cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་དྲུག་པ།

མདོ་སྡེ། ཤི༽

དབྱིག་གཉེན། བློ་གྲོས་བརྟན་པ། འདུལ་བའི་ལྷ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སུམ་ཅུ་པའི་ཚིག་ལེའུར་བྱས་པ།
དབྱིག་གཉེན།


DTG136_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲིང་ཤི་ཀ་ཀཱ་རི་ཀཱ། བོད་སྐད་དུ། སུམ་ཅུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང༌། །ཡུལ་ལ་རྣམ་པར་རིག་པའོ། །དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང༌། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །དེ་ལ་གནས་ཏེ་རབ་འབྱུང་ཞིང༌། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་


DTG136_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེའིའོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །འདི་ནི་གྱུར་པ་གཉིས་པའོ། །གསུམ་པ་ཡུལ་རྣམ་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །དགེ་དང་མི་དགེ་གཉི་ག་མིན། །ཀུན་ཏུ་འགྲོ་དང་བྱེ་བྲག་དེས། །སེམས་ལས་བྱུང་བ་དགེ་བ་དང༌། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །དང་པོའི་རེག་ལ་སོགས་པ་དང༌། །འདུན་མོས་དྲན་དང་བཅས་པ་དང། །ཏིང་ངེ་འཛིན་བློ་བྱེ་བྲག་དེས། །དད་དང་ངོ་ཚ་ཁྲེལ་ཡོད་དང༌། །མ་ཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྦྱངས་དང་བག་ཡོད་བཅས། །རྣམ་མི་འཚེ་དགེ་ཉོན་མོངས་ནི། །འདོད་ཆགས་ཁོང་ཁྲོ་གཏི་མུག་དང༌། །ང་རྒྱལ་ལྟ་བ་ཐེ་ཚོམ་མོ། །ཁྲོ་དང་ཁོན་དུ་འཛིན་པ་དང༌། །འཆབ་དང་འཚིག་དང་ཕྲག་དོག་དང༌། །སེར་སྣ་དང་ནི་སྒྱུར་བཅས་དང༌། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་


DTG136_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྨུགས་དང་རྒོད་པ་དང༌། །མ་དད་པ་དང་ལེ་ལོ་དང༌། །བག་མེད་པ་དང་བརྗེད་ངས་དང༌། །རྣམ་གཡེང་ཤེས་བཞིན་མ་ཡིན་དང༌། །འགྱོད་དང་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པ་དང༌། །ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས། །ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་འབྱུང་བ་ནི། །རྣམ་ཤེས་ལྷན་ཅིག་གམ་མ་ཡིན། །ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །རྣམ་པར་ཤེས་པར་གྱུར་པ་འདི། །རྣམ་རྟོག་ཡིན་ཏེ་དེ་ཡིས་གང༌། །རྣམ་བརྟགས་དེ་མེད་དེས་ན་འདི། །ཐམས་ཅད་རྣམ་པར་རིག་པ་ཙམ། །རྣམ་ཤེས་ས་བོན་ཐམས་ཅད་པ། །ཕན་ཚུན་དག་གི་དབང་གིས་ན། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། །དེས་ན་རྣམ་རྟོག་དེ་དེ་སྐྱེ། །ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པས་སྔ་མ་ཡིས། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང༌། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །མི་རྟག་པ་སོགས་བཞིན་དུ་བརྗོད། །དེ་མ་མཐོང་བར་དེ་མི་མཐོང༌། །ངོ་བོ་ཉིད་ནི་རྣམ་གསུམ་གྱིས། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །དང་པོ་པ་ནི་མཚན་ཉིད་ཀྱི། །ངོ་བོ་ཉིད་མེད་གཞན་པ་ཡང༌། །དེ་ནི་རང་ཉིད་མི་འབྱུང་བས། །ངོ་བོ་ཉིད་མེད་གཞན་ཡིན་ནོ། །ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དུས་རྣམས་ཀུན་ནའང་དེ་བཞིན་ཉིད། །དེ་ཉིད་རྣམ་པར་རིག་པ་ཙམ། །ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ། །འཛིན་པ་གཉིས་ཀྱི་བག་ལ་ཉལ། །དེ་ཉིད་རྣམ་པར་མི་ལྡོག་གོ །འདི་


DTG136_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་མེད། །གནས་ཀྱང་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པའོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་བརྟན། །དེ་ནི་བདེ་བ་རྣམ་གྲོལ་སྐུ། །ཐུབ་བ་ཆེན་པོའི་ཆོས་ཞེས་བྱ། །སུམ་ཅུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལེན་དྲ་པོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཉི་ཤུ་པའི་ཚིག་ལེའུར་བྱས་པ།
དབྱིག་གཉེན།


DTG136_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བིང་ཤ་ཀ་ཀཱ་རི་ཀ །བོད་སྐད་དུ། ཉི་ཤུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །གལ་ཏེ་རྣམ་རིག་དོན་མིན་ན། །ཡུལ་དང་དུས་ལ་ངེས་མེད་ཅིང༌། །སེམས་ཀྱང་ངེས་མེད་མ་ཡིན་ལ། །བྱ་བ་བྱེད་པའང་མི་རིགས་འགྱུར། །ཡུལ་ལ་སོགས་པ་ངེས་འགྲུབ་སྟེ། །རྨི་འདྲའོ་སེམས་ཀྱང་དེས་པ་མེད། །ཡི་དགས་བཞིན་ཏེ་ཐམས་ཅད་ཀྱིས། །ཀླུང་ལ་རྣག་ལ་སོགས་མཐོང་བཞིན། །བྱ་བྱེད་རྨི་ལམ་གནོད་པ་འདྲ། །ཐམས་ཅད་སེམས་ཅན་དམྱལ་བ་བཞིན། །དམྱལ་བའི་སྲུང་མ་སོགས་མཐོང་དང༌། །དེ་དག་གིས་ནི་གནོད་ཕྱིར་རོ། །ཇི་ལྟར་དུད་འགྲོ་མཐོ་རིས་སུ། །འབྱུང་བ་དེ་ལྟར་དམྱལ་བ་མིན། ཡི་དགས་མིན་ཏེ་འདི་ལྟ་བུར། །དེ་ཡོད་སྡུག་བསྔལ་དེས་མི་མྱོང༌། །གལ་ཏེ་དེ་ཡི་ལས་ཀྱིས་དེར། །འབྱུང་བ་དག་ནི་འབྱུང་བ་དང༌། །དེ་བཞིན་འགྱུར་བར་འདོད་ན་གོ །རྣམ་པར་ཤེས་པར་ཅིས་མི་འདོད། །གཞན་ན་ལས་ཀྱི་བག་ཆགས་ལ། །འབྲས་བུ་དག་ནི་


DTG136_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་རྟོག །གང་ན་བག་ཆགས་ཡོད་པ་དེར། །ཅི་ཡི་ཕྱིར་ན་འདོད་མི་བྱ། །གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ་།དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །རང་གིས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་འབྱུང་བ། །དེ་དག་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །དེ་ལྟར་གང་ཟག་བདག་མེད་པར། །འཇུག་པར་འགྱུར་རོ་གཞན་དུ་ཡང༌། །བསྟན་པས་ཆོས་ལ་བདག་མེད་པར། །འཇུག་འགྱུར་བརྟགས་པའི་བདག་ཉིད་ཀྱིས། །དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གིས། །ཆ་ཤས་ཡོད་པ་མ་ཡིན་པས། དེ་སྦྱོར་མི་འགྲུབ་མ་ཟེར་ཅིག །གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ༌། །གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །གོང་བུ་གཞན་མིན་དེ་དེའི་མིན། །གཅིག་ནི་རིམ་གྱིས་འགྲོ་བ་མེད། །ཟིན་དང་མ་ཟན་ཅིག་ཅར་མེད། །རིས་ཆད་དུ་མར་གནས་པ་དང༌། །མིག་གིས་མི་སོད་ཕྲ་བའང་མེད། །མངོན་སུམ་བློ་ནི་རྨི་སོགས་བཞིན། །དེ་ཡང་གང་ཚེ་དེ་ཡི་ཚེ། །ཁྱོད་ཀྱི་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །དཔེར་ན་དེར་སྣང་རྣམ་རིག་བཞིན། །བཤད་ཟིན་དེ་ལས་དྲན་པར་ཟད། །རྨི་ལམ་མཐོང་བ་ཡུལ་མེད་པར། །མ་སད་བར་དུ་རྟོགས་མ་ཡིན། །གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་དེས། །སེམས་ནི་གཉིད་ཀྱིས་ནོན་པས་ན། །དེ་ཕྱིར་རྨི་དང་འབྲས་མི་མཚུངས། །འཆི་བ་གཞན་གྱི་རྣམ་རིག་གིས། །བྱེ་བྲག་ལས་ཏེ་དཔེར་བྱ་ན། །འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །དྲང་སྲོང་ཁྲོས་པས་དན་ཏ་ཀའི། །དགོན་པ་ཇི་ལྟར་སྟོངས་པར་གྱུར། །ཡིད་ཉེས་ཁ་ན་ཐོ་ཆེར། །དེ་མིས་ཇི་ལྟར་འགྲུབ་པར་འགྱུར། །གཞན་སེམས་རིག་པས་ཤེས་པ་ནི། །དོན་བཞིན་མ་ཡིན་ཇི་


DTG136_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཔེར། །རང་སེམས་ཤེས་པས་སངས་རྒྱས་ཀྱི། །སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར། །རྣམ་རིག་ཙམ་དུ་གྲུབ་པ་འདི། །བདག་གིས་བདག་གི་མཐུ་འདྲ་བར། །བྱས་ཀྱི་དེ་ཡི་རྣམ་པ་ཀུན། །བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལོ། །ཉི་ཤུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེན་དྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

ཉི་ཤུ་པའི་འགྲེལ་པ།
དབྱིག་གཉེན།


DTG136_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བིང་ཤི་ཀ་བྲྀདྷི། །བོད་སྐད་དུ། ཉི་ཤུ་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་ལ་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་སྟེ། མདོ་ལས་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་དང་ཡིད་དང༌། རྣམ་པར་ཤེས་པ་དང༌། རྣམ་པར་རིག་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །སེམས་དེ་ཡང་འདིར་མཚུངས་པར་ལྡན་པ་དང་བཅས་པར་དགོངས་པའོ། །ཙམ་ཞེས་བྱ་བ་སྨོས་པ་ནི་དོན་དགག་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བ་འབྱུང་སྟེ། དཔེར་ན་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཟླ་ལ་སོགས་པ་མེད་པར་མཐོང་བ་བཞིན་ཏེ། དོན་གང་ཡང་མེད་དོ། །འདིར་འདི་སྐད་ཅེས་བརྒལ་ཏེ། གལ་ཏེ་རྣམ་རིག་དོན་མིན་ན། །ཡུལ་དང་དུས་ལ་ངེས་མེད་ཅིང༌། །སེམས་ཀྱང་དེས་མེད་མ་ཡིན་ལ། །བྱ་བ་བྱེད་བའང་མི་རིགས་འགྱུར། །ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན། གལ་ཏེ་གཟུགས་ལ་སོགས་པའི་དོན་མེད་པར་གཟུགས་ལ་སོགས་པའི་རྣམ་པར་རིག་པ་འབྱུང་སྟེ་གཟུགས་ལ་སོགས་པའི་དོན་ལས་མ་ཡིན་ན། ཅིའི་ཕྱིར་ཡུལ་ལ་ལར་འབྱུང་ལ་ཐམས་ཅད་ན་མ་ཡིན། ཡུལ་དེ་ཉིད་ན་ཡང་རེས་འགའ་འབྱུང་ལ་ཐམས་ཅད་དུ་མ་ཡིན། ཡུལ་དང་དུས་དེ་ན་འཁོད་པ་ཐམས་ཅད་ཀྱི་སེམས་ལ་ངེས་པ་མེད་པ་འབྱུང་ལ་འགའ་ཙམ་ལ་མ་ཡིན། དེ་ལྟར་རབ་རི་བ་ཅན་ཉིད་ཀྱི་སེམས་ལ་སྐྲ་ལ་སོགས་པ་སྣང་གི།


DTG136_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ལ་ནི་མ་ཡིན། །ཅིའི་ཕྱིར་གང་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་དང༌། སྦྲང་བུ་ལ་སོགས་པས་སྐྲ་ལ་སོག་པའི་བྱ་བ་མི་བྱེད་ལ། དེ་མ་ཡིན་པ་གཞན་དག་གིས་ནི་བྱེད། རྨི་ལམ་ན་མཐོང་བའི་བཟའ་བ་དང་བཏུང་བ་དང་བགོ་བ་དང་དུག་དང་མཚོན་ལ་སོགས་པས་ཟས་དང་སྐོམ་ལ་སོགས་པའི་བྱ་བ་མི་བྱེད་ལ། དེ་མ་ཡིན་པ་གཞན་དག་གིས་ནི་བྱེད། དྲི་ཟའི་གྲོང་ཁྱེར་ཡོད་པ་མ་ཡིན་པས་གྲོང་ཁྱེར་གྱི་བྱ་བ་མི་བྱེད་ལ། དེ་མ་ཡིན་པ་གཞན་དག་གིས་ནི་བྱེད། འདི་དག་དོན་མེད་པར་མེད་དུ་འདྲ་ན་ཡུལ་དང་དུས་ངེས་པ་དང༌། སེམས་ངེས་པ་མེད་པ་དང༌། བྱ་བ་བྱེད་པ་འདི་དག་ཀྱང་མི་རུང་ངོ་ཞེ་ན། མི་རུང་བ་མ་ཡིན་ཏེ། འདི་ལྟར། ཡུལ་ལ་སོགས་པ་ངེས་འགྲུབ་སྟེ། །རྨི་འདྲའོ། །རྨི་ལམ་དུ་རྨིས་པ་དང་མཚུངས་པས་ན་རྨི་འདྲའོ། །ཇི་ལྟ་ཞེ་ན། རྨི་ལམ་ན་ཡང་དོན་མེད་པར་ཡུལ་ལ་ན་གྲོང་དང༌། ཀུན་དགའ་ར་བ་དང༌། སྐྱེས་པ་དང་བུད་མེད་ལ་སོགས་པ་ཇི་དག་སྣང་ལ་ཐམས་ཅད་ན་མ་ཡིན་ཡུལ་དེ་ཉིད་ན་ཡང་རེས་འགའ་སྣང་ལ་དུས་ཐམས་ཅད་དུ་མ་ཡིན་པས་དོན་མེད་པར་ཡང་ཡུལ་ལ་སོགས་པ་ངེས་པར་འགྲུབ་པོ། །སེམས་ཀྱང་ངེས་པ་མེད། ཡི་དགས་བཞིན་ཏེ། གྲུབ་ཅེས་བྱ་བར་བསྙེགས་སོ། །ཡི་དགས་རྣམས་ཀྱི་དང་མཚུངས་པས་ན་ཡི་དགས་བཞིན་ནོ། །ཇི་ལྟར་འགྲུབ། ཐམས་ཅད་ཀྱིས། ཀླུང་ལ་རང་ལ་སོགས་མཐོང་བཞིན། །རང་གིས་གང་བའི་ཀླུང་ནི་རང་གི་ལུང་སྟེ། །མར་གྱི་བུམ་པ་བཞིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་མཚུངས་པ་ལ་གནས་པའི་ཡི་དགས་རྣམས་ནི་ཀུན་གྱིས་ཀྱང་མཚུངས་པར་ཀླུང་རང་གིས་གང་བར་མཐོང་སྟེ། གཅིག་འགས་ནི་མ་ཡིན་ནོ། །རྣག་གིས་གང་བ་ཇི་ལྟ་བ་བཞིན་དུ་གཅིན་དང༌། ངན་སྐྱུགས་དང༌། མེ་མ་མུར་དང༌། མཆིལ་མ་དང༌། སྣབས་ཀྱིས་གང་བ་དང༌། དབྱིག་པ་དང༌། རལ་གྲི་ཐོགས་པའི་མི་དག་གིས་སྲུང་བ་ཡང་དེ་བཞིན་ཏེ། སོགས་པ་ཞེས་བྱ་བར་བསྡུའོ། །དེ་ལྟར་ན་དོན་མེད་པར་ཡང་རྣམ་པར་རིག་པ་རྣམས་ཀྱི་སེམས་ངེས་པ་མེད་པར་འགྲུབ་པོ། །བྱ་བྱེད་རྨི་ལམ་གནོད་པ་འདྲ། །གྲུབ་ཅེས་བྱ་བར་རིག་པར་བྱའོ། དཔེར་ན་རྨི་ལམ་ན་གཉིས་ཀྱིས་གཉིས་ཕྲད་པ་


DTG136_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡང་ཁུ་བ་འབྱུང་བའི་མཚན་ཉིད་ནི་རྨི་ལམ་གྱི་གནོད་པའོ། །དེ་ལྟར་རེ་ཞིག་དཔེ་གཞན་དང་གཞན་དག་གིས་ཡུལ་དང་དུས་ངེས་པ་ལ་སོགས་པ་བཞིན་འགྲུབ་བོ། །ཐམས་ཅད་སེམས་ཅན་དམྱལ་བ་བཞིན། །གྲུབ་ཅེས་བྱ་བར་རིག་པར་བྱའོ། །སེམས་ཅན་དམྱལ་བ་དག་ན་ཡོད་པ་དང་མཚུངས་པས་སེམས་ཅན་དམྱལ་བ་བཞིན་ནོ། །ཇི་ལྟར་འགྲུབ་ཅེ་ན། དམྱལ་བའི་སྲུང་མ་སོགས་མཐོང་དང༌། །དེ་དག་གིས་ནི་གནོད་ཕྱིར་རོ། །དཔེར་ན་སེམས་ཅན་དམྱལ་བ་དག་ན་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱིས་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་མཐོང་སྟེ། ཡུལ་དང་དུས་ངེས་པར་འགྲུབ་པོ། །ཁྱི་དང་བྱ་རོག་དང་ལྕགས་ཀྱི་རི་ལ་སོགས་པ་འོང་བ་དང་འགྲོ་བར་ཡང་མཐོང་བ་ནི་སོགས་པ་ཞེས་བྱ་བར་བསྡུ་སྟེ། ཐམས་ཅད་ཀྱིས་མཐོང་གི །གཅིག་འགས་ནི་མ་ཡིན་ནོ། །དེ་དག་གིས་དེ་དགལ་གནོད་པ་ཡང་འགྲུབ་སྟེ། དངོས་པོ་ལ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་མེད་པར་ཡང་རང་གི་ལས་ཀྱི་རྣམ་པར་སྨིན་པ་མཚུངས་པའི་དབང་ཕྱིར་རོ། །དེ་བཞིན་དུ་གཞན་ཡང་ཡུལ་དང་དུས་ངེས་པ་ལ་སོགས་པ་བཞི་པོ་འདི་དག་ཐམས་ཅད་གྲུབ་པར་རིག་པར་བྱའོ། །ཅིའི་ཕྱིར་སེམས་ཅན་དམྱལ་བའི་སྲུང་མ་དང་བྱ་རོག་དང་ཁྱི་ལ་སོགས་པ་དེ་དག་སེམས་ཅན་དུ་མི་འདོད་ཅེ་ན། མི་རིགས་པའི་ཕྱིར་རོ། །དེ་དག་ནི་སེམས་ཅན་དམྱལ་བར་མི་རིགས་ཏེ། དེ་བཞིན་དུ་སྡུག་བསྔལ་དེས་མི་མྱོང་བའི་ཕྱིར་རོ། །གཅིག་ལ་གཅིག་གནོད་པ་བྱེད་ན་ནི་འདི་དག་ནི་སེམས་ཅན་དམྱལ་བ་བདག་གོ །འདི་དག་ནི་སེམས་ཅན་དམྱལ་བའི་སྲུང་མ་དག་གོ་ཞེས་རྣམ་པར་གཞག་པ་མེད་པར་འགྱུར་རོ། བྱད་གཟུགས་དང་བོང་ཚོད་དང་སྟོབས་མཚུངས་པ་དག་ནི་གཅིག་ལ་གཅིག་གནོད་པ་བྱེད་ཀྱང་ཇི་ལྟ་བུར་འཇིགས་པར་མི་འགྱུར་རོ། །ལྕགས་རབ་ཏུ་འབར་བའི་ས་གཞི་ལ་ཚ་བའི་སྡུག་བསྔལ་ཡང་མི་བཟོད་ན་ནི་ཇི་ལྟར་དེ་ན་གཞན་ལ་གནོད་པ་བྱེད་པར་འགྱུར། སེམས་ཅན་དམྱལ་བ་པ་མ་ཡིན་པ་དག་སེམས་ཅན་དམྱལ་བར་འབྱུང་བར་ག་ལ་འགྱུར། འོ་ན་དུད་འགྲོ་དག་ཀྱང་ཇི་ལྟར་མཐོ་རིས་སུ་འབྱུང་སྟེ། དེ་བཞིན་དུ་སེམས་ཅན་དམྱལ་བར་ཡང་དུད་འགྲོ་དང་ཡི་


DTG136_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དགས་ཀྱི་བྱེ་བྲག་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། ཇི་ལྟར་དུད་འགྲོ་མཐོ་རིས་སུ། །འབྱུང་བ་དེ་ལྟར་དམྱལ་བ་མིན། །ཡི་དགས་མིན་ཏེ་དེ་ལྟ་བུར། །དེ་ཡོད་སྡུག་བསྔལ་དེས་མི་མྱོང༌། །དུད་འགྲོ་གང་དག་མཐོ་རིས་སུ་འབྱུང་བ་དེ་དག་ནི་སྣོད་ཀྱི་འཇིག་རྟེན་ན་དེའི་བདེ་བ་མྱོང་བར་འགྱུར་བའི་ལས་ཀྱིས་དེར་འབྱུང་བ་དག་སྟེ། དེ་ན་ཡོད་བའི་བདེ་བ་སོ་སོར་མྱོང་ངོ༌། །སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དག་ནི་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་མྱོང་ངོ༌། །དེའི་ཕྱིར་དུད་འགྲོ་དག་དེར་འབྱུང་བར་མི་རིགས་སོ། །ཡི་དགས་ཀྱི་བྱེ་བྲག་དག་ཀྱང་མ་ཡིན་ནོ། །སེམས་ཅན་དམྱལ་བ་དེ་དག་གི་ལས་རྣམས་ཀྱིས་དེར་འབྱུང་བའི་བྱེ་བྲག་དག་འདི་ལྟ་བུར་འབྱུང་སྟེ། མདོག་དང་བྱད་གཟུགས་དང་བོང་ཚོད་དང་སྟོབས་ཀྱི་བྱེ་བྲག་གང་གིས་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་མིང་ཐོབ་པའོ། །གང་ལག་པ་བརྐྱང་པ་ལ་སོགས་པ་བྱ་བ་སྣ་ཚོགས་བྱེད་པར་སྣང་བ་དེ་ལྟ་བུར་ཡང་འགྲུབ་སྟེ། དེ་དག་འཇིགས་པ་བསྐྱེད་པའི་ཕྱིར་རོ། །དཔེར་ན་ལུག་ལྟ་བུའི་རི་དགས་འོང་བ་དང༌། འགྲོ་བ་དང༌། ལྕགས་ཀྱི་ཤལ་ལ་མ་ལིའི་ནགས་ཚལ་ཆོར་མ་ཁ་ཐུར་དུ་ལྟ་བ་དང་གྱེན་དུ་ལྟ་བར་འགྱུར་བ་ལྟ་བུ་སྟེ། དེ་དག་ནི་མེད་པ་ཡང་མ་ཡིན་ནོ་ཞེ་ན། གལ་ཏེ་དེའི་ལས་ཀྱིས་དེར་འབྱུང་བ་དག་ནི་བྱུང་བ་དང༌། དེ་བཞིན་འགྱུར་བར་འདུག་ན་གོ །རྣམ་པར་ཤེས་པར་ཅིས་མི་འདོད། །དེའི་ལས་རྣམས་ཀྱིས་དེར་རྣམ་པར་ཤེས་པ་ཉིད་དེར་དེ་ལྟ་བུར་འགྱུར་བ་ཅིའི་ཕྱིར་མི་འདོད་ལ། ཅིའི་ཕྱིར་འབྱུང་བ་རྣམས་སུ་རྟོག །གཞན་ན་ལས་ཀྱི་བག་ཆགས་ལ། །འབྲས་བུ་དག་ནི་གཞན་དུ་རྟོག །གང་ན་བག་ཆགས་ཡོད་པ་དེར། །ཅིའི་ཕྱིར་ན་འདོད་མི་བྱ། །སེམས་ཅན་དམྱལ་བ་པ་རྣམས་ཀྱི་ལས་གང་གིས་དེར་འབྱུང་བ་དག་དེ་ལྟ་བུར་འབྱུང་བ་དང༌། འགྱུར་བར་ཡང་རྟོག་པའི་ལས་དེའི་བག་ཆགས་དེ་དག་ཉིད་ཀྱི་རྣམ་པར་ཤེས་པའི་རྒྱུད་ལ་གནས་ཏེ། གཞན་མ་ཡིན་ན་བག་ཆགས་དེ་གང་ན་ཡོད་པ་དེ་དག་ཉིད་ལ་དེའི་འབྲས་བུ་རྣམ་པར་ཤེས་པར་གྱུར་པ་དེ་འདྲ་བར་ཅིའི་ཕྱིར་མི་འདོད་ལ། གང་ན་བག་ཆགས་མེད་པ་དེར་དེའི་འབྲས་བུ་རྟོག་བ་འདི་ལ་གཏན་ཚིགས་ཅི་ཡོད།


DTG136_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ལུང་གི་གཏན་ཚིགས་ཡོད་དེ། གལ་ཏེ་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པར་སྣང་གི །གཟུགས་ལ་སོགས་པའི་དོན་ནི་མེད་ན་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་ནི་བཅོམ་ལྡན་འདས་ཀྱིས་གསུང་བར་མི་འགྱུར་རོ་ཞེ་ན། འདི་ནི་གཏན་ཚིགས་མ་ཡིན་ཏེ། །འདི་ལྟར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །དཔེར་ན་བཅོམ་ལྡན་འདས་ཀྱིས་བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན་ཡོད་དོ། །ཞེས་གསུངས་བ་ཡང་ཕྱི་མ་ལ་སེམས་ཀྱི་རྒྱུད་རྒྱུན་མི་འཆད་པ་ལ་དགོངས་ནས་དགོངས་པའི་དབང་གིས་གསུངས་པ་སྟེ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་གསུངས་པ་ཡང་དེ་བསྟན་པས་འདུལ་བའི་སྐྱེ་བོའི་ཆེད་དུ་སྟེ། བཀའ་དེ་ནི་དགོངས་པ་ཅན་ནོ། །འདིར་ཅི་ལས་དགོངས་ཤེ་ན། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དག་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །འདི་སྐད་དུ་བསྟན་པར་འགྱུར་ཞེ་ན། གཟུགས་སུ་སྣང་བའི་རྣམ་པར་རིག་པ་རང་གི་ས་བོན་འགྱུར་བའི་བྱེ་བྲག་ཏུ་གྱུར་པ་གང་ལས་བྱུང་བའི་ས་བོན་དེ་དང་སྣང་བ་གང་ཡིན་པ་དེ་དང་དེ་དག་ནི་དེའི་མིག་དང༌། གཟུགས་ཀྱི་སྐྱེ་མཆེད་དུ་བཅོམ་ལྡན་འདས་ཀྱིས་གོ་རིམས་བཞིན་དུ་གསུངས་སོ། །དེ་བཞིན་དུ་རེག་བྱར་སྣང་བའི་རྣམ་པར་རིག་པའི་བར་དུ་རང་རང་གི་ས་བོན་འགྱུར་བའི་བྱེ་བྲག་ཏུ་གྱུར་པའི་ས་བོན་གང་ལས་བྱུང་བའི་ས་བོན་དེ་དང༌། སྣང་བ་གང་ཡིན་པ་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱིས་དེའི་ལུས་དང་རེག་བྱའི་སྐྱེ་མཆེད་དུ་གོ་རིམས་བཞིན་དུ་གསུངས་ཏེ། འདི་ནི་འདིར་དགོངས་པའོ། །དེ་ལྟར་དགོངས་པའི་དབང་གིས་བསྟན་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། དེ་ལྟར་གང་ཟག་ལ་བདག་མེད་པར་འཇུག་པར་འགྱུར་རོ། །དེ་ལྟར་བཤད་ན་གང་ཟག་ལ་བདག་མེད་པར་འཇག་


DTG136_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། དྲུག་པོ་གཉིས་ལས་རྣམ་པར་ཤེས་པ་དྲུག་འབྱུང་གི །ལྟ་བ་པོ་གཅིག་པུ་ནས་རེག་པ་པོའི་བར་དུ་གནང་ཡང་མེད་པར་རིག་ནས་གང་དག་གང་ཟག་ལ་བདག་མེད་པར་བསྟན་པས་འདུལ་བ་དེ་དག་གང་ཟག་ལ་བདག་མེད་པར་འཇུག་གོ །གཞན་དུ་ཡང༌། བསྟན་པ་ཆོས་ལ་བདག་མེད་པར་འཇུག་འགྱུར། །གཞན་དུ་ཡང་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་དུ་བསྟན་པའོ། །ཇི་ལྟར་ཆོས་ལ་བདག་མེད་པར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་འདི་ཉིད་གཟུགས་ལ་སོགས་པའི་ཆོས་སུ་སྣང་བར་འབྱུང་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་གང་ཡང་མེད་བར་རིག་ནས་འཇུག་གོ །གལ་ཏེ་ཆོས་རྣམ་པ་ཐམས་ཅད་དུ་མེད་ན་རྣམ་པར་རིག་པ་ཙམ་ཞེས་བྱ་བ་དེ་ཡང་མེད་པས་དེ་ཇི་ལྟར་རྣམ་པར་གཞག་ཅེ་ན། ཆོས་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པས་དེ་ལྟར་ཆོས་ལ་བདག་མེད་པར་འཇུག་པར་འགྱུར་ཏེ། བརྟགས་པའི་བདག་ཉིད་ཀྱིས། གང་བྱིས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ཀུན་བརྟགས་པའི་བདག་ཉིད་དེས་དེ་དག་བདག་མེད་ཀྱི་སངས་རྒྱས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་མད་པའི་བདག་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །དེ་ལྟར་རྣམ་པར་རིག་པ་ཙམ་ཡང་རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་བདག་མེད་པར་རྟོགས་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་པས་ཆོས་ཐམས་ཅད་ལ་ཆོས་ལ་བདག་མེད་པར་འཇུག་པ་ཡིན་གྱི། ཡོད་པ་དེ་ལ་ཡང་རྣམ་པ་ཐམས་ཅད་དུ་སྐུར་པས་ནི་མ་ཡིན་ནོ། །གཞན་དུ་ན་ནི་རྣམ་པར་རིག་པ་གཞན་ཡང་རྣམ་པར་རིག་པ་གཞན་གྱི་དོན་དུ་འགྱུར་བས་རྣམ་པར་རིག་པ་ཙམ་ཉིད་དུ་མི་འགྲུབ་སྟེ། རྣམ་པར་རིག་པ་རྣམས་དོན་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་འདིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡང་པར་གསུངས་ཀྱི། གཟུགས་ལ་སོགས་པ་གང་དག་ཡོད་བཞིན་དུ་དེ་དག་རྣམ་པར་རིག་པ་སོ་སོའི་ཡུལ་དུ་མི་འགྱུར་རོ་ཞེས་བྱ་བ་དེ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལྟར་དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་


DTG136_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན། གང་གཟུགས་ལ་སོགས་པའི་སྐྱེ་མཆེད་གཟུགས་ལ་སོགས་བ་རྣམ་པར་རིག་པ་སོ་སོའི་ཡུལ་ཡིན་དུ་ཟིན་ན་དེ་ནི་གཅིག་པུ་ཞིག་ཡིན་ཏེ། ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་ཆ་ཤས་ཅན་གྱི་ངོ་བོར་བརྟག་པའི་ལྟ་བུའམ། རྡུལ་ཕྲ་རབ་དུ་མའམ་རྡུལ་ཕྲ་རབ་དེ་དག་ཉིད་འདུས་པ་ཞིག་ཏུ་འགྱུར་གྲང་ན། གཅིག་པུ་དེ་ནི་ཡུལ་མ་ཡིན་ཏེ། ཆ་ཤས་རྣམས་ལས་གཞན་པ་ཆ་ཤས་ཅན་གྱི་ངོ་བོ་གང་ལའང་མི་འཛིན་པའི་ཕྱིར་རོ། །དུ་མའང་ཡུལ་མ་ཡིན་ཏེ། རྡུལ་ཕྲ་རབ་སོ་སོ་ལ་མི་འཛིན་པའི་ཕྱིར་རོ། །དེ་དག་འདུས་པ་ཡང་ཡུལ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་རྫས་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །ཇི་ལྟར་མི་འགྲུབ་ཅེ་ན་འདི་ལྟར། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཕྱོགས་དྲུག་ནས་རྡུལ་ཕྲ་རབ་དྲུག་གིས་ཅིག་ཅར་དུ་སྦྱར་ན་ནི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་ཏེ། གཅིག་གི་གོ་གང་ཡིན་པ་དེར་གཞན་མི་འབྱུང་བའི་ཕྱིར་རོ། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཇི་སྟེ་རྡུལ་ཕྲ་རབ་གཅིག་གི་གོ་གང་ཡིན་པ་དེ་ཉིད་དུ་དྲུག་པོ་རྣམས་ཀྱི་གོ་ཡང་ཡིན་ན་ནི་དེས་ན་ཐམས་ཅད་གོ་གཅིག་པའི་ཕྱིར་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་གོང་བུ་གང་ཡང་སྣང་བར་མི་འགྱུར་རོ། །ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཉེས་པ་འདི་འབྱུང་དུ་འོང་ངོ་ཞེས་ཏེ། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་སྤྱོར་བ་མ་ཡིན་གྱི། འདུས་པ་དག་ནི་ཕན་ཚུན་སྦྱོར་རོ་ཞེས་ཟེར་བ་དེ་དག་ལ་འདི་སྐད་དུ། རྡུལ་ཕྲ་རབ་རྣམས་འདུས་པ་གང་ཡིན་པ་དེ་དེ་དག་ལས་དོན་གཞན་རྣམས་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གིས། །སྦྱོར་བ་ཞེས་བྱ་བར་བསྙེགས་སོ། །ཆ་ཤས་ཡོད་བ་མ་ཡིན་པས། །དེ་སྦྱོར་མི་འགྲུབ་མ་ཟེར་ཅིག །ཇི་སྟེ་འདུས་པ་དག་ཀྱང་ཕན་ཚུན་མི་སྦྱོར་རོ་ཞེ་ན། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་སྦྱོར་བ་མི་འགྲུབ་བོ་ཞེས་མ་ཟེར་ཅིག་འདུས་པ་ཆ་ཤས་དང་བཅས་པ་ཡང་སྦྱོར་བར་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་རྡུལ་ཕྲ་


DTG136_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྫས་གཅིག་པུ་མི་འགྲུབ་བོ། །རྡུལ་ཕྲ་རབ་སྦྱོར་བར་འདོད་ཀྱང་རུང་མི་འདོད་ཀྱང་རུང་སྟེ། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ༌། །རྡུལ་ཕྲ་རབ་ཀྱི་ཤར་ཕྱོགས་ཀྱི་ཆ་ཡང་གཞན་པ་ནས་འོག་གི་ཆའི་བར་དུ་ཡང་གཞན་ཏེ། ཕྱོགས་ཀྱི་ཆ་ཐ་དད་ན་དེའི་བདག་ཉིད་ཀྱི་རྡུལ་ཕྲ་རབ་གཅིག་པུར་ཇི་ལྟར་རུང༌། སྒྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །གལ་ཏེ་རྡུལ་ཕྲ་རབ་རེ་རེ་ལ་ཕྱོགས་ཀྱི་ཆ་ཐ་དད་པ་མེད་ན་ནི་ཉི་མ་ཤར་བའི་ཚེ་ངོས་གཞན་ན་ནི་གྲིབ་མ་འབབ་པར་ཇི་ལྟར་འགྱུར་ཏེ། དེ་ལ་ནི་གང་དུ་ཉི་མ་མི་འབབ་པའི་ཕྱོགས་གཞན་མེད་དོ། །གལ་ཏེ་ཕྱོགས་ཀྱི་ཕྱོགས་ཐ་དད་པར་མི་འདོད་ན་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་སྒྲིབ་པར་ཡང་ཇི་ལྟར་འགྱུར། རྡུལ་ཕྲ་རབ་གང་ལ་ཡང་ཆ་ཤས་གཞན་མེད་ན་གང་དུ་འོང་བའི་ཕྱོགས་ལ་གཅིག་ལ་གཅིག་ཐོགས་པར་འགྱུར། ཐོགས་པ་མེད་ན་ནི་ཐམས་ཅད་གོ་གཅིག་ཏུ་གྱུར་པས་འདུས་པ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། དེ་ནི་བཤད་ཟིན་ཏོ། །གྲིབ་མ་དང་སྒྲིབ་པ་རྡུལ་ཕྲ་རབ་ཀྱི་མ་ཡིན་ཡང༌། ཅི་གོང་བུའི་ཡིན་པ་དེ་ལྟར་ཡང་མི་འདོད་དམ། རྡུལ་ཕྲ་རབ་རྣམས་ལ་གོང་བུ་གཞན་ཞིག་ཡིན་པར་འདོད་དམ་ཅི་ན་དེ་དག་དེའི་ཡིན། སྨྲས་པ། ཡིན་ནོ། །གོང་བུ་གཞན་མིན་དེ་དེའི་མིན། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་མ་ཡིན་ན་དེ་དག་དེའི་མ་ཡིན་པར་གྲུབ་པ་ཡིན་ནོ། །ཡོངས་སུ་རྟོགས་པ་འདི་ནི་གནས་པའི་ཁྱད་པར་ཏེ། གཟུགས་ལ་སོགས་པའི་མཚན་ཉིད་ནི་མ་བཀག་ན་རྡུལ་ཕྲ་རབ་ཅེའམ། འདུས་བ་ཞེས་བསམ་པ་འདིས་ཅི་ཞིག་བྱ་ཞེ་ན། དེ་དག་གི་མཚན་ཉིད་གང་ཡིན། མིག་ལ་སོགས་པའི་ཡུལ་ཉིད་དང༌། །སྔོན་པོ་ལ་སོགས་བ་ཉིད་དོ། །གང་མིག་ལ་སོགས་པའི་ཡུལ་སྔོན་པོ་དང༌། སེར་པོ་ལ་སོགས་བ་འདོད་པ་དེ་ཅི་རྫས་གཅིག་པུ་ཞིག་གམ། འོན་ཏེ་དུ་མ་ཞིག་ཅེས་དེ་དཔྱད་པར་བྱའོ། །འདིས་ཅི་ཞིག་བྱ་ཞེ་ན། དུ་མའི་ངེས་པ་ནི་བཤད་ཟིན་ཏོ། །གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་དང་མ་ཟིན་ཅིག་ཅར་མེད། །རིས་ཆད་དུ་མར་གནས་པ་དང༌། །མིག་གིས་མི་སོད་ཕྲ་བའང་མེད། །གལ་ཏེ་མིག་གི་ཡུལ་སྔོན་པོ་དང་སེར་


DTG136_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པ་གང་ཡིན་པ་དེ་རིས་སུ་མ་ཆད་དེ་རྫས་གཅིག་པར་རྟོགས་ནས་ལ་རིམ་གྱིས་འགྲོ་བར་མི་འགྱུར་ཏེ། གོམ་པ་གཅིག་བོར་བས་ཐམས་ཅད་དུ་སོན་པའི་ཕྱིར་རོ། །ཚུ་རོལ་གྱི་ཆ་ཟིན་ལ་ཕ་རོལ་གྱི་ཆ་མ་ཟིན་པ་ཅིག་ཅར་དུ་མི་འགྱུར་ཏེ། དེའི་ཚེ་ཟིན་པ་དང་མ་ཟིན་པ་དེ་མི་རིགས་སོ། །གླང་པོ་ཆེ་དང་རྟ་ལ་སོགས་པའི་རིས་སུ་ཆད་པ་དུ་མ་གཅིག་ན་འདུག་པར་མི་འགྱུར་ཏེ། གཅིག་གནང་ན་འདུག་པ་དེ་ཉིད་ན་གཞན་ཡང་འདུག་ན་དེ་དག་རིས་སུ་ཆད་པར་ཇི་ལྟར་རུང༌། དེ་གཉིས་ཀྱིས་གནང་ནོན་པ་དང་མ་ནོན་པ་དེ་དག་གཅིག་ཏུ་ཇི་ལྟར་རུང་སྟེ། བར་ན་དེ་དག་གིས་སྟོང་པ་གཟུང་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་ཐ་དད་པ་ཉིད་ཀྱིས་རྫས་གཞན་ཁོ་ནར་རྟོག་གི་གཞན་དུ་མ་ཡིན་ན་གོ །ཆུའི་སྐྱེ་བོ་ཕྲ་མོ་རྣམས་ཀྱང་ཆེན་པོ་དག་དང་གཟུགས་མཚུངས་པས་མིག་གིས་མི་སོད་པར་མི་འགྱུར་རོ། །དེའི་ཕྱིར་ངེས་པར་རྡུལ་ཕྲ་རབ་ཐ་དད་པར་བརྟག་པར་བྱ་སྟེ། དེ་དག་གཅིག་ཏུ་མི་འགྲུབ་བོ། །དེ་མ་གྲུབ་པས་གཟུགས་ལ་སོགས་པ་ཡང་མིག་ལ་སོགས་པའི་ཡུལ་ཉིད་དུ་མི་འགྲུབ་སྟེ། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཡིན་ནོ། །ཚད་མའི་དབང་གིས་ན་ཡོད་དམ་མེད་པ་དམིགས་ཀྱིས་དབྱེ་བར་འགྱུར་ལ། ཚད་མ་ཐམས་ཅད་ཀྱི་ནང་ན་ཡང་མངོན་སུམ་གྱི་ཚད་མ་ནི་མཆོག་ཡིན་ནོ། །དོན་དེ་མེད་ན་འདི་ནི་བདག་གི་མངོན་སུམ་མོ་སྙམ་པ་བློ་འདི་ཇི་ལྟར་འབྱུང་ཞེ་ན། མངོན་སུམ་བློ་ནི་རྨི་སོགས་བཞིན། །དོན་མེད་པར་ཡང་ཞེས་སྔར་བསྟན་པ་ཉིད་དོ། །དེ་ཡང་གང་ཚེ་དེ་ཡི་ཚེ། །ཁྱོད་ཀྱི་དོན་དེ་མིན་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །གང་གི་ཚེ་ཡུལ་འདི་ཉིད་ནི་བདག་གི་མངོན་སུམ་མོ་སྙམ་དུ་མངོན་སུམ་གྱི་བློ་དེ་བྱུང་བ་དེའི་ཚེ་ཁྱོད་ཀྱི་དོན་དེ་མི་སྣང་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་བཅད་པ་དང༌། མིག་གི་རྣམ་པར་ཤེས་པ་ཡང་དེའི་ཚེ་འགགས་པའི་ཕྱིར་རོ། །ལྷག་པར་ཡང་སྐད་ཅིག་མར་སྨྲ་བས་དེ་མངོན་སུམ་དུ་ཇི་ལྟར་འདོད། དེ་ལྟར་ན་དེའི་ཚེ་གཟུགས་དང་རོལ་སོགས་པ་དེ་དག་ནི་འགགས་ཟིན་ཏོ། མྱོང་བ་མེད་པར་ཡིད་ཀྱི་རྣམ་པར་ཤེས་པ་དྲན་པར་མི་


DTG136_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་དོན་གདོན་མི་ཟ་བར་མྱོང་བར་འགྱུར་ཏེ། དེ་ནི་ད་མ་མཐོང་བ་ཡིན་ནོ། །དེ་ལྟར་དེའི་ཡུལ་གཟུགས་ལ་སོགས་པ་མངོན་སུམ་དུ་འདོད་དོ་ཞེ་ན། མྱོང་བ་ནི་དོན་དྲན་པ་ཡིན་ནོ། །ཞེས་དེ་མ་གྲུབ་སྟེ། འདི་ལྟར། དཔེར་ན་དེར་སྣང་རྣམ་རིག་བཞིན། །བཤད་ཟིན། དཔེར་ན་དོན་མེད་པར་དོན་དུ་སྣང་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་འབྱུང་བ་དེ་བཞིན་ཏེ་བཤད་ཟིན་ཏོ། །དེ་ལས་དྲན་པར་ཟད། རྣམ་པར་རིག་པ་དེ་ལས་དྲན་པ་དང་མཚུངས་པར་ལྡན་པ་དེར་སྣང་བ་ཉིད་གཟུགས་ལ་སོགས་པ་ལ་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་རིག་པ་འབྱུང་སྟེ། དྲན་པ་བྱུང་བ་ལས་དོན་མྱོང་བར་མི་འགྲུབ་བོ། དཔེར་ན་རྨི་ལམ་གྱི་རྣམ་པར་རིག་པའི་ཡུལ་ཡོད་པ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཚེ་ན་ཡང་དེ་ལྟར་ཡིན་ན་ནི་དེ་ཁོ་ན་བཞིན་དུ་དེ་མེད་པར་འཇིག་རྟེན་རང་རང་གིས་ཁོང་དུ་ཆུད་པའི་རིགས་ན། དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་རྨི་ལམ་བཞིན་དུ་དོན་དམིགས་པ་ཐམས་ཅད་དོན་མེད་པ་མ་ཡིན་ནོ་ཞེ་ན། དེ་ནི་གཏན་ཚིགས་སུ་མི་རུང་སྟེ། འདི་ལྟར། རྨི་ལམ་མཐོང་བ་ཡུལ་མེད་པར། །མ་སད་བར་དུ་རྟོགས་མ་ཡིན། །དེ་ལྟར་ལོག་པར་རྣམ་པར་རྟོག་པ་ལ་གོམས་པའི་བག་ཆགས་ཀྱི་གཉིད་ཀྱིས་ལོག་པའི་འཇིག་རྟེན་ནི་རྨི་ལམ་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་ཏེ། མ་སད་ཀྱི་བར་དུ་དེ་མེད་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་མ་ཡིན་གྱི། གང་གི་ཚེ་དེའི་གཉེན་པོ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་སང་པར་གྱུར་པ་དེའི་ཚེ་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་མངོན་དུ་གྱུར་ནས་ཡུལ་མེད་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ་དེ་ནི་མཚུངས་སོ། །གལ་ཏེ་རང་གི་རྒྱུད་གྱུར་པའི་ཁྱད་པར་ཉིད་ལས་སེམས་ཅན་རྣམས་ཀྱི་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་གི །དོན་གྱི་ཁྱད་པར་ལས་མ་ཡིན་ན། བརྟེན་པ་དེ་དང་བཤད་པ་དེ་མེད་པས་སྡིག་པའི་གྲོགས་པོ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། དམ་པ་དང་དམ་པ་མ་ཡིན་པའི་ཆོས་མཉན་པ་ལས་སེམས་ཅན་རྣམས་ཀྱིས་རྣམ་པར་རིག་པ་ངེས་པ་ཇི་ལྟར་འགྲུབ་པར་འགྱུར། གཅིག་ལ་


DTG136_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རིག་པ་ཕན་ཚུན་གྱི་དབང་གིས་ཕན་ཚུན་དུ་རྣམ་པར་རིག་པ་རྣམས་ངེས་པར་འགྱུར་ཏེ། ཅི་རིགས་སུ་སྦྱར་རོ། །གཅིག་ལ་གཅིག་ཅེས་བྱ་བ་ནི་ཕན་ཚུན་ནོ། །དེའི་ཕྱིར་རྒྱུད་གཞན་གྱི་རྣམ་པར་རིག་པའི་ཁྱད་པར་ལས་རྒྱུད་གཞན་ལ་རྣམ་པར་རིག་པའི་ཁྱད་པར་འབྱུང་གི་དོན་གྱི་ཁྱད་པར་ལས་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་གྱི་རྣམ་པར་རིག་པའི་དོན་མེད་བ་བཞིན་དུ་གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཡང་དེ་ལྟ་ན་གཉིད་ཀྱིས་ལོག་པ་དང་མ་ལོག་པ་ན་དགེ་བ་དང་མི་དགེ་བའི་ལས་ཀུན་ཏུ་སྤྱོད་པའི་འབྲས་བུ་ཕྱི་མ་ལ་འདོད་པ་དང་མི་འདོད་པ་འདྲ་བར་ཅིའི་ཕྱིར་མི་འགྱུར། སེམས་ནི་གཉིད་ཀྱིས་ནོན་པས་ན། །དེ་ཕྱིར་རྨི་དང་འབྲས་མི་མཚུངས། །དེ་ནི་འདིར་རྒྱུ་ཡིན་གྱི་དོན་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་འདི་དག་རྣམ་པར་རིག་བཙམ་དུ་ཟད་ན་གང་ལ་ཡང་ལུས་དང་ངག་ཀྱང་མེད་པས་ཤན་པ་ལ་སོགས་པས་གསོད་པ་ན་ལུག་ལ་སོགས་པ་འཆི་བར་ཇི་ལྟར་འགྱུར། འཆི་བ་དེ་དེས་མ་བྱས་ན་ནི་ཤན་པ་ལ་སོགས་པ་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་ཇི་ལྟར་འགྱུར་ཞེ་ན། འཆི་བ་གཞན་གྱི་རྣམ་རིག་གི །བྱེ་བྲག་ལས་དེ་དཔེར་བྱ་ན། །འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །དཔེར་ན་འདྲེ་ལ་སོགས་པའི་ཡིད་ཀྱི་དབང་གིས་གཞན་དག་གི་དྲན་པ་ཉམས་པ་དང༌། རྨི་ལྟས་སུ་མཐོང་བ་དང༌། འབྱུང་པོའི་གདོན་ཕབ་པར་འགྱུར་བ་དང༌། རྫུ་འཕྲུལ་དང་ལྡན་པའི་ཡིད་ཀྱི་དབང་གིས་ཏེ། དཔེར་ན་འཕགས་པ་ཀཱ་ཏྱཱའི་བུ་ཆེན་པོའི་བྱིན་གྱི་བརླབས་ཀྱིས་ས་ར་ཎས་རྨི་ལྟས་སུ་མཐོང་བ་དང༌། དྲང་སྲོང་དགོན་པ་པའི་ཡིད་འཁྲུགས་པས་ཐགས་ཟངས་རིས་བཞིན་དུ་གཞན་གྱི་རྣམ་པར་རིག་པའི་བྱེ་བྲག་གིས་སེམས་ཅན་གཞན་གྱི་སྲོག་གི་དབང་པོ་དང་མི་མཐུན་པའི་འགྱུར་བ་འགའ་འབྱུང་སྟེ་དེ་བསྐལ་པ་འདྲ་བའི་རྒྱུད་ཀྱི་རྒྱུན་ཆད་པ་ཞེས་བྱ་བ་འཆི་བར་རིག་པར་བྱའོ། །དྲང་སྲོང་ཁྲོས་པས་དན་ཏ་ཀའི། །དགོན་པ་ཇི་ལྟར་སྟོངས་པར་འགྱུར། །གལ་ཏེ་གཞན་གྱི་རྣམ་པར་


DTG136_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་བྱེ་བྲག་གིས་སེམས་ཅན་དག་འཆི་བར་མི་འདོད་ན། ཡིད་ཀྱི་ཉེས་པ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཉིད་དུ་བསྒྲུབ་པ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བ་འཁོར་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་དན་ཏ་ཀའི་དགོན་པ་དང༌། ཀ་ལིང་ཀའི་དགོན་པ་དང་མ་ཏང་ཀའི་དགོན་པ་དེ་དག་ཅི་ཞིག་གིས་སྟོངས་པ་དང༌། གཙང་མར་གྱུར་པ་ཅི་ཐོས་ཞེས་སྨྲས་པ་དང༌། དེས་གཽ་ཏ་མ་དྲང་སྲོང་རྣམས་ཁྲོས་པས་དེ་ལྟར་གྱུར་ཅེས་ཐོས་སོ་ཞེས་གསོལ་ཏོ། །ཡིད་ཉེས་ཁན་མཐོ་ཆེར། །ཇི་ལྟར་དེ་ཡིས་འགྲུབ་པར་འགྱུར། །གལ་ཏེ་འདི་ལྟར་རྟོག་སྟེ། །དེ་ལ་དགའ་བ་མི་མ་ཡིན་པ་དེ་དག་གིས་དེ་ན་གནས་པའི་སེམས་ཅན་རྣམས་ཁ་བཏག་གི །དྲང་སྲོང་རྣམས་ཀྱིས་ཡིད་འཁྲུགས་པས་དོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ལས་དེས་ལུས་དང་ངག་གི་ཉེས་པ་རྣམས་པས་ཡིད་ཀྱི་ཉེས་པ་ཆེས་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པར་འགྲུབ་པར་ཇི་ལྟར་འགྱུར་ཏེ། དེའི་ཡིད་འཁྲུགས་པ་ཙམ་གྱིས་སེམས་ཅན་དེ་སྙེད་འཆི་བར་འགྲུབ་བོ། །གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་དུ་ཟད་ན་གཞན་གྱི་སེམས་རིག་པས་ཅི་གཞན་གྱི་སེམས་ཤེས་སམ་འོན་ཏེ་མི་ཤེས་ཤེ་ན། འདིས་ཅི་ཞིག་བྱ། གལ་ཏེ་མི་ཤེས་ན་ནི་གཞན་གྱི་སེམས་རིག་པ་ཞེས་ཀྱང་ཅི་སྐད་དུ་བྱ། ཇི་སྟེ་ཤེས་ན་ཡང༌། གཞན་སེམས་རིག་པས་ཤེས་བ་ནི། །དོན་བཞིན་མ་ཡིན་ཇི་ལྟར་དཔེར། །རང་སེམས་ཤེས་པ། དེ་ཡང་ཇི་ལྟར་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཞེ་ན། སངས་རྒྱས་ཀྱི་སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར། ཇི་ལྟར་དེ་བརྗོད་དུ་མེད་པའི་བདག་ཉིད་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟར་དེས་མ་ཤེས་པའི་ཕྱིར་དེ་གཉི་ག་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། ལོག་པར་སྣང་བའི་ཕྱིར་རོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་རོ། །རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་དབྱེ་བ་རྣམ་པར་ངེས་པ་མཐའ་ཡས་ལ་གཏིང་མི་དཔོགས་ཤིང་ཟབ་བའི། རྣམ་རིག་ཙམ་དུ་གྲུབ་པ་འདི། །བདག་གིས་བདག་གི་མཐུ་འདྲ་བར། །བྱས་ཀྱི་དེ་ཡི་རྣམ་པ་ཀུན། །བསམ་ཡས། བདག་འདྲ་བས་རྣམ་པ་ཐམས་ཅད་ནི་བསམ་པར་མི་ནུས་ཏེ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་


DTG136_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འོ་ན་དེ་རྣམ་པ་ཐམས་ཅད་དུ་སུའི་སྤྱོད་ཡུལ་སྙམ་པ་ལ། སངས་རྒྱས་སྤྱོད་ཡུལ་ལོ་ཞེས་བྱ་བ་སྨོས་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཏེ། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མི་མངའ་བའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཉི་ཤུ་བའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེན་དྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། །

རང་བཞིན་གསུམ་ངེས་པར་བསྟན་པ།
དབྱིག་གཉེན།


DTG136_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲི་སྭ་བྷཱ་བ་ནིར་དེ་ཤ །བོད་སྐད་དུ། རང་བཞིན་གསུམ་ངེས་པར་བསྟན་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་འཚལ་ལོ། །བརྟགས་དང་གཞན་གྱི་དབང་དང་ནི། །ཡོངས་སུ་གྲུབ་པ་ཉིད་དག་སྟེ། །རང་བཞིན་གསུམ་པོ་བརྟན་རྣམས་ཀྱི། ཟབ་མོ་ཡི་ནི་ཤེས་བྱར་འདོད། །རྐྱེན་གྱི་དབང་གིས་འཇུག་པ་དང༌། །བརྟགས་པ་ཙམ་གྱི་དངོས་ཡིན་པས། །གང་ཞིག་སྣང་དེ་གཞན་དབང་སྟེ། །ཇི་སྣང་དེ་ཀུན་བརྟགས་པ་ཡིན། །གང་སྣང་དེ་ཡི་ཇི་ལྟར་སྣང༌། །རྟག་ཏུ་མེད་པ་གང་ཡིན་དེ། །གཞན་དུ་འགྱུར་མེད་ཅེས་བྱ་བས། །ཡོངས་སུ་གྲུབ་པའི་རང་བཞིན་ཡིན། །དེ་དག་གང་སྣང་ཀུན་བརྟགས་ཏེ། །ཇི་ལྟར་སྣང་དེ་གཉིས་པོའོ། །དེ་ལ་དེ་མེད་གང་ཡིན་པ། །དེ་ཉིད་དེ་ཡི་གཉིས་མེད་ཆོས། །གང་ཕྱིར་དེ་ལ་མེད་བརྟགས་དང༌། །དེ་ཡི་ཇི་ལྟར་དོན་བརྟགས་པ། །དེ་ལྟར་ཤིན་ཏུ་མེད་པས་ན།། སེམས་ནི་ཀུན་རྟོགས་ཞེས་བྱ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་ཡིས། །སེམས་དེ་རྣམ་པ་གཉིས་འདོད་དོ། །ཀུན་གཞི་རྣམ་ཤེས་ཞེས་བྱ་དང༌། །འཇུག་པ་ཞེས་བྱ་རྣམ་བདུན་ནོ། །དང་པོ་ཀུན་ཉོན་མོངས་ས་བོན། །བག་ཆགས་བསགས་པས་སེམས་ཞེས་བྱ། །གཉིས་པ་རྣམ་པ་སྣ་ཚོགས་སུ། །རབ་ཏུ་འཇུག་པས་བརྗོད་པ་ཡིན། །ཡང་དག་མ་ཡིན་ཀུན་རྟོག་དེ། །རྣམ་པར་སྨིན་དང་དེ་བཞིན་དུ། །དར་འཛིན་གཞན་དུ་སྣང་བ་ཡི། །དབྱེ་བས་རྣམ་པ་གསུམ་དུའང་འདོད། །དང་པོ་རྣམ་སྨིན་བདག་ཉིད་དེ། །འདི་ནི་རྩ་བའི་རྣམ་ཤེས་ཡིན། །གཞན་


DTG136_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇུག་པའི་རྣམ་པར་ཤེས། །བལྟ་བྱ་མཐོང་བྱེད་རྟོག་པས་འཇུག །ཡོད་དང་མེད་པ་གཉིས་དང་གཅིག །ཀུན་ནས་ཉོན་མོངས་རྣམ་བྱང་དག །མཚན་ཉིད་ཀྱིས་ནི་རབ་དབྱེ་བས། །རང་བཞིན་དག་ནི་ཟབ་པར་འདོད། །ཡོད་པར་བཟུང་བ་གང་ཡིན་པ། །དེ་ཉིད་ཤིན་ཏུ་མེད་པ་སྟེ། །དེས་ན་བརྟགས་པའི་རང་བཞིན་ཏེ། །ཡོད་དང་མེད་པའི་མཚན་ཉིད་འདོད། །འཁྲུལ་པའི་ངོ་བོར་ཡོད་པ་དང༌། །ཇི་ལྟར་སྣང་བཞིན་མེད་པ་སྟེ། །དེས་ན་གཞན་གྱི་དབང་དེ་ཡང༌། །ཡོད་དང་མེད་པའི་མཚན་ཉིད་འདོད། །གང་ཕྱིར་གཉིས་པོ་མེད་པ་དང༌། །གཉིས་སུ་མེད་པར་ཡོད་པ་སྟེ། །དེས་ན་ཡོངས་སུ་གྲུབ་རང་བཞིན། །ཡོད་དང་མེད་པའི་མཚན་ཉིད་འདོད། །བརྟག་པའི་དོན་གྱི་རྣམ་གཉིས་ཏེ། །ཡོད་དང་མེད་པ་ངོ་བོར་གཅིག །དེས་ན་བྱིས་པ་བརྟགས་རང་བཞིན། །གཉིས་དང་གཅིག་གི་བདག་ཉིད་འདོད། །སྣང་བའི་ཆ་ཡི་གཉིས་ཡིན་ལ། །འཁྲུལ་བ་ཙམ་དངོས་གཅིག་ཡིན་པས། །གཞན་དབང་ཞེས་བྱའི་རང་བཞིན་ཡང༌། །གཉིས་དང་གཅིག་གི་བདག་ཉིད་འདོད། །གཉིས་ཀྱི་ངོ་བོའི་རང་བཞིན་ཉིད། །གཉིས་སུ་མེད་པར་གཅིག་གྱུར་པས། ཡོངས་སུ་གྲུབ་པའི་རང་བཞིན་ཡང༌། །གཉིས་དང་གཅིག་གི་བདག་ཉིད་འདོད། །བརྟགས་དང་གཞན་གྱི་དབང་དག་ནི། །ཤེས་བྱ་ཀུན་ཉོན་མོངས་མཚན་ཉིད། །ཡོངས་སུ་གྲུབ་པ་རྣམ་བྱང་གི །མཚན་ཉིད་དུ་ནི་འདོད་པ་ཡིན། །མི་བདེན་གཉིས་པོའི་རང་བཞིན་ཏེ། །དངོས་མེད་རང་བཞིན་ཉིད་ཡིན་པས། །བརྟགས་པའི་རང་བཞིན་ཞེས་བྱ་ལས། །གྲུབ་པའི་མཚན་ཉིད་གཞན་མ་ཡིན། །གཉིས་མེད་པ་ཡི་རང་བཞིན་ཉིད། །གཉིས་པོས་མེད་པའི་རང་བཞིན་པས། །ཡོངས་སུ་གྲུབ་ལས་བརྟགས་པ་ཡི། །མཚན་ཉིད་གཞན་མིན་ཤེས་པར་བྱ། །བདེན་མིན་ཇི་ལྟར་སྣང་གྱུར་པ། །དེ་ལྟར་མེད་པའི་རང་བཞིན་པས། །གཞན་དབང་ཞེས་བྱའི་རང་བཞིན་ལས། །ཡོངས་གྲུབ་མཚན་ཉིད་ཐ་དད་མིན། །ཡང་དག་མིན་པ་གཉིས་རང་བཞིན། །ཇི་ལྟར་སྣང་བའི་དངོས་མེད་པས། །ཡོངས་གྲུབ་ལས་ཀྱང་གཞན་དབང་གེ །མཚན་ཉིད་ཐ་དད་མིན་ཞེས་བྱ། །ཐ་སྙད་


DTG136_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་ལྟོས་པ་ཡི། །རང་བཞིན་དབྱེ་བའི་གོ་རིམས་དང༌། །དེ་ལ་འཇུག་པའི་དབང་བྱས་པའི། །རྟོགས་པའི་རིམ་པ་བཞིན་དུ་བརྗོད། །ཀུན་བརྟགས་ཐ་སྙད་བདག་ཉིད་དེ། །ཐ་སྙད་འདོགས་པ་གཞན་བདག་ཉིད། །ཐ་སྙད་ཡོངས་སུ་ཆད་པ་ཡི། །རང་བཞིན་ཡང་ནི་གཞན་དུ་འདོད། །སྔོན་དུ་གཉིས་པོ་བདག་མེད་ལ། །ཞུགས་པས་གཞན་དབང་ལ་འཇུག་སྟེ། །ཡོད་པ་མ་ཡིན་གཉིས་པོ་དག །དེ་ལ་རྟགས་ཙམ་ཡིན་ཕྱིར་རོ། །དེ་ནས་གཉིས་དངོས་མེད་རང་བཞིན། །ཡོངས་གྲུབ་ལ་ནི་འདིར་འཇུག་སྟེ། །འདི་ལྟར་དེ་ཉིད་དེ་ཡི་ཚེ། །ཡོད་དང་མེད་པ་དག་ཏུའང་བརྗོད། །རང་བཞིན་གསུམ་པོ་དེ་དག་ནི། །དམིགས་མེད་གཉིས་མེད་མཚན་ཉིད་དེ། །ཤིན་ཏུ་མེད་དང་དེ་བཞིན་མེད། །དེ་དངོས་མེད་པའི་རང་བཞིན་ནོ། །སྔགས་མཐུས་སྒྱུ་མ་བྱས་པ་ཡིས། །ཇི་ནས་གླང་པོ་སྣང་གྱུར་པ། །རྣམ་པ་ཙམ་ཞིག་སྣང་བར་འདོད། །གླང་པོ་ཀུན་དུ་ཡོད་མ་ཡིན། །བརྟགས་པའི་རང་བཞིན་གླང་པོ་འདྲ། །གཞན་དབང་དེའི་རྣམ་ལྟ་བུའོ། །དེ་ལ་གླང་པོ་དངོས་མེད་གང༌། །དེ་འདྲ་ཡོངས་སུ་གྲུབ་པར་འདོད། །རྩ་བའི་སེམས་ལས་གཉིས་བདག་ཏུ། །ཡང་དག་མ་ཡིན་ཀུན་རྟོག་སྣང༌། །གཉིས་པོ་ཤིན་ཏུ་མེད་པས་ན། །དེ་ནི་རྣམ་པ་ཙམ་དུ་ཡོད། །རྩ་བའི་རྣམ་ཤེས་སྔགས་དང་འདྲ། །དེ་བཞིན་ཉིད་ནི་ཤིང་འདྲར་འདོད། །རྣམ་རྟོག་གླང་པོའི་རྣམ་པ་འདྲ། །གཉིས་ནི་གླང་པོ་ལྟ་བུའོ། །དོན་གྱི་དེ་ཉིད་རིག་པ་ན། །ཡོངས་སུ་ཤེས་དང་སྤང་བ་དང༌། །ཐོབ་བྱ་གོ་རིམས་ཇི་བཞིན་དུ། །ཅིག་ཅར་མཚན་ཉིད་གསུམ་རིག་བྱེད། །དམིགས་སུ་མེད་པ་ཡོང་ཤེས་དང༌། །སྣང་བ་དག་ནི་སྤོང་བར་འདོད། །གཉིས་སུ་མེད་པས་དམིགས་པས་ན། །ཐོབ་བྱ་མངོན་དུ་བྱས་པའང་ཡིན། །གླང་པོ་དམིགས་སུ་མེད་པས་ན། །དེ་ཡི་རྣམ་པ་ནུབ་འགྱུར་ཏེ། །ཤིང་གི་དུམ་བུ་དམིགས་འགྱུར་བ། །སྒྱུ་མ་ལ་ནི་ཇི་བཞིན་དུ། །འདི་ལྟར་གཉིས་པོ་མི་དམིགས་ཚེ། །གཉིས་སུ་སྣང་བ་ནུབ་པར་འགྱུར། །ནུབ་ན་དེ་ཡི་ཡོངས་གྲུབ་པ། །གཉིས་དངོས་


DTG136_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མིད་པ་རྟོག་པར་འགྱུར། །མི་མཐུན་བློ་ཡི་དབང་སྒྱུར་དང༌། །དོན་མེད་བཞིན་དུ་བློས་མཐོང་དང༌། །ཡེ་ཤེས་གསུམ་གའི་རྗེས་འབྲང་དང༌། །འབད་མེད་གྲོལ་བར་ཐལ་འགྱུར་ཕྱིར། །སེམས་ཙམ་དུ་ནི་ཉེར་དམིགས་ཏེ། །ཤེས་བྱའི་དོན་ལ་དམིགས་མི་བྱ། །ཤེས་བྱའི་དོན་ནི་དམིགས་མེད་པས། །སེམས་ཀྱང་དམིགས་སུ་མེད་པ་ཡིན། །གཉིས་པོ་དམིགས་སུ་མེད་པས་ན། །ཆོས་ཀྱི་དབྱིངས་ལ་དམིགས་པར་འགྱུར། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས། །ཕུན་སུམ་ཚོགས་པ་ཉེར་དམིགས་འགྱུར། །ཕུན་སུམ་ཚོགས་པ་ཉེར་དམིགས་པས། །སྐུ་གསུམ་བདག་ཉིད་བླ་མེད་པའི། །བྱང་ཆུབ་བློ་ལྡན་གྱིས་ཐོབ་ནས། །བདག་གཞན་དོན་ནི་རབ་གྲུབ་འགྱུར། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ་རྫོགས་སོ།། །། པཎྜི་ཏ་ཆེན་པོ་ཤཱན་ཏི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བའོ།།

ཕུང་པོ་ལྔའི་རབ་ཏུ་བྱེད་པ།
དབྱིག་གཉེན།


DTG136_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་སྐནྡྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོའི་བཞི་དག་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ། །མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ། །རླུང་གི་ཁམས་གང་ཞེ་ན། །ཡང་ཞིང་གཡོ་བ་ཉིད་དོ། །རྒྱུར་བྱས་པའི་གཟུགས་གང་ཞེ་ན། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་བོ་དང༌། ལུས་


DTG136_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་དང༌། རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་མིག་གི་དབང་པོ་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ། །རྣ་བའི་དབང་པོ་གང་ཞེ་ན། ཡུལ་སྒྲ་གཟུགས་དང་བའོ། །སྣའི་དབང་པོ་གང་ཞེ་ན། ཡུལ་དྲི་གཟུགས་དང་བའོ། །ལྕེའི་དབང་པོ་གང་ཞེ་ན། ཡུལ་རོ་གཟུགས་དང་བའོ། །ལུས་ཀྱི་དབང་པོ་གང་ཞེ་ན། ཡུལ་རེག་བྱ་གཟུགས་དང་བའོ། །གཟུགས་གང་ཞེ་ན། མིག་གི་ཡུལ་ཏེ། ཁ་དོག་དང༌། དབྱིབས་དང༌། རྣམ་པར་རིག་བྱེད་དོ། སྒྲ་གང་ཞེ་ན། རྣ་བའི་ཡུལ་ཏེ། ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ། །དྲི་གང་ཞེ་ན། སྣའི་ཡུལ་ཏེ། དྲི་ཞིམ་པ་དང༌། དྲིང་བ་དང༌། དེ་ལས་གཞན་པའོ། །རོ་གང་ཞེ་ན། ལྕེའི་ཡུལ་ཏེ། མངར་བ་དང༌། སྒྱུར་བ་དང༌། ལན་ཚྭ་དང༌། ཚ་བ་དང༌། ཁ་བ་དང༌། བསྐ་བ་ཞེས་བྱའོ། །རེག་བྱའི་ཕྱོགས་གཅིག་གང་ཞེ་ན། ལུས་ཀྱི་ཡུལ་ཏེ། འབྱུང་བ་ཆེན་པོ་རྣམས་བཞག་སྟེ། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། ལྕི་བ་ཉིད་དང༌། ཡང་བ་ཉིད་དང༌། གྲང་བ་ཉིད་དང༌། བཀྲེས་པ་ཉིད་དང༌། སྐམ་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། རྣམ་པར་རིག་བྱེད་དང༌། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །ཚོར་བ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་སྟེ། བདེ་བ་དེ་གང་འགགས་ན་ཕྲད་པར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ། །བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉིས་ཀར་འདོད་པར་མི་འགྱུར་བའོ། །འདུ་ཤེས་གང་ཞེ་ན། ཡུལ་ལ་མཚན་མར་འཛིན་པའོ། །དེ་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང༌། རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པའོ། །འདུ་བྱེད་རྣམས་གང་ཞེ་ན། ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང༌།


DTG136_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ། །དེ་ལ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མ་ཆགས་པའི་དགེ་བའི་རྩ་བ་དང༌། ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཁོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་བ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྒྱུ་དང༌། གཡོ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། བརྗེད་ངས་པ་དང༌། རྣམ་པར་གཡེངས་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། འགྱོད་པ་དང༌། གཉིད་དང༌། རྟོག་པ་དང༌། དཔྱོད་པའོ། དེ་རྣམས་ལས་ལྔ་ནི་ཀུན་ཏུ་འགྲོ་བའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ། །བཅུ་གཅིག་ནི་དགེ་བའོ། །དྲུག་ནི་ཉོན་མོངས་པའོ། །ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ། །བཞི་ནི་གཞན་དུ་ཡང་འགྱུར་བའོ། །རེག་པ་གང་ཞེ་ན། གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པའོ། །སེམས་པ་གང་ཞེ་ན། ཡོན་ཏན་དང༌། ཉེས་པ་དང༌། གཉི་ག་མ་ཡིན་པ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ།། འདུན་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པའོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ། །དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་


DTG136_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང༌། རིགས་པ་མ་ཡིན་པས་བསྐྱེད་པ་དང༌། གཞན་པའོ། །དད་པ་གང་ཞེ་ན། ལས་དང་འབྲས་བུ་དང༌། བདེ་ན་པ་དང༌། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང༌། འདོད་པ་དང༌། སེམས་དང་བའོ། །ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ། །ཁྲེལ་ཡོད་བ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ། །མ་ཆགས་པ་གང་ཞེ་ན། ཆགས་པའི་གཉེན་པོ་སྟེ། ཡིད་བྱུང་ཞིང་མི་ལེན་པའོ། །ཞེ་སྡང་མེད་པ་གང་ཞེ་ན། ཞེ་སྡང་གི་གཉེན་པོ་སྟེ་བྱམས་པའོ། །གཏི་མུག་མེད་པ་གང་ཞེ་ན། གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ། །བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་དུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤང་ཞིང༌། དེའི་གཉེན་པོ་དགེ་བའི་ཆོས་རྣམས་བསྒོམ་པའོ། །བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འདུག་པ་དང༌། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས་ཉོན་མོངས་པ་ཅན་མེད་པར་གནས་པ་ཉིད་དོ། །རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ། །འདོད་ཆགས་གང་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་དང༌། ལྷག་པར་ཆགས་པའོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ། །ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་སྟེ། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། །ངའོ་སྙམ་པའི་ང་རྒྱལ་དང༌། །མངོན་པའི་ང་རྒྱལ་


DTG136_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །ང་རྒྱལ་གང་ཞེ་ན། ཆུང་དུ་བས་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཆེ་བའི་ང་རྒྱལ་གང་ཞེ་ན། མཚུངས་པ་བས་བདག་ཆེ་བའམ། ཆེ་བ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན། ཆེ་བ་བས་ཀྱང་བདག་ཆེའི་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་གང་ཞེ་ན། ཁྱད་པར་ཆེས་འཕགས་པ་བས་བདག་ཅུང་ཟད་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་བའོ། །ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང༌། དཀོན་མཆོག་རྣམས་མི་ཤེས་པ་དེ། དེ་ཡང་ལྷན་ཅིག་སྐྱེས་པ་དང༌། ཀུན་ཏུ་བརྟགས་པའོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་དགེ་བའི་རྩ་བ་གསུམ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་མི་དགེ་བའི་རྩ་བའོ། །ལྟ་བ་གང་ཞེ་ན། ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། མཐར་འཛིན་པར་ལྟ་བ་གང་ཞེ་ན། དེ་ཉིད་ཀྱི་དབང་དུ་བྱས་ཏེ། རྟག་པའམ་མཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལོག་པར་ལྟ་བ་གང་ཞེ་ན། རྒྱུ་


DTG136_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འམ་འབྲས་བུའམ། བྱེད་པ་ལ་སྐུར་བ་འདེབས་པ་དང༌། ཡོད་པའི་དངོས་པོ་ལ་འཇིག་པའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང༌། དེའི་གནས་ཕུང་པོ་རྣམས་ལ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང༌། དམ་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཕུང་པོ་རྣམས་ལ་དག་པ་དང་གྲོལ་བ་དང་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ཐེ་ཚོམ་གང་ཞེ་ན། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ། །ཉོན་མོངས་བ་དེ་དག་ལས་ལྟ་བ་འོག་མ་གསུམ་དང༌། ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ། ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའོ། །ཁྲོ་བ་གང་ཞེ་ན། འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ། གང་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོན་དུ་འཛིན་པ་གང་ཞེ་ན། མདུད་བར་འཛིན་པའོ། །འཆབ་པ་གང་ཞེ་ན། བདག་གི་ཁ་ན་མ་ཐོ་བ་མཁྱུད་པའོ། །འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ། །ཕྲག་དོག་གང་ཞེ་ན། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་གང་ཞེ་ན། སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པའོ། །སྒྱུ་གང་ཞེ་ན། གཞན་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། །གཡོ་གང་ཞེ་ན། བདག་གི་ཉེས་པ་བཅབ་པའི་ཐབས་གཟུང་སྟེ་སེམས་གྱ་གྱུ་བའོ། །རྒྱགས་པ་གང་ཞེ་ན། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བ་དེ་སེམས་ཡོངས་སུ་འཛིན་པའོ། རྣམ་པར་འཚེ་བ་གང་ཞེ་ན། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ། །ངོ་ཚ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ། །ཁྲེལ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ། །རྨུགས་པ་གང་ཞེ་ན། སེམས་ལས་སུ་མི་རུང་བ་སྟེ་བླང་བ་ཉིད་དོ། །


DTG136_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པ་གང་ཞེ་ན། སེམས་རྣམ་པར་མ་ཞི་བའོ། །མ་དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང༌། དཀོན་མཆོག་རྣམས་ལ་ཡིད་མི་ཆེས་པ་དང༌། སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ། །ལེ་ལོ་གང་ཞེ་ན། དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །བག་མེད་པ་གང་ཞེ་ན། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་སྲུང་བ་དང་དགེ་བ་མི་བསྒོམ་པའོ། །བརྗེད་ངས་པ་གང་ཞེ་ན། དྲན་པ་ཉོན་མོངས་ཅན་ཏེ། དགེ་བ་ལ་མི་གསལ་བའོ། །རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆ་ཤས་ཀྱིས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་རྣམ་པར་འཕྲོ་བའོ། །ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ། །འགྱོད་པ་གང་ཞེ་ན། ཡིད་ལ་གཅགས་པའོ། །གཉིད་གང་ཞེ་ན། འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །རྟོག་པ་གང་ཞེ་ན། ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་པའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ། །སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ་དེ་ཉིད་དང་གཞན་དུ་མི་གདགས་སོ། །དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། སྐྱེ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། སོ་སོའི་སྐྱེ་བོ་ཉིད་དང༌། དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ །དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པའོ། །དེ་ཡང་ས་བོན་དང༌།


DTG136_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང༌། མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་མ་ཡིན་པ་འབྱུང་བའི་འདུ་ཤེས་མངོན་དུ་བཏང་བའི་འདུ་ཤེས་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་གང་ཡིན་པའོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་གནས་པར་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང༌། བསྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་མེད་པའི་སེམས་ཅན་གྱི་ཁྲོད་ཀྱི་ལྷ་རྣམས་ཀྱི་ནང་དུ་བསྐྱེད་པའི་སེམས་དང༌། སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་འགོག་པའོ། །སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས། གང་འདུ་བྱེད་རྣམས་ཀྱི་གནས་པའི་དུས་ངེས་པའོ། །རིས་མཐུན་པ་གང་ཞེ་ན། གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ། །སྐྱེ་བ་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བ་གང་ཡིན་པའོ། །རྒ་བ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ། །གནས་པ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ། །མི་རྟག་པ་ཉིད་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་ཆད་པའོ། །མིང་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སོ། །ཡི་གེའི་ཚོགས་གང་ཞེ་ན། ཡི་གེའི་རྣམས་ཏེ། དེ་གཉིས་ཀ་གསལ་བར་བྱེད་པའི་ཕྱིར་རོ། །བརྗོད་པ་ཡང་དེ་དག་ཡིན་ཏེ། མིང་དང་ཚིག་ལ་བརྟེན་ནས་དོན་བརྗོད་པའི་ཕྱིར་རོ། །ཡི་གེ་ཡང་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཉིད་གང་


DTG136_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ། །འདི་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། །སྣ་ཚོགས་པ་དང་ཡིད་རྟེན་བྱེད་པའི་ཕྱིར་རོ། དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདི་ལྟར་དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ། །དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ། །རིགས་གཅིག་པ་དང༌། རྒྱུན་ཆགས་པར་འཇུག་པའོ། །འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་བར་འཇུག་པ་དང༌། པ་རྣམས་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང༌། དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དང༌། ཆད་ནས་ཡང་འབྱུང་བ་ཉིད་དང༌། འཁོར་བར་འཇུག་པ་དང༌། ལྡོག་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་ཐམས་ཅད་ཀྱི་གཞི་ཉིད་དང༌། ལུས་ཀྱི་ཀུན་གཞི་དང༌། རྒྱུ་ཉིད་དང༌། ལུས་ལ་གནས་པ་ཉིད་ཀྱི་ཡང་ཕྱིར་རོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ། །དངོས་སུ་ནི་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ། རྟག་ཏུ་བདག་ཏུ་རྨོངས་པ་དང༌། །བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ལ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་སྟེ། རིགས་གཅིག་པ་དང༌། རྒྱུན་ཆགས་པར་འཇུག་པ་སྟེ། དགྲ་བཅོམ་པ་དང༌། འཕགས་པའི་ལམ་དང༌། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། སྤུངས་པའི་ཕྱིར་ཏེ་དུས་དང་རྒྱུད་དང་རྣམ་པ་དང་གྲོལ་བ་དང༌། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། རྣ་བའི་སྐྱ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། རོའི་སྐྱེ་


DTG136_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །མིག་ལ་སོགས་བ་དང༌། གཟུགས་དང་སྒྲ་དང་དྲི་དང་རོའི་སྐྱེ་མཆེད་ལ་སོགས་པ་ཡང་སྔ་མ་བཞིན་དུ་བཤད་དོ། །རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་དག་དང༌། གང་རེག་བྱའི་ཕྱོགས་གཅིག་བཤད་པའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ། །ཆོས་ཀྱི་སྐྱེ་མཆེད་ནི་གང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་སོ། །འདུས་མ་བྱས་གང་ཞེ་ན། ནམ་མཁའ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། དེ་བཞིན་ཉིད་དོ། །དེ་ལ་ནམ་མཁའ་གང་ཞེ་ན། གཟུགས་ཀྱི་གོ་འབྱེད་པའོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། གང་འགོག་པ་ལ་བྲལ་བ་མ་ཡིན་པ་སྟེ། དེ་ནི་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ། །སོ་སོར་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་དེ་ནི་བྲལ་བ་སྟེ། དེ་ནི་གང་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ། དེ་བཞིན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་བདག་མེད་པ་ཉིད་དོ། །ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ། །ཁམས་བཅོ་བརྒྱད་ནི་མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །མིག་ལ་སོགས་


DTG136_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་དང༌། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ། །རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་མིག་ལ་སོགས་པ་རྣམས་ལ་བརྟེན་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པའོ། །ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགགས་མ་ཐག་པ་སྟེ། རྣམ་པར་ཤེས་པ་དྲུག་པའི་གནས་བརྟན་པའི་ཕྱིར་རོ། །དེ་ལྟར་ན་ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་གོ །གཟུགས་ཀྱི་ཕུང་པོ་གང་ཡིན་བ་དེ་ནི་སྐྱེ་མཆེད་དང༌། ཁམས་བཅུ་དང༌། ཆོས་ཀྱི་སྐྱེ་མཆེད་དང༌། ཁམས་ཀྱི་ཕྱོགས་གཅིག་གོ །རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་ཡིད་ཀྱི་སྐྱེ་མཆེད་དང༌། སེམས་ཀྱི་ཁམས་བདུན་ནོ། །གཞན་ཕུང་པོ་གསུམ་པོ་གང་ཡིན་པ་དག་དང༌། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་པོ་དེ་དང༌། འདུས་མ་བྱས་དང་བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་སོ། །ཅིའི་ཕྱིར་ཁམས་ཞེས་བྱ་ཞེ་ན། བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོ་གོ་རིམས་བཞིན་ནོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང༌། ཟ་བར་འཛིན་པ་དང༌། བྱེད་པར་འཛིན་པའོ། །ཁམས་བཅོ་བརྒྱད་ལ་གཟུགས་ཅན་དུ་ཞེ་ན། གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །གཟུགས་ཅན་མ་ཡིན་པ་དུ་ཞེ་ན། ལྷག་མ་རྣམས་སོ། །བརྟེན་དུ་ཡོད་པ་དུ་ཞེ་ན། གཟུགས་ཀྱི་ཁམས་གཅིག་སྟེ། ཡུལ་བསྟན་དུ་ཡོད་པའོ། །བསྟན་དུ་མེད་པ་ནི་དུ་ཞེ་ན། ལྷག་མ་རྣམས་སོ། །ཐོགས་པ་དང་བཅས་པ་དུ་ཞེ་ན། གཟུགས་ཅན་བཅུ་སྟེ། གང་ལ་གང་ཐོགས་པའོ། །ཐོགས་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་སོ། ཟག་པ་དང་བཅས་པ་དུ་ཞེ་ན། བཅོ་ལྔ་དང་ཐ་མ་གསུམ་གྱི་ཆའོ། །དེ་དག་ཉོན་མོངས་པ་སྐྱེ་བའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཕྱིར་རོ། །ཟག་པ་མེད་པ་དུ་ཞེ་ན། ཐ་མ་གསུམ་གྱི་ཆའོ། །འདོད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐམས་ཅད་དོ། །གཟུགས་དང་རབ་ཏུ་ལྡན་པ་དུ་ཞེ་ན།


DTG136_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་སྟེ། དྲི་དང༌། རོ་དང༌། སྣ་དང༌། ལྕེའི་རྣམ་པར་ཤེས་བ་མ་གཏོགས་པའོ། །གཟུགས་མེད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐ་མ་གསུམ་མོ། །མི་ལྡན་བ་དུ་ཞེ་ན། གསུམ་གྱི་ཆའོ། །ཕུང་པོར་བསྡུས་པ་དུ་ཞེ་ན། འདུས་མ་བྱས་མ་གཏོགས་པའོ། །ཉེ་བར་ལེན་པའི་ཕུང་པོས་བསྡུས་པ་དུ་ཞེན། གང་ཟག་པ་དང་བཅས་པ་རྣམས་སོ། །དགེ་བ་དུ། མི་དགེ་བ་དུ། ལུང་དུ་མ་བསྟན་པ་དུ་ཞེ་ན། བཅུ་ནི་རྣམ་པ་གསུམ་ཆར་ཏེ། །སེམས་ཀྱི་ཁམས་བདུན་དང༌། གཟུགས་དང༌། སྒྲ་དང༌། ཆོས་ཀྱི་ཁམས་སོ། །ལྷག་མ་རྣམས་ནི་ལུང་དུ་མ་བསྟན་པའོ། །ནང་གི་དུ་ཞེ་ན། བཅུ་གཉིས་ཏེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་ཁམས་མ་གཏོགས་པའོ། །ཕྱི་རོལ་གྱི་དུ་ཞེ་ན། དྲུག་སྟེ། གང་དག་མ་གཏོགས་པ་རྣམས་སོ། །དམིགས་པ་དང་བཅས་པ་དུ་ཞེ་ན། སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། གང་སེམས་ལས་བྱུང་བའོ། །དམིགས་པ་མེད་པ་དུ་ཞེ་ན། ལྷག་མ་བཅུ་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ། །རྣམ་པར་རྟོག་པ་དང་བཅས་པ་དུ་ཞེ་ན། ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ། །རྟོག་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་སོ། །ཟིན་པ་དུ་ཞེ་ན། ནང་གི་ལྔ་དང༌། བཞིའི་ཕྱོགས་ཏེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིའོ། །ཟིན་པ་མ་ཡིན་པ་དུ་ཞེ་ན། བཞིའི་ཕྱོགས་སོ། །བསྟན་པ་མཚུངས་པ་དུ་ཞེ་ན། ནང་གི་གཟུགས་ཅན་ལྔ་སྟེ། རང་གི་རྣམ་པར་ཤེས་པ་དག་དང་ཡུལ་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །དེ་དག་དང་མཚུངས་པ་དུ་ཞེ་ན། དེ་དག་ཉིད་རང་གི་རྣམ་པར་ཤེས་པས་སྟོང་པ་སྟེ། རང་གི་རིགས་དང་མཐུན་པའི་ཕྱིར་རོ། །ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།

རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ།
དབྱིག་གཉེན།


DTG136_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀྟི་སཱུ་ཏྲ་ཁཎྜ་ཤ་ཏཾ། བོད་སྐད་དུ། རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་གང་དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ནི་མང་དུ་ཐོས་པ་དང༌། ཐོས་པའི་གཞི་ཅན་དང༌། ཐོས་པ་བསགས་པ་ཡིན་ཏེ། དེ་ཆོས་དེ་ལྟ་བུ་མང་པོ་ཐོས་པ་དང༌། བཟུང་བ་དང༌། ཁ་ཏོན་བྱེད་པ་དང༌། ཡིད་ཀྱིས་བརྟགས་པ་དང༌། མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ་ཞེས་བྱ་བ་དང༌། འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་དང༌། དེའི་ཚེང་ལྷ་དང་བཅས་པའི་འཇིག་རྟེན་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མིར་བཅས་པའི་ཚོགས་ལས་གྲོལ་བ་དང༌། ངེས་པར་བྱུང་བ་དང༌། བྲལ་བ་དང༌། རབ་ཏུ་རྣམ་པར་གྲོལ་བ་དང༌། སེམས་ཕྱིན་ཅི་མ་ལོག་པས་ལན་མང་དུ་གནས་ཤིང༌། དེའི་ཚེ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་དང༌། བཙུན་པ་བཅོམ་ལྡན་འདས་ནི་མ་དུལ་བ་རྣམས་དུལ་བར་མཛད་པ། མ་ཞི་བ་རྣམས་ཞི་བར་མཛད་པ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པར་མཛད་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པའོ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ།


DTG136_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐུགས་སུ་ཆུད་པ། ལམ་སྟོན་པ། ལམ་གསུང་བ། ལམ་ཡོངས་སུ་འདྲེན་པ་ལགས་སོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱ། རྟེན་པ་ཡོད་པ་ཞེས་བྱ། འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་དང༌། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བ། ཕྱེ་བ། རྒྱུ་བ་བཅད་པ། ལྷ་དང་མའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པའོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བ་དང༌། དགེ་སློང་གང་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན། ཁོང་མྱགས་པ། འཛག་པ། ཤིང་རུལ་བ་ལྟ་བུ། བོང་བུ་ལྟར་ཀུན་ཏུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་དེ་ནི། ཇི་ལྟར་རྨིག་པ་གཅིག་ལ་རྭ་ནི་མེད་པ་དང༌། །རྐང་པ་བཞི་ལ་དུང་གི་ཁ་ཅན་སྐད་པོ་ཆེ། །རྟག་ཏུ་བ་ལང་རྣམས་ཀྱི་ནང་དུ་རབ་འགྲོ་དེ། །འདི་ལ་ཁྱུ་མཆོག་སྒྲ་ནི་འབྱིན་པར་མི་བྱེད་ལྟར། །དེ་བཞིན་འདིར་ནི་ཁ་ཅིག་དྲན་ཉེར་མ་བཞག་ཅིང༌། །རྟག་ཏུ་བདེ་བར་གཤེགས་པ་མཆོག་གི་བསྟན་པ་ལ། །གནས་པར་མི་བྱེད་ལེ་ལོ་ལྡན་ཞིང་མ་གུས་པ། །འདུས་མ་བྱས་པའི་གོ་འཕང་དེ་ལ་འདིར་མི་རེག །གཞན་ཡང་བོང་བུ་དེ་ནི་བ་ལང་ནང་སོང་ཡང༌། །དེ་ནི་བ་ལང་རྣམས་ལས་


DTG136_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པར་གྱུར་པ་ཡིན། །གཞན་ཡང་དེ་ལྟ་བུ་ནི་དགེ་འདུན་ནང་འདུག་ཀྱང༌། །འཕགས་པའི་ཚོགས་རྣམས་དང་ནི་རིང་བ་ཡིན་ཞེས་བརྗོད། །ཅེས་བྱ་བ་དང༌། གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུག་པ་ཅན་དག་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་ངག་ཡོད། །ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད། །ཅེས་བྱ་བ་དང༌། དགེ་སློང་དག་དགེ་སྤྱོང་ངམ་བྲམ་ཟེ་གང་ལ་ལ་མིག་གིས་རོ་མྱོང་བར་བྱེད་པ་དེ་དག་ནི་དགེ་སྤྱོང་ངམ་བྲམ་ཟེའམ་བདུད་ང་ལ་སྡིག་འདོད་ཀྱི་དབང༌། དུ་ཤས་ཀྱིས་སོང་བ་དང༌། དབང་དུ་སོང་བ་དང༌། ལག་ཏུ་སོང་བ་དང༌། བདུད་ང་ལ་སྡིག་འདོད་ཀྱི་ཅི་འདོད་དགུར་བྱ་བ་དང༌། བདུད་ཀྱི་བཅིང་བ་དག་གིས་བཅིངས་པ་དང༌། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ་ཞེས་བྱ་བ་དང༌། མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བ་དང༌། སྡུག་བསྔལ་དང་བཅས་པ་དང༌། ཕོངས་པ་དང་བཅས་པ་དང༌། གནོད་པ་དང་བཅས་པ་དང༌། ཡོངས་སུ་གདུང་བ་དང་བཅས་པར་གནས་པ་དང༌། ལུས་ཞིག་ནས་ངན་འགྲོར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་དང༌། སྲོག་གཅོད་པ་ཀུན་ཏུ་བསྟན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དག་ནི་འདོད་པ་ལ་འདུན་པའི་སྒྲིབ་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཙོམ་གྱི་སྒྲིབ་པའོ་ཞེས་བྱ་བ་དང༌། སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང༌། ཀུན་ཏུ་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་གསུམ་པོ་གང་ཞེ་ན། ཆགས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང༌། ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་ཞེ་སྡང་དང༌། །གཏི་མུག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང༌།


DTG136_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་དང༌། དེ་ལྟར་རྣམ་བར་རྟོག་པ་དེ་དག་ནི་མི་དགེ་བ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། འཕགས་པ་མ་ཡིན་པ་རྣམས་དང༌། དོན་མེད་པ་དང་ལྡན་བ་རྣམས་སོ་ཞེས་བྱ་བ་དང༌། མི་དག་གི་འདོད་པ་རྣམས་ནི་མི་གཙང་བ་རྣམས་དང༌། དྲི་མི་ཞིམ་པ་རྣམས་དང༌། དྲི་ང་བ་རྣམས་དང༌། མི་མཐུན་པ་རྣམས་ཡིན་ནོ་ཞེས་བྱ་བ་དང༌། ཟས་རྣམས་དང་ནི་སྐོམ་རྣམས་དང་ཡང་དེ་བཞིན་རོ་རྣམས་དང༌། །བུད་མེད་རྣམས་ནི་འདོད་རྣམས་ཡིན་ཞེས་འདི་ན་ཁ་ཅིག་འཆི། །ཕུང་པོ་འདི་དག་དྲི་མ་ལགས་པར་ཡང་དག་རབ་མཐོང་སྟེ། །དེ་སླད་བདག་ནི་སྦྱིན་དང་སྦྱིན་སྲེག་ལ་ནི་དགའ་མ་མཆིས། །ཞེས་བྱ་བ་དང༌། འདོད་པའི་རྒྱུ་དང༌། འདོད་པའི་གཞི་དང༌། འདོད་པའི་དབང་དུ་བྱས་པ་དང༌། འདོད་པ་རྣམས་ཁོ་ནའི་རྒྱུས་མ་དང་བུ་དང་ནས་རྩོད་པར་བྱེད་ན་ཞེས་བྱ་བ་དང༌། ཆགས་པ་དང༌། ཞེན་པ་དང༌། འཆུམས་པ་དང༌། མདུད་པ་བོར་བ་དང༌། བརྒྱལ་བ་དང༌། ལྷག་པར་ཆགས་པ་དང༌། ལྷག་པར་ཞེན་པའོ་ཞེས་བྱ་བ་དང༌། འདོད་པ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་བ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཁྱིམ་པ་རྣམས་དང་ཁྱིམ་པ་རྣམས་སུ་རྩོད་པར་བྱེད་དོ། །ལྟ་བ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་སུ་རྩོད་པར་བྱེད་དོ་ཞེས་བྱ་བ་དང༌། དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ་མེད། ཆོས་སྤྱོད་པ་མེད། བསོད་ནམས་སྤྱོད་པ་མེད། དགེ་བ་སྤྱོད་པ་མེད། དགེ་ལེགས་སྤྱོད་པ་མེད་ཅེས་བྱ་བ་དང༌། །དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་དང༌། ཆུའི་ཆུ་བོ་ཆེན་པོ་དང༌། ཆུའི་ཚོགས་ཆེན་པོ་དང༌། ཆུའི་ཆུ་ཆེན་པོ་མ་ཡིན་གྱི་ཞེས་བྱ་བ་དང༌། ཐགས་འཁྲུགས་པ་ལྟ་བུ་དང༌། གྲུ་བུ་འཛིངས་པ་ལྟ་བུ་དང༌། རྩྭ་མུན་ཛ་དང༌། བལ་བ་ཛ་ལྟ་བུར་འོང་བ་དང་འགྲོ་བར་གྱུར་ཅིང༌། འཇིག་རྟེན་


DTG136_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་འཇིག་རྟེན་ཕ་རོལ་དང༌། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་བར་བྱེད། འཁོར་བར་བྱེད། འཁོར་བ་ལས་མི་འདའ་བར་བྱེད་པ་ཞེས་བྱ་བ་དང༌། སྡུག་བསྔལ་བ་མི་བཟད་བ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པ་དག་གིས་ཞེས་བྱ་བ་དང༌། ཅི་ཁྱོད་ལ་ཚོར་བ་སྡུག་བསྔལ་བ་མི་བཟད་པ་རྩུབ་བ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པ་སྐྱེས་པ་ལུས་ལས་བྲལ་ཞིང་མི་སྐྱེ་ལ། དེ་བྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་དང༌། སྡུག་བསྔལ་ཉིད་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་དོ་ཞེས་བྱ་བ་དང༌། ཇི་སྐད་དུ། འདུ་བྱེད་སྡུག་བསྔལ་ཉིད་དང་ནི། །འགྱུར་བ་ཉིད་དུ་མཁྱེན་ནས་ནི། །རྫོགས་སངས་རབ་ཏུ་མཁྱེན་པ་ཡིས། །ཚོར་བ་སྡུག་བསྔལ་ཉིད་དུ་གསུངས། །ཞེས་གསུངས་པ་ལྟ་བུ་དང༌། སྲོག་གཅོད་པ་དང༌། དྲག་ཤུལ་ཅན་དང༌། ལག་པ་ཁྲག་དམར་བ་དང༌། གསོད་པ་དང༌། རབ་ཏུ་གསོད་པ་ལ་གནས་པ་དང༌། སེམས་ཅན་སྲོག་ཆགས་སུ་གྱུར་པ་ལ་ངོ་ཚ་མེད་ཅིང་སྙིང་མི་བརྩེ་བ་ལ་ཞུགས་པ་ཡིན་ལ། ཐ་ན་སྲོག་ཆགས་སྲིན་བུ་ཕྲེའུ་དང༌། །གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་མི་སྤང་བ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང༌། གསོག་དང༌། འབྲས་བུ་མེད་པ་དང༌། དོན་མེད་པ་དང༌། ཕན་ཡོན་མེད་པ་ཡིན་ནོ་ཞེས་བྱ་བ་དང༌། བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཞེས་བྱ་བ་དང༌། བྱིས་པའི་རང་བཞིན་ཅན་རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་དང༌། གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་གཟུགས་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན་གྱིས་ཆེ་བ་ཡིན་ནོ་སྙམ་དུ་རློམ་པར་བྱེད། ཁྱད་པར་དུ་འཕགས་སོ་སྙམ་དུ་རློམ་པར་བྱེད། དམན་པ་མ་ཡིན་ནོ་སྙམ་དུ་རློམ་པར་བྱེད། གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཐམས་ཅད་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ། །


DTG136_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་ནོ་ཞེས་བྱ་བ་དང༌། གཟུགས་གང་རྟག་པ་དང༌། བརྟན་པ་དང༌། ཐེར་ཟུག་བ་དང༌། མི་འགྱུར་བའི་ཆོས་ཅན་དང༌། ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བའི་གཟུགས་དེ་ལྟ་བུ་འགའ་ཡོད་དམ་ཞེས་བྱ་བ་དང༌། འཕགས་པ་ཉན་ཐོས་ཤེས་ནས་དད་པ་བཞི་དག་དང་ལྡན་པ་ནི་འཚོ་བ་དག་གིས་དབུལ་བ་མ་ཡིན། བཀྲེན་པ་མ་ཡིན། ཕོངས་པ་མ་ཡིན་པར་འཚོ་ཞིང་ཞེས་བྱ་བ་དང༌། གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཅིང་ཆུ་བཞིན་དུ་བཟུང་བ་ཡིན་ལ། ཆོས་ཉིད་ཀྱིས་ཟིན་ཅིང་ཞི་བ་མ་ཡིན་པ་དང༌། གྱ་ནོམ་པ་མ་ཡིན་པ་དང༌། ལམ་ཤིན་ཏུ་སྦྱངས་པ་ཐོབ་པ་མ་ཡིན་པ་དང༌། སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པ་ཞེས་བྱ་བ་དང༌། དེ་དེ་ལྟར་སེམས་མཉམ་པར་གཞག་པ་ཡོངས་སུ་དག་པ་དང༌། ཡོངས་སུ་བྱང་བ་དང༌། ཉོན་མོངས་པ་མེད་པ་དང༌། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང༌། དྲང་པོར་གྱུར་པ་དང༌། ལས་སུ་རུང་བ་དང༌། གནས་པ་དང༌། མི་གཡོ་བ་ཐོབ་ན་ཞེས་བྱ་བ་དང༌། ཏིང་ངེ་འཛིན་དང་གནས་དང་ལྡང༌། །ཉམས་བདེ་བ་དང་སྤྱོད་ཡུལ་དང༌། མངོན་པར་བསྒྲུབ་དང་སྤྲོད་པ་དང༌། །མི་སྤྲོད་དེ་བཞིན་གཉིས་ཀ་དང༌། །སྐྱེ་དང་འབྲི་དང་དེ་བཞིན་ཐབས། །ཞི་གནས་རབ་འཛིན་བཏང་སྙོམས་སོ། །ཞེས་བྱ་བ་དང༌། སྲེད་པ་ཡང་སྲིད་པ་འབྱུང་བར་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བ་དེ་མ་ལུས་པར་སྤངས་པ་དང༌། བོར་བ་དང༌། བསལ་བ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་བ་དང༌། རྣམ་པར་ཞི་བ་དང༌། ནུབ་པ་གང་ཡིན་པ་ཞེས་བྱ་བ་དང༌། རྟོག་གེ་བ་ཡིན། དཔྱོད་པ་པ་དང༌། རྟོག་གེ་ལ་ཞུགས་པ་དང༌། རང་གི་སྤོབས་པ་དང་ལྡན་པ་དང༌། སོ་སོའི་སྐྱེ་བོ་དང་ལྡན་པ་དང༌། དཔྱོད་པ་དང་འབྲེལ་པའི་ས་ལ་གནས་པ་ཡིན་ཞེས་བྱ་བ་དང༌། འཆི་བ་ནི་བཟང་པོ་མ་ཡིན། དུས་བྱས་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་


DTG136_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བ་དང༌། ཚེར་མ་ཕྱུང་བ་རྣམས་དང༌། ཚེར་མ་དཀྲུགས་པ་རྣམས་དང༌། ཚེར་མ་དང་བྲལ་བ་རྣམས་དང༌། ཚེར་མ་མེད་པ་རྣམས་གང་ཡིན་ཞེས་བྱ་བ་དང༌། དད་པ་སྐྱེས་ན་འགྲོ་བར་བྱེད། སོང་ནས་ཆོས་ཉན་པར་བྱེད་དོ། །དེས་ན་ཆོས་དེ་ཐོས་ནས་སེམས་པར་བྱེད་དོ། །བསམས་ནས་འཇལ་བར་བྱེད་ཅིང༌། ཉེ་བར་རྟོག་པར་བྱེད་ལ། བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་དང༌། གཞི་དེ་ལས་སྦྱིན་པ་པོ་དང༌། སྦྱིན་པ་དག་གི་བསོད་ནམས་རྒྱུན་རྒྱས་པ་དང༌། དགེ་བ་རྒྱུན་རྒྱས་པ་དང༌། བདེ་བ་འདྲེན་པ་ཚད་མེད་པ་ཡོད་པར་ཞེས་བྱ་བ་དང༌། རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་ལ། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང༌། མཐོང་བས་ཉམས་སུ་མྱོང་བར་བྱེད་པ་དང༌། རྩིག་པ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་ཐོགས་པར་འགྲོ་ལ། ས་ལ་ཡང་སྟེང་དུ་འབྱུང་བ་དང༌། བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པའི་རྒྱུན་གྱིས་འགྲོ་སྟེ། དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཉུག་པར་བྱེད་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་དབང་བསྒྱུར་རོ་ཞེས་བྱ་བ་དང༌། འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད། དད་པར་བྱེད། ཀུན་ཏུ་གནས་པར་བྱེད། རྣམ་པར་གྲོལ་བར་བྱེད་ཅེས་བྱ་བ་དང༌། དགེ་སློང་དག་འདི་ལ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང༌། སྦ་བའི་ཕྱིར་དང༌། དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ་


DTG136_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང༌། དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང༌། ཤིན་ཏུ་སྦས་པ་དང༌། ཤིན་ཏུ་བསྲུངས་བ་དང༌། ཤིན་ཏུ་བསྡམས་པ་དང༌། ཤིན་ཏུ་བསྒོམས་པ་ནི་ཞེས་བྱ་བ་དང༌། དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང༌། དེ་བཞིན་དུ་གསུམ་པ་དང༌། དེ་བཞིན་དུ་བཞི་པ་དང༌། བླ་དང་འོག་དང་ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་དང། བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན། དྲན་པ་ཉེ་བར་གཞག་ཅིང་ཀུན་ཏུ་རྨོངས་པ་མེད་པ་ཡིན། སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བ་དང༌། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྔར་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་ཤིང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པའི་ཕྱིར་དང༌། འདི་ནི་བདེ་བའི་ཕྱིར་དང༌། འདི་ནི་ཕན་པ་དང༌། བདེ་བའི་ཕྱིར་ཞེས་བྱ་བ་དང༌། ཤིང་ཐགས་བཙུགས་པ་ནི་ཟབ་རིང། ལེགས་པར་བཙུགས་པ། སྲ་བ། བརྟན་པ། མཁྲེགས་པ་དང་ལྡན་པ། མི་གཡོ་བ། མི་ཆགས་པ་ཡིན་ནོ་ཞེས་བྱ་བ་དང༌། དེས་ལོངས་སྤྱོད་སྐྱེད་པ་དང༌། བརྩོན་འགྲུས་ཀྱིས་ཐོབ་པ། ལག་མཐུས་བསྒྲུབས་པ། རྡུལ་མེད་མེད་དྲི་མ་ཆགས་ཆགས་སུ་བསྒྲུབས་པ། ཆོས་དང་ལྡན་པའི་ཆོས་ཀྱིས་རྙེད་པ་ཞེས་བྱ་བ་དང༌། ཡོན་དབུལ་བར་བྱེད་པ་ནི་ཚེ་ཕྱི་མ་ལ་འགྲོ་


DTG136_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བ་གོང་མར་འགྱུར་བ་དང༌། སྐལ་བ་བཟང་པོར་འགྱུར་བ་དང༌། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང༌། མཐོ་རིས་འགྲུབ་པར་བྱེད་པར་འགྱུར་བའོ་ཞེས་བྱ་བ་དང༌། དགེ་སློང་ངས་ཁྱེད་ལ་སྐྱེས་བུ་དམ་པ་རྣམས་ཀྱི་འགྲོ་བ་བདུན་དང༌། ལེན་པ་མེད་པར་མྱ་ངན་ལས་འདས་བ་བཤད་པར་བྱའོ། །སྐྱེས་བུ་དམ་པ་རྣམས་ཀྱི་འགྲོ་བ་བདུན་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་ནི་འདི་ལྟར་བདག་མ་བྱུང་ཡང་རུང༌། བདག་གི་མ་བྱུང་ཡང་རུང༌། བདག་མི་འབྱུང་བར་འགྱུར་རོ། །བདག་གི་མི་འབྱུང་བར་འགྱུར་རོ་སྙམ་དུ་ཞུགས་པ་ཡིན་ནོ། །དེ་ལྟར་ན་གང་ཡོད་པ་དང༌། གང་བྱུང་བ་དེ་སྤང་ངོ་སྙམ་དུ་བཏང་སྙོམས་ཐོབ་ལ། དེ་ལ་ཆགས་པར་མི་བྱེད་ཅིང༌། དེའི་འོག་ཏུ་ཞི་བའི་གོ་འཕང་གོང་མ་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་དོ་ཞེས་བྱ་བ་དང༌། ཡོད་པ་ལ་ཡང་ཡོད་པ་ཉིད་དང༌། མེད་པ་ལ་ཡང་མེད་པ་ཉིད་དང༌། བླ་མ་དང་བཅས་པ་ལ་ཡང་བླ་མ་དང་བཅས་པ་ཉིད་དང༌། བླ་ན་མེད་པ་ལ་ཡང་བླ་ན་མེད་པ་ཉིད་དུ་ཤེས་པར་འགྱུར་ཞེས་བྱ་བ་དང༌། ལེགས་པར་མཐོང་བ་དང༌། ལེགས་པར་རིག་པ་དང༌། ལེགས་པར་ཡིད་ལ་བྱས་པ་དང༌། ལེགས་པར་བརྟན་པ་དང༌། ལེགས་པར་རྟོགས་པ་ཞེས་བྱ་བ་དང༌། འདུན་པ་སྐྱེད་པར་བྱེད། རྩོལ་བར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་དོ་ཞེས་བྱ་བ་དང༌། འདུས་པ་དང་ལྡན་པ། ཚོགས་དང་ལྡན་པ། ཚོགས་ཀྱི་སློབ་དཔོན་སྐྱེ་བོ་མོང་པོས་ཞི་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ། ཚོགས་ཆེན་པོས་མདུན་གྱིས་བདར་བ་ཞེས་བྱ་བ་དང༌། དམག་ལྡན་ཆོས་འདི་ནི་ཟབ་པ། ཟབ་པར་སྣང་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོས་བརྟགས་པའི་མཁས་པ་དང༌། མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།


DTG136_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། དགེ་འདུན་བདེ་བར་བྱ་བའི་ཕྱིར་དང༌། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང༌། གང་ཟག་གནོད་མི་བཀུར་བ་རྣམས་ཚར་བཅད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་དང༌། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྟེ་ངའི་ཚངས་པར་སྤྱད་པ་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང༌། རྒྱས་པ་དང༌། ལྷ་དང་མི་རྣམས་ཀྱི་བར་དག་ལ་ཡང་དག་པར་ལེགས་པར་རབ་ཏུ་བསྟན་པའོ་ཞེས་བྱ་བ་དང༌། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང༌། དེ་ཉེ་བར་ཞི་བ་དང༌། དེ་བསིལ་བར་གྱུར་པ་དང༌། དེ་ནུབ་པ་ཞེས་བྱ་བ་དང༌། བྲམ་ཟེ་དེ་སོམ་ཉི་མེད་ཅིང་འགྱོད་པ་ཆད་པ་དང༌། འབྱུང་བ་དང༌། འཇིག་པ་ལ་སྲེད་པ་དང་བྲལ་བ་དང༌། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ཞེས་བྱ་བ་དང༌། དགེ་སློང་དག་མི་རྟག་པའི་འདུ་ཤེས་སྒོམས་ཤིག་དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང༌། བགྲོད་པར་བྱས། རྟེན་དུ་བྱས། ནན་ཏན་དུ་བྱས་ཤིང་ཤིན་ཏུ་རྫོགས་པར་བྱས་ལ་ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང༌། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང༌། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང༌། རྒོད་པ་དང༌། ང་རྒྱལ་དང༌། མ་རིག་བ་ཐམས་ཅད་ཡང་དག་པར་འཇོམས་ཏེ། དཔེར་ན་ཁྱིམ་བདག་ཞིང་པ་དབྱར་འདས་ནས་སྟོན་གྱི་དུས་ཀྱི་ཚེ་གཤོལ་ཆེན་པོས་ཞིང་རྣམས་རྨེད་ཅིང་རྨེད་པ་ན་རམ་པའི་རྩ་རྒྱུས་ཐམས་ཅད་གཅོད་པར་བྱེད། ཀུན་ཏུ་གཅོད་པར་བྱེད། མངོན་དུ་གཅོད་པར་བྱེད་པ་དེ་བཞིན་དུ། དགེ་སློང་དག་མི་རྟག་


DTG136_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་སྔ་མ་བཞིན་དུ་ང་རྒྱལ་དང་མ་རིག་པའི་བར་དུ་ཡང་དག་པར་འཇོམས་སོ། །དགེ་སློན་དག་དཔེར་ན་མི་རྩྭ་བལ་བ་ཛ་བརྔ་བ་ཞིག་གིས་རྩྭ་བལ་བ་ཛ་ཆུང་ཞིང་ཉུང་ལ་མི་མང་བ་ཤས་ཤིག་མཆོག་མ་ནས་བཟུང་སྟེ། སྤྲུག་ཅིང་བར་བུར་ཐམས་ཅད་སེལ་བར་བྱེད་པ་དེ་བ་ཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནས། ང་རྒྱལ་དང༌། མ་རིག་པའི་བར་དུ་ཡང་དག་བར་འཇོམས་སོ། །དཔེར་ན་ཤིང་ཐོག་ཨ་མྲའི་དོག་པ་ལ་ཨ་མྲ་གང་ཅི་ཡོད་པ་དེ་ཐམས་ཅད་ནི་རྩ་རྒྱུས་དང་ལྡན་པ། རྩ་རྒྱུས་ལ། བརྟན་པ། རྩ་རྒྱུས་དང་འབྲེལ་པ། རྩ་རྒྱུས་སུ་འདུ་བ། རྩ་རྒྱུས་དང་མ་བྲལ་བ་དག་ཡིན་ཞིང་དེ་དག་ལས་འབྱུང་བ་ཡིན་པ་དེ་པ་ཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་སྟེ་སྔ་མ་བཞིན་ནོ། །དཔེར་ན་གཙང་ཁང་ཕྱུར་བུའི་ཕྱམ་དགུ་པོ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྤྱི་རྟེན་ལ་གནས། སྤྱི་རྟེན་ལ་བརྟེན། སྤྱི་རྟེན་ལ་རག་ལས། སྤྱི་རྟེན་ལ་གཞོལ་བས་སྤྱི་རྟེན་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏེ། འདི་ལྟ་སྟེ་ཀུན་ཏུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་སྲོག་ཆགས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་འགྲོ་བ་རྣམས་ཀྱི་རྗེས་གང་ཇི་སྙེད་པ་དེ་དག་ཐམས་ཅད་གླང་པོ་ཆེའི་རྗེས་སུ་འདུས་ཤིང་ཁོངས་སུ་ཆུད་པས་གླང་པོ་ཆེའི་རྗེས་ནི་དེ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། འདི་ལྟ་སྟེ། ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་འཛམ་བུའི་གླིང་དུ་འབབ་ཆུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ། རྒྱ་མཚོ་འབབ་པ་ཡིན། རྒྱ་མཚོར་བབ་པ་ཡིན་པས་རྒྱ་མཚོ་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཀུན་ཏུ་སྡུད་པའི་ཕྱིར་རོ། དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་གནམ་ལས་ཉི་མ་ཤར་བ་ནི་གནམ་ལ་ཡོགས་པའི་མུན་པ་ཐམས་ཅད་འོད་ཀྱི་ཟིལ་གྱིས་མནན་ནས་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་འཁོར་ལོས་སྒྱུར་པའི་


DTG136_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ནི་ཁམས་ཀྱི་རྒྱལ་པོ་གང་ཇི་སྙེད་པ་དེ་རྣམས་ཀྱི་མཆོག་ཡིན་ཏེ། འདི་ལྟ་སྟེ། དབང་བྱེད་པ་ཉིད་ཀྱིས་སོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང༌། བགྲོད་པར་བྱས། རྟེན་དུ་བྱས། ནན་ཏན་དུ་བྱས་ཤིང་ཤིན་ཏུ་རྫོགས་པར་བྱས་ལ། ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང༌། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང༌། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང༌། རྒོད་པ་དང༌། ང་རྒྱལ་དང༌། མ་རིག་པ་ཐམས་ཅད་ཡང་དག་པར་འཇོམས་སོ། །སྡོམ་ནི། ཞིང་པ་དང་ནི་གྲེས་མ་བརྡ། དོག་པ་དང་ནི་སྤྱི་རྟེན་དང༌། །རྗེས་དང་འབབ་ཆུ་ཉི་མ་དང༌། །བརྒྱད་པ་རྒྱལ་པོ་ཡིན་པར་འདོད། །ཅེས་བྱ་བ་དང༌། ཚེ་དང་ལྡན་པ་དག་དགེ་སློང་ཆོས་སྨྲ་བ་པོས་ཆོས་ཀྱི་གཏམ་བྱེད་པ་ན་རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་དང༌། གུས་པ་དང༌། གོ་རིམས་དང༌། འཚམས་སྦྱར་བ་དང༌། རྗེས་སུ་མཐུན་པ་དང༌། དགའ་བར་བྱ་བ་དང༌། འདོད་པར་བྱ་བ་དང༌། མགུ་བར་བྱ་བ་དང༌། སྤྲོ་བ་སྐྱེད་པ་དང༌། མི་སྨད་པ་དང༌། རིགས་པ་དང༌། འབྲེལ་པ་དང༌། མ་འདྲེས་པ་དང༌། ཆོས་དང་ལྡན་པ་དང༌། འཁོར་ཇི་ལྟ་བ་བཞིན་དང༌། བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། སྙིང་བརྩེ་བའི་སེམས་དང༌། རྙེད་པ་དང༌། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་རྟེན་པ་དང༌། གཏམ་དེ་དག་བརྗོད་པ་ན་བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་ལ་གཏམ་ཡང་བྱ་བ་སྟེ། རྣམ་བ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་དང༌། ཚེ་དང་ལྡན་པ་དག་ཆོས་མཉན་པར་འདོད་པས་ནི་རྣམ་པ་བཅུ་དྲུག་དང་ལྡན་པས་ཆོས་མཉན་པར་བྱ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང༌། གུས་པ་དང༌། ཉན་བར་གུས་པ་དང༌། མ་རངས་པ་མེད་པ་དང༌། བསྒོ་བ་བཞིན་བྱེད་པ་དང༌། ཀླན་ཀ་མི་ཚོལ་བ་དང༌། ཆོས་ལ་གུས་པ་ཉེ་བར་


DTG136_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དང༌། གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་དང༌། ཆོས་ལ་བརྙས་པ་མེད་པ་ཉིད་དང༌། གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་དང༌། བདག་ཉིད་ལ་བརྙས་པ་མེད་པ་ཉིད་དང༌། ཀུན་ཏུ་ཤེས་པར་བྱ་བའི་སེམས་དང༌། སེམས་རྩེ་གཅིག་ཏུ་བྱ་བ་དང༌། རྣ་བླགས་པ་དང༌། སེམས་ཀུན་ཏུ་བཏུད་བ་དང༌། སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་སྟེ། ཚེ་དང་ལྡན་པ་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་དང༌། གསུང་གསལ་བ་དང༌། སྙན་ཅིང་འཇེབས་པ་དང༌། རྣམ་པར་གསལ་བ་དང༌། རྣམ་པར་ཤེས་པར་བྱ་བ་དང༌། མཉན་པར་འོས་པ་དང༌། མི་རྟེན་པ་དང༌། མི་མཐུན་པ་མེད་པ་དང༌། ཡོངས་སུ་གཏུགས་པ་མེད་པས་ཆོས་སྟོན་པར་མཛད་དོ་ཞེས་བྱ་བ་དང༌། དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་སྐད་གསལ་བ་དང༌། སྙན་ཅིང་འཇེབས་པ་དང༌། རྣམ་པར་གསལ་བ་དང༌། རྣམ་པར་ཤེས་པར་བྱ་བ་དང༌། མཉན་པར་འོས་པ་དང༌། མི་རྟེན་པ་དང༌། མི་མཐུན་པ་མེད་པ་དང༌། ཡོངས་སུ་གཏུགས་པ་མེད་པར་ཆོས་སྟོན་པར་བྱེད་པ་དང༌། དེ་ལ་དགེ་སློང་དེ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། ཡོད་པར་བྱས། ཡིད་ལ་བྱས། སེམས་རྩེ་གཅིག་ཏུ་བྱས་ཏེ། རྣ་བླགས་ཤིང་སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་བར་བྱེད་དོ་ཞེས་བྱ་བ་དང༌། ཆོས་མངོན་པ་དང་འདུལ་བ་མངོན་པ་ལས་དྲི་བ་དྲིས་པས་ཡང་ཤེས་ཤིང༌། ཚིག་དང་ཡིག་འབྲུ་རིགས་པ་དང༌། འབྲེལ་པ་དང༌། རྗེས་སུ་མཐུན་པ་དང༌། འབྱོར་པ་དང༌། ཐབས་དང་ལྡན་པ་དང༌། འཚམ་པ་དང༌། མཐུན་པ་དང༌། རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱིས་ལན་ལྡོན་པར་བྱེད་དོ་ཞེས་བྱ་བ་དང༌། དགེ་སློང་དག་གཏམ་ལ་འཇུག་པར་བྱ་ན། འདུན་པ་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། འཆབ་པ་དང༌། ཀུན་ནས་མནར་སེམས་


DTG136_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མི་བཟོད་པ་དང༌། ཡིད་མི་ཆེས་པ་དང༌། སྤངས་ལ་སེམས་ཀྱི་ཐ་བ་དང༌། འཆབ་པའི་གཞི་ཡང་བོར་ཏེ་ལྟ་བའི་ཡོངས་སུ་གདུང་བ་ཡང་བསལ་ནས་ཧ་ཅང་སྨྲ་བར་ཡང་མི་བྱ་ཞིང༌། འགལ་ཚབས་ཅན་དུ་ཡང་མི་བྱ་ལ། ཚིག་རྩུབ་པོ་སྨྲ་བར་ཡང་མི་བྱ་སྟེ། དོན་དང་ཆོས་བསྟན་པར་བྱ། ཀུན་ཤེས་པར་བྱ། ཡང་དག་པར་ཤེས་པར་བྱ། ངེས་པར་ཤེས་པར་བྱ། ངེས་པར་སེམས་སུ་ཞུགས་པར་བྱ་ཞིང་མགུ་བར་བྱ། ཡང་དག་བར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་ལ། དང་པར་བྱ་ཞིང་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྣམས་ནི་དེ་ལྟར་བརྗོད་ཅིང༌། འཕགས་པ་རྣམས་ཀྱི་བརྗོད་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་བདག་ཉིད་གླིང་དུ་འགྱུར་བ་དང༌། བདག་ཉིད་སྐྱབས་སུ་འགྱུར་བ་དང༌། ཆོས་གླིང་དུ་འགྱུར་བ་དང༌། ཆོས་སྐྱབས་སུ་འགྱུར་བ་དང༌། གླིང་གཞན་མ་ཡིན་པ་དང༌། སྐྱབས་གཞན་མ་ཡིན་པར་གནས་པར་གྱིས་ཤིག་ཅེས་བྱ་བ་དང༌། དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ལོག་པར་ལྟ་བ་ནི་སྤང་བར་རུང་བས་སོ། །དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤང་བར་མི་རུང་ན་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤང་དུ་རུང་བ་དེའི་ཕྱིར་དགེ་སློང་དག་ལོག་བར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ། །དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤོངས་པས་དུས་རིང་པོར་དོན་མེད་པ་དང༌། མི་ཕན་པ་དང༌། སྡུག་བསྔལ་བ་འགྲུབ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་དང་དེ་སྐད་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤངས་པས་དོན་དང་ཕན་པ་དང༌། བདེ་བ་འགྲུབ་བར་འགྱུར་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ་ཞེས་བྱ་བ་དང༌། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་བཟུང་ཤིག་གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག་དེ་ཅིའི་ཕྱིར་ཞེ་ན། གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་དང༌། གང་ཟག་ལ་


DTG136_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་འཛིན་པ་ནི་གནོད་པར་འགྱུར་ཏེ། ངའམ་ང་འདྲ་བ་གང་ཡིན་པས་གང་ཟག་ཚོད་བཟུང་བའམ་ཚད་འཛིན་པ་ཡིན་ནོ་ཞེས་བྱ་བ་དང༌། དེ་འདི་སྙམ་དུ་ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཤིང༌། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་སྡིག་པ་བྱེད་བྱེད་པ་རྣམས་དང༌། དྲག་ཤུལ་བྱེད་བྱེད་པ་རྣམས་དང༌། །གདུག་པ་བྱེད་བྱེད་པ་རྣམས་དང༌། བསོད་ནམས་མ་བྱས་པ་རྣམས་དང༌། །དགེ་བ་མ་བྱས་པ་རྣམས་དང༌། འཇིགས་པས་བག་ཚ་བ་རྣམས་ལ་སྐྱོབ་པ་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ནས་ཡིད་ལ་གཅགས་པ་འབྱུང་སྟེ། དགེ་སློང་དག་གང་ཟག་ཡིད་ལ་གཅགས་པའི་འཆི་བ་ནི་བཟང་པོ་མ་ཡིན་ལ། དུས་བྱེད་པ་ནི་བཟང་པོ་མ་ཡིན་ཞིང་ཚེ་ཕྱི་མར་འགྲོ་བ་ཡང་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་གསོན་པོ་རྣམས་ལས་གཉིད་ལོག་པ་ནི་བརྫུན་པ་དང༌། ཤིན་ཏེ་མ་དང༌། འབྲས་བུ་མེད་པ་དང༌། དོན་མེད་པ་དང༌། ཕན་ཡོན་མེད་པ་མ་ཡིན་གྱིས་ཀྱང༌། དགེ་སློང་དག་གཉིད་ལོག་པ་ནི་བླའི། འཐབ་མོ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང༌། འགྱེད་པ་གནག་དག་སྐྱེ་བོ་མང་པོ་ལ་མི་ཕན་པ་དང༌། དོན་མེད་པར་འགྱུར་བ་དང༌། ལྷ་དང་མི་རྣམས་ལ་མི་ཕན་པ་དང༌། སྡུག་བསྔལ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལ་བརྟེན་ནས་ཆགས་པ་དང༌། འཐབ་མོ་དང༌། མཚང་འདྲུ་དང༌། རྩོད་པ་དང༌། འགྱེད་པ་འབྱུང་བའི་རྣམ་པར་རྟོག་པའི་རྣམ་པར་བརྟག་པ་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ནི་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། །བརྡེགས་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་པའོ་ཞེས་བྱ་བ་དང༌། འདི་ལ་འཕགས་པ་ཉན་ཐོས་ནི་བདག་ཉིད་ཀྱི་ཚུལ་ཁྲིམས་དག་ལ་ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ་དང༌། སྐྱོན་མེད་པ་དང༌། འདྲེན་མར་མ་གྱུར་པ་དང༌། ཐུན་ཚགས་མ་ཡིན་པ། རང་དབང་ཅན། ནོག་ནོག་པོར་མ་གྱུར་པ། ལེགས་པར་


DTG136_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པ། ལེགས་པར་བརྩམས་པ། མཁས་པ་རྣམས་ཀྱིས་བསྔགས་པ། མཁས་པ་རྣམས་ཀྱིས་མ་སྨད་པ་ཡིན་ནོ་ཞེས་བྱ་བར་རྣམ་པ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་གང་ཟག་བདེན་པ་མཐོང་བ། འབྲས་བུ་ཐོབ་པ། མངོན་པར་རྟོགས་པ་དང་ལྡན་པའི་སྡུག་བསྔལ་ནི་རྫིང་བུ་ལ་བརྟེན་པའི་ཆུ་ཇི་ཙམ་ཡོད་པ་དེ་སྙེད་ཙམ་ཞིག་ཡོད་དེ་སྤངས་པ་དང་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་དང༌། དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །གསུམ་གང་དག་ཅེ་ན། དགེ་སློང་དག་འདོད་ཆགས་ནི་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། འདོད་ཆགས་ཇི་ལྟ་བ་དེ་བཞིན་དུ། ཞེ་སྡང་དང་གཏི་མུག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་མིག་ནི་སྐྱེས་བུའི་རྒྱ་མཚོ་ཡིན་ཏེ། དེ་ལས་གཟུགས་ལས་བྱུང་བའི་ཤུགས་དག་ལས་འབྱུང་ངོ༌། །གང་ཞིག་གཟུགས་ལས་བྱུང་བའི་ཤུགས་དེ་བཟོད་པ་དེ་ནི་མིག་གི་རྒྱ་མཚོ་དཔའ་རླབས་དང་བཅས་པ། གློག་དང་བཅས་པ། འཛིན་ཁྲི་དང་བཅས་པ། སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བ་དང༌། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དང༌། འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་སེར་སྣའི་དྲི་མ་དང་བྲལ་པས་ལྷུག་བར་གཏོང་བ་དང༌། ལག་བརྐྱང་བ་དང༌། རྣམ་པར་གཏོང་བ་ལ་དགའ་བ་དང༌། སྦྱིན་པ་ལ་རྒྱུན་མི་འཆད་པ་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་ལ་འགེད་པར་དགའ་བས་ཁྱིམ་ན་གནས་བ་ནི་བདག་ག་རྙེད་པ་ལེགས་པར་རྙེད་དོ་ཞེས་སྦྱིན་པར་བྱ་བའི་ཆོས་ཀྱི་རྣམ་


DTG136_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བ་དང༌། དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚོད་ཟིན་པ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་ནི་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང༌། གསོ་བའི་ཕྱིར་དང༌། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ན། བདག་འཚོ་བ་དང༌། སྟོབས་དང༌། བདེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། རེག་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནས་ཟས་ཟའོ། །དཔེར་ན་སྐྱེས་བུ་ཤིང་རྟ་བས་མར་རམ་འབྲུ་མར་གྱིས་ཤིང་རྟའི་སྲོག་ཤིང་ལ་སྐུད་པར་བྱེད་ན། ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ཁལ་ཁོ་ན་ཐེག་པའི་ཕྱིར་ཡིན་ནོ། །སྐྱེས་བུ་རྨས་གཟིར་བ་ཡང་མར་རམ་འབྲུ་མར་གྱིས་རྨ་ལ་སྐུད་པ་ན། ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། རྨ་ཁོ་ན་གསོ་བའི་ཕྱིར་ཡིན་ནོ། །དེ་བཞིན་དུ་རིགས་ཀྱི་བུ་དགའ་བོ་ཡང་ལོངས་པའི་ཕྱིར་མ་ཡིན། རྒྱས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང༌། གསོ་བའི་ཕྱིར་དང༌། བཀྲེས་བ་དང་བྲལ་བར་བྱའི་ཕྱིར་དང༌། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུས། ཚོར་བ་རྙིང་ནི་གཞིལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ན། བདག་འཚོ་བ་དང༌། སྟོབས་དང༌། བདེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། རེག་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནས་ཟས་ཟའོ་ཞེས་བྱ་བ་དང༌། དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ་དང༌། ཤེས་བཞིན་མཆོག་དང་ལྡན་བ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་ནི་གལ་ཏེ་ཤར་ཕྱོགས་སུ་རྣམ་པར་ལྟ་ན་སེམས་ཐམས་ཅད་ཀྱི་བསམས་


DTG136_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་བརྣབ་སེམས་དང༌། ཡིད་མི་བདེ་བ་དང༌། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ལ་རྗེས་སུ་མི་འཛག་པར་འགྱུར་ལ། གལ་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་རྣམ་པར་ལྟ་ན་ཡང་སེམས་ཐམས་ཅད་ཀྱིས་བསམས་ཏེ་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་སྔ་མ་བཞིན་དུ་སེམས་ལ་རྗེས་སུ་མི་འཛག་པའི་བར་དུ་འགྱུར་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོའི་ཚོར་བ་ཡང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས་ཤེས་བཞིན་དུ་ནུབ་པ་དང༌། ཟད་པ་དང་གཏུགས་པར་འགྱུར་ལ། འདུ་ཤེས་ཀྱང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང༌། ཟད་པ་དང་གཏུགས་པར་འགྱུར་རོ་ཞེས་བྱ་བ་དང༌། དགེ་སློང་དག་རྒྱལ་པོ་ལགས་མཐོང་ཆེན་པོ་ནི་ཧ་ཅང་མི་དྲོ་བ་དང༌། དུས་ཚིགས་བདེ་བ་དང༌། གནོད་པ་མེད་པ་དང༌། གང་གིས་ན་དེས་ཟོས་ཤིང་འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་པས་གནོད་པ་ཉུང་བ་དང༌། ནད་མེད་པའི་རང་བཞིན་ཅན་དུ་གྱུར་རོ་ཞེས་བྱ་བ་དང༌། དགེ་སློང་དག་དགེ་སློང་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགེ་སློང་འདི་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་ལྡན་པ་བཞི་རྣམས་ཅི་འདོད་པ་བཞིན་ཐོབ་པ། ཚེགས་མེད་པར་ཐོབ་པ། ངན་ངོན་མ་ཡིན་པར་ཐོབ་པ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་དཔེར་ན་མེ་ཏོག་ཨུཏྤལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་བའམ། ཨ་ཏི་མུག་ཏ་ཀའི་ཕྲེང་བ་ཕྲག་པ་ལ་ཐོགས་པའམ། སྣོད་དུ་བཞག་པའི་མཚན་མོ་དང་ཉིན་མོ་དེ་དང༌། དེ་དག་འདས། སྐད་ཅིག་དང༌། ཐད་ཅིག་དང༌། ཡུད་ཙམ་དེ་དང་དེ་དག་ལས་འདས་པ་དང་ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར། བསྐམས་པ་ཉིད་དུ་འགྱུར་རོ། །དགེ་སློང་དག་མེ་ཏོག་ཨུཏྤལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་བའམ། ཨ་ཏི་མུག་ཏ་ཀའི་ཕྲེང་བ་གང་ཡིན་པ་དེ་ཟེགས་པ་དང༌། རྙིངས་


DTG136_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བསྐམས་པ་དང༌། ཕྱག་དར་གྱི་ཕུང་པོ་ལ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ། །དགེ་སློང་དག་དེ་བཞིན་དུ་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་ཆུ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནམ་བུས་གསོ་གསོ་བ། རྟག་ཏུ་བསྐུ་བ་དང༌། བཀྲུ་བ་དང༌། མཉེ་བ་བྱས་པ། འགྱེས་པ་དང་འཇིག་པའི་ཆོས་ཅན་འདི་ཡང་རྒ་བ་ཉིད་དུ་འགྱུར། འཆི་བ་ཉིད་དུ་འགྱུར་རོ། །དགེ་སློང་དག་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་ཆུ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནོམ་བུས་གསོ་གསོ་བ། རྟག་ཏུ་བསྐུ་བ་དང༌། བཀྲུ་བ་དང་མཉེ་བ་བྱས་པ། འགྱེད་པ་དང་འཇིག་པའི་ཆོས་ཅན་གང་ཡིན་པ་འདི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙ་མ་དེ་དང་དེ་དག་འདས་ན་རྒས་པ་དང་ནད་བུ་ཅན་དང་ཤི་བ་དང་དུར་ཁྲོད་དུ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ་ཞེས་བྱ་བ་དང༌། འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ། །གནོད་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དང༌། རྣམ་པར་འཚེ་བ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱད་བར་བྱེད་དོ་ཞེས་བྱ་བ་དང༌། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་སྤྱོད་པ་དང༌། ལས་ཀྱི་སྐྱེ་གནས་པ། ལས་ལ་སྟོན་པ། ལས་ཀྱིས་སེམས་ཅན་རྣམས་ལ་མཐོན་པོ་དང༌། དམའ་བ་དང༌། ངན་པ་དང༌། གྱ་ནེམ་པ་འགེད་པར་བྱེད་པ་དག་ཡིན་ནོ་ཞེས་བྱ་བ་དང༌། འདོད་པ་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་བྱ་བའི་ཕྱིར་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང༌། གཟུགས་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་འགྱུར་བར་བྱ་བའི་ཕྱིར་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང༌། ཆགས་པ་ཟད་པར་བྱ་བའི་ཕྱིར་དང༌། སྲེད་པ་ཟད་པར་བྱ་བའི་ཕྱིར་དང༌། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང༌། བསགས་པ་ཟད་པར་བྱ་བའི་ཕྱིར་བསྒྲུབ་པ་


DTG136_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བ་དང༌། གྲོ་བཞིན་སྐྱེས་དེ་ལྟར་ན་ཧ་ཅང་བརྩོན་འགྲུས་བརྩམ་དྲགས་ན་ནི་རྒོད་པ་ཉིད་དུ་འགྱུར་ལ། ཧ་ཅང་ཞུམ་ཆེས་ན་ནི་ལེ་ལོར་འགྱུར་རོ། །གྲོ་བཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས་པར་བྱས་ལ་དེ་ལ་ཡང་མཚན་མར་ཟུང་ཤིག་དེས་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཤིང་གི་ཕུང་པོ་ཆེན་པོ་ཞིག་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ། ལྷམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་དང༌། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་ཕུང་པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང༌། བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་བལྟ། བདེ་བ་ཉིད་དང༌། ནད་མེད་པ་ཉིད་དང༌། བདག་དང་བདག་གི་ཉིད་དུ་ཡང་དག་པར་རྗེས་སུ་བལྟའོ་ཞེས་བྱ་བ་དང༌། ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་དང༌། ཟླ་བ་ཕྱེད་ཕྱེད་ཅིང་ཚེས་བཅོ་ལྔ་ལ་རྒྱལ་པོ་ཆེན་པོ་བཞི་དག་རང་ཉིད་ཅི་མིའི་འཇིག་རྟེན་ན། མར་འཛིན་པ་དང༌། ཕར་འཛིན་པ་དང༌། དགེ་སྦྱོང་དུ་འཛིན་པ་དང༌། བྲམ་ཟེར་འཛིན་པ་དང༌། རིགས་ཀྱི་ནང་ནས་རྒན་རབས་ལ་རི་མོ་བྱེད་པ་དང༌། དོན་བྱེད་པ་དང༌། བྱ་བ་བྱེད་པ་དང༌། བསོད་ནམས་བྱེད་པ་དང༌། འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིག་པར་ལྟ་བ་དང༌། སྦྱིན་པར་བྱེད་པ་དང༌། བསོད་ནམས་བྱེད་པ་དང༌། བསྙེན་གནས་ལ་ཉེ་བར་གནས་པ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པའི་མི་དག་མང་ངམ་ཞེས་འཇིག་རྟེན་རྣམ་པར་ལྟ་བར་བྱེད་དོ་ཞེས་བྱ་བ་དང༌། ཀྱེ་ཤཱ་རིའི་བུ་འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་དག་ཡིན། བདེ་བར་གཤེགས་པ་ནི་སུ་དག་ཡིན། འཛམ་བུའི་གྲི་བ་མ་ཅན་གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་དང༌། ཞེ་སྡང་གདུལ་བའི་ཕྱིར་དང༌། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་པ་འདི་ནི་འཇིག་རྟེན་ན་ཆོས་སྨྲ་བ་དག་ཅེས་བྱའོ། །གང་


DTG136_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག་འདོད་ཆགས་གདུལ་བའི་ཕྱིར་ཞུགས་པ་དང༌། ཞེ་སྡང་གདུལ་བའི་ཕྱིར་དང༌། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་འདི་ནི་ལེགས་པར་ཞུགས་པ་དག་ཅེས་བྱའོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་དང༌། ཡོངས་སུ་ཤེས་པ་དང༌། ཞེ་སྡང་དང་གཏི་མུག་མ་ལུས་པར་སྤངས་པ་དང༌། ཡོངས་སུ་ཤེས་པ་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱའོ་ཞེས་བྱ་བ་དང༌། དགེ་སློང་དག་འདི་ལྟར་ས་བོན་ཀྱང་ཡོད་ལ། མ་གྲུགས་པ་དང༌། མ་རུལ་བ་དང༌། རླུང་དང་ཉི་མས་མ་གདུངས་པ་དང༌། གསར་བ་དང༌། སྙིང་པོ་དང་ལྡན་པ་དང༌། ལེགས་པར་གནས་པ་ཡང་ཡིན་ལ། སའི་སྣག་དང་ཆུ་ཡང་ཡོད་ན་དེ་ལྟ་བུའི་ས་བོན་དེ་དག་ནི་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་འདི་ལྟར་ལས་ཀྱང་ཡོད། །ཉོན་མོངས་པ་རྣམས་དང༌། སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང༌། དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པ་གཅེས་པ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན། ཡང་སྲིད་པ་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན། ཚེ་ཕྱི་མ་ལ་སྐྱེ་བ་དང༌། རྒ་བ་དང༌། འཆི་བར་འགྱུར་བ་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱའོ་ཞེས་བྱ་བ་དང༌། དགེ་སློང་ངམ་དགེ་སློང་མ་གང་ལ་ལ་ཆུང་ཟད་ཆུང་ཟད་དང༌། ཡུད་ཙམ་ཡུད་ཙམ་དང༌། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད་པའི་དགེ་བའི་དགེ་སློང་ངམ། དགེ་སློང་མ་འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ། མི་གཏོང་བར་བསྒོམ་པ། ལྷག་མཐོང་དང་ལྡན་པ། ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ་དང༌། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་ལ་འབྲས་བུ་ཡོད་པར་ཟ་བ་ཞེས་བྱ་བ་དང༌།


DTG136_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་གཽ་ཏ་མ་གང་གིས་ན་ད་ལྟར་མི་རྣམས་སྟོབས་ཆུང་བ་དང༌། གནོད་པ་མང་བ་དང༌། མཐུ་ཆུང་བ་དང༌། ཚེ་ཐུང་བའི་རྒྱུ་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེད་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་དང༌། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང༌། ལོག་པའི་ཆོས་ཀྱིས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་དུས་སྔར་བྱ་བ་དེ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང༌། ཚུལ་ཁྲིམས་ཀྱི་གཏམ་དང༌། མཐོ་རིས་ཀྱི་གཏམ་དང༌། འདོད་པ་རྣམས་ལ་རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པ་དང༌། ཕན་ཡོན་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ། །གང་གི་ཚེ་དེ་སེམས་རངས་པ་དང༌། སེམས་ཉམས་བདེ་བ་དང༌། སེམས་དགའ་བ་དང༌། སེམས་སྒྲིབ་པ་མེད་པ་དང༌། ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ལ་ཀུན་ཤེས་པར་བྱ་བར་སྐལ་བ་དང་ལྡན་པ་དང༌། ནུས་པ་ཀུན་ཏུ་མཁྱེན་པར་འགྱུར་བ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་གཟུགས་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ། །གང་བདག་མེད་པ་དེ་ཐམས་ཅད་ནི་བདག་མ་ཡིན། དེ་ནི་ང་བདག་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །གཟུགས་ལ་ཇི་ལྟབ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་ཡང་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་


DTG136_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་དང༌། སེམས་ཞེས་བྱ་བ་འམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ཡང་རུང་སྟེ། གང་འདི་སྐད་ཅེས་བྱ་བ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་དོར་བྱས་ཤིང་སྦས་ལ། བདག་གིས་བྱས་པ་དང༌། འདི་ནི་བདག་གི་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ་ཞེས་ཁས་བླངས་ལ་བཟུང་བ་ཡིན་ནོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱིས་དཔེར་ན་གྲོང་ངམ་གྲོང་རྡལ་དང་ཧ་ཅང་མི་རིང་བ་ཞིག་ན། མདག་མ་མེ་ལྕེ་མེད་པ་དུ་བ་མེད་པའི་མདག་མས་གང་བའི་ཀླུང་ཞིག་ཡོད་ལ། དེ་ནས་མི་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་ཀྱི་རང་བཞིན་ཅན། བདེ་བ་འདོད་པ། སྡུག་བསྔལ་ལ་མི་དགའ་བ། གསོན་པར་འདོད་པ། འཆི་བར་མི་འདོད་པ། འཆི་བ་ལ་མི་དགའ་བ་ཞིག་འོངས་པ་དང༌། དེ་འདི་སྙམ་དུ་མདག་མ་མེ་ལྕེ་མེད་པ་དུ་བ་མེད་པའི་མདག་མེས་གང་བའི་ཀླུང་འདིར་བདག་ལྷུང་ན་བདག་འཆི་བའམ། འཆི་བ་ལ་ཐུག་བ་ཙམ་གྱིས་སྡུག་བསྔལ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་དེ་ལས་བསྲིང་བར་སེམས་དང༌། བསྲིང་བ་དོན་དུ་གཉེར་བར་བྱེད་ཅིང་བསྲིང་བ་ཡིད་ལ་བྱེད་དོ། །མདག་མེའི་ཀླུང་དང་འདྲ་བར་འདོད་པ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཞེས་བྱ་བ་དང༌། དགེ་སློང་དག་དགེ་སློང་ཚེས་ཤེས་པའང་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པའི་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་པའི་ཆོས་ཀྱི་སྡེ་དང༌། གཏན་ལ་དབབ་པར་


DTG136_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྡེའོ་ཞེས་བྱ་བའོ། །རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང༌། སརྦ་ཛྙཱ་དེ་ཝ་དང༌། ལོ་ཙཱ་བ་བན་དེ་རྩངས་དེ་བནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་མཉྫུ་ཤྲཱི་ཝརྨས་ཞུས་ཏེ་གཏན་ལ་ཕབ་བ།།

རྣམ་པར་བཤད་པའི་རིགས་པ།
དབྱིག་གཉེན།


DTG136_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀྟི། བོད་སྐད་དུ། རྣམ་པར་བཤད་པའི་རིགས་པ། བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བློ་ལྡན་རྣམས་ཀྱི་སྤྱི་ལ་བཞུགས། །གཏི་མུག་གཉིད་གཉིས་ཟད་ཕྱིར་དང༌། །བློ་རྒྱས་ཕྱིར་ན་སངས་རྒྱས་པ། །ཐུབ་ལ་སྤྱི་བོས་ཕྱག་འཚལ་ཏེ། །གང་དག་བདག་པས་བློ་ཆུང་བ། །མདོ་རྣམས་འཆད་འདོད་དེ་དག་ལ། །དེ་ལ་ཕན་པར་བྱ་བའི་ཕྱིར། །མན་ངག་ཅུང་ཟད་བསྟན་པར་བྱ། མདོ་རྣམ་པར་འཆད་པར་འདོད་པས་ཐོག་མཁོ་ནར་ཐོས་པ་མང་བ་དང༌། ཐོས་པའི་གཞི་ཅན་དང༌། ཐོས་པ་བསགས་པར་བྱའོ། །ཇི་ལྟར་ན་ཐོས་པ་མང་བ་དང༌། ཐོས་པའི་གཞི་ཅན་དང༌། ཐོས་པ་བསགས་པ་ཡིན་ཞེ་ན། ཆོས་གང་དག་ཐོག་མར་དགེ་བ་ཞེས་བྱ་བ་མདོ་ལས་རྒྱ་ཆེར་ཇི་སྐད་བསྟན་པ་ལྟ་བུའོ། །དེ་ལ་ཆོས་ནི་མདོ་ལ་སོགས་པ་སྟེ། རིགས་པ་སྟོན་པའི་དོན་དང༌། དོན་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པའི་དོན་གྱིས་སོ། །ཚངས་པར་སྤྱོད་པ་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཆོག་ཏུ་གཙོ་བོ་ཡིན་པའི་དོན་གྱིས་ཚངས་པ་ཡིན་ཏེ། ཞི་བ་དང་བསིལ་བར་གྱུར་པ་དང་ཚངས་པར་གྱུར་པ་ཞེས་གསུངས་པའི་ཕྱིར་རོ། །དེར་གང་གིས་སྤྱོད་པར་བྱེད་པ་དང༌། འགྲོ་བར་བྱེད་པ་དང༌། ཐོབ་པར་བྱེད་པ་དེ་ནི་ཚངས་པར་སྤྱོད་པ་ཡིན་ཏེ། འདིས་མྱོས་པར་འགྱུར་བས་ཆང་ཞེས་བྱ་བ་བཞིན་ནོ། །དེའི་ཐོག་མ་དང་བར་དང་ཐམ་དག་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕུང་པོ་དག་ཡིན་ཏེ། འདི་ལྟར་འོད་སྲུང་བའི་སྡེ་བ་དག་གི་མདོ་ལས། དགེ་སློང་དག་ཁྱེད་ལ་ངས་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་དག་བསྟན་པ་ཡིན་ཏེ་ཚངས་


DTG136_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པའི་ཐོག་མ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་ཞེས་རྒྱ་ཆེ་ར་འབྱུང་བ་དང༌། ཚངས་པར་སྤྱོད་པའི་བར་གང་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས་རྒྱས་པར་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ཡིན་ནོ་ཞེས་འབྱུང་བ་དང༌། ཚངས་པར་སྤྱོད་པའི་ཐ་མ་གང་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་ལོ་སྙམ་དུ་ཡེ་ཤེས་མཐོང་བ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་ཡིན་ནོ། །དགེ་བ་ཡང་ཡོངས་སུ་ཉམས་པ་མེད་པས་མི་སླུ་བའི་ཕྱིར་རོ། །དོན་བཟང་པོ་ཚིག་འབྲུ་བཟང་པོ་ནི་གོ་རིམས་བཞིན་དུ་ཕྱིན་ཅི་མ་ལོག་པ་དང་གོ་བར་བྱེད་པ་གཉིས་ཀྱིས་བརྗོད་པར་བྱ་བ་དང༌། རྗོད་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །མ་འདྲེས་པ་ལ་སོགས་པ་ནི་ཐུན་མོང་པ་མ་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་དང༌། ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །གཞན་ཡང་ཐོག་མ་དང་བར་དང༌། ཐ་མར་དགེ་བ་ནི་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་དང༌། མ་འདྲེས་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱི་རོལ་བའི་ཆོས་ཀྱི་གཉེན་པོར་འདི་པའི་ཆོས་རྣམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ། ཕྱི་རོལ་བ་དག་གི་ཆོས་རྣམས་ནི་ཐོག་མ་དང་བར་དང་ཐ་མ་དག་ཏུ་ཚངས་པར་སྤྱོད་པ་རབ་ཏུ་མི་སྟོན་ཏེ། སྔ་ཕྱི་འགལ་བའི་ཕྱིར་རོ། །དགེ་བ་ཡང་མ་ཡིན་ཏེ། དོན་དང་ཚིག་འབྲུ་སྐྱོན་དང་ལྡན་པའི་ཕྱིར་རོ། མ་འདྲེས་པ་ཡང་མ་ཡིན་ཏེ། གཞན་དང་ཐུན་མོང་ཡིན་པའི་ཕྱིར་རོ། །ཡོང་སུ་རྫོགས་པ་ཡང་མ་ཡིན་ཏེ། ཉི་ཚེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཡོངས་སུ་དག་པ་ཡང་མ་ཡིན་ཏེ། རང་གིས་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ཡང་མ་ཡིན་ཏེ། ས་གཞན་པའི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པའི་ཕྱིར་རོ། །འདི་པའི་ཆོས་རྣམས་ནི་དེ་ལས་བཟློག་པ་ཡིན་ནོ། །ཁ་ཅིག་ནི་དོན་དང་ལྡན་པ་དང༌།


DTG136_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འབྲུ་དང་ལྡན་བ་ཞེས་འདོན་ཏེ། དེ་ལས་ནི་དོན་དང་བཅས་པ་དང༌། ཚིག་འབྲུ་དང་བཅས་པ་དགེ་བ་ཡིན་པར་སྟོན་ཏོ། །མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་ཡིན་ཏ། འདི་དག་གིས་ནི་བཤད་པའི་ཆོས་བསྟན་པ་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་ཆོས་རྣམས་ནི་ངག་གི་རང་བཞིན་མ་ཡིན་པའི་ཕྱིར་རང་གིས་དོན་གོ་བར་མི་ནུས་ཀྱིས་བརྒྱུད་པས་གོ་བར་བྱེད་དོ། །གཞན་ཡང་གང་དག་དེའི་རང་བཞིན་ཡིན་པའི་ཕྱིར་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་གྱི་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་མངོན་པར་བརྗོད་པས་ནི་མ་ཡིན་ཏེ། ཧ་ཅང་ཡང་ཐལ་བར་གྱུར་ན་ནི་མི་རུང་བའི་ཕྱིར་རོ། །གང་དག་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་དེ་སྐད་དུ་འདོན་པ་དེའི་དོན་ནི་ཚིག་གི་དོན་གྲགས་པས་བདག་ཉིད་བརྗོད་པ་ན་ཡིན་གྱི། ཡི་གེ་བསྒྱུར་ཏེ། རྣམ་པར་བཤད་པས་མངོན་པར་བརྗོད་པ་ན་ནམ་ཡིན་ཏེ། ཇི་ལྟར་བདུད་ཀྱིས་སྨྲས་པའི་ཚིགས་སུ་བཅད་པ་ལས། མི་རྣམས་ཚེ་ནི་རིང་བ་སྟེ། །སྐྱེས་བུ་དམ་པ་སླུ་མི་བྱེད། །འདིར་ནི་འཆི་བདག་འོང་བ་མེད། །འཕྱར་བ་དང་ནི་བག་མེད་སྤྱོད། །ཅེས་བྱ་བ། མི་རྣམས་ཚེ་ནི་མི་རིང་བས། །སྐྱེས་བུ་དམ་པ་རྣམས་ལ་བསླུ། །འདིར་ནི་འཆི་བདག་འོད་ཡོད་པས། །འཕྱིར་དང་བག་མེད་སྤྱད་མི་བྱ། །ཞེས་ཡི་གེ་རྣམས་བསྒྱུར་ནས་རྣམ་པ་གཞན་དུ་རྣམ་པར་བཤད་པར་ནུས་པ་ལྟ་བུའོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་ཚངས་པར་སྤྱོད་པ་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པར་བརྗོད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ནས། མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་བར་ནི་ཉན་པ་དང༌། འཛིན་པ་དང༌། འཇུག་པར་བྱེད་པ་དང༌། དོན་སེམས་པ་དང༌། དེ་དམིགས་ཀྱིས་ཕྱེད་པའི་སྒོ་ནས་ཏེ་གོ་རིམས་བཞིན་ནོ། །དེ་ལ་གཉིས་ཀྱིས་ནི་མང་དུ་ཐོས་པ་དང་ཐོས་པའི་གཞི་ཅན་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ཐོས་པ་བསགས་པ་ཡིན་ཏེ། བསྟན་པར་བྱེད་པའི་ཕྱིར་རོ། །ལུང་ལས་ནི་བསྟན་པར་འཛིན་པ་དང༌། ཀློག་པ་དང༌།


DTG136_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་དང༌། སེམས་དང་བ་དང་ལྡན་པ་དང༌། གཙུག་ལ་གཉིད་དུ་དམིགས་ཀྱིས་ཕྱེད་པའི་སྒོ་ནས་ཐོབ་པ་ནས་མཐོང་བས་ཤིན་ཏུ་རྟོགས་པའི་བར་ཡིན་ནོ་ཞེས་འབྱུང་ངོ༌། །བཤད་པ་འདི་ནི་གང་ལས་ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་པ་ཡིན་པ་དེ་ཡོངས་སུ་སྟོན་པ་ཡིན་པར་རིགས་པར་བྱའོ། །དེ་ལྟ་བུར་གྱུར་པ་དེས་ཇི་ལྟར་མདོ་སྡེ་རྣམ་པར་བཤད་པར་བྱ་ཞེ་ན། རྣམ་པ་ལྔ་དག་གིས་ཏེ། མདོ་སྡེའི་དགོས་པ་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང༌། བརྒལ་བ་དང༌། ལན་གཉིས་བརྗོད་པར་བྱའོ། །འདིར་སྨྲས་པ། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི་བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ། ཅིའི་ཕྱིར་འདི་དག་བརྗོད་པར་བྱ་ཞེ་ན། མདོ་སྡེའི་དོན་གྱི་ཆེ་བ་ཉིད་ཐོས་ན་ཉན་པ་དང་འཛིན་པ་ལ་འབད་པར་བྱེད་པས་དགོས་པ་བརྗོད་པར་བྱའོ། །དགོས་པ་དེའང་མདོ་སྡེའི་བསྡུས་པའི་དོན་ལས་རྟོགས་པར་འགྱུར་རོ། །བསྡུས་པའི་དོན་ཡང་ཚིག་གི་དོན་ལས་སོ། །ཚིག་གི་དོན་གྱི་གོ་རིམས་མི་འགལ་བ་ནི་མཚམས་སྤྱར་བ་ལས་སོ། །རིགས་པ་དང་མི་འགལ་བ་དང༌། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལན་ལས་ཡིན་པས་ན་བསྡུས་པའི་དོན་ལ་སོགས་པ་ཡང་བརྗོད་པར་བྱའོ། །འདིར་སྨྲས་པ། མདོ་དོན་ཆེ་བ་ཉིད་ཐོས་ན། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ཡི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམས་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །གཞན་ཡང་དགོས་པ་བརྗོད་པ་ལས་ནི་མདོ་སྡེའི་འབྲས་བུ་ཕུན་སུམ་སོགས་པ་ཤེས་པར་འགྱུར་ཞིང༌། བསྡུས་པའི་དོན་བརྗོད་པ་ལས་ནི་དོན་གྱི་དབང་དུ་བྱས་པ་ཡིན་ལ། ཚིག་གི་དོན་བརྗོད་པ་ལས་ནི་བསྡུས་པའི་དོན་དང༌། ཆོས་ཀྱི་མཚན་ཉིད་དང༌། དགོངས་པའི་མཚན་ཡིན་ལ། མཚམས་སྦྱར་བ་བརྗོད་པ་


DTG136_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ཚིག་རྣམས་ཀྱི་གོ་རིམས་འབྲེལ་པའོ། །བརྒལ་བ་དང་ལན་བརྗོད་པ་ལས་ནི་རིགས་པ་དང་སྔ་ཕྱི་མི་འགལ་བའོ། །འདིར་སྨྲས་པ། ལྔ་པོ་བསྟན་པ་བྱས་པ་ལས། །འབྲས་བུ་ཕུན་སུམ་དབང་བྱས་དང༌། །དེ་བཞིན་བསྡུས་དོན་ལ་སོགས་གསུམ། །འབྲེལ་དང་མི་འགལ་ཤེས་པར་འགྱུར། །དེ་ལ་ཆོས་ཀྱི་མཚན་ཉིད་ནི་ཇི་ལྟར་གཟུགས་ནི་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །ཚིག་འདིས་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་བསྟན་པ་ན་དགོས་པའི་མཚན་ཉིད་ནི་ཇི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལྟ་བུ་སྟེ། ཟག་པ་དང་བཅས་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་པ་ཡིན་ནོ། །དེ་བཞིན་དུ་རྙེད་པ་དང་བཀུར་སྟི་ནི་པགས་པ་ནས་རྐང་གི་བར་དུ་འཆད་དོ་ཞེས་བྱ་བ་ལྟ་བུ་ནི་འདིར་དབང་པོ་ལྔ་པོ་དག་ཏུ་དགོངས་པ་སྟེ། དད་པ་ལ་སོགས་པ་ནི་པགས་པ་ལ་སོགས་པ་བཞིན་དུ་འོག་མ་འོག་མ་ནང་དུ་གྱུར་པའི་ཕྱིར་དང༌། གཅེས་རིམ་ཡིན་པའི་ཕྱིར་རོ། །ལུང་ལས་ཀྱང་དད་པ་ཙམ་ནི་པགས་པ་ལྟ་བུ་ཡིན་ཏེ། སྲབ་པའི་ཕྱིར་རོ། །བརྩོན་འགྲུས་ནི་ཤ་ལྟ་བུ་ཡིན་ཏེ། རྟག་ཏུ་རྩོམ་པས་སྡུག་པའི་ཕྱིར་རོ། །དྲན་པ་ནི་རྒྱུས་པ་ལྟ་བུ་ཡིན་ཏེ། ཐོས་པ་དང་བསམ་པའི་དོན་འབྲེལ་བར་བྱེད་པའི་ཕྱིར་རོ། །ཏིང་དེ་འཛིན་ནི་རུས་པ་ལྟ་བུ་ཡིན་ཏེ། རྟོག་པ་ངན་པས་ཕྱེད་པར་དཀའ་བའི་ཕྱིར་རོ། །ཤེས་རབ་ནི་རྐང་ལྟ་བུ་ཡིན་ཏེ། མཉམ་པར་གཞག་པའི་སེམས་ལ་གནས་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །དེ་ལ་མདོ་སྡེའི་དགོས་པ་ནི་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཀུན་ཏུ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པ་དང༌། བག་མེད་པ་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པ་དང༌། ཀུན་ཏུ་ཞུམ་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་དགའ་བར་བྱ་སྟེ། ཇི་ལྟར་རིགས་པར་ཁ་ཅིག་ཏུ་ནི་གཅིག་ཡིན་པ་ནས་ཁ་ཅིག་ཏུ་ནི་བཞི་ཡིན་པའི་བར་དུ་སྦྱར་བར་བྱའོ། །དེའི་ཕྱིར་དེ་དང་དེ་ལས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་དགའ་བར་མཛད་ཅེས་བྱ་བ་སྨོས་སོ། །གང་ཟག་ཁ་ཅིག་གཅིག་པུ་ཡིན་ཡང་དོན་ཁ་ཅིག་ལ་ཀུན་


DTG136_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྨོངས་ལ། ཁ་ཅིག་ལ་ཞེས་བྱ་བ་ནས་ཡང་དག་པར་ཞུགས་པའི་བར་དུ་ཡིན་པས་གཅིག་ལ་ཡང་བཞི་འཐད་དོ། །དེ་ལ་ཀུན་ཏུ་རྨོངས་པ་རྣམས་ནི་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པར་ཤེས་པ་དང་ལྡན་པའི་ཕྱིར་རོ། །བག་མེད་པ་རྣམས་ནི་ལེ་ལོ་དང་འདུན་པ་མེད་པ་དང་གཡོན་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །ཀུན་ཏུ་ཞུམ་པ་རྣམས་ནི་དམན་པ་ལ་མོས་པ་དང་བདག་ཉིད་མི་ནུས་པར་སེམས་པ་དང་འགྱོད་པ་དང་བྱ་བ་མང་པོས་འཇིགས་པ་དང་ལྡན་པའི་ཕྱིར་རོ། །ཡང་དག་པར་ཞུགས་པ་རྣམས་ནི་ཕྱིན་ཅི་མ་ལོག་པ་དང་མཉམ་པ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་བསྒྲུབ་པ་དང་ལྡན་པའི་ཕྱིར་རོ། །ནག་པོའི་ཕྱོགས་ལས་འདུན་པ་བཟློག་པ་ཡང་དགོས་པ་ཡིན་ནོ། །ཡང་ན་དེ་ཡང་ཡང་དག་བར་ལན་དུ་འཇུག་པ་ཉིད་ཡིན་ཏེ། དེ་བཟློག་པ་ལ་འཛུད་པའི་ཕྱིར་རོ། །ཡང་དག་པར་བསྟན་པ་ལ་སོགས་པ་དེ་དག་ཀྱང་ཡོན་ཏན་གྱི་ཁྱད་པར་གྱི་དོན་ནམ། ཡོངས་སུ་སྤོང་བར་བྱེད་པའི་དོན་ནམ། རྟེན་པར་བྱེད་པའི་དོན་ནམ། སྐྱོ་བའི་དོན་ནམ། དད་པའི་དོན་ནམ། དེ་ལྟ་བུ་ལ་སོགས་པ་ཡིན་པར་ཅི་རིགས་པར་བྱའོ། །མདོ་ལས་མ་དད་པ་གཉིས་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག །འདུལ་བར་བྱེད། འཛུད་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་འབྱུང་བ་གང་ཡིན་པ་དེ་ཅི་དོན་གཅིག་པ་ཞིག་ཡིན་ནམ་འོན་ཏེ་དོན་ཐ་དད་པ་ཡིན། དེ་ལས་ཅིར་འགྱུར་གལ་ཏེ་དོན་གཅིག་པ་ཞིག་ཡིན་ན་ནི་དོན་ཟློས་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །འོན་ཏེ་དོན་ཐ་དད་པ་ཞིག་ཡིན་ན་ནི་ཇི་ལྟར་ན་ཡང་དག་པར་བསྟན་པ་ལ་སོགས་པ་ཁོ་ན་མདོ་སྡེའི་དགོས་པ་དག་ཏུ་འགྱུར་ཞེ་ན། རེ་ཞིག་དོན་གཅིག་པ་ཞིག་ཡིན་ཏེ་མདོ་དོན་ཟློས་ན་སྐྱོན་ཅིར་འགྱུར། དེ་ནི་དོན་མེད་པར་འགྱུར་ཏེ། ཚིག་འཇུག་པ་དོན་མེད་པ་ཡིན་ན་ནི་ཅིའི་ཕྱིར་བཟློག་པར་འགྱུར་ལ། ཅིའི་ཕྱིར་རྣམ་གྲངས་རྣམས་ཀྱིས་བསྟན་གྱི། དེ་ཉིད་ཀྱིས་མ་ཡིན་ཞེ་ན། གལ་ཏེ་སངས་རྒྱས་རྣམས་ཀྱིས་རྣམ་གྲངས་གསུངས་པ་དགོས་པ་མེད་པ་ཞིག་ཡིན་ན་ནི་སྐྱོན་དེར་འགྱུར་རོ། །འདིར་དགོས་པ་གང་ཡིན་ཞེ་ན། དགོས་པ་དག་ནི་བརྒྱད་དེ་རྣམ་གྲངས་གསུངས་པ་ནི་འདུལ་བ་ཐ་དད་པའི་ཕྱིར་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ཁ་ཅིག་ལ་ལ་ལས་ཁོང་དུ་ཆུད་


DTG136_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་དང༌། དེའི་ཚེ་རྣམ་པར་གཡེངས་པ་རྣམས་ལ་བརྗོད་པ་དེ་ཉིད་ཀྱི་ནི་གཞན་དག་གིས་སྨད་པར་འགྱུར་བས་རྣམ་གྲངས་ཀྱིས་དེའི་དོན་བསྟན་པར་བྱ་བའི་ཕྱིར་དང༌། ཡིད་མི་གཞུངས་པ་རྣམས་ལ་ཡང་དང་ཡང་དུ་དེའི་དོན་ཡང་དག་པར་མཚོན་པས་མི་བརྗེད་པར་བྱ་བའི་ཕྱིར་དང༌། ཚིག་གཅིག་ལ་དོན་དུ་མ་བྱུང་བས་དོན་གཞན་དུ་རྟོག་པ་བསལ་བའི་ཕྱིར་དང༌། གཞན་དུ་མིང་དེ་རྣམས་ཀྱིས་དེའི་དོན་ཡང་དག་པར་བསྒྲུབ་པའི་ཕྱིར་སྒྲ་ངེས་པར་སྦྱོར་བ་ལྟ་བུ་དང༌། ཆོས་སྒྲོགས་པ་རྣམས་དོན་གྱི་བཤད་སྦྱར་དང་གོ་བར་བྱེད་པ་གཉིས་ལ་ཐབས་མཁས་པ་ཉིད་དུ་བསྒྲུབ་པའི་ཕྱིར་དང༌། ཉིད་ལ་ཆོས་སོ་སོར་ཡང་དག་པར་རིག་པ་མངའ་བར་བསྟན་པའི་ཕྱིར་དང༌། གཞན་དག་ལ་དེའི་ས་བོན་བསྐྱེད་པའི་ཕྱིར་ཏེ། རྣམ་པར་བཤད་པ་བྱེད་པ་ཐམས་ཅད་ཀྱང་རྣམ་གྲངས་བཤད་པ་དག་གིས་སློབ་མ་རྣམས་ལ་གོ་བར་བྱེད་པས་ན་དེ་ལྟ་བུའི་རང་བཞིན་ཅན་ལ་ཟློས་པའི་སྐྱོན་དུ་མི་འགྱུར་རོ། །ཡང་ན་དོན་ཐ་དད་པ་ཡིན་དུ་ཆུག་སྟེ། འདི་ལྟར་བྱོས་ཤིག་ཅེས་བྱ་བ་ནི་ཡང་དག་བར་ལེན་དུ་འཇུག་པའོ། །འདུལ་བར་བྱེད་པ་ནི་གུས་པར་བྱེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །འཛུད་པར་བྱེད་པ་ནི་སྒྲུབ་པ་ལ་འཇོག་པར་བྱེད་པའི་ཕྱིར་རོ། །རབ་ཏུ་འཇོག་པར་བྱེད་པ་ནི་མི་འཕྲོགས་པ་ཉིད་ཀྱིས་རྣམ་པར་མི་གཡོ་བར་བྱ་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་འདུལ་བར་བྱེད་པ་ནི་བགེགས་སེལ་བའི་ཕྱིར་རོ། །ཇི་ལྟར་ན་མདོ་སྡེ་ལས་དགོས་པ་མང་པོ་མི་འབྱུང་ཞེ་ན། མི་འབྱུང་སྟེ། འདུལ་བར་བྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་ཉེ་བར་འདུན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོ་ན་རྣམ་གྲངས་ཀྱིས་ཉེ་བར་འདུན་པར་བྱེད་པའམ། འདུན་པར་ཟློག་པར་བྱེད་པ་འདི་ལྟ་སྟེ། སྦྱོར་བར་བྱ་བ་ནི་རིགས་སོ། །བག་ཡོད་པར་བྱ་བ་ནི་རིགས་སོ། །སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བ་དང༌། ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང༌། འདུ་འཛི་ལ་དགའ་བ་དང༌། འདུ་འཛི་ལ་ཀུན་དགའ་བའི་སྦྱོར་བ་ལ་མངོན་པར་བརྩོན་ཞིང་གནས་པ་ནི་ལེགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་ཇི་ལྟ་བུ་ཞེ་ན། དེ་དག་ཀྱང་འདུལ་བ་


DTG136_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བག་མེད་པའི་རང་བཞིན་ཅན་གྱི་དབང་དུ་མཛད་ནས་ནི་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ། །ཀུན་ཏུ་རྨོངས་པའི་དབང་དུ་མཛད་ནས་ནི་ཡང་དག་པར་བསྟན་པ་ཡིན་ཏེ། རིགས་པ་དང་རིགས་པ་མ་ཡིན་པ་ཉིད་གཉིས་ཡང་དག་པར་སྟོན་པའི་ཕྱིར་རོ། །དེ་ལ་མདོ་སྡེའི་དུམ་བུ་དང་པོ་འདི་ནི་གང་ལ་བརྟེན་ནས་གང་བྱ་བ་དེ་ལ་ཉེ་བར་འདུན་པར་བྱེད་པ་ཡིན་ཏེ། ཅི་ལ་བརྟེན་ནས་ཤེ་ན། བརྩོན་འགྲུས་བརྩམས་པ་ལའོ། །ཅི་ཞིག་བྱ་ཞེ་ན། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོའི་ཕྱོགས་བསྟེན་པར་བྱའོ། །གཞན་ཡང་འདུལ་བ་ལེ་ལོ་ཅན་གྱི་དབང་དང༌། རྙེད་པ་དང་བཀུར་སྟིའི་དོན་དུ་ཐོས་པ་དང༌། བསམ་པ་ལ་བརྩོན་པ་དང༌། ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པའི་རང་བཞིན་ཅན་ལས་བརྩམས་ནས་ཉེ་བར་འདུན་པར་བྱེད་པ་འདི་ཡིན་པར་རིག་པར་བྱའོ། །གཞན་ཡང་ཏིང་ངེ་འཛིན་དང་དེ་ལ་རོ་མྱང་བ་མེད་པ་དང་དེ་ཙམ་གྱིས་ཆོག་མི་ཤེས་པར་ཉེ་བར་འདུན་པར་བྱེད་པ་ཡིན་ནོ། །ལུང་ལས་ནི་གོ་རིམས་བཞིན་དུ་བསླབ་པ་གསུམ་ལ་བརྩམས་ནས་ཞེས་འབྱུང་ངོ༌། །ཨ་ལམ་ཞེས་བྱ་བའི་སྒྲ་འདི་ནི་ནུས་པ་ལ་ཡང་མཐོང་སྟེ། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན་མཐོང་བར་ནུས་པ་མ་ཡིན་ཞེས་བྱ་བ་སྟེ། མི་ཕོད་ཅིང་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །བཟློག་པའི་དོན་ལ་ཡང་མཐོང་སྟེ། རྒྱལ་པོ་ཆེན་པོ་རེ་ཞིག་བདག་ལ་བྱས་པ་ནི་ཞེས་བྱ་བ་ནས་སེམས་རབ་ཏུ་དང་བས་ནི་ཆོག་གོ །འདུ་བྱེད་ཐམས་ཅད་ཀྱིས་ནི་ཆོག་གོ་ཞེས་བྱའོ། །རྒྱན་གྱི་དོན་ལ་ཡང་མཐོང་སྟེ། རུལ་བའི་ལུས་ནི་མངོན་པར་བརྒྱན་བྱས་ཤིང༌། །མིག་སྨན་བསྐུས་པ་ཇི་ལྟར་གསར་བྲིས་བཞིན། །ཞེས་བྱ་བའོ། །རིགས་པའི་དོན་ལ་ཡང་མཐོང་སྟེ། དམག་ལྡན་པ་ཁྱོད་སོམ་ཉི་ཟ་བ་ནི་རིགས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་སྟེ། ཐེ་ཚོམ་ཟ་བར་བྱ་བའི་གནས་ལ་ཐེ་ཚོམ་སྐྱེས་པ་ཡིན་པས་སོ། །སྐྱོ་བར་རིགས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བར་རིགས་པ་ཡིན་ནོ། །རྣམ་པར་གྲོལ་བར་བྱ་བ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་རུང་བ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཡང་སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་ནི་རུང་བའི་དོན་དུ་བལྟ་


DTG136_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་ད་ལྟར་བྱུང་བ་དང༌། འདས་པ་དང་མ་འོངས་པའི་འདུ་འཛི་ལས་བརྩམས་ནས་ཚིག་གསུམ་པོ་དག་རིག་པར་བྱ་སྟེ། དེ་ལ་དགའ་བ་དང་རོ་མྱོང་བར་བྱེད་པ་དང་མངོན་པར་དགའ་བའི་ཕྱིར་རོ། །སྤང་བ་ལ་ཀུན་དགའ་བ་ཞེས་བྱ་བ་དེ་ལ་ཡང་དེ་བཞིན་ནོ། །དགོས་པ་བཤད་ཟིན་ཏོ། །བསྡུས་པའི་དོན་ནི་མདོ་སྡེའི་ལུས་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་གཟུགས་ཡོད་པ་འདི་ལ་ཞེས་བྱ་བ་ལ་སོགས་པའི་མདོ་སྡེ་ལྟ་བུ་སྟེ། དེ་ལས་ནི་བསྡུ་ན་གང་ཞིག་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་པ་གང་ཡིན་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་གང་ཡིན་པ་དང༌། དེ་རྗོད་པར་བྱེད་པ་གང་ཡིན་པ་དེ་ལ་བསྟན་པ་ནི་བསྡུས་པའི་དོན་ཏོ། །ཅི་ཞིག་ཡོངས་སུ་ཤེས་པར་བྱ་ཞེ་ན། གཟུགས་ལ་སོགས་པ་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། མི་རྟག་པར་རོ། །ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པའི་ལྟ་བའོ། །ཡོངས་སུ་ཤེས་པའི་འབྲས་བུ་གང་ཞེ་ན། སྐྱོ་བ་ལ་སོགས་པའི་རིམ་གྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དོ། །དེ་རྗོད་པར་བྱེད་པ་གང་ཡིན་ཞེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཞན་ཡང་བསྡུས་པའི་དོན་ནི་བསྡུ་ན་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང༌། སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིན་པར་བསྟན་ཏོ། །དེ་ལྟ་བུའི་རང་བཞིན་ཅན་ནི་མདོ་སྡེ་རྣམས་ཀྱི་བསྡུས་པའི་དོན་དུ་རིག་པར་བྱའོ། །ཚིག་གི་དོན་ནི་རྗོད་པ་གང་གི་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ཡང་ཁ་ཅིག་ནི་གཅིག་ལ་དུ་མ་འབྱུང་བ་དང༌། ཁ་ཅིག་ནི་དུམ་ལ་གཅིག་འབྱུང་བ་སྟེ། རེ་ཞིག་ཅིག་ལ་དུ་མ་འབྱུང་བ་ནི་དཔེར་ན། མ་ཟླ་བའི་བུ་མོའི་བུའི་མདོ་ལས། དེའི་སེམས་དེ་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འབྱུང་བ་ལྟ་བུ་ནི་དེ་དག་དང་མི་ལྡན་པར་ཤེས་པར་བྱ་སྟེ། ཀུན་ཏུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་


DTG136_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པའི་ཕྱིར་དང༌། ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་གསུངས་པའི་ཕྱིར་ཏེ། ཡོངས་སུ་ཉམས་པ་མེད་པ་དང༌། ཕྱིར་ལྡོག་པ་མེད་པས་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ། །ཡན་ལག་ལྔ་པའི་ཕྱ་མཁན་གྱི་མདོ་ལས། དགེ་བའི་ཚུལ་ཁྲིམས་འདི་དག་ནི་སེམས་ཀྱིས་ཀུན་ནས་བསླང་བ་དག་སྟེ། སེམས་དེ་གང་ཞེ་ན། འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་ཤེས་པར་བྱའོ། །འདོད་ཆགས་ལ་སོགས་པ་དག་དང་མི་ལྡན་པ་ཡང་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་པའི་དབང་དུ་མཛད་པའི་ཕྱིར་རོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་བསྟན་པ་ལས། སེམས་འདོད་ཆགས་དང་བྲལ་ན་སེམས་འདོད་ཆགས་དང་བྲལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་མཚུངས་པར་ལྡན་པ་མ་ཡིན་པར་ཤེས་པར་བྱའོ། མི་ལྡན་པ་ཡང་མ་ཡིན་ལ། །གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་མི་ལྡན་པ་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་རྣམ་པར་གྲོལ་བ་ཉིད་དུ་འགྱུར་བས་སོ། །ཅིར་འགྱུར་ཞེ་ན། དེ་ལོགས་ཤིག་ཏུ་བསྟན་པར་མི་འགྱུར་ལ། མངོན་པར་ཤེས་པ་སྤྱི་བོ་དག་ལ་ཡང་འདོད་ཆགས་ལ་སོགས་པ་དང་བྲལ་བར་སྨོས་པར་མི་འགྱུར་ཏེ། རྣམ་པར་གྲོལ་བ་བཞིན་ནོ། །གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་དེ་དང་མི་ལྡན་པ་ཡིན་ན། འོ་ན་ནི་འདོད་ཆགས་ལ་སོགས་པ་དང་བཅས་པ་ཡང་དེ་དང་ལྡན་པ་ཡིན་གྱི་དེ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ཅིར་འགྱུར་ཞེ་ན། ཐ་དད་པ་སྨོས་པར་མི་འགྱུར་ཏེ། གཅིག་ལ་ཡང་གསུམ་ཆར་དང་ལྡན་པའི་ཕྱིར་རོ། །རྣམ་པར་མ་གྲོལ་བ་ཡང་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་མི་ལྡན་པ་ཡིན་ཡང་འདོད་ཆགས་དང་བཅས་པ་ལྡན་པ་ཙམ་ལ་མི་བརྗོད་པར་


DTG136_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་པ་ལ་བྱའོ་ཞེས་པ་ནི་གལ་ཏེ་ནག་པོའི་ཕྱོགས་དང་མཐུན་པ་དེ་དང་མཚུངས་པར་ལྡན་པ་ཡིན་ལ། དཀར་པོའི་ཕྱོགས་དང་མཐུན་པ་ནི་དེ་དང་མི་ལྡན་པ་ཡིན་ན་ཅིར་འགྱུར་ཞེ་ན། རྣམ་པར་གྲོལ་བ་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་ཞིང༌། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པའི་དགེ་བ་ཟག་པ་དང་བཅས་པ་དང༌། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ཡང་སྨོས་པར་མི་འགྱུར་རོ། །རེ་ཞིག་ཉོན་མོངས་པ་གཞན་དང་ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱང་ཇི་ལྟར་སྨོས་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་ཀྱི་དབང་དུ་བྱས་ནས་དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའི་རྩ་བ་གསུམ་པོ་དག་སྨོས་པའི་ཕྱིར། དེ་ལ་གནས་པའི་སེམས་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དེའི་ཕྱོགས་དང་མཐུན་པ་གཞན་རྣམས་ཀྱང་སྨོས་པ་ཁོ་ན་ཡིན་པས་དེ་དང་མཚུངས་པར་ལྡན་པའི་སེམས་མ་སྨོས་པ་མ་ཡིན་ནོ། །གལ་ཏེ་འོ་ན་འདོད་ཆགས་དང་མཚུངས་པར་ལྡན་པ་མ་ཡིན་པ་འདོད་ཆགས་དང་བྲལ་བ་ཡིན་ན། ཞེ་སྡང་དང་མཚུངས་པར་ལྡན་པ་ཡང་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། དེ་ལ་དེ་ལྟར་བཟུང་བ་གོ་བ་མ་ཡིན་ཏེ། དེ་ལ་ནི་ཞེ་སྡང་དང་བཅས་པ་ཉིད་དུ་བཟུང་སྟེ། ཇི་ལྟ་བུ་དང་མཚུངས་པར་ལྡན་པར་བཟུང་བའི་ཕྱིར་དེ་ཁོ་ན་བཞིན་དུ་བསྟན་ཏོ། །འདོད་ཆགས་ལ་སོགས་པ་དང་བྲལ་བ་ནི་ཐ་དད་པར་ཡང་བཟུང་སྟེ། གང་དང་མཚུངས་པར་ལྡན་པ་དེ་དང་བྲལ་བ་དང༌། གཞན་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ལས་སོ། །ཐ་དད་པ་མ་ཡིན་པར་ཡང་ཡིན་ཏེ། ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ལས་སོ། །གང་ཞིག་འདི་སྐད་དུ། གལ་ཏེ་འདོད་ཆགས་དང་ལྡན་པ་འདོད་ཆགས་དང་བཅས་པ་ཡིན་ན་དེ་ནི་ཕ་རོལ་གྱི་སེམས་ཤེས་པས་འཛིན་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ལྡན་པ་ནི་དེས་དམིགས་པའམ་དེའི་ཐོབ་པའི་སྒོ་ནས་ཡིན་གྲང་ན། དེ་གཉིས་ཀྱང་དེས་མི་འཛིན་ཏེ། ཕ་རོལ་གྱི་སེམས་ཤེས་


DTG136_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ལ་དམིགས་པ་ཅན་དང༌། སེམས་དང་མི་ལྡན་པ་ལ་དམིགས་པ་ཅན་དུ་གྱུར་ན་མི་རུང་བས་སོ་ཞེས་ཟེར་བ་དེ་ལ་འདི་སྐད་ཅེས་རེ་ཞིག་ཇི་ལྟར་ན་ཕ་རོལ་གྱི་སེམས་ཤེས་པས་སེམས་རྣམ་པར་གྲོལ་བ་འཛིན་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ཡང་ཇི་ལྟར་འཛིན་པར་འགྱུར་ཞེ་ན། འདི་ནི་བསམ་གྱིས་མི་ཁྱབ་པ་སེམས་པ་སྟེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། །འོན་ཀྱང་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པའི་སེམས་ཁྱད་པར་ཅན་ལ་འཛིན་ཏོ། །དེ་ལྟར་ན་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ནོ། །ཡང་དཔེར་བརྗོད་པར་བྱ་སྟེ། དཔེར་ན། གཟུགས་ཞེས་བྱ་བ་གཟུགས་ཕུང་དང༌། །ཁ་དོག་བསམ་གཏན་རྣམ་པར་འདྲེན། །གཟུགས་ཞེས་བྱ་བ་གཟུགས་ཀྱི་ཕུང་པོ་ལ་ནི་གཟུགས་ལ་བདག་ཏུ་རྗེས་སུ་ལྟ་ཞིང་རྣམ་པར་ཤེས་པའི་བར་དུ་ཞེས་འབྱུང་བ་ལྟ་བུའོ། །ཁ་དོག་ལ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་འབྱུང་བ་ལྟ་བུའོ། །བསམ་གཏན་རྣམས་ལ་ནི་གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་ཞེས་འབྱུང་བ་ལྟ་བུའོ། །རྣམ་པ་ལ་ནི་གཟུགས་རྣམས་ཀྱི་སྡུག་པའི་གཟུགས་དག་ལ་ཀུན་ཏུ་ཆགས་ཞེས་འབྱུང་བ་ལྟ་བུའོ། །མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །མཐའི་སྒྲ་ཟད་པ་ལ་ནི་སྡུག་བསྔལ་གྱི་མཐར་འབྱིན་ཞེས་འབྱུང་བ་ལྟ་བུའོ། །མཇུག་ལ་ནི། འཚོ་བའི་མཐའ་ནི་འཆི་བ་ཡིན་ཞེས་འབྱུང་བ་དང༌། འདིར་ནི་འགྲོ་བས་འཇིག་རྟེན་མཐར། །ནམ་ཡང་ཕྱིན་པར་མི་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་མཐའ་གསུམ་སྟེ། འཇིག་ཚོགས་ཀྱི་མཐའ་དང༌། འཇིག་ཚོགས་ཀུན་འབྱུང་བའི་མཐའ་དང༌། འཇིག་ཚོགས་འགོག་པའི་མཐའོ་ཞེས་འབྱུང་བ་ལྟ་བུའོ། །ཉེ་བ་ལ་ནི་ས་བླངས་ནས་ཆུའི་མཐར་འགྲོའོ་ཞེས་འབྱུང་བ་ལྟ་བུའོ། །ཕྱོགས་ལ་ནི་མཐའ་གང་དུ་ཕྱིན་ཞེས་འབྱུང་བ་དང༌། མཐའ་གཅིག་ཏུ་འདུག་གོ་ཞེས་འབྱུང་བ་ལྟ་བུའོ། །སྨད་པ་ལ་ནི་འདི་ནི་འཚོ་བ་རྣམས་ཀྱི་མཐའ་སྟེ།


DTG136_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། སློང་མོའི་ཞེས་བྱ་བ་ལྟ་བུ་སྟེ་ཐ་ཆད་དོ་ཞེས་བྱ་བར་མངོན་ནོ། །མཆོག་གི་སྒྲ་ནི་གཙོ་བོ་དང༌། །དང་པོ་རྩེ་མོ་མདུན་དོན་དང༌། །ཚིག་དང་མང་པོ་དག་དང་ནི། །དམིགས་པ་ལ་ཡང་ཡོད་པར་མཐོང༌། །གཙོ་བོ་ལ་ནི་སེམས་ཅན་གང་སུ་དག་ཡོད་པ་དེ་རྣམས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་ཡིན་པར་བཤད་ཅེས་འབྱུང་བ་ལྟ་བུའོ། །དང་པོ་ལ་ནི་སྟན་གྱི་ཐོག་མ་དང༌། ཆུའི་ཐོག་མ་དང༌། བསོད་སྙོམས་ཀྱི་ཐོག་མ་ཞེས་འབྱུང་བ་ལྟ་བུའོ། །རྩེ་མོ་ལ་ནི་སྐྲའི་རྩེ་མོས་སམ། རྩྭའི་མཆོག་མས་སམ་ཞེས་འབྱུང་བ་ལྟ་བུའོ། །མདུན་གྱི་དོན་ལ་ནི་མདུན་དུ་འགྲོའོ་ཞེས་འབྱུང་བ་ལྟ་བུའོ། །ཚིག་ལ་ནི་ཚིགས་ཀྱི་ས་བོན་ཞེས་འབྱུང་བ་ལྟ་བུའོ། །མང་པོ་ལ་ནི་ཁྲོམ་གྱི་རུ་ཞེས་འབྱུང་བ་ལྟ་བུའོ། །དམིགས་པ་ལ་ནི་སེམས་རྩེ་གཅིག་པ་ཉིད་དང༌། སེམས་མི་འབྲེལ་བ་ཞེས་འབྱུང་བ་ལྟ་བུའོ། །ཉེ་བར་སྒྱུར་བ་དང་བཅས་པ་དང་ཡིད་བདེ་བ་ལ་ཡང་མཐོང་སྟེ། མགུ་བ་ཉིད་དུ་གྱུར་ཡི་རངས་པ་ཉིད་དུ་གྱུར་ཞེས་འབྱུང་བ་ལྟ་བུའོ། །བློ་གཅིག་པ་ཉིད་ལ་ཡང་ཡོད་དེ། ཉན་ཐོས་ཀྱི་དགེ་འདུན་རྣམས་མཐུན་པ་རྣམས་ལ་ལྟོས་ཞེས་འབྱུང་བ་ལྟ་བུའོ། །མཐའ་དག་ཉིད་ལ་ཡང་ཡོད་དེ། རྐྱེན་རྣམས་ཚོགས་པ་ཞེས་འབྱུང་བ་ལྟ་བུའོ། །གཞོན་པ་ཉིད་ལ་ཡང་ཡོད་དེ། ལང་ཚོ་གཞོན་ནུ་དང་ལྡན་པ་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་ཞེས་བྱ་སེམས་ཅན་དང༌། །སྣོད་དང་སྡུག་བསྔལ་འགྲོ་འདོད་ལའོ། །སེམས་ཅན་དག་ལ་ནི་ཆོས་གསུམ་པོ་འདི་དག་ནི་འཇིག་རྟེན་གྱི་མི་འདོད་པ་དང༌། མི་སྡུག་པ་དང༌། མི་དགའ་བ་དང༌། ཡིད་དུ་མི་འོང་བའོ་ཞེས་འབྱུང་བ་ལྟ་བུའོ། །སྣོད་ལ་ནི་འཇིག་རྟེན་གྱི་བར་གྱི་འཇིག་རྟེན་དག་ཡོད་དོ་ཞེས་འབྱུང་བ་ལྟ་བུའོ། །སྡུག་བསྔལ་གྱི་བདེན་པ་ལ་ནི་འཇིག་རྟེན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ་ཞེས་འབྱུང་བ་ལྟ་བུའོ། །འགྲོ་བ་ལ་ནི་ལན་ཅིག་འཇིག་རྟེན་འདིར་འོངས་ན་སྡུག་བསྔལ་གྱི་མཐར་འབྱིན་ཏོ་ཞེས་འབྱུང་བ་ལྟ་བུའོ། །འདོད་པ་རྣམས་ལ་ནི་ཀུན་ཏུ་རྒྱུ་དག་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ནི་འཕགས་པའི་ཆོས་འདུལ་བ་ལ་ནི་འཇིག་རྟེན་ཞེས་བྱའོ་


DTG136_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟ་བུའོ། །ཟང་ཟིང་ཞེས་བྱ་རྙེད་པ་དང༌། །འདོད་ཡོན་གཟུགས་དང་ཟད་ལ་ཡོད། །རྙེད་པ་ལ་ནི་དགེ་སློང་དག་ང་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་གནས་བ་ཡིན་གྱི། ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །འདོད་པའི་ཡོན་ཏན་རྣམས་ལ་ནི་གང་ལ་སོ་སོའི་སྐྱེ་བོ་རྣམས་ཆགས་པ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་དྲག་པོ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །གཟུགས་ལ་ནི་ཟང་ཟིང་དང་བཅས་པའི་རྣམ་པར་ཐར་པ་གང་ཞེ་ན། གཟུགས་དང་ལྡན་པ་གང་ཡིན་པའོ་ཞེས་འབྱུང་བ་ལྟ་བུའོ། །ཟས་ལ་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་ན་ཟང་ཟིང་གི་སྒྲ་ནི་ཤ་ལ་ཡང་ཡོད་དོ། །ཤ་མེད་པའི་ཟས་དང་ཞེས་འབྱུང་བ་ལྟ་བུའོ། །འབྱུང་བ་ཞེས་བྱ་སྐྱེས་བདེན་དང༌། །ས་ཁམས་སོགས་དང་འདུས་བྱས་དང༌། །ཡོད་དང་སེམས་ཅན་རྣམས་དང་ནི། །མི་མ་ཡིན་པ་རྣམས་ལ་ཡོད། །སྐྱེས་པ་ལ་ནི་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། སྐྱེས་པ་རྣམས་ཞེས་བྱ་བར་ཤེས་སོ། །བདེན་པ་ལ་ནི་དེ་ཡང་དུས་བཞིན་དུ་སྨྲ་བ་དང༌། ཡང་དག་པར་སྨྲ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ། །སའི་ཁམས་ལ་སོགས་པ་ལ་ནི་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང་བ་ལྟ་བུའོ། །འདུས་བྱས་ལ་ནི་དགེ་སློང་བྱུང་བ་ལ་སྐྱོ་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཡོད་པ་ལ་ནི་བདག་ཉིད་ལ་ཇི་ལྟར་ཡོད་པ་བཞིན་དུ་སྨྲ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ། །སེམས་ཅན་རྣམས་ལ་ནི་འབྱུང་པོ་ཐམས་ཅད་ལ་དབྱུག་པ་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །མི་མ་ཡིན་པ་རྣམས་ལ་ནི། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཅིང༌། །སའམ་འོན་ཏེ་བར་སྣང་འཁོད་པ་དག །ཅེས་འབྱུང་བ་དང༌། འབྱུང་པོས་ཟིན་པ་དང༌། འབྱུང་པོའི་སྨན་པ་ཞེས་འབྱུང་བ་ལྟ་བུའོ། །པ་ད་ཞེས་བྱ་མྱ་ངན་འདས། །རྐང་པ་ཆ་དང་ཡུད་ཙམ་དང༌། །བཞི་དང་བདེན་གཉིས་རྐང་པའི་ཕྱོགས། །རྗེས་དང་ཚིག་ལ་ཡོད་པ་ཡིན། །མྱ་ངན་ལས་འདས་པ་ལ་ནི་ཞི་བའི་གོ་འཕང་བླ་ན་མེད་པ་ཞེས་འབྱུང་བ་ལྟ་བུའོ། །རྐང་


DTG136_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་སེམས་ཅན་གང་དག་རྐང་པ་མེད་པའམ། རྐང་གཉིས་སམ། རྐང་མངས་སམ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་ཆོས་ཀྱི་རྣམ་གྲངས་ཚིག་བཞི་བ་ཞེས་འབྱུང་བ་ལྟ་བུའོ། །ཡུད་ཙམ་ལ་ནི་སེམས་ཡུད་ཙམ་ཡུད་ཙམ་ལ་ནི་ཡི་ཆད་ཅིང་རྣམ་པར་རྟོག་པ་རྣམས་ཀྱི་དབང་དུ་སོང་ཞེས་འབྱུང་བ་ལྟ་བུའོ། །གཞི་ལ་ནི་བག་ཡོད་པ་ནི་མི་འཆི་བའི་གཞི་ཡིན་ཏེ། བག་མེད་པ་ནི་འཆི་བའི་གཞི་ཡིན་ཞེས་འབྱུང་བ་ལྟ་བུའོ། །བདེན་པ་རྣམས་ལ་ནི་སློབ་པའི་གཞི་མཐོང་བ་ཞེས་འབྱུང་བ་ལྟ་བུའོ། །རྐང་པའི་ཕྱོགས་ལ་ནི་བྲམ་ཟེ་བྲེ་བོ་དང་རུས་གཅིག་པས་བཅོམ་ལྡན་འདས་ཀྱི་གོམ་གནས་སུ་ཞབས་ལ་འཁོར་ལོ་དག་མཐོང་ངོ་ཞེས་འབྱུང་བ་ལྟ་བུའོ། །རྗེས་ལ་ནི། མཁའ་ལ་བྱ་ཡི་རྗེས་བཞིན་དུ། །དེ་དག་རྟོགས་པར་དཀའ་བ་ཡིན། ཞེས་འབྱུང་བ་ལྟ་བུའོ། །ཚིག་ལ་ནི་ལེགས་པར་བཤད་པའི་ཚིག་གཅིག་གི་དོན་ཀྱང་ཤེས་པར་བྱས་ནས་ཞེས་འབྱུང་བ་ལྟ་བུའོ། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཆོས་ཀྱི་སྒྲ་ཞེས་བྱ་བ་ལ་ནི་ཆོས་གང་ལ་ལ་འདུས་བྱས་སམ་འདུས་མ་བྱས་སམ་དེ་རྣམས་ཀྱི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་འབྱུང་བ་ལྟ་བུའོ། །ལམ་ལ་ནི་དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །མྱ་ངན་ལས་འདས་པ་ལ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་འབྱུང་བ་ལྟ་བུའོ། །ཡིད་ཀྱི་ཡུལ་ལ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་འབྱུང་བ་ལྟ་བུ་སྟེ། དེ་ནི་ཡིད་ཁོ་ནའི་ཡུལ་ཡིན་ཞིང་ཡུལ་ཁོ་ན་ཡིན་གྱི་རྟེན་ནི་མ་ཡིན་ནོ། །བསོད་ནམས་ལ་ནི་བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་རྒྱས་པར་འབྱུང་བ་ལྟ་བུའོ། །ཚེ་འདི་ལ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང༌། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་འབྱུང་བ་ལྟ་བུའོ། །གསུང་རབ་ལ་ནི་འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །


DTG136_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་བ་ལ་ནི་འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ་ཞེས་འབྱུང་བ་དང༌། དེ་ལྟར་འདི་ལྟ་སྟེ། ལུས་འདི་ནི་རྒ་བའི་ཆོས་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ངེས་པ་ལ་ནི་དགེ་སློང་གི་ཆོས་བཞི་རྣམས་ཞེས་འབྱུང་བ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ་སྲོག་གཅོད་པ་སྤངས་པ་ནི་ཆོས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །ཆོས་ལུགས་ལ་ནི་ཡུལ་ཆོས་དང་རིགས་ཆོས་ཞེས་འབྱུང་བ་ལྟ་བུའོ། །སྤངས་པ་ཞེས་བྱ་བཏང་བ་དང༌། །བྲལ་དང་གནོད་དང་བག་ལ་ཉལ། །བཏོན་པའོ་སྤངས་པ་ལ་སོགས་པའི། །སྤངས་པ་ཞེས་བྱ་གཉིས་སུ་བཞེད། །སྤངས་པ་ཞེས་བྱ་བ་བཏང་བ་ལ་ནི་ལོངས་སྤྱོད་ཀྱི་ཕུང་པོ་ཆེ་བའམ། ཆུང་བ་ཡང་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །རྒྱུན་དང་བྲལ་བ་ལ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་པའི་ལམ་གྱིས་གནོན་པ་ལ་ནི། འདོད་པ་རྣམས་ལ་འདོད་པའི་འདུན་པ་སྤངས་ནས་དེས་ལན་མང་དུ་གནས་ཤིང༌། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྐྱེས་ཞེས་འབྱུང་བ་ལྟ་བུའོ། །བག་ལ་ཉལ་ཡང་དག་པར་བཅོམ་པ་ལ་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལས། རྒྱུན་ཏུ་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་སྤངས་པར་མཐོང་བ་དང༌། སྡོམ་པས་སྤོང་བ་དང༌། རྗེས་སུ་སྲུང་བས་སྤོང་བ་དང༌། བསྒོམ་པས་སྤོང་བ་སྟེ། ཉན་ཐོས་ལ་བཤད་པའི་མདོ་སྡེ་གཉིས་ལས་རྣམ་པ་གཉིས་སུ་རྣམ་པར་ཕྱེའོ། །ཚུལ་གྱི་སྒྲ་ནི་བདེན་པ་དང༌། །ལམ་དང་འབྲེལ་འབྱུང་རིག་པ་དང༌། །ངེས་འབྱེད་ཆ་དང་མྱ་ངན་འདའ། །ཐབས་དང་རིགས་པ་ཉིད་ལ་ཡོད། །སྡོམ་གྱི་ཚིགས་སུ་བཅད་པ། བདེན་དང་ཡན་ལག་བརྒྱད་དང་འབྱུང༌། །ཞེས་བྱ་བ་འདི་ལས། འཕགས་པའི་ཚུལ་གྱི་སྒྲ་ནི་བདེན་པ་རྣམས་དང༌། ལམ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་མཐོང་ངོ༌། །རིག་པ་རྣམས་ལ་ཡང་མཐོང་སྟེ། བྲམ་ཟེ་ང་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་འཕགས་པའི་ཚུལ་གྱིས་གསུམ་རིག་པ་ཡིན་པར་སྨྲའོ་ཞེས་འབྱུང་བ་ལྟ་བུ་སྟེ་འདི་ལས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལ་ཡང་མཐོང་


DTG136_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གང་སུ་དག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་མི་མཐུན་པར་བྱེད་པ་དེ་དག་ནི་འཕགས་པའི་ཚུལ་ལ་དེ་དག་གིས་མི་མཐུན་པར་བྱས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒྲ་ནི་མྱ་ངན་ལས་འདས་པ་ལ་ཡང་མཐོང་སྟེ། ཁྱིམ་པའམ་རབ་ཏུ་བྱུང་བའམ། གང་ཞིག་ཡང་དག་གྲུབ་བྱེད་པ། །དེས་ནི་བླ་མེད་ཚུལ་ཉིད་ཀྱི། །ཆོས་ནི་ཀུན་ཏུ་ཐོབ་པར་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །ཐབས་ལ་ཡང་མཐོང་སྟེ། ཚུལ་གྱི་བརྩོན་འགྲུས་བརྩམས་པ་ལ། །བྱ་བར་དཀའ་བ་ཅི་ཡང་མེད། །ཅེས་འབྱུང་བ་ལྟ་བུའོ། །རིགས་པ་ལ་ནི་ཚུལ་བཞིན་བྱེད་དོ་ཞེས་འབྱུང་བ་ལྟ་བུའོ། །ལས་མཐའ་ཞེས་བྱ་ནོར་ཚོལ་དང༌། །གསུམ་བདུན་སྤངས་པ་རྣམས་ལའང་ཡོད། །ལས་ཀྱི་མཐའ་ཞེས་བྱ་བ་ནོར་ཚོལ་བ་ལ་ནི་དེས་གལ་ཏེ་ཞིང་དང༌། གལ་ཏེ་ཚོང་གི་ལས་ཀྱི་མཐའ་དེ་དང་དེ་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །གསུམ་པ་སྤངས་པ་ལ་ཡང་ཡོད་དེ། འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་ནས། སྲོག་གཅོད་པའི་བར་དུ་སྤངས་ནས་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ཡིན། དེ་བཞིན་དུ་འདོད་པ་ལས་ལོག་པར་གཡེམ་པ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །བདུན་སྤངས་པ་ལ་ཡང་ཡོད་དེ། ལས་ཀྱི་མཐའ་ཕུན་སུམ་ཚོགས་པ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་ནས་སྲོག་གཅོད་པ་ལས་ཕྱིར་ལོག་པ་ཡིན་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་ཚིག་འཁྱལ་པ་སྨྲ་བ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །ལས་ཀྱི་མཐའི་སྒྲ་ནི་མཚམས་མེད་པ་ལ་ཡང་ཡོད་དེ། ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་ཅེས་གསུངས་པའི་ཕྱིར་ཏེ། ཆོས་འདུལ་བ་འདི་ལས་ལོག་ཅིང་དྲང་དུ་མི་རུང་བ་རྣམས་ནི་གང་ཟག་ལྔ་དག་སྟེ། མ་གསོད་པ་དང་ཞེས་མདོ་ལས་རྒྱས་པར་གསུངས་པ་ལས་སོ། །ལོག་པ་དེ་རྣམས་ཀྱི་ལས་ཀྱི་མཐའ་ནི་ལོག་པའི་ལས་ཀྱི་མཐའ་སྟེ། མཚམས་མེད་པ་ལྔ་པོ་དག་གོ །འདི་ལ་ལོག་པའི་ལས་ཀྱི་མཐའ་མེད་པས་ན་ལོག་པའི་ལས་ཀྱི་མཐའ་མེད་པ་སྟེ། དེ་དངོས་པོ་ནི་ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་དོ། །ཕུང་པོ་ཞེས་བྱ་བ་


DTG136_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་པ་དང༌། །ཕྲག་པ་སྡོང་པོ་ཆ་ཉིད་ལའོ། །ཕུང་པོ་ཞེས་བྱ་བ་སྤུངས་པ་ལ་ནི་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ནས་གནས་སོ་ཞེས་འབྱུང་བ་ལྟ་བུའོ། །ཕྲག་པ་ལ་ནི་དཔེར་ན་མི་ཞིག་ས་ལས་ཁྲིའུའི་སྟེང་དུ་འཇོག་ནས་རྟའི་སྟེང་ནས་གླང་པོ་ཆེའི་ཕྲག་པ་ལ་ཞོན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །སྡོང་པོ་ལ་ནི་ཤིང་ལྗོན་པ་རྩ་བ་དང་ལྡན་པ་དང༌། སྤོམ་པ་དང་ལྡན་པ་ཆེན་པོའོ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་སྦྱིན་པར་བྱ་བ་ཕུང་པོ་གསུམ་དག་ཏུ་སྦྱིན་ནོ་ཞེས་འབྱུང་བ་ལྟ་བུའོ།། བསྡུ་བ་ཞེས་བྱ་རང་བཞིན་དང༌། །རྗེས་སུ་མཐུན་དང་དགའ་བ་དང༌། །ཉམས་མེད་ཁོང་སུ་གཏོགས་པ་དང༌། །འཛིན་པར་བྱེད་དང་དོན་དྲུག་གོ །རང་བཞིན་ལ་ནི་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དང་གཅིག་གི་ཕྱོགས་ཀྱིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ། །རང་བཞིན་དང་རྗེས་སུ་མཐུན་པ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཕུང་པོ་གསུམ་དག་གིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ། །དགའ་བལ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་ཅེས་འབྱུང་བ་ལྟ་བུའོ། །ཡོངས་སུ་ཉམས་པ་མེད་པ་ལ་ནི་འདི་ནི་དབང་པོ་ལྔ་པོ་དེ་དག་སྡུད་པར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོ་ཞེས་འབྱུང་བ་ལྟ་བུའོ། །ཁོངས་སུ་གཏོགས་པ་ལ་ནི་འགྲོ་བ་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་གང་སུ་ཡང་རུང་བ་དེ་ཐམས་ཅད་ཀྱི་རྗེས་ནི་གླང་པོ་ཆེའི་རྗེས་སུ་འདུས་ཤིང་འདུ་བ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །འཛིན་པར་བྱེད་པ་ལ་ནི་ཁང་པ་བརྩེགས་པའི་ཕྱམ་དགུ་པོ་གང་དག་ཡིན་པ་དེ་དག་གི་མཆོག་ནི་སྤྱི་རྟེན་ཡིན་ཏེ། འདི་ལྟ་སྟེ། སྡུད་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟ་བུ་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ། །དེ་ལྟར་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ཏེ། གང་ལ་གང་རིགས་པ་དེ་ལ་དེ་བརྗོད་པར་བྱའོ། །ཚིག་དུ་མ་ལ་དོན་གཅིག་པ་ནི་དཔེར་ན་རྣམ་གྲངས་ཀྱི་ཚིག་ལྟ་བུའོ། །གཞན་ཡང་དོན་རྣམ་པ་གསུམ་སྟེ། སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་དང༌། བསྡུས་པའི་དོན་དང༌། དགོས་པའི་དོན་ནོ། །དེ་ལ་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ནི་རྗོད་པ་གང་གི་བརྗོད་པར་བྱ་བ་ཡང་ཡིན་ཏེ། དཔེར་ན་མ་རིག་པའི་


DTG136_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལམ་རིག་པ་གང་ཞེ་ན། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་པ་གང་ཡིན་པའོ། །བསྡུས་པའི་དོན་ནི་དོན་ཐ་དད་པའི་ཚིག་རྣམས་ཀྱི་དོན་བསྡུས་པ་གང་ཡིན་པ་སྟེ། ཇི་ལྟ་བུར་སྲིད་པའི་ཡན་ལག་བཅུ་གཉིས་པའི་ཚིག་རྣམས་ཀྱིས་མདོར་ཀུན་ནས་ཉོན་མོངས་པ་གསུམ་པོ་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་བསྟན་པ་ལྟ་བུ་དང༌། དེ་བཞིན་དུ་མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག་པ་ནས། ཤེས་རབ་འཆལ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པའི་བར་ཚིག་འདི་རྣམས་ཀྱིས་ནི་མདོར་ན་འཇུག་པ་དང་བཅས་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡང་དག་པར་ལེན་དུ་འཇུག་པ་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་དད་པས་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་ལ། ཚུལ་ཁྲིམས་དང་གཏོང་བ་གཉིས་ཀྱིས་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པའི་མངོན་པར་མཐོ་བ་འཐོབ་བོ། །ཤེས་རབ་ཀྱིས་ནི་ངེས་པར་ལེགས་པ་འཐོབ་བོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དགོས་པའི་དོན་ནི་རྣམ་གྲངས་གསུངས་པ་རྣམས་ཀྱི་དོན་བརྗོད་པ་གང་ཡིན་པ་སྟེ། དེ་དག་ལ་ནི་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ཀྱང་མེད་ལ། བསྡུས་པའི་དོན་ཀྱང་མེད་དེ། བརྗོད་པར་བྱ་བ་གཅིག་ཏུ་ཟད་པའི་ཕྱིར་དང༌། དེ་བཞིན་དུ་བསྟན་པའི་ཚིག་རྣམས་ཀྱང་བཤད་པ་ལས་བརྗོད་པར་བྱ་བའི་དོན་ཐ་དད་པ་མེད་པའི་ཕྱིར་ཅིའི་ཕྱིར་བསྟན་པ་བྱས་ཞེས་དགོས་པའི་དོན་བརྗོད་དགོས་ཏེ། ཇི་ལྟར་དགེ་སློང་མའི་དོན་མདོ་སྡེ་ལས་ཀུན་དགའ་བོ་ཡིད་ཕྱི་རོལ་དུ་བཞག་ནས་ཡིད་ཕྱི་རོལ་དུ་བཞག་གོ་སྙམ་པ་དང༌། དེའི་འོག་ཏུ་སྔ་མ་བཞིན་དུ་མངོན་པར་བསྡུས་ནས་བདག་གི་ཡིད་ཕྱི་རོལ་དུ་བཞག་ཅིང་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེ་བཞིན་དུ་དགེ་སློང་དག་ང་ནི་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནི་བསྟན་པའོ། །མཆོག་ཏུ་གཞོན་ནུ་དང་རབ་ཏུ་གཞོན་ནུ་ཞེས་བྱ་བ་ནི་བཤད་པ་ཡིན་ཏེ། རང་བཞིན་དང་དུས་ཀྱི་ཁྱད་པར་གཉིས་ཀྱིས་ཤིན་ཏུ་གཞོན་པ་ཉིད་རྫོགས་པར་བཤད་པའི་ཕྱིར་རོ། །ལྷག་མ་བདེ་


DTG136_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕུན་སུམ་ཚོགས་པ་ཡང་དག་པ་བསྔགས་པ་ནི་རྒྱས་པར་བཤད་པ་ཡིན་ཏེ། མཆོག་ཏུ་རབ་ཏུ་ཤིན་ཏུ་གཞོན་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་ནི་བསྟན་པའོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་རྒྱས་པར་འབྱུང་བ་ནི་བཤད་པའོ། །དེ་བཞིན་དུ་ཚེ་དང་ལྡན་པ་དག་བཅུ་གཉིས་པོ་འདི་དག་ནི་ཁོམ་པར་གྱུར་པ་ཡིན་ནོ་ཞེས་འབྱུང་བ་འདི་ལས་བདག་དང་གཞན་ཕུན་སུམ་ཚོགས་པ་ཞེས་འབྱུང་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ཏེ། བསྟན་པ་དང་བཤད་པ་གཉིས་ཀྱིས་བཅུ་གཉིས་སུ་འགྱུར་ཏེ། དེ་ལྟ་བུ་ལ་སོགས་པ་བསྟན་པའི་ཚིག་རྣམས་ཀྱི་དགོས་པའི་དོན་ཡང་བརྗོད་དགོས་སོ། །ཇི་སྐད་དུ་ཕུང་པོ་ལྔ་རྣམས་དང༌། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གྲངས་གསུངས་པ་ལྟ་བུ་དག་ཀྱང་དེ་དག་གི་བརྗོད་པར་བྱ་བའི་དོན་མི་གོ་བ་ནི་མ་ཡིན་ན། ཅིའི་ཕྱིར་གྲངས་གསུངས་པའི་དགོས་པའི་དོན་ཡང་བརྗོད་དགོས་སོ། །དེ་བཞིན་དུ་ཚིག་གཞན་གང་དག་གི་བརྗོད་པར་བྱ་བའི་དོན་ནི་གྲགས་ན། དེའི་དོན་གྱི་ནུས་པ་ཉིད་མ་ཡིན་པས་དེ་དག་གི་དགོས་པའི་དོན་ཡང་བརྗོད་དགོས་ཏེ། དཔེར་ན་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ་ཞེས་བྱ་བའི་བརྗོད་པར་བྱ་བའི་དོན་ནི་འཇིག་རྟེན་ན་གྲགས་ན། ཅིའི་ཕྱིར་སངས་རྒྱས་སམ་ཉན་ཐོས་ལྗོངས་རྒྱུ་ཞིང་གཤེགས་པ་དང༌། དེ་བཞིན་དུ་ཅིའི་ཕྱིར་བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་དང༌། ཅིའི་ཕྱིར་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དགོས་པ་ཡང་བརྗོད་དགོས་སོ་ཞེ་ན། །དེ་ལ་རྣམ་གྲངས་གསུངས་པ་དག་གི་དགོས་པའི་དོན་ནི་སྔར་བཤད་པར་ཟད་ཀྱི་ལྷག་མ་རྣམས་བརྗོད་པར་བྱ་སྟེ། རེ་ཞིག་བསྟན་པའི་ཚིག་ནི་མདོས་འགྲེལ་པའི་དོན་འཛིན་པར་བྱེད་པ་བཞིན་དུ་བསྟན་པ་ཙམ་གྱིས་དེ་བཤད་པའི་དོན་འཛིན་པར་བྱ་བའི་ཕྱིར་དང༌། གདུལ་བྱ་མགོ་སྨོས་པས་གོ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་དང༌། དེ་ལས་གཞན་པ་རྣམས་


DTG136_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་མ་ལ་མགོ་སྨོས་པས་གོ་བ་ཉིད་ཀྱིས་བསགས་པའི་ཕྱིར་དང༌། བསྡུ་བ་དང་རྒྱས་པར་བཤད་པ་ལ་མངའ་བ་དང་ལྡན་པ་ཡང་དག་པར་བསྟན་པའི་ཕྱིར་དང༌། གཞན་རྣམས་དེ་ལྟ་བུ་ལ་གོམས་བ་ལས་དེའི་ས་བོན་བསྐྱེད་པའི་ཕྱིར་རོ། །ལུང་ལས་བསྟན་པ་ཙམ་ལ་ནི་རྣལ་འབྱོར་པ་རྣམས་ཀྱི་སེམས་མཉམ་པར་གཞག་པ་ཡིན་ན། ཇི་ལྟར་ན་དེ་རྒྱས་པའི་དོན་ཐམས་ཅད་ལ་མཉམ་པར་གཞག་པར་འགྱུར་ཞིག་གུ། ཞེས་དེའི་དོན་དུ་བསྟན་པ་དང་བཤད་པ་གཉིས་ཀྱིས་བསྟན་ཏོ་ཞེས་འབྱུང་ངོ༌། །གྲངས་གསུངས་པ་ནི། ཁ་ཅིག་ནི་བགྲང་བར་བྱ་བ་ངེས་པར་གཟུང་བའི་ཕྱིར་ཏེ། དཔེར་ན་ཕུང་པོ་ལྔ་རྣམས་དང༌། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་འབྱུང་བ་ལྟ་བུའོ། །གྲངས་སྨོས་པས་མི་བརྗེད་པའི་ཕྱིར་ཁ་ཅིག་ནི་བདེ་བླག་ཏུ་བཟུང་བའི་ཕྱིར་ཏེ། དཔེར་ན་གང་ལ་ལའི་སེམས་ཉེ་བའི་ཉོན་མོངས་པ་ཉི་ཤུ་རྩ་གཅིག་གིས་ཉེ་བར་ཉོན་མོངས་པ་ཅན་ཡིན་ན་ཞེས་འབྱུང་བ་དང༌། བཅུར་བསྐྱེད་པ་ལས་ཀྱང༌། ཆོས་གཅིག་ནི་གཅེས་སྤྲས་སུ་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས་ས་བཅུའི་བར་དུ་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་གང་དག་རྒྱས་པར་བཤད་པར་དགོས་པས་ཉན་པར་མི་བྱེད་པ་མང་དུ་མཉན་པ་དང༌། གཟུང་བས་འཇིགས་པ་ཉན་དུ་གཞུག་པའི་ཕྱིར་ཏེ། དཔེར་ན་འདི་དག་ནི་དབང་པོ་གསུམ་པོ་དག་སྟེ། མོའི་དབང་པོ་དང་ཕོའི་དབང་པོ་དང་སྲོག་གི་དབང་པོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་བྱ་བ་མང་པོས་འཇིགས་པ་དག་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། དཔེར་ན་དགེ་སློང་དག་ཆོས་གཅིག་སྤོངས་ཤིག་དང་ཁྱེད་ཕྱིར་མི་འོང་བར་འགྱུར་བར་ངས་ཁས་ལེན་ཏེ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་གཅིག་གིས་གཅིག་བསྡུ་བ་བསྟན་པའི་ཕྱིར་ཏེ། དཔེར་ན་འདི་དག་ནི་ལྔ་དག་ཏུ་གྱུར་ན་གསུམ་དག་ཏུ་འགྱུར་ལ་གསུམ་དག་ཏུ་གྱུར་ན་ལྔ་དག་ཏུ་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་ཚད་ཤེས་པར་བྱ་བའི་ཕྱིར་ཏེ། དཔེར་ན་བཟང་པོའི་སྡེ་པ་དྲུག་ཅུ་དག་གི་ཚོགས་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་དངོས་པོ་གཅིག་ཏུ་ཤེས་པར་བྱ་བའི་ཕྱིར་ཏེ། ཆོས་གཉིས་ཀྱི་བྱ་བ་དང་ཟས་དང་གཉེན་པོ་མཚུངས་པའི་ཕྱིར་ན། དཔེར་ན་སྒྲིབ་པ་ལྔ་རྣམས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་


DTG136_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ལྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུང་བ་ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པའམ་གཞན་ལས་ཀྱང་རུང་ཏེ་གར་རིགས་པའོ། །དེ་ལྟ་བུ་ལ་སོགས་པ་ནི་གྲངས་གསུངས་པའི་དགོས་པ་ཡིན་ནོ། །སངས་རྒྱས་རྣམས་རྒྱུ་ཞིང་གཤེགས་པ་ནི་རྒྱུ་བདུན་དག་གིས་རིག་པར་བྱ་སྟེ། ཡུལ་གཞན་ན་འཁོད་པ་རྣམས་འདུལ་བའི་ཕྱིར་དང༌། དེ་ན་འཁོད་པ་རྣམས་སྐོམ་པར་བྱ་བའི་ཕྱིར་དང༌། ཉན་ཐོས་རྣམས་གཅིག་ན་ཧ་ཅང་ཡུན་རིང་དུ་གནས་བ་སྤང་བའི་ཕྱིར་དང༌། ཉིད་དེ་ལ་ཆགས་པ་མི་མངའ་བར་ཡང་དག་པར་བསྟན་པའི་ཕྱིར་དང༌། ཡུལ་རྣམས་མཆོད་རྟེན་དུ་འགྱུར་བའི་ཕྱིར་དང༌། སྲོག་ཆགས་མང་པོ་རྣམས་དེའི་དྲུང་དུ་བལྟ་བ་དང་འགྲོ་བ་ལ་སོགས་པས་བསོད་ནམས་བསྐྱེད་པའི་ཕྱིར་དང༌། ཡམས་ཀྱི་ནད་དང་ཐན་པ་ལ་སོགས་པའི་སྐྱོན་རབ་ཏུ་ཞི་བར་བྱ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། ཡུལ་གཞན་འདུལ་བར་བྱ་ཕྱིར་དང༌། །དེ་ན་འཁོད་པ་བསྒོམ་བྱའི་ཕྱིར། །ཉན་ཐོས་དུ་མ་གནས་བྱའི་ཕྱིར། །ཆགས་པ་མི་མངའ་བསྟན་ཕྱིར་དང༌། །ཡུལ་རྣམས་མཆོག་རྟེན་འགྱུར་ཕྱིར་དང༌། །ལུས་ཅན་རྣམས་ཀྱི་བསོད་ནམས་ཕྱིར། །ཡམས་ནད་ལ་སོགས་ཞི་བྱའི་ཕྱིར། །སངས་རྒྱས་རྒྱུ་ཞིང་གཤེགས་པར་མཛད། །ཉན་ཐོས་དག་ནི་རྒྱུ་བཅོ་ལྔ་དག་གིས་རྒྱུ་བར་རིག་པར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཉེས་དམིགས་ལྔ་དག་སྟེ། ཧ་ཅང་ཡུན་རིང་དུ་གནས་ན་བྱ་བ་མང་ཞིང་བྱེད་པ་མང་བ་ཡིན་བ་དང༌། སྣོད་སྤྱད་མང་ཞིང་འཚོག་ཆས་མང་བ་ཡིན་པ་དང༌། གནས་ལ་སེར་སྣ་བྱེད་ཅིང་གནས་ལ་ཞེན་པ་ཡིན་པ་དང༌། ཁྱིམ་ལ་སེར་སྣ་བྱེད་ཅིང་ཁྱིམ་ལ་ཞེན་པ་ཡིན་པ་དང༌། ཆགས་པ་དང་བཅས་པ་བཞིན་དུ་གནས་དེ་ནས་འགྲོ་བར་བྱེད་དོ་ཞེས་འབྱུང་བའི་ཉེས་དམིགས་ལྔ་བསྟན་པའི་ཕྱིར་དང༌། དེ་བཞིན་དུ་ཆོས་གོས་ལ་སོགས་པ་དང་མི་ལྡན་པའི་ཕྱིར་དང༌། མི་དགའ་བས་གནོད་པའི་ཕྱིར་དང༌། ནད་ཀྱིས་གཟིར་བའི་ཕྱིར་དང༌། འདོད་ཆགས་ཀྱིས་གཟིར་བའི་ཕྱིར་དང༌། མི་དང་མི་མ་ཡིན་པས་བྱས་པས་གཞན་གྱི་ལུས་དང་སེམས་ལ་གནོད་པ་བྱེད་པའི་ཕྱིར་དང༌། རྙེད་པ་ལ་སོགས་པ་འདོད་


DTG136_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང༌། གཞན་ལ་དགའ་བའི་ཕྱིར་དང༌། གཞན་ལ་སྙིང་བརྩེ་བའི་ཕྱིར་དང༌། བླ་མ་ལ་ཞེས་བྱ་བའི་ཕྱིར་དང༌། ཡུལ་ལ་སོགས་པ་ལ་ལྟད་མོ་ལྟ་བའི་ཕྱིར་དང༌། དགེ་བའི་ཕྱོགས་ཁྱད་པར་དུ་བྱ་བའི་ཕྱིར་དང༌། ལྟུང་བ་བཤགས་པའི་ཕྱིར་དང༌། དཀོན་མཆོག་གསུམ་ལ་བཀུར་སྟི་བྱ་བའི་ཕྱིར་དང༌། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། །ཉེས་དམིགས་ལྔ་དང་མི་ལྡན་དང༌། །མི་དགའ་ནད་ཆགས་གནོད་པའི་ཕྱིར། །རྙེད་སོགས་སྲེད་དང་དགའ་བ་དང༌། །སྙིང་བརྩེ་བླ་མ་ཞེ་ས་དང་།ལྟད་མོ་ཁྱད་པར་བྱ་ཕྱིར་དང༌། །བཏུང་བ་དཀོན་མཆོག་བཀུར་སྟིའི་ཕྱིར། །མཆོད་རྟེན་ཕྱག་ནི་བྱ་བའི་ཕྱིར། །དགེ་སློང་རྒྱུ་ཞིང་འགྲོ་བར་བྱེད། །བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་ནི་ཉན་ཐོས་རྣམས་སྐོམ་པར་བྱ་བའི་ཕྱིར་ཏེ། འདིར། དེ་ལྟར་ང་ནི་སྙིང་བརྩེ་བ། །མི་ཆུང་ཆོས་ལའང་སེར་སྣ་མེད། །དཔེ་མཁྱུད་མེད་ཅིང་མི་ནུས་མེད། །ང་ནི་སྡུག་བསྔལ་རང་བཞིན་མིན། །ང་ཡི་བསྟན་པ་མ་ཟད་ལ། །ཁྱེད་ལས་རེ་བའང་ཡོད་མིན་ཏེ། །འདུལ་བས་ངའི་ཤེས་མི་ནུས་ཤིང༌། །གུས་དང་བཅས་པའང་མེད་པས་ན། །དེས་ན་བསྟན་པར་མི་བྱ་བར། །མཁྱེན་ཅིང་སྐོམ་པར་བྱ་བའི་ཕྱིར། །ཟླ་བ་ཕྱེད་དང་གསུམ་དག་ཏུ། །བཅོམ་ལྡན་ནང་དུ་ཡང་དག་འཇོག །ཅེས་གསུངས་པ་ལྟ་བུའོ། །བསོད་ནམས་ཡེ་ཤེས་ཟང་ཟིང་སྐྱབས། །དགའ་དང་གླན་ཀ་བཙལ་བ་དང༌། །ཤེས་དང་བྱས་གཟོ་ཡོན་གནས་དང༌། །དེ་དང་གཞན་དང་གཉིས་བརྩེ་དང༌། །འཇིགས་དང་ལྟད་མོ་གཉིས་དང་ནི། །གཞན་གྱི་རྗེས་སུ་འབྲང་བའི་ཕྱིར། །རྒྱུ་ནི་བཅུ་དང་ལྔ་རྣམས་ཀྱིས། །སོང་བ་ཡིན་པར་རབ་ཏུ་འདོད། །དེ་ནི་ཅི་རིགས་པར་རིག་པར་བྱའོ། །རྣམ་པར་བཤད་པའི་རིགས་པ་ལས། ལེའུར་བྱས་པ་དང་པོའོ།། །།བམ་པོ་གཉིས་པ། །འདི་མན་ཆད་ནི་གཞན་དག་ལ་ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་བསྐྱེད་པའི་ཕྱིར་མདོ་སྡེའི་དུ་མ་བུ་ཁ་ཅིག་ནི་ཚིག་གི་དོན་བཤད་པའི་ཕྱིར་ཕྱོགས་ཕལ་ཆེར་བསྟན་པར་བྱ་སྟེ། སངས་རྒྱས་ཀྱི་བསྔགས་པ་ལས་


DTG136_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ནས་ནི་འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཞེས་རྒྱས་པར་འབྱུང་བ་དང༌། དེའི་ཚེ་ལྷ་དང་བཅས་པ་དང་ཞེས་རྒྱ་ཆེར་འབྱུང་བ་དང༌། མ་དུལ་བ་རྣམས་དུལ་བར་མཛད་པ་ཞེས་རྒྱས་པར་འབྱུང་བ་དང༌། དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་བཞི་དག་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་ཚིག་རྣམས་ཀྱི་བསྡུས་པའི་དོན་ནི། བགེགས་བཅོམ་ནས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་གང་དུ། གང་གིས། ཇི་ལྟར་གཤེགས་པ་དང༌། སྟོན་པའི་ཕྲིན་ལས་གང་ཡིན་པ་དང༌། གང་དག་གིས་ཡོངས་སུ་གཟུང་བ་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །དེ་ལ་བགེགས་ནི་བདུད་སྡིག་ཅན་དུ་འདོད་དེ། དེ་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་ནི་ཇི་ལྟ་བ་བཞིན་དུ་གསུང་བ་ཉིད་དང་གྲུབ་པ་ཉིད་དེ། གོ་རིམས་བཞིན་དུ་མ་ནོར་བར་གསུང་བའི་ཕྱིར་དང༌། སྤངས་པ་དང་མཁྱེན་པ་ཕུན་སུམ་ཚོགས་པའི་ཕྱིར་ཏེ་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །གཞན་ཡང་མ་ནོར་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཇི་ཙམ་དུ་གསུང་བར་བྱ་བ་གསུངས་པ་ཉིད་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱིས་རྣམ་པ་གཉིས་ཀ་ཡང་ཡིན་པར་བསྟན་ཏོ། །གང་གིས་གཤེགས་པ་ཞེས་བྱ་བ་ནི་རིག་པ་དང་ཞབས་སུ་ལྡན་པ་ཉིད་ཀྱིས་ཏེ། དེ་ལ་རིག་པ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བའི་ཕྱིར་རོ། །ཞབས་ནི་ལམ་གྱི་ཡན་ལག་ལྷག་མ་དག་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། མི་མཐོང་བའམ། རྐང་པ་མེད་པ་ནི་འགྲོ་བར་མི་ནུས་པས་སོ། །གཞན་ཡང་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཡིན་ལ། དེའི་ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་ན་བསླབ་པ་གསུམ་པོ་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ནོ། །ཤེས་རབ་སྔར་སྨོས་པ་ནི་གཙོ་


DTG136_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ཡིན་པའི་ཕྱིར་ཏེ། དེའི་དབང་གིས་ཚུལ་ཁྲིམས་ལ་སོགས་པ་རྩོམ་པ་རྣམ་པར་དག་པའི་ཕྱིར་ལ། རིག་པ་མིག་དང་འདྲ་བས་མཐོང་སྟེ། ཞབས་རྐང་པ་ལྟ་བུས་གཤེགས་པའི་ཕྱིར་རོ། །གཞན་ཡང་མི་སློབ་པའི་རིག་པ་གསུམ་དག་ནི་རིག་པ་ཞེས་བྱ་བ་ལ། ཞབས་ནི་ཚུལ་ཁྲིམས་ནས་གཟུང་ནས། མངོན་པར་ཤེས་པ་གསུམ་པོའི་བར་དག་སྟེ། དེ་ལྟར་ན་རིག་པ་གསུམ་ཚོགས་དང་བཅས་པ་རྣམས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་མཉེས་པར་བསྟན་པ་ཡིན་ནོ། །ཇི་ལྟར་གཤེགས་པ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་དང༌། ཇི་ཙམ་དུ་གཤེགས་པར་བྱ་བར་ཏེ། དེས་ན་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། ཕྱིར་རོལ་པའི་འདོད་ཆགས་དང་བྲལ་བ་དག་དང༌། དེ་ལས་གཞན་པ་དགྲ་བཅོམ་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སྟོན་པ་ཉིད་ཀྱི་ཕྲིན་ལས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་སྐལ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པ་ལ་གཟིགས་པར་མཛད་པ་སྟེ། དེས་ན་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །གདུལ་བ་འདུལ་བ་ཡང་ཡིན་ཏེ། དེས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་སྟེ། སྐྱེས་བུ་འདུལ་བ་ཆུ་ཀླུང་འོད་སྲུངས་དང༌། དགའ་བོ་དང༌། སོར་མོའི་ཕྲེང་བ་ལ་སོགས་པ་གདུལ་དགའ་བ་རྣམས་ཀྱང་ཐབས་སླ་བ་དང་ཁ་ན་མ་ཐོ་བ་མེད་པས་འདུལ་བའི་ཕྱིར་དང༌། གཏན་དུ་དོན་གྱི་མཆོག་མྱ་ངན་ལས་འདས་པར་འདུལ་བའི་ཕྱིར་རོ། །གང་དག་གིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱིས་བསྟན་པ་ཉིད་ཡོངས་སུ་བཟུང་བ་བསྟན་ཏོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གསུངས་པའི་ཕྱིར་རོ། །དེ་ནི་ཞེས་གསུངས་པ་དེ་གང་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་གསུངས་ཏེ། གང་ཞིག་སངས་རྒྱས་སོ་ཞེས་དེ་ལྟར་གྲགས་པ་སྟེ། གྲགས་པ་དང་བཅོམ་པ་ནི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདིར་བཤད་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །གྲགས་དང་དཔལ་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ལྡན་པ་ཡི། །དྲུག་པོ་དག་ལ་བཅོམ་ཞེས་བཤད། །གཞན་ཡང་བསྡུས་པའི་དོན་ནི་དེ་ནི་རྒྱས་པ་དང་མདོར་བསྟན་པའི་ཡོན་


DTG136_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བསྔགས་པ་ཡིན་ཏེ། རྒྱས་པ་ནི་ཚིག་དགུ་པོ་དག་གིས་ཇི་སྐད་གསུངས་པ་ལྟ་བུའོ། །མདོར་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་པ་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་དང༌། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་རོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་མདོར་བསྟན་པ་དང་བཤད་པ་གཉིས་ཀྱིས་ཉིད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་སྟོན་པར་མཛད་དེ། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་གྲོལ་བའི་ཁྱད་པར་ནི་ལྷ་དང་མིའི་གཙོ་བོ་དང༌། གཙོ་བོ་མ་ཡིན་པ་རྣམས་ལ་རྣམ་པར་གྲོལ་བ་ལ་སོགས་པས་སྟོན་ཏེ། ལྷ་གཙོ་བོ་རྣམས་ནི་འདོད་པའི་དབང་ཕྱུག་བདུད་རྣམས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པ་རྣམས་སོ། །མིའི་གཙོ་བོ་རྣམས་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། རྒྱལ་པོས་ཀྱང་མཆོད་པའི་ཕྱིར་རོ། །ལྷ་དང་མིའི་གཙོ་བོ་མ་ཡིན་པ་རྣམས་ནི་དེ་ལས་གཞན་པའི་ལྷ་དང་མི་རྣམས་དང་བཅས་པའི་སྐྱེ་དགུ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་དེ་ལས་སོ། །སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་མ་གྲོལ་བ་དག་ཡིན་ལ། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་མཐོང་བའི་ཆོས་ལས་ཡོངས་སུ་ཉམས་པའི་ཆོས་ཅན་རྣམས་ནི་གྲོལ་བ་ནི་ཡིན་ན། ངེས་པར་འབྱུང་བ་དག་ནི་མ་ཡིན་ཞིང་ཡོངས་སུ་མི་ཉམས་པའི་ཆོས་ཅན་རྣམས་ནི་གྲོལ་བ་དང་ངེས་པར་འབྱུང་བ་དག་ནི་ཡིན་ན་བྲལ་བ་དག་ནི་མ་ཡིན་ཏེ། རུས་སྦལ་གྱི་ཕྲུ་གུ་རྙིས་ཟིན་པ་བཞིན་དུ་བག་ལ་ཉལ་རྗེས་སུ་འབྲང་བའི་ཕྱིར་རོ། །རབ་ཏུ་རྣམ་པར་གྲོལ་བ་དག་ཀྱང་མ་ཡིན་ཏེ། སླར་འོང་བའི་ཕྱིར་ལ་སླར་འོང་བ་དང་བྲལ་བར་འགྲོ་བ་ནི་རབ་ཏུ་རྣམ་པར་གྲོལ་བ་དག་ཡིན་པས་སོ། །དེ་དག་དང་ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་རྣམ་པར་གྲོལ་བ་ལ་སོགས་པ་ཉིད་སྟོན་པར་མཛད་དོ། །རྣམ་གྲངས་གཞན་ཡང་འདི་ལས་ཕྱི་རོལ་པ་རྣམས་ནི་ཚངས་པ་དང་བཅས་པའི་འཇིག་རྟེན་གྱིས་ས་དེའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་ཆད་པ་ལས་གྲོལ་བ་ཡང་ཡིན། ས་དེའི་བཙོན་ར་ནས་ངེས་པར་འབྱུང་བ་ཡང་ཡིན་མོད་ཀྱི། ཕྱི་བཞིན་འབྲང་བའི་མི་ལྟ་བུའི་


DTG136_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྦྱོར་བ་གསུམ་རྣམས་ཀྱིས་བྲལ་བ་མ་ཡིན་པ་ཉིད་དོ། །དེས་ནས་འོག་མ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་དང༌། སྐྱེ་བོའི་བཙོན་ར་ནས་རབ་ཏུ་རྣམ་པར་མ་གྲོལ་བ་ཡང་ཡིན་ཏེ། ཡང་སླར་ལྡོག་པའི་ཕྱིར་རོ། །དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་རྣམ་པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་དོ། །རྣམ་གྲངས་གཞན་ཡང་འདི་ལས་ཕྱི་རོལ་པ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་དག་ཀྱང་ཡིན། སྡུག་བསྔལ་གྱི་བཙོན་ར་ནས་ངེས་པར་འབྱུང་བ་དག་ཀྱང་ཡིན་མོད་ཀྱི། ས་གཞན་པའི་ཉོན་མོངས་པ་དང་ཡང་མ་བྲལ་བ་ཡིན་ལ། སྡུག་བསྔལ་ལས་ཀྱང་རབ་ཏུ་རྣམ་པར་མ་གྲོལ་བ་དག་ཡིན་ཏེ། དེ་དག་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ། །འདི་ལྟར་ཡང་ཡིན་ཏེ། འདི་ལས་ཕྱི་རོལ་པ་དག་ནི་འདི་ལྟར་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཞིང་སྐྱེ་བའི་བཙོན་ར་ནས་ངེས་པར་འབྱུང་བ་ཡིན་ལ། དེ་ལས་བྲལ་བ་ནི་མ་ཡིན་ཏེ། པད་མའི་རྩ་བ་བཅག་པ་རྩ་རྒྱུས་ཀྱིས་འབྲེལ་པ་བཞིན་དུ་བག་ལ་ཉལ་དང་འབྲེལ་པའི་ཕྱིར་རོ། །རབ་ཏུ་རྣམ་པར་མ་གྲོལ་བ་དག་ཀྱང་ཡིན་ཏེ། ཡང་ས་དེར་སླར་འོང་བའི་ཕྱིར་རོ། །དེ་དག་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ། །དེ་དག་ནི་གནས་སྐབས་དེ་དག་ན་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ནས་གྲོལ་བ་ལ་སོགས་པར་མངོན་པའི་ང་རྒྱལ་གྱི་སེམས་ཕྱིན་ཅི་ལོག་དང་ལྡན་པས་ལན་མང་དུ་གནས་པ་ཡིན་གྱི། བཅོམ་ལྡན་འདས་ལ་ནི་དེ་མི་མངའ་བའི་ཕྱིར་སེམས་ཕྱིན་ཅི་མ་ལོག་པས་སོ། །དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་བསྟན་ནས། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་ནི་དེའི་ཚེ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་སྟོན་ཏེ། ཐུགས་སུ་ཆུད་པས་མཁྱེན་པའི་ཕྱིར་རོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འདུལ་བར་མཛད་པ་ནི་ཉོན་མོངས་པ་སྤངས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཞི་བར་མཛད་པ་ནི་ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་ལ་


DTG136_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །དེ་གཉིས་དང་ལྡན་པའི་ཕྱིར་མདོ་སྡེ་གཞན་ལས་ཐུགས་དུལ་བ་དང༌། རྣམ་པར་ཞི་བ་མཆོག་དང་ལྡན་པ་ཞེས་གསུངས་སོ། །དབུགས་འབྱིན་པར་མཛད་པ་ནི་ངན་འགྲོ་ལས་ཡང་དག་པར་འདས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ནི་ཡང་སྲིད་པ་ལས་ཡང་དག་པར་འདས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །མདོར་ན་ནི་དུལ་བ་དང་དུལ་བའི་ཕན་ཡོན་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ཏེ། དུལ་བ་ནི་ཉོན་མོངས་པ་སྤངས་པའོ། །དུལ་བའི་ཕན་ཡོན་ནི་མཐོང་བའི་ཆོས་ལ་ཞི་བའི་བདེ་བར་གནས་པ་དང་ཚེ་ཕྱི་མ་ལ་ངན་སོང་དང་ཡང་སྲིད་པ་མི་འབྱུང་བའོ། །གཞན་ཡང་གོ་རིམས་བཞིན་དུ། ཉོན་མོངས་པ་དང་སྡུག་བསྔལ་ལས། །གཏན་དང་མ་ལུས་གྲོལ་མཛད་ཕྱིར། །ཕྱི་རོལ་པ་ནི་གཏན་དུའང་མིན། །མ་ལུས་ལས་ཀྱང་གྲོལ་བྱེད་མིན། །གཞན་ཡང༌། ལུས་ངག་དབང་པོ་དུལ་བ་དང༌། །བསམ་གཏན་བདེན་མཐོང་ཟད་པ་ལ། །འཇོག་ཕྱིར་འདུལ་མཛད་ལ་སོགས་ཉིད། །རིག་བྱ་ནྱ་གྲོ་དྷའི་མདོ་བཞིན། །དེ་ལ་བསམ་གཏན་ནི་ཤེས་བཞིན་དུ་གནས་པ་ལས་གཟུང་ནས་བསམ་གཏན་བཞི་དག་གི་བར་དག་ཡིན་པར་རིག་པར་བྱ་སྟེ། སྦྱོར་བ་དང་བཅས་བར་བཟུང་བའི་ཕྱིར་རོ། །ལུང་ལས་ནི་འདུལ་བར་མཛད་པ་ནི་དབང་པོ་དུལ་བས་ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཞི་བར་མཛད་པ་ནི་ཏིང་ངེ་འཛིན་རྣམ་པར་དག་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །དབུགས་འབྱིན་པར་མཛད་པ་ནི། ཤེས་རབ་རྣམ་པར་དག་པས་དབུགས་འབྱིན་པ་དང༌། དབུགས་མཆོག་ཏུ་ཕྱིན་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ནི་དེ་ཉིད་ཀྱིས་བསིལ་བར་གྱུར་པ་དང༌། མཆོག་ཏུ་བསིལ་བར་གྱུར་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །འདིས་ནི་མདོར་ན་རྒྱུ་དང་བཅས་པའི་བསླབ་པ་གསུམ་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་བཞི་པ་ལས་ནི་མདོར་ཚིག་དང་པོ་གཉིས་དང་གསུམ་གྱིས་


DTG136_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་གྲུབ་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །དེ་ལ་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ནི་ལམ་དང༌། ལམ་མ་ཡིན་པ་གཉིས་མཁྱེན་པའི་ཕྱིར་རོ། །ལམ་སྟོན་པ་ལམ་གསུང་བ་ནི་ལམ་དང་ལམ་མ་ཡིན་པ་གཉིས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ། །གཞན་ཡང་འཇིག་ཚོགས་ཀུན་འབྱུང་བ་དང༌། འགོག་པར་འགྱུར་བ་གཉིས་ཀྱིས་སྒྲུབ་པ་གཉིས་ཡོངས་སུ་མཁྱེན་པའི་ཕྱིར་དང༌། ཐུགས་སུ་ཆུད་པའི་ཕྱིར་དང༌། ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ལམ་ཡོངས་སུ་འདྲེན་པ་ནི་ལམ་མཐོང་བ་རྣམས་ལམ་གྱི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་ལམ་གྱི་མཐར་ཐུག་པར་འདྲེན་པའི་ཕྱིར་རོ། །གཞན་ཡང་ལམ་མཁྱེན་པས་ན་ལམ་མཁྱེན་པའོ། །ལམ་ཉིད་ཐུགས་སུ་ཆུད་པས་ན་ལམ་ཐུགས་སུ་ཆུད་པའོ། །བསམ་པ་ཡོངས་སུ་སྨིན་པ་རྣམས་ལ་ལམ་སྟོན་པར་མཛད་པས་ན་ལམ་སྟོན་པའོ། །ལམ་ཉིད་དུ་གསུང་པའི་དང་ཚུལ་ཅན་ཡིན་པས་ན་ལམ་གསུང་བའོ། །ལམ་ཡོངས་སུ་འདྲེན་པ་ནི་བསམ་པ་ཡོངས་སུ་མ་སྨིན་པ་རྣམས་ལ་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །གཞན་ཡང་ལམ་མཁྱེན་པ་ནི་དེ་མཁྱེན་པའི་ཕྱིར་རོ། །ལམ་ཐུགས་སུ་ཆུད་པ་ནི་དེ་བརྙེས་པའི་ཕྱིར་ཏེ། ཐུགས་སུ་ཆུད་པ་ནི་རྙེད་པའི་དོན་ཡིན་པའི་ཕྱིར། །ལམ་སྟོན་པ་ནི་དེའི་དུས་ན་འགྲོ་བ་རྣམས་ལའོ། །ལམ་གསུང་བ་ནི་དུས་གཞན་ན་འགྲོ་བ་རྣམས་ལའོ། །ལམ་ཡོངས་སུ་འདྲེན་པ་ནི་དེ་ནས་འགྲོ་བའི་བར་དུ་གཅོད་པ་སེལ་བའི་ཕྱིར་རོ། །ཆོས་ཀྱི་བསྔགས་པ་ལས་བརྩམས་ན་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ་ཞེས་རྒྱས་པར་འབྱུང་བ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་རྒྱས་པར་འབྱུང་བ་དང༌། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ་གསལ་བ་ཆེ་བ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་གསུམ་པ་དག་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་བསྡུས་


DTG136_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱི་ཕྱི་རོལ་པ་དག་གི་ཆོས་ལས་སངས་རྒྱས་པའི་ཆོས་ཁྱད་པར་ཡོད་པ་ཡོངས་སུ་བསྟན་ཏེ། དེ་ལ་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པའོ། །དོན་མཐོང་པའི་ཕྱིར་ཡང་དག་པར་མཐོང་བ་ཡིན་གྱི་དད་བ་ཙམ་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུས་རིའི་མདོ་ལས་དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ནི་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོར་གྱུར་པའི་ཕྱིར་ནད་མེད་པའོ། །ཡོངས་སུ་ཉམས་པ་མེད་པས་དུས་ཆད་པ་མེད་པ་སྟེ། དུས་ངེས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་ཡོད་པ་སྟེ། འདི་མཐོང་བ་རྣམས་ལ་ཡོད་པའི་ཕྱིར་རོ། །བརྟག་མི་ནུས་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ། །ཕྱི་རོལ་པ་རྣམས་ཀྱི་ཆོས་ནི་དེ་ལས་བཟློག་པའི་ཕྱིར་རོ། །གཞན་ཡང་དུས་ཐམས་ཅད་དུ་བྱ་སླ་བའི་ཕྱིར་དུས་ཆད་པ་མེད་པ་སྟེ། ཇི་སྐད་དུ་སངས་རྒྱས་ཀྱི་གསུང་ནི་འགྲོ་བ་ན་ཡང་བྱ་སླ་བ་ཡིན་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བའི་ཕྱིར་ཚུར་ཤོག་ལྟོས་ཤིག་པ་ཡང་ཡིན་ཏེ། ཚུར་ཤོག་ལྟོས་ཤིག་ཅེས་བྱ་བའི་སྐབས་དབྱེ་བ་དང་ལྡན་པའི་ཕྱིར་ཏེ། །ཇི་སྐད་དུ་ངའི་ཉན་ཐོས་ཀྱི་དགེ་སློང་ཚུར་ཤོག་ཤིག་དང་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདིར་བཤད་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ནི། ཡང་དག་དོན་དང་དོན་ནི་མཐོང་བ་དང༌། །གཉེན་པོ་དང་ནི་གཏན་དང་མ་ལུས་དང༌། །ཐུན་མོང་མིན་དང་རྟོག་གེའི་ཡུལ་མིན་དང༌། །གཞན་ཡང་དེ་ནི་དུས་ཆད་མེད་པའི་ཕྱིར། །བྱ་སླ་བ་དང་ཚུར་ཤོག་ལྟོས་ཤིག་ཅེས། །སློབ་དཔོན་དཔེ་མཁྱུད་བྲལ་བ་ཤེས་བྱ་ཞིང༌། །ལྷག་མ་སྔ་མ་བཞིན་དུ་ཤེས་པར་བྱ། །ལུང་ལས་ནི་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། དེ་ལ་གཞན་གྱི་རྐྱེན་གྱིས་ཁ་ན་མ་ལུས་པའི་ཕྱིར་ཡང་ཡང་དག་པར་མཐོང་ངོ༌། །ཟག་པ་མེད་པ་


DTG136_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ནད་མེད་པའོ། །དུས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ་སྟེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པའོ། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱའོ་ཞེས་འབྱུང་བའོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་ནི་ཕྱི་རོལ་པ་དང་ཆོས་མི་མཐུན་པས་ཆོས་འདུལ་བ་འདིའི་ཡོན་ཏན་ཡང་དག་པར་བསྟན་པ་ཡིན་ཏེ། ཕྱི་རོལ་པ་དག་གི་ཆོས་འདུལ་བ་ནི་ཉེ་བར་བསྟན་པ་ཉིད་ཀྱིས་ཉེས་པར་བཤད་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ཡིན་ནོ། །འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ཡིན་ཏེ། འདུས་པ་དང་ལྡན་པ་ནི་ཚོགས་པ་ཡིན་པའི་ཕྱིར་རོ། །སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་རྟེན་པ་མེད་པ་ཡིན། མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། །བསྟན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་དང༌། སྒྲུབ་པའི་ཆོས་ལ་མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི་སྐྱོན་དང༌། ཉན་པ་པོ་རྣམས་ལ་བློ་དུ་མ་དང་ལྡན་པ་ཉིད་ཀྱི་སྐྱོན་དང༌། སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོད་མི་ནུས་པའི་སྐྱོན་ནོ། །རྣམ་གྲངས་གཞན་ཡང༌། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིགས་པའི་ཐབས་མ་ཡིན། །སྔ་མ་ཕྱི་མ་འགལ་བ་ཡིན། །དེ་བཞིན་བསྡུ་བ་བཞིན་དང་ནི། །བསྟན་པ་བཞི་དག་སྤངས་པ་དང༌། །སྟོན་པའང་སྟོན་པའི་མཚན་ཉིད་མེད། །དེ་ལྟར་གཞན་གྱི་བསྟན་བཅོས་དང༌། །སློབ་མ་བསྟན་པ་སྐྱོན་ཅན་ཡིན། །ཆོས་འདུལ་བ་འདི་ནི་དེ་ལས་བཟློག་པས་སྐྱོན་མེད་པ་ཡིན་ནོ། །དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རིགས་པ་ཡིན་པའི་ཕྱིར་ཆོས་སོ། །ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བའོ། །དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་དང་སྤངས་པ་འདྲེན་པ་ཉིད་ཡིན་པར་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འབྱུང་བ་ནི་རྣམ་པ་དྲུག་དག་གིས་ཆོས་ཀྱི་ཡོན་ཏན་ཡོངས་སུ་བསྟན་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་ཉིད་དང༌།


DTG136_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་འཇུག་པ་ཉིད་དང༌། གོང་ན་མེད་པ་ཉིད་དང༌། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང༌། ཇི་ལྟར་འོས་པའི་གདུལ་བ་ལ་བསྟན་པ་ཉིད་དང༌། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ཀྱིས་སོ། །དེ་ལ་བདེ་བར་འཇུག་པ་ཉིད་ནི་གསལ་བ་ཉིད་ཀྱིས་ཏེ། ཚིག་དང་ཡིག་འབྲུ་གསལ་བའི་ཕྱིར་རོ། །ཕྱེ་བ་ཉིད་ཀྱིས་ཀྱང་ཡིན་ཏེ། དོན་ཤིན་ཏུ་རྣམ་པར་ཕྱེ་བའི་ཕྱིར་རོ། །གོང་ན་མེད་པ་ཉིད་ནི་རྒྱུ་བ་བཅད་པ་ཉིད་ཀྱིས་ཏེ། ཆེས་ཤིན་ཏུ་མཆོག་ཏུ་འགྲོ་བ་ནི་རྒྱུ་བའོ། །དེ་འདིར་ཡང་དག་པར་ཆད་པས་ན་རྒྱུ་བ་བཅད་པའོ། །ལྷག་མ་གསུམ་ནི་གོ་རིམས་བཞིན་དུ་ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པ་ལས་རེག་པར་བྱའོ། །བསྡུས་པའི་ཚིགས་སུ་བཅད་པ། དེ་ཉིད་དོན་ནི་ལེགས་གསུངས་ཕྱིར། །བདེ་བར་འཇུག་ཕྱིར་བླ་མེད་ཕྱིར། །རབ་ཏུ་གཟུང་ཕྱིར་ཇི་ལྟར་འོས། །མ་ལུས་པར་ནི་བསྟན་ཕྱིར་རོ། །ཕྱི་རོལ་པའི་ཆོས་ནི་འདི་ལས་བཟློག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཆོས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། དགེ་འདུན་གྱི་བསྔགས་པ་ལས་བརྩམས་ནས་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བའི་མདོ་སྡེའི་དུམ་བུ་སྟེ་འདིས་ནི་ཉན་ཐོས་ཀྱི་དགེ་འདུན་ནི་དགེ་སྦྱོང་གི་ཚུལ་གྱི་དོན་དང༌། དགེ་སྦྱོང་གི་ཚུལ་དང༌། དགེ་སྤྱོང་དང༌། དགེ་སྤྱོང་གི་ཚུལ་བསྟན་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །དགེ་སྤྱོང་གི་ཚུལ་གྱི་དོན་ནི་མྱ་ངན་ལས་འདས་པ་སྟེ། དེར་ཞུགས་པ་ནི་རིགས་པར་ཞུགས་པ་སྟེ། དེའི་རིགས་པའི་ཆོས་ནི་བླ་ན་མེད་པ་ཀུན་ཏུ་འཐོབ་པར་འགྱུར་བ་ཉིད་ཡིན་ལ་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་ན་གནས་པར་བྱ་བ་ནི་གནས་ཏེ། རྟག་ཏུ་གནས་སུ་གྱུར་པས་ན་རིགས་པའོ། །དགེ་སྤྱོང་གི་ཚུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེར་ཞུགས་པ་ནི་དྲང་པོར་ཞུགས་པ་སྟེ། བདུད་རྩིའི་སྒོ་ནི་ཕྱེ་མཛད་ཅིང༌། །དྲང་པོའི་ལམ་ནི་རབ་ཏུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དྲང་པོ་ཅི་ཞེ་ན། འཕགས་པའི་ལམ་མོ། །གྱ་གྱུ་བ་ཅི་ཞེ་ན། ལྟ་བ་སྡིག་བ་ཅན་ནོ་ཞེས་འབྱུང་བ་ལྟ་


DTG136_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དགེ་སྦྱོང་རྣམས་ལ་ཡང་དག་པའི་རང་བཞིན་དུ་ཞུགས་པ་ནི་མཐུན་པར་ཞུགས་པ་སྟེ། ཡང་དག་པའི་རང་བཞིན་ཡང་བྱམས་པའི་ལུས་ལ་སོགས་པའི་ལས་ཀྱིས་མཐུན་པར་གྱུར་པ་ཉིད་དང༌། ལོངས་སྤྱོད་དང༌། ཚུལ་ཁྲིམས་དང་ལྟ་བ་མཐུན་པ་ཉིད་ཀྱིས་སོ། །དགེ་སྤྱོང་གི་ཚུལ་བསྟན་པ་ནི་ཆོས་ཡིན་ཏེ། དེ་ལ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་བྱེད་པས་ན་ཆོས་དང༌། རྗེས་སུ་མཐུན་པར་སྤྱོད་པའོ། །རྣམ་གྲངས་གཞན་ཡང་དོན་གྱི་མཆོག་བསྒྲུབ་པ་དང༌། ཕྱིན་ཅི་མ་ལོག་པ་སྒྲུབ་པ་དང༌། ཐ་མི་དད་པ་སྒྲུབ་པ་དང༌། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་བསྒྲུབ་པ་ལ་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །ལུང་ལས་ནི་མུ་སྟེགས་ཅན་གྱི་འཁོར་རྣམས་ལ་ནི་ལོག་པར་བསྒྲུབ་པ་རྣམ་བཞི་ཡོད་དེ། ཆོས་འདུལ་བ་ཉས་པར་བཤད་པ་ལ་ཞུགས་པ་ཉིད་དོ། །ཚུལ་འཆོས་པ་ཉིད་དང༌། བདག་གི་ལྟ་བ་མཆོག་ཏུ་འཛིན་པ་ཉིད་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཉིད་དོ། །དེ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་རིགས་པར་ཞུགས་པ་ནས། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བའི་བར་དུ་འབྱུང་ངོ༌། །ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ནས་ནི་དགེ་སློང་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ལ་ཚུལ་ཁྲིམས་འཆལ་བ་ནི་རྩ་བའི་ལྟུང་བ་ལྷག་པར་སྤྱོད་པའི་ཕྱིར་རོ། །སྡིག་པའི་ཆོས་ཅན་ནི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཆུད་གསོན་པའི་ཕྱིར་རོ། །ཁོང་མྱགས་པ་ནི་ཁ་ན་མ་ཐོ་བ་དེ་འཆབ་པའི་ཕྱིར་རོ། །འཛག་པ་ནི་ཀུན་ཏུ་སྤྱོད་པ་མི་སྤོང་པ་ཉིད་ཀྱི་ཕྱིར་རོ། །ཤིང་རུལ་པ་ལྟ་བུ་ནི་དམ་པའི་ཆོས་མི་སྐྱེ་བའི་ཕྱིར་རོ། །བོང་བུ་ལྟར་ཀུན་ཏུ་སྤྱོད་པ་ནི་ལུང་བོང་ལྟར་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། ཇི་སྐད་དུ་ལུང་བོང་གི་མདོ་ལས་གསུངས་པ་ལྟ་བུ་སྟེ། ཇི་ལྟར། དུང་གི་ཁ་ཅན་སྐད་པོ་ཆེ། །ཞེས་ཚིགས་སུ་བཅད་པ་ལྟ་བུའོ། །དེ་ཡང་རྒྱུན་རྣམ་པ་གཉིས་ཀྱིས་ཏེ། སྡིག་པ་འདོད་པ་ལ་བསྟན་ནས་དོན་མེད་པའི་དགེ་སྤྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་རམ། འཁྲིག་པ་སྤོང་བར་ཁས་འཆེ་བའི་ཕྱིར་རོ། །མདོར་


DTG136_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགེ་སློང་ཚུལ་ཁྲིམས་ལོག་པར་བསྒྲུབ་པ་ལ་སྐྱོན་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པའི་སྐྱོན་དང༌། བསམ་པ་ལོག་པའི་སྐྱོན་དང༌། ཁ་ན་མ་ཐོ་བ་དེ་ལས་མི་ལྡོང་བའི་སྐྱོན་དང༌། ཐལ་བའི་སྐྱོན་དང༌། རྟོགས་པའི་སྐལ་པ་མེད་པ་ཉིད་ཀྱི་སྐྱོན་དང༌། ལོག་པར་འཚོ་བའི་སྐྱོན་ནོ། །གཞན་ཡང་ཁོང་མྱགས་པ་ནི་རྟོག་པ་མི་བཟད་པ་སྤང་རྒྱག་ལ་གནས་པར་བྱེད་པའི་ཕྱིར་རོ། །འཛག་པ་ནི་དབང་པོ་དྲུག་གི་རྨ་མི་སྦེད་པའི་ཕྱིར་རོ། །རྣམ་གྲངས་འདིས་ནི་ལོག་པ་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པ་དང༌། བསམ་པ་ལོག་པ་དང༌། གནས་པ་ལོག་པ་དང༌། རྒྱུ་བ་ལོག་པ་དང༌། སྐལ་བ་ཉིད་ལོག་པ་དང༌། འཚོ་བ་ལོག་པའོ། །གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུག་པ་ཅན་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད། ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད་ཅེས་བྱ་བ་འབྱུང་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ལ་རྙེད་པ་དག་ནི་ཅི་དག་ཡོད་ཅེས་བྱ་བ་ནི་དགེ་བའི་ཆོས་དང་མི་ལྡན་པ་ཉིད་དུ་སྟོན་ཏོ། །ལེགས་པར་རྙེད་པ་དག་ནི་ཅི་ཡོད་ཅེས་བྱ་བ་ནི་དེ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་སྔོན་གྱི་དགེ་བའི་འབྲས་བུ་མི་ལ་སོགས་པ་རྙེད་པ་ལེགས་པར་རྙེད་པ་མ་ཡིན་པ་ཉིད་དུ་སྟོན་ཏོ། །ཉོན་མོངས་པ་ལ་སོགས་པ་ཅན་ཉིད་ཀྱིས་ནི་སྡུག་བསྔལ་གྱི་རྒྱུ་དང༌། སྡུག་བསྔལ་རྣམ་པ་མང་པོ་ལ་སྐྱེ་དགུ་གནས་པར་སྟོན་ཏོ། །དེ་ལ་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཅན་ཏེ། ཇི་ལྟར་ཕལ་ཆེར་ཐམས་ཅད་ཆོམ་རྐུན་དུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཅན་ནོ། །སྡུག་པ་དང་བྲལ་བས་མྱ་ངན་མང་བ་ཉིད་ཀྱི་ཕྱིར་མྱ་ངན་ཅན་ནོ། །ཡོངས་སུ་ཚོར་བ་ན་འདོད་པ་མི་རྙེད་པ་མང་བ་ཉིད་ཀྱི་ཕྱིར་འཁྲུག་པ་ཅན་ནོ། །དེ་ནི་དུས་གསུམ་དག་ཏུ་སྡུག་བསྔལ་ལ་སོགས་པ་ཅན་ཡིན་ཏེ། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང༌། སྡུག་པའི་དངོས་པོ་དང་བྲལ་བ་དང༌། སྡུག་པའི་དངོས་པོ་དང་མི་ལྡན་པས་ཚོལ་བ་ནའོ། །ཉོན་མོངས་པ་ཅན་དེ་དག་གསུམ་ཆར་ལ་ཁོང་ཁྲོ་


DTG136_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། སྡུག་པའི་དངོས་པོ་དང་ཕྲད་པ་ལ་འདོད་ཆགས་པས་སོ། །གཞན་ཡང་དབུལ་བ་དང༌། ཕྱུག་པ་དང༌། འབྲིང་ནི་སྡུག་བསྔལ་ལ་སོགས་པ་ཅན་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། འཚོ་བས་ཕོངས་པ་དང༌། རྒུད་པ་དང༌། དེས་དགོས་པ་དང༌། ཚེགས་ཆེན་པོས་འཚོ་བ་འབྱོར་པས་གོ་རིམས་བཞིན་ནོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་གི་རོ་མྱོང་བར་བྱེད་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕྱིར་ནི་བདུད་ཀྱི་དབང་དུ་ཤས་ཀྱིས་སོང་བ་ཡིན་པར་རིག་པར་བྱ་སྟེ། ཤས་ཞེས་བྱ་བ་ནི་ཅུང་ཟད་ཀྱི་དོན་ཡིན་པའི་ཕྱིར་ཤས་ཀྱིས་སེར་སྐྱ་ཞེས་བྱ་བ་བཞིན་ནོ། །དེ་དང་དུ་ལེན་པའི་ཕྱིར་ནི་དབང་དུ་སོང་བའོ། །དེའི་དབང་གིས་ལས་ཀུན་ནས་སློང་བར་བྱེད་པའི་ཕྱིར་ནི་ལག་ཏུ་སོང་བའོ། །དེས་མི་འཛེམ་པའི་ཕྱིར་ནི་ཅི་འདོད་དགུར་བྱ་བའོ། །བདུད་ཀྱི་བཅིང་བ་དག་གིས་ནི་གནས་སྐབས་དེ་ཐམས་ཅད་དུ་བཅིང་བའོ། །བདུད་ཀྱི་ཞགས་པ་དག་ལས་ནི་མངོན་སུམ་དུ་མ་གྱུར་པ་ཡིན་ཡང་མ་སྤངས་པ་དག་ཡིན་པས་རབ་ཏུ་མ་གྲོལ་བའོ། །ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་འབྱུང་བ་མ་ཡིན་གྱི། རོ་མྱོང་བར་བྱེད་པ་དག་ལ་དེ་འབྱུང་བའི་ཕྱིར་གང་ལ་ལ་ཞེས་བྱ་བ་གསུངས་སོ། །དགེ་སྦྱོང་དང་བྲམ་ཟེ་སྨོས་པའི་ཐར་པ་ནི་དེ་དག་གི་དབང་དུ་བྱས་པ་ཡིན་པས་བཅིངས་པ་ཉིད་ཀྱིས་སྐྱོ་བར་བྱ་བའི་ཕྱིར་རོ། །མདོར་ན་འདིར་ཉོན་མོངས་པའི་རྟེན་དང༌། དམིགས་པ་དང༌། རང་བཞིན་དང༌། གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ཡིན་ཏེ། དགེ་སྦྱོང་དང་བྲམ་ཟེ་ནི་རྟེན་ཡིན་ནོ། །དམིགས་པ་ལ་སོགས་པ་ནི་དམིགས་པ་ཡིན་ནོ། །རོ་མྱོང་བར་བྱེད་པ་ནི་རང་བཞིན་ཡིན་ནོ། །དེ་ཡང་སྲེད་པ་ཡིན་པར་རིག་པར་བྱའོ། །གནས་སྐབས་ཀྱི་དབྱེ་བས་ནི་རྣམ་པ་དྲུག་སྟེ། ཀུན་ཏུ་སྤྱོད་པ་དང༌། དང་དུ་ལེན་པ་དང༌། ཟིལ་གྱིས་གནོན་པ་དང༌། ཡོན་ཏན་དུ་བལྟ་བ་དང༌། མངོན་དུ་གྱུར་པ་དང༌། མ་སྤངས་པའི་གནས་སྐབས་ཀྱི་དབྱེ་བ་ལས་སོ། །མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བར་གནས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་


DTG136_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ལ་སྡུག་བསྔལ་བ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེ་ལ་སྡུག་བསྔལ་དང་བཅས་པ་ནི་ཡོངས་སུ་ཚོལ་བའི་ཚེ་གྲང་བ་ན་ལྷགས་པས་སྦྲེབས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །ཕོངས་པ་དང་བཅས་པས་ནི་འདོད་པས་ཕོངས་པ་དང་ལྡན་པའི་ཕྱིར་འབྱོར་པ་མེད་པའི་ཚེ་ནའོ། །གནོད་པ་དང་བཅས་པ་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་དང་ལྡན་པའི་ཕྱིར་ཀུན་ཏུ་སྲུང་བའི་ཚེ་དབྱུག་པ་དང་མཚོན་ཆའི་གནོད་པ་ལ་སོགས་པས་སོ། །ཡོངས་སུ་གདུང་བ་དང་བཅས་པ་ནི་མྱ་ངན་དང༌། མི་ཚིམ་པ་དང་ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་ཏེ། རྒུད་པ་དང༌། ལོངས་སྤྱོད་པ་དང༌། འཆི་བའི་དུས་དག་ཏུ་སྟེ་གོ་རིམས་བཞིན་ནོ། །སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནི་བྱས་པ་ཉིད་དུ་སྟོན་ལ། བསྒོམས་ལ་ལན་མང་དུ་བྱས་པས་ཞེས་བྱ་བ་ནི་བསགས་པ་ཉིད་དེ་བརྩོན་པ་དང༌། ཕྱིར་ཞིང་བྱེད་པ་གཉིས་བསམ་པ་དང་སྦྱོར་བས་དེ་བརྟས་པར་བྱ་བའི་ཕྱིར་རོ། །འདི་ལ་བསྒོམ་པ་བྱས་པའམ། བསྒོམ་པ་བྱུང་བས་སམ་ངེས་པའི་ཚིག་གིས་ན་བསྒོམས་པར་གྱུར་པས་ན་བསྒོམ་པ་སྟེ། བསམ་པ་ཉིད་ཀྱིས་ཏེ། ཇི་སྐད་དུ། སྡིག་པ་བྱས་པར་གྱུར་ན་ཡང༌། །དེ་ལ་ཡང་དང་ཡང་མི་བྱ། །སྡིག་པ་ཀུན་བསགས་སྡུག་བསྔལ་བས། །འདི་ལ་འདུན་པ་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །འདིར་འདུན་པས་ནི་བརྩོན་པ་སྟོན་ཏོ། །ཡང་དང་ཡང་དུ་བྱེད་པ་དང༌། འདུན་པར་བྱེད་པས་ནི་བསགས་པ་ཡིན་ཏེ། ཀུན་དུ་བསགས་པའི་རྣམ་གྲངས་ཀྱིས་ཡིན་ནོ། །བསགས་པའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ངེས་པར་འགྱུར་རོ། །ཁ་ཅིག་ལ་ནི་བྱས་པར་ཡང་འགྱུར་ཏེ། སྐལ་པ་ཆུང་བའི་ཕྱིར་རམ། ཞིང་དང་སེམས་པའི་ཁྱད་པར་ལས་སོ། །གལ་ཏེ་ཀུན་ཏུ་བསྟེན་པ་ལ་སོགས་པས་བྱས་པ་དང་བསགས་པ་ཉིད་དུ་སྟོན་ན། མི་སྡུག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ནི་འབྲས་བུ་ཆེན་པོར་འགྱུར་རོ་ཞེས་བྱ་བར་ཇི་ལྟར་རུང་ཞེ་ན། དེ་ལ་ཡང་བརྩོན་པ་དང༌། ལན་མང་དུ་བྱ་བ་བྱ་


DTG136_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །འདི་ལྟར་ཡང་ཡིན་ཏེ། དེ་ལ་སྐྱེ་བ་དང་གནས་པ་དང་འཕེལ་བ་དང་ལྡན་པར་ཡང་སྟོན་ཏོ། །གཞན་ཡང་སྦྱོར་བ་དང༌། རྙེད་པ་དང༌། འགྲུབ་པའི་གནས་སྐབས་སོ། །གཞན་ཡང་སྟོབས་དང་སྐབས་དང་བཅས་པ་དང༌། སྐབས་མེད་པ་འབྱུང་བའི་ཡིད་ལ་བྱེད་པའི་གནས་སྐབས་ཏེ། ཏིང་ངེ་འཛིན་ལ་མ་ཐོབ་པ་དང༌། ཐོབ་པ་དང༌། གོམས་པ་ནའོ། །ཡང་རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་གྱི་གནས་སྐབས་ཡིན་ཏེ། རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་ནི་ལས་དང་པོ་པ་དང༌། ཡོངས་སུ་སྦྱང་བ་བྱས་པ་དང༌། ཡིད་ལ་བྱེད་པ་ལས་འདས་པའོ། །རྣམ་གྲངས་གཞན་ཡང་མངོན་སུམ་དུ་བྱེད་པའི་ཕྱིར་དང༌། སེམས་ལ་དེའི་ས་བོན་བརྟས་པར་བྱེད་པའི་ཕྱིར་དང༌། བརྟས་པ་དེ་ཕྱིར་ཞིང་མངོན་དུ་གྱུར་པ་ཉིད་ཀྱི་ཕྱིར་ཀུན་ཏུ་བསྟེན་པ་ལ་སོགས་པ་གསུམ་ཡིན་ནོ། །བརྗོད་པར་བྱ་བ་རྣམ་པ་དུ་མ་ཡིན་ཀྱང་རྗོད་པ་ནི་གཅིག་ཡིན་ནོ་ཞེས་བྱ་བ་དེ་ནི་བསྒྲུབས་ཟིན་ཏོ། །སྒྲིབ་པ་ལྔ་པོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལྔ་ཁོ་ནའི་དགོས་པ་ནི་ཏིང་ངེ་འཛིན་ལ་སྦྱོར་བ་ལ་སྒྲིབ་པ་ནི་སྒྲིབ་པ་གཉིས་ཡིན་ནོ། །ཏིང་ངེ་འཛིན་དུ་ཞུགས་པའི་སྒྲིབ་པ་ནི་གསུམ་ཡིན་ཏེ། སེམས་ནང་དུ་སྡུད་པའི་ཕྱིར་དང༌། ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་དང༌། ཡང་དག་པར་སྦྱོར་བ་ལ་ངེས་པ་ནི་མི་རྙེད་བའི་ཕྱིར་རོ། །གཞན་ཡང་ཞི་གནས་དང་ལྷག་མཐོང་ལ་སྦྱོར་བའི་སྒྲིབ་པ་ནི་སྒྲིབ་པ་གཉིས་ཡིན་ལ། ཞི་གནས་ལ་ཞུགས་པའི་ནི་ཞུམ་པའི་སྐྱོན་ཡོད་པའི་ཕྱིར་ཞི་གནས་ཀྱི་སྒྲིབ་པ་ནི་གཅིག་ཡིན་ཞིང༌། ལྷག་མཐོང་ལ་ཞུགས་པ་ཡིན་ན་ནི་རྣམ་པར་མ་ཞི་བ་དང༌། མ་ངེས་པའི་སྐྱོན་ཡོད་པའི་ཕྱིར་ལྷག་མཐོང་གི་སྒྲིབ་པ་ནི་གཉིས་སོ། །གཞན་ཡང་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཉིས་ཏེ། འདོད་ཆགས་དང༌། ཞེ་སྡང་གཉིས་ཀྱིས་འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་ཡང་གཉིས་ཏེ། སེམས་ནང་དུ་སྡུད་པའི་ཕྱིར་དང༌། ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་རོ། །ཤེས་རབ་ཀྱི་སྒྲིབ་པ་ནི་གཅིག་སྟེ། ཡང་དག་པར་ངེས་པ་མི་རྙེད་པའི་ཕྱིར་རོ། །ལུང་ལས་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཅིག་སྟེ།


DTG136_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །གདམས་ངག་གི་སྒྲིབ་པ་ཡང་གཅིག་སྟེ། དེས་ཚིག་མི་བཟོད་པའི་ཕྱིར་རོ། །ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་དུས་དག་ཏུ་སྟེ་འགྲུབ་པའི་སྒྲིབ་པ་གསུམ་མོ་ཞེས་འབྱུང་ངོ༌། །སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་དང༌། རྗེས་སུ་འཇུག་པར་བྱེད་པའི་རྒྱུ་སྟོན་པ་ཡིན་ཏེ། ཆགས་པ་ལ་སོགས་པ་གང་དང་དུ་ལེན་པ་ན་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དང༌། གང་གིས་མི་འཛེམ་པ་ན་ཉེས་པར་སྤྱོད་པ་ལས་མི་ལྡོག་པ་ཡིན་ནོ། །དེ་ལྟར་ན་དེ་བྱས་པ་དང་བསགས་པའི་ཡིན་ནོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་ཀུན་ཏུ་སྤྱོད་པའི་གནས་སྐབས་དང་ཟིལ་གྱིས་གནོན་པའི་གནས་སྐབས་ཀྱང་ཡིན་པར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ཆགས་པ་དང་ཆགས་པས་ཟིལ་གྱིས་གནོན་པ་ཞེས་བྱ་བ་གསུངས་ཏེ། ཟིལ་གྱིས་མ་ནོན་ན་ནི་དེས་དེ་ལས་སྐྱེས་པའི་ལས་སློང་བར་མི་བྱེད་དོ། །གཞན་ཡང་སྦྱོར་བའི་གནས་སྐབས་དང་མཐར་ཐུག་པའི་གནས་སྐབས་ཀྱང་ཡིན་ནོ། །ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་གང་ཡིན་ཞེ་ན། ཆགས་པ་ལ་སོགས་པ་གང་གིས་གཞན་གྱི་རྫས་བདག་གིར་བྱ་བ་ལ་སོགས་པ་ཕྱིས་ངེས་པ་རྙེད་པའོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་ལ་བྱེད་པ་དང་སྨྲ་བ་དང་རྟོག་པའི་གཞི་སེམས་ཀྱི་ཀུན་འབྱུང་བ་དག་གོ །དེ་ལྟ་ན་ནི་དཀར་པོའི་ཕྱོགས་ལ་ཡང་ཀུན་འབྱུང་བ་སྨོས་པར་འགྱུར་རོ། །རྣམ་གྲངས་དང་པོ་དག་ཏུ་ནི་གཞི་ཟད་པ་ཞེས་འབྱུང་བ་ཉིད་ཀྱིས་ཀུན་འབྱུང་བ་ཟད་པ་ཡང་རབ་ཏུ་གྲུབ་པའི་ཕྱིར་ན་མི་འགྱུར་ལ། བཙུན་པ་འོད་སྲུངས་པའི་གཞུང་ལས། གཞི་གསུམ་དག་ནི་ལས་ཀུན་འབྱུང་བར་བྱ་བའི་ཕྱིར་ཞེས་འདོན་པ་དེ་དག་གི་ལྟར་ན་ཟློས་པའི་སྐྱོན་ཡང་མེད་པ་ཁོ་ན་ཡིན་ནོ། །མ་ཆགས་པ་ལ་སོགས་པ་ཡང་དགེ་བའི་རྩ་བ་ཡིན་པའི་ཕྱིར་ལས་ཀྱི་གཞི་དང༌། ཀུན་འབྱུང་བ་དག་ཅེས་ཅིའི་ཕྱིར་མི་སྨོས་ཤེ་ན། ཆགས་པ་ལ་སོགས་པའི་གཉེན་པོ་


DTG136_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ནི་དེ་དག་གི་གཉེན་པོ་ཡང་དག་པར་མ་བསྟན་པར་འགྱུར་རོ། །དེ་ལྟར་ན་རྣམ་པར་རྟོག་པ་འདི་དག་ནི་མི་དགེ་བ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། འཕགས་པ་མ་ཡིན་པ་རྣམས་དང༌། དོན་མེད་པ་དང་ལྡན་པ་རྣམས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མི་དགེ་བ་རྣམས་ནི་འབྲས་བུ་མི་སྡུག་པའི་ཕྱིར་རོ། །སྡུག་བསྔལ་བ་རྣམས་ནི་མཐོང་བའི་ཆོས་ལ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །འཕགས་པ་མ་ཡིན་པ་རྣམས་ནི་དགེ་བའི་ཆོས་ཡོངས་སུ་ཉམས་པར་འགྱུར་བ་ཉིད་ཀྱིས་རྣམ་པར་བྱང་བ་དང་འགལ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །དོན་མེད་པ་དང་ལྡན་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཕྱིར་རོ། །མི་དག་གི་འདོད་པ་རྣམས་ནི་མི་གཙང་བ་རྣམས་དང༌། དྲི་མི་ཞིམ་པ་རྣམས་དང༌། དྲིང་བ་རྣམས་དང༌། དྲི་མི་མཐུན་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འཁྲིག་པའི་གཞིའི་འདོད་པ་རྣམས་ནི་མི་གཙང་བ་རྣམས་ཏེ། ལུས་དྲི་མ་ཅན་དུ་འགྱུར་བ་ཉིད་ཀྱིས་བཀྲུ་དགོས་པའི་ཕྱིར་རོ། །དྲི་མི་ཞིམ་པ་རྣམས་ནི་གཅིན་དང་ཕྱི་ས་འཛག་པའི་ཕྱིར་རོ། །དྲི་ང་བ་རྣམས་ནི་རང་བཞིན་གྱི་ཤ་དང་ཁྲག་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མི་མཐུན་པ་རྣམས་ནི་རྫས་རེ་རེ་ཡང་སྐྱུག་བྲོ་བའི་གཞི་ཡིན་པའི་ཕྱིར་དང༌། འཁྲིག་པ་བསྟེན་པའི་མཇུག་ཏུ་མི་མཐུན་པ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ན་ཚིག་གཅིག་དང་གཅིག་དང་གཉིས་ཀྱིས་འདོད་པ་རྣམས་ཀྱི་འབྲེལ་བ་དང༌། འཛག་པ་དང༌། རང་གི་མཚན་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་པ་ཡིན་ནོ། །འདིར་ཡང༌། འདི་ལྟར་འདོད་པ་མི་གཙང་རྣམས། །དྲི་མར་འགྱུར་ནས་བཀྲུ་བྱ་དང༌། །ཆུ་སེར་གཅིན་རྒྱགས་དྲི་མི་ཞིམ། །དྲི་ང་རྣམས་ནི་རང་བཞིན་གྱིས། །མི་མཐུན་རྣམས་ནི་རྫས་རེ་ཡང༌། །གང་ཕྱིར་དེ་དག་སྨད་པ་དང༌། །འཁྲིག་པ་བསྟེན་པའི་མཇུག་ཏུ་ཡང༌། །མི་མཐུན་པ་ནི་སྐྱེ་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །གཞན་ཡང་མི་གཙང་བ་ཉིད་རྣམ་པ་གཉིས་ཏེ། རྣག་མི་གཙང་བ་ཉིད་དང༌། ཉོན་མོངས་པ་མི་གཙང་བ་ཉིད་དེ། ཇི་སྐད་དུ། ལུས་འདི་ཉིད་མི་གཙང་བ་རྣམ་པ་སྣ་


DTG136_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་གང་བར་སོ་སོར་རྟོག་གོ་ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་མི་གཙང་བ་ཉིད་ནི་ཇི་སྐད་དུ། མི་གང་ཅུང་མི་གཙང་བར་བྱེད་པ་ཞེས་འབྱུང་བ་ལྟ་བུའོ། །དེའི་ཕྱིར་རང་མི་གཙང་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དྲི་མི་ཞིམ་པ་རྣམས་ཞེས་བྱ་བ་གསུངས་སོ། །དྲི་མི་ཞིམ་པ་ཉིད་ཀྱི་རྣམ་པའི་ཁྱད་པར་བསྟན་པའི་ཕྱིར་དྲི་ང་བ་རྣམས་ཞེས་བྱ་བ་གསུངས་སོ། །མི་མཐུན་པ་རྣམས་ནི་སྔ་མ་བཞིན་ནོ། །མི་གཙང་བ་མ་བརྗོད་ན་ནི་རྣག་མི་གཙང་བ་ཉིད་ཀྱིས་དྲི་མི་ཞིམ་པའི་མཚན་ཉིད་མ་བསྟན་པར་འགྱུར་བས་སོ། །དྲི་མི་ཞིམ་པ་མ་བརྗོད་ན་ནི་དྲི་ང་བ་སྨད་པ་ཉིད་དུ་མ་བསྟན་པར་འགྱུར་བས་སོ། །ལུང་ལས་ནི་མི་གཙང་བ་རྣམས་ནི་བསྟན་པ་ཡིན་ལ། །ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་མདོར་ན་འདོད་པ་དག་ནི་རྣམ་པ་གཉིས་དག་སྟེ། ཁ་ཟས་ཀྱི་འདོད་པ་རྣམས་དང༌། འཁྲིག་པའི་འདོད་པ་རྣམས་ཏེ། ཇི་སྐད་དུ་རལ་པ་ཅན་གྱི་མདོ་སྡེ་ལས། ཟས་རྣམས་དང་ནི་སྐོམ་རྣམས་དང་ཡང་དེ་བཞིན་རོ་རྣམས་དང༌། །བུད་མེད་རྣམས་ནི་འདོད་རྣམས་ཡིན་ཞེས་འདི་ན་ཁ་ཅིག་འཆི། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཁ་ཟས་ཀྱི་འདོད་པ་རྣམས་ནི་ཡོངས་སུ་འགྱུར་བ་ཉིད་ཀྱིས་དྲི་མི་ཞིམ་པ་རྣམས་དང༌། དྲི་ང་བ་རྣམས་ཏེ། གཅིན་དང་ཕྱི་སའི་དངོས་པོ་དང༌། ཤ་ལ་སོགས་པའི་དངོས་པོར་ཡོངས་སུ་འགྱུར་བའི་ཕྱིར་རོ། །འཁྲིག་པའི་འདོད་པ་རྣམས་ནི་ཡོངས་སུ་འགྱུར་བ་ཉིད་ཀྱིས་མི་མཐུན་པ་རྣམས་ཏེ། ཡོངས་སུ་གདུང་བ་དང་བྲལ་ན་མི་མཐུན་པ་སྐྱེ་བའི་ཕྱིར་རོ་ཞེས་འབྱུང་ངོ༌། །འདོད་པའི་རྒྱུ་དང་འདོད་པའི་གཞི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པའི་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུན་པ་དང་འདོད་ཆགས་སོ། །གཞིའི་འདོད་པ་ཡང་རྣམ་པ་གཉིས་ཏེ། ཐོབ་པ་དང༌། མ་ཐོབ་པའོ། །དེ་ལ་འདོད་པའི་རྒྱུ་དང་འདོད་པའི་གཞི་ཉོན་མོངས་པའི་འདོད་པ་རྣམ་པ་གཉིས་ཀྱིས་སོ། །འདོད་པའི་དབང་དུ་བྱ་བ་དང༌། འདོད་པ་རྣམས་ཁོ་ནའི་རྒྱུས་ཞེས་བྱ་བ་ནི་གཞིའི་འདོད་པ་རྣམ་པ་གཉིས་ཀྱི་དོན་དུ་སྟེ། དེ་ལྟར་ན་རྒྱུ་གང་གིས་གང་གི་དོན་དུ་རྩོད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །ཆགས་པ་དང༌། ཞེན་པ་དང༌། འཆུམས་པ་དང༌། མདུད་བ་བོར་


DTG136_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བརྒྱལ་བ་དང༌། ལྷག་པར་ཆགས་པ་དང༌། ལྷག་པར་ཞེན་པར་གྱུར་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར་དང༌། སྐྱེས་པ་དང་དུ་ལེན་པའི་ཕྱིར་དང༌། ཐོབ་པ་དང་ལོངས་སྤྱོད་འདོད་པའི་ཕྱིར་དང༌། དེའི་ཐབས་ལ་ལན་མང་དུ་རྗེས་སུ་རྣམ་པར་རྟོག་པའི་ཕྱིར་དང༌། ཉེས་དམིགས་མི་མཐོང་བའི་ཕྱིར་དང༌། ཡོངས་སུ་བཟུང་བ་ལ་ཀུན་ཏུ་འཛིན་པ་སྐྱེ་བའི་ཕྱིར་དང༌། མི་ཚིམ་པ་ཉིད་ཀྱི་རྒྱུས་དེ་བསྟེན་པ་ལ་སེམས་གཞོལ་བས་ལན་མང་དུ་གནས་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ། །འདོད་པ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། ཀུན་ཏུ་སྤྱོད་པ་དང༌། དང་དུ་ལེན་པ་དང༌། ཟིལ་གྱིས་གནོན་པ་དང༌། དེས་མི་འཛེམ་པ་དང༌། དེ་ལ་ཀུན་ཏུ་དགའ་བ་ཉིད་དང་གོ་རིམས་བཞིན་ནོ། །གཞན་ཡང་རང་གི་འདོད་པ་ལ་མངོན་པར་དགའ་བ་དང༌། ཡོངས་སུ་བཟུང་བ་དང༌། མི་འབྲལ་བར་འདོད་པ་དང༌། གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་དང༌། ཀུན་ཏུ་འདོད་ཆགས་པ་གཉིས་ཏེ། འདོད་པ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་དང་གོ་རིམས་བཞིན་ནོ། །ལྟ་བ་རྣམས་ལ་ཡང་ལྟ་བ་ལ་འདོད་ཆགས་པ་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་ནི་དེ་བཞིན་ནོ། །ལྟ་བ་ནི་མི་མཐུན་པ་རྣམས་ཡིན་ན་ནི་རང་གི་ལྟ་བར་མངོན་པར་དགའ་བར་བྱེད་པས་ཡོངས་སུ་ཞེན་པའོ། །ལྟ་བ་མཐུན་པ་དག་ཡིན་ན་ནི་དེའི་ལྟ་བ་ལ་རྗེས་སུ་ཆགས་པས་ཀུན་ཏུ་འདོད་ཆགས་སུ་རིག་པར་བྱའོ། །དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་གསུངས་པ་ཡིན་ཀྱང་ཉེས་པ་མེད་དེ། དགོས་པ་དང་བཅས་པ་ཡིན་པའི་ཕྱིར་སྔར་ཇི་སྐད་བཤད་པ་ལྟ་བུའོ། །དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ་མེད། ཆོས་སྤྱོད་པ་མེད། བསོད་ནམས་སྤྱོད་པ་མེད། དགེ་བ་སྤྱོད་པ་མེད། དགེ་ལེགས་སྤྱོད་པ་མེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མདོ་སྡེའི་དོན་ཚོལ་བ་དང༌། ཉན་


DTG136_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སེམས་པ་དང༌། རབ་ཏུ་སྟོན་པ་དག་ནི་དོན་སྤྱོད་པའོ། །ཆོས་ཚོལ་བ་དང་ཉན་པ་དང་ཀློག་པ་དང་འདོན་པ་དང་སྟོན་པ་ནི་ཆོས་སྤྱོད་པའོ། །དེ་གཉིས་ཀ་ལ་བརྟེན་ནས་མངོན་པར་མཐོ་བ་ལས་བརྩམས་ཏེ། བསོད་ནམས་ཀྱི་ལས་བྱེད་པ་ནི་བསོད་ནམས་སྤྱོད་པའོ། །མི་གཡོ་བའི་ལས་བྱེད་པ་ནི་དགེ་བ་སྤྱོད་པ་སྟེ་མི་དགེ་བ་སྤངས་པའི་ཕྱིར་རོ། །ངེས་པར་ལེགས་པ་ལས་བརྩམས་ཏེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་དགེ་ལེགས་སྤྱོད་པ་སྟེ། དྲི་མ་མེད་པའི་ཕྱིར་དང༌། ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་རོ། །གཞན་ཡང་སྦྱིན་པ་ནི་བསོད་ནམས་སྤྱོད་པའོ། །ཚུལ་ཁྲིམས་ནི་དགེ་བ་སྤྱོད་པ་སྟེ། བདེ་བའི་དོན་གྱིས་ན་གཞན་ལ་མི་གནོད་པའི་ཕྱིར་རོ། །སྒོམ་པ་ནི་དགེ་ལེགས་སྤྱོད་པའོ། །དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་ཞེས་བྱ་བའི་མདོ་སྡེའི་དུམ་བུའོ། །དེ་ལ་སྣོད་ཆེ་བ་ཉིད་ཀྱི་ཕྱིར་ཆུ་གཏེར་ཆེན་པོའོ། །ཡེ་ནས་ཆུ་ཆེ་བ་ཉིད་ཀྱི་ཕྱིར་ཆུའི་ཆུ་བོ་ཆེན་པོའོ། །ཆུ་ཀླུང་སྣ་ཚོགས་ནས་གློ་བུར་དུ་འབབ་པའི་ཕྱིར་ཆུའི་ཚོགས་ཆེན་པོའོ། །སྐབས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་ཆུའི་ཆུ་ཆེན་པོ་སྟེ། རྟག་ཏུ་ཆུར་འདུག་པའི་ཕྱིར་རོ། །ལུང་ལས་ནི་ཆུ་ཆེན་པོ་སྡུད་པའི་དོན་དང༌། མི་སྐྱེ་བའི་དོན་དང༌། གཅིག་ཏུ་འགྱུར་བའི་དོན་དང༌། མི་ཟད་པའི་དོན་གྱིས་ཆུ་གཏེར་ཆེན་པོ་དང༌། ཆུའི་ཆུ་ཆེན་པོའི་བར་དག་ཡིན་ནོ་ཞེས་འབྱུང་ངོ༌། །ཐགས་འཁྲུགས་པ་ལྟ་བུ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་ལ་སྲེད་པས་ཕན་ཚུན་དུ་སེམས་འཕྲོག་པ་ཉིད་ཀྱི་ཕྱིར་ཐགས་འཁྲུགས་པ་ལྟ་བུའོ། །དེ་དང་འབྲེལ་པའི་རྣམ་པར་རྟོག་པ་མང་དུ་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་དཀའ་བ་ཉིད་ཀྱིས་གྲུ་བུ་འཛིངས་པ་ལྟ་བུའོ། །དེ་ཡོངས་སུ་བཟུང་བ་ལ་ཀུན་ཏུ་འཛིན་པས་སྡུག་བསྔལ་མང་པོས་གཟིར་བའི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རྩྭ་མུན་ཛ་དང༌། བལ་བ་ཛ་ལྟ་བུར་གྱུར་པའོ། །ལྟ་བུ་དང་གྱུར་པའི་སྒྲ་གཉིས་ནི་རྣམ་པའི་དོན་ནམ། དཔེའི་དོན་གཉིས་སུ་རིག་པར་བྱའོ། །དེ་ལྟར་ན་འདུན་པ་དང་རྣམ་པར་རྟོག་པ་དང༌། ལྷག་པར་ཞེན་པ་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་ཐགས་འཁྲུགས་པ་ལྟ་


DTG136_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཕྲད་པ་དང་མི་འབྲལ་བ་ལ་སྲེད་པ་དང༌། ཉེས་དམིགས་ཀྱི་གནོད་པ་དང་ལྡན་པའི་ཕྱིར་ཡང་གོ་རིམས་བཞིན་ནོ། །སྡུག་བསྔལ་བ་མི་བཟད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྡུག་བསྔལ་བ་ནི་རང་བཞིན་གྱིས་མི་མཐུན་པ་ཉིད་ཀྱིས་སོ། །མི་ཟད་པ་ནི་ཆེ་བ་ཉིད་ཀྱིས་སོ། །རྩུབ་པ་ནི་རྟག་ཏུ་རྩེ་མི་འཇིལ་བའི་རྒྱུན་ཉིད་ཀྱིས་སོ། །ཚ་བ་ནི་ཕྲད་པའི་དུས་ན་མི་བཟོད་པ་ཉིད་ཀྱིས་སོ། །ཡིད་དུ་མི་འོང་བ་ནི་དྲན་པའི་དུས་ན་བརྗོད་དུ་མི་སྟོང་བ་ཉིད་ཀྱིས་སོ། །སྲོག་འཕྲོག་པ་ནི་སྲོག་གི་དབང་པོ་དང་འགལ་བ་ཉིད་ཀྱིས་སོ། །མདོར་ན་རང་བཞིན་དང༌། རྣམ་པ་དང༌། གནས་པ་དང༌། ལས་ཀྱི་ཁྱད་པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་དོ། །དེ་ལ་ལས་ཀྱི་ཁྱད་པར་ནི་ལུས་དང་སེམས་དང་སྲོག་ལ་གནོད་པ་ཉིད་ཀྱིས་རིག་པར་བྱའོ། །གང་ལས་དྲག་པ་སྡུག་བསྔལ་བ་ཞེས་འབྱུང་བ་དེར་ནི་རང་བཞིན་ལ་སོགས་པའི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་དོ། །འབྲལ་ཞིང་མི་སྐྱེ་ལ་ཞེས་བྱ་བ་ནི་འབྲལ་བའམ་མི་ལྡན་པ་འདྲི་བ་ཡིན་ནོ། །དེ་འབྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་ནི་སྐབས་སྐབས་སུ་དེ་ཡོད་པར་འདྲི་བའོ། །ཡང་ན་མ་ལུས་པར་བྲལ་བ་དང་མི་ལྡན་པའི་སྐབས་འདྲི་བའོ། །སྡུག་བསྔལ་ཉིད་གསུམ་སྟེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །གཞན་དུ་འགྱུར་བའི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ནོ། །ཇི་སྐད་དུ། འདུ་བྱེད་སྡུག་བསྔལ་ཉིད་དང་ནི། །འགྱུར་བ་ཉིད་དུ་མཁྱེན་ནས་ནི། །རྫོགས་སངས་རབ་ཏུ་མཁྱེན་པ་ཡིས། །ཚོར་བ་སྡུག་བསྔལ་ཉིད་དུ་གསུངས། །ཞེས་བྱ་བ་ནི་གང་ཞིག་སྡུག་བསྔལ་ཉིད་དགོངས་པ་ཅན་ཡིན་པ་དེའི་དགོངས་པ་སྟོན་པ་ཡིན་ནོ། །ལུང་ལས་ནི་རང་དང་སྤྱིའི་མཚན་ཉིད་གཉིས་ཀྱིས་རང་བཞིན་གྱིས་སྡུག་བསྔལ་ཉིད་ཀྱི་དབང་དུ་མཛད་དེ། སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གཉིས་གསུངས་ལ། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་དབང་དུ་


DTG136_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས་ནི། འགྱུར་བའི་སྡུག་བསྔལ་ཉིད་གསུངས་སོ་ཞེས་འབྱུང་ངོ༌། །སྲོག་གཅོད་པ་དང་དྲག་ཤུལ་ཅན་དང་ལག་པ་ཁྲག་དམར་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསད་པའི་བསམ་པ་ཉིད་དང༌། བསད་པར་སྦྱོར་བ་ཉིད་དང༌། དེ་གཉིས་ཀ་ལ་མངོན་པར་དགའ་བ་ཉིད་དང༌། དེའི་གཞི་ཉིད་དང༌། དེ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་སྲོག་གཅོད་པ་ཡོངས་སུ་བསྟན་ཏོ། །དེའི་གཞི་ཡང་ཁ་ན་མ་ཐོ་བ་དེ་ལ་ངོ་ཚ་བ་མེད་པ་དང༌། སྙིང་མི་བརྩེ་བ་ཡང་ཡིན་ཏེ། སྲོག་ཆགས་ཕྲ་མོ་སྡུག་བསྔལ་བ་མི་མཁོ་བ་རྣམས་ལ་ཡང་ངོ༌། །དེ་དང་རྗེས་སུ་འབྲེལ་པ་ཉིད་ནི་ཇི་སྲིད་དུ་མི་སྤོང་བའོ། །གསོད་པ་ནི་གསོད་པར་བྱེད་པ་སྟེ་འཆི་བར་བྱེད་པ་ཞེས་བྱའོ། །རབ་ཏུ་གསོད་པ་ནི་རྣམ་པ་ནས་གསོད་པ་སྟེ། རྣམ་པ་རེ་རེ་ནས་འཆི་བར་བྱེད་པའོ། །རྣམ་གྲངས་གཞན་ཡང་དྲག་ཤུལ་ཅན་ཉིད་ཀྱིས་ནི་ཤན་པ་ལ་སོགས་པའི་སྲོག་གཅོད་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ནོ། །དྲག་ཤུལ་ཅན་ཉིད་ཀྱང་ལུས་དྲག་ཤུལ་ཅན་ཉིད་དང༌། སེམས་དྲག་ཤུལ་ཅན་ཉིད་དང༌། དེར་གཅིག་ཏུ་ངེས་པ་ཉིད་དང༌། དེར་གཏན་དུ་བ་ཉིད་ཀྱིས་སྟོན་པར་བྱེད་དོ། །དེ་ལ་ངོ་ཚ་བ་མེད་པ་ཉིད་དང༌། སྙིང་མི་བརྩེ་བ་དང་ལྡན་པ་ཉིད་ཀྱིས་ནི་དེར་གཅིག་ཏུ་ངེས་པ་ཉིད་ཡིན་ལ། མི་སྤོང་བ་ཉིད་ཀྱིས་ནི་དེར་བསྟན་དུ་བ་ཉིད་ཡིན་པར་རིག་པར་བྱའོ། །དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །གསོན་པ་རྣམས་ལས་གཉིད་ལོག་པར་སྟོང་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྟག་མ་རྣམས་ནི་བཤད་པ་ཡིན་ནོ། །དེ་ལ་གང་དག་ལ་གཉིད་མི་འབྱུང་བ་གསོན་པའི་བྱ་བ་དག་ནི་རྣམ་པ་བཞི་སྟེ། གསོན་པ་དག་ནི་བརྩོན་འགྲུས་རྩོམ། །དེ་ལས་ཕྱི་མར་འབྲས་བུ་དང༌། །དགེ་སྦྱོང་ཚུལ་དོན་རྣམས་གཞན་ཡང༌། །འདི་ཡི་ལོངས་སྤྱོད་བདེ་བ་འབྱུང༌། །དེ་དག་ཕྱིར་གཉིད་ལོག་པ་ཡི། །སྲོག་ནི་གསོག་དང་འབྲས་མེད་དང༌། །དོན་མེད་པ་དང་དེ་བཞིན་དུ། །ཕན་ཡོན་མེད་པ་ཉིད་དུ་འདོད། །གཞན་ཡང་སྐྱེས་བུའི་རྩལ་མེད་པའི་ཕྱིར་གསོག་ཡིན་ན། ཕལ་ཆེར་རྣམ་པར་སྨིན་པར་མི་འགྱུར་བའི་ཕྱིར་འབྲས་བུ་མེད་པའོ། །ཡང་དག་པ་ཡུལ་དུ་མ་གྱུར་པ་ཉིད་ཀྱི་ཕྱིར་དོན་མེད་པའོ། །


DTG136_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་ཡིན་པར་གཉིད་ལོག་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་འདུ་བྱེད་པའི་ཕྱིར་ཕན་ཡོན་མེད་པའོ། །རྣམ་གྲངས་གཞན་ཡང་གཉིད་ཀྱི་གནས་སྐབས་སེམས་མེད་པ་ནི་སྟོང་པ་ཡིན་ལ། གཉིད་ཀྱི་གནས་སྐབས་སེམས་དང་བཅས་པ་ནི་ལྷག་མ་སྟེ་སྔ་མ་བཞིན་ནོ། །བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བྱིས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་བཤད་པ་ཡིན་ཏེ། མི་ཤེས་པ་དང༌། ཐེ་ཚོམ་དང༌། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཚུལ་བཞིན་ཡིན་པ་ལ་མཁས་པ་ནི་མི་མཁས་པའོ། །རྣམ་གྲངས་གཞན་ཡང་གཉིས་ཏེ། བྱིས་པ་ནི་ཉེས་པར་བསམས་པ་སེམས་པ་ལ་སོགས་པས་སོ། །རྨོངས་པ་དང་མི་གསལ་བ་དང་མི་མཁས་པ་ནི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་གོ་རིམས་བཞིན་ནོ། །ལྷན་ཅིག་སྐྱེས་པ་དང༌། ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལ་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་ཡང་བྱིས་པ་ནས་མི་མཁས་པའི་བར་རོ། །བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ནི་གོ་རིམས་བཞིན་དུ་མི་ཤེས་པ་དང༌། ཐེ་ཚོམ་དང༌། ལོག་པའི་ཤེས་པ་དང་ལྡན་པ་ལས་རིག་པར་བྱའོ། །གཞན་ཡང་ཤེས་རབ་མ་བྱང་བ་དང༌། ཞན་པ་དང༌། ལོག་པ་རྣམས་དང་གོ་རིམས་བཞིན་ནོ། །གཞན་ཡང་རང་གིས་ལེགས་པར་བཤད་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཤེས་བར་མི་ནུས་པ་ཉིད་ཀྱི་ཕྱིར་བྱིས་པའི་རང་བཞིན་ཅན་ནོ། །ཐོས་ཀྱང་མི་ནུས་པ་ཉིད་ཀྱི་ཕྱིར་རྨོངས་པའི་རང་བཞིན་ཅན་ནོ། །ཕྱིན་ཅི་ལོག་ཏུ་མངོན་དུ་ཞེན་པའི་ཕྱིར་ཤེས་རབ་འཆལ་བའི་རང་བཞིན་ཅན་ནོ། །གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་གཟུགས་མི་རྟག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་བར་གྱིས་ནི་ལུས་སྐྱེ་བ་དང་འཇིག་པ་ཉིད་སྟོན་པར་བྱེད་ལ། མི་བརྟན་པས་ནི་དུས་ཡུན་མི་རིང་བར་འཇིག་པ་ཉིད་དོ། །ཡང་


DTG136_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བརྟན་དུ་མི་རུང་བ་ལས་ནི་དུས་མ་ངེས་པར་འཇིག་པ་ཉིད་དོ། །འགྱུར་བའི་ཆོས་ཅན་གྱིས་ནི་གནས་སྐབས་མི་འདྲ་བ་ཉིད་ཀྱིས་འཇིག་པ་ཉིད་ཡིན་ཏེ། གནས་སྐབས་མི་འདོད་པ་ཉིད་དུ་འགྲོ་བའི་ཕྱིར་རོ། །གཅིག་གིས་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་དང་ལྡན་པར་སྟན་པར་བྱེད་ལ། གཉིས་ཀྱིས་ནི་གནས་པའི་ཁྱད་པར་ཏེ། རྒྱུན་ནི་ཡུན་མི་རིང་བ་དང༌། དུས་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །བཞི་པས་ནི་གནས་པ་དེ་ཉིད་གཞན་དུ་འགྱུར་བ་ཉིད་དོ། །གཞན་ཡང་གཅིག་གིས་ནི་ལུས་མི་འཇིག་པར་འགོག་པར་བྱེད་ལ། གཉིས་པས་ནི་ཡུན་རིང་པོ་ནས་འཇིག་པའོ། །གསུམ་པས་ནི་དུས་ངེས་པར་འཇིག་པའོ། །བཞི་པས་ནི་འགྱུར་བ་མེད་པར་འཇིག་པའོ། །གཞན་ཡང་གཅིག་གིས་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་སྟོན་པར་བྱེད་ལ། གཉིས་ཀྱིས་ནི་རྒྱུན་གྱི་འཇིག་པའི་མི་རྟག་པ་ཉིད་དེ་རིས་མཐུན་པ་ལས་ཡུན་རིང་དུ་མི་གནས་པ་ཉིད་ཀྱི་ཕྱིར་དང༌། དུས་མ་ཡིན་པར་འཆི་སྲིད་པའི་ཕྱིར་རོ། །བཞི་པས་ནི་འགྱུར་བའི་མི་རྟག་པ་ཉིད་དོ། །དང་པོ་ནི་རང་གི་སྒྲས་བསྟན་པ་ཡིན་ཏེ། དོན་དམ་པ་པ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། མི་འཇིག་ཡུན་རིང་འཇིག་པ་དང༌། །དུས་དང་འགྱུར་བ་མེད་པ་བཀག །སྐད་ཅིག་དང་ནི་ཚེ་དང་ནི། །འགྱུར་ཟད་རྣམ་པ་གསུམ་ཡང་བསྟན།། །།བམ་པོ་གསུམ་པ། གཟུགས་གང་རྟག་པ་དང༌། བརྟན་པ་དང་ཐེར་ཟུག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྟག་པ་ནི་མི་རྟག་པ་ཉིད་མེད་པའི་ཕྱིར་རོ། །བརྟན་པ་ནི་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་ཏེ་དུས་གཞན་དུ་གནས་པ་ཉིད་ཀྱིས་སོ། །ཐེར་ཟུག་ནི་རྒྱུད་འཇིག་པ་མེད་པའི་ཕྱིར་རོ། །མི་འགྱུར་བའི་ཆོས་ཅན་ནི་འགྱུར་བ་མེད་པའི་ཕྱིར་རོ། །ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་སྟེ། རྣམ་པ་སྔ་མ་མི་སྲིད་ན་ཕྱི་མ་འདྲི་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་སྐད་ཅིག་མར་འཇིག་པ་ལ་སོགས་པ་མེད་པའི་ཕྱིར་ཡང་བརྟན་པ་ལ་སོགས་པར་རྟག་པ་ཉིད་འདྲི་བར་བྱེད་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་རྟག་པ་ནི་ཐེར་ཟུག་གི་དོན་གྱིས་ཡིན་ལ། བརྟན་


DTG136_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མི་འགྱུར་བའི་དོན་གྱིས་ཡིན་ཏེ། ཚིག་གཉིས་ནི་ཚིག་གཉིས་ཀྱིས་རྣམ་པར་བཤད་པ་ཡིན་པར་ཡང་འོག་ནས་བསྟན་པར་བྱའོ། །འཕགས་པ་ཉན་ཐོས་ཤེས་ནས་དད་པ་གཞི་དག་དང་ལྡན་པ་ནི་འཚོ་བ་དག་གིས་དབུལ་པ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འཕགས་པའི་ནོར་བདུན་དང་ལྡན་པའི་ཕྱིར་འཚོ་བ་དག་གིས་དབུལ་བ་མ་ཡིན་ནོ། །འཚོ་བ་མེད་པའི་འཇིགས་པ་སྤངས་པའི་ཕྱིར་བཀྲེན་པ་མ་ཡིན་ནོ། །ལོག་པའི་འཚོ་བ་སྤངས་པའི་ཕྱིར་ཕོངས་པ་མ་ཡིན་ནོ། །ནོར་དང་སེམས་དང་འཚོ་བ་ངན་པ་དང་ལྡན་པའི་ཕྱིར་ནི་དབུལ་བ་དང༌། བཀྲེན་པ་དང༌། ཕོངས་པ་ཉིད་དུ་རིག་པར་བྱའོ། །གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཞིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདུ་བྱེད་པས་ཟིན་པ་ནི་ཡུན་རིང་པོ་ནས་མངོན་སུམ་འགྱུར་བའི་ཕྱིར་རོ། །ཆུ་བཞིན་དུ་འཚོར་བ་ནི་མྱུར་བར་འབྲལ་བའི་ཕྱིར་རོ། །ཆོས་ཉིད་ཀྱིས་ཟིན་པ་ནི་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཞི་བ་མ་ཡིན་པ་ནི་དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པའི་ཉོན་མོངས་པ་ཤིན་ཏུ་མ་ཐུལ་བའི་ཕྱིར་རོ། །གྱ་ནོམ་པ་མ་ཡིན་པ་ནི་རང་གི་ས་པའི་ཉོན་མོངས་པ་དང་འདྲེས་པ་ཉིད་ཀྱི་ཕྱིར་རོ། །ལམ་བག་ཡངས་སུ་གྱུར་པ་ཐོབ་པ་མ་ཡིན་པ་ནི་ཤིན་ཏུ་མ་གོམས་པ་ཉིད་ཀྱི་རྒྱུས་རང་གི་ངང་གིས་མི་འབྱུང་བའི་ཕྱིར་རོ། །སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པ་ནི་གཡོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ནི་མ་ཞི་བ་ལ་སོགས་པའི་རྒྱུས་རིག་པར་བྱའོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །འདིར་སྨྲས་པ། མྱུར་དུ་མངོན་དུ་འགྱུར་བ་དང༌། །མྱུར་དུ་འབྲལ་བར་མི་འགྱུར་དང༌། །རྟག་ཏུ་བག་ཡོད་བསྲུང་བྱ་མིན། །དེ་ཡི་མི་མཐུན་ཕྱོགས་བཅོམ་ཕྱིར། །རང་གི་ཉོན་མོངས་མ་འདྲེས་ཕྱིར། །ཤིན་ཏུ་གོམས་འབད་མེད་འབྱུང་ཕྱིར། །འདུ་བྱེད་ཟིན་ལ་སོགས་པ་མིན། །རྒྱུད་གཅིག་ཡིན་ཏེ་མི་གཡོའི་ཕྱིར། །ལུང་ལས་ནི། མྱུར་བར་མངོན་གྱུར་ཉིད་ཀྱི་ཕྱིར། །མི་ཉམས་ཕྱིར་དང་རྟག་བསྲུང་ཕྱིར། །ཉོན་མོངས་མིན་ཕྱིར་དགེ་ཉིད་ཕྱིར། །ངང་གིས་


DTG136_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཕྱིར་ཡོངས་རྫོགས་ཕྱིར། །གོ་རིམས་བཞིན་དུ་འདུ་བྱེད་བས་མ་ཟིན་པ་ནས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པའི་བར་དུ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་དེ་ལྟར་སེམས་མཉམ་པར་གཞན་པ་ཡོངས་སུ་དག་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཡོངས་སུ་དག་པ་ནི་ཡོངས་སུ་བྱང་བའི་དོན་གྱིས་ཏེ། དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་དོན་གྱིས་ཏེ། རང་གི་ས་པའི་ཉོན་མོངས་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དྲང་པོར་གྱུར་པ་ནི་ལས་སུ་རུང་བའི་དོན་གྱིས་ཏེ། འབད་པ་མེད་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་མི་གཡོ་བ་ཐོབ་པའི་དོན་གྱིས་ཏེ། བསམ་གཏན་བཞི་པ་ན་གཡོ་བ་མེད་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་དེ་ནི་དགེ་བ་ཉིད་དང༌། ཇི་ལྟར་ན་དེ་དག་དགེ་བ་ཉིད་དང་དབང་དུ་བྱ་བ་ཉིད་དང༌། ཡོངས་སུ་གྲུབ་པ་ཉིད་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ། །རེས་འགའ་ཚིག་གཉིས་ནི་གཞན་གཉིས་ཀྱི་རྣམ་པར་འཆད་དེ། དཔེར་ན་སེམས་མགུ་བ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་སེམས་དགའ་བ་དང༌། སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་འདིས་སོ་ཞེས་འབྱུང་བ་ལྟ་བུའོ། །རེས་འགའ་ཚིག་གཅིག་གཞན་གཅིག་གིས་ཡིན་ཏེ། དཔེར་ན་ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་ཏུ་ཤེས་པར་སྐལ་བ་ཡོད་ཅིང་ནུས་པ་ཡིན་ཞེས་འབྱུང་བ་ལྟ་བུ་སྟེ། འདི་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ། །འདིར་ཡང་སྨྲས་པ། མི་མཐུན་ཕྱོགས་དྲི་གྲོལ་ཕྱིར་དང༌། །ཉོན་མོངས་མེད་སྒྲིབ་མེད་འབྱུང་ཕྱིར། །གཡོ་བ་མེད་ཕྱིར་གཉིས་པོས་ནི། །ཡོངས་དག་ལ་སོགས་རིག་པར་བྱའོ། །གཉིས་དང་གཉིས་ཀྱི་ཏིང་འཛིན་གྱིས། །དགེ་བ་ཉིད་དང་དེ་ཇི་ལྟ། །དབང་བྱ་ཉིད་དང་གྲུབ་པ་ཉིད། །མཚན་ཉིད་བཅས་པར་རབ་ཏུ་བསྟན། །རྣམ་གྲངས་གཞན་ཡང་ཡོངས་སུ་དག་པ་ནི་ཉོན་མོངས་པ་མེད་པ་དང༌། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ཏེ། གོ་རིམས་བཞིན་དུ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དང་ལྡན་པའི་འདོད་པ་རྒྱུ་བདག་དང༌། སྲེད་པ་དང༌། ལྟ་བ་


DTG136_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ང་རྒྱལ་དང༌། ཐེ་ཚོམ་གྱི་ཉེ་པའི་ཉོན་མོངས་པ་དག་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲང་པོར་གྱུར་པ་ལ་སོགས་པ་ཉིད་ཀྱིས་ཏེ། དེ་ལ་དྲང་པོར་གྱུར་པ་ནི་འབད་པ་མེད་པར་འབྱུང་བ་ཉིད་ཀྱིས་ཤིན་ཏུ་ཐུལ་པའི་ཕྱིར་རོ། །ལས་སུ་རུང་བ་ནི་མངོན་པར་ཤེས་པ་བསྒྲུབ་པར་རུང་བ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཐོབ་པ་ནི་བསམ་གཏན་བཞི་པ་ནི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདྲི་ཡང་སྨྲས་པ། གཉིས་ཀྱིས་ཡང་དག་ཡིན་ལ་ཚིག ། གཞན་དག་གིས་ནི་ཡོངས་བྱང་ཉིད། །རྙེད་འདོད་ལ་སོགས་སྲེད་ལ་སོགས། །བྲལ་ཕྱིར་ཤིན་ཏུ་ཐུལ་བའི་ཕྱིར། །མངོན་ཤེས་ཡོན་ཏན་རང་ཉིད་ཕྱིར། །ཉམས་མེད་ཕྱིར་གཡོ་ཟད་པའི་ཕྱིར། །དོན་གྲུབ་དག་གིས་གོ་རིམས་བཞིན། །ཉོན་མོངས་མེད་སོགས་ཉིད་ཤེས་བྱ། རྣམ་གྲངས་གཞན་ཡང་ཡོངས་སུ་དག་པ་ནི་དེའི་མི་མཐུན་བའི་ཕྱོགས་སུ་འོག་མ་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དེ་ཐག་རིང་དུ་བྱས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་རང་གིས་པའི་ཕྱོགས་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་དང་བྲལ་བ་ནི་དེ་ཀུན་ཏུ་རྒྱུ་བ་ཐག་རིང་དུ་བྱས་པའི་ཕྱིར་རོ། །དྲང་པོར་གྱུར་པ་ནི་འབད་པ་མེད་པ་དང་ཇི་ལྟར་འདོད་པར་འབྱུང་བའི་ཕྱིར་རོ། །ལས་སུ་རུང་བ་ནི་མངོན་པར་ཤེས་པ་རུང་པ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་མི་ཉམས་པའི་ཆ་དང་མཐུན་པའི་ཕྱིར་རོ། །མི་གཡོ་བ་ཐོབ་པ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་དང་གནས་དང་ལྡན། །ཞེས་བྱ་བ་ནི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། དེ་ལ་གནས་པ་ནི་ཇི་སྲིད་འདོད་པར་རྗེས་སུ་འཇུག་པ་ཡིན་ནོ། །ལྡང་བ་ནི་མཉམ་པར་མ་བཞག་པའི་སེམས་མངོན་དུ་གྱུར་པའམ་ས་གཞན་པའོ། །ཉམས་བདེ་བ་ནི་ལས་སུ་རུང་བ་ཉིད་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་དོ། །སྤྱོད་ཡུལ་ནི་དམིགས་པ་ཡིན་ནོ། །མངོན་པར་སྒྲུབ་པ་ནི་སྐྱེད་པ་ཡིན་ནོ། །འཕྲོད་པ་ནི་རྙེད་པ་དང་མཐུན་པ་ཡིན་ནོ། །མི་འཕྲོད་པ་ནི་དེ་དང་མི་མཐུན་པ་ཡིན་ནོ། །གཉིས་ཀ་ནི་དེ་གཉིས་ཀ་དང་བཅས་པའོ། །སྐྱེ་བ་ནི་འཕེལ་བ་


DTG136_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འབྲི་བ་ནི་འགྲིབ་པ་ཡིན་ནོ། །ཐབས་ནི་དེ་གཉིས་ཀའི་གཞི་ཡིན་ནོ། །སྲེད་པ་ཡང་སྲིད་བར་འབྱུང་བར་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མ་ལུས་པར་སྤང་བ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ་ལྷག་མ་ནི་བཤད་པ་ཡིན་ཏེ། གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ཀུན་ཏུ་བསྟན་པའི་ཕྱིར་རོ། །གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ནི་སེལ་བའི་གནས་སྐབས་དང༌། རྣམ་པར་གནོན་པའི་གནས་སྐབས་དང༌། མཐོང་བའི་ལམ་གྱི་གནས་སྐབས་དང༌། བསྒོམ་པའི་ལམ་གྱི་གནས་སྐབས་དང༌། མི་སློབ་པའི་ལམ་གྱི་གནས་སྐབས་དང༌། ཀུན་ནས་དཀྲིས་པ་དང་བྲལ་བའི་གནས་སྐབས་དང༌། བག་ལ་ཉལ་བ་དང་བྲལ་བའི་གནས་སྐབས་སོ། །སྲེད་པ་ལངས་པ་ནི་ཀུན་ནས་དཀྲིས་པ་ཡིན་ཏེ། དེས་སེམས་རྣམ་པར་མ་ཞི་བར་འདུག་གོ །དེའི་ཕྱིར་དེ་དང་བྲལ་བ་ནི་རྣམ་པར་ཞི་བ་ཡིན་ནོ། །སྲེད་པ་ཉལ་བ་ནི་ས་བོན་གྱི་གནས་སྐབས་བག་ལ་ཉལ་བ་ཡིན་ཏེ། དེ་ཡང་རྟག་ཏུ་རྒྱུད་ལས་གནས་སོ། །དེའི་ཕྱིར་དེ་དང་བྲལ་བ་ནི་ནུབ་པ་ཡིན་ནོ། །རྣམ་པ་གཅིག་ཀྱང་མ་བརྗོད་ན་སྲིད་པའི་གནས་སྐབས་ཐམས་ཅད་སྤོང་བའི་རབ་ཏུ་དབྱེ་བ་ཀུན་ཏུ་མ་བསྟན་པར་འགྱུར་བས་སོ། །དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་བརྗོད་པ་ཡིན་ཀྱང་སྐྱོན་མེད་པར་སྔར་ཇི་སྐད་བསྟན་པ་ལྟ་བུ་ཡིན་ནོ། །རྟོག་གེ་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྣམ་པ་གཉིས་ཀྱིས་རྟོག་གེ་པ་ཡིན་ཏེ། མངོན་པར་རྟོགས་པ་ཉིད་དང༌། དེའི་སྤྱོད་ཡུལ་ལས་མི་འདའ་བ་ཉིད་ཀྱིས་སོ། །དེས་ན་སྤྱོད་པ་དང༌། རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་སྨོས་སོ། །རྟོག་གེ་ལ་ཞུགས་པའི་ས་གང་ཞེ་ན། རང་གི་སྤོབས་པ་དང་ལྡན་པ་རྣམས་དང༌། སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་རྟོགས་པ་དང་ལྡན་པ་གང་ཡིན་པ་སྟེ། དེ་ཁོ་ནའི་ལུང་དང་ལྡན་པ་ཡིན་ནོ། །ས་ནི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཚིག་གཅིག་ནི་བསྟན་པ་ཡིན་ལ་གཉིས་ནི་བཤད་པ་ཡིན་ཞིང༌། ཚིག་གསུམ་ནི་བསྟན་བ་ཡིན་ལ། གསུམ་པ་ནི་བཤད་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཏོག་གེ་པ་ནི་


DTG136_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཉིད་དང༌། མཚན་ཉིད་ཉིད་ཀྱིས་ཀུན་ཏུ་བསྟན་པ་ཡིན་ནོ། །དཔྱོད་པ་བ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། ཁྱད་པར་དུ་བྱ་བའི་ཕྱིར་ཏེ་དོན་དུ་གཉེར་བ་དེ་གང་ཡིན་པ་ཡང་རྟོག་པར་བྱེད་ཅེས་བྱ་བ་ཡིན་པས་དེར་ཐལ་བར་གྱུར་ན་མི་རུང་བས་སོ། །རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ། དེ་ཡང་ཚེ་རབས་སྔ་མ་ལ་རྟོག་གེ་ལ་གོམས་པས་བསྒོམས་པའི་རྒྱུ་དང༌། དེ་ཁོ་ན་མཐོང་བ་དང་བྲལ་བ་དང༌། རྟོག་གེ་ལ་འདྲིས་པར་བྱས་པ་ཐོག་མ་མེད་པ་ནས་ཞུགས་པའོ། །གཞན་ཡང་ལུང་ལས་ནི་རྟོག་གེ་བ་སྔར་རིག་པར་བྱ་སྟེ། དེའང་ཕྱིར་བརྟག་རྟོག་ཕྱིར་དང༌། །སྔོན་གོམས་ཕྱིར་མངོན་མ་བྱས་ཕྱིར། །ལུང་ལ་མི་བརྟེན་ཉིད་ཕྱིར་དང༌། །བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང༌། །སྔོན་ཕངས་ཕྱིར་དང་ཡོངས་གཟུང་ཕྱིར། །ཡོངས་སུ་བྱ་བ་བྱས་པའི་ཕྱིར། །རྟོག་གེ་ཕུན་སུམ་རྣམ་ལྔར་འདོད། །དེ་དེ་དང་ལྡན་པ་ནི་རྟོག་གེ་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་ཡིད་ལ་བྱེད་ཕྱིར་ཞེས་བྱ་བ་ནི་བརྟག་པར་བྱ་བའི་གནས་ཡིད་ལ་བྱེད་པའི་ཕྱིར་རོ། །ཡོངས་གཟུང་ཕྱིར་ཞེས་བྱ་བ་ནི་ཚད་མའི་རིག་པ་རྣམ་པ་གསུམ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡིན་ནོ། །འཆི་བ་ནི་བཟང་པོ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཉམས་པ་དང་རྨོངས་པས་འཆི་བའི་ཕྱིར་དང༌། བསོད་ནམས་མ་བྱས་པར་འཆི་འཕོ་བའི་ཕྱིར་དང༌། འགྲོ་བ་མི་འདོད་པར་འགྲོ་བའི་ཕྱིར་གོ་རིམས་བཞིན་དུ་འཆི་བ་ནི་བཟང་པོ་མ་ཡིན། དུས་བྱེད་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །བཟློག་པའི་ཕྱིར་དགྲ་བཅོམ་པ་ནི་བཟློག་པ་སྟེ། སེམས་མ་ཉམས་པ་དང༌། མ་རྨོངས་པ་འཆི་བའི་ཕྱིར་དང༌། བསོད་ནམས་བྱས་ནས་འཆི་འཕོ་བའི་ཕྱིར་དང༌། ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་ཕྱིར་བཟང་པོ་གསུམ་ཡིན་ནོ། །ཚེར་མ་ཕྱུང་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་བསལ་བའི་ཕྱིར་ཚེར་མ་ཕྱུང་པ་རྣམས་ཡིན་ནོ། །


DTG136_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་སྟོབས་ལ་བ་རྟེན་ནས་འཇིག་རྟེན་པའི་ལམ་གྱི་ཉོན་མོངས་པའི་བག་ལ་ཉལ་འཇོམས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ། །མཐོང་བའི་ལམ་གྱིས་བག་ལ་ཉལ་གྱི་ཕྱོགས་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ། །བསྒོམ་པའི་ལམ་གྱིས་བག་ལ་ཉལ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་མེད་པ་རྣམས་ཡིན་ནོ། །གཞན་ཡང་འབྲས་བུ་དང་པོ་ལ་མཐོང་བས་སྤངས་བར་བྱ་བའི་བག་ལ་ཉལ་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་ཕྱུང་བ་རྣམས་ཡིན་ནོ། །གཉིས་པ་ལ་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བ་ཉུང་ཟད་ཅིག་ལུས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ། །གསུམ་པ་ལ་དེ་མཐའ་དག་སྤང་བའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ། །བཞི་པ་ལ་ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཚེར་མ་མེད་པ་རྣམས་ཡིན་ནོ། །དད་པ་སྐྱེས་ནས་འགྲོ་བར་བྱེད། །སོང་ན་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉན་པར་བྱེད་དོ་ཞེས་བྱ་བ་ནི་ཚིག་འབྲུ་དང་དོན་གྱིས་སོ། །སེམས་པར་བྱེད་པ་ནི་ཇི་ལྟར་ཐོས་པའི་དོན་ངེས་པར་སེམས་བའི་ཕྱིར་རོ། །འཇལ་བར་བྱེད་བ་ནི་རིགས་པ་སྟེ། ལེགས་པར་གསུངས་པ་ཉིད་ཀྱིས་ཁྱད་པར་དམིགས་ཀྱིས་འབྱེད་པའི་ཕྱིར་རོ། །ཉེ་བར་རྟོག་པར་བྱེད་པ་ནི་བསྒོམ་པའི་རྣམ་པ་སྟེ། ཇི་ལྟར་གཟུང་བའི་དོན་སོ་སོར་རྟོག་པའི་ཕྱིར་རོ། །བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་འདུ་བྱེད་པ་ནི་གནས་གྱུར་པའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ། །ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་པ་ནི་བདག་གིས་མངོན་སུམ་དུ་བྱས་སོ་ཞེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པར་འཛིན་པའི་ཕྱིར་རོ། །གཞན་ཡང་ཉན་པས་ནི་ཐོས་པ་ལས་བྱུང་བའི་ཡེ་ཤེས་སྟོན་པར་བྱེད་དོ། །སེམས་པས་ནི་བསམས་པ་ལས་བྱུང་བའོ། །འཇལ་བ་དང་ཉེ་བར་རྟོག་པ་གཉིས་ཀྱིས་ནི་མཐོང་བ་དང༌། བསྒོམ་པའི་ལམ་གྱི་བསྒོམས་པ་ལས་བྱུང་བ་སྟེ། མཐོང་བའི་ལམ་གྱིས་ནི་དེ་བཞིན་ཉིད་སོ་


DTG136_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པའི་ཕྱིར་སྒྲོ་འདོགས་པ་མེད་པ་དང་སྐུར་པ་འདེབས་པ་མེད་པ་གཉིས་ཀྱིས་མཉམ་པ་ལ་འཇོག་པར་བྱེད་པའི་ཕྱིར་འཇལ་བར་བྱེད་པ་ཡིན་ནོ། །བསྒོམ་པའི་ལམ་གྱིས་ནི་ཇི་ལྟར་འཇལ་བ་ལ་ཡང་དང་ཡང་དུ་རྟོག་པར་བྱེད་པའི་ཕྱིར་ཉེ་བར་རྟོག་པར་བྱེད་པ་ཡིན་ནོ། །བདེན་པ་དེ་ཡང་ཞེས་བྱ་བ་ནི་གང་གི་དབང་དུ་མཛད་ནས་ཆོས་བསྟན་པའི་མྱ་ངན་ལས་འདས་ཕ་ཡིན་ནོ། །ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཞེས་བྱ་བ་ནི་གནས་གྱུར་བ་ཉིད་ཀྱིས་ཏེ། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་སོ། །དེ་ལྟར་ན་དད་པ་ལ་བརྟེན་ནས་ཚོགས་དང་བཅས་པའི་ལམ་དང༌། ལམ་གྱི་འབྲས་བུ་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཀུན་ཏུ་སྟོན་པར་བྱེད་དོ། །གཞི་དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་རྒྱུན་རྒྱས་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྦྱིན་པ་པོ་ནི་གཞན་གྱི་ནོར་ཡང་བདག་གིས་སྦྱིན་པར་བྱེད་པའོ། །སྦྱིན་བདག་ནི་གང་གིས་ནོར་སྦྱིན་པར་བྱེད་པའོ། །བསོད་ནམས་ཀྱི་ལས་བྱེད་པ་ན་རྒྱུད་ལ་བག་ཆགས་རྣམ་པ་གཉིས་གནས་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་འགྲུབ་པར་བྱེད་པ་དང༌། དད་པ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྒྱུ་མཐུན་པའི་འབྲས་བུ་འགྲུབ་པར་བྱེད་པ་སྟེ། ཡོན་གནས་ཀྱི་ཁྱད་པར་གྱི་སྡེའི་སྤྱིན་པར་བྱ་བའི་དངོས་པོ་ཡོངས་སུ་སྤྱད་པའི་ཕྱིར་རོ། །དེ་གཉིས་བརྟས་པའི་ཁྱད་པར་དུ་འགྲོ་བ་ནི་གོ་རིམས་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང༌། དགེ་བ་རྒྱུན་རྒྱས་བ་ཚད་མེད་པ་རིག་པར་བྱའོ། །དེ་རྒྱུན་རྒྱས་པ་ཡང་བདེ་བའི་རྒྱུན་ཡིན་པའི་ཕྱིར་བདེ་བ་འདྲེན་པ་ཞེས་བྱ་བ་ནི་ཕན་ཡོན་ཡོངས་སུ་སྟོན་པར་བྱེད་པ་ཡིན་ནོ། །གཞན་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དང༌། དེ་རབ་ཏུ་འཇུག་པར་བྱེད་པའི་དགེ་བ་ཡང་དག་པའི་ལྟ་བ་གང་ཡིན་པ་དེ་གཉིས་ཀྱིས་ཁམས་བརྟས་པ་ནི་གོ་རིམས་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང༌། དགེ་བ་རྒྱུན་རྒྱས་པ་ཡིན་ནོ། །དེ་གཉིས་ཀྱི་འབྲས་བུ་ཡིད་དུ་འོང་བའི་ས་བོན་བརྟས་པ་ནི་བདེ་བ་འདྲེན་པ་ཡིན་ནོ། །


DTG136_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་རྒྱུན་རྒྱས་པ་དེ་ཉིད་དགེ་བ་རྒྱུན་རྒྱས་པ་ཡིན་ཏེ། དགེ་བའི་རྒྱུ་མཐུན་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །བདེ་བ་འདྲེན་པ་ཡང་ཡིན་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དབང་རྣམ་པ་ལྔ་ཐོབ་པས་དེ་ཉམས་སུ་མྱོང་བར་སྟོན་ཏེ། དབང་རྣམ་པ་ལྔ་ནི་རྫུ་འཕྲུལ་ལ་དབང་བ་ནི་དེ་རྒྱས་པར་བྱེད་པ་དང་བསྡུས་པའི་ཕྱིར་རོ། །སྟོན་པ་དང་མི་སྟོན་པ་ལ་དབང་བ་ནི་ལུས་སྣང་བར་བྱེད་པ་དང་སྣང་བར་མི་བྱེད་པའི་ཕྱིར་རོ། །འགྲོ་བ་ལ་དབང་བ་ནི་ཐད་ཀ་དང་བླ་དང་འོག་ཐོགས་པ་ཅན་ལ་ཡང་འགྲོ་བའི་ཕྱིར་རོ། །གནས་པ་ལ་དབང་བ་ནི་ཐོགས་པ་མེད་པ་ལས་ཀྱང་མི་ལྟུང་བའི་ཕྱིར་རོ། །འགྲོ་བ་དང་ཁམས་ཁྱད་པར་དུ་འཕགས་པ་གཉིས་སུ་རང་གི་ལུས་འཇུག་པ་ལ་དབང་བའོ། །རྩིག་པ་དང་རི་དང་ར་བ་སྨོས་པ་ནི་གཙུག་ལག་ཁང་དང༌། རི་དང༌། གྲོང་ན་གནས་པ་ན་རིག་པར་བྱའོ། །འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ། མི་སྐྲག་ཕྱིར་དང་མངོན་དགའི་ཕྱིར། །རྩེ་གཅིག་མ་ཆགས་འབྱུང་བའི་ཕྱིར། །སེམས་ནི་འཇུག་པར་བྱེད་པས་ན། །གྲོལ་བྱེད་རབ་ཏུ་ཤེས་པར་བྱ། །བཟློག་པའི་ཕྱིར་ནི་བཟློག་པ་ཡིན་ནོ། །གཞན་དག་ན་རེ་འཇུག་པར་བྱེད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །དད་པར་བྱེད་པ་ནི་བསམས་པ་ལས་བྱུང་བས་སོ། །ཀུན་ཏུ་གནས་པར་བྱེད་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་སོ། །རྣམ་པར་གྲོལ་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པས་སོ་ཞེས་ཟེར་རོ། །དེ་ལྟ་ན་ནི་རྒྱུ་བསྟན་པ་ཡིན་གྱི་དོན་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་འདུན་པས་ཀྱང་འོན་ཀྱང་བདག་འདུ་བྱེད་ཐམས་ཅད་ཞི་བར་གནས་པ་དང༌། སྟོང་པ་ཉིད་དུ་དམིགས་པ་དང༌། སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་


DTG136_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སེམས་འཇུག་པར་མི་བྱེད། དད་པར་མི་བྱེད་དོ་ཞེས་སྨྲས་པ་ནི་དེ་ལ་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱང་མེད་པ་ནི་མ་ཡིན་ཏེ། གནས་བརྟན་བདག་ཀྱང་འདི་སྙམ་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ། ཞི་བ་ནི་མྱ་ངན་ལས་འདས་པའོ་སྙམ་དུ་སེམས་སོ་ཞེས་ཀྱང་འབྱུང་བའི་ཕྱིར་ཏེ། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་དང༌། རྒྱུད་ཡོངས་སུ་སྨིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་ཤེས་རབ་རྣམ་པ་གསུམ་ཆར་དང་ལྡན་པ་དག་ཡིན་ཡང༌། ནམ་ཡང་མྱ་ངན་ལས་འདས་པ་ལ་སེམས་མི་འཇུག་སྟེ། ངའོ་སྙམ་པའི་ང་རྒྱལ་རགས་པ་བར་ཆད་དང་བཅས་པ་དང༌། བར་ཆད་མེད་པར་ཀུན་ཏུ་རྒྱུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འོ་ན་ང་དང་ངའི་བདག་གང་ཡིན་སྙམ་དུ་ཡོངས་སུ་ཡི་ཆད་བའི་རྒྱུས་ཡིད་ཕྱིར་ལྡོག་གོ །གང་གི་ཚེ་ན་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་རྒྱུ་བ་དེ་གཉེན་པོས་བསལ་བ་དེའི་ཚེ་དེ་ལ་མི་སྐྲག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་འཇུག་པར་བྱེད་པ་ནས་རྣམ་པར་གྲོལ་བར་བྱེད་པའི་བར་དུ་ཡིན་ནོ། །མིག་གི་དབང་པོ་བསྲུང་བའི་ཕྱིར་དང༌། སྤ་བའི་ཕྱིར་དང༌། དུལ་བར་གནས་པར་བྱའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་བརྟེན་ནས་གོ་རིམས་བཞིན་དུ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང༌། སྦ་བའི་ཕྱིར་དང༌། དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །གཞན་ཡང་ཡུལ་གང་ལ་འཇུག་པར་བྱ་བ་དེ་ལ་བསྲུང་བར་བྱ་བའི་ཕྱིར་ཏེ། དྲན་པས་བྱིན་གྱིས་བརླབ་པའི་ཕྱིར་རོ། །གང་ལ་འཇུག་པར་བྱ་བ་མ་ཡིན་པ་དེ་ལས་ནི་སྦ་བའི་ཕྱིར་ཏེ། དེ་མི་འཇུག་པའི་ཕྱིར་རོ། །དེའི་སྒོ་ནས་ཉོན་མོངས་པས་ཀུན་ཏུ་རྒྱུའི་བག་ལ་ཉལ་ཡང་དག་པར་གཞོམ་པའི་ཕྱིར་གཉེན་པོ་བསྒོམས་པས་ན་དུལ་པར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པར་རིག་པར་བྱའོ། །དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང༌། ཤིན་ཏུ་སྦས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་


DTG136_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་བཅོམ་པའི་ཕྱིར་ཤིན་ཏུ་དུལ་བ་ཡིན་ནོ། །སོ་སོར་རྟོག་པའི་སྟོབས་ལ་བརྟན་ནས་དྲན་པ་དང་ཤེས་བཞིན་གཉིས་ཀྱིས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་མི་སྐྱེད་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ལ། སྐྱེས་པ་དང་དུ་མི་ལེན་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ། །འཇིག་རྟེན་པའི་བསྒོམ་པའི་སྟོབས་ལ་བརྟན་ནས་ཤིན་ཏུ་བསྡམས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ལ་བརྟན་ནས་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་ལྟར་ན་སེམས་དུལ་བ་ཐབས་དང་བཅས་པ་ཡོངས་སུ་བརྟན་པ་ཡིན་ནོ། །འདིར་ཡང་སྨྲས་པ། དྲན་པས་མ་སྐྱེས་ཕྱིར་སྦས་ཤིང༌། །ཤེས་བཞིན་གྱིས་ནི་སྐྱེས་ལས་བསྲུངས། །གནོན་དང་རྩ་བ་བཅོམ་གཉིས་ཀྱིས། །བསྡམས་དང་བསྒོམས་པ་ཡིན་པར་འདོད། །ལུང་ལས་ནི་འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ནོ། །འཇུག་པར་བྱ་བ་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་པས་འཇུག་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ། །རང་ཉིད་ཡུལ་ལ་མི་རྒྱུག་པའི་ཕྱིར་ཤིན་ཏུ་བསྡམས་པ་ཡིན་ནོ། །རང་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་དུལ་བ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཅན་ཕ་རོལ་དག་ལ་ཕན་པ་དང་བདེ་བའི་བསམ་པ་ནི་བྱམས་པའོ། །དེ་དང་མཚུངས་པར་ལྡན་པའི་སེམས་ནི་བྱམས་པ་དང་ལྡན་པའོ། །དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་ཁོ་ན་མེད་པ་དང་འགྲན་ཟླ་མེད་པ་དང༌། གནོད་པ་མེད་པའོ། །ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་ནི་སེམས་ཅན་མཉམ་པ་དང་ཁྱད་པར་དུ་འཕགས་པ་གནོད་པ་བྱེད་པ་དག་ལ་ཁོན་དུ་འཛིན་པ་དང༌། གནོད་པ་མི་བྱེད་པ་དག་ལ་ཕྲག་དོག་དང༌། དེ་གཉིས་དང་ལྡན་པའི་དམན་པ་དག་ལ་ནི་གནག་གིས་ན་དེ་དག་ལ་གནོད་པར་འགྱུར་བའི་ཞེ་སྡང་ངོ༌། །འབྲས་བུ་ཆེ་བ་ཉིད་ཡིན་པའི་ཕྱིར་ཡངས་པའོ། །གཟུགས་ན་སྤྱོད་པ་ཉིད་ཡིན་པའི་ཕྱིར་རྒྱ་ཆེན་པོར་གྱུར་པའོ། །སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་ཚད་མེད་


DTG136_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་བའི་ཕྱིར་ཤིན་ཏུ་བསྒོམས་པའོ། །དེ་ལྟར་ན་གཉེན་པོ་ཉིད་དང༌། འབྲས་བུ་ཉིད་དང༌། ས་ཉིད་དང༌། དམིགས་པ་ཉིད་དང༌། རྣམ་པར་དག་པ་ཉིད་ཀྱི་སེམས་དེ་ཡོངས་སུ་བསྟན་པ་ཡིན་ནོ། །ཕྱོགས་གཅིག་ཏུ་ཞེས་བྱ་བ་ནི་གནས་ཀྱི་གནས་པ་པོ་བསྟན་པ་ཡིན་ཏེ། དཔེར་ན་ཁྲི་དག་འབོད་དོ། །རི་དགས་ཚིག་གོ་ཞེས་བྱ་བ་ལྟ་བུའོ། །མོས་ཏེ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་ཉིད་སྟོན་པ་ཡིན་ནོ། །ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་ཁྱབ་པར་སྟོན་པ་ཡིན་ཏེ། ཅིག་ཅར་དུ་མཐའ་དག་ལ་མོས་པའི་ཕྱིར་རོ། །རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་དངོས་གཞིའི་སྙོམས་པར་འཇུག་པ་མངོན་དུ་གྱུར་པ་ཡིན་པར་དེ་སྟོན་པ་ཡིན་ནོ། །གནས་སོ་ཞེས་བྱ་བ་ནི་དུས་གཞན་དུ་ཡང་རྗེས་སུ་འཇུག་པར་སྟོན་པ་ཡིན་ནོ། །བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུ་མ་བུའོ། །དེ་ལ་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་བཞི་པོ་དག་ནི་གོ་རིམས་བཞིན་དུ་སེམས་རྣམ་པ་བཞིའི་གཉེན་པོར་རིག་པར་བྱའོ། །སེམས་རྣམ་པ་བཞི་ནི་ཧ་ཅང་ཞུམ་པ་དང༌། ཧ་ཅང་རབ་ཏུ་བཟུང་བ་དང༌། ནང་དུ་བསྡུས་པ་དང༌། ཕྱི་རོལ་དུ་རྣམ་པར་གཡེངས་པ་སྟེ། དེ་ཁོ་ནའི་གཉེན་པོར་སྤོང་བའི་འདུ་བྱེད་རྣམ་པ་གཉིས་གཉིས་ཡིན་ནོ། །གཞན་ཡང་ཞི་གནས་དང་རབ་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཚིག་གཉིས་ཏེ། ཞུམ་པ་དང༌། རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཏང་སྙོམས་ཀྱི་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡང་ཚིག་གཉིས་ཡིན་ནོ། །དེ་གཉིས་ཀྱང་གང་གིས་ན་དྲན་པ་ཀུན་ཏུ་རྨོངས་པར་འགྱུར་བའི་མ་རིག་པ་དང༌། གང་གིས་ན་རོ་མྱང་བ་ལ་སེམས་རྣམ་པར་གཡེངས་པར་འགྱུར་བའི་སྲེད་པའོ། །གཞན་ཡང་སྐྱོན་རྣམ་པ་བཞིའི་གཉེན་པོར་ཚིག་བཞི་དག་ཡིན་ནོ། སྐྱོན་རྣམ་པ་བཞི་ནི་བརྩོན་འགྲུས་མ་བརྩམས་ན་སེམས་ཞུམ་པར་འགྱུར་བ་དང༌། ཧ་ཅང་བརྩམས་ན་ལུས་དུབ་བར་འགྱུར་བ་དང༌། བརྗོད་ངས་བ་


DTG136_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ཉམས་པ་སྟེ་གང་གིས་ན་ལུས་ཉེས་པར་བརྩམས་པ་དང༌། དྲན་པ་ཀུན་ཏུ་རྨོངས་པ་དང་སེམས་རྩེ་གཅིག་པ་མ་ཡིན་པ་སྟེ་ཡུལ་རྣམ་པར་གཡེངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེའི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བརྩོན་འགྲུས་ལ་སོགས་པ་ཚིག་ཕྱི་མས་ཁྱད་པར་དུ་བྱེད་པ་ཡིན་པར་རིག་པར་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་ཤིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དོན་མངོན་སུམ་དུ་གྱུར་པའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ནི་མིག་གོ །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པ་མངོན་དུ་གྱུར་པའི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ངེས་པའི་ཚིག་གི་ཆོས་ཉིད་ཀྱི་རྒྱུས་ན་རྣམ་པར་དག་པའི་ཕྱིར་བློ་ཡིན་ནོ། །མིག་ལ་ཞན་པ་དང༌། ནོར་བ་དང༌། རྙོག་བ་ཉིད་མེད་པར་ཡང་དག་པར་བསྟན་པའི་ཕྱིར་རྣམ་པ་གསུམ་གྱི་ཁྱད་པར་དུ་བྱེད་པ་ཡིན་ནོ། །གཞན་ཡང་ཕྱི་རོལ་པ་རྣམས་ཀྱི་ལྟ་བ་ནི་བདེན་པ་རྣམས་ལ་ངན་པར་ལྟ་བ་དང༌། ཐེ་ཚོམ་དང༌། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པ་དང༌། ཟག་པ་དང་བཅས་པ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མིག་ལ་སོགས་པ་སྨོས་སོ། །གཞན་ཡང་བཟླས་པ་གསུམ་དག་ལ་ཐོག་མར་མཐོང་བ་ནི་མིག་གོ །ཇི་ལྟར་མཐོང་བལ་རྣམ་པར་དཔྱོད་པ་ནི་ཤེས་པའོ། །གཉིས་པོ་དེ་ཉིད་ཇི་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནས་རིག་པ་སྟེ། ཇི་སྙེད་ཡོད་པ་ལ་འཛིན་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་ཅན་ཉིད་ལ་བརྟེན་ནས་བློ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་བའི་ཕྱིར་རོ། །གཞན་ཡང་ཆོས་མ་ཐོས་པ་རྣམས་ལ་རྗེས་སུ་དཔག་པ་དགག་པའི་ཕྱིར་མིག་ཅེས་བྱ་བ་གསུངས་སོ། །མོས་པ་ལས་བྱུང་བའི་མཐོང་བ་དགག་པའི་ཕྱིར་ཤེས་པས་སོ། །མངོན་པའི་ང་རྒྱལ་དགག་པའི་ཕྱིར་རིག་པའོ། །ཟག་པ་དང་བཅས་པ་ཉིད་དགག་པའི་ཕྱིར་བློ་སྟེ། རྣམ་པར་དག་པའི་དོན་གྱིས་སོ། །ཁ་ཅིག་ན་རེ་བཟོད་པ་ནི་མཐོང་བ་ཉིད་ཡིན་པའི་ཕྱིར་མིག་ཡིན་ལ། ཤེས་པ་ནི་ཤེས་པ་ཉིད་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་བཟླས་པ་གསུམ་དག་ལ་འཐད་པ་མ་ཡིན་ཏེ། དེ་དག་ནི་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་བའི་ལམ་གྱིས་


DTG136_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕྱིར་རོ། །དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པའི་ཕྱིར་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཕན་པའི་ཕྱིར་ནི་འདོད་པ་བསོད་ཉམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤང་པ་ཡིན་ནོ། །བདེ་བའི་ཕྱིར་ནི་བདག་ཉིད་དུབ་པར་གནས་པའི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་གཉིས་ཀའི་མཐའ་སྤངས་ནས་དབུ་མ་བའི་ལམ་བསྒོམ་པ་ཡིན་ནོ། །གཞན་ཡང་ཕན་པའི་ཕྱིར་ནི་སྡུག་བསྔལ་དང་བཅས་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཡིན་ནོ། །བདེ་བའི་ཕྱིར་ནི་ཉོན་མོངས་པ་རྣམས་མེད་པར་སྡུག་བསྔལ་གྱི་གཉེན་པོ་བསྟེན་པ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་བདེ་བ་དང་བཅས་བའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཡིན་ནོ། །གཞན་ཡང་ཕན་པའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་མ་རྟོགས་པར་ཉོན་མོངས་པ་ཟད་པའི་ལམ་མོ། །བདེ་བའི་ཕྱིར་ནི་འདིར་ཉོན་མོངས་པ་ཟད་པའི་ལམ་མ་གཏོགས་པའི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་མོ། །ཕན་པ་དང་བདེ་བའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་དང་བཅས་པའི་ཉོན་མོངས་པ་ཟད་པའི་ལམ་མོ། །གཞན་ཡང་ཕན་པའི་ཕྱིར་ནི་སློབ་པ་རྣམས་ཀྱི་དཀའ་བའི་ལམ་མོ། །བདེ་བའི་ཕྱིར་ནི་མི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ཏེ་གོ་རིམས་བཞིན་ནོ། །ཤིང་ཐགས་བཙུགས་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཟབས་རིང་བ་ནི་ཟབས་རིང་དུ་བཙུགས་པ་ཡིན་པའི་ཕྱིར་རོ། །ལེགས་པར་བཙུགས་པ་ནི་བློ་ནས་ལེགས་པར་བརྟན་པོར་བྱས་པའི་ཕྱིར་རོ། སྲ་བ་ནི་མི་འདྲུལ་བའི་ཕྱིར་རོ། །བརྟན་པ་ནི་ཡུན་རིང་དུ་གནས་པའི་ཤིང་ཡིན་པའི་ཕྱིར་རོ། །མཁྲེགས་པ་དང་ལྡན་པ་ནི་ཤུན་པ་མེད་པ་དང༌། ཁོང་ན་ལུང་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་མི་འགུལ་བའི་ཕྱིར་ལ། མི་འཆག་པ་ནི་མི་ཆོགས་པའི་ཕྱིར་ཏེ། ཟབས་རིང་བ་དང་ལེགས་པར་བཙུགས་པའི་གཞིའི་ཁྱད་པར་གྱིས་ནི་མི་གཡོ་བ་ཡིན་ལ། སྲ་བ་དང་བརྟན་


DTG136_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཁྲེགས་པ་དང་ལྡན་པའི་རང་བཞིན་གྱི་ཁྱད་པར་གྱིས་མི་འཆག་པ་ཡིན་པས་གཞི་དང་རང་བཞིན་གྱི་ཁྱད་པར་དེ་གཉིས་དང་གོ་རིམས་བཞིན་ནོ། །དེ་ལྟར་ན་དེ་དག་ནི་རྣམ་པ་གཉིས་དང༌། གསུམ་དང༌། གཉིས་ཀྱི་གཞི་ཉིད་དང༌། རང་བཞིན་ཉིད་དང༌། དེས་བྱས། པའི་ཕན་ཡོན་གྱི་ཕྱིར་ཕུན་སུམ་ཚོགས་པ་ནི་ཕྱི་རོལ་པ་རྣམས་ཀྱི་གནས་མི་ཐོད་པ་ཡིན་ནོ། །ལོངས་སྤྱོད་བསྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་པ་སྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་སེམས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། གཉིད་ཀྱི་བདེ་བ་དང༌། གློས་འབེབས་པ་དང༌། ཉལ་བའི་བདེ་བ་གཉིས་ཀྱི་གཉེན་པོར་གོ་རིམས་བཞིན་ནོ། །ལག་མཐུས་བསྒྲུབས་པ་ཞེས་བྱ་བ་ནི་ལུས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་ཡིན་ནོ། །རྡུལ་མེད་མེད་དྲི་མ་ཆགས་ཆགས་སུ་བསྒྲུབས་པ་ཞེས་བྱ་བ་ནི་ངལ་བས་བསྒྲུབས་པ་ཡིན་ནོ། །ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་རིགས་པས་བསྒྲུབས་པ་ཉིད་ཡིན་ཏེ། ཡང་དག་པའི་འཚོ་བ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་ཞིང་ངོ༌། །བསོད་ནམས་ཀྱིས་ཐོབ་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ།། གཞན་ཡང་སངས་རྒྱས་ལ་སོགས་པར་གཏོགས་པ་ཉིད་མ་ཡིན་པའི་ཕྱིར་ཆོས་དང་ལྡན་ཞིང་ངོ༌། །ལོག་པའི་འཚོ་བས་ཐོབ་པ་མ་ཡིན་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ། །ཕན་ཡོན་ཚེ་ཕྱི་མ་ལ་འགྲོ་བ་གང་མར་འགྱུར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འགྲོ་བ་འོག་མ་ནི་ངན་སོང་རྣམས་ཡིན་ནོ། །དེའི་འགྲོ་བ་གོང་མར་གྱུར་པ་ནི་མི་རྣམས་ཏེ། དེར་འགྲོ་བར་བྱེད་པའི་ཕན་ཡོན་ནི་འགྲོ་བ་གང་མར་འགྱུར་བའོ། །དེ་ལས་ཀྱང་གང་ཞིག་མིའི་སྐལ་བ་བཟང་པོའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་སྐལ་བ་བཟང་པོར་འགྱུར་བའོ། །དེ་ལས་ཀྱང་གང་ཞིག་ལུས་དང་ལོངས་སྤྱོད་ཡིད་དུ་འོང་བའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་རྣམ་པར་སྨིན་པ་བདེ་བར་འགྱུར་བའོ། །གང་ཞིག་ལྷར་སྐྱེ་བར་བྱེད་པ་དེ་ནི་མཐོ་རིས་འགྲུབ་པར་བྱེད་པའོ། །གཞན་ཡང་འགྲོ་བ་གོང་མར་འགྱུར་བ་དེ་ཉིད་ལྷག་མས་གསལ་བར་བྱེད་པ་ཡིན་ནོ། །སྐྱེས་བུ་དམ་


DTG136_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་བ་བདུན་དག་གང་ཞེ་ན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིར་འགྲོ་བ་ཅི་ཞེ་ན་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སྐྱེ་བ་གཞན་གྱི་གནས་སྐབས་སོ། །བདུན་ཉིད་ནི་མྱ་ངན་ལས་འདས་པ་འཐོབ་པའི་དུས་ཀྱིས་དབྱེ་བ་ལས་སོ། །འཕགས་པ་མ་ཡིན་པ་ཡང་སྲིད་པ་བདུན་དག་གིས་སམ། ལན་ཅིག་ཕྱིར་འོང་བས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ལ། བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་པ་ནས་གོང་དུ་འཕོ་བའི་བར་དུ་ཡང་མི་འགྱུར་བས་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་ཡིན་ནོ། །མྱ་ངན་ལས་འདས་པའི་ཡང་འགྲོ་བ་ཀུན་ཏུ་གཅོད་པ་ཡིན་པའི་ཕྱིར་འགྲོ་བ་མ་ཡིན་ནོ། །འོ་ན་ཚིགས་སུ་བཅད་པ་ལས། དགྲ་བཅོམ་འགྲོ་བ་མྱ་ངན་འདས། །ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ལས་ནི་རྟོན་པ་ལ་འགྲོ་བ་ཞེས་བྱ་བར་བསྟན་པ་ཡིན་ནོ། །བདག་མ་བྱུང་ཡང་རུང་བདག་གི་ཡང་སྲིད་པ་མ་བྱུང་ཡང་རུང་ཞེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་མྱ་ལས་འདས་པ་ལ་འདོད་པའི་ཕྱིར་མཚན་མ་མེད་པ་ལ་སྦྱོར་བ་ཡིན་ནོ། །བདག་མི་འབྱུང་བར་འགྱུར། བདག་གི་ལུས་འདི་མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། མི་རྟག་པའི་རྣམ་པ་གཉིས་ཀྱིས་སྐྱེ་བ་སུན་འབྱིན་པའི་ཕྱིར་སྨོན་པ་མེད་པ་ལ་སྦྱོར་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་སྨོན་པ་དང་ངེས་པའི་དུས་གཉིས་སུ་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་གཉིས་ཀ་ཡང་མཚན་མ་མེད་པ་ལ་སྦྱོར་བ་ཁོ་ན་ཡིན་ནོ། །དེ་ལྟར་ན་གང་ཡོད་པ་ཞེས་བྱ་བ་ནི་ཕུང་པོ་ཙམ་མོ། །གང་འབྱུང་བ་ཞེས་བྱ་བ་ནི་འདུས་བྱས་སོ། །དེ་སྤོང་ངོ་ཞེས་བྱ་བ་ནི་འདུས་བྱས་མི་རྟག་པ་ཙམ་འགོག་པར་མཐོང་བའི་ཕྱིར་བཏང་སྙོམས་འཐོབ་ཀྱི་བདག་མི་འབྱུང་བར་འགྱུར་རོ་སྙམ་དུ་དངང་བར་མི་འགྱུར་རོ། །ལེན་པ་མེད་པར་མྱ་ངན་ལས་འདས་པ་ནི་ཁ་ཅིག་ལས་ནི་ཕུང་པོའི་ལྷག་མ་མེད་པ་ཡིན་པར་འབྱུང་སྟེ། དཔེར་ན་རྣམ་པར་གྲོལ་བའི་རྒྱུས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་ཕུང་པོའི་ལྷག་མ་དང་བཅས་པ་ཡིན་པར་འབྱུང་སྟེ། དཔེར་ན་ཀྱེ་མ་དགེ་སློང་ཉེ་བར་ཞི་བ་ཟག་


DTG136_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་མི་ལྡན་པར་གྱུར་པ། ལེན་པ་མེད་པར་མྱ་ངན་ལས་འདས་པ་འདི་ནི་ལེགས་སོ་ཞེས་འབྱུང་བ་ལྟ་བུའོ། །འདི་ནི་ཕུང་པོའི་ལྷག་མ་མེད་པ་ལ་བྱ་བར་མངོན་ཏེ། ཚེ་ཕྱི་མའི་འགྲོ་བའི་དབང་དུ་མཛད་པའི་ཕྱིར་དང༌། ཤར་ཕྱོགས་སུ་འགྲོ་བར་མི་སྨྲ་ཞིང་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །ཡོད་པ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ། སྟོང་པ་ཉིད་ཀྱིས་ཡོད་པ་ལ། །ཡོད་ཉིད་མེད་ལ་མེད་ཉིད་རིག །དེ་ནས་ཇི་ལྟར་གང་ཡོད་ལ། །གཉིས་ཀྱིས་བླ་བཅས་བླ་མེད་རིག །གཉིས་ཀྱིས་ཞེས་བྱ་བ་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་གཉིས་ཀྱིས་སོ། །སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་གོ་རིམས་ཀྱང་དེ་ཉིད་ཀྱི་ཕྱིར་རོ། །ཡོད་པ་དང་མེད་པའི་དངོས་པོ་ཤེས་བ་ནི་ཡོད་པ་ལ་བླ་མ་དང་བཅས་པ་དང་བླ་མ་མེད་བ་གཉིས་སུ་ཤེས་པར་ནུས་ཀྱི། གྱིན་ནི་མ་ཡིན་ལ། ཤེས་ན་ཡོད་པ་བླ་མ་དང་བཅས་པ་ཡིན་ན་ནི་ཡིད་ཀྱིས་སྨོན་པར་མི་བྱེད་ལ། བླ་ན་མེད་པ་ཡིན་ན་ནི་སྨོན་པར་བྱེད་དོ། །གཞན་ཡང་སྨྲས་པ། བདག་འཛིན་ཕྱིར་དང་སྲིད་ལ་སྲིད། །དེས་ན་སྲེད་ཟད་མི་འདོད་དེ། །གསུམ་པོ་དེ་ཡི་གཉེན་པོར་ནི། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །གཅིག་གིས་ཡོད་དང་མེད་པ་དང༌། གཉིས་ཀྱིས་ཡོད་ལ་སྐྱོན་ཡོན་རིག །དེ་ཕྱིར་གསུམ་སྟེ་དེ་དག་གི །རིམ་པ་སྔ་མས་ཕྱིར་མ་དྲངས། །དེ་ལྟར་ན་ཡོད་པ་ལ་སྐྱོན་ཡོན་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ལ་སྟེ་གོ་རིམས་བཞིན་ནོ། །ལུང་ལས་ནི། མེད་དང་དེ་བཞིན་སྐྱོན་ལྡན་དང༌། །དེ་བཞིན་ཡོན་ཏན་ལྡན་དངོས་ལ། །ཡོད་འཛིན་ཡོན་ཏན་ལྡན་འཛིན་དང༌། །ཡོན་ཏན་མི་ལྡན་འཛིན་གཞོམ་ཕྱིར། །གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ་ཞེས་འབྱུང་ངོ༌། །ལེགས་པར་མཐོང་བ་ལེགས་པར་རིག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལེགས་པར་མཐོང་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་ལེགས་པར་རིག་པ་ནི་ཐོས་བ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ལེགས་པར་ཡིད་ལ་བྱས་པ་


DTG136_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསམས་པ་ལས་བྱུང་བས་སོ། །ལེགས་པར་བསྟེན་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་སྟེ། དགའ་བ་དང་བཅས་པ་ཡིན་པའི་ཕྱིར་རོ། །ལེགས་པར་རྟོགས་པ་ནི་འཇིག་རྟེན་ལས་འདས་པ་སྟེ་དོན་དམ་པ་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ལེགས་པར་མཐོང་བ་ཡིན་ནོ། །འདུན་པ་སྐྱེད་པར་བྱེད་རྩོལ་བར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མཉམ་པར་མ་བཞག་པའི་སྦྱོར་བ་སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང༌། དེའི་ཐབས་ཡོངས་སུ་བཟུང་བ་ཉིད་ཀྱི་ཕྱིར་དང༌། དེ་ལན་མང་དུ་བྱ་བ་དང༌། བརྟན་པོར་བྱ་བ་ཉིད་ཀྱི་ཕྱིར་དང༌། མཉམ་པར་གཞག་པའི་སྦྱོར་བ་ཞུམ་པ་དང༌། རྒོད་པའི་གཉེན་པོའི་བསྒོམ་པ་ཉིད་ཀྱི་ཕྱིར་དེ་དག་གོ་རིམས་བཞིན་དུ་རིག་པར་བྱའོ། །གཞན་ཡང་སྤང་པ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང༌། དེ་དག་ལ་སྦྱོར་བ་ཉིད་ཀྱི་ཕྱིར་དང༌། དེ་ལ་བརྩོན་པའི་ལུས་དང་སེམས་དུབ་པར་གྱུར་ན་བརྩོན་འགྲུས་རྒྱུན་མི་ཆད་པ་ཉིད་ཀྱི་ཕྱིར་དང༌། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་ཡང་གོ་རིམས་བཞིན་ནོ། །གཞན་ཡང་རྩོལ་བར་བྱེད་པ་ནི་སོ་སོར་རྟོགས་པའི་དུས་ན་བརྩོན་འགྲུས་བརྩམས་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང༌། བསྒོམ་པའི་དུས་ན་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཏེ། སེམས་ཞུམ་པ་རབ་ཏུ་བཟུང་ནས་ནང་དུ་རབ་ཏུ་འཇོག་པའི་ཕྱིར་ན་དགེ་སློག་མའི་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །འདུས་པ་དན་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འཁོར་དང༌། བློ་དང༌། ཡིད་ཆེས་པ་དང༌། མཆོད་པ་ཕུན་སུམ་ཚོགས་པ་ཉིད་དུ་སྟོན་ཏོ། །འདུས་པ་དང་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། ཉན་པ་པོའི་ཚོགས་འདུས་པ་དང་འཁོད་པ་དང་གོ་རིམས་བཞིན་ནོ། །ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་ནི་བློ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། དེ་རྣམས་ལ་རང་གི་བསྟན་བཅོས་ཀྱི་རྗེས་སུ་སྟོན་པའི་ཕྱིར་རོ། །སྐྱེ་བོ་མང་པོས་དགེ་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ་ཞེས་བྱ་བ་ནི་ཡིད་ཆེས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། མང་པོ་རྣམས་ཀྱིས་རྟོགས་པ་ལ་ཡིད་


DTG136_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་པ་ཉིད་ཡིན་པའི་ཕྱིར་རོ། །ཚོགས་ཆེན་པོས་མདུན་གྱིས་བདར་བ་ཞེས་བྱ་བ་ནི་མཆོད་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ། །དམག་ལྡན་ཆོས་འདི་ནི་ཟབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། དེ་ཡང་དེ་ལས་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །དེ་ནི་སྔོན་ཤེས་རབ་མ་སྦྱངས་བས་རང་གིས་མཐོང་བར་དཀའ་བ་ཡིན་ཏེ་དེས་ན་ཟབ་པའོ། །སྟོན་པ་ན་ཁོང་དུ་ཆུད་པར་དཀའ་བ་ཡིན་ཏེ། དེས་ན་ཟབ་པར་སྣང་བའོ། །རང་གི་རྟག་པར་མི་ནུས་པ་ཡིན་ཏེ། དེས་ན་མཐོང་བར་དཀའ་བའོ། །སྟོན་པ་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། དེས་ན་ཁོང་དུ་ཆུད་པར་དཀའ་བ་སྟེ། དེ་ནི་རྟོག་གེ་ལ་མ་གྲགས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་འདིར་བདག་མེད་པ་སྟོན་པ་ཁོ་ན་ཆོས་ཡིན་ཏེ། དོན་དམ་པར་མཐོང་བར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པའོ། །ཀུན་རྫོབ་ཀྱི་དོན་དུ་ཁོང་དུ་ཆུད་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པར་སྣང་བའོ། །དོན་དམ་པར་བརྟག་པར་མི་ནུས་པ་ཉིད་ཀྱི་ཕྱིར་མཐོང་བར་དཀའ་བའོ། །ཀུན་རྫོབ་ཀྱི་དོན་དུ་རྟོག་གེ་སྤྱོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་དཀའ་བ་སྟེ། དོན་དམ་པའི་དབང་དུ་མཛད་པས་དེའི་རྟོག་གེ་ལ་རྒྱུ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་ན་ཟབ་པ་ཟབ་པར་སྣང་བ་དང༌། རྒྱུ་གང་གི་ཡིན་པ་དེ་ཚིག་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ། །ད་ནི་དེ་ལྟ་བུའི་ཆོས་དེ་སུས་རིག་པར་ནུས་ཤེ་ན། ཞིབ་མོར་བརྟགས་པའི་མཁས་པ་དང་མཛངས་པས་རིག་པར་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཞིབ་མོ་ནི་དེ་ཁོ་ནའི་དོན་ལ་འཇུག་པའི་ཕྱིར་ལ། བརྟགས་པ་ནི་དོན་མཐའ་དག་ལ་འཇུག་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དང་ཇི་སྙེད་ཡོད་པ་ཉིད་ཅན་གྱི་རྒྱུས་སོ། །དེ་གཉིས་ཀྱང་རྣམ་པ་གཉིས་ཏེ། མཁས་པ་རྣམས་ཏེ་སོ་སོའི་སྐྱེ་བོ་གང་དག་སྔོན་བློ་ཡོངས་སུ་སྨིན་པར་བྱས་པ་སྐྱེ་བས་ཐོབ་པ་དེ་གཉི་གའི་དོན་ལ་འཇུག་ནུས་པའི་ཤེས་རབ་དང་ལྡན་པ་རྣམས་དང༌། མཛངས་པ་རྣམས་ཏེ་བདེན་པ་མཐོང་བ་རྣམས་སོ། །དེ་རྣམས་ནི་དེ་གཉིས་ཀའི་དོན་ལ་ཞུགས་པའི་ཤེས་རབ་ཅན་ཉིད་ཡིན་


DTG136_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་མཛངས་པ་རྣམས་སོ། །དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསླབ་པ་ནི་གང་ཡིན། བསླབ་པའི་གཞི་ནི་གང་ཡིན་ཞེ་ན། ཡང་དག་པར་བླང་བ་དང༌། རྗེས་སུ་བསྲུང་བ་དང༌། སོར་ཞུགས་པ་རྣམས་ནི་བསླབ་པ་ཡིན་ནོ། །བྱ་བ་མ་ཡིན་པ་དང༌། བྱ་བ་ཡང་དག་པར་བླང་བར་བྱ་བ་དང༌། རྗེས་སུ་བསྲུང་བར་བྱ་བ་དང༌། སོར་གཞུག་པར་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །གཞན་ཡང་སྤང་པ་དང༌། བླང་བ་དང༌། སོ་སོར་བཤགས་པ་དང༌། ཉིན་དང་མཚན་དུ་སློབ་པ་ནི་བསླབ་པ་ཡིན་ཏེ། །སྒྲ་གཅན་ཟིན་གྱི་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ནི་བསླབ་པའི་གཞི་ཡིན་ནོ། །གཞན་ཡང་བསླབ་པ་ཉིད་གཞི་ཡིན་ཏེ། བསླབ་པ་འདོད་པ་རྣམས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །དགེ་འདུན་བསྡུ་བའི་ཕྱིར་ནི་བསླབ་པ་དང་མཐུན་པ་ཉིད་ཀྱིས་སོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་སོ། །དགེ་འདུན་བདེ་བར་བྱ་བའི་ཕྱིར་ནི་ཡང་དག་པར་བླང་བ་སྒྲུབ་པ་མཆོག་ཏུ་དགའ་བ་མང་བ་ཉིད་ཀྱིས་སོ། །མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་དད་པ་སྐྱེས་པས་སོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ནི་དེ་ཉིད་ཀྱིས་དེ་འཕེལ་བར་བྱེད་པ་ཉིད་ཀྱིས་སོ། །གང་ཟག་གནང་མི་བཀུར་བ་རྣམས་ཚར་གཅད་པའི་ཕྱིར་བསླབ་པ་ལས་འདའ་བས་མི་མཛེས་པ་རྣམས་ཏེ། བསླབ་པ་ནི་འདོད་པ་རྣམས་གནས་ནས་དབྱུང་བ་དང་བསྐྲད་པ་ཉིད་ཀྱིས་སོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ནི་བསླབ་པ་འདོད་པ་རྣམས་ཚུལ་ཁྲིམས་མཚུངས་པ་ཉིད་ཀྱིས་བསྐྱོད་པ་མེད་པར་འགྲོགས་ན་བདེ་བ་ཉིད་ཀྱིས་སོ། །མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམས་པའི་ཕྱིར་ནི། དེ་ལྟར་བྱུང་བའི་ཟག་པ་རྣམས་བཟློག་པའི་ཕྱིར་བསླབ་པའི་གཞི་འཆའ་བའོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ནི་མ་འོངས་པའི་གང་ཟག་ལ་མི་འཇུག་པར་


DTG136_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་བསླབ་པའི་གཞི་འཆའ་བའོ། །ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཏེ། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་ནི་ཚངས་པར་སྤྱོད་པ་བརྡ་ཅན་དང་དོན་དམ་པའི་རྗེས་སུ་འཇུག་པ་སྟེ། རབ་ཏུ་བྱུང་བ་དང་རྟོག་པར་བརྒྱུད་པ་གཉིས་སོ། །དེ་རྣམས་ལས་གཅིག་ནི་བསྟན་པ་མི་ཕྱེད་པར་བྱ་བའི་དབང་དུ་མཛད་ནས་སོ། །གཅིག་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིའོ། །གཅིག་ནི་རྒྱུ་ཕུན་སུམ་ཚོགས་པའིའོ། །གཉིས་ནི་ཟང་ཟིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པའིའོ།། གཉིས་ནི་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའིའོ། །གཉིས་ནི་མྱ་ངན་ལས་འདས་པ་འཐོབ་པ་ཕུན་སུམ་ཚོགས་པའིའོ། །གཅིག་ནི་བསྟན་པའི་དོན་ཆེ་བ་ཉིད་ཕུན་སུམ་ཚོགས་པའིའོ། །དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་སྡུག་བསྔལ་གང་ཡིན་པ་དེ་འགག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཡང་འབྱུང་བ་པའི་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་སྟེ། འཇུག་པའི་གགས་སུ་གྱུར་པའི་ཕྱིར་རོ། །དེ་ཉེ་བར་ཞི་བ་ནི་གཏན་དུ་མི་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་འགོག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཉེ་བར་ཞི་བ་སྨོས་ཏེ། བསྲབས་པའི་དངོས་པོར་ཉེ་བར་ཞི་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འགོག་པ་སྨོས་སོ། །ཚེ་འདི་པའི་གང་ཡིན་པ་དེ་ནི་བསིལ་བར་གྱུར་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་གྱི་དྲོད་དང་བྲལ་བའི་ཕྱིར་ན་བུམ་པའི་གྱོ་མོ་ཚ་བ་བསིལ་བར་གྱུར་པ་བཞིན་ནོ།། དེ་ནུབ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་རོ། །གཞན་ཡང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་ས་འོག་མ་པའི་སྡུག་བསྔལ་འགག་པ་ཡིན་གྱི་ཉེ་བར་ཞི་བ་ནི་མ་ཡིན་ཏེ། ཕྱིས་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བསིལ་བར་གྱུར་པ་ཡང་མ་ཡིན་ཏེ། བག་ལ་ཉལ་ལུས་པའི་ཕྱིར་རོ། །ས་གོང་མ་པ་ཡང་མ་ནུབ་པ་ཡིན་ནོ། །དགྲ་བཅོམ་པའི་ནི་དེ་ལས་བཟློག་ནས་ཉེ་བར་ཞི་བ་དང་ནུབ་པའི་བར་དུ་ཡིན་ནོ། །གཞན་ཡང་འཇིག་རྟེན་པ་རྣམས་ཀྱི་འགོག་པ་ནི་ཞི་བ་མ་ཡིན་ཏེ། ས་འོག་མའི་སྡུག་བསྔལ་


DTG136_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡུག་བསྔལ་དང་བཅས་པ་ཡིན་པའི་ཕྱིར་རོ། །བག་ལ་ཉལ་མ་སྤངས་པས་གྱ་ནོམ་པ་ཡང་མ་ཡིན་ནོ། །ཡང་འཇུག་པ་ཉིད་ཀྱིས་ངེས་པར་འབྱུང་བ་ཡང་མ་ཡིན་ནོ། །དེ་ལས་བཟློག་ནས་འཕགས་པ་རྣམས་ཀྱི་སྡུག་བསྔལ་འགོག་པའི་ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བ་ཡིན་ནོ། །དེའི་རྣམ་པ་དང་མཐུན་པར་དགྲ་བཅོམ་པའི་སྡུག་བསྔལ་འགགས་པ་དང་ནུབ་པ་ཞེས་བྱ་བའི་བར་ཡིན་པར་བསྟན་ཏོ། །བྲམ་ཟེ་ནི་འདི་ལྟ་སྟེ་སོམ་ཉི་མེད་ཅིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདི་ལས་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པས་དོན་དམ་པའི་བྲམ་ཟེའི་མཚན་ཉིད་བསྟན་ཏོ། །སོམ་ཉི་མེད་པ་ཉིད་ཀྱིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། དོན་དམ་པ་དང་རང་གིས་ཐོབ་པ་ལས་སོམ་ཉི་མེད་པའི་ཕྱིར་རོ། །ལྷག་མས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། ངན་སོང་པ་དང་ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །འགྱོད་པ་ཆད་པ་ཉིད་ཀྱིས་ནི་ཉོན་མོངས་པར་འགྱུར་བའི་ལས་སྤངས་པའི་ཕྱིར་ངན་སོང་བའི་ཀུན་ནས་ཉོན་མོངས་པ་སྤངས་པར་ཡོངས་སུ་སྟོན་ཏོ། །ལྷག་མས་ནི་ཡང་འབྱུང་བ་བའི་ཀུན་ནས་ཉོན་མོངས་པ་སྤངས་པ་ཡིན་ཏེ། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །འབྱུང་བ་དང་འཇིག་པ་ལ་སྲེད་པ་ནི་འབྱུང་བར་འགྱུར་བར་བྱའོ། །མི་འབྱུང་བར་འགྱུར་བར་བྱའོ་སྙམ་དུ་འདུན་པའོ། །ཆགས་པ་ནི་དེ་ཉིད་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་རྣམས་སོ། །སྲེད་པ་ཐམས་ཅད་རྣམ་སྤངས་ནས། །འདུ་བྱེད་ཐམས་ཅད་ཟད་ཕྱིར་དང༌། །ཕུང་པོ་ཐམས་ཅད་ཡོངས་ཤེས་ན། །ཡང་སྲེད་པར་ནི་འདོད་མི་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དང༌། ལས་དང་སྲིད་དང་དེ་བཞིན་མ་རིག་པ། །ཚེ་རབས་ཕྱི་མའི་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་བྱ་བ་འདི་དང་ཡང་སྦྱར་བར་བྱ་སྟེ། གོ་རིམས་ཐ་དད་པ་ཙམ་ཞིག་ཁྱད་པར་ཡོད་དོ། །གཞན་ཡང་སོམ་ཉི་མེད་པ་ཉིད་ཀྱིས་ནི་ཤེས་ནས་ཐ་དད་པ་གསུམ་འཐོབ་པར་སྟོན་ལ། འགྱོད་པ་ཆད་པ་ཉིད་ཀྱིས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་པར་སྟོན་ཏེ།


DTG136_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་མཐོང་བའི་ལམ་གྱིས་བྲམ་ཟེའི་ཚུལ་གྱིས་ནི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏོ། །ལྷག་མས་ནི་མི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏེ། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་ནི་གསོན་པ་དང་འཆི་བ་ལ་མངོན་པར་མི་དགའ་བའི་ཕྱིར་འདུན་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ། འཆི་ལ་མངོན་པར་མི་དགའ་ལ། །གསོན་ལའང་མངོན་པར་མི་དགའོ། །ཞེས་ཚིགས་སུ་བཅད་པ་འདི་གསུངས་པ་ལྟ་བུའོ། །ཆགས་པ་རྒྱས་པར་མི་འགྱུར་བ། །ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སྤངས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་མངོན་པའི་ང་རྒྱལ་ཅན་གྱི་ཉེ་བའི་ཉོན་མོངས་པའི་གཉེན་པོར་བྲམ་ཟེ་ཉིད་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་ནི་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དང་མཐུན་པའི་གཏམ་བརྗོད་པ་ན་སོམ་ཉི་ཟལ། ཕྱིས་ཀྱང་ཡིད་ལ་གཅགས་པར་འགྱུར་ཏེ། ཇི་སྐད་དུ་ལྷའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ཞིང༌། ལུས་སམ་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྒྱུ་ལ། འདོད་ཆགས་ཀྱི་བག་ལ་ཉལ་ཡང་རྟག་ཏུ་རྗེས་སུ་འབྲང་བ་ཁོ་ན་ཡིན་ནོ། །མི་རྟག་བའི་འདུ་ཤེས་ཞིང་པ་ལ་སོགས་པའི་དཔེ་དང་བཅས་པ་ནི་མདོ་སྡེའི་དུམ་བུའོ། །འདིར་ཞིང་པའི་དཔེས་ནི་མི་རྟག་པའི་འདུ་ཤེས་བག་ལ་ཉལ་གྱི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་ལ། རྩ་བལ་བ་ཛའི་དཔེས་ནི་ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། ཉོན་མོངས་པ་མ་བྱུང་པ་དང༌། བྱུང་བའི་དབང་དུ་བྱས་པའི་ཕྱིར་རོ། །ཨ་མྲའི་དོག་པའི་དཔེས་ནི་དེ་ལས་གཞན་བག་ལ་ཉལ་གྱི་གཉེན་པོ་སྨོན་པ་མེད་པ་དང༌། མཚན་མ་མེད་པའི་འདུ་ཤེས་དག་འདྲེན་པར་བྱེད་པ་ཉིད་ཡིན་ནོ། །སྤྱི་རྟེན་གྱི་ནི་དེ་ལས་གཞན་པ་ཀུན་ནས་དཀྲིས་པའི་གཉེན་པོ་མི་སྡུག་པ་ལ་སོགས་པའི་འདུ་ཤེས་དག་ཏུ་ཀུན་ཏུ་འཛིན་པར་བྱེད་པ་ཉིད་ཡིན་ཏེ། ཡོངས་སུ་མི་ཉམས་པར་འགྱུར་བའི་ཕྱིར་


DTG136_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གླང་པོ་ཆེའི་རྗེས་ཀྱིས་ནི་དེ་དག་མི་རྟག་པའི་འདུ་ཤེས་ཀྱིས་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་ཉིད་ཡིན་ཏེ། མི་རྟག་པ་ཉིད་དུ་ཡོངས་སུ་རྟག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འབབ་ཆུ་རྣམས་ཀྱིས་ནི་དེ་ལས་གཞན་པ་སུན་འབྱིན་པའི་རྣམ་པ་དག་དེར་ཐུག་པ་ཉིད་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཇུག་པ་ཉིད་ཡིན་པའི་ཕྱིར་རོ། །ཉི་མ་དང་ཁམས་ཀྱི་རྒྱལ་པོས་ནི་མི་སློབ་པའི་གནས་སྐབས་ན་གོ་རིམས་བཞིན་དུ་མི་བརྗེད་པའི་ཆོས་ཉིད་དུ་བྱེད་པ་དང༌། འཇིག་རྟེན་པའི་འདུ་ཤེས་གཞན་ལ་དབང་སྒྱུར་བ་ཉིད་ཡིན་ནོ། །དེ་ལྟར་ན་ཇི་ལྟར་མི་རྟག་པའི་འདུ་ཤེས་ནི་མཐའ་དག་གི་གཉེན་པོ་ཡིན་པ་ཡང་ཡིན་ཏེ། བག་ལ་ཉལ་བ་དང༌། ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་གཉེན་པོའི་རྩ་བ་ཡིན་པ་ཡང་ཡིན་ཏེ། གཉེན་པོ་གཞན་འདྲེན་པའི་ཕྱིར་རོ། །ཇི་ལྟར་ན་ཀུན་ནས་དཀྲིས་པའི་གཉེན་པོ་གཞན་ལས་ཁྱད་པར་རྣམ་པ་གསུམ་དག་གིས་ཁྱད་པར་དུ་འཕགས་པ་ཡིན་པ་ཡང་ཡིན་ནོ། །ཇི་ལྟར་ན་གཉེན་པོ་བླ་ན་མེད་པ་ཉིད་ཡིན་པ་དེ་ཡང་ཡོངས་སུ་བསྟན་པ་ཡང་ཡིན་ཏེ། མ་རིག་པ་དང་རིག་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དུས་སུ་ཞེས་བྱ་བ་ནི་ཉན་འདོད་པ་ཉིད་དང་བཤད་པའི་འོས་སུ་གྱུར་པ་ཉིད་དུ་ཤེས་ནས་ཏེ། །ཀཏྱའི་བུ་མོ་སྨྱུག་མ་ཅན་བཞིན་ནོ། །བསྒྲིམ་པ་ཞེས་བྱ་བ་ནི་བརྙས་པ་མེད་པ་སྟེ། སེང་གེ་མཆོང་བ་བཞིན་ནོ། །གོ་རིམས་ཞེས་བྱ་བ་ནི་དུས་སྔར་བྱ་བ་སྦྱིན་པ་ལ་སོགས་པ་དང༌། ཡང་དག་ཕུལ་ཅན་གྱི་གཏམ་ལས་བརྩམས་ནས་སོ། །མཚམས་སྦྱར་བ་ཞེས་བྱ་བ་ནི་མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་ནས་སོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་དྲི་བ་ལུང་བསྟན་པ་ལས་བརྩམས་ནས་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་ལུང་སྟོན་པའི་ཕྱིར་རོ། །དགའ་བར་བྱ་བ་ནི་དད་པ་ཅན་རྣམས་ལའོ། །འདོད་པར་བྱ་བ་ནི་སྔར་གནས་པ་དང་ཞེ་འགྲས་པ་རྣམས་ལའོ། །སྤྲོ་བ་མི་བསྐྱེད་པ་དང་


DTG136_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨད་པ་ནི་གང་སུ་དག་འདི་འདྲ་བ་ཐམས་ཅད་ནི་ཡང་དག་པ་ལ་ཞུགས་པ་དག་གོ་ཞེའམ། ལོག་པ་ལ་ཞུགས་པ་དག་གོ་ཞེས་བྱ་བ་ལྟ་བུ་སྟེ། ཇི་སྐད་དུ་ཉོན་མོངས་པ་མེད་པའི་མདོ་ལས་གཟུངས་པ་ལྟ་བུའོ། །གདུལ་བའི་ཁྱད་པར་མངོན་པར་མི་ཤེས་པ་དེ་ལྟ་བུར་བྱེད་པ་ནི་དེ་ས་གདུལ་བ་མ་ཡིན་པ་རྣམས་སྙིང་ན་བར་འགྱུར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་སྔ་ཕྱི་འབྲེལ་བའི་ཕྱིར་རོ། །མ་འདྲེས་པ་ནི་གཏམ་གཞན་དུ་འཕྲོ་བ་སྤངས་པའི་ཕྱིར་རོ། །ཆོས་དང་ལྡན་པ་ནི་དགེ་བ་དང་མཐུན་པའི་ཕྱིར་རོ། །འཁོར་ཇི་ལྟ་བ་བཞིན་ནི་གདུལ་བ་དང་འཚམ་པའི་ཕྱིར་རོ། །བྱམས་པའི་སེམས་ནི་ཉན་པ་པོ་བདེ་བར་སྨོན་པས་སོ། །ཕན་པའི་སེམས་ནི་དེ་ལ་ཉོན་མོངས་པ་མེད་པར་སྨོན་པས་སོ། །སྙིང་བརྩེ་བའི་སེམས་ནི་དེ་ལ་སྡུག་བསྔལ་མེད་པར་སྨོན་པས་སོ།། གཞན་ཡང་དགེ་བ་དང་མི་དགེ་བ་ལ་སོགས་པ་དང༌། ཐ་མལ་པ་དག་ལ་བྱམས་པ་ལ་སོགས་པའི་སེམས་ཀྱིས་ཏེ་གོ་རིམས་བཞིན་ནོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་ནི་དེ་འདོད་པ་ཉིད་སྤངས་པས་སོ། །བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་བ་ནི་སྨྲ་བ་པོ་ཉིད་ཀྱིས་བདག་ལ་ལྷག་པར་ཡིད་ཆེས་པར་བྱེད་འདོད་པ་ཉིད་སྤངས་པས་སོ། །དེ་ལྟར་ན་ཇི་ལྟ་བུར་དང༌། གང་གི་དོན་དུ་དང༌། གང་འདྲ་བ་དང༌། གང་འདྲ་བས་གཏམ་བྱ་བ་དེ་ལྔ་ལྔ་དག་གིས་ཡོངས་སུ་བསྟན་ཏོ། །ལུང་ལས་ནི་སྐྱོན་བཅུ་གཅིག་གི་གཉེན་པོར་གཏམ་རྣམ་པ་ཉི་ཤུ་དང་ལྡན་པའོ་ཞེས་འབྱུང་ངོ༌། །སྐྱོན་བཅུ་གཅིག་ནི་སྣོད་མ་ཡིན་པ་ལ་བརྗོད་པའི་སྐྱོན་དང༌། བརྗོད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་དང༌། བརྗོད་པ་བར་ཆད་པའི་སྐྱོན་དང༌། བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་དང༌། བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་དང༌། དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་དང༌། སྤྱོད་ཡུལ་མ་ཡིན་པ་བརྗོད་པའི་སྐྱོན་དང༌། རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་དང༌། དོན་མེད་པ་དང་ལྡན་པ་བརྗོད་པའི་སྐྱོན་དང༌། མི་འཚམ་པར་བརྗོད་པའི་སྐྱོན་དང༌། ཉོན་མོངས་


DTG136_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་ནོ། །དེ་ལ་སྣོད་མ་ཡིན་པ་ནི་སྤྱོད་ལམ་མི་སྡུག་པར་འདུག་པའོ། །བརྗོད་པ་བར་ཆད་པའི་སྐྱོན་གྱི་གཉེན་པོར་ནི་གོ་རིམས་ལ་སོགས་པ་རྣམ་པ་གསུམ་པོ་དག་ཡིན་པར་རིག་པར་བྱ་སྟེ། བསྟན་པ་དང་རྒོལ་བའི་ཚིག་དང། ལན་གྱི་ཚིག་གིས་དབང་དུ་མཛད་ནས་སོ། །བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་དྲུག་པ་དང༌། བདུན་པ་དང་བརྒྱད་པ་དག་སྟེ། དད་པ་ཅན་དང༌། ཞེ་འགྲས་པ་དང༌། བར་ན་གནས་པའི་དབང་དུ་མཛད་ནས་སོ། །བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་དགུ་པ་དང་བཅུ་པ་གཉིས་ཏེ། སྡིག་པའི་ལས་ཅན་ལ་ནི་སྤྲོ་བ་བསྐྱེད་པར་འོས་པ་མ་ཡིན་ལ། སྨད་ན་ཡང་མཆོད་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་སོ། །སྤྱོད་ཡུལ་མ་ཡིན་པས་ནི་དོན་ཟབ་མོ་སྟེ། དབང་པོ་ཐ་མ་ལའོ། །ཉོན་མོངས་པ་ཅན་གྱི་བསམ་པ་ནི་རྣམ་པ་གསུམ་སྟེ། ཡིད་ཆེས་པར་བྱ་བའི་བསམ་པ་དང༌། དད་ནས་བཀུར་སྟི་བྱེད་པའི་བསམ་པ་དང༌། ཕྲག་དོག་གི་བསམ་པའོ། །དང་པོའི་གཉེན་པོར་བྱམས་པ་དང༌། ཕན་པ་དང༌། སྙིང་བརྩེ་བའི་སེམས་ཀྱི་རྣམ་པ་དག་སྟེ། མྱ་ངན་ལས་འདས་པ་དང། དེའི་ལམ་རྟོགས་པར་བྱ་བའི་བསམ་པ་ཉིད་དང༌། བཤད་པའི་དོན་ཁོང་དུ་ཆུང་པར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །གཞན་ཡང་མདོར་ན་འདི་ལས་གཏམ་གྱི་སྦྱོར་བ་དང༌། གཏམ་གྱི་ལས་དང༌། གཏམ་གྱི་ཡོན་ཏན་དང༌། སྨྲ་བ་པོའི་ཡོན་ཏན་ལས་བརྩམས་ནས་རྣམ་པ་ལྔ་ལྔ་དག་ཏུ་རིག་པར་བྱའོ།། །།བམ་པོ་བཞི་པ། རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྣམ་པ་བཅུ་དྲུག་པོ་དག་ནི་སྐྱོན་རྣམ་པ་བཅུ་གསུམ་གྱི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྐྱོན་རྣམ་པ་བཅུ་གསུམ་ནི་སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན་དང༌། འགྱིང་བའི་སྐྱོན་དང༌། དོན་དུ་མི་གཉེར་བའི་སྐྱོན་དང༌། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང༌། མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང༌། སུན་ཕྱིན་ཅི་ལོག་


DTG136_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྒལ་བའི་བསམ་པའི་སྐྱོན་དང༌། ཆོས་དང་ཆོས་སྨྲ་བ་ལ་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན་དང༌། སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་དང༌། སྨོན་པའི་སྐྱོན་དང༌། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱི་སྐྱོན་དང༌། རྣམ་པར་གཡེངས་པ་དང་བསྡུས་པ་གཉིས་ཀྱིས་མི་ཉན་པའི་སྐྱོན་དང༌། ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་དང༌། རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་དང༌། དེ་ལ་ནང་དུ་ཡང་དག་འཇོག་པའི་ཚེ་སྤྱོད་ལམ་གྱི་མི་སྡུག་པའི་ཕྱིར་སྐྱོན་དང་པོ་ཡིན་ནོ། །རིགས་མཐོན་པོ་ཉིད་ལ་སོགས་པར་ང་རྒྱལ་འབྱུང་བའི་ཕྱིར་འགྱིང་བའི་སྐྱོན་དང༌། ཆོས་ལ་ནི་ཡོན་ཏན་དང་ལེགས་པར་གསུངས་པ་དང་འབྲས་བུ་ཆེན་པོ་ཉིད་དུའོ། །ཆོས་སྨྲ་བ་ལ་ནི་དགེ་བའི་བཤེས་གཉེན་ཉིད་དུའོ། །ཆོས་ལ་སྐྱོན་ནི་ཚིག་དང་ཡིག་འབྲུ་མ་འབྲེལ་པ་ཉིད་དུའོ། །ཆོས་སྨྲ་བ་ལ་ནི་ཚུལ་ཁྲིམས་དང༌། རིགས་དང༌། བྱད་གཟུགས་དང༌། ཚིག་དང༌། ཚིག་འབྱིན་པ་མ་ཚང་བ་ཉིད་དུའོ། །རྣམ་པར་གཡེངས་པ་ནི་སེམས་གཞན་དུ་འཕྲོས་པའོ། །བསྡུས་པ་ནི་རྨུགས་པ་དང༌། གཉིད་ཀྱིས་སེམས་ཞུམ་པ་ཉིད་དུའོ། །ལེགས་པར་ཡིད་ལ་མི་བྱེད་པ་ནི་དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་པ་ཉིད་ཀྱིས་སོ། །རབ་ཏུ་ཡིད་ལ་མི་བྱེད་པ་ནི་འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་སོ། །ལུང་ལས་ནི་སྐྱོན་རྣམ་པ་དྲུག་གི་གཉེན་པོར་རྣམ་པ་བཅུ་དྲུག་དག་ཡིན་ནོ་ཞེས་འབྱུང་སྟེ། སྐྱོན་དྲུག་ནི་ལས་ཀྱི་སྐྱོན་དང༌། མོས་པ་མེད་པའི་སྐྱོན་དང༌། མཆོད་པར་མི་འགྱུར་བའི་སྐྱོན་དང༌། བསམ་པའི་སྐྱོན་དང༌། མི་མཐུན་པ་ཉིད་ཀྱི་སྐྱོན་དང༌། འཛིན་པའི་སྐྱོན་ནོ། །དེ་ལ་ལས་ཀྱི་སྐྱོན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ལས་ཀྱི་སྐྱོན་ནི་སྤྱོད་ལམ་མི་སྡུག་པར་འདུག་པའི་ཕྱིར་རོ། །ལུས་དང་ངག་གི་སྐྱོན་ནི་དེ་ཉིད་ཀྱིས་སྐུལ་བར་མི་བྱེད་པའི་ཕྱིར་རོ། །ཡིད་ཀྱི་ལས་ཀྱི་སྐྱོན་ནི་ཉན་པར་མི་འདོད་པ་ཉིད་ཀྱིས་སོ། །བསམ་པའི་སྐྱོན་ནི་གཞན་ལ་ཀླན་ཀ་བཙལ་བ་དང༌། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །མི་མཐུན་པ་ཉིད་ཀྱི་སྐྱོན་ནི་རྣམ་པ་ལྔ་དག་སྟེ། དེ་ལ་ཆོས་ལ་ནི་ངེས་པར་འབྱིན་


DTG136_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པར་གོ་བ་ཉིད་ཀྱིས་གུས་པ་མེད་པ་དང༌། ཚིག་དང་ཡི་གེ་མ་འབྲེལ་བ་ཉིད་ཀྱིས་བརྙས་པའོ། །གང་ཟག་ལ་ནི་ཚུལ་ཁྲིམས་དང༌། ཚིག་དང༌། ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་དང༌། རིགས་ཀྱི་སྐྱོན་གྱིས་བརྙས་པའོ། །ཁོང་དུ་ཆུད་པ་དང༌། སྒྲུབ་པའི་ནུས་པ་མི་འབྱུང་སྙམ་པའི་བདག་ཉིད་ལ་བརྙས་པའོ། །འཛིན་པའི་སྐྱོན་ཡང་རྣམ་པ་ལྔ་སྟེ། ལོག་པར་འཛིན་པ་དང༌། དོན་མི་འཛིན་པ་དང༌། ཚིག་འབྲུ་མི་འཛིན་པ་དང༌། བརྡ་མ་སྤྲད་པར་འཛིན་པ་དང༌། མ་ལུས་པར་མི་འཛིན་པའོ། །ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །གསུང་གྲོང་ཁྱེར་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདིས་ནི་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་གསུང་ཡོན་ཏན་དྲུག་དག་དང་ལྡན་པར་ཡོངས་སུ་སྟོན་པ་ཡིན་ནོ། །གསུང་སྙན་པ་ཉིད་དང་ཚིག་འབྲུ་བཟང་པོ་ཉིད་དང༌། དོན་བཟང་པོ་ཉིད་དང༌། ཟང་ཟིང་མེད་པ་ཉིད་དང༌། ཇི་ལྟར་འོས་པ་ཉིད་དང༌། རྒྱ་ཆེ་བ་ཉིད་དོ། །དེ་ལ་རྣམ་པ་གཉིས་ཀྱིས་ན་གསུང་སྙན་པ་ཉིད་དུ་རིག་པར་བྱའོ། །གསུང་རྒྱ་ཆེ་བ་ཉིད་ཀྱིས་ཏེ། འཁོར་ལ་ཆུན་པར་མཛད་པའི་ཕྱིར་དང༌། གསུང་འཇམ་པ་ཉིད་ཀྱིས་སོ། །གཉིས་ཀྱིས་ན་ཚིག་འབྲུ་བཟང་པོ་ཉིད་ཡིན་ཏེ། ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་དང༌། བརྗོད་པ་གོ་བར་མཛད་པ་ཉིད་ཀྱིས་སོ། །ལྷག་མ་རྣམས་ནི་རེ་རེས་ཏེ་རིགས་པའི་དོན་དང་ལྡན་པ་ཉིད་ཀྱིས་ཏེ། མཉན་པར་འོས་པའི་ཕྱིར་དང༌། རྙེད་པ་ལ་སོགས་པའི་བཞེད་པ་དང་མི་ལྡན་པ་ཉིད་ཀྱིས་དང༌། འཁོར་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱིས་དང༌། སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ་ཉིད་ཀྱིས་སོ། །ལུང་ལས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཉིད་དང༌། གསུང་འཇམ་པ་ཉིད་དང༌། ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་དང༌། གོ་བར་མཛད་པ་ཉིད་དང༌། ཆོས་དང་དོན་དང་ལྡན་པ་ཉིད་དང༌། དད་ནས་བཀུར་སྟི་བྱེད་པ་ལ་མི་བརྟེན་པ་ཉིད་དང༌། རན་པར་གསུང་བ་ཉིད་དང༌། རྒྱ་ཆེ་ཞིང་ཐབས་མཁས་པ་ཉིད་ཀྱི་རྒྱུས་ན་གསུང་གྲོང་ཁྱེར་གསལ་བ་ནས་ཡོངས་སུ་


DTG136_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཏུགས་བ་མེད་པའི་བར་ཡིན་པར་འབྱུང་སྟེ། གསུང་རྣམ་པ་བརྒྱད་དང་ལྡན་པ་འདི་ནི་མདོར་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱ་སྟེ། དབང་དུ་མཛད་པ་ཉིད་ནི་རྣམ་པ་གཅིག་གིས་སོ། །རང་བཞིན་ཉིད་ནི་གཉིས་ཀྱིས་སོ། །སྦྱོར་བ་ཉིད་ནི་ལྷག་མ་རྣམས་ཀྱིས་སོ་ཞེས་འབྱུང་ངོ༌། །དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བཀུར་སྟི་བྱས་ཞེས་བྱ་བ་ནི་བསྟན་པའོ། །བླ་མར་བྱས་པ་ནས་སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བའི་བར་ནི་བཤད་པའོ། །འདིས་ནི་བཀུར་སྟི་བྱས་ནས་ཉན་པ་སྐྱོན་དྲུག་དང་བྲལ་བར་བསྟན་པ་ཡིན་ནོ། །སྐྱོན་དྲུག་ནི་ང་རྒྱལ་གྱི་སྐྱོན་དང༌། མ་དད་པའི་སྐྱོན་དང༌། མ་མོས་པའི་སྐྱོན་དང༌། ཕྱི་རོལ་དུ་རྣམ་པར་གཡེངས་པའི་སྐྱོན་དང༌། ནང་དུ་བསྡུས་པའི་སྐྱོན་དང༌། སྐྱོ་བའི་སྐྱོན་ནོ། །འདིར་ཡང་སྨྲས་པ། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེངས་ནང་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཆོས་མངོན་པ་དང་འདུལ་བ་དྲི་བ་དྲིས་པ་ཡང་ཤེས་ཚིག་དང་ཡིག་འབྲུ་རིགས་པ་དང་འབྲེལ་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདི་ལས་ནི་འདྲི་བ་རྣམ་པ་གསུམ་ལ་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དོན་དང་མཚམས་སྦྱར་བའི་དབང་དུ་བྱས་ནས་མི་ཤེས་ནས་འདྲི་བ་ལ་ནི་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་དང༌། མཚམས་སྦྱར་བ་འབྲེལ་པར་བྱ་བ་ཉིད་ཀྱིས་སོ། །ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས་ནས་འགལ་བའི་འདྲི་བ་ལ་ཆོས་ཉིད་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱིས་དང༌། དགོངས་པ་བསྟན་པ་ཉིད་ཀྱིས་སོ། །འདྲི་བ་གཉིས་ཀ་ལ་ཡང་གོ་བར་བྱེད་པ་ཉིད་ཀྱིས་དང༌། གདུལ་བ་ཇི་ལྟ་བ་བཞིན་དུ་འཆད་པ་ཉིད་ཀྱིས་སོ། །རྟོགས་པའི་དབང་དུ་བྱས་ནས་གདམས་ངག་འདྲི་བ་ལ་ནི་འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་


DTG136_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཏེ། རྟག་འགྲུས་སྐྱོང་གི་འཕགས་པའི་ལམ་གྱི་ཡན་ལག་གི་ཚོགས་ཡིན་པའི་ཕྱིར་རོ། །རྟག་པ་དང་འགྲུས་པར་སྐྱོང་བ་ནི་རྟག་འགྲུས་སྐྱོང་སྟེ། རྟག་ཏུ་དང་བསྒྲིབས་པས་ཟག་བ་རྣམས་ལས་སེམས་སྲུང་བའི་ཕྱིར་རོ། །གཞན་ཡང་རིགས་པ་ཉིད་ནི་འབྲེལ་པ་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། སྔ་ཕྱི་མ་འབྲེལ་བ་མེད་པ་ཉིད་ཀྱིས་སོ། །རྗེས་སུ་མཐུན་པ་ཉིད་ནི་སྦྱོར་བ་ཉིད་ཀྱིས་ཏེ། ཆོས་ཉིད་དང་མི་མཐུན་པ་མེད་པ་ཉིད་ཀྱིས་སོ། །ཐབས་དང་ལྡན་པ་ཉིད་ནི་འཚམ་པ་ཉིད་ཀྱིས་ཏེ། གདུལ་བ་དང་རྗེས་སུ་མཐུན་པར་འཆད་པ་ཉིད་ཀྱིས་སོ། །མཐུན་པ་ཉིད་ནི་རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཉིད་ཀྱིས་ཏེ། ཚངས་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །ཇི་ལྟར་གསུང་དབྱངས་ཡན་ལག་ལྔ་དང་ལྡན་པ་བཤད་པ་ལས་འབྱུང་བ་ལྟ་བུ་སྟེ། ཚིག་སྔ་མ་ཕྱི་མས་གསལ་བར་བྱེད་པ་ཡིན་ནོ། །ཚིག་ཕྱི་མ་རྣམ་པར་བཤད་པ་དང་བཅས་པ་བཞི་པོ་འདི་རྣམས་ཀྱིས་ནི་འདྲི་བ་ཐམས་ཅད་ལ་ལན་གདབ་པ་ཡོན་ཏན་བཞི་དང་ལྡན་པར་བསྟན་པ་ཡིན་ཏེ། སྔ་ཕྱི་མི་འགལ་བ་དང༌། ཆོས་ཉིད་དང་མཐུན་པ་དང༌། གདུལ་བ་དང་མཐུན་པ་དང། དོན་གྱི་མཆོག་དང་མཐུན་པའོ། །ལུང་ལས་ནི་ཚིག་བརྒྱད་པོ་དག་གིས་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ༌། །ཡོན་ཏན་བརྒྱད་དག་ནི་དོན་ལ་འཇུག་པ་ངེས་པར་འཛིན་པ་ཉིད་དང༌། འཇིག་རྟེན་ལ་གྲགས་པའི་ཚིག་དང་ཡིག་འབྲུ་དང་འབྲེལ་པ་ཉིད་དང་རྒོལ་བ་འགལ་བའི་རྗེས་སུ་མཐུན་པ་ཉིད་དང༌། ཚིག་ཟབ་མོའི་དོན་ངེས་པར་བྱས་པ་ཉིད་དང༌། ཉན་པ་པོ་ལ་ཕན་འདོགས་པའི་ཚིག་དང་ཡིག་འབྲུ་རྣམ་པར་གཡེང་བ་མེད་པའི་གཞིར་གནས་པ་ཉིད་དང༌། གདུལ་བའི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཕྱེ་བ་ཉིད་དང༌། ལུང་འབོགས་པ་དང༌། ཁ་དོན་བྱེད་པ་དང༌། མོས་པ་དང་སེམས་པ་དང་བསྒོམ་པ་དང་མཐུན་པ་ཉིད་དང༌། སྒྲ་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཞེན་པར་གཏན་ལ་དབབ་པར་བསྟན་པ་ཉིད་དོ། དགེ་སློང་དག་གཏམ་ལ་


DTG136_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱ་བ་ན་འདུན་པ་དང་ཞེ་སྡང་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། །འདི་ལས་ནི་ཉོན་མོངས་པ་ཅན་གྱི་གཏམ་གཞི་དང་བཅས་པ་སྤངས་ནས་གཏམ་གང་བྱ་བ་དང༌། གང་གི་དོན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་གྱི་གཞི་ནི་རྣམ་པ་དགུ་སྟེ། རང་གི་ཕྱོགས་རྒྱལ་བར་འདོད་པ་དང༌། རང་ཕམ་ན་ཕྱིར་རྒོལ་བ་ལ་ཁོང་ཁྲོ་བ་ཉིད་དང༌། རང་གི་ཕྱོགས་གྲུབ་ན་སེམས་ཁེངས་པ་ཉིད་དང༌། ཕྱིར་རྒོལ་བས་སྐྱོན་བྱུང་བ་གླེངས་ན་དེ་བཅས་པར་འདོད་པ་ཉིད་དང༌། སྐྱོན་མ་བྱུང་བ་གླེངས་ན་ཁྲོ་བ་དང༌། ཁྲོས་ནས་ཤ་གླན་པའི་ཕྱིར་ཁོན་དུ་འཛིན་པ་དང༌། ཕམ་ན་ཡིད་མི་བདེ་བའི་མཚན་ཉིད་སེམས་མི་གསལ་བ་ཉིད་དོ། །འདི་ཐམས་ཅད་ཀྱི་རྩོད་པའི་རྩ་བའི་སྔོན་དུ་འགྲོ་བ་ནི་གཉིས་ཡིན་ཏེ། རབ་ཏུ་བྱུང་བའི་ཡང་སེམས་ཀྱི་ཐ་བ་དང༌། འཆབ་པའི་གཞི་ནི་ཟག་པའི་གནས་དང་མཐུན་པ་རྙེད་པ་དང་བཀུར་སྟི་དང་ལྡན་པའི་ཡུལ་རྣམས་ཡིན་ཏེ། དེ་ལ་ལྟོས་པ་དང་བཅས་པ་ནི་དེའི་དགྲ་བོར་གྱུར་པ་དག་ལ་ཞེ་སྡང་སྐྱེད་པའི་ཕྱིར་དང༌། བདག་ཉིད་ཀྱི་སྐྱོན་འཆབ་པར་བྱེད་པའི་ཕྱིར་རོ། །དེ་ལ་མི་ལྟོས་པ་ཉིད་ཀྱིས་ནི་དེ་སྤངས་པས་ན་རྩོད་པའི་རྩ་བ་དང་པོ་ཡོངས་སུ་སྤངས་པ་ཡིན་ནོ། །གཉིས་པ་ནི་ལྟ་བའི་ཡོངས་སུ་གདུང་བ་བསལ་བའི་ཕྱིར་རོ། །ལྟ་བ་ངན་པའི་སེམས་ཡོངས་སུ་གདུང་བ་ཡིན་ཏེ། རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདིར་ཡང་སྨྲས་པ། རྒྱལ་དང་ཕམ་བྱེད་འདོད་གྲུབ་དང༌། །བྱུང་དང་མ་བྱུང་གླེངས་པ་དང༌། །མ་བྱུང་གླེངས་ན་ཁྲོ་བ་ལས། །ཁོ་ན་དུ་འཛིན་པ་འབྱུང་བ་དང༌། །ཕམ་ན་གདུག་པ་ལ་སོགས་པ། །བདུན་ནི་སྤངས་ནས་གཏམ་གཏན་བྱ། །རྩོད་པའི་གཞི་གཉིས་སྔ་མ་སྟེ། །གང་ལས་སྐྱོན་འདི་འབྱུང་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་ནི་རྣམ་པ་གསུམ་དག་གིས་ཡོངས་སུ་བསྟན་པ་ཡིན་ཏེ། མ་ཞི་ཞིང་ཚོད་མི་འཛིན་པར་སྨྲ་བ་ཉིད་ཀྱི་ཕྱིར་དང༌། གྲུབ་པའི་མཐའ་ལས་འདས་པར་བྱེད་པ་ཉིད་ཀྱི་ཕྱིར་དང༌། གཞན་ལ་སྨོད་པ་ཉིད་ཀྱི་ཕྱིར་རོ། །གཏམ་རྒྱུ་


DTG136_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་འདི་ལྟ་བུ་སྤངས་ནས་གཏམ་ཅི་ཞིག་སྨྲ་བར་བྱ་ཞེ་ན། དོན་དང་ཆོས་ཏེ་གང་ཞིག་གང་དོན་དུ་གཉེར་བའམ། ཆོས་དང་དོན་གང་གི་ཡུལ་ལ་འབབ་པའོ། །ཅིའི་ཕྱིར་གཏམ་སྨྲ་བར་བྱ་ཞེན། གཞན་དག་ལ་ཤེས་རབ་རྣམ་པ་གསུམ་ཉེ་བར་བསྒྲུབས་པས་བཟོད་པ་ཆུང་དུ་དང་འབྲིང་དང་ཆེན་པོ་བསྐྱེད་པའི་ཕྱིར་དང༌། བདག་དང་གཞན་གཉིས་དད་པ་བསྐྱེད་པའི་ཕྱིར་རོ། །འཕགས་པ་རྣམས་ནི་དེ་ལྟར་བརྗོད་ཅིང་ཞེས་བྱ་བ་ནི་གཞན་དག་མ་ཡིན་པའོ། །འཕགས་པ་རྣམས་ཀྱི་བརྗོད་བ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཞན་དུམ་ཡིན་ནོ། །འདི་ནི་གང་ཟག་ངེས་པར་བཟུང་བ་དང༌། གཏམ་ངེས་པར་བཟུང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་འདོད་ཆགས་དང་མ་བྲལ་བ་རྣམས་ནི་སོ་སོར་བརྟགས་ནས་དེ་ལྟར་བརྗོད་ལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་རང་བཞིན་བརྗོད་པ་ནི་དེ་ལྟ་བུ་ཡིན་ནོ། །འདིས་ནི་གང་ཟག་སོ་སོར་རྟོག་པ་དང༌། བསྒོམ་པའི་སྟོབས་ཅན་གཉིས་ངེས་པར་བཟུང་བ་ཡིན་ནོ། །གཞན་ཡང་ད་ལྟར་བྱུང་བ་དང་ལྐོག་ཏུ་གྱུར་པ་འདས་པ་དང༌། མ་འོངས་པའི་དུས་ལའོ། །གཞན་ཡང་དེ་དག་ཇི་ལྟར་བརྗོད་པ་དང༌། འབྲས་བུ་བརྗོད་པ་དེ་ཇི་ལྟ་བུ་ཡིན་པ་ཡོངས་སུ་བསྟན་པ་ཡིན་ཏེ། གང་ཟག་དང་འབྲས་བུ་ཁྱད་པར་ཅན་དང་ལྡན་པས་གཏམ་རབ་ཏུ་བསྔགས་པར་བྱ་བའི་ཕྱིར་རོ། །ལུང་ལས་ནི་གཏམ་ལ་འཇུག་པ་རྣམ་པ་གསུམ་དང་བཅས་པ་ཡིན་ཏེ། ཕྱིར་རྒོལ་བ་དང༌། བར་ན་གནས་པ་དང༌། ཆོས་མཐུན་པ་དང་ངོ་ཞེས་འབྱུང་སྟེ། དེ་ལས་ནི་མདོ་སྡེའི་དུམ་བུ་འདིས་དགེ་སློང་གི་སེམས་ཡོངས་སུ་དག་པ་དང༌། ངག་ཡོངས་སུ་དག་པ་ཡོངས་སུ་སྟོན་པ་ཡིན་ནོ། །ཕྱིར་རྒོལ་བ་ནི་རྒོལ་བ་ལ་སྦྱོར་བ་རྣམ་པ་གསུམ་གྱིས་ཉེ་བར་གནས་པ་ཡིན་ཏེ། ཕྱིར་རྒོལ་བའི་སྦྱོར་བ་དང༌། བཀུར་སྟི་མ་ཡིན་པའི་སྦྱོར་བ་དང༌། ཚིག་རྩུབ་པོའི་སྦྱོར་བས་སོ། །དེ་ལ་དགེ་སློང་གིས་ནི་ཕྱིར་རྒོལ་བའི་སྦྱོར་བ་བྱུང་ན། དེ་ཕམ་པར་འདུན་པ་སྤངས་ཤིང་ཕྱིར་རྒོལ་བ་དེ་ཉིད་ལ་ཡང་ཞེ་སྡང་སྤངས་ལ་གཏམ་བྱའོ། །མ་བྱུང་བ་དང་བྱུང་བའི་སྐུར་


DTG136_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་བཀུར་སྟི་མ་ཡིན་པའི་སྦྱོར་བ་བྱུང་ན་ང་རྒྱལ་དང་འཆབ་བ་སྤངས་ནས་སོ། །ཚིག་རྩུབ་པོའི་སྦྱོར་བ་བྱུང་ན་ཀུན་ནས་མནར་སེམས་ཏེ་སེམས་འཁྲུགས་པ་དང༌། མི་བཟོད་པ་སྟེ་སླར་གཤེ་བ་དང༌། ཁྲོ་བ་ལ་སོགས་པ་འདོད་པ་ཉིད་དང༌། ཡིད་མི་ཆེས་པ་སྟེ་རང་གི་སེམས་ཀྱི་ཡང་དག་བར་སྡོམ་པ་མ་ངེས་པ་ཡང་སྤངས་པའོ། །བར་ན་གནས་པ་དང་ལྷན་གཅིག་གཏམ་ལ་འཇུག་པ་ན་སེམས་ཀྱི་ཐ་བ་དང་འཆབ་པའི་གཞི་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་དཔེ་མཁྱུད་ལས་བྱུང་བ་བར་ཆད་དང་བཅས་པར་བསྟན་པའི་བསམ་པ་དང༌། དད་པ་ནས་བཀུར་སྟི་བྱེད་འདོད་པ་ལ་ཡང་བོར་ཏེའོ། །ལྟ་བའི་ཡོངས་སུ་གདུང་བ་སྟེ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཡང་བསལ་ནས་སོ། །འདི་ནི་དེའི་སེམས་ཡོངས་སུ་དག་པ་ཡིན་ནོ། །ཧ་ཅང་བརྗོད་པ་ཡང་མི་བྱ་ཞིང་འགལ་བར་ཡང་མི་བྱ་ལ། ཚིག་རྩུབ་པོ་སྨྲ་བར་ཡང་མི་བྱ་སྟེ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་དང་ལྷན་ཅིག་གཏམ་ལ་ཞུགས་པ་ན་ཉེས་རྩོམ་གྱི་ཚིག་དང༌། མི་རིགས་པ་དང་ལྡན་པའི་ཚིག་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་ཚིག་ལས་ཟློག་པར་བྱེད་པའོ། །བར་ན་གནས་པ་དང་ལྷན་ཅིག་གཏམ་ལ་འཇུག་པ་ན་ཐེ་ཚོམ་ཅན་དང༌། བྱེ་བྲག་མི་ཕྱེད་པ་ལས་བརྩམས་ནས་དོན་དང་ཆོས་བསྟན་པར་བྱའོ། །བྱེ་བྲག་ཕྱེད་པ་ལ་ནི་ཀུན་དུ་ཤེས་པར་བྱ་བ་ནས་ཡོངས་སུ་མགུ་བར་བྱ་བའི་བར་དུ་དྲུག་བྱའོ། །འདི་ནི་དེའི་དག་ཡོངས་སུ་དག་པ་ཡིན་ནོ། །དེ་ལ་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ལ་ནི་ཀུན་དུ་ཤེས་བར་བྱ། བསམ་གྱིས་མི་ཁྱབ་པའི་གནས་ལ་ཐེ་ཚོམ་ཟོས་པ་ལ་ནི་ཡང་དག་པར་ཤེས་པར་བྱ། རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་ལ་ནི་ངེས་པར་སེམས་སུ་གཞུག་པར་བྱའོ། །དེ་དག་ཁོ་ནས་མཆོག་ཏུ་དགའ་བ་རྣམ་པ་གསུམ་བསྐྱེད་པའི་ཕྱིར་ན་མགུ་བར་བྱ། ཡང་དག་པར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་བ་ཡིན་ནོ། །མཆོག་ཏུ་དགའ་བ་རྣམ་པ་གསུམ་ནི་སེམས་གཡེངས་པ་སྤོང་བའི་མཆོག་ཏུ་དགའ་བ་དང༌། ཐེ་ཚོམ་གཅོད་པའི་མཆོག་ཏུ་དགའ་བ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་མཆོག་ཏུ་དགའ་བའོ། །ཆོས་མཐུན་པ་


DTG136_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་གཏམ་ལ་འཇུག་པ་ན་དད་པར་བྱ་བ་ནི་སེམས་ཡོངས་སུ་དག་བ་སྟེ་ལེགས་པར་ཡོངས་སུ་འདྲི་བའི་ཕྱིར་རོ། །དད་པ་བསྐྱེད་པར་བྱ་བ་ནི་ངག་ཡོངས་སུ་དག་པ་ཡིན་ཏེ། ལེགས་པར་ལུང་སྟོན་པའི་ཕྱིར་རོ། དགེ་སྦྱོང་དག་བདག་ཉིད་གླིང་དུ་གྱུར་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཇི་ལྟར་ན་བདག་ཉིད་གླིང་དུ་འགྱུར་བ་དང༌། བདག་ཉིད་སྐྱབས་སུ་འགྱུར་བར་གནས་ཤེ་ན། ནང་གི་སེམས་ཀྱི་ཞི་གནས་ལ་བརྩོན་པའི་ཕྱིར་རོ། །ཇི་ལྟར་ན་ཆོས་གླིང་དང་ཆོས་སྐྱབས་སུ་འགྱུར་བ་ཡིན་ཞེ་ན། ལྷག་པའི་ཤེས་རབ་ཆོས་ཀྱི་ལྷག་མཐོང་ལ་བརྩོན་བའི་ཕྱིར་རོ། །ཇི་ལྟར་ན་གླིང་གཞན་མ་ཡིན་པ་དང༌། སྐྱབས་གཞན་མ་ཡིན་པ་ཡིན་ཞེ་ན། དེའི་མི་མཐུན་པའི་ཕྱོགས་འདོད་པའི་བསོད་སྙོམས་དང་བདག་ཉིད་དུབ་པར་གནས་པ་ལ་བརྩོན་པ་གཉིས་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་ལྟར་ན་སྲེད་པ་དང་མ་རིག་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གཉིས་སོ་སོར་བསྟེན་པའི་ཕྱིར་དང༌། དེའི་མི་མཐུན་པའི་ཕྱོགས་མཐའ་གཉིས་ཡོངས་སུ་སྤངས་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དང་སྐྱབས་སུ་གྱུར་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །གཞན་ཡང་རང་གི་སྐྱེས་བུའི་རྩ་བ་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ནི་བདག་ཉིད་གླིང་དུ་འགྱུར་བ་ཡིན་ཏེ། འདིས་ནི་བརྩོན་འགྲུས་བརྩམས་པ་ཉིད་ལ་སྦྱོར་བར་མཛད་པ་ཡིན་ནོ། །ལུང་དང་རྟོགས་པའི་ཆོས་དབུང་གཉེན་ཉིད་ཡིན་པའི་ཕྱིར་ནི་ཆོས་གླིང་དུ་འགྱུར་བ་ཡིན་ཏེ། འདིས་ནི་ཐབས་ཤེས་པར་བྱ་བ་ལ་སྦྱོར་བར་མཛད་པ་ཡིན་ནོ། །དེ་དག་ལ་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་ནི་གླིང་གཞན་མ་ཡིན་པ་སྟེ། འདིས་ནི་གཉིས་ལ་སྐྱོན་མི་འབྱུང་བ་ཉིད་དུ་སྦྱོར་བར་མཛད་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་དེ་ལྟར་གནས་པར་འགྱུར་རོ་ཞེས་ཡང་དག་པར་སྟོན་པ་ཡིན་ཏེ། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །སྡུད་པའི་ཚིགས་སུ་བཅད་པ་ནི། བརྩོན་འགྲུས་ལྡན་དང་ཐབས་ཤེས་དང༌། །རྟག་ཏུ་དེ་ལ་དགའ་བ་གང༌། །དེ་ནི་བདག་ལ་སོགས་


DTG136_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ། །གླིང་འགྱུར་གོ་རིམས་བཞིན་ཤེས་བྱ། རྣམ་གྲངས་གཞན་ཡང༌། རང་གི་ཚུལ་བཞིན་ཡིད་བྱེད་དང༌། །གཞན་གྱི་སྒྲ་ལ་བརྟན་པ་དང༌། །བསྒོམ་ལ་གཅིག་ཏུ་ངེས་པ་འདི། །བདག་སོགས་གླིང་འགྱུར་ཤེས་པར་བྱ། །འདི་གསུམ་དོན་གང་གིས་ན་གླིང་དུ་འགྱུར། དོན་གང་གིས་ན་སྐྱབས་སུ་འགྱུར་ཞེ་ན། ཆུ་བོ་བཞིས་དེད་པ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་གླིང་དུ་འགྱུར་བ་ཡིན་ལ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་སྐྱབས་སུ་འགྱུར་བ་ཡིན་ནོ། །གཞན་ཡང་གོ་རིམས་བཞིན་དུ་ཉོན་མོངས་པ་སྐྱེས་པ་དང༌། མ་སྐྱེས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། དེ་དག་ཆུ་དང་ཐང་འདྲ་བའི། །ཉོན་མོངས་སྡུག་བསྔལ་སྐྱོབ་ཕྱིར་དང༌། །ཉོན་མོངས་སྐྱེས་དང་མ་སྐྱེས་དང༌། །འདི་ཡི་གཉེན་པོ་ཡིན་ཕྱིར་རོ། །ཡང་གཞན་དག་ན་རེ། བདག་ཉིད་སྐྱབས་མིན་འདོད་པ་རྣམས་ལ་བརྟེན། །ཆོས་སྐྱབས་འགྱུར་མིན་སྡུག་བསྔལ་རྣམས་ལ་སྟེ། །བདག་ལ་རག་ལས་མཁས་དང་དེ་གཉི་ག །སྐྱབས་སུ་འགྱུར་བྱེད་པ་ནི་ཞི་བར་འགྱུར། །ཞེས་འཆད་དེ། དེ་དག་ནི་མཐའ་གཉིས་ཀྱི་གཉེན་པོ་ལ་བརྟེན་པའི་ཕྱིར་དང༌། སྲིད་པ་གཞན་ཉེ་བར་མི་ལེན་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དུ་འགྱུར་བ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ལུང་ལས་ནི་གྲོགས་ལ་སྲེད་པ་དང༌། རྙེད་པ་ལ་སྲེད་པ་དང༌། ཡང་སྲིད་པ་ལ་སྲིད་པའི་གཉེན་པོར་གོ་རིམས་བཞིན་དུ་བདག་ཉིད་དང་ཆོས་དང་གླིང་གཞན་མ་ཡིན་པ་ཉིད་དུ་བསྟན་ཏོ། དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། དེ་ལ་ལོག་པར་ལྟ་བ་སྤོངས་ཤིག་ཅེས་བྱ་བ་ནི་བཀའ་ཡིན་ནོ། ལྷག་མས་ནི་བཀའ་བཞིན་དུ་བསྒྲུབ་པའི་རྒྱུ་རྣམ་པ་གསུམ་སྟོན་པ་ཡིན་ཏེ། ནུས་པ་ཉིད་དང༌། སྐྱོན་མེད་པ་ཉིད་དང༌། ཡོན་ཏན་མང་བ་ཉིད་དོ། །སྐྱོན་མེད་པ་ཉིད་ནི་དོན་མེད་པ་ལ་སོགས་པ་མི་འགྲུབ་པ་ཡིན་བའི་ཕྱིར་རོ། །ཡོན་ཏན་མང་བ་ཉིད་ནི་དོན་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །མི་སྒྲུབ་ན་ཡང་སྐྱོན་མང་


DTG136_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ཀྱི་རྒྱུ་རྣམ་པ་བཞི་པ་གླེངས་པ་ཡིན་ཏེ། མ་སྤངས་ན་དོན་མེད་པ་ལ་སོགས་པ་འགྲུབ་པར་གླེངས་པའི་ཕྱིར་རོ། །དེ་ལ་དོན་ནི་དགེ་བའི་ཆོས་འབྱུང་བ་སྟེ། ཇི་ལྟར་ཡང་དག་པར་སྤང་བ་ཕྱི་མ་གཉིས་ལྟ་བུ་སྟེ། རྒྱན་ཅན་གྱི་བུའི་མདོ་སྡེ་ལས་གསུངས་པ་ལྟ་བུའོ། །ཕན་པ་ནི་མི་དགེ་བའི་ཆོས་དང་འབྲལ་བ་སྟེ། ཇི་ལྟར་ཡང་དག་པར་སྤོང་བ་སྔ་མ་གཉིས་ལྟ་བུས་སོ། །བདེ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ཏེ། ལུས་དང་སེམས་ཤིན་ཏུ་སྦྱང་བའི་ཁྱད་པར་དང་ལྡན་པའི་ཕྱིར་རམ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བའི་ཕྱིར་རོ། །དོན་ནི་དགེ་སྦྱོང་གི་དོན་ནི་ཚུལ་གྱི་དོན་ཏེ། གང་གི་དོན་དུ་རབ་ཏུ་བྱུང་བ་རྣམས་ཡིན་ནོ། །ཕན་པ་ནི་དེ་འདྲེན་པར་བྱེད་པ་དགེ་སྦྱོང་གི་ཚུལ་ཡིན་ནོ། །བདེ་བ་ནི་སྔ་མ་བཞིན་ནོ། །གཞན་ཡང་དོན་ནི་བསྟན་པ་ཡིན་ལ། ཕན་པ་དང་བདེ་བ་ཞེས་བྱ་བ་ནི་བཤད་པ་ཡིན་ཏེ་དེ་ལ་དགེ་བའི་དོན་གྱིས་དེ་ལ་ཕན་པ་ཡིན་ལ། རྗེས་སུ་འཛིན་པའི་དོན་གྱིས་ན་བདེ་བ་ཡིན་ཏེ། དེ་དག་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཉེར་བར་བྱེད་པ་ཡིན་པས་དེའི་ཕྱིར་འདི་གཉིས་ཁོ་ན་དོན་ཡིན་ནོ། །རྣམ་གྲངས་གཉིས་ཀ་ཡང་ལུང་ཡིན་ནོ། །དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་བཟུང་ཤིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཡོན་ཏན་ཡོད་པ་དང༌། མེད་པ་ཉིད་ཀྱི་གང་ཟག་ལ་ཚོད་འཛིན་པ་ཡིན་ལ། ཡོན་ཏན་གྱི་ཚད་འཛིན་པས་ནི་གང་ཟག་ལ་ཚད་འཛིན་པ་ཡིན་ནོ། །གཞན་ཡང་འདི་ནི་འདི་ཇི་ལྟ་བ་དེ་ལྟ་བུ་ཡིན་ནོ་ཞེས་གཞན་ལ་བརྟེན་ནས་གང་ཟག་ལ་ཚོད་འཛིན་པ་ཡིན་ལ། གཞན་ལ་མི་བརྟེན་པར་འདི་ལ་ཡོན་ཏན་འདི་སྙེད་ཅིག་ཡོད་དོ་ཞེས་གང་ཟག་ལ་ཚོད་འཛིན་པའོ། །དེ་འདི་སྙམ་དུ་ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང༌། ཡིད་ཀྱིས་སྡིག་པ་བྱས་ཤིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྡིག་པ་ནི་ཐ་ཆད་ཀྱི་དོན་གྱིས་ན་ཉེས་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ། ལུས་ཀྱིས་ཉེས་བར་སྤྱད་པའི་རྣམ་པར་སྨིན་པ་སྡིག་པ་ཞེས་བྱ་བ་དང༌། ཆེ་གེ་མོ་ང་ནི་ཁྱེད་ལ་མི་འཇིགས་ཀྱི་གཉིས་ན་ཁྱོད་དང་རེག་


DTG136_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་ཡིན་པས་ཐ་ཆད་ཡིན་པར་མངོན་ནོ། །ཉེས་པར་སྤྱད་པ་དེ་ཉིད་དྲག་ཤུལ་ཡིན་ཏེ། གཞན་ལ་གནོད་པ་བྱེད་པའི་དོན་གྱིས་སོ། །དེ་ཉིད་གདུག་པ་ཡིན་ཏེ། ཚེ་ཕྱི་མ་ལ་རང་གི་ལུས་ལ་གནོད་བ་བྱེད་པའི་དོན་གྱིས་སོ། །བསོད་ནམས་ནི་བཀྲ་ཤིས་པའི་དོན་གྱིས་ན་ལེགས་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ་དྲི་ནི་བསོད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ནི་དགེ་བ་ཡིན་ཏེ། ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའི་དོན་གྱིས་སོ། །དེ་ཉིད་འཇིགས་པས་བག་ཚ་བ་རྣམས་ལས་སྐྱོབ་པ་ཡིན་ཏེ་ངན་འགྲོ་འཇིགས་པས་བག་ཚ་བ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་སོ། །འདི་ནི་དོན་ཐ་དད་པས་དེ་སྐད་གསུངས་པ་ཡིན་གྱི། གཞི་ཐ་དད་པས་ནི་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང༌། ངག་དང༌། ཡིད་ཀྱིས་སྡིག་པ་བྱས་ཤིང༌། ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་ཞེས་ཐོག་མར་སྡིག་པ་དང་བསོད་ནམས་གཉིས་ཁོ་ན་སྨོས་པའི་ཕྱིར་རོ། །འཐབ་མོ་དང་མཚང་འདྲུ་བ་དང་རྩོད་པ་དང་འགྱེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉེས་པར་རྩོམ་པ་རྣམས་ཀྱིས་སྨྲ་བ་དང༌། སླར་སྨྲ་བ་ཙམ་ནི་འཐབ་མོ་ཡིན་ནོ། །གཅིག་ལ་གཅིག་སྐྱོན་སྨྲ་བ་ནི་མཚང་འདྲུ་བ་ཡིན་ནོ། །དེ་མི་བཟོད་པ་ནི་རྩོད་པ་ཡིན་ནོ། །རྩོད་པ་རྣམས་ཕལ་ཆེར་གྲར་ཕན་ཚུན་མི་མཐུན་པར་སྨྲ་བ་ནི་འགྱེད་པ་ཡིན་ནོ། །གཤེ་ཡང་སླར་མི་གཤེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཁྲོས་བས་ཚོགས་པར་མི་དབྱུང་བའི་སྐུར་པ་གླེང་བ་ནི་འདིར་གཤེ་བ་ཡིན་ནོ། །ཁྲོ་བ་བསྐྱེད་པའི་བསམ་པས་ངག་དང་བྱེད་པ་ཡིན་དུ་མི་འོང་བ་ནི་ཁྲོ་བ་ཡིན་ནོ། །སྡུག་བསྔལ་བར་བྱ་བའི་བསམ་པས་སྣུར་བར་བྱེད་པ་ནི་རྡེག་པ་ཡིན་ནོ། །མ་ཚང་འདྲུ་བ་ནི་སྔ་མ་བཞིན་ནོ། །ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ་སྐྱོན་མེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མ་ཉམས་པ་ནི་བསླབ་པ་ལས་མི་འདའ་བའི་ཕྱིར་རོ། །སྐྱོན་མེད་པ་ནི་བར་བར་དུ་ཡང་ཡོངས་སུ་མི་གཏང་བའི་ཕྱིར་རོ། །འདྲེན་མར་མ་གྱུར་པ་ནི་འཆབ་


DTG136_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཁྲིམས་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །ཐུན་ཚགས་མ་ཡིན་པ་ནི་དེའི་རྒྱུ་རྣམ་པར་རྟོག་པ་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །རང་དབང་ཅན་ནི་དེའི་གཉེན་པོ་ཡོངས་སུ་བཟུང་བས་བདག་གིས་དབང་ཉིད་དུ་གྱུར་པའི་ཕྱིར་ཏེ། རྐྱེན་གྱིས་མི་འཕྲོགས་པ་ཉིད་ཀྱི་རྒྱུས་སོ། །ནོག་ནོག་པོར་མ་གྱུར་པ་ནི་ལྟ་བ་ངན་པ་དང་སྨོན་ལམ་གཉིས་ཀྱིས་ཏེ། ངེས་པར་འབྱིན་པ་ཉིད་ཀྱི་རྒྱུས་སོ། །འདིས་ནི་ཚུལ་ཁྲིམས་ཡོན་ཏན་བཞི་དང་ལྡན་པར་སྟོན་ཏེ། ཚུལ་ཁྲིམས་དེའི་རྒྱུས་མི་ཐུབ་དང༌། དེའི་གཉེན་པོ་ལ་བརྟེན་པ་སྟེ། ཚིག་གསུམ་དག་གིས་དང་ལྷག་མ་རྣམས་ཀྱིས་ནི་རེ་རེ་དང་གོ་རིམས་བཞིན་དུ་སྦྱར་རོ། །རྣམ་པ་དང་པོ་གསུམ་པོ་དག་གིས་ནི་ལེགས་པར་ཆུབ་པ་ཡིན་ཏེ། ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་གཞན་དག་གིས་ནི་ལེགས་པར་བརྩམས་པ་ཡིན་ཏེ། ལེགས་པར་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །མཁས་པ་རྣམས་ཀྱིས་བསྔགས་པ་ནི་འཕགས་པ་རྣམས་ཀྱིས་བསྔགས་པ་ཉིད་ཀྱི་ཕྱིར་ཏེ། དགེ་བ་ཉིད་ཀྱི་རྒྱུས་སོ། །མཁས་པ་རྣམས་ཀྱིས་མ་སྨད་པ་ནི་རྣམ་གྲངས་ཀྱིས་ཀྱང་མ་སྨད་པ་ཉིད་ཀྱི་ཕྱིར་ཏེ། ཟག་པ་མེད་པ་ཉིད་ཀྱི་རྒྱུས་སོ། །གང་ཟག་བདེན་པ་མཐོང་བ་འབྲས་བུ་ཐོབ་པ་མངོན་པར་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་ལས་ནི་དམིགས་པ་དང༌། ལས་དང་རང་བཞིན་གྱིས་ལྟ་བ་ཕུན་སུམ་ཚོགས་པར་ཡོངས་སུ་བརྟན་པ་ཡིན་ཏེ། བདེན་པ་ལ་དམིགས་པ་དང༌། འབྲས་བུ་ཐོབ་པར་བྱེད་པ་དང་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་ལྟ་བ་ཕུན་སུམ་ཚོགས་པ་ནི་ལྟ་བ་ཕུན་སུམ་ཚོགས་པའོ། །དེ་ལ་མངོན་པར་རྟོགས་པ་ནི་བདག་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པར་རིག་པར་བྱའོ། ཡིད་ཆེས་པ་ལས་ནི། མངོན་སུམ་ཉིད་ཀྱིས་དོན་གྱིས་སུ། །ཤེས་བྱ་ཤེས་པར་བྱེད་པ་སྟེ། །དེས་ན་མངོན་པར་རྟོགས་པར་འདོད། །ཅེས་འབྱུང་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན་ནོ། །དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་


DTG136_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ནང་གི་སེམས་སྐྱེ་བ་ན་སྐྱོན་རྣམ་པ་བཞི་དག་བྱེད་དེ། སེམས་དྲི་མ་ཅན་དུ་བྱེད་པ་སྟེ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་གེགས་བྱེད་པ་དང༌། དགེ་བའི་ཆོས་སྐྱེད་པ་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང༌། གང་གིས་ངན་སོང་རྣམས་སུ་ཡུན་རིང་པོར་འགྲོ་བར་གྱུར་པ་དེ་འདྲ་བའི་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའོ། །དེའི་ཕྱིར་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ་ཞེས་བྱ་བ་སྟེ། གོ་རིམས་བཞིན་ནོ། དེ་ནི་མིག་གི་རྒྱ་མཚོ་དབའ་རླབས་དང་བཅས་པ་གློང་དང་བཅས་པ་འཛིན་ཁྲི་དང་བཅས་པ་སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དབའ་རླབས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉོན་མོངས་པ་ཅན་ཡིན་ཏེ། སེམས་ཀུན་ཏུ་འཁྲུགས་པར་བྱེད་པའི་ཕྱིར་རོ། །གློང་ནི་ཉོན་མོངས་པ་གང་གིས་བསླབས་པ་བཏང་ནས་ཉམས་པར་བྱ་བའི་ཕྱིར་གནས་པའོ། །འཛིན་ཁྲི་ནི་ཉོན་མོངས་པ་གང་གིས་རྙེད་པ་དང་བཀུར་སྟི་ལ་བྱིང་བར་བྱེད་པའོ། །སྲིན་པོ་ནི་གང་གིས་འཆལ་པའི་ཚུལ་ཁྲིམས་བསྐྱེད་ནས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བའོ། །དེ་ལྟར་ན་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་མིག་གིས་བདག་པོ་བྱས་ན་ཆུད་ཟ་བ་གཞི་དང་བཅས་པ་རྣམ་པ་གཉིས་ཡང་དག་པར་བསྟན་པ་ཡིན་ཏེ། བསླབ་པ་གཏང་བ་དང་ཉམས་བར་བྱེད་པ་ཡིན་ནོ། །ཤེས་རབ་མྱུར་བ་ཤེས་རབ་མགྱོགས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དོན་མྱུར་བ་དང༌། མང་པོ་དང༌། ཕྲ་བ་ལ་འཇུག་པའི་ཕྱིར་ཤེས་རབ་མྱུར་བ་དང་མགྱོགས་པ་དང་རྣོ་བ་ཡིན་ཏེ་གོ་རིམས་བཞིན་ནོ། །མང་པོ་དག་ཏུ་འགྲོ་བ་ལ་ནི་མགྱོགས་པ་ཞེས་བྱའོ། །འདི་ལ་ཤེས་རབ་འཁོར་བ་ལས་ངེས་པར་འབྱུང་བ་དང་དེ་ཁོ་ན་ངེས་པར་འབྱེད་པ་ཡོད་པས་ངེས་པར་འབྱུང་བའི་ཤེས་


DTG136_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཅན་ཡིན་ནོ། །འདི་ལ་ཤེས་རབ་ཆེན་པོ་ཡོད་དེ། འདྲི་བ་དང་ལན་གདབ་པ་དག་ལ་ཕུགས་ཐུག་པར་མི་འགྱུར་བའི་ཕྱིར་རོ། །ཡངས་པ་ཡང་ཡིན་ཏེ། མངོན་པར་ཤེས་པ་ལྔ་རྒྱ་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཟབ་པ་ཡང་ཡིན་ཏེ། གཞན་དག་གིས་རྟོགས་པར་དཀའ་བའི་ཕྱིར་རོ། །མཉམ་པ་མེད་པ་ཡང་ཡིན་ཏེ། འཇིག་རྟེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ཡང་ཡིན་ཏེ། རྙེད་པར་དཀའ་བའི་ཕྱིར་དང༌། དོན་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིར་དང༌། དགའ་བར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་རྒྱུད་དག་ལ་རྣམ་པར་གྲོལ་བ་དང་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཡིན་ཏེ་གོ་རིམས་བཞིན་ནོ། །འདིར་གཉི་གའི་དོན་གྱི་དབང་དུ་མཛད་པའི་ཆོས་ཀྱི་དོན་ལ་བརྩམས་ནས་ཤེས་རབ་ཀྱི་ཡོན་ཏན་གསུམ་དག་ཏུ་རིག་པར་བྱའོ། །གཉིས་ནི་རང་གི་དོན་སྟེ། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གཞན་གྱི་དོན་ཡིན་ཏེ། ཐེ་ཚོམ་གཅོད་པའི་ཕྱིར་དང༌། འདུད་པའི་ཕྱིར་དང༌། རི་མོའི་ཁྱད་པར་སྐྱེད་པའི་ཕྱིར་དང༌། དོན་གྱི་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །ཟབ་པ་དང་མཉམ་པ་མེད་པ་གཉིས་ཀྱི་ནི་རི་མོའི་ཁྱད་པར་སྐྱེད་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་འཕགས་པ་ཤཱ་རིའི་བུའི་དབང་དུ་མཛད་ནས་ཚིག་འདི་དག་གསུངས་པ་ཡིན་ཏེ། དེ་ལ་ཤེས་རབ་མྱུར་བ་ནི་ཚེ་དང་ལྡན་པ་རྟ་ཐུལ་ལས་ལན་ཅིག་ཚིགས་སུ་བཅད་པ་ཐོས་པས་དོན་ལ་ཞུགས་བའི་ཕྱིར་རོ། །ཤེས་རབ་མགྱོགས་པ་ནི་དེ་ཐོས་པ་ན་དོན་མང་པོ་ལ་ཞུགས་པའི་ཕྱིར་རོ། །ཤེས་རབ་རྣོ་བ་ནི་དོན་ཕྲ་བ་ལ་ཞུགས་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཤེས་རབ་ཅན་ངེས་པར་འབྱེད་པའི་ཤེས་རབ་ཅན་ནི་དེ་ཉིད་ལས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པའི་ཕྱིར་ཏེ། ཉོན་ཉོན་མོངས་པ་སྤངས་པ་དང་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཤེས་རབ་ཆེ་


DTG136_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཇི་སྐད་དུ་བདག་ནི་དྲི་བ་དྲིས་ན་དོན་འདི་ཁོ་ན་ཡང་ཉིན་མཚན་བདུན་དུ་ཚིག་གཞན་དང་ཡིག་འབྲུ་གཞན་དག་གིས་ལན་འདེབས་སོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཤེས་རབ་ཡངས་པ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པའི་ཕྱིར་ཏེ། ཇི་སྐད་བུ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པས་སྐྱེས་བུ་གདུལ་བ་ཐུལ་བ་ན་ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱུག་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་མདོ་སྡེ་ལས་འདི་ལ་དགེ་སློང་འདོད་པ་དག་ལས་དབེན་པ་ནས། བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་ཏེ་གནས་ན་འདི་ཙམ་གྱིས། དགེ་སློང་མཁས་པ་ཡིད་གཞུངས་པ་ཤེས་རབ་ཡངས་པ་ཞེས་བྱའོ་ཞེས་གང་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་བསམ་གཏན་རྣམས་ལ་མངོན་པར་ཤེས་པ་དང་རྣམ་པར་ཐར་པ་རྟེན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །ཤེས་རབ་ཟབ་པ་ནི་ཇི་སྐད་དུ། ཁྱོད་ནི་ཅི་ལ་གནས་ཏེ་བསམ་གཏན་པ། །ཁྱོད་ལ་མངོན་པར་རྟོགས་པར་མི་འགྱུར་བས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་མཉམ་པ་མེད་པ་ནི་ཇི་སྐད་དུ། དེ་བཞིན་གཤེགས་པ་མ་གཏོགས་པ། །འཇིག་རྟེན་ཀུན་གྱི་ཤེས་རབ་གང༌། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ནི་དེའི་ཤེས་རབ་རིན་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར་ཏེ་སྔ་མ་བཞིན་དུ་སྦྱར་རོ། །འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་དྲི་མའི་སེར་སྣ་དང་བྲལ་བས་ལྷུག་པར་གཏོང་བ་དང་ལག་པ་བརྐྱང་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དྲི་མ་གང་ལས་སེར་སྣ་འབྱུང་བ་དེའི་རྒྱུ་དེ་ནི་སེར་སྣའི་དྲི་མ་ཞེས་བྱ་སྟེ། སྦྱིན་པ་དང་འགལ་བ་ཆགས་པའི་རྣམ་པ་ཡིན་པས་འབྲས་བུའི་ཤིང་ལྟ་བུ་དང་སེར་བའི་སྤྲིན་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སེམས་དྲི་མའི་སེར་སྣ་དང་བྲལ་བ་ཞེས་བཟློག་ནས་གསུངས་པ་ཡིན་ཏེ། སེར་སྣའི་རྒྱུ་ཆགས་པ་དང་སྡར་བྲལ་བའི་


DTG136_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལྟར་ན་སེར་སྣ་སྔར་དང་ཕྱི་ནས་སྨོས་པ་ནི་ཁྱད་པར་དུ་བྱ་བའི་ཕྱིར་དང༌། ལྡོག་པའི་གོ་རིམས་ཡང་དག་པར་བསྟན་པའི་ཕྱིར་རོ། །ལྷུག་པར་གཏོང་བ་དང༌། ལག་པ་བརྐྱང་བ་དང༌། རྣམ་པར་གཏོང་བ་ལ་དགའ་བ་དང༌། སྦྱིན་པ་རྒྱུན་མི་འཆད་པ་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་ལ་འགེད་པར་དགའ་བ་དང་ཞེས་བྱ་བ་འདིས་ནི་མི་གནས་པར་སྦྱིན་པ་བྱེད་པ་ཉིད་དང༌། རྒྱ་ཆེར་སྦྱིན་པ་བྱེད་པ་ཉིད་དང༌། དགའ་བས་སྦྱིན་པ་བྱེད་པ་ཉིད་དང༌། ཡང་དང་ཡང་དུ་སྦྱིན་པ་བྱེད་པ་ཉིད་དང༌། ལོག་པར་འཚོ་བ་མེད་པར་སྦྱིན་པ་བྱེད་པ་ཉིད་དང༌། ཕྱོགས་མེད་པར་སྦྱིན་པ་བྱེད་པ་ཉིད་སྟོན་ཏོ། །མི་གནས་པར་སྦྱིན་པ་ཉིད་ནི་ལན་དང་རྣམ་པར་སྨིན་པ་མི་འདོད་པ་ཉིད་ཡིན་པར་རིག་པར་བྱའོ། །ཕྱོགས་མེད་པར་བྱེད་པ་ཉིད་ནི་དགེ་སྦྱོང་རྣམས་ལས་སློང་མོ་པ་རྣམས་ཀྱི་བར་དག་ལ་ཀུན་ཏུ་འགེད་པའི་ཕྱིར་རོ། །དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚོད་ཟིན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །སོ་སོར་བརྟགས་ནས་ཟས་ཟའོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ་ད་ནི་ལོངས་པའི་ཕྱིར་མ་ཡིན་པ་ནི་གཞོན་ནུ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་དགོད་པ་དང་རྩེད་མོའི་བསམ་པ་ཉིད་ཀྱིས་ལོངས་པའི་ཕྱིར་ཟའོ། །རྒྱགས་པའི་ཕྱིར་མ་ཡིན་པ་ནི་གྱད་རྣམས་ལྟ་བུ་སྟེ། དེ་རྣམས་ནི་ལུས་ཀྱི་སྟོབས་བརྟས་པར་བྱ་བ་དང༌། ཡེང་ཡེང་པོར་བྱ་བའི་བསམ་པ་ཉིད་ཀྱིས་རྒྱགས་པའི་ཕྱིར་ཟའོ། །ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་པ་ནི་འདོད་པ་ལ་ལོངས་སྤྱོད་པ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་མཛེས་པར་བྱ་བའི་བསམ་པ་ཉིད་ཀྱིས་ཆ་བའི་ཕྱིར་དང༌། བརྒྱན་པའི་ཕྱིར་ཟའོ། །དེ་ལ་ཁྲུས་དང་བྱི་དོར་བྱེད་པ་དང་ཉུག་པ་ནི་ཆ་བའོ། །གོས་དང་ཕྲེད་བ་དང་རིན་པོ་ཆེས་ཀླུབས་པ་ནི་བརྒྱན་པའོ་ཞེས་ཀྱང་ཟེར་ཏེ། འདི་ཐམས་ཅད་ནི་འདོད་པ་ལ་ལོངས་སྤྱོད་པ་ཁོ་ན་དག་ལ་འབྱུང་བས་དེ་ལྟ་བུའི་བསམ་པས་ཟས་ཀྱི་བྱ་བ་འགོག་པར་བྱེད་དོ། །ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང༌། གསོ་བའི་ཕྱིར་ཞེས་བྱ་བ་ནི་འབའ་ཞིག་སྲོག་ཡོད་


DTG136_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་དང༌། སྟོབས་ཡོད་པར་བྱ་བའི་ཕྱིར་ཏེ། ཤིང་རྟའི་སྲོག་ཤིང་བསྐུ་བ་བཞིན་ནོ། །བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟ་འདོད་པའི་སྡུག་བསྔལ་བཟློག་པའི་ཕྱིར་ཏེ། རྨ་བསྐུ་བ་བཞིན་ནོ། །ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ལུས་གནས་པ་དང༌། ལུས་ཀྱི་སྟོབས་དང་ལུས་ཀྱི་ཉོན་མོངས་པ་མེད་པ་དེ་དག་ལ་བརྟེན་ནས་འཕགས་པའི་ལམ་བསྒྲུབ་པའི་ཕྱིར་ཏེ། ཚངས་པར་སྤྱོད་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་མདོ་སྡེ་གཞན་དག་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ་ཞེས་བྱ་བ་ནི་བཀྲེས་པས་ཀུན་ནས་བསླང་བ་གང་ཡིན་པའོ། །ཚོར་བ་གསར་ནི་མི་སྐྱེ་བར་བྱས་ནས་ཞེས་བྱ་བ་ནི་ཧ་ཅང་བཟའ་དྲགས་པ་ལས་སྐྱེ་བ་གང་ཡིན་པའོ། །འདིས་ནི་ཟས་ཆུང་དུ་དང་ལྷག་པར་ཟ་བ་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལྟ་བུས་ཞེས་བྱ་བ་ནི་ཚོད་ཡང་དག་པར་བསྟན་པའི་ཕྱིར་རོ། །ཚོར་བ་རྙིང་བཅིལ་བས་ཅིར་འགྱུར་སྙམ་པ་ལ། བདག་འཚོ་བ་དང༌། སྟོབས་དང་བདེ་བར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ལུས་གནས་པ་ལ་སོགས་པ་སྔར་བསྟན་པ་གང་ཡིན་པའོ། །ཚོ་རབ་གསར་མི་བསྐྱེད་ན་ཅིར་འགྱུར་སྙམ་པ་ལ། ཁ་ན་མ་ཐོ་བ་མེད་པ་དང༌། རེག་པར་གནས་པར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ཚངས་པར་སྤྱོད་པ་རྗེས་སུ་བཟུང་བ་ལྟར་སྔར་བསྟན་པ་གང་ཡིན་པའོ། །དེ་ལ་ཧ་ཅང་བཟའ་དྲགས་པའི་སྐྱོན་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་སྐྱོན་ནི་ལྔ་དག་སྟེ། སྙོམས་པ་དང༌། མི་དགའ་བ་དང༌། གླལ་བ་དང༌། ཟས་ཀྱིས་གསུང་པ་དང༌། སེམས་ཞུམ་པ་ཉིད་དོ། །ལུས་ཟོ་མདོག་བདེ་བས་ཤིན་ཏུ་སྦྱངས་པ་དང་མཐུན་པ་ཉིད་ཀྱིས་བདེ་བར་གནས་པའི་ཕྱིར་རེག་པར་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བསམ་པ་གང་གིས་མི་བཟའ་བ་དང་བསམ་པ་གང་གིས་དང༌། ཚོད་ཅི་ཙམ་དུ་བཟའ་བ་དང༌། ཟས་ལ་ཚོད་ཟིན་པའི་ཕན་ཡོན་གང་ཡིན་བ་དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཟས་


DTG136_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་ཡིན་ནོ། །གཞན་དག་ན་རེ་སོ་སོར་བརྟགས་པ་བཞི་དག་གིས་སོ་སོར་བརྟགས་ནས་ཡིན་ཞེས་ཟེར་ཏེ། སོ་སོར་བརྟགས་པ་བཞི་ལ་སྤང་བར་བྱ་བ་སོ་སོར་བརྟགས་པ་ནི་ཚིག་བཞི་དག་གིས་སོ། །ཚོད་སོ་སོར་བརྟགས་པ་ཡང་བཞི་དག་གིས་སོ། །ཚོད་བཟུང་བ་སོ་སོར་བརྟགས་པ་ནི་གཉིས་ཀྱིས་སོ། །ཚོད་ཟིན་པའི་ཕན་ཡོན་སོ་སོར་བརྟགས་པ་ནི་ལྷག་མ་རྣམས་ཀྱིས་སོ། །ཡང་ནི་ཚིག་བཞི་དག་གིས་ནི་འདོད་པའི་བསོད་ཉམས་ལ་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ལ་གསུམ་དག་གིས་ནི་བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་སྤོང་བ་ཡིན་ནོ། །གཅིག་གིས་ནི་དབུ་མའི་ལམ་སྒྲུབ་པ་ཡིན་ནོ། །ལྔ་དག་གིས་ནི་མཐའ་གཉིས་ཡོངས་སུ་སྤངས་པའི་ཕན་ཡོན་རྟོགས་པར་བྱེད་པ་ཡིན་ལ། གཉིས་ཀྱིས་ནི་དབུ་མའི་ལམ་སྒྲུབ་པའི་ཕན་ཡོན་ཡིན་ནོ། །ཤིང་རྟའི་སྲོག་ཤིང་དང་རྨའི་དཔེ་གཉིས་ནི་སྔར་སྦྱར་བ་ཁོ་ནའོ། །དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་བ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟ་བ་ནི་རྒྱུ་བ་ན་ཡིན་པར་རིག་པར་བྱའོ། །ཚོར་བ་དང་འདུ་ཤེས་ཤེས་བཞིན་པ་ནི་བསམ་གཏན་པ་དང་གཟུགས་མེད་པའི་མཉམ་པར་གཞག་པ་ལ་གནས་པ་ན་སྟེ། གོ་རིམས་བཞིན་ནོ། །རྣམ་པར་རྟོག་པ་ཤེས་བཞིན་པ་ནི་ལངས་ཤིང་མཉམ་པར་མ་བཞག་པ་ལ་གནས་པ་ཡིན་ནོ། །གཞན་ཡང་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟ་བ་ནི་གསུམ་འདུས་པ་ལས་རེག་པ་འབྱུང་བའི་རྐྱེན་གྱིས་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་འབྱུང་བ་གང་ཡིན་པ་དེ་དག་ཤེས་བཞིན་དུ་སྐྱེ་བ་ནས་གཏུགས་པའི་བར་དུ་འགྱུར་རོ། །སེམས་པའི་མཚན་ཉིད་ནི་འདིར་རྣམ་པར་རྟོག་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་སེམས་ཐམས་ཅད་ཀྱིས་བསམ་ནས་རྣམ་པར་ལྟ་བ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་གཟུགས་དང་ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་དྲན་བ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་ཏོ། དེ་


DTG136_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཚོར་བ་ལ་སོགས་པ་སྐད་ཅིག་པ་ཡིན་ཡང་རྒྱུན་དྲན་པ་དུས་གཞན་དུ་ཡང་རྗེས་སུ་འཇུག་པས་གནས་པར་རིག་པར་བྱའོ། །ཐུབ་པ་ནི་དལ་གྱིས་མ་ཡིན་པར་རྐྱེན་གྱི་དབང་གིས་འཕྲལ་འགག་པའི་ཕྱིར་རོ། །ཟད་པ་དང་གཏུགས་པར་འགྱུར་བ་ནི་ཕྱི་ནས་དལ་གྱིས་མ་ལུས་པར་རྒྱུན་འདྲ་བ་འགག་པའི་ཕྱིར་རོ། །དགེ་སློང་དག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཅང་མི་གྲང་ཞིང་ཧ་ཅང་མི་དྲོ་བ་དང༌། དུས་ཚིགས་བདེ་བ་དང༌། གནོད་པ་མེད་པ་དང༌། གང་གིས་ན་དེ་ཟོས་པ་དང་འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པས་གནོད་པ་ཉུང་བ་དང༌། ནད་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་གནོད་པ་ཉུང་བ་ནི་ཟས་དང༌། གནས་འཕྲོད་པ་ལ་སྦྱོར་བ་དང་མངོན་པར་བརྩོན་པའི་ཕྱིར་ཡིན་ལ། རང་བཞིན་གྱིས་ནད་མེད་པའི་རང་བཞིན་ཅན་མ་ཡིན་པ་ཡང་ཡོད། ནད་མེད་པའི་རང་བཞིན་ཅན་ཡིན་ལ། རང་བཞིན་གྱིས་གནོད་པ་ཉུང་བ་མ་ཡིན་པ་ཡང་ཡོད་དེ། ཟས་དང་གནས་མི་འཕྲོད་པ་མང་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཉིས་ཀ་བརྗོད་པ་ནི་གཅིག་གིས་གཅིག་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་ལ་ཡང་རྒྱུ་ནི་ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པ་ཞེས་བྱ་བས་ཡང་དག་པར་སྙོན་ཏེ། ལུས་དང་བཅས་པའི་སྙོམས་པ་ཉིད་དུ་སྟོན་ཏོ། །སྙོམས་པ་དེ་ཡང་ཧ་ཅང་མི་གྲང་ཞིང་ཧ་ཅང་མི་དྲོ་བ་ཉིད་དང་དུས་ཚིགས་བདེ་བ་དང༌། གནོད་པ་མེད་པ་དང་ཞེས་བྱ་བ་ས་སྟོན་ཏོ། །འདིས་ནི་མ་སྙོམས་པ་ཉིད་རྣམ་པ་གསུམ་མེད་པའི་ཕྱིར་ཕོ་བའི་དྲོད་སྙོམས་པ་ཉིད་དུ་ཡང་དག་པར་སྟོན་ཏོ། །མ་སྙོམས་པ་ཉིད་རྣམ་པ་གསུམ་ལ་མེ་མ་སྙོམས་པ་ཉིད་ཀྱིས་ནི་དེས་མེའི་དྲོད་ཆུང་བས་ཧ་ཅང་གྲང་བའམ། མེའི་དྲོད་ཆེས་པས་ཧ་ཅང་དྲོད་ཆེ་བར་འགྱུར་རོ། །དུས་ཚིགས་མ་སྙོམས་པ་ཉིད་ཀྱིས་ནི་དེས་དུས་ཚིགས་རྣམས་འཕོ་བ་ན་སྐྱོན་རྣམས་རབ་ཏུ་འཁྲུག་པར་བྱེད་པའི་ཕྱིར་མི་བདེ་བར་འགྱུར་བའོ། །


DTG136_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་མ་སྙོམས་པ་ཉིད་ཀྱིས་ནི་དེས་ཟས་མི་འཕྲོད་པའི་སྐྱོན་ལས་གནོད་པ་སྐྱེད་པའོ། །སྙོམས་པ་ཉིད་བཤད་ནས། འཇུ་བར་བྱེད་པ་ཉིད་ནི་གང་གིས་ན་དེས་ཟོས་པ་དང་འཐུངས་པ་དང་འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་ཞེས་བྱ་བས་འཆད་དེ། འདིས་ནི་ཟས་ཀྱི་རྣམ་པ་ཐམས་ཅད་དུས་སུ་ངལ་བ་མེད་པར་འཇུ་བར་བྱེད་པ་སྟོན་ཏོ། །དེ་ལ་ཟོས་པ་དང༌། འཐུངས་པ་དང་འཆོས་པ་དང་མྱངས་པ་ནི་བཟའ་བ་དང་བཏུད་བ་དང་བཅའ་བ་དང་བལྡག་པ་དང་གཞི་བ་པའི་དབྱེ་བས་རིག་པར་བྱའོ། །ཅི་འདོད་པ་བཞིན་ཐོབ་པ་ཚེགས་མེད་པར་ཐོབ་པ་ངན་ངོན་མ་ཡིན་པར་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཇི་སྲིད་འདོད་པ་དང་ནམ་འདོད་པ་དང༌། ཇི་ལྟ་བུ་འདོད་པ་མངོན་སུམ་དུ་བྱ་བ་ལ་དབང་པ་ཉིད་ཀྱི་ཕྱིར་རིག་པར་བྱ་སྟེ། ཡུན་རིང་པོ་དང༌། རིང་པོར་མི་ཐོགས་པ་དང་མཆོག་ཏུ་བྱུང་བ་རྣམས་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཐ་ཆད་ནི་ངན་ངོན་ཞེས་བྱ་བའི་ཕྱིར་རོ། །གཞན་དག་ན་རེ་ཚེགས་དང་ཉམས་པ་མེད་པ་ཉིད་ངན་ངོན་མ་ཡིན་པ་ཡིན་ནོ་ཞེས་ཟེར་རོ། །ཡིད་ཆེས་པའི་ལུང་ལས་ནི། །གང་ཞིག་རྫོགས་སྙོམས་ཞུགས་དང་མྱུར། །བསྟན་ཉིད་དེ་ནི་ཅི་འདོད་བཞིན། །སྩོགས་ཐོབ་ཡིན་པར་བཞེད་འདིར་ནི། །ཆུང་ཟད་ཙམ་གྱིས་གཏོང་བས་ན། །དེ་ཕྱིར་ངན་དོན་ཞེས་འབྱུང་ངོ༌། །དཔེར་ན་མེ་ཏོག་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར། སྐམས་པ་ཉིད་དུ་འགྱུར་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཟེགས་པ་ཉིད་དུ་འགྱུར་བ་ནི་རྣམ་པར་འགྱུར་བའི་ཕྱིར་རོ། །རྙིངས་པ་ཉིད་དུ་འགྱུར་བ་ནི་སའི་ཁམས་ཞུམ་པའི་ཕྱིར་རོ། །སྐམས་པ་ཉིད་དུ་འགྱུར་བ་ནི་ཆུའི་ཁམས་ཟད་པའི་ཕྱིར་རོ། །ཚིག་གཅིག་ནི་བསྟན་པ་ཡིན་ལ། ཚིག་གཉིས་ནི་བཤད་པ་ཡིན་པར་རིག་པར་བྱའོ། །ཇི་སྲིད་དུ་རྙིངས་པའམ་སྐམས་པར་མ་གྱུར་པ་དེ་སྲིད་དུ་མེ་ཏོག་གི་འོད་དང༌། དྲི་བསུང་ཆུང་བར་འགྱུར་བའི་ཕྱིར་ནི་རྣམ་པར་འགྱུར་བ་ཡིན་པར་རིག་པར་བྱའོ། འདོད་པ་


DTG136_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དང་དུ་མི་ལེན་པ་ནི་རོ་མྱོང་བར་མི་བྱེད་པའི་ཕྱིར་རོ། །སྤོང་བར་བྱེད་པ་ནི་དེའི་དམིགས་པའི་མཚན་མ་སེལ་བའི་ཕྱིར་རོ། །བཟློག་ཏུ་ཟིན་ཡང་རྒྱུ་བསགས་པ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པ་ཀུན་ཏུ་རྒྱུ་བ་ཉིད་ཡིན་པས་སེལ་བར་བྱེད་དེ། སོ་སོར་བརྟགས་པའི་སྟོབས་ཀྱི་རྒྱུན་གཅོད་པའི་ཕྱིར་རོ། །བསལ་དུ་ཟིན་ཀྱང་བརྩོན་པ་ལྷོད་པས་ཡང་སྐྱེ་བའི་ཕྱིར་བྱད་བར་བྱེད་དེ། བསྒོམ་པའི་སྟོབས་ཀྱིས་རྣམ་པར་གནོན་པའི་ཕྱིར་རམ། ས་བོན་ཡང་དག་པར་འཇོམས་པའི་ཕྱིར་རོ། །འདིར་ཡང་སྨྲས་པ། འདི་དག་བཞི་ནི་རྣམ་རྟོག་ལ། །མི་མཐུན་ཉིད་དང་དེ་ཡི་རྒྱུ། །རྣམ་སྤོང་ཕྱིར་དང་རྒྱུན་དང་ནི། །རྗེས་སུ་འཆི་བ་གཅོད་ཕྱིར་རོ། །རྣམ་གྲངས་གཞན་ཡང་སྐྱོན་ཉིད་དུ་འཛིན་པའི་ཕྱིར་ན་དང་དུ་མི་ལེན་པ་ཡིན་ནོ། །བྱུང་བའི་ཤུགས་དང་བྲལ་བའི་ཕྱིར་ན་སྤོང་བར་བྱེད་བ་ཡིན་ནོ། །ཡང་དང་ཡང་དུ་ཀུན་ཏུ་རྒྱུ་བ་དང་བྲལ་བའི་ཕྱིར་ན་སེལ་བར་བྱེད་པ་ཡིན་ནོ། །དགེ་བའི་ཕྱོགས་ཀྱི་རྒྱུད་བརྟན་པ་ཉིད་ཀྱིས་ཀུན་ཏུ་མི་རྒྱུ་བའི་ཕྱིར་ན་བྱང་བར་བྱེད་པ་ཡིན་ནོ། །བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་བརྟེན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མི་དག་ནི་ཕལ་ཆེར་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་དག་ལ་བདག་གིར་བྱ་བར་འདུ་ཤེས་བྱས་ན་སྲེད་པ་སྐྱེད་པར་བྱེད་དེ། དེའི་ཕྱིར་མྱོས་ནས་བསོད་ནམས་ཀྱི་ལས་ནི་མི་བྱེད་བསོད་ནམས་མ་ཡིན་པའི་ལས་ནི་བྱེད་དོ། །ཕལ་ཆེར་ལྷ་རྣམས་ལས་བགོ་སྐལ་ཏེ་ལོངས་སྤྱོད་དང་བདག་གི་སྐྱེ་བའི་ཁྱད་པར་དོན་དུ་གཉེར་བར་བྱེད་ཅིང་རྒུད་བར་གྱུར་ན་ལྷ་རྣམས་ལ་སྟོན་པ་ཡིན་པར་རྟེན་པར་བྱེད་དོ། །དེ་ལྟར་བྱེད་པ་ན་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བས་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེའི་གཉེན་པོར་སེམས་ཅན་རྣམས་ཀྱི་ལས་ཁོ་ན་བདག་གིར་བྱ་བ་ཡིན་ཞིང་སེམས་ཅན་རྣམས་ནི་སྔོན་གྱི་ལས་ཁོ་ན་ལ་བགོ་སྐལ་སྤྱོད་པ་ཡིན་ལ་དེ་རྣམས་ནི་ལས་ཁོ་ནའི་སྐྱེ་གནས་ལས་བྱུང་བ་ཡིན་ཞིང་རྒུད་


DTG136_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ལས་ཁོ་ན་སྟོན་པ་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །འདི་ལ་རིགས་པ་ཅི་ཡོད་ཅེ་ན། ལས་ནི་རྒྱལ་པོ་ལ་སོགས་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་དང༌། ཤི་བའི་ཚེ་ཡང་མི་གཏོང་བའི་ཕྱིར་རོ། །ལྷ་ལ་གུས་པ་དང་མ་གུས་པ་རྣམས་ལ་ལོངས་སྤྱོད་རྒུད་པ་དང་ཕུན་སུམ་ཚོགས་པར་དམིགས་པའི་ཕྱིར་དང༌། སྐྱེ་བ་དམན་པ་དང་ཁྱད་པར་དུ་འཕགས་པ་དམིགས་པའི་ཕྱིར་དང༌། ཡམས་ཀྱི་ནད་དང་གནོད་པ་ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དམིགས་པའི་ཕྱིར་རོ། །འདོད་པ་རྣམས་ལ་ཡིད་བྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འདོད་པ་རྣམས་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་ལའོ། །གཟུགས་རྣམས་ལ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལའོ། །རྣམ་པ་གཅིག་ཏུ་ན་སྡུག་བསྔལ་གྱི་ཕུང་པོ་ཅན་གྱི་མདོ་དང་བོ་ལས་འདོད་པ་རྣམས་དང་གཟུགས་རྣམས་གསུངས་པ་བཞིན་ནོ། །ཡིད་བྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང༌། ཀུན་འབྱུང་བ་སྤང་བར་བྱ་བའི་ཕྱིར་དང༌། འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་བསྒྲུབས་པས་ནི་ལམ་བསྒོམ་པ་ཡོངས་སུ་སྟོན་ཏོ། །གཞན་ཡང་དགའ་བའི་འདོད་ཆགས་ཀྱི་རྒྱུ་ལས་བྱུང་བའི་ཚེ་ཕྱི་མ་ལ་སྡུག་བསྔལ་སྐྱེ་བ་དེའི་གཉེན་པོར་གོ་རིམས་བཞིན་དུ་གསུམ་གསུངས་པ་ཡིན་ནོ། །ཆགས་པ་ཟད་པར་བྱ་བའི་ཕྱིར་དང༌། སྲིད་པ་ཟད་པར་བྱ་བའི་ཕྱིར་དང༌། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང༌། ཕུང་པོ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ངན་སོང་གི་སྡུག་བསྔལ་ཡང་སྲིད་པ་རྒྱུ་དང་བཅས་པ་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡོངས་སུ་བསྟན་པ་ཡིན་ཏེ། ཆགས་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་ནི་ངན་སོང་བའི་སྡུག་བསྔལ་ཡིན་ཏེ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་དང་ཕ་རོལ་ན་ངན་འགྲོ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་མ་རིག་པའི་རྩ་བ་ལས་བྱུང་བ་འདོད་པ་དང་ཆགས་


DTG136_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཀུན་ཏུ་བྱུང་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འདིར་ནི་མི་དགེ་བའི་རྩ་བས་བསྡུས་པའི་ཆགས་པ་ཡིན་པར་རེག་པར་བྱའོ། །དེ་སྨོས་པ་ཡང་འཕྲོག་པར་བྱེད་པའི་ཕྱིར་རོ། །ཡང་སྲིད་པ་ལ་སྲེད་པ་ནི་རྒྱུ་ཡིན་ནོ། །ཕུང་པོ་ནི་ཡང་སྲིད་པས་བསྡུས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ནི་སྲེད་པས་སྤུངས་པའི་ཕྱིར་རོ། །གཞན་ཡང་ཆགས་པ་དང་སྲེད་པ་གཉིས་ནི་འདོད་པ་དང་སྲིད་པའི་འདོད་ཆགས་གཉིས་ཡིན་ཏེ་གོ་རིམས་བཞིན་ནོ། །སྡུག་བསྔལ་ནི་འདོད་པའི་ཁམས་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པའི་ཕྱིར་རོ། །ཕུང་པོ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཡིན་ནོ། །གྲོ་ཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས་པར་བྱས་ལ་དེ་ལ་ཡང་མཚན་མར་ཟུང་ཤིག །དེས་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་བ་དང༌། མི་བརྗེད་པའི་རྒྱུ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ལ་སྦྱོར་བར་མཛད་དོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྟོགས་པའོ། །མི་བརྗེད་པའི་རྒྱུ་ནི་མཚན་མར་འཛིན་པའོ། །ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ནི་ང་རྒྱལ་མེད་པ་སྟེ། མཉམ་པ་ཉིད་དེས་ཁེངས་པར་མི་འགྱུར་བའི་ཕྱིར་དང༌། བག་ཡོད་པ་སྟེ་རོ་མྱང་བར་མི་བྱེད་པའི་ཕྱིར་དང༌། ང་རྒྱལ་དང་སྲེད་པ་ཤས་ཆེས་བའི་བསམ་གཏན་པའི་གཉེན་པོར་གོ་རིམས་བཞིན་ནོ། །འཕགས་པ་གྲོ་ཞིན་སྐྱེས་ཀྱིས་དེའི་ཚེ་བདེན་པ་གཟིགས་པའི་ཕྱིར་ལྟ་བ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ནི་མ་ཡིན་ཏེ་དེ་གཉིས་སྤངས་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཤིང་གི་སྡོང་པོ་ཆེན་པོ་ཞིག་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ་ལམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ཤིང་གི་སྡོང་པོ་ལ་མེས་རེག་པ་ཉིད་དང་མེའི་མདོག་དང༌། ཀུན་ཏུ་འབར་བ་ཉིད་དང༌། དྲིལ་ཏེ་འབར་བ་ཉིད་དང༌། མི་གཡོ་བར་འབར་བ་ཉིད་དུ་ཡང་དག་པར་སྡུད་པར་བྱེད་པ་སྟོན་ཏེ་གོ་རིམས་བཞིན་ནོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡང་པ་རྣམས་ནི་ཕུང་


DTG136_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང་བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ། བདེ་བ་ཉིད་དང༌། ནད་མེད་པ་ཉིད་དང༌། བདག་དང་བདག་གི་ཉིད་དུ་ཡང་དག་བར་རྗེས་སུ་ལྟའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་གཉིས་དང་ཡང་ལྡན་པ་ཡིན་ལ། རྒྱུན་གྱིས་འབྱུང་བ་ན་གནས་སྐབས་གཞན་དུ་འགྱུར་བའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་གནས་བ་ལས་གཞན་དུ་འགྱུར་བ་དང་ཡང་ལྡན་པ་ཡིན་ནོ། །དེ་དག་མཚན་ཉིད་དེ་ལྟར་གནས་པ་ཡིན་པ་ན་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་གཞི་དང༌། ལུས་ཀྱི་སྡུག་བསྔལ་གྱི་གཞི་དང༌། རང་བདག་མ་ཡིན་ལ་བདག་གཞན་གྱིས་ཀྱང་སྟོང་པ་ཡིན་ན། དེ་ལ་ཀུན་ཏུ་རྨོངས་པ་ནི་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པ་ཉིད་དུ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཕྱི་རོལ་གྱི་གནོད་པའི་སྡུག་བསྔལ་གྱི་གཞི་ཉིད་དང་རང་གི་ཁམས་མ་སྙོམས་པའི་སྡུག་བསྔལ་གྱི་གཞི་ཉིད་དུ་མ་མཐོང་ན་བདེ་བ་ཉིད་དང་ནད་མེད་པ་ཉིད་དུ་ལྟ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་དག་ནི་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་མི་རྟག་པ་ལ་སོགས་པ་རྣམ་པ་བཞིའི་མི་མཐུན་པའི་ཕྱོགས་སུ་རྟག་པ་དང༌། བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལོག་པ་རྣམས་ཏེ། ལྟ་བ་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདིར་གཙང་བར་ཕྱིན་ཅི་ལོག་པར་མ་སྨོས་སོ། །ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་ཉིད་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཚུལ་འཆོས་པ་ནི་རྣམ་པ་གསུམ་དུ་རིག་བར་བྱ་སྟེ། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱིས་གཞན་ལ་ཡོན་ཏན་ཡིད་ཆེས་བར་བྱ་བའི་བསམ་པས་སྤྱོད་ལམ་ལེགས་པར་གནས་པ་དང༌། ཡུལ་དབེན་པར་གནས་བ་དང༌། རྙེད་པ་ཁྱད་པར་ཅན་མི་ལེན་པ་ཉིད་ཀྱིས་དང༌། ངན་པ་དང༌། གྱ་ནོམ་པ་བསྟེན་པ་དང་མི་བསྟེན་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཀུན་ཏུ་སྟོན་པའོ། །ཁ་གསག་ཀྱང་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་


DTG136_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྗེས་སུ་མཐུན་པར་སྙན་པར་སྨྲ་བ་དང༌། རང་གི་ཡོན་ཏན་སྨྲ་བ་དང༌། ཆོས་སྨྲ་བའོ། །གཞོགས་སློང་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱིས་གནོད་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཕོངས་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཚིག་གིས་བསམ་པའི་གཞི་བསྔགས་པར་བྱེད་པ་ཉིད་དོ། །ཐོབ་ཀྱིས་འཇལ་བ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པ་དང༌། གཞན་ལ་སྦྱིན་པར་བྱེད་པ་ལ་སྨོད་པ་དང༌། ཧ་ཅང་ཕྱི་བཞིན་འབྲང་ཞིང་སྨོད་པའོ། །རྙེད་པས་རྙེད་པར་བྱེད་འདོད་པ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལས་རྙེད་པ་རྒྱ་ཆེ་བར་ཀུན་ཏུ་སྟོན་པ་དང༌། སྦྱིན་པར་བྱེད་པ་རྒྱ་ཆེ་བར་བསྔགས་པར་བྱེད་པ་དང༌། ཟང་ཟིང་གི་རྙེད་པ་བསྔགས་པར་བྱེད་པའོ། །འདི་ནི་དགེ་སློང་གི་འཚོ་བ་ལོག་པ་རྣམ་པ་ལྔ་ཡིན་ཏེ། གཅིག་ནི་ལུས་ཀྱིས་ཡིན་ཏེ། གཉིས་པ་ནི་ངག་གིས་ཡིན་ཞིང༌། ལྷག་མ་རྣམས་ནི་ལུས་དང་ངག་གིས་ཡིན་ནོ། །ཚིག་གང་ཡིན་པ་དེ་དག་ཇི་ལྟར་ཁ་གསག་མ་ཡིན་ཞེ་ན། གཞན་མགུ་བར་བྱ་བའི་ཕྱིར་སྨྲ་བ་འདིར་ཁ་གསག་ཡིན་པར་དགོངས་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཇི་མིའི་འཇིག་རྟེན་ན་མར་འཛིན་པ་དང༌། ཕར་འཛིན་པ་དང༌། དགེ་སྦྱོང་དུ་འཛིན་པ་དང༌། བྲམ་ཟེར་འཛིན་པ་དང༌། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང༌། དོན་བྱེད་པ་དང༌། བྱ་བ་བྱེད་པ་དང༌། བསོད་ནམས་བྱེད་པ་དང༌། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་དང༌། སྦྱིན་པ་བྱེད་པ་དང༌། བསོད་ནམས་ཁྱེད་པ་དང༌། བསྙེན་གནས་ལ་ཉེ་བར་གནས་པ་དང༌། ཚུལ་ཁྲིམས་ཡང་དག་བར་བླངས་ནས་གནས་པའི་མི་དག་མང་ངམ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཇི་ལྟར་ཤེས་པར་བྱ་བ་ལྟ་བུས་མར་ཤེས་པ་ནི་མར་འཛིན་པ་སྟེ། དེ་ལ་གུས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མར་འཛིན་པ་ཇི་ལྟ་བ་བཞིན་དུ་ཕར་འཛིན་པ་ཡང་དེ་བཞིན་ནོ། །དགེ་སྦྱོང་རྣམས་ལ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། ཕྱག་བྱ་བ་དང༌། ཆོས་གོས་དང༌། བསོད་སྙོམས་ལ་སོགས་པས་རི་མོ་དང༌། སྦྱིན་པར་བྱ་བའི་


DTG136_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལེགས་པར་བྱེད་པ་ནི་དགེ་སློང་དུ་འཛིན་པའོ། །དགེ་སྦྱོང་དུ་འཛིན་བ་ཇི་ལྟ་བ་བཞིན་དུ་བྲམ་ཟེར་འཛིན་པ་ཡང་དེ་བཞིན་ནོ། །རིགས་ཀྱི་ནང་ན་རྒན་རབས་ཕུ་ནུ་བོ་དང༌། སྲིད་མོ་དང་ཉེ་དུ་རྣམས་ལ་བཀུར་སྟི་བྱེད་པ་ནི་རྒན་རབས་ལ་རི་མོ་བྱེད་པ་སྟེ།། ལྡང་བ་དང་སྙན་བར་སྨྲ་བ་ལ་སོགས་པ་བྱ་བའི་ཕྱིར་རོ། །རྒུད་པ་རྣམས་ལ་རྒུད་པ་ལས་ཡོངས་སུ་བསྐྱབ་པ་དང༌། དགོས་པ་བསྒྲུབ་པའི་ཕྱིར་དོན་བྱེད་པའོ། །རང་གི་ལས་ལ་འཚོ་བ་ལོག་པར་མ་ཡིན་པས་ལེགས་པར་སྦྱོར་བའི་ཕྱིར་བྱ་བ་བྱེད་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བསྒྲུབ་པའི་ཕྱིར་བསོད་ནམས་བྱེད་པའོ། །འདི་མན་ཆད་ནི་རྒྱུ་གང་གིས་དེ་དག་དེ་ལྟར་གྱུར་པ་དང་ཇི་ལྟར་བསོད་ནམས་བྱེད་པ་རྣམས་ཀྱི་རྒྱུད་དང་རྣམ་པ་དེ་འཆད་དོ། །རྒྱུ་གང་གིས་དེ་དེ་ལྟར་གྱུར་ཞེ་ན། འདི་ལྟར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མཐོ་བ་རྣམས་ལ་འཇིགས་པར་ལྟ་བས་སོ། །དེ་ལ་ཁ་ན་མ་ཐོ་བ་ནི་འཕགས་པས་སྨད་པ་གང་ཡིན་པའོ། །འཇིགས་པ་ནི་ཉེས་དམིགས་ཡིན་པར་རིག་པར་བྱའོ། །དེ་ལས་འཇིགས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་བསོད་ནམས་བྱེད་པ་དག་ཡིན་ཞེ་ན། ཟས་དང་སྐོམ་དང་བཟའ་བ་དང་བཅའ་བ་དང་བཞོན་པ་དང་གོས་ལ་སོགས་པ་སྦྱིན་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སྦྱིན་པར་བྱ་བས་ན་སྦྱིན་པ་ཡིན་པའི་ཕྱིར་རོ། །བསོད་ནམས་བྱེད་པ་ནི་ཀུན་དགའ་རབ་དང༌། ནགས་ཚལ་དང༌། སྟེགས་དང༌། རྫིང་དང༌། ཆུ་མིག་དང༌། བསོད་ནམས་ཀྱི་ཁང་པ་ལ་སོགས་པ་བྱ་བ་ལ་སོགས་པས་འཇིག་རྟེན་རྗེས་སུ་འཛིན་པའི་ཕྱིར་རོ། །འདི་གཉིས་ཀ་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཡིན་མོད་ཀྱི། ཐ་དད་པར་སྨོས་པ་ནི་ཁྱད་པར་དང་ཁྱད་པར་མེད་པར་སྦྱིན་པའི་དབྱེ་བས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཁྱད་པར་དུ་སྦྱིན་པ་ནི་ལེན་པ་པོ་དགའ་ཞིག་ཁོ་ན་ལ་རང་གིར་བྱ་བའི་ཕྱིར་སྒྲུབ་པ་གང་ཡིན་བའོ། །ཁྱད་པར་མེད་པར་སྦྱིན་པ་ནི་སེམས་ཅན་རྣམས་ལ་ཡོངས་སུ་ལོངས་སྤྱོད་དུ་གཞུག་བའི་ཕྱིར་བྱེད་བ་མེད་པར་གཏོང་བ་གང་ཡིན་པའོ། །བསྙེན་གནས་ལ་ཉེ་བར་གནས་པ་དང༌།


DTG136_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པ་ནི་ཉིན་ཞག་གཅིག་པ་དང༌། ཇི་སྲིད་འཚོ་བའི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་རོ། །མདོར་ན་མདོ་སྡེའི་དུམ་བུ་འདི་ནི་མི་རྣམས་བླ་མ་དང༌། ཡོན་གནས་དང༌། རྒན་པོ་རྣམས་དང༌། རྒུད་པ་རྣམས་དང༌། རང་གི་ལས་དང༌། བསོད་ནམས་བྱེད་པ་ལ་གོ་རིམས་བཞིན་དུ་ཚིག་གཉིས་དང་གཉིས་དང་བཞི་རྣམས་ཀྱིས་ནི་རེ་རེས་ཡང་དག་བར་བསྒྲུབ་པར་བསྟན་པ་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ཡང་དག་པར་བསྒྲུབ་བདེ་ཉིད་ཀྱི་རྒྱུ་དང༌། བསོད་ནམས་བྱ་བའི་རྣམ་པའི་དབྱེ་བ་ཡང་དག་པར་བསྟན་པ་ཡིན་ནོ། །འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་དག་ཡིན། བདེ་བར་གཤེགས་པ་ནི་སུ་དག་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །འདིར་ནི་ངེས་པར་ལེགས་པ་ལས་བརྩམས་ནས་ཡང་དག་པར་སྨྲ་བ་དང༌། བྱེད་པ་པོ་གཉིས་དྲིས་པ་དང༌། དྲིས་ལན་བཏབ་པ་ཡིན་ནོ། །བྱེད་པ་པོ་ཡང་རྣམ་པ་གཉིས་ཏེ། བརྩོན་པ་རྣམས་ནི་གང་དག་ཡང་དག་པར་རབ་ཏུ་བརྩོན་པ་རྣམས་སོ། །གྲོལ་བ་རྣམས་ནི་གང་དག་མཐར་ཕྱིར་པ་རྣམས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཁོ་ན་སྨོས་པ་ནི་དེ་རྣམས་ཀྱི་གོ་རིམས་བཞིན་དུ་ཚོར་བ་གསུམ་ལ་བཅིངས་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་བར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་གསུངས་སོ། །གདུལ་བའི་ཕྱིར་ཞེས་བྱ་བ་ནི་བྲལ་བར་བྱ་བའི་ཕྱིར་རོ། མ་ལུས་པར་སྤང་བར་བྱ་བའི་ཕྱིར་རོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་ས་ལས་དང་ས་བོན་ལས་དང༌། རྣམ་པ་ལས་མ་ལུས་པར་སྤངས་པ་ཡིན་པར་རིག་པར་བྱའོ། །ས་ལས་ཇི་ལྟར་ཞེ་ན་སྲིད་པའི་རྩེ་མོའི་བར་དུ་ཇི་ལྟར་རིགས་པར་སྤངས་པའི་ཕྱིར་རོ། །ས་བོན་ལས་ཇི་ལྟར་ཞེ་ན། ཐོག་པ་བག་ལ་ཉལ་གྱི་མཚན་ཉིད་སྤངས་པའི་ཕྱིར་རོ། །རྣམ་པ་ལས་ཇི་ལྟ་བུ་ཞེ་ན། མཐོང་བ་དང་


DTG136_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་དང༌། ཆུང་ངུའི་ཆུང་དུ་ལ་སོགས་པའི་རྣམས་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་ཤེས་བཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་ཤེས་ཤེ་ན། བདག་གིས་འདོད་ཆགས་ནས་གཏི་མུག་གི་བར་དུ་སྤངས་སོ་ཞེས་བྱ་བར་རོ། །སྤངས་པས་ནི་རྣམ་པར་གྲོལ་བ་སྟོན་ལ། ཡོངས་སུ་ཤེས་པས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་ལྟར་ན་མ་ལུས་པར་སྤངས་པ་ནི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ཏེ། གཞན་ལ་རག་ལས་པ་དང༌། སོམ་ཉི་དང་ལྡན་པ་རྣམས་བསལ་བའི་ཕྱིར་རོ། །འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱའོ། །ཞེས་བྱ་བའི་བདེ་བར་ཞེས་བྱ་བ་འདི་ནི་མ་ལུས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་ཟས་བདེ་བར་ཞུའོ། །བུམ་པ་ལེགས་པར་གང་བའོ་ཞེས་བྱ་བ་ལྟ་བུའོ། །བསྔགས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཟུགས་བཟང་པོ་ཆ་ལུགས་བཟང་བོ་ཞེས་བྱ་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཅིན་ནད་ལས་བདེ་བར་ཐར་རོ། །འབྱུང་པོའི་གདོན་ལས་བདེ་བར་ཐར་རོ་ཞེས་བྱ་བ་ལྟ་བུའོ། །དོན་རྣམ་པ་འདི་གསུམ་གྱིས་བདེ་བར་གཤེགས་པ་དག་ཡིན་ཏེ། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ལས་བཟློག་ནས་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས་པའི་ཕྱིར་དང༌། འགྲོ་བ་བཟང་པོར་གཤེགས་པའི་ཕྱིར་དང༌། ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཏེ། མྱ་ངན་ལས་འདས་པར་གཤེགས་པ་དག་ནི་དེ་ལྟར་དུ་གཤེགས་པ་དག་ཡིན་ནོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཉིད་དང༌། རྟག་པ་ཉིད་དུ་བསྟན་པ་ཡིན་ཏེ་གོ་རིམས་བཞིན་ནོ།། །།བམ་པོ་ལྔ་པ། འདི་ལྟར་ལས་ཀྱང་ཡོད་ལ་ཉོན་མོངས་པ་རྣམས་དང་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིར་ནི་སྐྱེ་བའི་རྒྱུ་གྲོགས་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ། །ལས་ལ་ཉོན་མོངས་པ་རྣམས་གྲོགས་སུ་གྱུར་པས་སྐྱེ་བ་སྐྱེད་པར་བྱེད་དེ། ཉོན་མོངས་པ་ཟད་ན་མི་


DTG136_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་ཕྱིར་དང༌། ཉོན་མོངས་པ་མ་ཟད་ན་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ཀྱང་སྲེད་པ་ལ་སོགས་པའོ། །དེ་ལ་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མདོ་སྡེ་གཞན་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེ་ན། ལུས་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུར་གྱུར་པ་ཉིད་ཀྱིས་མངོན་པར་འགྲུབ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལྟ་བ་དང་ང་རྒྱལ་དང་མ་རིག་པ་ནི་དེ་འདྲེན་པར་བྱེད་པ་དག་ཡིན་ཏེ། བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱི་སྒོ་ནས་བདག་མེད་པ་ཉིད་ལ་ཀུན་ཏུ་རྨོངས་ན་དེ་ཀུན་ཏུ་རྒྱུ་བ་དང་མི་སྤངས་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ཁོ་ན་སྨོས་ཀྱི། ཁོང་ཁྲོ་བ་དང་ཐེ་ཚོམ་གཉིས་ནི་མ་ཡིན་ནོ། །གཞན་ཡང་འདོད་པའི་ཁམས་ཀྱི་ལས་ཀྱི་གྲོགས་ནི་ཉོན་མོངས་པ་ཐམས་ཅད་ཡིན་ལ། གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཀྱི་ནི་སྲེད་པ་ལ་སོགས་པ་གྲོགས་ཡིན་ཏེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བག་ལ་ཉལ་ཡོད་བའི་ཕྱིར་རོ། །ཐེ་ཚོམ་ནི་མ་རིག་པས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཏེ། གཏི་མུག་ཤས་ཆེ་བ་ལ་ཤེས་པ་ངེས་པ་མི་འབྱུང་བས་སོ། །དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པས་གཙེས་པ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ་རིམས་ནད་དང་བཅས་པ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་པ་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དགེ་སྦྱོང་གི་གནོད་པ་ནི་རྙེད་པ་དང་བཀུར་སྟི་གང་གིས་ཟིལ་གྱིས་ནོན་ན་དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟར་འདི་ན་ཁ་ཅིག་བསླབ་པ་བཏང་ནས་ཉམས་ཏེ་གནས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལས་ཉམས་པ་ཡིན་ནོ་ཞེས་གསུངས་པས་སོ། །ཚངས་པར་སྤྱོད་པའི་འདམ་ནི་རྙེད་པ་དང་བཀུར་སྟི་གང་ལ་ཆགས་ན་འཕགས་


DTG136_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མྱ་ངན་ལས་འདས་པའི་ལམ་ཡན་ལག་བརྒྱད་པར་མི་འདོང་བ་སྟེ། དེ་ནི་བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱོད་པའི་འདམ་ཡིན་པར་གསུངས་སོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པ་སྟེ། གང་དག་གིས་ཟིལ་གྱིས་ནོན་ན་ཚུལ་ཁྲིམས་ཉམས་པར་བྱས་ནས་ངན་སོང་དུ་འདོད་བ་རྙེད་པ་དང་བཀུར་སྟིའི་རྒྱུ་བརྣབ་སེམས་ཅན་ཉིད་ལ་སོགས་པ་གང་དག་ཡིན་པའོ། །འདིས་ནི་དགེ་སློང་གསར་བུ་རྙེད་པ་དང་བཀུར་སྟི་ལྷུར་ལེན་འཛིན་པ་རྣམས་ལ་མཐོང་བའི་ཆོས་ལ་བསླབ་པ་གཏོང་བ་དང༌། མྱ་ངན་ལས་འདས་པར་མི་འགྲོ་བ་དང༌། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཉེས་དམིགས་རྣམ་པ་གསུམ་ཡོད་པར་སྟོན་ཏོ། །དེ་ལ་སྡིག་པ་ནི་འཕགས་པའི་སྐྱེ་བོས་སྨོད་པའི་དོན་གྱིས་སོ། །མི་དགེ་བ་ནི་མི་བདེ་བའི་དོན་གྱིས་སོ། །དེ་ལྟར་ན་དེ་རྣམས་ནི་གཞན་གྱིས་དང༌། རང་ཉིད་ཀྱིས་སྐྱོན་ཡིན་པར་བསྟན་པ་ཡིན་ནོ། །ཇི་ལྟར་སྨད་པ་དང་མི་བདེ་བ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ་ཉིད་བ་ཉེས་དམིགས་དང་བཅས་པས་ཡང་དག་པར་སྟོན་ཏོ། །དེ་ནི་མཐོང་བའི་ཆོས་ལ་ཡང་དང་ཡང་དུ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་ནོ། །ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་ཡང་སྲིད་པ་པའོ། །ཀུན་ནས་ཉོན་མོངས་པ་ཅན་དག་ཡིན་པ་ལ་རིམས་ནད་དང་བཅས་པ་དང༌། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་གྱི་ཉེས་དམིགས་ཡོད་དེ། མཐོང་བའི་ཆོས་ཉིད་ལ་ཉོན་མོངས་པ་ཡོངས་སུ་གདུང་བ་རྣམས་ཀྱིས་ལུས་དང་སེམས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་དང༌། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཕྱིར་རོ། །ཡང་སྲིད་པ་པར་གྱུར་པ་ལ་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་བ་ཞེས་བྱ་བའི་ཉེས་དམིགས་ཡོད་དེ་ཡུན་རིང་པོར་སྐྱེ་བ་དང་རྒ་བ་དང་འཆི་བ་འདྲེན་བའི་ཕྱིར་རོ། །འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ་དང༌། མི་གཏོང་བར་བསྒོམ་པ་དང༌། ལྷག་མཐོང་དང་ལྡན་པ་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་


DTG136_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསྟན་པ་བཞིན་དུ་བསྒྲུབ་པའི་ཕྱིར་སྟོན་པའི་བསྟན་པ་བཞིན་བྱེད་བའོ། །ཡང་དང་ཡང་དུ་བསྒོམས་པས་མི་གཏོང་བར་སྒོམ་པ་སྟེ། འདི་ལྟར་ཅུང་ཟད་ཅུང་ཟད་ཅེས་བྱ་བ་གསུངས་པ་བཞིན་ནོ། །ཇི་ལྟར་ཐོས་པ་བཞིན་དུ་ཆོས་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་ལྷག་མཐོང་དང་ལྡན་པའོ། །སེམས་རྩེ་གཅིག་ཏུ་བྱ་བའི་དོན་དུ་ཁྱིམ་སྟོང་པ་རྣམས་ལ་མངོན་པར་དགའ་བའི་ཕྱིར་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པའོ། །མྱ་ངན་ལས་འདས་པ་ནི་ལེགས་པར་རབ་ཏུ་བྱུང་བའི་རང་གི་དོན་ཡིན་ཏེ། དེའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་རོ། །དེའི་སྦྱོར་བ་ནི་ཐབས་ཡིན་ཏེ། དེ་ཐོབ་བར་བྱེད་པའི་ལམ་གང་ཡིན་པའོ། །དེ་ལ་རྗེས་སུ་བརྩོན་པ་ནི་ཇི་ལྟར་དེ་ལ་བརྩོན་པར་བྱ་བདེ་ལྟར་བརྩོན་འགྲུས་མི་གཏོང་བ་ཉིད་ཀྱིས་བརྩོན་པའི་ཕྱིར་ཏེ། དེ་ལྟར་ན་རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པའོ། །མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པའོ། །དེའི་འབྲས་བུ་དང་བཅས་པ་ཉིད་དུ་བྱེད་པའི་ཕྱིར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བའོ། །མདོར་ན་ཚིག་བདུན་པོ་འདི་རྣམས་ཀྱིས་ནི་སྟོན་པ་དང༌། བསྟན་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། སྦྱིན་པར་བྱེད་པ་རྣམས་ལ་ཡང་དག་པར་སྒྲུབ་པ་ཡོངས་སུ་བསྟན་པ་ཡིན་ནོ། །སྟོན་པ་ལ་ནི་དེའི་བསྟན་པ་བཞིན་དུ་སྒྲུབ་བའི་ཕྱིར་རོ། །བསྟན་པ་ལ་ན་རྟག་ཏུ་ལས་ཁྱད་པར་དུ་འཕགས་པ་ལ་སྦྱོར་བའི་ཕྱིར་དང༌། ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་དང༌། རྣམ་པར་མ་གཡེངས་པར་སྦྱོར་བའི་ཕྱིར་དང༌། ཆོག་མི་ཤེས་པར་སྦྱོར་བའི་ཕྱིར་རོ། །དགེ་སློང་གི་ལས་ཁྱད་པར་དུ་འཕགས་པ་ནི་བསམ་གཏན་ཡིན་པར་རིག་པར་བྱའོ། །གཞན་ཡང་རྟག་ཏུ་བསྒོམ་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་བསྒོམ་པའི་ཕྱིར་དང༌། བར་ཆད་མེད་པར་བསྒོམ་པའི་ཕྱིར་དང༌། ཆོག་མི་ཤེས་པར་བསྒོམ་པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་པ་


DTG136_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་དོན་མཐུན་པ་ཉིད་དུ་སྦྱོར་བའི་ཕྱིར་རོ། །སྦྱིན་པར་བྱེད་པ་རྣམས་ལ་ནི་དེའི་སྦྱིན་པ་འབྲས་བུ་ཆེན་པོ་ཉིད་དུ་སྦྱོར་བའི་ཕྱིར་རོ། །ད་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་དང༌། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང༌། ཆོས་ལོག་པས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཆོས་མ་ཡིན་པས་ཡུལ་ཡོངས་སུ་སྤྱད་པ་ལ་ཆགས་པ་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་སྟེ། དཔེར་ན་འདོད་པས་ལོག་པར་གཡེམ་པའམ་ལིངས་འདེབས་པ་ལྟ་བུའོ། །མི་རིགས་པས་ཆགས་པ་ནི་མི་རིགས་པར་ཆགས་པ་སྟེ། ཆོམ་རྐུན་དང༌། མཐུ་སྟོབས་དང༌། བྲིད་པ་ལ་སོགས་པས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་གང་ཡིན་པའོ། །ལོག་པས་བྱས་པའི་ཆོས་ནི་ལོག་པའི་ཆོས་ཏེ། འདི་ཆོས་མ་ཡིན་པར་བྱས་པ་ཕ་རོལ་ལ་འཚེ་བ་དང་ལྡན་པ་རྒྱལ་པོའི་ཆོས་སམ་བྲམ་ཟེའི་ཆོས་གང་ཡིན་པའོ། །དེས་ནི་ཡུལ་ཡོངས་སུ་སྤྱད་པ་དང༌། ལོངས་སྤྱོད་ཡོངས་སུ་ཚོལ་བ་དང༌། བདེ་འགྲོ་ཡོངས་སུ་ཚོལ་བ་ལ་བརྩམས་ནས་མི་རྣམས་ལ་ལོག་པར་སྒྲུབ་པ་རྣམ་པ་གསུམ་ཡོད་པར་བསྟན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་དུས་སྔར་བྱ་བ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དུས་སྔར་བྱ་བ་ནི་རྒྱུད་ཡང་དག་ཕུལ་ཅན་གྱི་གཏམ་གྱི་སྣོད་དུ་བྱ་བའི་ཕྱིར་རོ། །དེ་ནི་མདོར་ན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་དང༌། ལུས་ཕུན་སུམ་ཚོགས་པའི་རྒྱུ་དང༌། ཕུན་སུམ་ཚོགས་པ་དི་གཉིས་ཀའི་ཁྱད་པར་དང༌། དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་དང༌། དེ་ལས་དེས་པར་འབྱུང་བའི་ཐབས་ལས་བརྩམས་ནས་རིག་པར་བྱའོ། །དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་ནི་འདོད་པ་རྣམས་རོ་ཆུང་བ་ཉིད་དང༌། ཉེས་དམིགས་མང་བ་ཉིད་ཡིན་ནོ། །དེ་གཉིས་ཀྱིས་ཀྱང་འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་དོ། །དེ་ལས་ངེས་པར་འབྱུང་བའི་ཐབས་ནི་རབ་ཏུ་འབྱུང་བའི་མཚན་ཉིད་དེས་པར་འབྱུང་བ་ཉིད་དང༌། རབ་ཏུ་བྱུང་


DTG136_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་དང་སེམས་ཐག་རིང་བའི་མཚན་ཉིད་རབ་ཏུ་དབེན་པ་ཉིད་དང༌། རབ་ཏུ་དབེན་པར་གྱུར་ནས་ཀྱང་མྱ་ངན་ལས་འདས་པའི་ཚོགས་ཀྱི་མཚན་ཉིད་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ། །སྦྱིན་པ་ལ་སོགས་པའི་གཏམ་རྣམས་ཀྱི་གོ་རིམས་ནི་མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱོད་ལ་རག་ལས་པ་ཡིན་ལ། ལོངས་སྤྱོད་ཆེན་པོ་ཡང་སྦྱིན་པའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ནི་སྦྱིན་པའི་གཏམ་ཁོ་ན་ལ་དགའ་བ་ཡིན་པས་ཐོག་མ་ཁོ་ནར་སྦྱིན་པའི་གཏམ་མོ། །སྦྱིན་པ་དེ་ཡང་ཚུལ་ཁྲིམས་མེད་ན་ངན་འགྲོར་འབྲས་བུ་སྨིན་པར་འགྱུར་ཏེ། གྲོ་ཞིན་སྐྱེས་ཀྱི་མདོ་ལས། གླང་པོ་ཆེར་གྱུར་ཀྱང་གླང་པོ་ཆེ་རྒྱན་དང་ལྡན་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་ཡིན་པས་དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་གཏམ་མོ། །དེའི་འོག་ཏུ་བདེ་འགྲོར་གྱུར་དུ་ཟིན་གྱིས་ཀྱང་མི་རྣམས་ཀྱིས་འདོད་པར་བྱ་བ་དག་ནི་མི་གཙང་བ་དང༌། དྲི་ང་བ་དང༌། དྲི་བཤུང་བ་དང༌། མི་མཐུན་པ་དག་ཡིན་ལ། ལྷ་རྣམས་ཀྱི་འདོད་པར་བྱ་བ་དག་ནི་འཕགས་པར་ཆེས་ལྷག་པ་དང་ཆེས་གྱ་ནོམ་པ་ཡིན་ནོ་ཞེས་མཐོ་རིས་ཀྱི་གཏམ་མོ། །དེའི་འོག་ཏུ་དེ་རྣམས་ལ་རོ་ཆུང་བ་དང༌། ཉེས་དམིགས་ཆེས་མང་བ་ཡིན་ནོ་ཞེས་འདོད་པ་རྣམས་ལ་རོ་མྱང་བ་དང༌། ཉེས་དམིགས་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རོ་མྱང་བ་ལས་གྱུར་པ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། ཉེས་དམིགས་ལས་གྱུར་པ་ནི་རྣམ་པར་བྱང་བ་ཡིན་ནོ་ཞེས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཉེས་དམིགས་ཀྱིས་ཡིད་བྱུང་ན་དེ་ལས་ངེས་པར་འབྱུང་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ་ཞེས་ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པའི་ཕན་ཡོན་ལ་སོགས་པ་རབ་ཏུ་བསྟན་པ་ཡིན་ནོ། །གང་གི་ཚེ་སེམས་རངས་པ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་གཏམ་འདིའི་ཕན་ཡོན་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དགའ་བ་དང་སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་སེམས་རངས་པ་དང༌། ཉམས་བདེ་བའི་བཤད་པ་ཡིན་པར་གོ་རིམས་བཞིན་ཏེ། མཆོག་ཏུ་དགའ་བ་ཉིད་


DTG136_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ཕྱིར་དང༌། སྒྲིབ་པ་ལྔ་དང་མི་ལྡན་པའི་ཕྱིར་ཏེ། སྐྱོན་མེད་པར་ནི་ཉམས་བདེ་བ་ཞེས་བྱ་བས་སོ། །ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ཀུན་ཏུ་ཤེས་པར་བྱ་བར་སྐལ་བ་དང་ལྡན་པ་དང་ནུས་པ་ཞེས་བྱ་བ་ནི་སེམས་དེའི་ཕན་ཡོན་ཡོངས་སུ་སྟོན་པ་ཡིན་ནོ། །དེ་ལ་སེམས་དགའ་བ་ཉིད་ཀྱིས་ནི་སྐལ་བ་དང་ལྡན་པ་ཡིན་ཏེ། དགའ་བ་ལ་སོགས་པའི་རྒྱུའི་རིམ་པས་སོ། །སེམས་སྒྲིབ་པ་མེད་པ་ཉིད་ཀྱིས་ནི་ནུས་པ་ཁོ་ན་ཡིན་ཏེ། སྒྲིབ་པ་ཉོན་མོངས་པའི་གཉེན་པོའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །གཞན་ཡང་སྐལ་བ་དང་ལྡན་པ་དང༌། ནུས་པ་གཉིས་ཀྱིས་ནི་རིགས་དང༌། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པར་རིག་པར་བྱའོ། །དེའི་ཚེ་ན་དེ་ལ་གཉིས་ཀ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ནི་སྔ་ནས་ཡོད་པ་ཉིད་ཡིན་ནོ། །རིགས་མ་སྨོས་ན་སངས་རྒྱས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ནི་གཉིས་ཀ་ལ་ལྟོས་པའོ་ཞེས་བསྟན་པར་མི་འགྱུར་རོ། །འཕགས་པའི་བདེན་པའི་གཏམ་ནི་ཡང་དག་ཕུལ་ཅན་ཏེ། །མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་ངན་འགྲོ་དང་འཁོར་བ་ལས་ཡང་དག་ཕུལ་དུ་བྱེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་ཆོས་ཐམས་ཅད་ལས་མཆོག་ཏུ་འཕགས་པ་ཉིད་ཀྱིས་ཡང་དག་ཕུལ་ཅན་ཡིན་ནོ། །འབྲས་བུ་དེ་དང་ལྡན་པའི་ཕྱིར་ཡང་དག་ཕུལ་ཅན་ཏེ། ཡང་འབྱུང་བའི་སྲེད་པ་བཞིན་ནོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིར་ཡིད་བྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་རྣམས་ཀྱི་རྒྱུར་འགྱུར་བ་ནི་གོ་རིམས་བཞིན་དུ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཡིད་བྱུང་བ་ནི་མི་མཐུན་པ་ཉིད་དུ་འཛིན་པའོ། །འདོད་ཆགས་དང་བྲལ་བར་གྱུར་པ་ནི། འདོད་ཆགས་དང་བྲལ་


DTG136_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། དེའི་ཐོབ་པ་འཆད་པའོ། །དེའི་ཐོབ་པ་ལ་སོགས་པ་དང་དེ་དང་མི་ལྡན་པར་གནས་གྱུར་བ་ནི་རྣམ་པར་གྲོལ་བའོ། །རྣམ་གྲངས་གཞན་ཡང་དགའ་བ་སྔོན་དུ་སོང་བའི་འདོད་ཆགས་དང༌། གཟུགས་ལ་སོགས་པ་དག་ལ་འདོད་ཆགས་སྔོན་དུ་སོང་བའི་སེམས་རང་དབང་མེད་པར་འཇུག་པ་ཉིད་ཀྱི་འཆིང་བ་ཡོད་པས་དེའི་ཕྱིར་གོ་རིམས་བཞིན་དུ་དེའི་གཉེན་པོ་ཡིད་བྱུང་བ་ལ་སོགས་པ་རྣམས་དུས་ཐ་དད་པ་ཉིད་མ་ཡིན་ཡང་མི་མཐུན་པའི་ཕྱོགས་ཀྱི་གོ་རིམས་ཀྱིས་བཤད་པ་ཡིན་ཏེ། དཔེར་ན་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལྟ་བུའོ། །གཞན་ཡང་ཁ་ཅིག་ན་རེ་བཅོམ་ལྡན་འདས་ཀྱིས་ཆོས་དེ་དག་ལ་ནད་ཉིད་དང༌། འབྲས་ཉིད་དང༌། ཟུག་རྡུ་ཉིད་དང༌། སྡིག་པ་ཉིད་དང༌། མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། སྟོང་པ་ཉིད་དང༌། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་ཡིན་ལ། དེ་ཆོས་དེ་དག་ལ་ནད་ཉིད་ནས་བདག་མེད་པ་ཉིད་ཀྱི་བར་དུ་ཡིད་ལ་བྱས་ནས་ཆོས་དེ་དག་ལ་སེམས་སྐྱོ་བར་བྱེད་སྐྲག་པར་བྱེད་ཕྱིར་ཟློག་པར་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡིད་བྱུང་བའོ། །དེས་ཆོས་དེ་དག་ལ་སྐྱོ་ཞིང་སྐྲག་ལ་ཕྱིར་ལྡོག་ནས་འདི་ནི་ཞེས་བྱ་བ་འདི་ནི་གྱ་ནོམ་པ་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ་དང༌། སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་ཉེ་བར་སྦྱོར་བ་ཞེས་གང་གསུངས་པ་འདི་ནི་འདོད་ཆགས་དང་བྲལ་བའོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གང་གསུངས་པ་འདི་ནི་རྣམ་པར་གྲོལ་བའོ་ཞེས་ཟེར་ཏེ། འདིར་ཇི་ལྟར་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་ལ། ཕྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་བསམ་པས་བརྗོད་དགོས་སོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་དོར་བྱས་ཤིང་ཞེས་བྱ་བ་ནས་


DTG136_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཡིན་ནོ་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བྱི་དོར་བྱས་པ་ནི་ཕན་པའི་དངོས་པོ་ཉེ་བར་སྒྲུབ་པ་ཉིད་ཀྱིས་སོ། །སྦས་པ་ནི་གནོད་པའི་དངོས་པོ་སྤོང་བ་ཉིད་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ་བདག་གིར་བྱས་པས་སོ། །ཇི་ལྟར་བདག་གིར་བྱས་པ་ཡིན་ཞེ་ན། བཤད་པ་འདི་ནི་བདག་གིར་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག་ཡིན་ཞེས་ཁས་བླངས་ལ་བཟུང་བ་ཡིན་ནོ། །དེ་ལ་ཁས་བླངས་པ་ནི་ལྟ་བ་སྟེ། རྣམ་པ་གཉིས་ཀྱིས་ཁས་བླངས་པའི་ཕྱིར་རོ། །བཟུང་བ་དང་སྲིད་པ་སྟེ། དེའི་རྗེས་སུ་འབྲང་བས་ཆགས་པའི་ཕྱིར་རོ། །འདི་ནི་བདག་གི་ཡིན་ཞེས་བྱ་བ་བདག་གི་བའི་རྣམ་པ་དང༌། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་བདག་གི་རྣམ་པ་ནི་བདག་ཏུ་ལྟ་བ་རྣམ་པ་གཉིས་པོ་ལྷན་ཅིག་སྐྱེས་པ་དང༌། ཀུན་ཏུ་བརྟགས་པ་དང༌། གཞན་ཡང་གཞི་ཐ་མི་དད་པ་དང༌། གཞི་ཐ་དད་པ་དང་གོ་རིམས་བཞིན་ཡིན་པ་དང༌། དེའི་རྗེས་སུ་མཐུན་པའི་སྲེད་པ་གཉིས་ཀྱིས་སོ། །རྣམ་གྲངས་གཞན་ཡང་ངའོ་སྙམ་པའི་ང་རྒྱལ་དང༌། བདག་ཏུ་ལྟ་བ་གཉིས་ཀྱིས་དང༌། དེའི་རྗེས་སུ་འབྲང་བའི་སྲེད་པ་གཉིས་སོ།། འདི་ཐམས་ཅད་ནི་དེའི་རྣམ་པ་དང༌། དེའི་རྒྱུ་ཉིད་ཀྱིས་བདག་གིར་བྱས་པ་ཞེས་བྱའོ། །མདོར་ན་འདིས་ནི་བྱིས་པ་རྣམས་ཀྱིས་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་དང༌། སྲེད་པ་ལ་ལོག་པར་སྒྲུབ་པ་ལས་དང་བཅས་པའམ། བདག་ཏུ་ལྟ་བ་དང༌། ང་རྒྱལ་དུ་ལྟ་བ་དང༌། སྲེད་པ་ལས་ལོག་པར་བསྒྲུབ་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །མདག་མེའི་རླུང་དཔེར་བརྗོད་པ་མཛད་ནས། དེ་དེ་ལས་བསྲིང་བ་སེམས་པ་དང༌། བསྲིང་བ་དོན་དུ་གཉེར་བ་དང༌། བསྲིང་བ་ལ་བརྟགས་ནས་འཇོག་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསྲིང་བ་ཞེས་བྱ་བ་ནི་ཐག་བསྲིང་བའོ། །ཡོན་ཏན་ཉིད་དུ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ། །འདོད་པ་ནི་རང་བཞིན་གྱི་དོན་དུ་གཉེར་བའོ། །སོ་སོར་བརྟགས་ནས་སེམས་འཇོག་པ་ནི་ཡིད་ལ་བྱེད་པའོ། །ཡོན་ཏན་ཉིད་དུ་གང་བསམ་པ་དེ་ལ་ནི་རང་གི་ངང་གིས་དོན་དུ་


DTG136_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་བའམ། སོ་སོར་བརྟགས་ནས་དེ་ལ་སེམས་འཇོག་པར་བྱེད་དེ། དཔེར་ན་སྨན་རོ་ཞི་མ་པའམ་ཚ་བ་ལ་བྱེད་པ་བཞིན་ནོ། །དགེ་སློང་དག་དགེ་སློང་ཆོས་ཤེས་པ་ཡང་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སངས་རྒྱས་ཀྱིས་སམ། སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་གང་ཡིན་པ་དེའི་དོན་མདོར་གླེང་བའི་དོན་གྱིས་ན་མདོ་སྡེའོ། །དེ་ཉིད་ཚིགས་སུ་བཅད་པས་ཕྱིས་དབྱངས་སུ་བསྙད་པ་དང་བཀྲི་བའི་དོན་གང་ཡིན་པ་སྟེ་དབྱངས་ཀྱིས་བསྙད་པའི་སྡེའོ། །ལུང་དུ་བསྟན་པའི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པའི་ཉན་ཐོས་ལ་སོགས་པ་རྣམས་ལུང་སྟོན་པར་མཛད་པ་དང༌། ངེས་པའི་དོན་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྡེ་ནི་ཚིག་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་ཚིགས་སུ་སྦྱར་བས་བཤད་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི་བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། གང་ལས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ་ཞེས་བྱའོ། །གླེང་གཞིའི་སྡེ་ནི་འདུལ་བ་དང་འབྲེལ་བ་སྟེ། འདུལ་བ་ནི་བྱུང་བས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཏེ། གང་ལས་བཅོམ་ལྡན་འདས་ཀྱིས་གླེང་གཞི་འདི་དང་སྐབས་འདི་དང་དོན་བྱུང་བ་ལས་བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་པ་ནི་འདི་སྐད་ཅེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །རྟོགས་པ་བརྗོད་པའི་སྡེ་ནི་རིང་པོ་ལེན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་སྟེ། གང་ལས་རྟོགས་པར་བྱ་བའི་ཕྱིར་དཔེ་གཞན་རྒྱས་པར་བརྗོད་པ་འབྱུང་བ་ཡིན་ནོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་རྒྱུད་དང་འབྲེལ་བའོ། །སྐྱེས་པའི་རབས་ཀྱི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་བསྟན་པ་འབྱུང་བ་ཡིན་ནོ། །ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ཏེ། ལུང་ཕོག་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་དག་གིས་ས་བཅུ་དག་ཏུ་ཡང་


DTG136_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འགྲུབ་པ་ན་སྟོབས་བཅུའི་རྟེན་སངས་རྒྱས་ཉིད་འཐོབ་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་རྣམས་ཀྱི་ཕུལ་དུ་བྱུང་བ་བསྟན་པའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གང་དག་ལས་དེ་ཁོ་ན་མཐོང་བ་རྣམས་དང༌། གཞན་རྣམས་ཀྱིས་མདོ་སྡེའི་དོན་ཆོས་ཀྱི་རྗེས་སུ་མཐུན་པར་གཏན་ལ་དབབ་པར་བསྟན་པའོ། །དེ་ཉིད་དེའི་དོན་རྣམ་པར་འཆད་པས་མ་མོ་ཞེས་བྱ་སྟེ། དེ་ལས་གཞན་པའི་མདོ་སྡེའི་དོན་བཤད་པའི་རྟེན་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་ཞེས་ཀྱང་བྱ་སྟེ། མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱིས་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ནི་སྡེ་སྣོད་གསུམ་དུ་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ལ་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་ཞེ་ན་ཚིག་གི་དོན་གྱིས་དང་མིང་དུ་ཆགས་པས་སོ། །ཇི་ལྟར་ན་ཚིག་གི་དོན་གྱིས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་ན་ཐེག་པ་རྒྱས་པ་ནི་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ། །ཐེག་པ་རྒྱས་པ་ཡང་ཐེག་པ་ཆེན་པོ་ཡིན་ཏེ། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་རོ། །ཆེན་པོ་ཉིད་རྣམ་པ་བདུན་ལ་ཆོས་ཆེན་པོ་ཉིད་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་ཚད་མེད་པ་དང་ལྡན་པའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཡོན་ཏན་དང་སྐྱོན་སྐྱེ་བ་དང་འགྲིབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ཉིད་ནི་ཆོས་ཤིན་ཏུ་ཟབ་པ་དང༌། རྒྱ་ཆེ་བ་ལ་མོས་པའི་ཕྱིར་རོ། །བསམ་པ་རྒྱ་ཆེན་པོ་ཉིད་ནི་ལྷག་པའི་བསམ་པ་དག་པའི་ས་ལ་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པའི་ཕྱིར་རོ། །ཚོགས་ཆེན་པོ་ཉིད་ནི་སར་ཆུད་པ་ན་སྐད་ཅིག་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་སོགས་པའི་ཕྱིར་རོ། །དུས་ཆེན་པོ་ཉིད་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དང་ཡང་དུ་བརྩོན་


DTG136_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་དང་མི་མཉམ་པའི་སངས་རྒྱས་ཀྱི་སྐུ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ནི་ཚིག་གི་དོན་གྱིས་སོ། །ཇི་ལྟར་ན་མིང་དུ་ཆགས་པས་ཤེ་ན། ཐེག་པ་ཆེན་པོ་དེ་ཉིད་ལ་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བའི་མིང་འདི་ཆགས་སོ། །མཚུངས་པ་མེད་པའི་སྡེ་ཞེས་ཀྱང་བྱ་སྟེ། མཚུངས་པ་དང་བྲལ་བའི་ཕྱིར་རོ། །སྡེ་པ་གཞན་དག་ལས་ནི་རྣམ་པར་འཇོམས་པའི་གཙུག་ཕུད་ཀྱི་སྡེ་དང༌། རྣམ་པར་འཇོམས་པ་ཆེན་པོའི་སྡེ་སྟེ། དེ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་པར་འཇོམས་པའི་ཕྱིར་རོ། །ཡང་འདིར། རྒྱས་པའི་ཕྱིར་ན་ཤིན་ཏུ་རྒྱས་པའི་སྡེ། །མཚུངས་བྲལ་དེ་ཕྱིར་མཚུངས་མེད་སྡེ་ཡང་ཡིན། །ལྟ་བ་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར། །རྣམ་པར་འཇོམས་པའི་སྡེར་ཡང་ཤེས་པར་བྱ། །དེ་ལྟར་མདོ་སྡེའི་དུམ་བུ་བརྒྱའི་ཚིག་རྣམས་ཀྱི་དོན་བཤད་པ་ནི་ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་རོ། །ཕྱོགས་འདིས་ནི་བློ་དང་ལྡན་པ་རྣམས་ཀྱིས་ཚིག་གཞན་རྣམས་ཀྱི་དོན་ཡང་དག་པར་བྱའོ། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་གཉིས་པའོ།། །།གཞན་ཡང་རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས་དང་མཚན་ཉིད་ཀྱིས་དང༌། ངེས་པའི་ཚིག་གིས་དང༌། རབ་ཏུ་དབྱེ་བས་སོ། །དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པའིའོ། །ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ། །རབ་ཏུ་དབྱེ་བ་ནི་བརྗོད་པར་བྱ་བ་དེ་གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་ལ་སོགས་པའི་རྣམ་པར་རབ་ཏུ་དབྱེ་བས་སོ། །དེ་ལྟར་ན་ཚིག་གི་དོན་རྣམ་པ་ཐམས་ཅད་དང་ལྡན་པ་ཡོངས་སུ་བསྟན་པ་ཡིན་ལ། སོ་སོ་ཡང་དག་པར་རིག་པའི་ས་ཡང་བྱས་པ་ཡིན་ནོ། །གདུལ་བའི་ཁྱད་པར་ལ་ལྟོས་ནས་ལན་འགའ་ནི་ཁ་ཅིག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་འགའ་ནི་རྣམ་གྲངས་ཙམ་ཞིག་བཤད་དེ། དཔེར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་


DTG136_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། དེ་དང་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང༌། མི་མཐོང་བ་དང༌། མངོན་པར་མ་རྟོགས་པ་དང༌། མུན་ཁུང་དང༌། ཀུན་ཏུ་རྨོངས་པ་དང༌། མ་རིག་པ་དང༌། མུན་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་མཚན་ཉིད་ཙམ་ཞིག་སྟེ། དཔེར་ན་དེ་ཉིད་ལས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུའོ། །གཟུགས་གང་ཞེ་ན། གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་ངེས་པའི་ཚིག་ཙམ་ཞིག་སྟེ། དཔེར་ན་བཟའ་བ་ལྟ་བུ་ལས་གཟུགས་ཤིང་གཟུགས་སུ་རུང་བས་ན་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་རབ་ཏུ་དབྱེ་བ་ཙམ་ཞིག་སྟེ། དཔེར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། འདུ་བྱེད་རྣམས་གང་ཞེ་ན། འདུ་བྱེད་རྣམས་ནི་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང༌། ངག་གི་འདུ་བྱེད་དང༌། ཡིད་ཀྱི་འདུ་བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་ཏེ་ཞེས་འབྱུང་བ་ལྟ་བུའོ། །ཚིག་གི་དོན་བཤད་ཟིན་ཏོ། །ད་ནི་མཚམས་སྦྱར་བ་བཤད་པར་བྱའོ། །དེ་ལ་མཚམས་སྦྱར་བ་ནི་རྣམ་པ་གཉིས་ཏེ། དོན་སྔ་ཕྱི་འབྲེལ་བའི་མཚམས་སྦྱར་བ་ནི་དཔེར་ན་དགེ་སློང་དག་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་དང༌། མཐོང་བ་ཤིན་ཏུ་རྣམ་པར་དག་པ་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི་སྐད་དུ། བདག་གིས་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་ཅན་དང༌། ཅུང་ཟད་མེད་པ་ཉིད་མ་ཐོབ་པར་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན། དེ་བཞིན་དུ་དེ་ལས་ས་ཆེན་པོ་འདི་ཚིག་པར་འགྱུར་བ་དང༌། མེད་བར་འགྱུར་བ་དང༌། མི་འབྱུང་བར་འགྱུར་བ་གང་ཡིན་པ་ནི་གཞི་མཐོང་བ་མ་རྟོགས་པར་སུ་ཞིག་


DTG136_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས་ནས་དགེ་སློང་དག་སྔོན་བྱུང་བ་ན་སྟོན་པ་སྤྱན་ལེགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན་ཞེས་བྱ་བ་དེ་ལ་སོགས་པའོ། །སྔ་ཕྱི་ཉིད་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་ནི་དཔེར་ན་འཕགས་པའི་བདེན་པ་རྣམས་ལས་ཅིའི་ཕྱིར་འབྲས་བུའི་འོག་ཏུ་རྒྱུ་བསྟན་ལ། དེ་བཞིན་དུ་བསླབ་པ་གསུམ་རྣམས་ལས་ཀྱང་ཅིའི་ཕྱིར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་འོག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་བསྟན་ཞེས་བྱ་བ་ལྟ་བུའོ། །དཔེར་བརྗོད་པའི་མདོ་སྡེའི་དུམ་བུ་འདི་རྣམས་ཀྱི་མཚམས་སྦྱར་བ་ནི་ཇི་ལྟར་རིག་པར་བྱ་ཞེ་ན། འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི་སྐད་དུ་ཞེས་བྱ་བ་ནི་རེ་ཞིག་གང་ཞིག་རྟོགས་པ་བརྗོད་པར་བཞེད་པའི་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་དེ་འཆད་པ་ཡིན་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །གཞི་མཐོང་བ་མ་གཏོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས་ནས་སྤྱན་ལེགས་ཀྱི་སྐྱེས་པའི་རབས་བསྟན་པ་ནི་བདག་ཉིད་ལ་དད་པ་ཉིད་དུ་འགྱུར་བར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དོན་འདི་སྟོན་ཏེ། དེའི་ཚེ་ན་ཡང་ངས་ཉན་ཐོས་རྣམས་ལ་མ་བསླུས་ན་ད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །མི་རྟག་པ་ཉིད་བསྟན་པ་དེ་ཡང་དོན་ཆེ་བ་ཉིད་དང༌། རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །འཕགས་པའི་བདེན་བ་རྣམས་ཀྱི་བཤད་པའི་མཚམས་སྦྱར་བ་ནི་ཇི་ལྟར་མངོན་པར་རྟོགས་པ་བཞིན་དུ་ཡིན་ཏེ། སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་མཐོང་ནས་འདི་ག་ལས་བྱུང་ཞེས་རྒྱུ་ཀུན་ཏུ་ཚོལ་བར་བྱེད་དོ། །དེ་ནས་དེ་འགོག་པ་ལའོ། །དེ་ནས་འགོག་པའི་ཐབས་ལ་སྟེ། དེ་ལྟར་ན་ནད་དང། དེའི་གཞི་དང༌། ནད་མེད་པ་ཉིད་དང༌། སྨན་ཚོལ་བའི་ཚུལ་གྱིས་སྔ་མ་སྔ་མ་ལ་རྣམ་པར་དཔྱོད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་ཇི་ལྟར་མངོན་པར་རྟོགས་པ་དེ་ལྟར་བཤད་པ་ཡིན་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །བསླབ་པ་གསུམ་རྣམས་ཞེས་བྱ་བ་


DTG136_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདིར་ཚུལ་ཁྲིམས་དང་ལྡན་ན་སེམས་མཉམ་པར་འཇོག་གོ །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་འབྱུང་བས་འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །གཞན་ཡང་རྒྱུ་རྣམ་པ་བཅུ་དག་གིས་བསླབ་པ་རྣམ་པ་གསུམ་དག་བརྗོད་པར་བྱའོ། །ཡང་ནི་གོ་རིམས་དེ་གཉིས་བཟང་པོ་ཡིན་ནོ། །སྡོམ་པ་རྩོམ་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཡིན་ཏེ། སྡོམ་པ་རྩོམ་རྣམ་པ་གསུམ་ནི་འཆལ་པའི་ཚུལ་ཁྲིམས་ཡང་དག་པར་སྡོམ་པའི་ཕྱིར་དང༌། ཡུལ་ལ་ཡང་དག་པར་སྡོམ་པའི་ཕྱིར་དང༌། ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་རོ། །ཚངས་པར་སྤྱོད་པ་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ཏེ། ཚངས་པར་སྤྱོད་པ་རྣམ་པ་གསུམ་ནི་སྤོང་བ་ཡང་དག་པར་ལེན་པ་དང༌། དེ་བར་སྐབས་སུ་སྤོང་བ་དང༌། དེ་གཏན་དུ་སྤོང་བའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཀྱང་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་སྡིག་པ་བྱེད་པ་རྣམས་ཀྱི་ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང༌། དེ་ལས་གཞན་པའི་འདོད་པ་ཅན་རྣམས་ཀྱི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང༌། མུ་སྟེགས་ཅན་རྣམས་ཀྱི་ལྟ་བའི་ཀུན་ནས་ཉོན་མོངས་པའོ། །ངན་འགྲོ་དང་བདེ་འགྲོ་གནོད་པ་དང་བཅས་པ་དང༌། གནོད་པ་མེད་པའི་གཉེན་པོས་ཀྱང་ཡིན་ནོ། །དེ་ལ་ངན་འགྲོ་ནི་ངན་སོང་རྣམས་ཡིན་ནོ། །བདེ་འགྲོ་གནོད་པ་དང་བཅས་པ་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་སོ། །གནོད་པ་མེད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་སོ། །ལས་ནག་པོ་དང༌། འདྲེན་མ་དང་དཀར་པོའི་གཉེན་པོས་ཀྱང་ཡིན་ཏེ་ནག་པོ་ནི་སེམས་ཅན་དམྱལ་བར་སྨིན་པར་བྱེད་པ་ཡིན་ནོ། །འདྲེན་མ་ནི་དེ་ལས་གཞན་པའི་འདོད་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ། །དཀར་པོ་ནི་གཟུགས་དང་གཟུགས་མེད་པར་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་གནས་སྐབས་གསུམ་གྱིས་གཉེན་པོས་ཀྱང་ཡིན་ཏེ། ཉོན་མོངས་པའི་གནས་སྐབས་གསུམ་ནི་ཟིལ་གྱིས་གནོན་པའི་གནས་སྐབས་དང༌། ཀུན་ནས་རྒྱུ་བའི་གནས་སྐབས་དང༌། བག་ལ་ཉལ་གྱི་གནས་སྐབས་


DTG136_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་གཉེན་པོ་ཉིད་ནི་དུག་གི་ལྗོན་ཤིང་རབས་བསྐོར་བ་དང་བཅད་པ་དང་དབྱུང་བའི་ཚུལ་གྱིས་ཡིན་ནོ། །སྡིག་པ་དང་འདོད་པ་དང་དྲག་པོ་སྤྱོད་པའི་གཉེན་པོས་ཀྱང་ཡིན་ཏེ། རབ་ཏུ་བྱུང་བས་མཐའ་གཉིས་ལ་བསྙེན་པར་མི་བྱ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བདེ་འགྲོ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ནོ། །ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བའི་རྟེན་ཉིད་ཀྱིས་ཀྱང་ཡིན་ནོ། །གཉིས་འབྱུང་བའི་རྒྱུ་ཉིད་དང་མཉམ་པར་འཇོག་པ་དང༌། རྣམ་པར་གྲོལ་བར་བྱེད་པས་ཀྱང་ཡིན་ཏེ། གཅིག་གིས་ནི་གཉིས་སྐྱེ་བའི་རྒྱུ་ཉིད་ཡིན་ལ། གཉིས་པས་ནི་སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་བྱེད་པ་ཡིན་ཞིང་གསུམ་པས་ནི་སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། སྡོམ་བརྩོན་ཚངས་སྤྱོད་ཀུན་ཉོན་མོངས། །འགྲོ་དང་ལས་རྣམ་གསུམ་ཕྱིར་དང༌། །ཉོན་མོངས་སྐབས་དང་སྤྱོད་དང་དག །རྟེན་དང་བྱེད་རྣམ་གསུམ་ཕྱིར་རོ། །མཚམས་སྦྱར་བ་བཤད་ཟིན་ཏོ།། །།བརྒལ་བ་ནི་རྣམ་པ་གཉིས་ཏེ། སྒྲ་ལ་བརྒལ་པ་དང༌། དོན་ལ་བརྒལ་བའོ། །འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བཞུགས་ཟིན་ཀྱང༌། ཤཱ་རིའི་བུ་ཁྱོད་ད་གཟོད་དང་གང་ནས་འོང་འོང༌། བཙུན་པ་ད་གཟོད་ཐིབས་པོའི་ཚལ་ནས་གདུགས་ལ་མཆིས་པ་ལས་མཆི་མཆིའོ་ཞེས་བྱ་བའི་སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚེ་དང་ལྡན་པ་གསུམ་པོ་ཆེ་ཆེན་པོ་རབ་ཏུ་ཤེས་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པས་ན་དེའི་ཕྱིར་ཤེས་རབ་ཅེས་བྱའོ། །རྣམ་པར་ཤེས་པར་བྱེད་ཅིང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བ་འདི་ཡང་དངོས་པོ་ཙམ་ལ་ལས་དང་བཅས་པའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ཏེ། དཔེར་ན་འགྲོ་བ་གྲོང་དུ་འགྲོ་བར་བྱེད་ཅེས་བྱ་བ་ལྟ་བུའོ། །འདི་ལྟར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ལས་གཞན་པ་གང་ལ་ལྟོས་ནས་དེ་གཉིས་ལ་བྱེད་པ་བོར་བཤད་


DTG136_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་བ་ནི་འགའ་ཡང་མེད་དོ། །དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་སྦྱོར་བ་འདི་ཡང་རིགས་པ་མ་ཡིན་ཏེ། བྱེད་པ་པོ་གཅིག་པུ་དག་ལ་བྱ་བ་གཉིས་ཤིག་ཡོད་ན་ནི་དུས་སྔ་མ་ཤོས་ཀྱི་བྱ་བ་ལ་དེ་ལྟ་བུའི་སྦྱོར་བ་ཡང་འབྱུང་སྟེ། དཔེར་ན་འཁར་བ་ལ་འཇུས་ནས་ལྡང་བ་ལྟ་བུའམ། གཞན་དང་གཞན་ཕྲད་པ་ལ་ནི་དཔེར་ན་ཆུ་བརྒལ་ནས་རི་ཡོད་དོ་ཞེས་བྱ་བ་ལྟ་བུ་ཡིན་ན། རྣམ་པར་ཤེས་པ་ནི་གང་ཞིག་གིས་བརྟེན་ནས་ཕྱིས་སྐྱེ་བར་འགྱུར་བའི་སྐྱེ་བ་སྔ་རོལ་ན་ཡང་མེད་ཅིང་འདི་ལ་གཞན་དང་གཞན་ཕྲད་པ་ཡང་མེད་པར་བསམས་སོ། །དེ་བཞིན་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་ནི་གསུངས་ཤིང༌། ཚོར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཚོར་བའི་ཚོགས་དྲུག་གོ་ཞེས་ནི་མ་གསུང་ལ། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་རྣམས་ལས་བཅུ་ཆར་དང་བཅུ་གཅིག་པའི་ཕྱོགས་ཀྱང་གཟུགས་ཡིན་བཞིན་དུ་གཅིག་པུ་ཞིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་མཚན་ཉིད་འདྲ་བ་ལ་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ། །སྒྲ་ལ་བརྒལ་བ་ནི་རྣམ་པ་དེ་ལྟ་བུ་ཡིན་ནོ། །དོན་ལ་བརྒལ་བ་ཡང་རྣམ་པ་གཉིས་ཏེ། སྔ་ཕྱི་འགལ་བར་བརྒལ་བ་དང༌། རིགས་པ་དང་འགལ་བར་བརྒལ་བའོ། །དེ་ལ་སྔ་ཕྱི་འགལ་བར་བརྒལ་བ་ནི་དཔེར་ན་ཁ་ཅིག་ལས་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས་ཤིང་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དེ་དང་དེ་དག་འདས་པས་རྣམ་པ་དུ་མ་དང༌། རྣམ་པ་སྣ་ཚོགས་མང་པོ་གཞན་སྐྱེ་ཞིང་སྐྱེ་ལ། གཞན་འགག་ཅིང་འགག་གོ་ཞེས་བྱ་བ་གསུངས་པ་དང༌། ཁ་ཅིག་ལས་ཡང་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་ཡུན་རིང་པོ་ནས་དད་པས་ཡོངས་སུ་བསྒོས། ཚུལ་ཁྲིམས་དང༌། གཏོང་བ་དང༌།


DTG136_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་ཡོངས་སུ་བསྒོས་པས། ཚེ་རབས་ཕྱི་མ་ལ་གོང་དུ་འགྲོ་ཞིང་ཁྱད་པར་དུ་འགྲོ་བ་དང༌། མཐོ་རིས་སུ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་གསུངས་པ་ལ་ཇི་ལྟར་ན་སེམས་སྐད་ཅིག་པ་ཚེ་ཕྱི་མ་ལ་གོང་དུ་འགྲོ་བར་འགྱུར། དེ་བཞིན་དུ་ཁ་ཅིག་ལས་འཕགས་པའི་བདེན་པ་བཞི་དག་ཅེས་གསུངས་པ་དང༌། ཁ་ཅིག་ལས་བྲམ་ཟེའི་བདེན་པ་གསུམ་དག་ཅེས་གསུངས་པ་དང༌། ཁ་ཅིག་ལས་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ་ཞེས་གསུངས་པ་དང༌། ཁ་ཅིག་ལས་བདེན་པ་ནི་གཅིག་ཁོ་ན་སྟེ་གཉིས་པ་མེད་དོ་ཞེས་གསུངས་པ་དང༌། དེ་བཞིན་དུ་ཁ་ཅིག་ལས་མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །དེའི་བདག་གིར་བྱ་བ་ཡིན་ཞིང་དེས་དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན་ཞེས་གསུངས་པ་དང༌། ཁ་ཅིག་ལས་ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་དེ་ལྟ་བུའི་རང་བཞིན་ནི་སྔ་ཕྱི་འགལ་བར་བརྒལ་བ་ཡིན་ནོ། །རིགས་པ་དང་འགལ་བར་བརྒལ་བ་ནི་དཔེར་ན་གཟུགས་གང་ཡིན་པ་ཅི་ཡང་རུང་བ་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ་འོན་ཏེ་གོང་བུའམ་འོན་ཏེ་རིགས་ལས་ཤེ་ན། དེ་ལས་ཅིར་འགྱུར། གལ་ཏེ་རྫས་ལས་ཡིན་ན་ནི་འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་རྣམས་ཀྱི་སོ་སོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱང་མཚན་ཉིད་ཐམས་ཅད་དུ་འགྱུར་བའི་ཕྱིར་དང༌། དབང་པོ་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་གོང་བུ་ལས་ཡིན་ན་གཟུགས་འདུས་པ་ཐམས་ཅད་ལ་འབྱུང་བ་བཞི་ཆར་དམིགས་པར་ཐལ་བར་འགྱུར་ན་འོད་དག་ལ་ཡང་སྲ་བ་མི་དམིགས་ལ་ཆུ་ལ་ཡང་མ་ཡིན་ནོ། །ཉི་མའི་འོད་ལ་ཡང་གཤེར་བ་མེད་ལ་ཟླ་བའི་འོད་ལ་ཡང་ཚ་བ་མེད་དོ། །ནོར་བུའི་འོད་ལ་གཉིས་ཀ་མེད་ཅིང་རྡོ་བ་ལ་སོགས་པ་དག་ལ་ཡང་མེད་དོ། །བརྟན་པ་དག་ལ་ཡང་ཞིང་གཡོ་བ་མེད་དོ། །དེ་རྣམས་དམིགས་པ་ལ་བགེགས་བྱེད་པ་ནི་འགའ་ཡང་མེད་དོ།།


DTG136_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མེད་དེ། འབྱུང་བ་གཞན་ཤས་ཆེ་བས་འབྱུང་བ་གཞན་ཟིལ་གྱིས་ནོན་ན་མི་དམིགས་ཏེ། དཔེར་ན་སྐྱུར་བའི་རོས་ཆུ་ལྟ་བུ་དང༌། ཉི་མའི་འོད་ཀྱིས་ཟླ་བའི་འོད་ལྟ་བུའོ་ཞེ་ན་ཡོད་པར་རབ་ཏུ་གྲུབ་ན་ནི་འདི་ཤེས་པར་ཡང་ནུས་ན་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ཏེ། ཐམས་ཅད་ལ་ཁ་དོག་ལ་སོགས་པའི་བྱེ་བྲག་ཐམས་ཅད་ཡོད་པར་ཐལ་བར་གྱུར་ན་མི་རུང་བས་སོ། །འོད་ལ་སོགས་པ་གང་ལ་ཡང་སྲ་བ་ལ་སོགས་པ་ཉིད་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ནོ། །དེ་དག་མི་དམིགས་པ་ནི་མེད་པའི་ཕྱིར་མ་ཡིན་གྱི་ཟིལ་གྱིས་ནོན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ། ཆུ་སྐྱུར་བ་བཏབ་ཀྱང་དེའི་རོ་ནི་དམིགས་པ་ཁོ་ན་ཡིན་ཏེ། འཛིན་པ་ཐ་དད་པའི་ཕྱིར་རོ། །འོ་ན་ནི་ཆུ་དང་རྡོ་བ་ལ་སོགས་པ་རྣམས་ལ་ཡང་རྐྱེན་གྱི་ཁྱད་པར་དང་ཕྲད་པས་མཚན་ཉིད་བརྟས་པའི་ཕྱིར་སྲ་བ་ཉིད་དང༌། གཤེར་བ་ཉིད་དང༌། ཚ་བ་ཉིད་དག་དམིགས་པ་ཡིན་ཏེ། སའི་དྲི་དག་བཞིན་ནོ་ཞེ་ན། མཚན་ཉིད་བརྟས་པའི་ཕྱིར་ཡིན་གྱི། སྐྱེས་པའི་ཕྱིར་མ་ཡིན་པ་འདི་ཇི་ལྟར་ཤེས་པར་བྱ། དེ་ལྟ་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་ཏེ། རེག་བྱ་གཞན་བཞིན་དུ་གཟུགས་དང་དྲི་དང་རོ་གཞན་རྣམས་དང༌། སྒྲ་ཡང་རྐྱེན་རྙེད་པས་དམིགས་པའི་སྔ་རོལ་ནས་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །མདོ་སྡེ་གཞན་ལས་ཀྱང་དགེ་སློང་བསམ་གཏན་བྱེད་པ་ཡིན་ཞིང་རྫུ་འཕྲུལ་དང་ལྡན་པ་ཡིན་ལ། སེམས་ལ་དབང་ཐོབ་པ་ཡིན་ན་ནི་ཤིང་གི་སྡོང་པོ་འདི་ལ་ཁམས་གང་དང་གང་དུ་མོས་པ་དེ་ཡང་དེ་བཞིན་དུ་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་པས་སོ་ཞེས་གསུངས་སོ། །དེ་ལྟར་ན་རྐྱེན་གྱི་ཁྱད་པར་དང་ཕྲད་ན་སྲ་བ་ཉིད་ལ་སོགས་པ་དག་རང་རང་གི་ཁམས་ལས་འབྱུང་བར་འགྱུར་རོ། །ཁམས་དག་དུམ་བུ་དག་ཀྱང་མ་ཡིན་ཏེ། །ཆ་ཤས་གཅིག་ལ་ཡང་ཇི་ལྟར་མོས་པ་བཞིན་དུ་ཡོངས་སུ་འགྱུར་བའི་ཕྱིར་དང༌། དེ་ལ་ཡང་དུ་མ་བུ་མཐའ་ཡས་པ་མི་སྲིད་པའི་ཕྱིར་རོ། །སའི་དྲི་ནི་སྔ་ནས་ཀྱང་དམིགས་པ་ཉིད་ཡིན་ན་དེ་ཆུས་གཏོར་ན་བརྟས་བར་འགྱུར་བར་ཤེས་པར་བྱ་ནུས་སོ། །གང་ཞིག་རྐྱེན་དང་


DTG136_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པས་བརྟས་པར་གྱུར་པར་ཤེས་པར་རུང་བ་སྲ་བ་ལ་སོགས་པ་རྣམས་ནི་རྐྱེན་མེད་ན་ཆུ་ལ་སོགས་པ་རྣམས་ལ་དེ་ལྟར་ཡོད་པར་མི་དམིགས་སོ། །དེ་བས་ན་གོང་བུར་བཤད་པ་ལ་སྐྱོན་གྱི་གནས་སྐབས་དེ་ཉིད་ཡོད་དོ། །འོན་ཏེ་རིགས་ལས་སོ་ཞེ་ན། རྒྱུར་བྱས་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་མ་ཡིན་པར་འགྱུར་ཏེ། འདུས་པ་ཁ་ཅིག་ལས་འབྱུང་པ་ཆེན་པོ་ཁ་ཅིག་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མདོ་སྡེ་དང་འགལ་ཏེ་སྐྱེ་མཆེད་སོ་སོ་བའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་དང༌། ལག་པ་རྡོབ་པ་ལྟ་བུ་ལས་ཀྱང་མིག་གི་ཤའི་གོང་བུ་ལ་འབྱུང་བ་ཆེན་པོ་བཞི་དག་ཡོད་པར་བཤད་པའི་ཕྱིར་རོ། །མདོར་ན་རིགས་པ་ནི་འདིར་ཚད་མ་རྣམ་པ་གསུམ་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་གསུང་ངོ༌། །དེ་དག་ལས་གང་ཡང་རུང་བ་ཞིག་དང་འགལ་བར་བརྒལ་བ་ཡང་རིགས་པ་དང་འགལ་པར་བརྒལ་བ་ཡིན་པར་རིག་པར་བྱའོ། །དཔེར་ན་དགེ་སློང་དག་གཟུགས་འདས་པ་ཡོད་དོ། །གཟུགས་མ་འོངས་པ་ཡོད་དོ། །འདས་པ་དང་ཟད་པ་དང་འགགས་པ་དང་བྲལ་བ་དང་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །འདི་ལྟར་འདས་པ་དང་མ་འོངས་པ་ནི་མེད་པ་ཉིད་ཡིན་པར་མངོན་སུམ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་བཞིན་ནོ། །འདས་པའང་ཡིན་ལ་ཡོད་པའང་ཡིན་ཞེས་བྱ་བ་འདི་སྔ་ཕྱི་འགལ་བ་ཡང་ཡིན་ཏེ། གལ་ཏེ་ཡོད་ན་དེ་ཇི་ལྟར་འདས་པ་ཡིན། མ་འོངས་པ་ཡང་དེ་དང་འདྲའོ། །མདོ་སྡེ་གཞན་ལས་མིག་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག་པ་ན་གང་དུ་ཡང་སྩོགས་པར་མི་འགྲོའོ། །དགེ་སློང་དག་དེ་ལྟར་ན་མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་གསུངས་པས་དེ་དང་འདིར་འགལ་བ་ཡིན་ནོ། །གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པ་ལས་བྱུང་


DTG136_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ལ་ཕྱུག་པ་དང༌། གཏོང་བ་ལ་དབུལ་པོ་ཡང་སྣང་སྟེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང༌། གཏོང་བ་ཡང་དབུལ་པོ་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་གོམས་ན་ཡང་སེར་སྣ་ཅན་དུ་འགྱུར་བར་མི་འོས་ལ་སྦྱིན་པ་ལ་གོམས་ན་ཡང་གཏོང་བ་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། གང་ཞིགས་གང་དུ་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་བ་དེ་ནི་སྲིད་པ་བར་མ་དོ་ལས་ཀྱང་གདོན་མི་ཟ་བར་འདོད་ཆགས་དང་བྲལ་བ་ཡིན་ནོ། །དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ཞེས་བྱ་བ་སོ་སོའི་ཚིག་གི་དོན་རབ་ཏུ་དབྱེ་བ་བཤད་པ་དེ་ལས་ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པ་རྣམ་པ་བཞི་སྟེ། སྲོག་གཅོད་པ་ནས་མྱོས་པར་འགྱུར་བའི་ཁུ་བ་ཆང་འཐུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་ཉེས་པར་སྤྱོད་པ་ཡིན་ནོ་ཞེས་མི་བརྗོད་དོ། །དེ་བཞིན་དུ་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་གང་བཤད་པ་ཡང་ལུང་དང་འགལ་བ་ཡིན་ནོ། །ཁ་ཅིག་ན་རེ་མདོ་སྡེའི་ལེའུ་གྲངས་རྒྱས་པ་རྣམས་ནི་ཤིན་ཏུ་རྒྱས་པའི་སྡེ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །ཇི་ལྟར་སངས་རྒྱས་ཀྱི་གསུང་མ་ཡིན་ཞེ་ན། འགལ་བའི་ཕྱིར་ཏེ། དེ་ནི་སྡེ་པ་ཐམས་ཅད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བ་ཡིན་ནོ། །འདི་ལྟར་དེ་ལས་ནི་ཆོས་ཐམས་ཅད་ནི་རང་བཞིན་མེད་པ། མ་སྐྱེས་པ་མ་འགགས་པ། ཆོས་ཐམས་ཅད་ནི་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། དེ་བཞིན་དུ་རབ་འབྱོར་གཟུགས་ནི་


DTG136_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་དོ། །རབ་འབྱོར་བྱང་ཆུབ་ཀྱི་བར་དུ་ཡང་དངོས་པོ་མེད་དོ་ཞེས་འབྱུང་ལ། སྡེ་པ་ཐམས་ཅད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་ལས་ནི་བཅོམ་ལྡན་འདས་ཀྱིས་མ་རིག་པ་གང་ཞེ་ན། གང་དེ་དང་སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། རྒ་ཤིའི་བར་དུ་ཆོས་རྣམས་ཀྱི་རང་བཞིན་ཡང་བསྟན། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ། འདུ་བྱེད་འདི་དག་ཐམས་ཅད་ནི་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པའོ། །ཀྱེ་མེ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བས་ན། །དེ་དག་ཉེ་བར་ཞི་བ་བདེ། །དགེ་སློང་དག་འདི་ལྟ་སྟེ། འདུ་བྱེད་རྣམས་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང༌། རྒྱུ་ཀུན་འབྱུང་བ་ལས་སྡུག་བསྔལ་ཀུན་འབྱུང་བ་ཡིན་ལ། རྒྱུ་འགགས་པ་ལས་སྡུག་བསྔལ་འགོག་པ་ཡིན་ནོ། །རྒྱུ་དང་བཅས་པས་བདེ་འགྲོར་འགྲོ། །རྒྱུར་བཅས་ཉིད་ཀྱིས་ངན་འགྲོར་ཏེ། །རྒྱུ་དང་བཅས་པས་མྱ་ངན་འདའ། །འདི་ཀུན་རྒྱུ་དང་བཅས་ལས་བྱུང༌། །ཞེས་བྱ་བ་དང༌། དེ་བཞིན་དུ་གཟུགས་ནི་མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་དང༌། འཇིག་རྟེན་ན་མཁས་པ་རྣམས་ཀྱིས་ཡོད་པར་འདོད་པ་གང་ཡིན་པ་དེ་ནི་ང་ཡང་ཡོད་པར་སྨྲའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བས་སྐྱེ་བ་ལ་སོགས་པ་ཡང་བསྟན་ཏོ། །དེའི་ཕྱིར་རབ་ཏུ་གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །དེ་བས་ན་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ནོ། །བརྒལ་བའི་ཚུལ་ནི་དེ་ཡིན་ནོ། །དེ་ལ་རེ་ཞིག་སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་ལན་ནི་འདི་ཡིན་ཏེ། སྦྱོར་བ་ནི་ད་ལྟར་བྱུང་བ་བཞིན་དུ་དོན་མང་པོ་ཞིག་ལ་འབྱུང་སྟེ། མ་ཟིན་ཉིད་དང་ཉེ་བ་ཉིད། །ནུས་དང་རྒྱུན་མི་འཆད་ཉིད་དང༌། །དེ་དང་ཆོས་ཉིད་ཡང་དང་ཡང༌། །སྲིད་དང་འདོད་རྫོགས་རྣམས་ལ་འབྱུང༌།།


DTG136_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟིན་པ་ཉིད་ལ་ནི་རེ་ལྡེ་བྱེད་དོ་ཞེས་བྱ་བ་ལྟ་བུའོ། །ད་ལྟར་བྱུང་བ་དང་ཉེ་བ་ཉིད་ལ་ནི་གང་ནས་འོངས་ཞེས་བྱ་བ་ལྟ་བུའོ། །ནུས་པ་ཉིད་ལ་ནི་ལན་ཅིག་སྨྲས་པས་འཛིན་ཏོ་ཞེས་བྱ་བ་ལྟ་བུའོ། །རྒྱུན་མི་འཆད་པ་ཉིད་ལ་ནི་དེ་ནི་ཤ་ཟའོ་ཞེས་བྱ་བ་ལྟ་བུའོ། །དེའི་ངང་ཅན་ཉིད་ལ་ནི་རྟ་མི་སྲུང་པ་ནི་སོས་ཟའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཆོས་ཉིད་ལ་ནི་སྐྱེས་པ་ཐམས་ཅད་ནི་འཆིའོ་ཞེས་བྱ་བ་ལྟ་བུའོ། །ཡང་དང་ཡང་ཉིད་ལ་ནི་མཚན་མོ་ཞིང་ལུད་པ་ལུའོ་ཞེས་བྱ་བ་ལྟ་བུའོ། །སྲིད་པ་ལ་ནི་རྭ་ལས་འདམ་བུ་སྐྱེ་ཞིང་ཞེས་བྱ་བ་ལྟ་བུའོ། །འདོད་པ་ལ་ནི་སུ་སྐོམ་འཐུང་ཞིང་ཞེས་བྱ་བ་ལྟ་བུའོ། །རྫོགས་པ་ལ་བྲམ་ཟེ་འདི་ནི་རིག་བྱེད་བཞི་འདོན་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་འདས་པ་ཡིན་ཡང་མདོ་སྡེ་ལས་འབྱུང་བའི་སྦྱོར་བ་ནི་ད་ལྟར་བྱུང་བ་དང་ཉེ་བ་ཉིད་ཡིན་པའི་ཕྱིར་ད་ལྟར་བྱུང་བ་བཞིན་རིག་པར་བྱའོ། །དངོས་པོ་ཙམ་ལ་བྱེད་པ་པོར་བཤད་པ་ནི་མི་རུང་སྟེ། བྱ་བ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་དངོས་པོ་ཞེས་བྱ་བ་འདི་ནི་ཅི་ཞིག་ཡིན། བྱེད་པ་པོ་ནི་གང་ཞིག་ཡིན། ཇི་ལྟར་ན་བྱེད་པ་པོ་ཉིད་དུ་བཤད་པ་ཡིན། དངོས་པོ་ཞེས་བྱ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང་ཡོད་པ་གང་ཡིན་པ་དེ་ནི་བྱེད་པ་པོ་ཡིན་ཏེ་དཔེར་ན་འགྲོ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང་ཡོད་པ་ལྷས་བྱིན་དེ་ནི་བྱེད་པ་པོ་ཡིན་ནོ། །དེ་བྱེད་པ་པོ་ཉིད་དུ་བཤད་པ་ནི་འགྲོ་བར་བྱེད་ཅེས་བྱ་བ་དེ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་ས་བོན་ལས་མྱུ་གུ་འབྱུང་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པའི་དངོས་པོ་དེ་ལ་ཇི་ལྟར་བྱེད་པ་པོ་ཉིད་དུ་བཤད། བྱེད་དོ་ཞེས་བྱ་བ་གལ་ཏེ། རང་འོད་གསལ་བྱེད་ཡིན་ན་དེ་ཉིད་དངོས། །ཡོད་དེའང་བདོག་གོ་ཞེ་ན་ཇི་སྐད་བྱ། །ཇི་ལྟར་རང་ལ་གསལ་བྱེད་འབྱུང་བ་ལས་བཅས་འགྱུར། །ལས་དང་བྱེད་པོ་མ་ངེས་རང་འཛིན་སྐྱོན་དེར་འགྱུར། །བྱེད་དོ་ཞེས་བྱ་བ་ནི་མི་འཇིག་ཡིན་བར་མིན། །ཡུལ་གཞན་དུ་ཡང་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ཅི་དེ་གཉིས་ལ་བྱ་བའམ། རང་དབང་ཡོད་པ་འགའ་ཞིག་ཡོད་དམ། ཅི་སྟེ་མེད་ཅེ་ན། གྲིབ་མ་ནི་ཡུལ་གཞན་དུ་འཕོ་བ་མེད་དེ།


DTG136_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་འདུག་བཞིན་དུ་ཡང་ཉི་མ་འཁོར་བ་དང་རྒྱང་རིང་བ་དང་ཉེ་བ་ལས་དེ་འཁོར་བ་དང་ཆེ་བ་དང་ཆུང་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་དབང་ཡོད་པ་ནི་མེད་དོ། །གྲིབ་མ་ཡང་ཅི་ཞིག་ཡིན་པར་བརྗོད་པར་བྱ་ཞེ་ན། གང་གི་ཡུལ་ཉི་མ་དང་བར་དུ་ཆོད་པ་ན་གཟུགས་ཡོད་པ་རྣམས་གསལ་བར་བྱེད་པའོ། །མེ་འབར་ཡང་མི་འཕོ་སྟེ། བུད་ཤིང་གི་རང་གི་ཕྱོགས་བསྲེགས་ནས་དེ་ཉིད་དུ་འཆི་བའི་ཕྱིར་ལ། བུད་ཤིང་གི་ཕྱོགས་ཐ་དད་པ་ལས་མཆེད་པ་དང༌། འབྲི་བ་དང༌། རྣོ་བ་དང༌། ཞེན་པ་དག་གིས་དེ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་རང་དབང་ཡོད་པ་ནི་མེད་དོ། །རྣམ་པར་ཤེས་པ་ལ་ཡང་གང་གི་རྣམ་པར་ཤེས་པའི་བྱ་བར་བརྟག་པ་གང་ཞིག་གིས་རང་དབང་ཡོད་དེ། འདི་ལྟ་སྟེ། དབང་པོ་དང་ཡུལ་སྣང་བར་གྱུར་པ་དང་ཡིད་ལ་བྱེད་པའི་ཁྱད་པར་གསུམ་ལས་གཞན་རྣམ་པར་ཤེས་བ་སྐྱེད་པར་ནུས་པ་ནི་མ་གྲུབ་ལ། དེ་རྣམས་ནི་གཅིག་ལ་གཅིག་ལྟོས་པའི་ཕྱིར་དེ་ལ་རང་དབང་ཡོད་པ་ཉིད་དག་ལ་ཡོད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་གང་གི་བྱ་བ་ཡང་མ་ཡིན་ནོ། །རྐྱེན་གསུམ་ལས་རྣམ་པར་ཤེས་པ་ཞེས་བྱ་བའི་རྫས་སྐྱེ་ལ། བྱ་བ་མེད་པར་ཡང་ཡུལ་གང་ལ་སྐྱེ་བ་དེའི་རྣམ་པར་སྐྱེས་པས་ན་དེ་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་སྟེ། དཔེར་ན་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །གལ་ཏེ་དེ་གཉིས་ལ་བྱ་བ་མེད་ཀྱང་བྱ་བ་ནི་ཡུལ་རེ་རེ་དེ་སྐྱེ་བར་ཁོང་དུ་ཆུད་པ་རྣམས་ཀྱིས་བསམས་ནས་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་རྗོད་པར་བྱེད་ཀྱི། །རྣམ་པར་ཤེས་པ་ལ་ནི་བསམ་པའི་བྱ་བ་འགའ་ཡང་མེད་དོ། །དེ་བས་ན་འདི་ནི་མི་འདྲའོ་ཞེ་ན། ཁོང་དུ་ཆུད་པ་རྣམས་ཀྱིས་ཀྱང་དེ་འགྲོ་བར་བྱེད་དོ་ཞེས་ཟེར་བས། དེ་བས་ན་བསམ་པའི་བྱ་བ་མེད་པར་ཡང་དཔེར་ན་གྲིབ་མ་དང་མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱེད་དོ་ཞེས་བཤད་པ་འདི་ཡང་མི་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ནས་ཀྱང་སྨྲ་བའི་ཚུལ་དེ་ནི་མཚན་ཉིད་མེད་པ་ཡིན་ནོ་ཞེས་ན། མཚན་ཉིད་ཇི་ལྟ་བུར་བྱཱ་ཀ་ར་ཎ་ལས་འབྱུང་བའི་མཚན་ཉིད་བཞིན་ཏེ། དངོས་པོ་


DTG136_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱེད་པ་དང་གཞི་ལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་འབྱུང་ངོ་ཞེས་ན། བྱཱ་ཀར་ཎའི་ནང་དུ་བརྗོད་པ་དང༌། བརྗོད་པར་བྱ་བ་རིལ་གྱིས་མ་ཤེས་པར་སྒྲ་རྣམས་ཀྱི་མཚན་ཉིད་བྱས་པ་འབྱུང་བ་གང་ཡིན་པ་དེ་སུས་ཉེས། བྱཱ་ཀ་ར་ཎ་ཞེས་བྱ་བ་ཡང་རིག་བྱེད་ཀྱི་ཡན་ལག་ཡིན་ལ། རིག་བྱེད་ཉིད་ཀྱང་ཉེས་པར་བཤད་པ་ཡིན་ན། བྱཱ་ཀ་ར་ཎ་ལྟ་ཅི་སྨོས། དེ་ལས་སྒྲ་རྣམས་ཀྱི་སྐད་ཀྱི་མཚན་ཉིད་སྨྲས་པ་དེ་ལ་འཕགས་པའམ། འཇིག་རྟེན་གྱིས་ཀྱང་རྗེས་སུ་བསྙག་པར་ཅི་ག་ནུས་རེ་སྐན། འཇིག་རྟེན་ནི་ཡང་ཚིག་གི་ཚུལ་དེ་ཡོད་དོ།། །། བམ་པོ་དྲུག་པ། གང་གི་ཡོན་ཏན་དང་ནི་སྐྱོན་དག་རྟོགས་པར་མི་བྱེད་པ་དེ་བློ་ཞེས་ཇི་སྐད་བྱ། རྨོངས་པ་མེད་པར་གང་གི་ཡིད་ལ་བདེ་བར་མི་བྱེད་པ་དེ་བདེ་ཞེས་ཇི་སྐད་བྱ། །གང་གི་དེ་ཉིད་ཤེས་པའི་ཤེས་རབ་ཀྱིས་ནི་འགྲོ་བའི་སྐྱེ་དང་འཇིག་ཐོབ་ཉུང་ཐོས་ཀྱང༌། །ཡུལ་མི་ཉུང་ལ་འཇུག་པའི་བློ་ཅན་དེ་ནི་འཇིག་རྟེན་དག་ན་ཤེས་རབ་ཅན་དུ་འདོད། །གང་གི་བློ་ནི་མང་དུ་ཐོས་ཀྱང་སྐྱེ་བ་ཤེས་པར་མི་བྱེད་འཇིག་པ་མི་བྱེད་དེ། །སྣ་ཚོགས་གཏམ་དག་བྱས་ཀྱང་འཁོར་བ་འཇིགས་པ་མང་པོ་དག་ལས་གྲོལ་བར་མི་འགྱུར་རོ། །གང་གིས་ཚིག་གི་སྙིང་ནི་སྡུད་ནུས་དང། །བློས་ཕྲའི་དོན་མཐོང་སྤྱོད་པ་ཐབས་ལྡན་པ། །དེ་ནི་སྐྱེས་བུའོ་དེ་ལས་གཞན་པ་ཕྱུགས། །བྱཱ་ཀ་ར་ཎ་ལས་ཀྱང་འདི་མ་ངེས་པར་སྨྲས་པ་ཡིན་ཏེ། མང་དུ་འདྲེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་དེ་ནི་མཚན་ཉིད་མེད་པ་ཡང་མ་ཡིན་ནོ། །གཞན་ཡང་བྱཱ་ཀ་ར་ཎ་ལས་བྱེད་པ་པོ་ནི་རང་དབང་ཡོད་པའོ་ཞེས་གང་སྨྲས་པའི་རང་དབང་ཡོད་པ་ཞེས་བྱ་བ་དེ་ཅི་ཞིག་ཡིན། ཅི་རེ་ཞིག་རང་དགར་འཇུག་པ་ཡིན་ནམ། འོན་ཏེ་གཞན་ལ་མི་ལྟོས་པར་འཇུག་པ་ཞིག་ཡིན། དེས་ཅིར་འགྱུར་ཞེ་ན། རང་དགར་འཇུག་པ་རང་དབང་ཡོད་ཡིན་ན། །སེམས་པ་མེད་པ་བྱེད་པོར་མི་འགྱུར་རོ། །དེའི་ཕྱིར་མེས་སྲེག་པར་བྱེད་དོ། །ཤིང་གིས་འཚེད་པར་བྱེད་དོ་ཞེས་བྱེད་པ་པོར་ཐ་སྙད་གདགས་པར་མི་རུང་སྟེ། དེ་གཉིས་ལ་འདོད་པ་མེད་པའི་ཕྱིར་རོ། །གང་ཞིག་གཉིད་ལོག་དབུགས་ནི་འབྱིན་པ་དང༌། །མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བྱེད་པ། །དེ་ཡང་བྱེད་པ་པོར་


DTG136_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ། འདོད་པ་མེད་པར་དབུགས་དབྱུང་བའི་ཕྱིར་དང༌། མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བའི་ཕྱིར་རོ། །གལ་ཏེ་གཞན་ལ་མི་ལྟོས་འཇུག་ཡིན་ན། །གྲུ་འགྲོ་བ་དང་ལྗོན་ཤིང་འགུལ་བ་དང༌། །མི་འབྱུང་བ་དང་བུམ་པ་དག་དང་ནི། །ཆུ་གནས་ཞེས་བྱ་རིགས་པ་མ་ཡིན་ནོ། །འདི་ལྟར་འཕུལ་བར་བྱེད་པ་ལ་མ་ལྟོས་པར་ནི་གྲུ་འགྲོ་བ་ཡང་མེད་ལ་ལྗོན་ཤིང་འགུལ་བ་ཡང་མེད་དོ། །སྐྱེ་བའི་རྒྱུ་ལ་མ་ལྟོས་པར་མེ་འབྱུང་བ་ཡང་མེད་ལ། གཞི་ལ་མི་ལྟོས་པར་ཆུ་གནས་པ་ཡང་མེད་དོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་གྲུ་ནི་རྟེན་དུ་གྱུར་པ་ཉིད་ཀྱིས་རང་གི་བྱ་བ་དག་ལ་ལྟོས་པ་མེད་པར་འཇུག་གོ །དེ་ལྟ་བས་ན་དེ་ནི་དེ་ལ་རང་དབང་ཡོད་པ་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེ་ན། དེ་ལ་བྱུང་བའི་ཕྱིར་ན་རྟེན་གྱུར་པའི། །དེ་ཡང་དེ་དང་གཞན་དུ་འབྲེལ་ཕྱིར་རོ། །འདི་ལྟར་དེ་ལ་འབྱུང་བ་གང་ཡིན་པའི་གྲུ་དེ་བྱ་བ་དག་ལ་རྟེན་དུ་གྱུར་པར་བརྟགས་གྲང་ན། དེ་ཡང་དེ་དང་རྒྱུ་གཞན་དང་འབྲེལ་པ་ལས་འབྱུང་བའི་ཕྱིར་ཇི་ལྟར་དེ་ལ་རང་དབང་ཡོད་པ་ཉིད་དུ་འགྱུར། བྱ་བ་གང་བྱུང་བ་ནི་དེ་ལ་གནས་པའི་ཕྱིར་དེ་ལ་གནས་པ་ན་གྲུ་དང་རང་དབང་ཡོད་པ་ཉིད་ཡིན་ནོ་ཞེ་ན། གང་ལ་དེ་རང་དབང་ཡོད་པས་དེའི་ཚེ་དེ་ལ་ཅི་ཞིག་བྱར་ཡོད། སྐྱེ་བ་ཡང་སྐྱེ་བ་པོའི་བདག་ཉིད་དུ་གྱུར་པ་ཡིན་ན་དེ་དེའི་རྟེན་དུ་ཇི་ལྟར་རིགས། བདག་ཉིད་དུ་མ་གྱུར་བ་ཡང་དེ་ལ་འབྱུང་རེ་སྐན། སྐྱེ་བ་ལ་ཡང་སྐྱེ་བ་ཐུག་པ་མེད་པར་གྱུར་པས་ཧ་ཅང་ཐལ་ཆེས་པར་ཡང་འགྱུར་རོ། །འོ་ན་བརྗོད་པར་འདོད་པ་ལས་བྱེད་པ་པོ་རྣམས་ཀྱི་སྦྱོར་བར་འགྱུར་ཏེ། གང་གི་ཚེ་གྲུ་འགྲོ་བ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་གྲུ་འགྲོའོ་ཞེས་བྱ་བའི་སྦྱོར་བར་འགྱུར་རོ། །གང་གི་ཚེ་བདག་ཉིད་ཐོབ་པ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་འབྱུང་ངོ་ཞེས་བྱ་བའི་སྦྱོར་བར་འགྱུར་རོ་ཞེ་ན། གལ་ཏེ་བརྗོད་པར་འདོད་པ་ལས་ཡིན་ན་གྲུ་འདྲེན་པ་ན་འགྲོའོ་ཞེས་ཟེར་བ་ནི་གཞན་གྱི་དབང་ཉིད་དམ། རང་དབང་ཡོད་པ་ཉིད་དམ། ཅི་ཞིག་ཏུ་བརྗོད་པར་འདོད། དེ་བཞིན་དུ་འབྱིན་པར་བྱེད་པ་ན་མེ་འབྱུང་ངོ་ཞེས་བྱ་བ་ཡང་ཅི་ཞིག་བརྗོད་པར་འདོད་པ་ཡིན། སྨྲས་པ། གཉི་ག་ཡིན་ནོ་ཞེ་ན། མཚན་ཉིད་


DTG136_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞིན་དུ་ཡང་མཁས་པས་ཅི་དགར་བྱེད་པ་པོ་རྣམས་སྦྱར་བར་རུང་ངམ། སྨྲས་པ་རུང་སྟེ། འདི་ལྟར་ངེས་པའི་ཚིག་གི་ཆོས་ཉིད་ཀྱིས་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱའོ་ཞེས་བྱ་བ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བའི་དབྱེ་བ་ཡང་མེད་ལ། བརྗོད་པར་འདོད་པ་ལས་ནི་དེའི་སྦྱོར་བར་འགྱུར་རོ་ཞེ་ན། གལ་ཏེ་རུང་ན་བྱེད་པ་པོ་དང་བྱ་བའི་དབྱེ་བ་མེད་ཀྱང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ་ཞེས་བྱ་བ་འདི་ཡང་ཅིའི་ཕྱིར་མི་རུང༌། ཅིའི་ཕྱིར་ན་འདི་ལ་བྱེད་པ་པོ་མེད་བཞིན་དུ་བརྗོད་པར་འདོད་ཅེ་ན། རྣམ་པར་ཤེས་པ་ཙམ་ལ་བྱེད་པ་པོ་ཉིད་དུ་ཐ་སྙད་འདོགས་ཀྱི་བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པས་ན་ཤེས་རབ་པོ་ཞེས་བྱ་བ་ཡང་རིགས་པར་བཤད་པ་ཡིན་ནོ། །འཇིག་རྟེན་ན་ཁྱིམ་གྱི་གྲྭ་ཞུམ་མོ། །གྲྭ་རློས་སོ། །སྒོ་འདི་ཡུལ་བཅོམ་བརླག་ཏུ་འབྱུང་ངོ༌། །ལམ་འདི་ཡུལ་བཅོམ་བརླག་ཏུ་འགྲོའོ་ཞེས་གང་ཇི་སྐད་དུ་ཟེར་བ་ཡང་དེ་དག་ལ་བརྗོད་པར་འདོད་པ་བྱེད་པ་པོ་འགའ་ཡང་ཅི་ཞིག་ཡོད་དེ། དེ་ལྟ་བས་ན་བརྗོད་པར་འདོད་པ་བྱེད་པ་པོ་མེད་པར་ཡང་བྱེད་པ་པོ་ཉིད་དུ་བཤད་པ་ནི་ལེགས་པ་ཡིན་ནོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་གཅིག་ལ་བྱ་བ་གཉིས་ཡོད་པའི་དུས་སྔ་མ་ཤོས་ཀྱི་བྱ་བ་ལ་འབྱུང་བ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཅི་ཁྱོད་འདོད་པ་ཡིན་ནམ། འོན་ཏེ་འཇིག་རྟེན་ན་དེ་ལྟར་མཐོང་བ་ཡིན། སྨྲས་པ། འཇིག་རྟེན་ན་དེ་ལྟར་མཐོང་བ་ཡིན་ནོ་ཞེ་ན། འཇིག་རྟེན་ན་ནི་གཞན་དུ་ཡང་མཐོང་སྟེ། འདི་ལྟར་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་ཐ་དད་པ་ལ་ཡང་མཐོང་སྟེ། དཔེར་ན་མར་འཐུངས་ནས་སྟོབས་འབྱུང་ངོ༌། །སེང་གེ་མཐོང་ནས་འཇིགས་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་སྐར་རྒྱལ་སྐྱེས་སམ། རྒྱལ་ལ་སྐྱེས་གང་ཡིན་པ་དེའི་མིག་དེ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བར་འགྱུར་རོ། །དུས་སྔ་མ་ཤོས་མ་ཡིན་པ་ལ་ཡང་མཐོང་སྟེ། དཔེར་ན་ཁ་གདངས་ནས་ཉལ་


DTG136_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའམ། མིག་བཙུམས་ནས་ཉལ་ཞེས་བྱ་བ་ལྟ་བུའོ། །ཅི་ཁ་གདངས་ནས་སམ། མིག་བཙུམས་ནས་དུས་ཕྱི་མ་ལ་ཉལ་བ་མ་ཡིན་ནམ་ཞེ་ན། མི་རུང་སྟེ། ཇི་ལྟར་སྔར་ཁྲུས་བྱས་ནས་ཕྱིས་ཟ་བ་ལྟ་བུར་སྔར་ཁ་གདངས་པའམ། མིག་འཛུམས་པར་བྱེད་ལ། ཕྱིས་ཉལ་བའི་དོན་འདིར་ནི་ཁོང་དུ་ཆུད་པར་མི་འགྱུར་རོ། །འོན་ཀྱང་ཁ་གདངས་པའམ། མིག་བཙུམས་པ་ནི་ཉལ་བ་དང་དུས་མཉམ་དུ་འབྱུང་བ་ཡིན་པར་མངོན་ཏེ། འདི་ལྟར་ཁ་གདངས་ནས་ཕྱིས་ཉལ་བར་བྱེད་པ་གལ་ཏེ་ཁ་མ་གདངས་ན་ཁ་གདངས་ནས་ཉལ་བར་བྱེད་ཅེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། འོད་ལྡན་རྣམས་ནི་འོད་དག་གིས། །འཇིག་རྟེན་བཀང་ནས་དེར་ཤར་ཏོ། །གང་གིས་ཆ་ཤས་ཞུགས་ནས་ཀྱང༌། །ནང་ན་ཡོད་པའི་མུན་པ་བསལ། །ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་སྔར་འགེངས་བའམ་འཇུག་པར་བྱེད་ལ་ཕྱིས་འཆར་བའམ། སེལ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཁར་བ་ཁྲལ་ཞེས་ཟེར་ནས་ལྷུང་ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་སྔར་ཁྲོལ་ཞེས་ཟེར་ལ་ཕྱིས་ལྷུང་བ་ཡང་མ་ཡིན་ཏེ། ཁར་བ་ལྷུང་བ་ན་སྒྲ་ཁྲལ་ཞེས་ཟེར་ཏེ། བརྒྱབ་པའི་ཕྱིར་རོ། །དེ་ལྟ་བུའི་སྦྱོར་བ་ནི་རྒྱུའི་དོན་ལ་ཡང་མཐོང་སྟེ། དཔེར་ན་བུད་ཤིང་ལ་བརྟེན་ནས་མེ་འབྱུང༌། ཏིལ་ལ་བརྟེན་ནས་ཏིལ་མར་འབྱུང༌། སྤྲིན་ལ་བརྟེན་ནས་ཆར་པ་འབབ་ཅེས་བྱ་བ་ལྟ་བུ་སྟེ། མེས་སྔར་བུད་ཤིང་ལའམ། ཏིལ་མར་གྱི་ཏིལ་ལ་བརྟེན་ཅིང་ཕྱིས་འབྱུང་བ་ཡང་མ་ཡིན་ལ། ཆར་པས་ཀྱང་སྔར་སྤྲིན་ལ་བརྟེན་ཏེ་ཕྱིས་འབྱུང་བ་ཡང་མ་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཇི་སྐད་སྨོས་པ་བཞིན་དུ་འབྱུང་བར་མངོན་ནོ། །གཞན་ཡང་གང་ལ་སྔ་ཕྱི་བྱ་བ་དག་དམིགས་པ་དེ་ཁ་ཅིག་ལ་དེ་ལྟ་བུའི་སྦྱོར་བའི་རྒྱུའི་དོན་ཉིད་དུ་མཐོང་སྟེ། དཔེར་ན་མར་འཐུངས་ནས་སྟོབས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟར་མར་འཐུངས་པ་དང་སྟོབས་དང་ལྡན་པ་དག་ནི་ཇི་ལྟར་ཁྲུས་བྱ་བ་དང༌། ཟས་ཟ་བ་དག་ལྟར་སྔ་ཕྱི་ཙམ་དུ་རྟོགས་པར་བྱ་བ་མ་ཡིན་གྱི། མར་འཐུངས་པའི་རྒྱུ་ལས་སྟོབས་དང་ལྡན་པ་ཉིད་འབྱུང་བར་ཤེས་པར་བྱའོ། །དེ་བཞིན་དུ་མིག་དང་གཟུགས་ཀྱི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ན་མིག་དང་གཟུགས་ལ་བརྟེན་


DTG136_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེའོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་མཛད་བ་ནི་འདི་སྐད་ཅེས་བཀའ་སྩལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཀའ་སྩལ་པ། སྦྱོར་བ་འདི་ཅི་ནས་ཀྱང་རྒྱུའི་དོན་ཁོ་ན་ཡིན་པར་ཤེས་པར་བྱའི། དུས་སྔ་མ་ཤོས་ཀྱི་བྱ་བའི་དོན་དུ་ནི་མ་ཡིན་ནོ། །རེ་ཞིག་འདི་ཡང་དཔྱད་པར་བྱ་སྟེ། གང་གི་ཚེ་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་ཅི་རྣམ་པར་ཤེས་པ་ཡོད་དམ་འོན་ཏེ་མེད། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཡང་ཇི་ལྟར་སྐྱེ། བྱུང་བ་ནི་སྐྱེས་པ་ཡིན་གྱིས་ཡོད་པ་མ་ཡིན་ནོ་ཞེ་ན། གང་གི་ཚེ་དེ་ཞིག་པའི་ཚེ་སྐྱེས་པ་ཡིན་པར་འགྱུར་རོ། །ངེས་པའི་ཚིག་ལས་ཀྱང་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་སྐྱེས་པ་ངེས་པར་གཟུང་བ་ལ་བྱའོ་ཞེས་བཤད་པས་དེ་ཡང་འགལ་ལོ། །གལ་ཏེ་ཡང་ཡོད་པ་མ་སྐྱེས་པ་ཞིག་ཡིན་ན་སྐྱེ་བའི་སྔ་རོལ་ན་ཡོད་པ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་བོ། །ཡང་སྐྱེ་བའི་ཚེ་ཡང་མ་སྐྱེས་པ་ཡིན་ཏེ། སྐྱེ་བའི་འོག་ཏུ་རྣམ་པར་ཤེས་པ་སྐྱེས་པ་ཡིན་ནོ། །དེའི་ཚེ་ཡང་དེ་ཞིག་པ་ཁོ་ན་ཡིན་པས་གང་གི་ཚེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་རོ། །འོན་ཏེ་མེད་པ་ཞིག་ཡིན་ན་ཇི་ལྟར་དེ་མེད་ཀྱང་སྐྱེ་བ་དེ་བཞིན་དུ་སྐྱེ་བའི་སྔ་རོལ་ནས་མེད་ཀྱང་བརྟེན་ནས་ཞེས་བྱ་བར་འགྱུར་བར་ཡང་ཅིའི་ཕྱིར་མི་འདོད་ན་ཡང་ཡོད་པ་དང་མེད་པ་ཞེས་བྱ་བ་ཐལ་ཆེས་པའི་ཚིག་མང་པོ་བོར་ཏེ། ཅི་དེའི་ཚེ་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་ཏུ་བཅས་པ་ཡིན་ནམ། བདག་མིན་པ་ཡིན་ཞེས་དཔྱད་པར་བྱའོ། །གལ་ཏེ་བདག་ཏུ་བཅས་པ་ཡིན་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཡང་སྐྱེ་བས་ཅི་ཞིག་བྱ། འོན་ཏེ་བདག་མེད་པ་ཡིན་ན་ཇི་ལྟར་དེ་བདག་མེད་བར་སྐྱེ་བདག་ལ་བྱེད་པ་པོ་ཡིན་པ་དེ་བཞིན་དུ་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་པ་ཡིན་ནོ། །རེ་ཞིག་སྐྱེ་ཞེས་བྱ་བའི་དོན་འདི་ཅི་ཡིན། འབྱུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་ཞེ་ན། འབྱུང་བར་བྱེད་ཅེས་བྱ་བ་གང་ཡིན་


DTG136_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་ཅི་ཞིག་བྱེད་ན་འདི་ལྟར་བྱེད་པ་པོར་བརྗོད། སྐྱེ་བར་བྱེད་དོ་ཞེ་ན། གལ་ཏེ་སྐྱེ་བ་བསྐྱེད་པར་བྱ་བའི་བདག་ཏུ་གྱུར་པ་ཡིན་ན་ཇི་ལྟར་རང་ལ་བྱེད། འོན་ཏེ་བདག་ཏུ་གྱུར་པ་མ་ཡིན་ན་ནི་དེ་དེ་ལས་ལོགས་ཤིག་ན་མི་དམིགས་སོ། །ཡང་ན་དོན་གང་གིས་ན་དེ་བྱེད་ཅེས་བྱ། བྱེད་པ་ལ་རང་གི་དོན་ནི་འགའ་ཡང་མེད་དོ། །འདི་ལྟར་བདེ་བ་བྱེད་ཅེས་བྱ་བ་ནི་སྐྱེད་ཅེས་བྱ་བར་རྟོགས་སོ། །ཁ་སྤུ་བྱེད་ཅེས་བྱ་བ་ནི་འདྲེག་པར་བྱེད་ཅེས་བྱ་བར་རྟོགས་སོ། །རྐྱལ་པ་ལ་བྱེད་ཅེས་བྱ་བ་ཉེད་པར་བྱེད་ཅེས་བྱ་བར་རྟོགས་སོ། །གླ་བྱེད་ཅེས་བྱ་བ་ནི་གླ་བྱིན་ནས་འཆོལ་བར་བྱེད་ཅེས་བྱ་བར་རྟོགས་སོ། །སྦྱང་དུ་འབྲས་བྱེད་ཅེས་བྱ་བ་ནི་འཇོག་པར་བྱེད་ཅེས་བྱ་བར་རྟོགས་སོ། །ཕའི་ཚིག་བཞིན་བྱེད་ཅེས་བྱ་བ་ནི་དེས་སྨྲས་པ་བཞིན་དུ་སྒྲུབ་པར་བྱེད་ཅེས་བྱ་བར་རྟོགས་སོ། །སྐབས་བྱེད་ཅེས་བྱ་བ་ནི་སྒྲིབ་པ་སེལ་བར་བྱེད་ཅེས་བྱ་བར་རྟོགས་སོ། །དེ་ལྟ་བས་ན་སྐྱེ་བའི་བྱེད་པ་པོའི་བྱེད་ཅེས་བྱ་བའི་དོན་བརྗོད་པར་བྱ་དགོས་སོ། །གལ་ཏེ་སྐྱེད་པར་བྱེད་པའི་དོན་ཡིན་ནོ་ཞེ་ན། སྐྱེ་བ་ཡང་སྐྱེ་བར་འགྱུར་པས་དེ་ལ་ཡང་སྐྱེ་བ་གཞན་ཡོད་དེ། ཐུག་པ་མེད་པས་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །ཡང་ན་དེ་ལ་སྐྱེ་བའི་རག་ལུས་པ་ཅི་ཞིག་ཡོད་ན་གང་གི་ཕྱིར་སྐྱེ་བར་བྱེད་ཅེས་བྱ། དེ་ལྟ་བས་ན་བྱ་བ་མེད་པར་ཡང་བདག་ཉིད་ཐོབ་པ་ཙམ་ལ་བྱེད་པ་པོ་བཞིན་དུ་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་རྐྱེན་རྙེད་པ་ཙམ་ལ་བརྟེན་ནས་ཞེས་བྱ་བ་བཤད་པ་ཡིན་ཏེ། འདི་ལ་བྱ་བ་འགའ་ཡང་མེད་ལ་བྱེད་པ་པོ་ཡང་མེད་ན། བྱེད་པ་པོ་གཅིག་པོ་ཉིད་ལྟག་ལ་ཡོད་དེ། དེ་ལྟ་བས་ན་བརྟེན་ནས་སྐྱེ་ཞེས་བྱ་བའི་སྦྱོར་བ་འདི་ནི་རིགས་པ་ཁོ་ན་ཡིན་ནོ། །མཚན་ཉིད་འདྲ་བ་ལ་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་དགོས་པ་མེད་པ་མ་ཡིན་ཏེ། འདི་ལྟར་གཟུགས་དེ་ལ་གང་ཅི་ཡང་རུང་བ་ཞེས་བཤད་པ་ནི་གཟུགས་ཀྱི་དོན་དུ་མར་རབ་ཏུ་བསྟན་པའི་ཕྱིར་རོ། །འདི་ལྟར་གཟུགས་ཀྱི་དོན་ནི་རྣམ་པ་གསུམ་སྟེ་ཡུལ་བརྟག་ཏུ་རུང་བའི་དོན་དང༌། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་སྐྱེད་པར་གཟུགས་སུ་རུང་བའི་དོན་དང༌། གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་དོན་ཡིན་ཏེ། འདི་ལྟར་བསྟན་


DTG136_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོད་པའི་གཟུགས་འདི་ནའོ་ཕ་བི་ནའོ་ཞེས་ཡུལ་བརྟག་ཏུ་རུང་བའི་ཕྱིར་གཟུགས་ཡིན་པ་དང༌། ཐོགས་པ་དང་བཅས་པའི་གཟུགས་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་པ་དང༌། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ། །འདི་ལྟར་དེ་ནི་ལུས་དང་ངག་གཉིས་མེད་ན་གདགས་སུ་མེད་པ་ཡིན་ཏེ། གཟུགས་མེད་པ་ན་དེ་གདགས་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པ་ཉིད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། གང་གི་ཕྱིར་སྐྱེ་མཆེད་སོ་སོ་བའི་མདོ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཞེས་ནི་གསུངས་ཀྱི་གཟུགས་ཅན་མ་ཡིན་པ་ཞེས་ནི་མ་གསུངས་པ་ཡིན་ལ། ཡང་འདི་ལྟར་གླང་པོ་ཆེའི་ལྟ་བས་ལྟ་བུ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་ནས། དེ་ལ་ཆོས་གཟུགས་ཅན་གང་དག་ཡིན་པ་འདི་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་བོར་ན་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་ཆོས་གཟུགས་ཅན་གཞན་གང་དག་ཡོད། གཟུགས་ཅན་འདས་པ་དང་མ་འོངས་པ་གང་ཡིན་པ་དག་ཆོས་ཡིན་པ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེ་ན། སྐྱེ་མཆེད་སོ་སོ་བའི་མདོ་དང་འགལ་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་འབྱུང་ལ། མིག་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི་ཇི་ལྟར་རིགས་པར་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་ཕྱིར་རོ། །ཡང་ན་གཟུགས་ཉིད་དུ་ཡང་འདོད་པར་མི་བྱ་སྟེ། འདི་ལྟར་དེ་དག་ནི་དེའི་ཚེ་གཟུགས་སུ་མེད་པས་སོ། །སྐྱེ་མཆེད་བཅུ་པོ་དག་ཀྱང་དུས་གསུམ་པོ་ཉིད་དུ་མི་འགྱུར་ཏེ། མིག་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་མང་པོ་དག་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ནར་རྣམ་པར་གཞག་པའི་ཕྱིར་རོ། །དེ་རྣམ་པར་གཞག་པ་ཡང་ཡུལ་ཅན་དང་ཡུལ་ཉིད་དུ་


DTG136_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གི་ཡུལ་ནི་ཐམས་ཅད་ཡིན་པས་གཉིས་སུ་མེད་པ་ཉམས་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་ལྟ་ན་ནི་དབང་པོ་དྲུག་གི་དབང་དུ་མཛད་ནས་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་ཏེ། དབང་པོ་འདིའི་ཡུལ་ནི་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཉིས་ཚན་ལྔ་དག་དང༌། དབང་པོ་འདི་ཁོ་ནའི་ཡུལ་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཉིས་ཚན་དྲུག་པ་ཡིན་ནོ། །དབང་པོ་ལྔ་བོ་དག་ཀྱང་དབང་པོ་དྲུག་པོ་ཁོ་ནའི་ཡུལ་ཡིན་པས་གཉིས་ཚན་དྲུག་པར་ངེས་པ་ཡང་ཉམས་པ་མ་ཡིན་ནམ་ཞེ་ན། འོ་ན་ནི་དབང་པོ་གང་ཁོ་ནའི་ཡུལ་ཁོ་ན་གང་ཡིན་བའོ་ཞེས་གཉིས་ཚན་དྲུག་པ་ཡིན་ནོ། །དེ་ལྟར་ན་དབང་པོ་ལྔ་པོ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཉིད་ཡོངས་སུ་སྤངས་པ་ཡིན་ནོ། །འདི་ལྟར་དེ་དག་ནི་ཡིད་ཀྱི་ཡུལ་འབའ་ཞིག་མ་ཡིན་གྱི་རྟེན་ཡང་ཡིན་ཏེ། ཡིད་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། དབང་པོ་གང་གི་དོན་གང་ཉིད་ཡིན་པ་གཉིས་ཚན་ལྔ་དག་གོ །གང་ཉིད་ཀྱི་ནི་དོན་ཉིད་གང༌། །གཉིས་ཚན་སྐྱེ་མཆེད་དྲུག་པ་ཡིན། །གལ་ཏེ་མིག་ལ་སོགས་པ་ལྔ་པོ་དག་ཆོས་ཀྱི་སྐྱེ་མཆེད་ཉིད་དུ་གྱུར་ན་ཅིར་འགྱུར་ཞེ་ན། སྐྱེ་མཆེད་སོ་སོ་བའི་མདོ་ལས་དགེ་སློང་དག་ཆོས་ཕྱིའི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་དག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་ངེས་པར་མཛད་པ་མི་མཛད་པར་འགྱུར་རོ། །སེམས་ནི་སྐད་ཅིག་མ་ཞེས་བྱ་བ་ཡིན་ལ། གོང་དུ་འགྲོ་བ་ཡང་ཡིན་ནོ་ཞེས་གང་གསུངས་པ་ཡང་དེའི་རྒྱུན་ལ་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །གྲིབ་མ་དང་མེ་འབར་བ་འགྲོ་བ་བཞིན་ནོ། །བདེན་པ་རྣམ་བཞི་དང༌། གསུམ་དང༌། གཉིས་དང༌། གཅིག་ཅེས་གྲངས་ཐ་དད་པར་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་མདོར་བསྡུས་ན་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་དགོངས་ཏེ་བདེན་པ་བཞི་དག་ཏུ་གསུངས་པ་ཡིན་ནོ། །མིང་གི་བྲམ་ཟེ་རྣམས་མངོན་པར་


DTG136_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བའི་རྒྱུའི་སྐབས་སུ་ལས་དང་ལས་ཀྱི་འབྲས་བུ་དང་བདག་ནི་དེའི་བདག་པོ་ཡིན་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་མཆོད་སྦྱིན་རྣམས་ལ་སེམས་ཅན་དེ་དང་དེ་དག་ནི་གསད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང༌། འཇིག་རྟེན་རྟག་པ་དག་འཐོབ་བོ་ཞེས་བྱ་བ་དང། དེའི་འབྲས་བུ་བདག་ལ་འབྱུང་བས་བདག་ནི་དེའི་འབྲས་བུ་ལ་ཟབ་ཡིན་ནོ་ཞེས་བྲམ་ཟེའི་བདེན་པ་གསུམ་དག་ཏུ་རྣམ་པར་འཇོག་པར་བྱེད་དོ། །དེ་ཡང་དོན་ཡང་དག་པའི་བྲམ་ཟེའི་རྣམས་ལ་བརྫུན་པ་ཡིན་ནོ། །བཟློག་ན་ནི་བདེན་པ་ཡིན་པའི་ཕྱིར་དེ་ལ་དགོངས་ནས་བྲམ་ཟེའི་བདེན་པ་གསུམ་དུ་གསུངས་སོ། །འཇིག་རྟེན་བའི་ཤེས་པ་མ་འཁྲུལ་བའི་ཡུལ་དང༌། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པར་གསུངས་སོ། །བརྗོད་པ་ནི་ཀུན་རྫོབ་ཡིན་པས་དེས་ཁོང་དུ་ཆུད་པར་བྱ་བའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། གང་ལ་བརྗོད་པར་འཇུག་པ་སྟེ། དཔེར་ན་རྐང་པ་གཉིས་ཀྱིས་བརྒལ་བར་བྱ་བའི་འབབ་སྟེགས་ལ་རྐང་པའི་འབབ་སྟེགས་ཞེས་བྱ་བ་དང༌། ཀོ་གྲུས་བརྒལ་བར་བྱ་བའི་འབབ་སྟེགས་ལ་ཀོ་གྲུའི་འབབ་སྟེགས་ཞེས་བྱ་བ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་ཡེ་ཤེས་དམ་པ་ཡིན་ནོ། །དེའི་དོན་ཡིན་པས་དོན་དམ་པ་སྟེ། དེའི་ཡུལ་གང་ཡིན་པའོ། །སྟོན་པ་རྣམས་ཀྱི་ལུགས་ཐ་དད་པ་ལ་དགོངས་ནས་བདེན་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མེད་དོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་གཉིས་ཕན་ཚུན་འགལ་བ་དག་ནི་བདེན་པར་བྱ་བར་མི་ནུས་སོ། །དེ་ལྟ་བས་ན་དགོངས་པ་ཐ་དད་པའི་ཕྱིར་བདེན་པ་རྣམས་ལ་གྲངས་ཐ་དད་པར་བསྟན་པ་ལ་སྔ་ཕྱི་འགལ་བ་མེད་དོ། །ཁ་ཅིག་ལས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། །སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །ཞེས་གསུངས་པ་དང༌། ཁ་ཅིག་ལས་བྱེད་པ་བོ་མི་དམིགས་སོ་ཞེས་གང་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དེ། འདི་ལྟར་ཕུང་པོའི་རྒྱུད་གང་ལ་མི་རྣམས་ཞེས་བྱ་བ་དེ་ལ་དེ་གཉིས་ཀྱི་རྒྱུད་ཡོད་ཅིང་དེ་ཁོ་ན་ལ་དེ་གཉིས་ཀྱི་འབྲས་བུ་འབྱུང་བས་འདི་ལས་


DTG136_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། །སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །དེ་ཡི་བདག་གིར་བྱ་བ་ཡིན་ཞིང་དེས། །དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་རང་དབང་ཡོད་པ་ལ་དགོངས་ནས་ནི་བྱེད་པ་པོ་མི་དམིགས་སོ་ཞེས་གསུངས་པ་ཡིན་གྱི་རྒྱུ་ཚོགས་པའི་མཚན་ཉིད་ལས་ནི་མ་ཡིན་ཏེ། འདི་ལྟར་གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་མཚམས་སྦྱོར་བར་བྱེད་པའི་ཞེས་ཁྱད་པར་དུ་མཛད་པ་ཡིན་ནོ། །དེ་བས་ན་དགོངས་པ་ཐ་དད་པའི་ཕྱིར་སྔ་ཕྱི་འགལ་བ་མེད་དོ། །འདིར་ཡང་བཤད་པ། རས་བལ་གྱི་ནི་ས་བོན་དང༌། །མ་ཏུ་ལུང་གའི་མེ་ཏོག་ལ། །རྒྱ་སྐྱེགས་ཀྱིས་ནི་ཁ་བསྒྱུར་ན། །ཚོན་དེ་ནུབ་པར་གྱུར་ཀྱང་ནི། །རྒྱུད་ལ་བསྒོས་པའི་རིམ་པ་ལས། །རས་བལ་ཟེ་བ་དམར་སྐྱེ་ལྟར། །ལས་རྣམས་ནུབ་ཀྱང་དེའི་འབྲས་བུ། །སྐྱེ་ལ་དེ་ཡི་ཆོས་ཉིད་དོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ། འོན་ཏེ་གོང་བུའམ། རིགས་ལས་ཤིན་ཞེས་སྨྲས་པ་གང་ཡིན་པ་ཡང་རིགས་ཀྱི་དབང་དུ་མཛད་ནས་གསུངས་པས་འདི་ལ་ཇི་སྐད་སྨྲས་པའི་ཉེས་པ་མེད་དེ། དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མདོ་སྡེ་དང་ཡང་མི་འགལ་ཏེ། སྐྱེ་མཆེད་སོ་སོ་བའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་རིགས་སྨོས་པས་ཇི་ལྟར་སྲིད་པ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་འདུས་པ་རེ་རེ་ནི་མ་ཡིན་ནོ། །ལག་པ་རྡོབ་པ་ལྟ་བུ་ལས་ཇི་སྐད་གསུངས་པ་དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་མིག་གི་ཤའི་གོང་བུ་ལ་འབྱུང་བ་ཐམས་ཅད་ཀྱི་རྒྱུ་ལས་བྱས་པ་དམིགས་པའི་ཕྱིར་རོ།། དེ་ལྟ་བས་ན་ཇི་སྐད་སྨྲས་པའི་རིགས་པ་དང་འགལ་བ་མེད་དོ། །གཟུགས་འདས་པ་ཡོད་དོ། །གཟུགས་མ་འོངས་པ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་ཡང་འདི་ལྟ་སྟེ། དེ་འདས་པའམ་མ་འོངས་པ་དེ་ལྟ་བུར་ནི་ཡོད་ཅེས་བྱ་བའི་གཟུགས་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །ཇི་ལྟར་ན་དེ་


DTG136_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཡིན་ཞེ་ན། སྔོན་བྱུང་བ་ཉིད་ཀྱིས་སོ། །ཇི་ལྟར་ན་མ་འོངས་པ་ཡིན་ཞེ་ན། འབྱུང་བར་འགྱུར་བ་ཉིད་ཀྱིས་ཏེ། ས་བོན་ཡོད་པའི་ཕྱིར་རོ། །དེ་ལྟར་ན་དེ་ཡོད་པ་ཞེས་བྱ་སྟེ། དེ་ལྟར་སྣང་བའི་ཕྱིར་རོ། །གཞན་ཡང་གཟུགས་གང་ཞིག་མེད་པར་ཡང་དེ་ཡོད་དོ་ཞེས་བྱ་བ་དེ་རིགས་སམ་ཞེ་ན། ཇི་ལྟར་གཞན་དུ་བརྗོད་པར་བྱ་བར་འགྱུར། །གཟུགས་འདས་པ་མེད་དོ། །གཟུགས་མ་འོངས་པ་མེད་དོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་ན་གཟུགས་སྔོན་བྱུང་བ་ཉིད་དང་འབྱུང་བར་འགྱུར་བ་ཉིད་ལ་སྐུར་པར་འགྱུར་རོ། །འོ་ན་དེ་ལྟར་ན་ནི་གཟུགས་འདས་པ་སྔོན་བྱུང་བ་དང༌། གཟུགས་མ་འོངས་པ་འབྱུང་བར་འགྱུར་བ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་ན་སྔོན་བྱུང་བ་ན་དེ་འདས་པ་ཡིན་གྱི། ད་ལྟར་ནི་འདས་པ་མ་ཡིན་པས་འདས་པ་ཉིད་ལས་རབ་ཏུ་ཉམས་པ་ཡིན་པར་བསྟན་པར་འགྱུར་ལ། འབྱུང་བར་འགྱུར་བ་ནི་དེ་མ་འོངས་པ་ཡིན་གྱི། ད་ལྟར་ནི་མ་འོངས་པར་མི་འགྱུར་ལ། མ་འོངས་པ་ཉིད་ཀྱང་མ་ཕྱིན་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །འདས་པ་དང་མ་འོངས་པ་ཞེས་བརྗོད་པ་ཉིད་ཀྱིས་ཀྱང་བྱུང་བ་དང་འབྱུང་བར་འགྱུར་བའི་དོན་སྨོས་པའི་ཕྱིར་ཟློས་བུར་བསྟན་པར་འགྱུར་རོ། །གལ་ཏེ་དེ་ལྟར་བསྟན་པ་ལ་དགའ་ན་ནི་ཡོད་པ་ཞེས་བྱ་བའི་སྒྲ་དེ་ཉིད་ཚིག་གི་ཕྲད་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་དུས་གསུམ་གྱི་ཡུལ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་ཇི་ལྟར་བཀོད་པ་ཉིད་རིགས་པ་ཡིན་ནོ། །གལ་ཏེ་གཟུགས་ཀྱི་མཚན་ཉིད་ཐལ་བའམ། མ་གྲུབ་པ་ཡིན་ན་དེ་ཇི་ལྟར་གཟུགས་ཞེས་བྱ་ཞེ་ན། སྔོན་འབྱུང་བ་དང་འབྱུང་བར་འགྱུར་བའི་ཐ་སྙད་ཀྱིས་ཏེ། དཔེར་ན་ས་བོན་ཉམས་པ་ཞེས་བྱ་བ་དང༌། ཕྱེ་བཏག་གོ་ཞེས་བྱ་བ་ལྟ་བུའོ། །ལས་ཟད་པ་དང༌། འདས་པ་དང༌། འགགས་པ་དང༌། བྲལ་བ་དང༌། ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེས་སེམས་ཀྱི་རྒྱུད་ལ་འབྲས་བུ་འབྱིན་པའི་ནུས་པ་སྐྱེད་པ་ལ་དགོངས་ནས་གསུངས་པ་ཡིན་པའི་དོན་རྟོགས་པས་གཞན་དུ་མི་འཐད་པའི་ཕྱིར་རོ། །དེ་ལས་སྐྱེས་པ་ལ་དེ་གདགས་པ་ནི་གྲོང་ལ་སྤྱོད་དོ། །པ་ན་ཟའོ་ཞེས་བྱ་བ་ཡིན་ཞིང་ཇི་སྐད་


DTG136_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རེག་པའི་སྐྱེ་མཆེད་དྲུག་པོ་དེ་སྔོན་མངོན་པར་འདུས་བྱས་པ་ལ་མངོན་པར་བསམས་པ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་བ་ལྟ་བུ་ཡང་ཡིན་ནོ། །དགོངས་བ་འདིས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་གསུངས་པ་དེ་དང༌། མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་བྱ་བ་ཡང་རིགས་པ་ཡིན་ནོ། །དེ་ལྟ་བས་ན་འདིར་ཡང་མངོན་སུམ་དང་འགལ་བ་མེད་ཅིང་སྔ་ཕྱི་འགལ་བ་ཡང་མེད་དོ། །གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བའི་རྗེས་སུ་དཔག་པ་ཡང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་དེ་ཡིན་ཏེ། ད་ལྟར་གཟུགས་ལས་འདོད་ཆགས་དང་མ་བྲལ་བ་རྣམས་གཟུགས་དང་ལྷན་ཅིག་ཏུ་ལུས་མངོན་པར་འགྲུབ་པ་ནི་མཐོང་ངོ༌། །གཟུགས་ལས་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་མེད་བཞིན་དུ་ལུས་མངོན་པར་འགྲུབ་པ་ཡིན་པས་རྗེས་སུ་དཔག་པ་དེ་མི་འཐད་དོ། །ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་མི་བྱའམ། ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་དེ་ལ་ཡང་ཕྱིས་གཟུགས་མངོན་པར་འགྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཁས་བླང་བར་བྱ་གྲང་ན། དེ་ཡང་མི་རིགས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་འདི་ཉིད་དུ་རབ་ཏུ་གྲགས་པའི་ཕྱིར་རོ། །འདོད་པ་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཡིན་ལ། གཟུགས་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་གཟུགས་རྣམས་ལས་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་མེད་པའི་ཕྱིར་རོ། །འཕགས་པ་ལ་ཡང་ཕུང་པོ་མངོན་པར་འགྲུབ་པ་སྦངས་སུ་ཟིན་ཀྱང་ཐར་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བསྟེན་ན་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང༌། གཏོང་བ་ཡང་དབུལ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འདིར་འགལ་བ་ཅི་ཡོད། སེར་སྣ་ཅན་ཡང་ཁ་


DTG136_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་སྔོན་ལན་ཅིག་སྣོད་ཁྱད་པར་ཅན་ལ་ཕུལ་བའི་ཕྱིར་འདི་ལ་ཕྱུག་པོ་ཉིད་ཐོབ་པ་གང་ཡིན་པ་ཐོབ་པ་ཡིན་ནོ། །གཏོང་བ་ཡང་ཁ་ཅིག་གིས་གཞན་དག་ལོངས་སྤྱོད་དང་བྲལ་བས་འདི་ལ་ཕྱུག་པོ་མ་ཐོབ་པ་ཡིན་པས་འབྲས་བུ་འབྱིན་པ་ལ་ནི་དེ་རྣམས་ཀྱི་ལས་སྟོབས་དང་སྟོབས་མེད་པ་ཡིན་པར་བརྟག་པར་བྱའོ། །གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འདིར་ལྷ་རྣམས་དགའ་བས་ནི་སྤངས་པའི་དོན་མི་ཤེས་ཏེ། འདིར་དོན་ནི་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་བ་སྲིད་པ་བར་མ་དོ་ལས་ནི་མ་ཡིན་པའི་གང་ཟག་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ཡང་ཡིན་ཏེ། འདིར་དོན་ནི་གང་ཞིག་སྲིད་པ་བར་མ་དོ་ཁོ་ནའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པའི་ཕྱིར་མི་འོང་བ་ཁ་ཅིག་རྒྱུད་ཡོངས་སུ་སྨིན་ཅིང་མངོན་པར་ཤེས་པ་མྱུར་བ་ཡིན་པ་དེ་ལ་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་པའི་ཉོན་མོངས་པ་ནི་མི་སྐྱེ་བ་ཁོ་ན་ཡིན་ལ་སྲིད་པ་བར་མ་དོར་ཉིད་མཚམས་སྦྱོར་བར་བྱེད་པ་ནི་སྐྱེ་བ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་ཕྱིར་སྐྱེ་བའི་སྲིད་པ་ནི་སྤངས་པ་ཞེས་བྱ་ལ། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ན་མི་འགལ་བ་ཡིན་ནོ། །གཞན་དག་ན་རེ། སྤངས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཡང་འདིར་བཤད་པ། བར་མ་དོར་ནི་ཟད་པ་ཡི། །ཀུན་ནས་སྦྱོར་བ་གང་དག་གིས། །སྐྱེ་བའི་སྲིད་པར་མཚམས་སྦྱོར་ཏེ། །དེ་ཡི་སོ་སོར་བརྟགས་མིན་པའི། །འགོག་པས་འགགས་ཏེ་དེས་ན་དེའི། །དེ་སྤངས་པ་ཞེས་བྱ་བར་བརྗོད། །གཉིས་པོའི་སོ་སོར་བརྟགས་པ་ཡི། །འགོག་པ་ཅིག་ཅར་ཡིན་པར་འདོད། །ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་རེ་ཞིག་འདི་དཔྱད་པར་བྱ་སྟེ། ཇི་ཙམ་གྱིས་ན་རང་བཞིན་གྱི་


DTG136_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མ་ཐོ་བ་དང་བཅས་པའམ། བཅས་པའི་ཁོ་ན་མ་ཐོ་བ་དང་བཅས་པ་ཡིན། གང་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནས་སྤྱོད་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །གང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་བཞིན་དུ་ཉེས་པ་གཞན་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ད་ནི་འདི་དཔྱད་པར་བྱ་སྟེ་ཅི་ཆང་གང་ཞིག་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྨན་པའི་ལུང་ལས་སོ་སོར་བརྟགས་ནས་འཐུང་བར་སྲིད་པ་ཡོད་དམ། འོན་ཏེ་མེད། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཇི་ལྟར་ཉེས་པར་སྤྱད་པར་འཐད། འོན་ཏེ་མེད་ན་དེ་ལྟར་འཐུང་བ་ལ་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་སུ་འཐད་ཅེ་ན། དེས་གང་ལ་ཆང་ངོ་སྙམ་དུ་རིག་ནས་ངོ་ཚ་མེད་པ་ཉིད་ཀྱིས་ཁ་ན་མ་ཐོ་བ་དང་བཅས་པས་འཐུང་ངམ། ཡང་ན་ཁ་ན་མ་ཐོ་བ་དང་བཅས་པའི་ཆང་ལ་ཁ་ན་མ་ཐོ་བ་མེད་པའོ་སྙམ་དུ་སེམས་ནའོ། །གང་ཞིག་ཚོད་ཟིན་པས་འཐུང་བ་ནི་མྱོས་པར་མི་ནུས་ལ། དེ་ལྟར་ཡང་ཤེས་ནས་འཐུང་བ་གང་ཡིན་པ་དེ་གང་གིས་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དཔེར་ན་དུག་ཚོད་ཟིན་པར་ཟོས་པ་ནི་དུག་གི་ཉེས་པའི་བྱ་བ་མི་ནུས་པས་ཁ་ན་མ་ཐོ་བ་དང་བཅས་པ་མི་འབྱུང་བ་ལྟ་བུའོ། །དེ་ལྟ་བས་ན་ཆང་འཐུང་བ་ཐམས་ཅད་ཉེས་པར་སྤྱོད་པ་མ་ཡིན་ནོ། །ཆང་འཐུང་བ་རྣམས་ནི་ཕལ་ཆེར་རྒྱགས་པར་བྱ་བའི་ཕྱིར་ཇི་ལྟར་ན་དགའ་བར་འགྱུར་སྙམ་པའམ། བདག་མྱོས་པར་འགྱུར་རོ་སྙམ་དུ་སེམས་བཞིན་དུ་ཆང་འཐུང་སྟེ། དེ་དག་གི་དེ་ནི་ལུས་ཀྱི་ཉེས་པར་སྤྱད་པར་རྣམ་པར་གཞག་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ། །དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། དགག་པ་བཅས་པ་མེད་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་གསུམ་པའོ།། །།གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་


DTG136_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་གསུང་མ་ཡིན་ནོ། །དེ་ལྟ་བས་ན་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་དེ་ལུང་དང་འགལ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་ཡང་གལ་ཏེ་དེ་ལྟ་བུའི་རང་བཞིན་དང་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ན། ཁྱེད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་གང་ཡིན་པ་གཞན་ཡང་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་རོ། །དེ་ལས་ནི་ཁ་ཅིག་ཏུ་ཚོར་བ་ནི་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་བདེ་བའི་ཚོར་བ་ཚོར་བ་ན་བདེ་བའི་ཚོར་བ་ཚོར་རོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་ལ། ཡང་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་བྱ་བ་དང༌། དེ་བཞིན་དུ་བདེ་བའི་ཚོར་བ་ནི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་གསུངས་པ་དང༌། ཁ་ཅིག་ཏུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་དང༌། དེ་བཞིན་དུ། འདི་ན་བདག་གམ་སེམས་ཅན་མེད།། ཆོས་འདི་རྒྱུ་དང་བཅས་ལས་འབྱུང༌། །ཞེས་བྱ་བ་དང༌། སྲིད་པའི་ཡན་ལག་བཅུ་གཉིས་དང༌། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །དེ་དག་ཐམས་ཅད་རྣམ་ཕྱེ་ན། །གང་ཟག་དམིགས་པ་མ་ཡིན་ནོ། །ཞེས་གསུངས་ལ། ཡང༌། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པ་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། སོར་ཕྲེང་ང་ནི་ཀུན་ཏུ་སེམས་ཅན་ཐམས་ཅད་ལ། །དབྱུག་པ་དག་ནི་སྤང་བར་བྱས་ནས་འདུག་པ་ཡིན། །ཞེས་བྱ་བ་དང༌། དེ་བཞིན་དུ་འཇིག་རྟེན་དུ་སྐྱེ་བ་ན་གང་ཟག་གཅིག་སྐྱེའོ་ཞེས་གསུངས་པ་དང༌། ཁ་ཅིག་ཏུ་འདི་ན་ཁ་ཅིག་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་པས་ལུས་ཞིག་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལ་ཡང༌། ཕ་དང་མ་ནི་བསད་བྱས་


DTG136_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང། །རྒྱལ་པོ་བྲམ་ཟེ་གཙང་སྦྲ་ཅན། །ཡུལ་འཁོར་འཁོར་དང་བཅས་བསད་ན། །བྲམ་ཟེ་སྡིག་པ་མེད་པར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ཕན་ཚུན་འགལ་བའི་ཕྱིར་དང༌། སྔར་བརྒལ་བ་བསྟན་པ་གང་ཡིན་པའི་འགལ་བ་དེའི་ཕྱིར་དེ་ལ་ནི་ཁ་ཅིག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །དེ་ལ་ནི་འགལ་བ་མེད་དེ། འདི་ལྟར་དེ་ནི་ངེས་པའི་དོན་ཡིན་ཏེ། ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་འདི་དག་དང༌། མིག་གི་དབང་པོའི་གཟུགས་དང༌། འདི་སྙེད་ཅིག་ལ་མི་ཉིད་ཅེས་བྱའོ། །འདི་ལ་སེམས་ཅན་དང༌། མིང་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། སྲོག་དང༌། སྐྱེ་བ་པོ་ཞེས་དེ་སྐད་ཅེས་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ། འདི་དག་ཡོད་ན་སེམས་ཅན་མིའམ་ཤེད་ལས་སྐྱེས། །ཤེད་བུ་ཤེས་པར་དེ་སྐད་དག་ཏུ་ཀུན་ཏུ་འདོགས། །དེ་དག་དང་ནི་དེ་བཞིན་གཞན་ཡང་མི་མང་པོ། །ཕུང་པོའི་གཞི་དང་རྒྱུ་ལས་འབྱུང་བར་འགྱུར་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ཚིགས་སུ་བཅད་བ་ལས་འབྱུང་བ། ཡང་སྲེད་བ་ནི་མ། ལས་ཀྱི་སྲིད་པ་ནི་ཕ་ཞེས་བྱས་ནས་བཤད་དེ། སྐྱེད་པ་པོ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། ངའོ་སྙམ་པའི་ང་རྒྱལ་ཡིན་ནོ་ཞེས་ཟེར་རོ། །གཞན་དུ་ན་ནི་མདོ་སྡེ་སྔ་མ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེ་འདི་དག་དང་གཞན་རྣམས་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་འགལ་བ་མེད་དོ། །ཐེག་པ་ཆེན་པོ་ལ་ནི་གང་གིས་ན་འགལ་བ་མེད་པར་ངེས་པར་བཟུང་བའི་ངེས་པའི་དོན་ཅུང་ཟད་ཀྱང་མེད་དོ་ཞེ་ན། ཅི་ལྷ་རྣམས་དགའ་བས་ཐེག་པ་ཆེན་པོ་མཐའ་དག་ཤེས་སམ། སྨྲས་པ། མ་ཡིན་ནོ་ཞེ་ན། མཐའ་དག་མི་ཤེས་པས་ངེས་པའི་དོན་མེད་པ་ཉིད་དུ་ཇི་ལྟར་ཤེས། ད་ལྟ་མི་སྣང་བས་དེའི་ཕྱིར་སྤང་བར་བྱར་མི་རུང་ངོ༌། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུངས་མཐའ་དག་ནི་མི་སྣང་ངོ༌། །མཐའ་དག་མ་


DTG136_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འདི་ཇི་ལྟར་ཞེ་ན། བླ་མ་ཀུན་དགའ་འོད་སེལ་དང༌། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང༌། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་འཚོ་ཆུ་ཤིང་དང༌། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང༌། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །བླ་མའི་མདོ་ལས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་བླ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འཛམ་བུའི་གླིང་ན་ཇི་སྙེད་འཁོད་བ་དེ་དག་ཐམས་ཅད་བདག་གིས་སེམས་ཀྱིས་ཁྱབ་པར་བྱས་ཏེ་བརྟགས་ན། བཙུན་པ་བླ་མ་མ་གཏོགས་པར་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དེ། བཙུན་པ་བླ་མ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། རྗེས་སུ་དཔག་པ་འདིས་ན་དེའི་ཚེ་གཞན་ཡང་མེད་པར་འགྱུར་བ་མངོན་ནོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་ཞིང་འཕགས་པ་ཀུན་དགའ་བོ་ཡང་བཞུགས་བཞིན་དུ་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ན། དེང་སང་ན་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོའི་མདོ་ལས་བཅོམ་ལྡན་འདས་བགྲེས་པའི་གནས་སྐབས་ན་ངའི་བསྟན་པ་ཡང་འཛིན་པར་འགྱུར་རོ་སྙམ་ནས་འཕགས་པ་ཀུན་དགའ་བོ་རིམ་གྲོ་པར་བསྐོས་ཞེས་བྱ་བ་དང༌། དེས་ཀྱང་སྨྲས་པ། བདག་གི་ལོ་ཉི་ཤུ་ལྷག་ཅིག་བཙུན་པ་ལ་རིམ་གོ་བགྱིད་དོ་ཞེས་བྱ་བ་དང༌། དེ་ཉིད་ལས་ཡང་སྨྲས་པ། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང༌། གཉིས་ནི་དགེ་སློང་དག་ལས་སོ་ཞེས་འབྱུང་བས་དེའི་ཕྱིར་སྔར་བཅོམ་ལྡན་འདས་ཀྱིས་བཤད་པ་གང་ཡིན་པ་དེ་ནི་དེས་མ་བཟུང་བར་ཤེས་པར་བྱའོ། །དེ་ནི་དགེ་སློང་རྣམས་ལས་བཟུང་བ་གང་ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་བྱ་བར་རིགས་པ་ནི་མ་ཡིན་ཏེ། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང་བའི་ཆོས་བཤད་པ་ནི་མི་རུང་བས་སོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་གྱུར་ན་ནི་བླ་མའི་མདོ་ལས་ལྷ་རྣམས་ཀྱི་


DTG136_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་བརྒྱ་བྱིན་གྱིས་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དོ་ཞེས་དེ་སྐད་སྨོས་པར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཐམས་ཅད་བཟུང་བ་མ་ཡིན་ལ། དེས་སྨྲས་པ་གང་ཡིན་པ་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡང་དག་པར་བསྡུས་པ་ཡིན་ནོ། །དེ་ལྟ་བས་ན་དེང་སང་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ངོ༌། །འོད་སེལ་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སེལ་གང་གི་ཚེ་ངས་དགེ་སློང་གི་དགེ་འདུན་ལ་རྟ་ཅང་ཤེས་བཞོན་བཟངས་ཀྱིས་ཆོས་ཀྱི་རྣམ་གྲངས་བཤད་པ་དེའི་ཚེ་ཁྱེད་རྣམས་ཉུང་བ་ཡིན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །སྡུག་བསྔལ་གྱི་ཕུང་པོ་སྟོན་པ་ལས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཅན་ལས་བརྩམས་ནས་བཀའ་སྩལ་པ། དུས་དེ་གཅིག་ན་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འདུག་པ་ལས། ང་རི་ངོས་ཡངས་པ་གལ་བ་དེར་ཕྱིན་པ་དང་དེ་ན་ངས་གཅེར་བུ་ལག་པ་བསྒྲེང་བ་དག་མཐོང་བ་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་ནི་མི་སྣང་ངོ༌། །ས་སྟོན་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དེ་གཅིག་གི་ཚེ་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འདུག་གོ །དེ་ནས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རབ་ཏུ་མང་པོ་དག་ངག་ལ་བ་དེར་ལྷགས་སོ། །ལྷགས་ནས་ང་ལ་དོན་འདི་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་ནི་མི་སྣང་ངོ༌། །འཆར་ཀའི་མདོ་ལས། ངས་ཚོར་བ་བཞི་བཤད་པའི་རྣམ་གྲངས་ཡོད་དོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །སྟོང་པ་ཉིད་ཀྱི་མདོ་ལས། འཕགས་པ་ཀུན་དགའ་བོས་སྨྲས་པ། དུས་དེ་གཅིག་ན་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་གྲོང་ཁྱེར་ཞེས་བྱ་བ་ན་བཞུགས་ཏེ་དེ་ནས་བདག་གིས་ཀུན་དགའ་བོ་ད་ནི་ད་ལྟར་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་སོ་ཞེས་བྱ་བ་དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་བཤད་པ་བདག་གིས་ཤེས་སོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཆུ་ལས་སྐྱེས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བདག་གིས་ནི་དགེ་སློང་ངམ་བྲམ་ཟེ་གང་ལ་ལས་ལན་ཅིག་ཤེས་པར་འགྱུར་བའམ་མཐོང་བར་འགྱུར་བ་གང་མ་བྱུང་ཞིང་མི་འབྱུང་ལ། ད་ལྟར་ཡང་མེད་


DTG136_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ། གནས་དེ་ཡོད་པ་མ་ཡིན་པ་དེ་ལྟ་བུ་སྨྲས་པ་དྲན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །གང་བོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་གནས་བརྟན་བྱམས་མའི་བུ་གང་བོ་ཞེས་བྱ་བ་འབྱུང་བ་གང་གིས་སྔོན་བདག་གསར་བུར་གྱུར་པ་ན་ཞེས་བྱ་བ་ནས། ཟབ་ཅིང་ཟབ་པའི་ཆོས་དང་ལྡན་པའི་གཏམ་འདི་ལྟ་བུ་འདི་བཤད་དོ་ཞེས་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །ས་འཚོའི་མདོ་ལས། དབྱར་ཚུལ་གྱིས་སྨྲས་པ། དུས་དེ་གཅིག་ན་དགེ་སློང་གཽ་ཏ་མ་སྒྲ་སྒྲོགས་ན་འོལ་མ་སེ་ཅན་གྱི་ནང་ན་བཞུགས་སོ་ཞེས་བྱ་བ་ནས། དེ་ན་བཅོམ་ལྡན་འདས་གཽ་ཏ་མ་དེས་བདག་ལ་བསམ་གཏན་ཐམས་ཅད་བསྔགས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་དེ་ལྟ་བུ་ལ་སོག་པའི་མདོ་སྡེ་དེ་མི་སྣང་ངོ༌། །ཆུ་ཤིང་གི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ན་ངས་དགེ་སློང་རྟེན་ལྔ་རྣམས་ལ་བཀའ་སྩལ་པ། རྟེན་ལྔ་དག་ང་སྔོན་རབ་ཏུ་འབྱུང་བར་རབ་ཏུ་མ་བྱུང་བ་ན་འདི་ལྟར་སློབ་སྟེ། ཁྱིམ་ནི་ཉམ་ངའོ་ཞེས་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་བདག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་དག་བསམ་གཏན་བཞི་བ་ལ་སྙོམས་པར་ཞུགས་ཤིང་མི་གཡོ་བའི་ཞི་བ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མངོན་སུམ་དུ་བཟུང་ངོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །འཕགས་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་གཟིགས་བས་ལམ་བསྟན་པ་བཤད་པ་ཡིན་ནོ་ཞེས་བྱ་བ་ནས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་རང་གིར་བྱ་བ་མེད་པ་ངོམས་མི་ཤེས་པ་སྲེད་པས་འཁོལ་བ་ཡིན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །འགྲོ་བའི་མདོ་ལས། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ལ་ཀུན་དགའ་རབ་ཕུལ་བའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་


DTG136_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་ནས། ཡོན་བསྔོ་བ་བྱས་པའི་རྒྱུས་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །དེ་བཞིན་དུ་མདོ་སྡེ་གཞན་དག་གིས་ཀྱང་མངོན་ཏེ། དཔེར་ན་ཅང་མི་སྨྲ་བའི་མདོ་ལས། མཽད་གལ་གྱི་བུས་སངས་རྒྱས་ཀྱི་གསུང་སྔོན་གསུངས་པ་བསྟན་པ་ལ་མོད་གལ་གྱི་བུ་འདི་ནི་འཕགས་པའི་ཅང་མི་སྨྲ་བ་ཡིན་པས་དེ་ལ་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བ་དང༌། གནས་པའི་མདོ་ལས། ཏིང་ངེ་འཛིན་འདི་ནི་འཕགས་པའི་གནས་པ་ཡིན་པས་འདི་ལ་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་གཞན་དག་གི་ནང་ནས་འབྱུང་བའི་མདོ་སྡེ་མང་པོ་རྣམས་ནི་འདོན་པ་ཐ་དད་པར་སྣང་ངོ༌། །དེ་ལྟ་བས་ན་འདི་དག་དང་མདོ་སྡེའི་ཤེས་པར་བྱེད་པ་གཞན་མང་པོ་དག་གིས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ནི་མི་སྣང་བར་མངོན་ནོ། །ཡང་དག་པར་བསྡུས་པའི་གཞི་བོ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་གང་ཡིན་པ་དེ་ཡང་ད་ལྟར་ཉམས་ཏེ། སྡེ་བ་གཞན་དག་ལས་ལུང་དང༌། ལེའུ་དང༌། མདོ་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་དང༌། ལུང་དང་ལེའུ་གཞན་ཡང་དག་པར་བསྡུས་པའི་མདོ་རྣམས་ཀྱང་ཡང་སྡེ་པ་དེ་ཉིད་ལས་ཡང་དག་པར་བསྡུས་པའི་ཕྱིར་དང༌། མངལ་དུ་འཇུག་པ་དང༌། དགའ་བྱེད་དང་ཚེའི་མཐའ་ལ་སོགས་པ་ཞེས་བྱ་བ་དག་གིས་མདོ་སིལ་བུ་མི་འགལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་ན་ཡང་དག་པར་བསྡུས་པ་ཉམས་ན་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་ནུས། ཐོས་པ་བརྒྱུད་པ་ལས་ནི་གཅིག་ལས་འཕྲོས་པ་དེ་ཡང་བརྒྱ་ལ་ཐུག་པ་དག་ཅིག་ཡོད་པར་གྱུར་ཞེས་ཐོས་སོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ལ་ཡང་ད་ལྟར་ངེས་པའི་དོན་གྱི་མདོ་སྡེ་མི་སྣང་བའི་ཕྱིར་ངེས་པའི་དོན་ཉིད་མེད་པར་ངེས་པར་གཟུང་བར་མི་བྱའོ།། །།བམ་པོ་བདུན་པ། ཅི་འདི་བཀྲི་བའི་དོན་ནམ། འོན་ཏེ་སྒྲ་ཇི་བཞིན་གྱི་དོན་ཡིན་ཞེས་དཔྱད་པར་བྱ་སྟེ། ངེས་པའི་དོན་བཤད་པ་མི་སྣང་བར་ཡང་འདི་སྒྲ་ཇི་བཞིན་གྱི་དོན་


DTG136_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་ཤེས་པར་ནི་མི་ནུས་སོ། །འོན་ཀྱང་དགོངས་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་ལན་མང་དུ་བསྟན་ལ། ཡང་དེ་ཉིད་ལས་བཤད་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་འདའ་བར་འདོད་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང༌། མངོན་པར་ཤེས་པ་དྲུག་ཐོབ་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང༌། རྣམ་པར་གཡོ་བ་ཤེས་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཤེས་པ་ཐམས་ཅད་ཟིལ་གྱིས་མནན་པར་འདོད་པ་དང༌། གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་བྱེད་པ་ན། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་གཅིག་གིས་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དཔེ་བྱས་བཟང་པོ་བརྒྱད་ཅུ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པ་འདི་ལྟར་བྱིན་ན་ནི་ལོངས་སྤྱོད་ཆེན་པོ་ཉིད་ཀྱི་འབྲས་བུ་འབྱུང་ངོ༌། །དེ་བཞིན་དུ་སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེའོ་དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བའི་བར་དུ་འབྱུང་བ་དང༌། དེ་བཞིན་དུ་སེར་སྣའི་སེམས་ཚར་བཅད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་འདོར་བར་འདོད་པ་དང༌། གནོད་སེམས་ཀྱི་སེམས་འདོར་བར་འདོད་པ་དང༌། ལེ་ལོའི་སེམས་འདོར་


DTG136_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པ་དང༌། རྣམ་པར་གཡེང་བའི་སེམས་འདོར་བར་འདོད་པ་དང༌། འཆལ་བའི་ཤེས་རབ་ཀྱི་སེམས་མི་སྤྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྤྱན་ལྔ་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྔ་གང་ཞེ་ན། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། འཕགས་པའི་ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན་དུ་ཤར་ཕྱོགས་ན་སེམས་ཅན་ལོང་བ་གང་དག་བདག་གི་མཐུས་མིག་གིས་གཟུགས་མཐོང་བར་བྱ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱ་བ་དང༌། སྨྱོན་པས་དྲན་པ་ཐོབ་པར་བྱ་བ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱ་བ་དང༌། སེམས་ཅན་བཀྲེས་པ་རྣམས་འགྲངས་པར་བྱ་བ་དང༌། སྐོམ་པ་རྣམས་ངོམ་པར་བྱ་བ་དང༌། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་དག་ནས་ཐར་བར་བྱ་ཞིང་མིའི་ལུས་ཐོབ་པར་བྱ་བ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱ་བ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་འབྱུང་བ་དེ་ལ་སོགས་པ་དང༌། སྡིག་པ་ཐམས་ཅད་སོ་སོར་བཤགས་པ་ལ་སོགས་པ་ཡང་བསྟན་ཏེ། གལ་ཏེ་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཚིག་རྣམས་སྒྲ་ཇི་བཞིན་ཁོ་ནའི་དོན་ཡིན་ན། འདི་ཐམས་ཅད་དང་འགལ་བར་འགྱུར་ཏེ། བླང་བར་བྱ་བ་རྣམས་ཅི་ཡང་མེ་དཔའི་ཕྱིར་རྒྱུ་འདི་ལས་འདི་ལྟ་བུར་འགྱུར་རོ་ཞེས་ཡང་དེ་ལྟར་བླང་བ་ནི་རུང་བ་མ་ཡིན་ནོ། །ཡང་ན་དེ་ལྟར་བླང་བར་བྱ་བ་ནི་ཅི་ཞིག་བླང་བར་བྱ་བར་


DTG136_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། དེ་ལྟ་བས་ན་ཚིག་དེ་རྣམས་ཀྱི་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ། །དཔེར་ན། ཕ་དང་མ་ནི་བསད་བྱས་ཤིང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དང༌། མ་དང་བྱས་པ་མི་ཤེས་དང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་ངེས་པའི་དོན་བཤད་པ་མེད་པར་ཡང་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ། །ཡང་འདི་འགལ་དུ་ཟིན་ཡང་འགའ་ཞིག་གིས་དེ་ལྟར་བསླུས་པ་མེད་པར་ལྟ་བ་དེ་ལ་བརྟེན་པར་འགྱུར་རམ་སྙམ་ནས་བློ་ཞན་པ་རྣམས་ཆུད་གསན་པའི་ཕྱིར་གཞུང་དུ་བྱས་པ་ཡིན་པར་དེ་ལྟར་ཅི་སྟེ་མི་འདོད། འདི་ལྟར་དེ་ལྟར་སྨྲས་པ་ཡང་དེ་ཐམས་ཅད་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ཁ་ཅིག་སྣང་བ་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་དེ་དག་གི་ཤེས་རབ་ཀྱི་ཉེས་པ་ཡིན་པའམ། སྔོན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སྩོགས་པ་དེ་དག་དེ་ལྟར་ཉམས་པ་ཡིན་གྱི། འདི་ནི་ཉམས་པར་བྱེད་པ་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། གོང་དུ་འགལ་བའི་ཕྱིར་རོ་ཞེས་སྨོས་པ་ཉིད་དང་སྦྱར་རོ། །མདོ་གཞན་ལས་གང་དག་དེ་བཞིན་གཤེགས་པས་གསུངས་པའི་དོན་དང༌། ཚིག་དང་ཡི་གེ་ཟབ་མོ་དག་རྟོགས་པར་ཁོང་དུ་ཆུད་པར་བྱེད། དགོངས་པ་རྟོགས་པར་བྱེད། རྗེས་སུ་མཐུན་པར་བྱེད། མི་མཐུན་པར་མི་བྱེད། སྦྱོར་བར་བྱེད། གནོད་པར་མི་བྱེད། དོན་རྟོགས་པར་ཁོང་དུ་ཆུད་པར་བྱེད་ཀྱི། ཚིག་འབྲུའི་རྗེས་སུ་རྒྱུག་པར་མི་བྱེད་པ་དེ་དག་ལ་ཡོན་ཏན་འདི་དག་དང་བདེ་བས་ལྷག་པ་དག་འབྱུང་བར་རིག་བར་བྱའོ་ཞེས་གསུངས་པ་ཡང་ཡིན་ཏེ། གང་ཞིག་སྒྲ་ཇི་བཞིན་གྱི་དོན་དུ་འཛིན་པར་བྱེད་པ་ཉིད་ཀྱིས་སེམས་ཅན་ཆུད་གསན་པར་ཞུགས་པ་དེ་ལ་ནི་འདི་འགལ་བ་ཡིན་ཏེ། ཇི་ལྟར་ན་སྒྲ་ཇི་བཞིན་གྱི་དོན་དུ་ཡང་གཟུང་བར་བྱ་ཞིང་དགོངས་པ་ཡང་རྟོགས་པར་བྱ་བ་དང༌། སྔ་ཕྱི་སྦྱོར་བར་བྱ་བ་ཉིད་དུ་ཡང་བསྟན་པར་འགྱུར། དེ་ཉིད་ལས་ཀྱང་ཚངས་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་དགོངས་པའི་རྣམ་གྲངས་ཀྱིས་རྟག་པ་གསུངས་པ་ཡིན་བར་ཉིད་


DTG136_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་འཆེ་བར་མཛད། ཀུན་ནས་ཉོན་མོངས་པ་གསུང་བ་དང༌། ཆད་པ་གསུང་བ་དང༌། མི་བྱ་བ་གསུང་བ་དང༌། ལོག་པར་ལྟ་བ་ཅན་དང༌། མ་དད་པ་དང༌། བྱ་བ་མི་ཤེས་པ་དང༌། ཁྱིམ་འབུགས་པ་དང༌། སྐྱུག་བ་ཟ་བ་དང༌། གོ་སྐབས་བཅོམ་པ་ཡིན་པ་ཉིད་ཞལ་གྱིས་འཆེ་བར་མཛད་ཀྱང་དེ་བཞིན་གཤེགས་པ་ནི་བསྟན་པ་དེ་དག་ལ་མེད་ཅིང་མི་སྣང་སྟེ། དེ་ནི་དེ་བཞིན་གཤེགས་པས་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དགོངས་པ་གང་གིས་སེམས་ཅན་མངོན་པའི་ང་རྒྱལ་གཏོང་བའི་དགོངས་པ་དེ་དག་སྟོན་པར་མཛད་པ་ཡིན་ནོ། །ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དགོངས་ནས་ཆོས་སྟོན་པར་མཛད་པ་ཡིན་པས་དེ་ལ་བྱང་ཆུབ་སེམས་དཔས་སྒྲ་ཐམས་ཅད་ལ་སྐྲག་བར་མི་བྱའོ་ཞེས་གསུངས་པ་འདི་ཡང་གལ་ཏེ་བསྟན་པ་ལ་སྒྲ་ཇི་བཞིན་གྱི་དོན་མ་ཡིན་པ་ཉིད་དུ་མི་འདོད་ན་འགལ་བ་ཡིན་ནོ། །ཡང་ན་འདོད་ན་ནི་ཇི་ལྟར་ན་ཆུད་གསན་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་གཞུང་དུ་བྱས་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ནི་མགོ་གཅིག་ཏུ་སྨྲ་བ་ཡིན་ཞིང་གདུང་བ་མེད་པར་སྨྲ་བ་ཡིན་ནོ། །བཞི་བོ་གང་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཆོས་ཐམས་ཅད་གང་ཟག་མེད་པར་སྨྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་སྐྱེ་བ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པར་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཐེག་པ་ཆེན་པོའི་བསྔགས་པ་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་དགེ་བ་དང༌། མི་དགེ་བའི་ལས་རྣམས་ཆུད་མི་ཟ་བར་སྨྲ་བ་ཡིན་ནོ་ཞེས་གསུངས་པའི་གསུང་འདི་ཡང་མེད་བར་ལྟ་བ་འཛིན་དུ་འཇུག་པ་ལ་འགལ་བ་ཡིན་ནོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཡོད་པའང་མ་ཡིན་མེད་པའང་མིན་ཏེ་ཆོས་འདི་ཀུན། །རྒྱུ་ལ་བརྟེན་ནས་འབྱུང་ཡིན་འདི་ལ་བདག་མེད་ཅིང༌། །བྱེད་པ་པོའམ་ཚོར་བ་པོ་མེད་དགེ་དང་མི་དགེ་ཡི། །ལས་ནི་ཅི་ཡང་ཆུད་མི་ཟ་བར་གསུངས་པ་ལགས། །ཞེས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་


DTG136_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱིས་བསྟོད་པ་སྦྱར་བ་འདི་ཡང་འགལ་བར་འགྱུར་རོ། །ཀུན་ཏུ་སྣང་བའི་མདོ་སྡེ་ལས་ཀྱང༌། སྒྲ་ཇི་བཞིན་གྱི་དོན་དུ་འཛིན་ན་ཉེས་པ་ལྔ་ཡོད་དོ། །ལྔ་གང་ཞེ་ན། མི་མོས་པའི་གནས་སུ་འགྱུར་བའི་ཉེས་པ་དང། བཙལ་བ་ཉམས་པའི་ཉེས་པ་དང༌། གཞན་ལ་སླུ་བར་བྱེད་པའི་ཉེས་པ་དང༌། སྟོན་པ་ལ་སྐུར་བ་འདེབས་པའི་ཉེས་པ་དང༌། ཆོས་སྤོང་བར་བྱེད་པའི་ཉེས་པའོ་ཞེས་རང་གི་སྒྲས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལེགས་པར་རྣམ་པར་བྱང་བ་རྟོགས་པས་ཀྱང༌། སྒྲ་བཞིན་དོན་ནི་ཀུན་ཏུ་བརྟགས་པ་ན། །རང་དགའ་དག་གིས་བློ་ནི་ཉམས་འགྱུར་ལ། །ལེགས་བར་གསུངས་ལ་སྐུར་ཅིང་སྨད་པར་འགྱུར། །ཆོས་ལ་ཁོང་ཁྲོ་སྒྲིབ་པར་འགྱུར་བ་ཡིན། །ཞེས་གསུངས་པ་དེ་དང་ཡང་འགལ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་དད་པ་ཆེན་པོ་སྐྱེ་བ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་མི་འགྱུར་རོ། །དགོངས་པ་ཅན་གྱི་དོན་ནི་སྒྲ་ཇི་བཞིན་མ་ཡིན་པར་ཚུལ་བཞིན་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་འགྱུར་རོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན། ལྟ་བ་བཟང་པོ་མ་ཡིན་བ་ཉི་ཤུ་རྩ་བརྒྱད་སྐྱེ་སྟེ། འདི་ལྟ་སྟེ། མཚན་མར་ལྟ་བ་དང༌། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། སྦྱོར་བ་གཏོང་བའི་ལྟ་བ་དང༌། ཡོངས་སུ་འཛིན་པའི་ལྟ་བ་དང༌། བསྒྱུར་བའི་ལྟ་བ་དང༌། ངེས་པར་འབྱིན་བ་མ་ཡིན་བའི་ལྟ་བ་དང༌། ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་དང༌། ངེས་པར་འབྱུང་བར་ལྟ་བ་དང༌། སྒྲིབ་བ་ལ་སོགས་པའི་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། འཁྲུག་པའི་ལྟ་བ་དང༌། བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་དང༌། ཕྱིན་ཅི་ལོག་གི་ལྟ་བ་དང༌། ང་ལ་


DTG136_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྲས་བུ་མེད་པའི་ལྟ་བ་དང༌། སྐྱེད་པའི་ལྟ་བ་དང༌། སླུ་བའི་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། ཚར་གཅོད་པའི་ལྟ་བ་དང༌། བཀུར་སྟིར་ལྟ་བ་དང༌། སྐུར་པའི་ལྟ་བ་དང༌། རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་དང༌། ཁ་ན་མ་ཐོབ་ཉིད་ཀྱི་ལྟ་བ་དང། ལྟ་བ་ཆེན་པོ་དང༌། མངོན་བའི་ང་རྒྱལ་གྱི་ལྟ་བའོ། །རིགས་ཀྱི་བུ་དེ་ལ་མཚན་མར་ལྟ་བ་གང་ཞེ་ན། ངས་ཀུན་ཏུ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ལ་དགོངས་ནས་ཆོས་རྣམས་ཀྱི་མེད་བ་ཉིད་བསྟན་པ་གང་ཡིན་པ་དེ་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་ཅིང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང༌། རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་མེད་པ་ཉིད་དུ་མངོན་པར་ཞེན་པ་ན་མེད་པ་ཉིད་དུ་མཚན་མར་བཟུང་ནས་མེད་པར་ལྟ་བ་འབྱུང་བ་སྟེ། དེ་ལྟ་བས་ན་མཚན་མར་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ནི་ལྟ་བ་མ་ཡིན་པའི་འདུ་ཤེས་འབྱུང་བ་ཡིན་ནོ། །མེད་པར་ལྟ་བ་གང་ཡིན་པ་དེ་ནི་དེའི་ལྟ་བ་ཆེན་པོ་ཡིན་ཏེ། དེ་ལྟ་བས་ན་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱའོ། །དེ་ལ་ཐ་སྙད་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་མཚན་མར་ལྟ་བ་དེས་ཐམས་ཅད་ལ་སྐུར་པ་འདེབས་པ་ན་ཐ་སྙད་ལ་སྐུར་པ་འདེབས་བར་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད་དོ། །དེ་ལྟ་བས་ན་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །དེ་ལ་སྦྱོར་བ་གཏོང་བའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་ཅན་དེ་ཉིད་ཕྱིས་གང་གིས་ཁྱད་པར་དུ་འགྲོ་བ་ལས་ཡོངས་སུ་ཉམས་བར་འགྱུར་བ་རབ་ཏུ་རྣམ་པར་འབྱེད་པའི་སྦྱོར་བ་གཏོང་བའོ། །དེ་ལ་ཡོངས་སུ་འཛིན་པའི་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་


DTG136_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། སྐུར་བ་འདེབས་པའི་ལྟ་བ་དང༌། སྦྱོར་བ་གཏོང་བའི་ལྟ་བ་ཅན་དེ་ཉིད་གཞན་དག་དང་ལྷན་ཅིག་ཏུ་ཆོས་ཀྱི་མཚན་ཉིད་རྣམ་པར་གཏན་ལ་དབབ་པར་བྱེད་པ་ན་མེད་པའི་ཕྱོགས་ཁོ་ནར་ཡོངས་སུ་འཛིན་པས་ན་དེ་ལྟ་བས་ན་ཡོངས་སུ་འཛིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་སྒྱུར་བའི་ལྟ་བ་ནི་གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་གྱི་བསྔགས་པ་བརྗོད་པ་ན་འདི་དག་ཐམས་ཅད་ནི་མེད་པའི་དོན་སྟོན་པ་ཡིན་ནོ་ཞེས་དོན་དེ་དག་ལྟ་བ་དེ་ཁོ་ནར་སྒྱུར་བར་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་སྒྱུར་བའི་ལྟ་བ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་ནི་ཡོངས་སུ་འཛིན་པའི་ལྟ་བ་གང་ཡིན་པ་དང༌། སྒྱུར་བའི་ལྟ་བ་གང་ཡིན་པ་དེ་ནི་བདག་གམ་གཞན་གྱི་ཕྱིར་རེ་ཞིག་ཐེག་པ་དམན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱིན་པ་མ་ཡིན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་པ་སྟེ། དེ་ལྟ་བས་ན་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཁ་ན་མ་ཐོབ་མེད་པ་ཉིད་དུ་ལྟ་བ་ནི། དེ་མེད་པའི་མཚན་མ་ཉིད་དུ་ལྟ་བར་གྱུར་ནས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་ལྟ་བ་འདི་དང་ལྡན་ན་འཁྲུལ་བའི་ཉེས་བྱས་ཅུང་ཟད་སྤྱད་ཀྱང་དེ་ལ་ཐམས་ཅད་དུ་ཁ་ན་མ་ཐོ་བར་མི་འགྱུར་བར་ལྟ་བ་འབྱུང་བ་སྟེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་ཞེས་བྱའོ། །དེ་ལ་ངེས་པར་འབྱུང་བར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་མེད་པའི་མཚན་མར་ལྟ་བ་འདི་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལས་ངེས་པར་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དེ་ངེས་པར་འབྱུང་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ངེས་པར་འབྱུང་བར་ལྟ་བ་ཞེས་བྱའོ། །ཁ་ན་མ་ཐོ་བ་ཉིད་དང༌། ངེས་པར་འབྱུང་བར་ལྟ་བདག་ཉིད་སྒྲིབ་པ་ལ་སོགས་པའི་ལྟ་བ་ཡིན་ཏེ། སྒྲིབ་པའི་རྒྱུ་དེ་ལ་དེའི་གཉེན་པོ་ཡིན་པར་བློ་འབྱུང་བའི་ཕྱིར་རོ། །དེ་ལ་བརྙས་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་ཉན་ཐོས་ཀྱི་ཐེག་པ་ལ་ཆོས་འདི་དག་ནི་བྱང་ཆུབ་སེམས་དཔའ་གོམས་བར་མི་བྱའོ། །ཆོས་འདི་དག་ནི་དམན་པ་ཡིན་པས་འདི་དག་ལ་བྱང་


DTG136_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔས་མཁས་བ་ཉིད་དུ་མི་བྱའོ། །ཆོས་འདི་དག་ནི་བྱང་ཆུབ་སེམས་དཔས་ཐག་རིང་དུ་སྤང་བར་བྱའོ་ཞེས་བརྙས་པའི་སེམས་སྐྱེ་བ་གང་ཡིན་པ་སྟེ། དེ་ལྟ་བས་ན་བརྙས་པའི་ལྟ་བ་ཞེས་བྱའོ། །དེ་ལ་འཁྲུག་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་འདི་དག་དང་ལྷན་ཅིག་གནས་པར་མི་བྱ། གླེང་བ་དང༌། ཀུན་ཏུ་གླེང་བ་དང༌། སྨྲ་བ་དང༌། གོས་ལ་སོགས་པ་ཀུན་ཏུ་སྤྱད་པ་དང༌། ལོངས་སྤྱད་པར་མི་བྱའོ་ཞེས་ཁོང་ཁྲོ་བའི་སེམས་སྟོན་པ་གང་ཡིན་པ་དེ། དེ་ལྟ་བས་ན་འཁྲུག་པའི་ལྟ་བ་ཞེས་བྱའོ། །དེ་ལ་བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་ནི་དེ་ཉིད་བརྙས་པའི་ལྟ་བ་དང༌། འཁྲུག་པའི་ལྟ་བ་ཅན་དུ་གྱུར་ན་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པ་ཡིན་ཏེ། དེ་ལྟ་བས་ན་བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཕྱིན་ཅི་ལོག་གི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་གང་གིས་ན་དེའི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་དེ་མི་འགྲུབ་པ་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་རྟོག་པ་དང༌། མཚན་མ་མེད་པ་ལ་མཚན་མ་མེད་པ་ཉིད་དུ་མི་རྟོག་པ་དང༌། སྨོན་པ་མེད་པ་ལ་སྨོན་པ་མེད་པ་ཉིད་དུ་མི་རྟོག་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཕྱིན་ཅི་ལོག་གི་ལྟ་བ་ཞེས་བྱའོ། །དེ་ལ་ངལ་བ་འབྲས་བུ་མེད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་ལྟ་བ་ཅན་དེའི་ཏིང་ངེ་འཛིན་བསྒོམ་པ་ངལ་བ་འབྲས་བུ་མེད་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ངལ་བ་འབྲས་བུ་མེད་བའི་ལྟ་བ་ཞེས་བྱའོ། །དེ་ལ་སྐྱེད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་ལྟར་བྱང་ཆུབ་སེམས་དཔའ་གང་ལྟ་བ་དེ་ལ་སྐྱེ་བོའི་ཚོགས་ཆེན་པོ་ཡང་དག་བར་ལེན་དུ་འཇུག་ཅིང་སྐྱེ་བོའི་ཚོགས་ཆེན་པོ་དད་པར་བྱེད་པ་དེ་ནི་བསོད་ནམས་མང་པོ་སྐྱེད་པ་ཡིན་ནོ་ཞེས་ལྟ་བ་འབྱུང་བ་གང་ཡིན་པ་སྟེ། དེ་ལྟ་བས་ན་སྐྱེད་པའི་ལྟ་བ་ཞེས་བྱའོ། །དེ་ལ་སླུ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་སྐྱེས་པའི་ལྟ་བ་ཅན་བསོད་ནམས་ཀྱི་བསམ་པ་ཅན་དེ་བདག་གམ་གཞན་ལས་བསོད་ནམས་སླུ་བ་འབྱུང་བ་གང་ཡིན་པ་སྟེ། དེ་ལྟ་བས་


DTG136_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ན་སླུ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ཁས་མི་ལེན་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་མེད་པ་ཉིད་འདི་ལ་གཞན་དག་དང་རྩོད་བར་བྱེད་པ་ན་ཡང་ཕྱོགས་འགའ་ཡང་ཁས་བླངས་བར་མི་བྱ་ཞིང༌། བདག་གིས་སུན་ཅི་ཕྱིན་བ་འབའ་ཞིག་བྱའོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཁས་མི་ལེན་པའི་ལྟ་བ་ཞེས་བྱའོ། །དེ་ལ་ངན་གཡོའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་བ་མཚན་མར་ལྟ་བ་ཅན་ཕྱོགས་ཁས་མི་ལེན་ཅིང་སྒྲ་ཇི་བཞིན་གྱི་མེད་པ་ཉིད་དེ་རྣམ་པར་འཇོག་པ་དེ་ཉིད་ཚིག་དོར་བ་དང༌། ལྟག་ཆོད་སྨྲ་བའི་སྦྱོར་བ་བྱེད་དོ། །ཚིག་དོར་བ་དང་ལྟག་ཆོས་སྨྲ་བའི་སྦྱོར་བ་ནི་ངན་གཡོ་སྨྲ་བ་ཞེས་བྱ་བ་སྟེ། དེ་ལྟ་བས་ན་ངན་གཡོའི་ལྟ་བ་ཞེས་བྱའོ། །དེ་ལ་ཚར་གཅད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཁས་མི་ལེན་བའི་ལྟ་བ་དང༌། ངན་གཡོའི་ལྟ་བ་ཅན་དེ་ཉིད་སྨྲ་བ་སྙིང་པོ་མེད་པའི་ཕྱིར་མཁས་པ་རྣམས་ཀྱིས་དུས་ཐམས་ཅད་དུ་ཚར་གཅད་པ་ཡིན་ཏེ། དེ་ལྟ་བས་ན་ཚར་གཅད་པའི་ལྟ་བ་ཞེས་བྱའོ། །དེ་ལ་བཀུར་སྟིའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་ལྟར་གང་ཞིག་དེ་བཞིན་གཤེགས་པས་གསུངས་པའི་ལྟ་བ་འདི་ལ་བརྟེན་པ་ནི་སྟོན་པ་ལ་བཀུར་སྟི་བྱེད་པ་ཡིན། བླ་མར་བྱེད་པ་ཡིན། རི་མོར་བྱེད་པ་ཡིན། མཆོད་པར་བྱེད་བ་ཡིན་ནོ་ཞེས་བྱ་བར་ལྟ་བ་འབྱུང་སྟེ། བཀུར་སྟི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཀུར་སྟིའི་ལྟ་བ་ཞེས་བྱའོ། །དེ་ལ་སྐུར་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་བཀུར་སྟིའི་ལྟ་བ་ཅན་དེ་ཉིད་དེ་བཞིན་གཤེགས་བ་ལ་སྐུར་པ་འདེབས་པར་བྱེད་པ་གང་ཡིན་པ་སྟེ། བཀུར་སྟི་མི་བྱེད་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྐུར་པའི་ལྟ་བ་ཞེས་བྱའོ། །དེ་ལ་རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་མངོན་པར་མ་ཞེན་པ་ལྟ་བ་ཕྱིན་ཅི་མ་ལོག་པ་གཞན་རྣམས་ཀྱི་རིགས་པ་ཡང་དག་པར་བསྟན་པ་ཡང་བྱས། རྣམ་པ་དུ་མར་བཟློག་པ་ཡང་བྱས་བཞིན་དུ་


DTG136_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དེ་ལས་བཟློག་པར་མི་ནུས་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་རྨོངས་བ་ཉིད་ཚབས་ཆེ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ཁ་ན་མ་ཐོ་བ་ཉིད་ཀྱི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་དེ་ཉིད་ཁ་ན་མ་ཐོ་བ་ཉིད་ཀྱི་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ཆེན་པོ་ནི་ལྟ་བ་ཉི་ཤུ་རྩ་དྲུག་པོ་འདི་ཐམས་ཅད་ལྟ་བ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་འདི་ཇི་ལྟ་བུ་ཡིན་པ་ལྟར་འཇིག་ཚོགས་ཀྱི་ལྟ་བའི་གཞི་ཅན་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ནི་དེ་ལྟར་ཁ་ན་མཐོ་བ་ཆེན་པོ་དང་བཅས་བ་མ་ཡིན་ནོ། །དེ་ལྟ་བས་ན་ལྟ་བ་ཆེན་པོ་ཞེས་བྱ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་ནས་འདི་ལྟར་ལྟ་བ་ཅན་མེད་པར་ལྟ་བ་སྟོན་པར་བྱེད་པ་ན། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དུས་ཚད་མེད་པར་སྒྲིབ་བ་ཡོངས་སུ་འཛིན་པར་བྱེད་པ་དང༌། འཇིག་རྟེན་ཀུན་ཏུ་སྦྱོར་བར་བྱེད་པ་དེ་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་གྱི་ལྟ་བའི་རྣམ་པ་དག་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་འཇིག་རྟེན་ཀུན་ཏུ་སྦྱོར་བར་མི་བྱེད་དོ། །དེ་ལ་མངོན་པའི་ང་རྒྱལ་གྱི་ལྟ་བ་ནི་ལྟ་བ་ཆེན་པོ་དེ་ཉིད་ལ་མངོན་པའི་ང་རྒྱལ་གྱི་ལྟ་བ་ཅན་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་རྣམས་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པའི་ང་རྒྱལ་བྱེད་པ་ན་ལོག་པའི་ལྟ་བ་འདི་འབྱུང་བས་སོ། །དེ་ལྟ་བས་ན་མངོན་པའི་ང་རྒྱལ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཞེ་ན། ལྟ་བ་མི་བཟང་བ་བཀག་པའི་ཕྱིར་རོ། །ཇི་ལྟར་བཀག་པའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་འདི་སྐད་དུ། ཆོས་དེ་ནི་ནམ་མཁའ་དང་འདྲ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་དེ་ནི་མེད་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་དེ་ནི་ཡོད་པ་མ་ཡིན་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་


DTG136_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པ་འདི་ལ་སུ་ཞིག་ཤེས་པར་འགྱུར། འདི་ལ་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེས་སུ་ཡང་ངེས་པར་འབྱིན་པར་མི་བྱེད་དེ། གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་ཐམས་ཅད་ནི་ནམ་མཁའ་དང་འདྲ་བ་ཡིན་པས་ཁྱོད་དོན་མེད་པས་རྣམ་པར་ཉམས་སོ། །འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བ་འདི་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། དེ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་འདུན་པ་ཟློག་པར་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་དེ་ལྟར་ཤེས་བར་བྱ་ཞིང་དེ་ལྟར་རིག་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཐེག་པ་ཆེན་པོ་མེད་པར་ལྟ་བ་འཛིན་དུ་འཇུག་པའི་ཕྱིར་གཞུང་དུ་བྱས་པ་ཡིན་ན་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་མེད་པར་ལྟ་བ་དེ་བཀག་པར་མི་འགྱུར་བ་ཞིག་གོ །ཅིའི་ཕྱིར་གཞན་དུ་དོན་དམ་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་གཞན་དུ་བདུད་ཀྱི་ལས་ཞེས་བསྟན་ཞེ་ན། དགོངས་པ་ཅན་གྱི་དོན་ལ་དགོངས་ནས་དོན་དམ་པ་ཞེས་གསུངས་ལ། སྒྲ་ཇི་བཞིན་གྱི་དོན་ལ་དགོངས་ནས་བདུད་ཀྱི་ལས་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་མི་དགེ་བའི་ལས་ཀྱི་ལམ་དགག་པར་ཡང་འབྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལོག་པར་ལྟ་བ་ལན་མང་དུ་བཀག་པ་ཡིན་ཏེ་དེས་ན། གང་ཞིག་ཐམས་ཅད་མེད་དོ་ཞེས་བྱ་བ་འཛིན་དུ་གཞུག་པར་ཞུགས་པ་དེ་ཇི་ལྟར་ན་བྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འགོག་པར་བྱེད་དེ། དེའི་ཕྱིར་ན་ཡང་འདི་ལྟ་བ་བཟང་པོ་མ་ཡིན་པ་འཛིན་དུ་གཞུག་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཞེ་ན། ཕན་པའི་ཐབས་བསྟན་པའི་ཕྱིར་རོ། །བསོད་ནམས་ཐམས་ཅད་བསགས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ། །བཞི་པོ་གང་དག་ཅེ་ན། ལྟ་བ་སྤངས་པས་བདོག་པ་ཐམས་ཅད་ཡོངས་


DTG136_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོང་བ་ཉིད་དང༌། ཉོན་མོངས་པ་ཐམས་ཅད་རང་ཏུ་ཞི་བས་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་དང༌། ཆོས་ལ་འཇུག་པའི་བཟོད་པའི་སྟོབས་དང་ལྡན་པ་ཉིད་དང༌། དབེན་པའི་ཆོས་ལ་མོས་པས་བརྩོན་འགྲུས་བརྩམས་པ་ཉིད་དང་ངོ༌། །བཞི་པོ་གཞན་དག་གིས་ཀྱང་ཡིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ཀྱིས་བྱམས་པ་ཆེན་པོ་དང༌། འཁོར་བ་ལ་ཡོངས་སུ་མི་སྐྱོ་བ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་དང༌། ཆོས་ལ་དགའ་བ་དང༌། རབ་ཏུ་དགའ་བ་ཉིད་ཀྱིས་དགའ་བ་ཆེན་པོ་དང༌། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཉིད་དང་ངོ་ཞེས་གསུངས་པ་ཡིན་ན་གང་ཞིག་སེམས་ཅན་ཆུད་གསན་པར་ཞུགས་པ་དེ་ཇི་ལྟར་ན་མེད་པ་ཅན་གྱི་ལྟ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཕན་པ་ཉིད་ཀྱི་ཐབས་སྟོན་པར་བྱེད། ཡང་དག་བར་སྒྲུབ་པ་དེ་མེད་བར་ཡང་མེད་པའི་ལྟ་བ་འཐོབ་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་བས་ན་ཐེག་པ་ཆེན་པོ་སེམས་ཅན་རྣམས་མེད་པར་ལྟ་བ་འཛིན་དུ་འཇུག་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཡང་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་བོ། །བསྡུས་པའི་ཚིགས་སུ་བཅད་པ་དག་ནི། ཇི་ལྟར་སངས་རྒྱས་གསུང་མ་ཡིན། །འགལ་བའི་ཕྱིར་རོ་གཞན་དེ་བཞིན། །དེ་ངེས་དོན་ཡིན་རིལ་མི་ཤེས། །ངེས་དོན་མེད་པར་ཇི་ལྟར་ཤེས། །དེ་སྒྲ་ཇི་བཞིན་དོན་མ་ཡིན། །འགལ་བའི་ཕྱིར་རོ་ཉམས་བྱེད་མིན། །ལྟ་བ་མི་བཟད་བཀག་ཕྱིར་རོ། །ཕན་པའི་ཐབས་ཀྱང་བསྟན་ཕྱིར་རོ། །དེ་ནི་ངེས་བའི་དོན་ཡིན་གྱི། །ཐེག་པ་ཆེན་པོ་ལ་ནི་ངེས་བའི་དོན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ཐོས་བ་ཉུང་བའི་ཕྱིར་དེ་སྐད་སྨྲས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བ་དེ་ཐམས་ཅད་ངེས་པའི་དོན་མ་ཡིན་པར་འབྱུང་ལ། མདོ་སྡེ་གཞན་གྱི་ཁྱད་པར་གཞན་མང་པོ་དག་ལས་ཀྱང་དོན་དེ་ཉིད་ཡོངས་སུ་བསྟན་ཏོ། །མདོ་སྡེའི་དུམ་བུ་དེ་དག་ནི་གཞུང་མངས་པ་ཡོངས་སུ་སྤང་བའི་ཕྱིར་མ་བཀོད་དོ། །དེ་དག་ལས་ཚིགས་སུ་བཅད་པ་ཙམ་ནི་


DTG136_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཤིག་བརྗོད་པར་བྱའོ། །རེ་ཞིག་དགོངས་པ་ངེས་པར་འགྲེལ་བ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པས་འདི་དག་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་གསུངས་པ་ཡིན་ནོ། །གཞན་ལས་ཀྱང༌། ཕུང་པོ་དག་ལ་བདག་མེད་དོ། །ཕུང་པོ་དག་ནི་བདག་མ་ཡིན། །དེ་དག་བརྟགས་པ་བཞིན་དུ་མེད། །དེ་དག་མེད་པའང་མ་ཡིན་ནོ། །ཇི་ལྟར་བྱིས་པས་བརྟགས་པ་བཞིན། །དངོས་པོ་ཐམས་ཅད་ཡོད་པ་སྟེ། །ཇི་ལྟར་མཐོང་བཞིན་དེ་ཡིན་ན། །ཐམས་ཅད་ཡང་དག་མཐོང་བར་འགྱུར། །དངོས་པོ་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །ཇི་ལྟར་མཐོང་བཞིན་དེ་མེད་དོ། །དེ་དག་མེད་པའང་མ་ཡིན་ནོ། །ཡང་གསུངས་པ། ཀུན་དུ་བརྟགས་པའི་རང་བཞིན་གྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཞན་གྱི་དབང་ལ་གནས་ནས་ནི། །མི་ཡི་རྣམ་རྟོག་འཁྱམས་པ་ཡིན། །ནམ་ཞིག་གཞན་གྱི་དབང་དག་སྟེ། །རྣམ་པར་རྟོག་དང་བྲལ་བ་ན། །ཤིན་ཏུ་གྱུར་པ་དེ་བཞིན་ཉིད། །རྟོག་པ་སྤངས་པར་གནས་པའོ། །རྣམ་བརྟགས་བདེན་པར་ཡོད་མིན་གྱིས། །རྣམ་པར་རྟོག་བསམ་རྟོག་ཤིག །གཟུང་དང་འཛིན་པའི་མཚན་ཉིད་དུ། །ནོར་བར་དེ་དག་རྣམ་རྟོག་ན། །ཕྱི་རོལ་དོན་མཐོང་བརྟགས་ན་ནི། །ཀུན་དུ་བརྟགས་པའི་རང་བཞིན་ནོ། །རྟོག་པ་གང་གིས་རྟོག་བྱེད་པ། །རྐྱེན་ལས་སྐྱེས་པའི་རང་བཞིན་ནོ། །ཕྱི་རོལ་དོན་མཐོང་ལོག་པ་སྟེ། །དོན་མེད་སེམས་ནི་འབའ་ཞིག་གོ །རིགས་པས་རྣམ་པར་གཞིགས་ན་ནི། །གཟུང་བ་དང་ནི་འཛིན་པ་འགག །ཇི་ལྟར་བྱིས་པས་བརྟགས་པ་ལྟར། །ཕྱི་རོལ་གྱི་ནི་དོན་མེད་དོ། །བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་ཤིན་ཏུ་འབྱུང༌།


DTG136_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་ལ་སོགས་པ་ངེས་པའི་དོན་བཤད་པ་ལ་དོན་དམ་ཚིག་གི་ཁོང་དུ་ཆུད་བར་མ་བྱས་པར་ཐེག་པ་ཆེན་པོ་ལ་ངེས་པའི་དོན་བཤད་པ་མེད་དོ་ཞེས་ཟེར་བ་ནི་གྱ་ཚོམ་ཙམ་འབའ་ཞིག་གོ །དེ་དེ་ལྟ་བས་ན་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་དེ་མ་གྲུབ་བོ། །གཞན་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་ཟེར་ན། སངས་རྒྱས་ཀྱི་གསུང་གི་མཚན་ཉིད་ཅི་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །སྨྲས་པ། སངས་རྒྱས་ཀྱི་གསུང་ཉིད་དུ་སྡེ་པ་བཅོ་བརྒྱད་དག་གིས་ཡོངས་སུ་བཟུང་བ་གང་ཡིན་པའོ་ཞེ་ན། འོ་ན་དོན་དམ་པ་སྟོང་པ་ཉིད་ལ་སོགས་པའི་མདོ་སྡེ་བདག་མེད་པ་དང་ལྡན་པ་འཕགས་པ་ཀུན་གྱིས་བཀུར་བའི་སྡེ་བདག་གིས་ཁས་མི་ལེན་པ་དག་དང༌། སྲིད་པ་བར་མདོ་དང་ལྡན་པ་སྲིད་པ་བདུན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟོན་པའི་སྡེ་ལ་སོགས་པ་རྣམས་ཀྱིས་ཁས་མི་ལེན་པ་གང་ཡིན་པ་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །སྡེ་པ་ཕན་ཚུན་ཐ་དད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་ཀྱང་སྡེ་པ་བཅོ་བརྒྱད་པོ་དག་གིས་ཡོངས་སུ་བསྡུ་བར་ཇི་ལྟར་ནུས་པས་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །འདུལ་བ་དང་ཆོས་མངོན་པ་དག་ཀྱང་སྡེ་པ་ཐམས་ཅད་ལ་ཚིག་དང༌། དོན་གྱིས་ཐ་དད་པས་དེ་གཉིས་སངས་རྒྱས་ཀྱི་གསུང་ཉིད་དུ་ཇི་ལྟར་རྟོགས་བར་བྱ། འོ་ན་སློབ་དཔོན་གྱི་རིགས་འགའ་ཞིག་གིས་ཡོངས་སུ་བཟུང་བ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེ་ན། ཇི་རེ་ཞིག་གང་སྨྲས་པ་དེ་ལེགས་པར་སྨྲས་པས་སམ་འོན་ཏེ་རིགས་པ་འགའ་ཞིག་ཡོད། འདི་ལ་མི་རིགས་པ་ཅི་ཡོད་ཅེ་ན། ཇི་ལྟར་ན་ཕན་ཚུན་འགལ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ལ། སངས་རྒྱས་ཀྱི་གསུང་མཐའ་དག་ནི་དེང་སང་མི་སྣང་ངོ་ཞེས་དེ་སྐད་ཀྱང་བསྟན་ཟིན་ཏོ། །དེ་ལྟ་བས་ན་དེ་ནི་མཚན་ཉིད་དང་བྲལ་བ་ཡིན་ནོ། །འོ་ན་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང༌། ཆོས་ཉིད་དང་མི་མཐུན་པ་མེད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ཏེ། ཆེན་པོ་བསྟན་པ་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། མདོ་སྡེའམ་འདུལ་བ་ནི་གང་ལ་ཆོས་ཉིད་གང་ཡིན། ཡང་དག་པར་སྡུད་པར་བྱེད་བ་རྣམས་ཀྱིས་མདོ་


DTG136_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའམ། འདུལ་བ་ཡང་དག་པར་བསྡུས་པ་གང་ཡིན་པ་དང༌། དེ་གཉིས་ལ་གྲགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཆོས་ཉིད་གང་ཡིན་པའོ་ཞེ་ན། ཡང་དག་པར་བསྡུས་པའི་གཞི་པོ་དེང་སང་ཉམས་སོ་ཞེས་མ་བསྟན་ཏམ། འོ་ན་སྡེ་པ་གང་ལ་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་རབ་ཏུ་གྲུབ་པའི་ཆོས་ཉིད་གང་ཡིན་བའོ་ཞེ་ན། ཇི་ལྟར་ན་ཕན་ཚུན་འགལ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ཞེས་མ་བཀག་གམ། འོ་ན་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཉོན་མོངས་པ་འདུལ་བ་ལ་སྣང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་མ་ཡིན་པ་གང་ཡིན་པའོ་ཞེ་ན། ཇི་ལྟར་གང་ཞིག་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཅི་རེ་ཞིག་ཚིག་གིས་སམ། འོན་ཏེ་དོན་གྱིས་ཡིན། གལ་ཏེ་ཚིག་གིས་སོ་ཞེ་ན། དེ་ལས་གཞན་པའི་མདོ་སྡེ་ཐམས་ཅད་མི་འཇུག་གོ །འོན་ཏེ་དོན་གྱིས་སོ་ཞེ་ན། ཇི་ལྟར་ཐེག་པ་ཆེན་པོ་དེ་ལ་དོན་གྱིས་མི་འཇུག །ཉོན་མོངས་པ་འདུལ་བ་ལ་མི་སྣང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་ཡིན། གལ་ཏེ་འགལ་བའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ནི་སྔར་བསྩལ་ཟིན་ཏོ། །དེ་ལྟ་བུའི་ཚིག་རྣམས་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གིས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་པར་འགྲུབ་པར་འགྱུར་བའི་མཚན་ཉིད་དེ་མེད་དོ། །ཅིའི་ཕྱིར་གང་དག་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ་ཞེས་དེ་སྐད་བསྟན་དགོས་པའི་ཚིག་དེ་དག་བསྟན་ཞེ་ན། རེ་ཞིག་ཚིགས་སུ་བཅད་པ་ལས། ཕ་དང་མ་ནི་བསད་བྱས་ཤིང༌། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་པ་ཇི་ལྟ་བུ་ཡིན། དེ་ནི་གདོན་མི་ཟ་བར་བཤད་པར་བྱ་སྟེ། སྲིད་བ་ལ་སོགས་པ་ནི་མ་ལ་སྩོགས་བ་དང་འདྲ་བའི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར་རོ་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ། མ་སྐྱེས་པ་མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་ཡང་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱིས་བས་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཡོད་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་རོ། །རང་བཞིན་གྱིས་མིག་སྐྱོན་ཅན་དུ་གྱུར་པ་དག་ལ་ཀུན་ཏུ་བརྟགས་པའི་རང་བཞིན་


DTG136_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་དེ་མེད་པ་ཉིད་ཡིན་པ་དང་འདྲ་བར་དེ་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ་ཞེས་འདི་སྐད་ཀྱང་གདོན་མི་ཟ་བར་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། མགོ་སྨོས་པ་མི་ཤེས་པ་རྣམས་བརྗོད་དུ་མེད་པའི་ངོ་བོའི་ཆོས་མེད་པར་འཛིན་པ་བསལ་བའི་ཕྱིར་རོ། །དེ་ལྟར་ན་ཁ་ཅིག་ནི་སྒྲོ་འདོགས་པའི་མཐའ་དང༌། ཁ་ཅིག་ནི་སྐུར་བ་འདེབས་པའི་མཐའ་སྤངས་པ་ཡིན་ནོ། །གཞན་ཡང་ལུང་འདི་ཡང་ཡོད་དེ། རྒྱུ་ལྔ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨོས་པའི་རྣམ་པ་བསྟན་པ་མདོར་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། ལེགས་པར་ཐ་སྙད་གདགས་པའི་རྗེས་སུ་མཐུན་པ་ཉིད་དང༌། དགོངས་པ་སྣ་ཚོགས་ཀྱི་ཐབས་དང་མཐུན་པ་ཉིད་དང་སྒྲིམ་པ་དྲག་པོས་དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པ་ཉིད་དང༌། དེའི་དོན་ཁོང་དུ་ཆུད་པ་ལས་དགའ་བའི་ཁྱད་པར་གྱིས་བདེ་བར་གནས་པ་དང་མཐུན་པ་ཉིད་དང༌། འབྲེལ་པའི་གཏམ་ཉིད་རྣམ་པར་གཏན་ལ་དབབ་པས་ཤེས་རབ་ཀྱིས་དཔྱོད་པའི་ཐབས་དང་མཐུན་པ་ཉིད་ཀྱིས་སོ། །གལ་ཏེ་དེ་སྐད་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ན། ཅིའི་ཕྱིར་ཉན་ཐོས་རྣམས་ལ་ཡང་ཉན་ཐོས་ཀྱི་ཐེག་པར་དེ་སྐད་མ་བསྟན་ཞེ་ན། །དེ་དག་ལ་ནི་དེ་སྐད་བསྟན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པ་ལ་གཟུད་པར་མི་བྱ་སྟེ། སྐྱོ་བར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་ལ་འཇིགས་པ་དང་སྙིང་རྗེ་ཆུང་བ་ཡིན་ནོ། །གང་ཟག་ལ་བདག་མེད་པ་ཉིད་ལ་ནི་གཟུད་པར་བྱ་སྟེ། དེ་ལ་བདག་ཏུ་འཛིན་པའི་དབང་གིས་ལུས་ལ་སྲེད་པས་སྡུག་བསྔལ་ལས་རྣམ་པར་མི་གྲོལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ལ་གང་ཟག་མེད་པ་ཁོ་ན་བསྟན་གྱི་ཆོས་མེད་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་ཕྱེད་ནི་བདེན་པ་བསྟན། ཕྱེད་ནི་བརྫུན་པ་སྟེ། གང་ཟག་མེད་དོ་ཞེས་བྱ་བ་ནི་བདེན་པའོ། །ཆོས་རྣམས་ཡོད་དོ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཇི་སྐད་དུ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་འབྱུང༌། །ལས་ཡོད་རྣམ་པར་སྨིན་པ་ཡོད། །བྱེད་པ་པོ་ནི་མི་དམིགས་སོ། །ཞེས་


DTG136_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའོ་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་བརྫུན་ཏེ་བྱུང་བ་ཡོད་དོ་ཞེས་གང་བཤད་པ་དེ་ཅི་བརྫུན་ནམ། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་བཤད་པ་དེ་ལྟར་མི་བརྫུན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་ཆོས་རྣམས་ཡོད་དོ་ཞེས་བཤད་པ་འདི་ཡང་དེ་ལྟར་མི་བརྫུན་ནོ། །ཅི་དགོངས་པ་དེ་ཉན་ཐོས་རྣམས་ཀྱིས་རྟོགས་སམ་ཞེ་ན། བདེན་བ་མ་མཐོང་བ་རྣམས་ཀྱིས་མི་རྟོགས་སོ། །ཇི་ལྟར་ན་དེ་དག་གིས་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གཟུད་པར་བྱ་བའི་འདུལ་བ་རྣམས་ཀྱི་དབང་དུ་མཛད་ནས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བཤད་པ་འདི་ཡང་ཇི་དེ་དག་གིས་དགོངས་པ་དེ་རྟོགས་སམ། སྨྲས་པ། མ་ཡིན་ནོ་ཞེ་ན། ཇི་ལྟར་ན་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སེམས་ཅན་དུ་ལྟ་བ་དེ་ནི་བདེ་འགྲོར་འགྲོ་བའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་དེ་བཤད་པ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཆོས་སུ་ལྟ་བ་དེ་ཡང་མྱ་ངན་ལས་འདས་པའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་ཡང་དེ་བཤད་པ་ཡིན་ནོ། །གལ་ཏེ་འཁོར་བ་ལ་ནི་སྡུག་བསྔལ་བ་ཉིད་དམ་མྱ་ངན་ལས་འདས་པ་ལ་ནི་ཞི་བ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པར་ཀུན་དུ་རྟོག་ན་ཇི་ལྟར་མི་བྱེད་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་ཀུན་ཏུ་རྟོག་པ་ཡང༌། གང་འཕགས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་བསྟན་པའི་རྟེན་ཅན་ཁ་ཅིག་རྣམ་པར་བྱང་བ་དང་མཐུན་པ་ཡིན་ཏེ། དེའི་གཞི་ནི་བརྗོད་དུ་མེད་པའི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ། །དཔེར་ན་མི་དག་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ལུས་དང་གནས་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའམ། འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་བ་གང་ཡིན་པ་དག་ཐོས་ནས་རྟོག་པར་བྱེད་ན། ཅི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་རྟོག་པ་ཡིན་ནམ། འོན་ཀྱང་རྟོག་པ་དེ་དེ་ལ་བརྩོན་པ་རྣམས་ཀྱིས་དེ་ཐོབ་


DTG136_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་མཐུན་པ་མ་ཡིན་ནམ། དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་མི་རྟོག་པ་ལ་སོགས་པའི་རྣམ་པ་དག་གིས་ཆོས་རྣམས་ལ་ཀུན་དུ་རྟོག་པ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་མ་ཡིན་ཏེ། སྒྱུ་མའི་དྲ་བའི་མདོ་ལས་བཅོམ་ལྡན་འདས་ཀྱིས་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་པ་ཡིན་པར་གསུངས་སོ་ཞེས་འབྱུང་བའི་ཕྱིར་རོ། །རྟོག་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་པ་ཐོབ་བར་བྱ་བའི་ཕྱིར་མི་མཐུན་པ་མ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོ་ལས། །ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མིན་པ་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པར། །ཤེས་བྱ་ཐམས་ཅད་ཡིན་པར་བསྟན། །ཞེས་ཚིགས་སུ་བཅད་པ་བསྟན་པ་ཡང་ཡིན་ནོ། །དེ་ལ་ཡང་དག་མིན་རྟོག་ནི་གང་ཞིག་ཐར་བ་དང་མི་མཐུན་པའོ། །ཡང་དག་མིན་ཡང་དག་མིན་པ་མིན་ནི་ཟག་པ་དང་བཅས་པའི་ཐར་པ་དང་མཐུན་པ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་མི་རྟོག་པའི་ཕྱིར་དང༌། དེ་རྟོག་པ་དང་མཐུན་པའི་ཕྱིར་རོ། །མི་རྟོག་ནི་འཇིག་རྟེན་ལས་འདས་པའི་ལམ་དང༌། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ནི་རྣམ་པར་རྟོག་པའི་མཚན་ཉིད་མེད་པའི་ཕྱིར་རོ། །རྟོག་མིན་མི་རྟོག་མ་ཡིན་པ་ནི་འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་ཡུལ་ཡིན་བའི་ཕྱིར་དང༌། ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །གལ་ཏེ་ཆོས་ལ་བདག་མེད་པ་ཉིད་བསྟན་པ་མེད་པར་ཡང་ཉོན་མོངས་པ་རྣམས་སྤོངས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ལ་བདག་མེད་པ་ཉིད་བསྟན་ཞེ་ན། འཁོར་བ་ལས་ཡོངས་སུ་མི་སྐྱོ་ཞིང་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པའི་སྦྱོར་བ་ལ་གོམས་པས་ཡང་དག་པར་སྒྲུབ་པ་ན་ཅི་ནས་དུས་རིང་པོར་འཁོར་བ་ལ་ཡང་མི་སྐྱོ་ཞིང་ཀུན་ནས་ཉོན་མོངས་བར་མི་འགྱུར་བ་དེ་ལྟ་བུ་ནི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་མཚན་མ་ཐམས་ཅད་དང་བྲལ་བ་འཐོབ་བོ། །བསོད་


DTG136_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་བསགས་ནས་ཐོས་བ་མཐའ་ཡས་པ་ཡོངས་སུ་བསྒོམ་པའི་གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་ཟད་མི་ཤེས་པའི་སྙིང་བོ་ཅན་ཐམས་ཅད་ལ་མངོན་བར་འདུ་བྱེད་བ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རོ་གཅིག་པ་ཞི་བའི་ཏིང་ངེ་འཛིན་རབ་ཀྱི་མཐར་ཕྱིན་པ་བསྒྲུབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །གཞན་དུ་ན་ནི་ཉན་ཐོས་དག་དང་འདྲ་བར་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ་ཞེས་གང་ཟག་ལ་བདག་མེད་པའི་རྣམ་པ་འབའ་ཞིག་ཡིད་ལ་བྱེད་པའི་སྦྱོར་བ་ལ་གོམས་པ་ལས། འཁོར་བ་ལ་ཡིད་བྱུང་བ་མང་བའི་ཤས་ཆེ་བའི་རྒྱུད་ཀྱིས་མྱ་ངན་ལས་འདས་པ་ཁོ་ན་ལ་ཞི་བར་ལྟ་ཞིང༌། སེམས་ཅན་རྣམས་ལ་སྙིང་རྗེ་བཏང་སྟེ། མྱུར་བ་ཁོ་ནར་གང་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པར་འགྱུར་གྱི། རྒྱུད་ཆོས་ཀྱི་མཚན་མ་ལ་འདུ་ཤེས་པས་གཟིར་བས་དུས་རིང་པོར་འཇུག་ཀྱང་གང་གི་མཐར་ཕྱིན་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་དབང་བ་ཐོབ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རིགས་ཞི་བ་སེམས་ཀྱི་ཏིང་ངེ་འཛིན་ནི་འཐོབ་པར་མི་འགྱུར་རོ། །འདིར་ཡང་བཤད་པ། བརྟགས་པའི་ཆོས་ཀྱི་རྣམ་རྟོག་ནི། །ཤེས་བྱ་ཀུན་ལ་མ་སྤངས་པར། །ཐམས་ཅད་མཁྱེན་ཉིད་ཡོད་མིན་པས། །དེ་ཕྱིར་ཆོས་ལ་བདག་མེད་བསྟན། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་གྲོལ་བ་ན་ཅི་དེ་དག་ཆོས་ལ་བདག་མེད་པ་ཤེས་པས་རྣམ་པར་གྲོལ་ལམ། འོན་ཏེ་གང་ཟག་ལ་བདག་མེད་པར་ཤེས་པས་ཤེ་ན། བཤད་པ་ཆོས་ལ་བདག་མེད་པར་ཤེས་པས་སོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཁམས་མང་པོ་པ་དང། དགྲ་བཅོམ་པའི་མདོ་ལ་སོགས་པ་དག་ལས་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་སུ་རྣམ་བར་གྲོལ་བའི་ཐབས་མཚུངས་པ་ཉིད་དུ་བསྟན་ཞེ་ན། རྣམ་པར་གྲོལ་བ་མཚུངས་བ་ཉིད་དུ་བསྟན་ན་དེའི་ཐབས་མཚུངས་པ་ཉིད་ཀྱང་བསྟན་པར་བྱ་བ་ཡིན་ནོ། །སངས་རྒྱས་


DTG136_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རྣམ་པར་གྲོལ་བ་ནི་ཁྱད་པར་ཡོད་དེ། ཉོན་མོངས་པའི་སྒྲིབ་པ་ལས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་སྤངས་བ་ལས་ཀྱང་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །ཐབས་ཀྱི་ཁྱད་པར་ཡང་ཡོད་དེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །འོ་ན་སངས་རྒྱས་རྣམས་ཀྱིས་མ་ཡིན་བཞིན་དུ་དེ་མཚུངས་པ་ཉིད་དུ་ཉིད་ཀྱིས་སྟོན་པ་མཛད་པ་ན་ཉན་ཐོས་རྣམས་ལ་སླུ་བར་མཛད་མོད་ཅེ་ན། སངས་རྒྱས་རྣམས་ཀྱིས་ནི་མཚུངས་པ་ཉིད་ཀྱང་ཡང་ཡོད་ལ། ཁྱད་པར་དུ་འཕགས་པ་ཉིད་ཀྱང་ཡོད་པས་འདི་ལ་སླུ་བ་ག་ལ་ཡོད། སངས་རྒྱས་རྣམས་ཀྱི་སྐལ་བ་མཉམ་པ་ཉིད་དུ་གཤེགས་པས་སེམས་ཅན་གང་དག་འདུལ་བར་མཛད་པ་སྟེ། ཇི་ལྟར་རྨད་དུ་བྱུང་བ་དང་པོའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ན། ཅི་དེ་དག་བསླུས་པ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ལས། ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཅི་དོན་དམ་པ་ཉིད་དུའམ། འོན་ཏེ་ཀུན་རྫོབ་ཉིད་དུ་ཡིན་ཞེ་ན། དེ་ལས་ཅིར་འགྱུར། གལ་ཏེ་དོན་དམ་པ་ཉིད་དུ་ཡིན་ན། ཇི་ལྟར་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན། གལ་ཏེ་ཀུན་རྫོབ་ཏུ་ཡིན་ན་བྱེད་པ་པོ་ཡང་ཀུན་རྫོབ་ཏུ་ཡོད་པས་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། རེ་ཞིག་ཀུན་རྫོབ་ཅེས་བྱ་བ་འདི་ནི་ཅི་ཡིན། དོན་དམ་པ་ནི་གང་ཞིག་ཡིན། དེ་ལས་ཅི་ཀུན་རྫོབ་ཏུ་ཡོད་དམ། ཅི་དོན་དམ་པར་ཡོད་པར་ཤེས་པར་བྱའོ། །མིང་དང༌། བརྗོད་པ་དང༌། གདགས་པ་དང༌། ཐ་སྙད་ནི་ཀུན་རྫོབ་ཡིན་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་དོན་དམ་པ་མ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ལས་དང་རྣམ་པར་སྨིན་པ་གཉིས་མིང་དུ་ཡང་ཡོད། རང་གི་མཚན་ཉིད་དུ་ཡང་ཡོད་པས་དེ་གཉིས་ཇི་ལྟར་འདོད་པར་ཡོད་པ་ཉིད་དུ་རྟོགས་ལ་རག་གོ །ངེད་ནི་གང་ཟག་ཀུན་རྫོབ་ཏུ་ཡོད་ཀྱི་རྫས་སུ་ནི་མ་ཡིན་ཏེ། ཕུང་པོ་རྣམས་ལ་དེའི་མིང་གདགས་པའི་ཕྱིར་རོ། །ལས་དང་


DTG136_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་དག་ནི་ཀུན་རྫོབ་ཏུ་རྫས་སུ་ཡོད། དོན་དམ་པར་ནི་མེད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དམ་པ་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེའི་དོན་ཡིན་པས་དོན་དམ་པའོ། །དེ་གཉིས་ཀྱི་རང་གི་མཚན་ཉིད་ནི་དེའི་ཡུལ་མ་ཡིན་ཏེ། དེའི་ཡུལ་ནི་བརྗོད་དུ་མེད་པའི་ཕྱིའི་མཚན་ཉིད་ཡིན་བའི་ཕྱིར་རོ། །འདིར་འཇིག་རྟེན་པའི་ཤེས་པའམ། འཇིག་རྟེན་ལས་འདས་པ་ཚད་མ་ཡིན་ཞེ་ན། གཅིག་ཁོ་ནར་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །འཇིག་རྟེན་པ་ནི་དབྱེ་བ་ཡོད་དེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །གཞན་ནི་ཚད་མ་མ་ཡིན་ནོ། །དེ་ལྟར་ན་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཀྱི་ཚིགས་སུ་བཅད་པ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་དེ་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་བྱ་བ་མེད་པར་འགྱུར། །ཞེས་བྱ་བ་འདི་དང་ཡང་མཐུན་པར་བྱས་པ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་བ་ཁ་ཅིག་ཐམས་ཅད་རང་གི་མཚན་ཉིད་དུ་ནི་མེད་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཡོད་པ་ཉིད་དུ་བསྟན་ཏོ་ཞེས་སྒྲ་ཇི་བཞིན་བ་ཉིད་ཀྱི་དོན་ཡིན་པར་བརྗོད་པ་གང་ཡིན་པ་དེ་དག་ལ་ཇི་སྐད་བསྟན་པའི་བརྩད་པ་འདི་ཡང་འབྱུང་བར་འགྱུར་རོ།། །།བམ་པོ་བརྒྱད་པ། ཀུན་རྫོབ་ཅེས་བྱ་བ་ཡང་བརྗོད་པ་ཡིན་ལ། དེ་ཡང་ཀུན་ནས་ཉོན་མོངས་པ་དང་མཐུན་པ་ཉེས་པར་བཤད་པ་ཞེས་བྱ་བ་ལ། རྣམ་པར་བྱང་བ་དང་མཐུན་པ་ནི་ལེགས་པར་བཤད་པ་ཞེས་བྱ་བ་ཡིན་ནོ་ཞེ་ན། བརྗོད་བ་ཙམ་དུ་ཟད་ན་ཇི་ལྟར་ན་ལེགས་པར་བཤད་པའམ། ཉེས་པར་བཤད་པར་འགྱུར། ཀུན་རྫོབ་ཀྱང་ཁ་ཅིག་གདོན་མི་ཟ་བར་དངོས་སུ་ཁས་བླང་བར་བྱ་བར་འགྱུར་རོ། །ཡང་ན་དེ་ཡང་མེད་ན་ནི་ཇི་ལྟར་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་གསུངས་པ་ཡིན། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཐམས་ཅད་ལ་སྐུར་བ་བཏབ་པས་གནས་དང་གནས་མ་ཡིན་པ་གཉིས་ལ་མི་གནས་པའི་ཕྱིར་དང༌། རང་གིས་རང་སྨྲ་བ་བཀག་པའི་ཕྱིར་བརྗོད་དུ་མེད་པར་འགྱུར་རོ། །


DTG136_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཅན་ཡིན་པར་སྨྲ་བ་ན་ནི་ཉེས་པ་འདི་དག་ཏུ་མི་འགྱུར་རོ། །འོ་ན་ཀུན་རྫོབ་སྒྲ་ཙམ་དུ་མི་འདོད་ན་ཐེག་པ་ཆེན་པོ་ལས་འབྱུང་བའི་ཚིགས་སུ་བཅད་པ། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་གནས་པ་ཡིན། །བརྗོད་པ་ལས་ནི་ལོགས་ཤིག་ན། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་བྱ་བ་ནི་འདི་ཇི་ལྟར་འགྲུབ་ཅེ་ན། འདིར་བརྗོད་པ་ལས་ལོགས་ཤིག་ན་བརྗོད་པར་བྱ་བ་མེད་པར་བཀག་པ་ཡིན་གྱི་བརྗོད་དུ་མེད་པའི་མཚན་ཉིད་ཀྱི་དངོས་པོ་ནི་མ་ཡིན་ཏེ། དེ་ལྟར་ན་དེ་ནི་འདི་ཁོ་ན་ལྟར་ཡིན་ཏེ། འདུ་ཤེས་ཙམ་ལ་གནས་པ་ཡིན། །ཞེས་གསུངས་པ་ཡང་འདིར་སེམས་ལས་བྱུང་བའི་འདུ་ཤེས་ལ་འདུ་ཤེས་ཞེས་གསུངས་ཏེ། མདོ་ལས་ཇི་ལྟར་འདུ་ཤེས་འབྱུང་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་སོ་ཞེས་འབྱུང་བའི་ཕྱིར་རོ། །མིང་ཉིད་མིང་ལ་གནས་པར་ནི་མི་རུང་ངོ༌། །འདི་ལྟར་མཇུག་ཐོགས་སུ་ཡང༌། མིང་ནི་གང་དང་གང་གིས་སུ། །ཆོས་ནི་གང་དང་གང་བརྗོད་པ། །དེ་ལ་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་པ་ཡང་ཡིན་ནོ། །གལ་ཏེ་བརྗོད་དུ་མེད་པའི་མཚན་ཉིད་ཀྱི་ཆོས་མེད་ན་དེ་ལ་ཞེས་མི་གསུང་གིས། ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཉི་ཚེ་གསུང་བར་འགྱུར་རོ། །བྱིས་པ་རྣམས་ཀྱིས་ཀུན་དུ་བརྟགས་པ་བཞིན་དུ་ཆོས་བརྗོད་པར་བྱ་བ་དེ་ཡང་ཀུན་དུ་བརྟགས་པའི་མཚན་ཉིད་དེ་ལ་མེད་དོ། །དེ་ལ་མེད་ན་མིང་ལ་མེད་པས་དེའི་ཕྱིར་དེ་ལ་ཡོད་པ་མ་ཡིན་ཏེ་ཞེས་གསུངས་སོ། །འདི་སྐད་དུ། དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་གསུངས་པ་གང་ཡིན་པ་ཡང་ཡིན་པ་ཡང་འདིར་བརྗོད་དུ་མེད་པ་ཉིད་ཀྱི་ཆོས་ཉིད་ལ་དགོངས་སོ། །བརྗོད་པ་ཙམ་དུ་ཟད་ན་ནི་ཆོས་གང་དག་གི་ཆོས་ཉིད་གང་ཡིན་པར་འགྱུར་ཡང༌། མིང་གིས་ཀྱང་ནི་མིང་ཉིད་སྟོང༌། །ཞེས་གང་གིས་གསུངས་པ་དེ་ཡང་འདི་ཐམས་ཅད་མིང་ཙམ་མོ་ཞེས་དམ་བཅས་ནས་མིང་ཡང་མེད་དོ་ཞེས་བྱ་བ་འདི་ཇི་ལྟར་རིགས་པ་ཡིན་ཞེ་ན། ཀུན་དུ་བརྟགས་པའི་ངོ་བོ་ཉིད་དགག་པ་ཡིན་ན་ནི་བརྗོད་པའི་བདག་ཉིད་དུ་ཀུན་ཏུ་བརྟགས་པའི་བརྗོད་པ་གང་ཡང་བཀག་པ་ཡིན་པས་རིགས་པའི་ངོ་བོར་འགྱུར་རོ། །དེ་ལྟར་ཡང་མི་འདོད་ན་ནི། ཆོས་རྣམས་ཐམས་ཅད་མིང་མེད་ཅིང༌། །མིང་གིས་ཡོངས་སུ་བརྗོད་པ་ཡིན། །ཞེས་གང་གསུང་


DTG136_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གལ་ཏེ་མེད་པ་ཁོ་ན་ཡིན་ན། ཆོས་མིང་མེད་པ་དེ་དག་གང་ཡིན། བརྗོད་དུ་མེད་པའི་མཚན་ཉིད་དག་ཆོས་རྣམས་ཐམས་ཅད་ཡིན་ན་ནི། བྱིས་བ་རྣམས་ཀྱིས་ཀུན་དུ་བརྟགས་པ་བཞིན་དུ་བརྗོད་པས། རྗོད་པར་བྱེད་བ་དེའི་རྗེས་སུ་འབྲངས་ནས་འཕགས་པ་རྣམས་ཀྱིས་ཀྱང་མིང་མེད་པ་རྣམས་མིང་གིས་ཡོངས་སུ་བརྗོད་པ་ཡིན་པར་རུང་ངོ༌། །དེ་ལྟར་ན་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ནེ་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ། །འདུས་བྱས་ཇི་ལྟ་བ་བཞིན་དུ་འདུས་མ་བྱས་ཀྱང་དེ་བཞིན་ནོ་ཞེས་དེ་བཞིན་དུ་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །དེ་ཡང་བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། ཞེས་འབྱུང་བའི་མདོ་སྡེའི་དུམ་བུ་དང་ཡང་སྦྱར་བ་ཡིན་ནོ། །རེ་ཞིག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པ། མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང༌། ཚིགས་སུ་བཅད་པ་དེ་དགོངས་པ་ཅན་ཡིན་དུ་ཆུག་ན། ཡང་ཐེག་པ་ཆེན་པོ་ལས། བྲམ་ཟེའི་ཁྱེའུ་བླ་མ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྤྲུལ་བ་ཙམ་ཞིག་ཡིན་པར་བསྟན་པ་དེ་ལ་དགོངས་པ་ཅི་ཡོད་ཅེ་ན། འདི་ལ་ཉེས་པ་ཅི་ཡོད། སངས་རྒྱས་ཀྱི་གསུང་གྲགས་པ་དང་འགལ་ཏེ། ཉན་ཐོས་ཀྱི་ཐེག་པར་སྡེ་པ་ཐམས་ཅད་ལས་ཟས་གཙང་མའི་སྲས་ཤཱཀྱ་ཐུབ་བ་གང་ཡིན་པ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དེ་ཞེས་བྱའོ་ཞེས་འབྱུང་ངོ་ཞེ་ན། ཅི་ཉན་ཐོས་ཀྱི་ཐེག་བ་ལ་སངས་རྒྱས་ཀྱི་སྤྲུལ་པ་མི་འདོད་དམ། གལ་ཏེ་མི་འདོད་ན་འདུལ་བ་ལས་འཕགས་བ་མ་འགགས་པས་ལྷའི་མིག་གིས་བར་དོའི་སྲིད་པ་མང་པོ་ཐམས་


DTG136_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང། སངས་རྒྱས་ཀྱི་སྤྲུལ་བ་རྣམས་མཐོང་ངོ་ཞེས་གསུངས་པ་དང་འགལ་བར་འགྱུར་ལ། དུས་གཅིག་ཏུ་ཕྱོགས་དང་ཡུལ་སྣ་ཚོགས་ལ་སངས་རྒྱས་ཀྱིས་འདུལ་བ་འཁོད་པ་རྣམས་འདུལ་བར་མཛད་བ་མི་འགྲུབ་པར་འགྱུར་རོ། །ཅི་སངས་རྒྱས་ཀྱི་སྤྲུལ་པ་དེ་གདུལ་བ་རྣམས་ལ་འདི་སྐད་དུ། ང་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་གྱི་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་གསུང་ངམ། སྨྲས་པ། མ་ཡིན་ནོ་ཞེ་ན། ཉིད་སངས་རྒྱས་ཡིན་པར་སྟོན་མོད། སྨྲས་པ་དེ་བཞིན་ནོ་ཞེ་ན། ཅིའི་ཕྱིར་ཡིན། སངས་རྒྱས་ཀྱི་མཚན་ལ་གདུལ་པ་རྣམས་དགའ་བ་དང༌། རབ་ཏུ་དགའ་བ་དང༌། གུས་པ་དང༌། ཞེས་དང༌། དད་པ་ལ་སོགས་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཤཱཀྱ་ཐུབ་པ་འདི་ཡང་གལ་ཏེ་ཉིད་སངས་རྒྱས་ཡིན་པར་ཡང་གསུངས་ལ། ཉན་ཐོས་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཟུང་ན་དེ་ལ་འགལ་བ་ཅི་ཡོད། སྤྲུལ་པ་དེ་གང་གི་ཡིན་པའི་ངོ་བོ་ཉིད་ཀྱི་སངས་རྒྱས་དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ལས་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པ་གང་ཡིན་པ་སྟེ། ས་དེ་ཡོངས་སུ་སྦྱངས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཤེས་བའི་ཡུལ་ལས་འདས་པའི་བདག་ཉིད་དེ་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཡིན་ཏེ། སྤྲུལ་བ་དེ་ནི་དེའི་ཡིན་ནོ། །དེའི་ཕྱིར། གཞལ་ཡས་གྲངས་ནི་མེད་པ་སྟེ། །བསམ་ཡས་བསྟན་དུ་མེད་པས་ན། །ཁྱོད་ནི་ཉིད་ཀྱི་རང་ཉིད་ཀྱི། །ཉིད་ནི་མཁྱེན་པ་ཁོ་ནར་འོས། །ཞེས་བསྟོད་པ་ཡིན་ནོ། །མིའི་སྐྱེ་བ་མེད་པར་སངས་རྒྱས་ཉིད་མེད་ན། ཇི་ལྟར་མི་རྣམས་སུ་མ་སྐྱེས་པ་མངོན་པར་རྫོགས་པར་སངས་རྒྱས་ཤེ་ན་མེད་དོ་ཞེས་བྱ་བ་དེ་གང་དུ་གསུངས། ཉན་ཐོས་ཀྱི་ཐེག་པར་རོ་ཞེ་ན། གང་དུ་མིར་སྤྲུལ་བ་ཁོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་བ་དེར་ཇི་ལྟར་གཞན་དུ་བརྗོད་པར་བྱ། གལ་ཏེ་སྤྲུལ་པ་དེ་མི་འདོད་ན་ཅིར་འགྱུར་ཞེ་ན། ཅི་ཞིག་ཏུ་འགྱུར་ཏེ། ཐེག་པ་ཆེན་པོ་སྐྱོན་མེད་པ་ལ་ཡང་གནོད་པ་བྱས་པར་འགྱུར་མོད། གཞན་ཡང་མི་


DTG136_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མང་པོར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང་ཉེ་བར་གྱུར་ཅིང་གང་གིས་ན་ཡུམ་གྱི་ལྷུམས་སུ་འཇུག་པ་དང༌། འབྱུང་བ་ན་དེ་ལས་འཇིག་རྟེན་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་དེ་ལྟ་བུའི་མཐུ་ཕུན་སུམ་ཚོགས་པ་ཡིན་ལ། ཐོས་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་མཐའ་ཡས་པའི་དབང་ཐོབ་པ་ཡང་མ་ཡིན་ཞིང༌། ཉོན་མོངས་པའི་ཀུན་དུ་རྒྱུ་བ་ཐམས་ཅད་རྣམ་པར་མ་བསལ་བ་ཡིན་ནོ་ཞེས་འབྱུང་བ་མི་རིགས་པ་ཡིན་ནོ། །ཡང་ན་དེ་ལྟར་གྱུར་ན་ཡང་ཉོན་མོངས་པའི་དབང་གིས་འདོད་པའི་ཁམས་སུ་སྐྱེ་ཞིང་མངལ་གྱི་གཟིམས་མལ་དུ་གཟིམས་སོ་ཞེས་འབྱུང་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ལ་སུས་ཀྱང་མ་བཟུང་བར་གོམ་པ་བདུན་འདོར་བ་དང༌། ཕྱོགས་བཞིར་གཟིགས་པ་དང༌། འདི་ནི་ངའི་སྲིད་པ་དག་ཏུ་སྐྱེ་བ་ཐ་མ་ཡིན་ནོ་ཞེས་ཚིག་ཏུ་གསུང་ལ། ཕྱིས་བགྲེས་པའི་རྒྱུས་དབང་པོ་ཡོངས་སུ་སྨིན་ན་འདོད་པའི་དགའ་བའི་ལོངས་སྤྱོད་བག་མེད་པ་ལ་ཞུགས་སོ་ཞེས་འབྱུང་བ་མི་རིགས་སོ། །རང་བཞིན་གྱིས་སྐྱེ་བ་དུ་མའི་ཚེ་རབས་དགོངས་པ་ཡང་ཡིན། བཅོམ་ལྡན་འདས་འོད་སྲུངས་ལ་ཚངས་པར་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ལམ་ལ་གོམས་པར་ཡང་མཛད་ལ། དགའ་ལྡན་ནས་ཀྱང་ལྷའི་རིས་དྲུག་ལ་བཀའ་སྩལ་ནས་གཤེགས་པ་བདག་ཉིད་དང༌། གཞན་དག་གི་རྒ་བ་དང༌། ན་བ་དང་འཆི་བའི་ཆོས་ཉིད་མི་མཁྱེན་པར་གྱུར་པ་དང༌། གཞན་མུ་སྟེགས་ཅན་རྣམས་ལས་བྱང་ཆུབ་ཀྱི་ལམ་ཚོལ་བར་ཞུགས་པ་དང༌། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ལ་ལམ་ཡིན་པར་འདུ་ཤེས་མཛད་ནས་དཀའ་ཐུབ་དྲག་པོ་དག་གིས་བདག་ཉིད་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་མི་རིགས་སོ། །ཡང་ན་ཚེ་རབས་མི་དགོངས་ན་ནི་དེ་ལྟ་ན་ཡང་བསྐལ་པ་ནི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པས། སྐུ་ཡང་དག་པར་གྲུབ་པ་དྲན་པ་དང་བློ་གྲོས་ཆེན་པོའི་སྟོབས་བསྐྱེད་པ་ཐོབ་པ། མངལ་ན་ཡང་བསྙེལ་བ་མི་མངའ་བ་བལྟམས་མ་ཐག་ཏུ་ཚིག་དེ་ལྟ་བུ་གསུངས་སོ་ཞེས་བྱ་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་


DTG136_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཡོངས་སུ་ཉམས་སོ་ཞེས་བྱ་བ་མི་རིགས་སོ། །ཡང་ན་ཡོངས་སུ་མ་ཉམས་བར་གྱུར་ན་ནི་དཀའ་བ་སྤྱད་པས་དག་པར་ཐུགས་སུ་ཆུད་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་མཆོག་ཏུ་འཛིན་པར་གྱུར་རོ་ཞེས་འབྱུང་བ་མི་རིགས་སོ། །འོན་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔས་ཇི་སྐད་བསྟན་པ་དེ་ཐམས་ཅད་ཞལ་གྱིས་བཞེས་པ་ནི་སེམས་ཅན་འདུལ་བའི་ཐབས་ཀྱི་རྣམ་པ་ཡོངས་སུ་འཛིན་དུ་གཞུག་པའི་ཕྱིར། བློ་སྔོན་དུ་བཏང་བ་ཡིན་ནོ་ཞེ་ན། དེ་ཐམས་ཅད་ནི་སྤྲུལ་པས་ཀྱང་མཛད་པར་སྤྱོད་པས་རྒྱུ་མེད་པར་སྐྱེ་བ་ལེན་པ་དང༌། འདོད་པའི་བསོད་ནམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་དང༌། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ལ་བརྟེན་པར་མི་རིགས་སོ། །གལ་ཏེ་དེ་ཐམས་ཅད་སྤྲུལ་པ་ཡིན་ན་ཅིའི་ཕྱིར་དཀའ་བ་སྤྱད་པ་ན། ང་བྲམ་ཟེའི་ཁྱེའུ་བླ་མའི་གནས་སྐབས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་ཁ་བྱས་པའི་ལས་དེའི་རྣམ་པར་སྨིན་པ་ནི་ང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་གང་ཡིན་པ་འདི་ཡིན་ནོ་ཞེས་ལས་ཀྱི་རྒྱུ་བ་བཤད་ཅེ་ན། དེ་ནི་དི་ལྟར་རིགས་འདི་གསལ་བར་བྱའོ་སྙམ་ན་ཤིན་ཏུ་མུན་པ་བྱས་པ་ཡིན་ནོ། །ཇི་ལྟར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ནི་སངས་རྒྱས་ཞེས་བྱ་བ་སྔོན་མ་ཐོས་པའི་སྒྲ་ཐོས་ནས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་ཅིང༌། ཤིན་ཏུ་བལྟ་བ་ལ་སྤྲོ་བར་གྱུར་པ་གང་ཡིན་པ་དང༌། བྲམ་ཟེའི་ཁྱེའུ་བླ་མ་ཚེ་རབས་གསུམ་ན་སངས་རྒྱས་སུ་འགྱུར་བ་གང་ཡིན་པས་ནི་སངས་རྒྱས་ཉིད་ལ་སྐུར་པ་བཏབ་པ་འདི་དགོངས་པ་ཅན་མ་ཡིན་པར་ཁྱེད་ཡིད་ཆེས་པར་སྤྲོ། སྤྲུལ་པའི་དངོས་པོ་ནི་མི་སྟོན་ཀྱང་ལས་ཀྱི་རྒྱུ་བ་ནི་གདོན་མི་ཟ་བར་བསྟན་པར་བྱ་སྟེ། སེམས་ཅན་རྣམས་ལས་ཀྱི་འཇིགས་པ་ཉིད་ཡོངས་སུ་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་རྣམས་སྤྲུལ་པ་དག་གིས་བརྫུན་གསུངས་པ་ཡིན་པར་འགྱུར་རོ་ཞེ་ན། ཀྱེ་མ་ཉེས་པར་འཛིན་པ་རྣམས་གདུལ་དཀའ་བ་ཉིད་ཡིན་ནོ། །སངས་རྒྱས་རྣམས་ནི་སེམས་ཅན་རྣམས་ལ་ཇི་ལྟ་ཇི་ལྟར་ཕན་


DTG136_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟར་དེ་ལྟར་སྤྲུལ་པ་མཛད་པའམ་གསུང་བ་ཡིན་ན། འདི་ལ་ཅི་ཞིག་མི་རངས་པར་བྱ། གཞན་དུ་ཇི་ལྟར་གདུལ་བ་དང༌། སྐལ་བ་མཉམ་པའི་སྤྲུལ་པ་རྣམས་ཀྱིས་དེ་དང་སྐལ་བ་མཉམ་པའི་རིགས་ལ་སོགས་པ་དམ་བཅས་པ་འགལ་བར་མི་འགྱུར། རེ་ཞིག་འདི་ཡང་དཔྱད་པར་བྱའོ། །ཅི་དེ་བཞིན་གཤེགས་པ་རྣམས་ཚིག་རྩུབ་པོའམ་མཛའ་པོ་དང་དབྱེ་བར་བྱེད་པ་གསུང་ངམ། སྨྲས་པ། སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་གསུངས་ཏེ། གཞན་དུ་ན་འཆར་ཀ་དང་ཅི་ཞིག་གསུང་བའི་མདོ་ལ་སོགས་པ་དག་དང་འགལ་བར་འགྱུར་རོ་ཞེ་ན། ཅི་ངག་གི་ལས་ཁ་ན་མཐོ་བ་དང་བཅས་པར་བརྗོད་པར་བྱ་བའམ། སྨྲས་པ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་སེམས་ལས་བྱུང་བའི་ཕྱིར་རོ་ཞེ་ན། བརྫུན་ཡང་དེ་ཁོ་ན་བཞིན་དུ་ཅིའི་ཕྱིར་མི་འདོད། འོ་ན་བླ་མ་ལ་སོགས་པ་སྤྲུལ་བ་ཡིན་པར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། ཐབས་ལ་མཁས་པའི་མདོ་སྡེ་དང༌། འཇིག་རྟེན་ལས་འདས་པའི་ལེའུ་ལ་སོགས་པ་དག་ཇི་ལྟར་འོས་པར་ངེས་པར་གཟུང་བར་བྱའོ། །ཐབས་ལ་མཁས་པའི་མདོ་སྡེ་ཚད་མ་ཉིད་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལ་ཐབས་ལ་མཁས་པ་ཉིད་ཀྱིས་སྲོག་གཅོད་པ་ནི་ཁ་ན་མ་ཐོ་བ་མེད་དོ་ཞེས་གསུངས་སོ། །དེ་ལྟ་ཡིན་ན་ནི་གང་དག་ཕན་པར་འདོད་པས་དེ་རྣམས་མཐོ་རིས་ཐོབ་པར་བྱ་བའི་ཕྱིར་དང༌། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། ཕྱུགས་དང་དུད་འགྲོ་སྣ་ཚོགས་གསོད་པར་བྱེད་པ། མཆོད་སྦྱིན་པ་རྣམས་འཁོར་བ་ལས་ཐར་བར་བྱ་བ་རྣམས་ལ་ཅིའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར་ཞེ་ན། ཅི་འོ་ཐུག་དང་ཁྭཾ་ར་འདྲ་བ་ཉིད་ཡིན་ནམ། དེ་རྣམས་ཀྱི་སྲོག་གཅོད་པ་དེ་ནི་གཏི་མུག་ལས་སྐྱེས་པ་དང༌། ཆགས་པ་ལས་སྐྱེས་པ་ཡིན་ནོ། །ཕྱུགས་དང་སྲོག་ཆགས་གཞན་དག་ལ་མཆོད་སྦྱིན་ཅན་གྱི་སྡུག་བསྔལ་གྱིས་འཆི་བར་བྱེད་པའམ། བསད་པས་མཐོ་རིས་སམ་ཐར་པ་འཐོབ་བོ་སྙམ་པ་ནི་གཏི་མུག་སྟེ། ལས་དང་འབྲས་བུ་ཕྱིན་ཅི་ལོག་པ་ལ་མངོན་པར་ཞེན་པའི་ཕྱིར་རོ། །བདག་ལས་འདིས་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་པ་ནི་གཏི་མུག་དང་ཆགས་པའོ། །བཅོམ་ལྡན་འདས་ཀྱིས་དགེ་


DTG136_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང༌། ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པའོ། །ལོག་པར་ལྟ་བའི་བར་ལ་ཡང་དེ་བཞིན་ནོ་ཞེས་མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་མཚན་ཉིད་སྤྱི་རྣམ་པར་གཞག་པས། དེའི་ཕྱིར་ཇི་ལྟར་ན་དེ་ཁ་ན་མ་ཐོ་བ་མེད་པར་འགྲུབ། ཐབས་ལ་མཁས་པའི་མདོ་སྡེ་ལས་ནི་མ་ཆགས་པ་ལ་སོགས་པ་ལས་བྱུང་བའི་སྲོག་གཅོད་པ་ཁ་ན་མ་ཐོ་བ་མེད་པའོ་ཞེས་ཡོངས་སུ་བསྟན་པས་དེ་དང་དེར་ཇི་ལྟར་ན་འདྲ་བ་ཉིད་ཡིན། ཇི་ལྟར་མ་ཆགས་པ་ལ་སོགས་པ་ལས་འབྱུང་ཞེ་ན། གལ་ཏེ་གཞན་མཚམས་མེད་པའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པ་མཐོང་ན། ལས་དེ་ནི་ཡུན་རིང་པོར་རྣམ་པར་སྨིན་པ་དྲག་པོར་འགྱུར་བར་རིག་ནས། སྙིང་རྗེ་བྱེད་པ་ན་དེ་བསད་པས་བདག་ཉིད་སེམས་ཅན་དམྱལ་བར་སྐྱེ་བ་ཡང་ཁས་བླངས་ནས། དེ་ཡོངས་སུ་བསྐྱབ་པའི་ཕྱིར་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་བྱས་ཏེ། བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ས་པ་ནི་སླའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་འབྲེལ་བར་གྱུར་ན་མི་རུང་ངོ་སྙམ་ནས་གསོད་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་བའི་སེམས་ལས་བྱུང་བའི་ཕྱིར་རོ། །འདི་ལྟར་དགེ་བའི་སེམས་ཀྱང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །འོན་ཏེ་མ་ཆགས་པ་ལ་སོགས་པ་ལས་བྱུང་ཡང་སྲོག་གཅོད་པའི་སྐྱོན་དུ་འགྱུར་ན་ནི་ཚིག་རྩུབ་བོ་དང༌། མཛའ་བོ་འབྱེད་པ་དང༌། ཇི་སྐད་དུ་གསུངས་པའི་མདོ་སྡེ་ཡང་སྐྱོན་དུ་འགྱུར་རོ། །དེ་ཡོངས་སུ་གཏོང་བའི་སེམས་ཉིད་གང་ཡིན་པ་དེ་ཉིད་འདིར་ཞེ་སྡང་མ་ཡིན་ནམ་ཞེ་ན། འདི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ་བསྐྱབ་པར་འདོད་པས་བདག་ལ་བྱམས་པ་བས་ཀྱང་ལྷག་པར་བྱམས་པས། དེར་དེ་ངེས་པར་མྱོང་བར་འགྱུར་བའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པའི་ལུས་པས་ཕུལ་དུ་བྱུང་བའི་ལུས་གང་ཐོབ་པར་བྱེད་པ་ན། ད་ཡོངས་སུ་བཏང་བ་གང་ཡིན། གཞན་ཡང་སྙིང་བརྩེ་བའི་བདག་ཉིད་དག་གིས་སྦྱོར་བ་གང་གིས། ཕན་ཕྱིར་གཞན་གསོད་དེ་ནི་སྐྱོན་ཅན་ན། །གང་གིས་དགེ་སྦྱོང་དྲུག་ཅུ་ལ་སོགས་ཤིང༌། །མདོ་གཉིས་ཐུབ་པས་བསྟན་པ་དེ་ཅིའི་


DTG136_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །མདོ་གཉིས་ཀྱང་གང་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སྦྱོང་དྲུག་ཅུ་ཁ་ནས་ཁྲག་དྲོན་མོ་བྱུང་སྟེ། གནོད་པ་དེ་ཉིད་ཀྱིས་དུས་བྱས་སོ་ཞེས་འབྱུང་བ་ལྗོན་ཤིང་གི་ཕུང་པོ་ལྟ་བུ་དང༌། གང་ལས་དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་ཞེས་བྱ་བ་ནས་ཕན་ཡོན་ཆེའོ་ཞེས་བྱ་བའི་བར་དུ་མི་སྡུག་པ་བསྟེན་ཅིང༌། མི་སྡུག་པ་བསྒོམ་པའི་བསྔགས་པ་བཤད་པ་དང༌། དེའི་ཚེ་དགེ་སློང་དག་མི་སྡུག་པ་བསྒོམས་ཤིང༌། མི་སྡུག་པ་བསྒོམས་པ་ན། རྣག་གི་ལུས་འདིས་འཛེམ་ཞིང་ཞེས་བྱ་བ་ནས་མཚོན་འདེབས་པར་བྱེད་ཅིང༌། དགེ་སློང་གིས་དགེ་སློང་གསོད་པའི་བར་འབྱུང་བ་རི་དགས་བཟློག་གི་མདོ་ཡིན་ནོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ལས་སྤྲུལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བསྟན་ལ། ཐེག་པ་ཆེན་པོ་མ་ཡིན་པ་ལ་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས། དེ་རྣམས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་དང༌། མཐུའི་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་མདོ་བཞིན་དུ་དེ་ལྟར་བསྟན་པར་བྱའོ། །གཞན་དུ་ན་ནི་དེ་རྣམས་དེ་ལྟར་སེམས་མངོན་པར་འདུ་བྱེད་པར་མི་འགྱུར་ལ། མི་རིགས་པར་འགྱུར་བ་ཇི་སྐད་དུ་བསྟན་པ་དེའི་ལན་ཡང་ཇི་ལྟར་བཏབ་པར་འགྱུར། ཉན་ཐོས་གང་དག་དེ་ལྟ་བུ་ལ་མོས་པའི་སྐལ་བ་ཅན་དེ་དག་ནི་དེ་ཉིད་ལས་ཐོས་པར་འགྱུར་རོ། །གང་དག་སྐལ་བ་མེད་པ་དེ་རྣམས་ལ་ནི་དེ་བསྟན་པ་ཉིད་སྐྱོན་དུ་འགྱུར་རོ། །དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་དེ་ནི་མི་འགལ་ལོ། །དེའི་ཕྱིར་ཤིན་ཏུ་རྒྱས་པའི་སྡེ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་འགལ་བ་མེད་དོ། །རྣམ་པར་བཤད་པའི་རིགས་བ་ལས་ལེའུར་བཅད་པ་བཞི་པའོ།། །། བརྒལ་བ་དང་ལན་གྱི་རྣམ་པ་ཡང་བསྟན། ཇི་ལྟར་མདོ་སྡེ་བཤད་པར་བྱ་བའི་རིགས་པ་ཡང་བསྟན་ཏོ། །གཞན་ཡང་ཆོས་སྨྲ་བ་པོས་ཐོག་མ་ཁོ་ནར་མདོ་སྡེ་བཀོད་ནས་བརྒལ་ཞིང་བརྟག་པར་བྱ་སྟེ། འཁོར་ལན་རྣམས་ལ་སྲེད་པ་བསྐྱེད་པའི་ཕྱིར་རོ། །འོན་ཀྱང་སྲེད་པ་ཆུང་བ་ཡིན་བ་


DTG136_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཡང་རྣ་བླག་ཏུ་གཞུག་པའི་ཕྱིར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱའོ། །གུས་པར་མཉན་པ་དང་ལྡན་པ་འདི་ཅི་ཞིག་ཅེ་ན། གཏམ་གང་ལས་གུས་པར་མཉན་པ་བསྟན་པའོ། །རྣ་བླགས་ན་དགོས་པ་ལ་སོགས་པའི་རིམ་བས་མདོ་སྡེ་བཤད་པར་བྱའོ། །བརྒལ་ཞིང་བརྟག་པ་བྱས་ན་ཡང་བརྒལ་བ་ཅིའི་ཕྱིར་སྨོས་ཤེ་ན། བརྒལ་བའི་མཇུག་ཐོགས་སུ་ལན་རྣམས་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །སྔར། མདོ་སྡེའི་ཆེ་བ་ཉིད་ཐོས་ན། །མཉན་པ་དང་ནི་གཟུང་བ་ལ། །ཉན་པ་པོ་ནི་གུས་བྱེད་འགྱུར། །དེ་ཕྱིར་ཐོག་མར་དགོས་པ་བརྗོད། །ཅེས་བསྟན་པ་ཡིན་ན། དེ་ཅིའི་ཕྱིར་ཐོག་མར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱ་ཞེ་ན། དགོས་པ་བསྟན་བ་ལ་ཡང་གུས་པར་མཉན་པར་བྱ་བའི་ཕྱིར་རོ། །ཁ་ཅིག་མདོ་སྡེའི་དོན་ཁོང་དུ་ཆུད་པར་མི་ནུས་བ་དག་འབྱུང་བས་དེ་དག་ལ་ཆོས་ཙམ་ལ་ཡང་གུས་བར་མཉན་པས་བསོད་ནམས་བསྐྱེད་པར་བྱ་བའི་ཕྱིར་དང༌། དོན་ཁོང་དུ་ཆུད་པ་ལ་སྨོས་བས་ཤེས་རབ་ཀྱི་ཁམས་བསྐྱེད་པར་བྱ་བའི་ཕྱིར། གདོན་མི་ཟ་བར་ཐོག་མར་གུས་པར་མཉན་བ་དང་ལྡན་པ་བཤད་པར་བྱའོ། །ཇི་ལྟར་བཤད་པར་བྱ་ཞེ་ན། རྣམ་པ་གསུམ་དག་གིས་ཏེ། ཡང་དག་པར་འཛིན་དུ་གཞུག་པ་ཉིད་དང༌། དགོས་པ་ཡང་དག་པར་བསྟན་པ་ཉིད་དང༌། རྨུགས་པ་དང༌། གཉིད་དང་ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་ཞུམ་པ་དང༌། སེམས་རྣམ་པར་གཡེངས་པ་རྣམས་ལ་ཡང་མཚན་དང༌། རབ་ཏུ་དགའ་བ་དང༌། སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་སོ། །ཇི་ལྟར་ན་ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་ཤེ་ན། གུས་བར་ཆོས་མཉན་པར་བྱའོ་ཞེས་བྱ་བས་ཡང་དག་པར་འཛུད་པའི་ཕྱིར་རོ། །འདིར་ཡང་དག་པར་འཛུད་པ་ནི་ཡང་དག་པར་འཛིན་དུ་གཞུག་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་ལ་ཆོས་སྟོན་པར་མཛད་པ་ན་དབྱངས་ཡན་ལག་ལྔ་དང་ལྡན་པ་ཞལ་ནས་འབྱུང་ངོ༌། །རེ་ཞིག་དེ་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གསུང་གིས་ཆོས་སྟོན་པ་ན། དགེ་སློང་དག་ཁྱེད་ལ་ཆོས་བསྟན་གྱི་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་དེ་ལྟར་ཡང་དག་པར་འཛིན་དུ་གཞུག་པར་མཛད་པ་ཡིན་


DTG136_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་ཅག་ལ་ལྟ་སྨོས་ཀྱང་ཅི་དགོས་པས་སོ། །དབྱངས་ཀྱི་ཡན་ལག་ལྔ་ནི་འབྲུག་སྒྲ་ལྟར་ཟབ་བ་དང༌། སྙན་ཅིང་འཇེབས་ལ་རྣར་སྙན་པ་དང༌། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང༌། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱ་བ་དང༌། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་སྟེ། འདིས་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡོན་ཏན་ལྔ་པོ་རྒྱ་ཆེ་བ་ཉིད་དང༌། རིགས་པའི་དོན་དང་ལྡན་པ་ཉིད་དང༌། གཟུང་སླ་བ་ཉིད་དང༌། སྣ་ཚོགས་ཅི་འདོད་བ་ཉིད་ཡོངས་སུ་བསྟན་ཏོ། །ཡོན་ཏན་ལྔ་པོ་འདི་དག་ནི་མཉན་པ་དང༌། རྣམ་པར་མི་གཡེང་བ་དང༌། རྣམ་པར་གྲོལ་བ་དང༌། ཁོང་དུ་ཆུད་པར་བྱེད་པ་དང༌། ཡོངས་སུ་སྨིན་པར་བྱེད་པའི་ཡན་ལག་ཏུ་གོ་རིམས་བཞིན་དུ་འགྱུར་རོ། །བསྡུས་པའི་ཚིགས་སུ་བཅད་པ་དག་ནི། ཡོན་ཏན་ལྔ་ནི་རྒྱ་ཆེན་དང་།སྙན་དན་རིགས་དོན་ལྡན་ཉིད་དང༌། །གཟུང་སླ་སྣ་ཚོགས་ཅི་འདོད་ཉིད། །འདི་དག་ལྔ་ཡི་ཡན་ལག་སྟེ། །མཉན་དང་རྣམ་པར་མི་གཡེང་དང༌། །རྣམ་གྲོལ་ཁོང་དུ་ཆུད་པ་དང༌། །སྨིན་པར་བྱེད་པ་ཡིན་ཏེ་དེས། །ཐུབ་ཆེན་གསུང་ནི་ཡན་ལག་ལྔ། །འཕགས་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་དག་དགེ་སློང་ཆོས་སྨྲ་བ་པོས་གཞན་དག་ལ་ཆོས་དང་ལྡན་པའི་གཏམ་སྨྲ་བ་ན། རྣམ་པ་ཉི་ཤུ་དག་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་གཏམ་བྱ་བ་དང༌། གུས་པ་དང༌། གོ་རིམས་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་ཚེ་དང་ལྡན་པ་དག་ཆོས་མཉན་པར་འདོད་པས་རྣམ་པ་བཅུ་དྲུག་དང་ལྡན་པས་ཆོས་མཉན་པར་བྱ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང། གུས་པ་དང༌། སྲི་ཞུ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན་ནོ། །ངེད་དམ་ཁྱེད་ཀྱི་དེ་ནི་བསྒྲུབ་པར་དཀའ་བས་དེའི་ཕྱིར་རྣམ་པ་ཉི་ཤུའམ་བཅུ་དྲུག་ལྟ་ཞོག་གི་རེ་ཞིག་རྣམ་པ་གཅིག་ཙམ་ཡང་བྱས་ལ། ངས་ཀྱང་གུས་པར་ཆོས་བཤད་པར་བྱ། ཁྱོད་ཀྱིས་ཀྱང་གུས་པར་ཆོས་ཉོན་ཅིག །ཇི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་བསྡུས་པ་ལས་འབྱུང་བ་དེ་ལྟར་ཡང་ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་སོ། །དེ་ལས་ཇི་སྐད་གསུངས་ཤེ་ན་དེའི་ཕྱིར་ཤེས་ལྡན་རྒྱལ་བའི་སྲས་དག་མ་ཆགས་པའི་སེམས་དང༌། ཞེ་སྡང་མེད་པའི་སེམས་དང༌། ལས་སུ་རུང་


DTG136_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་དང༌། རྣམ་པར་མ་རྨོངས་པའི་སེམས་དང༌། ཞི་བའི་སེམས་དང༌། རྩུབ་པ་མེད་པའི་སེམས་དང༌། རྒྱུད་གཅིག་ཏུ་གྱུར་པའི་སེམས་དང༌། དགེ་བའི་སེམས་དང༌། བྱེ་བྲག་ཕྱེད་པའི་སེམས་དང༌། གུས་པའི་སེམས་དང༌། མོས་པའི་སེམས་དང༌། ལེགས་པར་རྣམ་པར་གནས་པའི་སེམས་དང༌། ལེ་ལོ་མེད་བའི་སེམས་དང༌། གཟུང་བའི་སེམས་དང༌། ཕན་འདོགས་པའི་སེམས་དང༌། རབ་ཏུ་འཛིན་པའི་སེམས་དང༌། སྒྲུབ་པའི་སེམས་དང༌། དོན་ལ་ལྟ་བའི་སེམས་དང༌། སྐྱོན་ཡིད་ལ་མི་བྱེད་པའི་སེམས་དང༌། དོན་ལ་རྟོན་པའི་སེམས་དང། རི་མོར་བྱ་བའི་སེམས་དང༌། ཞུམ་པ་མེད་པའི་སེམས་དང༌། ཁེངས་བ་མེད་པའི་སེམས་དང༌། མཉམ་པར་གཞག་པའི་སེམས་དང༌། ཚིག་འབྲུ་ལ་མི་འཕྲོ་བའི་སེམས་དང༌། དོན་མི་གཏོང་བའི་སེམས་དང༌། ཡིད་ལ་བྱེད་པ་དྲག་པོའི་སེམས་བྱོས་ཤིག་ཅེས་འབྱུང་བ་ཡིན་ནོ། །ཡང་དག་པར་འཛིན་དུ་གཞུག་པ་འདིས་གང་ལ་ཡང་དག་པར་འཛིན་དུ་བཅུག་ཅེ་ན། ཚིག་བདུན་དག་གིས་ནི་སྒྲིབ་པ་ལྔ་ཡོངས་སུ་སྤོང་བ་ལ་སྟེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་རྣམ་པ་གཉིས་སུ་བྱས་ཏེའོ། །ཚིག་བཞི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ཁྱེའུ་ལྟ་བུའི་གང་ཟག་བཞི་བསྟན་བ་གང་ཡིན་པ་དག་སྟེ། གསུམ་ནི་ནག་པོའི་ཕྱོགས་དང་མཐུན་པ་ཡིན་ནོ། །གཅིག་ནི་དཀར་པོའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལྟ་བུ་ཉིད་ཡོངས་སུ་སྤང་བ་དང༌། དེ་ལྟ་བུ་ཉིད་ལའོ། །ཚིག་ལྷག་མ་བཅུ་དྲུག་པོ་དག་གིས་ནི་དོན་རྒྱས་བ་ལས་འཕགས་པ་ཤཱ་རིའི་བུས་རྣམ་པ་བཅུ་དྲུག་པོ་གང་དག་གིས་ཆོས་མཉན་པར་བྱ་བར་གསུངས་པའི་རྣམ་པ་བཅུ་དྲུག་པོ་དག་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །དེ་ལ་ཆོས་མཉན་པ་དང་མཐུན་པའི་སྤྱོད་ལམ་ལ་རྣམ་པར་གནས་པའི་ཕྱིར་ལེགས་པར་རྣམ་པར་གནས་པའི་སེམས་སོ། །རབ་ཏུ་འཛིན་པའི་ཕྱིར་ལེ་ལོ་སྤངས་ཏེ་ཉན་པའི་ཕྱིར། ལེ་ལོ་མེད་པའི་སེམས་དང༌། གཟུང་བའི་བསམ་པ་ནི་གཟུང་བའི་སེམས་སོ། །ཆོས་སྨྲ་བ་ལ་གུས་པ་དང་བཅས་པའི་ཕྱིར་ཕན་འདོགས་པའི་སེམས་སོ། །དེ་ཉིད་ཀྱིས་སེམས་ཀྱི་རྗེས་སུ་འཇུག་པས་ལུས་དང༌། ངག་དག་


DTG136_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སེམས་ཡང་དག་པར་རབ་ཏུ་འཛིན་པའི་ཕྱིར་རབ་ཏུ་འཛིན་པའི་སེམས་སོ། །ཆོས་འདི་ནི་དོན་ཆེན་པོའོ་སྙམ་པ་ནི་དོན་ལ་ལྟ་བའི་སེམས་སོ། །ཚུལ་ཁྲིམས་དང༌། རིགས་དང༌། རུས་ཀྱི་སྐྱོན་ཡིད་ལ་མི་བྱེད་པའི་ཕྱིར། སྐྱོན་ཡིད་ལ་མི་བྱེད་པའི་སེམས་སོ། །གཞུང་གི་ཚིག་འབྲུ་ཉམས་པ་ལ་དོན་ལ་རྟོན་པའི་སེམས་དང༌། ངག་གི་ལས་ཕུན་སུམ་ཚོགས་པ་ལ་སངས་རྒྱས་དང་འདྲ་བ་ཉིད་ཀྱིས་རི་མོ་བྱ་བའི་སེམས་སོ། །ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ལྟ་བུ་ནི་ཡང་དག་པར་འཛིན་དུ་འཇུག་པ་ཉིད་ཀྱིས་སོ། །ཇི་ལྟར་ན་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་ཡིན། ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། སྣོད་གསུམ་དག་ཏུ་ནི་ལྷས་ཆར་ཕབ་ཀྱང་ཆུའི་བྱ་བ་མི་བྱེད་དེ། ཁ་གཞན་ཏུ་ཕྱོགས་བའམ་བཅད་པ་གང་དུ་མི་འབབ་པ་ཉིད་དང༌། མི་གཙང་བ་གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང༌། བུ་ག་དང་བཅས་པ་གང་དུ་མི་གནས་པའོ། །དེ་བཞིན་དུ་སྐྱེ་བོ་ཉན་པ་པོའི་ཡིད་ཀྱི། སྣོད་གསུམ་དག་ཏུ་ཆོས་སྨྲ་བས་ཆོས་ཀྱི་ཆར་ཕབ་ཀྱང༌། ཆོས་ཀྱི་ཆུའི་བྱ་བ་མི་བྱེད་དེ། རྣམ་པར་གཡེང་བ་དང༌། རྨུགས་པ་དང༌། གཉིད་དག་གིས་མི་ཉན་པའི་ཕྱིར། གང་དུ་མི་འབབ་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པའི་ཕྱིར། གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང༌། དྲན་པ་བརྗེད་ངས་པའི་ཕྱིར་གང་དུ་མི་གནས་པའོ། །དེ་ལྟ་བས་ན་དེའི་སྐྱོན་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་གསུངས་པ་ཡིན་པས་ན་མཉན་པའི་སྐྱོན་དེ་བདག་ཅག་ལ་འབྱུང་ན་མི་རུང་བའི་ཕྱིར། གུས་པར་ཆོས་མཉན་པར་བྱའོ། །ནད་པ་གཅིག་གིས་ནི་སྨན་པའི་ལུང་མ་ཤེས་ལ། གཉིས་པས་ནི་ཉེས་པར་བཟུང་སྟེ། དཔེར་ན་འཁྲུས་པ་ལ་འབྲས་ཁུ་ལུད་ཅིག་ཅེས་བསྒོ་བ་ལས། ཞོ་ག་ཆུ་བླུད་པ་དང༌། དྲོད་ཆུང་བ་ལ་ཕྱེ་མ་སྦྱར་བ་ལས་ཕྱུང་སྟེ། ཕོ་སུམ་རེ་རེ་འགོམས་ཤིག་ཅེས་བསྒོ་བ་ལས་རྒྱུན་མི་འཆད་པར་ཐམས་ཅད་འགམས་བ་དང༌། འདི་ལྟར་སྣུམ་ཐོང་ལ་འདི་ལྟར་བཀྲུ་སྨན་འཐུངས་ཤིག །འཐུངས་ནས་ཀྱང་འདི་ལྟར་


DTG136_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཁུ་དང༌། ཐུག་པ་ལ་སོགས་པ་རིམ་གྱིས་ལོངས་སྤྱོད་ཅིག་ཅེས་བསྒོ་བ་ལས། ཉི་མ་གཅིག་ཉིད་ལ་ཐམས་ཅད་བྱས་སོ། །གསུམ་པས་ནི་ལེགས་པར་བཟུང་ནས་ཆུད་གཟན་པ་ལྟ་བུ་སྟེ། དེ་རྣམས་ལས་བར་མ་ནི་ཐམས་ཅད་པས་ཐ་ཆད་ཡིན་ནོ། །བསྟན་པ་འདི་ལ་ཡང་གང་ཟག་དེ་ལྟ་བུ་གསུམ་ཡོད་པས་དེའི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཉོན་ལ་ལེགས་པ་དང༌། རབ་ཏུ་ཡིད་ལ་བྱ་བས་མཉན་པ་ལ་ཡང་དག་པར་གཟུང་པ་མཛད་དོ། །དེ་ལྟ་བས་ན་ནད་པ་ལྟ་བུར་གྱུར་ན་མི་རུང་བས་གུས་པར་ཆོས་མཉན་པར་བྱའོ། །ནད་པ་གསུམ་པོ་དག་ནི་ཕལ་གནོད་དེ། ཟས་མི་ཟ་བ་གང་ཡིན་པ་དང༌། མི་འཕྲོད་པ་ཟ་བ་གང་ཡིན་པ་དང༌། འཕྲོད་པ་ཟོས་པ་སྐྱུགས་པ་གང་ཡིན་པའོ། །དེ་བཞིན་དུ་ཉོན་མོངས་པའི་ནད་པ་རྣམས་ཀྱང་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་དེ། དམ་པའི་ཆོས་མི་ཉན་པ་གང་ཡིན་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པ་གང་ཡིན་པ་དང༌། ལེགས་པར་ཡིད་ལ་མེད་པའི་ཕྱིར་བརྗེད་པ་གང་ཡིན་པའོ། །དེ་ལྟ་བས་ན་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་པར་གྱུར་ན་མི་རུང་པས། གུས་པར་མཉན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང༌། སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་དང༌། ཤེས་རབ་ཀྱིས་དོན་དང༌། ཚིག་ཟབ་མོ་རྟོགས་པར་འགྱུར་བའོ། །དེ་ལ་ཇི་ལྟར་ན་མ་ཐོས་པ་ཐོས་པར་འགྱུར་བ་ཡིན་ཞེ་ན། ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་བསྟན་བཅོས་གཞན་ཐམས་ཅད་ལས་མ་ཐོས་པ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། འཕགས་པའི་བདེན་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང༌། དབུགས་རྔུབས་པ་དང༌། འབྱུང་བ་དྲན་པ་དང༌། བསླབ་པ་དང༌། ཤེས་ནས་དད་པ་རྣམ་པར་གཞག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བར་དང་སྤྱི་དང་རྒྱུ་དང་འབྲས་བུའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པ་


DTG136_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བདག་ཏུ་ལྟ་བའི་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་སྟོན་པ་དང༌། གང་ཟག་སློབ་པ་དང༌། མི་སློབ་པའི་བར་དུ་དབྱེ་བ་དང༌། ཆེ་བའི་བདག་ཉིད་དང༌། དགེ་སྦྱོང་གི་འབྲས་བུ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་ལ་སོགས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། ཆེ་བའི་བདག་ཉིད་ལ་སོགས་པ་གང་ཡིན་པ་དེ་ཐོས་པར་འགྱུར་རོ། །དེ་ལྟར་ན་མ་ཐོས་པ་ཐོས་པར་འགྱུར་རོ། །ཇི་ལྟར་ན་ཐོས་པ་ཡོངས་སུ་བྱང་བར་འགྱུར་ཞེ་ན། སངས་རྒྱས་འབྱུང་བ་གཞན་དག་ལས་སམ། འདིར་ཐོས་པ་བརྗོད་དམ། དྲི་མ་ཅན་དུ་གྱུར་པ་གང་ཡིན་པ་དེ་མཉན་པས་གསལ་བར་བྱེད་ཅིང་དྲི་མ་མེད་པར་བྱེད་དོ། །དེ་ལྟར་ན་ཐོས་པ་ཡོངས་སུ་བྱང་བར་འགྱུར་རོ། །ཇི་ལྟར་ན་སོམ་ཉི་སྤོང་བར་འགྱུར་ཞེ་ན། དེ་སེམས་པ་ན་ཐེ་ཚོམ་འབྱུང་བ་གང་ཡིན་པ་དེ། ཆོས་མཉན་པས་ངེས་པ་འཐོབ་བོ། །ཇི་ལྟར་ན་ལྟ་བ་དྲང་པོར་བྱེད་ཅེ་ན། འདིས་སེམས་པ་ན་ལོག་པར་རྟོག་པ་འབྱུང་བ་གང་ཡིན་པ་དེ་ཡང་དག་པར་རྟོག་གོ །ཇི་ལྟར་ན་ཤེས་རབ་ཀྱིས་དོན་དང་ཚིག་ཟབ་མོ་རྟོགས་པར་འགྱུར་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་གང་ཐོས་ནས། ཆོས་ཉིད་རྟོགས་པར་འགྱུར་ཞིང༌། འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱེད་དོ། །ཕན་ཡོན་ལྔ་པོ་འདི་དག་གིས་ཤེས་རབ་གསུམ་ཡོངས་སུ་དག་པར་བསྟན་པ་ཡིན་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་གང་ཡིན་པ་དེས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་དག་པར་འགྱུར་རོ། །སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་གང་ཡིན་པ་དེས་ནི་བསམས་པ་ལས་བྱུང་བའོ། །ཤེས་རབ་ཀྱིས་དོན་དང༌། ཚིག་ཟབ་མོ་རྟོགས་པར་འགྱུར་བ་གང་ཡིན་པ་དེས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་དག་པར་འགྱུར་རོ། །ཕན་ཡོན་འདི་དག་ཡང་དག་པར་མཐོང་བས་དམ་པའི་ཆོས་མཉན་པ་ལས་གུས་པར་མཉན་པར་བྱའོ། །ཡང་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས། ཐོས་པས་ཆོས་རྣམས་


DTG136_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་བས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པས་སོ། །དེ་ལ་ཇི་ལྟར་ན་ཐོས་པས་ཆོས་རྣམས་ཤེས་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཐོས་ན་ཡང་དག་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཡོངས་སུ་སྟོན་པ་གང་ཡིན་པ་འདི་དེ་ཁོ་ན་ཆོས་ཡིན་གྱི། གཞན་མུ་སྟེགས་ཅན་གྱིས་སྨྲས་པ་མེ་དང་ཆུར་འཇུག་པ་དང༌། ཟས་མི་ཟ་བ་དང༌། བརྟུལ་ཞུགས་དྲག་པོ་དང༌། འཚེ་བ་དང༌། མཆོད་སྦྱིན་ལ་སོགས་པ་ཡོངས་སུ་སྟོན་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཤེས་སོ། །ཇི་ལྟར་ན་ཐོས་པས་སྡིག་པ་ལས་ལྡོག་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་ཉེས་པར་སྤྱོད་པ་ལས་ལྡོག་གོ །ཇི་ལྟར་ན་ཐོས་པས་དོན་མེད་པ་སྤོང་བར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་སེམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་གང་དག་ལ་བྱིས་པ་རྣམས་དོན་དུ་འདུ་ཤེས་པ་འདོད་པ་དོན་མེད་པར་གྱུར་པ་རྣམས་སྤོང་བར་འགྱུར་རོ། །ཇི་ལྟར་ན་ཐོས་པས་མྱ་ངན་ལས་འདས་པ་འཐོབ་ཅེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་ཟག་པ་ཟད་པ་མངོན་སུམ་དུ་བྱེད་དོ། །འདིས་ནི་དམ་པའི་ཆོས་མཉན་པ་ལ་ཕན་ཡོན་རྣམ་པ་བཞི་པོ་ཡང་དག་པའི་ལྟ་བ་རྙེད་པ་དང༌། བསླབ་པ་གསུམ་ལ་ཡང་དག་པར་བརྟེན་པས། སྡིག་པ་ལས་ཡང་དག་པར་རྒལ་བ་དང༌། འདོད་པ་ལས་ཡང་དག་པར་རྒལ་བ་དང༌། ཡང་སྲིད་པ་ལས་ཡང་དག་པར་རྒལ་བ་ཡོད་པར་གོ་རིམས་བཞིན་དུ་ཡོངས་སུ་བསྟན་ཏོ། །ཡང་ཉོན་མོངས་པའི་གནོད་པའི་རྒྱུས་ཕན་ཡོན་རྣམ་པ་བཞི་པོ་ཡང་དག་པའི་ལྟ་བ་རྙེད་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་དང༌། ཉོན་མོངས་


DTG136_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་ཡོད་པར་ཡོངས་སུ་བསྟན་ཏོ། །ཡང་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་དང༌། རབ་ཏུ་འབྱུང་བ་དང༌། དབང་པོའི་སྒོ་བསྲུངས་པ་ཉིད་ཀྱི་རིམ་པས་བསམ་གཏན་བཞི་པའི་བར་དུ་སྟེ། དེ་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར། གནོད་པ་སྤོང་བ་དང༌། འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རིམ་པས་ཟག་པ་ཟད་པའི་བར་དུ་སྟེ། ནྱ་གྲོ་དྷ་ལ་སོགས་པའི་མདོ་སྡེ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་ཕན་ཡོན་རྣམ་པ་མང་པོ་ཡང་དག་པར་མཐོང་བ་ཉིད་ཀྱིས་གུས་པར་ཆོས་མཉན་པར་བྱའོ། །ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་པས་སོ། །ཡང་ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་བསླང་བ་ཉིད་ཀྱིས་དང༌། དབང་དུ་མཛད་པ་ཉིད་ཀྱིས་དང༌། འཇུག་པ་ཉིད་ཀྱིས་དང༌། རབ་ཏུ་བསྟན་པ་ཉིད་ཀྱིས་དང༌། རབ་ཏུ་དབྱེ་བ་ཉིད་ཀྱིས་དང༌། རྟེན་ཉིད་ཀྱིས་དང༌། གོ་བར་མཛད་པ་ཉིད་ཀྱིས་དང༌། གདགས་པ་ཉིད་ཀྱིས་དང༌། དུས་ཉིད་ཀྱིས་དང༌། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཇི་ལྟར་ན་ཡང་དག་པར་བསླང་བ་ཉིད་ཀྱིས་ཤེ་ན། ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་དབང་དུ་མཛད་པ་ཉིད་ཀྱིས་ཤེ་ན། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་འཇུག་པ་ཉིད་ཀྱིས་ཤེ་ན། རེས་འགའ་མ་ཡིན་གྱི། ཡང་དང་ཡང་དུ་རྒྱུན་དུ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རབ་ཏུ་བསྟན་པ་ཉིད་ཀྱིས་ཤེ་ན། སློབ་དཔོན་གྱིས་དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་བར་ཆད་མེད་པར་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རབ་ཏུ་དབྱེ་བ་ཉིད་ཀྱིས་ཤེ་ན། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རྟེན་ཉིད་ཀྱིས་ཤེ་ན། དབྱངས་ཡན་ལག་ལྔ་དང་ལྡན་པ་ཅན་ཡང་དག་པར་གསུངས་པའི་ཕྱིར་རོ། །


DTG136_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་གོ་བར་མཛད་པ་ཉིད་ཀྱིས་ཤེ་ན། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་དང༌། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་བ་ལ་ཐུག་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་གདགས་པ་ཉིད་ཀྱིས་ཤེ་ན། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་དུས་ཉིད་ཀྱིས་ཤེ་ན། འདུལ་བ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་ཤེ་ན། གསུང་ཡོན་ཏན་རྣམ་པ་དྲུག་ཅུ་དང་ལྡན་པ་ཡང་དག་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་གསང་བ་ལས། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པར་འབྱུང་སྟེ། མཉེན་པ་དང༌། འཇམ་པ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་འཐད་བ་དང༌། དག་པ་དང༌། དྲི་མ་མེད་པ་དང༌། གསལ་བ་དང༌། སྙན་ཅིང་འཇེབས་པ་དང༌། མཉན་པར་འོས་པ་དང༌། མི་ཚུགས་པ་དང༌། སྙན་པ་དང༌། འདུལ་བ་དང༌། མི་རྩུབ་པ་དང༌། མི་བརླང་བ་དང༌། རབ་ཏུ་དུལ་བ་དང༌། རྣར་སྙན་པ་དང༌། ལུས་ཚིམ་པར་བྱེད་བ་དང༌། སེམས་ཚིམ་པར་བྱེད་པ་དང༌། སྙིང་དགའ་བར་བྱེད་པ་དང༌། དགའ་བ་དང༌། བདེ་བ་བསྐྱེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་དུ་ཤེས་པར་བྱ་བ་དང༌། རྣམ་པར་རིག་པར་བྱ་བ་དང༌། རྣམ་པར་གསལ་བ་དང༌། དགའ་བར་བྱེད་པ་དང༌། མངོན་པར་དགའ་བར་བྱེད་པ་དང༌། ཀུན་དུ་ཤེས་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་པ་དང༌། རིགས་པ་དང༌། འབྲེལ་བར་བྱེད་པ་དང༌། ཟློས་པའི་སྐྱོན་མེད་པ་དང༌། སེང་གེའི་སྒྲའི་ཤུགས་དང༌། གླང་པོ་ཆེའི་སྒྲ་སྐད་དང༌། འབྲུག་གི་སྒྲ་སྐད་དང༌། ཀླུའི་དབང་པོའི་སྒྲ་དབྱངས་དང༌། དྲི་ཟའི་གླུ་དབྱངས་དང༌། ཀ་ལ་པིཾ་ཀའི་སྒྲ་དབྱངས་དང༌། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་དང༌། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང༌། རྔའི་སྒྲ་དང༌། མ་ཁེངས་པ་དང༌། མི་དམའ་བ་དང་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། ཚིག་ཟུར་ཆག་མེད་


DTG136_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མ་ཚང་བ་མེད་པ་དང༌། མ་ཞུམ་པ་དང༌། མ་ཞན་པ་དང༌། རབ་ཏུ་དགའ་བ་དང༌། ཁྱབ་པ་དང༌། ཆུབ་པ་དང༌། རྒྱུན་ཆགས་པ་དང༌། འབེལ་བ་དང༌། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང༌། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང༌། མ་སྨད་པ་དང༌། མི་འགྱུར་བ་དང༌། མ་རྟགས་པ་དང༌། འཁོར་ཀུན་དུ་གྲགས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལ་མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་བཟང་བའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་སུ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང༌། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེར་རབ་ཏུ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་བསྒྲུབས་པས་ངེས་པར་འབྱིན་པའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པའི་ཕྱིར་རོ།། །།བམ་པོ་དགུ་པ། འདུལ་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་ཆར་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་སྐྱེད་པའི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་སྐྱེད་པ་ནི་ལོག་པར་ངེས་པར་སེལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །


DTG136_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱིས་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ། །མངོན་བར་དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་བ་ནི་འདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་ཟབ་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། །ཀ་ལ་པིཾ་ཀའི་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་འཇིགས་པའི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་སྒྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་མི་འདའ་བར་བྱ་བ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི། བརྡ་སྤྲོད་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུང་ཆག་པ་མེད་པ་ནི་བསྙེལ་ཏེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་འདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་


DTG136_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་རོ། །མི་ཞན་པ་ནི་བསྙེངས་པ་དང་བྲལ་བའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མ་ཆད་པའི་ཕྱིར་རོ། །འབེལ་བ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི། གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །མི་འགྱུར་བ་ནི་དུས་ལ་བབ་བར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་རྟབས་པ་ནི་རྟབ་རྟབ་བོར་མི་གསུང་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་ནི། འཁོར་ཉེ་བ་དང༌། རིང་བས་མཚུངས་པར་ཐོས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་སྒྱུར་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཞེ་ན། འཁོར་ལོ་ལེགས་པར་སྦྱར་བ་ཡང་འཕུལ་བར་བྱེད་པ་དང༌། ས་དང་གཉིས་ཀྱི་ཡོན་ཏན་གྱིས་འདྲིལ་ཏེ། གལ་ཏེ་འཕུལ་བར་བྱེད་པས་ཀྱང་ལེགས་པར་འཕུལ་བ་ལ། གང་དུ་དབུལ་བར་བྱ་བའི་ས་ཡང་མི་མཉམ་པ་མེད་པ་ཡིན་ནའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ལེགས་པར་བཤད་པ་ཡང་སྟོན་པ་པོ་དང༌། ཉན་པ་པོ་དང༌། གཉིས་ཀྱི་ཡོན་ཏན་གྱིས་བསྐོར་ཏེ། གལ་ཏེ་སྟོན་པ་པོས་ཡང་དག་པར་སྟོན་པ་གང་ལ་བསྟན་པར་བྱ་བའི་ཉན་པ་པོ་ཡང་དག་པར་ཉན་ནའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གང་ཟག་གཉིས་ནི། དེ་བཞིན་གཤེགས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་སྐོར་བར་བྱེད་པ་ཡིན་ཏེ། གང་ཞིག་གུས་པར་ཆོས་འཆད་པ་དང༌། གང་ཞིག་དེ་གུས་པར་ཉན་པའོ། །ཆོས་དང་ལྡན་པ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། དོན་དམ་པའི་ཆོས་དང་མ་བྲལ་བ་ནི། ཆོས་དང་ལྡན་པ་ཡིན་ལ་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །གཞན་


DTG136_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན་པ་ཡང་ཆོས་ཞེས་བྱ་སྟེ། ཇི་སྐད་དུ། ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡང་ཡིན་ཞེ་ན། འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ་མདོ་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །རིགས་བ་ཡང་ཡིན་ཏེ། ཇི་སྐད་དུ་ཆོས་ཀྱིས་ཆོས་ཚོལ་བར་བྱེད་དེ། ཆོས་མ་ཡིན་པས་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །དེ་ལྟ་བས་ན་རིགས་པའི་ཆོས་དང་མ་བྲལ་བའི་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་ཞེས་པ་ཡིན་ནོ། །འཁོར་ལོ་དང་ཆོས་མཐུན་པས་འཁོར་ལོ་སྟེ། འདུལ་བའི་རྒྱུད་གཞན་དག་ལ་བསྐོར་བའི་ཕྱིར་རོ། །གཞན་མུ་སྟེགས་ཅན་དག་ལ་ཡང་ཆོས་ཀྱི་འཁོར་ལོ་ཡོད་མོད་ཀྱི། ཆོས་དང་ལྡན་པ་ནི་མ་ཡིན་ཏེ། རིགས་པའི་ཆོས་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ཁོ་ན་ཆོས་དང་ལྡན་པ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ལྟར་བས་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བར་བྱེད་པར་འགྱུར་སྙམ་ནས། གུས་པར་ཆོས་མཉན་པར་བྱའོ། །འཕགས་པ་ཤཱ་རིའི་བུས། དེ་ལྟར་འཕགས་པ་ཉན་ཐོས་ཆོས་ཡང་དག་པར་ཉན་ན་འཆད་པ་པོ་ལ་མཐོ་མི་འཚམ་པ་དང༌། གཏམ་གྱི་བཅུད་རྟོགས་པ་དང༌། ཆོས་ཉིད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱེད་པ་དང༌། བདག་གི་དོན་རྗེས་སུ་འཐོབ་པ་དང༌། མྱ་ངན་ལས་འདས་པ་ཡང་འཐོབ་པོ་ཞེས་གསུངས་པ་འདིས་ཅི་ཞིག་བསྟན་པ་ཡིན་ཞེ་ན། ཆོས་ཡང་དག་པར་མཉན་ན་དུས་གསུམ་དག་ཏུ་ཕན་ཡོན་གསུམ་ཡོད་པར་བསྟན་པ་ཡིན་ཏེ། ཉན་པའི་དུས་ན་འཆད་པ་པོའི་བསམ་པ་གང་ཡིན་པ་རྫོགས་པར་བྱེད་ཅིང༌། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་དོན་གྱི་བཅུད་འཐོབ་པས་གཞན་དང༌། བདག་རྗེས་སུ་འཛིན་པ་དང༌། བསྒྲུབ་པའི་དུས་སུ་སྟོན་པའི་དགོངས་པ་གང་ཡིན་པ་རྫོགས་པར་བྱེད་ཅིང་བདག་ཉིད་ཀྱིས་ཀྱང་ཟག་པ་ཟད་པས་རྗེས་སུ་འཐོབ་པས། བདག་དང་གཞན་རྗེས་སུ་འཛིན་པ་དང༌། ཐ་མའི་དུས་སུ་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་བོ། །གལ་ཏེ་དུས་གསུམ་དག་ཏུ་ཡིན་ན་ཅིའི་ཕྱིར་ཉན་ན་ཞེས་གསུངས་ཤེ་ན། ཇི་ལྟར་སྨྲ་ཞིང་འགྲོ་བར་བྱེད་ཅེས་བྱ་བའི་བྱ་བ་གཉིས་དུས་གཅིག་པ་ཉིད་དུ་བསམ་པ་དེ་ལྟ་བུར་ནི་ཉན་ན་ཇི་སྐད་སྨོས་པ་བཞིན་དུ་བྱེད་པ་ནི་


DTG136_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །འོན་ཀྱང་ཉན་བའི་རྒྱུ་ཉིད་ལ་དགོངས་པ་ཡིན་ཏེ། དཔེར་ན་མར་ཟོས་ན་བརྟ་པར་བྱེད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཕན་ཡོན་རྣམ་པ་ལྔ་འདོད་པས་གུས་པར་ཆོས་མཉན་པར་བྱའོ། །ཇི་ལྟར་ལོང་བ་དང་མིག་བཙུམས་པ་ལ་མར་མེ་སྦར་བ་མཚུངས་པ་ལྟར་སྐལ་བ་མེད་པ་ལྟ་བ་ལོག་པར་ཞུགས་པ་དང༌། རྣ་བ་བླགས་པ་ཡང་དེ་ལྟ་བུ་ཡིན་པས། དེ་ལྟ་བས་ན་ལོང་བ་དང་འདྲ་བར་གྱུར་ན་མི་རུང་ངོ་སྙམ་ནས་གུས་པར་ཆོས་མཉན་པར་བྱའོ། །བརྡ་མི་ཕྲད་པས་ཀྱང་སངས་རྒྱས་ཀྱི་གསུང་གུས་པར་མཉན་པར་བྱ་སྟེ། འདི་ལྟར་དད་པ་ཙམ་གྱིས་ཀྱང་ཉན་ན་བསོད་ནམས་ཆེན་པོ་ཉིད་དང་ལྡན་པ་དང༌། ཤེས་རབ་ཀྱིས་ཁམས་བརྟས་པར་འགྱུར་ན་དོན་རྟོགས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བ་ལང་རྫི་དགའ་བོས་སྦལ་བ་ཁར་བས་མན་པའི་རྟོགས་པ་བརྗོད་པ་ཡང་བརྗོད་པར་བྱའོ། །འདིར་ཡང་བཤད་པ། དད་པས་མཉན་པས་གང་གིས་ན།། མཐོ་རིས་དགའ་བའི་བསོད་ནམས་དང༌། །གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །འཛིན་པ་པོས་སྣོད་གཟུང་བ་ནི་བླའི་ལྡུགས་པ་པོས་བཅུད་ཀྱིས་ལེན་བླུགས་པར་ནི་དཀའ་བས་ཁྱེད་ཀྱིས་ནི་སེམས་གཏད་པར་བྱ་བས་རྣ་བའི་སྣོད་བཟུང་བ་འབའ་ཞིག་བྱ་ཞིང༌། བདག་ཅག་གིས་ནི་དམ་བའི་ཆོས་ཀྱི་བཅུད་ཀྱིས་ལེན་བླུགས་པར་བྱ་སྟེ། ཁྱེད་ཀྱི་བྱ་བ་ནི་སླ་བ་ཡིན། ངེད་ཀྱི་བྱ་བ་ནི་དཀའ་བ་ཡིན་ནོ། །སླ་བ་རིགས་པ་དང་ལྡན་པ་མི་བྱེད་པ་ནི་སྨད་པར་བྱ་བ་ཡིན་པས་དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །སངས་རྒྱས་ཀྱི་གསུང་འདི་ནི་ཆུ་དང་འདྲའོ། །ཆུ་ནི་ཕན་པ་རྣམ་བ་ལྔ་བྱེད་དེ། །འབྲས་ཐུག་པོ་ཆེ་ལ་སོགས་བ་བངས་པར་བྱ་བ་རྣམས་བངས་པར་བྱེད་པ་དང༌། ལུས་དང་གོས་དང༌། སྣོད་དག་གི་དྲི་མ་སེལ་བ་དང༌། སོས་ཀའི་ལུས་ཀྱི་ཡོངས་སུ་གདུང་བ་སེལ་བ་དང༌། སྐོམ་དད་ཆེ་བ་ཞི་བར་བྱེད་པ་དང༌། རྩྭ་དང་འབྲུ་དང༌། ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས་གདུལ་བྱའི་རྒྱུད་བངས་པར་བྱེད་པ་དང༌། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང༌། འདོད་པའི་ཡོངས་སུ་གདུང་བ་སེལ་བ་དང༌། ཡང་འབྱུང་བ་བའི་སྲེད་བ་ཞི་བར་བྱེད་པ་དང༌།


DTG136_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩྭ་དང༌། འབྲུ་དང༌། ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཕན་པ་རྣམ་པ་ལྔ་པོ་དེ་ཡང་དད་པ་རྙེད་པ་དང༌། ལས་དང་བཅས་པའི་བསླབ་བ་གསུམ་ལས་བརྩམས་པར་རིག་པར་བྱའོ། །དེ་ལྟ་བས་ན་ཕན་པ་རྣམ་པ་ལྔ་པོ་དེ་འདོད་པས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། མེས་བྱ་བ་བཞི་བྱེད་དེ། སྲེག་པར་བྱེད་བ་དང༌། ཆོས་པར་བྱེད་པ་དང༌། དྲོ་བར་བྱེད་པ་དང༌། གསལ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་ཀྱང༌། རྒྱུད་སྨིན་པ་རྣམས་ལ་ཉོན་མོངས་པ་རྣམས་སྲེག་པ་དང༌། རྒྱུད་མ་སྨིན་པ་རྣམས་ལ་དགེ་བའི་རྩ་བ་རྣམས་སྨིན་པར་བྱེད་པ་དང༌། སྲིད་བ་ལ་མངོན་པར་དགའ་བ་རྣམས་སྐྱོ་བར་བྱེད་པའི་ཕྱིར་གདུང་བར་བྱེད་པ་དང༌། སྐྱོ་བར་གྱུར་བ་རྣམས་དང༌། ཐེ་ཚོམ་ཟོས་པ་དང༌། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པ་རབ་ཏུ་སྟོན་པའི་ཕྱིར་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །གཞི་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་བརྟེན་པར་བྱ་སྟེ། དྲི་མ་མེད་པར་བྱ་བའི་ཕྱིར་དང༌། ཚ་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། སྐོམ་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང༌། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱ་བའི་ཕྱིར་རོ། །སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལ་ཡང་དེ་བཞིན་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་བྱ་བའི་ཕྱིར་དང༌། འདོད་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། ཡང་འབྱུང་བའི་སྲེད་པ་ཞི་བར་བྱ་བའི་ཕྱིར་དང༌། བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང༌། ཚུ་རོལ་གྱི་འགྲམ་འཇིག་ཚོགས་ནས་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་རོ། །དེ་ལྟ་བས་ན་འཇུག་ངོགས་བདེ་བ་ལ་བརྟེན་པའི་ཡོན་ཏན་འདོད་པ་རྣམས་ཀྱིས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་རས་ལ་གཟུགས་སུ་མི་བྲི་བ་འགྲུབ་སྟེ། རས་འགུལ་བ་དང༌། དྲི་མ་ཅན་དང༌། ཐག་ཐུག་ཉིད་ཀྱི་སྐྱོན་གྱི་ཕྱིར་དང༌། ཚོན་མི་བཟང་


DTG136_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང༌། རི་མོ་མཁན་མི་མཁས་པའི་ཕྱིར་རོ། །ཉན་པ་པོའི་སྐྱེ་བོའི་ཡིད་ཀྱི་རས་ལ་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་སུ་བྲི་བ་ཡང་དེ་བཞིན་ཏེ། རྣམ་པར་གཡེང་བ་དང༌། སྒྲིབ་པ་དང༌། སྔོན་གྱི་སྒྲིབ་པས་དེ་གཡོ་བ་དང༌། དྲི་མ་ཅན་དང༌། མི་མཉམ་པ་ཉིད་ཀྱི་སྐྱོན་གྱི་ཕྱིར་དང༌། ཉེས་པར་བཤད་པའི་ཆོས་ཀྱི་ཚོན་མི་བཟང་བའི་ཕྱིར་དང༌། ཆོས་སྨྲ་བའི་རི་མོ་མཁན་མི་མཁས་པའི་ཕྱིར་རོ། །དེ་ལྟ་བས་ན་ཚོན་གྱི་སྐྱོན་ནི་མེད་དེ། ཆོས་ནི་ལེགས་པར་གསུངས་པ་ཡིན་པའི་ཕྱིར་རོ། །ཁྱེད་དང་བདག་ཅག་ལ་སྐྱོན་འབྱུང་སྟེ། དེ་ཡོངས་སུ་སྤང་བའི་ཕྱིར་ཁྱེད་ཀྱིས་ཀྱང་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱ་ཞིང༌། བདག་ཅག་གིས་ཀྱང་གུས་པར་བཤད་པར་བྱའོ། །དམ་པའི་ཆོས་མཉན་པ་ལ་ཡོན་ཏན་ལྔ་ཡོད་དེ། རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང༌། ཉེས་པར་བཟུང་བ་འདོར་བ་དང༌། ཐེ་ཚོམ་ཟོས་པ་ངེས་པར་བྱེད་པ་དང༌། ངེས་པར་བྱས་པ་སྙིང་པོར་བྱེད་པ་དང༌། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་བར་བྱེད་པའོ། །དེ་ལྟ་བས་ན་གུས་པར་དམ་པའི་ཆོས་མཉན་པར་བྱའོ། །ལོང་བ་ནི་སྟོན་པ་པོའི་ཡོན་ཏན་གྱི་ལམ་རྙེད་པ་ཡང་སྲིད་ཀྱི། བླུན་པོ་ནི་ལོག་པར་ལྷུང་ན་མ་ཡིན་ནོ། །དེ་ལྟ་བས་ན་ལོང་བ་ནི་བླའི། བླུན་པོ་ཉིད་ནི་མ་ཡིན་ཏེ། བླུན་པོའི་རྒྱུ་ནི་མི་ཉན་པ་ཡིན་ནོ། །དེ་ལྟ་བས་ན། ཇི་ལྟར་ན་བླུན་པོར་མི་འགྱུར་བར་བྱ་སྙམ་ནས། གུས་པར་ཆོས་མཉན་པར་བྱའོ། །སེམས་སྤྲེའུ་འདྲ་བར་གཡོ་བ་ནི་གཉིས་ཏེ། རྣམ་པར་གཡེང་བ་དང༌། གཉིད་ལོག་པའོ། །དེ་ཆར་གཅད་པའི་ཕྱིར་འདི་སྐད་ཅེས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ་ཞེས་བརྗོད་པར་བྱའོ། །འགའ་ཞིག་ལམ་ལོག་པར་ནི་ཞུགས་ན་ཡང༌། །རིམ་གྱིས་བསྒྲུབ་པ་བྱས་ན་སྨན་དུ་འགྱུར། །དགེ་དང་མི་དགེ་གཉིས་ཀ་དཔྱད་བྱས་ན། །གང་འདོད་དེ་ནས་རྟོག་བྱེད་འགྲོ་བར་གྱིས། །འགའ་ལ་འཁྲུལ་པ་བྱུང་ན་བདག་ཉིད་ནི། །དག་འགྱུར་འདི་ཡིན་ཤེས་ནས་འདོད་པའང་སྲིད། །ཡོན་ཏན་དེ་གསུམ་བརྟགས་ནས་ཐུབ་དབང་གི །གསུང་ནི་གུས་པར་ཉོན་ཅེས་བརྗོད་པར་བྱ། །དེ་


DTG136_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་ཟག་གསུམ་པོ་དག་ལ་དགོངས་ནས་གསུངས་པ་ཡིན་ཏེ། གང་ཟག་གསུམ་དག་ནི་ངེས་པར་ལེགས་པ་ལ་ལོག་པར་ཞུགས་པ་དང༌། བསྒྲུབ་བར་འདོད་པ་མངོན་པར་མི་ཤེས་པ་དང༌། བསྒྲུབ་བར་མི་འདོད་པ་གཅིག་ཏུ་བག་མེད་པར་གྱུར་པ་དྲི་མ་ཅན་གྱི་ལས་ཅན་ཡིན་ནོ། །ཉི་མ་གནམ་ལ་འཆར་བ་ན་བྱ་བ་ལྔ་བྱེད་དེ། མི་ལ་སོགས་པ་དག་གི་ལྟ་བ་སྐྱེད་པ་དང༌། འུག་པ་ལ་སོགས་པ་དག་གི་ལྟ་བ་ཟློག་པ་དང༌། འབྲུལ་སོགས་པ་སྨིན་པར་བྱ་བ་སྨིན་པར་བྱེད་པ་དང༌། འདམ་ལ་སོགས་པ་བསྐམ་པར་བྱ་བ་སྐེམས་པ་དང༌། ལུས་དང་ཆུ་ལ་སོགས་པ་དྲོ་བར་བྱ་བ་དྲོ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཉི་མས་ཀྱང་ཡང་དག་པའི་ལྟ་བ་སྐྱེད་པ་དང༌། ལོག་པར་ལྟ་བ་ལྡོག་པ་དང༌། གདུལ་བའི་ཞིང་རྣམས་ལ་དགེ་བའི་རྩ་བའི་འབྲུ་ལ་སོགས་པ་སྨིན་པར་བྱེད་པ་དང༌། སྲེད་པའི་འདམ་སྐེམས་པར་བྱེད་པ་དང༌། བདུད་རྣམས་འདོད་པས་ཕོངས་པར་བྱེད་པ་དང༌། གདུལ་བྱ་བག་མེད་བ་རྣམས་སྐྱོ་བར་བྱེད་པས་གདུང་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྡོ་ཐལ་གྱི་རྡོ་མེས་བསྲེགས་པ་ཆུས་འཇིག་པར་བྱེད་པ་དང་འདྲ་བར་ཉོན་མོངས་པའི་བག་ལ་ཉལ་གྱི་རྡོ་ཤེས་རབ་ཀྱི་མེས་ཡོངས་སུ་བསྲེགས་པ་ཏིང་ངེ་འཛིན་གྱི་ཆུས་སྤངས་ནས་འཇིག་གོ །ཤེས་རབ་དེ་ཡང་དམ་པའི་ཆོས་མཉན་པ་མེད་པར་ནི་མ་ཡིན་པས། དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །ཚིག་གི་ཁུར་ཐོགས་ཀྱང་དོན་མངོན་པར་མི་ཤེས་ན། དེའི་དོན་མི་འཐོབ་སྟེ། ཁྱེའུའི་མགུལ་དུ་གཏེར་གྱི་ཁ་ཆེམས་ཀྱི་ཡི་གེ་བཏགས་པ་དང་འདྲའོ། །དེ་ལྟ་བས་ན་མང་དུ་ཐོས་པས་ཀྱང་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་མདོ་སྡེའི་དོན་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །མེལ་ཚེ་བ་སོ་སོར་མི་རྟོག་པ་ནི་མ་ཉལ་ཞེས་ཟེར་བ་བཞིན་དུ་ཆོམ་པོ་རྣམས་ཀྱིས་བཅོམ་མོ། །དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པའི་མང་དུ་ཐོས་པ་སོ་སོར་མི་རྟོག་བ་ཡང་ཉོན་མོངས་པའི་དགྲ་རྣམས་ཀྱིས་འཇོམས་སོ། །སོ་སོར་རྟོག་པ་དེ་ཡང་དོན་ཤེས་པ་ཉིད་མེད་ན་མེད་པས་དེ་ལྟ་བས་ན་དོན་གཟུང་པ་ལ་འབད་པ་དང་ལྡན་པར་བྱའོ། །དེ་བཞིན་དུ་


DTG136_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་མཁན་རྐུན་པོས་འཇིགས་ནས་མི་ཉལ་བར་བྱ་བའི་ཕྱིར་གླུ་ལེན་བཞིན་དུ་བཅོམ་མོ་ཞེས་བྱ་བ་ཡང་དཔེར་བརྗོད་པར་བྱའོ། །ཇི་ལྟར་ལོང་བ་མེ་མར་འཛིན་པ་ནི་གཞན་དག་ལ་ཕན་པར་འགྱུར་བ་དང་འདྲ་བར་དོན་མངོན་པར་མི་ཤེས་པའི་ཐོས་པ་འཛིན་པ་ཡང་དེ་ལྟ་བུ་ཡིན་པས་དེ་ལྟ་བས་ན་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དོན་མཉན་པ་ལ་འབད་པར་བྱའོ། །སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་འཆོས་པ་དང༌། སྐྱོབ་པར་བྱེད་པས། དེའི་ཕྱིར་བསྟན་བཅོས་སོ། །ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་འཆོས་པ་དང་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་པ་ལ་འབད་པ་དང་ལྡན་པར་བྱའོ། །ལེགས་པར་སྟོན་པ་ལ་བརྟེན་ན་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང༌། །འབྲོག་དགོན་པ་ལས་རྒལ་བའི་དབུགས་འབྱིན་པ་དང༌། བདེ་བར་འགྲོ་བ་དང༌། འདོད་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དམ་པའི་ཆོས་སྟོན་པ་ལ་བརྟེན་ན་ལོག་པར་ལྟ་བ་ལ་སོགས་པ་ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང༌། འཁོར་བའི་འབྲོག་དགོན་པ་ལས་རྒལ་བའི་དབུགས་འབྱིན་པ་དང་ངན་སོང་ལས་མཆོངས་ཏེ་བདེ་བར་འགྲོ་བ་དང༌། འདོད་པ་མྱ་ངན་ལས་འདས་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་མཉན་པ་ལས་འབྱུང་བའི། མ་མཉན་པ་ལས་མ་ཡིན་པས་གུས་བར་མཉན་པར་བྱའོ། །རྒྱུ་བསགས་པ་རྣམས་ནི་ཅུང་ཟད་མཉན་པས་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུས་བསྙེན་པར་རྫོགས་པར་བྱ་བ་ལ་རྗེས་སུ་བསྟན་པ་བྲམ་ཟེ་ཞིག་གིས་ཐོས་ནས་གབ་སྟེ་འདུག་ནས། རབ་ཏུ་བྱུང་བ་


DTG136_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚུལ་ཁྲིམས་ཉམས་པ་ལ་སྡུག་བསྔལ་རྣམ་པ་བཅུ་གཉིས་འབྱུང་ངོ་ཞེས་ཐོས་ནས། འཆལ་པའི་ཚུལ་ཁྲིམས་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ལོག་བ་ལྟ་བུའོ། །སྡུག་བསྔལ་རྣམ་པ་བཅུ་གཉིས་ནི། ཉོན་མོངས་པས་ཡོངས་སུ་གདུངས་པའི་སྡུག་བསྔལ་དང༌། ཀུན་དུ་ཚོལ་བའི་སྡུག་བསྔལ་དང༌། གནོད་པའི་སྡུག་བསྔལ་དང༌། འདོད་པས་ཕོངས་པའི་སྡུག་བསྔལ་དང༌། དོགས་པའི་སྡུག་བསྔལ་དང༌། གླེང་བའི་སྡུག་བསྔལ་དང༌། ཀུན་དུ་སྤོང་བའི་སྡུག་བསྔལ་དང༌། བཀུར་སྟི་མེད་པའི་སྡུག་བསྔལ་དང༌། རྣམ་པར་སྨད་པའི་སྡུག་བསྔལ་དང། ཡིད་ལ་གཅགས་པའི་སྡུག་བསྔལ་དང༌། ཚེ་ཕྱི་མ་ལ་ངན་སོང་རྣམས་སུ་རྣམ་པར་སྨིན་པའི་སྡུག་བསྔལ་དང༌། བདེ་འགྲོ་དག་ཏུ་ཡང་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཚངས་པར་སྤྱོད་པ་དཀའ་བ་ཉིད་ཀྱི་རྒྱུ་མཐུན་པའི་སྡུག་བསྔལ་ལོ། །འབབ་པར་འདོད་པ་ཡང་ད་ནུར་མེ་རབ་ཏུ་འབབ་པའི་བུ་གར་སྦལ་པ་འཇུག་པར་མངོན་པར་ཕྱོགས་པ་ལྟོས་ཤིག །ཁྱོད་མེ་རབ་ཏུ་འབར་བར་འཇུག་པར་འདོད་དམ་ཞེས་སྤྱོ་བ་ཐོས་ནས་ལོག་པ་ཡིན་ནོ། །ཆོས་དགའ་ཆུ་སྲིན་དུ་གྱུར་པ་ན། སངས་རྒྱས་ཀྱི་སྒྲ་ཙམ་ཞིག་ཐོས་པ་ལས་སྔོན་ཕྱག་འཚལ་བ་ཙམ་ལ་གོམས་པའི་ཕྱིར་ཁ་བཙུམས་ཏེ་འདུག་པ་ཡིན་ནོ། །དེ་ལྟ་བས་ན་ཅུང་ཟད་ཅིག་ཐོས་བས་ཀྱང་རྒྱུ་བསགས་པ་རྣམས་ཀྱིས་དགེ་བ་རབ་ཏུ་རྒྱས་པའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །བྱད་སྟེམས་མཁན་གྱིས་བོང་བུར་བྱས་པའི་མིས་དེ་ཤེས་པའི་བུད་མེད་ཀྱི་ངག་མཉན་ནས། དེའི་སྨན་འདོད་པས་ལྡམ་ལྡུམ་ཐམས་ཅད་ཟོས་པ་དང༌། རྡུལ་འཁྲུ་བ་རྣམས་ཀྱིས་གསེར་གྱི་ཕྱིར་འབྱུང་ཁུངས་ཐམས་ཅད་སྤྱོད་བར་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཐར་བའི་ཆོས་འདོད་བས། ཆོས་གང་ཐར་པར་འགྱུར་བ་ལ་ཆོས་དེ་ནི་དམ་པའི་ཆོས་ཐམས་ཅད་མཉན་པ་ལས་འབྱུང་ངོ་སྙམ་ནས་མཉན་པར་བྱའོ། །སྡུག་བསྔལ་མྱོང་དང་ཁྱབ་པ་དང༌། །རྟག་པ་དང་ནི་ཐབས་མེད་དང༌། །གནོད་པ་མང་དང་འཇོམས་བྱེད་པའི། །ལུས་དང་འདྲ་བའི་ནད་མེད་དོ། །འདིས་ནི་ལུས་ཀྱི་ནད་འདི་ལ་སྐྱོན་དྲུག་པོ་


DTG136_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ན་བ་དང་འབྲེལ་བ་ཉིད་དང༌། ལུས་ཐམས་ཅད་ལ་ཁྱབ་བ་ཉིད་དང༌། བར་ཆད་མེད་པར་འཇུག་པ་ཉིད་དང༌། གསོར་མི་རུང་བ་ཉིད་དང༌། གནོད་བ་མང་བ་ཉིད་དང༌། སྲོག་འཕྲོག་བ་ཉིད་ཡོད་པར་ཡོངས་སུ་བསྟན་ཏོ། །སྨན་པའི་ཕུལ་གྱིས་ནད་འདི་དག ། གཏན་དུ་འབྱིན་པར་བྱེད་པ་ཡི། །སྨན་ནི་ཡན་ལག་བརྒྱད་ལྡན་པ། །རྫས་ཀྱི་ཚོགས་ཡིན་གསུངས་པ་ཡོད། །འདི་ནི་ལྷག་པའི་རྙེད་བ་སྟེ། །རིན་མེད་པར་ཡང་རྙེད་བ་ཡིན། །བདག་ཉིད་འབད་བ་མེད་པར་ནི། །ནམ་ཡང་བསྒྲུབ་པར་མི་ནུས་སོ། །ཇི་ལྟར་སྐྱེན་རྣམས་མ་བསལ་ན། །བཅུད་ཀྱིས་ལེན་ནི་མི་འགྲུབ་བཞིན། །དེ་བཞིན་རྣམ་པར་མ་ཞི་བའི། །སེམས་ལ་ལམ་ནི་མི་གནས་སོ། །དེ་ཡང་རིན་མེད་པར་དམ་པའི་ཆོས་མཉན་པ་ལས་རྙེད་ཀྱི་གཞན་ལས་ནི་མ་ཡིན་ནོ། །དེ་ལྟ་བས་ན་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་ཕྱི་རོལ་གྱི་དངོས་པོ་རྣམས་མཉན་པའི་དངོས་པོར་འགྱུར་ཏེ། སྤངས་པས་ནི་བོང་བ་དང་པགས་པ་སྐམ་པོ་ལ་སོགས་པ་དག་གོ །ཚ་བར་བྱ་བས་ནི་ལྕགས་དང་ཟངས་ལ་སོགས་པ་དག་གོ །བརྡུང་བས་ནི་རྩྭ་མུན་ཛ་དང་བལ་བ་ཛ་ལ་སོགས་པ་དག་གོ ། དེ་བཞིན་དུ། སྡང་དང་བག་མེད་རྨོངས་རྣམས་ནི། །དད་དང་སྐྱོ་དང་རྟོགས་པ་སྟེ། །མཉན་པའི་དངོས་པོའི་རྒྱུ་གསུམ་དུ་འགྱུར་རོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྐལ་ལྡན་རྣམས་ཀྱིས་མཉན་བྱས་ན། །ཡོན་ཏན་སྐྱོན་དོན་ངེས་ལས་འབྱུང༌། །གང་གིས་ཡོན་ཏན་ནམ་གང་གི་སྐྱོན་ཐོས་པས་ཤེ་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་ཏེ། །སྐྱོན་ནི་སྡིག་འདོད་སྲིད་རྟེན་ཅན། །དེ་སྡིག་པ་དང་འདོད་པ་རྣམས་དང་སྲིད་པའི་ཡིན་ནོ། །དོན་གང་གིས་ངེས་པ་ཐོབ་པས་ཤེ་ན། མཚན་ཉིད་རྣམ་གཉིས་དེ་རྒྱུ་དང༌། །འབྲས་བུར་ངེས་པ་འབྲེལ་པ་ཡིན། །མཚན་ཉིད་རྣམ་པ་གཉིས་ནི་ཕུང་པོ་ལ་སོགས་པ་དག་གི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ། །རྒྱུ་དང་འབྲས་བུར་འབྲེལ་བའི་མཚན་ཉིད་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དག་གི་དང༌། སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་དག་གིའོ། །དེ་ལྟ་བས་ན་ཡོན་ཏན་འདི་དག་


DTG136_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་པའི་ཆོས་མཉན་ན་ཡོད་པར་རིག་པར་བྱ་སྟེ། དེ་ལ་གུས་པར་བྱའོ། །ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང༌། །ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང༌། །ཉེས་པར་རྣམ་པར་བཤད་པ་དག་གིས་མཐུ་བཅོམ་པས། །དེང་སང་ལེགས་པར་བཤད་བ་མཐར་གྱུར་ཏོ། །ཚིགས་སུ་བཅད་པ་འདིས་ནི་དེང་སང་ཕྱོགས་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་ཉམས་པ་རྣམ་པ་བཞི་དང༌། ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ། །ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང༌། །ཞེས་བྱ་བས་ནི་ཁྱིམ་པའི་ཕྱོགས་ལ་ཉན་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཉན་པ་པོ་ཡིན་པས་སོ། །ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང༌། །ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་འདོན་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། ཐོས་པ་འཛིན་པའི་ཕྱིར་རོ། །ཉེས་པར་རྣམ་པར་བཤད་པ་དག་གིས་ཞེས་བྱ་བས་ནི་དེ་ཉིད་ལ་དོན་བཤད་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དོན་ལོག་བར་འཆད་པའི་ཕྱིར་རོ། །མཐུ་བཅོམ་པས་ཞེས་བྱ་བས་ནི་རྟོགས་པ་ཉམས་པར་སྟོན་པ་ཡིན་ཏེ། གང་གི་དོན་དུ་སྟེ། དགེ་སློང་གི་ཚུལ་གྱི་འབྲས་བུ་རྟོགས་པའི་དོན་དུ་བཤད་པ་སྟེ། དེ་ནུས་པར་མི་བྱེད་པའི་ཕྱིར་རོ། །འདི་ནི་མདོར་བསྡུས་ནས་ཡོངས་སུ་ཉམས་པ་རྣམ་པ་གཉིས་སུ་འགྱུར་ཏེ། ཚིག་དང་དོན་གཉིས་ཀྱི་ལུང་ཡོངས་སུ་ཉམས་པ་དང༌། རྟོགས་པ་ཡོངས་སུ་ཉམས་པའོ། །གཞན་ཡང་ཉན་པའི་སྐྱེ་བོ་ཕྱིར་ཕྱོགས་པ་ཉིད་དང༌། ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་ཉིད་ཀྱིས་ནི་ཐོས་པ་ཡོངས་སུ་ཉམས་པ་ཡིན་ལ། ཉེས་པར་བཤད་པ་ཉིད་ཀྱིས་ནི་ཡང་དག་པར་བསམ་པ་ཡོངས་སུ་ཉམས་པ་ཡིན་ནོ། །མཐུ་བཅོམ་པ་ཉིད་ཀྱིས་ནི་ཡང་དག་པར་བསྒོམ་པ་ཡོངས་སུ་ཉམས་པ་ཡིན་ནོ། །དེང་སང་ལེགས་པར་བཤད་པ་མཐར་གྱུར་ཏོ། །ཞེས་བྱ་བ་ནི་ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་གསུང་ནི་ཡོངས་སུ་ཉམས་བ་དང་ཡུན་རིང་དུ་མི་གནས་པར་རིག་པར་བྱས་ནས་ཇི་སྲིད་དུ་ཅུང་ཟད་ལུས་པ་


DTG136_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་དུ་འདི་མཉན་པ་དང་གཟུང་བ་དང་དོན་མཐུན་པར་བསྒྲུབ་པ་ལ་དད་པ་ཅན་རྣམས་ཀྱིས་རབ་ཏུ་འབད་པར་བྱའོ། །དེང་སང་ཐུབ་པའི་གསུང་ནི་སྨྲ་བར་བྱེད་པའང་ཉུང༌། །དངུལ་དང་གསེར་དུ་འབྱེད་པར་འགྱུར་བའང་ཉུང་བར་གྱུར། །དེ་ལྟར་ལུང་དང་རྟོགས་པ་དག་ལ་འབད་ཞན་པས། །སངས་རྒྱས་ཉི་མ་མཐར་ཕྱིན་དྲི་མ་མེད་འདི་ནུབ། །དེ་ལྟ་བས་ན་ཇི་སྲིད་ཐམས་ཅད་མ་ནུབ་པ། །དེ་སྲིད་ཇི་བཞིན་དོན་རྣམས་དབྱེ་ལ་འབད་པར་གྱིས། །ཐུབ་པའི་གསུང་གི་སྣང་བ་ནུབ་པར་གྱུར་ན་ནི། །འགྲོ་བ་ཀུན་དུ་མུན་པ་གཅིག་པུའི་ཐིབས་པོར་འགྱུར། །དེ་ལྟ་བས་ན་ཇི་སྲིད་དུ་མུན་པ་གཅིག་པུའི་ཐིབས་པོ་མི་འབྱུང་བ་དེ་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་དད་པ་ཅན་རྣམས་ཀྱིས་ཤིན་ཏུ་རིགས་པར་བྱའོ། །སྟོན་པའི་ཞལ་ནས་བྱུང་བ་སྐྱེ་བའི་མིག་གི་རབ་རིབ་ཞི་བར་མཛད་པ་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཤིག་གང་ཕྱིར་འདི་ནི་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་དང༌། །ཉོན་མོངས་པ་ཡི་དུག་ཀུན་སེལ་བར་མཛད་པ་ཡིན་པས་དོན་ཡང་དག་པར་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་རྟག་ཏུ་གུས་པར་སངས་རྒྱས་ཀྱི་ནི་གསུང་དག་མཉན་པར་བྱ་བའི་རིགས། །རྒྱུ་གང་གིས་ཤེ་ན། གང་གི་ཕྱིར་འདི་ནི་དེ་ལྟ་བུའི་ཞལ་ནས་བྱུང་བ་དང༌། མིག་ཞི་བར་མཛད་པའི་ཕྱིར་དང༌། བཀྲ་ཤིས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་དང༌། གང་གི་ཕྱིར་ཚིག་འབྲུ་བཟང་པོ་ཉིད་ཀྱིས་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་ཡིན་པ་དང༌། གང་གི་ཕྱིར་འདི་དོན་བཟང་པོ་ཉིད་ཀྱིས་ཉོན་མོངས་པའི་དུག་ཐམས་ཅད་སེལ་བར་མཛད་པའི་དོན་གྱིས་ཏེ། རྒྱུ་འདི་རྣམས་ཀྱིས་སོ། །དེ་ལྟར་ན་གསུང་བ་པོ་དང༌། གསུང་དང་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་གསུང་འདི་ནི་མཉན་ན་སིམ་པར་བྱེད་པ་དང༌། བསམས་ན་རྟོགས་པར་བྱེད་པ་དང༌། རྟོགས་ན་གྲོལ་བར་བྱེད་པ་དང༌། བརྗོད་ན་བཟང་བ་དང༌། འཕགས་པའི་ནོར་བདུན་སྒྲུབ་པའི་ཕྱིར་ནོར་དང་ལྡན་པ་དང༌། སྐྱོན་བདུན་འཁྲུ་བའི་ཕྱིར་བསོད་ནམས་དང༌། ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་བཀྲ་


DTG136_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་ཉིད་དང༌། གཏན་གྱི་ཚངས་པར་སྤྱོད་པའི་དབང་དུ་མཛད་པའི་ཕྱིར་ཚེ་ལ་ཕན་པ་དང༌། རང་བཞིན་གྱིས་རྣམ་པར་དག་པ་དང༌། དགོངས་པ་འཇམ་བ་དང༌། དོན་དང་མཐུན་པ་དང༌། འདུལ་བ་དང་མཐུན་བ་དང༌། དུས་ལ་བབ་བ་དང༌། རན་བར་བཤད་པ་དང༌། བསོད་ནམས་འདྲེན་པ་དང༌། ཡེ་ཤེས་འདྲེན་བ་དང༌། དགའ་བ་འདྲེན་པ་དང༌། སྐྲག་པ་སེལ་བ་དང༌། མྱ་ངན་སེལ་བ་དང༌། ཉོན་མོངས་པ་སེལ་བ་སྟེ། མདོར་ན་སངས་རྒྱས་ཀྱི་གསུང་ནི་ཡོན་ཏན་མཐའ་ཡས་བ་ཡིན་ལ་སྐྱོན་ནི་ཆེན་པོ་གཉིས་ཏེ། ཤིན་ཏུ་རྙེད་པར་དཀའ་བ་དང༌། ཡུན་རིང་དུ་མི་གནས་པའོ། །དེ་ལྟ་བས་ན་ཤིན་ཏུ་རིངས་པར་གུས་པར་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་པགས་པ་ལས་སུ་རུང་བར་འགྱུར་ཏེ། སྣུམ་བསྐུ་བ་དང༌། མཉེ་བ་དང༌། བསྲོ་བ་རྣམས་ཀྱིས་སོ། །དེ་བཞིན་དུ་སེམས་ཀྱང་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་རྣམས་ཀྱིས་སོ། །དེ་ལྟ་བས་ན་སེམས་ལས་སུ་རུང་བ་ཉིད་དུ་བྱ་བའི་ཕྱིར་ཐོས་པ་ལ་སོགས་པ་དག་ལ་བརྩོན་འགྲུས་བྱའོ། །གསུམ་བོ་དག་གི་སྟོབས་ཀྱིས་ལམ་དུ་འགྲོ་བ་རྣམས་འབྲོག་དགོན་པའི་ལམ་ལས་བདེ་བར་རྒལ་བར་འགྱུར་ཏེ། ལམ་བརྒྱགས་ཀྱི་སྟོབས་དང༌། བཞོན་པའི་སྟོབས་དང༌། སྟོན་པ་པོའི་སྟོབས་ཀྱིས་སོ། །དེ་བཞིན་དུ་འཁོར་བའི་འབྲོག་དགོན་པའི་ལམ་ལས་དེའི་ལམ་དུ་འགྲོ་བ་རྣམས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་སྟོབས་ཀྱིས་སོ། །འདི་གསུམ་ཆར་ཡང་ཐོས་པ་ལ་རག་ལུས་སོ། །སངས་རྒྱས་ཀྱི་གསུང་ལ་དད་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་དག་ཟིལ་གྱིས་གནོན་ཏེ། འདི་ལྟར་མི་དགེ་བ་ལས་དགེ་བ་སྟོབས་དང་ལྡན་པས་སོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁྱད་པར་རྣམ་པ་བཅུ་དག་གིས་ཏེ། འདུ་བྱེད་པའི་ཁྱད་པར་གྱིས་ནི་དགེ་བ་དང༌། མི་དགེ་བ་གཉིས་འབད་པ་དང་མ་འབད་པར་མངོན་པར་འདུས་བྱས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དང་ཕྱིན་ཅི་ལོག་གི་རྣམ་པ་ཡིན་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་དགེ་བའི་རྩ་བ་གསུམ་དག་དང༌། མི་དགེ་བའི་རྩ་བ་གཉིས་སམ་གཅིག་གིས་ཀྱང་མཚུངས་


DTG136_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན་པའི་ཕྱིར་རོ། །སའི་ཁྱད་པར་གྱིས་ནི་ས་ཐམས་ཅད་དང་ས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །འབྲས་བུའི་གྲངས་ཀྱི་ཁྱད་པར་གྱིས་ནི་འབྲས་བུ་རྣམ་པ་ལྔ་དང་བཞི་ཡིན་པའི་ཕྱིར་རོ། འབྲས་བུའི་མཐར་ཕྱིན་པའི་ཁྱད་པར་གྱིས་ནི་དུས་ཁྱད་པར་དུ་འཕགས་པ་དང་ངན་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དགེ་བའི་འབྲས་བུ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར་དུ་འབྱུང་ལ། མི་དགེ་བའི་ནི་བར་གྱི་བསྐལ་པའི་བར་དུ་ཡིན་པས་སོ། །ཡང་དག་པར་འཆད་པའི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་ནི་མི་དགེ་བས་དུས་རེ་ཞིག་ཏུ་ཡང་དག་པར་འཆད་པ་ཡིན་གྱི་མི་དགེ་བ་ནི་དགེ་བས་གཏན་དུ་ཡིན་པས་སོ། །ཆུང་དུས་མང་པོ་ཡང་དག་པར་འཇོམས་པའི་ཁྱད་པར་གྱིས་ནི་འདི་ལྟར་སྤོང་བའི་ལམ་སྐད་ཅིག་མ་གཅིག་གིས་ཐོག་མ་མེད་པའི་དུས་ནས་ཞུགས་པའི་མི་མཐུན་པའི་ཕྱོགས་རྣམ་པ་མང་པོ་ཡང་དག་པར་འཇོམས་པས་སོ། །སྤོང་པའི་ཁྱད་པར་གྱིས་ནི་འདི་ལྟར་གཉེན་པོ་སྐྱེས་པས་མི་དགེ་བ་སྤོང་གི་དགེ་བ་ནི་མ་ཡིན་པས་སོ། །ཕྱོགས་ཀྱི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་དང་མི་དགེ་བའི་ཆོས་ཡོངས་སུ་འཛིན་པ་ལ་སངས་རྒྱས་འཁོར་དང་བཅས་པའི་ཕྱོགས་དང་བདུད་ཡིན་ཏེ་གོ་རིམས་བཞིན་ནོ། །དཔེ་རྣམས་ནི་སྣང་བ་དང༌། མུན་པ་དང༌། བཀྲུ་སྨན་དང༌། སྐྱོན་དང༌། རྡོ་རྗེ་དང༌། རི་དང༌། སེང་གེ་དང༌། རི་དགས་ཀྱི་ཁྱུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ཡིན་ནོ། །དགེ་བ་དེ་དང་ས་གཅིག་པ་ཡིན་ཡང་དང་པོའི་ཁྱད་པར་རྣམ་པ་གསུམ་པོ་རྣམས་ཀྱིས་མི་དགེ་བས་སྟོབས་དང་ལྡན་པར་རིག་པར་བྱའོ། མི་དགེ་བ་ཟིལ་གྱིས་མནན་ནས་དེའི་གཉན་པོ་དགེ་བ་གཞན་འདྲེན་པའི་ཡང་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་དུས་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད།། སངས་རྒྱས་ཀྱི་ནི་གསུང་འདི་ནི། །སྨན་དང་གྲུབ་དང་གཏན་དུ་དང༌། །ནད་ཀུན་འཇོམས་དང་གཉིས་མེད་དང༌། །ལེགས་འཐོབ་ལེགས་བརྟེན་བསྒྲུབ་དཀའ་ན། །ནད་དྲག་ཡུན་རིངས་སུ་མི་སྟེན། །མི་ཤེས་པ་ནི་བསྟན་ནུས་ཀྱི། །གང་ཞིག་དེ་མི་འདོད་པ་ནི། །གཉེན་པོ་བྱ་བའི་


DTG136_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཡིན་པས། །དེ་བཅོས་མི་རུང་རིག་པར་བྱ། །དེ་ལྟ་བས་ན་བཅོས་སུ་མི་རུང་བར་གྱུར་ན་མི་རུང་ངོ་སྙམ་ནས་སངས་རྒྱས་ཀྱི་གསུང་ལ་བརྟེན་པ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ། །དམ་པ་རྣམས་ལས་གང་ཟག་གཉིས་སྨད་པར་བྱ་བ་ཡིན་ཏེ། གང་ཞིག་དམ་པའི་ཆོས་མི་ཉན་པ་དང༌། གང་ཞིག་ཕན་ཡོན་གང་ཡིན་པ་དེ་མི་འཐོབ་པ་དེ་ལྟ་བུར་ཉན་པའོ། །དེ་ལ། དོན་དུ་མི་གཉེར་རྒྱུད་གཡེང་དང༌། །རྨུགས་དང་གཉིད་ལོག་མི་ཉན་པའོ། །ཕན་ཡོན་ལ་ནི་ཤེས་རབ་འཆལ། །རྙེད་སོགས་འདོད་སྡང་བཅས་མི་བརྟེན། །དེ་ལྟ་བས་ན་མི་ཉན་པར་གྱུར་ན་མི་རུང་བ་དང༌། ཕན་ཡོན་ལ་མི་བརྟེན་པར་གྱུར་ན་མི་རུང་ངོ་སྙམ་ནས་ཇི་སྐད་དུ་བསྟན་པའི་སྐྱོན་བསལ་བ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ། །གསུང་དང་རྣ་བ་ཉིད་དང་ནི། །འདོད་དང་ཤེས་རབ་བགེགས་མེད་པ། །ལྔ་ནི་གང་ཕྱིར་རྙེད་དཀའ་བས། །དེ་ཕྱིར་ཐུབ་པའི་གསུང་མཉན་བྱ། །དམ་པའི་ཆོས་ནི་རྙེད་གྱུར་ཅིང༌། །དད་དང་ལྡན་ཡང་བློ་ཆུང་དག །ཡི་དགས་མགྲིན་པ་ཁབ་འདྲ་བར། །དེ་ནི་བཏུང་བར་མི་ནུས་སོ། །དེ་ལྟ་བས་ན་ཇི་སྲིད་དུ་ལྔ་པོ་རྙེད་པ་དང༌། དེ་བཏུང་བར་ནུས་པ་དེ་སྲིད་དུ་དམ་པའི་ཆོས་མཉན་པ་ལ་འབད་པར་བྱའོ། །ཟབ་མོ་གོམས་པར་མ་བྱས་པས། །ཐུབ་པའི་གསུང་ནི་རྙེད་དཀའ་སྟེ། །དེ་མེད་པར་ནི་ཐར་པ་མེད། །ཐར་པ་འདོད་པ་རྣམས་ཀྱིས་ནི། །དེ་ཕྱིར་གུས་པར་མཉན་པར་བྱ། །འདི་ལྟར་འདི་ལ་བརྟེན་ནས་མྱུར་སྡུག་ཁ་ན་མ་ཐོ་མེད། །ཕུལ་བྱུང་ངེས་པར་འབྲས་བུ་མི་ཟད་འཐོབ་པ་བདེར་ནུས་ཀྱི། །ཐབས་གཞན་མེད་ལ་སྒྲུབ་པ་པོ་ཡང་མེད་ཅིང་གང་ཞིག་ལ། །མ་བྱས་ན་ཡང་བདེ་བ་མེད་པས་དེ་བྱ་མོད། །ཐུབ་པའི་གསུང་ནི་འབྲས་བུ་དང༌། །དོན་དང་ཚིག་འབྲུ་ལྡན་པ་ནི། །ཐོས་པའི་དུས་དང་བསམ་པ་དང༌། །བསྒོམ་བ་དག་ནའང་རྗེས་སུ་འཛིན། །གོ་འབྱེད་ངེས་ཚིག་བཟང་པོ་ཡི། །ཡོན་ཏན་གཉིས་ལྡན་ཐུབ་པའི་གསུང༌། །དོན་དང་ལྡན་ཞིང་ཇི་འོས་དང༌། །ཕན་དང་གཏན་གྱི་འབྲས་བུ་ལྡན། །གང་ཕྱིར་འདི་དོན་ཀུན་འགྲུབ་འབྱུང་གནས་ཡིན། །ཐབས་བདེ་བ་དང་ཤིན་ཏུ་རྙེད་དཀའ་བས། །དེ་ཕྱིར་འགྲུབ་བ་དོན་གཉེར་སྲོག་འགྱུར་བ། །དད་དང་ལྡན་པས་འདི་ལ་བརྟུན་པར་བྱ། །མི་ཤེས་པ་དང་


DTG136_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་ཤེས། །ལོག་པའི་ཤེས་པ་ལྡོག་པ་དང༌། །བདེན་པ་རྣམས་ནི་རྟོགས་འགྱུར་བ། །དམ་ཆོས་མཉན་པའི་ཡོན་ཏན་ནོ། །དམ་པའི་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་པ་གང་དག་ཡིན་པ་ནི་བཞི་པོ་འདི་དག་ཏུ་འདུས་ཏེ་གཉིས་ཀྱིས་མི་ཤེས་པ་བཟློག་པའི་ཕྱིར་རོ། །སེམས་ནི་སྲོག་ཆགས་པདྨ་འདྲ། །སྟོབས་ཀྱིས་དམ་པའི་ཆོས་ལ་གླན། །དེ་ཕྱིར་དོན་གྱི་རོ་རྙེད་ན། །དེ་ལ་གཡོ་བ་མེད་པར་གནས། །དེ་ལྟ་བས་ན་སྟོབས་ཀྱིས་ཀྱང་དམ་པའི་ཆོས་མཉན་པ་ལ་གླན་པར་བྱའོ། །ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་ནི་གཏན་དུ་ཕན་པ་དང་བདེ་བའི་ཕྱིར་དང༌། ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་དང༌། དཀའ་བ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་དང༌། ཆོས་དང་ཚེ་གཡོ་བའི་ཕྱིར་དང༌། ཡང་དང་ཡང་དུ་བསྒྲུབ་པར་བྱ་བ་དང༌། སྦྱོར་བ་གཅིག་པའི་ཕྱིར་རོ། །མདོར་ན་སྦྱོར་བ་སེམས་དཔའ་ཡིས། །ཆགས་ཟད་ཆགས་པ་འཕེལ་བྱ་སྟེ། །དེས་ནི་བདག་ལ་ཆགས་ཟད་བྱ། །གཞན་ལ་ཆགས་པ་འཕེལ་བར་བྱ། །ཉོན་མོངས་མྱ་ངན་འདས་པ་སྤང་ཕྱིར་ཏེ། །དེ་དག་གཉིས་ཀྱིས་བྱང་ཆུབ་མི་འཐོབ་བོ། །ཤེས་རབ་སྙིང་བརྩེ་དེ་ཟད་འཕེལ་རྒྱུ་ཡིན། །དེ་ཕྱིར་བྱང་ཆུབ་རྩ་བ་གཉིས་སུ་གསུངས། །དེ་འཕེལ་རྒྱུ་ནི་དེ་བཞིན་གཤེགས་པའི་ཆོས། །འདི་མ་གཏོགས་པར་གཞན་ནི་འགའ་ཡང་མེད། །དེ་ཕྱིར་ཅི་ནས་ཁྱོད་ལ་ཆོས་འདི་ནི། །འབྲས་བུར་བཅས་འགྱུར་དེ་ལྟར་འབད་པར་གྱིས། །ཇི་ལྟར་སྦྲང་བུ་ཁ་ཆུའི་ཟར་བུས་བཅིངས་པ་གང་དག་འཆིང་བ་དེར་བཅིངས་པའི། །རྒྱུ་ནི་སྟོབས་མ་ཡིན་གྱི་དེ་དག་ཉམ་ཆུང་ཡིན་ལྟར་དེ་བཞིན་དམན་པ་དག །ཡོངས་སུ་གཟུང་ལ་འཛིན་དང་ལྡན་པའི་འཆིང་བ་རང་གི་ཉམ་ཆུང་ཉིད་ལས་སྐྱེས། །དེ་ཕྱིར་སྦྲང་བུ་འདྲ་བར་བློ་ལྡན་རང་ལུས་བཅིངས་པས་འཆི་བར་འོས་མ་ཡིན། །དེ་ལྟ་བས་ན་སྦྲང་བུ་དང་འདྲ་བར་ལུས་ཀྱིས་བཅིངས་པས་འཆི་བར་མི་བྱའོ་སྙམ་ནས། །རང་གི་བློའི་སྟོབས་བསྐྱེད་པའི་ཕྱིར་གུས་པར་ཆོས་མཉན་པར་བྱའོ། །སྐྱེ་དགུ་གཡང་སར་འབབ་པ་དང༌། །ལོང་བ་བཅིངས་དང་དབུལ་པོ་དང༌། །ནད་བཏབ་དཔུང་གཉེན་མེད་པ་དང༌། །འབྲོག་དགོན་ཡུན་རིང་ལམ་ཞུགས་དང༌། །དགྲ་རྣམས་མང་པོ་རྣམ་མང་དང༌། །


DTG136_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མང་བོ་དག་གིས་གཞོམ་བྱ་བ། །དེ་ལ་སངས་རྒྱས་མ་གཏོགས་པར། །སྐྱོབ་པ་མེད་པས་དེའི་གསུང་མཉན་དེ་ལ་གཡང་སར་འབབ་པ་ནི་ངན་སོང་དུ་སྐྱེ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ། །ལོང་བ་ནི་མ་རིག་པས་མདོངས་པ་ཉིད་ཀྱིས་སོ། །བཅིངས་པ་ནི་སྲིད་པའི་འཆིང་བས་སོ། །དབུལ་བ་ནི་འཕགས་པའི་ནོར་བདུན་དང་བྲལ་བའི་ཕྱིར་རོ།། །།བམ་པོ་བཅུ་པ་སྟེ་ཐ་མའོ། །ནད་ཀྱིས་བཏབ་པ་ནི་ནད་འབྲས་དང་འདྲ་བའི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱིས་སོ། །དཔུང་གཉེན་མེད་པ་ནི་མགོན་མེད་པའི་ཕྱིར་རོ། །འབྲོག་དགོན་པར་ཡུན་རིང་དུ་ལམ་དུ་ཞུགས་པ་ནི་ཡུན་རིང་དུ་འཁོར་བའི་ལམ་དུ་ཞུགས་པའི་ཕྱིར་རོ། །དགྲ་རྣམས་མང་པོ་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། དེ་ལས་བྱུང་བའི་ལས་རྣམས་སོ། །རྣམ་མང་ནི་སྡུག་བསྔལ་གསུམ་པོ་དག་དང༌། མྱ་ངན་ལ་སོགས་པ་དག་དང༌། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། གནོད་པ་དང༌། འཆིང་བ་དང༌། རྡེག་པ་དང༌། ན་བ་དང༌། རྒ་ཤི་དག་ལ་སོགས་པ་དག་གོ །མང་པོ་དག་གིས་གཞོམ་བྱ་བ་ནི་དུས་རིང་པོར་རོ། །དེ་ལྟ་བས་ནི་སངས་རྒྱས་ཀྱི་གསུང་མཉན་པ་དང༌། འཇོག་པ་ནི་སྐྱེ་དགུ་དེ་ལྟ་བུར་གྱུར་པ་རྣམས་ཀྱི་སྐྱབས་ཡིན་པས་དེའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་གུས་པར་བརྩོན་པར་བྱའོ། །གུས་པར་བརྩོན་པ་ནི་དགེ་བ་སྟོབས་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་རྒྱུ་བཅུ་དག་གིས་དགེ་བའི་སྟོབས་དང་ལྡན་པར་འགྱུར་རོ་ཞེས་འཆད་དོ། །བཅུ་པོ་གང་གིས་ཤེ་ན། རྟེན་ཉིད་ཀྱིས་ནི་རྟེན་ལ་ཚུལ་ཁྲིམས་དང༌། ཐོས་པ་དང་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ། །དང་པོ་ཀུན་ནས་བསླང་བ་ཉིད་ཀྱིས་ནི་རྒྱུས་ཀུན་ནས་བསླང་བས་བྱེད་པར་འདོད་པ་ཉིད་ཀྱིས་སེམས་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་རོ། །བརྩོན་པ་དྲག་པོ་ཉིད་ཀྱིས་ནི་བྱེད་པའི་ཚེ་གུས་པར་བརྩོན་པའི་ཕྱིར་དང༌། ཡང་དང་ཡང་དུ་བརྩོན་ཕྱིར་ཏེ། རྟག་ཏུ་བརྩོན་པའི་ཕྱིར་རོ། །ཞིང་ཉིད་ཀྱིས་ནི་ཞིང་རྣམ་པ་བཞི་སྟེ། འབྲོ་བ་དང་སྡུག་བསྔལ་བ་དང༌། ཕན་འདོགས་པ་དང༌། ཡོན་ཏན་ཁྱད་པར་དུ་འཕགས་པས་སོ། །གཞི་ཉིད་ཀྱིས་ནི་དངོས་པོ་མང་པོ་དང་གྱ་ནོམ་པའི་ཁྱད་པར་གྱི་ཕྱིར་དང༌།


DTG136_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བའི་ཁྱད་པར་གྱི་ཕྱིར་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། སྒོམ་པའི་ཁྱད་པར་གྱི་ཕྱིར་རོ། །བྱ་བ་ཉིད་ཀྱིས་ནི་ཕན་པ་བྱེད་པའི་ཁྱད་པར་གྱི་ཕྱིར་རོ། །མཇུག་ཉིད་ཀྱིས་ནི་བྱས་ནས་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་ཏུ་རྟོག་པས་རྒྱས་པའི་ཕྱིར་རོ། །འཁོར་ཉིད་ཀྱིས་ནི་གཞན་དེ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་བསྔགས་པ་བརྗོད་པ་དང༌། ཆོས་མཐུན་པ་པོ་མཐོང་ན་ཤིན་ཏུ་ཡིད་དགའ་བ་ཉིད་དག་གིས་སོ། །ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་མྱ་ངན་ལས་འདས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། རྟེན་དང་དང་པོ་ཀུན་ནས་བསླང༌། །དྲག་དང་ཡང་དང་ཡང་བརྩོན་ཉིད། །ཞིང་དང་གཞི་དང་བྱ་བ་དང༌། །མཇུག་ཉིད་དང་ནི་འཁོར་ཉིད་དང༌། །ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི། །དགེ་བ་སྟོབས་དང་ལྡན་པར་འདོད། །མི་དགེ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་པ་རིགས་པར་བྱའོ། །དྲང་སྲོང་ཆེན་པོ་གནས་མ་མཐོང་བ་ཡིས་ནི་སྔོན། །ལེགས་གསུངས་འདི་ཐོས་ནས་ནི་དྲང་སྲོང་ནོར་ཉོས་པ། །བ་ལང་རྫིས་ནི་གོས་ཀྱི་ཐ་མར་བ་མེད་ཅིག །བཅིངས་ལྟར་ཟོང་མེད་དགོས་ལ་བརྟགས་ཏེ་སེམས་ལ་འཛིན། །ཐུབ་པ་ཡིས་ནི་ལེགས་པར་གསུངས་པ་ཚིགས་བཅད་ཀྱི། །ཕྱེད་ཙམ་དག་ཀྱང་རང་གི་སྐུ་ཡི་རིན་གྱིས་བསྒྲུབས། །རིན་ཐང་ཆེན་པོས་བརྙེས་ན་འོན་ཀྱང་མི་ཤེས་པ། །དེ་དག་རིན་མེད་པར་ཡང་སྟེན་བར་མི་བྱེད་དོ། །ལེགས་ལྡན་འདི་ནི་ཚུལ་བཟང་ཆུ་བོ་ཚོལ་བ་ཅན། །མཆོག་དང་མཆོག་ཚོལ་མཆོག་དང་མཆོག་མིན་ཤེས་པའི་ཡིན། །དེ་ཡི་སྙིང་པོ་ཉིད་ནི་རབ་ཏུ་རྣམ་ཕྱེ་ནས། །རང་གི་སྲོག་གི་རིན་གྱིས་ལེགས་གསུངས་ཉོ་བ་མཛད། །སྲིད་པ་ཡོད་ན་གདོན་མི་ཟ་བར་ཚེ་འཐོབ་ན། །དེ་ཡང་ཕལ་ཆེར་དོན་མེད་པར་ནི་ཟད་པར་འགྱུར། །ལེགས་པར་གསུངས་པ་ས་སྟེངས་འགའ་ན་ལན་འགའ་ཞིག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་སྣང་པ་ཡི། །ཇི་ལྟར་ཉི་མ་དག་ནི་ཤར་བ་ན། །པདྨ་ཡོངས་སུ་སྨིན་པ་ཁ་འབྱེད་ལྟར། །དེ་བཞིན་གཤེགས་པ་དག་ཀྱང་ཤར་བ་ན། །བསམ་པ་ཡོངས་སུ་སྨིན་པ་དག་པར་འགྱུར། །བསམ་


DTG136_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་སྨིན་པ་དའི་རྒྱུའི་རྩ་བ་ཡང་དམ་པའི་ཆོས་ཉན་བ་ཡིན་ནོ། །དེ་ལྟ་བས་ན་བསམ་པ་ཡོངས་སུ་མ་སྨིན་པའི་ཕྱིར་སངས་རྒྱས་མང་པོ་འབྱུང་བ་དག་མི་མཉེས་པར་མི་བྱའོ་སྙམ་ནས་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམ་པའི་ཆོས་ཉན་པ་ལ་འབད་པར་བྱའོ། །སྦྱངས་པའི་ཡན་ལག་རྣམས་འགྱུར་ད་ལྟར་ནི། །དགེ་སློང་ཚོགས་ཀྱང་བྱམས་ལས་ཕྱིར་ཕྱོགས་ཤིང༌། །སྡོམ་བརྩོན་སྐྱེ་བོ་དགེ་འདུན་ནང་དག་ཏུ། །དོགས་མེད་རྟགས་མཚན་ཅན་དང་བྱ་ཐོགས་རྒྱུ། །སྔོན་གྱི་བསམ་གཏན་ས་ནི་གང་ཡིན་པ། །ཀྱེ་མ་ཇི་ལྟར་འབྲས་ཀྱིས་དག་བྱེད། །འདིར་ནི་ཐུབ་པའི་བསྟན་པ་དུས་རིང་དུ། །གནས་པར་མི་འགྱུར་བར་ནི་དོགས་པར་འགྱུར། །འདིས་ནི་བསྟན་པ་འདི་ལ་དགེ་སློང་རྣམས་ཀྱིས་ཡོངས་སུ་ཉམས་བ་རྣམ་པ་བཞིར་ཡོངས་སུ་བསྟན་ཏེ། ཡོ་བྱད་རྣམས་ལ་ཟང་ཟིང་ལྷུར་བྱེད་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཡོངས་སུ་ཉམས་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱམས་པ་ཡོངས་སུ་ཉམས་པ་དང་ཞེས་ཡོངས་སུ་ཉམས་པ་དང༌། རང་གི་དོན་ཐོབ་པར་བྱ་བ་ལ་མངོན་པར་བརྩོན་པ་ཡོངས་སུ་ཉམས་པའོ། །དེ་ལྟར་ན་བསྟན་པ་ཡུན་ཐུང་དུ་གནས་པར་ཤེས་པར་བྱ་སྟེ། དད་པ་ཅན་རྣམས་ཀྱིས་དེ་ལ་མཉན་པ་དང༌། གཟུང་བ་དང༌། བཅང་བ་དང༌། དོན་དང་མཐུན་པར་སྒྲུབ་པ་དག་གིས་འབད་པར་བྱའོ། །འགྲོ་བ་འདི་ཡི་དོན་དུ་ནི། །སྡུག་བསྔལ་མང་པོ་གང་བསྟན་པ། །དེ་དག་དྲན་ནས་ཁྱོད་ཉིད་ཀྱིས། །བསྟན་པ་ངན་ལའང་གནས་བགྱི་ན། །ཕན་པར་གསུངས་དང་ཕན་མཛད་པའི། །ཁྱོད་ཀྱིས་བསྟན་པ་ཅི་སྨོས་ཏེ། །མགོ་ལ་མེ་ནི་འབར་གྱུར་ཀྱང༌། །ཇི་ལྟ་བུར་ན་མི་བགྱི་ལགས། །དེ་ལྟར་སོ་སོར་བརྟགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གནས་པར་བྱའོ། །ལུས་ཅན་འདི་ནས་ཤི་ནས་ཀྱང༌། །དམ་ཆོས་དཀོན་མཆོག་འཕྲད་འགྱུར་རམ། །མི་འགྱུར་རྣ་བ་འཐོབ་པ་དང༌། །སུ་ཞིག་དམ་ཆོས་འཆད་འགྱུར་བ། །དེ་ནི་སུས་ཀྱང་མི་ཤེས་པས། །དེ་ཕྱིར་ཁྱེད་ཀྱིས་འབད་པ་ཡིས། །སྟོན་པའི་གསུང་ནི་མཉན་པར་བྱ། །གནས་སྐབས་འགྱུར་ཞིང་གནས་པར་མི་མངོན་ལ། །སོང་ཞིང་སོང་བ་མི་འོང་གསར་དུ་སྐྱེ། །འོན་ཀྱང་བདག་དང་བདག་


DTG136_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གིར་འཛིན་འཇུག་པ། །འགྲོ་བ་འདི་ནི་མ་རིག་པ་ཡིས་མིད། །ཚིགས་སུ་བཅད་པ་འདིས་ཇི་ཞིག་བསྟན་ཞེ་ན། འདུ་བྱེད་རྣམས་ནི་རྣམ་འཇིག་ཅིང༌། །རང་གི་ངང་གིས་སྐད་ཅིག་ཡིན། །གཏན་དང་ཆད་མིན་དེ་དག་ལ། །མི་ཤེས་བདག་དང་བདག་གིར་འཛིན། །གཞན་ཡང༌། མི་འཇིག་ལྟ་དང་ཡུན་རིང་འཇིག་པ་ལྟ། །ཞིག་ན་མྱ་ངན་བྱེད་དང་ཞིག་ལྟ་གང༌། །དེ་ཡི་ཆེད་དུ་འདུས་བྱས་དག་ལ་ནི། །དེའི་རྩ་བཞི་ཡིས་མི་རྟག་ཉིད་འདི་བསྟན། །དེ་ལ་རྩ་བ་གཉིས་ཀྱིས་ནི་འདུས་བྱས་རྣམས་ལ་བདག་མེད་པ་དང༌། བདག་གི་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །གཅིག་གིས་ནི་དེ་དག་ལ་བདག་དང་བདག་གིར་ལྟ་བའོ། །གཅིག་གིས་ནི་དེའི་རྒྱུ་མ་རིག་པས་ཟིན་པ་ཉིད་དོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་ལས་མདོར་ན་བདག་ཏུ་ཕྱིན་ཅི་ལོག་པའི་གཞི་དང༌། རང་བཞིན་དང༌། རྒྱུ་ཡོངས་སུ་བསྟན་པ་ཡིན་ནོ། །དེའི་རྒྱུ་མ་རིག་པ་དེ་ཡང་དམ་པའི་ཆོས་མཉན་པ་ལས་མ་གཏོགས་པར་སྤངས་པར་མི་ནུས་སོ། །དེ་ལྟ་བས་ན་བདག་ནི་མ་རིག་པས་མིད་པར་གྱུར་ན་མི་རུང་ངོ་སྙམ་ནས་གུས་པར་ཆོས་མཉན་པར་བྱའོ། །དེ་ལྟར་ན་དམ་པའི་ཆོས་མཉན་པའི་དགོས་པ་རྣམས་ཀྱི་མཐའ་མེད་དེ། འདི་ནི་ཕྱོགས་ཙམ་ཞིག་གོ །ཕྱོགས་འདིས་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་གུས་པར་མཉན་པ་དང་ལྡན་པར་བརྗོད་པར་བྱའོ། །ཇི་ལྟར་ན་ཡ་མཚན་དང་རབ་ཏུ་དགའ་བ་དང་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་ན། རྨུགས་པ་དང་གཉིད་དང་ལྡན་པ་དག་ལ་སེམས་གསལ་བར་བྱ་བའི་ཕྱིར་ཡ་མཚན་སྐྱེ་བའམ། རབ་ཏུ་དགའ་བའི་གཏམ་བྱའོ། །སེམས་རྣམ་པར་གཡེང་བ་རྣམས་ལ་སྐྱོ་བར་བྱ་སྟེ། སྐྱོ་བར་འགྱུར་བ་རྣམས་ལ་སེམས་རྩེ་གཅིག་པ་ཉིད་དུ་བྱ་བའི་ཕྱིར་རོ། །ཇི་སྐད་དུ་བྱ་ཞེ་ན། རེ་ཞིག་ཡ་མཚན་སྐྱེ་བ་ནི། །སངས་རྒྱས་རྣམས་ཀྱི་བསྟན་པ་ལ། །ཁྱོད་ཀྱིས་བྱས་པ་ཀུན་མི་བྱ། །དེ་ཕྱིར་རབ་དགའ་བསྐྱེད་པར་བྱ། །བྱས་པ་བྱས་ཡིན་ཉམས་པར་འགྱུར། །འདིའི་དོན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ལ་བྱང་ཆུབ་གསུམ་ལས་བརྩམས་ནས་ཐོས་པ་ལས་བྱུང་བའམ། བསམས་པ་ལས་བྱུང་བའམ། བསྒོམས་པ་ལས་བྱུང་བས་རྒྱུད་ཡོངས་སུ་སྨིན་པར་གང་བྱས་པ་དེ་ཐམས་ཅད་ཀྱང་


DTG136_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བ་ཡིན་ཏེ། དགེ་བའི་རྩ་བ་དེ་ལས་ཉམས་པ་ཡང་དུས་རིང་དུ་ལོན་ན་ཡང་གང་གི་ཚེ་བརྩོན་པར་བྱེད་པ་དེའི་ཚེ་ཁྱད་པར་ཁོ་ན་འཐོབ་པོ། །དེ་ལྟ་བས་ན་བདག་ལ་ཡོངས་སུ་སྨིན་པ་བྱས་པ་ལ་ཉམས་པ་མེད་དོ་སྙམ་དུ་སེམས་རབ་ཏུ་དགའ་བ་བསྐྱེད་བར་བྱའོ། །གང་ཞིག་གིས་བྱས་པ་ཡང་བྱ་བ་ཡིན་པ་དེ་ནི་ཉམས་པར་གྱུར་ཏེ། ཇི་ལྟར་ཕྱིར་རོལ་པའི་སྙོམས་པར་འཇུག་པར་བྱེད་པ་དག་ལྟ་བུའོ། །གང་བྱས་པ་ནི་མི་བྱ་དེས། །ཡུན་རིང་ན་ཡང་ཞི་པ་འཐོབ། །གང་བྱས་བྱ་བ་ཡིན་དེ་ཡིས་ནི། །ཤིན་ཏུ་ཡུན་རིང་ཞི་མི་འཐོབ། །གང་བྱས་པ་ནི་མི་བྱ་དེས། །སངས་རྒྱས་ཉིད་དུ་སྲིད་པ་ཡོད། །གང་བྱས་བྱ་ཡིན་དེ་ཡིས་ནི། །ཐར་པའང་སྲིད་པར་མི་འགྱུར་རོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ཡང་སྔ་མ་དང་མཐུན་པར་བརྗོད་པར་བྱའོ། །རབ་ཏུ་དགའ་བའི་གཏམ་ཇི་ལྟར་བརྗོད་པར་བྱ་ཞེ་ན། གཉིད་སངས་པར་བྱ་བའི་ཕྱིར་རབ་ཏུ་དགའ་བའི་གཏམ་བརྗོད་པ་ལས་སོ། །རེ་ཞིག་གཏམ་ཉོན་ཅིག །བོང་བུ་ཁུར་གྱིས་དུབ་པ་ཞིག་ལ་རྟེའུས་བྲོ་བརྡུང་ངོ་ཞེས་སྨྲས་པ་དང༌། དེ་ན་རེ་ཁྱོད་ཀྱིས་ནི་བྲོ་རྡུངས་ཤིག་ངས་ནི་རྣ་བ་བསྒུལ་ལོ་ཞེས་སྨྲས་ནས། དེ་བྲོ་རྡུང་བ་དང༌། རྟའུ་དང་མཐུན་པར་བྱ་བའི་ཕྱིར་དེས་རྣ་བ་བསྒུལ་ལོ་ཞེས་གྲག་གོ །ཁྱེད་ཀྱིས་ནི་ང་ཆོས་སྟོན་ན། རྣ་བ་གཉིས་ཀྱང་བསྒུལ་བར་མི་སྤྲོའམ་ཞེས་བྱ་བ་དང། ཝ་སེང་གེའི་གོད་ཀྱི་ཤ་འདོད་པ་ཞིག །སེང་གེའི་ཕྱི་བཞིན་འབྲངས་ལ་སེང་གེ་ལན་ཅིག་འདྲངས་ཏེ། ཕག་རྒོད་ཆེན་པོ་ཞིག་བསད་ནས་དེས་ཝ་དེ་ལ་འདི་ཁྱེར་ཅིག་ཅེས་སྨྲས་པ་དང༌། དེ་སྟོབས་ཆུང་བའི་ཕྱིར་ཁུར་དེ་བཏེག་པར་ཡང་མི་སྤྲོས། །བདག་ལ་ཁྲོས་ཏེ་བསད་ན་མི་རུང་ངོ་སྙམ་ནས་དེའི་ཚིག་བཟློག་པར་མ་ནུས་ནས། འདི་ནི་བླུན་པ་དང་ང་རྒྱལ་ཅན་ཡིན་པར་ཤེས་ཏེ། དེ་ན་རེ་བདག་གིས་ཁུར་འདི་བསྐུར་ན་བྱ་བ་ཉིས་བྱ་དགོས་ཏེ། ཁུར་ཡང་བསྐུར་དགོས། སྐད་ཀྱང་དབྱུང་དགོས་པས་དེའི་ཕྱིར་བདག་གིས་ཅིག་ཅར་ལས་གཉིས་བྱ་བར་མི་ནུས་པས་གཅིག་ཁྱོད་ཀྱིས་བྱོས་ཤིག་ཅེས་སྨྲས་པ་དང༌། སེང་གེ་ནི་ང་རྒྱལ་ཅན་ཡིན་པའི་ཕྱིར་སྐད་འབྱུང་བར་ཡང་མི་འདོད་ན། འོ་ན་ཁྱོད་ཀྱིས་སྐད་ཕྱུང་ཤིག་ངས་བསྐུར་རོ་ཞེས་སྨྲས་ཏེ། སེང་གི་ཁུར་ཐོགས་སེང་གེ་དང་མཐུན་པར་བྱ་བའི་ཕྱིར་ཝ་སྐད་འབྱིན་པར་བྱེད་དོ་ཞེས་གྲག་གོ །དེ་བཞིན་


DTG136_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དུངས་ནི་ཆོས་བཤད་བའི་ཕྱིར་ཁུར་བསྐུར་རོ། །ང་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཁྱེད་ཀྱིས་ནི་རེ་ཞིག་དེ་ལགས་ཙམ་ཡང་བྱོས་ཤིག་དང་དགེ་བར་འགྱུར་རོ་ཞེས་བྱ་བ་དང༌། རྒན་ཞུགས་ཤིག་ཐབས་མ་ཡིན་བ་བྱེད་པས་བུད་མེད་དོན་དུ་གཉེར་བ་ལས་དེས་དེ་ལ་མ་བཏུབ་པ་དང༌། དེ་ན་རེ་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་བསམ་པ་ནི་སྐྱེས་པས་སོ་ཞེས་གསུངས་ལ་འདི་ནི་མི་བཏུབ་པས་མདོ་སྡེ་དང་འགལ་ལོ་ཞེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་ཁྱེད་དད་བ་ཅན་ཡིན་ལ་དམ་པའི་ཆོས་ཉན་མི་འདོད་པས་དད་པའི་རྟགས་རྣམས་ལས་དམ་པའི་ཆོས་མཉན་པར་འདོད་པ་ཡིན་ཞེས་གསུངས་པའི་མདོ་སྡེ་དང་འགལ་ལོ་ཞེས་བྱ་བ་དང༌། བུད་མེད་རྒན་མོ་དབུལ་མོ་སྔོན་གྱི་ཁྱིམ་ཕྱུག་པོ་ན་འདུག་འདུག་པ་ཞིག་ཡོད་ལ་དེར་རྐུན་པོ་ཞིག་རེ་བས་མཚན་མོ་ཁྱིམ་བུག་སྟེ་ཞུགས་ནས་མུན་ཁུང་ན་ལག་བ་གཉིས་ཀྱིས་རྫས་བཙལ་བ་ལས་ལམ་སྣོད་དག་གཅིག་ལ་ཐུག་སྟེ་སྒྲ་བྱུང་བ་དང༌། བུད་མེད་དེ་ན་རེ་བུ་རེ་ཞིག་ངས་ཉི་མའི་གུང་ལ་བཙལ་ན་ཡང་ཅི་ཡང་མི་རྙེད་ན། ཁྱོད་ཀྱིས་མུན་ཁུང་ན་ག་ལ་རྙེད་ཅེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་བློ་རྣམ་པར་གསལ་བ་སྣང་བ་དང་བཅས་བས་ཀྱང་རེ་ཞིག་སངས་རྒྱས་ཀྱི་གསུང་གི་དགོངས་པ་ཅན་གྱི་དོན་རྙེད་པ་དཀའ་ན། གཉིད་ཀྱི་མུན་པས་ནོན་པའི་ཡིད་ཀྱིས་ལྟ་ག་ལ་ཞིག་ཅེས་བྱ་བ་དང༌། བྷ་ར་ཏའི་གཞུང་ཀློག་པ་ན་ལུས་སྐྱེས་ངུས་པ་དང༌། ལེགས་ལྡན་ཅི་སྟེ་བཤུམས་སྨྲས་པ་རོལ་རྙེད་མས་ཇི་སྙེད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་ལྟོས་ཞེས་སྨྲས་པ་དང༌། འདི་ནི་བྷ་ར་ཏའི་གཞུང་ཡིན་གྱི། འདི་དགའ་བྱེད་འགྲོ་བའི་གཞུང་ནི་མ་ཡིན་ནོ་ཞེས་སྨྲས་པ་དང༌། བདག་གིས་དུས་པ་དོན་མེད་པར་ཡིད་དུས་པ་ཡིན་ནོ་ཞེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་གལ་ཏེ་ང་ཆོས་འཆད་པར་བྱེད་ན་ཁྱེད་གཉིད་ལོག་པ་ནི་ངས་བཤད་པའི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་རྒན་ཞུགས་བསྙེན་པར་རྫོགས་སུ་གཞུག་པར་མ་ནུས་སོ་ཞེས་བྱ་བ་དང༌། དེ་ལྟ་བུ་དང་མཐུན་པ་མོ་རྟུལ་པོའི་གཏམ་དག་ཀྱང་ཅི་རིགས་པར་བསྒྲུབ་བར་བྱ་ཞིང་ཁྱོད་ཉན་དུ་གཞུག་མ་ནུས་སོ་ཞེས་བྱ་སྟེ་གཉིད་སངས་པར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུའི་རབ་ཏུ་དགའ་བའི་གཏམ་


DTG136_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྐྱེ་བོའི་གཏམ་ཇི་ལྟར་བྱ་ཞེ་ན། མི་རྣམས་ཚེ་ནི་ལོ་བརྒྱ་ལ། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ནི་ཉིན་པར་ཡང་ཉལ་བས། །དེ་ཡི་ཕྱེད་ཀྱང་དུམ་བུར་བྱས། །སྲོག་ནི་གཤིན་རྗེའི་འཁོར་ལོ་སོག་ལེར་ལྡན་ན་གསོན་འདྲར་གང་ཕྱིར་ཉལ་བྱེད་པ། །ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཅི་ཞིག་རྟོགས་ཤིང་བགེགས་ནི་ཅི་དག་སྤངས། །ངན་འགྲོ་རྣམས་ལས་རྒལ་གཏམ་ཅི་ཡིན་མི་བྱ་བ་ཡི་ངེས་པའི་ལས་ནི་གང་ཞིག་ཐོབ། །ཕྲ་རྒྱས་མེ་རྣམས་ཀྱིས་བསྲེགས་སྲིད་རྣམས་ཀྱིས་ནི་གང་ཞིག་འདས་པ་སྨོས། །འདིས་ཅི་ཞིག་བསྟན་པ་ཡིན་ཞེ་ན། རྒྱུ་གཉིས་དག་གིས་སྲོག་དབུགས་མ་ཕྱིན་པ་ལས་དབུགས་ཕྱིན་པ་ཐོབ་པ་གསོན་པ་དང་འདྲ་བར་ཉལ་བར་རུང་གི་གཞན་དུ་ནི་མ་ཡིན་ནོ། །གཉིས་པོ་གང་དག་གིས་ཤེ་ན། ལུང་བསྟན་པ་ཐོབ་པ་ཉིད་ཀྱིས་ནི་རྟོགས་པ་མེད་པར་ཡང་དཔེར་ན་ཁ་ཅིག་ལ་བསྐལ་པ་འདི་སྙེད་དུ་ལོག་པར་ལྟུང་བར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟ་བུའོ། །འབྲས་བུ་ཐོབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པས། ངན་སོང་བའི་ཉོན་མོངས་པ་དང༌། སྐྱེ་བ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་བ་མཐོང་བས་སྤང་བར་བྱ་བ་རྣམས་དང༌། ཡང་འབྱུང་བ་པའི་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་ཟད་པ་ཡིན་ནོ། །ངན་སོང་བའི་ལས་སྤངས་བ་ལ་མི་ཡང་འབྱུང་བ་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པར་མི་གཞག་སྟེ། ཡང་འབྱུང་བ་ནི་དགེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་གཤིན་རྗེའི་འཁོར་ལོ་དང་སོག་ལེ་དང་ལྡན་པ་ཉིད་ཀྱིས་ནི་སྲོག་དབུགས་མ་ཕྱིན་པ་ཉིད་དུ་སྟོན་པ་ཡིན་ནོ། །ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཞེས་བྱ་བས་ནི་ལུང་བསྟན་པ་མ་འཐོབ་པ་ཉིད་དུ་སྟོན་པ་ཡིན་ནོ། །ཅི་ཞིག་རྟོགས་ཞེས་བྱ་བ་ནི་འབྲས་བུ་མ་ཐོབ་པའི་ཕྱིར་རོ། །བགེགས་ནི་ཅི་དག་སྤངས། ངན་འགྲོ་རྣམས་ལས་རྒལ་གཏམ་ཅི་ཡིན་མི་བྱའི་ངེས་པའི་ལས་ནི་གང་ཞིག་ཐོབ། །ཅེས་བྱ་བ་ནི་འབྲས་བུ་ཐོབ་པ་ལས་ངན་སོང་བའི་ཉོན་མོངས་པ་དང༌། སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གང་དག་ཟད་པ་ཡིན་པ་དེ་དག་མ་ཟད་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ཉོན་མོངས་པ་མཐོང་


DTG136_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྤང་བར་བྱ་བ་རྣམས་ནི་མངོན་པར་རྟོགས་པའི་བགེགས་ཡིན་པའི་ཕྱིར་བགེགས་ཞེས་བསྟན་ཏོ། །ཉོན་མོངས་པ་ལ་ཡང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དེའི་ནུས་པ་ཡོད་པར་བསྟན་པའི་ཕྱིར་བར་དུ་དེ་སྨོས་པ་ཡིན་ནོ། །ངན་སོང་གི་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་བདག་དང་གཞན་ལ་གནོད་པའི་དབང་དུ་མཛད་པའི་ཕྱིར་ཡང་ཡིན་ནོ། །རྒྱུ་ཕྲག་རྒྱས་མེ་རྣམས་ཀྱིས་བསྲེགས། སྲིད་པ་རྣམས་ཀྱི་ས་ནི་གང་ཞིག་འདས་པ་སྨོས་ཞེས་བྱ་བ་ནི་ཡང་འབྱུང་བ་བའི་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་མ་ཟད་པ་ཉིད་དུ་སྟོན་པ་ཡིན་ནོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། ཇི་ལྟ་བཞིན་པའི་ཡིད་ནི་དབུགས་ཕྱིན་པའི། །ལུང་བསྟན་པ་ནི་ཐོབ་པ་མེད་པ་དང༌། །ངན་སོང་དང་ནི་ཡང་འབྱུང་འགྱུར་བ་གང༌། །ཉོན་མོངས་ཡན་ལག་གསུམ་གཉིས་ཟད་བྱ་ཕྱིར། །དེ་ཁོ་ན་ཉིད་རྟོགས་པ་མེད་བའོ། །ཡང་རྒྱུ་གཉིས་དག་གིས་དབུགས་ཕྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ཏེ། ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་ཐོབ་པ་ཉིད་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ཐོབ་པའི་ཕྱིར་རོ། །འབྲས་བུ་ཐོབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པས་ཏེ་སྔ་མ་བཞིན་ནོ། །ཡང་རྒྱུ་གསུམ་དག་གིས་དབུགས་འབྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །གསུམ་པོ་གང་དག་གིས་ཤེ་ན། ལུང་བསྟན་པ་ཐོབ་པ་ཉིད་ཀྱིས་དང༌། ཡེ་ཤེས་ཀྱི་ཁྱད་པར་ཐོབ་པ་ཉིད་ཀྱིས་དང༌། སྤངས་པའི་ཁྱད་པར་ཉིད་ཀྱིས་སོ། །སྤངས་པའི་ཁྱད་པར་ཡང་ངན་སོང་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྤངས་པ་ཇི་སྐད་བསྟན་པ་དང༌། ཡང་འབྱུང་བ་བའི་རྐུན་ནས་ཉོན་མོངས་པ་རྣམ་པ་གཉིས་སྤངས་པ་ཇི་སྐད་བསྟན་པ་ལྟ་བུའོ། །ཡུལ་ལ་རྣམ་པར་རྟོག་པ་རྣམ་པར་གཡེངས་པ་རྣམས་ལ་ཡུལ་གྱི་སྐྱོན་བརྗོད་པ་དང་ལྡན་པའི་ཀུན་དུ་སྐྱོ་བའི་གཏམ་བརྗོད་པར་བྱའོ། །འཇིག་རྟེན་དག་ན་འདོད་པ་རྣམས་མི་རྟག །དགེ་བའི་དོན་འཕྲོག་གསོག་དང་སྒྱུ་མ་འདྲ། །སྨོན་པ་ན་ཡང་མི་རྣམས་ཀྱི་ནི་སེམས། །རྨོངས་ན་བདག་ཉིད་ཕྲད་ན་སྨོས་ཅི་དགོས། །དེ་ལ་འདོད་པ་རྣམས་མི་རྟོག་པ་ཉིད་ཀྱིས་ནི་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལ་སོགས་པའི་


DTG136_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཉིད་ཡིན་པར་སྟོན་ཏོ། །དགེ་བའི་དོན་འཕྲོག་པ་ཉིད་ཀྱིས་ནི་ཚེ་ཕྱི་མ་ལ་ངན་འགྲོའི་རྒྱུ་ཉིད་ཡིན་པར་རོ། །གསོག་ཉིད་ཀྱིས་ནི་དགེ་བ་དང་བྲལ་བ་ཉིད་དུའོ། །སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ནི་བདེ་བ་ལྟར་སྣང་བ་ཉིད་དུ་སྟེ་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཞི་ཉིད་ཡིན་པའི་ཕྱིར་རོ། །ཕྱི་མའི་ཕྱེད་ཀྱིས་ནི་འདི་ལྟར་དེ་རྣམས་ནི་མ་ཕྲད་ཀྱང་སྲེད་པ་དང་བཅས་པ་རྣམས་ཀྱི་སེམས་བདེ་བར་འདུ་ཤེས་པས་རྨོངས་བར་བྱེད་ན་ཕྲད་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །བསྡུས་པའི་ཚིགས་སུ་བཅད་བ་གཉིས་ནི། འདོད་པ་རྣམས་ནི་སྡུག་བསྔལ་རྒྱུ། །དེ་དག་ལ་ནི་བདེ་བ་མེད། །བདེ་བར་འདུ་ཤེས་ལོག་པ་ཡི། །གཞི་ཡིན་པར་ནི་རབ་ཏུ་བསྟན། །མཛེ་བཞིན་ཡོངས་སུ་གདུང་བས་ན། །མྱ་ངན་ངན་འགྲོའི་རྒྱུ་ཡི་ཕྱིར། །མ་ཕྲད་ཕྲད་པའི་གནས་སྐབས་སུ། །རྒྱུ་བཞིན་ལོག་པར་སྟོན་ཕྱིར་རོ། །ཤེས་དཀའ་བཟློག་དཀའ་དཔུང་ཐུབ་དཀའ་བ་ཅན་རྒྱུ་བ། །རྟོགས་དཀའ་འདོད་ཆགས་རང་དགའི་དབང་པོ་ཅན་རྣམས་ཀྱི། །བཟང་པོའི་ལམ་རྣམས་འཇོམས་དང་རྡུལ་ནི་བསགས་རྣམས་ཀྱི། །ཆོས་དང་བློ་ཡི་དགྲ་ཡིན་ཡིད་འཁྲུལ་རྣམས་ཀྱི་ནི། །ཚུལ་ཁྲིམས་ཟད་བྱེད་ཡིན་ཞིང་འབྱུང་པོ་རྣམས་ཀྱི་རྫས། །ལྟ་བུའི་དགེ་བ་འཇོམས་པ་མི་དགེའི་ཡུལ་རྣམས་ཡིན། །དེ་ལྟ་བས་ན་ཁྱེད་ནི་དམ་པའི་ཆོས་མཉན་པའི་ཚེ་བདག་ལ་གཞོམ་པར་བྱ་བ་ནི་མི་རིགས་སོ། །དེ་ལ་ཇི་ལྟར་ན་ཤེས་པར་དཀའ་བ་ཡིན་ཞེ་ན། འདོད་པ་འདི་དག་ནི་མ་ནོག་ཆུང་ཞིང་སྡུག་བསྔལ་མང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཤེས་དཀའ་བ་ཉིད་ཀྱིས་སོ། །ཇི་ལྟར་ན་བཟློག་བར་དཀའ་བ་དང༌། དཔུང་ཐུབ་པར་དཀའ་བ་དང༌། རྒྱུ་བ་རྣམས་རྟོགས་པར་དཀའ་བ་ཡིན་ཞེ་ན། བརྩལ་བ་དང་རྣམ་པར་མནན་པ་དང༌། བག་ལ་ཉལ་ཡང་དག་པར་གཞོམ་པའི་སྤོང་བ་དཀའ་བ་ཉིད་ཀྱིས་ཡིན་ཏེ་གོ་རིམས་བཞིན་ནོ། །ཇི་ལྟར་བཟང་པོ་རྣམས་ཀྱི་ལམ་འཇོམས་པ་ཡིན་ཞེ་ན། ཁྱིམ་པའི་ཕྱོགས་ལ་འདོད་ཆགས་དང་རང་དགའི་དབང་པོ་ཅན་རྣམས་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཁྲིམས་ལ་སོགས་པ་ལས་འདའ་བར་བྱེད་པ་ཉིད་ཀྱིས་སོ། །ཇི་ལྟར་ན་མོས་པ་དང་བློ་གྲོས་ཀྱི་དགྲ་རྣམས་དང༌། ཚུལ་ཁྲིམས་ཟད་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་བྱུང་བའི་ཕྱོགས་ལ་སྔོན་རྡུལ་བསགས་པ་དང་འདིར་ཡིད་འཁྲུལ་


DTG136_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བར་དུ་གཅོད་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །མོས་པ་ནི་སེམས་གནས་པ་ཡིན་པས་ཏིང་ངེ་འཛིན་ཏོ། །ཇི་ལྟར་ན་འབྱུང་པོ་རྣམས་ཀྱི་རྫས་དང་འདྲ་བའི་དགེ་བ་ཡིན་ཞེ་ན། འདི་དང་ཕྱི་མར་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དང་ཡོངས་སུ་སྐྱོབ་པ་ཉིད་ཀྱི་ནོར་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་ན་མི་དགེ་བའི་ཡུལ་རྣམས་ཀྱིས་འཇོམས་པ་ཡིན་ཞེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ན། དེའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་དགེ་བའི་ཆོས་རྣམས་ལས་ཐོབ་པ་དང༌། མ་ཐོབ་པ་ཡོངས་སུ་ཉམས་པ་ཡིད་ཀྱིས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་མདོར་བསྡུ་ན་འདིས་ནི་འདོད་པ་རྣམས་ཡོངས་སུ་ཤེས་པར་དཀའ་བ་ཉིད་དང༌། ཡང་དག་པར་དཀའ་བ་ཉིད་དང༌། ཡོངས་སུ་མ་ཤེས་ཤིང་མ་སྤངས་པ་དང༌། ཇི་ལྟར་གང་དང་གང་དག་ལ་གནོད་པར་བྱེད་པ་དེ་ཡོངས་སུ་བསྟན་ཏེ། ཚིག་གཅིག་དང་གསུམ་དང་གསུམ་ལྷག་མ་སྟེ་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་ཡང་འདོད་པ་རྣམས་ནི་ཆོམ་རྐུན་དང་ཆོས་མཐུན་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཆོམ་རྐུན་གྱི་རྒྱུ་བདུན་དག་གིས་རྐུན་པོའི་བྱ་བ་མཐར་ཕྱིན་པ་ཡིན་ཏེ། མི་འཕྲིགས་པའི་རང་བཞིན་ཡིན། འཕྲིགས་ན་ཡང་མི་ལྡོག་པས་བསྟན་པ་ཡིན། འགྲོ་བ་དང་འོང་བ་དང་ཕ་རོལ་མནན་པ་དག་ལ་ངལ་བ་མེད་པས་སྟོབས་དང་ལྡན་པ་ཡིན་ནོ། །མི་མངོན་པ་དང་བགྲོད་དཀའ་བའི་གནས་སུ་ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཡིན། མ་ལུས་བར་འཕྲོག་པས་སྙིང་བརྩེ་བ་མེད་པ་ཡིན། གཉིད་ལོག་ཅིང་ར་རོ་བ་ན་འཇོམས་པས་དུས་ཤེས་པ་ཡིན། མི་མཐུན་ཞིང་ཤ་ཁོ་ན་ཅན་ཡིན་ནོ། །དངོས་པོའི་འདོད་པ་ཉོན་མོངས་པའི་འདོད་པ་དང་བཅས་པ་རྣམས་ཀྱང་དེ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལ་མི་འཕྲོགས་པའི་རང་བཞིན་ཉིད་ནི་ཤེས་པར་དཀའ་བ་ཉིད་ཀྱིས་སྟོན་ཏེ། ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །བརྟན་པ་ཉིད་ནི་བཟློག་པར་དཀའ་བ་ཉིད་ཀྱིས་ཏེ། བསལ་བར་དཀའ་བའི་ཕྱིར་རོ། །སྟོབས་དང་ལྡན་པ་ཉིད་ཀྱིས་ནི་དཔུང་ཐུབ་པར་དཀའ་བ་ཉིད་ཀྱིས་ཏེ། ཀུན་དུ་རྒྱུ་བ་རྣམ་པར་གནས་པར་དཀའ་བའི་ཕྱིར་རོ། །ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཉིད་ནི་རྒྱུ་བ་རྟོགས་པར་དཀའ་བ་ཉིད་ཀྱིས་


DTG136_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བག་ལ་ཉལ་བ་ནི་ཐག་རིང་དུ་ཞུགས་ཤིང་མི་མངོན་པར་སོང་བའི་ཕྱིར་རོ། །སྙིང་བརྩེ་བ་མེད་པ་ཉིད་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པ་ཉིད་ཀྱིས་ཏེ། དགེ་བ་མ་ལུས་པར་མེད་པར་བྱེད་པའི་ཕྱིར་རོ། །དུས་ཤེས་པ་ཉིད་ནི་གཉིད་ལོག་པ་དང་ར་རོ་ཞིང་མྱོས་པ་ལྟ་བུའི་འདོད་ཆགས་དང། དགའ་བའི་དབང་པོ་ཅན་རྣམས་ལ་འཇོམས་པའི་ཕྱིར། །མི་མཐུན་པ་ཉིད་ནི་མི་དགེ་བ་ཉིད་ཀྱིས་དགེ་བ་དང་འགལ་བའི་ཕྱིར་རོ་།ནང་བར་མར་མེ་རླུང་གིས་བསྐྱོད་པ་འདྲ་བ་དང༌། །ཆུ་བོའི་འགྲམ་གྱི་ལྗོན་ཤིང་རྩ་བ་འགུལ་འདྲ་དང༌། །སྣོད་ཆག་ཡོད་པའི་ཆུ་ནི་འཛག་པར་བྱེད་པ་ལྟར། །འགྲོ་བ་འདི་ནི་དབང་མེད་འཇིག་བའི་ཆོས་ཅན་ཡིན། །དེ་ལྟར་འགྲོ་བ་རབ་ཏུ་འཇིག་པའི་ཆོས་ཅན་ཡིན་ན། ཁྱེད་དམ་པའི་ཆོས་མཉན་པར་གཡེང་བའི་མི་རིགས་སོ། །ཅིའི་ཕྱིར་ཚིགས་སུ་བད་པ་འདི་ལས་དཔེ་གསུམ་དག་གིས་བསྟན་ཞེ་ན། འདི་ལྟ་སྟེ། འགྲོ་བ་ཞེས་བྱ་འདི་ནི་ཚེ་ཡི་དབང་གིས་མིང་དང་གཟུགས། །འཇུག་ཡིན་གསུམ་པོ་དེ་ཕྱིར་ཇི་ལྟ་བུར། །མི་བརྟན་པ་དེ་འཆི་བ་འགྱེལ་ཟད་ལ། །ཕྱོགས་པའི་མར་མེ་ལྗོན་ཆུ་ཡིས་བསྟན། །གཞན་ཡང་རྒྱུ་བརྒྱད་དག་གིས་ཆོས་འདི་ལ་ཤིན་ཏུ་བརྩལ་བ་རྨི་བྱ་བར་འགྱུར་ཏེ། གལ་ཏེ་ཐར་བ་དོན་དུ་མི་གཉེར་བ་ཡིན་པ་དང༌། ནད་མེད་པ་མ་ཡིན་པའི་ཕྱིར་རམ། རང་དབང་མེད་པ་ཉིད་ཀྱི་ཕྱིར་གཉེར་ན་ཡང་མི་ནུས་པ་ཡིན་པ་དང༌། གལ་ཏེ་ནུས་ན་ཡང་བརྩལ་བ་མ་བྱས་པར་ཡང་འབྲས་བུ་ཡོད་པ་མ་ཡིན་པ་དང༌། གཞན་གྱི་བྱེད་པ་པོ་གཞན་ཡིན་པ་དང༌། བརྩལ་བ་བྱས་ཀྱང་ངེས་འགྲུབ་པར་མི་འགྱུར་པ་དང༌། འདིས་གྲུབ་པ་པོ་སྙམ་དུ་ཡིད་ཆེས་པར་མི་བྱེད་པ་ཡིན་པ་དང༌། བདག་གིས་ཇི་ལྟར་བརྩོན་པར་བྱ་ཞེས་ཐབས་མི་མཁས་པ་ཡིན་པ་དང༌། ངན་སོང་ལས་ཡང་དག་པར་རྒལ་བའི་དབུགས་ཕྱིན་པ་ཐོག་པ་ཡིན་ནོ། །འོན་ཏེ་ཡང༌། དོན་གཉེར་ནུས་དང་མ་བྱས་པར། །འབྲས་མེད་པོ་གཞན་མེད་པ་དང༌། ངེས་པར་འགྲུབ་དང་ཡིད་ཆེས་དང༌། །ཐབས་ཤེས་ལོག་པར་ལྟུང་བ་ཡི། །མཐའ་ལ་གནས་པའི་སྐྱེ་བོ་གང༌། །ཤིན་ཏུ་རྩོལ་བར་མི་བྱེད་པ། །དེ་ནི་ངེས་པར་སྡིག་ལས་ཀྱིས། །བསྒྲིབས་ཤིང་སྡུག་བསྔལ་མང་བསྟན་ཡིན། །ངན་སོང་ཐོས་ལ་ཡིད་ཆེས་ཤིང༌། །དེ་ཡི་གཉེན་ཐོ་མི་བྱེད་ལ།


DTG136_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཤིང་ནུས་དང་ལྡན་པ་དག །ཚེ་ཐུང་དེ་ཡང་མ་ངེས་དང༌། །མི་བྱ་བར་ནི་བྱ་མིན་དང༌། །བྱེད་པོ་གཞན་མེད་པ་བྱས་པར། །བདེ་ལས་མེད་ཅིང་བྱས་པ་ཡང༌། །མི་འཇིགས་དེ་བྱེད་མི་ཤེས་མིན། །གལ་ཏེ་སོ་སོའི་སྐྱེ་བོ་དག །འདོད་པ་ཡིས་ནི་ཟང་ཟིང་གི །ཕུབ་མ་ལ་ནི་ཡོངས་འཇུས་ནས། །ཀྱེ་མ་འདི་ནི་རབ་མྱོང་བའི། །གླང་ཆེན་ཉལ་བ་བྱེད་དམ་ཅི། །བྱིས་པ་ཀུན་ནི་རྟེན་ཡོད་ཀྱང༌། །ཀྱེ་མ་མི་བཟད་ཀྱེ་མ་དཀའ། །ཀྱེ་མ་སྡུག་བསྔལ་ཀྱེ་མ་འཇིགས། །ཀྱེ་མའོ་བརླག་ལ་ཕྱོགས་པ་ཡིན། །སངས་རྒྱས་གསུང་ཞེས་བྱ་བ་གང༌། །དཀོན་མཆོག་འདོད་དོན་སྒྲུབ་མཛད་པ། །སྐྱེ་བོ་སེར་སྣ་མེད་འདུག་པས། །གཎྜཱི་བརྡུངས་ཏེ་སྒྲོགས་བྱེད་ན། །གཏི་མུག་ང་རྒྱལ་མདོངས་པ་ཡི། །བྱིས་པ་འདི་དག་བདག་ཉིད་ལ། །དགྲ་བོ་བཞིན་དུ་བརླག་པའི་རྒྱུ། །གྲོང་བའི་དགྲ་ལ་མངོན་པར་དགའ། །བདག་ལ་ཕན་པར་བརྩོན་རྣམས་ཀྱིས་ནི་དགྲ་ཡིན་ན་ཡང་ལེགས་བཤད་གཟུང༌། །ངན་པ་ཡིན་ཀྱང་སྐྱེ་བོས་ཕན་འདོགས་སྐྱེ་བོའི་དོར་ནི་དཔྱད་བྱ་ན། །དགྲ་བཅོམ་པ་ཉིད་འགྲོ་བ་ཕན་པ་དཔུང་གཉེན་ཕན་པ་གསུངས་པ་ཡི། །གསུང་ནི་གལ་ཏེ་མི་འཛིན་གྱི་ཧུད་ཚིག་ནི་འདིར་བྱས་ལེགས། །ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་ཇི་ལྟར་བྱིས་བ་རྣམས་ལ་མྱ་ངན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་བྱིས་པ་རྣམས་མྱ་ངན་དུ་བྱ་བ་ཡིན་ཞེ་ན། ལོག་པར་བསྒྲུབ་པ་སྐྱོན་ལྔ་དང་ལྡན་པ་ལ་གནས་པའི་ཕྱིར་རོ། ལོག་པར་བསྒྲུབ་པ་དེ་ཡང་ཚིགས་སུ་བཅད་པ་གཞན་གསུམ་དག་གིས་བསྟན་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན་སངས་རྒྱས་ཀྱི་གསུང་མི་ཉན་པ་དང༌། མི་འཛིན་པ་ལས་བརྩམས་ནས་རིག་པར་བྱའོ། །སངས་རྒྱས་ཀྱི་གསུང་གང་རྙེད་པར་དཀའ་བ་དང༌། དོན་ཆེ་བ་དང༌། འབད་པ་མེད་པར་འཐོབ་བ་བཞིན་དུ་གཏི་མུག་གིས་ལྡོངས་པ་ཉིད་ཀྱིས་བག་མེད་པའི་རྒྱུ་འཁྲིག་པ་དང་ལྡན་པའི་སྒྲ་དག་ལ་ཆགས་ནས་ཉན་དུ་མི་འདོད་པ་དང༌། ཐོས་ན་ཡང་ཕན་པ་བཞེད་པ་དང༌། ཕན་པའི་བླ་མས་གསུངས་པ་ལ་མི་བསྒྲུབ་པས་མི་འཛིན་པའོ། །སྐྱོན་ལྔ་གང་དག་ཅེ་ན། མི་བཟད་པ་ཉིད་དང༌། དཀའ་བ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། འཇིགས་པ་ཉིད་དང༌། བརླག་པ་ལ་ཕྱོགས་པ་ཉིད་དོ། །གཉེན་པོ་སྲིད་པ་ཡོད་


DTG136_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལོག་པར་བསྒྲུབ་པ་གང་ལ་སྐྱོན་ལྔ་ཡོད་པ་དེ་ཡང་མི་བཟད་པ་ལ་སོགས་པའི་སྒྲར་བསྟན་ཏོ། །ཅི་མི་བཟད་པ་ནི་དེ་ཕྱིས་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་གང་གིས་གདུངས་བར་འགྱུར་བ་དེ་བྱས་ནས་མི་བཟད་པ་བྱས་སོ་ཞེས་ཟེར་རོ། །དཀའ་བ་ནི་མང་པོ་ཀུན་དུ་ཚོལ་བས་དུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ནི་ལུས་དང་སེམས་ལ་གནོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གསོད་པ་དང༌། འཆིང་བ་དང༌། རྡེག་བ་ལ་སོགས་པ་གཞན་གྱི་གནོད་པ་དང་མྱ་ངན་གྱི་གནས་ཡིན་པ་ཉིད་ཀྱིས་སོ། །འཇིགས་པ་ནི་ངན་འགྲོ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བརླག་པ་ལ་ཕྱོགས་པ་ཉིད་ནི་མྱ་ངན་ན་ལས་འདས་པའི་ལམ་དང་ཐག་རིང་བར་འགྱུར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཀྱེ་མའོ་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་ཡ་མཚན་གྱི་དོན་ལ་ཡང་མཐོང་སྟེ། དཔེར་ན་བད་སའི་བུས་མངོན་པར་དང་ནས་ཀྱེ་མ་འོན་སངས་རྒྱས་ཀྱེ་མའོ་ཆོས་ནི་ལེགས་པར་གསུངས་པ་ཞེས་སྨྲས་པ་ལྟ་བུའོ། །མྱ་ངན་བྱེད་བའི་དོན་ལ་ཡང་སའི་བཅུད་ནུབ་པ་དང་ཀྱེ་མའོ་སའི་བཅུད་ཀྱེ་མའོ་སའི་བཅུད་ཅེས་མྱ་ངན་བྱས་པ་ལྟ་བུའོ། །སྨོན་པའི་དོན་ལ་ཡང་མ་ལ་ཀྱེ་མའོ། །བདག་མི་སྐལ་བ་བཟང་པོ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་ཤོག་ཤིག་ཅེས་བྱ་བ་ལྟ་བུའོ། སྨད་པའི་དོན་ལ་ཡང་དཔེར་ན་རྐུན་པོ་བྱེད་པ་ན་ཀྱེ་མ་བྲམ་ཟེའི་ལེགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་འདིར་མྱ་ངན་བྱེད་པའི་དོན་དུ་བལྟ་བར་བྱའོ། །རྐུན་པོ་ཞིག་གིས་རབ་བརྒྱད་ཕུག་སྟེ། རྒྱལ་པོའི་མཛོད་དུ་ཞུགས་ནས་སྐོམ་པས་ཆང་ཞིམ་པོ་འཐུངས་ཏེ་ར་རོ་ནས་ཉལ་བ་དང་ནང་པར་བཟུང་ནས་སྡུག་བསྔལ་བར་བྱས་ཞེས་གྲག་གོ །དེ་བཞིན་དུ་ཁྱེད་ཀྱིས་མི་ཁོམ་པའི་རབ་བརྒྱད་ཕུག་སྟེ། དལ་བར་སྐྱེས་པའི་རྒྱལ་པོའི་མཛོད་དུ་ཞུགས་ནས་འདོད་པ་ལ་དགའ་བའི་ཆང་འཐུངས་ཏེ་ར་རོ་བ་ཉིད་ཀྱིས་སྲོག་གི་མཚན་མོའི་ནམ་ནང་ན་བདག་ཉིད་ལ་སྡུག་བསྔལ་བསྐྱེད་པ་ནི་མི་རིགས་སོ། །ཕག་མོ་ཐི་བའི་ཕྲེང་ལང་ན་མའི་སྔོན་གྱི་ཚུལ་ཡང་བརྗོད་པར་བྱ་སྟེ། དེ་བཞིན་དུ་དམ་པའི་ཆོས་མ་མཉན་པས་སེམས་ཅན་རྣམས་མངོན་པར་མཐོ་བའི་འགྲོ་བར་སྐྱེས་ནས་ཤུགས་ཟད་པས་མདའ་གནམ་དུ་འཕངས་བསླར་ས་ལ་ལྟུང་བ་བཞིན་དུ་ཡང་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ལྟ་


DTG136_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་རྣམ་བ་དེ་ལྟ་བུའི་ཚིགས་སུ་བཅད་པ་དང༌། གཏམ་དང༌། སྔོན་གྱི་སྦྱོར་བ་ལ་སོགས་པ་དག་གིས་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པར་བྱའོ། །དེ་ལྟ་བུའི་ཡ་མཚན་དང༌། རབ་ཏུ་དགའ་བ་དང༌། སྐྱོ་བའི་གཏམ་ཉེ་བར་སྒྲུབ་པ་ཉིད་ཀྱིས་གུས་པར་ཉན་པ་དང་ལྡན་པ་བརྗོད་པར་བྱའོ། །མདོ་སྡེའི་རྒྱན་ལས་ཀྱང་མདོ་སྡེ་རྣམ་པར་བཤད་པའི་ཚུལ་བསྟན་ཏོ། །གཅེས་པ་དང་ནི་དགོངས་བ་ཅན་གྱི་གསུང་དག་རྣམ་པ་མང་དུ་བརྗོད། །ཚིག་གི་དོན་དང་མཚམས་སྦྱར་སྡེབ་དང་འདྲ་བར་མང་དུ་བརྗོད་པར་བྱ། །འགལ་བ་དག་དང་ལན་གདབ་ཐབས་ཀྱང་མང་དུ་བརྗོད་ཅིང་ཤེས་པར་བྱ། །ཡོན་ཏན་འདི་དག་རྣམས་དང་ལྡན་པས་གལ་ཏེ་སྨྲ་ན་ལེགས་སྨྲ་ཡིན། །ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་ཀྱི་གསུང་ཡོན་ཏན་ལྔ་དག་ཏུ་བསྟན་པར་གྲག་སྟེ། དགོས་པ་དང་བཅས་པ་ཉིད་དང༌། དགོངས་པ་ཟབ་པ་ཉིད་དང༌། མཚན་ཉིད་ཟབ་བ་ཉིད་དང༌། སྔ་ཕྱིའི་འབྲེལ་བ་ཉིད་དང༌། རིགས་པ་དང་འབྲེལ་བ་ཉིད་དོ། །གཞན་ཡང་བསྟན་པ། གང་ཞིག་གཞན་གྱིས་བརྒལ་ན་སྙན་པར་སྨྲ་བྱེད་རྩུབ་པ་མ་ཡིན་དང༌། །བསྟོད་དམ་གྲུབ་པར་གྱུར་ཀྱང་གང་གི་ཡིད་ནི་རྒྱགས་པར་མི་བྱེད་དང༌། །གང་ཞིག་དོན་རྒྱས་པ་དང་སྣ་ཚོགས་འབྲེལ་དང་གོ་བྱེད་སྨྲ་བ་དང། །གང་ཞིག་སྙིང་ལ་དགེ་རྩ་བསྐྱེད་པ་དེ་ནི་སྨྲ་བྱེད་མཁས་པ་ཡིན། །ཚིག་སུ་བཅད་པ་འདིས་ནི་སྨྲ་བ་པོ་རྣམ་པ་གཉིས་ཀྱི་ཡོན་ཏན་རྣམ་པ་གཉིས་བསྟན་པར་གྲག་སྟེ། སྨྲ་བ་པོ་རྣམ་པ་གཉིས་ནི་རང་གི་ཕྱོགས་འཛུགས་པ་དང༌། ཆོས་སྟོན་པའོ། །ཡོན་ཏན་རྣམ་པ་གཉིས་ནི་ངག་ཡོངས་སུ་དག་བ་དང༌། སེམས་ཡོངས་སུ་དག་བའོ། །དེ་ལ་དང་པོའི་ངག་ཡོངས་སུ་དག་པ་ནི་གཞན་གྱིས་བརྒལ་བ་ན་སྙན་པར་སྨྲ་བ་ཉིད་དང༌། མི་སྙན་པ་མི་སྨྲ་བ་ཉིད་ཀྱིས་སོ། །སེམས་ཡོངས་དག་པ་ནི་བསྔགས་པ་དང༌། རྒྱལ་བ་ཐོབ་ཀྱང་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བས་སོ། །གཉིས་པའི་ངག་ཡོངས་སུ་དག་པ་ནི་ཡོངས་སུ་རྫོགས་པ་དང༌། མི་ཟློག་པ་དང༌། ཚད་མ་དང་མི་འགལ་བའི་དོན་དང༌། གསལ་བའི་ཚིག་བརྗོད་པ་ཉིད་ཀྱིས་སོ། །སེམས་ཡོངས་སུ་དག་པ་ནི་དཔག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་བསམ་པའི་སེམས་ཟང་ཟིང་མེད་པ་ཉིད་ཀྱིས་སོ། །ཇི་ལྟར་མིའི་སྒོ་བུད་


DTG136_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཡིན། །ཇི་ལྟར་ཆུའི་ལམ་གཏོད་པ་ལྟར། །དེ་བཞིན་བློ་དང་ལྡན་རྣམས་ལ། །མདོ་སྡེ་བཤད་པའི་ཤན་འདི་བསྟན། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་ལྔ་པ་སྟེ། རྣམ་པར་བཤད་པའི་རིགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

ལས་གྲུབ་པའི་རབ་ཏུ་བྱེད་པ།
དབྱིག་གཉེན།


DTG136_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་སིདྡྷི་པྲ་ཀར་ཎ། བོས་སྐད་དུ། ལས་གྲུབ་པའི་རབ་ཏུ་བྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། མདོ་ལས། རྣམས་ནི་གསུམ་སྟེ། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱིས་ལས་སོ་ཞེས་འབྱུང་བ་དེ་ལ་ཁ་ཅིག་རེ་ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཡིན་ལ། དག་ཉིད་ནི་ངག་གི་ལས་ཡིན་ཏེ། སོ་སོར་གཉིས་ཀ་ཡང་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཏེ་སེམས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདིར་འདི་དཔྱད་པར་བྱ་སྟེ། རྣམ་པ་རིག་བྱེད་ཅེས་བྱ་བའི་ཆོས་དེ་གང་ཡིན། རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཡིན་ཏེ། དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡིན་ནོ། །གང་གི་དབྱིབས་ཡིན། ལུས་ཀྱི་ཡིན་ནོ། །གལ་ཏེ་ལུས་ཀྱི་ཡིན་ན་ཇི་ལྟར་ན་དེ་ལུས་ཀྱིས་བྱས་པའི་ལས་ཞེས་བྱ། དེ་ནི་ལུས་ཞེས་བྱ་བ་སྤྱིའི་ཡན་ལག་ཏུ་གྱུར་པའི་ཕྱིར་ལུས་ཀྱི་ཞེས་བྱ་ལ། ལུས་ཀྱི་འབྱུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་ནི་ལུས་ཀྱིས་བྱས་པའི་ལས་ཞེས་བྱའོ། །སྤྱི་དག་ལ་ཡོད་པའི་སྒྲ་རྣམས་ནི་ཡན་ལག་དག་ལ་ཡོད་དེ། དཔེར་ན་གྲོང་ན་གནས་སོ་ནགས་ཚལ་ན་གནས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་དམིགས་པའི་སེམས་ལུས་སྐྱེས་པ་ཞེས་བྱ་བ་ཅི་དགོས་ཤེ་ན། སྨྲ་བ་ན་མཆུ་ལ་སོགས་པའི་དབྱིབས་ཀྱང་གྱུར་ན་མི་རུང་བ་སྟེ། དེ་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ཏེ། ཚིག་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །སྔོན་གྱི་སྨོན་ལམ་གྱི་སེམས་ལས་སྐྱེས་པ་ཡང་གྱུར་ན་མི་རུང་བ་


DTG136_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡང་མ་ཡིན་ཏེ། རྣམ་པར་སྨིན་པའི་རྒྱུའི་སེམས་གཞན་ལས་ཀྱང་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་རྣམ་པར་རིག་བྱེད་ཅེས་བྱ་ཞེ་ན། གཞན་དག་ལ་དེ་འཇུག་པར་བྱེད་པའི་སེམས་རྣམ་པར་རིག་པར་བྱེད་པའི་ཕྱིར་ཏེ། ཕྱི་རོལ་བསྐྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོན་གནས་པའི་ཉ་ནི་རབ་གབ་ཀྱང༌། །ཆུ་ཡི་རླབས་ཀྱིས་འགྱུར་བ་རྣམས་ཀྱིས་སྟོན། །འོ་ན་དབྱིབས་ཞེས་བྱ་བ་འདི་ཅི་ཡིན། འདི་ལྟ་སྟེ་རིང་པོ་ལ་སོགས་པའོ། །རིང་པོ་ལ་སོགས་པ་འདི་ཅི་ཡིན། གང་ལས་རིང་པོའམ་ཐུང་དུའོ་སྙམ་པའི་འདུ་ཤེས་སྐྱེ་བའོ། །སྐྱེ་མཆེད་གང་ཡིན། གཟུགས་ཀྱི་སྐྱེ་མཆེད་དོ། །ཅི་དེ་ཁ་དོག་བཞིན་དུ་རྡུལ་ཕྲ་རབ་ཏུ་འདོད་དམ། འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ནམ། འོན་ཏེ་ཁ་དོག་ལ་སོགས་པ་འདུས་པ་ལ་ཁྱབ་པའི་རྫས་གཞན་གཅིག་པུ་ཞིག་ཡིན་ན། གལ་ཏེ་རྡུལ་ཕྲ་རབ་ཀྱི་བྱི་བྲག་ཞིག་ཡིན་ན་ནི། དེས་ན་འདུས་པའི་ཆ་ཤས་རེ་རེ་ལ་རིང་པོ་ཉིད་དམ་ཐུང་དུ་ཉིད་ལ་སོགས་པ་གཟུང་བར་འགྱུར་ཏེ། དཔེར་ན་ཁ་དོག་བཞིན་ནོ། །འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ན་ནི། དེ་ཁ་དོག་གི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ལས་ཁྱད་པར་ཅི་ཡོད་དེ། དེ་དག་ཁོ་ན་འདུས་པའི་ཁྱད་པར་ལས་རིང་པོའམ། ཐུང་དུ་ལ་སོགས་པར་འགྱུར་རོ། །འོན་ཏེ་ཁ་དོག་ལ་སོགས་པ་འདུས་པ་ལ་ཁྱབ་པའི་རྫས་གཅིག་བུ་ཞིག་ཡིན་ན་ན་ནི། དེ་གཅིག་བུ་ཉིད་ཡིན་པའི་ཕྱིར་དང༌། ཁྱབ་པ་ཡིན་པའི་ཕྱིར་ཆ་ཤས་རེ་རེ་ལ་གཟུང་བར་འགྱུར་ཏེ། ཐམས་ཅད་ལ་དེ་ཡོད་པའི་ཕྱིར་རོ། །ཡང་ན་དེ་གཅིག་པུ་མ་ཡིན་ཏེ། ཆ་དང་ཆར་རྣམ་པར་གནས་པའི་ཕྱིར་རོ། །སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསྩགས་པ་དག་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་དང་ཡང་འགལ་བར་འགྱུར་རོ། །གཟེགས་ཟན་པའི་གཞུང་གིས་ཡན་ལག་ཅན་གྱི་རྫས་སུ་སྨྲ་བ་ཡང་སྤེལ་བར་འགྱུར་རོ། །ཕྱོགས་གཅིག་གི་སྒོར་འདུས་པ་མང་པོར་སྣང་པ་ལ་ནི་རིང་བོའི་བློ་འབྱུང༌། ཐུང་དུ་ལ་ཐུང་


DTG136_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དུའི་བློ་འབྱུང༌། ཐམས་ཅད་ནས་མཉམ་བར་སྣང་བ་ལ་ནི་ལྷམ་པའི་བློ་འབྱུང༌། ཁོར་ཡུག་ནས་མཉམ་པ་ལ་ནི་ཟླུམ་པོའི་བློ་འབྱུང༌། དབུས་ན་མང་པོ་ལ་ནི་མཐོན་པོའི་བློ་འབྱུང༌། ཉུང་བ་ལ་ནི་དམའ་བའི་བློ་འབྱུང༌། ཕྱོགས་གཅིག་གི་སྒོར་སྣང་བ་ལ་ནི་ཕྱ་ལེ་བའི་བློ་འབྱུང༌། ཕྱོགས་སྣ་ཚོགས་ཀྱི་སྒོ་ལ་ནི་ཕྱ་ལེ་མ་ཡིན་པའི་བློ་འབྱུང་ངོ༌། །རི་མོ་བཀྲམ་པ་དེ་དང་དེ་ལྟ་བུར་སྣང་བ་ལ་ཡང་དབྱིབས་ཀྱི་བློ་དེ་དང་དེ་འབྱུང་མོད་ཀྱི། དབྱིབས་རིགས་ཐ་དད་བདག་ནི་ཡུལ་གཅིག་པར་རིགས་པ་ཡང་མ་ཡིན་ཏེ། དཔེར་ན་ཁ་དོག་དག་བཞིན་ནོ། །འོན་ཀྱང་འགྱུར་ན་ནི་ཕྱོགས་ཐམས་ཅད་དུ་དབྱིབས་ཐམས་ཅད་ཀྱི་བློ་འབྱུང་བར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དབྱིབས་ཞེས་བྱ་བའི་རྫས་གཞན་ནི་མེད་ཀྱི། ཁ་དོག་ཁོ་ན་ཡུལ་གྱི་ཁྱད་པར་གནས་པ་ལ་རིང་པོ་ལ་སོགས་པའི་བློ་དག་འབྱུང་སྟེ། དཔེར་ན་ཤིང་དང་བྱ་དང༌། གྲོག་མ་ལ་སོགས་པའི་དངར་ཀ་དག་ལ་འབྱུང་བ་ལྟ་བུ་སྟེ། ཁ་ནམ་ཐོ་བ་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཐག་རིང་པོ་ནས་ཁ་དོག་འདུས་པ་དམིགས་ཀྱིས་མི་ཕྱེད་བཞིན་དུ་དབྱིབས་དམིགས་ཀྱིས་ཕྱེད་པ་ཇི་ལྟ་བུ། རེ་ཞིག་དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་དེའི་དང་ར་ཀ་དང་ཚོགས་དག་གི་དབྱིབས་དམིགས་ཀྱིས་བྱེད་པ་ཇི་ལྟ་བུ། དེ་ན་རྫས་གཞན་ནི་མེད་དོ། །མུན་ཁུང་ངམ་ཐག་རིང་པོའི་འདུས་པ་གང་ཡིན་པ་དེ་ལ་ནི་གཉི་གར་ཡང་དམིགས་ཀྱིས་མི་ཕྱེད་ལ། དེ་ཅི་ཞིག་ཡིན་ནོ་ཞེས་མི་གསལ་བ་ཞིག་ནི་འཛིན་ན་དེ་ན་ཅི་སྣང༌། དེ་ལྟ་བས་ན་དེའི་ཚེ་ཁ་དོག་མི་གསལ་བས་འཛིན་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དབྱིབས་ཀྱི་རྣམ་པར་རིག་བྱེད་མི་འགྲུབ་བོ། །གཞན་དག་ན་རེ་དེ་ལ་དམིགས་པའི་སེམས་ལས་སྐྱེས་པའི་འགྲོ་བ་ནི་རྣམ་པར་རིག་བྱེད་ཡིན་ནོ་ཞེས་ཟེར་རོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ཅི་དགོས་ཤེ་ན། སྨྲ་བ་ནི་མཆུ་ལ་སོགས་པ་འགུལ་བ་ཡང་འགྱུར་དུ་འོངས་པས་སོ། །འོ་ན་འགྲོ་བ་ཞེས་བྱ་བ་འདི་ཅི་ཡིན། ཡུལ་གཞན་དུ་འཕོ་བའོ། །སྐྱེ་མཆེད་གང་ཡིན། གཟུགས་ཀྱི་སྐྱེ་མཆེད་དོ། །དེ་ཉིད་ཡུལ་གཞན་དུ་འཕོས་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་


DTG136_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ན། ཁྱད་པར་དེས་པར་ཟིན་པའི་ཕྱིར་རོ། །མེ་དང༌། ཉི་མ་དང༌། ཆབ་བྲོམ་དང༌། རྩྭ་ལ་སོགས་པ་ཚོས་བྱེད་ལས་སྐྱེ་བའི་རྐྱེན་ཕྲད་མ་ཐག་ཏུ་བྲལ་བར་གྱུར་པ་ལ་ཡང་ཚོས་བྱེད་ལས་སྐྱེས་པའི་ཁྱད་པར་དེས་པར་མི་ཟིན་ལ། དེ་དག་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །བསྲེག་བྱ་ཆ་ཤས་འདྲ་བ་ཅན་རྩྭ་རིང་པོ་དང་འབྲེལ་བའི་མེ་འབར་བ་གཞན་རྣམས་ཀྱི་ཁྱད་པར་ཡང་དེས་པར་མི་ཟིན་ལ། དེ་དག་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །འོན་ཏེ་ཕྲད་མ་ཐག་ཏུ་ཚོས་བྱེད་ལས་སྐྱེ་བ་མི་འབྱུང་ན་ནི་ཕྱིས་ཀྱང་མི་འབྱུང་སྟེ། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་བསྲེག་བྱའི་ཆ་ཤས་གཞན་ལ་ཡང་ནི་མེ་འབར་བ་གཞན་ཡང་མི་འབྱུང་ན། དེའི་ཁྱད་པར་ལས་མེ་འབར་བའི་ཚད་དང་གསལ་བ་དང༌། ཚ་བའི་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་ངེས་པར་མི་ཟིན་པའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་ངེས་པར་གཟུང་བ་རིགས་པ་མ་ཡིན་ནོ། །འོ་ན་འཇིག་པའི་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སྒྲ་ལ་སོགས་པ་དང༌། མེ་ལྕེ་དག་གིས་འཇིག་པའི་རྒྱུ་ཡང་གང་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་མེད་པར་འགྱུར་རོ། །དེ་དག་གི་འཇིག་པའི་རྒྱུ་ནི་རང་ཉིད་ཀྱི་མི་རྟག་པ་ཉིད་ཡིན་ནོ་ཞེ་ན། དེ་བཞིན་དུ་གཞན་དག་ལ་ཡང་ཅིའི་ཕྱིར་མི་འདོད། ཇི་ལྟར་གཞན་ནི་དེ་དག་ལ་མེད་པ་དེ་བཞིན་དུ་གཞན་རྣམས་ལ་ཡང་མེད་པར་འགྱུར་རོ། །གལ་ཏེ་མེད་ན་མེ་ལ་སོགས་པ་དང་ཕྲད་པའི་སྔོན་རོལ་དུ་ཡང་ཇི་ལྟར་དེའི་འོག་རོལ་བཞིན་དུ་ཤིང་ལ་སོགས་པའི་གཟུགས་ལ་སོགས་པ་གཟུང་བར་མི་འགྱུར། ཡང་ན་ནི་སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་ལྟ་བུར་འགྱུར་རོ་ཞེ་ན། རེ་ཞིག་ཇི་ལྟར་ན་མར་མེ་དང༌། དྲིལ་བུའི་སྒྲ་གཉིས་རླུང་དང༌། ལག་པ་དང་ཕྲད་པའི་སྔོན་རོལ་དུ་གཟུང་བར་འགྱུར་ལ་ཕྱིས་ནི་མ་ཡིན། དེ་གཉིས་ཀྱིས་དེ་གཉིས་འཇིག་པར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་མེ་ལ་སོགས་པས་ཤིང་ལ་སོགས་པའི་གཟུགས་བཤིག་པའི་ཕྱིར་གཟུང་བར་མི་འགྱུར་ན་ནི་ཕྲད་པ་ཙམ་གྱིས་བྲལ་མ་ཐག་པ་ན་ཡང་འགྱུར་རོ། །ཚོས་བྱེད་པ་ལས་སྐྱེ་བའི་ཕྱི་རོལ་གྱི་རྐྱེན་ཁྱད་པར་མེད་ན་ཡང་ཕྱི་མ་ཕྱི་མའི་རྒྱུ་ཉིད་ཀྱིས་ཁྱད་པར་


DTG136_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། ཆེས་ཁྱད་པར་ཅན་དང༌། ཆེས་ཤིན་ཏུ་ཁྱད་པར་ཅན་འབྱུང་བ་ལ་སྔ་མ་དག་གི་འཇིག་པ་གང་ལས་འབྱུང༌། །གང་ཁོ་ན་ལས་གང་ཡོད་པ་དེ་ཁོ་ན་ལས་དེ་མེད་པ་ནི་རིགས་པ་མ་ཡིན་ཏེ། འགལ་བ་གཉིས་ཀྱི་རྒྱུ་གཅིག་པར་ནི་མ་གྲགས་སོ། །དེ་བས་ན་འཇིག་པའི་རྒྱུ་མེད་པར་འཇིག་གོ །སྔ་མ་བཞིན་དུ་བཟུང་བ་དང༌། མི་བཟུང་བ་ནི་རྨད་ཀྱི་ཁྱད་པར་མེད་པའི་རྒྱུ་འཇུག་པ་དང༌། ལོག་པའི་སྒོ་ནས་རིག་པར་བྱའོ། །གལ་ཏེ་འཇིག་པ་རྒྱུ་དང་ལྡན་པར་གྱུར་ན་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་འགའ་ཡང་རྒྱུ་མེད་པར་མི་འགྱུར་ཏེ། དཔེར་ན་སྐྱེ་བ་བཞིན་ནོ། །མི་རྟག་པ་ཉིད་ནི་དེ་དག་ལས་གཞན་པར་ཅུང་ཟད་ཀྱང་མ་གྲུབ་བོ། །རྒྱུའི་ཁྱད་པར་ལས་ཀྱང་དེའི་ཁྱད་པར་ཡོད་པར་འགྱུར་ཏེ། མེ་དང༌། ཉི་མ་དང༌། ཆབ་བྲོམ་དང༌། རྩྭ་ལ་སོགས་པ་ལས་ཚོས་བྱེད་སྐྱེ་བ་བཞིན་ནོ། །འཇིག་པ་དང་ལྡན་པར་ཡང་འགྱུར་ཏེ། གཟུགས་ལ་སོགས་པ་བཞིན་ནོ། །དེ་ལྟ་བས་ན་འཇིག་པའི་རྒྱུ་ནི་འགའ་ཡང་མེད་དོ། །འོ་ན་དེ་གཞན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་དེ་ཉིད་ཡིན་པར་དེས་པར་བཟུང་ངོ་ཞེ་ན། སྔ་མ་ནི་ཕྱི་མ་སྐྱེ་བའི་རྒྱུ་ཡིན་པས་ཡོད་པ་ཉིད་དེ། དཔེར་ན་སེམས་སེམས་གཞན་གྱི་དང། ཚོས་བྱེད་ལས་སྐྱེ་བ་ཚོས་བྱེད་ལས་སྐྱེ་བ་ཁྱད་པར་ཅན་གྱི་དང༌། འོ་མ་ཞོའི་དང༌། རྒུན་འབྲུའི་ཁུ་བ་རྒུན་ཆང་གི་དང༌། རྒུན་ཆང་ཚའི་ལྟ་བུའོ། །དེ་བས་ན་འཕོ་བའི་མཚན་ཉིད་ཀྱི་འགྲོ་བ་ཞེས་བྱ་བ་འགའ་ཡང་མེད་དོ། །འདི་ལྟར་ཡང༌། དངོས་པོ་གནས་ན་འགྲོ་བ་མེད། །འགྲོ་བ་མེད་དང་རྟག་ཏུ་གནས། །གལ་ཏེ་དེ་ལྟ་ཉིད་ཡིན་ན། །གཞན་ན་སྣང་བ་དེ་ཅི་ཡིན། །དེ་ཉིད་སྣང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡུལ་དང་ཡུལ་དུ་གསར་དང་གསར། །རྩྭ་མེ་ལྟ་བུའམ་གྲིབ་མ་ལྟ་བུའོ། །གྲིབ་མ་དེ་ཉིད་ཡུལ་གཞན་དུ་སྣང་བ་ནི་མ་ཡིན་ཏེ། དེ་དང་ལྡན་པ་འདུག་བཞིན་དུ། ཉི་མ་རིང་བ་དང༌། ཉེ་བ་དང་འགྱུར་བ་དག་གིས་དེ་སྐྱེ་བ་དང༌། འགྲིབ་པ་དང༌། འགྱུར་བར་སྣང་བའི་ཕྱིར་དང༌། སྣང་བའི་ཕྱོགས་གཞན་དུ་བསྒྲིབས་ན་འབྱུང་བའི་ཕྱིར་རོ། །གང་ཞིག་འདི་སྐད་དུ་དེ་ཉིད་ཡུལ་གཞན་དུ་འཕོས་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་བརྩད་པ་ལ་དེ་


DTG136_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས། ཕྱིར་རྒོལ་བར་འགྱུར་བ་དེ་ལ་ཡང་འདི་ལྟར། དངོས་པོ་གནས་ན་འགྲོ་བ་མེད། །ཅེས་བྱ་བ་ལ་སོགས་པ་དེ་ཉིང་ཁུངས་ཡིན་ནོ། །འདི་ལྟར་ཚོས་བྱེད་ལས་སྐྱེ་བ་རྣམས་ཀྱི་ཕྱི་རོལ་གྱི་རྐྱེན་ཐ་དད་པ་མེད་ཀྱང༌། ཕྱི་མའི་ཁྱད་པར་བཟུང་བ་འདི་ཉིད་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བའི་ཁུངས་ཡིན་ནོ། །གལ་ཏེ་ཡང་གཞན་དུ་འགྱུར་བའི་ཁུངས་མེད་པས་དེའི་དངོས་པོར་རྟོག་པར་བྱེད་ན། དེའི་དངོས་པོ་ཡིན་པའི་ཁུངས་ཀྱང་མེད་ན་གཞན་དུ་འགྱུར་བར་ཅིའི་ཕྱིར་མི་འདོད། དེ་ལྟ་བས་ན་གཉི་གར་ངེས་པར་མི་གཟུང་པར་ཐལ་བར་འགྱུར་བས་འཕོ་བ་ནི་མ་གྲུབ་པ་ཁོ་ན་ཡིན་ནོ། །ཉི་མ་འཆར་ཀ་བ་དག་ན་རེ་འདུ་བྱེད་རྣམས་ནི་རང་བཞིན་གྱིས་འཇིག་པའི་ཕྱིར་འཕོ་བ་མེད་པ་ནི་བདེན་ན། ཡུལ་གཞན་དུ་འབྱུང་བའི་རྒྱུ་ཆོས་གཞན་སེམས་ཀྱི་ཁྱད་པར་རིག་རྒྱུ་ཅན་ཞིག་ལག་པ་ལ་སོགས་པ་ལ་འབྱུང་སྟེ། དེ་ནི་འགྲོ་བ་ཞེས་ཀྱང་བྱ། རྣམ་པར་རིག་བྱེད་ཅེས་ཀྱང་བྱའོ་ཞེ་ན། སྐྱེ་མཆེད་གང་ཡིན། གཟུགས་ཀྱི་སྐྱེ་མཆེད་དོ། །འོ་ན་དེ་ཁོ་ན་བཞིན་དུ་ཅིའི་ཕྱིར་མིག་གིས་མི་མཐོང༌། འོན་ཏེ་མི་མཐོང་ན་ནི་གང་གིས་གཞན་ལ་རྣམ་པར་རིག་པར་བྱེད་པའི་རྣམ་པར་རིག་བྱེད་ཇི་ལྟ་བུ་ཡིན། དེ་ཡོད་པར་ཡང་ཇི་ལྟར་ཁོང་དུ་ཆུད། དེ་ལྟམ་ཡིན་ན་ཡུལ་གཞན་དུ་ལུས་འབྱུང་བར་ཇི་ལྟར་འགྱུར་ཞེ་ན། སེམས་ཀྱི་ཁྱད་པར་ལས་སྐྱེས་པ་རླུང་གི་ཁམས་ལས་ཏེ་འདི་ལྟ་སྟེ། ཡུལ་གཞན་དུ་འབྱུང་བའི་རྒྱུ་གང་ཡིན་པ་དེ་ཉིད་རླུང་གི་ཁམས་ཀྱི་གཡོ་བ་ཉིད་དོ། །རྩྭ་དང། ལོ་མ་ལ་སོགས་པའི་ཇི་ལྟར་འགྱུར་ཞེ་ན། གཡོ་བར་བྱེད་པ་དང༌། འཕེན་བར་བྱེད་པ་དང་ཕྲད་པའི་རླུང་གི་ཁམས་ལས་སོ། །ཡང་ན་གང་ལས་འགྲོ་བར་འབྱུང་བར་འདོད་པ་དེ་ཉིད་ལས་ཡུལ་གཞན་དུ་འབྱུང་བ་ཡིན་དུ་ཆུག་ན། ནུས་པ་དམིགས་ཀྱིས་མ་ཕྱེ་བ་ཅན་གྱི་འགྲོ་བ་བརྟགས་ཏེ་ཅི་ཞིག་བྱ། འོ་ན་ཡུལ་གཞན་དུ་ལུས་འབྱུང་བའི་རྒྱུ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁྱད་པར་དེ་ཉིད་རྣམ་པར་རིག་བྱེད་ཡིན་མོད་ཅེ་ན། ཇི་ལྟར་ན་རྣམ་པར་རིག་པར་མི་བྱེད་པ་རྣམ་པར་རིག་བྱེད་དུ་འགྱུར། རེག་བྱའི་སྐྱེ་མཆེད་དགེ་བ་དང༌། མི་དགེ་བར་འདོད་པ་


DTG136_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཤཱཀྱའི་སྲས་པོའི་མ་ཡིན་ནོ། །འོ་ན་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་ལུས་ཡུལ་གཞན་དུ་འབྱུང་བ་དེ་ཉིད་རྣམ་པར་རིག་བྱེད་ཡིན་མོད་ཅེ་ན། རྣམ་པར་རིག་བྱེད་བརྟགས་པ་ཅན་ཡིན་གྱི་རྫས་སུ་ཡོད་པ་མ་ཡིན་ཏེ། ལུས་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ནི་རྣམ་པར་རིག་པར་བྱེད་བ་མ་ཡིན་པར་ཡང་འགྱུར་ཏེ། དྲི་ལ་སོགས་པས་གཞན་དག་ལ་རྣམ་པར་རིག་པར་མི་བྱེད་པའི་ཕྱིར་རོ། །དྲི་ལ་སོགས་པའི་སྐྱེ་མཆེད་དགེ་བ་དང་མི་དགེ་བར་འདོད་པ་འདི་ཡང་ཤཱཀྱའི་སྲས་པོའི་མ་ཡིན་ནོ། །འོ་ན་ཡང་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་ཁ་དོག་ཉིད་རྣམ་པར་རིག་བྱེད་ཡིན་མོད་ཅེ་ན། དེ་ནི་སེམས་ཀྱི་ཁྱད་པར་ལས་སྐྱེས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ས་བོན་དང༌། རླུང་གི་ཁམས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ནོ། །ཁ་དོག་དགེ་བ་དང༌། མི་དགེ་བར་འདོད་པ་འདི་ཡང་ཤཱཀྱའི་སྲས་པོའི་མ་ཡིན་ནོ། །ཁ་དོག་ལྟ་བ་མ་ཡིན་ཡང་རུང༌། དེ་ཡུལ་གཞན་དུ་འབྱུང་བ་རྣམ་པར་རིག་བྱེད་ཡིན་མོད་ཅེ་ན། ལྷ་རྣམས་དགའ་བ་རང་གི་ནུས་པས་འབད་པར་བྱེད་ལ་ནི་རག་ན། འབད་པས་བསྒྲུབ་པར་བྱ་བ་མ་ཡིན་པ་དེ་ལ་འབད་པས་ཅི་ཞིག་བྱ། གཟུགས་ལ་སོགས་པ་བཞིན་དུ་ཡང་མ་མཐོང་ལ། མིག་ལ་སོགས་པ་བཞིན་དུ་ནུས་པ་ཡང་མ་མཐོང་བའི་འབྱུང་བའི་དོན་གང་ཡིན་པ་བཞིན་སུ་ཞིག་བསྒྲུབ་པར་ནུས། མི་མཐོང་ན་ནི་ཇི་ལྟར་རྣམ་པར་རིག་བྱད་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །ཁ་དོག་དགེ་བ་དང༌། མི་དགེ་བ་ཡིན་ན་ནི་དེ་འབྱུང་བ་ཡང་དེ་ལྟར་འགྱུར་བ་ཞིག་ན། ཁ་དོག་ནི་དེ་ལྟ་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །དེ་བས་ན་རྣམ་པར་རིག་བྱེད་ནི་ལུས་ཀྱི་ལས་མ་ཡིན་ནོ། །འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཙམ་ཞིག་ལུས་ཀྱི་ལས་ཡིན་མོད་ཅེ་ན། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། སྡོམ་པ་ལ་སོགས་པའི་གཟུགས་ཆོས་ཀྱི་སྐྱེ་མཆེད་པ་ཡིན་ནོ། །ཇི་ལྟར་ན་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ། རྣམ་པར་རིག་བྱེད་མེད་པར་འབྱུང་བར་འགྱུར། གལ་ཏེ་ཡིན་ན་ཅིར་འགྱུར་ཞེ་ན། སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། དཔེར་ན་གཟུགས་ན་སྤྱོད་པ་ལྟ་བུའོ། །དེས་


DTG136_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་གཞན་དང༌། སེམས་མེད་པ་བ་དག་ལ་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་གཉིས་མེད་པར་འགྱུར་རོ། །དུས་ཡོངས་སུ་བཟུང་བས་འཕངས་པའི་ཕྱིར་དེ་ལྟར་མི་འགྱུར་ལ། སོ་སོར་ཐར་པའི་མདོ་བསྟན་པ་དང༌། ཅང་མི་སྨྲ་བར་གྱུར་པ་ལ་ཇི་ལྟར་བརྫུན་དུ་སྨྲ་བར་ཡང་འགྱུར། འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ལུང་དུ་བསྟན་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ནི། རྗེས་སུ་འབྲང་བ་ཡིན་པའི་ཕྱིར་དེའི་སྐད་ཅིག་མའི་དགེ་བ་དང་མི་དགེ་བ་ཡང་ལུས་ཀྱི་ལས་སུ་མི་འགྱུར་རོ། །ལུས་དང་ངག་གི་ལས་གཟུགས་ཅན་ནི་ཇི་ལྟར་བརྟགས་ཀྱང་རུང༌། དགེ་བ་དང༌། མི་དགེ་བ་ཉིད་དུ་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ལུས་བོར་ན་གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའམ། མི་འོང་བ་འགྲུབ་པར་འགྱུར་བ་དེ་འཆད་པའི་ཕྱིར་རོ། །ཁ་ཅིག་ན་རེ་གང་ལས་ཚེ་ཕྱི་མའི་འབྲས་བུ་ཡིད་དུ་འོང་བའམ་མི་འོང་བ་འགྲུབ་པར་འགྱུར་བའི་ལས་འདས་པ་དེ་ཡང་ཡོད་ན་ཅི་སྟེ་འགྲུབ་པར་མི་འགྱུར་ཞེས་ཟེར་ཏེ། ལས་འདས་པ་ཡོད་དོ་ཞེས་བྱ་བ་འདི་ནི་འབྲས་ཀྱི་སྟེང་དུ་འབྲུམ་བུ་བྱུང་བ་ཡིན་ཏེ། འདས་པ་ཞེས་བྱ་བ་ནི་གང་ཞིག་སྔོན་བྱུང་ལ་ཕྱིས་མེད་པ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས། བསྐལ་པ་བརྒྱ་དག་སྙེད་དུ་ཡང༌། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་གསུངས་པ་གང་ཡིན་པ་ཇི་ལྟ་བུ། ཆུད་ཟར་མི་འགྱུར་ཏེ་ཞེས་བྱ་བའི་དོན་ཅི་ཞེ་ན། འབྲས་བུ་མེད་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཡང་ཕྱེད་འོག་མས་བསྟན་པ་ཡིན་ནོ། །ལས་རྣམས་ཡུན་རིང་པོར་ཡང་འབྲས་བུ་དང་བཅས་པར་ལྟ་སུ་ཞིག་མི་འདོད། དེ་དག་ཉིད་ཇི་ལྟར་འབྲས་བུ་འབྱིན་པར་འགྱུར། འབྲས་སཱ་ལུ་ལ་སོགས་པའི་ས་བོན་བཞིན་དུ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སམ། རང་གི་མཚན་ཉིད་ཀྱི་གནས་སྐབས་ལས་ཞེས་བྱ་བ་དཔྱད་པར་བྱའོ། །གལ་ཏེ་རང་གི་མཚན་ཉིད་ཀྱི་གནས་སྐབས་པ་དག་ཁོ་ན་འབྲས་བུ་འབྱིན་པར་འགྱུར་ན་ནི་མ་ཞིག་པས་ན་འབྲས་བུ་འབྱིན་པར་བསྟན་པར་


DTG136_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་དག་རང་གི་མཚན་ཉིད་དུ་མེད་པས་དེའི་ཕྱིར་ཞིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ལས་བྱ་བ་མི་བྱེད་པའོ། །མི་བྱེད་པ་ཇི་ལྟ་བུ། ཡང་འབྲས་བུ་མི་འཕེན་པའོ། །ཅིའི་ཕྱིར་མི་འཕན་འཕངས་ཟིན་པའི་ཕྱིར་འཕེན་པར་མི་ནུས་ཏེ། ཇི་ལྟར་སྐྱེས་པ་ཡང་མི་སྐྱེད་པ་བཞིན་ནོ་ཞེ་ན། དེ་དང་འདྲ་བའི་འབྲས་བུ་གཞན་ཅིའི་ཕྱིར་མི་འཕན། རེ་ཞིག་ཇི་ལྟར་འབྲས་བུ་འཕངས་པ་ཡིན། སྐྱེ་བར་འཇོག་པར་རུང་བར་བྱེད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ཟག་པ་ཟད་པ་རྣམས་ཀྱི་ཐ་མ་འབྲས་བུ་མི་འཕེན་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པས་གང་གི་འབྲས་བུ་འགགས་པ་ཞེས་བྱ་བ། ཐོག་མ་ཉིད་ནས་བྱ་བ་མི་བྱེད་པའི་ཕྱིར་དེ་ཇི་ལྟར་ཕྱིས་འཇིག་པར་འགྱུར། དེ་བས་ན་དེ་ལྟ་བུའི་རང་བཞིན་ཅན་གྱི་འབྲས་བུ་འཕེན་པར་མི་འགྲུབ་བོ། །འོ་ན་ཇི་ལྟར་ཞེ་ན། གང་གིས་འབྲས་བུའི་ས་ཕོན་གསོ་བར་བྱེད་པ་དེས་འབྲས་བུ་འཕངས་པ་ཡིན་ནོ། །གང་གི་ལྟར་ན་འདས་པ་ཡོད་པ་དེའི་ལྟར་ན་མ་འོངས་པ་ཡང་རྫས་སུ་ཡོད་པ་ཡིན་ན་ཅིའི་ཕྱིར་འབྲས་བུ་མི་འཕེན་རྟག་ཏུ་དངོས་པོ་ཐམས་ཅད་ཡོད་པ་ཉིད་ཡིན་ན་ཅི་ཞིག །ནམ་ཞིག་ན་མེད་ན་འདི་ལྟར་ཚོགས་པ་རྙེད་ན་འབྲས་བུ་སྨིན་པར་འགྱུར་ཞེས་བྱ། འདིར་གང་ལས་དེའི་འབྲས་བུ་འདི་ཡིན་ནོ་ཞེས་རྣམ་པར་གཞག་པ་འགྲུབ་པར་འགྱུར་བ་འདི་ལ་གང་ཞིག་ནི་ནུས་པ་ཡང་ཅི་ཞིག་ཡིན། དེ་བས་ན་གང་ལ་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བའི་ལས་འདས་པ་ཡོད་པ་ཉིད་ནི་མི་འགྲུབ་བོ། །འོ་ན་ནི་དགེ་བ་དང༌། མི་དགེ་བའི་ལུས་དང༌། ངག་གི་ལས་ཀྱི་ཕུང་པོའི་རྒྱུད་ལ་སེམས་དང་མི་ལྡན་པའི་ཆོས་གཞན་ཞིག་སྐྱེད་དེ། ཁ་ཅིག་ན་རེ་བསྩགས་པ་ཞེས་ཟེར་བ་དང༌། གཞན་དག་ན་རེ་ཆུད་མི་ཟ་བ་ཞེས་ཟེར་བ་གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའམ་མི་འོང་བ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ཡིན་ནོ། །གལ་ཏེ་སེམས་ཀྱི་རྒྱུད་ལ་ཆོས་གཞན་ཞིག་མི་སྐྱེད་ན་སེམས་གཞན་དུ་སྐྱེས་ན་ལོག་པའི་ཡིད་ཀྱི་ལས་ཀྱང་ཇི་ལྟར་ཚེ་ཕྱི་མ་ལ་འབྲས་བུ་མངོན་པར་འགྲུབ་པར་འགྱུར་ཏེ། གདོན་མི་ཟ་བར་དེ་འདོད་པར་བྱའོ་ཞེ་ན། འོ་ན་གཞུང་ལ་གོམས་པ་ན་ཡུན་རིང་མོ་ཞིག་ལོན་ན་ཡང་དྲན་


DTG136_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེ་བ་དང༌། མཐོང་བ་ལ་སོགས་པའི་དོན་ལ་དྲན་པ་སྐྱེ་བ་གང་ཡིན་པ་དེ་ལ་གོམས་པ་དེའམ་མཐོང་བ་ལ་སོགས་པ་དེ་གང་གིས་ན་ཕྱིས་དྲན་པ་སྐྱེ་བར་འགྱུར་བའི་ཆོས་ཅི་ཞིག་གམ། སྐད་ཅིག་མ་གང་ལ་སྐྱེད་པར་བྱེད། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་སེམས་ཀྱིས་ཀྱང་གང་གིས་ན་ཕྱིས་ལྡང་བའི་སེམས་འབྱུང་བར་འགྱུར་བ་དང༌། མ་དུ་ལུང་གའི་མེ་ཏོག་ལ་རྒྱ་སྐྱེགས་ཀྱི་ཁུ་བ་དམར་པོས་བསྒོས་པ་དེ་དང་ལྷན་ཅིག་ཏུ་འགགས་པས་ཀྱང་དེའི་འབྲས་བུ་ལ་གང་གིས་ན་ཕྱིས་ནང་གི་ཤ་དམར་པོ་སྐྱེ་བར་འགྱུར་བའི་ཆོས་ཅི་ཞིག་སྐྱེད་བར་བྱེད། དེ་བས་ན་ཇི་ལྟར་ཀུན་དུ་བརྟགས་པའི་ཆོས་གཞན་སྐྱེད་པ་མེད་པར་ཡང་སེམས་པས་སེམས་ཀྱི་རྒྱུད་ལ་ནུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་དེས་བསྒོས་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བར་རིག་པར་བྱ་སྟེ། དཔེར་ན་མ་དུ་ལུང་གའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་བསྒོས་པའི་རྒྱུད་ལས་འབྲས་བུའི་ནང་གི་ཤ་དམར་པོར་འབྱུང་བ་ལྟ་བུའོ། །འོ་ན་ལུས་དང༌། ངག་གི་ལས་ཀྱིས་ཀྱང་སེམས་ཀྱི་རྒྱུད་ལ་ཅིའི་ཕྱིར་བསྒོ་བར་མི་འདོད་ཅེ་ན། འདི་ལྟར་དེ་ནི་སེམས་ལ་ལྟོས་ནས་དགེ་བ་དང་མི་དགེ་བ་ཉིད་དུ་འགྱུར་རོ། །གང་ཞིག་གང་གིས་དགེ་བ་དང་མི་དགེ་བ་ཉིད་དུ་བྱས་པ་དེ་ཉིད་ཀྱིས་དེའི་རྒྱུད་ལ་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་འབྱིན་པར་ནུས་པར་རུང་གིས། དེའི་རྒྱུད་ནི་མ་ཡིན་ནོ། །འོ་ན་ནི་གལ་ཏེ་ལས་ནུབ་ཀྱང་དེས་བསྒོས་པའི་སེམས་ཀྱི་རྒྱུད་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་ན། སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་དང༌། འདུ་ཤེས་མེད་པ་པ་སེམས་ཀྱི་རྒྱུད་ཆད་པ་དག་གི་ལས་སྔ་མའི་འབྲས་བུ་ཚེ་ཕྱི་མ་ལ་ཇི་ལྟར་འབྱུང་བར་འགྱུར། ཁ་ཅིག་ན་རེ་ཚེ་འདི་ཉིད་ལ་དེས་བསྒོས་པའི་སེམས་ཀྱི་རྒྱུད་མཚམས་འབྱོར་བ་ལས་སོ་ཞེ་ན། དེ་ཡང་ཅིའི་ཕྱིར་མཚམས་འབྱོར། །སྙོམས་པར་འཇུག་པའི་སེམས་ནི་དེའི་དེ་མ་ཐག་པའི་རྐྱེན་ཡིན་པས་དེ་ལས་མཚམས་འབྱོར་རོ་ཞེ་ན། འགགས་ནས་རིང་མོ་ཞིག་ལོན་པ་དེ་དེ་མ་ཐག་པའི་རྐྱེན་དུ་ཇི་ལྟར་འགྱུར་ཏེ། དེ་ནི་འདས་པ་ལས། འབྲས་བུ་མི་འབྱུང་ངོ་ཞེས་ལན་བཏབ་ཟིན་ན། གང་ལས་སེམས་གཞན་


DTG136_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབྱུང༌། ཁ་ཅིག་ན་རེ་དེའི་ས་བོན་མང་པོ་གཟུགས་ཅན་ལ་གནས་པ་ལས་ཏེ། སེམས་དང་སེམས་ལས་བྱུང་བ་དག་གི་ས་བོན་ནི་སེམས་ཀྱི་རྒྱུད་དང༌། དབང་པོ་གཟུགས་ཅན་གྱི་རྒྱུད་གཉིས་ལ་གནས་པ་ཡིན་ཏེ། ཅི་རིགས་སུ་སྦྱར་རོ་ཞེ་ན། འོ་ན་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་མ་ཡིན་ནམ། ཡིད་མེད་པར་དེ་ཇི་ལྟར་སྐྱེ། དེ་ཁ་ཅིག་ཏུ་ཡིད་ཀྱི་ས་བོན་ལ་ཡང་ཡིད་ཅེས་བྱ་བར་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་རེག་བྱའི་ཁྱད་པར་ལ་བཀྲེས་པ་དང༌། སྐོམ་པ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སོ་སོའི་ས་བོན་གྱི་རྒྱུད་གཉིས་སུ་འགྱུར། མྱུ་གུ་ལ་སོགས་པ་ས་བོན་དང་ལྡན་པ་དག་ལ་ནི་ཆོས་འདི་མ་མཐོང་ངོ༌། །རྐྱེན་ནི་གཅིག་ལ་དུ་མ་ཡིན་གྱི། ས་བོན་ནི་མ་ཡིན་ནོ། །འོན་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་དང༌། འདུ་ཤེས་མེད་པ་པ་སེམས་ཀྱི་རྒྱུད་ཆད་པ་དག་གི་ལས་སྔ་མའི་འབྲས་བུ་ཚེ་ཕྱི་མ་ལ་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བའི་སྐྱོན་དེ་སོ་ན་འདུག་པ་ཁོ་ན་ཡིན་ནོ། །སྐྱོན་དེ་ནི་ཕྱོགས་ལ་ཡོད་པ་ཡིན་ནོ་ཞེ་ན། ཕྱོགས་གང་ལ་ཡོད། གང་དག་གི་ལྟར་ན་གནས་སྐབས་དེ་སེམས་མེད་པ་ཡིན་པ་དག་ལའོ། །ཁ་ཅིག་ནི་སེམས་དང་བཅས་པའི་གནས་སྐབས་སུ་འདོད་དེ། དཔེར་ན་བཙུན་པ་དབྱིག་བཤེས་ཀྱིས་ཡོངས་སུ་དྲིས་པ་ལས། གང་གི་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་ཡིན་པ་དེ་ལ་སྐྱོན་དེ་ཡོད་ཀྱི། ཁོ་བོའི་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཉིད་ཡིན་པས་ཞེས་སྨྲས་པ་ལྟ་བུའོ། །འདིར་མདོའི་ཁུངས་ཀྱང་འགོག་པའི་སྙོམས་པར་ཞུགས་པའི་ལུས་ཀྱི་འདུ་བྱེད་དག་འགགས་པ་ནས། དབང་པོ་དག་མ་གྱུར་པ་ཡིན་ཞིང་རྣམ་པར་ཤེས་པ་ལུས་དང་མ་བྲལ་བའི་བར་ཡིན་ནོ་ཞེས་བྱ་བ་ཁྱེར་ཏེ་འོང་པར་བྱེད་དོ། །དེ་དག་དེའི་ཚེ་རྣམ་པར་ཤེས་པ་གང་ཡིན་པར་འདོད། ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང༌། གསུམ་ཡང་


DTG136_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འདུལ་བའི་རིག་པ་དང༌། ལྷན་ཅིག་སྐྱེས་པའི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་སྐྱེའོ་ཞེས་མ་གསུངས་སམ། ཇི་ལྟར་ན་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཀྱང་གསུམ་ཡང་དག་འདུས་པ་མ་ཡིན། གསུམ་ཡང་དག་འདུས་པ་ཡིན་ན་ཡང་རེག་པ་མེད། རེག་པ་ཡོད་ན་ཡང་གང་གི་ན་འདུ་ཤེས་དང༌། ཚོར་བ་འགོག་པ་ཞེས་བྱ་བ་ཚོར་བ་དང༌། འདུ་ཤེས་མེད་པ་ཡིན་ཞེས་བྱ། ཁ་ཅིག་ན་རེ་རེ་ཞིག་བཅོམ་ལྡན་འདས་ཀྱིས་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ཇི་ལྟ་བུ། ཚོར་བ་ཐམས་ཅད་ནི་སྲེད་པའི་རྐྱེན་ཀྱང་མ་ཡིན་ནོ། །དེ་བཞིན་དུ་རེག་པ་ཡང་ཚོར་བ་ཐམས་ཅད་ཀྱི་རྐྱེན་དུ་མི་འགྱུར་རོ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་ཁྱད་པར་དུ་མཛད་དེ། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །རེག་པ་ནི་གང་དུ་ཡང་ཁྱད་པར་དུ་མ་མཛད་དོ། །དེ་བས་ན་ཁྱད་པར་མེད་པའི་ཕྱིར་དེ་ནི་ལམ་མ་ཡིན་ནོ། །གཞན་དག་ན་རེ་འདུས་པ་ནུས་པ་ཅན་ནི་ཡང་དག་འདུས་པ་ཡིན་ན་དེའི་ཚེ་གསུམ་འདུས་པ་ནི་ཚོར་བ་དང༌། འདུ་ཤེས་བསྐྱེད་པ་ན་ནུས་པ་མེད་པ་ཅན་ཡིན་ཏེ། དེ་སུན་འབྱིན་པས་དེ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེའི་ཚེ་རེག་པ་ཡང་མེད་ན་འདུ་ཤེས་དང༌། ཚོར་བ་ག་ལ་ཡོད་དེ། ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལུས་པ་ཡིན་ནོ་ཞེ་ན། འོ་ན་དེ་དགེ་བའམ། ཉོན་མོངས་པ་ཅན་ནམ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའམ་ཅི་འདྲ་བ་ཞིག །དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་དགེ་བ་ཡིན་ན་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་དགེ་བ་ཇི་ལྟ་བུ་ཡིན། མ་ཆགས་པ་ལ་སོགས་པ་ཡོད་ན་ཡང་རེག་པ་མེད་པར་ཇི་ལྟར་ཡོད། གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བས་འཕངས་པའི་ཕྱིར་དགེ་བ་ཉིད་ཡིན་ནོ་ཞེན་མ་ཡིན་ཏེ། དགེ་བའི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་འབྱུང་བའི་ཕྱིར་དང༌། དགེ་བའི་རྩ་བའི་སྟོབས་ཀྱིས་དགེ་བ་ཉིད་ཅན་གྱི་སེམས་འཕངས་པ་ཡིན་ན། དེ་ལྡོག་པའི་རྒྱུ་མི་རུང་བའི་ཕྱིར་ལ། དེ་ནི་མི་དགེ་བ་ལ་


DTG136_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐལ་བར་འགྱུར་རོ། །འགོག་པའི་སྙོམས་པར་འཇུག་པ་ནི་འགོག་པ་བཞིན་དུ་དགེ་བ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་ཅན་ཞིག་ཡིན་ན་ཉོན་མོངས་པ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཉོན་མོངས་པ་ཅན་ཇི་ལྟ་བུ་ཡིན། ཉོན་མོངས་པ་ཡང་ཡོད་ན་ཡང་རེག་པ་མེད་པར་ཇི་ལྟར་ཡོད་དེ། ཇི་སྐད་དུ་ཞུ་བ་བཅུ་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གང་ཅི་ཡང་རུང་བ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་འབྱུང་ཞོ་ཞེས་གསུངས་པ་ལྟ་བུའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་ཉོན་མོངས་བ་ཅན་དུ་མི་འདོད་ན། འགོག་པའི་སྙོམས་པར་འཇུག་པ་ལྟ་ག་ལ་ཞིག །འོན་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞིག་ཡིན་ནོ་ཞེ་ན། ཅི་སྟེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ནམ། འོན་ཏེ་སྤྱོད་ལམ་པ་ཞིག་གམ། བཟོའི་གནས་པ་ཞིག་གམ། སྤྲུལ་པ་ཞིག་ཡིན། དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ན། ཇི་ལྟར་ན་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཇུག་ཐོགས་སུ་འོག་མ་གཞན་བརྒྱད་ཀྱིས་ཆོས་པ་འདོད་པ་ན་སྤྱོད་པའི་རྣམ་པར་སྨིན་པའི་སེམས་མངོན་དུ་འགྱུར། སྙོམས་པར་འཇུག་པ་དེ་ཡང་འདོད་པ་ན་སྤྱོད་པ་པར་ཇི་ལྟར་ཐལ་བར་མི་འགྱུར། དེའི་མཇུག་ཐོགས་སུ་ཡང་མི་གཡོ་བ་ལ་སོགས་པའི་སེམས་ཇི་ལྟར་མངོན་དུ་འགྱུར་ཏེ། ཇི་སྐད་དུ་གསུས་པོ་ཆེ་ཆེན་པོའི་མདོ་ལས། འགོག་པ་ལས་ལངས་པ་རེག་པ་དུ་ཞིག་ལ་རེག་ལགས། གསུས་པོ་ཆེ་ཆེན་པོ་གསུམ་ལ་སྟེ། མི་གཡོ་བ་དང༌། ཅི་ཡང་མེད་པ་དང༌། མཚན་མ་མེད་པ་ལའོ་ཞེས་གསུངས་པ་ལྟ་བུའོ། །སྔོན་གྱི་ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་འགོག་པ་ལ་སྙོམས་པར་འཇུག་པར་བྱེད་པ་རྣམས་ཀྱིས་ལྡང་བའི་དུས་ཚིགས་སྔར་བསམས་པ་ལས་མི་འདའ་བར་བྱེད་དོ་ཞེས་བྱ་བ་འདི་ལ་ཡང་རིགས་པ་ཅི་ཞིག་ཡོད། རེ་ཞིག་ཇི་ལྟར་ན་འགོག་པ་ལ་དམིགས་པ་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཐར་ཕྱིན་པ་ན་འདོད་པ་ན་སྤྱོད་པའི་སྔོན་གྱི་བག་ཆགས་རྣམ་པར་སྨིན་པའི་སེམས་འགྲུབ་པར་བྱ་བའི་ཕྱིར་


DTG136_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་འཐོབ་ཀྱི། ཆེས་སྔ་བར་ནི་མ་ཡིན། རེ་ཞིག་ཅིའི་ཕྱིར་རྣམ་པར་སྨིན་པའི་གཟུགས་ནི་འདིར་ཆད་ན་ཡང་མཚམས་མི་འབྱོར་ལ་རྣམ་པར་སྨིན་པའི་སེམས་ནི་མཚམས་འབྱོར། འོན་ཏེ་སྤྱོད་ལམ་པ་ལ་སོགས་པ་ཞིག་ཡིན་ནོ་ཞེ་ན། དེའི་ཚེ་སྤྱོད་ལམ་པ་ལ་སོགས་པ་ལ་དམིགས་པའི་སེམས་སམ། རེག་པ་མེད་པར་དེ་མངོན་པར་འདུ་བྱེད་པ་ལྟ་ག་ལ་ཡོད་དེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པ་བརྒྱད་དག་ནི་དགེ་བ་ཡིན་པས་འདོད་པའི་ཕྱིར་ཡང་དེའི་ཚེ་ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པའི་སེམས་མངོན་དུ་འགྱུར་བར་རིགས་པ་མ་ཡིན་ནོ། །སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས་འགོག་པ་ལ་ཞི་བར་ཡིད་ལ་བྱེད་པ་ན་འདུ་ཤེས་དང༌། ཚོར་བའི་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ཏེ། ཇི་སྐད་དུ་གསུས་པོ་ཆེ་ཆེན་པོའི་མདོ་ལས་འགོག་པའི་སྙོམས་པར་འཇུག་པའི་དབང་དུ་མཛད་དེ། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་འཇུག་པའི་རྒྱུ་ནི་དུ་ལགས། རྐྱེན་ནི་དུ་ལགས་ཏེ། གསུས་པོ་ཆེ་ཆེན་པོ་གཉིས་ཏེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ་ཞེས་གསུངས་པ་ལྟ་བུ་ཡིན་ན། གལ་ཏེ་འགོག་པའི་སྙོམས་པར་ཞུགས་པ་རྣམས་ལས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡོད་ན་དེའི་དམིགས་པ་དང་རྣམ་པ་ཅི་ཞིག་ཡིན། གལ་ཏེ་འགོག་པ་ལ་དམིགས་པ་དང༌། ཞི་བའི་རྣམ་པ་ཞིག་ཡིན་ནོ་ཞེ་ན། ཇི་ལྟར་དགེ་བ་མ་དང༌། ཞི་བའི་རྣམ་པ་ཞིག་ཡིན་ནོ་ཞེ་ན། ཇི་ལྟར་དགེ་བ་མ་ཡིན། དགེ་བ་ཡིན་ན་ཡང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མ་ཡིན། མཚུངས་པར་ལྡན་ན་ཡང་དེ་དག་རེག་པའི་རྐྱེན་གྱིས་མ་ཡིན། འོན་ཏེ་དམིགས་པ་དང༌། རྣམ་པ་གཞན་ཞིག་ཡིན་ནོ་ཞེ་ན། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པའི་སེམས་ཀྱི་མཇུག་ཐོགས་སུ་སེམས་གཡེང་བར་རུང༌། གཉིས་པོ་དེ་དེ་ཉིད་ཀྱི་ཕྱིར་རང་གིས་ཀུན་དུ་བརྟགས་པ་ལུང་དུ་མ་བསྟན་པ་གཞན་ཡང་མི་འཐད་དོ། །དེ་བས་ན་རྟོག་གི་བ་ཁྱེད་རྣམས་ཀྱིས་ལུང་གི་དོན་ཇི་ལྟ་བ་བཞིན་མ་རྟོགས་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་ན་ཡིད་


DTG136_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པ་སེམས་དང་བཅས་པར་རྟོགས་པ་ནི་གཟུ་ལུམས་སུ་སེམས་པ་ཡིན་ནོ། །འོ་ན་སེམས་དང་བཅས་པར་ཇི་ལྟར་འདོད་པར་བྱ་ཞེ་ན། ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་ལྟ་བུར་རོ། །མདོ་སྡེ་པ་ཁ་ཅིག་ཇི་ལྟར་འདོད་ཅེ་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་སྐྱེ་བ་དེ་དང་དེར་བར་ཆད་མེད་པར་རྣམ་པར་སྨིན་པའི་རྒྱུ་ཐ་དད་པས་ཐ་དད་པར་གྱུར་པ་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་རྒྱུན་གྱིས་འཇུག་པ་དེ་དེའི་ཚེ་མི་འཆད་དེ། དེས་ན་གནས་སྐབས་དེ་སེམས་དང་བཅས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་གཞན་དག་ནི་མི་འཇུག་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་འཇུག་པའི་སེམས་ཀྱི་དབང་གིས་དུས་རེ་ཞིག་རྣམ་པར་ཤེས་པ་དེ་དག་གི་ས་བོན་ཉམས་པའི་ཕྱིར་དེས་ན་སེམས་མེད་པ་ཞེས་བྱའོ། །སེམས་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་དེའི་ས་བོན་རྣམས་བསགས་པ་ཡིན་ནོ། །གཉིས་པ་ནི་དེའི་དམིགས་པ་དང༌། རྣམ་པ་དང༌། བྱེ་བྲག་ཐ་དད་པ་དག་གིས་སྣ་ཚོགས་པ་ཡིན་ནོ། །སེམས་གཉིས་པ་མ་ཚང་བའི་ཕྱིར་སེམས་མེད་པ་ཡིན་ཏེ། དཔེར་ན་ཁྲི་རྐང་པ་གཅིག་པ་ལ་རྐང་པ་གཞན་མ་ཚང་བའི་ཕྱིར། རྐང་པ་མེད་པ་ཞེས་བྱ་བ་ལྟ་བུའོ། །ས་བོན་ཉམས་པའི་གནས་སྐབས་དེ་ཞན་པ་དང༌། ཆེས་ཞེན་པ་དང༌། ཤིན་ཏུ་ཆེས་ཞན་པའི་རིམ་པས་ཆུ་ཚན་དང་མདའ་འཕངས་པའི་ཤུགས་འབྲི་བའི་ཚུལ་དུ་དེས་ལྡང་བའི་དུས་འཕངས་པའི་མཐར་ཐུག་པ་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་སྐད་ཅིག་རེ་རེ་ལ་འགྱུར་བའི་ཁྱད་པར་ལས་ས་བོན་འཇུག་པ་རྙེད་པའི་ཡིད་ལ་རྣམ་པར་ཤེས་པ་དང༌། ཕྱིས་གཞན་དག་ཀྱང་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་ངོ༌། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་པ་དེ་ཉིད་ལ། དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཆོས་གཞན་དགེ་བ་དང་མི་དགེ་བ་དང་དེ་དག་གིས་ས་བོན་རྟས་པར་བྱེད་པའི་སྒོ་ནས་ཇི་ལྟར་རིགས་པར་སྒོ་བར་བྱེད་དོ། །རྒྱུད་འགྱུར་བའི་ཁྱད་པར་དེ་ལས་སྟོབས་ཇི་ལྟ་བ་བཞིན་དུ་བག་ཆགས་འཇུག་པ་རྙེད་ན་ཚེ་ཕྱི་མ་ལ་འབྲས་བུ་


DTG136_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང༌། མི་འདོད་པ་མངོན་པར་འགྲུབ་བོ། །དེ་ཉིད་ཀྱི་དབང་དུ་བྱས་ནས། གནས་བརྟན་རྟ་སྐད་ཀྱིས། སེམས་འདི་ས་བོན་མཐའ་ཡས་པ་དང་ལྡན་པ་རྒྱུན་གྱིས་འཇུག་འགྱུར་ཞིང༌། །སེམས་ལ་རང་རྐྱེན་བྱུང་ན་དེ་དང་དེ་ཡི་ས་བོན་བརྟས་པར་འགྱུར། །དེ་ལྟས་རིམ་གྱིས་འཇུག་པ་རྙེད་ན་དུས་སུ་འབྲས་བུ་འབྱིན་པ་འགྲུབ། །མདུ་ལུང་གའི་མེ་ཏོག་ལ་བསྒོས་ཚོན་ནི་དེ་ཡི་ཤ་དམར་བཞིན། །ཞེས་བཤད་དོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་དགོངས་པ་ངེས་པར་འགྲེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་གསུངས་སོ། །དེ་ཡང་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་པ་དག་ན་ལུས་ཉེ་བར་ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞིར་གྱུར་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །ཚེ་རབས་སྔ་མའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །གལ་ཏེ་དེ་ཡང་མི་འདོད་ན་གཞན་གང་ཞག་གིས་ལུས་ཟིན་པར་འགྱུར། དེ་ལས་གཞན་པའི་རྣམ་པར་ཤེས་པ་ནི་ཇི་སྲིད་འཆི་བའི་བར་དུ་ལུས་མི་གཏོང་བའམ་ཁྱབ་པར་འདུག་པ་ནི་མེད་དོ་ཉོན་མོངས་པའི་བག་ལ་ཉལ་གང་ལ་གནས་པ་དེའི་གཉེན་པོས་སེལ་བར་བྱེད། གལ་ཏེ་གཉེན་པོའི་སེམས་ཉིད་ལའོ་ཞེ་ན། ཇི་ལྟར་ན་ཉོན་མོངས་པའི་བག་ལ་ཉལ་དང་འབྲེལ་བ་དེ་ཉིད་དེའི་གཉེན་བོར་རུང༌། གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཉོན་མོངས་པ་ཅན་དང་དགེ་བ་དང༌། ཟག་པ་མེད་པའི་སེམས་ཀྱི་རྒྱུད་ཅན་དག་ལ་དེའི་འགྲོ་བས་བསྡུས་པ་རྣམ་པར་སྨིན་པའི་རྫས་གང་ཞིག་ལུས་དེ་འགྲོ་བ་རྣམ་པར་སྨིན་པ་མ་ཡིན་པ་དང༌། ལྡན་པ་མ་ཡིན་པར་ཡང་འགྱུར་རོ། །སྲིད་པའི་རྩེ་མོའི་ཕྱིར་མི་འོང་བ་ཟག་པ་ཟད་པར་བྱེད་པ་རྣམས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཟག་པ་མེད་པའི་སེམས་མངོན་དུ་གྱུར་པ་ན། གང་གིས་ན་དེ་དག་དེ་ནས་ཤི་མ་འཕོས་སོ་ཞེས་བྱ་བར་འགྱུར་བ་སྲིད་པའི་རྩེ་མོ་པའི་


DTG136_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྫས་གཞན་གང་ཞིག་ལུས་རིས་མཐུན་པའམ། སྲོག་གི་དབང་པོའི་རྫས་གཞན་ནི་ཅི་ཡང་མེད་དོ། །རྣམ་པར་སྨིན་པའི་ཕུང་པོའི་འདྲ་བ་དང་འཕེན་པ་ཙམ་ལ་དེ་འདོགས་པའི་ཕྱིར་རོ། །འདྲ་བའམ། འཕེན་པའི་རྫས་གཞན་ཡང་མེད་དེ་འབྲས་སཱ་ལུ་ལ་སོགས་པའི་ལྗང་བུ་འདྲ་བ་དང༌། འཕེན་པ་བཞིན་ནོ། །དེ་བས་ན་གདོན་མི་ཟ་བར་ཇི་སྐད་བཤད་པའི་རྣམ་པར་ཤེས་པ་གཞན་འདོད་པར་བྱའོ། །དེ་ཉིད་བཙུན་པ་གོས་དམར་སྡེ་པ་རྣམས་ནི་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཞེས་འཇོག་པར་བྱེད་དོ། །གཞན་དག་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་ཟེར་རོ། །འོ་ན་དེའི་དམིགས་པ་དང༌། རྣམ་པ་ཅི་ཡིན་ཞེ་ན། དམིགས་པ་དང༌། རྣམ་པ་མ་ཆད་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པ་ཡང་ཡིན་ལ། དེ་དང་འདྲ་བ་ཡང་ཡིན་ཞེ་ན། དེ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་ན་རྣམ་པར་ཤེས་པ་ཡོད་པར་སྨྲ་བ་གཞན་དག་དང་ཡང་མཚུངས་སོ། །འོ་ན་དེ་ཉེ་བར་ལེན་པའི་ཕུང་པོ་གང་དུ་གཏོགས་ཤེ་ན། དོན་གྱིས་ན་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོར་རོ། །འོ་ན་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་དག་གོ་ཞེས་བྱ་བ་དང༌། དེ་བཞིན་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་དྲུག་དག་གོ་ཞེས་བྱ་བའི་མདོའི་ཚིག་འདི་ལྟར་བྱ་ཞེ་ན། དགོངས་པ་ཅན་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་པོ་ཞེས་འབྱུང་བ་ལྟ་བུ་སྟེ། དེར་ཆོས་གཞན་དག་ཀྱང་མ་འདུས་པ་ནི་མ་ཡིན་ནོ། །འདི་ལ་དགོངས་པ་གང་ཡིན་ཞེ་ན། རེ་ཞིག་བཅོམ་ལྡན་འདས་ཀྱིས་དགོངས་པ་ངེས་པར་འགྲེལ་པ་ལས། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་རྟོག་པར་འགྱུར་ཞེ་ན། དེའི་རྣམ་པ་ནི་འཁོར་བ་ཇི་སྲིད་པར་འགྱུར་བ་མེད་པའི་ཕྱིར་རོ། །གང་ཞིག་རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། བྱེ་བྲག་ཡོངས་སུ་ཆུད་པའི་ཕྱིར་རགས་པ་དང༌། གང་ཞིག་ལ་ཉོན་མོངས་


DTG136_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དེའི་གཉེན་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པར་གཞག་པ་དང༌། འབྲས་བུ་གང་གིས་དེའི་ས་བོན་གྱི་རྣམ་པར་ཤེས་པ་རྗེས་སུ་དཔོག་པ་དེ་ཁོ་ན་འདིར་རྣམ་པར་ཤེས་པར་བསྟན་གྱི། རྒྱུའི་རྣམ་པར་ཤེས་པ་ནི་མ་ཡིན་གྱི། དེ་ལས་བཟློག་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་འདིར་དགོངས་པ་ཡིན་ནོ། །འདིས་ནི་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པ་ཡང་ཇི་ལྟར་རིགས་པར་ལན་བཏབ་པ་ཡིན་ནོ། །རྣམ་པར་བཤད་པའི་རིགས་པ་ལས་ཀྱང༌། དེང་སང་མདོ་སྡེ་ཐམས་ཅད་ནི་མི་སྣང་ངོ་ཞེས་བསྒྲུབས་ཏེ། དེ་ལྟ་བས་ན་མདོ་སྡེ་དག་ལས་ལྡངས་པོར་མ་གསུངས་ཞེས་ཏེ། ཀུན་གཞི་རྣམ་པར་ཤེས་པ་འདོད་པར་མི་བྱ་བ་ནི་མ་ཡིན་ནོ། །འོ་ན་དེ་ལྟ་ན་ནི་རྣམ་པར་ཤེས་པའི་རྒྱུད་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། གཞན་དང་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། དེ་ལྟ་ཡིན་ན་ཅི་ཉེས། རྣམ་པར་ཤེས་པའི་རྒྱུད་གཉིས་པའི་ལུས་རེ་རེ་ལ་སེམས་ཅན་གཉིས་ཅིག་ཅར་དུ་གདགས་པར་འགྱུར་ཏེ། དཔེར་ན་ལུས་གཞན་གྱི་རྣམ་པར་ཤེས་པའི་རྒྱུད་གཉིས་པའི་ལྟ་བུའོ་ཞེ་ན། དེ་ལྟར་མི་འགྱུར་ཏེ། དེ་གཉིས་ནི་རྒྱུ་དང་འབྲས་བུའི་དངོས་པོ་དང་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་ཀྱི་ཕྱིར་དང༌། རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རྒྱུད་ལ་ཅིག་ཤོས་ཀྱིས་ཀྱང་ཡོངས་སུ་བསྒོ་བར་བྱེད་པའི་ཕྱིར་རོ། །ལུས་གཞན་གྱི་རྣམ་པར་ཤེས་པའི་རྒྱུད་གཉིས་ལ་ནི་ཆོས་ཉིད་དེ་ཡང་མེད་དེ་དེ་བས་ན་དེ་ནི་ཉེས་པ་མེད་དོ། །འགའ་ཞིག་ལ་ས་བོན་དང༌། ས་བོན་ཅན་གྱི་རྒྱུད་ཐ་དད་པ་མཐོང་ངམ་ཞེ་ན། ཨུཏྤལའི་རྩ་བ་དང༌། ཨུཏྤལ་ལ་སོགས་པ་རྩ་བ་དང༌། རྩ་བ་ཅན་དག་མཐོང་སྟེ། གལ་ཏེ་མཐོང་ཡང་རུང༌། གལ་ཏེ་མ་མཐོང་ཡང་རུང༌། དེ་ལྟར་མི་འདོད་ན། ཇི་སྐད་དུ་བཤད་པའི་སྐྱོན་རྣམས་སུ་ཐལ་བར་འགྱུར་བས་གདོན་མི་ཟ་བར་འདོད་པར་བྱའོ། །འོ་ན་ཅིའི་ཕྱིར་བང་གི་རྫས་ཉིད་རྣམ་པར་ཤེས་པ་དྲུག་གི་རྟེན་དུ་མི་འདོད་ཅེ་ན། ཅི་འདྲ་བར་འདོད་པར་བྱ། གལ་ཏེ་དེ་ཀུན་གཞི་རྣམ་པར་ཤེས་པ་བཞིན་དུ། རྒྱུན་གྱི་རྗེས་སུ་འཇུག་པ་རྐྱེན་གྱིས་འགྱུར་བ་ཞིག་ཡིན་ན་ནི། དེ་དང་དེ་ཁྱད་པར་ཅི་ཞིག་


DTG136_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། འོན་ཏེ་གཅིག་པ་དང༌། གཏན་དུ་མི་འགྱུར་བ་ཡིན་ནོ་ཞེ་ན། ཇི་ལྟར་ན་དེ་ལ་རྣམ་པར་ཤེས་པ་ལ་སོགས་པས་བག་ཆགས་བསྒོ་བའང་འགྲུབ་པར་འགྱུར། བག་ཆགས་ནི་ནུས་པའི་ཁྱད་པར་སྐྱེད་པ་ཡིན་ཏེ། མ་དུ་ལུང་གའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་བསྒོས་པ་བཞིན་ནོ། །ཡོངས་སུ་འགྱུར་བའི་ཁྱད་པར་མེད་ན། ཇི་ལྟར་དེའི་བག་ཆགས་མེད་པར་སྔོན་མྱོང་བ་དང༌། ཤེས་པ་དང༌། འདོད་ཆགས་ལ་སོགས་པ་དག་ལ་གོམས་པའི་ཁྱད་པར་ལས་དུས་སུ་དྲན་པ་དང༌། ཤེས་པ་དང༌། འདོད་ཆགས་ལ་སོགས་པའི་ཁྱད་པར་འབྱུང་བར་འགྱུར། བདག་སེམས་མེད་པའི་གནས་སྐབས་སུ་གྱུར་པ་ན། བདག་ལ་ནི་ཁྱད་པར་མེད་ན། ཕྱིས་གང་ལས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང༌། རྣམ་པར་ཤེས་པ་རྣམས་ཅི་ཞིག་དེ་ལ་རག་ལུས་ན། གང་གིས་ན་བདག་དེའི་རྟེན་དུ་རྟོག །གལ་ཏེ་སྐྱེ་བ་ཡིན་ནོ་ཞེ་ན། བདག་ལ་ནི་ཁྱད་པར་དུ་འགྱུར་བ་མེད་ན། ཅིའི་ཕྱིར་རིམ་གྱིས་འབྱུང༌། གལ་ཏེ་ལྷན་ཅིག་ཕྱེད་པའི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེ་ན། དེ་དག་ལས་གཞན་པ་ལ་དེ་སྐྱེད་པའི་ནུས་པ་ཡོད་པར་ཇི་ལྟར་ཁོང་དུ་ཆུད། འོན་ཏེ་འདུག་པ་ཞིག་དེ་ལ་རག་ལས་པ་ཡིན་ནོ་ཞེ་ན། སྐྱེས་ནས་མི་གནས་པ་དག་དང༌། ལྟུང་བ་མ་ཡིན་པ་དག་ལ་འདུག་པ་ཅི་ཞིག་ཡོད། དེ་བས་ན་རྟེན་དེ་འདྲ་བའི་རྫས་ནི་མི་འདོད་དོ། །དེ་ལྟར་ན་ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ནོ་ཞེས་འབྱུང་བའི་ལུང་ལ་ཡང་གནོད་པ་བྱས་པར་འགྱུར་རོ། །དེ་བས་ན་རང་དབང་ཅན་དང༌། རྟག་པའི་བདག་གི་རྫས་ཡོད་པར་རྟོག་པ་དེ་ནི་གྱི་ནའོ། །དེས་ན་སེམས་པའི་ཁྱད་པར་གྱིས་ཡོངས་སུ་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་གི །ཇི་སྐད་དུ་བསྟན་པའི་མཚན་ཉིད་ཅན་གྱི་ལུས་དང༌། ངག་གི་ལས་ལས་ནི་མ་ཡིན་པར་གྲུབ་བོ། །དེ་ལྟར་ལུས་དང༌། ངག་གི་ལས་མི་འདོད་ན། ལས་དག་ནི་གསུམ་སྟེ་ཞེས་བྱ་བ་མདོའི་ཚིག་འདི་ཅི། ད་གསལ་བར་ནུས་སམ་ཞེ་ན། མི་ནུས་ཏེ་ཇི་ལྟར་སྐྱོན་མེད་པ་དེ་ལྟར་བསྟན་པར་མི་ནུས་སོ། །ཇི་ལྟར་སྐྱོན་མེད་ཅེ་ན། འདིར་ལས་དག་ནི་གསུམ་སྟེ་ཞེས་བསྟན་པ་འདི་ཅིའི་ཕྱིར་ཡིན་པ་དང༌། ལུས་གང་ཡིན་པ་དང༌། ལས་ཅི་ཡིན་པ་དང༌། དོན་གང་གི་ལུས་དང༌། ལས་ཞེས་


DTG136_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། ལུས་ཀྱི་ལས་ཞེས་བྱ་བ་འདི་ཡང་བསྟན་དགོས་ལ། དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་ལའང་བརྗོད་དགོས་སོ། །ཅིའི་ཕྱིར་ལུས་ལ་སོགས་པའི་ལས་ཁོ་ན་ཞེས་བྱའི། མིག་ལ་སོགས་པའི་ལས་རྣམས་ནི་མ་ཡིན། རེ་ཞིག་བསྟན་པ་འདི་ཅིའི་ཕྱིར་ཡིན་ཞེ་ན། བྱ་བ་མང་པོས་འཇིགས་པ་རྣམས་ལ་ལས་ཀྱི་ལམ་བཅུ་པོ་དག་ལས་གསུམ་དག་གིས་བསྡུས་པ་བསྟན་པའི་ཕྱིར་ཏེ། འབྲི་རྫིའི་བུ་ལ་བསླབ་པ་གསུམ་བསྟན་པ་བཞིན་ནོ། །ཁ་ཅིག་ན་རེ་ལུས་ཁོ་ནས་བྱས་པ་ཡིན་གྱི། ངག་དང་ཡིད་གཉིས་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ལ་དེ་གཉིས་ཀྱང་ལས་ཉིད་དུ་བསྟན་པའི་ཡང་ཕྱིར་རོ། །ལུས་འདི་དབང་པོ་དང་བཅས་པའི་ཁོག་པ་འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་འདུས་པའི་ཁྱད་པར་ཡིན་ནོ། །ལས་ནི་སེམས་པའི་ཁྱད་པར་ཅན་ནོ། །བསྩགས་པའི་དོན་གྱིས་ལུས་ཡིན་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་རྡུལ་ཕྲ་རབ་བསྩགས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ངན་པ་ནི་བསྩགས་པའི་དོན་གྱིས་ཏེ། མི་གཙང་བའི་རྫས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་དག་གི་ལྷར་ན་ལྟའི་ནི་ལུས་སུ་མི་འགྱུར་རོ། །བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་ནི་ལས་སོ། །ལུས་གཡོ་བར་བྱེད་པའི་ལས་ནི་ལུས་ཀྱི་ལས་སོ། །སེམས་པ་ནི་རྣམ་པ་གསུམ་སྟེ། འགྲོ་བ་དང༌། ངེས་པ་དང༌། གཡོ་བར་བྱེད་པའོ། །གང་གིས་དེ་དང་ལྡན་པའི་རྒྱུད་ཡུལ་གཞན་དུ་འབྱུང་བའི་རྒྱུའི་རླུང་བསྒྲུབས་པས། ལུས་གཡོ་བར་བྱེད་པ་དེ་ནི་ལུས་ཀྱི་ལས་ཞེས་བྱ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར། སྨན་པ་ལའི་འབྲུ་མར་ལྟ་བུ་དང༌། རྡུལ་གྱི་རླུང་ཞེས་བྱ་བ་བཞིན་ནོ། །ལས་ཀྱི་ལམ་རྣམས་ལས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་རྣམ་པ་གསུམ་ལུས་ཀྱི་ལས་སུ་འདོད་ན། ཇི་ལྟར་ན་སེམས་པ་ལ་དེ་སྐད་ཅེས་བྱ་བར་འགྱུར་ཞེ་ན། དེས་དེ་གསོད་པ་དང༌། ལེན་པ་དང༌། ལོག་པར་གཡེམ་པར་བྱེད་པའི་ཕྱིར་རོ། །དེས་བསྐྱེད་པའི་ལུས་ཀྱི་རྒྱུད་ཀྱིས་བྱས་པ་ནི་དེས་བྱས་ཞེས་བྱ་སྟེ། ཇི་ལྟར་ཆོམ་རྐུན་རྣམས་ཀྱིས་གྲོང་བསྲེགས་


DTG136_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྩྭས་འབྲས་ཆན་ཆོས་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ན་སེམས་པ་ལས་ཀྱི་ལམ་ཡིན་ཞེ་ན། དེ་ནི་ལས་ཀྱང་ཡིན་ལ་བདེ་འགྲོ་དང༌། ངན་འགྲོ་གཉིས་ཀྱི་ལམ་ཡང་ཡིན་པས་ན་ལས་ཀྱི་ལམ་མོ། །ཡང་ན་ལུས་གཡོ་བ་ལས་ཀྱི་ལམ་སྟེ། སེམས་པ་ཞེས་བྱ་བའི་ལས་རྣམ་པ་གསུམ་ནི་དེ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེས་ཀྱང་སྲོག་གཅོད་པ་དང༌། ལེན་པ་དང༌། ལོག་པར་གཡེམ་པའི་ཕྱིར་རོ། །འཇིག་རྟེན་དག་གི་རྗེས་སུ་མཐུན་པ་དེ་ནི་ལུས་ཀྱི་ལས་ཞེས་བྱ་བར་ཡང་སྟོན་ཏོ། །དེ་ལ་དགེ་བ་དང༌། མི་དགེ་བ་ནི་མེད་མོད་ཀྱི། འདོགས་པར་ནི་བྱེད་དེ། དེའི་སྒོ་ནས་སེམས་པ་དེ་ལ་འཇིག་རྟེན་འཇུག་པ་དང༌། ལོག་པར་གཟུད་པའི་ཕྱིར་རོ། །གལ་ཏེ་སེམས་པ་ཁོ་ན་ལས་དགེ་བ་དང༌། མི་དགེ་བ་ཡིན་ན། ལས་མི་དགེ་བ་སྡུག་བསྔལ་འབྱུང་བ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་རྣམ་པ་གསུམ་ནི་ལུས་ཀྱིས་ཆེད་དུ་བསམས་ནས་བྱས་ཤིང་བསགས་པ་ཡིན་ཞེས་འབྱུང་བའི་མདོ་ཇི་ལྟ་བུ་ཞེ་ན། སྒོ་དང་རྟེན་དང་དམིགས་པ་ངེས། །ཞེས་བྱ་བར་དགོངས་པའོ། །དེ་ལས་གཞན་པའི་སེམས་པ་ནི། ཡིད་ཀྱི་ལས་ཞེས་བྱ་སྟེ། ཡིད་དང་མཚུངས་པར་ལྡན་པའི་ཕྱིར་དང༌། ལུས་དང༌། ངག་རབ་ཏུ་འཇུག་པར་མི་བྱེད་པའི་ཕྱིར་རོ། །འོ་ན་ཅི་སྟེ་བཅོམ་ལྡན་འདས་ཀྱིས་སེམས་པ་དང༌། བསམ་པའི་ལས་ཞེས་གསུངས་ཤེ་ན། སྔར་སེམས་པ་རྣམ་པ་གསུམ་བཤད་པ་གང་ཡིན་པ་དེ་ལས་གཉིས་ཀྱིས་ནི་བསམས་ལ། གསུམ་པས་ནི་རབ་ཏུ་འཇུག་པར་བྱེད་པས་དེ་ནི་བསམས་པའི་ལས་ཞེས་བྱའོ། །ངག་གི་ཚིག་སྟེ། དབྱངས་ཀྱི་ཁྱད་པར་གང་གིས་དོན་གོ་བར་བྱེད་པའོ། །ལས་ནི་དེ་སློང་བར་བྱེད་པའི་སེམས་པའོ། །ཡི་གེའི་རྣམ་པ་ཡིན་པའི་ཕྱིར་རམ། འདོད་པའི་དོན་རྗོད་པར་བྱེད་པས་ན་ཡང་ངག་གོ །ལས་ནི་སྔ་མ་བཞིན་དུ་ངག་ཀུན་ནས་སློང་བར་བྱེད་པ་ནི་ལས་ཏེ། སྔ་མ་བཞིན་དུ་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་ཡིད་དེ། ང་ཡིར་བྱས་པའི་ཕྱིར་རམ། སྐྱེ་བ་གཞན་དང༌། ཡུལ་ལ་གཞོལ་བར་བྱེད་པའི་ཕྱིར་ཡིད་དོ། །ལྷག་མ་ནི་སྔར་ཇི་སྐད་བསྟན་པ་བཞིན་ནོ། །གལ་ཏེ་སེམས་པ་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན། སེམས་རྣམ་


DTG136_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཡེངས་པ་དག་དང༌། སེམས་མེད་པ་དག་ལ་སེམས་པ་དེ་མེད་ན། སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཇི་ལྟར་ཡོད་ཅེ་ན། སེམས་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཡིད་དོ། །ཁྱད་པར་སྨོས་པ་ནི་གང་ལས་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་ལྡང་བར་བརྟགས་པའི་སེམས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེའི་བག་ཆགས་བཅོམ་པ་ཅི་ཞེ་ན། ཇི་ལྟར་ཁས་བླངས་པ་བཞིན་སྤོང་བ་དང་སྤོང་བ་མ་ཡིན་པའི་སེམས་པའི་རྒྱུ་མ་ཡིན་པ་ཉིད་དོ། །གང་གིས་དེ་བཅོམ་ཞེ་ན། སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའི་རྒྱུ་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པར་བརྟགས་པའི་སེམས་པ་གང་ཡིན་པ་དང༌། དེ་ལས་གཞན་པའི་གཏོང་བའི་རྒྱུས་སོ། །མིག་ལ་སོགས་པའི་ལས་མ་གསུངས་པ་ནི། འདིར་རྩོལ་བ་ཅན་གྱི་ལས་ཁོ་ན་བརྗོད་པར་བཞེད་པའི་ཕྱིར་བྱེད་པའི་ལས་ནི་མ་ཡིན་ནོ། །རྩོལ་བ་ཅན་གྱི་ལས་ཅི་ཡིན་ཞེ་ན། བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །བྱེད་པ་ཅི་ཡིན་ཞེ་ན། གང་ལ་མིག་ལ་སོགས་པ་སོ་སོའི་ནུས་པ་ཡོད་པའོ། །ལས་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་གང་ཚུལ་གང་གིས། །རབ་ཏུ་འགྲུབ་འགྱུར་མ་བཤད་དེ་ཀུན་བཀའ་སྩལ་པའི། །ལས་གྲུབ་འདི་བདག་གིས་བཤད་བསོད་ནམས་གང་ཡིན་དེས། །འགྲོ་འདི་སངས་རྒྱས་པ་ཡི་རྣམ་དག་ཐོབ་པར་ཤོག །ལས་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང༌། ལོ་ཙཱ་བ་དགེ་སློང་གཙང་བ་ན་དེ་དེ་བེནྡྲ་རཀྵི་ཏ་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།

ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས།
དབྱིག་གཉེན།


DTG136_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་སྐད་དུ། ཏའི་ཆིང་པའི་ཧཱ་མིང་མུན་ལུན། བོད་སྐད་དུ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་ནི་ཆོས་ཐམས་ཅད་


DTG136_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་གང་ཡིན་པ་དང༌། བདག་མེད་པ་དེ་གང་ལ་བརྗོད་ཅེ་ན། ཆོས་ཐམས་ཅད་ནི་བསྡུ་ན་ངོ་བོ་ལྔ་ཡོད་དེ། སེམས་ཀྱི་ཆོས་དང་སེམས་ལས་བྱུང་བའི་ཆོས་དང༌། གཟུགས་ཀྱི་ཆོས་དང༌། འདུ་བྱེད་ཕན་ཚུན་མི་ལྡན་པའི་ཆོས་དང༌། འདུས་མ་བྱས་ཀྱི་ཆོས་སོ། །དེ་ལ་ཐམས་ཅད་ཁྱད་པར་དུ་བྱ་བའི་ཕྱིར་དང༌། འདི་དང་ཕན་ཚུན་ལྡན་པའི་ཕྱིར་དང༌། མངོན་དུ་གྱུར་པའི་ཕྱིར་དང༌། བྱེ་བྲག་འདི་རྣམས་མི་འདྲ་བའི་ཕྱིར་དང༌། དོན་མངོན་དུ་བྱ་བའི་ཕྱིར་རིམ་པ་འདི་ལྟར་དབྱེ་བར་བྱའོ། །སེམས་ཀྱི་ཆོས་ལ་ངོ་བོ་བརྒྱད་ཡོད་དེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །སེམས་ལས་བྱུང་བའི་ཆོས་ལ་བསྡུ་ན་ངོ་བོ་དྲུག་ཡོད་དེ། ཀུན་དུ་འགྲོ་བ་ལྔ་ཡོད་པ་དང༌། གཞན་ཡུལ་ངེས་པ་ལ་ལྔ་ཡོད་པ་དང༌། དགེ་བ་ལ་བཅུ་གཅིག་ཡོད་པ་དང༌། རྩ་བའི་ཉོན་མོངས་པ་དྲུག་ཡོད་པ་དང༌། རྗེས་སུ་འགྲོ་བའི་ཉོན་མོངས་པ་ཉི་ཤུ་ཡོད་པ་དང། གཞན་དུ་འགྱུར་བ་བཞི་ཡོད་པའོ། །ཀུན་དུ་འགྲོ་བ་ལྔ་གང་ཞེ་ན། ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། སེམས་པ་དང༌། འདུ་ཤེས་སོ། །གཞན་ཡུལ་ངེས་པ་ལྔ་གང་ཞེ་ན། འདུན་པ་དང༌། ཁྱད་པར་དྲན་པ་དང༌། མོས་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དགེ་བ་བཅུ་གཅིག་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། ངོ་ཚ་ཡོད་པ་དང༌། ཁྲེལ་ཡོད་པ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཤིན་ཏུ་སྦྱངས་པར་གནས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་མི་འཚེ་བའོ། །རྩ་བའི་ཉོན་མོངས་པ་དྲུག་གང་ཞེ་ན། འདོད་ཆགས་དང༌། ཞེ་སྡང་དང། མ་རིག་པ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། ཕྱིན་ཅི་ལོག་གི་ལྟ་བའོ། །རྗེས་སུ་འགྲོ་བའི་ཉོན་མོངས་པ་ཉི་ཤུ་གང་ཞེ་ན། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཚིག་པ་དང༌། འཆབ་པ་དང༌། གཡོ་བ་དང༌། རྒྱགས་པ་དང༌། སྒྱུ་དང༌། རྣམ་པར་འཚེ་བ་དང༌། ཕྲག་དོག་


DTG136_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། དྲན་པ་དོར་བ་དང༌། ཤེས་པ་ཕྱིན་ཅི་ལོག་དང༌། རྣམ་པར་གཡེང་བའོ། །གཞན་དུ་འགྱུར་བ་བཞི་གང་ཞེ་ན། གཉིད་དང༌། དཔྱོད་པ་དང༌། འགྱོད་པ་དང༌། རྟོག་པའོ། །གཟུགས་ཀྱི་ཆོས་ལ་བསྡུ་ན་ངོ་བོ་བཅུ་གཅིག་གང་ཞེ་ན། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་ཕྱོགས་སོ། །བཏགས་པ་པ་འདུ་བྱེད་ཕན་ཚུན་མི་ལྡན་པའི་ཆོས་ལ་བསྡུ་ན་ངོ་བོ་ཉི་ཤུ་རྩ་བཞི་གང་ཞེ་ན། ཐོབ་པ་དང༌། སྲོག་གི་རྩ་བ་དང༌། སྐལ་བ་རིགས་མཐུན་པ་དང༌། སོ་སོའི་སྐྱེ་བོ་དང༌། འདུ་ཤེས་མེད་པ་པ་དང༌། རྫོགས་པའི་འདུ་ཤེས་པ་དང༌། འགོག་པ་སྙོམས་པར་འཇུག་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། སྐྱེ་བ་དང༌། རྒས་པ་དང༌། གནས་པ་དང༌། མི་རྟག་པ་དང༌། རྒྱུན་འཁོར་བ་དང༌། སོ་སོར་ངེས་པ་དང༌། ཕན་ཚུན་འབྲེལ་བ་དང༌། སྟོབས་མྱུར་བ་དང༌། གོ་རིམས་དང༌། དུས་དང༌། ཕྱོགས་དང༌། གྲངས་དང༌། སྤྱོད་པ་མཐུན་པའི་ཚོགས་དང༌། སྤྱོད་པ་མི་མཐུན་པའི་ཚོགས་སོ། །འདུས་མ་བྱས་པའི་ཆོས་ལ་བསྡུ་ན་ངོ་བོ་དྲུག་གང་ཞེ་ན། སྟོང་པ་ཉིད་ཀྱི་འདུས་མ་བྱས་དང༌། བརྟགས་པས་འགོག་པའི་འདུས་མ་བྱས་དང༌། བརྟགས་པས་འགོག་པ་མ་ཡིན་པའི་འདུས་མ་བྱས་དང༌། མི་གཡོ་བའི་འདུས་མ་བྱས་དང༌། འདུ་ཤེས་དང༌། ཚོར་བའི་འདུས་མ་བྱས་དང༌། རྣམ་པ་དེ་བཞིན་ཉིད་ཀྱི་འདུས་མ་བྱས་སོ་ཞེས་བྱ་བའི་ཕྱིར་བདག་གི་ཆོས་དེ་མེད་པར་གསུངས་སོ། །དེ་རྣམས་བསྡུ་ན་ངོ་བོ་ཡང་གཉིས་ཡོད་དེ། དང་པོ་གང་ཟག་གི་བདག་མེད་པ་དང། གཉིས་པ་ཆོས་ཀྱི་བདག་མེད་པའོ། །ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་ཡོངས་སུ་རྫོགས་སོ།། །།རྒྱའི་དཔེ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་སྣང༌། དིང་སང་བོད་རྣམས་དཔལ་ལྡན་ཆོས་སྐྱོང་གིས་མཛད་ཅེས་གྲགས་སོ། །


DTG136_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སམ་ཙང་ཞེས་བྱ་བས་རྒྱ་གར་ལས་རྒྱའི་ཡུལ་དུ་བསྒྱུར་ཞིང་ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕབ་པའོ།།

སུམ་ཅུ་པའི་བཤད་པ།
བློ་གྲོས་བརྟན་པ།


DTG136_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲིཾ་ཤི་ཀ་བྷཱ་ཥྱཾ། བོད་སྐད་དུ། སུམ་ཅུ་པའི་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཟག་དང་ཆོས་ལ་བདག་མེད་པ་མ་རྟོགས་པ་དང་ལོག་པར་རྟོགས་པ་རྣམས་ལ་གང་ཟག་དང་ཆོས་ལ་བདག་མེད་པ་མ་ལོག་པར་བསྟན་པའི་ཕྱིར། རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་སོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པའང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་ལས་བྱུང་ངོ༌། །གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་ནི་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་པས་ན་དེ་སྤངས་ན་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །ཆོས་ལ་བདག་མེད་པར་ཤེས་པ་ཡང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བ་ཡང་ཐར་པ་དང་ཐམས་ཅད་མཁྱེན་བ་ཐོབ་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་ནི་ཐར་པ་འཐོབ་པ་ལ་བསྒྲིབས་པས་དེའི་ཕྱིར་དེ་དག་སྤངས་ན་ཐར་པ་འཐོབ་པར་འགྱུར་རོ། །ཤེས་བྱའི་སྒྲིབ་བ་ནི་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་འཇུག་པའི་བར་དུ་གཅོད་པར་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། དེ་སྤངས་ན་ཤེས་བྱའི་རྣམ་པ་ཐམས་ཅད་ཀུན་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་འཇུག་སྟེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །ཡང་ན་ཆོས་དང་གང་ཟག་ལ་མངོན་པར་ཞེན་པ་དག་སེམས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེའི་ཕྱིར་ཆོས་དང་གང་ཟག་ལ་བདག་མེད་པར་བསྟན་པས་རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ལ་མཐར་གྱིས་འཇུག་


DTG136_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཡང་ན་རྣམ་པར་ཤེས་པ་བཞིན་དུ་ཤེས་བྱ་ཡང་རྫས་ཉིད་དུ་ཁ་ཅིག་སེམས་པ་དང༌། གཞན་དག་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པ་ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི་དོན་དམ་པར་ནི་མེད་དོ་སྙམ་དུ་སེམས་པ་མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་པ་གཉིས་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །འཇིག་རྟེན་པ་དང་བསྟན་བཅོས་ལའོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནི་རྣམ་པར་ཤེས་པར་གྱུར། །བདག་དང་ཆོས་སུ་ཉེར་འདོགས་པ། །ཞེས་བྱ་བ་དང་སྦྱར་རོ། །བདག་དང་ཆོས་སུ་ཉེ་བར་འདོགས་པས། བདག་དང་ཆོས་སུ་ཉེར་འདོགས་པ་སྟེ། དེ་ཡང་བདག་ཏུ་བཏགས་པ་དང༌། ཆོས་སུ་བཏགས་པའོ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མ་སྟེ། བདག་དང་སྲོག་དང༌། སྐྱེ་བ་པོ་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་དང༌། དེ་དག་ལ་སོགས་པ་དག་ནི་བདག་ཏུ་ཉེ་བར་འདོགས་པའོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། དེ་དག་ལ་སོགས་པ་དག་ནི་ཆོས་སུ་ཉེ་བར་འདོགས་པའོ། །ཉེ་བར་འདོགས་པ་འདི་རྣམས་གཉིས་ནི་རྣམ་པར་ཤེས་པ་གྱུར་པ་ཉིད་དེ། བདག་གམ་ཆོས་རྣམས་དངོས་པོ་ལ་ཉེ་བར་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེན་ཆོས་རྣམས་དང༌། བདག་ནི་རྣམ་པར་ཤེས་པ་གྱུར་པ་ལས་ཕྱི་རོལ་ན་མེད་པའི་ཕྱིར་རོ། །གྱུར་ཞེས་བྱ་བ་དེ་གང་ཞེ་ན། གཞན་དུ་གྱུར་པ་སྟེ། རྒྱུའི་སྐད་ཅིག་འགག་པ་དང༌། དུས་མཉམ་དུ་རྒྱུའི་སྐད་ཅིག་དང་མི་འབྲལ་བ་འབྲས་བུའི་བདག་ཉིད་ཐོབ་པ་ནི་གྱུར་པའོ། །དེ་ལ་བདག་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་བརྟས་ཤིང་གཟུགས་ལ་སོགས་པ་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་བརྟས་ན་ཀུན་གཞི་རྣམ་པར་ཤེས་པ་ལས་བདག་ལ་སོགས་པར་སྣང་བ་དང༌། གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རྟོག་པ་འབྱུང་ངོ༌། །དེ་ལ་བདག་ལ་སོགས་པར་སྣང་བ་དང༌། གཟུགས་ལ་སོགས་པར་སྣང་བ་ཡང་ཕྱི་རོལ་གྱི་བདག་དང༌།


DTG136_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་མེད་པར་རྣམ་པར་རྟོག་པ་དེ་ལས་ཕྱི་རོལ་དུ་གྱུར་པ་ལྟ་བུ་རྒྱུར་བྱས་ནས། བདག་ལ་སོགས་པར་ཉེ་བར་འདོགས་པ་དང༌། གཟུགས་ལ་སོགས་པ་ཆོས་སུ་ཉེ་བར་འདོགས་པ་ཐོག་མ་མེད་པའི་དུས་ནས་འཇུག་སྟེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་བ་བཞིན་ནོ། །ཉེ་བར་འདོགས་པ་ཞེས་བྱ་བ་ནི་གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་ཏེ། དཔེར་ན་མི་བླུན་པོ་ལ་བ་ལང་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་རྣམ་པར་ཤེས་པའི་རང་གི་ངོ་བོ་དང༌། ཕྱི་རོལ་ན་ཡང་བདག་དང་ཆོས་རྣམས་མེད་པས་བདག་དང་ཆོས་རྣམས་ཀུན་དུ་བརྟགས་པ་ཉིད་དེ། དོན་དམ་པར་ཡོད་པ་མ་ཡིན་པས་ཤེས་བྱ་ཡང་རྣམ་པར་ཤེས་པ་བཞིན་དུ་རྫས་ཉིད་དོ་ཞེས་མཐའ་གཅིག་ཏུ་སྨྲ་བ་འདི་ཁས་མི་བླང་ངོ༌། །ཉེ་བར་འདོགས་པ་ནི་གཞི་མེད་པར་མི་སྲིད་པས་གང་ལ་བདག་དང་ཆོས་སུ་ཉེ་བར་འདོགས་པ་འབྱུང་བའི་རྣམ་པར་ཤེས་པ་གྱུར་པ་དངོས་པོ་ཡོད་པར་ངེས་ང་ར་ཁས་བླང་ངོ༌། །དེ་བས་ན་རྣམ་པར་ཤེས་པ་ཡང་ཤེས་བྱ་བཞིན་དུ་ཀུན་རྫོབ་ཉིད་དེ། དོན་དམ་པར་མེད་དོ་ཞེས་ཁས་ལེན་པ་དེས་རིགས་པ་མི་བཟོད་དེ། ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་འགྱུར་བའི་ཕྱིར་རོ། །རྟེན་མེད་ན་ཀུན་རྫོབ་དུ་མི་རུང་བ་སྟེ། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉིས་ཡང་མི་རིགས་པའི་ཕྱིར་བཏང་ངོ་ཞེས་སློབ་དཔོན་གྱི་ཚིག་གོ །དེ་ལྟར་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་དོ། །རྣམ་པར་ཤེས་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་རྫས་སུ་ཡོད་པར་ཁས་བླང་ངོ༌། །རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གྱུར་བའི་སྒྲས་བསྟན་པའོ། །ཕྱི་རོལ་གྱི་དོན་མེད་པར་རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་པར་འབྱུང་བ་འདི་ཇི་ལྟར་ཤེས་པར་རུང་ཞེ་ན། ཕྱི་རོལ་གྱི་དོན་ནི་བདག་སྣང་བའི་རྣམ་པར་ཤེས་པ་སྐྱེད་པའི་ཕྱིར་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་འདོད་ཀྱི་བྱེད་རྒྱུ་ཙམ་དུ་འདོད་པ་ནི་མ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་ལ་སོགས་པ་དང་བྱེ་བྲག་མེད་པར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བ་བསྩགས་པ་ལ་དམིགས་པ་སྟེ། དེའི་རྣམ་པ་དང་འདྲ་བའི་ཕྱིར་རོ། །བསྩགས་པ་ནི་ཆ་


DTG136_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་འདུས་པ་ཙམ་ལས་གུད་ན་མེད་དེ། ཆ་ཤས་དེ་དག་བརྩལ་ན་བསྩགས་པའི་རྣམ་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་དོན་མེད་པར་རྣམ་པར་ཤེས་པ་བསྩགས་པའི་རྣམ་པར་འབྱུང་ངོ༌། །རྡུལ་ཕྲ་རབ་བསགས་པ་དག་ཉིད་ནི་རྡུལ་ཕྲ་རབ་དག་ནི་དེའི་རྣམ་པ་མ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་མ་བསྩགས་པའི་དུས་ན་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་བ་ཅི་ཡང་མེད་དེ། དེ་བས་ན་རྡུལ་ཕྲ་རབ་རྣམས་མ་བསྩགས་པ་བཞིན་དུ་བསྩགས་པ་ཡང་དམིགས་པར་མི་རུང་ངོ༌། །གཞན་དག་རྡུལ་ཕྲ་རབ་རེ་རེ་གཞན་ལ་མི་ལྟོས་པ་ནི་དབང་པོས་མི་རྟོགས་ཀྱི། དབང་པོ་ཕན་ཚུན་ལྟོས་པ་ནི་དབང་པོས་བཟུང་བའོ་སྙམ་དུ་སེམས་པ་དེ་དག་གི་ཡང་ལྟོས་པ་དང་མི་ལྟོས་པའི་དུས་ན་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པས་དབང་པོས་གཟུང་བའམ། དབང་པོས་མི་རྟོགས་པ་གཅིག་ཏུ་འགྱུར་རོ། །གལ་ཏེ་ཕན་ཚུན་ལྟོས་པའི་རྡུལ་ཕྲ་རབ་ཉིད་རྣམ་པར་ཤེས་པའི་ཡུལ་དུ་གྱུར་དུ་ཟིན་ན་ནི། དེ་ལྟ་ན་བུམ་པ་དང་རྩིག་པ་ལ་སོགས་པའི་རྣམ་པ་ཐ་དད་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་ལ་འབྱུང་བར་མི་འགྱུར་ཏེ། རྡུལ་ཕྲ་རབ་དག་དེའི་རྣམ་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་སྣང་བ་ཡང་གཞན་ལ་ཡུལ་ཡང་རྣམ་པ་གཞན་དུ་ནི་ཧ་ཅང་ཐལ་བར་འགྱུར་བས་མི་རིགས་སོ། །རྡུལ་ཕྲ་རབ་དག་ཀྱང་ཚུ་རོལ་དང་ཕ་རོལ་དང་དབུས་ཀྱི་ཆ་ཡོད་པས་ཀ་བ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་ནི་ཁས་མི་ལེན་ན་ནི་རྡུལ་ཕྲ་རབ་ལ་ཤར་དང༌། ལྷོ་དང༌། ནུབ་དང། བྱང་ལ་སོགས་པའི་ཕྱོགས་ཐ་དད་པ་མེད་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་རྡུལ་ཕྲ་རབ་ཀྱང་ལུས་པ་མེད་པ་དང༌། ཡུལ་ན་མི་གནས་པར་འགྱུར་རོ། །དེ་ལྟ་ན་འོ་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དོན་གྱིས་རྣམ་པར་འབྱུང་སྟེ། རྨི་ལམ་གྱི་རྣམ་པར་ཤེས་པ་དང་མཚུངས་པར་ཁས་བླང་ངོ༌། །ཚོར་བ་ལ་སོགས་པ་དག་ཀྱང་འདས་པ་དང་མ་འོངས་པ་ནི་དེའི་རྣམ་པའི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ། འགག་པ་དང་མ་སྐྱེས་པའི་ཕྱིར་རོ། །ད་ལྟར་གྱི་དག་ཀྱང་ད་ལྟར་གྱི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ། སྐྱེ་བའི་


DTG136_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་ནི་མེད་པའི་ཕྱིར་རོ། །སྐྱེས་པའི་ཚེ་ན་ནི་རྣམ་པར་ཤེས་པ་ཡང་དེའི་རྣམ་པར་ཤེས་པའི་ཕྱིར་བྱ་བ་ཅུང་ཟད་ཀྱང་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དམིགས་པ་མེད་པ་ཉིད་དུ་སྐྱེའོ། །གཞན་དག་ན་རེ་བདག་དང་ཆོས་དམིགས་སུ་མེད་ན་ཉ་བར་འདོགས་པར་མི་རུང་སྟེ། ཉེ་བར་འདོགས་པ་ནི་གསུམ་ཡོད་ན་འགྱུར་གྱི། གང་ཡང་རུང་བ་ཞིག་མེད་ན་མི་འགྱུར་ཏེ། དོན་གྱི་དངོས་དང༌། དེ་དང་འདྲ་བའི་ཡུལ་གཞན་དང༌། དེ་གཉི་ག་དང་འདྲ་བ་སྟེ། དཔེར་ན་དོན་གྱི་དངོས་མེ་དང་དེ་དང་འདྲ་བ་བྲམ་ཟེའི་ཁྱེའུ་དང༌། དེ་གཉི་གའི་ཐུན་མོང་གི་ཆོས་སེར་བ་ཉིད་དམ་རྣོ་བ་ཉིད་ཡོད་ན་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདོགས་པར་བྱེད་པ་ལྟ་བུའོ་ཞེས་ཟེར་རོ། །འདི་ལ་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདོགས་པ་ནི། རིགས་མ་རྫས་ཤིག་ཉེ་བར་འདོགས་གྲང་ན་ཉེ་བར་འདོགས་པ་གཉི་ག་ཡང་མེད་དོ། །དེ་ལ་རེ་ཞིག་ཐུན་མོང་གི་ཆོས་སེར་བ་ཉིད་དམ་རྣོ་བ་ཉིད་ནི་མེའི་རིགས་ཀྱིས་མ་ཡིན་ནོ། །ཐུན་མོང་གི་ཆོས་མེད་པར་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་གདགས་སུ་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་རོ། །རིགས་ཆོས་དེ་གཉིས་དང་ལྡན་པ་མ་ཡིན་ཡང་རྣོ་བ་ཉིད་དང་སེར་བ་ཉིད་རིགས་མེད་པར་མི་འབྱུང་བའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་འདོགས་པར་འགྱུར་རོ་ཞེ་ན། རིགས་མེད་པར་ཡང་རྣོ་བ་ཉིད་དང༌། སེར་བ་ཉིད་བྲམ་ཟེའི་ཁྱེའུ་ལ་མཐོང་བའི་ཕྱིར་མེད་པར་མི་འབྱུང་བ་ཡང་རིགས་པ་མ་ཡིན་ནོ། །མེད་པར་མི་འབྱུང་བ་ནི་ཉེ་བར་འདོགས་པ་ལ་མེད་དེ། མེ་བཞིན་དུ་བྲམ་ཟེའི་ཁྱེའུ་ལ་ཡང་རིགས་ཡོད་པའི་ཕྱིར་རོ། །དེ་བས་ན་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་གདགས་སུ་མི་རུང་ངོ༌། །རྫས་སུ་ཉེ་བར་གདགས་སུ་མི་རུང་སྟེ། སྤྱིའི་ཆོས་མེད་པའི་ཕྱིར་རོ། །མེའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དེ་ཉིད་ནི་བྲམ་ཟེའི་ཁྱེའུ་ལ་མེད་དོ། །ཅིའི་ཕྱིར་ཞེ་ན། དེ་དེ་ལས་གཞན་ཏེ། བྱེ་བྲག་ནི་རང་གི་གནས་དང་འབྲེལ་བའི་ཕྱིར་རོ། །མེའི་ཡོན་ཏན་མེད་པར་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་པ་ནི་མི་རིགས་སོ། །གལ་ཏེ་མེའི་ཡོན་ཏན་དང་འདྲ་བས་རིགས་སོ་ཞེ་ན། དེ་ལྟར་ན་ཡང་འདྲ་བའི་ཕྱིར་མེའི་ཡོན་ཏན་རྣོ་བ་ཉིད་དང་སེར་བ་ཉིད་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བ་ཉིད་དང་སེར་བ་


DTG136_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཉེ་བར་གདགས་སུ་ནི་རུང་གི །ཡོན་ཏན་འདྲ་བས་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་སུ་ནི་མི་རུང་སྟེ། མེ་ན་ཡོན་ཏན་གྱི་འདྲ་བ་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྫས་ཉེ་བར་གདགས་སུ་ཡང་མི་རུང་ངོ༌། །དོན་གྱི་དངོས་ཀྱང་མེད་དེ། དེའི་རང་གི་ངོ་བོ་ནི་ཤེས་པ་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །གཙོ་བོ་ལ་ཤེས་པ་དང་བརྗོད་པ་ཡོན་ཏན་གྱི་ཚུལ་གྱིས་འཇུག་པར་ཟད་དེ། དེའི་རང་རང་གི་ངོ་བོ་ལ་ནི་མི་རེག་གོ །གཞན་དུ་ན་ཡོན་ཏན་དོན་མེད་པར་འགྱུར་རོ། །ཤེས་པ་དང་བརྗོད་པ་མ་གཏོགས་པར་དོན་གྱི་དངོས་ཀྱི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཐབས་གཞན་མེད་པས་དེའི་ཕྱིར་གཙོ་བོའི་རང་གི་ངོ་བོའི་ཡུལ་ལ་ཤེས་པ་དང་བརྗོད་པ་མེད་པས་དོན་གྱི་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སྒྲའི་བར་དུ་འབྲེལ་བ་མེད་པར་ཤེས་པ་དང༌། བརྗོད་པ་མེད་པ་ཡང་མེད་དོ། །དེ་ལྟར་ན་བརྗོད་བ་དང་བརྗོད་པར་བྱ་བ་མེད་པས་དོན་གྱི་དངོས་པོ་མེད་དོ། །ཡང་འདི་དག་ཐམས་ཅད་ནི་བཏགས་པ་ཉིད་དེ་དངོས་ནི་མེད་དོ། །བཏགས་པ་ཞེས་བྱ་བ་ནི་གང་མེད་པའི་ཚུལ་གྱིས་འཇུག་པ་སྟེ། སྒྲ་ཐམས་ཅད་ཀྱང་གཙོ་བོ་ལ་མེད་པར་བཏགས་པའི་ངོ་བོས་འཇུག་གོ །དེ་བས་ན་དངོས་པོ་མེད་པ་ཉིད་དེ། དེ་ལ་བདག་དང་ཆོས་སུ་མེད་ན་ཉེ་བར་འདོགས་པ་མི་རིགས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རིགས་སོ། །རྣམ་པར་ཤེས་པ་གྱུར་པ་རབ་ཏུ་དབྱེ་བ་ཡོད་པ་མི་ཤེས་ཏེ། དེ་བས་ན་དེའི་དབྱེ་བ་རབ་ཏུ་བསྟན་པའི་ཕྱིར་གྱུར་པ་དེ་ཡང་རྣམ་གསུམ་སྟེ་ཞེས་བྱ་བ་སྨོས་སོ། །གང་ལ་བདག་ཉེ་བར་འདོགས་པ་དང༌། ཆོས་ཉེ་བར་འདོགས་པ་དེ་ཡང་རྒྱུའི་དངོས་པོ་དང་འབྲས་བུའི་དངོས་པོས་ཐ་དད་པའོ། །དེ་ལ་རྒྱུར་འགྱུར་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་བག་ཆགས་རྒྱས་པ་གང་ཡིན་པའོ། །འབྲས་བུར་གྱུར་པ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་ཡོངས་སུ་རྫོགས་ལ། རྣམ་པར་སྨིན་པའི་བག་ཆགས་འབྱུང་བ་རྙེད་ནས་རིས་མཐུན་པ་གཞན་དག་ཏུ་ཀུན་གཞི་རྣམ་པར་ཤེས་པ་མངོན་པར་འགྲུབ་པ་གང་ཡིན་པ་དང༌། རྒྱུ་མཐུན་པའི་བག་ཆགས་འབྱུང་བ་རྙེད་ནས་འཇུག་པའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་


DTG136_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་རྣམ་པར་ཤེས་པ་ལས་མངོན་པར་འགྲུབ་པ་གང་ཡིན་པའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས་སྐྱེད་དོ། །ལུང་དུ་མ་བསྟན་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ནི་རྒྱུ་མཐུན་པའི་བག་ཆགས་ཉིད་སྐྱེད་དོ། །གྱུར་པ་རྣམ་པ་གསུམ་བཤད་པ་གང་ཡིན་པ་དེ་ཡང་མི་ཤེས་ནས། དེ་བས་ན་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་རོ། །རྣམ་པར་སྨིན་དང་ངར་སེམས་དང༌། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་བྱ་བ་སྨོས་སོ། །གྱུར་པ་རྣམ་པ་གསུམ་པོ་དེ་དག་ནི་རྣམ་པར་སྨིན་པ་ཞེས་བྱ་བ་དང༌། ངར་སེམས་པ་ཞེས་བྱ་བ་དང༌། ཡུལ་ལ་རྣམ་པར་རིག་པ་ཞེས་བྱའོ། །དེ་ལ་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ཇི་ལྟར་འཕངས་པའི་འབྲས་བུ་མངོན་པར་འགྲུབ་པ་ནི་རྣམ་པར་སྨིན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་རྟག་ཏུ་ངར་སེམས་པའི་བདག་ཉིད་ཡིན་པས་ངར་སེམས་པའོ། །གཟུགས་ལ་སོགས་པ་ཡུལ་སོ་སོར་སྣང་བས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་དྲུག་ནི་ཡུལ་ལ་རྣམ་པར་རིག་པར་བྱའོ། །དེའི་རང་གི་ངོ་བོ་བཤད་པ་མེད་པར་དེ་མི་རྟོགས་པས་དེ་བས་ན་རང་གི་ངོ་བོ་གང་ཡིན་པ་དེ་རིམ་པ་བཞིན་དུ་རབ་ཏུ་བསྟན་པའི་ཕྱིར། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་གང་གྱུར་པ་རྣམ་པ་གསུམ་བཤད་མ་ཐག་པ་ལ་བྱའོ། །ཀུན་གཞི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་རྣམ་པར་སྨིན་པར་གྱུར་པའོ། །དེ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་པས་ཀུན་གཞི་སྟེ། ཀུན་གཞི་དང་རྟེན་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །ཡང་ན་དེ་ལ་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་འཇུག་ཅིང་འབྲེལ་བའམ་དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་པོར་འཇུག་ཅིང་འབྲེལ་བས་ཀུན་གཞིའོ། །རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པའོ། །ཁམས་དང༌། འགྲོ་བ་དང༌། སྐྱེ་གནས་དང༌། རིགས་ཐམས་ཅད་དུ་ལས་དགེ་བ་དང་མི་དགེ་བའི་རྣམ་བར་སྨིན་པས་རྣམ་པར་སྨིན་པའོ། །ཆོས་ཐམས་ཅད་ཀྱི་ས་བོན་


DTG136_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་ཡིན་པས་ས་བོན་ཐམས་ཅད་པའོ། །གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་ལས་གུད་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་གོ་བ་དེའི་ཕྱིར་དམིགས་པ་དང་རྣམ་པ་ཡང་བརྗོད་དགོས་ཏེ། དམིགས་པ་མེད་པ་དང༌། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་མི་རུང་ངོ༌། །དེ་དམིགས་པ་མེད་པ་དང་རྣམ་པ་མེད་པར་ནི་མི་འདོད་མོད་ཀྱི། འོན་ཀྱང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་ནང་གི་ཉེ་བར་ལེན་པའི་རྣམ་པར་རིག་པ་དང༌། ཕྱི་རོལ་གྱི་རྣམ་པ་ཡོངས་སུ་མ་ཆད་པ་སྣོད་ཀྱི་རྣམ་པར་རིག་པ་དང་རྣམ་པ་གཉིས་སུ་འབྱུང་སྟེ། དེ་ལ་ནང་གི་ཉེ་བར་ལེན་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང༌། གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་སྟེ། དེའི་དམིགས་པ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་སྟེ། །གང་ལ་ལེན་པ་མི་རིག་པ་དང༌། གནས་ཀྱི་རྣམ་པར་རིག་པ་མི་རིག་པ་ཡོད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དེ་ལེན་པ་དང་གནས་ཀྱི་རྣམ་པར་མི་རིག་པའོ། །དེ་ལ་ལེན་པ་ནི་ལེན་པར་བྱེད་པའོ། །དེ་ཡང་བདག་ལ་སོགས་པར་རྣམ་པར་རྟོག་བའི་བག་ཆགས་དང༌། གཟུགས་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་སོ། །དེ་ལ་ཡོད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པས་བདག་ལ་སོགས་པ་རྣམ་པར་རྟོག་པ་དང༌། གཟུགས་ལ་སོགས་པར་རྟོག་པ་འབྲས་བུར་ལེན་པས་བདག་ལ་སོགས་པ་རྣམ་པར་རྟོག་པ་དང༌། གཟུགས་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་དེ་ནི་ལེན་པ་ཞེས་བྱ་སྟེ། དེ་ནི་འདི་ལ་འདིའོ་ཞེས་ཚོར་བའི་རྣམ་པར་མི་རིག་པས་དེའི་ཕྱིར་དེ་ནི་ལེན་པ་མི་རིག་པ་ཞེས་བྱའོ། །ཡང་ན་གནས་ཉེ་བར་ལེན་པས་ལེན་པའོ། །གནས་ནི་ལུས་སོ། །དེ་ཡང་གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་ངོ༌། །དེའི་ཉེ་བར་ལེན་པ་གང་ཡིན་པ་དེ་ནི་ཉེ་བར་འགྲོ་བ་སྟེ། དེ་གྲུབ་པ་དང་བདེ་བ་གཅིག་པས་ལེན་པའོ། །དེ་ལ་འདོད་པ་དང༌། གཟུགས་ཀྱི་ཁམས་ན་ནི་གཉི་ག་ལེན་ཏོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བས་གཟུགས་མེད་པའི་ཁམས་ན་ནི། གཟུགས་སུ་རྣམ་པར་སྨིན་པ་མི་འགྲུབ་བས་མིང་བཞི་ལེན་པ་ཉིད་དེ། འོན་


DTG136_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ན་གཟུགས་བག་ཆགས་ཀྱི་དུས་ཉིད་དེ། རྣམ་པར་སྨིན་པའི་དུས་ནི་མ་ཡིན་ནོ། །ལེན་པ་དེ་ལ་འདིའོ་ཞེས་རིག་པར་མི་ནུས་པས་དེའི་ཕྱིར་མི་རིག་པ་ཞེས་བྱའོ། །གནས་ཀྱི་རྣམ་པར་རིག་པ་སྣོད་ཀྱི་འཇིག་རྟེན་གནས་པར་རྣམ་པར་རིག་པ་སྟེ། དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་འབྱུང་བས་མི་རིག་པ་ཞེས་བྱའོ། །ཇི་ལྟར་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པར་ཡོངས་སུ་མ་ཆད་པར་འགྱུར་ཞིང༌། འདི་ནི་རྣམ་པར་ཤེས་པར་སྨྲ་བ་ངག་གི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་དང་མཚུངས་སོ། །འགོག་པ་ལ་སོགས་པའི་དུས་ན་རྣམ་པར་ཤེས་པ་མེད་པར་རྟོག་པར་ཡང་མི་ནུས་ཏེ། རིགས་པ་དང་འགལ་བ་དང་མདོ་དང་འགལ་བའི་ཕྱིར་རོ། །དེ་ལ་ཀུན་གཞི་རྣམ་ཤེས་ནི་ཞེས་སྨོས་པས་རྣམ་པར་ཤེས་པ་ནི་ངེས་པར་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པ་དེའི་ཕྱིར་སེམས་ལས་བྱུང་བ་གང་དག་ཡིན་པ་དང༌། དུ་ཞིག་དང་མཚུངས་པར་ལྡན་པ་ཡང་བཤད་དགོས་ལ། དེ་བཞིན་དུ་ཅི་སེམས་ལས་བྱུང་བ་དེ་དག་དང་རྟག་ཏུ་མཚུངས་བར་ལྡན་ནམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར། རྟག་ཏུ་རེག་དང་ཡིད་བྱེད་དང༌། །རེག་དང་འདུ་ཤེས་སེམས་པར་ལྡན། །ཞེས་བྱ་བ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཇི་སྲིད་པ་དེ་སྲིད་དུ་རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་ཞེས་བྱ་བ་ཀུན་དུ་འགྲོ་བའི་ཆོས་ལྔ་པོ་འདི་དག་དང་ལྡན་ནོ། །རེག་པ་ནི་ཚོར་བའོ། །དེ་ལ་རེག་པ་ནི་གསུམ་འདུས་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་སྟེ། ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །དབང་པོ་དང༌། ཡུལ་དང༌། རྣམ་པར་ཤེས་པ་གསུམ་ཉིད་གསུམ་མོ། །དེ་རྒྱུ་དང་འབྲས་བུའི་དངོས་པོར་དུས་མཉམ་དུ་གནས་པ་ནི་གསུམ་འདུས་པའོ། །དེ་ཡོད་ན་དེ་དང་དུས་མཉམ་པ་ཉིད་ན་བདེ་བ་ལ་སོགས་པའི་ཚོར་བ་དང་མཐུན་པ་དབང་པོའི་འགྱུར་བ་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་རེག་པའོ། །དབང་པོ་དང་བྱེ་བྲག་གང་གིས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དུ་འགྱུར་བ་དེ་ནི་དེའི་འགྱུར་བའོ། །རེག་པ་ཡང་དབང་པོའི་འགྱུར་པ་དང་འདྲ་བས་དབང་པོའི་རེག་


DTG136_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། དབང་བོས་རེག་པས་རེག་བ་ཞེས་བྱའོ། །དེའི་ཕྱིར་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་དུ་ཟིན་ཀྱང་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ཞེས་བྱ་བ་བཤད་དོ། །འདིའི་ལས་ནི་ཚོར་བའི་རྟེན་ཏེ། དེ་སྐད་དུ་མདོ་ལས་ཀྱང༌། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས། བདེ་བའི་ཚོར་བ་འབྱུང་ངོ་ཞེས་རྒྱ་ཆེར་གསུངས་སོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །འཇུག་པར་བྱེད་པས་འཇུག་པ་སྟེ། དམིགས་པ་ལ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པའོ། །དེ་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ། སེམས་འཛིན་བ་ནི་དམིགས་པ་དེ་ཉིད་ལ་སེམས་ཡང་དང་ཡང་དུ་གཏོད་པའོ། །ལས་དེ་ཡང་སེམས་ཀྱི་རྒྱུན་གྱི་དམིགས་པ་ངེས་པར་ཡིད་ལ་བྱེད་པར་བྱེ་བྲག་ཅན་གྱི་དབང་དུ་བྱས་ནས་བཤད་ཀྱི། དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་མ་ཡིན་ནོ། །དེ་ནི་སྐད་ཅིག་རེ་རེ་ཉིད་ལ་ལས་བྱེད་པ་ཡིན་གྱི། སྐད་ཅིག་གཞན་ལ་ནི་མ་ཡིན་ནོ། །ཚོར་བ་ནི་མྱོང་བའི་རང་བཞིན་ནོ། །དེ་ཡང་ཡུལ་སིམ་པར་བྱེད་པ་དང༌། གདུང་བར་བྱེད་པ་དང༌། དེ་གཉི་གའི་རྣམ་པ་ལས་དབེན་པའི་རང་གི་ངོ་བོ་མངོན་དུ་བྱེད་བའི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་ཏེ། བདེ་བ་དང༌། སྡུག་བསྔལ་བ་དང་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །འདི་སྙམ་དུ་སེམས་ཏེ། ལས་དགེ་བ་དང༌། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདིར་མྱོང་བར་བྱེད་པས་མྱོང་བ་སྟེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །སྡུག་བསྔལ་མྱོང་བ་ནི་ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་ནི་ལས་དགེ་མི་དགེ་གཉི་གའི་འབྲས་བུ་རྣམ་པར་སྨིན་པའོ་སྙམ་དུ་སེམས་སོ། །འདིར་ཀུན་གཞི་རྣམ་བར་ཤེས་པ་ཉིད་ལས་དགེ་བ་དང༌། མི་དགེ་བའི་རྣམ་པར་སྨིན་པ་དང༌། དོན་དམ་བར་ན་དེ་དང་མཚུངས་པར་ལྡན་པའི་བཏང་སྙོམས་ཉིད་ལས་དགེ་བ་དང༌། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །བདེ་བ་དང་སྡུག་བསྔལ་ནི་ལས་དགེ་བ་དང༌། མི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་ཉེ་བར་འདོགས་སོ། །དེ་ལ་བདེ་བ་མྱོང་བ་ནི་


DTG136_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱུང་ན་འབྲལ་བར་མི་འདོད་པ་དང༌། འགགས་ན་སླར་ཕྲད་པར་འདོད་པ་སྐྱེའོ། །སྡུག་བསྔལ་མྱོང་བ་ནི་གང་བྱུང་ན་བྲལ་བར་འདོད་པ་དང༌། འགགས་ན་སླར་ཕྲད་པར་མི་འདོད་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བ་མྱོང་བ་ནི་གང་བྱུང་ངམ་འགགས་ཀྱང་རུང་གཉི་ག་མི་སྐྱེ་བའོ། །འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའོ། །ཡུལ་ནི་དམིགས་པའོ། །མཚན་མ་ནི་དེའི་བྱེ་བྲག་སྔོན་པོ་དང༌། སེར་པོ་ལ་སོགས་པ་དམིགས་པ་རྣམ་པར་གཞག་པའི་རྒྱུའོ། །དེ་ལ་འཛིན་པ་ནི་འདི་སྔོན་པོ་ཉིད་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་རྟོག་པའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་གཡོ་བར་བྱེད་པ་སྟེ། གང་ཡོད་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་དུ་དམིགས་པ་ལ་སེམས་གཡོ་བར་བྱེད་པའོ། །ཚོར་བ་ནི་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཡང་མ་ཡིན་པ་དེ་བ་ཡང་མ་ཡིན་པའོ། །ཆོས་ཀྱང་རྣམ་པ་བཞི་སྟེ། དགེ་བ་དང༌། མི་དགེ་བ་དང༌། བསྒྲིབས་པའི་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་ཚོར་བ་སྤྱིར་བཤད་པས་ཚོར་བ་རྣམ་པ་གསུམ་ལས་ཚོར་བ་གང་ཡིན་པ་མི་ཤེས་ལ། དེ་བཞིན་དུ་དེ་ཡང་ཅི་དགེ་བའམ། མི་དགེ་བའམ། བསྒྲིབས་ལ་ལུང་དུ་མ་བསྟན་པའམ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གང་ཡིན་གཏོལ་མེད་པས་དེའི་ཕྱིར། དེ་ལ་ཚོར་བ་བཏང་སྙོམས་ཏེ། དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་སྐབས་ཡིན་པས་དེར་བསྙེགས་སོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ཚོར་བ་བཏང་སྙོམས་ཉིད་ཡིན་གྱི། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཏེ། དེ་གཉིས་ཀྱི་དམིགས་བ་དང༌། རྣམ་པ་ཡོངས་སུ་ཆད་པའི་ཕྱིར་རོ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་བྱ་བ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་བསྙེགས་སོ། །དེ་ལ་མ་བསྒྲིབས་པ་སྨོས་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་རྣམ་པར་གཅད་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་སྨོས་པ་ནི་དགེ་བ་དང༌། མི་དགེ་བ་རྣམ་པར་བཅད་པའི་ཕྱིར་རོ། །ཡིད་ཀྱིས་པའི་ཉེ་བའི་ཉོན་མོངས་པ་གློ་


DTG136_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བ་རྣམས་ཀྱིས་མ་བསྒྲིབས་པའི་ཕྱིར་མ་བསྒྲིབས་པའོ། །རྣམ་པར་སྨིན་པ་ཡིན་པས་རྣམ་པར་སྨིན་པར་གྱུར་པ་ནི་དགེ་བ་དང་མི་དགེ་བར་ལུང་བསྟན་དུ་མེད་པས་ལུང་དུ་མ་བསྟན་པའོ། །རེག་ལ་སོགས་པ་ཡང་དེ་བཞིན་ནོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་གཅིག་ཏུ་རྣམ་པར་སྨིན་པ་དང༌། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་དང༌། རྟག་ཏུ་རེག་པ་ལ་སོགས་པ་དང་ལྡན་པ་དང༌། དེ་ལ་ཚོར་བ་བཏང་སྙོམས་ཉིད་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དེ་བཞིན་དུ་རེག་པ་ལ་སོགས་པ་ཡང་གཅིག་ཏུ་རྣམ་པར་སྨིན་པ་ཉིད་དང༌། དམིགས་བ་དང་རྣམ་པ་ཡོངས་སུ་མ་ཆད་པ་དང༌། བདག་མ་གཏོགས་པར་གཞན་བཞི་དང༌། ཀུན་གཞི་རྣམ་པར་ཤེས་པ་དང་རྟག་ཏུ་ལྡན་ནོ། །དེ་དག་ལས་ཚོར་བ་བཏང་སྙོམས་ཉིད་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་བཞིན་ཏེ། རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པ་རྣམས་རྣམ་པར་སྨིན་པ་མ་ཡིན་པ་དང༌། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དམིགས་པ་དང༌། རྣམ་པ་ཡོངས་སུ་ཆད་མི་སྲིད་དེ། གཞན་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཅི་ཀུན་གཞི་རྣམ་པར་ཤེས་པ་དེ་ཇི་སྲིད་འཁོར་གྱི་ནང་དུ་ཐ་དད་པ་མེད་པར་འཇུག་པ་ཞིག་གམ། འོན་ཏེ་རྒྱུན་གྱིས་འཇུག་ཅེ་ན། དེ་གཅིག་པུ་ཐ་དད་པ་མེད་པར་འཇུག་པ་མ་ཡིན་ཏེ་སྐད་ཅིག་པའི་ཕྱིར་རོ། །འོན་ཀྱང་དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དེ་ནི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དང་སྦྱར་རོ། །དེ་ལ་རྒྱུན་ནི་རྒྱུ་དང་འབྲས་བུ་བར་ཆད་མེད་པར་རྒྱུན་དུ་འབྱུང་བའོ། །ཆུའི་ཚོགས་ཀྱི་སྔ་ཕྱིའི་ཆུ་རྒྱུན་མི་འཆད་པར་འབབ་བ་ནི་ཆུ་བོ་ཞེས་བྱའོ། །ཇི་ལྟར་ཆུ་བོ་རྩྭ་དང་ཤིང་དང་ལྕི་བ་ལ་སོགས་པ་དེ་དེད་ཅིང་འབབ་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་ཀྱི་བག་ཆགས་དང་ལྡན་པ་ཡང་རེག་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་བསྡུས་ནས་ཇི་སྲིད་འཁོར་གྱི་བར་དུ་རྒྱུན་མི་འཆད་པར་རྒྱུན་དུ་འབྱུང་ངོ༌། །དེ་ལྟར་རྒྱུན་དུ་འབྱུང་བ་དེ་གང་གི་ཚེ་ན་ལྡོག་པར་འགྱུར་སྙམ་པ་ལ། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་བྱ་བ་སྨོས་སོ། །དགྲ་བཅོམ་པ་ཉིད་ཅེས་བྱ་བ་ཅི་ཞེ་ན་གང་


DTG136_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ན་འདི་དགྲ་བཅོམ་པ་ཞེས་བྱའོ། །ཅི་དང་ལྡན་ན་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ཐོབ་པའི་ཕྱིར་རོ། །དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་ངན་ལེན་མ་ལུས་པར་སྤངས་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ཏེ། དེ་ཉིད་ཀྱི་དུས་ན་དགྲ་བཅོམ་པའོ། །རྣམ་པར་སྨིན་པར་གྱུར་པ་རྣམ་པར་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་ངར་སེམས་པ་ཞེས་བྱ་བ་གྱུར་པ་གཉིས་པ་སྟེ། དེ་ལ་གནས་ཏེ་རབ་འབྱུང་ཞེས་རྒྱ་ཆེར་སྨོས་པའོ། །དེ་ལ་ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་མིག་ལ་སོགས་པ་དང༌། གཟུགས་ལ་སོགས་པ་ནི་དམིགས་པར་གྲགས་པ་དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་དང་དམིགས་པར་མ་གྲགས་ཏེ། རྣམ་པར་ཤེས་པ་གནས་དང་དམིགས་པ་ལ་མི་ལྟོས་པ་ནི་མི་རུང་བས་དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་དང་དམིགས་པ་བསྟན་པ་དང༌། ངེས་པའི་ཚིག་བསྟན་པའི་ཕྱིར། དེ་ལ་གནས་ཏེ་རབ་འབྱུང་ཞིང༌། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་བྱ་བ་སྨོས་སོ། །དེ་ལ་གནས་ཏེ་རབ་ཏུ་འབྱུང་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་སྒྲ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་སྦྱར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དེའི་བག་ཆགས་ཀྱི་གནས་ཡིན་ཏེ། དེ་བས་ན་དེ་ལ་གནས་བཅས་ནས་འབྱུང་སྟེ། རྒྱུན་གྱིས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཁམས་སེམས་གང་དུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་ཐོབ་པར་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང་ཁམས་དེ་དང་ས་དེའི་ཡིན་ཏེ། དེ་ཀུན་གཞི་དེ་ལ་རག་ལུས་པས་འཇུག་པའི་ཕྱིར་དེ་ལ་གནས་ཏེ་འབྱུང་བའོ། །དེ་ལ་དམིགས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་པ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་བས་ཀུན་གཞི་རྣམ་པར་ཤེས་པ་ལང་དང་ང་ཡིར་དམིགས་པའི་ཕྱིར་རོ། །ཇི་ལྟར་ན་སེམས་གང་ལས་བྱུང་བ་དེ་ཉིད་དེའི་དམིགས་པར་འགྱུར་ཞེ་ན། ཇི་ལྟར་ཁ་ཅིག་དེ་མི་འདོད་ཀྱང་དུས་ལ་ལར་སེམས་གང་ལས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དེ་ཉིད་དམིགས་པ་ཡིན་ཞིང་དེ་འབྱུང་བ་ལྟ་བུའོ། །ཡིད་ཅེས་


DTG136_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྣམ་པར་ཤེས་པ་ནི་ཡིད་ཅེས་བྱ་བའི་རྣམ་པར་ཤེས་པ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འབྱུང་བའོ། །དེ་ལ་དམིགས་པ་ཡིད་ཅེས་བྱ། །ཞེས་བྱ་བ་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་ལས་རྣམ་པར་འབྱེད་དོ། །ཡང་དེའི་རང་བཞིན་གང་ཡིན་སྙམ་པ་ལ། ངར་སེམས་བདག་ཉིད་ཅན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ངར་སེམས་པའི་བདག་ཉིད་ཡིན་པས་ངེས་པའི་ཚིག་གི་ཚུལ་གྱིས་ཡིད་ཅེས་བྱའོ། །རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས་དེ་ངེས་པར་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པར་གྱུར་ན་སེམས་ལས་བྱུང་བ་ནི་གང་དག་དང་ཇི་སྙེད་དུས་ནི། ཇི་སྲིད་དུ་མཚུངས་པར་ལྡན་པར་འགྱུར་བ་དེ་མི་ཤེས་ཏེ། དེའི་ཕྱིར། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་བྱ་བ་སྨོས་སོ། །སེམས་ལས་བྱུང་བ་དག་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་དང་དེ་ལས་གཞན་པའོ། །དེ་ལས་གཞན་པ་དག་ལས་རྣམ་པར་དབྱེ་བའི་ཕྱིར། ཉོན་མོངས་པ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པའང་དྲུག་སྟེ། དེ་དག་ཐམས་ཅད་དང་མཚུངས་པར་ལྡན་པ་མ་ཡིན་པས་དེའི་ཕྱིར་བཞི་ཞེས་བྱ་བ་སྨོས་སོ། །འགྲོགས་ཞེས་བྱ་བ་ནི་མཚུངས་པར་ལྡན་པའོ། །ཉོན་མོངས་བ་ཡང་རྣམ་པ་གཉིས་ཏེ་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །མི་དགེ་བ་དག་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་བསྒྲིབས་ལ་ལུང་དུ་མ་བསྟན་ཞེས་བྱ་བ་སྨོས་སོ། །བསྒྲིབས་པའི་རྣམ་པར་ཤེས་པ་ནི་མི་དགེ་བ་རྣམས་དང་མཚུངས་པར་ལྡན་པ་མི་སྲིད་དེ། བསྒྲིབས་བ་ནི་ཉོན་མོངས་བ་ཅན་གྱི་ཕྱིར་རོ། །ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བ་ཉིད་དུ་ལུང་བསྟན་དུ་མེད་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟེ། ཇི་སྲིད་དུ་དེ་ཡོད་པ་དེ་སྲིད་དུ་དེ་དག་དང་མཚུངས་པར་ལྡན་ནོ། །སྤྱིར་བསྟན་པས་ཁྱད་པར་མི་ཤེས་ནས་ཁྱད་པར་སྟོན་ཏོ། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་ཞེས་བྱ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་ཏུ་མཐོང་བ་ནི་བདག་ཏུ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ །རྨོངས་པ་ནི་མི་ཤེས་པ་སྟེ། བདག་


DTG136_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པ་ནི་བདག་ཏུ་རྨོངས་པའོ། །བདག་ཏུ་ང་རྒྱལ་ནི་བདག་གི་ཡུལ་ལ་ངར་སེམས་པ་སྟེ། ངའོ་སྙམ་པའི་ང་རྒྱལ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཆགས་ནི་བདག་ལ་ཆགས་པ་སྟེ། བདག་ལ་དགའ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་རྨོངས་པར་གྱུར་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་འབྱུང་ངོ༌། །བདག་ཏུ་མཐོང་བས་སེམས་ཁེངས་པ་གང་ཡིན་པ་དེ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །དེ་གསུམ་ཡོད་ན་བདག་ཏུ་བསམས་པའི་དངོས་བོ་ལ་མངོན་བར་ཆགས་པ་གང་ཡིན་པ་དེ་ནི་བདག་ལ་ཆགས་པའོ། །ཡང་སྨྲས་པ། མ་རིག་པ་དང་བདག་ལྟ་དང༌། །ངའོ་ང་རྒྱལ་སྲིད་འདི་བཞིས། །ཀུན་གཞི་ཉོན་མོངས་ཅན་འགྱུར་ཡིད། །ངར་སེམས་པ་ཡི་མཚན་ཉིད་དེ། །ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང༌། །ཡིད་དེ་དེ་དག་ཉོན་མོངས་ཅན། །སེམས་དགེ་ལུང་དུ་མ་བསྟན་ཚེ། །རྟག་ཏུ་ངར་འཛིན་རྒྱུ་ཡིན་ནོ། །བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་ཡིད་བཞིན་དུས་དགུ་པ་སྟེ། འདིར་སྤྱིར་བརྗོད་པ་ཅི་རང་གིས་པ་ཉིད་དང་མཚུངས་པར་ལྡན་ནམ། འོན་ཏེ་གཞན་གྱིས་པ་དག་དང་མཚུངས་པར་ལྡན་པ་མི་ཤེས་ནས། དེའི་ཕྱིར་གང་དུ་སྐྱེས་པ་དེའིའོ་ཞེས་བྱ་བ་སྨོས་སོ། །གང་དུ་སྐྱེས་པ་ནི་གང་དུ་བྱུང་བའོ། །དེའིའོ་ཞེས་བྱ་བ་ནི་ཁམས་དང་ས་གང་དུ་སྐྱེས་པ་ཁམས་དེ་དང་ས་དེ་ཉིད་ཀྱི་དང་མཚུངས་པར་ལྡན་ཏེ། ཁམས་གཞན་དག་ཀྱང་ས་གཞན་དག་གི་དང་ནི་མ་ཡིན་ནོ། །ཅི་དེ་ཉོན་མོངས་པ་བཞི་ཉིད་དང་མཚུངས་པར་ལྡན་ནམ། སྨྲས་པ་མ་ཡིན་ནོ། །འོན་ཀྱང་གཞན་རེག་སོགས་ཀྱང་མཚུངས་པར་ལྡན་ནོ་ཞེས་བྱ་བར་སྦྱར་རོ། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །རེག་སོགས་ཞེས་བྱ་བ་ནི་རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་བ་སྟེ། ཆོས་ལྔ་པོ་དེ་དག་ནི་ཀུན་དུ་འགྲོ་བས་རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་ཏེ། དེ་དག་ཀྱང་གང་དུ་སྐྱེས་པ་དེ་ཉིད་དང་མཚུངས་པར་ལྡན་གྱི། ཁམས་དང་ས་གཞན་གྱི་དང་ནི་མ་ཡིན་ནོ། །ཡང་ན་གཞན་ཞེས་བྱ་བ་ནི་རྩ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དག་ལས་རྣམ་པར་དབྱེ་བའི་ཕྱིར་ཏེ། རྩ་བའི་རྣམ་པར་ཤེས་པའི་རེག་པ་ལ་སོགས་པ་ནི་མ་


DTG136_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིད་བཞིན་དུ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེ་དགེ་བ་དང༌། ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པའི་དུས་ན་ཡང་བྱེ་བྲག་མེད་པར་འབྱུང་ན་ནི་དེའི་ལྡོག་པ་མེད་པར་འགྱུར་རོ། །མི་ལྡོག་ན་ནི་དེ་ལ་ཐར་པ་ག་ལ་ཡོད་དེ་ཐར་པ་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། མི་འགྱུར་ཏེ། །འདི་ལྟར་དེ་ལ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །དགྲ་བཅོམ་པ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པས་ཉོན་མོངས་པ་ཅན་གྱི་ཡིད་མེད་དེ། དེ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་བསྒོམས་པས་སྤང་བར་བྱ་བ་བཞིན་དུ་དགྲ་བཅོམ་པ་ཉིད་ཐོབ་པ་ན་བར་ཆད་མེད་པའི་ལམ་ཉིད་ཀྱིས་སྤོངས་ཏེ། དེ་ན་དགྲ་བཅོམ་པ་ཉིད་ཀྱི་ཚེ་ན་ཉོན་མོངས་པ་གཞན་བཞིན་དུ་མེད་དོ། །ཕྱིར་མི་འང་བ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ཡང་ལམ་གྱི་སྟོབས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པས་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཡང་ལམ་བཞིན་དུ་འགག་པར་འགྱུར་རོ། །འགོག་པ་ལས་ལངས་ནས་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ༌། །འཇིག་རྟེན་འདས་པའི་ལམ་ནའང་མེད། །འཇིག་རྟེན་ལས་འདས་པ་སྨོས་པ་ནི་འཇིག་རྟེན་པ་རྣམ་པར་གཅད་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་ན་ནི་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་བ་ཉིད་དོ། །བདག་མེད་པར་མཐོང་བ་ནི་བདག་ལ་སོགས་པར་ལྟ་བའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའི་ལམ་ན་དེ་འབྱུང་བར་མི་ནུས་ཏེ། གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཅིག་ཅར་དུ་མེད་པས་འཇིག་རྟེན་ལས་འདས་པའི་ལམ་ན་དེ་འགག་གོ །དེ་ལས་ལངས་ནས་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ༌། །འདི་ནི་གྱུར་བ་ཉིད་པའོ། །ཞེས་བསྟན་པ་བཤད་ཟིན་ཏོ། །ཞེས་མཇུག་སྡུད་པའོ། །གྱུར་པ་གཉིས་པའི་འོག་ཏུ་གྱུར་བ་གསུམ་པ་བརྗོད་དགོས་པས། གསུམ་པ་ཡུལ་རྣམ་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །ཞེས་བྱ་བ་སྨོས་སོ། །གསུམ་


DTG136_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྣམ་པར་ཤེས་པ་གྱུར་པ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །རྣམ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་བདག་ཉིད་ཀྱི་ཡུལ་ལོ། །ཡུལ་ལ་དམིགས་པ་གང་ཡིན་པ་ནི་འཛིན་པ་དང་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ ། དེ་ཡང་ཅི་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཞིག་ཅེ་ན། དེའི་ཕྱིར། དགེ་དང་མི་དགེ་གཉི་ག་མིན། །ཞེས་བྱ་བ་སྨོས་སོ། །དགེ་བ་དང་མི་དགེ་བ་དང༌། གཉི་ག་མིན་ཞེས་བྱ་བ་ལུང་དུ་མ་བསྟན་པའང་མ་ཡིན་ཏེ། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་མཚུངས་པར་ལྡན་པ་ནི་དགེ་བའོ། །ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་མཚུངས་པར་ལྡན་པ་ནི་མི་དགེ་བའོ། །དགེ་བ་དང་མི་དགེ་བ་དང་མཚུངས་པར་ལྡན་པ་མ་ཡིན་པ་ནི་གཉི་ག་མ་ཡིན་པ་སྟེ། དགེ་བའང་མ་ཡིན་མི་དགེ་བའང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་སེམས་ལས་བྱུང་བ་ཅི་འདྲ་བ་དག་དང་མཚུངས་པར་ལྡན་པ་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ནི་ཅི་སྙེད་ཅིག་ཡོད་ཅེ་ན། དེའི་ཕྱིར། ཀུན་དུ་འགྲོ་བ་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང༌། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །ཞེས་བྱ་བ་སྨོས་སོ། །ཀུན་དུ་འགྲོ་བ་ལ་སོགས་པ་གང་བསྟན་པ་དེ་དག་མི་ཤེས་ཏེ། དེ་བས་ན་དེ་རབ་ཏུ་བསྟན་པའི་ཕྱིར། དང་བོའི་རེག་ལ་སོགས་པ་དང་ཞེས་བྱ་བ་སྨོས་སོ། །ཐོག་མར་བཤད་པས་དང་པོ་སྟེ། །འདི་ལྟར་ཀུན་དུ་འགྲོ་བ་དང༌། །རྟག་ཏུ་རེག་དང་ཡིད་བྱེད་དང༌། །རེག་དང་འདུ་ཤེས་སེམས་པར་ལྡན། །ཞེས་བྱ་བ་ཐོག་མ་ཉིད་དུ་བཤད་པའོ། །དེ་དག་གི་དང་པོ་ནི་རེག་པ་ཡིན་པས་རེག་པ་ལ་སོགས་པའོ། །རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཆོས་ལྔ་པོ་དེ་དག་ནི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀུན་དུ་འགྲོ་བ་དག་གོ །འདི་ལྟར་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་བྱེ་བྲག་མེད་པར་འབྱུང་ངོ༌། །བྱེ་བྲག་ཏུ་ངེས་པའི་དབང་དུ་བྱས་ནས། འདུན་མོས་དྲན་དང་བཅས་པ་དང༌། །ཏིང་ངེ་འཛིན་བློ་བྱེ་བྲག་ངེས། །ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཅན་ལ་ངེས་པས་བྱེ་བྲག་ཏུ་ངེས་པ་སྟེ།


DTG136_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ཡུལ་ནི་བྱེ་བྲག་ཅན་ཉིད་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ལ་འདུན་པ་ནི་བསམས་པའི་དངོས་པོ་ལ་འདོད་པ་སྟེ། མ་བསམས་པ་ལ་འདུན་པ་མེད་པའི་ཕྱིར་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །བལྟ་བ་དང་མཉན་པར་བྱ་བ་ལ་སོགས་པའི་ཡུལ་བསམས་པའི་དངོས་པོ་གང་ཡིན་པ་དེ་ནི་བསམས་པའོ། །དེ་ལ་མཐོང་བ་དང་ཐོས་བ་ལ་སོགས་པར་སྨོན་པ་ནི་འདུན་པ་སྟེ། ད་ནི་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །མོས་པ་ནི་ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ། །ངེས་པར་སྨོས་པ་ནི་ངེས་པ་མ་ཡིན་པ་དགག་པའི་ཕྱིར་ཏེ། རིགས་པའམ་ཡིད་ཆེས་པའི་ལུང་གི་དངོས་པོ་ལ་ཐེ་ཚོམ་མེད་པ་གང་ཡིན་པ་དེ་ངེས་པ་སྟེ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་གང་གིས་རྣམ་པར་ངེས་པའི་རྣམ་པ་དེ་ཉིད་ཀྱིས་དངོས་པོ་དེ་ལ་སེམས་འཇོག་པ་སྟེ། འདི་ནི་དེ་བཞིན་ཉིད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ། །དེ་ནི་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ། མོས་པ་གཅེས་སུ་བྱེད་པ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ལས་འཕྲོག་པར་མི་ནུས་སོ། །དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །འདྲིས་པའི་དངོས་པོ་ནི་སྔོན་གྱི་མྱོང་བའོ། །མ་བརྗེད་པ་ནི་དམིགས་པ་ལ་འཛིན་པ་ཆུད་མི་ཟ་བར་བྱེད་པའི་རྒྱུའོ། །སྔོན་བཟུང་བའི་དངོས་པོ་ལ་དམིགས་པའི་རྣམ་པ་ཡང་དང་ཡང་དྲན་བ་ནི་མངོན་པར་བརྗོད་པ་སྟེ་མངོན་པར་བརྗོད་པ་ཁོ་ན་མངོན་པར་བརྗོད་པ་ཉིད་དོ། །དེ་ནི་རྣམ་པར་མི་གཡེང་བའི་ལས་ཅན་ཏེ། དམིགས་པ་མངོན་པར་བརྗོད་པ་ཡོད་ན་དམིགས་པ་གཞན་ནམ། རྣམ་པ་གཞན་ལ་སེམས་རྣམ་པར་གཡེང་བ་མེད་པས་རྣམ་པར་གཡེང་བ་མེད་པའི་ལས་ཅན་ནོ། །ཏིང་ངེ་འཛིན་ནི་བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །བརྟག་པའི་དངོས་པོ་ནི་ཡོན་ཏན་དུའམ། ངེས་པར་བརྟག་པར་བྱའོ། །རྩེ་གཅིག་པ་ཉིད་ནི་དམིགས་པ་གཅིག་པ་ཉིད་དོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །བློ་ནི་ཤེས་རབ་བོ། །དེ་ཡང་བརྟག་པའི་


DTG136_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཉིད་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང༌། རིགས་པ་མ་ཡིན་པས་བསྐྱེད་པ་དང༌། གཞན་པའོ། །རྣམ་པར་འབྱེད་པར་བྱེད་པས་རབ་ཏུ་རྣམ་པར་འབྱེད་པ་སྟེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ལ་ཡང་དག་པའམ་ལོག་པར་སོ་སོར་རྟོགས་པའོ། །རིགས་པ་ནི་གཤའ་བ་སྟེ། དེ་ཡང་ཡིད་ཆེས་པའི་ལུང་དང༌། རྗེས་སུ་དཔག་པ་དང་མངོན་སུམ་མོ། །རིགས་པ་རྣམ་པ་དེ་གསུམ་གྱིས་བསྐྱེད་པ་གང་ཡིན་པ་དེ་ནི་རིགས་པས་བསྐྱེད་པའོ། །དེ་ཡང་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་སྟེ། དེ་ལ་ཡིད་ཆེས་པའི་གསུང་རབ་ཚད་མ་ཉིད་ཀྱིས་རྟོགས་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བའོ། །རིགས་པ་ངེས་པར་སེམས་པ་ལས་སྐྱེས་པ་ནི་བསམས་པ་ལས་བྱུང་བའོ། །ཏིང་ངེ་འཛིན་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའོ། །རིགས་པ་མ་ཡིན་པ་ནི་ཡིད་ཆེས་པ་མ་ཡིན་པའི་ལུང་དང༌། རྗེས་སུ་དཔག་པར་སྣང་བ་དང༌། ལོག་པར་བསམས་པའི་ཏིང་ངེ་འཛིན་ཏེ། རིགས་བ་མ་ཡིན་པ་དེས་བསྐྱེད་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པའོ། །སྐྱེ་བ་ཐོབ་པ་དང་འཇིག་རྟེན་པའི་ཐ་སྙད་ཤེས་པ་ནི་རིགས་པས་བསྐྱེད་པའང་མ་ཡིན། མི་རིགས་པས་བསྐྱེད་པའང་མ་ཡིན་ནོ། །འདི་ནི་སོམ་ཉི་ཟློག་པའི་ལས་ཅན་ཏེ། སོམ་ཉི་ཟློག་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ནས་ངེས་པ་འཐོབ་པའི་ཕྱིར་རོ། །ཆོས་ལྔ་པོ་དེ་དག་ནི་ཕན་ཚུན་ཐ་དད་དུ་གྱུར་ནས་འབྱུང་བའོ། །དེ་ལྟར་ན་གང་དུ་མོས་པ་དེར་གཞན་དག་གདོན་མི་ཟ་བར་མི་འབྱུང་སྟེ། ཐམས་ཅད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བྱེ་བྲག་ཏུ་ངེས་པ་རྣམས་བཤད་ཟིན་ཏོ།། །།ད་ནི་དེའི་འོག་ཏུ་བསྟན་པ་དགེ་བ་དག་བརྗོད་དགོས་པས་དེའི་ཕྱིར། དད་དང་ངོ་ཚ་ཁྲེལ་ཡོད་དང༌། །མ་ཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྦྱངས་དང་བག་ཡོད་བཅས། །རྣམ་མི་འཚེ་དགེ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཆོས་བཅུ་གཅིག་གོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་དད་པ་ནི་ལས་དང༌། འབྲས་བུ་དང་ལྡན་པ་དང༌། དཀོན་མཆོག་ཡོད་པ་དང༌། ཡོན་ཏན་ཅན་དང་ནུས་པ་དག་ལ་མངོན་པར་ཡིད་ཆེས་པ་དང༌། སེམས་དང་


DTG136_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འདོད་པའོ། །དད་པ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ། ཡོན་ཏན་ཅན་མ་ཡིན་པ་ལ་ཡིད་ཆེས་པའི་རྣམ་པ་དང༌། ཡོད་པ་ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང༌། ཡོད་པ་ཡོན་ཏན་ཐོབ་བར་བྱེད་དམ་སྐྱེས་པ་ནུས་པ་ལ་འདོད་པའི་རྣམ་པའོ། །སེམས་དང་བ་ཞེས་བྱ་བ་ལ། དད་པ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པས་དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་དྲི་མའི་རྙོག་པ་མེད་པས་སེམས་དང་བ་ལ་བརྟེན་ཏེ་དང་བར་འགྱུར་བས་ངང་བ་ཞེས་བྱའོ། །དེ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ངོ་ཚ་ཤེས་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ། །དམ་པ་རྣམས་ཀྱིས་སྨད་པ་དང༌། རྣམ་པར་སྨིན་པ་མི་འདོད་པ་ཡིན་པས། སྡིག་པ་ཉིད་ཁ་ན་མ་ཐོ་བ་སྟེ། བྱས་ཀྱང་རུང་མ་བྱས་ཀྱང་རུང༌། ཁ་ན་མ་ཐོ་བ་དེས། སེམས་བག་འཁུམས་པའི་འཛེམ་པ་གང་ཡིན་པ་དེ་ནི་ངོ་ཚ་ཤེས་པའོ། །འདི་ནི་ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ། །འཇིག་རྟེན་ན་འདི་ནི་སྨད་པ་སྟེ། བདག་ལ་ལས་འདི་ལྟ་བུ་རིག་ན་སྨོད་པར་འགྱུར་རོ་ཞེས་ཚིགས་སུ་བཅད་པ་མ་ཡིན་པ་ལ་སོགས་བའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། འདི་ཡང་ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །མ་ཆགས་པ་ནི་ཆགས་པའི་གཉེན་པོའོ། །ཆགས་པ་ཞེས་བྱ་བ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཀུན་ཏུ་ཆགས་པ་དང་སྨོན་པ་གང་ཡིན་པའོ། །དེའི་གཉེན་པོ་ནི་མ་ཆགས་པ་སྟེ། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་མ་ཆགས་པ་དང་མི་ཕྱོགས་པའོ། །འདི་ནི་ཉེས་བར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་སྟེ། ཞེ་སྡང་ནི་སེམས་ཅན་རྣམས་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་ཡིན་པས་སེམས་ཅན་རྣམས་དང༌། སྡུག་བསྔལ་


DTG136_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་མེད་པའོ། །འདི་ཡང་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཏི་མུག་མེད་པ་ནི་གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྟོགས་པའོ། །གཏི་མུག་ནི་ལས་དང་འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་རྣམས་མི་ཤེས་པའོ། །གཏི་མུག་གི་གཉེན་པོ་ཡིན་པས་གཏི་མུག་མེད་པ་ནི་ལས་དང་འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་དེ་དག་ཡང་དག་པར་རྟོགས་པ་སྟེ། འདི་ཡང་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བ་ཡིན་གྱི། ཉོན་མོངས་པ་ཅན་ལ་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་ལེ་ལོ་ཡིན་པས་ལེ་ལོ་ཉིད་དོ། །འདི་ནི་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་བ་དང༌། ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །ཤིན་ཏུ་སྦྱངས་པ་ནི་གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །གནས་ངན་ལེན་གྱི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་རྣམས་ཏེ། དེ་མེད་ན་ཤིན་ཏུ་སྦྱངས་པ་ཡོད་བའི་ཕྱིར་རོ། །དེ་ལ་ལུས་ལས་སུ་རུང་བ་ནི་ལུས་རང་གི་དགོས་པ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བའོ། །སེམས་ལས་སུ་རུང་བ་ནི་ཡང་དག་པ་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང༌། ཡང་བའི་རྒྱུ་སེམས་ལས་བྱུང་བ་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་སེམས་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ། །ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །འདི་ནི་དེའི་དབང་གིས་གནས་གྱུར་པས་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སེལ་བའི་ལས་ཅན་ནོ། །བག་ཡོད་བཅས་ནི་བག་ཡོད་པ་དང་བཅས་པས་བག་ཡོད་བཅས་པ་སྟེ། དེ་ཡང་གང་ཞེ་ན། བཏང་སྙོམས་སོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་ཏུ་དགེ་བ་དང་འདིར་དགེ་བ་ཐམས་ཅད་བཤད་པའི་


DTG136_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡིན་པ་དང༌། དད་པ་ལ་སོགས་པ་བཞིན་དུ་མངོན་དུ་མ་སྨོས་པ་དང༌། དགེ་བ་ལྷག་པ་གཞན་མེད་པའི་ཕྱིར། བཏང་སྙོམས་ཉིད་ལ་བྱ་བར་མངོན་ནོ། །དེ་ལ་བག་ཡོད་པ་ནི་བག་མེད་པའི་གཉེན་པོའོ། །མ་ཆགས་བ་ནས་བརྩོན་འགྲུས་ཀྱི་བར་ནི་བག་ཡོད་པ་སྟེ། གང་མ་ཆགས་པ་ལ་སོགས་པ་ལ་གནས་ནས་མི་དགེ་བའི་ཆོས་རྣམས་སྤོད་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་སྒོམ་པ་མ་ཆགས་པ་ལ་སོགས་པ་དེ་དག་ནི་བག་ཡོད་པའོ། །དེ་བས་ན་བག་མེད་པའི་གཉེན་པོ་ཉིད་དེ། བག་མེད་པ་ནི་འདི་ལས་ཟློག་པའི་ཕྱིར་རོ། །དེ་ནི་འཇིག་རྟེན་བ་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཅན་ནོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འཇུག་པ་ཉིད་དང༌། སེམས་ལྷུན་གྱིས་གྲུབ་པ་ཉིད་དེ། ཚིག་འདི་གསུམ་གྱིས་བཏང་སྙོམས་ཀྱི་ཐོག་མ་དང༌། བར་དང༌། ཐ་མའི་དུས་བསྟན་ཏོ། །འདི་ལ་བྱིང་བ་དང༌། རྒོད་པ་ནི་སེམས་མི་མཉམ་བ་སྟེ། དེ་མེད་པས་ཐོག་མར་སེམས་མཉམ་པ་ཉིད་དོ། །དེའི་འོག་ཏུ་མངོན་པར་འདུ་བྱ་བ་མེད་ཅིང་བསྒྲིམ་མི་དགོས་པར་མཉམ་པར་གཞག་པའི་སེམས་ཅི་རིགས་པར་མཉམ་བ་ཉིད་དུ་འཇུག་བ་ནི་རྣལ་དུ་འདུག་པ་ཉིད་དོ། །དེའི་དུས་ན་བསྒོམས་ནས་རིང་པོར་མ་ལོན་པའི་ཕྱིར་བྱིང་བ་དང་རྒོད་པ་འབྱུང་བར་དོགས་པ་དང་ལྡན་ནོ། །དེའི་འོག་ཏུ་བསྒོམ་བ་ཁྱད་ཞུགས་པར་གྱུར་པས་དེའི་མི་མཐུན་པའི་ཕྱོགས་ཐག་རིང་དུ་གྱུར་བའི་ཕྱིར་དགོས་པ་མེད་དེ། བྱིད་བ་དང་རྒོད་པ་ནི་གཉེན་པོའི་རྒྱུ་རྣམས་ལ་རྩོལ་བ་མི་བྱེད་པར་ལྷུན་གྱིས་གྲུབ་པའི་དུས་ན་སེམས་ལྷུན་གྱིས་གྲུབ་བ་ཉིད་དེ། འདི་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ། གསོད་པ་དང་འཆིང་བ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་ཐོ་མི་འཚམས་བས་མི་འཚེ་བ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་བ། །བསོད་ཉམས་སེལ་བས་སྙིང་རྗེ་བའོ། །བསོད་ཉམས་ཞེས་བྱ་བ་ནི་བདེ་བ་སྟེ། བདེ་བ་སེལ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་རྗེ་ཅན་ནི་ཕ་རོལ་སྡུག་


DTG136_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ན་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །འདི་ནི་རྣམ་པར་ཐོ་མི་འཚམས་པའི་ལས་ཅན་ནོ། །དགེ་བ་བཅུ་གཅིག་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཉོན་མོངས་པ་རྣམས་བསྟན་པས་དེའི་ཕྱིར་དེ་དག་གི་དབང་དུ་བྱས་ཏེ། ཉོན་མོངས་ནི། འདོད་ཆགས་ཁོང་ཁྲོ་གཏི་མུག་དང༌། །ང་རྒྱལ་ལྟ་བ་ཐེ་ཚོམ་མོ། །ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་ཁོང་ཁྲོ་བ་དང་གཏི་མུག་ནི་འདོད་ཆགས་ཁོང་ཁྲོ་གཏི་མུག་གོ །དེ་ལ་འདོད་ཆགས་ནི་སྲིད་པ་དང་ལོངས་སྤྱོད་ལ་ལྷག་པར་ཆགས་པ་དང་སྨོན་པ་སྟེ། དེ་ནི་སྡུག་བསྔལ་ཀུན་བསྐྱེད་པའི་ལས་ཅན་ནོ། །སྡུག་བསྔལ་ནི་འདིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དེ་དག་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲིད་པའི་དབང་གིས་མངོན་པར་འགྲུབ་པས་དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི་སྡུག་བསྔལ་ཀུན་སྐྱེད་པར་བཤད་དོ། །ཁོང་ཁྲོ་བ་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། སེམས་ཅན་རྣམས་ལ་སེམས་རྩུབ་པའོ། །དེས་ནོན་ན་སེམས་ཅན་རྣམས་ལ་གསོད་པ་དང་འཆིང་བ་ལ་སོགས་པའི་གནོད་པ་བྱ་བར་སེམས་སོ། །དེ་ནི་རེག་པར་མི་གནས་པ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རེག་པ་ནི་བདེ་བ་སྟེ། དེ་དང་ལྷན་ཅིག་གནས་པ་ནི་རེག་པར་གནས་པའོ། །རེག་པ་དང་གནས་མ་ཡིན་པ་ནི་རེག་པར་མི་གནས་པ་སྟེ། སྡུག་བསྔལ་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་ཀུན་དུ་འབྱུང་བའི་ཕྱིར་སེམས་ལ་གདུང་བར་འགྱུར་རོ། །སེམས་ཀྱི་རྗེས་སུ་འགྱུར་བས་ལུས་ལ་ཡང་གདུང་བར་ཡང་འགྱུར་བ་ཉིད་དེའི་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་བ་དང་བཅས་པར་གནས་པར་འགྱུར་རོ། །ཞེ་འགྲས་པའི་སེམས་དང་ལྡན་པ་ནི་ཉེས་བར་སྤྱོད་པ་གང་དང་ཡང་རིགས་པ་མ་ཡིན་པས་ཁོང་ཁྲོ་བ་ནི་རེག་པར་མི་གནས་པ་དང༌། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་དུ་བཤད་དོ། །གཏི་མུག་ནི་ངན་སོང་རྣམས་དང་བདེ་འགྲོ་དང་མྱ་ངན་ལས་འདས་པ་དང་དེ་ཐོབ་པར་བྱེད་པའི་རྒྱུ་དང་དེ་དག་གི་རྒྱུ་དང་འབྲས་བུར་འབྲེལ་པ་ཕྱིན་ཅི་མ་ལོག་པ་ལ་གང་མི་ཤེས་པའོ། །འདི་ནི་ཀུན་ནས་ཉོན་མོངས་པ་འབྱུང་


DTG136_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ལ་ཉོན་མོངས་པ་སྟེ་ལས་དང༌། སྐྱེ་བའི་བདག་ཉིད་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ། །དེ་འབྱུང་བ་ནི་ཀུན་ནས་ཉོན་མོངས་པའི་སྔ་མ་སྔ་མ་རྒྱུར་གྱུར་པ་ལས་ཀུན་ནས་ཉོན་མོངས་པ་ཕྱི་མ་ཕྱི་མའི་བདག་ཉིད་རྙེད་པའོ། །འབྱུང་བའི་རྟེན་བྱེད་པ་ནི་རྨོངས་པར་གྱུར་ལ་ལོག་པར་ཤེས་པ་དང་ཐེ་ཚོམ་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལས་ཡང་སྲིད་པའི་ལས་དང་སྐྱེ་བ་རྣམས་འབྱུང་གི་རྨོངས་པར་མ་གྱུར་ན་ནི་མ་ཡིན་ནོ། །ང་རྒྱལ་ནི་ང་རྒྱལ་ཞེས་བྱ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འབྱུང་བའོ། །དེ་ནི་སེམས་ཁེངས་པའི་མཚན་ཉིད་དེ། འདི་ལྟར་ཕུང་པོ་རྣམས་ལ་བདག་གམ་བདག་གི་དངོས་པོར་སྒྲོ་བཏགས་ནས། འདི་ནི་བདག་གོ །འདི་ནི་བདག་གིའོ་ཞེས་དེ་དང་དེའི་ཁྱད་པར་གྱིས་བདག་ཁེངས་ཤིང་གཞན་དག་ལས་ལྷག་པར་རློམ་སེམས་པའོ། །དེ་ནི་མི་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མི་གུས་པ་ནི་བླ་མ་རྣམས་དང༌། གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་ལུས་དང་ངག་གི་སྲི་ཞུ་མེད་པའོ། །སྡུག་བསྔལ་འབྱུང་བ་ནི་འདིར་ཡང་སྲིད་པ་འབྱུང་བའོ། །དེ་ནི་སེམས་ངེས་པའི་རང་གི་ངོ་བོར་བྱེ་བྲག་མེད་ཀྱང་སེམས་ཁེངས་པའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་ཐ་དད་དེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བབས་ཀྱང་རིགས་དང་ཤེས་རྒྱ་དང་ནོར་རྣམས་ཀྱིས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའམ། རིགས་ལ་སོགས་པས་མཚུངས་པ་ཉིད་ལ་བདག་དང་མཚུངས་སོ་སྙམ་དུ་སེམས་ཁེངས་བ་གང་ཡིན་པ་དེ་ནི་ང་རྒྱལ་ལོ། །ཆེ་བའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པ་མཚུངས་བ་བས་གཏོང་བ་དང་ཚུལ་ཁྲིམས་དང་ཉམས་རྩལ་ལ་སོགས་པས་བདག་ཆེའོ་སྙམ་པའམ། རིགས་དང་ནོར་དང་རིགས་པ་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་མཚུངས་སོ་སྙམ་པ་སྟེ། འདི་ནི་ཆེ་བའི་ང་རྒྱལ་ལོ། །རིགས་དང་ཤེས་རྒྱ་དང་ནོར་རྣམས་ཀྱི་ཆེ་བ་བས་ཀྱང་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་འདི་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ངའོ་


DTG136_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་དང་བདག་གི་མེད་པ་རྣམས་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །མངོན་པའི་ང་རྒྱལ་ནི་གོང་མའི་ཁྱད་པར་ཐོབ་པར་བྱ་བར་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་མངོན་པའི་ང་རྒྱལ་ལོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་དང་རིགས་པ་ལ་སོགས་པས་ཁྱེད་ཆེ་བར་འཕགས་པ་བས་རིགས་དང་རིགས་པ་ལ་སོགས་པས་ཅུང་ཟད་ཅིག་གིས་བདག་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ལོག་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་ནི་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་དག་སུ་ལ་ཡོད་པ་དེ་ཡོན་ཏན་མ་ཡིན་པ་དང་ལྡན་པའོ། །དེ་བས་ན་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་དེས་སྦྱིན་བ་དང་ཚུལ་ཁྲིམས་ལ་སོགས་པ་མེད་བར་ཡོན་ཏན་དེ་དང་ལྡན་པ་ཉིད་དུ་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་བས་ན་ལོག་པའི་ང་རྒྱལ་ཞེས་བྱའོ། །ལྟ་བ་ཞེས་བྱ་བ་ནི་སྤྱིར་བཤད་དུ་ཟིན་ཀྱང་ཉོན་མོངས་པར་གཏོགས་པས་ཉོན་མོངས་པའི་བདག་ཉིད་ལྔ་ཁོ་ན་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་དང་སྦྱར་གྱི་འཇིག་རྟེན་གྱི་ཡང་དག་པར་ལྟ་བ་དང༌། ཟག་པ་མེད་བའི་ལྟ་བ་ནི་མ་ཡིན་ནོ། །དེ་དག་ནི་ཉོན་མོངས་པ་ཅན་དང༌། རྟོག་པའི་ཚུལ་དུ་བྱེ་བྲག་མེད་ཀྱང་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་ཕན་ཚུན་ཐ་དད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་གང་བདག་དང་བདག་གིར་ལྟ་བའོ། །མཐར་འཛིན་པར་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ་བདག་ཏུ་བཟུང་བ་དེ་དག་ཉིད་ལ་གང་ཆད་པའམ། རྟག་པར་ལྟ་བའོ། །ལོག་པར་ལྟ་བ་ནི་ལྟ་བ་གང་གི་རྒྱུའམ་འབྲས་བུའམ། བྱེད་པ་ལ་སྐུར་པ་འདེབས་པའམ། དངོས་པོ་ཡོད་པ་འཇིག་པར་བྱེད་པ་སྟེ། འདི་ནི་ལྟ་བ་ཐམས་ཅད་ཀྱི་ནང་ན་སྡིག་པ་ཡིན་པས་ལོག་པར་ལྟ་བ་ཞེས་བྱའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་


DTG136_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མཆོག་དང་ཁྱད་པར་དུ་འཕགས་པ་དང་གཙོ་བོ་དང་དམ་པར་ལྟ་བ་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་དག་པ་དང་གྲོལ་བ་དང་ངེས་པར་འབྱིན་པར་ལྟ་བའོ། །ཐེ་ཚོམ་ནི་ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བ་སྟེ། ཡོད་དམ་མེད་སྙམ་དུ་བློ་སྣ་ཚོགས་བྱེད་པ་ནི་ཡིད་གཉིས་སོ། །འདི་ནི་ཤེས་རབ་ལས་རང་བཞིན་གཞན་ཉིད་དོ། །ཉོན་མོངས་པ་དྲུག་བཤད་ཟིན་ཏོ།། །།ཁམ་པོ་གཉིས་པ་སྟེ་ཐ་མའོ། །དེའི་འོག་ཏུ་བསྟན་པ་ཉེ་བའི་ཉོན་མོངས་པ་རྣམས་བཤད་པའི་ཕྱིར། ཁྲོ་དང་ཁོན་དུ་འཛིན་པ་དང༌། །འཆབ་དང་འཚིག་དང་ཕྲག་དོག་དང༌། །སེར་སྣ་དང་ནི་སྒྱུར་བཅས་དང༌། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་དང་རྒོད་པ་དང༌། །མ་དད་པ་དང་ལེ་ལོ་དང༌། །བག་མེད་པ་དང་བརྗེད་ངས་དང༌། །རྣམ་གཡེངས་ཤེས་བཞིན་མ་ཡིན་དང༌། །འགྱོད་དང་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པ་དང༌། །ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས། །ཞེས་བྱ་བ་སྨོས་སོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་གནས་ཏེ། སེམས་ཀྱི་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །འདི་ཡང་ཀུན་ནས་མནར་སེམས་ཀྱི་རང་བཞིན་ཡིན་བས་ཁོང་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི་འདི་ནི་ཁོང་ཁྲོ་བའི་དུས་སྐབས་ཀྱི་བྱེ་བྲག་ལ་བཏགས་པའི་ཕྱིར་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། འཕྲལ་དུ་གནོད་པར་བྱེད་པ་ལ་གནས་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་ཀྱི་ཀུན་ནས་མནར་སེམས་པ་སྟེ། ཆད་པས་གཅོད་པ་ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་གང་ཡིན་པ་དེ་ཁྲོ་བ་ཞེས་གདགས་སོ། །ཁོན་དུ་འཛིན་པ་ནི་མདུད་པར་འཛིན་པ་སྟེ། ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་བྱས་སོ་ཞེས་མདུད་པར་འཛིན་བའི་བདག་ཉིད་ཤར་གཉེར་བ་དེ་མི་གཏོང་བར་རྒྱུན་དུ་འབྱུང་བ་ནི་ཁོན་དུ་འཛིན་པའོ། །འདི་ནི་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །མི་བཟོད་པ་ནི་གནོད་པ་བྱེད་བ་ལ་ཇི་མི་སྙམ་པར་མི་བྱེད་ཀྱི་ལན་དུ་གནོད་པ་བྱེད་འདོད་ཅེས་བྱ་བའི་ཐ་ཚིག་སྟེ། འདི་ཡང་ཁྲོ་བ་བཞིན་དུ་ཞེ་


DTG136_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་གི་དུས་སྐབས་ཀྱི་བྱེ་བྲག་ལ་གདགས་པ་ཡིན་པས་དེའི་ཕྱིར་བཏགས་པའི་ཡོད་པར་རིག་པར་བྱའོ། །འཆབ་པ་ནི་བདག་གི་ཁ་ན་མ་ཐོ་བ་མཁྱུད་པ་སྟེ། འདུན་པ་དང་ཞེ་སྡང་དང་འཇིགས་པ་ལ་སོགས་པ་བསྩལ་ཏེ། དེ་ལ་ཕན་པར་འདོད་བའི་གླེང་བར་བྱེད་པས་དུས་སུ་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་བསྟན་ན་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་མཁྱུད་པ་ནི་འཆབ་པའོ། །འཆབ་པ་ནི་གཏི་མུག་གི་ཆར་གཏོགས་པ་ཉིད་དེ། མཁྱུད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །འདི་ནི་འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་ནི་ཆོས་ཉིད་ཡིན་ཏེ། དེ་ཁ་ན་མ་ཐོ་བ་མཁྱུད་པ་ན་འགྱོད་པར་འགྱུར་རོ། །འགྱོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་འགྱུར་བས་རེག་པར་མི་གནས་སོ། །འཚིག་པ་ནི་ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ། །འཚིག་བརླང་པོ་ནི་མཚང་འདྲུ་བའི་ཚུལ་གྱིས་ཞེ་གཅོད་པ་དང༌། ཚིག་རྩུབ་པའོ། །ཞེར་འདེབས་པར་བྱེད་པའི་དང་ཚུལ་ནི་ཞེར་འདེབས་པ་སྟེ། དེའི་དངོས་པོ་ནི་ཞེར་འདེབས་པ་ཉིད་དོ། །ཚིག་བརླང་པོས་ཟ་བ་དང་འདྲ་བར་ཞེར་འདེབས་པས་ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ། །འདི་ཡང་ཁྲོ་བ་དང་ཁོ་ན་དུ་འཛིན་པ་སྔོན་དུ་འགྲོ་བ་སེམས་ཀྱི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་དོ། །རྫས་སུ་ཡོད་པ་མ་ཡིན་ནོ། །འདི་ནི་ངག་གི་ཉེས་པར་སྤྱོད་པ་སྐྱེད་པའི་ལས་ཅན་དང༌། རེག་པར་མི་གནས་པའི་ལས་ཅན་ཏེ། དེ་དག་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་བལ་སེམས་ཁོང་ནས་འཁྲུག་པ་སྟེ། འཐོབ་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་གྱི་རྙེད་པ་དང༌། བཀུར་སྟི་དང༌། རིགས་དང༌། ཚུལ་ཁྲིམས་དང༌། ཐོས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་བར་མཐོང་ནས་ཞེ་སྡང་གི་ཆར་གཏོགས་པ་མི་བཟོད་པར་བྱ་བའི་སེམས་ཁོང་ནས་འཁྲུག་པ་ནི་ཕྲག་དོག་གོ །རང་གི་གནས་ལ་ཁྱབ་པར་འཁྲུག་པས་ཁོང་ནས་འཁྲུག་པ་སྟེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་དང༌། དེ་སྔོན་དུ་འགྲོ་བའི་ཕྱིར་རེག་པར་མི་གནས་པ་སྟེ། ཡིད་མི་བདེ་བ་དང་རེག་པར་མི་གནས་པའི་ལས་


DTG136_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་བྱའོ། །སེར་སྣ་ནི་སྦྱིན་པ་དང་མི་མཐུན་པ་སེམས་ཀྱི་ཀུན་དུ་འཛིན་པའོ། །ཟིན་པའི་དངོས་པོ་ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་རྣམས་གང་གིས་མཆོད་བ་དང་ཕན་གདགས་པར་འདོད་པས་འདོད་པའམ། མི་འདོད་པ་ལའང་རུང་སྟེ། སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ། །དེ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་འཚོ་བའི་ཡོ་བྱད་རྣམས་ལ་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་ཀྱི་ཀུན་དུ་འཛིན་པ་དང་ཡོངས་སུ་མི་གཏོང་བའི། འདོད་པ་ནི་སེར་སྣའོ། །དེ་ནི་ཡོ་བྱད་མ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཡོ་བྱད་མ་བསྙུངས་པ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སྩོགས་པར་རིག་པར་བྱའོ། །སྒྱུ་ནི་གཞན་ལ་བསླུ་བའི་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་སྟེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་ལ་བསླུ་བའི་བསམ་པས་ཚུལ་ཁྲིམས་ལ་སོགས་པའི་དོན་གཞན་དུ་གནས་ལ་གཞན་དུ་སྟོན་པ་སྟེ། འདི་ནི་འདོད་ཆགས་དང་གཏི་མུག་འདུས་པས་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྟོན་པས་ན་དེ་གཉིས་འདུས་པ་ལ་གདགས་ཏེ། ཁྲོ་བ་ལ་སོགས་པ་བཞིན་དུ་གདགས་པ་ཉིད་ཡིན་གྱི་རྫས་སུ་ནི་མེད་དེ། ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ། །གཡོ་ནི་རང་གི་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ། སེམས་གྱ་གྱུ་བའོ། །རང་གི་ཉེས་པ་བཅབ་པའི་ཐབས་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེ་ཡང་གཞན་ནས་གཞན་དུ་བསྒྱུར་བ་དང༌། གཏམ་རླུང་ལ་སྐུར་བ་དང༌། གསལ་བར་མི་བྱེད་པའོ། །དེའི་ཕྱིར་གཡོ་དང་འཆབ་པ་གཉིས་ཐ་དད་དེ། དེ་ནི་གསལ་པོར་མཁྱུད་ཀྱི་ཟུར་གྱིས་ནི་མ་ཡིན་ནོ། །དེ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་དེ་གཉིས་ཀྱིས་བདག་གི་ཉེས་པ་བཅབ་པའི་ཕྱིར་གཞན་མགོ་རྨོངས་པར་བྱེད་པས་དེ་གཉིས་འདུས་པ་ལས་དེ་གདགས་སོ། །འདི་ནི་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །ཡང་དག་པའི་གདམས་ངག་ནི་གང་རྙེད་ན་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེའི་བར་


DTG136_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱེད་པའོ། །རྒྱགས་པ་ནི་བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བ་སྟེ། སེམས་ཡོངས་སུ་འཛིན་པའོ། །རིགས་དང་ནད་མེད་པ་དང་ལང་ཚོ་དང་སྟོབས་དང་གཟུགས་དང༌། ཕྱུག་པ་དང་བློ་དང་ཡིད་གཞུངས་པ་ལ་སོགས་པ་མཆོག་ཏུ་གྱུར་པ་ནི་རང་གི་ཕུན་སུམ་ཚོགས་པའོ། །རབ་ཏུ་དགའ་བ་ནི་དགའ་བའི་བྱེ་བྲག་སྟེ། དགའ་བའི་བྱེ་བྲག་གང་གིས་སེམས་རང་དབང་མེད་པར་བྱེད་བ་དེས་དེ་དག་གི་དབང་དུ་བྱེད་པས་ཡོངས་སུ་འཛིན་པར་འགྱུར་ཏེ། དེའི་ཕྱིར་སེམས་ཡོངས་སུ་འཛིན་པ་ཞེས་བཤད་དོ། །འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་འཚེ་བ་ནི་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པ་སྟེ། བསད་པ་དང་བཅིང་བ་དང་བརྡེག་པ་དང༌། སྡིག་པ་ལ་སོགས་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་འཚེ་བ་ནི་རྣམ་པར་འཚེ་བའོ། །འདིས་བསད་པ་དང་བཅིང་བ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེད་པའི་ཕྱིར་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ། །དེ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་མེད་ཅིང་སེམས་རྩུབ་པའོ། །སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའི་ལས་ཅན་ནི་རྣམ་པར་འཚེ་བ་ཞེས་བྱའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ། །ལས་དེ་དག་གི་ཆ་མ་ཡིན་པར་ཤེས་བཞིན་དུ་ཡང་གང་ཁ་ན་མ་ཐོ་བས་མི་འཛེམ་པ་དེ་ནི་ངོ་ཚ་མེད་པ་སྟེ། ངོ་ཚ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བ་གཞན་ལ་མི་འཛེམ་པ་སྟེ། འཇིག་རྟེན་དང་བསྟན་བཅོས་དང་མི་མཐུན་པའི་འདི་བདག་བྱེད་པར་དེ་ལྟར་ཁོང་དུ་ཆུད་ཀྱང་གང་སྡིག་པ་བྱེད་པ་དེས་མི་འཛེམ་པ་དེ་ནི་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ་ཁྲེལ་མེད་པའོ། །དེ་གཉིས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྣམ་པ་བྱ་བ་ངན་པ་ཐམས་ཅད་འབྱུང་བའི་རྒྱུ་ལ་ཇི་ལྟར་མཐུན་མཐུན་དུ་གདགས་ཏེ། འདོད་ཆགས་དང་ཞེ་སྡང་ནི་ཅིག་ཅར་མི་འབྱུང་


DTG136_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །རང་གི་རྒྱུད་ནི་མེད་དོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བ་སྟེ་སློང་བ་ཉིད་དོ། །སློང་བའི་དངོས་པོ་ནི་སློང་བ་ཉིད་དེ། དེ་དང་ལྡན་ན་སེམས་བླུན་པར་གྱུར་ནས་སློང་བར་གྱུར་ཏེ། དམིགས་པ་རྟོགས་པར་མི་ནུས་པའོ། །འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ཏེ། གཏི་མུག་གི་ཆ་ལ་བཏགས་པས་གཏི་མུག་གི་ཆར་གཏོགས་པ་ཉིད་ཡིན་གྱི་གུད་ན་མེད་དོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །རྣམ་པར་ཞི་བ་ནི་ཞི་གནས་ཏེ། དེ་དང་མི་མཐུན་པ་ནི་རྣམ་པར་མ་ཞི་བའོ། །དེ་ནི་འདོད་ཆགས་དང་མཐུན་པ་སྔོན་དགོད་དགོད་པ་དང་དགའ་དགའ་བ་དང༌། རྩེ་རྩེ་བ་རྗེས་སུ་དྲན་ནས་སེམས་རྣམ་པར་མ་ཞི་བའི་རྒྱུ་སྟེ། ཞིག་ནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །མ་དད་པ་ནི་ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་རྣམས་ལ་མངོན་པར་ཡིད་མ་ཆེས་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ། །དད་པ་ནི་ཡོད་པ་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང༌། དང་པ་དང་འདོད་པ་སྟེ། གོ་རིམས་བཞིན་ནོ། །མ་དད་པ་ནི་དེ་ལས་བཟློག་པ་སྟེ། ཡོད་པ་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་མངོན་པར་ཡིད་མི་ཆེས་པ་དང་མ་དད་པ་དང་མི་འདོད་པ་སྟེ། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །མ་དད་པ་ནི་སྤྱིར་བ་ལ་འདུན་པ་མེད་པའི་ཕྱིར་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཉིད་དོ། །ལོ་ལོ་ནི་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །ཉལ་བ་དང་སྕེས་པ་དང་འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་གང་ཡིན་པའོ། །འདི་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བག་མེད་པ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་གང་ཡིན་པ་དག་གིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ལས་སེམས་མི་སྲུང་བ་དང༌། དེའི་གཉེན་པོར་གྱུར་པ་དགེ་བ་ལ་མི་སྒོམ་པ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་དག་ལ་བག་མེད་པ་གདགས་སོ། །འདི་ནི་མི་དགེ་བ་འཕེལ་བ་དང༌། དགེ་བ་འགྲིབ་


DTG136_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་བྱེད་པའི་ལས་ཅན་ནོ། །བརྗེད་ངས་པ་ནི་དྲན་པ་ཉོན་མོངས་པ་ཅན་ཡིན་ནོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་བའོ། །འདི་ནི་རྣམ་པར་གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་གཡེང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆར་གཏོགས་པ་སེམས་རྣམ་པར་འཕྲོ་བའོ། །འདིས་སེམས་སྣ་ཚོགས་སུ་གཡེང་བར་བྱེད་པས་རྣམ་པར་གཡེང་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་དག་གིས་ཏིང་ངེ་འཛིན་གྱི་དམིགས་པ་ལས་ཕྱི་རོལ་དུ་གཡེང་བར་བྱེད་པ་དེ་དག་ལ་ཇི་ལྟར་མཐུན་མཐུན་དུ་རྣམ་པར་གཡེང་བ་གདགས་སོ། །འདི་ནི་འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་མི་ཤེས་བཞིན་དུ་འཇུག་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །འགྱོད་པ་ནི་ཡིད་ལ་གཅགས་པའོ། །སྨད་པ་བྱས་པས་འགྱོད་དོ། །དེའི་དངོས་པོ་ནི་འགྱོད་པའོ། །འདིར་ནི་ངན་པ་བྱས་པའི་ཡུལ་ལ་སེམས་མི་དགའ་བ་སྟེ། སེམས་ལས་བྱུང་བའི་སྐབས་ཡིན་པས་འགྱོད་པ་ཞེས་བྱའོ། །འདི་ནི་སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །འཇུག་པ་ནི་དམིགས་པ་ལ་འཇུག་པའོ། །དེ་ཡང་སེམས་ཀྱི་རང་དབང་མེད་པ་གང་ལས་བྱུང་བ་དེ་གཉིད་དོ། །ཡང་ན་ལུས་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་རང་དབང་མེད་པ་དེ་གང་ལས་བྱུང་བ་དེ་གཉིད་དོ། །སེམས་སྡུད་པ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་མི་འཇུག་པའོ། །དེ་ནི་གཏི་མུག་གི་ཆ་ལ་གདགས་པས་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྟོག་པ་ནི་ཀུན་དུ་ཚོལ་བའི་ཡིད་ཀྱི་བརྗོད་པ་སྟེ། ཤེས་རབ་དང་སེམས་པའི་བྱེ་བྲག་གོ །ཀུན་དུ་ཚོལ་བ་ནི་འདི་ཅི་ཡིན་ཞེས་རྟོག་པའི་རྣམ་པར་ཞུགས་པའོ། །ཡིད་ལ་བརྗོད་པ་ནི་ཡིད་ཀྱི་བརྗོད་པ་སྟེ། བརྗོད་པ་དང་འདྲ་བའོ། །བརྗོད་པ་ནི་དོན་བརྗོད་པའོ། །སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་སེམས་པ་ནི་གང་སེམས་ཀུན་དུ་གཡོ་


DTG136_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་བདག་ཉིད་ཡིན་ལ། ཤེས་རབ་ནི་ཡོན་ཏན་དང་ཉེས་པ་འབྱེད་པའི་རྣམ་པ་ཡིན་ཏེ། དེའི་དབང་གིས་སེམས་འཇུག་པས་ནི་བར་འགའ་ནི་སེམས་དང་སེམས་ལ་རྟོག་པ་གདགས་སོ། །བར་འགའ་ནི་ཤེས་རབ་དང་སེམས་ལ་གདགས་ཏེ། མངོན་བར་མི་རྟོགས་པ་དང༌། མངོན་པར་རྟོགས་པའི་དུས་དང་གོ་རིམས་བཞིན་ནོ། །ཡང་ན་སེམས་བ་དང་ཤེས་རབ་གཉིས་ཁོ་ན་ལ་རྟོགས་པ་གདགས་ཏེ། དེའི་དབང་གིས་སེམས་དེ་ལྟར་འཇུག་པའི་ཕྱིར་རོ། །དེ་ཉིད་སེམས་རྩིང་བའོ། །རྩིང་བ་ཞེས་བྱ་བ་ནི་ཆེ་ལོང་སྟེ། དངོས་པོ་ཙམ་ཀུན་དུ་ཚོལ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཚུལ་འདི་ནི་དཔྱོད་པ་ལ་ཡང་བ་ལྟ་བར་བྱའོ། །དཔྱོད་པ་ཡང་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གི་བདག་ཉིད་དོ། །སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་ཉིད་དེ་སྔར་ཁོང་དུ་ཆུད་པ་ལ་འདིའོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཞི་བ་ཞེས་བྱའོ། །དེ་གཉིས་ནི་རེག་པར་གནས་པ་དང་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་གཉིས་ནི་རྩིང་བ་དང་ཞིབ་པར་རྣམ་པར་གནས་པས་ཐ་དད་དུ་དབྱེ་བའོ། །གཉིས་རྣམ་གཉིས་ཞེས་བྱ་བ་ནི་གཉིས་གཉིས་པ་གཉིས་ཏེ། དེ་དག་ནི་འགྱོད་པ་དང་གཉིད་གཉིས་དང༌། རྟོག་པ་དང་དཔྱོད་པ་གཉིས་སོ། །ཆོས་དེ་བཞི་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་མི་དགེ་བ་མ་བྱས་ཏེ་དགེ་བ་བྱས་པས་སེམས་མི་དགེ་བ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་ཅན་ནོ། །གང་དགེ་བ་མ་བྱས་ཏེ་མི་དགེ་བ་བྱས་པས་འགྱོད་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །གཉིད་ཀྱང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཕངས་པ་དང༌། ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་ཅན་ནོ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཕངས་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོག་པའི་ཉོན་མོངས་པ་ཅན་ནོ། །མངོན་བར་འབྱུང་བ་ལ་སོགས་པ་ལ་རྟོག་པ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་གནོད་པ་བྱ་བའི་ཐབས་དཔྱོད་པ་ནི་


DTG136_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཅན་ནོ། །གཞན་ལ་ཕན་གདགས་པའི་ཐབས་དཔྱོད་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་འགྱོད་པ་དང་གཉིད་དང་རྟོག་པ་དང་དཔྱོད་པ་ཉོན་མོངས་པ་ཅན་དེ་དག་ཉིད་ཉོན་མོངས་པ་སྟེ། ཅིག་ཤོས་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པ་རྣམ་པ་དྲུག་པོ་དག་ཀུན་དུ་འགྲོ་བ་རྣམས་དང༌། བྱེ་བྲག་ཏུ་ངེས་པ་རྣམས་དང༌། དགེ་བ་རྣམས་དང༌། ཉོན་མོངས་པ་རྣམས་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་ནང་ནས་ཅི་རིགས་པ་དང་མཚུངས་པར་ལྡན་པ་དེ་བཞིན་དུ། ཚོར་བ་གསུམ་སྟེ། བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་སྟེ། ཚོར་བ་རྣམ་པ་གསུམ་དང་མཚུངས་པར་ལྡན་ཏེ། ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་གནས་ཀྱི་གཟུགས་ལ་སོགས་པ་ལས་དེ་འབྱུང་བའི་ཕྱིར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་ཡང་ལྡན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་དུ་འགྲོ་བ་ལྔ་པོ་ཁོ་ན་དང་མཚུངས་པར་ལྡན་ཏེ། གཞན་དག་དང་ནི་མ་ཡིན་ནོ། །དེ་ལ་ཚོར་བ་བཏང་སྙོམས་ཉིད་དེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་དུ་འགྲོ་བ་ལྔ་དང༌། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་ནོ། །དེ་ལ་ཡང་ཚོར་བ་ནི་བཏང་སྙོམས་ཉིད་དེ། བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ནི་འདི་བསམ་པར་བྱ་སྟེ་ཅི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་དག་ཅིག་ཅར་དམིགས་པའི་རྐྱེན་དང་ཕྲད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལས་གཅིག་འབྱུང་གི །གཉིས་དང་མང་པོ་མི་འབྱུང་སྟེ། ཇི་ལྟར་ཁ་ཅིག་སེམས་པ་ཅིག་ཅར་གཉིས་དང་མང་པོ་མ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་མེད་པས་རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་གཅིག་གིས་མང་པོའི་དེ་མ་ཐག་པའི་རྐྱེན་བྱེད་བར་མི་ནུས་སོ་སྙམ་པ་ལྟ་བུའམ། འོན་ཏེ་ངེས་པ་མེད་དེ་གལ་ཏེ་གཅིག་གི་རྐྱེན་དང་ཕྲད་ན་གཅིག་འབྱུང་བར་འགྱུར་ལ། དེ་བཞིན་དུ་གཉིས་དང་མང་པོའི་རྐྱེན་དང་ཕྲད་ན་གཉིས་དང་མང་པོ་ཡང་འབྱུང་བར་འགྱུར་རམ་སྙམ་པ་ལ། དེའི་ཕྱིར་


DTG136_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་བྱུང་བ་ནི། །རྣམ་ཤེས་ལྷན་ཅིག་གམ་མ་ཡིན། །ཆུ་ལས་རླབས་རྣམས་ཇི་བཞིན་ནོ། །ཞེས་བྱ་བ་སྨོས་སོ། །ལྔ་རྣམས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་པར་ཤེས་པ་རྣམས་ཏེ། དེའི་རྗེས་སུ་རྒྱུ་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པ་རྣམས་སོ། །ལྔ་པོ་རྣམས་ཀྱི་ས་བོན་གྱི་གནས་ཡིན་པས་དེ་ལས་བྱུང་བ་དང༌། འགྲོ་བ་རྣམས་སུ་སྐྱེ་བ་ཉེ་བར་ལེན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་བྱའོ། །ཇི་ལྟའི་རྐྱེན་ལས་ཞེས་བྱ་བ་ནི་གང་དང་གང་གི་རྐྱེན་དང་ཕྲད་པ་དེ་དང་དེ་ངེས་པར་འབྱུང་སྟེ། འབྱུང་བ་ནི་བདག་ཐོབ་པའོ། །ལྷན་ཅིག་གམ་མ་ཡིན་ཞེས་བྱ་བ་ནི་ཅིག་ཅར་རམ་རིམ་གྱིས་སོ། །ཆུ་ལ་རླབས་རྣམས་ཇི་བཞིན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པ་ཅིག་ཅར་རམ་ཅིག་ཅར་མ་ཡིན་པར་འགྱུར་བའི་དཔེ་སྟེ། ཇི་སྐད་དུ་བློ་གྲོས་ཡངས་པ་དཔེར་ན་ཆུ་བོའི་ཆུ་རྒྱུན་དུ་འབབ་པ་ལ་གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་གཅིག་འབྱུང་ངོ༌། །གལ་ཏེ་གཉིས་སམ་གསུམ་མམ། རླབས་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རླབས་མང་པོ་འབྱུང་སྟེ། ཆུ་བོའི་ཆུ་རྒྱུན་ཡང་ཆད་པར་མི་འགྱུར་ལ། ཡོངས་སུ་ཟད་པར་ཡང་མི་མངོན་པ་དེ་བཞིན་དུ་བློ་གྲོས་ཡངས་པ་ཆུ་བོ་དེའི་གནས་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་དུ་བརྟེན་ཅིང་རབ་ཏུ་གནས་ནས་གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་གཅིག་པུ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་གཅིག་པུ་འབྱུང་ངོ༌། །གལ་ཏེ་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གཉིས་སམ་གསུམ་མམ་ལྔའི་བར་དུ་འབྱུང་བར་འགྱུར་རོ་ཞེས་གསུངས་བ་ལྟ་བུའོ། །འདི་ལ་ཚིགས་སུ་བཅད་པ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེའོ། །རྣམ་པར་ཤེས་པའི་དམིགས་པའི་རྐྱེན་སོ་སོར་ངེས་པ་བཞིན་དུ་དེ་མ་ཐག་པའི་རྐྱེན་ནི་མི་


DTG136_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དེ། རྣམ་པར་ཤེས་པ་ཐམས་ཅད་འབྱུང་བ་དེ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དེ་མ་ཐག་པའི་རྐྱེན་དུ་ཁས་ལེན་པས། དམིགས་པའི་རྐྱེན་དང་ཕྲད་ན་དེ་མ་ཐག་པའི་རྐྱེན་གཅིག་པུ་དེ་ལས་ཀྱང་རྣམ་པར་ཤེས་པ་གཉིས་སམ་མང་པོ་འབྱུང་སྟེ། འགལ་བར་མི་འགྱུར་རོ། །གང་དེ་མ་ཐག་པའི་རྐྱེན་སོ་སོར་ངེས་པ་མེད་པ་ལ་ལྔ་པོ་རྣམས་ཅིག་ཅར་དམིགས་པའི་རྐྱེན་དང་ཕྲད་ཀྱང་གཅིག་ཁོ་ན་ལ་འབྱུང་བར་འགྱུར་གྱི། ལྔ་ཆར་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཞིག་ཡོད། དེ་ལྟ་བས་ན་དམིགས་པ་ཡོད་ན་ལྔ་ཆར་འབྱུང་བའམ། ཡང་ན་མི་འབྱུང་བར་ཁས་བླངས་དགོས་སོ། །ད་ནི་འདི་བརྗོད་པར་བྱ་སྟེ། ཅི་ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་དང་ལྷན་ཅིག་འབྱུང་ངམ། འོན་ཏེ་དེ་དག་མེད་ཀྱང་འབྱུང་སྙམ་པ་ལ་དེའི་ཕྱིར། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་བར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་བྱ་བ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་པ་དང་དེ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཕྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བ་རྩོམ་སྟེ། འདུ་ཤེས་མེད་པ་དང༌། སྙོམས་པར་འཇུག་པ་རྣམ་པ་གཉིས་དང༌། སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །དེ་ལ་འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གང་འགོག་པའོ། །སྙོམས་པར་འཇུག་པ་རྣམ་པ་གཉིས་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་གང་འགོག་པ་སྟེ། དེ་ནི་འདིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །འདིས་འགོག་པར་འགྱུར་བས་འགོག་པའོ། །དེ་ཡང་ཡིད་


DTG136_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་མི་འབྱུང་བར་འགོག་པ་སྟེ། གནས་ཀྱི་གནས་སྐབས་ཀྱི་བྱེ་བྲག་གོ །སྙོམས་པར་འཇུག་པ་དེ་ཡང་སེམས་ཀྱི་འོག་ཏུ་སེམས་གཞན་འབྱུང་བ་དང༌། མི་མཐུན་པའི་གནས་ཐོབ་པར་བྱེད་པས་སྙོམས་པར་འཇུག་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་བ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པ་གང་འགོག་པ་སྟེ། འདི་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་གནས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་གདགས་སོ། །སེམས་མེད་པའི་གཉིད་ནི་གནས་པ་ཉིད་སྟུག་པོས་ནོན་པའི་ཕྱིར་དུས་དེ་སྲིད་ཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་བས་སེམས་མེད་པ་ཞེས་བྱའོ། །སེམས་མེད་པའི་བརྒྱལ་བ་ནི་གློ་བུར་དུ་སྣང་བ་དང༌། རླུང་དང་མཁྲིས་པ་དང་བད་ཀན་མ་མཉམ་པ་སྟེ། གནས་མ་མཉམ་པས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་མི་མཐུན་པ་གང་ཡིན་པ་དེ་ལ་སེམས་མེད་པའི་བརྒྱལ་བ་ཞེས་ཉེ་བར་འདོགས་སོ། །གནས་སྐབས་ལྔ་པོ་དེ་དག་ལས་མ་གཏོགས་པ་དེ་མ་ཡིན་པའི་དུས་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་རིག་པར་བྱའོ། །དེ་ལྟར་འདུ་ཤེས་མེད་པ་ལ་སོགས་པ་རྣམ་པར་ཤེས་པ་འགགས་ཏེ་མེད་པར་གྱུར་པ་དེ་ཕྱིས་ཅི་ལས་འབྱུང་ན་གང་གི་ཕྱིར་དེ་དག་འཆི་བའི་དུས་བྱེད་པར་མི་འགྱུར་ཞེ་ན། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། དེ་ཡང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་ཅན་ནོ། །རྣམ་པར་ཤེས་པ་གྱུར་པ་གང་ལ་བདག་དང་ཆོས་ཉེ་བར་འདོགས་པ་དེ་རྣམ་པ་གསུམ་དུ་བསྟན་བརྒྱ་ཆེར་རྣམ་པ་གསུམ་དུ་བཤད་ཟིན་ཏོ།། །།ད་ནི་བདག་དང་ཆོས་སུ་ཉེ་བར་འདོགས་པ་འབྱུང་བ་གང་ཡིན་པ་དེ་རྣམ་པར་ཤེས་པ་གྱུར་བ་ཉིད་དེ། རྣམ་པར་ཤེས་པ་གྱུར་བ་ལས་གུད་ན་བདག་དང་ཆོས་མེད་དོ་ཞེས་གང་དམ་བཅས་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་འདི། །རྣམ་རྟོག་ཡིན་ཏེ་དེ་ཡིས་གང༌། །རྣམ་པ་རྟགས་དེ་མེད་དེས་ན་


DTG136_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། །ཐམས་ཅད་རྣམ་པར་རིག་པ་ཙམ། །ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པ་གྱུར་པ་རྣམ་གསུམ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའོ། །སྒྲོ་བཏགས་པའི་དོན་གྱི་རྣམ་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པ་ཞེས་བྱ་སྟེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པ་ལྟ་བུའོ། །རྣམ་པར་རྟོག་པ་རྣམ་པ་གསུམ་པོ་ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་དང༌། འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་མཚུངས་པར་ལྡན་པ་དང་བཅས་པ་དེས་གང་རྣམ་པར་བརྟགས་པ་སྣོད་དང༌། བདག་དང༌། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང༌། གཟུགས་དང་སྒྲ་ལ་སོགས་པའི་དངོས་པོ་དེ་དག་མེད་པས། དེའི་ཕྱིར་རྣམ་པར་ཤེས་པ་གྱུར་པ་རྣམ་པར་རྟོག་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་ཕྱིར་རོ། །དེའི་དམིགས་པ་དེ་མེད་པར་ཇི་ལྟར་ཤེས་ཤེ་ན། གང་གི་རྒྱུ་གང་ཡིན་པ་དེ་ཚོགས་པ་དང་འགལ་བ་ཡང་མེད་ན་དེ་འབྱུང་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ནི་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང༌། རྨི་ལམ་དང་རབ་རིབ་ལ་སོགས་པ་དམིགས་པ་མེད་པ་ལ་ཡང་འབྱུང་ངོ༌། །རྣམ་པར་ཤེས་པ་འབྱུང་བ་གལ་ཏེ་དམིགས་པའི་ཁར་ལས་ན་ནི་དེ་ལྟ་ན་གོ་སྒྱུ་མ་ལ་སོགས་པ་དག་ལ་དོན་མེད་པས་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་རོ། །དེ་བས་ན་སྔ་མ་འགགས་པ་དེ་དང་རིགས་གཅིག་པའི་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་འབྱུང་སྟེ། དེ་མེད་ཀྱང་ཕྱི་རོལ་གྱི་དོན་ལས་ནི་མ་ཡིན་ནོ། །དོན་ཐ་དད་པ་མ་ཡིན་པ་ལས་རྟོག་པར་བྱེད་པ་རྣམས་ཕན་ཚུན་མི་མཐུན་པར་ཤེས་པར་མཐོང་སྟེ། གཅིག་ནི་ཕན་ཚུན་མི་མཐུན་པ་དུ་མའི་བདག་ཉིད་དུ་མི་རུང་ངོ༌། །དེ་བས་ན་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་དམིགས་པ་མེད་པར་ཤེས་པར་བྱའོ།། འདིས་ནི་རེ་ཞིག་སྒྲོ་བཏགས་པའི་མཐའ་སྤངས་ནས། སྐུར་བའི་མཐའ་སྤང་བར་འདོད་པས། དེས་ན་འདི་ཐམས་ཅད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་དེ་བས་ནའོ། །འདི་ལྟར་གྱུར་པའི་བདག་ཉིད་རྣམ་པར་རྟོག་པས་གང་རྣམ་པར་རྟོག་པ་དེ་མེད་དེ། དེ་བས་


DTG136_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡུལ་མེད་པས་ཐམས་ཅད་རྣམ་པར་རིག་པ་ཙམ་མོ། །ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་པ་དང༌། འདུས་མ་བྱས་སོ། །ཙམ་གྱི་སྒྲ་ནི་དེ་ལས་ལྷག་པའི་ཡུལ་གཅད་པའི་ཐ་ཚིག་གོ །པ་ནི་རྩ་བ་བསྐང་བའོ། །གལ་ཏེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཁོ་ན་སྟེ། དེ་ལས་གཞན་བྱེད་པ་པོ་དང༌། བྱེད་པ་མེད་ན་རྩ་བའི་རྣམ་པར་ཤེས་པར་བྱིན་གྱིས་བརླབས་པ་ལས་བྱེད་པ་མེད་པར་རྣམ་པར་རྟོག་པ་རྣམས་ཇི་ལྟར་འབྱུང་སྙམ་པ་ལ། དེའི་ཕྱིར། རྣམ་ཤེས་ས་བོན་ཐམས་ཅད་པ། །ཕན་ཚུན་དག་གི་དབང་གིས་ནི། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། །དེས་ན་རྣམ་རྟོག་དེ་དེ་སྐྱེ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཆོས་ཐམས་ཅད་སྐྱེ་ནུས་པ་དང་ལྡན་པས་ས་བོན་ཐམས་ཅད་པའོ། །རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་མ་ཡིན་པའང་ཡོད་པས་ས་བོན་ཐམས་ཅད་པ་ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པ་མ་ཡིན་པ་ལ་ཡང་ཁ་ཅིག་ས་བོན་ཐམས་ཅད་བར་རྟོག་པས་རྣམ་པར་ཤེས་པ་ཞེས་བྱ་བ་སྨོས་སོ། །ཡང་ན་ཚིག་གཅིག་ལ་འཁྲུལ་པ་ཡོད་པའི་ཕྱིར་བྱེ་བྲག་དང༌། བྱེ་བྲག་གི་གཞི་བསྟན་ཏེ། དེ་ལ་ཉེས་པ་མེད་དོ། །ཕན་ཚུན་དག་གི་དབང་གིས་ན། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། །ཞེས་བྱ་བ་ལ་ཀུན་གཞི་སྔ་མའི་གནས་སྐབས་ལས་གཞན་དུ་འགྱུར་བ་ནི་འགྱུར་བའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དང་དེའི་འོག་མ་སྐྱེད་ནུས་པའི་གནས་སྐབས་འཐོབ་ཅེས་བྱ་བའི་ཐ་ཚིག་གོ །ཕན་ཚུན་དབང་ཞེས་བྱ་བ་ལ། འདི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རང་གི་ནུས་པ་ཡོངས་སུ་གསོ་བའི་ཕྱིར་འཇུག་པའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ནུས་པ་ཁྱད་པར་ཅན་འགྱུར་བའི་རྒྱུའོ། །ཀུན་གཞི་རྣམ་པར་ཤེས་པ་འགྱུར་བ་དེ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུར་འགྱུར་ཏེ། དེ་ལྟར་ཕན་ཚུན་གྱི་དབང་གིས་སོ། །གང་གི་ཕྱིར་གཉི་ག་འབྱུང་བདེའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་གཞན་གྱིས་བྱིན་གྱིས་མ་བརླབས་པ་ལས་རྣམ་པར་རྟོག་པ་རྣམ་པ་དུ་མ་དང་དེ་སྐྱེའོ། །འདི་ནི་ད་ལྟར་གྱི་ཚེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་བ་དེ་བསྟན་ཏོ། །ད་ནི་རྣམ་པར་རིག་པ་ཙམ་ལ་ད་ལྟར་གྱི་ཚེ་


DTG136_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ནས་མ་འོངས་པའི་ཚེ་ཇི་ལྟར་མཚམས་སྦྱར་བ་དེ་བསྟན་པའི་ཕྱིར། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟད་ནས་ཀྱང༌། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་སེམས་པ་ནི་ལས་ཏེ། ལས་དེས་མ་འོངས་པའི་ལུས་མངོན་བར་འགྲུབ་བར་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་སྐྱེད་པའི་གང་ཡིན་པ་དེ་ནི་ལས་ཀྱི་བག་ཆགས་སོ། །འཛིན་པ་གཉིས་ནི་གཟུང་བར་འཛིན་པ་དང༌། འཛིན་པར་འཛིན་པའོ། །དེ་ལ་རྣམ་པར་ཤེས་པ་ལས་གུད་ན་རང་ཡོད་པས་གནས་པའི་གཟུང་བ་ཡོད་པར་ལྷག་པར་ཆགས་པ་ནི་གཟུང་བའི་འཛིན་པའོ། །དེ་ཡང་རྣམ་པར་ཤེས་པས་རྟོགས་ཤིང་རྣམ་པར་ཤེས་ཏེ། འཛིན་པར་ངེས་པ་གང་ཡིན་པ་དེ་འཛིན་པའི་འཛིན་པའོ། །སྔོན་བྱུང་བའི་འཛིན་པ་དང༌། གཟུང་བའི་འཛིན་པས་བརྟགས་པའི་མ་འོངས་པའི་དེའི་རིགས་ཀྱི་གཟུང་བ་དང༌། འཛིན་པའི་འཛིན་པ་འབྱུང་བའི་ས་བོན་ནི་འཛིན་པ་གཉིས་ཀྱི་བག་ཆགས་སོ། །དེ་ལ་ལས་ཀྱི་བག་ཆགས་ཀྱི་བྱེ་བྲག་གིས་འགྲོ་བ་ཐ་དད་པས་ལུས་མི་འདྲ་བར་གྱུར་པ་ནི་ས་བོན་ཐ་དད་པ་མྱུ་གུ་ཐ་དད་པ་བཞིན་ནོ། །འཛིན་པ་གཉིས་ཀྱི་བག་ཆགས་ནི་ལས་ཀྱི་བག་ཆགས་ཐམས་ཅད་ཇི་ལྟར་རང་གིས་འཕངས་པ་ལུས་སྐྱེད་པ་ལ་ཞུགས་པ་རྣམས་ཀྱི་ལྷག་ཅིག་བྱེད་པ་ཉིད་དུ་འགྱུར་ཏེ། དཔེར་ན་ས་བོན་གྱིས་མྱུ་གུ་སྐྱེ་བ་ན་ཆུ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་ལས་ཀྱི་བག་ཆགས་འབའ་ཞིག་མ་ཡིན་གྱི། འཛིན་པ་གཉིས་ཀྱི་བག་ཆགས་ཀྱིས་ཟིན་པས་རྣམ་པར་སྨིན་པ་སྐྱེད་དོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་ཞེས་བྱ་བ་སྨོས་སོ། །སྔ་མའི། རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །ཞེས་བྱ་བ་ནི་ཚེ་སྔ་མ་ལ་བསགས་པའི་ལས་ཀྱིས་འདིར་རྣམ་པར་སྨིན་པ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་ཟད་ཅེས་བྱ་བ་འཕངས་པའི་དུས་ཀྱི་མཐའ་ལ་གནས་པ་ལ་ལས་ཀྱི་བག་ཆགས་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་དེ་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་རྣམ་པར་སྨིན་པ་སྤྱད་ཟིན་པ་ལས་རྣམ་པར་སྨིན་པ་གཞན་ཀུན་གཞི་རྣམ་པར་ཤེས་པ་དེ་


DTG136_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐྱེད་དེ། ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་རྣམ་པར་སྨིན་པ་གཞན་མེད་པའི་ཕྱིར་རོ། །སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་འདིས་ནི་རྟག་པའི་མཐའ་སྤོང་ངོ༌། །རྣམ་པར་སྨིན་པ་གཞན་སྐྱེད་དོ་ཞེས་བྱ་བས་ནི་ཆད་པའི་མཐའ་སྤོང་ངོ༌། །མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། དེ་ཉིད་ས་བོན་ཐམས་ཅད་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། ལུང་དང་རིགས་པས་ཡོད་པར་མངོན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཁོར་བར་འཇུག་པ་དང༌། ལྡོག་པ་ཡང་མི་རུང་ངོ༌། །དེ་ལ་འཁོར་བར་འཇུག་པ་ནི་རིས་མཐུན་པ་གཞན་དག་ཏུ་ཉིང་མཚམས་སྦྱོར་བར་བྱེད་དོ། །ལྡོག་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་མི་རུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་ན་འཇུག་པའང་མེད་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པའམ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་དག་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་བརྟག་གྲང་ན། དེ་ལ་འདུ་བྱེད་གང་ཡིན་པ་དག་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་དུ་མི་འདོད་དེ། དེ་དག་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། །འགགས་པ་ནི་མེད་པའི་ཕྱིར་རོ། །མེད་པ་ནི་རྐྱེན་དུ་མི་རུང་བས་འདུ་བྱེད་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་དུ་མི་རུང་ངོ༌། །ཉིང་མཚམས་སྦྱོར་བའི་ཚེ་ན་མིང་དང་གཟུགས་ཀྱང་ཡོད་དེ། རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ན་དེ་ལ་རྣམ་པར་ཤེས་པ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་འབྱུང་གི །མིང་དང་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། དེ་ལྟ་


DTG136_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཡིན་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གང་ཡིན། གལ་ཏེ་དུས་ཕྱི་མ་པ་གང་ཡིན་པའི་རྐྱེན་ནོ་ཞེ་ན། དེ་ཉིད་མཚམས་སྦྱོར་བའི་མིང་དང་གཟུགས་ལས་རང་བཞིན་བྱེ་བྲག་ཏུ་འགྱུར་བ་ཅི་ཡོད་ན། འདི་ལྟར་དེ་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་འབྱུང་བ་ཡིན་ལ་སྔ་མ་ནི་མ་ཡིན། སྔ་མ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བ་ཡིན་ལ་ཕྱི་མ་ནི་མ་ཡིན། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་འགྱུར་གྱི། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡན་ལག་གཞན་ཀུན་དུ་བརྟགས་པས་ཅི་ཞིག་བྱ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་འབྱུང་བར་མི་རུང་ངོ༌། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་དག་ཀྱང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པའི་བག་ཆགས་དང༌། རྒྱུ་མཐུན་པའི་བག་ཆགས་བདག་ལ་སྐྱེ་མི་ནུས་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །མཇུག་ཐོགས་སུ་འབྱུང་བ་ལ་ཡང་མ་ཡིན་ཏེ། དེའི་ཚེ་དེ་མ་བྱུང་བའི་ཕྱིར་རོ། །མ་བྱུང་བ་ནི་མེད་པའི་ཕྱིར་རོ། །བྱུང་བ་ན་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་སྔར་འགགས་པའི་ཕྱིར་རོ། །སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ནི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་སེམས་འབྱུང་མི་སྲིད་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུར་རོ། །དེ་མེད་པ་སྐྱེ་མཆེད་དྲུག་ཀྱང་མེད་པར་འགྱུར་རོ། །དེ་བཞིན་དུ་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་འཁོར་བར་འཇུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །དེས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །དེའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ་མིང་དང་གཟུགས་དེ་ཚུལ་འདི་ལ་ནི་ཉེས་པ་མེད་དོ། །འཁོར་པ་ལྡོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །དེ་གཉིས་


DTG136_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཉོན་མོངས་པ་ནི་གཙོ་བོ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ལས་ཀྱིས་ཡང་སྲེད་པ་འཕེན་ནུས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་འཕངས་པའི་སྲིད་པ་ཡང་ལས་དང་ཉོན་མོངས་པའི་དབང་གིས་ཡང་སྲིད་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་གཙོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་ཉིད་འཁོར་བར་འཇུག་པའི་རྩ་བ་སྟེ། དེའི་ཕྱིར་དེ་དག་སྤངས་ནས་འཁོར་བ་ཡང་ལྡོག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་མེད་པར་དེ་དག་སྤང་དུ་མི་རུང་ངོ༌། །ཇི་ལྟར་མི་རུང་ཞེ་ན། ཉོན་མོངས་པ་མངོན་དུ་གྱུར་པའམ། ས་བོན་གྱི་ཚེ་སྤོང་གྲང་ན། དེ་མངོན་དུ་གྱུར་པ་སྤོང་པོ་ཞེ་ན་ནི་འདི་ནི་མི་འདོད་པ་ཉིད་དོ། །དེ་སྤོང་བའི་ལམ་ལ་གནས་པའི་ཕྱིར་ས་བོན་གྱི་ཚེ་སྤང་དུ་ཡང་མི་རུང་སྟེ། གང་ལ་ཉོན་མོངས་པའི་ས་བོན་གནས་པ་དེ་དག་གཉེན་པོས་སྤོང་ན་དེའི་ཚེ་ན་ནི་གཉེན་པོ་ལས་གཞན་ཅི་ཡང་རུང་བ་མ་བླངས་པའི་ཕྱིར་རོ། །ཇི་སྟེ་གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་འདོད་ན་ནི་དེ་ཉོན་མོངས་པའི་ས་བོན་དང་ལྡན་པ་ཉིད་པས་དེའི་གཉེན་པོར་འགྱུར་བ་ནི་མི་རིགས་ཏེ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ཀྱི་འཁོར་བ་ལྡོག་པ་མི་སྲིད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་རང་གི་ས་བོན་གསོ་བར་བྱ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླང་པོ། །བག་ཆགས་རྣམས་སྟོབས་ཇི་ལྟ་བ་བཞིན་དུ་འཇུག་པ་རྙེད་ན་རྒྱུར་གྱུར་པའི་བྱེ་བྲག་ཐོབ་པའི་སེམས་ཉིད་ལས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གང་དག་འབྱུང་བ་དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ནི་དེ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པའི་གཉེན་པོ་ལམ་གྱིས་སེལ་ཏོ། །དེ་བས་ན་གནས་དེ་ལ་ཡང་ཉོན་མོངས་པ་རྣམས་མི་འབྱུང་བས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་པོ། །སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ནི་འགགས་ལ་དེ་ལས་གཞན་པའི་ཚེ་དང་ནི་ཉིང་མཚམས་མི་སྦྱོར་བས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་


DTG136_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་འཐོབ་སྟེ། ལས་ཡོད་དུ་ཟིན་ཀྱང་ཉོན་མོངས་པ་རྣམས་སྤངས་ནས་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་མི་ནུས་སོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཁོར་བར་འཇུག་པ་དང་ལྡོག་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་གུད་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ལ་དེ་ཉིད་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་པར་བྱའོ། །རྒྱ་ཆེར་དཔྱད་པ་ནི་ཕུང་པོ་ལྔ་པོའི་བཤད་སྦྱར་ལས་རིག་པར་བྱའོ། །གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ན་ཇི་ལྟར་མདོ་དང་མི་འགལ་ཏེ། མདོ་སྡེ་དག་ལས་ནི་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་དང་ངོ་བོ་ཉིད་གསུམ་གསུངས་སོ་ཞེ་ན། རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་རྣམ་པར་གཞག་པར་འགལ་བ་མེད་དོ། །ཇི་ལྟར་ཞེ་ན་དེའི་ཕྱིར། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དེ། །ཞེས་བྱ་བ་སྨོས་སོ། །ནང་དང་ཕྱིའི་དངོས་པོ་རྣམ་པར་བརྟགས་པའི་བྱེ་བྲག་གི་རྣམ་པར་རྟོག་པ་མཐའ་ཡས་པ་བསྟན་པའི་ཕྱིར། རྣམ་པར་རྟོག་པ་གང་གང་གིས། །ཞེས་བྱ་བ་སྨོས་སོ། །དངོས་པོ་གང་གང་རྣམ་བརྟགས་པ། །ཞེས་བྱ་བ་ནི་ནང་དང་ཕྱིའི་དངོས་པོ་སྟེ། ཐ་ན་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཡང་དེ་ཉིད་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དེ་འདིར་གཏན་ཚིགས་སྨོས་པ་ནི། དེ་མེད་དོ་ཞེས་བྱ་བའོ། །རྣམ་པར་བརྟགས་པའི་ཡུལ་གྱི་དངོས་པོ་གང་ཡིན་པ་དེ་འདི་ལྟར་རང་བཞིན་མེད་པས་མེད་པའོ། །དེ་ལྟ་བས་ན་དངོས་པོ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཁོ་ན་སྟེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ངོ་བོ་ཉིད་མ་ཡིན་ནོ། །འདི་ལྟར་དངོས་པོ་གཅིག་དང་དེ་མེད་པ་ལ་ཕན་ཚུན་མི་མཐུན་པའི་རྣམ་པར་རྟོག་པ་དུ་མ་འཇུག་པ་མ་མཐོང་སྟེ། དངོས་པོ་གཅིག་པའམ། དེ་མེད་པ་ལ་ཕན་ཚུན་མི་མཐུན་པ་དུ་མའི་རང་བཞིན་མི་རུང་ངོ༌། །དེ་བས་ན་འདི་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་ཉིད་དེ། དོན་དེ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མདོ་སྡེ་ལས་ཀྱང་རབ་འབྱོར་ཇི་ལྟར་


DTG136_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་བཞིན་དུ་ཆོས་རྣམས་མེད་དོ་ཞེས་གསུངས་སོ། །ཀུན་བརྟགས་པའི་འོག་ཏུ་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་བྱ་བ་སྨོས་སོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་འདིར་གཞན་གྱི་དབང་གི་ངོ་བོ་བསྟན་ཏོ། །རྐྱེན་ལས་བྱུང་ཞེས་བྱ་བ་དེས་ནི་གཞན་གྱི་དབང་ཞེས་བརྗོད་པའི་འབྱུང་བའི་རྒྱུ་བསྟན་ཏོ། །དེ་ལ་ཀུན་དུ་རྟོགས་པ་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་བྱེ་བྲག་ཐ་དད་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པ་ལྟ་བུའོ། །རྒྱུ་དང་རྐྱེན་གཞན་གྱི་དབང་བྱ་བས་གཞན་གྱི་དབང་སྟེ། སྐྱེད་ཅེས་བྱ་བའི་ཐ་ཚིག་སྟེ། བདག་ལས་གཞན་པའི་རྒྱུ་རྐྱེན་རྣམས་ལ་རག་ལས་ཤིང་སྐྱེ་བ་བྱ་བར་བསྟན་པར་འགྱུར་རོ། །གཞན་གྱི་དང་བཤད་ཟིན་ཏོ།། །།ཡོངས་སུ་གྲུབ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་བྱ་བ་སྨོས་སོ། །མི་འགྱུར་བས་ཡོངས་སུ་གྲུབ་པའོ། །དེ་ལ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ༌། །སྔ་མ་པོ་ཞེས་བྱ་བ་ནི་ཀུན་བརྟགས་པ་ཉིད་དོ། །རྣམ་པར་རྟོག་པ་དེ་ལ་གཟུང་བ་དང་འཛིན་པའི་དངོས་པོར་ཀུན་བརྟགས་པ་སྟེ། འདི་ལྟར་དེ་ལ་གཟུང་བ་དང་འཛིན་པ་མེད་པ་བཞིན་དུ་ཀུན་བརྟགས་པ་ཀུན་བརྟགས་ཞེས་བྱའོ། །གཟུང་བ་དང་འཛིན་པ་དེ་དང་གཞན་གྱི་དབང་དེ་རྟག་ཏུ་དུས་ཐམས་ཅད་དུ་གཏན་དུ་བྲལ་བ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་མིན་པ་མིན། །དེའི་ཕྱིར་དེ་ཉིད་ཅེས་བྱ་བ་འདི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་གཞན་གྱི་དབང་དང་རྟག་ཏུ་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། བྲལ་བ་ཉིད་ནི་ཆོས་ཉིད་དོ། །ཆོས་ཉིད་ཆོས་ལས་གཞན་དང་གཞན་མ་ཡིན་པར་མི་རུང་ངོ༌། །ཡོངས་སུ་གྲུབ་པ་ནི་གཞན་གྱི་དབང་གི་ཆོས་ཉིད་དེ་དེའི་ཕྱིར་གཞན་གྱི་དབང་ལས་ཡོངས་སུ་གྲུབ་པ་གཞན་པ་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་


DTG136_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་ཀུན་བརྟགས་པས་གཞན་གྱི་དབང་སྟོང་པར་མི་འགྱུར་རོ། །ཇི་ལྟ་གཞན་མ་ཡིན་ན། དེ་ལྟ་ན་ཡང་ཡོངས་སུ་གྲུབ་པ་རྣམ་པར་དག་པའི་དམིགས་པར་མི་འགྱུར་ཏེ། གཞན་གྱི་དབང་བཞིན་དུ་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུག་ཞན་གྱི་དབང་ཡང་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འགྱུར་ཏེ། ཡོངས་སུ་གྲུབ་པ་ལས་གཞན་མ་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་དང་འདྲའོ། །མི་རྟག་ལ་སོགས་བཞིན་དུ་བརྗོད། །གཞན་དང་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དཔེར་ན་མི་རྟག་པ་ཉིད་སྡུག་བསྔལ་བ་ཉིད་དང༌། བདག་མེད་པ་ཉིད་མི་རྟག་པ་ལ་སོགས་པ་ལས་གཞན་པ་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་འདུ་བྱེད་རྣམས་ལས་མི་རྟག་པ་ཉིད་གཞན་ཡིན་ན། དེ་ལྟ་ན་གོ་འདུ་བྱེད་རྣམས་མི་རྟག་པར་མི་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན། དེ་ལྟ་ན་ཡང་འདུ་བྱེད་རྣམས་ཞིག་ནས་མེད་པ་ཉིད་དུ་འགྱུར་ཏེ་མི་རྟག་པ་ཉིད་བཞིན་ནོ། །དེ་བཞིན་དུ་སྡུག་བསྔལ་ཉིད་ལ་སོགས་པ་ལའང་བརྗོད་པར་བྱའོ། །གལ་ཏེ་གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་མེད་ན་དེ་ཇི་ལྟར་འཛིན་མི་འཛིན་ན་ནི་ཡོད་པར་ཇི་ལྟར་ཤེས་ཤེ་ན་དེའི་ཕྱིར་དེ་མ་མཐོང་བར་དེ་མི་མཐོང་ཞེས་བྱ་བ་སྨོས་སོ། །དེ་མ་མཐོང་བ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་མི་མཐོང་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་མཐོང་བར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ་ནི་མ་རྟོགས་པ་དང༌། མངོན་སུམ་དུ་མ་བྱས་པའོ། །དེའི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཤེས་པ་གཞན་གྱིས་གཞན་གྱི་དང་མི་འཛིན་ཏོ། །དེའི་ཕྱིར་ཡོངས་སུ་གྲུབ་པ་མ་མཐོང་བར་གཞན་གྱི་དབང་མི་མཐོང་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་མི་མཐོང་བ་མ་ཡིན་ནོ། །རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཇི་སྐད་དུ། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང༌། ཆུ་ཟླ་དང་


DTG136_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ནི་འདིར་གཞན་གྱི་དབང་དུ་བསྡུས་པ་རྣམས་སུ་བཞེད་དོ། །ཡོངས་སུ་གྲུབ་པ་ནི་ནམ་མཁའ་ལྟ་བུ་སྟེ། ཡེ་ཤེས་རོ་གཅིག་པའོ། །ཇི་སྐད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟ་བུ་སྟེ་གཞན་གྱི་དབང་གིས་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་མཐོང་བའི་ཕྱིར་རོ། །གལ་ཏེ་གཞན་གྱི་དབང་རྫས་ཉིད་ནི་ཡིན་ན་ཇི་ལྟར་མདོ་སྡེ་ལ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པ་མ་འགགས་པ་ཞེས་བསྟན་ཞེ་ན་འགལ་བ་མེད་དེ་འདི་ལྟར། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ངོ་བོ་ཉིད་གསུམ་ཁོ་ན་སྟེ། །བཞིར་མེད་པར་བསྟན་པའི་ཕྱིར་གྲངས་བསྟན་ཏོ། །རང་རང་གི་མཚན་ཉིད་ཀྱི་ཡོད་པ་ལྟར་འགྱུར་བས་ངོ་བོ་ཉིད་དོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པའོ། །ཆོས་ཐམས་ཅད་ནི་ཀུན་བྲགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་བདག་ཉིད་དོ། །ད་ནི་ངོ་བོ་ཉིད་གསུམ་གྱི་གང་གི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། དང་པོ་ནི་མཚན་ཉིད་ཀྱིས། །ངོ་བོ་ཉིད་མེད་གཞན་པ་ཡང༌། །དེ་ནི་རང་ཉིད་མི་འབྱུང་བས། །ངོ་བོ་ཉིད་མེད་གཞན་ཡིན་ནོ། །ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །ཞེས་བྱ་བ་སྨོས་སོ། །དང་པོ་པ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དེ། དེ་ནི་མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པ་སྟེ། དེའི་མཚན་ཉིད་ནི་བརྟགས་པའི་ཕྱིར་རོ། །གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་རང་གི་ངོ་བོ་མེད་པས་ནམ་མཁའི་མེ་ཏོག་བཞིན་དུ་རང་གི་ངོ་བོ་མེད་པའོ། །གཞན་པ་ཡང་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ནི་སྒྱུ་མ་བཞིན་དུ་རྐྱེན་གཞན་གྱིས་སྐྱེས་པའི་ཕྱིར་རང་གི་དངོས་པོ་མེད་དོ། །འདི་ལྟར་ཡང་ཇི་ལྟར་སྣང་བ་དེ་བཞིན་དུ་དེ་ལ་སྐྱེ་བ་མེད་དེ། དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཆོས་ཀྱི་དོན་གྱི་དམ་


DTG136_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །ཞེས་བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། བླ་ན་མེད་པའི་ཕྱིར་རོ། །དེའི་དོན་ནི་དམ་པའོ། །ཡང་ན་ནམ་མཁའ་ལྟར་ཐམས་ཅད་དུ་རོ་གཅིག་པ་དང༌། དྲི་མ་མེད་པ་དང་མི་འགྱུར་བའི་ཆོས་ཡོངས་སུ་གྲུབ་པ་སྟེ། དོན་དམ་པ་ཞེས་བྱའོ། །འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་གཞན་གྱི་དབང་གི་བདག་ཉིད་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟེ། དེའི་ཆོས་ཉིད་ཡིན་པས་དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ། ཡོངས་སུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཅི་དོན་དམ་པ་འབའ་ཞིག་གིས་ཡོངས་སུ་གྲུབ་པ་བརྗོད་དམ། སྨྲས་པ། མ་ཡིན་ཏེ། དེ་བཞིན་ཉིད་ཀྱང་དེའོ། །ཀྱང་གི་སྒྲ་ནི་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་པ་འབའ་ཞིག་མ་ཡིན་གྱི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་པ་དེ་ཐམས་ཅད་དུ་བརྗོད་པར་བྱ་བའོ། །དུས་རྣམས་ཀུན་ན་དེ་བཞིན་ཡོད་པས་དེ་བཞིན་ཉིད་དེ་འདི་ལྟར་སོ་སོའི་སྐྱེ་བོ་དང༌། སློབ་པ་དང༌། མི་སློབ་པའི་དུས་དག་ན་དུས་ཐམས་ཅད་དུ་དེ་བཞིན་ཏེ། གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱའོ། །ཅི་དེ་བཞིན་ཉིད་བཞིན་དུ་རྣམ་པར་རིག་པ་ཙམ་ཡང་ཡོངས་སུ་གྲུབ་པ་ཉིད་དམ། འོན་ཏེ་རྣམ་པར་རིག་པ་ཙམ་གཞན་ཞིག་སྙམ་པ་ལ། དེའི་ཕྱིར། དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཚེ་དེ་ཙམ་མཐོང་བའི་ཕྱིར། །མིང་ལ་སེམས་དེ་གནས་པ་ཡིན། །མིང་ལ་གནས་པས་རྣམ་རིག་ལ། །དམིགས་པ་རབ་ཏུ་སྤོང་བར་འགྱུར། །བསྒོམ་པའི་རྒྱུ་ཡིས་དེ་ཡི་ཚེ། །དམིགས་པ་མེད་པའི་དབྱིངས་ལ་རེག །སྒྲིབ་པ་ཀུན་ལས་རྣམ་གྲོལ་ཞིང༌། །དེ་ཚེ་དབང་འབྱོར་ཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུ་སྟེ། དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་བྱ་བའི་ཚིག་འདིས་ནི་མངོན་པར་རྟོགས་པར་བསྟན་ཏོ། །གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡང་ཡིན་ན། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་གཟུང་ངོ་སྙམ་དུ་དེའི་སེམས་པ་ཅི་ལས་བྱུང་སྙམ་པ་ལ་དེའི་ཕྱིར། ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་


DTG136_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མི་གནས་པ། །དེ་སྲིད་འཛིན་པ་རྣམ་གཉིས་ཀྱི། །བག་ལ་ཉལ་བ་མི་ལྡོག་གོ །ཞེས་བྱ་བ་སྨོས་སོ། །ཡང་ན་གང༌། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པས་སྔ་མ་ཡིན། །རྣམ་པར་རིག་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །ཞེས་སྨོས་པ་དེ་སྨོད་པ་དང༌། མི་སྤོང་བ་ཇི་ལྟ་བུ་ཞེས་བྱ་བ་སྟེ། དེའི་ཕྱིར། ཇི་སྲིད་རྣམ་རེག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ། །ཞེས་རྒྱ་ཆེར་སྨོས་དུའོ། །འཛིན་པ་གཉིས་ནི་གཟུང་བའི་འཛིན་པ་དང༌། འཛིན་པའི་ཅེས་བྱ་བ་ལ། རྣམ་པར་ཤེས་པ་མི་གནས་པ། །གཟུང་བ་དང་འཛིན་པར་དམིགས་པ་ལ་དཔྱོད་པའི་བར་དུའོ། །འཛིན་པ་གཉིས་ནི་གཟུང་བའི་འཛིན་པ་དང༌། འཛིན་པའི་འཛིན་པ་སྟེ། དེའི་བག་ལ་ཉལ་ནི་མ་འོངས་པའི་འཛིན་པ་གཉིས་སྐྱེ་བར་བྱ་བའི་ཕྱིར་དེ་དག་གི་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་བཏབ་པའོ། །ཇི་སྲིད་དུ་གཉིས་མེད་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་ཉིད་ལ་རྣལ་འབྱོར་བའི་སེམས་གནས་པར་མ་གྱུར་པ་དེ་སྲིད་དུ་འཛིན་པ་གཉིས་ཀྱི་བག་ལ་ཉལ་མི་ལྡོག་སྟེ། མི་སྤོང་ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་ཕྱི་རོལ་གྱི་དམིགས་པ་མ་སྤངས་ན་ནང་གི་དམིགས་པའང་མ་སྤངས་པར་བསྟན་པ། དེའི་ཕྱིར་དེ་འདི་སྙམ་དུ་བདག་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་སེམས་སོ། །ད་ནི་འདི་བརྗོད་པར་བྱ་སྟེ། དོན་དང་བྲལ་བའི་སེམས་ཙམ་དམིགས་པས། ཅི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ནམ་སྨྲས་པ། མ་ཡིན་ཏེ། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་འདི་སྙམ་དུ་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ཡང་ན་མངོན་པའི་ང་རྒྱལ་ཅན་གང་ཐོས་པ་ཙམ་གྱིས་བདག་རྣམ་པར་རིག་པ་ཙམ་རྣམ་པར་དག་པ་ལ་གནས་སོ་སྙམ་དུ་སེམས་པའི་འཛིན་པ་དེས་བསལ་བའི་ཕྱིར། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་རྣམ་པར་རིག་པ་ཙམ་ཉིད། །ཅེས་བྱ་བ་ནི་དོན་དང་བྲལ་པ་སྟེ། ཕྱི་རོལ་གྱི་དོན་མེད་དོ་ཞེས་དེ་ལྟར་དམིགས་པ་ནི་འཛིན་པ་དང་མཚན་མར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །མདུན་དུ་ཞེས་བྱ་བ་ནི་


DTG136_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུའོ། །འཇོག་ན་ཞེས་བྱ་བ་ནི་ཇི་ལྟར་ཐོབ་པ་བཞིན་དུ་ཡིད་ཀྱིས་འཇོག་པའོ། །རྣལ་འབྱོར་སྤྱོད་པའི་དམིགས་པ་རྣམ་པ་མང་བས་ཅི་ཡང་རུང་ཞེས་བྱ་བ་སྨོས་ཏེ། ཀེང་རུས་སམ་རྣམ་པར་བསྡོས་པའམ་རྣམ་པར་རུལ་བའམ། རྣམ་པར་འབུ་ཞུགས་པའམ། རྣམ་པར་བམ་པ་ལ་སོགས་པའོ། །དེ་ནི་ཙམ་ལ་མི་གནས་པ་ནི་རྣམ་པར་ཤེས་པའི་དམིགས་པ་མ་སྤངས་པའི་ཕྱིར་རོ། །ནམ་ཞིག་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་སེམས་ཀྱི་ཆོས་ཉིད་ལ་རབ་ཏུ་གནས་པར་འགྱུར་ཞེ་ན། དེའི་ཕྱིར། ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །ཅེས་བྱ་བ་སྨོས་སོ། །གང་གི་ཚེ་བསྟན་པ་ལ་དམིགས་པ་དང༌། གདམས་ངག་ལ་དམིགས་པ་དང༌། གཟུགས་དང་སྒྲ་ལ་སོགས་པ་ཐ་མལ་དམིགས་པ་ཡང་རུང་སྟེ། ཤེས་པས་སེམས་ལས་ཕྱི་རོལ་དུ་མི་དམིགས་ཏེ། མི་མཐོང་མི་འཛིན་ལ་མངོན་པར་ཞེན་པ་མེད་ཅིང་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། དམུས་ལོང་ལྟ་བུ་ནི་མ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པའི་འཛིན་པ་ཡང་སྤངས་ཤིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་གནས་པ་ཡིན་ཏེ། འདི་ཉིད་དུ་གཏན་ཚིགས་སྨོས་པ། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་བྱའོ། །གཟུང་བ་ཡོད་ན་འཛིན་པར་འགྱུར་ཏེ། གཟུང་བ་མེད་ན་མ་ཡིན་ནོ། །གཟུང་བ་མེད་ན་འཛིན་པ་མེད་པར་ཡང་རྟོགས་པར་འགྱུར་གྱི། གཟུང་བ་མེད་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟར་ན་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བག་ལ་ཉལ་སྤོང་ཞིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་སེམས་གནས་པར་འགྱུར་རོ། །གལ་ཏེ་དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་སེམས་གནས་པར་གྱུར་པ་དེའི་ཚེ། ཇི་སྐད་བྱ་ཞེ་ན། དེའི་ཕྱིར། དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། །གནས་ཀྱང་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པས་སོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་མི་ཁྱབ་དང་དགེ་དང་བསྟན། །དེ་ནི་བདེ་བ་རྣམ་གྲོལ་


DTG136_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པའི་རྣལ་འབྱོར་པའི་མཐོང་བའི་ལམ་ལ་བརྟེན་ཏེ། གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོ་བས་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་འཛིན་པའི་སེམས་མེད་པ་དང༌། གཟུང་བའི་དོན་མི་དམིགས་པའི་ཕྱིར། དེ་ནི་སེམས་མེད་མི་དམིགས་པ། །ཞེས་བྱའོ། །འཇིག་རྟེན་ན་འདྲིས་པར་མ་བྱས་པ་དང་ཀུན་དུ་འབྱུང་བ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། འཇིག་རྟེན་ལས་རྒལ་བའི་ཕྱིར། འཇིག་རྟེན་འདས་པའི་ཡེ་ཤེས་དེ། །ཞེས་བྱའོ། །ཡེ་ཤེས་དེའི་འོག་ཏུ་གནས་གྱུར་པ་བསྟན་པའི་ཕྱིར། གནས་ཀྱང་གཞན་དུ་གྱུར་པ་སྟེ། །ཞེས་བྱ་བ་སྨོས་སོ། །གནས་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པའོ། །དེ་གྱུར་པ་ནི་གང་གནས་ངན་ལེན་དང༌། རྣམ་པར་སྨིན་པ་དང༌། གཉིས་ཀྱི་བག་ཆགས་ཀྱི་དངོས་པོ་ལོག་ན་ལས་སུ་རུང་བ་དང༌། ཆོས་ཀྱི་སྐུ་དང༌། མི་གཉིས་པའི་ཡེ་ཤེས་ཀྱི་དངོས་པོར་གྱུར་པའོ། །གནས་གྱུར་པ་དེ་ཡང་གང་སྤངས་པས་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར། གནས་ངན་ལེན་གཉིས་སྤངས་པས་སོ། །ཞེས་བྱ་བ་སྨོས་སོ། གཉིས་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང༌། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནོ། །གནས་ངན་ལེན་ནི་གནས་ལས་སུ་མི་རུང་བ་ཉིད་དེ། དེ་ཡང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ས་བོན་ནོ། །གནས་གྱུར་པ་དེ་ཡང་ཉན་ཐོས་ལ་སོགས་པ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་པར་འགྱུར་བ་ནི་གང༌། རྣམ་གྲོལ་སྐུ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་པར་འགྱུར་བ་ནི་གང༌། ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། སྒྲིབ་པ་རྣམ་པ་གཉིས་སྤངས་པའི་བྱེ་བྲག་གིས་གནས་གྱུར་བ་བླ་ན་ཡོད་པ་དང༌། བླ་ན་མེད་པར་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། ལེན་པའི་རྣམ་ཤེས་སྒྲིབ་གཉིས་ཀྱི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཉོན་མོངས་ས་བོན་ཀུན་ས་བོན། །དེར་ནི་གཉིས་ལ་གཉིས་འཆིང་ངོ༌། །གཉིས་ཞེས་བྱ་བ་ནི་ཉན་ཐོས་


DTG136_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའོ། །སྔ་མ་ལ་ནི་ཉོན་མོངས་པའི་ས་བོན་ནོ། །ཅིག་ཤོས་ལ་ནི་སྒྲིབ་པ་གཉིས་ཀྱི་ས་བོན་ཏེ། དེ་དག་བཅོམ་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །ཞེས་བྱ་བ་ནི་གནས་གྱུར་པའི་རང་བཞིན་དེ་ཉིད་ཟག་པ་མེད་པ་དང་དབྱིངས་ཞེས་བྱ་སྟེ། གནས་ངན་ལེན་མེད་པའི་ཕྱིར་རོ། །ཟག་པ་ཐམས་ཅད་དང་བྲལ་བས་ཟག་པ་མེད་པའོ། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་དབྱིངས་སོ། །དབྱིངས་ཀྱི་སྒྲ་ནི་འདིར་རྒྱུའི་དོན་ཏོ། །བསམ་གྱིས་མི་ཁྱབ་པ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང༌། སོ་སོ་རང་གིས་རིག་པ་དང༌། དཔེ་མེད་པའི་ཕྱིར་རོ། །དགེ་བ་ནི་རྣམ་པར་དག་པའི་དམིགས་པའི་བདེ་བ་དང༌། ཟག་པ་མེད་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བསྟན་པ་ནི་རྟག་པ་དང་མི་ཟད་པའི་ཕྱིར་རོ། །བདེ་བ་ནི་རྟག་པ་ཉིད་ཀྱི་ཕྱིར་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །འདི་ནི་རྟག་པ་སྟེ། དེའི་ཕྱིར་བདེ་བའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པས་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུའོ། །གནས་གྱུར་པའི་མཚན་ཉིད་དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་བས་གནས་གྱུར་པ་ཡང་དག་པར་གྲུབ་པའི་ཕྱིར་ཐུབ་པ་ཆེན་པོ་ཆོས་ཀྱི་སྐུ་ཞེས་བྱའོ། །འཁོར་བ་ཡོངས་སུ་མི་གཏོང་ཞིང་དེས་ཉོན་མོངས་པ་མེད་པ་དང༌། ཆོས་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་ཞེས་བྱའོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ནི་ཐུབ་པའི་མཆོག་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་ནི་ཐུབ་པ་ཆེན་པོའོ། །སུམ་ཅུ་པའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།

རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད།
འདུལ་བའི་ལྷ།


DTG136_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཀ་ར་ཎ་བིང་ཤ་ཀ་ཊཱི་ཀཱ། བོད་སྐད་དུ། རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཐུགས་ཐུགས་རྗེ་རག་ལས་ཕྱིར། །གཞན་གྱི་དོན་ལ་རྟག་དགྱེས་པ། །མི་ཤེས་བཅོམ་ལ་ཕྱག་འཚལ་


DTG136_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཉི་ཤུ་པ་ནི་རྣམ་པར་དབྱེ། །ཐེག་པ་ཆེན་པོ་ལ་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་ཅེས་བྱ་བ་ཚིག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་དགོས་པ་དང༌། བརྗོད་པར་བྱ་བའི་རང་གི་ངོ་བོ་དང༌། དགོས་པའི་ཡང་དགོས་པ་དངོས་སུ་སྟོན་ཏོ། །འབྲེལ་པ་ནི་དོན་གྱིས་བརྟག་པར་བྱའོ། །རབ་ཏུ་བྱེད་པའི་འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་རྣམས་ངེས་པར་བརྗོད་པར་བྱའོ། །གཞན་དུ་ན་འབྲེལ་པ་མེད་པ་དང༌། བརྗོད་པར་བྱ་བ་མེད་པ་དང༌། དགོས་པ་མེད་པ་དང༌། དགོས་པའི་ཡང་དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་རྟོག་པ་སྔོན་དུ་གཏོང་བའི་ཉན་པ་པོ་དག་ཁས་མི་ལེན་ཏེ། །དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འདིས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་ཅེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང༌། དགོས་པ་བསྟན་ཏོ། །འདིར་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་ལུང་དང་རིགས་པ་གཉིས་ཀྱིས་བསྟན་ཏོ། །འདི་ནི་བརྗོད་པར་བྱའོ། །ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་པ་ནི་དགོས་པའོ། །བསྟན་པ་དེ་ཡང་རབ་ཏུ་དབྱེ་བས་བྱེད་པའི་ཕྱིར་ཏེ། རབ་ཏུ་བྱེད་པ་ནི་དགོས་པ་འདིའི་ཐབས་ཡིན་ནོ། །དེ་བས་ན་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བར་གནས་སོ། །དེ་ལྟར་གནས་པ་ལ་བརྒྱ་ལ་འགའ་ཞིག་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་བསྟན་པ་འདིས་ནི་ཅི་ཞིག་བྱ་ཞེས་རྒོལ་དུ་འོང་བས་དེའི་ཕྱིར། ཐེག་པ་ཆེན་པོ་ཞེས་བྱ་བ་འདི་སྨོས་སོ། །དེ་ལས་ནི་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་པ་ནི་ཐག་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་འདི་འབྱུང་སྟེ། འདི་ནི་རེ་ཞིག་སྤྱིའི་དོན་ནོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཐེག་པ་ཆེན་པོ་ཞེས་བྱ་བ་འདིས་འདོང་པས་ན་ཐེག་པའོ། །ཡང་ན་འདིར་འདོད་པས་ན་ཐེག་པའོ། །དེའི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །ཆེན་པོ་ནི་དེ་མ་ཡིན་པའི་ཐེག་པ་གཞན་པས་མཆོག་ཏུ་གྱུར་པར་རིག་


DTG136_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། འདི་ལྟར་དེར་ནི་གང་ཟག་ལ་བདག་མེད་པར་ཤེས་པས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་བའོ། །འདིར་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཤེས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའོ། །ཡང་ན་ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཆེན་པོ་སྟེ། ཆེན་པོ་རྣམ་པ་བདུན་ནི་དམིགས་པ་དང༌། སྒྲུབ་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་དང༌། ཐབས་ལ་མཁས་པ་དང༌། ཡང་དག་པར་འགྲུབ་པ་དང༌། ལས་ཞེས་བྱ་བའོ། །ལ་ནི་འདིར་རྒྱུའི་དོན་དུ་བལྟ་བར་བྱ་སྟེ། ཐེག་པ་ཆེན་པོའི་རྒྱུ་ཐེག་པ་ཆེན་པོ་ཐོབ་པར་བྱེད་པའི་དོན་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་འདུལ་བ་ནི་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་བསྟན་པས་འདུལ་བ་དག་དང༌། ཆོས་ལ་བདག་མེད་པར་བསྟན་པས་འདུལ་བ་དག་གོ །དེ་ལ་གང་ཟག་ལ་བདག་མེད་པར་བསྟན་པས་འདུལ་བ་དག་གི་ནི་དེ་བསྟན་པ་ལ་བརྟེན་ནས་འབྱུང་བ་དང་འཇིག་པའི་ཆོས་ཅན་བདག་དང་བདག་གི་དང་བྲལ་བ་ཕུང་པོ་ཙམ་དུ་ཤེས་ནས་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་གང་ཟག་ལ་བདག་མེད་པ་ལ་འཇུག་གོ །བདག་མེད་པ་ལ་འཇུག་པ་དེས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་ནས་མཐར་ཕྱིན་པའི་གནས་འཐོབ་སྟེ། དེ་དག་གི་དེའི་ཐབས་བསྟན་པ་ནི་གཞན་ནས་བརྗོད་པ་ཉིད་དོ། །གང་དག་ཆོས་ལ་བདག་མེད་པར་བསྟན་པས་འདུལ་བ་དེ་དག་ནི་དེ་བསྟན་པ་ལ་བརྟེན་ནས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དང་མཐུན་པའི་བསྟན་བཅོས་ཉན་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་གཟུང་བ་དང་འཛིན་པ་རྣམ་པར་གཞིག་པའི་ཕྱིར་རོ། །རབ་ཏུ་བྱེད་པ་འདིས་ནི་གཟུང་བ་དང་འཛིན་པ་རྣམ་པར་གཞིག་བའི་ཐབས་ཉིད་སྟོན་ཏོ། །རྣམ་པར་བཤིག་ནས་གཟུང་པ་དང་འཛིན་པ་དང་བྲལ་བའི་རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་གོ །དེ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་གཟུང་བ་དང་འཛིན་པ་མ་ལུས་པར་བསལ་ནས་ཆོས་ཀྱི་དབྱིངས་རྟོགས་ཏེ། དེ་བཞིན་གཤེགས་པའི་གོ་འཕང་བླ་ན་མེད་པ་འཐོབ་པས་དེ་ལ་བསམས་ནས་ཐེག་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཞེས་བཤད་དོ། །ཁམས་གསུམ་པ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་སྟེ། གསུམ་པོ་ཉིད་ཁམས་ཡིན་པས་


DTG136_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་པའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་གང་དག་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་དེ་དག་ནི་འདོད་པའི་ཁམས་སོ། །གང་དག་འདོད་པ་ལས་འདོད་ཆགས་དང་བྲལ་ལ། གཟུགས་ལས་འདོད་ཆགས་དང་མ་བྲལ་བ་དེ་དག་ནི་གཟུགས་ཀྱི་ཁམས་སོ། །གང་དག་གཟུགས་ལས་འདོད་ཆགས་དང་བྲལ་ལ་གཟུགས་མེད་པ་ལས་འདོད་ཆགས་དང་མ་བྲལ་བ་དེ་དག་ནི་གཟུགས་མེད་པའི་ཁམས་སོ། །རྣམ་པར་རིག་པ་ཙམ་ཞེས་བྱ་བ་ནི་དམིགས་པ་དང་བྲལ་བ་སྟེ། འབའ་ཞིག་པས་རྣམ་པར་རིག་པ་ཙམ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་གཞག་པ་ཞེས་བྱ་བ་ནི་བསྟན་པའོ། །དེ་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་བ་དག་ཉིད་ལ་ཁམས་གསུམ་རྣམ་པར་གཞག་གོ་ཞེས་སྟོན་ཏེ། དཔེར་ན། གཟུགས་མེད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ཐ་དད་པར་རྣམ་པར་གཞག་པ་བཞིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་ཡུལ་གྱི་ལ་སྟེ། དེས་ཐེག་པ་ཆེན་པོ་ཞེས་བྱ་བའི་གསུང་རབ་ལ་རྣམ་པར་རིག་པ་ཙམ་ཞེས་བྱ་བར་བསྟན་པར་འགྱུར་རོ། །ལྷག་མའི་བཤད་པ་ནི་སྔ་མ་བཞིན་ནོ། །དེ་ལས་ནི་ཐེག་པ་ཆེན་པོ་ཞེས་བྱ་བའི་གསུང་རབ་ལ་ཁམས་གསུམ་པ་རྣམ་པར་གཞག་པ་རིག་པ་ཙམ་ཉིད་དུ་དམ་འཆའོ་ཞེའམ་འདོགས་སོ་ཞེ་བྱ་བའི་ཐ་ཚིག་གི་དོན་འདི་འབྱུང་ངོ༌། །བཤད་པ་འདི་ལ་ནི་གཟུང་བ་དང་འཛིན་པ་རྣམ་པར་གཞིག་པ་ལ་སོགས་པ་དགོས་པའི་ཡང་དགོས་པ་ཡིན་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ལུང་དང་རིགས་པ་གཉིས་ཀྱིས་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་དུ་དེ་བསྟན་ཞེས་གང་སྨྲས་པ་དེ་ལ། རེ་ཞིག་ལུང་གིས་བསྟན་པའི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་བཤད་པ་གཉིས་པའི་དབང་དུ་བྱས་ནས་ཐེག་པ་ཆེན་པོ་ལ་རྣམ་པར་རིག་པ་ཙམ་དུ་བསྟན་ཞེས་བྱ་བ་དེ་ཇི་ལྟར་ངེས་ཞེས་རྒོལ་བ་དེའི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདོ་སྡེ་ལས་ནི་ཁམས་གསུམ་པ་


DTG136_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སེམས་ཙམ་མོ་ཞེས་གསུངས་ཏེ། གཟུགས་དང་མི་ལྡན་པ་དང༌། འདུས་མ་བྱས་ནི་རྣམ་པར་ཤེས་པ་ལས་ལོགས་ཤིག་ན་མེད་ལ། གཟུང་བ་དང་འཛིན་པ་ཡང་མེད་དོ་ཞེས་དགོངས་པའོ། །རང་གི་སྡེ་པ་དག་ལ་རེ་ཞིག་ལུང་འདིའོ། །གང་དག་གཞུང་གཞན་ལ་གནས་པ་དེ་དག་ལ་ནི་རིགས་པ་བརྗོད་དོ། །ལུང་ནི་མཆོད་པ་དང༌། བརྗོད་པ་ཉུང་བའི་ཕྱིར་ཐོག་མ་ཉིད་དུ་གཞག་པར་རིགས་སོ། །རྣམ་པར་རིག་པ་ཙམ་ཉིད་ཀྱི་ཕྱོགས་ལ་སྒྲའམ་མིང་གི་ཚོགས་ལ་སོགས་པ་མེད་དུ་ཟིན་ཀྱང་ཚིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ལུང་སྟེ། འདི་ལྟར་དོན་ཇི་ལྟ་བ་བཞིན་དུ་གཟིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འགྲོ་བའི་བླ་མའི་དབང་ལས་བྱུང་སྟེ། དེ་ལྟ་བས་ན་གཞན་ལས་འོངས་པའི་ཕྱིར་ལུང་ཞེས་བྱའོ། །གཞན་གྱིས་ཀྱང་འདི་ངེས་པར་ཁས་བླང་པར་བྱ་སྟེ། འདི་ལྟར་སྒྲའི་སྤྱི་ཉིད་ཚིག་ཡིན་གྱི་སྒྲའི་བྱེ་བྲག་ནི་མ་ཡིན་ནོ། །སྒྲའི་སྤྱི་དེ་ཡང་ཤེས་པའི་གཟུང་བའི་ཆ་ཡིན་ཏེ། གུད་ན་དངོས་པོར་གྱུར་པ་མེད་དོ། །དེ་བས་ན་སྒྲའི་སྤྱིའི་རྣམ་པའི་ཤེས་པ་ཉིད་ལུང་ཞེས་བསྟན་པར་འགྱུར་རོ། །འདིར་ནི་རྣམ་པར་རིག་པ་ཙམ་དུ་དམ་བཅའ་ལ། མདོ་སྡེ་ལས་ནི་སེམས་ཙམ་ཞེས་འབྱུང་ན་དེ་ནི་ཇི་ལྟར་ཁུངས་སུ་རུང་སྙམ་དུ་དོགས་པ་དེ་ལ། སེམས་དང་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་ཕན་ཚུན་དུ་དོན་འབྲེལ་བ་མེད་པ་མ་ཡིན་ཏེ། འདི་ལྟར་སེམས་ཞེས་བྱ་བ་དང༌། ཡིད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་དང༌། རྣམ་པར་རིག་པ་ཞེས་བྱ་བ་འདི་དག་ནི་རྣམ་གྲངས་སུ་གཏོགས་སོ། །རྒྱུ་ཐ་དད་པ་མེད་པའི་སྒྲ་ནི་རྣམ་གྲངས་སུ་གཏོགས་པ་ཞེས་བྱ་བ་སྟེ། འདི་ལྟར་རིམ་ཞེས་བྱ་བ་རྣམ་གྲངས་ཀྱི་དོན་དེ་སྟོན་ཏོ། །རྣམ་གྲངས་སུ་གཏོགས་པ་བཞི་བརྗོད་པ་ནི་གསུང་རབ་ཀྱི་ཐ་སྙད་ལ་མགོ་རྨོངས་པ་མེད་པར་བྱ་བའི་ཕྱིར་རོ། །གང་རབ་ཏུ་བྱེད་པ་འདི་ལས་རྣམ་པར་རིག་པ་ཞེས་བྱ་བའི་སྒྲ་སྨོས་པ་དང༌། གང་ཡང་མདོ་སྡེ་ལས་སེམས་ཞེས་བྱ་བ་འདི་གཉིས་ཀྱིས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་བསྡུས་སོ། །རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བར་འབྱུང་སྟེ་ཞེས་འོག་ནས་འབྱུང་བ་ཡང་དེ་དང་འགལ་བ་མེད་དོ། །འདི་ལྟར་རྣམ་པར་ཤེས་པའི་ཚོགས་དེ་དག་དོན་དུ་སྣང་བར་འདོད་དོ། །གལ་ཏེ་ཁམས་གསུམ་པ་


DTG136_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འབའ་ཞིག་ཙམ་ཡིན་ན། འོ་ན་ནི་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་ཐལ་བར་འགྱུར་དུ་དོགས་པ་ལ། སེམས་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་པ་གདགས་པའི་རྒྱུ་སེམས་གང་ཡིན་པ་དེ་མདོ་སྡེ་ལས་མཚུངས་པར་ལྡན་པ་དང་བཅས་པར་དགོངས་པའོ། །ཡང་ན་མདོ་སྡེ་ལས་སེམས་ཞེས་སྨོས་པ་གང་ཡིན་པ་དེ་རབ་ཏུ་བྱེད་པ་འདིར་མཚུངས་པར་ལྡན་པ་དང་བཅས་པར་ལྟའོ། །སེམས་དེ་ཡང་ཞེས་བྱ་བ་ནི་ཁམས་གསུམ་པ་གདགས་པའི་རྒྱུའམ་མདོ་སྡེ་ལས་འབྱུང་བའོ། །འདིར་ཞེས་བྱ་བ་ནི་མདོ་སྡེའམ་རབ་ཏུ་བྱེད་པའོ། །མཚུངས་པར་ལྡན་པ་དང་བཅས་པ་ཞེས་བྱ་བ་ནི་འདི་དག་དང་སེམས་སུ་མཚུངས་པར་ལྡན་པས་མཚུངས་པར་ལྡན་པ་དག་སྟེ། ཚོར་བ་ལ་སོགས་པ་ལ་བྱའོ། །མཚུངས་པར་ལྡན་པ་རྣམས་ལ་སོགས་པ་དང་ལྷན་ཅིག་འཇུག་པས་ན་མཚུངས་པར་ལྡན་པ་དང་བཅས་པའོ།། དགོངས་ཞེས་བྱ་བ་ནི་ཁས་ལེན་ཏོ། །འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདི་སྐད་དུ་ཁམས་གསུམ་པ་འདི་ནི་སེམས་དང་སེམས་ལས་བྱུང་བ་ཙམ་ཡིན་གྱི། སེམས་འབའ་ཞིག་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སེམས་ཞེས་བྱ་བ་ནི་གསུང་རབ་ལས་སེམས་ལས་བྱུང་བ་དག་ལ་ཡང་བྱ་སྟེ། འདི་ལྟར་སེམས་བཏུལ་ན་ལེགས་ཞེས་བྱུང་སྟེ། སེམས་ལས་བྱུང་བ་ཡང་མི་བཏུལ་བ་མ་ཡིན་ནོ། །དེ་སྐད་དུ། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད། །ཅེས་གསུངས་ཏེ། ཚོར་བ་དང་སྲེད་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱིས་ཁྲིད་པ་ཡང་ཡིན་ནོ། །གལ་ཏེ་སེམས་ལས་བྱུང་བ་དག་ཀྱང་ཁས་ལེན་ན་ཅིའི་ཕྱིར་ཙམ་ཞེས་བྱ་བ་སྨོས་སྙམ་དུ་དོགས་པ་དེ་ལ། ཙམ་ཞེས་བྱ་བ་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཙམ་ཞེས་བྱ་བ་སྨོས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་དོན་དགག་པའི་ཕྱིར་སྨོས་ཀྱི། སེམས་ལས་བྱུང་བ་རྣམས་ཀྱང་དགག་པ་མ་ཡིན་ནོ། །དོན་དགག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་མ་གཏོགས་པ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་དོན་དགག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདི་སྐད་དུ་རྣམ་པར་ཤེས་པ་ལས་མ་གཏོགས་པ་གཟུང་བ་གང་ཡང་མེད་ལ།


DTG136_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྣམ་པར་ཤེས་པ་དེ་ལ་འཛིན་པའི་འཛིན་པ་ཡང་མེད་དོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་དོན་མེད་ན་འོ་ན་སྔོན་པོ་ལ་སོགས་པར་སྣང་བ་འདི་ཅི་ཞིག །གང་གིས་སྣང་སྙམ་དུ་དོགས་པ་དེ་ལ་རྣམ་པར་ཤེས་པ་འདི་ཉིད་དུ་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་དོན་གྱི་རྣམ་པར་འབྱུང་ངོ༌། །དེ་ལྟ་བུར་གྱུར་པ་བྱུང་བ་དེ་ལ་སྲོག་ཆགས་ལོགས་ཤིག་ན་ཡོད་པའི་དོན་ཞིག་མཐོང་ངོ་སྙམ་དུ་མངོན་པའི་ང་རྒྱལ་དུ་གྱུར་ཏོ། །འདི་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་དེ་སྣང་བ་ན་ནམ་མཁའི་ཁམས་དང་ལྷན་ཅིག་ཏུ་སྣང་ངོ༌། །ནམ་མཁའི་ཁམས་དེ་སྣང་བ་ན་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་དང་དེ་ལས་རིས་སུ་ཆད་པ་ལྟ་བུར་སྣང་བར་བྱེད་དོ། །དཔེར་ན་མེ་ལོང་གི་ངོས་ལ་ཟླ་བའི་གཟུགས་བརྙན་འབྱུང་བ་ན་ནམ་མཁའི་ཁམས་གཟུགས་བརྙན་དང་ལྷན་ཅིག་ཏུ་འབྱུང་ངོ༌། །ནམ་མཁའི་ཁམས་དེ་དེར་གཟུགས་བརྙན་དུ་གྱུར་པ་ན་ཟླ་བའི་དཀྱིལ་འཁོར་དེ་མེ་ལོང་གི་ངོས་དེ་ལས་རིས་སུ་ཆད་དེ་ཁྲོན་པའི་ནང་དུ་ལྷུང་བ་བཞིན་དུ་སྣང་བར་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ནམ་མཁའི་ཁམས་སྣང་བ་ན་ཡང་རིས་སུ་ཆད་པ་ལྟ་བུར་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བར་བྱེད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་རིས་སུ་ཆད་པ་ལྟ་བུ་དེ་ལ་བརྟེན་ནས་སྲོག་ཆགས་རྣམས་ཕྱི་རོལ་གྱི་དོན་ཞིག་མཐོང་བ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་དོ། །འདིར་དཔེ་བསྟན་པའི་ཕྱིར། དཔེར་ན་རབ་རིབ་ཅན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རབ་རིབ་ཀྱིས་ཉམས་པའི་མིག་ཅན་རྣམས་ཀྱིས་ཤེས་པ་སྐྲ་དང་ཤ་སྦྲང་དང་སྦྲང་བུ་ལ་སོགས་པའི་རྣམ་པར་འབྱུང་སྟེ། སྐྲ་ལ་སོགས་པ་མེད་པར་ཡང་སྒྲ་ལ་སོགས་པ་མཐོང་ངོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པ་དེ་བཞིན་དུ་གཞན་དུ་ཡང་རྣམ་པར་ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པར་འབྱུང་ངོ༌། །དོན་སྔོན་པོ་ལ་སོགས་པ་གུད་ན་གང་ཡང་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རབ་རིབ་དང་ལྡན་བ་ནི་རབ་རིབ་ཅན་ནོ། །དེ་ལྟར་རེ་ཞིག་གཟུང་བ་བཀག་གོ །གཟུང་བ་བཀག་ན་འཛིན་པ་ཡང་བཀག་པར་དེ་ཉིད་ཀྱིས་གྲུབ་སྟེ།


DTG136_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གཟུང་བ་མེད་ན་འཛིན་པ་ཡང་མེད་དོ། །དེ་ལྟར་གཟུང་བ་བཀག་པ་ཡང༌། །ཕྱི་རོལ་གྱི་དོན་དུ་སྨྲ་བས་གྲགས་པའི་གནོད་པ་བསྟན་པའི་ཕྱིར་རོ། །འདིར་འདི་སྐད་ཅེས་བརྒལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྣམ་པར་རིག་པ་ཕྱི་རོལ་གྱི་དོན་ལས་མ་བྱུང་ན་དེའི་ཚེ་རྣམ་པར་རིག་པ་རྣམས་ཀྱི་ཡུལ་ངེས་པ་མི་འགྲུབ། དུས་ངེས་པ་དང༌། སེམས་ངེས་པ་མེད་པ་དང༌། བྱ་བ་མེད་པ་ཡང་མི་འགྲུབ་བོ་ཞེས་མདོར་བྱས་པའི་དོན་བསྡུས་པའོ། །འདིར་ཞེས་བྱ་བ་ནི་སྔ་མའི་ཕྱོགས་འདིར་རོ། །འདི་སྐད་བསྒྲལ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཡུལ་ལ་སོགས་པ་ངེས་པ་བློ་ལ་རྣམ་པར་བཞག་ནས་འདི་ལྟར་རྟོག་པའོ། །ཡུལ་དང་དུས་ལ་ངེས་མེད་ཅིང༌། །ཞེས་བྱ་བ་ལ་ངེས་པ་ནི་རྣམ་པར་གནས་པའོ། །ཡུལ་ལ་ལར་སྣང་ལ་ཐམས་ཅད་ན་མ་ཡིན་ཞེས་བྱ་བ་ནི་ཡུལ་ངེས་པའོ། །རེས་འགའ་སྣང་ལ་ཐམས་ཅད་དུ་མ་ཡིན་ཞེས་བྱ་བ་ནི་དུས་ངེས་པའོ། །ཡུལ་དང་དུས་དེ་ན་འཁོད་པ་ཐམས་ཅད་ལ་བྱེ་བྲག་མེད་པར་སྣང་གི་གཅིག་འགའ་ལ་མ་ཡིན་ཞེས་བྱ་བ་ནི་སེམས་ངེས་པ་མེད་པའོ། །བྱ་བ་བྱེད་པ་ནི་བྱ་བ་བྱེད་པའོ། །བསྟན་བཅོས་བྱེད་པས་མདོའི་དོན་ཅིས་གསལ་བར་བསྟན་པའི་ཕྱིར་རོ། །ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཟུགས་ལ་སོགས་པའི་དོན་མེད་པར་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་འབྱུང་སྟེ། གཟུགས་ལ་སོགས་པའི་དོན་དང་འབྲེལ་བ་མ་ཡིན་ན་དེའི་ཚེ་འདིར་ཅིའི་ཕྱིར་འདི་ལྟར་ཡུལ་ལ་ལར་གཟུགས་ལ་སོགས་པའི་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་བ་ཡུལ་ཐམས་ཅད་ན་མ་ཡིན། དེ་བཞིན་དུ་གང་ན་ཕྱི་རོལ་གྱི་དོན་མཐོང་བ་མངོན་པའི་ང་རྒྱལ་འབྱུང་བའི་ཡུལ་དེ་ཉིད་ན་རེས་འགའ་འབྱུང་གི་དུས་ཐམས་ཅད་དུ་མ་ཡིན་པ་འདི་ལ་རྒྱུ་ཅི་ཡོད། དེ་ནི་འདི་སྐད་དུ་གང་གི་ལྟར་ན་རྣམ་པར་རིག་པ་ཕྱི་རོལ་གྱི་དོན་ལ་རག་ལས་པ་དེ་ལྟར་ན་གང་ན་གང་གི་ཚེ་ཕྱི་རོལ་གྱི་དོན་ཡོད་པ་དེ་ཉིད་ན་དེའི་ཚེ་རྣམ་པར་རིག་པ་འབྱུང་སྟེ། ཡུལ་དང་དུས་ངེས་པར་རིགས་སོ། །གང་གི་ལྟར་ན་རྣམ་པར་རིག་པ་ཕྱི་རོལ་གྱི་དོན་ལ་རག་ལས་པ་མ་ཡིན་པ་དེའི་ལྟར་ན་ངེས་པར་བྱེད་པ་དོན་མེད་པས་ཡང་ན་ཐམས་ཅད་ནས་


DTG136_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་འབྱུང་ངོ༌། །ཡང་ན་གང་དུ་ཡང་མི་འབྱུང་སྟེ་ནམ་ཡང་མ་ཡིན་ནོ། །གང་དུ་ཡང་ལ་ལར་འབྱུང་ལ་ལ་ལར་མ་ཡིན་པ་དང༌། དེ་བཞིན་དུ་རེས་འགའ་ནི་འབྱུང་ལ་རེས་འགའ་མི་འབྱུང་བ་དེར་མི་འགྱུར་རོ། །དེ་ལྟར་རེ་ཞིག་ཡུལ་དང་དུས་ངེས་པ་མི་འཐད་པར་བསྟན་ཏོ། །སེམས་ངེས་པ་མེད་པ་མི་འཐད་པར་བསྟན་པའི་ཕྱིར། ཡུལ་དང་དུས་དེ་ན་འཁོད་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་ཡོད་པར་མི་འདོད་ན་དེའི་ཚེ་ཅིའི་ཕྱིར་ཡུལ་དང་དུས་དེ་ན་འཁོད་པའི་སྲོག་ཆགས་ཐམས་ཅད་ཀྱི་སེམས་རྣམས་ལ་རྣམ་པར་རིག་པ་ངེས་པ་མེད་པར་འགྱུར་ལ་འགའ་ཙམ་ལ་མ་ཡིན། འདིར་དཔེ་བསྟན་པའི་ཕྱིར། ཇི་ལྟར་རབ་རིབ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ལ་སོགས་པ་མཐོང་བར་བ་རིབ་ཅན་ཉིད་ཀྱི་སེམས་ཉིད་ལ་འབྱུང་གི །རབ་རིབ་མེད་པ་གཞན་དག་ལ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་ཕྱི་རོལ་གྱི་དོན་མེད་པར་རྣམ་པར་རིག་པ་འབྱུང་ན་དེའི་ཚེ་གང་ལ་སྔོན་པོ་ལ་སོགས་པའི་དོན་སྣང་བའི་རྣམ་པར་རིག་པ་དེ་འབྱུང་བ་དེ་ཉིད་ལ་སྔོན་པོ་ལ་སོགས་པའི་དོན་མཐོང་ངོ་སྙམ་པའི་མངོན་པའི་ང་རྒྱལ་འབྱུང་གི་གཞན་ལ་ནི་མ་ཡིན་ནོ། །དེ་ནི་འདི་སྐད་དུ་གཟུང་བའི་ཆ་ལ་དོན་དུ་མཐོང་བའི་ང་རྒྱལ་འབྱུང་བ་གང་ཡིན་པ་ནི་གང་ལ་བཟུང་བའི་ཆ་ཡོད་པ་དེ་ཉིད་ཀྱི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟར་གཞན་གྱི་བཟུང་བའི་ཆ་ནི་གཞན་གྱིས་མི་མྱོང་ངོ༌། །བྱ་བ་བྱེད་པ་ཡང་མི་འཐད་པར་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྣམ་པར་རིག་པ་དོན་ལ་རག་ལས་པ་མ་ཡིན་ན་དེའི་ཚེ་ཅིའི་ཕྱིར་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་དང་སྦྲང་བུ་དང་ཤ་སྦྲང་ལ་སོགས་པས་བཅིང་བ་དང་ཟ་བ་དང་སྐྱུག་པའི་བྱ་བ་མི་བྱེད་ལ། དེ་མ་ཡིན་པའི་མིག་མ་ཉམས་པས་དམིགས་པའི་སྐྲ་ལ་སོགས་པ། གཞན་དག་གིས་ནི་ཇི་སྐད་དུ་བསྟན་པ་དེ་ཐམས་ཅད་བྱེད། དེ་བཞིན་དུ་ཅིའི་ཕྱིར་གང་དག་རྨི་ལམ་ན་མཐོང་བའི་བཟའ་བ་དང་བཏུང་བ་ལ་སོགས་པ་དེ་དག་གི་ཟས་སྐོམ་ལ་སོགས་པའི་བྱ་བ་འགྲངས་པ་དང་ངོམས་པ་ལ་སོགས་པ་མི་བྱེད་ལ། དེ་མ་ཡིན་པ་གཉིད་ཀྱིས་མ་ལོག་པའི་དུས་ན་མཐོང་བ་གཞན་དག་གིས་ནི་བྱེད། འདི་


DTG136_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཅིའི་ཕྱིར་དྲི་ཟའི་གྲོང་ཁྱེར་མེད་པས་གྲོང་ཁྱེར་གྱི་བྱ་བ་ཀུན་དུ་སྲུང་བ་ལ་སོགས་པ་མི་བྱེད་ལ་དེ་མ་ཡིན་པ་རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་དང་གྲོང་གི་སྐྱེ་བོ་གནས་པ་གཞན་དག་གིས་ནི་བྱེད། ཐམས་ཅད་མེད་དུ་འདྲ་ན་དེའི་ཕྱིར་ཡང་ཐམས་ཅད་སྐྲལ་སོགས་པའི་དོན་གྱི་བྱ་བ་བྱེད་པའམ། ཡང་ན་གང་ཡང་མི་བྱེད་པར་འགྱུར་རོ། །དེ་ནི་འདི་སྐད་དུ་གལ་ཏེ་སྐྲ་ལ་སོགས་པའི་དོན་གྱི་བྱ་བ་བཟུང་བའི་ཆ་ཙམ་དང་འབྲེལ་པ་ཡིན་ན་དེའི་ཚེ་ཐམས་ཅད་ལ་བཟུང་བའི་ཆ་ཡོད་དུ་མཚུངས་པས་ཐམས་ཅད་ཀྱང་དོན་བྱེད་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གང་གི་ལྟར་ན་ཕྱི་རོལ་གྱི་དོན་ཡོད་པ་དེའི་ལྟར་ན་སྐྲ་ལ་སོགས་པ་དང༌། བཟའ་བ་དང་བཏུང་བ་ལ་སོགས་པ་དང༌། གྲོང་ཁྱེར་ལ་སོགས་པ་ཡང་ཡོད་དེ། དེ་དག་རང་རང་དང་མཐུན་པའི་དོན་གྱི་བྱ་བ་ཡང་བྱེད་དོ། །གང་དག་ཕྱི་རོལ་ན་མེད་པ་རབ་རིབ་ཅན་གྱི་སྐྲ་ལ་སོགས་པ་དང། རྨི་ལམ་གྱི་ཟས་སྐོམ་ལ་སོགས་པ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དེ་དག་ནི་དོན་གྱི་བྱ་བ་གང་ཡང་མི་བྱེད་དོ་ཞེས་བྱ་བ་དེ་འཐད་དོ། །དཔེ་གསུམ་པོ་འདི་དག་ནི་འཁྲུལ་བ་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ། དང་པོ་ནི་རབ་རིབ་ཀྱི་འཁྲུལ་བའོ། །གཉིས་པ་ནི་གཉིད་དོ། །གསུམ་པ་ནི་ཐག་རིང་བའོ། །དེའི་ཕྱིར་དེ་ལྟར་ཡུལ་ལ་སོགས་པ་ངེས་པ་མེད་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། འདི་དག་དོན་མེད་པར་མེད་དུ་འདྲ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་བསྟན་པའི་རྣམ་པའི་ཕྱི་རོལ་གྱི་དོན་མེད་ན་ཡུལ་ལ་སོགས་པ་བཞི་མི་རུང་ངོ༌། །དེ་བས་ན་གདོན་མི་ཟ་བར་ཕྱི་རོལ་གྱི་དོན་ཁས་བླང་བར་བྱའོ་ཞེས་ཕྱོགས་སྔ་མའོ། །འདི་ལ་སློབ་དཔོན་ལན་གདབ་པར་ཅི་ལ་མ་རག་པར་ཆགས་ནས། མི་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ལ་སོགས་པ་ངེས་པ་རྣམ་པ་འདི་བཞི་ནི་ཕྱི་རོལ་གྱི་དོན་མེད་པར་མི་རུང་བ་མ་ཡིན་ཏེ་རུང་བ་ཉིད་དོ་ཞེས་དགོངས་པའོ། །དགག་པ་གཉིས་ཀྱིས་ནི་འདིར་སྐབས་ཡིན་པར་སྟོན་ཏོ། །ཇི་ལྟར་རུང་ཞེ་ན་དེའི་ཕྱིར། འདི་ལྟར། ཡུལ་ལ་སོགས་པ་ངེས་འགྲུབ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ཡུལ་དང་དུས་ངེས་ཏེ། རྨི་ལམ་དང་འདྲ་


DTG136_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྲུབ་བོ། །འདྲ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། རྨི་ལམ་དུ་རྨིས་བ་དང་མཚུངས་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་རྨི་ལམ་དུ་རྨིས་པ་དང་མཚུངས་སོ་ཞེས་བསྟན་པ་གང་ཡིན་པ་དེ་ཉིད་རྨི་ལམ་དང་འདྲའོ་ཞེས་བསྟན་པའོ། །དཔེའི་དོན་རྣམ་པར་དགྲོལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དོན་མེད་པར་རྣམ་པར་རིག་པ་རྣམས་ཀྱི་ཡུལ་དང་དུས་ངེས་པར་མི་འགྲུབ་ན། རྨི་ལམ་ན་ཡང་ཕྱི་རོལ་གྱི་དོན་མེད་པར་ཡུལ་ལ་ལན་གྲོང་དང་ཀུན་དགའ་རབ་ལ་སོགས་པ་སྣང་ལ་ཐམས་ཅད་ན་ནི་མ་ཡིན་པར་ཇི་ལྟར་འགྱུར། དེ་བཞིན་དུ་ཡུལ་དེ་ཉིད་ན་ཡང་གྲོང་དང་ཀུན་དགའ་རབ་ལ་སོགས་པ་དེ་རེས་འགའ་སྣང་ལ་དུས་ཐམས་ཅད་དུ་མ་ཡིན་པར་ཇི་ལྟར་འགྱུར། དོན་མེད་པར་ཡང་ཡུལ་ལ་སོགས་པ་ངེས་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དོན་མེད་བར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྐད་བསྟན་པའི་རྣམ་པས་ཕྱི་རོལ་གྱི་དོན་མེད་པར་ཡང་ཡུལ་དང་དུས་ངེས་པར་འགྲུབ་བོ། །སེམས་ངེས་པ་མེད་པར་གྲུབ་པ་དང་དཔེ་གཞན་གྱིས་བསྟན་པའི་ཕྱིར། སེམས་ཀྱང་ངེས་པ་མེད་ཅེས་བྱ་བ་ལ་སོགས་བ་སྨོས་སོ། །དཔེར་ན་དོན་མེད་པར་ཡི་དགས་རྣམས་སེམས་ངེས་པ་མེད་པར་གྲུབ་བ་དེ་བཞིན་དུ་གཞན་དུ་ཡང་འགྱུར་རོ་ཞེས་མདོར་བྱས་པའི་དོན་ཏོ། །མདོ་ལས་མ་སྨོས་ཏེ་བྱ་བའི་ཚིག་ཁོང་ནས་དབྱུང་བའི་ཕྱིར། གྲུབ་ཅེས་བྱ་བར་སྙེགས་སོ་ཞེས་བྱ་བ་སྨོས་ཏེ། མདོར་ཞེས་བྱ་བ་སྔ་མ་ལས་གྲུབ་བ་སྨོས་པའི་རྗེས་སུ་བསྙག་གོ་ཞེས་དགོངས་པའོ། །འདིར་ཡང་བཞིན་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ཡི་དགས་རྣམས་ཀྱི་དང་མཚུངས་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཀྱེ་ཞེས་བྱ་བ་ལ་བཞིན་ཞེས་བྱ་བ་བསྟན་པར་འགྱུར་རོ། །ཡི་དགས་རྣམས་ཀྱི་སེམས་ངེས་པ་མེད་པ་མ་བསྟན་པའི་ཕྱིར། ཇི་ལྟར་གྲུབ་ཅེས་དྲིས་པ་དང༌། བསྟན་བཅོས་བྱེད་པས་གྲུབ་བའི་ཐབས་བསྟན་པའི་ཕྱིར་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ཡུལ་དང་དུས་དེ་ན་འཁོད་པའི་ཡི་དགས་ཐམས་ཅད་ཀྱིས་ཀླུང་ལ་རྣག་ལ་སོགས་པར་མཐོང་སྟེ། དེ་བས་ན་དོན་མེད་པར་ཡང་སེམས་ངེས་པ་མེད་པར་གྲུབ་བོ། །ཚིག་གི་དོན་ཁོང་དུ་ཆུད་


DTG136_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ངག་གི་དོན་ཁོང་དུ་ཆུད་པའི་སྔོན་དུ་འགྲོ་བས་ཚིག་གི་དོན་རྣམ་པར་དགྲོལ་བའི་ཕྱིར། རྣག་གིས་གང་བའི་ཀླུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣག་གི་ཀླུང་ཞེས་བྱ་བ་འདི་ལ། གང་བ་ཞེས་བྱ་བའི་སྒྲ་མ་སྨོས་སོ་ཞེས་སྟོན་ཏོ། །འདིར་དཔེ་བསྟན་པའི་ཕྱིར། མར་གྱི་བུམ་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མར་གྱིས་གང་བའི་བུམ་པ་ལ་མར་གྱི་བུམ་པ་ཞེས་བྱ་བ་དེ་བཞིན་དུ། འདི་ལ་ཡང་རྣག་གིས་གང་བའི་ཀླུང་ལ་རྣག་གི་ཀླུང་ཞེས་བྱའོ། །རྣག་མེད་པ་ལ་ཐམས་ཅད་ཀྱིས་རྣག་ཏུ་ཇི་ལྟར་མཐོང་ཞེ་ན། ལས་ཀྱི་རྣམ་པར་སྨིན་པ་མཚུངས་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པར་སྨིན་བ་མཚུངས་པ་ལ་གནས་པའི་ཡི་དགས་ཇི་སྙེད་པ་དེ་དག་ཀུན་གྱིས་ཀྱང་འདྲ་བར་ཀླུང་རྣག་གིས་གང་བར་མཐོང་སྟེ་གཅིག་འགས་ནི་མ་ཡིན་ནོ། །དེ་ལ་རྣག་ཐིགས་བ་འགའ་ཡང་མེད་ན་རྣག་གིས་གང་བའི་ཀླུང་ལྟ་ག་ལ་ཡོད་དེ། ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ན་དེ་དག་གིས་དེ་མཐོང་ངོ༌། །སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པའི་དོན་བསྟན་པའི་ཕྱིར། རྣག་གིས་གང་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཁ་ཅིག་གིས་རྣག་གིས་གང་བར་མཐོང་བ་དེ་བཞིན་དུ། ཁ་ཅིག་གིས་གཅིན་གྱིས་གང་བ་དང༌། ཁ་ཅིག་གིས་ངན་སྐྱུགས་ཀྱིས་གང་བ་དང༌། ཁ་ཅིག་གིས་དབྱིག་པ་ཐོགས་པའི་མི་དག་གིས་བསྲུངས་པ་དང༌། ཁ་ཅིག་གིས་ཀླུང་ལ་རལ་གྲི་ཐོགས་བ་དག་གིས་བསྲུངས་པར་མཐོང་ངོ༌། །ཡི་དགས་རྣམས་ཀྱིས་ལས་ཀྱི་དབང་གིས་དབྱིག་པ་དང་རལ་གྲི་ཐོགས་པའི་མི་འབྱུང་བར་ནི་མི་རིགས་ཏེ། གཞན་གྱི་ལས་ཀྱིས་གཞན་དག་བྱུང་བར་གྱུར་ཏ་རེ། དེའི་ཕྱིར་དེ་ལྟར་སེམས་ངེས་པ་མེད་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སྐད་དུ་བསྟན་པའི་རྣམ་པས་དོན་མེད་པར་ཡང་རྣམ་པར་རིག་པ་རྣམས་ཀྱིས་སེམས་ངེས་པ་མེད་པར་གྲུབ་བོ། །དོན་མེད་པ་ལ་བྱ་བ་བྱེད་བ་བསྟན་པའི་ཕྱིར། བྱ་བྱེད་རྨི་ལམ་གནོད་བ་འདྲ། །ཞེས་བྱ་བ་སྨོས་སོ། །དཔེར་ན་རྨི་ལམ་གྱི་གནོད་པ་དོན་མེད་པར་ཡང་གྲུབ་བ་དེ་བཞིན་དུ་དོན་བྱེད་པ་དེ་གཞན་ཡང་དོན་མེད་པར་གྲུབ་བོ་ཞེས་མདོར་བྱས་པའི་དོན་ཏོ། །བྱ་བའི་


DTG136_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཁོང་ནས་དབྱུང་བའི་ཕྱིར། གྲུབ་ཅེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། མདོར་བྱས་པ་གོང་མ་ལས་གྲུབ་ཅེས་བྱ་བའི་སྒྲ་ལ་སྙེགས་པ་འདིར་ཡང་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ །དཔེ་རྣམ་པར་དགྲོལ་བའི་ཕྱིར། དཔེར་ན་རྨི་ལམ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་ན་སྐྱེས་པ་དང་བུད་མེད་གཉིས་མ་ཕྲད་པར་ཁུ་བ་བྱུང་བ་དེ་བཞིན་དུ་རྨི་ལམ་གྱི་གནོད་པ་འབྱུང་བ་དེ་བཞིན་དུ་སྐྲ་དང་ཤ་སྦྲང་དང་བཟའ་བ་དང་བཏུང་བ་དང༌། གྲོང་ཁྱེར་དང་གྲོང་རྡལ་དང་དུག་དང་མཚོན་དང་ལྕེ་འབབ་པས་བསྒྲིབ་པར་བྱ་བའི་དོན་སྐྲ་ལ་སོགས་པ་མེད་པར་ཡང་འབྱུང་ངོ༌། །གཉིས་ཀྱིས་གཉིས་ཕྲད་པ་མེད་པར་ཡང་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱིས་གཉིས་ཕྲད་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དེ་ལྟར་གོང་དུ་སྨོས་པའི་བརྒལ་བ་རྣམ་པ་བཞི་ཆར་གྱི་ལན་བཏབ་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སྐད་བསྟན་པའི་རྣམ་པས་རེ་ཞིག་དཔེ་གཞན་དང་གཞན་དག་གིས་ཡུལ་དང་དུས་ངེས་པ་ལ་སོགས་པ་བཞི་གྲུབ་བོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་ཡང་འགྲུབ་བོ་ཞེས་འོག་ནས་འབྱུང་བ་བསྟན་ཏོ། །ཡང་དཔེ་གཅིག་གིས་བརྒལ་བ་བཞི་ཆར་གྱི་ལན་གདབ་པའི་ཕྱིར། ཐམས་ཅད་སེམས་ཅན་དམྱལ་བ་བཞིན་ཞེས་བྱ་བ་སྨོས་སོ། །དཔེར་ན་སེམས་ཅན་དམྱལ་བ་དག་ན་དོན་མེད་པར་ཡང་ཡུལ་ངེས་པ་ལ་སོགས་པ་རྣམ་པ་བཞི་ཡོད་པ་དེ་བཞིན་དུ་གཞན་དུ་ཡང་དོན་མེད་པར་རྣམ་པ་བཞི་པོ་ཡང་ཐམས་ཅད་གྲུབ་བོ་ཞེས་མདོར་བྱས་པའི་དོན་ཏོ། །བྱ་བའི་ཚིག་ཁོ་ནས་དབྱུང་བའི་ཕྱིར། གྲུབ་ཅེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དོན་དེ་བརྡ་ཕྲད་པར་ཟད་དོ། །འདྲ་བའི་དོན་བསྟན་པའི་ཕྱིར། སེམས་ཅན་དམྱལ་བ་དག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དེ་བརྡ་ཕྲད་པར་ཟད་དོ། །སེམས་ཅན་དམྱལ་བ་དག་ན་ཡུལ་ལ་སོགས་པ་ངེས་པ་བཞི་མ་བསྟན་པའི་ཕྱིར་ཇི་ལྟར་གྲུབ་ཅེས་དྲིས་བ་དང༌། བསྟན་བཅོས་བྱེད་པས་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། དམྱལ་བའི་སྲུང་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སེམས་ཅན་དམྱལ་བའི་སྲུང་མ་དང༌། རྫ་མ་དང༌། ཟངས་པོ་ཆེ་ལ་སོགས་བ་མེད་པར་ཡང་སེམས་ཅན་དམྱལ་བ་རྣམས་ཀྱིས་


DTG136_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་དུས་ངེས་པར་མཐོང་ངོ༌། །ཡུལ་དང་དུས་དེ་ན་འཁོད་པ་ཐམས་ཅད་ཀྱིས་བྱེ་བྲག་མེད་པར་མཐོང་སྟེ། མེད་པར་ཡང་དེ་དག་གནོད་པ་རྣམ་པ་སྣ་ཚོགས་བྱེད་དོ་ཞེས་མདོར་བྱ་བའི་དོན་ཏོ། །བསྟན་བཅོས་བྱེད་པས་མདོར་བྱས་པའི་དོན་དེ་རྒྱ་ཆེར་བསྟན་བའི་ཕྱིར། དཔེར་ན་སེམས་ཅན་དམྱལ་བ་པ་དག་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བ་དག་ན་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་ཡུལ་ངེས་པ་དང་དུས་ངེས་པར་གྲུབ་པ་བཞིན་ནོ། །སོགས་པའི་སྒྲས་བསྡུས་པའི་དོན་བསྟན་པའི་ཕྱིར། ཁྱི་དང་བྱ་རོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱི་དང་བྱ་རོག་དང་ལྕགས་ཀྱི་རིལ་སོགས་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་ཡང་སོགས་པ་སྨོས་པ་ནི་རྫ་མ་དང་ཟངས་པོ་ཆེ་ལ་སོགས་པ་བསྡུའོ། །སེམས་ངེས་པ་མེད་པ་བསྟན་པའི་ཕྱིར། ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དེ་ཡང་བརྡ་ཕྲད་པར་ཟད་དོ། །བྱ་བ་བྱེད་པ་བསྟན་པའི་ཕྱིར། དེ་དག་གིས་དེ་དག་ལ་གནོད་པ་ཡང་གྲུབ་སྟེ་ཞེས་བྱ་བ་སྟེ། གནོད་པའི་བྱེ་བྲག་རྣམ་པ་སྣ་ཚོགས་བྱེད་པར་གྲུབ་བོ། །འདི་ལ་འདིར་འགྱུར་ཏེ། གལ་ཏེ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དག་མེད་ན་ཡུལ་ལ་སོགས་པ་ངེས་པ་རྣམ་པ་བཞི་པོ་ཇི་ལྟར་འབྱུང་སྙམ་པ་ལ། མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་མེད་ཀྱང་རྣམ་པ་བཞི་པོ་དེ་གྲུབ་བོ། །མེད་པ་དེ་ཇི་ལྟར་གྲུབ་སྙམ་པ་ལ། རང་གི་ལས་ཀྱི་རྣམ་པར་སྨིན་པ་མཚུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དེ་དག་གིས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་སྔོན་བྱས་པ་ལས། དེའི་རྣམ་པར་སྨིན་པ་གང་གི་ཚེ་མངོན་དུ་གྱུར་པ་དེའི་ཚེ་སེམས་ཅན་དམྱལ་བའི་སྲུང་མ་དང༌། ཁྱི་དང་བྱ་རོག་དང༌། ལྕགས་ཀྱི་རི་དང༌། རྫ་མ་དང་ཟངས་པོ་ཆེ་ལ་སོགས་པའི་རྣམ་བར་ཤེས་པ་ཉིད་བྱུང་ནས་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་སྒྱུ་ཐབས་ཀྱིས་སེམས་ཅན་དམྱལ་བ་པ་དེ་དག་སྡུག་བསྔལ་གྱི་ཚོར་བ་སྐྱེད་དེ། ཇི་སྙེད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དེ་བྱས་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་རྣམ་པར་ཤེས་པ་ཉིད་


DTG136_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་རྣམ་པ་བྱུང་ནས་སྡུག་བསྔལ་གྱི་ཚོར་བ་བསྐྱེད་ཀྱི་གཅིག་འགའ་ལ་ནི་མ་ཡིན་ནོ། །དེ་ཡང་མི་སྲིད་པ་མ་ཡིན་ཏེ། རྨི་ལམ་གྱི་གནས་ན་ཡང་མཐོང་བའི་ཕྱིར་རོ། །དཔེར་ན་སྡིག་བ་ཅན་གྱི་རྨི་ལམ་ན་ལས་ཀྱི་དབང་གིས་རྣམ་པར་ཤེས་པ་ཉིད་སེང་གེ་དང་སྟག་དང་ཆོམ་རྐུན་ལ་སོགས་པའི་རྣམ་པར་བྱུང་ན་སྡུག་བསྔལ་དང་སྐྲག་པ་དང་འདྲ་བ་ལ་སོགས་པ་སྐྱེད་པ་དེ་བཞིན་དུ་སེམས་ཅན་དམྱལ་བ་དག་ན་ཡང་དེ་སྲིད་དོ། །དེའི་ཕྱིར་ད་ལྟར་དཔེ་ལ་ཡུལ་ལ་སོགས་པ་ངེས་པ་རྣམ་པ་བཞི་བསྟན་ནས་དངོས་ལ་བསྟན་པའི་ཕྱིར། དེ་བཞིན་དུ་གཞན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དོན་ཡང་བཤད་ཟིན་ཏོ། །བྱེ་བྲག་ཏུ་སྨྲ་བ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་སེམས་ཅན་རྣམས་སུ་འདོད་དེ། འདིར་དེ་ལྟར་བརྒལ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཅིའི་རྒྱུས་སེམས་ཅན་དམྱལ་བའི་སྲུང་མ་དང༌། ཁྱི་དང་བྱ་རོག་དེ་དག་སེམས་ཅན་རྣམས་སུ་མི་འདོད། འདི་ལྟར་དེ་དག་ལ་ནི་སེམས་ཅན་གྱི་ཚུལ་ཡང་སྣང༌། སེམས་ཅན་བཞིན་དུ་གཡོ་བ་ཡང་ཡོད། འདི་ལྟར་དེ་དག་ལ་བློའི་བྱ་བ་སྤྱོད་པ་དང་རྗོད་པ་ཡང་སྣང་སྟེ་དེ་གཉིས་ཀྱིས་གཞན་ལ་སེམས་ཡོད་པར་རྗེས་སུ་དཔག་ཏུ་རུང་ངོ༌། །གལ་ཏེ་དེ་དག་ལ་སེམས་ཡོད་པར་དཔག་པ་དེ་གཉིས་མེད་ན་དེའི་ཚེ་སྲོག་ཆགས་གཞན་ལ་སེམས་ཡོད་པར་རྗེས་སུ་དཔག་པ་མེད་པར་འགྱུར་ཏེ། དེ་གཉིས་འཁྲུལ་པ་ཡོད་པའི་ཕྱིར་རོ། །སྲོག་ཆགས་སུ་མི་རིགས་པར་བསྟན་པའི་ཕྱིར། མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མི་རིགས་པ་དེ་ཉིད་བསྟན་པའི་ཕྱིར། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སེམས་ཅན་དམྱལ་བའི་སྲུང་མ་དག་ནི་སེམས་ཅན་དམྱལ་བ་པ་རྣམས་སུ་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སེམས་ཅན་དམྱལ་བ་པའི་སེམས་ཅན་གཞན་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་སོ་སོར་མྱོང་བ་དེ་བཞིན་དུ་དེ་དག་དེ་ལྟར་མི་མྱོང་བའི་ཕྱིར་རོ། །གང་གནོད་པ་བྱེད་པ་དེ་གནོད་པར་བྱེད་པ་བཞིན་དུ་སྡུག་བསྔལ་མི་མྱོང་སྟེ།


DTG136_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གང་སེམས་ཅན་དམྱལ་བའི་སྲུང་མ་དེ་དག་ལ་གནོད་པ་བྱེད་པ་ནི་གང་ཡང་ཡོད་སྐད་མི་གྲག་གོ །གང་སེམས་ཅན་བཞིན་དུ་གཡོ་བ་དེ་ཡང་རང་དགའ་སྟེ་མ་ཡིན་གྱི། སེམས་ཅན་དམྱལ་བ་རྣམས་ཀྱི་ལས་ཀྱི་དབང་གིས་སོ། །སེམས་ཅན་གྱི་ཚུལ་ནི་གཟུགས་ཀྱི་ལུས་དང་རི་མོའི་ལུས་ལ་ཡང་ཡོད་དེ། དེ་ལ་འདིར་འགྱུར་ཏེ། གཅིག་ལ་གཅིག་གནོད་པ་བྱེད་དོ་སྙམ་པ་ལ། གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཅན་དམྱལ་བ་པ་དང༌། སེམས་ཅན་དམྱལ་བ་པའི་སྲུང་མ་དག་གཅིག་ལ་གཅིག་གནོད་པ་བྱེད་ན་ནི་འདི་དག་ནི་སེམས་ཅན་དམྱལ་བ་པ་དག་གོ །འདི་དག་ནི་སེམས་ཅན་དམྱལ་བའི་སྲུང་མ་དག་གོ་ཞེས་མ་འདྲེས་པར་རྣམ་པར་གཞག་པ་མེད་པར་འགྱུར་རོ། །འདི་ལྟར་གང་དག་གནོད་པར་བྱ་བ་དེ་དག་ནི་སེམས་ཅན་དམྱལ་བ་པ་རྣམས་སུ་འདོད། གང་དག་གནོད་པར་བྱེད་པ་དེ་དག་ནི་སེམས་ཅན་དམྱལ་བའི་སྲུང་མ་དག་ཏུ་འདོད་ན་གཉིས་མཚུངས་པར་གནོད་པར་བྱ་བའམ། གནོད་པ་བྱེད་པ་དེ་ཉིད་ཡིན་ན་ནི་གང་དག་ནི་སེམས་ཅན་དམྱལ་བ་པ། གང་དག་ནི་སེམས་ཅན་དམྱལ་བ་པའི་སྲུང་མ་ཞེས་བརྗོད་པར་བྱ། འདིར་གཏན་ཚིགས་ལྷག་པར་བྱད་གཟུགས་དང་བོང་ཚོད་དང་སྟོབས་མཚུངས་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཅན་དམྱལ་བའི་སྲུང་མ་དག་ཀྱང་སེམས་ཅན་དམྱལ་བ་པར་གྱུར་པ་ན་ནི་དེའི་ཚེ་གཉི་ག་ཡང་བྱད་གཟུགས་མཚུངས་པ་དང༌། བོང་ཚོད་མཚུངས་པ་དང༌། སྟོབས་མཚུངས་པར་འགྱུར་རོ། །དེའི་ཕྱིར་སེམས་ཅན་དམྱལ་བའི་སྲུང་མ་དང་སེམས་ཅན་དམྱལ་བ་པ་བྱད་གཟུགས་དང་བོང་ཚོད་དང་སྟོབས་མཚུངས་པ་དག་ནི་གཅིག་ལ་གཅིག་གནོད་པ་བྱེད་ཀྱང་ཇི་ལྟར་གྲག་པ་རྣམ་པ་དེ་ལྟ་བུར་འཇིག་པར་མི་འགྱུར་རོ། །གྲག་པ་ནི་འདི་སྐད་དུ་གྲག་སྟེ། སེམས་ཅན་དམྱལ་བ་པ་དག་སེམས་ཅན་དམྱལ་བའི་སྲུང་མ་མ་རུང་བའི་ཚུལ་ཅན་ལུས་བོང་ཆེ་བ་ཤིན་ཏུ་སྟོབས་དང་ལྡན་པ་རྣམས་མཐོང་ནས་ཕྱོགས་མཐའ་དག་མུན་པར་གྱུར་ཏེ། དེ་དག་གི་ལུས་ཀྱང་བག་འཁུམས་མགོ་ཡང་རྨོངས་སོ། །བྱད་གཟུགས་ནི་རྐང་ལག་གནས་པའི་ཁྱད་པར་རོ། །བོང་ཚོག་


DTG136_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེང་གི་ཁྱད་པར་རོ། །སྟོབས་ནི་ལུས་ཀྱི་མཐུའོ། །འདིར་ཡང་རིགས་པ་གཞན་བསྟན་པའི་ཕྱིར། ལྕགས་རབ་ཏུ་འབར་བའི་ས་གཞི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཅན་དམྱལ་བའི་སྲུང་མ་དག་ཀྱང་སེམས་ཅན་དམྱལ་བ་བ་བཞིན་དུ་སྡུག་བསྔལ་མྱོང་བ་ནི་དེའི་ཚེ་ཚ་བའི་སྡུག་བསྔལ་ཡང་མི་བཟོད་ན་ཇི་ལྟར་དེ་ན་སེམས་ཅན་དམྱལ་བ་པ་རྣམས་ལ་གནོད་པ་བྱེད་པར་འགྱུར། དེ་དག་རབ་ཏུ་འབར་བའི་ས་གཞི་དེ་ལ་འགྲེ་ལྡོག་སྟེ་རང་གི་ལུས་ཀྱང་འཛིན་པར་མི་ནུས་ན་གཞན་ལ་གནོད་པ་བྱེད་པ་ལྟ་ཅི་སྨོས། གལ་ཏེ་སེམས་ཅན་དམྱལ་བ་པར་མ་གྱུར་དུ་ཟིན་ཀྱང་ཡི་དགས་སམ་དུད་འགྲོ་ཞིག་ནི་ཡིན་ནོ་སྙམ་པ་ལ། དེའི་ཕྱིར། སེམས་ཅན་དམྱལ་བ་པ་མ་ཡིན་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཅན་དམྱལ་བ་པའི་སྲུང་མ་དག་ཀྱང་ཁྱི་དང་བྱ་རོག་རྣམས་སེམས་ཅན་དམྱལ་བ་པར་མི་འདོད་ན། དེའི་ཚེ་དུད་འགྲོ་དང་ཡི་དགས་ཀྱི་བྱེ་བྲག་ཡི་དགས་དང་དུད་འགྲོའི་འགྲོ་བས་བསྡུས་པ་དེ་དག་སེམས་ཅན་དམྱལ་བའི་འགྲོ་བར་འབྱུང་བར་ག་ལ་འགྱུར། བྱེ་བྲག་ཏུ་སྨྲ་བས་དེའི་ལན་གདབ་པའི་ཕྱིར། འོ་ན་དུད་འགྲོ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འགྲོ་བ་གཞན་གྱིས་བསྡུས་པ་དག་འགྲོ་བ་གཞན་དུ་མི་འབྱུང་ན་མཐོ་རིས་སུ་གླང་པོ་ཆེས་སྲུང་གི་བུ་དང༌། ངང་མོ་དང་ཁྲུང་ཁྲུང་དང་ནེ་ཚོ་དང་རི་སྐེགས་ལ་སོགས་པ་ཇི་ལྟར་འབྱུང་སྟེ། དེར་ཇི་ལྟར་འབྱུང་བ་དེ་བཞིན་དུ་སེམས་ཅན་དམྱལ་བར་ཡང་དུད་འགྲོའི་བྱེ་བྲག་ཁྱི་དང་བྱ་རོག་ལ་སོགས་པ་དང༌། ཡི་དགས་ཀྱི་བྱེ་བྲག་དམྱལ་བའི་སྲུང་མ་འབྱུང་བར་འགྱུར་ཞེ་ན། དེ་བསལ་བའི་ཕྱིར། ཇི་ལྟར་དུད་འགྲོ་མཐོ་རིས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་དུད་འགྲོ་མཐོ་རིས་སུ་བྱུང་བ་དེ་ལྟར་སེམས་ཅན་དམྱལ་བ་པར་འབྱུང་བར་མི་རིགས་སོ། །ཡི་དགས་རྣམས་ཀྱང་མ་ཡིན་ཏེ། འདི་ལྟར་དུད་འགྲོ་དང་ཡི་དགས་དེ་དག་གིས་སེམས་ཅན་དམྱལ་བ་ན་ཡོད་པའི་སྡུག་བསྔལ་མི་མྱོང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་དཔེ་དང་མི་འདྲ་བར་བསྟན་པའི་ཐབས་ཀྱིས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། དུད་འགྲོ་གང་དག་ཅེས་བྱ་བ་ལ་སོགས་


DTG136_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨོས་སོ། །དེ་ནི་དུད་འགྲོ་མཐོ་རིས་སུ་སྐྱེ་བ་དག་དང་མི་མཚུངས་ཏེ། འདི་ལྟར་དུད་འགྲོ་གང་དག་མཐོ་རིས་སུ་འབྱུང་བ་དེ་དག་ནི་མཐོ་རིས་ཀྱི་སྣོད་ཀྱི་འཇིག་རྟེན་ན་བདེ་བ་གང་དག་ཡོད་པ་དེ་ལས་གང་གིས་གྲུབ་པ་དེས་མཐོ་རིས་དེར་འབྱུང་བ་དག་མཐོ་རིས་ཀྱི་སྣོད་ཀྱི་འཇིག་རྟེན་ན་ཡོད་པའི་བདེ་བ་སོ་སོར་མྱོང་ངོ༌། །གལ་ཏེ་དུད་འགྲོ་དེ་དག་ཇི་ལྟར་ལྷའི་བདེ་བ་མྱོང་ཞེ་ན། སྨྲས་པ། ངང་ཚུལ་ངན་པས་ནི་དེ་དག་དུད་འགྲོའི་འགྲོ་བ་འཐོབ་བོ། །སྦྱིན་པས་ནི་ལྷའི་ལོངས་སྤྱོད་འཐོབ་སྟེ་འགལ་བ་མེད་དོ། །འདི་ལྟར་འདོད་པ་ན་སྤྱོད་པའི་ལས་འགྲོ་བ་གཞན་ལ་ཡང་དེ་ལས་གཞན་པའི་རྐྱེན་གྱི་དབང་གིས་འགྲོ་བ་གཞན་དུ་རྣམ་པར་སྨིན་ཏེ། སྣོད་ཀྱི་འཇིག་རྟེན་ན་བདེ་བ་མྱོང་བར་འགྱུར་བའི་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དུ་བདེ་བ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ལས་གང་གིས་སྣོད་ཀྱི་འཇིག་རྟེན་ན་བདེ་བ་གྲུབ་པ་དེ་སྣོད་ཀྱི་འཇིག་རྟེན་ན་བདེ་བ་མྱོང་བར་འགྱུར་བ་ཞེས་བྱའོ། །དེ་ན་ཡོད་པའི་བདེ་བ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་མཐོ་རིས་ཀྱི་སྣོད་ཀྱི་འཇིག་རྟེན་དང་སྦྱར་ཏེ། དེའི་ཕྱིར་མཐོ་རིས་ཀྱི་སྣོད་ཀྱི་འཇིག་རྟེན་ན་ཡོད་པ་ཞེས་བསྟན་པར་འགྱུར་རོ། །དེ་ལ་འདིར་འགྱུར་ཏེ། སེམས་ཅན་དམྱལ་བར་ཡང་དེ་ལྟར་འགྱུར་རོ་སྙམ་པ་ལ་དེའི་ཕྱིར་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་གླང་པོ་ཆེས་སྲུང་གི་བུ་ལ་སོགས་པ་མཐོ་རིས་ན་བདེ་བ་མྱོང་བ་དེ་བཞིན་དུ་སེམས་ཅན་དམྱལ་བ་པའི་སྲུང་མ་ལ་སོགས་པས་སེམས་ཅན་དམྱལ་བའི་སྣོད་ཀྱི་འཇིག་རྟེན་ན་ཡོད་པའི་སྡུག་བསྔལ་མི་མྱོང་ངོ༌། །དེའི་ཕྱིར་དེ་ལྟར་དཔེ་དང་མི་འདྲ་བར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་དུད་འགྲོ་དག་དེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་མྱོང་བ་དེའི་ཕྱིར་སེམས་ཅན་དམྱལ་བ་དེར་དུད་འགྲོ་འབྱུང་བར་མི་རིགས་ཏེ། ཡི་དགས་རྣམས་ཀྱང་མ་ཡིན་ན་ཞེས་བྱ་བར་གནས་སོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བ་ལན་མེད་པར་བྱས་པ་དང་མདོ་སྡེ་བས་ལན་གདབ་པའི་ཕྱིར། སེམས་ཅན་དམྱལ་བ་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་


DTG136_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གལ་ཏེ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དེ་དག་སེམས་ཅན་གྱི་གྲངས་སུ་མི་རུང་ན་ཡང༌། སེམས་ཅན་དམྱལ་བ་དེ་དག་གི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་སེམས་ཅན་དམྱལ་བ་དེར་ས་ལ་སོགས་པ་འབྱུང་བའི་བྱེ་བྲག་དག་འབྱུང་སྟེ། སེམས་ཅན་དམྱལ་བ་པ་དག་པས་མདོག་གནག་པ་དང༌། སེར་བ་ལ་སོགས་པ་དང༌། ལག་པ་དང༌། རྐང་པ་ལ་སོགས་པ་འཇིགས་སུ་རུང་བའི་བྱད་གཟུགས་དང༌། ལུས་ཀྱི་ཁྲུ་ལ་སོགས་པའི་བོང་ཚོད་དང༌། སེམས་ཅན་དམྱལ་བ་ཟིལ་གྱིས་གནོན་པའི་སྟོབས་ཀྱི་བྱེ་བྲག་གང་གིས་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་མིང་ཐོབ་བོ། །གལ་ཏེ་སེམས་མེད་ན་ཇི་ལྟར་སེམས་ཅན་བཞིན་དུ་གཡོ་ཞེ་ན། དེའི་ཕྱིར་གང་ལག་པ་བརྐྱང་བ་ལ་སོགས་པ་སྨོས་སོ། །སེམས་མེད་དུ་ཟིན་ཀྱང་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་དབང་གིས་དེ་དག་གང་གི་ཕྱིར་མཚོན་ཆ་འདེབས་པར་གཟས་པ་དང༌། སོ་གཙིགས་པ་དང༌། མིག་བགྲད་པ་དང༌། སྨིན་མ་ཁྲོ་གཉེར་དུ་བསྡུས་པ་དང༌། གཏུམ་པའི་བྱ་བ་སྣ་ཚོགས་བྱེད་པར་སྣང་བ་དེ་ལྟ་དེ་ལྟ་བུར་ཡང་འགྱུར་རོ། །ཅིའི་ཕྱིར་དེ་དག་སྣང་ཞེ་ན། འཇིགས་པ་བསྐྱེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །སེམས་ཅན་དམྱལ་བ་པ་རྣམས་འཇིགས་པའི་སྡུག་བསྔལ་བསྐྱེད་པའི་ཕྱིར་དེ་དག་དེ་ལྟ་བུར་འགྱུར་ཏེ། སེམས་ཅན་དམྱལ་བ་པ་དག་གིས་འཇིགས་པ་སྡུག་བསྔལ་བ་མྱོང་བར་འགྱུར་བའི་ལས་གང་སྔོན་བྱས་པ་ཉིད་ཀྱི་རྣམ་པར་སྨིན་པ་ཡིན་ནོ། །ཇི་ལྟར་འབྱུང་བའི་བྱེ་བྲག་རྣམས་དེ་ལྟར་གྱུར་ནས་སེམས་ཅན་དམྱལ་བ་པ་དག་ལ་དེ་ལྟར་འཇིགས་པར་བྱེད་པ་དང༌། གནོད་པ་བྱེད་པའི་དཔེ་འདིར། དཔེར་ན་ལུག་ལྟ་བུའི་རི་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་སེམས་ཅན་གྱི་གྲངས་སུ་མ་གཏོགས་ཀྱང་ལས་ཀྱི་དབང་གིས་ལུག་ལྟ་བུའི་རི་དག་འོང་བ་དང་འགྲོ་བས་སེམས་ཅན་དམྱལ་བ་པ་དག་ལ་འཇིགས་པར་བྱེད་པ་དང༌། གནོད་པར་བྱེད་པ་ལྟ་བུའོ། །ཡང་དཔེར་ན་ལྕགས་ཀྱི་ཤལ་མ་ལིའི་ནགས་ཚལ་ལ་སེམས་ཅན་དམྱལ་བ་དག་ཡར་འཛེགས་པའི་ཚེ་ནི་ཚེར་མ་ཁ་ཐུར་དུ་ལྟ། སླར་འབབ་པའི་ཚེ་ནི་གྱེན་དུ་ལྟ་སྟེ། དེ་ལ་གནོད་པར་བྱེད་ཀྱང་དེ་དག་ལ་སེམས་


DTG136_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་ལ། སེམས་ཡོད་པ་ལྟ་བུར་བྱ་བ་བྱེད་པ་དག་སྣང་བ་ལྟ་བུའོ། །དེ་ལ་འདིར་འགྱུར་ཏེ། ལུག་ལྟ་བུའི་རི་ལ་སོགས་པ་ཡོད་པ་མ་ཡིན་ནོ་སྙམ་པ་ལ། དེ་དག་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་ལུག་ལྟ་བུའི་རི་ལ་སོགས་པ་དེ་དག་ནི་མེད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་དེ་དག་ནི་མིག་ལ་སོགས་པ་མཉམ་པའི་གཟུང་བའོ་ཞེས་ཕྱོགས་སྔ་མའོ། །བསྟན་བཅོས་བྱེད་པས་འདིར། གལ་ཏེ་དེའི་ལས་ཀྱིས་དེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་གི་ལས་ཀྱི་དབང་གིས་སེམས་ཅན་དམྱལ་བ་དེར་འབྱུང་བ་དག་མདོག་དང་བྱད་གཟུགས་དང་བོང་ཚོད་དང་སྟོབས་དང་ལྡན་པ་དེ་ལྟ་བུ་དག་འབྱུང་བར་འདོད་ན་ལག་པ་འདེགས་པ་ལ་སོགས་པའི་བྱ་བ་བྱེད་པ་པོར་འགྱུར་བ་དག་ཏུ་ཡང་འདོད་ན། དེའི་ཚེ་རྣམ་པར་ཤེས་པ་ཉིད་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པའི་རྣམ་པ་དག་དང༌། ལག་པ་ལ་སོགས་པ་འདེགས་པའི་བྱ་བ་བྱེད་པར་འབྱུང་བ་དང་འགྱུར་བར་ཅིས་མི་འདོད་ཅེས་མདོར་བྱས་པའི་དོན་ཏོ། །རྣམ་པར་ཤེས་པ་གྱུར་པས་ཁོང་དུ་ཆུད་པར་དཀའ་བས་དེ་ཉིད་རྣམ་པར་གྲོལ་བའི་ཕྱིར། དེའི་ལས་རྣམས་ཀྱིས་རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་སེམས་ཅན་དམྱལ་བའི་སེམས་ཅན་གྱི་ལས་ཀྱི་དབང་གིས་འབྱུང་བ་རྣམས་འབྱུང་བ་དང་འགྱུར་བར་ཡང་འདོད་ན། དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་དུ་ཅིའི་ཕྱིར་མི་འདོད་ལ། ཁྱོད་ཅིའི་ཕྱིར་འབྱུང་བ་རྣམས་སུ་རྟོག །དེ་དག་ལ་ནི་མཐུ་ལྷག་མ་ཅི་ཡང་མི་སྣང་ངོ༌། །འདི་ལྟར་དེ་དག་ཡོད་པ་ཙམ་གྱིས་འཇིགས་པ་ལ་སོགས་པ་མི་སྐྱེད་ཀྱི། དམིགས་ནས་འཇིགས་བསྐྱེད་ཀྱི། དམིགས་པ་ནི་དེ་དག་གི་དེའི་རྣམ་པར་ཤེས་པ་འབྱུང་བའོ། །དེ་བས་ན་གཉི་ག་ལ་གྲུབ་པའི་རྣམ་པར་ཤེས་པ་འགྱུར་བར་བརྟག་པ་ནི་རིགས་ཀྱི་འབྱུང་བ་རྣམས་ནི་མ་ཡིན་ཏེ། གཉི་ག་ལམ་གྲུབ་པའི་ཕྱིར་རྨི་ལམ་ལ་སོགས་པའི་གནས་ན་ཡང་རྣམ་པར་ཤེས་པ་ཉིད་ཚིག་དང་ལུས་དང་གཡོ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་གྱུར་པར་གྲགས་ཀྱི། འབྱུང་བ་རྣམས་ནི་གང་དུ་ཡང་མ་གྲགས་ཏེ། ལས་རྣམས་ཀྱི་རྣམ་པར་ཤེས་པ་


DTG136_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གྱུར་པར་རིགས་སོ། །འདིར་ཡང་གཏན་ཚིགས་ལྷག་པར་ཡང༌། །གཞན་ན་ལས་ཀྱི་བག་ཆགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ཀྱིས་སྐྱེད་པའི་བག་ཆགས་ནི་རྣམ་པར་ཤེས་པའི་རྒྱུད་གཞན་ལ་གནས་ལ་དེའི་འབྲས་བུ་ནི་གཞན་དུ་ཕྱི་རོལ་གྱི་འབྱུང་བ་གྱུར་པར་རྟོག་ན་རྣམ་པར་ཤེས་པའི་རྒྱུད་གང་ལ་བག་ཆགས་དེ་གནས་པ་དེ་ཉིད་ལ་དེའི་འབྲས་བུ་མི་འདོད་པའི་རྒྱུ་འདིར་བརྗོད་དགོས་སོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་མདོར་བྱས་པའི་དོན་དེ་རྒྱ་ཆེར་བསྟན་པའི་ཕྱིར། སེམས་ཅན་དམྱལ་བ་རྣམས་ཀྱི་ལས་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ལས་གང་གིས་མདོག་དང་བྱད་གཟུགས་ལ་སོགས་པའི་ཁྱད་པར་འབྱུང་བ་རྣམས་ལས་བྱུང་བ་དང༌། ལག་པ་ལ་སོགས་པ་འདེགས་པ་བྱ་བའི་མཚན་ཉིད་དུ་གྱུར་པ་ཡང་རྟོག་པའི་ལས་དེའི་བག་ཆགས་གང་ཡིན་པ་དེ་སེམས་ཅན་དེ་དག་གི་རྣམ་པར་ཤེས་པའི་རྒྱུ་དེ་ལ་གནས་ཀྱི་འབྱུང་བ་ལ་སོགས་པ་གཞན་ལ་ནི་མ་ཡིན་ཏེ། ལས་ཀྱི་དུས་ན་སེམས་ཅན་དམྱལ་བ་རྣམས་ཀྱི་འབྱུང་བ་དག་མེད་པའི་ཕྱིར་རོ། །གང་གི་ཚེ་རྣམ་པར་ཤེས་པའི་རྒྱུད་ལ་བག་ཆགས་གནས་པ་དེའི་ཚེ་གང་ལ་དེ་གནས་པ་དེ་ཉིད་ལ་དེའི་དེ་འདྲ་བར་རྣམ་པར་ཤེས་པ་གྱུར་པར་རིགས་ན། དེ་ཡང་དེར་ཁྱོད་མི་འདོད་དེ། འབྱུང་བ་ལ་སོགས་པ་གང་ན་བག་ཆགས་མེད་པ་དེར་དེའི་འབྲས་བུར་རྟོགས་པ་འདི་ལ་གཏན་ཚིགས་ཅི་ཡོད། འཇིག་རྟེན་ན་ནི་གང་དུས་བོན་བཏབ་པ་དེར་འབྲས་བུ་འབྱུང་སྟེ། ཞིང་ལ་ས་བོན་བཏབ་ལ་རིའི་རྩེ་མོར་འབྲས་བུ་འབྱུང་བ་ནི་མེད་དོ། །འདིར་མདོ་སྡེ་བས་ལུང་གི་གཏན་ཚིགས་ཡོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་བག་ཆགས་གཞན་ན་ཡོད་ལ་འབྲས་བུ་གཞན་ན་མེད་ན་ཞེས་བྱ་བའི་གཏན་ཚིགས་ནི་ལུང་སྟེ། འདི་ལྟར་གལ་ཏེ་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པའི་དོན་དུ་སྣང་གི་གཟུགས་ལ་སོགས་པའི་དོན་གུད་ན་མེད་ན་ནི། དེའི་ཚེ་གཟུགས་ལ་སོགས་པ་སྐྱེ་མཆེད་བཅུ་པོ་དག་ཡོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པར་མི་འགྱུར་རོ། །དེ་བས་ན་ཁ་ཅིག་གིས་ཇི་ལྟར་འདིར་བཅོམ་ལྡན་འདས་ཀྱི་བཀའ་ཚད་མར་བྱས་ཏེ། གཟུགས་ལ་སོགས་


DTG136_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་རྣམ་པར་ཤེས་པ་ལས་གུད་ན་ཡོད་པར་ཁོང་དུ་ཆུད་པ་དེ་བཞིན་དུ། སེམས་ཅན་དམྱལ་བ་དག་ན་ཡང་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་འབྱུང་བའི་ཁྱད་པར་དག་ལོགས་ཤིག་ན་ཡོད་པར་རྟོགས་ཏེ། འདི་ནི་དབང་གི་འབྲས་བུ་ཡིན་གྱི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ནི་མ་ཡིན་ནོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ནི་ས་བོན་དང་ཡུལ་མཚུངས་པར་འདོད་དོ། །དབང་གི་འབྲས་བུ་ནི་ས་བོན་དང་ཡུལ་མཚུངས་མི་མཚུངས་འགལ་བ་མེད་དེ། དཔེར་ན་རྒྱུད་གཞན་གྱི་རྣམ་པར་རིག་པའི་དབང་གིས་རྒྱུད་གཞན་ལ་རྣམ་པར་རིག་པ་དག་འབྱུང་སྟེ། དེ་དག་ནི་དབང་གི་འབྲས་བུ་ཡང་ཡིན་ལ་ཡུལ་ཐ་དད་པ་ཡང་ཡིན་པ་དེ་བཞིན་དུ་འབྱུང་བ་གྱུར་བ་ཐ་དད་པ་ཡང་འབྱུང་སྟེ། དབང་གི་འབྲས་བུ་ཡིན་པའི་ཕྱིར་རོ། །འདི་ལྟར་བསྟན་བཅོས་བྱེད་པས། འདི་ནི་གཏན་ཚིགས་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུང་འདི་ནི་གཟུགས་ལ་སོགས་པ་ཕྱི་རོལ་ཡོད་པར་རབ་ཏུ་བསྒྲུབ་པའི་གཏན་ཚིགས་མ་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པ་བསྟན་པས་འདུལ་བའི་སྐྱེ་བོའི་ཆེད་དུ་གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས་ཡོད་པ་སྐད་དུ་དགོངས་པའི་དབང་གིས་གསུངས་ཏེ། དཔེར་ན་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་བཞིན་ནོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་དཔེ་རྣམ་པར་དགྲོལ་བའི་ཕྱིར། དཔེར་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་དེ་ཡང་དགོངས་པའི་དབང་གིས་གསུངས་པའོ། །དགོངས་པ་དེ་ཉིད་བསྟན་པའི་ཕྱིར། ཕྱི་མ་ལ་སེམས་ཀྱི་རྒྱུད་རྒྱུན་མི་འཆད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཁ་ཅིག་འདི་སྐད་དུ་བདག་འདི་ནི་འདི་ཉིད་དུ་རྒྱུན་ཆད་དེ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་འཛེར་ཏེ། དེ་དག་ཆད་པར་ལྟ་བ་དེས་དགེ་བ་དང་མི་དགེ་བའི་ལས་དང་དེའི་འབྲས་བུ་ལ་སྐུར་པ་འདེབས་ཤིང་ཅི་དགའ་དགུར་བྱེད་དོ། །དེ་བས་ན་ལྟ་བ་ངན་པའི་དྲི་མ་དེ་བཀྲུ་བའི་ཕྱིར་ཤི་བའི་འོག་ཏུ་བར་མདོའི་སྲིང་པ་ཞེས་བྱ་བ་སེམས་ཀྱི་རྒྱུད་རྒྱུན་མི་འཆད་པ་ལ་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་སོ། །ཕྱི་མ་ལ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །དགོངས་


DTG136_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞེས་བྱ་བ་ནི་ལྡེམ་པོར་དགོངས་པའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་འདིས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་ཀྱི། ཡང་དག་པའི་དོན་དུ་ན་བདག་ནི་མེད་དོ་ཞེས་བྱ་བར་འདི་ཅི་མངོན་སྙམ་པ་ལ། དེའི་ཕྱིར་འདི་ནི་བདག་གམ་སེམས་ཅན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་དེ་མ་ཡིན་པ་གཞན་ནས་ཆོས་ཡོད་པ་འདི་དག་ནི་རྒྱུ་དང་བཅས་པ་དག་སྟེ། འདི་ལ་བདག་གམ་སེམས་ཅན་ནི་མེད་དོ་ཞེས་གསུངས་པའི་མདོ་སྡེ་དེ་ཚད་མར་བྱས་ནས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་པ་སྐད་དུ་བསྟན་པ་ནི་དགོངས་པ་ཡིན་པར་ངེས་སོ། །ཅིའི་ཕྱིར་མདོ་སྡེ་སྔ་མ་ནི་དགོངས་པ་ཡིན་ལ་ཕྱི་མ་ནི་མ་ཡིན་ཞེ་ན། སྨྲས་པ། འདི་ལྟར་བདག་ནི་རྟག་པའི་ཕྱིར་རྫུས་ཏེ་བྱུང་བ་མ་ཡིན་ཏེ། འདི་ལྟར་གང་སྐྱེ་བར་འོས་པ་དེ་རྫུས་ཏེ་བྱུང་བ་ཞེས་བྱ་ན། བདག་ནི་རྟག་པའི་ཕྱིར་མ་ཡིན་ན་དེ་ལས་འོས་པ་ཞེས་བྱ་བ་དེ་ལ་ག་ལ་ཡོད། དེ་དག་གིས་ན་འདི་རྫུས་ཏེ་བྱུང་བར་འགྱུར། དེ་ལྟར་དཔེ་བཤད་ནས་དངོས་དང་སྦྱར་བའི་ཕྱིར། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཆད་པར་སྨྲ་བའི་སྐྱེ་བོའི་ཆེད་དུ་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་བསྟན་པས་འདུལ་བའི་སྐྱེ་བོའི་ཆེད་དུ་གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས་ཡོད་དོ་ཞེས་གསུངས་ཏེ། བཀའ་དེ་ནི་དགོངས་པ་ཅན་ནོ། །དེ་ནི་འདི་སྐད་དུ་བཀའ་དེ་ནི་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཆེད་དུ་ཞེས་བྱ་བ་ནི་དོན་ནོ། མདོ་སྡེ་པས་མདོ་སྡེ་འདིའི་དགོངས་པ་འདྲི་བའི་ཕྱིར། འདིར་ཅི་ལས་དགོངས་ཞེས་བྱ་བར་སློས་སོ། །ཇི་ལྟར་སེམས་ཀྱི་རྒྱུད་རྒྱུན་མི་འཆད་པ་ལ་དགོངས་ནས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོང་དོ་ཞེས་གསུངས་པ་དེ་བཞིན་དུ་འདིར་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་ཡང་ཅི་ལས་དགོངས་ཏེ་གསུངས་པ་བརྗོད་དགོས་སོ། །བསྟན་བཅོས་བྱེད་པའི་དགོངས་པ་བསྟན་པའི་ཕྱིར། རང་གིས་བོན་གང་ལས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་རིག་པའི་བག་ཆགས་ཞེས་བྱ་བ་རང་གི་ས་བོན་གང་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་བྱུང་བ་དང་སྣང་བ་འབྱུང་བ་གང་ཡིན་པ་ས་བོན་དང་སྣང་བ་དེ་དག་ནི་རྣམ་པར་རིག་པ་དེའི་ནང་དང་ཕྱིའི་སྐྱེ་མཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་


DTG136_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བྱས་པའི་དོན་ཏོ། །དེ་ལྟར་རེ་ཞིག་སྐྱེ་མཆེད་བཅུ་རྣམ་པར་གཞག་པའི་ཕྱིར་བསྟན་ཏོ། །ད་ནི་སོ་སོར་བསྟན་པའི་ཕྱིར། ཇི་སྐད་བསྟན་པར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་སུ་སྣང་བའི་མིག་གི་རྣམ་པར་རིག་པ་རྣམ་པར་སྨིན་པའི་བག་ཆགས་ཞེས་བྱ་བ་རང་གི་ས་བོན་ཡོངས་སུ་སྨིན་པར་གྱུར་པ་གང་ལས་བྱུང་བའི་ས་བོན་དེ་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་རིག་པ་དེའི་མིག་གི་སྐྱེ་མཆེད་དུ་གསུངས་སོ། །སྣང་བ་འབྱུང་བ་གང་ཡིན་པ་དེ་ནི་དེའི་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་སོ། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་རིག་པ་རྣམས་ནི་རང་རང་གི་ས་བོན་དང༌། སྣང་བ་ཡང་ཕྱིའི་སྐྱེ་མཆེད་དུ་བརྗོད་པར་བྱའོ། །རྣམ་པར་ཤེས་པ་ལས་སྣང་བ་བཞིན་མ་ཡིན་ན་ཐ་དད་པར་སྐྱེ་མཆེད་དུ་ཇི་ལྟར་རྣམ་པར་གཞག །སྨྲས་པ། དཔེར་ན་རྣམ་པར་ཤེས་པ་དྲུག་གི་ཚོགས་ལས་ཡིད་ཀྱི་ཁམས་གུད་ན་མེད་ཀྱང་འབྲས་བུ་ལ་ལྟོས་ནས་ལོགས་ཤིག་ཏུ་རྣམ་པར་གཞག་པ་ལྟར་འདིར་ཡང་དེ་བཞིན་ནོ། །དེའི་ཕྱིར་དེ་ལྟར་དགོངས་པ་དང་བཅས་པ་བསྟན་ནས་མཇུག་བསྡུ་བའི་ཕྱིར། འདི་ནི་འདིར་དགོངས་པའོ་ཞེས་བྱ་བ་སྨོས་སོ། །ས་བོན་དང་སྣང་བ་ལ་དགོངས་ནས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པ་སྐད་དུ་གསུངས་ཀྱི། དེ་དག་རྣམ་པར་ཤེས་པ་ལས་གུད་ན་ཡོད་པར་ནི་མ་གསུངས་སོ། །མདོ་སྡེ་པས་དགོངས་ཏེ་བསྟན་པའི་དགོངས་པ་དྲི་བའི་ཕྱིར། དེ་ལྟར་ཞེས་བྱ་བ་སྨོས་སོ། །ཇི་ལྟར་རྫུས་ཏེ་བྱུང་བའི་སེམས་ཅན་དགོངས་ཏེ་བསྟན་པའི་འབྲས་བུ་བཤད་པ་དེ་དེ་བཞིན་དུ། གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་དགོངས་ཏེ་བསྟན་པའི་འབྲས་བུ་ཅི་ཡིན་པ་ཡང་བརྗོད་དགོས་སོ། །བསྟན་བཅོས་བྱེད་པས་འབྲས་བུ་བསྟན་པའི་ཕྱིར། དེ་ལྟར་གང་ཟག་བདག་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། དེ་ལྟར་བཤད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་དག་བཤད་ན་གང་ཟག་དངོས་པོ་མེད་པར་རྟོགས་པར་འགྱུར་ཏེ། དངོས་པོ་མེད་པ་ནི་བདག་མེད་པའོ། །ཇི་ལྟར་ཞིག་གུ་སྙམ་པ་ལ་དྲུག་པོ་གཉིས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མིག་ལ་སོགས་པ་ནང་གི་དྲུག་པོ་དང་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དྲུག་པོ་ལས་


DTG136_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་འབྱུང་གི་ལྟ་བ་བོ་བདག་གཅིག་པུ་ནི་ཡང་དག་པའི་དོན་དུ་གང་ཡང་མེད་དེ། བདག་རེག་པ་པོའི་བར་དུ་ཡང་མེད་དོ། །འདི་ལྟར་གང་དག་ལྟ་བ་ལ་སོགས་པ་བྱེད་པ་བདག་གོ་ཞེས་བདག་ཏུ་སྨྲ་བ་རྣམས་ཀྱིས་ཁས་བླངས་པའི་ལྟ་བ་ལ་སོགས་པ་དེ་དག་ཀྱང་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཀྱིས་བྱེད་དོ་ཞེས་གང་གི་ཚེ་བསྟན་པར་གྱུར་པ་དེའི་ཚེ་གང་ཟག་ལ་དངོས་པོ་མེད་པར་རྟོགས་སོ། །དེ་ནི་འདི་སྐད་དུ་སྐྱེ་མཆེད་བཅུ་གཉིས་བསྟན་པར་འདུ་བྱེད་རྣམས་མིག་ལ་སོགས་པ་ལས་གཞན་པའི་བདག་གིས་བདག་མེད་པར་རྟོགས་སོ། །འདུ་བྱེད་རྣམས་བདག་མེད་པར་རྟོགས་ནས་དེ་དག་ལས་སེམས་སྐྱོ་སྟེ། མཐར་ཕྱིན་པའི་གནས་ཐོབ་བོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་འདིར་འགྱུར་ཏེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་གྲུབ་ན་སེམས་ཙམ་དུ་བསྟན་པ་ཅི་དགོས་སྙམ་པ་ལ། དེའི་ཕྱིར་གཞན་དུ་ཡང་བསྟན་པས་ཆོས་ལ་བདག་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང་སེམས་ཙམ་དུ་བསྟན་པས་དེས་ཆོས་ལ་བདག་མེད་པར་འཇུག་སྟེ། དེའི་ཕྱིར་ཆོས་ལ་བདག་མེད་པ་ལ་གཞུག་པའི་དོན་དུ་སེམས་ཙམ་དུ་བསྟན་ཏོ་ཞེས་བཤད་པ་ཡིན་ནོ། །འདིར་འཇུག་པར་བྱེད་པས་འཇུག་པ་སྟེ། ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ །གཞན་དུ་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། གཞན་དུ་ཡང་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གོ་སླ་བསམ་བཤད་དོ། །སེམས་ཙམ་དུ་བསྟན་པས་ཆོས་ལ་བདག་མེད་པར་འཇུག་པ་ཡིད་མ་ཆེས་ནས་ཇི་ལྟར་ཆོས་ལ་བདག་མེད་པར་འཇུག་ཅེས་དྲིས་ཏེ། བསྟན་པ་འདིས་ཇི་ལྟར་ཆོས་ལ་བདག་མེད་པར་འཇུག་ཅེ་ན། བསྟན་བཅོས་བྱེད་པས་འཇུག་པའི་ཐབས་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་རིག་པ་ཙམ་འདི་ཉིད་ལ་གཟུགས་ལ་སོགས་པའི་རྣམ་པར་གྱུར་ནས་བྱུང་སྟེ། སེམས་ལ་ས་ལོགས་ཤིག་ན་གཟུགས་ལ་སོགས་པའི་རང་བཞིན་ཆོས་གང་ཡང་མེད་པར་གང་གི་ཚེ། དེ་ལྟར་རྟོགས་པར་གྱུར་པ་དེའི་ཚེ་ཆོས་ལ་བདག་མེད་པ་ལ་ཞུགས་པ་ཡིན་ནོ། །ཆོས་ལ་བདག་མེད་པར་ཞུགས་ན་བྱང་ཆུབ་སེམས་དཔའ་


DTG136_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རིམ་གྱིས་དེ་བཞིན་གཤེགས་པའི་གོ་འཕང་འཐོབ་བོ། །དེ་བས་ན་དོན་འདི་ནི་གཙོ་བོ་ཞེས་བྱའོ་ཞེས་དེ་ལྟ་བུའི་དོན་དུ་བཅོམ་ལྡན་འདས་ཀྱིས་སེམས་ཙམ་དུ་བསྟན་ཏོ། །ཇི་ལྟར་གང་ཟག་ལ་བདག་མེད་པ་རྣམ་པ་ཐམས་ཅད་དུ་གང་ཟག་དངོས་པོ་མེད་པ་དེ་བཞིན་དུ་ཆོས་ལ་བདག་མེད་པ་ཡང་རྣམ་པ་ཐམས་ཅད་དུ་ཆོས་མེད་པ་ལྟ་བུར་རིགས་ནས་གཞན་གྱིས་བརྒལ་བའི་ཕྱིར། གལ་ཏེ་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཆོས་མེད་པ་ཆོས་ལ་བདག་མེད་པ་ཡིན་ན་ནི་རྣམ་པ་ཐམས་ཅད་དུ་ཆོས་གང་ཡང་མེད་དོ། །དེ་ལྟ་ན་ནི་སེམས་ཙམ་དེ་ཡང་མེད་དེ། དེའི་ཕྱིར་ཇི་ལྟར་རྣམ་པར་གཞག་ཅེ་ན། འདིར་སློབ་དཔོན་གྱིས་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་ཐམས་ཅད་ཆོས་གང་ཡང་མེད་པ་དེ་ལྟ་བུ་ནི་ཆོས་ལ་བདག་མེད་པ་ལ་འཇུག་པ་མ་ཡིན་གྱི་ཀུན་བརྟགས་པའི་ཆོས་མེད་པས་ཆོས་ལ་བདག་མེད་པ་ལ་འཇུག་གོ། བརྟགས་པའི་ངོ་བོ་དེ་ལ་ཡང་ཇི་ལྟ་བུ་སྙམ་པ་ལ་གང་བྱིས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཆོས་རྣམས་ལ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་སྒྲོ་བཏགས་པའི་བདག་ཉིད་དེས་དེ་དག་བདག་མེད་ཀྱི། སངས་རྒྱས་རྣམས་ཀྱི་ཡུལ་བརྗོད་དུ་མེད་པ་གང་ཡིན་པ་ཡང་མེད་པ་ནི་མ་ཡིན་ནོ། །དེ་ནི་འདི་སྐད་དུ་དེ་ཁོ་ན་མ་མཐོང་བ་རྣམས་ཀྱི་གང་ཆོས་རྣམས་ལ་གཟུང་བ་དང་འཛིན་པའི་དངོས་པོར་སྒྲོ་བཏགས་པ་དེ་དག་གི་དེ་མེད་ཀྱི། དེ་དག་གི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་གང་ཡིན་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་ནི་མེད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་ཆོས་ལ་བདག་མེད་པ་ཞེས་བྱ་བའི་སྒྲ་ནི་མེད་པ་ཙམ་ལ་མི་བྱའི་གནས་ཀྱི་ཁྱད་པར་བྱའོ། །འདི་ལྟར་དེ་ཉིད་ལ་ཚིག་འདི་ལྟར་རྣམ་པར་སྦྱར་ཏེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་དངོས་པོ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་བདག་དང་བྲལ་བ་དེ་བདག་མེད་པའོ། །དེའི་དངོས་པོ་ནི་བདག་མེད་པའོ། །ཆོས་རྣམས་ལ་བདག་མེད་པ་ནི་གཞན་གྱི་དབང་ཡང་ཡོངས་སུ་གྲུབ་པའི་ཆོས་རྣམས་ལ་གཟུང་བ་དང་འཛིན་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་


DTG136_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་བདག་མེད་པ་ཞེས་བསྟན་པ་ཡིན་གྱི། མེད་པ་ཅན་ནི་མ་ཡིན་ནོ། །གང་ཟག་ལ་བདག་མེད་པ་ཡང་གང་ཟག་མེད་པ་ཙམ་འབའ་ཞིག་མ་ཡིན་གྱི། འདུ་བྱེད་རྣམས་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་གང་ཟག་མེད་དོ། །བརྗོད་དུ་མེད་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་བརྗོད་པར་མི་ནུས་པར་རང་གི་ངོ་བོས་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ལ་བདག་མེད་པ་རྣམ་པ་དེ་ལྟ་བུ་ཡོངས་སུ་འཛིན་པའི་ཡོན་ཏན་བསྟན་པའི་ཕྱིར། དེ་ལྟར་རྣམ་པར་རིག་པ་ཙམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཟུང་བ་དང་འཛིན་པ་མེད་པ་ལ་ཆོས་ལ་བདག་མེད་པར་ཡོངས་སུ་འཛིན་ན། དེའི་ཚེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་དེ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བ་གཞན་གྱིས་ཀུན་བརྟགས་པའི་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་བདག་ཉིད་དང་བྲལ་བར་ཁོང་དུ་ཆུད་པས་གཟུང་བ་དང་འཛིན་པ་དང་བྲལ་བ་སེམས་དང་སེམས་ལས་བྱུང་བ་ཙམ་དུ་རྣམ་པར་གཞག་པ་མེད་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་གཟུང་བ་དང་འཛིན་པ་དང་བྲལ་བར་རྣམ་པར་གཞག་པས་ཆོས་ཐམས་ཅད་ལ་བདག་མེད་པར་འཇུ་པ་ཡིན་གྱི་ཆོས་ཡོད་པ་རྣམས་ལ་ཡང་རྣམ་པ་ཐམས་ཅད་དུ་སྐུར་པས་མ་ཡིན་ནོ། །ཇི་སྟེ་དེ་ལྟར་མི་འདོད་ན་ཅི་ཉེས་སྙམ་པ་ལ། དེའི་ཕྱིར་གཞན་དུ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་གཞན་གྱིས་ཀུན་བརྟགས་པའི་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་བདག་བྲལ་བ་མ་ཡིན་ན་ནི། དེའི་ཚེ་རྣམ་པར་རིག་པ་གཞན་གྱི་དོན་དུ་ཁས་བླངས་པར་འགྱུར་ཏེ། དེ་བས་ན་རྣམ་པར་རིག་པ་ཙམ་དུ་མི་འགྲུབ་བོ། །ཅིའི་ཕྱིར་སྙམ་པ་ལ། རྣམ་པར་རིག་པ་རྣམས་དོན་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ལྟར་དོན་དང་ལྡན་པ་ནི་དེའི་ཚེ་རྣམ་པར་རིག་པར་མི་འགྱུར་ཏེ། དེ་ལྟ་ན་ཡང་རྣམ་པར་རིག་པ་ཙམ་དུ་འགྲུབ་པར་ག་ལ་འགྱུར། འདི་ལྟར་རྣམ་པར་རིག་པ་ཙམ་གྱི་སྒྲ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་དག་ལ་བྱ་ན། གལ་ཏེ་འགའ་ཞིག་དེ་དག་འཛིན་ཏམ། གལ་ཏེ་གཞན་དག་ལ་ཡང་འཛིན་ན་དེའི་ཚེ་རྣམ་པར་རིག་པ་ཙམ་དུག་ལ་


DTG136_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། འདི་ལྟར་གཟུགས་ཀྱི་ཕུང་པོ་འབའ་ཞིག་ལ་གཟུང་བ་དང་འཛིན་པ་དགག་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་ལའོ། །དའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་ཆོས་ཐམས་ཅད་ལ་བདག་མེད་པར་གྲུབ་པ་ཡིན་ནོ། །གཟུང་བ་དང་འཛིན་པ་དངོས་པོ་མེད་པར་ད་དུང་གི་བར་དུ་རིགས་པ་འགའ་ཡང་མ་བརྗོད་པས་དེའི་ཕྱིར་འདིར་ཕྱི་རོལ་གྱི་དོན་དུ་སྨྲ་བས་ཕྱིར་གཞིལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དགོངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གིས་བོན་དང་སྣང་བ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་གསུངས་ཀྱི་ཡང་དག་པའི་དོན་དུ་ཡོད་པའི་གཟུགས་ལ་སོགས་པ་དེ་དག་རྣམ་པར་རིག་པ་རྣམས་ཀྱི་ཡུལ་གྱི་དངོས་པོར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་མངོན། དེ་ནི་འདི་སྐད་དུ་སྒྲ་ཇི་བཞིན་དུ་ན། གལ་ཏེ་འདིར་འགའ་ཞིག་རིགས་པ་དང་འགལ་ན་ནི་དེའི་ཚེ་དགོངས་པ་ཅན་དུ་ཡང་བརྟགས་པའི་ཡང་རིགས་ན། འདི་ལ་ནི་སྒྲ་ཇི་བཞིན་དུ་ན་རིགས་པ་དང་འགལ་བ་འགའ་ཡང་མེད་ན་ཅིའི་ཕྱིར་རོ་ཞེས་དགོངས་པ་ཅན་དུ་ཡོངས་སུ་བརྟག་ཅེས་བསྟན་པར་འགྱུར་རོ། །འདིར་སློབ་དཔོན་གྱིས་རིགས་པ་དང་འགལ་བ་བསྟན་པའི་ཕྱིར། འདི་ལྟར། དེ་ནི་གཅིག་ན་ན་འང་ཡུལ་མིན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ལ་སོགས་པའི་རགས་པ་དེ་གཅིག་པུ་ཡང་ཡུལ་མ་ཡིན་ནོ། །རྡུལ་ཕྲ་རབ་ཕྲག་ཅན་དུ་གནས་པ་དུ་མ་ཡང་ཡུལ་མ་ཡིན་ནོ། །རྡུལ་ཕྲ་རབ་དེ་དག་མེད་པར་གནས་པ་ཡང་ཡུལ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་ཉིད་མི་འགྲུབ་པའི་ཕྱིར་རོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་མདར་བྱས་པའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། ཇི་སྐད་དུ་བསྟན་པར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཁྱེད་ཀྱི་རྣམ་པར་ཤེས་པ་ལས་ལོགས་ཤིག་ན། གཟུགས་དང་སྒྲ་ལ་སོགས་པའི་སྐྱེ་མཆེད་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་རིག་པ་སོ་སོའི་ཡུལ་དུ་ཁས་བླངས་པ་དེ་གཅིག་པུ་ཞིག་ཡིན་ན་བྱེ་བྲག་པ་རྣམས་ཀྱི་ཆ་ཤས་ཀྱི་ངོ་བོར་རགས་པ་ཁྱོན་ཆེ་བ་དབང་པོའི་བློ་གཟུང་བར་འདོད་པ་ལྟ་བུའམ། ཕྲག་


DTG136_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་གནས་པའི་རྡུལ་ཕྲ་རབ་དུ་མ་ཡུལ་དུ་འདོད་དམ། དེ་སྟེ་ཕན་ཚུན་ལྟོས་པ་དང་ཅས་པའི་རྡུལ་ཕྲ་རབ་དེ་དག་ཉིད་འདུས་པ་དག་དུ་འདོད་གྲང་ན། ཕྱོགས་དང་པོའི་དབང་དུ་བྱས་ནས། གཅིག་པུ་དེ་ནི་ཡུལ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆ་ཤས་ཅན་ཞེས་བྱ་བ་གཅིག་པུ་ནི་ཡུལ་མ་ཡིན་ཏེ། འདི་ལྟར་ཆ་ཤས་རྣམས་ལས་མ་གཏོགས་པ་ཆ་ཤས་ཅན་གཞན་གང་ལ་ཡང་མི་འཛིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ཡང་ངེས་ཆ་དང་རྒྱུ་སྐུད་པ་ལ་སོགས་པའི་ཆ་ཤས་ཉིད་ལ་འཛིན་གྱི། དེ་དག་ལས་གུད་ན་བུམ་པ་དང་སྣམ་བུ་ལ་སོགས་པར་མི་འཛིན་ཏོ། །ཕྱོགས་གཉིས་པ་བསྩལ་པའི་ཕྱིར། དུ་མ་ཡང་ཡུལ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །དུ་མ་ཕྲག་ཅན་དུ་གནས་པ་ཡང་ཡུལ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་སོ་སོ་ལ་འཛིན་པར་ཁས་མི་ལེན་ཏོ། །འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས་ནི་བསགས་པ་ལ་དམིགས་སོ་ཞེས་གཞན་དག་གིས་ཁས་བླངས་པའི་ཕྱིར་རོ། །ཕྱོགས་གསུམ་པ་བསྩལ་བའི་ཕྱིར་རོ། །དེ་དག་འདུས་པ་ཡང་ཡུལ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕན་ཚུན་ནས་ཉེ་སྟེ་བར་མེད་པར་གནས་པའི་རྡུལ་ཕྲ་རབ་དག་ཀྱང་ཡུལ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་ཅེས་བྱ་བ་གང་ཡང་རྫས་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་རྡུལ་ཕྲ་རབ་དག་རྫས་སུ་ཡོད་པར་གྲུབ་ན་ནི་དེའི་ཕྱིར་ཅི་དེ་དག་འདུས་པ་ཡུལ་ཡིན་ནམ། འོན་ཏེ་ཕྲག་ཅན་དུ་གནས་པ་ཞེས་བསམ་པར་ཡང་བྱ་ན་དེ་དག་ནི་རྫས་ཡོད་པར་མ་གྲུབ་བོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་རྡུལ་ཕྲ་རབ་མ་གྲུབ་པར་ཡིད་མི་ཆེས་ནས་ཇི་ལྟར་མི་འགྲུབ་ཅེས་དྲིས་ཏེ། མ་གྲུབ་པའི་རྒྱུ་གང་ཡང་མི་སྣང་ངོ་སྙམ་དུ་སེམས་སོ། །སློབ་དཔོན་གྱིས་མ་གྲུབ་པའི་རྒྱུ་བསྟན་པའི་ཕྱིར། འདི་ལྟར་དྲུག་གིས་གཅིག་ཅར་སྦྱར་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། ཕྱོགས་དྲུག་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་དབུས་ན་འདུག་པའི་རྡུལ་ཕྲ་རབ་ལ་ཕྱོགས་དྲུག་ནས་འོངས་པའི་རྡུལ་ཕྲ་རབ་དྲུག་གིས་ཅིག་ཅར་དུ་སྦྱར་བ་དེའི་ཚེ་ཕྱོགས་གཞན་དང་གཞན་དག་ནས་སྦྱར་ཏམ། འོན་ཏེ་གཅིག་ཁོ་ན་ནས་སྦྱར་ཞེས་བརྗོད་པར་བྱའོ། །གལ་ཏེ་རྡུལ་ཕྲ་རབ་དྲུག་པོ་དག་གིས་


DTG136_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་གཞན་དག་ནས་ཅིག་ཅར་དུ་སྦྱར་ན་ནི་དེའི་ཚེ་དབུས་ན་འདུག་པའི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ། གཅིག་གི་གོ་གང་ཡིན་པ་དེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་དབུས་སུ་འདུག་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱི་དོས་ལ་འདུག་པའི་རྡུལ་ཕྲ་རབ་གཅིག་གིས་ནོན་པ་གང་ཡིན་པ་དེའི་རྡུལ་ཕྲ་རབ་གཞན་གོ་སྐབས་མེད་དེ། དེའི་ཕྱིར་དེ་ནི་ཕྱོགས་གཞན་དུ་གནས་པར་བྱ་དགོས་སོ། །གཞན་དག་ཀྱང་དེ་བཞིན་དུ་ཆ་དྲུག་ཏུ་གྲུབ་བོ། །དེ་ལྟར་རྡུལ་ཕྲ་རབ་ཆ་དྲུག་འདུས་པར་གྱུར་ན་དེས་དེ་རྫས་སུ་ཡོད་པར་ག་ལ་འགྱུར། ཕྱོགས་གཉིས་པའི་དབང་དུ་བྱས་ནས། དྲུག་པོ་དག་ནི་གོ་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར། ཇི་སྟེ་རྡུལ་ཕྲ་རབ་གཅིག་གི་གོ་གང་ཡིན་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་དབུས་ན་གནས་པའི་རྡུལ་ཕྲ་རབ་གཅིག་གི་གོ་གང་ཡིན་པ་དེ་ཉིད་ངོས་ལ་འདུག་པའི་རྡུལ་ཕྲ་རབ་དྲུག་པོ་རྣམས་ཀྱི་གོ་ཡང་ཡིན་ན་ནི་དེས་ན་རྡུལ་ཕྲ་རབ་མང་པོ་རྣམ་པ་གོ་གཅིག་པའི་ཕྱིར་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། ཚུལ་འདིས་རི་རབ་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ་ཕན་ཚུན་དུ་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕྱོགས་འདི་ལ་རྡུལ་ཕྲ་རབ་ཐམས་ཅད་ཀྱང་ཕན་ཚུན་ཐ་དད་པ་མེད་དེ། དེའི་ཕྱིར་དེའི་གོང་བུ་གང་ཡང་སྣང་བར་མི་འགྱུར་ཏེ། རི་རབ་ཀྱང་སྣང་བར་མི་འགྱུར་བར་འདོད་དོ། །ཕྱོགས་དང་པོ་ནི་ཆ་ཤས་དང་བཅས་པའི་ཕྱིར་རྫས་སུ་ཡོད་པར་འགྱུར་རོ། །ཕྱོགས་གཉིས་པ་ནི་ཆ་ཤས་མེད་པའི་ཕྱིར་སོགས་པ་ཡོད་པར་མི་འགྲུབ་བོ། །དེ་བས་ན་སྣང་བར་མི་འགྱུར་རོ་ཞེས་བསྡུས་པའི་དོན་ཏོ། །ཕྱོགས་དང་པོ་ལ་བྱེ་བྲག་ཏུ་སྨྲ་བས་ལན་གདབ་པའི་ཕྱིར། རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་སྦྱོར་ན་ནི་དེའི་ཕྱིར་དྲུག་གིས་ཅིག་ཅར་དུ་སྦྱོར་བས་ཆ་དྲུག་ཏུ་ཡང་འགྱུར་ན། དེ་དག་ནི་ཆ་ཤས་མེད་པའི་ཕྱིར་མི་སྦྱོར་རོ། །དེ་བས་ན་འདི་ལ་ཆ་དྲུག་གི་ཉེས་པར་འགྱུར་བ་མེད་དོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་མི་སྦྱོར་ན་གང་སྦྱར་བར་བྱེད་པ་དེ་གང་གི་ཡིན་སྙམ་པ་ལ། འདུས་པ་དག་ནི་ཞེས་བྱ་བ་ལ་སོགས་པ་


DTG136_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ་འདུས་པ་དག་ནི་ཆ་ཤས་དང་བཅས་པའི་ཕྱིར་ཕན་ཚུན་སྦྱོར་རོ། །དེ་བས་ན་གྲགས་པ་དང་མི་འགལ་ལོ་སྙམ་དུ་ཁས་འཆེ་བའི་བྱེ་བྲག་ཏུ་སྨྲ་བ་རྣམས་སེམས་སོ། །བསྟན་བཅོས་བྱེད་པས་དེ་བས་ལ་བའི་ཕྱིར། དེ་དག་ལ་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱེ་བྲག་ཏུ་སྨྲ་བ་དེ་དག་ལ་འདི་སྐད་དུ་རྡུལ་ཕྲ་རབ་རྣམས་འདུས་པ་གང་ཡིན་པ་དེ་རྡུལ་ཕྲ་རབ་རྣམས་ལས་གཞན་ནམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་དོན་ཐ་དད་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་ཉེས་པར་བསྟན་པའི་ཕྱིར། རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་མི་སྦྱོར་ལ། འདུས་པའི་ཡང་དེ་ལས་དོན་གཞན་དུ་མི་འདོད་ན་དེའི་ཚེ་འདུས་པའི་སྦྱོར་བ་གང་ཡིན་པ་དེ་དག་གང་གི་ཡིན་པར་འདོད། རྡུལ་ཕྲ་རབ་རྣམས་ཀྱི་ནི་མ་ཡིན་ཏེ། ཆ་ཤས་མེད་པ་དང་ཁས་མི་ལེན་པའི་ཕྱིར་རོ། །དེ་ནི་འདུས་པའི་ཡང་མ་ཡིན་ཏེ། དེ་དག་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །དེ་དག་ལས་དོན་གཞན་མ་ཡིན་པ་ནི་དེ་ལས་མ་བྱུང་བས་འབྲས་བུ་ཁས་བླང་དུ་མི་རུང་ངོ༌། །དེའི་ཕྱིར་སྦྱོར་བ་དེ་གང་གི་ཡིན་ཞེས་བརྗོད་པར་བྱའོ། །མདོར་བྱས་པ་སྔ་མ་ལས་བྱེད་པའི་ཚིག་ཁོང་ནས་དབྱུང་བའི་ཕྱིར། སྦྱོར་བ་ཞེས་བྱ་བར་སྙེགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །བརྒྱ་ལ་བྱེ་བྲག་ཏུ་སྨྲ་བ་དེ་དག་ཉེས་པ་དེས་འཇིགས་ཏེ་འདུས་པ་ཡང་སྦྱོར་བར་མི་འདོད་དུ་དོགས་ནས། ཆ་ཤས་ཡོད་པ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། ཇི་སྟེ་འདུས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་ཉེས་པ་འདི་འབྱུང་དུ་འོང་ཞེས་ཏེ་འདུས་པ་དག་ཀྱང་ཕན་ཚུན་མི་སྦྱོར་རོ་ཞེ་ན། དེ་ལྟ་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་མེད་པའི་ཕྱིར་སྦྱོར་བ་མེད་དོ་ཞེས་མ་ཟེར་ཅིག །ཅིའི་ཕྱིར་མི་བརྗོད་སྙམ་པ་ལ། འདུས་པ་ཆ་ཤས་དང་བཅས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་འདུས་པ་ཆ་ཤས་དང་བཅས་པ་ཡང་སྦྱོར་བས་ཁས་མི་ལེན་པའི་ཕྱིར་རོ། །གལ་ཏེ་འདུས་པ་ཆ་ཤས་དང་བཅས་པ་སྦྱོར་བར་མི་འདོད་ན་ནི། དེའི་ཚེ་རྡུལ་ཕྲ་རབ་རྣམས་ཆ་ཤས་མེད་པའི་ཕྱིར་སྦྱོར་བར་མི་འགྲུབ་བོ་ཞེས་སྨྲ་བའི་མི་རིགས་སོ། །གང་གི་ཚེ་ཆ་ཤས་དང་བཅས་པ་ཡང་མི་འདོད་པ་དེའི་ཚེ་ཆ་ཤས་མེད་པ་ནི་སྦྱོར་བ་མེད་པའི་


DTG136_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ཡིན་ནོ་ཞེས་མ་ཟེར་ཅིག །དེའི་ཕྱིར་དེ་ལྟར་བྱེ་བྲག་ཏུ་སྨྲ་བ་བསལ་ནས་སྔ་མའི་སྐབས་མཇུག་བསྡུ་བའི་ཕྱིར། དེ་བས་ན་རྡུལ་ཕྲ་རབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དེ་ལྟར་དྲུག་གིས་ཅིག་ཅར་དུ་སྦྱར་བས་རྡུལ་ཕྲ་རབ་ཆ་ཤས་དྲུག་ཏུ་འགྱུར་བ་དེའི་ཕྱིར་རྡུལ་ཕྲ་རབ་རྫས་གཅིག་ཏུ་མི་འགྲུབ་བོ། །ཆ་ཤས་མེད་པའི་ཕྱོགས་ལྟར་ན་ཡང་གོང་བུ་ཐམས་ཅད་མི་སྣང་བར་འགྱུར་བའི་རིགས་ཏེ་བཤད་ཟིན་ཏོ། །ཡང་རྡུལ་ཕྲ་རབ་བསྩལ་བའི་ཕྱིར་རྡུལ་ཕྲ་རབ་སྦྱོར་བར་འདོད་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྡུལ་ཕྲ་རབ་སྦྱོར་བར་འདོད་ཀྱང་རུང་སྟེ། སྦྱོར་བར་འདོད་པ་འདིས་བདག་ལ་ཅི་ཞིག་བྱ། ཡེ་ནི་གལ་ཏེ་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་ཐ་དད་པར་ཁས་ལེན་པ་དེའི་ཚེ། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ༌། །ཕྱོགས་ཀྱི་ཆ་ཐ་དད་པར་བཤད་པར་འདོད་ནས། རྡུལ་ཕྲ་རབ་ཀྱི་ཤར་ཕྱོགས་ཀྱི་ཆ་ཡང་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་ཀྱིས་མཚོན་པའི་ཆ་ནི་ཕྱོགས་ཀྱི་ཆ་སྟེ་དེ་ཡང་ཤར་ཕྱོགས་ཀྱིས་མཚོན་པ་ཡང་གཞན་པ་ནས་འོག་གི་ཕྱོགས་ཀྱིས་མཚོན་པའི་བར་དུ་ཡང་གཞན་ནོ། །དེ་ལྟར་ཕྱོགས་ཀྱི་ཆ་ཐ་དད་ན་ཆ་དུ་མ་ཡོད་པའི་རྡུལ་ཕྲ་རབ་གཅིག་པུར་ཇི་ལྟར་རུང༌། དེ་ནི་འདི་སྐད་དུ་གང་ལ་ཆ་དེ་དག་ཡོད་པ་ནི་ཆ་ལས་ལོགས་ཤིག་ན་གཞན་གང་ཡང་མེད་དེ། དེའི་ཕྱིར་ཆ་འདུས་པ་ཙམ་གྱི་རྡུལ་ཕྲ་རབ་དེ་གཅིག་ཏུ་ག་ལ་འགྱུར་ཞེས་བསྟན་པར་འགྱུར་རོ། །དེ་ལ་འདིར་འགྱུར་ཏེ། རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་ཐ་དད་པ་མེད་དོ་སྙམ་པ་ལ། དེའི་ཕྱིར་གྲིབ་མ་དང་སྒྲིབ་པར་ཇི་ལྟར་འགྱུར་ཞེས་བྱ་བ་སྨོས་སོ། །ཆ་མེད་པའི་རྡུལ་ཕྲ་རབ་ལ་གྲིབ་མ་དང་སྒྲིབ་པ་མི་འགྲུབ་བོ་ཞེས་མདོར་བྱས་པའི་དོན་བསྡུས་པའོ། །བསྟན་བཅོས་བྱེད་པས་མདོར་བྱས་པའི་དོན་དེ་རྒྱ་ཆེར་བསྟན་པའི་ཕྱིར། གལ་ཏེ་རྡུལ་ཕྲ་རབ་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་ཆ་ཤས་མེད་པའི་ཕྱིར་ཕྱོགས་ཀྱི་ཆ་ཐ་དད་པ་མེད་ན་དེའི་དུས་ན་ཉི་མ་ཤར་བའི་ཚེ་ངོས་གཅིག་ལ་གྲིབ་མ་འབབ་པ་གཅིག་ཏུ་ཉི་མ་ཤར་བར་ཇི་ལྟར་འགྱུར། དེ་ལྟར་འགྱུར་དུ་མི་རུང་བ་ཅི་ཡོད་སྙམ་པ་ལ་དེའི་ཕྱིར་དེ་ལ་ནི་གང་དུ་ཉི་མ་མི་འབབ་པའི་ཞེས་བྱ་བ་ལ་སོགས་པ་


DTG136_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། འདི་ལྟར་རྡུལ་ཕྲ་རབ་དེ་ལ་གང་ཉི་མས་གསལ་བར་མ་གྱུར་པའི་ཕྱོགས་གཞན་ནི་གང་ཡང་མེད་དོ། །དེ་ལྟར་རི་ཞིག་གྲིབ་མ་མེད་པར་བསྟན་ཏོ། །སྒྲིབ་པ་མེད་པར་བསྟན་པའི་ཕྱིར། གལ་ཏེ་ཕྱོགས་ཀྱི་ཆ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཆ་ཤད་མེད་པའི་ཕྱིར་ཕྱོགས་ཀྱི་ཆ་ཐ་དད་པར་མི་འདོད་ན་དེའི་ཚེ་རྡུལ་ཕྲ་རབ་དེ་ལ་རྡུལ་ཕྲ་རབ་གཞན་གྱིས་སྒྲིབ་པར་ཡང་ཇི་ལྟར་འགྱུར། ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། དེའི་ཕྱིར་རྡུལ་ཕྲ་རབ་གང་ལ་ཡང་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཆ་གཞན་གང་ལ་རྡུལ་གཞན་འོངས་པས་རྡུལ་གཞན་ཐོགས་པར་རྣམ་པར་གཞག་པའི་ཆ་གཞན་ནི་རྡུལ་ཕྲ་རབ་ལ་གང་ཡང་མེད་དོ། །གལ་ཏེ་ཐོགས་པ་མེད་ན་ཅི་ཉེས་སྙམ་པ་ལ། དེའི་ཕྱིར། ཐོགས་པ་མེད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་ཐོགས་པར་མི་བྱེད་ན། དེའི་ཚེ་རྡུལ་ཕྲ་རབ་ཐམས་ཅད་གོ་གཅིག་ཏུ་འགྱུར་ཏེ། དེའི་ཕྱིར། ཐམས་ཅད་གོ་གཅིག་ཏུ་གྱུར་པས་རི་རབ་ལ་སོགས་པ་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། དེ་ནི་སྔར་བཤད་ཟིན་ཏོ། །ཕྱི་རོལ་གྱི་དོན་དུ་སྨྲ་བས་འགྲོ་བའི་ཚུལ་དུ་གྲིབ་མ་དང་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་ཆ་ཤས་མེད་པའི་ཕྱིར་གྲིབ་མ་དང་སྒྲིབ་པ་མི་རིགས་ཀྱང་གོང་བུ་ཆ་ཤས་དང་བཅས་པ་དེ་ཡིན་པར་ཅིའི་ཕྱིར་མི་འདོད་ན། བསྟན་བཅོས་བྱེད་པས་གོང་བུ་དཔྱད་པའི་ཕྱིར། རྡུལ་ཕྲ་རབ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀྱེ་ཁྱེད་རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་ཞིག་ཡིན་པར་འདོད་དམ་ཅི་ན་གྲིབ་མ་དང་སྒྲིབ་པ་དེ་དག་དེའི་ཡིན་པར་འདོད། ག་ལྟེ་དེ་དག་ལས་དེ་གཞན་ཡིན་ན་ནི་དེ་ལྟར་ཡང་རུང་ངོ༌། །མདོ་སྡེ་པས་སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཁོ་བོ་ནི་གོང་བུ་རྡུལ་ཕྲ་རབ་ལས་གཞན་ཡིན་པར་མི་འདོད་དོ། །བསྟན་བཅོས་བྱེད་པས། གོང་བུ་གཞན་མིན་དེ་དེའི་མིང༌། ཞེས་བྱ་བ་སྨོས་སོ། །དེ་གཉིས་དགྲོལ་བའི་ཕྱིར་གལ་ཏེ་རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལས་གོང་བུ་གཞན་ཡིན་པར་མི་འདོད་ན་ནི་གྲིབ་མ་དང་སྒྲིབ་པ་དག་གོང་བུ་དེའི་ཡིན་པར་གྲུབ་པ་ཡིན་ནོ། །ཕྱི་རོལ་གྱི་དོན་དུ་སྨྲ་བས་


DTG136_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བརྒལ་བའི་ཕྱིར། ཡོངས་སུ་རྟོག་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཆ་ཤས་གནས་པ་ཇི་ལྟ་བུ་ཞིག་གིས་གནས་པའི་གཟུགས་ལ་སོགས་པ་འཁོར་ལོ་ཞེས་བརྗོད་ཀྱང༌། དེ་དག་འཁོར་ལོའི་རང་བཞིན་མ་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཞིག་པའི་མཐར་ཕྱིན་པ་ལ་ནི་རྡུལ་ཕྲ་རབ་དག་ཅེས་བྱ་བར་མེད་པར་གནས་པ་དག་ལ་ནི་འདུས་པ་ཞེས་བྱ་ཡང་དེ་དག་ནི་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན། འདུས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་གཟུགས་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་མ་བཀག་ན་རྡུལ་ཕྲ་རབ་ཅེས་སམ་འདུས་པ་ཞེས་བསམ་པ་དེས་ཅི་ཞིག་བྱ། དེ་མ་བཀག་པས་ཕྱི་རོལ་གྱི་དོན་ཡང་མ་བཀག་པ་ཡིན་ནོ། །བསྟན་བཅོས་བྱེད་པས་གཟུགས་ལ་སོགས་པའི་མཚན་ཉིད་དྲི་བའི་ཕྱིར། དེ་དག་ནི་མཚན་ཉིད་གང་ཡིན་པ་ཞེས་བྱ་བ་སྨོས་སོ། །ཀྱེ་གཟུགས་ལ་སོགས་པའི་མཚན་ཉིད་གང་ཡིན་སྨོས་ཤིག །ཕྱི་རོལ་གྱི་དོན་དུ་སྨྲ་བས། མིག་ལ་སོགས་པའི་ཡུལ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱིར་ན་མིག་ལ་སོགས་པའི་དབང་པོའི་ཡུལ་ཉིད་གཟུགས་ལ་སོགས་པ་མཚན་ཉིད་དང་བྱེ་བྲག་ཏུ་ན་སྔོན་པོ་དང་སེར་པོ་ལ་སོགས་པ་ཉིད་ནི་དེ་དག་གི་མཚན་ཉིད་དོ། །བསྟན་བཅོས་བྱེད་པས་གང་མིག་ལ་སོགས་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱོད་ཀྱིས་གང་མིག་ལ་སོགས་པའི་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་འདོད་པ་དེ་ཅི། །ཆ་ཤས་ཅན་ཞེས་བྱ་བ་རྫས་གཅིག་བུ་ཞིག་གམ། འོན་ཏེ་རྡུལ་ཕྲ་རབ་ཅེས་བྱ་བ་དུ་མ་ཞིག་ཅེས་ཁོ་བོས་དེ་དཔྱད་པར་བྱའོ། །ཕྱི་རོལ་གྱི་དོན་དུ་སྨྲ་བས་ཉེས་པ་མ་མཐོང་ནས། འདིས་ཅི་ཞིག་བྱ་ཞེས་དྲིས་ཏེ། དེ་ལྟར་བ་ཡང་ཅི་ཉེས། བསྟན་བཅོས་བྱེད་པས། དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུ་མའི་ཕྱོགས་ཀྱི་ཉེས་པ་ནི། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཞེས་བྱ་བའི་སྐབས་དེར་བཤད་ཟིན་ཏོ། །གཅིག་བུའི་ཉེས་པའང་བཤད་པ་ཉིད་དེ་ཡང་བསྟན་པའི་ཕྱིར། གཅིག་ན་རིམ་གྱིས་འགྲོ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ས་ལ་སོགས་པ་ཆ་ཤས་གཅིག་པུ་ཞིག་ཡིན་དུ་ཟིན་ན་སྲོག་


DTG136_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྣམས་རིམ་གྱིས་འགྲོ་བར་མི་འགྱུར་རོ། །ཚུལ་རོལ་གྱི་ཆ་དང་ཕ་རོལ་གྱི་ཐ་དད་པ་གཉིས་ཟིན་པ་དང་མ་ཟིན་པ་ཅིག་ཅར་མི་འགྱུར་རོ། །གཅིག་ན་འདུག་པའི་གླང་པོ་ཆེ་ལ་སོགས་པ་དུ་མ་རིས་སུ་ཆད་པར་འདུག་པར་མི་འགྱུར་རོ། །སྲོག་ཆགས་ཕྲ་མོ་རྣམས་ཀྱང་བལྟ་བར་མི་སྣང་བར་མི་འགྱུར་རོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་མདོར་བྱས་པའི་དོན་དེ་རྒྱ་ཆེར་བསྟན་པའི་ཕྱིར། གལ་ཏེ་མིག་གི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་མིག་གི་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཇི་སྙེད་པ་ཀླུང་དང་ངམ་གྲོག་ལ་སོགས་པས་རིས་སུ་ཆད་པར་འདོད་དེ། དེ་དག་ཐམས་ཅད་རྫས་གཅིག་པར་རྟོག་ན་དེའི་ཚེ་སྲོག་ཆགས་རྣམས་རིམ་གྱིས་འགྲོ་བར་མི་འགྱུར་རོ། །ཅིའི་ཕྱིར་རིམ་གྱིས་འགྲོ་བར་མི་འགྱུར་སྙམ་པ་ལ། དེ་ཅིའི་ཕྱིར། གོམ་པ་གཅིག་བོར་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གོམ་པ་གཅིག་བོར་བས་བགྲོད་པར་བྱ་བ་མཐའ་དག་ཏུ་སོན་པས་གོམ་པ་དོར་བས་གཞན་གྱིས་འགྲོ་ཅི་དགོས་ཏེ། གང་དུ་རིམ་གྱིས་འགྲོ་བར་འགྱུར། །འདི་ལྟར་ས་ནི་རིས་སུ་མ་ཆད་དེ་ཆ་ཤས་ཅན་རྫས་སུ་གཅིག་པ་ཆ་ཤས་མེད་པར་འདོད་པས་དེའི་ཕྱིར་རིམ་གྱིས་འགྲོ་བར་མི་འཐད་དོ། །དེ་ནི་འདི་སྐད་དུ་གཅིག་ལ་ཡུལ་གྱི་དངོས་པོར་སྔ་ཕྱི་ཐ་དད་པ་ཇི་ལྟར་འགྲུབ་ཅེས་བསྟན་པར་འགྱུར་རོ། །འདི་གཉིས་ལ་ཉེས་པ་གཞན་བསྟན་པའི་ཕྱིར། ཚུལ་རོལ་གྱི་ཆ་ཟིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་མིག་གི་ཡུལ་སྔོན་པོ་ལ་སོགས་པ་དེ་དག་ཐམས་ཅད་གཅིག་ཏུ་ཟིན་ན་དེའི་ཚེ་རྩིག་པ་ལ་སོགས་པ་དག་གི་ཚུ་རོལ་གྱི་ཆ་ཟིན་ལ་ཕ་རོལ་གྱི་ཆ་མ་ཟིན་པ་ཅིག་ཅར་དུ་མི་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དེའི་ཚེ་དངོས་པོ་གཅིག་ལ་ཟིན་པ་དང་མ་ཟིན་པ་མི་རུང་ངོ༌། །ཡང་འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར་རོ། །གླང་པོ་ཆེ་དང༌། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རིས་སུ་ཆད་པར་སྣང་བ་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་ཟིན་ན། དེའི་ཚེ་གནས་གཅིག་གི་སྟེང་ན་འདུག་པའི་གླང་པོ་ཆེ་དང་རྟ་ལ་སོགས་པ་དུ་མ་རིས་སུ་ཆད་པར་འདུག་པར་མི་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ། གཅིག་གང་ན་འདུག་པ་ཞེས་


DTG136_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གླང་པོ་ཆེ་གཅིག་གང་ན་འདུག་པ་དེ་ཉིད་ན་གཞན་ཡང་བ་གླང་དང་རྟ་ལ་སོགས་པ་ཡང་འཁོད་ན་ནི་དེའི་ཕྱིར་དེ་དག་རིས་སུ་ཆད་པར་ཇི་ལྟར་རུང༌། འདི་ལྟར་ས་དེ་ནི་རྫས་གཅིག་པ་ཡིན་ན་གཅིག་ན་གནས་པ་རྣམས་ཡུལ་ཐ་དད་པ་ན་འདུག་པར་ག་ལ་འགྱུར། བརྒྱལ་གཞན་ན་ཉེས་པ་དེས་འཇིགས་ནས་གླང་པོ་ཆེ་ལ་སོགས་པ་གནས་ཕན་ཚུན་སྤངས་ཏེ་འདུག་པར་རྟོག་ཏུ་དོགས་ནས། དེ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་ཡུལ་རིས་སུ་ཆད་པར་སྣང་བ་མེད་ན་མི་རུང་ཞེས་གནས་གཅིག་གིས། སྤངས་ཏེ། གླང་པོ་ཆེ་ལ་སོགས་པ་ཡུལ་སོ་སོ་ན་འཁོད་དེ་ཞེ་ན། དེ་ལྟ་ན་ཡང་གླང་པོ་དང་རྟས་གང་ནོན་པ་དག་གཅིག་ཏུ་ཇི་ལྟར་རུང་སྟེ། དེ་གཉིས་ཀྱིས་ནོན་པ་གང་ཡིན་པ་དང༌། མནོན་པ་གང་ཡིན་པ་དེ་གཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཉི་གས་གཉི་གནོན་པར་བརྟག་བར་ཡང་མི་རིགས་སོ། །ཅིའི་ཕྱིར་སྙམ་པ་ལ། བར་ན་དེ་དག་གིས་སྟོང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གླང་པོ་ཆེ་དང་བ་གླང་དང་རྟའི་བར་སྟོང་པ་སྣང་བའི་ཕྱིར་རོ། །གལ་ཏེ་གླང་པོ་ཆེའི་གོར་བ་གླང་དང༌། རྟས་ཁྱབ་པར་གྱུར་ལ། བ་གླང་དང་རྟའི་གོར་ཡང་གླང་པོ་ཆེས་ཁྱབ་ན་ནི་དེའི་བར་ཡང་དེ་དག་གིས་ཁྱབ་པར་འགྱུར་ཏེ། དེ་བས་ན་བར་དུ་ཡང་དེ་གཉིས་གཟུང་བར་འགྱུར་རོ། །ཡང་དེ་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། ཆུའི་སྐྱེ་བོ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྔོན་པོ་དང་སེར་པོ་ལ་སོགས་པ་མིག་གི་ཡུལ་ཇི་སྙེད་བ་དེ་དག་ཐམས་ཅད་གཅིག་ཏུ་ཟིན་ན། དེའི་ཚེ་ཆུའི་སྐྱེ་བོ་ཕྲ་མོ་རྣམས་ཀྱང་ཁང་པ་དང་རིལ་སོགས་པ་ཆེན་པོ་དག་དང་རང་བཞིན་གཅིག་པས་མིག་གིས་མི་སོད་པར་མི་འགྱུར་ཏེ། གཅིག་པུ་རང་བཞིན་ཐ་དད་བ་མེད་པ་ལ་མིག་གིས་སོད་པ་དང་མིག་གིས་མི་སོད་པ་མི་རིགས་སོ། །གང་གི་ཚེ་ཉེས་པ་འདི་འབྱུང་སྙམ་པ་ལ། གལ་ཏེ་མཚན་ཉིད་ཐ་དད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དངོས་པོ་རྣམས་ཡུལ་ཐ་དད་པ་དང༌། རྒྱུ་ཐ་དད་པ་དང༌། དུས་ཐ་དད་པས་ཐ་དད་པར་མི་འདོད་ཀྱི་མཚན་ཉིད་ཐ་དད་པ་འབའ་ཞིག་གིས་དངོས་པོ་ཐ་དད་པར་ཁས་ལེན་པ་དེའི་ཚེ་ཉེས་པ་འདི་དག་འབྱུང་བར་


DTG136_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འདིར་མཚན་ཉིད་ནི་མིག་ལ་སོགས་པའི་ཡུལ་ཉིད་དང་སྔོན་པོ་ལ་སོགས་པ་ཉིད་དོ། །གཞན་དུ་ནི་མ་ཡིན་ན་གོ་ཞེས་བྱ་བ་ལ་འདིས་ནི་ཡུལ་ཐ་དད་པ་ལ་སོགས་པ་སྟོན་ཏོ། །དེའི་ཕྱིར་ད་ལྟར་འདི་ལ་ཉེས་པ་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གཅིག་གི་ཕྱོགས་ལ་ཉེས་པ་མང་བ་དེའི་ཕྱིར་མིག་ལ་སོགས་པའི་ཡུལ་སྔོན་པོ་ལ་སོགས་པ་ངེས་པར་རྡུལ་ཕྲ་རབ་ཐ་དད་པར་བརྟག་པར་བྱའོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟར་ཡོད་སྙམ་པ་ལ། དེའི་ཕྱིར་དེ་གཅིག་ཏུ་མི་འགྲུབ་བོ་ཞེས་བྱ་བ་སྨོས་ཏེ། རྡུལ་ཕྲ་རབ་དེ་གཅིག་ཏུ་མི་འགྲུབ་པོ་ཞེས་བསྟན་ཏོ། །དེ་ལ་འདིར་འགྱུར་ཏེ། མིག་ལ་སོགས་པའི་ཡུལ་གཟུགས་ལ་སོགས་པ་ཡོད་བར་འགྲུབ་སྟེ། ཁོ་བོ་ལ་དེ་ཙམ་གྱིས་ཆོག་གི་རྡུལ་ཕྲ་རབ་གྲུབ་པས་ཅི་ཞིག་བྱ་སྙམ་པ་ལ། དེའི་ཕྱིར་དེ་མི་འགྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྡུལ་ཕྲ་རབ་མི་འགྲུབ་ན་གཟུགས་ལ་སོགས་པ་ཡང་མིག་ལ་སོགས་པའི་ཡུལ་ཉིད་དུ་མི་འགྲུབ་སྟེ། དེའི་ཕྱིར་ཡུལ་མེད་པ་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །འདིར་མདོ་སྡེ་པས་སླར་བརྒལ་བའི་ཕྱིར། ཚད་མའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ནི་ཡོད་དོ་འདི་ནི་མེད་དོ་ཞེས་བྱ་བ་ནི་ཚད་མའི་དབང་གིས་དམིགས་ཀྱིས་དབྱེ་བར་འགྱུར་ལ། ཚད་མ་ཐམས་ཅད་ཀྱི་ནང་ན་ཡང་མངོན་སུམ་གྱི་ཚད་མ་ནི་མཆོག་ཡིན་གྱི། འདི་ལྟར་མངོན་སུམ་གྱིས་ཐེ་ཚོམ་ཐམས་ཅད་ལྡོག་སྟེ་འདི་ནི་ཉེ་བའི་འབྲས་བུ་ཡང་མེད་ན་མངོན་སུམ་མཆོག་ཏུ་ཟིན་ཀྱང་དེས་ཅིར་འགྱུར་སྙམ་པ་ལ། དོན་དེ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་དེའི་ཚེ་གཟུགས་དང་སྒྲ་ལ་སོགས་པ་འདི་ནི་བདག་གི་མངོན་སུམ་མོ་སྙམ་དུ་སེམས་པའི་བློ་འདི་ཇི་ལྟར་འབྱང་ཞེས་སེམས་པའོ། །གཞན་གྱི་འདོད་པ་ལྟར་གལ་ཏེ་གཟུགས་ལ་སོགས་པ་མངོན་སུམ་གྱིས་མ་མྱོང་ན་དེའི་ཚེ་གཟུགས་ལ་སོགས་པ་འདི་ནི་བདག་གི་མངོན་སུམ་མོ་ཞེས་གཟུགས་ལ་སོགས་པ་མཐོང་ངོ་སྙམ་དུ་སེམས་པའི་བློ་འདི་ནི་ཇི་ལྟར་འབྱུང་ཞེས་བྱ་བ་དེ་དེའི་ལན་དུ་བསྟན་བཅོས་བྱེད་པས། མངོན་སུམ་བློ་ནི་རྨི་སོགས་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ།།


DTG136_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་འདི་ནི་བདག་གི་མངོན་སུམ་མ་སྙམ་པའི་བློ་འབྱུང་བ་དེ་བཞིན་ཏེ། རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བར་འབྱུང་སྟེ། དོན་གང་ཡང་མེད་དོ་ཞེས་བྱ་བའི་སྐབས་དེར་སྔར་བསྟན་པ་ཉིད་དོ། །དེ་ཉིད་ལ་ཡང་གཏན་ཚིགས་ལྷག་པར། དེ་ཡང་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། གང་གི་ཚེ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འདི་ནི་བདག་གི་མངོན་སུམ་དུ་མཐོང་བའི་དངོས་པོ་ལ་སེམས་པ་དེ་ལྟ་བུའི་བློ་སྐད་ཅིག་མ་གསུམ་པས་འབྱུང་བ་དེའི་ཚེ་ཁྱོད་ཀྱི་དོན་དེ་མི་སྣང་ངོ༌། །ཅིའི་ཕྱིར་སྙམ་པ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེས་དེ་ལྟར་སྐད་ཅིག་མ་གསུམ་པ་ལ་གང་བཅད་པ་དང༌། འདི་ལྟར་མིག་གི་རྣམ་པར་ཤེས་པ་དེའི་ཚེ་འགག་པའི་ཕྱིར་རོ། །ད་བས་ན་རྟོག་པའི་དུས་ན་དོན་དེ་མངོན་སུམ་དུ་ཇི་ལྟར་འདོད། དེ་ནི་འདི་སྐད་དུ་དབང་པོའི་རྣམ་པར་ཤེས་པས་གཟུགས་ལ་སོགས་པ་མཐོང་བ་དེ་ནི་རྣམ་པར་མི་རྟོག་པ་དང༌། དེའི་ཚེ་འགག་པའི་ཕྱིར་ཏེ། དེ་ལྟར་གཟུང་བ་མི་ནུས་སོ། །གང་དེ་ལྟར་ཡོངས་སུ་གཅོད་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་དོན་དེའི་རང་གི་ངོ་བོ་མི་འཛིན་ཏེ། དེའི་ཕྱིར་དེའི་ཚེ་ཇི་ལྟར་དོན་དེ་མངོན་སུམ་དུ་འགྱུར་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་དོན་དེ་དུས་གཞན་ན་ཡང་གནས་པ། གལ་ཏེ་ཕྱིས་མངོན་སུམ་གྱིས་འཛིན་པ་དེའི་ཚེ་ཉེས་པ་ཅི་ཡོད་སྙམ་དུ་དགོངས་པ་དེ་ལ། ལྷག་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དོན་དེ་དུས་གཞན་ན་གནས་ན་ནི་ཉེས་པ་འདི་ཡང་མེད་ན་དོན་དེ་ནི་སྐད་ཅིག་པ་སྟེ། དེའི་ཕྱིར་སྐད་ཅིག་པར་སྨྲ་བ་ལ་དོན་དེ་ཤིན་ཏུ་མངོན་སུམ་དུ་མི་འགྱུར་རོ། །འདི་ལྟར་རྟོག་པའི་དུས་ན་དེའི་ཚེ་གཟུགས་དང་རོ་ལ་སོགས་པ་ནི་འགགས་ཟིན་ཏོ། །ཡང་མདོ་སྡེ་པས་གཞན་དུ་སླར་བརྒལ་བའི་ཕྱིར། མྱོང་བ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་མ་མྱོང་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དྲན་པར་མི་འགྱུར་ན། ཕྱི་རོལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པས་དྲན་པ་ལས་དེ་བས་ན་སྔོན་པོ་ལ་སོགས་པའི་དོན་གདོན་མི་ཟ་བར་མྱོང་བར་འགྱུར་རོ། །


DTG136_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགྱུར་དུ་ཟིན་ཀྱང་དེས་ཅིར་འགྱུར་སྙམ་པ་ལ། དེ་ནི་མཐོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་གང་མྱོང་བ་དེ་གཟུགས་ལ་སོགས་པའི་དོན་མཐོང་བའོ་སྙམ་དུ་དེ་ལྟར་བསམས་ནས་མཐོང་བའི་ཡུལ་གཟུགས་ལ་སོགས་པ་མངོན་དུ་འདོད་དོ། །སློབ་དཔོན་གྱིས་འདིར་ལན་དུ་མྱོང་བའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་ཤེས་པ་ལས་གཞན་དུ་གྱུར་པའི་དོན་དྲན་པ་ཡིན་ནོ་ཞེས་བྱ་བ་དེ་ཁོ་བོ་ལ་མ་གྲུབ་བོ། །ཅིའི་ཕྱིར་མ་གྲུབ་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་དགྲོལ་བའི་ཕྱིར། དཔེར་ན་དོན་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་གཟུགས་ལ་སོགས་པ་ཕྱི་རོལ་ན་མེད་པར་ཡང་གཟུགས་ལ་སོགས་པའི་དོན་དུ་སྣང་བའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་བྱུང་བ་དེ་བཞིན་ཏེ། ཁོ་བོས་རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བར་འབྱུང་སྟེ། དོན་གང་ཡང་མེད་དོ་ཞེས་བྱ་བའི་བར་སྐབས་དེར་བཤད་ཟིན་ཏོ། །དེ་ལྟར་གྱུར་དུ་ཟིན་ཀྱང་སྐབས་འདིར་ཅི་ཞིག་འགྲུབ་སྙམ་པ་ལ། དེའི་ཕྱིར། དེ་ལས་དྲན་པར་ཟད་ཅེས་བྱ་བ་སྨོས་སོ། །དེ་ཉིད་དགྲོལ་བའི་ཕྱིར། རྣམ་པར་རིག་པ་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་དེ་ལས་རྣམ་པར་རྟོག་པའི་ཡིད་ཀྱིས་རྣམ་པར་རིག་པ་དྲན་པ་དང་མཚུངས་པར་ལྡན་པ་འབྱུང་སྟེ། དྲན་པ་འབྱུང་བ་དེ་ལས་གཞན་མྱོང་བ་མི་འགྲུབ་པ། །དེ་ནི་འདི་སྐད་དུ་མྱོང་བ་ནི་དྲན་པའི་རྒྱུ་ཡིན་ལ། མྱོང་བ་ནི་བདག་ཅག་ལ་ཡོད་དོ། །གཟུགས་ལ་སོགས་པའི་དོན་དུ་སྣང་བའི་རྣམ་པར་ཤེས་པའོ། །དེ་བས་ན་གཟུགས་ལ་སོགས་པའི་དོན་དུ་སྣང་བའི་རྣམ་པར་ཤེས་པ་མྱོང་བ་ཉིད་ལ་དྲན་པ་འབྱུང་གི །དོན་གུང་ན་ཡོད་པས་ཅི་ཞིག་བྱ། ཡང་མདོ་སྡེ་པས་གཞན་དུ་བརྒལ་བའི་ཕྱིར། དཔེར་ན་རྨི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་གྱི་རྣམ་པར་རིག་པ་ཐམས་ཅད་ཀྱི་དོན་མེད་པར་འབྱུང་བ་དེ་བཞིན་དུ་གལ་ཏེ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་འགྱུར་ན་ནི། དེའི་ཚེ་དཔེར་ན་རྨི་ལམ་ན་དམིགས་པའི་དོན་ནི་མེད་པར་འཇིག་རྟེན་རང་གིས་ཁོང་དུ་ཆུད་པ་དེ་བཞིན་དུ། གཉིད་ཀྱིས་མ་ལོག་པ་ན་དམིགས་པའི་དོན་མེད་པར་འཇིག་རྟེན་


DTG136_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཁོང་དུ་ཆུད་པའི་རིགས་ན་ཁོང་དུ་མ་ཆུད་དེ་དེའི་ཕྱིར་རྨི་ལམ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་འབྱུང་བའི་བློ་ཐམས་ཅད་དོན་མེད་པ་མ་ཡིན་ནོ། །འདིར་བསྟན་བཅོས་བྱེད་པས། དེ་ནི་གཏན་ཚིགས་སུ་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་རྨི་ལམ་དང་མི་འདྲ་བ་མེད་དེ། འདི་ལྟར་ཇི་སྲིད་དུས་དཔར་མ་གྱུར་པ་དེ་སྲིད་དུ་རྨི་ལམ་གྱི་བློ་ཡང་ཡུལ་མེད་པར་ཁོད་དུ་ཆུད་པར་མི་འགྱུར་གྱི། ནམ་སད་བར་གྱུར་བ་དེ་ན་ཁོང་དུ་ཆུད་པ་དེ་བཞིན་དུ། གཉིད་ཀྱི་སམ་ལོག་པའི་དུས་འདི་ན་ཡང་ལོག་པར་རྣམ་པར་རྟོག་པ་ལ་གོམས་པའི་བག་ཆགས་ཀྱི་གཉིད་ཀྱིས་ལོག་པའི་འཇིག་རྟེན་ནི་རྨི་ལམ་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་སྟེ། ཇི་སྲིད་དུ་མ་སད་པ་དེ་སྲིད་དུ་གཉིད་ཀྱིས་མ་ལོག་པ་ན་དམིགས་པའི་དོན་དེ་མེད་པར་ཁོང་དུ་མ་ཆུད་དོ། །དེ་ནི་ལོག་པ་ཡང་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་ནོ་ཞེས་བསྡུའོ། །དེ་ལ་གོམས་པ་ནི་ལོག་པར་རྣམ་པར་རྟོག་པ་ལ་གོམས་པ་སྟེ། ཡང་དང་ཡང་མངོན་དུ་གྱུར་པ་ནི་གོམས་པ་ཞེས་བྱའོ། །ལོག་པར་རྣམ་པར་རྟོག་པ་དེ་ལས་བྱུང་བའི་བག་ཆགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིད་དང་འདྲ་བའི་བག་ཆགས་རྣམ་པ་དེ་ལྟ་བུ་དེ་ལ་གཉིད་ཅེས་བྱའོ། །ཇི་ལྟ་བ་བཞིན་དུ་རྟོགས་པ་མ་ཡིན་གྱི་ཞེས་བྱ་བ་ནི་མ་ནོར་བར་ཁོང་དུ་མི་ཆུང་ཅེས་བྱ་བའི་ཐ་ཚིག་གོ །ནམ་ཞིག་དེ་མེད་པར་ཁོང་དུ་ཆུད་པར་འགྱུར་སྙམ་པ་ལ། གང་གི་ཚེ་དེའི་གཉེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་བག་ཆགས་དེའི་གཉེན་བོར་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་བར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་སད་པར་གྱུར་པ་དེའི་ཚེ་འཇིག་རྟེན་ལས་འདས་པ་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་དུ་འགྱུར་རོ། །དེ་མངོན་སུམ་དུ་གྱུར་ནས་ཡུལ་མེད་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། དེ་ནི་འདི་སྐད་དུ་གཟུགས་ལ་སོགས་པ་བྱིས་པའི་སྐྱེ་བོས་ཡོངས་སུ་བརྟགས་པ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་མ་ཡིན་ཏེ། གང་དག་དེའི་ཡུལ་གྱི་དངོས་པོར་མ་གྱུར་པ་དེ་དག་གི་རྟོག་པའི་ཤེས་པ་དག་པ་འཇིག་རྟེན་པ་ཞེས་བྱ་བ་རྣམས་ཀྱིས་སེལ་ཏོ། །དེ་བས་ན་དེ་ནི་མཚུངས་སོ། །འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་


DTG136_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐོབ་ཅེས་བྱ་བ་ནི་འཇིག་རྟེན་དང་མི་མཐུན་པས་འཇིག་རྟེན་ལས་འདས་པའོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་དུ་གྱུར་ཞེས་བྱ་བ་ན་དེའི་རྗེས་ལས་ཐོབ་པ་སྟེ། དེ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་སྦྱར་རོ། །རྗེས་ཞེས་བྱ་བ་ནི་སྟོབས་ལ་བྱའོ། །དེ་ནི་དེའི་རྗེས་ལས་ཐོབ་པ་ཡང་ཡིན་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་ཡིན་ནོ་ཞེས་བསྡུའོ། །གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བག་ཆགས་སྤངས་པའི་ཕྱིར་དག་པའོ། །མངོན་པར་ཞེན་པ་མེད་ཀྱང་གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བས་འཇིག་རྟེན་པའོ། །འདིར་དེའི་སྤྱིའི་དོན་ནི་སྤྲོས་པའི་བག་ཆགས་ནང་ན་གནས་པ་ཡོངས་སུ་སྨིན་པའི་དབང་གིས་གཟུགས་ལ་སོགས་པའི་དོན་སྣང་པའི་ཤེས་པ་རྣམས་འཁོར་བའི་གནས་སུ་འཇུག་སྟེ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བག་ཆགས་དེ་དག་སྤངས་པར་གྱུར་པ་དེའི་ཚེ་དག་པ་འཇིག་རྟེན་པའི་ཡེ་ཤེས་བྱུང་ནས་ཡུལ་མེད་པར་རྟོགས་སོ། །གང་མདོ་སྡེ་པས་སླར་བརྒལ་བའི་ཕྱིར། གལ་ཏེ་རང་གི་རྒྱུར་གྱུར་པའི་ཁྱད་པར་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རང་གི་རྒྱུད་ལ་གནས་པའི་བག་ཆགས་གྱུར་པའི་ཁྱད་པར་གྱི་སྲོག་ཆགས་རྣམས་ཀྱི་གཟུགས་ལ་སོགས་པ་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་གི་སྔོན་པོ་ལ་སོགས་པའི་དོན་གྱི་ཁྱད་པར་ལས་མ་ཡིན་ན། དེའི་ཚེ་གང་གིས་སྡིག་པའི་གྲོགས་པོ་ལ་བརྟེན་པ་ལས་སེམས་ཅན་རྣམས་ཀྱི་ལུས་ཀྱི་བྱ་བ་མི་དགེ་བའི་རྣམ་པར་རིག་བ་ངེས་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་ལས་ལུས་ཀྱི་བྱ་བ་དགེ་བའི་རྣམ་པར་རིག་པ་ངེས་པ་དང༌། དེ་བཞིན་དུ་དམ་པའི་ཆོས་མཉན་པས་ངག་གི་བྱ་བ་སྡིག་པ་ལས་ལོག་པའི་རྣམ་པའི་རྣམ་པར་རིག་པ་ངེས་པ་དང༌། དམ་པ་མ་ཡིན་པའི་ཆོས་མཉན་པ་ལས་སེམས་ཅན་རྣམས་ཀྱི་དབང་གི་བྱ་བ་སྡིག་པ་ལ་འཇུག་པའི་རྣམ་པའི་རྣམ་པར་རིག་པ་ངེས་པར་སྡིག་པའི་གྲོགས་པོ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་མེད་ལ། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་མེད་ན་ཇི་ལྟར་འགྲུབ་པར་བརྗོད་དེ། དེ་ནི་འདི་སྐད་དུ་ཇི་ཙམ་དུ་སྡིག་པའི་གྲོགས་པོ་དང་དགེ་བའི་བཤེས་


DTG136_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་སྤྱོད་པ་མི་དམིགས་པ་དེ་ཙམ་དུ་དེའི་རྗེས་སུ་བྱེད་མི་ནུས་སོ། །ཇི་ཙམ་དུ་སྒྲའི་རང་བཞིན་དམ་པ་དང་དམ་པ་མ་ཡིན་པའི་ཆོས་ཐོས་པ་མེད་པ་དེ་ཙམ་དུ་དེ་དང་མཐུན་པར་སྒྲུབ་ཅིང་བྱེད་མི་ནུས་སོ་ཞེས་བསྟན་པར་འགྱུར་རོ། །བསྟན་བཅོས་བྱེད་པས་དེ་བསྩལ་བའི་ཕྱིར། གཅིག་ལ་གཅིག་གི་དབང་གིས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་དགྲོལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་སྲོག་ཆགས་ཐམས་ཅད་ཀྱི་རྣམ་པར་ཤེས་པ་ཕན་ཚུན་གྱི་དབང་གིས་རྣམ་པར་ཤེས་པ་རྣམས་ཕན་ཚུན་འབྱུང་བ་ངེས་པར་འགྱུར་རོ། །ཅི་རིགས་སུ་སྦྱོར་རོ་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོ་དང་དགེ་བའི་བཤེས་གཉེན་གྱི་སྤྱོད་པ་ལ་སློབ་པར་འདོད་པའི་དབང་གིས་དེ་དང་མཐུན་པར་བྱེད་པ་རྣམས་ཀྱི་སྡིག་པ་དང༌། དགེ་བའི་ལུས་ཀྱི་ལས་ཀྱི་རྣམ་པའི་རྣམ་པར་རིག་པ་འབྱུང་གི །ཕྱི་རོལ་ན་ལུས་ཀྱི་ལས་དང་ལུས་ནི་མེད་དོ། །དེ་བཞིན་དུ་དམ་པ་དང་དམ་པ་མ་ཡིན་པའི་ཆོས་སྨྲ་བར་འདོད་པའི་དབང་གིས་ཉན་པ་རྣམས་ཀྱི་དམ་པ་དང༌། དམ་པ་མ་ཡིན་པའི་ཆོས་ཀྱི་རྣམ་པའི་རྣམ་པར་རིག་པ་འབྱུང་གི །ཕྱི་རོལ་ན་སྒྲ་ནི་མེད་དེ་འདི་ལ་ཅི་རིགས་པ་ཞེས་བྱ་བའི་དོན་ནི་འདི་ཡིན་ནོ། །གཅིག་ལ་གཅིག་ཅེས་བྱ་བའི་སྒྲ་མ་གྲགས་པས་དེ་བས་ན་དེའི་དོན་བསྟན་པའི་ཕྱིར། གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེའི་ཕྱིར་དེ་ལྟར་བརྒལ་བའི་ལན་བཏབ་ནས། སྲོག་ཆགས་ཀྱི་ཐ་སྙད་ཐམས་ཅད་རྣམ་པར་རིག་པ་རྣམས་ཀྱིས་ཕན་ཚུན་གྱི་དབང་གིས་འབྱུང་བར་བསྟན་པའི་ཕྱིར། རྒྱུད་གཞན་གྱི་རྣམ་པར་རིག་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲོག་ཆགས་དང་འབྲེལ་བའི་ཐ་སྙད་ཐམས་ཅད་ནི་རྒྱུད་གཞན་གྱི་འགྲོ་བར་འདོད་པ་དང༌། བརྗོད་པར་འདོད་པ་ལ་སོགས་པའི་རྣམ་པར་རིག་པའི་ཁྱད་པར་ལས་རྒྱུད་གཞན་ལ་འགྲོ་བ་དང་སྨྲ་བ་ལ་སོགས་པའི་རྣམ་པར་དག་པའི་ཁྱད་པར་འབྱུང་གི་ཕྱི་རོལ་གྱི་དོན་གྱི་ཁྱད་པར་ལུས་དང་ངག་གི་ཐ་སྙད་ཀྱི་མཚན་ཉིད་ལས་ནི་མ་ཡིན་ནོ། །ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བས་སླར་བརྒལ་བའི་ཕྱིར། དཔེར་ན་རྨི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་གྱི་རྣམ་པར་རིག་པའི་དོན་མེད་པར་འདོད་


DTG136_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་དུ་གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཡང་དོན་མེད་པར་འདོད་ན། གཉིད་ཀྱིས་ལོག་པ་དང་མ་ལོག་པ་ན་སྦྱིན་པ་ལ་སོགས་པ་དགེ་བ་ཀུན་དུ་སྤྱད་པའི་འབྲས་བུ་ཕྱི་མ་ལ་འདོད་པར་འདྲ་བར་ཅིའི་ཕྱིར་མི་འགྱུར། གཉིད་ཀྱིས་ལོག་པ་དང་གཉིད་ཀྱིས་མ་ལོག་པ་ན་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་ཀུན་དུ་སྤྱོད་པའི་འབྲས་བུ་ཡང་ཕྱི་མ་ལ་མི་འདོད་པར་འདྲ་བར་ཅིའི་ཕྱིར་མི་འགྱུར། གཉི་ག་ཡང་དོན་མེད་པར་མཚུངས་ན་གོ་སྙམ་དུ་སེམས་པའོ། །བསྟན་བཅོས་བྱེད་པས་དེའི་ལན་དུ་སེམས་ནི་གཉིད་ཀྱིས་ནོན་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་རྨི་ལམ་གྱི་གནས་སྐབས་ན་ནི་དགེ་བའམ་མི་དགེ་བ་དག་གཉིད་ཀྱིས་ནོན་པའི་སེམས་ཀྱིས་ཀྱང་བྱེད་དེ། དེའི་ཕྱིར་གཉིད་ཀྱིས་མ་ལོག་པའི་དུས་ན་བྱེད་པའི་དགེ་བ་དང་མི་དགེ་བ་དང་རྨི་ལམ་གྱི་དགེ་བ་དང་མི་དགེ་བའི་འབྲས་བུ་མཚུངས་པ་མ་ཡིན་ཏེ། གང་གཉིད་ཀྱིས་ནོན་པ་དེ་ནི་འདིར་འབྲས་བུ་མི་འདྲ་བའི་རྒྱུ་ཡིན་གྱི་དོན་ཡོད་པ་ནི་མ་ཡིན་ནོ། །འདི་ལྟར་སད་པའི་དུས་ན་གཡེངས་པ་དང་འདྲེས་པར་རྣམ་པར་རྟོག་པ་ངན་པས་དགེ་བའི་འབྲས་བུ་ཡང་ཆུང་བར་འགྱུར་ཏེ། དེ་བས་ན་རྨི་ལམ་གྱི་གནོད་པ་ཡང་འབྲས་བུ་ཆུང་དུའི་རྒྱུ་ཡིན་ནོ། །ཡང་འདི་ནི་འབྲས་བུ་མི་མཚུངས་པའི་རྒྱུ་གཞན་ཡིན་ཏེ། རྨི་ལམ་ན་སྦྱིན་པ་ནི་ལེན་པ་པོ་སུ་ཡང་མེད། སུ་ལ་ཡང་ཕན་འདོགས་པ་མེད་དོ། །དེ་བཞིན་དུ་རྨི་ལམ་ན་གསད་པར་བྱ་བ་ཡང་སུ་ཡང་མེད་ཡང་དག་པའི་དོན་དུ་སུ་ལ་ཡང་གནོད་པར་བྱེད་པ་མེད་དོ། །གཉིད་ཀྱིས་མ་ལོག་པའི་དུས་ན་ནི་སྲོག་ཆགས་དག་ཀྱང་ཡོད་ལ། གང་དག་ལ་སྦྱིན་པར་འདོད་པའི་དབང་གིས་ལེན་པར་སྣང་བ་འབྱུང་ཞིང་རིམ་གྱིས་བདེ་བ་མྱོང་བར་འགྱུར་བས་ཕན་འདོགས་པར་འགྱུར་རོ། །གང་དག་ལ་གསད་པར་འདོད་པའི་དབང་གིས་མཚོན་གྱི་རྣམ་པའི་ཤེས་པ་རིག་པས་མི་བཟོད་པའི་ཚོར་བ་འབྱུང་བ་ན་འཆི་བའི་མཚན་ཉིད་གནོད་པར་འགྱུར་རོ། །ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བས་སླར་བརྒལ་བའི་ཕྱིར། གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་དུ་ཟད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འགྲོ་བ་འདིས་མཐའ་དག་རྣམ་པར་རིག་པ་ཙམ་དུ་ཟད་ན་སེམས་ཅན་གང་ལ་ཡང་ལུས་མེད་ལ་ངག་ཀྱང་མེད་དེ། དེའི་ཕྱིར་


DTG136_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཤན་པ་ལ་སོགས་པས་གསོད་པ་ན་ལུག་ལ་སོགས་པ་འཆི་བར་ཇི་ལྟར་འགྱུར། གལ་ཏེ་ཤན་པ་ལ་སོགས་པ་ལ་ལུས་དང་ངག་ཡོད་ལ་ལུག་རྣམས་ཀྱི་ལུས་ཀྱང་ཡོད་ན་དེའི་ཚེ་དེ་དག་གིས་དེ་དག་རང་གི་ལུག་ལག་དར་ཏེ་གསོད་པའམ། གཞན་ལ་སོད་ཅེས་ཚིག་གིས་བསྒོ་བས་ལུག་རྣམས་འཆི་བར་འགྱུར་རོ། །ལུས་དང་ངག་མེད་ན་གསད་པར་བསམས་པ་ཙམ་གྱིས་གཞན་དག་འཆི་བར་ཇི་ལྟར་འགྱུར་ཏེ་དེ་ལྟར་འདོད་ན་ནི་གང་ཟག་འགའ་ཞིག་ཁོས་ཏེ་གནོད་པར་བྱ་བའི་སེམས་བསྐྱེད་བ་དེ་ཉིད་ཀྱིས་འཆི་བར་འགྱུར་རོ། །ཇི་སྟེ་ཉེས་པ་འདི་དག་འབྱུང་དུ་འོང་ཞེས་དེ་དག་འཆི་བ་དེས་བྱས་པར་མི་འདོད་ན་ནི་དེའི་ཚེ་ལུག་འཆི་བ་ཤན་པ་རྣམས་ཀྱིས་མ་བསད་པས། ཤན་པ་ལ་སོགས་པ་སྲོག་གཅོད་པའི་ཁ་ན་མ་ཐོབ་དང་ཇི་ལྟར་ལྡན་པར་འགྱུར། བསྟན་བཅོས་བྱེད་པས་དེ་བསལ་བའི་ཕྱིར། འཆི་བ་གཞན་གྱི་རྣམ་རིག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་རིག་པའི་བྱེ་བྲག་གང་གིས་མཚོན་གདབ་པར་གཟས་པས་ཕྱི་རོལ་གྱི་དོན་དུ་སྨྲ་བས་གཞན་གསོད་པར་བྱེད་དོ། །དེ་བས་ན་རྣམ་པར་རིག་པའི་བྱེ་བྲག་མཚོན་ཆ་མེད་པ་ལས་གཞན་འཆི་བར་འགྱུར་རོ། །དཔེར་ན་འདྲེ་ལ་སོགས་པའི་ཡིད་ཀྱི་དབང་གིས་སེམས་ཅན་གཞན་དག་གི་དྲན་པ་ཉམས་པ་ལ་སོགས་པ་བྱེད་པར་འགྱུར་རོ་ཞེས་མདོར་བྱས་པའི་དོན་ཏོ། །བསྟན་བཅོས་བྱེད་པས་མདོར་བྱས་པའི་དོན་དེ་རྒྱ་ཆེར་བསྟན་པའི་ཕྱིར། དཔེར་ན་འབྲེལ་སོགས་པའི་ཡིད་ཀྱི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་འདྲེ་ལ་སོགས་པའི་ངན་སེམས་ཀྱི་སེམས་ཀྱི་དབང་གིས་སྲོག་ཆགས་གཞན་དག་གི་དྲན་པ་ཉམས་པར་འགྱུར་བ་དང་མཁའ་འགྲོ་མ་རྣམས་ཀྱི་གནོད་པའི་སེམས་ཀྱི་དབང་གིས་གཞན་དག་གི་སྙིང་གི་ཁྲག་འབྱིན་པ་དང༌། དེ་བཞིན་དུ་ལྷའི་བྱིན་གྱི་རླབས་ཀྱིས་རྨི་ལྟས་སུ་མཐོང་བ་དང༌། དེ་བཞིན་དུ་སྔགས་མཁན་གྱི་ཡིད་ཀྱི་དབང་གིས་འབྱུང་པོའི་གདོན་ཕམ་པར་འགྱུར་བ་དང༌། དེ་བཞིན་དུ་ནམ་མཁའ་ལྡིང་གི་སྔགས་བྱེད་པའི་ཡིད་ཀྱི་དབང་གིས་དུག་སེལ་ཞིང་འཕོ་བ་ལ་སོགས་པར་འགྱུར་བ་དང༌། དེ་བཞིན་དུ་རྫུ་འཕྲུལ་དང་ལྡན་པའི་ཡིད་ཀྱི་དབང་གིས་གཞན་དག་གི་འགྱུར་བ་རྣམ་པ་མང་པོ་འབྱུང་བ་དང༌། དཔེར་ན་ཀཱ་ཏྱའི་བུ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ས་ར་ནས་རྨི་ལྟས་སུ་མཐོང་བ་དང༌། དཔེར་ན་དྲང་སྲོང་དགོན་པ་པ་རྣམས་ཀྱི་ཡིད་འཁྲུགས་པ་ལྷམ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཕམ་ཞེས་གྲགས་པ་དེ་བཞིན་དུ་ཤན་པ་ལ་སོགས་པའི་


DTG136_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་ཀྱི་བསམ་པའི་རྣམ་པར་རིག་པའི་བྱེ་བྲག་གིས་ལུག་ལ་སོགས་པ་གཞན་དག་གི་སྲོག་གི་དབང་པོ་དང་མི་མཐུན་པའི་འགྱུར་བ་རྣམ་པ་འདི་ལྟ་བུ་དག་འབྱུང་སྟེ། དེ་བྱུང་བས་རིས་གཅིག་པ་སྐལ་བ་འདྲ་བས་བསྡུས་པའི་སེམས་དང་སེམས་ལས་བྱུང་བའི་རྒྱུད་ཀྱི་རྒྱུན་འཆད་པའི་མཚན་ཉིད་འཆི་བར་འགྱུར་རོ། །དེ་ལྟ་ན་གཞན་གྱི་རྣམ་པར་རིག་པའི་བྱེ་བྲག་གིས་གཞན་དག་འཆི་བར་རིག་པར་བྱའོ། །དེ་ལྟར་རིགས་པས་དོན་བསྟན་ཀྱང་བརྒྱལ་གཞན་དག་ཁས་མི་ལེན་ཀྱང་སྲིད་པས་དེའི་ཕྱིར། དྲང་སྲོང་ཁྲོས་པས་དན་ཏ་ཀའི། །དགོན་པ་ཇི་ལྟར་སྟོངས་པར་འགྱུར། །ཞེས་བྱ་བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། གལ་ཏེ་གཞན་གྱི་རྣམ་པར་རིག་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གསོད་པ་པོ་རྣམས་ཀྱིས་གསོད་པའི་བསམ་པའི་རྣམ་པར་རིག་པའི་བྱེ་བྲག་གིས་སེམས་ཅན་གསད་པར་བྱ་བ་དག་འཆི་བར་ཁྱོད་མི་འདོད་ན། དེའི་ཚེ་ཡིད་ཀྱི་ཉེས་པ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཉིད་དུ་བསྒྲུབ་པར་བཞེད་ནས། བདེ་བར་གཤེགས་པ་ཐུབ་པས་ཁྱིམ་བདག་ཉེ་བ་འཁོར་ལ་བཀའ་སྩལ་པ། ཁྱོད་ཀྱིས་དན་ཏ་ཀའི་དགོན་པ་ལ་སོགས་པ་དེ་དག་གནའ་སྔོན་མི་བརྒྱ་ཕྲག་དུ་མས་གང་བའི་ལྗོངས་སུ་གྱུར་པ་ཞེས་གྲགས་ན་དེ་ཇི་ལྟར་སྐད་ཅིག་ཏུ་དགོན་པར་གྱུར་ཏེ་སྟོངས་པ་དང་གཙང་མར་གྱུར་པ་ཅི་ཐོས་ཞེས་དེ་སྐད་ཅེས་བཀའ་སྩལ་པ་དང༌། དེས་དྲང་སྲོང་རྣམས་ཁྲོས་པ་དེ་དག་དེ་ལྟར་གྱུར་ཅེས་བདག་གིས་ཐོས་སོ་ཞེས་གསོལ་ཏོ། །དེ་ཡིད་འཁྲུགས་པ་ཙམ་གྱིས་དེ་སྙེད་ཅིག་འཆི་བར་ཇི་ལྟར་འགྱུར། དེ་ནི་འདི་སྐད་དུ་གལ་ཏེ་གསོད་པའི་རྣམ་པར་རིག་པའི་བྱེ་བྲག་གིས་གསད་པར་བྱ་བ་རྣམས་འཆི་བར་མི་འདོད་ན། དེའི་ཚེ་དྲང་སྲོང་རྣམས་ཀྱི་ཡིད་འཁྲུགས་པ་ཙམ་གྱིས་སེམས་ཅན་དེ་སྙེད་ཅིག་འཆི་བའི་མི་རིགས་སོ་ཞེས་བྱ་བ་བསྟན་པར་འགྱུར། ཡིད་ཀྱི་ཉེས་པ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་པ་སྤྱད་པ་ལ་བྱའོ། །དན་ཏ་ཀའི་དགོན་པ་དང༌། མ་ཏ་གའི་དགོན་པ་དང༌། ཀ་ལིཾ་ཀའི་དགོན་པ་ཞེས་བྱ་བ་དེ་དག་ནི་དགོན་པའི་མིང་ངོ༌། །སྟོངས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པར་འགྱུར་བའོ། །གཙང་མར་གྱུར་ཅེས་བྱ་བ་ནི་སྐྱེ་བོ་མེད་ན་བཤད་གཅི་མེད་པའི་ཕྱིར་གཙང་མར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །བརྒྱ་ལ་གཞན་དག་དྲང་སྲོང་རྣམས་ཀྱི་ཡིད་འཁྲུགས་པར་ཤེས་བཞིན་དུ་མི་མ་ཡིན་པ་སྐབས་ཚོལ་བ་དག་གིས་གསད་དོ་ཞེས་ཟེར་དུ་དོགས་ནས། ཡིད་ཉེས་ཁ་ན་མ་ཐོ་ཆེར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། །གལ་ཏེ་འདི་ལྟར་རྟོག་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་མི་མ་ཡིན་པ་གང་དག་


DTG136_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་རྣམས་ལ་དགའ། དེ་དག་གི་ལུས་དང་ངག་གི་ཡུལ་དེ་ན་གནས་པའི་སེམས་ཅན་རྣམས་ཁ་བཏག་གི །དྲང་སྲོང་དེ་དག་གི་ཡིད་འཁྲུགས་བས་དོགས་པ་ནི་མ་ཡིན་ནོ་ཞེས་དེའི་ཚེ་མི་མ་ཡིན་པ་རྣམས་ཀྱི་ལུས་དང་ངག་གི་ལས་དེ་ལུས་དང་ངག་གི་ཉེས་པ་རྣམས་པས་ཡིད་ཀྱི་ཉེས་པ་ཆེས་ཁ་ན་མཐོ་བ་ཆེན་པོ་དང་བཅས་པར་གྲུབ་པ་ཇི་ལྟར་འགྱུར། གང་གི་ཚེ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པར་གྲུབ་ཅེ་ན། དེའི་ཡིད་འཁྲུགས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་ལུས་དང་ངག་གི་སྤྱོད་པ་མེད་པར་དྲང་སྲོང་རྣམས་ཀྱི་ཡིད་འཁྲུགས་པ་ཙམ་འབའ་ཞིག་གིས་སེམས་ཅན་དེ་སྙེད་འཆི་བར་འགྱུར་པ་དེའི་ཚེ། ཡིད་ཀྱི་ཉེས་པ་ཁ་ན་མ་ཐོབ་ཆེན་པོ་དང་བཅས་པ་ཉིད་དུ་འགྲུབ་བོ། ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བས་བརྒལ་བའི་ཕྱིར། གལ་ཏེ་འདི་དག་རྣམ་པར་ཤེས་པ་ཙམ་དུ་ཟད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ཁོ་ནར་ཟད་ན་དེའི་ཚེ། གཞན་གྱི་སེམས་ཤེས་པ་ཐོབ་པའི་རྣལ་འབྱོར་པས། ཅི་གཞན་གྱི་སེམས་ཤེས་སམ། འོན་ཏེ་མི་ཤེས་སྨྲོས་ཤིག །གྲུབ་པའི་མཐའ་སྨྲ་བས་གཉི་གར་ཉེས་པར་མ་མཐོང་ནས། འདིས་ཅི་ཞིག་བྱ་ཞེས་དྲིས་ཏེ། དེ་ནི་གོ་སླ་བསམ་བཤད་དོ། །ཕྱི་རོལ་གྱི་དོན་དུ་སྨྲ་བས་གཉི་ག་ཡང་ཉེས་པར་བསྟན་པའི་ཕྱིར། གལ་ཏེ་མི་ཤེས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྣལ་འབྱོར་པས་གཞན་དག་གི་སེམས་མི་ཤེས་ན་དེའི་ཚེ་གཞན་གྱི་སེམས་རིག་པ་ཞེས་ཀྱང་ཇི་སྐད་དུ་བྱ། འདི་ལྟར་གང་གཞན་གྱི་སེམས་རིག་པ་དེ་ལ་འདི་སྐད་ཅེས་བརྗོད་དེ། སྒྲ་འདིའི་རྒྱུ་ནི་བྱ་བ་དེ་མེད་ན་བྱ་བར་ཇི་ལྟར་འགྱུར། ཇི་སྟེ་ཉེས་པ་འདི་འབྱུང་དུ་འོང་ཞེས་ཏེ་གཞན་གྱི་སེམས་ཤེས་པར་ཁས་ལེན་ན། དེའི་ཚེ་དེ་དག་གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བས་དོན་ཇི་ལྟ་བ་བཞིན་མ་ཡིན་པར་འགྱུར་རོ། །བསྒོམ་པ་ཤིན་ཏུ་མཐར་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཇི་ལྟར་འགྱུར། དེ་ནི་འདི་སྐད་དུ་གལ་ཏེ་གཞན་གྱི་སེམས་ཤེས་ན་དེའི་ཚེ་གཟུང་བ་དང་འཛིན་པའི་རྣམ་པར་ཁས་བླངས་པས་རྣམ་པར་རེག་པ་ཉིད་ཉམས་པར་འགྱུར་རོ། །དོན་མི་ཤེས་ན་ནི་དེའི་ཚེ་གཞན་གྱི་སེམས་རིག་པ་ཡོད་དོ་ཞེས་མ་ཟེར་ཅིག་ཅེས་བསྟན་པར་འགྱུར་རོ། །བསྟན་བཅོས་བྱེད་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པ་དེ་ཁས་བླངས་ནས་དེ་ན་ཇི་ལྟ་བ་བཞིན་མ་ཡིན་


DTG136_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་བསྟན་པ། དཔེར་ན་རང་སེམས་ཤེས་པ་ཅན། །ཞེས་བྱ་བ་སྨོས་སོ། །དཔེར་ན་སྲོག་ཆགས་རྣམས་ཀྱི་རང་གི་སེམས་འདས་པ་དང་མ་འོངས་པ་ཤེས་པ་ཡང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །གཞན་གྱི་སེམས་རིག་པ་ཞེས་བརྗོད་པ་ནི་རྟོགས་སོ་སྙམ་པའི་དབང་གིས་འགྱུར་རོ། །འདི་ལྟར་དེ་དག་གི་རྣལ་འབྱོར་གྱི་དབང་གིས་རང་གི་སེམས་ཉིད་གཞན་གྱི་སེམས་དང་མཚུངས་པའི་རྣམ་པར་གསལ་བར་སྣང་བ་འབྱུང་སྟེ། དཔེར་ན་དེ་དག་གི་རྣལ་འབྱོར་གྱི་སྟོབས་ཀྱིས་འདས་པ་དང་མ་འོངས་པའི་དངོས་པོ་རྣམ་པ་གསལ་བར་སྣང་བའི་ཤེས་པ་འབྱུང་བ་ལྟ་བུའོ། །དེ་ཡང་དེ་དག་གཟུང་བའི་ཆ་ལ་གཞན་གྱི་སེམས་སུ་སེམས་པ་ན་གཞན་གྱི་སེམས་རིག་གོ་ཞེས་རྟོག་པར་བྱེད་དོ། །ཕ་རོལ་གྱི་དཔེ་མ་གྲུབ་པར་བསམས་ཏེ། དེ་ཡང་ཇི་ལྟར་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཞེས་དྲིས་སོ། །གལ་ཏེ་རང་གི་སེམས་ཤེས་པ་དོན་མེད་པ་ཇི་ལྟ་བ་བཞིན་མ་ཡིན་པར་གྲུབ་ན་ནི་དེའི་ཚེ་དཔེར་བསྟན་པ་ཡང་རིགས་ན། དེ་ཉིད་མ་གྲུབ་ན་ཇི་ལྟ་བ་བཞིན་མ་ཡིན། བསྟན་བཅོས་བྱེད་པས་གཉི་ག་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་གཏན་ཚིགས་སུ། སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་དགྲོལ་བའི་ཕྱིར། ཇི་ལྟར་དེ་བརྗོད་དུ་མེད་པའི་བདག་ཉིད་དུ་ཞེས་བྱ་པ་ལ་སོགས་པ་སྨོས་སོ། །རང་གི་སེམས་དེ་དང་གཞན་གྱི་སེམས་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་བརྗོད་དུ་མེད་པའི་བདག་ཉིད་དུ་ཐུགས་སུ་ཆུད་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐུགས་སུ་ཆུད་པ་དེ་བཞིན་དུ་སྲོག་ཆགས་རྣམས་ཀྱིས་རང་གི་སེམས་མ་རིག། རྣལ་འབྱོར་པས་ཀྱང་གཞན་གྱི་སེམས་མི་རིག་གོ །དེ་ལྟ་བས་ན་རང་གི་སེམས་ཤེས་པ་དང་གཞན་གྱི་སེམས་ཤེས་པ་གཉི་ག་ཡང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །སྲོག་ཆགས་རྣམས་དང༌། རྣལ་འབྱོར་པས་རང་དང་གཞན་གྱི་སེམས་བརྗོད་དུ་མེད་པའི་བདག་ཉིད་དུ་ཅིའི་ཕྱིར་མ་ཤེས་སྙམ་པ་ལ་དེའི་ཕྱིར། ལོག་པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ལྟར་དེ་དག་གི་སེམས་དེ་ནི་གཟུང་བ་དང་འཛིན་པའི་རྣམ་པས་ལོག་པའོ། །དེ་ལྟར་ཡང་དག་པའི་དོན་དུ་ན་དེ་དག་གི་སེམས་དེ་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ན། གཉིས་སུ་མེད་པའི་ངོ་བོའི་སེམས་ལ་གཉིས་ཀྱི་རྣམ་པ་ནི་ལོག་པ་ཡིན་ནོ། །དེའི་ཕྱིར་


DTG136_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བའི་ཆས་བསྒྲིབས་པས་རང་དང་གཞན་གྱི་སེམས་ཀྱི་ངོ་བོ་ལ་སྲོག་ཆགས་རྣམས་དང༌། རྣལ་འབྱོར་པས་རང་གི་སེམས་དང་གཞན་གྱི་སེམས་བརྗོད་དུ་མེད་པའི་བདག་ཉིད་དུ་མ་རིག་སྟེ། དེ་དག་རང་གི་གཟུང་བའི་ཆ་གཉིས་རང་དང་གཞན་གྱི་སེམས་ལྟ་བུར་རིག་པ་ན་རང་དང་གཞན་གྱི་སེམས་རིག་གོ་ཞེས་རྟོག་པར་བྱེད་ཀྱི། ཡང་དག་པའི་དོན་དུ་ན་རང་དང་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ལ་ནི་མ་རེག་གོ །དཔེར་ན་བུམ་པའི་ཁ་དོག་འདྲ་བའི་སྣམ་བུ་ཞིག་གིས་བུམ་པ་གཡོགས་ན་མཐོང༌། སྣམ་བུ་མཐོང་ཡང་སྲོག་ཆགས་དག་བུམ་པ་མཐོང་ངོ་སྙམ་དུ་སེམས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ། །གལ་ཏེ་སྲོག་ཆགས་རྣམས་དང་རྣལ་འབྱོར་པ་དག་གི་སེམས་ཀྱི་ངོ་བོ་གཉིས་སུ་མེད་པ་ཡིན་ན། ཅིའི་ཕྱིར་གཉིས་ཀྱི་རྣམ་པར་འབྱུང་སྙམ་པ་ལ། གཟུང་བ་དང་འཛིན་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་དེ་དག་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་མ་སྤངས་པའི་ཕྱིར། ཇི་སྲིད་དུ་དེ་མ་སྤངས་པ་དེ་སྲིད་དུ་སེམས་ཀྱི་ངོ་བོ་གཉིས་སུ་མེད་དུ་ཟིན་ཀྱང་གཉིས་ཀྱི་རྣམ་པར་སྣང་ངོ༌། །དེའི་ཕྱིར་དེ་ལྟར་རྣམ་པར་རིག་པ་ཙམ་ལ་རྒོལ་བ་ངན་པའི་ལན་བཏབ་བོ། །ཅིའི་ཕྱིར་རྣམ་པར་རིག་པ་ཙམ་ལ་ཅུང་ཟད་ཙམ་ཞིག་བཤད་ཀྱི་དེ་རྣམ་པ་ཐམས་ཅད་དུ་ཅིའི་ཕྱིར་མ་བཤད་སྙམ་པ་ལ། རྣམ་པར་རིག་པ་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་རབ་ཏུ་བྱེད་པ་རྣམ་པར་ངེས་པ་མཐའ་ཡས་པ་དང༌། གང་གཏིང་མི་དཔོགས་ཤིང་ཟབ་པའི་རྣམ་པར་རིག་པ་ཙམ་དེའི་རྣམ་པར་རིག་པ་ཙམ་དུ་འགྲུབ་པ་གང་ཡིན་པ་དེ་དག་གིས་རང་གི་ནུས་པ་དང་མཐུན་པར་བྱས་ཀྱི། དེའི་རྣམ་པ་ཀུན་དུ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་པར་མི་ནུས་ཏེ། འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཁོ་ནའོ། །བསྟན་བཅོས་བྱེད་པས་ཚིགས་སུ་བཅད་པ་ཐ་མའི་ཕྱེད་རྣམ་པར་དགྲོལ་བའི་ཕྱིར། དེའི་རྣམ་པ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཁོ་ན་མ་མཐོང་བ་རྟོག་པའི་དྲ་བ་མ་དྲལ་བ་བདག་འདྲ་བས་རྣམ་པར་རིག་པ་ཙམ་དེའི་རྣམ་པ་ཐམས་ཅད་བསམ་པར་མི་ནུས་སོ། །ཅིའི་ཕྱིར་སྙམ་པ་ལ། རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་ལྟར་དོན་དམ་པ་ནི་རྟོག་པའི་ཡུལ་མ་ཡིན་ནོ། །བསམ་པ་ནི་རྟོག་གེའོ། །དེ་བས་ན་དེ་བསམ་པར་མི་ནུས་སོ། །རྣམ་པར་རིག་པ་ཙམ་ནི་དོན་དམ་པ་ཡིན་ན་ཇི་ལྟར་རྟོག་གེའི་ཡུལ་དུ་འགྱུར།


DTG136_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དེ་ཁོ་ན་མ་མཐོང་བ་དག་གིས་རྣམ་པ་ཐམས་ཅད་བསམ་པར་མི་ནུས་ན་དེ་རྣམ་པ་ཐམས་ཅད་དུ་སུའི་སྤྱོད་ཡུལ་སྙམ་པ་ལ། སངས་རྒྱས་སྤྱོད་ཡུལ་ལོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་དགྲོལ་བའི་ཕྱིར་དེ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་དེ། དེ་བས་ན་དེ་དག་གི་སྤྱོད་ཡུལ་ལོ། །དེ་ཅིའི་ཕྱིར་དེ་དག་གི་སྤྱོད་ཡུལ་སྙམ་པ་ལ། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མི་མངའ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ལྟར་རྣལ་འབྱོར་པའི་གཙུག་གི་ནོར་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་ཐོགས་པ་མི་མངའ་སྟེ། འདི་ལྟར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་དེ་དག་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དངོས་པོ་ཐམས་ཅད་མངོན་སུམ་དུ་མཛད་དོ། །དེ་བས་ན་དེ་དག་གང་ལ་ཡང་ཐོགས་པར་ག་ལ་འགྱུར་ཏེ། འདི་ལྟར་ཤེས་བྱ་ལ་སྒྲིབ་པར་བྱེད་པའི་ཐོགས་པ་སྤངས་པའི་ཕྱིར་རོ། །ཉི་ཤུ་པ་ནི་རྣམ་ཕྱེ་བས། །བདག་གི་དགེ་བ་ཁ་བ་དང༌། །ཟླ་བའི་ཟེར་འདྲ་གང་ཐོབ་དེས། །འགྲོ་བ་སངས་རྒྱས་གྲུབ་པར་ཤོག །ནུས་ལ་ལྟོས་ཏེ་བགྱིས་པས་ན། །མི་ཤེས་དབང་གིས་ཅུང་ཟད་དུ། །མི་འདྲར་བཤད་བར་གྱུར་ན་ཡང༌། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །རབ་ཏུ་བྱེད་པ་ཉི་ཤུ་བའི་འགྲེལ་བཤད། སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ།
བློ་གྲོས་བརྟན་པ།


DTG136_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་སྐན་དྷ་པྲ་ཀ་ར་ཎ་བི་བྷཱ་ཥྱཾ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། བམ་པོ་དང་པོ། སངས་རྒྱས་དང་སྦྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་ཅིའི་ཕྱིར་རྩོམ་ཞེ་ན། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་བསྟན་བཅོས་དག་ལས་ཆོས་ཀྱི་མཚན་ཉིད་དཔྱད་ཟིན་ན་ཡང་དེ་དཔྱད་པ་དོན་མེད་པར་མི་འགྱུར་རམ། དོན་མེད་པར་མི་འགྱུར་ཏེ། མགོ་སྨོས་པས་གོ་


DTG136_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདུལ་བའི་དོན་གྱི་ཕྱིར་རོ། །མགོ་སྨོས་པས་གོ་བ་ནི་ཕྱོགས་ཙམ་གྱིས་དེ་རྟོགས་པའི་ཁྱད་པར་རྣམས་མ་ལུས་པར་ཁོང་དུ་ཆུད་པར་ནུས་པས་མདོར་བཤད་པ་ཉིད་ལ་དགའི། རྒྱ་ཆེར་བཤད་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་མདོར་བསྡུས་པ་འདོད་པའི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཡང་ན་ཁྱིམ་ན་གནས་པ་རྣམས་བྱ་བ་མང་པོ་ལ་ཞུགས་པའི་ཕྱིར་ལེའུ་གྲངས་རྒྱ་ཆེར་བྱས་པ་རྣམས་ལ་མངོན་པར་བརྩོན་མི་སྲིད་པ་དང༌། རབ་ཏུ་བྱུང་བ་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱང་ལེའུ་གྲངས་རྒྱ་ཆེར་བྱས་པ་ལ་མངོན་པར་བརྩོན་པར་བྱས་ན་གཡེང་བར་འགྱུར་བས། དེ་གཉི་གས་ཆོས་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདིར་ཆོས་ཀྱི་མཚན་ཉིད་མདོར་བཤད་དེ། དེ་ལྟར་ན་དེ་བརྩམས་པ་དོན་མེད་པར་མི་འགྱུར་རོ། །ཡང་ན་ཆོས་ཀྱི་མཚན་ཉིད་མདོར་བསྡུས་པ་རྟོགས་ནས་ཆོས་ཀྱི་མཚན་ཉིད་རྒྱས་པ་ཡང་བསྒྲིམ་མི་དགོས་པར་རྟོགས་ནུས་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་གྱིས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་ལེའུ་གྲངས་རྒྱ་ཆེར་བྱས་པ་རྣམས་ལ་འཇུག་པར་འགྱུར་བའི་རྒྱུར་རབ་ཏུ་བྱེད་པ་འདི་མཛད་དོ། །ཆོས་ཀྱི་མཚན་ཉིད་རྟོགས་པ་མེད་པར་ཅི་ཞིག་མི་འགྲུབ་ན། འདི་ལྟར་སློབ་དཔོན་གྱིས་ཆོས་ཀྱི་མཚན་ཉིད་བསྟན་པར་གུས་པར་མཛད་ཅེ་ན། སེམས་རྩེ་གཅིག་ཏུ་བྱ་བ་དང༌། འབེལ་བའི་གཏམ་བརྩལ་བར་ངེས་བ་རྣམས་ལ་དྲིས་པ་ལུང་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ཆོས་ཀྱི་མཚན་ཉིད་ལ་བྱང་བར་བྱས་ན་ཐེ་ཚོམ་མེད་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཆོས་ཀྱི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པས་ཀྱང་ཤེས་རབ་མཆོག་ཏུ་འགྱུར་བས་མི་འཇིགས་པ་ཐོབ་སྟེ། འཇིགས་པ་མེད་པ་ནི་འབེལ་བའི་གཏམ་རྣམ་པར་ངེས་པ་རྣམས་ལ་དྲིས་པ་དེ་ཐམས་ཅད་དུ་ལུང་སྟོན་ནུས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཕུང་པོ་ལྔ་ཞེས་བྱ་བ་ནི་མང་ཉུང་དགག་པའི་ཕྱིར་གྲངས་ངེས་པར་གཟུང་བའོ། །ཕུང་པོའི་སྒྲ་བྱེ་བྲག་མེད་པར་སྨོས་པས་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཕུང་པོ་གཟུང་བར་བྱའོ། །ཕུང་པོ་ནི་ལྔ་ཁོ་ན་སྟེ། བདག་དང་བདག་གིར་འཛིན་པའི་གཞི་རབ་ཏུ་


DTG136_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར། མང་བའམ་ཉུང་བ་མ་ཡིན་ཏེ། བྱིས་པ་དག་ནི་ཕལ་ཆེར་རྣམ་པར་ཤེས་པ་ཉིད་ལ་ནི་བདག་ཏུ་འཛིན། གཟུགས་ལ་སོགས་པ་ལྟག་མ་རྣམས་ལ་ནི་བདག་གིར་འཛིན་ཏེ། འདི་ལྟར་ཕྱི་དང་ནང་གི་གཟུགས་ནི་བྱེད་པ་དང་ལས་སུ་བྱ་བར་བདག་དང་འབྲེལ་ཏོ་སྙམ་དུ་གཟུགས་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏོ། །ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའི་ཚོར་བ་དེ་བདག་གིས་ཡང་དག་པར་མྱོང་བར་བྱེད་དོ་སྙམ་དུ་ཚོར་བའི་ཕུང་པོ་ལ་བདག་གིར་འཛིན་ཏེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའོ། །སྡུག་བསྔལ་ནི་ལས་མི་དགེ་བ་རྣམས་ཀྱིའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གཉི་གའིའོ། །འདིར་ནི་ཀུན་གཞི་རྣམ་པར་ཤེས་པ་དར་མཚུངས་པར་ལྡན་པའི་ཚོར་བ་བཏང་སྙོམས་ཉིད་ཡང་དག་པར་ན་ལས་ཀྱི་རྣམ་པར་སྨིན་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་གཉིས་ནི་རྣམ་པར་སྨིན་པ་ལས་འབྱུང་བའི་ཕྱིར་རྣམ་པར་སྨིན་པར་གདགས་པའོ། །མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ལ་བདག་ཏུ་འདུ་ཤེས་པའི་སྒོ་ནས་ཐ་སྙད་འདོགས་པར་བྱེད་དོ་སྙམ་དུ་འདུ་ཤེས་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏོ། །བདག་ཏུ་འདོད་པའི་སེམས་ནི་འདུ་བྱེད་རྣམས་ཀྱིས་དགེ་བ་དང་མི་དགེ་བ་ལ་སོགས་པ་ལ་འཇུག་པར་བྱེད་པས་འདུ་བྱེད་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏེ། ཕུང་པོ་ནི་ལྔ་ཁོ་ནའོ། །འོ་ན་ཕུང་པོ་རྣམས་ཀྱི་གོ་རིམས་འདི་ཅིའི་ཕྱིར་ཞེ་ན། ཇི་ལྟར་རགས་པའི་རིམ་བཞིན་ཏེ། དེ་ལ་གཟུགས་ནི་ཐོགས་པ་དང་བཅས་པ་དང༌། རྣམ་པར་ཤེས་པའི་ཚོགས་ལྔའི་གནས་སུ་གྱུར་པ་དང༌། རྣམ་པར་ཤེས་པ་དྲུག་གི་ཡུལ་ཡིན་པའི་ཕྱིར་ཐམས་ཅད་པས་ཆེས་རགས་ཏེ། དེ་བས་ན་གཟུགས་དང་པོར་བརྗོད་དོ། །ཚོར་བ་ནི་གསུམ་པོ་དག་པས་རྒྱུ་བ་རགས་པའི་ཕྱིར་ཆེས་རགས་པ་སྟེ། འདི་ལྟར་འདུ་ཤེས་ལ་སོགས་པ་བཞིན་དུ་ཡུལ་ན་མི་གནས་ཀྱང་ངའི་ལག་པར་ཚོར་རོ། །ངའི་ཀླད་པར་ཚོར་རོ་ཞེས་རྒྱུ་བ་རགས་པའི་ཕྱིར་ཡུལ་ཡོངས་སུ་ཆད་པས་དེ་ཉིད་ལ་བརྗོད་ཀྱི། འདུ་ཤེས་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཀྱི་འོག་ཏུ་


DTG136_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་རྟོགས་པར་སླ་བའི་ཕྱིར་གཉིས་པོ་དག་པས་ཆེས་རགས་སོ། །འདུ་བྱེད་ནི་འདུ་བྱེད་པའི་མཚན་ཉིད་ཡིན་པས་ཁོང་དུ་ཆུད་པར་སླ་བའི་ཕྱིར། རྣམ་པར་ཤེས་པ་ལས་ཆེས་རགས་སོ། །རྣམ་པར་ཤེས་པ་ནི་ཐམས་ཅད་པས་ཕྲ་བའི་ཕྱིར་ཀུན་གྱི་ཐ་མར་བརྗོད་དོ། །དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་གཞི་མཐུན་པའམ། དེའི་སྐྱེས་བུའི་ཕྱིར་ཞེས་བྱ་བར་འགྱུར་གྲང་ན། གཞི་མཐུན་པ་ནི་མ་ཡིན་ཏེ། ཕུང་པོ་རྫས་སུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཕུང་པོའི་སྒྲ་སྤུངས་བའི་རྣམ་གྲངས་སུ་གཏོགས་པའི་ཚིག་ཡིན་པ་དེའི་ཕྱིར་ཕུང་པོ་རྣམས་ནི་སྤུངས་པ་བཞིན་དུ་བཏགས་པའི་ཡོད་པ་སྟེ། དེའི་ཕྱིར་ན་གཞི་མཐུན་པ་ཉིད་མེད་དོ། །དེའི་སྐྱེས་བུའི་ཕྱིར་ཡང་མི་འགྱུར་ཏེ། ཕན་ཚུན་ཐ་དད་པའི་ངོ་བོ་ཉིད་ཡོད་ན་འབྲེལ་པར་འགྱུར་བས། ལྷ་སྦྱིན་གྱི་ཞང་པོ་ཞེས་བྱ་བ་ལྟ་བུ་ཡིན་ལ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་ཀྱི་འདི་ནི་འབྲེལ་བའི་དོན་ཡང་ཡིན་པས་གཟུགས་ལས་ཕུང་པོ་གཞན་ཉིད་དུ་འགྱུར་ན། བཏགས་པའི་ཡོད་པ་ནི་རང་གི་རྟེན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེ་དཔའི་ཕྱིར་དེའང་མི་འདོད་དོ། །འདི་ནི་ཉེས་པ་མེད་དེ། ཐ་དད་པ་མ་ཡིན་པ་དང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལ་ཡང་དྲུག་པ་མཐོང་སྟེ། གཟུགས་སུ་བྱས་པའི་ལུས་དང༌། གཟུགས་ཀྱི་སྔ་ན་མེད་པ་ཞེས་བྱའོ། །གཟུགས་སུ་བྱས་པ་ནི་ལུས་ལས་གཞན་མ་ཡིན་ནོ། །སྔ་ན་མེད་པ་ཡང་དངོས་པོ་མེད་པའི་ཕྱིར་གཟུགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དེ་དེ་ཉིད་དང་གཞན་ཡིན་པ་གཉིས་ཀྱི་རྒྱུ་ནི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །རང་བཞིན་མེད་པའི་ཕྱིར་དངོས་པོ་གཞན་འཛིན་པ་ལ་ལྟོས་པ་སྟེ། གང་ཞིག་གང་ལ་འཛིན་པ་དང་བརྗོད་པ་འཇུག་པ་དེ་ནི་རྟེན་དང་ཐ་དད་པའི་རང་བཞིན་མེད་པས་བཏགས་པའི་ཡོད་པ་ཉིད་དེ། དོན་དུ་མ་ཡིན་པས་བཏགས་པའི་ཡོད་པ་ཉིད་ཅེས་བྱའོ། །དེའི་ཕྱིར་རང་གི་རྟེན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཀྱང་ཀྱིར་འགལ་བ་མེད་དོ། །དེའི་ཕྱིར་འདིར་དེའི་སྐྱེས་བུའི་ཀྱི་ཉིད་དོ། །གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཕུང་པོ་སྨོས་པའི་སྐབས་སུ་གཟུགས་གང་ཞེ་ན་ཞེས་བྱ་


DTG136_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདྲི་བ་འདི་འབྲེལ་བ་མེད་དོ་ཞེ་ན། འབྲེལ་བ་མེད་པ་མ་ཡིན་ཏེ། ཕུང་པོ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར། དེའི་ངོ་བོ་ཉིད་བརྗོད་པས་ནི་དམིགས་ཀྱིས་དབྱེ་བར་མི་ནུས་ཀྱི། འོན་ཀྱང་དེའི་རྟེན་དམིགས་ཀྱིས་ཕྱེ་བས་འགྱུར་ཏེ། དེའི་ཕྱིར་གཟུགས་གང་ཞེ་ན་ཞེས་འདྲིའི། གཟུགས་ཀྱི་ཕུང་པོ་ནི་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོར་གཟུགས་ཀྱི་དབྱེ་བ་བསྟན་པའི་ཕྱིར། འབྱུང་བ་ཆེན་པོ་བཞི་དག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་ཐམས་ཅད་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྒྱུ་ཡིན་ལ། རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་འབྱུང་བ་ཆེན་པོ་ཐམས་ཅད་ཀྱི་འབྲས་བུ་ཡིན་ནོ། །འབྱུང་བ་རྣམས་ཀྱི་ཆེན་པོ་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་གཏོས་ཆེ་བའི་ཕྱིར་རོ། །ཡང་ན་གཟུགས་ལ་སོགས་པ་འདུས་པ་ཐམས་ཅད་ལ་སྲབ་ལ་སོགས་པ་ཡོད་པའི་ཕྱིར་རམ། གནས་པ་ཐ་གྲུ་ཆེ་བའི་ཕྱིར་ཆེན་པོའོ། །དེ་དག་གི་འབྱུང་བ་ནི་རྒྱུར་བྱས་པའི་གཟུགས་སྣ་ཚོགས་འགྲུབ་པ་ན་དེ་དང་དེ་དག་གི་རྣམ་པར་འབྱུང་བས་འབྱུང་བ་རྣམས་སོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་ཐོག་མ་མེད་པའི་འཁོར་བ་ནས་ནམ་ཡང་མ་བྱུང་བ་མ་མྱོང་བས་འབྱུང་བ་རྣམས་སོ། །གཞན་དག་ལ་ཡང་འབྱུང་བ་ཉིད་ཐལ་བར་མི་འགྱུར་ཏེ། མིང་གྲགས་པ་ཡིན་པས་ས་སྟེང་ཉལ་ལ་སོགས་པ་བཞིན་ནོ། །དེ་དག་ནི་བཞི་ཁོ་ན་སྟེ། མི་ནུས་པ་དང་མི་དགོས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མང་བའམ་ཉུང་བ་མ་ཡིན་ནོ། །འབྱུང་བའི་བྱ་བ་ནི་བརྟེན་པ་དང༌། སྡུད་པ་དང༌། སྨིན་པར་བྱེད་པ་དང༌། སྐྱོད་པར་བྱེད་པ་ཙམ་དུ་ཟད་དེ། དེ་དག་ཉིད་ཀྱིས་དེའི་བྱ་བ་ཡོངས་སུ་རྫོགས་པ་དང༌། བྱ་བ་གཞན་མེད་པའི་ཕྱིར་འབྱུང་བ་དག་ནི་བཞི་ཁོ་ནའོ། །བརྟེན་པ་ལ་སོགས་པ་བཞིན་དུ་ནམ་མཁའི་བྱ་བ་ནི་གོ་འབྱེད་པ་ཡིན་ཏེ། དེ་ཡང་ནམ་མཁས་བྱེད་པས་ན་ས་ལ་སོགས་བ་བཞིན་དུ་ནམ་མཁའ་ཡང་འབྱུང་བ་ཆེན་པོ་ཉིད་དུ་ཐལ་བར་འགྱུར་རམ། དེ་ནི་དེ་ལྟར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐོགས་པ་དང་བཅས་པའི་གཟུགས་མེད་པ་ཙམ་མ་གཏོགས་པར་ནམ་མཁའ་ཞེས་བྱ་བ་ཅི་ཡང་མེད་དོ། །ཐོགས་པ་དང་བཅས་པའི་རང་གི་ངོ་བོ་ཉིད་དེ་ནས་སོང་སྟེ། རང་གི་གོ་དེར་ཐོགས་


DTG136_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་ལ་གོ་འབྱེད་པར་ཟད་ཀྱི་ནམ་མཁས་ནི་མ་ཡིན་ཏེ། གཟུགས་ལྟར་ནམ་མཁའ་ཕྱོགས་དེ་ནས་སོང་བ་མེད་པས་དེ་གོ་འབྱེད་ཅེས་བྱར་མི་རུང་ངོ༌། །ཐོགས་པ་དང་བཅས་པའི་གཟུགས་ནི་རང་གི་ཕྱོགས་སུ་གཟུགས་གཞན་འབྱུང་བའི་བགེགས་བྱེད་ཀྱི་ནམ་མཁའ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིར་གང་ན་གང་ཡོད་ན་ནི་གོ་ཕྱེ་བ་མེད་ལ། དེ་ན་དེ་མེད་ན་ནི་དེར་གོ་ཕྱེ་བ་ཡོད་པས་དེའི་ཕྱིར་དེ་ཉིད་གནས་དེ་ནས་སོང་ནས་གོ་ཕྱེ་བ་ཡིན་གྱི་ནམ་མཁའ་ནི་མ་ཡིན་ནོ། །དེ་བས་ན་ནམ་མཁའ་ནི་ས་ལ་སོགས་པ་ལྟར་འབྱུང་བ་ཆེན་པོ་མ་ཡིན་ནོ། །འབྱུང་བ་བཞི་དག་རྒྱུར་བྱས་པ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་དག་གི་གཟུགས་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་ཞེས་བྱ་བའི་སྒྲ་གཉི་གར་ཡང་སྦྱར་རོ། །སྐྱེད་པ་དང་བརྟེན་པ་དང་གནས་པ་དང་སྟོན་པ་དང་འཕེལ་བར་བྱེད་པ་རྣམས་ཀྱི་རྒྱུའི་དངོས་པོ་རྣམ་པ་ལྔས་འབྱུང་བ་རྣམས་ཀྱིས་འབྱུང་བ་ལས་གྱུར་པ་གཟུང་ངོ༌། །རྒྱུར་བྱས་པའི་སྒྲ་ནི་རྒྱུའི་དོན་ཏེ། དཔེར་ན་ཤིང་རྒྱུར་བྱས་ནས་མེ་བྱུང་ངོ་ཞེས་བྱས་ན་རྒྱུ་དེ་ལས་བྱུང་བར་ཤེས་པ་ལྟ་བུའོ། །དེ་ལ་སྐྱེད་པའི་རྒྱུ་ནི་དེ་དག་དེ་མེད་པར་དེ་མི་འབྱུང་བའི་ཕྱིར་རོ། །རྟེན་གྱི་རྒྱུ་ནི་འབྱུང་བ་འགྱུར་ན་དེ་ལ་བརྟེན་པ་རྒྱུར་བྱས་པའི་གཟུགས་ཀྱང་རྗེས་སུ་འགྱུར་བའི་ཕྱིར་རོ། །གནས་པའི་རྒྱུ་ནི་འབྱུང་བ་རྣམས་རྒྱུན་འདྲ་བར་འབྱུང་བ་ནི་འབྱུང་བ་ལས་གྱུར་པ་ཡང་འདྲ་བའི་རྒྱུན་མི་འཆད་པའི་ཕྱིར་རོ། །རྟོན་པའི་རྒྱུ་ནི་དེའི་སྟོབས་ཀྱིས་རྒྱུན་མི་འཆད་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ནི་འབྱུང་བ་འཕེལ་ན་དེ་ལ་རྟེན་པ་རྒྱུར་བྱས་པའི་གཟུགས་ཀྱང་འཕེལ་བའི་ཕྱིར་རོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པ་བཤད་པ་ལ་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ས་ལ་སོགས་པ་ཉིད་ཁམས་སོ། ས་ལ་སོགས་པ་སྨོས་པ་ནི་ཕན་ཚུན་དང་མིག་གི་ཁམས་ལ་སོགས་པ་དག་ལས་རྣམ་པར་དབྱེ་བའི་ཕྱིར་རོ། །ཁམས་སྨོས་པ་ནི་འཇིག་རྟེན་པའི་ས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །སལ་སོགས་པ་ནི་འཇིག་རྟེན་པ་དང་བསྟན་བཅོས་ལས་གྲགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ལ་འཇིག་རྟེན་པའི་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་ཀུན་དུ་ཐ་སྙད་འདོགས་པ་ཡིན་པའི་ཕྱིར་ཁམས་མ་


DTG136_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བསྟན་བཅོས་ལས་བྱུང་བ་རྣམས་ལ་ནི་སྲ་བལ་སོགས་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་ཡང་དག་པར་ན་ཁམས་ཡིན་ནོ། །འབྱུང་བ་བཞིན་དུ་སའི་ཁམས་ལ་སོགས་པའི་རང་གི་ངོ་བོ་ཉིད་ཀྱང་མ་བཤད་པར་མི་ཤེས་པས་ཡང་སའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །སྲ་པ་ཉིད་དོ་ཞེས་བྱ་བ་ལ་ཉིད་ནི་སྲ་བ་ཁོ་ན་སྲ་བ་ཉིད་དེ་འདི་ལ་དོན་གཞན་ནི་མེད་དོ། །སྲ་བ་དང་མཁྲང་བ་དང་འཐས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ་ཞེས་བྱ་བ་ནི་འདུ་བར་བྱེད་པའི་བདག་ཉིད་ཡིན་པ་དང་རླན་པར་བྱེད་པས་གཤེར་བའོ། །མེའི་ཁམས་ནི་སྲེག་པར་བྱེད་པ་ཡིན་པས་ཚ་བའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དོ་ཞེས་བྱ་བ་ལ་ཡང་བ་ཉིད་རླུང་གི་ཁམས་ཡིན་ནོ་ཞེས་བརྗོད་ན་ནི་རྒྱུར་བྱས་པའི་གཟུགས་ལ་ཡང་འབྱུང་བ་ཉིད་ཐལ་བར་འགྱུར་རོ། །རླུང་གི་ཁམས་གཡོ་བའོ་ཞེས་བརྗོད་པ་ནི་དེའི་ལས་ཉིད་བསྟན་པར་འགྱུར་གྱི། རང་གི་ངོ་བོ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ཡང་བ་རྒྱུར་བྱས་པའི་གཟུགས་དང་ལས་རྣམ་པར་གཅོད་པའི་ཕྱིར་རླུང་གི་ཁམས་ནི་ཡང་ཞིང་གཡོ་བའོ་ཞེས་དེ་སྐད་ཅེས་བརྗོད་དོ། །གཡོ་བ་ནི་དངོས་པོའི་རྒྱུན་ཡུལ་གཞན་དུ་འབྱུང་བར་བྱེད་པའི་རྒྱུ་ཡིན་ནོ། །ས་དང༌། ཆུ་དང༌། མེ་དང༌། རླུང་གི་ཁམས་དེ་དག་དང་རྒྱུར་བྱས་པའི་གཟུགས་ཕན་ཚུན་ཐ་དད་དུ་མི་འཇུག་པར་ཅི་མངོན་ཞེ་ན། ལས་ལས་མངོན་ཏེ། དེའི་ཕྱིར་དེ་དག་གི་ལས་ནི་བརྟེན་པ་དང༌། སྡུད་པ་དང༌། སྨིན་པར་བྱེད་པ་དང༌། སྐྱོད་པར་བྱེད་པ་བརྗོད་དོ། །དེ་དག་གི་རང་གི་ངོ་བོ་མི་དམིགས་ཀྱང་རྡོ་ལ་སོགས་པ་ལ་ཡོད་པར་ལས་ལས་ཇི་ལྟར་རྗེས་སུ་དཔག་ཅེ་ན། འདི་ལྟར་རྡོ་ལ་སོགས་པ་ལ་འདུས་པ་དང༌། སྐམ་པ་དང༌། གཡོ་བ་རྣམས་ཡོད་པ་ལས་ཆུ་དང༌། མེ་དང༌། རླུང་རྣམས་སའི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ། །ཚུལ་ཡང་ཤིང་འདེགས་པ་དང༌། པདྨའི་འདབ་མ་རྒྱས་པ་དང༌། ཆུ་གཡོ་བ་རྣམས་ཡོད་པ་ལས་ས་དང༌། མེ་དང་རླུང་རྣམས་ཆུའི་ཁམས་དང་ལྷན་ཅིག་རྒྱུ་བར་མངོན་ནོ། །མེ་ལ་ཡང་མེ་ལྕེས་འདེགས་པ་དང༌། འདུས་པ་དང༌། གཡོ་བ་རྣམས་ཡོད་པ་ལས་ས་དང་ཆུ་དང་རླུང་རྣམས་མེ་དང་ལྷན་ཅིག་འཇུག་པར་མངོན་ནོ། །རླུང་ལ་ཡང་འདེགས་པ་དང༌། མི་འགྱེས་པ་དང༌། གོས་ལ་སོགས་བསྐམ་བར་བྱེད་པ་ཡོད་པ་ལས། ས་དང་ཆུ་དང་མེ་རྣམས་རླུང་གི་


DTG136_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ། །ལས་དང་རང་གི་ངོ་བོ་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། བྱ་བ་ལ་ལྟོས་ནས་ལས་རྣམ་པར་གཞག་སྟེ། འདི་ལྟར་བརྟེན་པར་བྱ་བའི་རྫས་བརྟེན་པ་ལ་ལྟོས་ནས་སའི་ཁམས་ཀྱི་ལས་ནི་བརྟེན་པ་ཞེས་བྱའོ། །བསྡུ་བར་བྱ་བ་ལ་ལྟོས་ནས་ཆུའི་ལས་ནི་སྡུད་པའོ། །སྨིན་པར་བྱ་བ་ལ་ལྟོས་ནས། མེའི་ལས་ནི་སྨིན་པར་བྱེད་པའོ། །འཕེལ་བར་བྱ་བ་ནུར་ནུར་པོ་དང༌། མྱུ་གུ་ལ་སོགས་པ་ལ་ལྟོས་ནས་རླུང་གི་ལས་ནི་སྐྱོད་པར་བྱེད་པའོ། །བསྐྱོད་པ་ནི་འཕེལ་བར་བྱེད་པ་དང་འགྱུར་བར་བྱེད་པའོ། །ངོ་བོ་ཉིད་ནི་དངོས་པོ་གཞན་ཐམས་ཅད་ལ་མི་ལྟོས་པ་སྟེ། འདི་ནི་ལས་དང་ངོ་བོ་ཉིད་ཀྱི་བྱེ་བྲག་གོ །འབྱུང་བ་རྣམས་ཀྱི་སྤྱི་དང་ཁྱད་པར་གྱི་མིང་དང༌། རང་བཞིན་བཤད་ཟིན་ཏོ། །འབྱུང་བ་རྣམས་ཀྱི་འོག་ཏུ་བསྟན་པ་རྒྱུར་བྱས་པའི་གཟུགས་ཀྱི་རབ་ཏུ་དབྱེ་བ་དང་རང་གི་ངོ་བོ་མི་ཤེས་ཏེ། དེའི་ཕྱིར་རྒྱུར་བྱས་པའི་གཟུགས་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པ་ནི་དུ་ཞིག་རང་གི་ངོ་བོ་ནི་ཅི་འདྲ་ཞེས་བྱ་བའི་ཐ་ཚིག་གོ །མིག་གི་དབང་པོའི་རང་གི་ངོ་བོ་ཅི་འདྲ་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ་ཞེས་བྱ་བས་རང་གི་ངོ་བོར་སྟོན་ཏེ། སྐབས་ཡིན་པས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བྱ་བ་དང་སྦྱར་རོ། །ཁ་དོག་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པ་བཞིའོ། །ཁ་དོག་ལ་ལྟ་བ་དང་ཁ་དོག་ཏུ་སྣང་བའི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཁ་དོག་ནི་དེའི་ཡུལ་ཡིན་པས་ཡུལ་ཁ་དོག་ཅེས་བྱའོ། །འདི་ནི་འདིར་དང་བའི་དོན་ཏེ། དཔེར་ན་གཟུགས་ལ་བརྟེན་ནས་དེ་ལྟར་སྣང་བའི་གཟུགས་བརྙན་མེ་ལོང་ངམ། སྣོད་ཀྱི་ཆུ་དང་བའི་ནང་དུ་འབྱུང་བ་དེ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པ་ལ་བརྟེན་ནས། དེ་ལྟར་སྣང་བའི་རྣམ་པར་རིག་པ་མིག་ལ་སོགས་པ་གཟུགས་དང་བའི་བདག་ཉིད་ལྔ་པོ་དག་ལས་འབྱུང་ངོ༌། །འདིར་ནི་མིག་ལ་སོགས་པ་ཕན་ཚུན་དང༌། ཡུལ་གཟུགས་ཀྱི་བདག་ཉིད་དང་བ་དང༌། ཡིད་དང༌། དད་པ་ལས་རྣམ་པར་དབྱེ་བར་བྱ་སྟེ། གཟུགས་དང་བའི་བདག་ཉིད་དུ་བྱེ་བྲག་མེད་པ་དང༌། ཡུལ་ཁ་དོག་ཡིན་པར་བྱེ་བྲག་མེད་པའི་ཕྱིར་ཡུལ་ཁ་དོག་གཟུགས་དང་བའོ་ཞེས་གཉིས་ཀ་བརྗོད་དོ། །དེ་ལ་ཡུལ་ཁ་དོག་ཅེས་བྱ་བས་ནི་རྣ་བ་ལ་སོགས་པ་དང༌། ཡུལ་གྱི་


DTG136_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་བ་ལས་རྣམ་པར་འབྱེད་དེ། རྣ་བ་ལ་སོགས་པ་དང་ཡུལ་ནི་དང་བ་ཡིན་ཡང་ཁ་དོག་ཡུལ་མ་ཡིན་ནོ། །གཟུགས་དང་བའི་བདག་ཉིད་ཀྱིས་ནི་ཡིད་ལས་རྣམ་པར་འབྱེད་དེ། དེའི་ཡུལ་ཁ་དོག་ཡིན་ཡང་གཟུགས་དང་བའི་བདག་ཉིད་ནི་མ་ཡིན་ནོ། །གཟུགས་སྨོས་པས་ནི་དད་པ་དང་བའི་བདག་ཉིད་ལས་རྣམ་པར་འབྱེད་དེ། དད་པ་ནི་དང་བའི་བདག་ཉིད་ཀྱང་ཡིན་ལ་ཡུལ་ཁ་དོག་ཀྱང་ཡིན་ཏེ། དེའི་ཕྱིར་གཟུགས་སྨོས་སོ། །མིག་གི་དབང་པོ་ནི་དང་བ་ཡུལ་ཁ་དོག་གོ་ཞེས་བརྗོད་ན་དད་པ་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་གཟུགས་སྨོས་ཏེ། དད་པ་ནི་གཟུགས་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར། མིག་ལ་སོགས་པ་ནི་དབང་བྱེད་པའི་ཕྱིར་དབང་པོ་རྣམས་ཏེ། ཚོགས་པ་འདི་ལ་བདག་པོ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་བདག་པོའི་དོན་ནི་དབང་པོའི་དོན་ཏེ། ཇི་ལྟར་མིག་ལ་སོགས་པ་ཡུལ་ཅན་རྣམས་ཕན་ཚུན་ཡུལ་ཐ་དད་པས་ཐ་དད་པར་བརྗོད་དེ། མིག་གི་དབང་པོ་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ། །རྣ་བའི་དབང་པོ་གང་ཞེ་ན། ཡུལ་སྒྲ་གཟུགས་དང་བའོ་ཞེས་བྱ་བ་ལ་སོགས་པས་ཐ་དད་པར་བརྗོད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱང་མིག་ལ་སོགས་པ་ཡུལ་ཅན་རྣམས་ཐ་དད་པས་ཐ་དད་པར་བརྗོད་དེ། གཟུགས་ནི་མིག་ཉིད་ཀྱི་ཡུལ་ཡིན་ཏེ། རྣ་བ་ལ་སོགས་པའི་མ་ཡིན་ཏེ། དེ་དག་གི་ཡུལ་རྣམས་ནི་སྒྲ་ལ་སོགས་པར་རྣམ་པར་གཞག་པའི་ཕྱིར་རོ། །འདིར་ཡིད་ནི་སྐབས་མ་ཡིན་པའི་ཕྱིར་སྒྲུབ་པ་ཡང་མེད། དགག་པ་ཡང་མེད་དོ། །དེ་ལྟར་ན་གཟུགས་ལ་སོགས་པ་ཕན་ཚུན་ཐ་དད་པར་བརྗོད་པ་ཡིན་ནོ། །མིག་གི་ཡུལ་ནི་གཟུགས་ཉིད་ཡིན་གྱི། གཟུགས་མ་ཡིན་པ་ནི་མ་ཡིན་ཏེ་དེ་ལྟར་ན་མིག་གི་དབང་པོའི་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཕན་ཚུན་མི་འདྲ་བ་རྣམས་ཀྱང་གཟུགས་སུ་ཐ་དད་པ་མེད་པར་བསྟན་པ་ཡིན་ནོ། །གལ་ཏེ་གཟུགས་མིག་གི་ཡུལ་ཉིད་ཀྱིས་བྱེ་བྲག་ཏུ་བྱས་པ་ཡིན་ན་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། གཟུགས་རབ་ཏུ་དབྱེ་བ་ལ་ཐེ་ཚོམ་ཟ་བ་དང་ནོར་བ་དང་མི་རྟོགས་པ་རྣམས་ལ་རབ་ཏུ་དབྱེ་བ་བསྟན་ན་ཐེ་ཚོམ་ཟ་བ་དང་ནོར་བ་དང་མི་རྟོགས་པ་སེལ་བར་འགྱུར་རོ། །ཁ་དོག་ནི་རྣམ་བ་བཞི་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་


DTG136_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དཀར་པོའོ། །སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ནམ་མཁའ་ཞེས་བྱ་བ་འདི་རྣམས་འདིར་ཅིའི་ཕྱིར་མ་སྨོས་ཤེ་ན། ཁ་དོག་དང༌། དབྱིབས་བཞིན་དུ་གཟུགས་ཀྱི་བྱེ་བྲག་ཏུ་འདིར་མ་སྨོས་ཏེ། སྤྲིན་ལ་སོགས་པ་ནི་ཡུལ་ཡོངས་སུ་ཆད་པ་དང༌། ཡུལ་ཡོངས་སུ་མཆད་པའོ། །དེ་ལ་གང་དག་ཡོངས་སུ་ཆད་པ་དེ་དག་ནི་དབྱིབས་ཀྱི་ནང་དུ་འདུས་པ་ཉིད་དེ། གང་དག་ཡུལ་ཡོངས་སུ་ཆད་པ་དེ་དག་ནི་ཁ་དོག་གི་བྱེ་བྲག་ཡིན་པས། ཁ་དོག་དང་དབྱིབས་གཉིས་ལས་ཐ་དད་པར་རྣམ་པར་གཞག་མི་ནུས་ཏེ། དེའི་ཕྱིར་འདིར་ལོགས་ཤིག་ཏུ་མ་སྨོས་སོ། །དེ་ལ་མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་པ་ཐོགས་པར་བྱེད་པའི་རིག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའོ། །ནམ་མཁའ་ནི་སྟེང་ན་སྔོན་པོར་སྣང་བ་གང་ཡིན་པའོ། །དབྱིབས་ནི་རིང་པོ་དང༌། ཐུང་དུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། མཐོ་བ་དང༌། དམའ་བ་དང༌། ཕྱ་ལེ་བ་དང༌། ཕེ་ལེ་བ་མ་ཡིན་པའོ། །དབྱིགས་ཞེས་བྱ་བ་འདི་ཅི་ཞིག །རིང་པོ་ཞེས་བྱ་བ་ལ་སོགས་པ་མ་སྨྲས་སམ། དེ་ཉིད་མི་ཤེས་སོ་ཞེ་ན་གང་ལ་རིང་པོ་ལ་སོགས་པའི་བློ་འབྱུང་བ་དེ་རིང་པོ་ལ་སོགས་པའི་དབྱིབས་སོ། །དེ་ལྟར་ནའོ་ན་ཁ་དོག་ལ་སོགས་པ་ལས་གུད་ན་དབྱིབས་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་དོག་ལ་སོགས་པ་འདུས་པ་མང་པོ་ཕྱོགས་གཅིག་ན་གནས་པ་ལ་རིང་པོའི་བློ་འབྱུང༌། ཆུང་ངུ་ལ་ནི་ཐུང་དུའི་བློ་འབྱུང༌། ཕྱོགས་བཞིར་མཉམ་པ་ལ་ནི་ལྷམ་པའི་བློ་འབྱུང༌། ཀུན་ནས་མཉམ་པ་ལ་ནི་ཟླུམ་པོའི་བློ་འབྱུང༌། དབུས་སུ་ཕལ་ཆེ་བ་ལ་ནི་མཐོ་བའི་བློ་འབྱུང༌། ཉུང་བ་ལ་ནི་དམའ་བའི་བློ་འབྱུང༌། ཕྱོགས་གཅིག་གི་ངོས་ལ་ནི་ཕྱ་ལེ་བའི་བློ་འབྱུང༌། ཕྱོགས་ཐ་དད་པའི་ངོས་ལ་ནི་ཕྱ་ལེ་བ་མ་ཡིན་པའི་བློ་འབྱུང་བའི་ཕྱིར་རོ། །ཁ་དོག་ལ་སོགས་པ་འདུས་པ་ལ་རིང་པོ་ལ་སོགས་པའི་བློ་འབྱུང་བར་ཟད་ཀྱི། དབྱིབས་དོན་གཞན་དུ་གྱུར་པ་མེད་པར་དེ་ཇི་ལྟར་ཤེས་ཤེ་ན། རེག་པའི་སྒོ་ནས་ཀྱང་རིང་པོ་ལ་སོགས་པའི་བློ་འབྱུང་བའི་ཕྱིར་རོ། །དབང་པོ་གཞན་གྱི་ཡུལ་ལ་གཞན་གྱི་སྒོ་ནས་བློ་འབྱུང་དུ་མི་རུང་སྟེ། དབང་པོ་


DTG136_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་དོན་མེད་པར་ཐལ་བར་འགྱུར་རོ། །དེ་ནི་དབང་པོའི་ཤེས་པ་མ་ཡིན་གྱི། རྗེས་སུ་དཔག་པའི་ཤེས་པ་སྟེ། དྲི་ལས་མེ་ཏོག་གི་ཁ་དོག་ཤེས་པ་བཞིན་ནོ། །དྲི་མེ་ཏོག་གི་ཁ་དོག་ལ་ངེས་པ་ལྟར་རེག་པ་ནི་དབྱིབས་ལ་དེ་ལྟར་མ་ཡིན་ཏེ། བཞག་པ་འདི་ནི་མཐུན་པ་མ་ཡིན་ནོ། །དེ་ལྟ་བས་ན་དབང་པོ་གཉིས་ཀྱི་སྒོ་ནས་བུམ་པ་ལ་སོགས་པ་བཞིན་དུ། རིང་པོ་ལ་སོགས་པའི་དབྱིབས་ལ་ཤེས་པ་འཇུག་པའི་ཕྱིར་དེ་ཁ་དོག་ལ་སོགས་པ་ལས་དོན་གཞན་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་རིང་པོ་ལ་སོགས་པའི་ངོ་བོར་ནང་ཕན་ཚུན་ཐ་དད་པར་ཡང་མི་རིགས་སོ། །དེ་ལྟ་བས་ན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་ལྟར་རིང་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་འདུས་པ་ལ་རིང་པོ་ལ་སོགས་པའི་དབྱིབས་ཤེས་བྱར་ཡང་མི་རུང་སྟེ། དབྱིབས་ཀྱི་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །དབྱིབས་ནི་རྫས་གཅིག་པ་མ་ཡིན་ཏེ། ཚུ་རོལ་དང་དབུས་དང་ཕ་རོལ་གྱི་ཆ་ཡོད་པའི་ཕྱིར་རོ། །དེ་དག་ཐ་དད་པ་མེད་པ་མ་ཡིན་ཏེ། ཅིག་ཅར་དུ་མངོན་སུམ་དང༌། མངོན་སུམ་དུ་མ་གྱུར་པ་དང༌། འབྲེལ་པ་ཅན་ཐ་དད་པའི་ཕྱིར་དེ་དག་གདོན་མི་ཟ་བར་ཐ་དད་པར་འགྱུར་རོ། །ཅི་སྟེ་ཐ་མི་དད་ན་ཡང་དེ་དང་འབྲེལ་པ་ཅན་རྣམས་ཀྱང་ཕྱོགས་ཐ་དད་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དབྱིབས་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། འོན་ཀྱང་ཁ་དོག་ལ་སོགས་པ་དེ་ལྟ་དེ་ལྟར་གནས་པ་རྣམས་ལ་རིང་པོ་ལ་སོགས་པར་འདོགས་སོ། །འོ་ན་རྣམ་པར་རིག་བྱེད་ཅེས་བྱ་བའི་ཆོས་འདི་གང་ཞིག་ཡིན། དེ་ལ་དམིགས་པའི་སེམས་ལས་སྐྱེ་བ་ལུས་ཀྱི་འབྱུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བ་ལུས་ཀྱི་དབྱིབས་ཏེ། རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས་རྣམ་པར་རིག་བྱེད་ཅེས་བྱ་བའོ། །འདིར་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་གང་ཡིན་པ་དེ་ཉིད་རྣམ་པར་རིག་བྱེད་དེ། གཞན་ལ་དམིགས་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ན་སྨྲ་བའི་མཆུ་ལ་སོགས་པའི་དབྱིབས་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་པ་དང༌། སྨོན་ལམ་ལས་སྐྱེས་པ་ཡང་བཀག་པ་ཡིན་ནོ། །དེ་ནི་སྨོན་ལམ་གྱི་སེམས་དང་གཞན་རྣམ་པར་སྨིན་པའི་རྒྱུའི་སེམས་ལས་ཀྱང་སྐྱེས་པ་ཡིན་ཏེ།


DTG136_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་རྣམ་པར་རིག་བྱེད་དུ་མི་འདོད་དོ། །དེ་ལ་གལ་ཏེ་རྣམ་པར་རིག་བྱེད་ཅེས་བྱ་བའི་དབྱིབས་གཅིག་པུས་ལུས་ཀྱི་སྤྱིར་ཁྱབ་པ་ཡིན་ན་ནི་གཅིག་ཡིན་པའི་ཕྱིར་དང༌། ཁྱབ་པ་ཡིན་པའི་ཕྱིར་ཏེ་ཐམས་ཅད་ན་ཡོད་པས་ཡན་ལག་སོ་སོ་ལ་ཡང་གཟུང་བར་འགྱུར་རོ། །ཡང་ན་ཆ་ཤས་སུ་རྣམ་པར་གནས་པའི་ཕྱིར་གཅིག་ཏུ་མི་རུང་ངོ༌། །སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསགས་པའོ་ཞེས་འབྱུང་བའི་གྲུབ་པའི་མཐའ་ལའང་གནོད་པར་འགྱུར་རོ། །དེ་ལྟ་བས་ན་དབྱིབས་ཞེས་བྱ་བ་རྫས་གཞན་དུ་གྱུར་པ་མེད་དེ། དེའི་ཕྱིར་དབྱིབས་ནི་རྣམ་པར་རིག་བྱེད་མ་ཡིན་ནོ། །གལ་ཏེ་ལུས་ལས་དོན་གཞན་དུ་གྱུར་པའི་དབྱིབས་རྣམ་པར་རིག་བྱེད་མ་ཡིན་ནའོ་ན་དེ་གང་ཡིན། དེ་ལ་དམིགས་པའི་སེམས་པའི་རྒྱུ་མཚན་ཅན་ལུས་ཀྱི་རྒྱུད་རྒྱུན་མ་ཆད་པར་ཡུལ་གཞན་དུ་འབྱུང་བའི་རྒྱུ་ཡིན་ནོ། །སེམས་པ་རྒྱུར་གྱུར་པ་ནི་ལུས་ཀྱི་རྒྱུད་ཡུལ་གཞན་དུ་འབྱུང་བའི་རྒྱུ་རླུང་གི་ཁམས་བསྒྲུབ་པའི་ཕྱིར་རོ། །ལུས་ཡུལ་གཞན་དུ་འབྱུང་བ་དེ་ནི་རང་གི་རྒྱུ་སེམས་པ་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་རིག་བྱེད་དོ། །དེ་ནི་དགེ་བ་དང་མི་དགེ་བའི་ངོ་བོ་ཉིད་མ་ཡིན་ཏེ། འོན་ཀྱང་དེ་དགེ་བ་དང༌། མི་དགེ་བའི་སེམས་པས་སྐྱེད་པའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་ཏེ། དགེ་བ་དང་མི་དགེ་བ་ཉིད་དུ་འདོགས་སོ། །འདིར་གཟུགས་རྣམ་པར་གཞག་པ་ནི་ངོ་བོ་ཉིད་དང་གནས་པ་དང༌། བྱེད་པའི་མཚན་ཉིད་ཀྱིས་རྣམ་པར་གཞག་སྟེ། ངོ་བོ་ཉིད་ནི་སྔོན་པོ་ལ་སོགས་པ་ཁ་དོག་བཞི་པོ་རྣམས་ཏེ། དེའི་ངོ་བོ་ཡིན་པའི་ཕྱིར་རོ། །གནས་པ་ནི་རིང་པོ་ལ་སོགས་པ་དབྱིབས་རྣམ་པ་བརྒྱད་དེ། ཁ་དོག་དེ་ལྟ་དེ་ལྟར་གནས་པའི་ཕྱིར་རོ། །བྱེད་པའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དེ། ལུས་གཡོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྫས་སུ་ཡོད་པ་ནི་མིག་ལ་སོགས་པའི་ཡུལ་ཡིན་ལ། དབྱིབས་དང་རྣམ་པར་རིག་བྱེད་ནི། བཏགས་པ་ཡོད་པའི་ཕྱིར་མིག་གི་ཡུལ་མ་ཡིན་པ་སྙམ་ན་ཇི་ལྟར་གཟུགས་མིག་གི་ཡུལ་ཞེས་བརྗོད། འདིར་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་དབྱིབས་ཀྱི་ཁྱད་པར་དང་བཅས་པའི་ཁ་དོག་མིག་གི་ཡུལ་དུ་འདོད་དེ། འདི་ལྟར་དབྱིབས་ཀྱི་ཁྱད་པར་ཅན་དུ་གྱུར་པའི་ཁ་དོག་ལ་མིག་གིས་འཛིན་གྱི། དབྱིབས་ས་མ་ཁ་དོག་གཅིག་པུ་ལ་ནི་མ་ཡིན་ཏེ། རིང་པོ་ལ་སོགས་པའི་


DTG136_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཀྱི་ཁྱད་པར་དུ་གྱུར་པའི་ཁ་དོག་ཏུ་སྣང་བའི་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་ཁ་དོག་དང་དབྱིབས་ནི་མིག་གི་ཡུལ་ལོ་ཞེས་འཇིག་རྟེན་ན་གྲགས་སོ། །དེ་བཞིན་དུ་ཡུལ་གཞན་དུ་འབྱུང་བས་ཁྱད་པར་དུ་གྱུར་པའི་ལུས་ཀྱི་རྒྱུད་འཛིན་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་མིག་གི་ཡུལ་ཞེས་གྲགས་སོ། །དོན་དམ་པར་ནི་དབྱིབས་བཞིན་དུ་ཁ་དོག་ཀྱང་མིག་གི་ཡུལ་མ་ཡིན་ཏེ། དབྱིབས་བཞིན་དུ་རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སློབ་དཔོན་གྱིས་འདིར་འཇིག་རྟེན་དང་བསྟན་བཅོས་ལས་གྲགས་པ་དང༌། མཐུན་པར་མཛད་པར་ཤེས་སོ། །གཟུགས་ཀྱི་འོག་ཏུ་སྒྲ་བསྟན་པའི་ཕྱིར་དེ་བཤད་མ་ཐག་ཏུ་སྒྲ་བཤད་པར་རིགས་པས་ན། སྒྲ་གང་ཞེ་ན་ཞེས་དྲིས་པ་དང༌། རྣ་བའི་ཡུལ་དེ་ཞེས་བྱ་བ་སྟེ། རྣ་བ་ཉིད་ཀྱི་ཡུལ་ཡིན་གྱི། དབང་པོ་གཞན་གྱི་མ་ཡིན་ནོ། །དེ་ལྟར་ན་རྒྱུར་བྱས་པའི་གཟུགས་ཡིན་པར་ཁྱད་པར་མེད་ཀྱང་དབང་པོ་གཞན་གྱི་ཡུལ་གཟུགས་ལ་སོགས་པ་ལས་དེ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །རྣ་བའི་ཡུལ་ནི་སྒྲ་ཉིད་དོ་ཞེས་བྱ་བས་ཀྱང་སྒྲའི་བྱེ་བྲག་ཕན་ཚུན་ཐ་དད་པ་རྣམས་སྒྲའི་སྐྱེ་མཆེད་ཉིད་དུ་བྱེ་བྲག་མེད་པར་བསྟན་པ་ཡིན་ནོ། །དེའི་དབྱེ་བ་བསྟན་པའི་ཕྱིར་རོ། །ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཟིན་པའི་ནི་ལུས་སུ་གཏོགས་པ་རྣམས་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་གནས་ཀྱི་དངོས་པོར་གཟུང་བ་རྣམས་སོ། །བཟློག་པ་ནི་མི་ཟིན་པ་རྣམས་སོ། །དེ་དག་ནི་འདིའི་རྒྱུ་ཡིན་པས་འབྱུང་བ་ཆེན་པོ་ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ལག་པ་དང་ངག་གི་སྒྲ་ལ་སོགས་པའོ། །མི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རླུང་དང་ནགས་ཚལ་དང་འབབ་ཆུའི་སྒྲ་ལ་སོགས་པའོ། །གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རྔའི་སྒྲ་ལ་སོགས་པའོ། །དྲི་གང་ཞེ་ན། སྣ་ཉིད་ཀྱི་ཡུལ་ཞེས་བྱ་བ་དང༌། སྣའི་ཡུལ་ནི་དྲི་ཉིད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དྲི་མཉམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ལ་ཕན་པ་ཡང་མི་འདོགས་གནོད་པ་ཡང་མི་བྱེད་པའོ། །དྲི་ནི་ལྷན་ཅིག་


DTG136_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དང༌། སྦྱར་བ་ལས་བྱུང་བ་དང༌། གྱུར་པ་ལས་བྱུང་བའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་ཙནྡན་དང་གུར་གུམ་ལ་སོགས་པའོ། །སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་རི་ལུ་ལ་སོགས་པའི་དྲིའོ། །གྱུར་པ་ལས་བྱུང་བ་ནི་ཨ་མྲ་སྨིན་པ་ལ་སོགས་པ་རྣམས་ཀྱིའོ། །རོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལྕེ་ཉིད་ཀྱི་ཡུལ་ཞེས་བྱ་བ་དང༌། ལྕེའི་ཡུལ་ནི་རོ་ཉིད་དོ་ཞེས་བྱ་བ་ཡང༌། སྔ་མ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །རང་བཞིན་གྱིས་ཐ་དད་པའི་ཕྱིར་ཐ་དད་པ་དྲུག་སྨོས་ཏེ། གཞན་དུ་དབྱེ་ན་ནི་དེའི་སྦྱར་བ་ཐ་དད་པ་མཐའ་ཡས་བར་འགྱུར་རོ། །འདིར་ནི་རྒྱུར་བྱས་པའི་གཟུགས་བསྟན་པའི་སྐབས་ཡིན་པས་རོའི་འོག་ཏུ་རྒྱུར་བྱས་པའི་གཟུགས་རེག་བྱའི་ཕྱོགས་གཅིག་བསྟན་པས་དེའི་ཕྱིར་རོ་བཤད་པའི་འོག་ཏུ་རེག་བྱའི་ཕྱོགས་གཅིག་བཤད་པར་འདོད་ནས། རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་དྲིས་སོ། །རེག་བྱ་ནི་རྣམ་པ་གཉིས་ཏེ། འབྱུང་བ་རྣམས་དང༌། དེ་དག་རྒྱུར་བྱས་པའི་གཟུགས་སོ། །འབྱུང་བ་རྣམས་ནི་སྔར་བསྟན་པ་དང༌། བཤད་པ་རྣམས་སོ། །འདིར་ནི་རྒྱུར་བྱས་པའི་གཟུགས་ཀྱི་སྐབས་ཡིན་པས་དེའི་ཕྱིར་རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་བྱ་བ་ནི་རྒུར་བྱས་པའི་གཟུགས་ཞེས་བྱ་བ་དང་སྦྱར་རོ། །ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་ནི་ལུས་ཉིད་ཀྱི་ཡུལ་ཡིན་གྱི། མིག་ལ་སོགས་པའི་ནི་མ་ཡིན་ནོ། །དེ་ལྟར་ན་གཟུགས་དང་སྒྲ་ལ་སོགས་པ་ལས་དེ་ཐ་དད་པར་བསྟན་པ་ཡིན་ནོ། །ལུས་ཉིད་ཀྱི་ཡུལ་རེག་བྱ་ཉིད་ཅེས་བྱ་བས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་ཕན་ཚུན་མི་འདྲ་ཡང་རེག་བྱ་ཉིད་དུ་བྱེ་བྲག་མེད་པར་བསྟན་པ་ཡིན་ནོ། །ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་འབྱུང་བ་རྣམས་ཀྱང་ལུས་ཀྱི་ཡུལ་ཡིན་པས་རྒྱུར་བྱས་པའི་གཟུགས་སུ་ཐལ་བར་འགྱུར་རོ། །དེའི་ཕྱིར་འབྱུང་བ་ཆེན་པོ་རྣམས་གཞག་སྟེ་ཞེས་བྱ་བ་སྨོས་སོ། །རེག་བྱའི་ཕྱོགས་གཅིག་རབ་ཏུ་བསྟན་པའི་ཕྱིར། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་ཀྱི་དབང་པོར་རེག་པར་བྱ་བས་ན་འཇམ་པ་ཉིད་ལ་སོགས་པ་རེག་བྱ་ཞེས་བརྗོད་ན་ནི། གང་གིས་གང་ལ་རེག་པ་དེས་ཀྱང་དེ་ལ་རེག་པར་གདོན་མི་ཟ་བར་འགྱུར་བས་ལུས་ཀྱི་དབང་པོ་ཡང་རེག་ཁྱར་ཐལ་བར་མི་འགྱུར་རམ། གང་གིས་ཀྱང་ཅི་ལ་ཡང་རེག་པ་


DTG136_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། བདག་ཉིད་ཐམས་ཅད་ཀྱིས་རེག་ན་ནི་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་རོ། །ཕྱོགས་ཀྱིས་རེག་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་བས་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ། །དེ་བས་ན་ཡུལ་དང་དབང་པོ་གཉིས་བར་མ་ཆད་པར་སྐྱེ་བ་ན་གང་ལ་བརྟེན་ནས་རྣམ་པར་ཤེས་པས་ཡུལ་དམིགས་པ་དེས་ཡུལ་ལ་རེག་ཅེས་བྱ་བར་གདགས་ཀྱི་ཡུལ་གྱིས་རྣམ་པར་ཤེས་པའི་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཀྱི་དབང་པོས་འབྱུང་བ་རྣམས་ཉིད་ལ་རེག་གོ་ཞེས་གདགས་ཀྱི། དེ་དག་ལ་གནས་པའི་གཟུགས་ལ་སོགས་པ་ལ་ནི་མ་ཡིན་ཏེ། ལུས་ཀྱི་རྣམ་པར་ཤེས་པས་མི་འཛིན་པའི་ཕྱིར་རོ། །མེ་ཏོག་ལ་སོགས་པའི་ཁ་དོག་ལ་སོགས་པ་ལ་གནོད་པ་ནི་དེའི་གནས་ལ་གནོད་པའི་ཕྱིར་གྱི་ལུས་ཀྱིས་རེག་པའི་ཕྱིར་ནི་མ་ཡིན་ནོ། །ཁ་དོག་ལ་སོགས་པའི་གནས་ལ་ཡང་ལུས་ཀྱིས་རེག་པ་མ་ཡིན་ན་ཇི་ལྟར་གནོད་པར་འགྱུར་ཞེ་ན། འདི་ནི་བསམ་པར་བྱ་བ་སྟེ། དེ་ལྟ་བས་ན་འདིར་འཇིག་རྟེན་གྱི་ཐ་སྙད་དུ་འབྲང་བར་བྱའི་དོན་དམ་པར་ནི་མ་ཡིན་ནོ། །འཇམ་པ་ཉིད་ནི་མ་ཉེན་པ་དང༌། མི་རྩུབ་དང༌། སྤྱད་དུ་བཟོད་པ་ཞེས་བྱ་བའི་ཐ་ཚིག་གོ །འཇམ་པ་ཁོ་ན་འཇམ་པ་ཉིད་དོ། །རྩུབ་པ་ཉིད་ཅེས་བྱ་བ་ནི་འདི་ལ་རྩུབ་པ་ཡོད་པས་རྩུབ་པ་ཞེས་བྱ་སྟེ། སྤུ་ཅན་བཞིན་ནོ། །རྩུབ་པ་ཞེས་བྱ་བ་ནི་སྟོབས་ཞེས་བྱ་བའོ། །རྩུབ་པ་ཁོ་ན་རྩུབ་པ་ཉིད་དེ། རུད་རུད་པོ་དང༌། ཧྲུད་ཧྲུད་པོ་དང༌། ཤིན་ཏུ་འཇམ་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ལྕི་བ་ནི་ལྕིད་གནོན་ཞེས་བྱ་བའི་ཐ་ཚིག་གོ །ལྕི་བ་ཁོ་ན་ལྕི་བ་ཉིད་དེ། དངོས་པོ་རྣམ་པ་འཇམ་པ་ན་གང་གིས་དམའ་བར་བྱེད་པའོ། །ཡང་བ་ཉིད་ནི་གང་གིས་དངོས་པོ་རྣམས་འཇམ་པ་ན་དམའ་བར་མི་འགྱུར་བ་སྟེ། དབྱིབས་ཆེར་ཟིན་ཀྱང་གང་ཡོད་ན་གདེག་བླ་བ་སྟེ། སྲང་མདའི་རྩེ་མོ་དམའ་བར་འགྱུར་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ ། གང་གིས་ཉེན་ན་དྲོ་བ་འདོད་པ་དེ་ནི་གྲང་བ་ཉིད་དོ། །དཔྱིད་དང་སྟོན་གྲང་བ་ཡོད་ཀྱང་དྲོ་བ་མི་འདོད་པ་མ་ཡིན་ནམ། དྲོ་བ་འདོད་པ་ནི་གཞན་དུ་མི་འབྱུང་བས་གྲང་བ་ཉིད་དྲོ་བ་འདོད་པར་བྱེད་པ་ཞེས་ངེས་པར་གཟུང་ངོ༌། །དེ་ལྟར་ན་དེའི་འབྲས་བུ་ཡང་དེ་དང་རིགས་གཅིག་པའི་ཕྱིར་མཚན་ཉིད་པ་རྣམས་ཀྱིས་


DTG136_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ། །བཀྲེས་པ་ནི་ཟས་འདོད་པར་བྱེད་པའོ། །སྐོམ་པ་ནི་སྐོམ་འདོད་པར་བྱེད་པའོ། །སེམས་ལས་བྱུང་བའི་ཆོས་ནི་ལུས་ཀྱི་དབང་པོའི་ཡུལ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུ་ལ་འབྲས་བུ་གདགས་པ་བྱས་ནས་འདིར་བཀྲེས་པ་དང་སྐོམ་པ་བསྟན་ཏེ། རླུང་གི་ཁམས་ཀྱི་ཤས་ཆེ་བ་ནི་བཀྲེས་པའི་རྒྱུ་རེག་བྱའི་བྱེ་བྲག་འགའ་ཞིག་འབྱུང་བ་དེ་ནི་བཀྲེས་པའི་རྒྱུ་ཡིན་པའི་ཕྱིར། བཀྲེས་པ་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་ཁམས་ཀྱི་ཤས་ཆེ་ན་སྐོམ་པའི་རྒྱུ་ཡིན་བའི་ཕྱིར་སྐོམ་པ་ཞེས་བརྗོད་དོ། །གཞན་ནས་བརྒྱལ་བ་དང༌། ཉམས་ཡོད་པ་དང་ཉམ་ཆུང་བ་ལ་སོགས་པ་རེག་བྱའི་བྱེ་བྲག་སྨོས་པ་རྣམས་ཀྱང་འདི་དག་གི་ནང་དུ་འདུས་པས་ལོགས་ཤིག་ཏུ་མ་བརྗོད་དོ། །བརྒྱལ་བ་ནི་འཇམ་པ་ཉིད་ལས་གུད་ན་མེད་དོ། །ཉམས་ཡོད་པ་ནི་རྩུབ་པ་དང་ལྕི་བ་ཉིད་ལས་ལོགས་ཤིག་ན་མེད་དེ། དེ་ལྟར་གཞན་ནས་རེག་བྱའི་བྱེ་བྲག་འབྱུང་བ་རྣམས་ཀྱང་འདི་དག་གི་ནང་དུ་མཐུན་མཐུན་དུ་བསྡུ་བར་བྱའོ། །འཇམ་པ་ལ་སོགས་པ་ཡང་གནས་ཀྱི་བྱེ་བྲག་གིས་ཕན་ཚུན་ཐ་དད་དེ། ཆུ་ཉིད་ལས་གུད་ན་མེད་དོ། །ཉམས་ཡོད་པ་ནི་རྩུབ་པ་དང་ལྕི་བ་རླུང་གི་ཁམས་ཀྱི་ཤས་ཆེ་བ་ནི་རྩུབ་པ་ཉིད་དོ། །ས་དང་ཆུའི་ཁམས་ཀྱི་ཤས་ཆེ་བ་ནི་ལྕི་བ་ཉིད་དོ། །མེ་དང་རླུང་གི་ཁམས་ཀྱི་ཤས་ཆེ་བ་ནི་ཡང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཤི་བའི་ལུས་ལ་ལྕི་བ་ཉིད་ཀྱི་ཤས་ཆེ་བའོ། །ཆུའི་ཁམས་ཀྱི་ཤས་ཆེ་བ་ནི་གྲང་བའོ། །རླུང་གི་ཁམས་ཀྱི་ཤས་ཆེ་བ་ནི་བཀྲེས་པའོ། །མེའི་ཁམས་ཀྱི་ཤས་ཆེ་བ་ནི་སྐོམ་པའོ། །དེ་བཞིན་དུ་གནས་ཀྱི་བྱེ་བྲག་གིས་ཕན་ཚུན་བྱེ་བྲག་ཏུ་གྱུར་པར་རྒྱུར་བྱས་པའི་གཟུགས་གཞན་ལ་ཡང་ཇི་ལྟར་མཐུན་མཐུན་དུ་ཁོང་དུ་ཆུད་པར་བྱ་སྟེ། འདིར་ནི་ཚིག་མང་དུ་འགྱུར་བ་སྤངས་པའི་ཕྱིར་ཕྱོགས་ཙམ་ཞིག་བསྟན་ཏོ། །གཟུགས་ཀྱི་ཕུང་པོའམ་རྒྱུར་བྱེས་པའི་གཟུགས་ལས་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་ལུས་པས། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན་ཞེས་དྲིས་པ་དང༌། རྣམ་པར་རིག་བྱེད་དང༌། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བས་དེ་བསྟན་ཏོ། །དེ་ལ་རྣམ་པར་རིག་བྱེད་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་དང༌། ངག་


DTG136_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པར་རིག་བྱེད་དོ། །དེ་རེ་རེ་ལ་ཡང་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མི་སྟོན་པའི་བྱེ་བྲག་གིས་རྣམ་པ་གསུམ་གསུམ་དུ་འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྣམ་པ་གསུམ་ཉིད་དོ། །འདོད་པར་གཏོགས་པ་དང༌། གཟུགས་སུ་གཏོགས་པ་དང་ཟག་པ་མེད་པའོ། །དེ་ལ་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བ་དང༌། མི་དགེ་བའི་རྣམ་པར་རིག་བྱེད་ལས་བྱུང་བ་སྟེ། དེ་ཡང་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། དེ་དག་མ་རྟོགས་པའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་དགེ་སློང་དང༌། དགེ་ཚུལ་དང༌། དགེ་བསྙེན་དང༌། བསྙེན་གནས་ལ་གནས་པའི་བྱེ་བྲག་གིས་རྫས་སུ་རྣམ་པ་བཞིའོ། །དགེ་སློང་དང་དགེ་སློང་མ་ལ་སོགས་པའི་བྱེ་བྲག་གིས་མིང་དུ་ནི་རྣམ་པ་བརྒྱད་དོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་གཞན་ལ་གནོད་པ་བྱེད་པ་ལས་གཞི་དང་བཅས་པར་རྣམ་པ་ཐམས་ཅད་དུ་ལྡོག་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དང་སྲོག་གིས་བསྡུས་པའི་དངོས་པོ་ལ་མི་ལྟ་བར། ལུས་དང་ངག་དང་སེམས་ཀྱིས་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་འདོགས་པར་ཞུགས་པའོ། །སྡོམ་པ་མ་ཡིན་པ་ནི་རྣམ་པ་ཐམས་ཅད་དུ་གཞན་ལ་གནོད་པ་བྱེད་པར་ཞུགས་པའོ། །ཕྱོགས་གཅིག་གིས་ཕན་འདོགས་པ་དང་གནོད་པ་བྱེད་པར་ཞུགས་པ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའོ། །དེ་ལ་གཟུགས་སུ་གཏོགས་པ་དང༌། ཟག་པ་མེད་པ་ནི་ཏིང་ངེ་འཛིན་ལས་བྱུང་བ་སྟེ། དེ་ཡང་བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པ་གོ་རིམས་བཞིན་ནོ། །དེ་ལ་བསམ་གཏན་བཞི་པོ་དག་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དག་ན་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བ་ནི་བསམ་གཏན་གྱི་སྡོམ་པའོ། །ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བ་ནི་ཟག་པ་མེད་པའི་སྡོམ་པའོ། །དེ་ཡང་འབྱུང་བ་རྣམས་ལ་བརྟེན་ནས་འབྱུང་བ་དང༌། རྗེས་སུ་འཇུག་པའི་ཕྱིར་རྒྱུར་བྱས་པའི་གཟུགས་ཉིད་དོ། །འདི་ནི་འདི་ནའོ། །ཕ་བི་ནི་ཕ་བི་ནའོ་ཞེས་བརྗོད་པ་འདི་ནི་བསྟན་པའོ། །དེ་འདི་ལ་མེད་པས་བསྟན་དུ་མེད་པའོ། །རང་གི་ཕྱོགས་སུ་གཞན་འབྱུང་


DTG136_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གེགས་བྱེད་པ་ནི་ཐོགས་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ཡུལ་ན་མི་གནས་པའི་ཕྱིར་དེ་མི་སྲིད་པས་ཐོགས་པ་མེད་པའོ། །གཟུགས་ཐམས་ཅད་ནི་རྣམ་པ་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའོ། །དེ་ལ་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ནི་མིག་གི་དབང་པོའི་ཡུལ་ལོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་མིག་ལ་སོགས་པ་ལྔ་དང༌། སྒྲ་དང༌། དྲི་དང༌། རོ་དང་རེག་བྱ་བཞིའོ། །བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སོ། །དེ་ཡང་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཀུན་བརྟགས་པ་དང༌། དབང་འབྱོར་པའོ། །འདིར་གཟུགས་ཀྱི་ཕུང་པོ་ནི། རྫས་བཅུ་གཅིག་ཁོ་ནར་འདོད་པས་ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས་ཉིད་དུ་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པར་བཤད་དེ། གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་དེ་དག་མི་བསྟན་ཞེ་ན། བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་རྣམས་ཉིད་དེ། དེ་དག་ནི་སྔོན་པོ་ལ་སོགས་པའི་ཁ་དོག་ལས་གུད་ན་མེད་དེ། སྔོན་པོ་ལ་སོགས་པའི་ཁ་དོག་ལས་ཁ་དོག་ཏུ་སྣང་བ་གཞན་རྣམས་ནི་མེད་དོ། །མངོན་པར་སྐབས་ཡོད་པ་ཡང་རྡུལ་ཕྲ་རབ་རྣམས་ཉིད་དེ། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་རྣམས་སོ། །དེ་དག་ཀྱང་ཁ་དོག་གི་བདག་ཉིད་ཡིན་པའི་ཕྱིར་འདིར་འདུས་པ་ཉིད་པས་ཡང་མ་བཤད་དོ། །ཀུན་བརྟགས་པ་ནི་གཟུགས་བརྙན་གྱི་གཟུགས་ཀེང་རུས་ལ་སོགས་པའོ། །དབང་འབྱོར་པ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པ་སྟེ། དེ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པས་འདིར་མ་འདུས་ཏེ། དེ་ནི་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བ་ལས་ཕྱི་རོལ་ན་མེད་དོ། །གཟུགས་བརྙན་ཡང་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་དོ། །རྣམ་པར་ཤེས་པ་ལས་གཟུགས་བརྙན་ནམ་གཟུགས་བརྙན་ལས་རྣམ་པར་ཤེས་པ་གུད་ན་མེད་དོ། །དེ་ལྟ་བས་ན་ཡང་དག་པར་བླངས་ལ་ལས་བྱུང་བ་ཉིད་འདིར་


DTG136_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱི། གཞན་ནི་མ་ཡིན་ནོ། །མཐུ་སྟོབས་ཀྱིས་ཆེ་བའི་བློས་བསྐྱོད་པ་ནི་བདག་ལྟ་བུ་གང་གིས་ཀྱང་རྟོགས་པར་ག་ལ་ནུས་ཏེ། དེ་ལྟ་བས་ན་དེ་དག་མ་བཤད་པ་ནི་སློབ་དཔོན་གྱི་དགོངས་པ་བཙལ་བར་བྱའོ། །དེ་ནི་འདི་སྐད་དུ་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་དགེ་བ་དང་མི་དགེ་བ་ལས་བྱུང་བ་རྒྱུར་བྱས་པའི་གཟུགས་ནི་སེམས་གཡེང་བ་དང༌། མ་གཡེང་བ་དང༌། སེམས་མེད་པ་ན་ཡང་རྗེས་སུ་འབྲང་བ་གང་ཡིན་པ་སྟེ། དེ་སྟོང་པའི་རྒྱུ་མེད་ན་ཡོད་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ་ཞེས་བསྟན་པར་འགྱུར་རོ། །གཟུགས་དང་བྱེད་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པ་བཞིན་དུ་གཞན་ལ་རྣམ་པར་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པའོ། །འདིར་ནི་བྱེ་བྲག་ཏུ་སྨྲ་བས་ཀུན་བརྟགས་པའི་རྣམ་པར་རིག་བྱེད་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་དེ། ཚད་མའི་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ནི་མེད་པ་མ་ཡིན་ཏེ། འདི་ལྟར་སེམས་པས་བྱ་བར་ཁས་བླངས་ནས་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་ཆོ་ག་སྔོན་དུ་བཏང་སྟེ། སེམས་པ་གང་གིས་ལུས་དང་ངག་གི་ལས་བཀག་པ་ལས་སྡོམ་པའི་སེམས་པ་དེས་མ་འོངས་པ་ན་དེ་དང་རིགས་གཅིག་པ་བསྐྱེད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་བཏབ་ནས། དེའི་འོག་ཏུ་བདག་ནི་སྲོག་གཅོད་པ་ལ་སོགས་པ་སྤངས་པའོ་ཞེས་ཡང་དག་པར་བླངས་པ་དྲན་པ་འབྱུང་སྟེ། དེ་བྱུང་ནས་གང་འཛེམ་པ་དེ་བསླབ་པ་མི་འདྲལ་ལོ། །དེ་ལྟར་ན་ཡང་དག་པར་བླང་བའི་སེམས་པ་རྒྱུན་ཆགས་པ་དང་བཅས་པ་ནི་སྔོམ་པ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་ནམ་ལམ་ལ་སྙོམས་པར་ཞུགས་ན་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་ཡང་གང་ཐོབ་ན་ལངས་ནས་ལོག་པའི་ངག་ལ་སོགས་པ་ལ་མི་འཇུག་པ་དང༌། ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་པ་དེ་ལྟ་བུའི་བསམ་པ་དང་གནས་ཐོབ་སྟེ། དེའི་ཕྱིར་རྒྱུ་ལ་རྒྱུ་ཅན་གདགས་པར་བྱས་ནས་ལམ་གྱི་ཡན་ལག་བརྒྱད་རྣམས་དང༌། བསམ་གཏན་གྱི་སྡོམ་པ་ཡང་རྣམ་པར་གཞག་གོ །སྡོམ་པ་མ་ཡིན་པ་ཡང་དེའི་རིགས་སུ་སྐྱེས་པ་རྣམས་ཀྱི་གསད་པར་སྦྱོར་བར་བྱ་བའི་སེམས་པ་དང༌། གཞན་གྱི་རིགས་སུ་སྐྱེས་པ་རྣམས་


DTG136_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་དེ་བྱ་བར་ཁས་ལེན་པའི་སེམས་པ་སྟེ། སེམས་པ་དེ་མེད་ཀྱང་སྡོམ་པ་མ་ཡིན་པ་བཏང་བ་མ་ཡིན་ཏེ། སེམས་ཅན་རྣམས་ལ་གནོད་པ་བྱ་བར་བསམ་པ་ལས་མ་ལོག་པའི་ཕྱིར་རོ། །དེ་ལྟར་བྱ་བའི་སེམས་པ་དང༌། ཁས་ལེན་པའི་སེམས་པ་སེམས་ཅན་རྣམས་ལ་གནོད་པ་བྱ་བའི་བསམ་པ་དང་ལྡན་པ་ནི་སྡོམ་པ་མ་ཡིན་པའོ་ཞེས་བསྟན་པ་ཡིན་ནོ། །འདིར་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་ཉིད་ནི་བརྡ་ཕྲད་པར་སླ་བས་ཡང་མ་སྤྲོས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པའི་སེམས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བ་ནི་བདག་ཉིད་ཁོ་ནས་སོ། །དེའི་རྒྱུན་ཆགས་པ་ནི་དགེ་བ་དང་མི་དགེ་བའི་སེམས་པས་འཕངས་པ་དང༌། དགེ་བ་དང་མི་དགེ་བའི་སེམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ཡང་བསམ་གཏན་དང་ཟག་པ་མེད་པའི་ལམ་རྒྱུ་ཡིན་པ་དང༌། ཡང་དག་པའི་དག་ལ་སོགས་པ་འབྲས་བུ་ཡིན་པའི་ཕྱིར་དགེ་བའོ། །གཟུགས་ནི་ལུས་དང་ངག་ཡུལ་ཡིན་པའི་ཕྱིར་ཏེ། ཡུལ་ཅན་ལ་ཡུལ་བཏགས་པའི་ཕྱིར་རོ། །བསྟན་དུ་མེད་པ་ཐོགས་པ་མེད་པ་ནི། བརྡ་ཕྲད་པར་སླ་བས་མ་བཤད་དོ། །དེའི་ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཐུག་པའི་གཟུགས་ཀྱི་ཕུང་པོ་འདི་གཟུགས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་པའོ། །ཅི་གཟུགས་ཤེ་ན། ལག་པའི་འདུས་ཏེ་རེག་པས་རེག་ན་གཟུགས་སུ་རུང་བའོ་ཞེས་རྒྱ་ཆེར་གསུངས་སོ། །མདོ་ལས་ཀྱང་ལག་པ་ལ་སོགས་པའི་འདུས་ཏེ་རེག་པས་གཟུགས་ཡོད་པའི་ཕྱིར་གཟུགས་སོ་ཞེས་གསུངས་སོ། །གཟུགས་ཀྱི་གཟུགས་སུ་ཡོད་པ་འདི་གང་ཞེ་ན། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་སྔ་མའི་གནས་ལས་གཞན་དུ་སྐྱེད་པ་སྟེ། འདི་ཡང་རྒྱུན་གྱི་དབང་དུ་བྱས་ཏེ་བརྗོད་ཀྱི། སྐད་ཅིག་ལ་ནི་མ་ཡིན་ཏེ། སྐད་ཅིག་ནི་སྐྱེ་བ་དང་འཇིག་པའི་དུས་ཀྱི་དབང་དུ་བྱས་པ་དང༌། གནས་པ་མེད་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོའི་འོག་ཏུ་ཚོར་བའི་ཕུང་པོ་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་བསྟན་པས་དེའི་ཕྱིར། ཚོར་བ་གང་ཞེ་ན་ཞེས་དྲིས་པ་དང༌། མྱོང་བ་རྣམ་པ་


DTG136_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ་ཞེས་བྱ་བས་བསྟན་ཏོ། །ཉམས་སུ་མྱོང་བ་ནི་མྱོང་བ་སྟེ། དངོས་པོའི་སིམ་པ་དང་གདུང་བ་དང་གཉི་གའི་རྣམ་པར་མ་གཏོགས་པའི་རང་གི་ངོ་བོ་མངོན་སུམ་དུ་བྱེད་པའོ། །ཡང་ན་སིམ་པ་དང༌། གདུང་བ་དང་གཉི་གའི་རྣམ་པར་མ་གཏོགས་པའི་དངོས་པོའི་རང་གི་ངོ་བོ་མྱོང་བར་བྱེད་པས་མྱོང་བའོ། །དེ་ཡང་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །བདེ་བ་དང་སྡུག་བསྔལ་མ་གཏོགས་པར་མྱོང་བ་གསུམ་པ་ཡོད་པ་ཇི་ལྟར་ཞེ་ན། ལུང་དང་རིགས་པས་མངོན་ཏེ། མདོ་ལས་ཚོར་བ་རྣམ་པ་གསུམ་ཞེས་གསུངས་སོ། །ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་གསུངས་སོ། །རིགས་པ་ནི་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མེད་པ་དང༌། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་སེམས་ཀྱང་མི་དམིགས་སོ། །རེག་པ་མྱོང་བ་ནི་ཚོར་བ་ཞེས་སློབ་དཔོན་འདུས་བཟང་གསུངས་ཏེ། འདོད་པ་དང༌། མི་འདོད་པ་དང༌། གཉི་ག་ལས་ལྡོག་པའི་རེག་པ་རྣམས་མྱོང་བ་གང་ཡིན་པ་དེ་ཚོར་བའོ། །དེ་ནི་འདི་སྐད་དུ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུང་ངོ་ཞེས་རྒྱ་ཆེར་གསུངས་སོ། །བདེ་བ་ལ་སོགས་པ་བསྐྱེད་པ་ཡིན་པས་དེ་རྣམ་པར་དབྱེ་བའི་ཕྱིར་རོ། །གལ་ཏེ་ཡུལ་མྱོང་བ་ཚོར་བ་ཡིན་དུ་ཟིན་ན་དམིགས་པ་གཅིག་པ་རྣམས་ལས་འདི་ཁྱད་པར་ཅི་ཡོད་དེ། དེའི་ཕྱིར་རེག་པ་མྱོང་བ་ནི་ཚོར་བའོ་ཞེས་རྣམ་པར་གཞག་གོ །དེ་ལྟ་ན་འོ་ན་ནི་འདུ་ཤེས་དང་མོས་པ་དང༌། དྲན་པ་དང། ཤེས་རབ་ལ་སོགས་པ་ཡང་ཚོར་བ་བཞིན་དུ་དམིགས་པའི་སྒོ་ནས་ངོ་བོ་ཉིད་བརྗོད་པར་མི་བྱའོ། །ཇི་སྟེ་འདུ་ཤེས་ལ་སོགས་པ་མཚན་མར་འཛིན་པ་ལ་སོགས་པས་དམིགས་པ་གཅིག་པ་རྣམས་ལས་ཁྱད་པར་དུ་འདོད་ན་ནི་ཚོར་བ་ཡང་ཡུལ་མྱོང་བར་ཅིའི་ཕྱིར་མི་འདོད། དེ་ལ་དམིགས་པར་མི་སྲིད་པའི་ཕྱིར་རེག་པ་མྱོང་བ་ཡང་མཚུངས་པར་ལྡན་པའམ། རྒྱུའི་དངོས་པོར་ཡོངས་སུ་བརྟག་གྲང་ན། དེ་ལ་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། སེམས་ལས་བྱུང་བ་ཐམས་ཅད་རེག་པ་དང་མཚུངས་པར་ལྡན་པར་བྱེ་བྲག་མེད་པའི་ཕྱིར་རོ། །རྒྱུའི་དངོས་པོར་ཡང་མི་རུང་སྟེ། སེམས་ལས་


DTG136_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཐམས་ཅད་ཀྱི་རྒྱུ་རེག་པ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ། །འཇིག་རྟེན་དང་བསྟན་བཅོས་ལས་ཀྱང་མྱོང་བའི་སྒྲ་ནི་འབྲས་བུའམ་རྒྱུར་གྲགས་པ་མེད་ཀྱི་མངོན་སུམ་དུ་བྱེད་པར་གྲགས་སོ། །འདི་སྙམ་དུ་སེམས་ཏེ་ལས་དགེ་བ་དང༌། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདིས་མྱོང་བ་སྟེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །སྡུག་བསྔལ་ནི་མི་དགེ་བ་རྣམས་ཀྱིའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་གཉི་གའིའོ་སྙམ་མོ། །འདིར་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་སྟེ། དོན་དམ་པར་ན་དེ་དང་མཚུངས་པར་ལྡན་པའི་བཏང་སྙོམས་ཉིད་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པའོ། །བདེ་བ་དང་སྡུག་བསྔལ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བཏགས་པའོ། །དེ་ལ་བདེ་བ་མྱོང་བ་ནི་གང་འགགས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ན། འོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གང་འབྱུང་ན་བྲལ་བར་མི་འདོད་པ་སྐྱེ་བ་དེ་བདེ་བའི་ཚོར་བའོ་ཞེས་འབྱུང་བ་དེ་ཇི་ལྟ་བུ། འདི་ལ་འགལ་བ་མེད་དེ། དོན་དུ་ན་ཅིག་ཤོས་ཀྱང་ཟིན་པའི་ཕྱིར་རོ། །གང་བྱུང་ན་འབྲལ་བར་མི་འདོད་བ་སྐྱེ་བ་ཞེས་བྱ་བ་ནི་དོན་དུ་ན་དེ་འགགས་ན་ཕྲད་པར་འདོད་པར་ཡང་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གང་འགགས་ན་ཕྲད་པར་འདོད་པར་འགྱུར་རོ་ཞེས་བྱ་བ་ཡང་འདིར་དོན་དུ་ན་དེ་བྱུང་ན་འབྲལ་བར་མི་འདོད་པའོ་ཞེས་བསྟན་པ་ཡིན་ནོ། །འོ་ན་དཀའ་ཐུབ་ཅན་རྣམས་མི་འདོད་བཞིན་དུ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་ཕྲད་པ་རྣམས་འདོད་ཆགས་ལས་བྱུང་བའི་བདེ་བ་སྐྱེས་པའི་ཚེ་འབྲལ་བར་འདོད་པ་སྐྱེ་ཞིང༌། འགགས་པ་ན་ཕྲད་པར་མི་འདོད་པ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་སུན་འབྱིན་པའི་ཕྱིར་དེ་ཉིད་ལས་སྐྱེ་བ་མ་ཡིན་ཏེ། བདེ་བ་དེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་མཐོང་བ་རྣམས་ལ་གཉི་ག་མི་འབྱུང་བས་འགལ་བ་མེད་དོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ་ཞེས་བྱ་བ་ནི་གང་འགགས་ན་ཡང་ཕྲད་པར་མི་འདོད་པའོ། །བྲལ་ན་ནི་དེའི་རྒྱུན་ཆད་པའོ། །འདོད་པ་ནི་མངོན་པར་འདོད་པ་དང་སྨོན་པའོ། །སྡུག་བསྔལ་ཡང་


DTG136_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་རོ། །དེ་ལ་ལུས་དང་སེམས་རྒྱས་པར་བྱེད་པ་དང༌། ཡིད་དུ་འོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། བདེ་བ་མྱོང་བ་ནི་གང་འགགས་ན་དེ་དང་ཕྲད་པར་འདོད་པའོ། །ལུས་དང་སེམས་ཉམས་དམས་པར་བྱེད་པ་དང༌། ངོ་བོ་ཉིད་ཀྱི་མི་མཐུན་པའི་ཕྱིར། སྡུག་བསྔལ་མྱོང་བ་ནི་དེ་བྱུང་ན་དེ་དང་བྲལ་བར་འདོད་པ་ཡིན་ནོ། །གཉི་ག་ནི་མི་འབྱུང་བ་ལ་ཡང་མྱོང་བ་གང་ཡིན་པ་དེ་ཡོད་དེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་སྟེ། ནག་པོ་ཡང་མ་ཡིན་དཀར་པོ་ཡང་མ་ཡིན་པའི་ལས་དང་འདྲའོ། །དེའི་ཕྱིར་ཕན་འདོགས་པ་ཡང་མེད་ལ་གནོད་པ་བྱེད་པ་ཡང་མེད་པར་ཞུགས་པའི་ཕྱིར་རོ། །དེ་བྱུང་ན་གཉི་གར་འདོད་པ་མེད་དོ། །མྱོང་བ་རྣམ་པ་གསུམ་པོ་འདི་ནི་རེ་རེ་ལ་ཡང་གནས་ཀྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་གྱུར་ཏེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཕྱིར་རོ། །ཡང་བརྟེན་པར་བསྡུ་ན་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེའི་དབང་པོ་རྣམས་ནི་ལུས་ལ་ཐ་དད་དུ་མི་འཇུག་པ་དང༌། ཐོགས་པ་དང་བཅས་པ་དང་བསགས་པ་བཞིན་པའི་ཕྱིར་ལུས་ཀྱི་ནང་དུ་བསྡུས་ཏེ་ལུས་ཀྱི་སྒྲར་བརྗོད་དོ། །དེའི་ཕྱིར་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་མྱོང་བ་ནི་ལུས་ཀྱི་ཞེས་བསྟན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ནི་ཡིད་ཙམ་ལ་གནས་པ་ཡིན་པའི་ཕྱིར་སེམས་ཀྱི་ཞེས་བྱའོ། །ཡང་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བྱེ་བྲག་གིས་མྱོང་བ་རེ་རེ་ལ་ཡང་རྣམ་པ་གཉིས་གཉིས་སུ་འགྱུར་ཏེ། ཟང་ཟིང་དང་བཅས་པ་དང་ཟང་ཟིང་མེད་པ་དང་ཞེན་པ་བརྟེན་པ་དང༌། མངོན་པར་འབྱུང་བ་བརྟེན་པའོ། །ཟང་ཟིང་ནི་ལུས་ལ་སྲེད་པའོ། །ལུས་ནི་ནང་གི་ཉེ་བར་ལེན་པའི་ཕུང་པོའོ། །དེ་ལ་སྲེད་པ་བུ་གཅིག་པ་ཕོངས་པ་ལ་འཁྱུད་པའི་ཚུལ་གྱིས་མི་འབྲེལ་བར་འདོད་པ་ལྟ་བུར་འཇུག་པ་གང་ཡིན་པ་དེ་ནི་ཟང་ཟིང་སྟེ། དེ་དང་ལྡན་པས་ཟང་ཟིང་དང་བཅས་པའོ། །སྲེད་པ་དེ་དང་ལྡན་པ་མ་ཡིན་པ་དང་བྲལ་བའི་རྗེས་སུ་མཐུན་པ་ནི་ཟང་ཟིང་མེད་པའོ། །གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་སྡུག་


DTG136_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་ལ་ལྟ་བ་དང༌། མངོན་པར་ཆགས་པ་དང་སྨོན་པའི་མཚན་ཉིད་ཀྱི་འདོད་པས་ཟློས་ཤིང་ཡང་དང་ཡང་གོམས་པར་བྱེད་པས་འདོད་པའི་ཡོན་ཏན་རྣམས་ཏེ་དེ་དག་ལ་མངོན་པར་ཆགས་པ་དང་སྨོན་པ་ནི་ཞེན་པའོ། །དེ་ལ་བརྟེན་པའམ་ཞེན་པ་དེ་བརྟེན་པས་ན་ཞེན་པ་བརྟེན་པའོ། །མངོན་པར་འབྱུང་བ་ནི་འདོད་པའི་ཡོན་ཏན་ལས་འདོད་ཆགས་དང་བྲལ་བའམ་དེའི་ལམ་སྟེ། དེ་ལ་བརྟེན་པའམ་དེ་བརྟེན་པས་མངོན་པར་འབྱུང་བ་ལ་བརྟེན་པའོ། །དེ་ལ་འཇིག་ཚོགས་དང་འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཏེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དངོས་པོར་ཟང་ཟིང་དང་བཅས་པ་དང་ཟང་ཟིང་མེད་པ་གཉིས་རྣམ་པར་གནས་སོ། །འཇིག་རྟེན་པ་དང༌། འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཏེ་ཞེན་པ་བརྟེན་པ་དང་མངོན་པར་འབྱུང་བ་ལ་བརྟེན་པ་རྣམ་པར་གཞག་གོ །ཅིའི་ཕྱིར་འདིར་རང་གི་ངོ་བོའི་བྱེ་བྲག་བསྟན་གྱི་ཇི་ལྟར་གཞན་ནས་འབྱུང་བ་བཞིན་དུ་གནས་ལ་སོགས་པའི་བྱེ་བྲག་གིས་མ་ཡིན་ཞེ་ན། འདིར་ནི་མདོར་བསྡུ་བར་བཞེད་པ་དང༌། ཐ་དད་པ་ཐམས་ཅད་ཀྱང་རང་གི་ངོ་བོ་ལས་གུད་ན་མེད་པའི་ཕྱིར་རོ། །འདིར་གནས་ལ་སོགས་པའི་བྱེ་བྲག་མ་བཤད་དོ། །ཚོར་བའི་ཕུང་པོ་བཤད་པའི་འོག་ཏུ་འདུ་ཤེས་ཀྱི་ཕུང་བོ་བཤད་པའི་སྐབས་སུ་བབ་སྟེ། དེའི་ཕྱིར་འདུ་ཤེས་གང་ཞེ་ན་ཞེས་དྲིས་པ་དང༌། ཡུལ་ལ་མཚན་མར་འཛིན་པ་ཞེས་བྱ་བ་དེ་བསྟན་ཏོ། །ཡུལ་ནི་དམིགས་པའོ། །མཚན་མ་ནི་ཡུལ་གྱི་བྱེ་བྲག་སྔོན་པོ་དང་སེར་པོ་ལ་སོགས་པ་དམིགས་པ་རྣམ་པར་གཞག་པའི་རྒྱུའོ། །དེ་ལ་མཚན་མར་འཛིན་པ་ནི་འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་རྟོག་པའོ། །དེ་ལྟ་ན་འོ་ན་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང༌། མཚུངས་པར་ལྡན་པའི་འདུ་ཤེས་བྱེ་བྲག་རྟོག་པ་མེད་པའི་ཕྱིར་ཡུལ་ལ་མཚན་མར་འཛིན་པའི་བདག་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མཚན་མར་འཛིན་པའི་བདག་ཉིད་ཁོ་ན་ཡིན་པར་ཤེས་པ་ཡིན་གྱི། ཞན་པའི་ཕྱིར་ཡོངས་སུ་གཅོད་པ་ནི་མ་ཡིན་ནོ། །གཞན་དུ་ན་སྔར་མ་ཟིན་པའི་བྱེ་བྲག་ལས་ཕྱིས་ཀྱང་འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་རྟོག་པར་མི་འགྱུར་རོ། །རང་གི་ངོ་བོ་ཐ་དད་པ་མེད་ཀྱང་གནས་དང་དམིགས་པས་འདུ་


DTG136_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཐ་དད་པར་རིག་པར་བྱའོ། །གནས་ལས་འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང༌། དེ་བཞིན་དུ་ཡིད་ཀྱི་བར་དུ་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོ། །དམིགས་པ་ནི་མཚན་མ་དང་བཅས་པ་དང༌། མཚན་མ་མེད་པ་དང༌། ཆུང་དུ་དང༌། རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་ལ་སྒྲའི་སྒོ་ནས་གང་དོན་གྱི་ངོ་བོར་སྒྲོ་བཏགས་པ་དེ་ནི་མཚན་མ་སྟེ། མཚན་མ་དེ་དང་ལྷན་ཅིག་པའི་དངོས་པོའི་རང་གི་ངོ་བོ་ནི་མཚན་མ་དང་བཅས་པའོ། །དངོས་པོ་དེ་ལ་སྒྲོ་བཏགས་པའི་ངོ་བོ་དེ་དང༌། དེ་ནི་སྒྲའོ་སྙམ་པའི་འདུ་ཤེས་གང་ཡིན་པ་དེ་ནི་མཚན་མ་དང་བཅས་པ་ལ་དམིགས་པའོ། །མཚན་མ་མེད་པ་ནི་སྒྲོ་བཏགས་པའི་མཚན་མ་མེད་པ་སྟེ། དངོས་པོའི་རང་གི་ངོ་བོ་དང༌། མྱ་ངན་ལས་འདས་པ་དང༌། སྲིད་པའི་རྩེ་མོའོ། །དེ་ལ་སྒྲོ་བཏགས་པའི་མཚན་མ་མེད་པ་དང༌། གཟུགས་དང་ཚོར་བའི་མཚན་མ་མེད་པ་དང༌། གསལ་བ་མ་ཡིན་པའི་ཕྱིར། འདི་གསུམ་ནི་མཚན་མ་མེད་པ་ཞེས་བྱའོ། །སྒྲ་དང་དོན་དུ་འབྲེལ་བ་མི་ཤེས་པ་ནི་ངོ་བོ་ལ་རང་གི་ངོ་བོ་ཁོ་ནའི་འདུ་ཤེས་འབྱུང་མོད་ཀྱི། གཟུགས་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ཏེ། དེའི་ཕྱིར་ཡུལ་དེ་ལ་འདུ་ཤེས་པ་ནི་མཚན་མ་མེད་པ་ལ་དམིགས་པའོ། །མྱ་ངན་ལས་འདས་པའི་དབྱིངས་ཀྱང་འདུས་བྱས་ཐམས་ཅད་ཀྱི་མཚན་མར་རབ་ཏུ་ནུབ་པའི་ངོ་བོ་ཡིན་པས་དེ་ལ་དམིགས་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་འདུ་ཤེས་ནི་མཚན་མ་མེད་པ་ལ་དམིགས་པའོ། །སྲིད་པའི་རྩེ་མོ་ནི་གསལ་བ་མ་ཡིན་པའི་ཕྱིར་མཚན་མ་མེད་པ་སྟེ། དེ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི། དམིགས་པ་ལ་མཚན་མར་མི་བྱེད་པས་མཚན་མ་ལ་དམིགས་པའོ། །འདིར་ནི་མཚན་མ་གསལ་བ་མ་ཡིན་པའི་ཕྱིར། དེ་ལ་དམིགས་པ་ཡང་བུ་མོ་ལྟོ་མེད་ཅེས་བྱ་བའི་ཚུལ་དུ་མཚན་མ་མེད་པ་ཞེས་བྱའི་དེ་ནི་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པ་ཞེས་ནི་མི་བྱའོ། །གཞན་དུ་ན་ནི་འདུ་ཤེས་པར་ཐལ་བར་འགྱུར་ཏེ། མཚན་མ་མེད་པས་མཚན་མར་འཛིན་པ་ཡང་མེད་པར་འགྱུར་རོ། །ཆུང་ངུ་ནི་འདོད་པའི་ཁམས་ཏེ་ངན་པའི་ཕྱིར་རོ། །རྒྱ་ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་ཏེ།


DTG136_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་སྟེ། མུ་ཐུག་པ་མེད་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་ཅི་ཡང་མེད་པའི་ཕྱིར་ཅི་ཡང་མེད་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་ལྟ་བས་ན་འདོད་པའི་ཁམས་ལ་སོགས་པ་ལ་དམིགས་པ་ནི་ཆུང་ངུ་ལ་སོགས་པའི་འདུ་ཤེས་ཞེས་བྱའོ། །འདུ་ཤེས་ཀྱི་ཕུང་པོ་བཤད་པའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བཤད་པར་རིགས་ཏེ། དེའི་འོག་ཏུ་བསྟན་པས་ན་དེའི་ཕྱིར། འདུ་བྱེད་རྣམས་གང་ཞེན་ཞེས་དྲིས་པ་དང༌། ཚོར་བ་དང༌། འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ་ཞེས་བྱ་བས་དེ་བསྟན་ཏོ། །རྐྱེན་རྣམས་འདུས་ཤིང་ཚོགས་ནས་བྱས་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པའི་ཆོས་ཐམས་ཅད་ནི་འདུ་བྱེད་རྣམས་ཞེས་བྱའོ། །འདིར་ནི་འདུ་བྱེད་ཀྱི་ཕུང་པོར་བསྡུས་པ་ཉིད་འདུ་བྱེད་རྣམས་སུ་འདོད་དེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་ཀྱི་ཕུང་པོར་བསྡུས་པ་རྣམས་ནི་བཤད་ཟིན་ལ། རྣམ་པར་ཤེས་པའི་ཕུང་པོར་བསྡུས་པ་རྣམས་ནི་འོག་ནས་འབྱུང་བ་དེའི་ཚོར་བ་དང་འདུ་ཤེས་གཉིས་རེག་པ་དང༌། ཡིད་ལ་བྱེད་པ་ལ་སོགས་པ་རྣམས་དང་སེམས་ལས་བྱུང་བ་ཉིད་དུ་བྱེ་བྲག་མེད་ཀྱང༌། ཚོར་བ་དང༌། འདུ་ཤེས་པ་ལས་གཞན་པའི་སེམས་ལས་བྱུང་བ་རྣམས་ཞེས་སྨོས་པ་ནི། ཚོར་བ་དང༌། འདུ་ཤེས་གཉིས་སེམས་ལས་བྱུང་བ་ཉིད་ཡིན་དུ་ཟིན་ཀྱང་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོར་བསྡུས་པས་འདུ་བྱེད་ཀྱི་ཕུང་པོར་མ་བསྡུས་པར་བསྟན་པའི་ཕྱིར་རོ། །ཚོར་བ་ནི་ཉེ་བར་སྤྱོད་པའི་དངོས་པོ་སྟེ། འདི་ལྟར་ཚོར་བས་ནི་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད། འདུ་ཤེས་ནི་ཐ་སྙད་འདོགས་པའི་གཞི་སྟེ། འདུ་ཤེས་ཀྱིས་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ལ་མཚན་མར་བཟུང་ནས་མཐོང་བ་ལ་སོགས་པ་ལ་མཐོང་ངོ༌། །ཐོས་སོ། །བྱེ་བྲག་ཕྱེད་དོ། །རྣམ་པར་ཤེས་སོ་ཞེས་འཇིག་རྟེན་པའི་ཐ་སྙད་པ་འཇུག་སྟེ། དེའི་ཕྱིར་ཚོར་བ་དང༌། འདུ་ཤེས་ཉིད་སོ་སོར་ཕུང་པོར་བྱས་ཀྱི། སེམས་ལས་བྱུང་བ་གཞན་རྣམས་ནི་མ་ཡིན་


DTG136_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གལ་ཏེ་ཚོར་བ་དང་འདུ་ཤེས་ལས་གཞན་པ་རེག་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་སྤྱོད་པ་ལ་ཐུག་པ་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པ་ཐོབ་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོར་བསྡུ་ན། དེ་ལྟ་ན་འོ་ན་ནི་མདོ་དང་འགལ་ཏེ། མདོ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་གསུངས་སོ་ཞེ་ན། དེ་ནི་གཙོ་བོ་བསྟན་པའི་ཕྱིར་འགལ་བ་མེད་དེ། སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ནི་གཙོ་བོ་ཡིན་ལ། ཡིད་ལ་བྱེད་པ་ལ་སོགས་པ་ནི་དེའི་རྗེས་སུ་འབྲང་བ་ཡིན་པས་སེམས་པ་ཉིད་འདུ་བྱེད་ཀྱི་ཕུང་པོར་གསུངས་ཏེ། འདི་ལྟར་གང་དགེ་བ་ལ་ཡང་སེམས་འཇུག་པར་བྱེད། མི་དགེ་བ་དང༌། ལུང་མ་བསྟན་པ་དང༌། བདེ་བ་དང༌། སྡུག་བསྔལ་གྱི་གནས་རྣམས་ལ་ཡང་སེམས་འཇུག་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་བཞིན་དུ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་ཤེས་པའི་ཕྱིར་དྲིས་པ་དང༌། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ་ཞེས་བྱ་བས་བསྟན་ཏོ། །དེ་དག་ཀྱང་མི་ཤེས་པས་དེའི་ཕྱིར་དྲིས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང་ཞེས་རྒྱ་ཆེར་སྨོས་སོ། །རེག་པ་ལ་སོགས་པ་དཔྱོད་པ་ལ་ཐུག་པ་དེ་དག་ཀྱང་གནས་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པ་ཉིད་རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་མཚུངས་པར་ལྡན་པས་མཚུངས་པར་ལྡན་པ་རྣམས་སོ། །སེམས་དང་མཚུངས་པར་ལྡན་པ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱང་སེམས་ཐམས་ཅད་དང་མཚུངས་པར་ལྡན་པར་ཐལ་བར་འགྱུར་བ་དེ་བསལ་བའི་ཕྱིར། དེ་རྣམས་ལས་ལྔ་ནི་ཀུན་དུ་འགྲོ་བའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ། །བཅུ་གཅིག་ནི་དགེ་བའོ། །དྲུག་ནི་ཉོན་མོངས་པའོ། །ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ། །འགྱོད་པ་ལ་སོགས་པ་བཞི་ནི་གཞན་དུ་ཡང་ངོ་ཞེས་བྱ་བ་སྨོས་སོ། །འདི་དག་གི་ནང་ནས་དང་པོའི་རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་གང་ཡིན་པ་དེ་དག་ནི་ཀུན་དུ་འགྲོ་བ་སྟེ། ཆོས་ལྔ་པོ་འདི་དག་ནི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀུན་དུ་འགྲོ་བའོ། །འདི་ལྟར་འདི་དག་ནི་ཁམས་གསུམ་པའི་དགེ་བ་དང༌། ཟག་པ་མེད་པའི་སེམས་དང་ཡང་མཚུངས་པར་ལྡན་ལ། འདོད་པར་


DTG136_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་མི་དགེ་བ་དང༌། ཁམས་གསུམ་པའི་ཉོན་མོངས་པ་ཅན་དང༌། ལུང་དུ་མི་སྟོན་པ་དང་ཡང་མཚུངས་པར་ལྡན་ནོ། །སེམས་ཀྱི་འཇུག་པ་ཐམས་ཅད་ལ་གདོན་མི་ཟ་བར་གསུམ་འདུས་པ་འབྱུང་སྟེ། གསུམ་འདུས་པ་ཡང་རེག་པ་ལས་འཁྲུལ་པ་མེད་པས། དེའི་ཕྱིར་རེག་པ་ནི་ཀུན་དུ་འགྲོ་བ་ཉིད་དོ། །སེམས་ཀྱི་འཇུག་པ་མེད་པར་དམིགས་པ་ལ་འཇུག་པ་མི་སྲིད་པས་ཡིད་ལ་བྱེད་པ་ཡང་ཀུན་དུ་འགྲོ་བ་ཉིད་དོ། །མྱོང་བ་མེད་པ་དང་མཚན་མར་འཛིན་པ་ལ་མི་ལྟོས་པའི་སེམས་མེད་པས་ན་ཚོར་བ་དང༌། འདུ་ཤེས་ཀྱང་ཀུན་དུ་འགྲོ་བ་ཉིད་དོ། །སེམས་པ་ནི་ཡིད་ཀྱི་ལས་ཉིད་ཡིན་པས་དེ་ཡང་གདོན་མི་ཟ་བར་སེམས་ཐམས་ཅད་ལ་འབྱུང་བས་དེའི་ཕྱིར་ཆོས་ལྔ་པོ་འདི་དག་ནི་ཀུན་དུ་འགྲོ་བའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ་ཞེས་བྱ་བ་ནི་འདི་དག་ཡུལ་སོ་སོར་ངེས་པ་ཡིན་གྱི་ཐམས་ཅད་ལ་མ་ཡིན་པས་ཡུལ་སོ་སོར་ངེས་པའོ་ཞེས་བྱ་བའོ། །དེ་དག་ཀྱང་འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་བོ། །བཅུ་གཅིག་ནི་དགེ་བ་སྟེ། དེ་དག་ཀྱང་དད་པ་ལ་སོགས་པ་ནས་རྣམ་པར་མི་འཚེ་བ་ལ་ཐུག་པ་ཡན་ཆད་དོ། །དེ་དག་ནི་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་པ་དང༌། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་རྣམས་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་ཀྱང་དགེ་བའོ། །ཉོན་མོངས་པ་དྲུག་ནི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་སྟེ། དེ་དག་ནི་སེམས་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་རྣམས་སོ། །ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ་ཞེས་བྱ་བ་ནི་དེ་དག་ཀྱང་ཁྲོ་བ་ནས་ཤེས་བཞིན་མ་ཡིན་པ་ལ་ཐུག་པ་ཡན་ཆད་དོ། །འགྱོད་པ་ལ་སོགས་བཞི་ནི་གཞན་དུ་ཡང་ངོ་ཞེས་འབྱུང་བ་དེའི་ཕྱིར་ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ་ཞེས་ཁྱད་མེད་པར་བརྗོད་ཀྱང་ཤེས་བཞིན་མ་ཡིན་པའི་མཐར་ཐུག་པ་ཁོ་ན་ཡིན་པར་མངོན་ནོ། །ཉོན་མོངས་པའི་ཆར་གཏོགས་པ་དང༌། སེམས་ཉོན་མོངས་པར་བྱེད་པ་དང༌། ཉོན་མོངས་དང་ཉེ་བའི་ཕྱིར་ཉེ་བའི་ཉོན་མོངས་པ་རྣམས་སོ། །འགྱོད་པ་ལ་སོགས་པ་བཞིན་ནི་ཞེས་བྱ་བ་ནི་འགྱོད་པ་དང་གཉིད་དང་རྟོག་པ་དང་དཔྱོད་པའོ། །གཞན་དུ་ཡང་ངོ་ཞེས་བྱ་བ་ནི་འདི་དག་ཉེ་བའི་ཉོན་


DTG136_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་འབའ་ཞིག་ཡིན་པར་མ་ཟད་ཀྱི། དགེ་བ་ཡིན་པ་དང༌། ལུང་དུ་མི་སྟོན་པ་ཡང་ཡིན་པའི་ཕྱིར་རོ། །སེམས་ལས་བྱུང་བ་རྣམས་ཀྱི་སྡོམ་འདི་ནི་བསྡུ་ན་ལྔ་བཅུ་རྩ་གཅིག་གོ །འདི་དག་གི་སོ་སོའི་རང་གི་ངོ་བོ་མི་ཤེས་པས། རེག་པ་གང་ཞེ་ན། ཡིད་ལ་བྱེད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །འདིར་ནི་མཚན་ཉིད་ཁོ་ན་བསྟན་གྱི་མདོར་བསྡུ་བར་འདོད་པས་གཞན་ནས་འབྱུང་བ་བཞིན་དུ་ལས་ནི་མ་ཡིན་ནོ། །བདག་གིས་ནི་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །ལས་ཀྱང་བཤད་པར་བྱའོ། །དེ་ལ་རང་གི་ངོ་བོ་ནི་སྔར་བསྟན་པའི་ཕྱིར་སྔར་བཤད་དེ། དེ་བཞིན་དུ་གཞན་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ། །གསུམ་འདུས་ནས་ཡོངས་སུ་གཅོད་པའོ་ཞེས་བྱ་བ་ནི་སྐབས་ཡིན་པས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཉིད་གསུམ་མོ། །དེ་རྒྱུ་དང་འབྲས་བུའི་དངོས་པོས་གནས་པ་ནི་འདུས་པ་སྟེ། དེ་ཡོད་ན་དེའི་དུས་ཉིད་ན་བདེ་བ་ལ་སོགས་པའི་ཚོར་པ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་འདི་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་པའི་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་རེག་པའོ། །དབང་པོ་ཡང་བྱེ་བྲག་གང་གིས་བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པའི་རྒྱུར་གྱུར་པ་དེ་ནི་དེའི་འགྱུར་བ་སྟེ། དབང་པོ་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པའམ་དབང་པོས་རེག་པས་རེག་པའོ། །འདིའི་ལས་ནི་ཚོར་བའི་རྟེན་བྱེད་པའོ། །དེ་སྐད་དུ་མདོ་ལས་ཀྱང་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུང་ངོ་ཞེས་གསུངས་སོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་འཇུག་པར་བྱེད་པས་འཇུག་པ་སྟེ། དམིགས་པ་ལ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པ་དེ་སེམས་ཀྱི་འཇུག་པའོ། །དེ་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ། སེམས་འཛིན་པ་ནི་དམིགས་པ་དེ་ཉིད་ལ་ཡང་དང་ཡང་གཏོད་པའོ། །ལས་དེ་ཡང་སེམས་ཀྱི་རྒྱུན་གྱི་དམིགས་པ་ངེས་པས་ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ཏེ་བཤད་ཀྱི། དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་མ་ཡིན་ཏེ། ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་ངེ་འཛིན་ཐོབ་པའོ་ཞེས་གང་སྨོས་པ་ནི་འདིར་དཔེར་བརྗོད་པ་སྟེ། དེར་ཡང་ཡིད་ལ་བྱེད་པ་ཁྱད་པར་ཅན་ཐོབ་པས་ཡིད་ལ་བྱེད་པ་ཐོབ་པའོ་ཞེས་བརྗོད་


DTG136_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཞན་དུ་ན་ནི་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡིད་ལ་བྱེད་པ་ཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་ཡིད་ལ་བྱེད་པ་ཐོབ་པ་ཉིད་དུ་འགྱུར་རོ། །སེམས་པ་གང་ཞེ་ན། ཡོན་ཏན་དང་ཉེས་པ་དང༌། གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་ལ། ཡོན་ཏན་ནི་དགེ་བའི་ཆོས་རྣམས་སོ། །ཉེས་པ་ནི་མི་དགེ་བ་རྣམས་སོ། །གཉི་ག་མ་ཡིན་པ་ནི་ལུང་དུ་མ་བསྟན་པ་རྣམས་སོ། །ཡང་ན་ཡོན་ཏན་ནི་ཕན་འདོགས་པ་རྣམས་སོ། །ཉེས་པ་ནི་གནོད་པར་བྱེད་པ་རྣམས་སོ། །གཉི་ག་མ་ཡིན་པ་ནི་བར་མ་དོ་རྣམས་སོ། །སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་ཡིད་གཡོ་བར་བྱེད་པ་སྟེ། གང་ཡོད་ན་ཁབ་ལེན་གྱི་དབང་གིས་ལྕགས་གཡོ་བ་བཞིན་དུ་དམིགས་པ་ལ་སེམས་གཡོ་བར་བྱེད་པའོ། །སྐད་ཅིག་གཞན་དུ་མི་གནས་ཤིང༌། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་གསུངས་སོ། །སེམས་མངོན་པར་འདུ་བྱེད་པ་ཞེས་དེ་སྐད་ཅེས་བསྟན་ན། ཡིད་ཀྱི་ལས་ཞེས་ཅིའི་ཕྱིར་བྱ་ཞེ་ན། སེམས་ལས་བྱུང་བ་ཐམས་ཅད་ཀྱིས་ཀྱང་སེམས་མངོན་པར་འདུ་བྱེད་པས་དེའི་ཕྱིར་གཞན་དག་ལས་རྣམ་པར་དབྱེ་བའི་དོན་དུ་ཡིད་ཀྱི་ལས་ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པ་ཀུན་དུ་གཡོ་བ་ལྟར་བྱེད་པའི་ཆོས་གང་ཡིན་པ་དེ་ནི་སེམས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་ལས་བསྟན་པའོ། །ཡིད་ཀྱི་ལས་སོ་ཞེས་བྱ་བ་ནི་སེམས་པའི་རང་གི་ངོ་བོ་བསྟན་ཏོ། །འདུན་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པའོ་ཞེས་བྱ་བ་ལ། བསམས་པ་སྨོས་པ་ནི་མ་བསམས་པ་ལ་འདུན་པ་མེད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟར་ན་འདུན་པ་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །ལྟ་བ་དང༌། མཉན་པ་ལ་སོགས་པའི་བྱ་བའི་ཡུལ་དུ་གྱུར་པ་ལ་བསམ་པའི་དངོས་པོ་གང་ཡིན་པ་དེ་ནི་བསམ་པའོ། །དེ་ལ་ལྟ་བ་དང་མཉན་པར་འདོད་པ་ནི་དོན་དུ་གཉེར་བའོ། །གལ་ཏེ་འདུན་པ་འདོད་པའི་བདག་ཉིད་ཡིན་ན་དེའི་ཚེ་སྲེད་པ་དང་འདུན་པ་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། སྲེད་པ་ནི་མངོན་པར་ཆགས་པའི་


DTG136_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་ལ། འདུན་པ་ནི་འདོད་པའི་མཚན་ཉིད་ཡིན་པས་བྱེ་བྲག་ཡོད་དེ། འདི་ནི་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་ངེས་པ་སྨོས་པ་ནི་མོས་པའི་ཡུལ་ཡང་ཐམས་ཅད་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཏེ། ངེས་པ་མེད་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་མི་སྲིད་དོ། །རིགས་པའམ་ཡིད་ཆེས་པའི་ལུང་གི་དངོས་པོ་དེ་ལ་ཐེ་ཚོམ་མེད་པ་གང་ཡིན་པ་དེ་ངེས་པ་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་གང་གིས་དེ་རྣམ་པར་ངེས་པའི་རྣམ་པ་དེ་ཉིད་ཀྱིས་དངོས་པོ་དེ་ལ་སེམས་འཇོག་པ་སྟེ། འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ། །འདི་ནི་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ། མོས་པ་གཅེས་སུ་བྱེད་པ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ལས་འཕྲོག་པར་མི་ནུས་སོ། །དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ། འདྲིས་པ་ནི་མ་འདྲིས་པ་ལ་དྲན་པ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བའོ། །མ་བརྗེད་པ་ནི་དམིགས་པ་ལ་འཛིན་པ་ཆུད་མི་ཟ་བར་བྱེད་པའི་རྒྱུ་སྟེ། དེ་ནི་སྔོན་བཟུང་བའི་དངོས་པོ་ལ་དམིགས་པའི་རྣམ་པ་ཡང་དང་ཡང་དྲན་པའོ། །མངོན་པར་བརྗོད་པ་ཉིད་ནི་མངོན་པར་བརྗོད་པ་དང་འདྲ་བས་མངོན་པར་བརྗོད་པའོ། །མངོན་པར་བརྗོད་པ་ཁོ་ན་མངོན་པར་བརྗོད་པ་ཉིད་དོ། །དེ་ནི་དམིགས་པ་མངོན་པར་བརྗོད་པ་ཡོད་ན་དམིགས་པ་གཞན་ནམ་རྣམ་པ་གཞན་ལ་སེམས་གཡེང་བ་མེད་པས་དེའི་ཕྱིར་མི་གཡེང་བའི་ལས་ཅན་ནོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། བརྟག་པ་ཞེས་བྱ་བ་ནི་གཞན་དུ་མ་ཡིན་ཏེ། དེ་ལྟར་ན་ཏིང་ངེ་འཛིན་ཀྱང་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །བརྟག་པའི་དངོས་པོ་ནི་ཡོན་ཏན་དང་ཉེས་པའོ། །སེམས་རྩེ་གཅིག་པ་ནི་དམིགས་པ་གཅིག་པ་ཉིད་དེ། འདིར་རྩེ་གཅིག་ནི་དམིགས་པ་ལ་བྱའོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཡོངས་སུ་ཤེས་པའི་ཕྱིར་ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ལ་རྟག་པའི་དངོས་པོ་ནི་


DTG136_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་བཞི་སྟེ། འགོག་པའི་བདེན་པ་ལ་ཞི་བ་ལ་སོགས་པའི་རྣམ་པ་དང༌། ལམ་གྱི་བདེན་པ་ལ་ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པར་བརྟགས་པས་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་ནི་ཡོན་ཏན་ནོ། །སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་དང༌། ཀུན་འབྱུང་བའི་བདེན་པ་ལ་ནི་རྒྱུ་ལ་སོགས་པའི་རྣམ་པར་བརྟགས་པས་སྡུག་བསྔལ་དང༌། ཀུན་འབྱུང་བའི་བདེན་པ་ནི་ཉེས་པའོ། །དེ་བཞིན་དུས་དགུ་ལ་འོག་མ་ལ་ནི་ཉེས་པར་ལྟ་གོང་མ་ལ་ནི་ཡོན་ཏན་དུའོ། །དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་དམིགས་པ་གཞན་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ། །ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང༌། རིགས་པ་མ་ཡིན་པས་བསྐྱེད་པ་དང༌། གཞན་པའོ་ཞེས་བྱ་བ་ལ། དེ་དག་ཉིད་ལ་ཞེས་བྱ་བ་ནི་བརྟག་པའི་དངོས་པོ་ཉིད་ལ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་བཞིན་དུ་ཤེས་རབ་ཀྱང་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །རབ་ཏུ་རྣམ་པར་འབྱེད་པས་ཀྱང་རབ་ཏུ་རྣམ་པར་འབྱེད་པ་སྟེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ལ་ཡང་དག་པའམ། ལོག་པར་སོ་སོར་རྟོག་པའོ། །རིགས་པ་ནི་བཤད་བ་སྟེ། ཡིད་ཆེས་པའི་ལུང་དང། རྗེས་སུ་དཔག་པ་དང༌། མངོན་སུམ་མོ། །རྣམ་པ་དེ་གསུམ་གྱིས་བསྐྱེད་པ་གང་ཡིན་པ་དེ་ནི་རིགས་པས་བསྐྱེད་པའོ། །དེ་ཡང་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་སྟེ། དེ་ལ་ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པའི་རྟོག་པ་ནི་ཐོས་པ་ལས་བྱུང་བའོ། །རིགས་པ་ངེས་པར་བསམ་པ་ལས་སྐྱེས་པ་ནི་བསམས་པ་ལས་བྱུང་བའོ། །ཏིང་ངེ་འཛིན་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའོ། །རིགས་བ་མ་ཡིན་པ་ནི་ཡིད་ཆེས་པ་མ་ཡིན་པའི་ལུང་དང༌། རྗེས་སུ་དཔག་བ་ལྟར་སྣང་བ་དང༌། ལོག་པར་བསམ་པའི་ཏིང་ངེ་འཛིན་ཏེ། རིགས་པ་མ་ཡིན་པ་དེས་བསྐྱེད་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པའོ། །དེ་ལ་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པའི་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་ནི་ཡིད་ཆེས་པ་མ་ཡིན་པའི་ལུང་གིས་བསྐྱེད་པ་དང༌། རྟོག་གི་ངན་པས་བསྐྱེད་པའི་ཕྱིར་རིགས་པ་


DTG136_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པས་བསྐྱེད་པའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱི་དང༌། ཁ་ཅིག་རྟག་པ་རྣམས་ཀྱི་ཡང་ལོག་བར་བསམ་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་རིགས་པ་མ་ཡིན་པས་བསྐྱེད་པའོ། །སྐྱེ་བས་ཐོབ་པ་དང༌། འཇིག་རྟེན་པའི་ཐ་སྙད་ཤེས་པ་ནི་རིགས་པས་བསྐྱེད་བ་ཡང་མ་ཡིན། མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པའོ། །འདི་ནི་སོམ་ཉི་བཟློག་པའི་ལས་ཅན་ཏེ། སོམ་ཉི་བཟློག་པ་ནི་ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་པར་ཕྱེ་ནས་ངེས་པར་ཐོབ་པའི་ཕྱིར་རོ།། །།ཕུང་པོ་ལྔའི་རབ་ཏུ་བྱེད་པའི་བྱེ་བྲག་ཏུ་བཤད་པ། བ་མ་པོ་གཉིས་པ། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང༌། འདོད་པ་དང༌། སེམས་དང་བའོ་ཞེས་བྱ་བ་ལ་ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའོ། །དེ་ལ་བསོད་ནམས་མ་ཡིན་པ་ནི་མི་དགེ་བ་དང་མཚུངས་པར་ལྡན་པའི་ཕྱིར་འདོད་པར་གཏོགས་པ་ཉིད་དོ། །བསོད་ནམས་ནི་རྣམ་པར་སྨིན་པ་ངེས་བ་མེད་པའི་ཕྱིར་འདོད་པར་གཏོགས་པ་ཉིད་དོ། །རྣམ་པར་སྨིན་པར་འགྱུར་བ་ལ་གཡོ་བ་མེད་པའི་ཕྱིར་མི་གཡོ་བའོ། །བསོད་ནམས་མ་ཡིན་པའི་རྣམ་པར་སྨིན་པ་ནི་འདོད་པའི་ཁམས་ན་མི་འདོད་པའོ། །བསོད་ནམས་ཀྱི་ནི་འདོད་པའོ། །མི་གཡོ་བའི་རྣམ་པར་སྨིན་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ན་འདོད་པ་ཉིད་དོ། །དེ་ལ་ལས་དང་འབྲས་བུ་གཉིས་ཡོད་པར་མངོན་པར་ཡིད་ཆེས་པའི་རྣམ་པའི་དད་པ་ནི་ལས་དགེ་བ་དང་མི་དགེ་བ་ཡོད་པ་དང༌། དེ་ཡང་འབྲས་བུ་འདོད་པ་དང་མི་འདོད་པ་དང་གོ་རིམས་བཞིན་ནོ། །དེ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་སྟེ། དབང་ཕྱུག་ལ་སོགས་པས་སྦྲུལ་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་ལས་དང་འབྲས་བུའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པ་ལས་དང་འབྲས་བུའི་རྣམ་པར་སྨིན་པ་གཉིས་རྒྱུ་དང་འབྲས་བུར་འབྲེལ་བར་མངོན་པར་ཡིད་ཆེས་བ་གང་ཡིན་པ་དེ་ནི་ལས་དང་འབྲས་བུ་གཉིས་ཡོད་པ་ཉིད་དུ་ཡིད་ཆེས་པའི་རྣམ་པའི་དད་པའོ། །བདེན་པ་ནི་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང་ལམ་རྣམས་ཏེ། འཕགས་པ་རྣམས་དང་མི་མཐུན་


DTG136_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མི་རྟག་པ་ལ་སོགས་པ་ཉིད་དུ་མ་ནོར་བའི་ཕྱིར་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་རྒྱུར་གྱུར་པ་དང༌། རྐྱེན་ལ་སོགས་པའི་རྣམ་པར་ཕྱིན་ཅི་མ་ལོག་པའི་ཕྱིར་རྒྱུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ཀུན་འབྱུང་བའི་བདེན་པའོ། །སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་བདག་དང༌། ཞི་བ་ལ་སོགས་པའི་རྣམ་པར་ཕྱིན་ཅི་མ་ལོག་པའི་ཕྱིར་སྡུག་བསྔལ་འགོག་པ་ནི་འགོག་པའི་བདེན་པའོ། །སྡུག་བསྔལ་འགོག་པ་ཐོབ་པར་བྱེད་པ་དང༌། ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པར་ཕྱིན་ཅི་མ་ལོག་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་བདེན་པའོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་ལ་སྡུག་བསྔལ་ཡོད་དོ། །ཀུན་འབྱུང་བ་ཡོད་དོ་ཞེས་ཡོད་པར་མངོན་པར་ཡིད་ཆེས་པའི་རྣམ་པ་ཉིད་དང་བའོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་བདག་གིས་འགོག་པ་ཐོབ་པར་བྱ་བ་དང༌། ལམ་བསྐྱེད་པར་ནུས་སོ་སྙམ་དུ་འདོད་པའི་རྣམ་པ་ནི་དད་པའོ། །དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང་ཆོས་དང༌། དགེ་འདུན་རྣམས་སོ། །དཀོན་པ་ཉིད་དང༌། རིན་ཆེ་བ་ཉིད་དང༌། དགའ་བར་བྱེད་པ་དང༌། ཕན་འདོགས་པ་དང༌། མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་པའི་གཉེན་པོར་གྱུར་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་ན་དཀོན་མཆོག་གོ །དེ་ལ་དཀོན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སྲིད་པ་དང་ལོངས་སྤྱོད་ལ་མ་ཆགས་པས་ལུས་དང་སྲོག་ལ་མི་ལྟ་བ་རྒྱུན་མི་ཆད་པར་བྱང་ཆུབ་ཀྱི་ཚོགས་ལ་ཞུགས་པ་རྣམས་ཀྱིས་ཀྱང་སངས་རྒྱས་ཉིད་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བ་ཡིན་པས་ན་དཀོན་པ་ཉིད་དོ། །དེའི་ཕྱིར་སངས་རྒྱས་འབྱུང་བ་ཉིད་ནི་ཨུ་དུམ་བཱ་རའི་མེ་ཏོག་འབྱུང་བ་དང་འདྲ་བར་དཀོན་པ་ཞེས་བྱའོ། །སངས་རྒྱས་འབྱུང་བ་ལ་རག་ལས་པའི་ཕྱིར་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་དཀོན་པ་ཉིད་དོ། །རིན་ཆེ་བ་ཉིད་ནི་འདོད་དགུ་མཐར་ཕྱིན་པའི་གནས་ཐོབ་པ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་དང༌། ཚུལ་


DTG136_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་གསུམ་མོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་གི་དངོས་པོར་གྱུར་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོགས་གཉི་གར་གཏོགས་པའོ། །ཆོས་དཀོན་མཆོག་ནི་འདུས་བྱས་ཐམས་ཅད་ཡོངས་སུ་བཏང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རིན་ཆེ་བའོ། །དགེ་འདུན་དཀོན་མཆོག་ནི་འཁོར་བའི་འབྲས་བུ་འགྲུབ་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ཐོབ་པར་བྱ་བ་ཡིན་པས་རིན་ཆེ་བའོ། །དཀོན་མཆོག་གསུམ་ནི་མཐོང་བ་དང༌། ཐོས་པ་དང༌། རྗེས་སུ་དྲན་ན་དགའ་བར་བྱེད་པའི་ཕྱིར་དགའ་བའི་རྒྱུར་འགྱུར་བས་དགའ་བར་བྱེད་པའོ། །འདི་ལྟར་བསུ་བ་དང༌། བསྙེན་བཀུར་བྱ་བ་དང༌། བརྩལ་བ་དང༌། ཡོངས་སུ་ཤེས་པར་བྱ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡིན་པས་ཕན་འདོགས་པ་སྟེ། ཇི་སྐད་དུ། ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྙེན་བཀུར་བྱས་ན་བདེ་བར་བྱེད། །ཀུན་དུ་ཚོལ་བས་བློ་གྲོས་བྱེད། །ཡོངས་སུ་ཤེས་བྱེད་རྣམ་པར་སྦྱོང༌། །ཞེས་བྱ་བ་བརྗོད་པ་ལྟ་བུའོ། །མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པ་ཞི་བར་བྱེད་པ་ནི་མདོ་ལས་ཇི་སྐད་དུ། དགེ་སློང་དག་གལ་ཏེ་ཁྱོད་དགོན་པ་ན་གནས་ཀྱང་རུང་ཞེས་བྱ་བ་ནས། འཇིགས་སམ་བག་ཚ་བའམ་སྦུ་ཟིང་ཞེས་བྱེད་པའི་བར་དུ་འགྱུར་བ་དེ་ཞི་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཆོས་དཀོན་མཆོག་རྗེས་སུ་དྲན་པ་དང༌། དགེ་འདུན་དཀོན་མཆོག་རྗེས་སུ་དྲན་པ་ལ་ཡང་བརྗོད་བར་བྱའོ། །དེ་ལ་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་མཁྱེན་པའི་མཐུ་བརྙེས་པས་གནས་གྱུར་པ་ནི་སངས་རྒྱས་ཏེ། དེ་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང༌། བྲལ་བ་ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྒྱས་པ། མཐུ་སྟོབས་མཐའ་ཡས་པས་ཡོངས་སུ་བཟུང་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ལྷུན་གྱིས་གྲུབ་པར་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པའོ། །ཆོས་ནི་རྣམ་པ་གསུམ་སྟེ། བསྟན་པའི་ཆོས་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་ལ་


DTG136_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། སྒྲུབ་པའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་འཁོར་དང་བཅས་པ་དང༌། དོན་དམ་པའི་ཆོས་མྱ་ངན་ལས་འདས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའོ། །དེ་ལ་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའོ། །ད་ལྟར་གྱི་སྐྱེ་བ་འགགས་ནས་མ་འོངས་པའི་སྐྱེ་བ་མི་འབྱུང་བ་ནི་ཕུང་པོའི་ལྷག་མ་མེད་པའོ། །དགེ་འདུན་ནི་སྐྱེས་བུ་གང་ཟག་བརྒྱད་དེ། འཇུག་པ་བཞི་དང་འབྲས་བུ་ལ་གནས་པ་བཞིའོ། །ཕན་ཚུན་མི་ཕྱེད་པ་དང་སྟོན་པ་མི་ཕྱེད་པའི་ཕྱིར་དགེ་འདུན་ནོ། །ཡོན་ཏན་དང་ཉེས་པ་ཐམས་ཅད་མཆོག་ཏུ་ཕྱིན་པ་དང༌། བསལ་བའི་མཐར་ཕྱིན་པའི་གནས་པ་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་དེ་ལ་སྤུ་ཟིང་ཞེས་བྱེད་པ་དང༌། མཆི་མ་འབྱུང་བ་ལ་སོགས་པས་མཚོན་པའི་དང་བའི་མཚན་ཉིད་ནི་དད་པའོ། །རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཞི་བའི་བདག་ཉིད་དང༌། ཐོབ་པར་བྱེད་པ་དང༌། གསལ་བར་བྱེད་པའི་ཕྱིར་དང་བའི་མཚན་ཉིད་ནི་ཆོས་ལ་དད་པའོ། །འཁོར་བའི་འདམ་རྫབ་ལས་རྒལ་བ་དང༌། འཁོར་བའི་འདམ་རྫབ་ལས་རྒལ་བའི་ལམ་ལ་གནས་པའི་ཕྱིར། དགེ་འདུན་ལ་དང་བའི་བདག་ཉིད་ནི་དད་པའོ། །དད་པ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ་ཡོན་ཏན་ཅན་མ་ཡིན་པ་ལ་ཡིད་ཆེས་པའི་རྣམ་པ་དང༌། ཡོད་པའི་ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང༌། ཡོད་པ་ཡོན་ཏན་ཅན་ཐོབ་པའམ། སྐྱེད་ནུས་པ་ལ་འདོད་པའི་རྣམ་པའོ། །དེ་ལྟར་ན་འདོད་པའི་རྣམ་པ་ཡིན་པའི་ཕྱིར་སྲེད་པའམ། འདུན་པ་གང་ཡང་རུང་བ་ཞིག་ཏུ་མི་འགྱུར་རམ། དེ་ནི་དེ་ལྟ་མ་ཡིན་ཏེ། དགེ་བ་ཡུལ་ཡིན་པའི་ཕྱིར་སྲེད་པ་མ་ཡིན་ནོ། །འདུན་པ་ནི་དད་པ་སྔོན་དུ་འགྲོ་བ་ཡིན་པས་འདུན་པ་མ་ཡིན་ནོ། །སེམས་དང་བ་ཞེས་བྱ་བ་ལ་དད་པ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་ན་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་རྙོག་པ་མི་འབྱུང་སྟེ། དད་པ་ལ་བརྟེན་ནས་སེམས་དང་བར་འགྱུར་བས་སེམས་དང་བ་ཞེས་བྱ་སྟེ། ཆུ་དང་བར་བྱེད་པའི་ནོར་བུ་དང་འདྲ་བའི་ཆོས་


DTG136_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སེམས་ལས་བྱུང་བ་ལ་དང་བ་ཞེས་བྱའོ། །གཟུགས་དང་པའི་བདག་ཉིད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་དང་བ་ཞེས་བྱ་བ་སྨོས་ཏེ། གཟུགས་ནི་མ་ཡིན་ནོ། །དེ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མཐོ་བས་འཛེམ་པའོ་ཞེས་བྱ་བ་ནི་གང་ལ་བརྟེན་ནས་སུ་ཞིག་བྱ་བ་རྣམས་ལ་འཇུག་པ་དང༌། ལྡོག་པ་དེ་ནི་དེའི་དབང་དུ་བྱེད་པ་སྟེ། བདག་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དམ་པ་རྣམས་ཀྱིས་སྨད་པ་དང༌། རྣམ་པར་སྨིན་པ་མི་འདོད་པ་ཡིན་པས་སྡིག་པ་ཉིད་ཁ་ན་མ་ཐོ་བ་སྟེ། བྱས་ཀྱང་རུང་མ་བྱས་ཀྱང་རུང་བདག་གམ་ཆོས་ཀྱི་དབང་བདག་པོར་བྱས་ནས། ཁ་ན་མ་ཐོ་བ་དེས་སེམས་བག་འཁུམས་པ་ནི་འཛེམ་པའོ། །རིགས་དང་ཤེས་རྒྱ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་སྡིག་པ་བྱ་བར་མི་རིགས་པར་ཤེས་པས་བདག་འདི་ལྟ་བུར་གྱུར་པས་སྡིག་པ་འདི་ལྟ་བུ་ག་ལ་བྱ་ཞེའམ། བྱེད་པར་འགྱུར་བ་ལྟ་ག་ལ་རུང་སྙམ་པ་དང༌། མི་འདོད་པའི་རྣམ་པར་སྨིན་པར་འགྱུར་བ་དང༌། གཞན་ལ་གནོད་པར་བྱེད་པར་ཞུགས་པའི་ཕྱིར། ཆོས་ལས་ཀྱང་སྨད་པའོ། །ཞེས་དེ་ལྟར་ཇི་ཙམ་དུ་བདག་གམ་ཆོས་ལ་ལྟ་ཞིང་ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པ་དེ་ངོ་ཚ་ཤེས་པའོ། །འདི་ནི་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ན་འདི་ནི་སྨད་པ་སྟེ། བདག་ལ་ལས་འདི་ལྟ་བུ་རིགས་ན་སྨོད་པར་འགྱུར་རོ་ཞེས་ཚིགས་སུ་བཅད་པ་མ་ཡིན་པ་ལ་སོགས་པའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །འདི་ཡང་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ཉིད་དོ། །ངོ་ཚ་ཤེས་པ་དེ་ནི་ཉེས་པར་སྤྱོད་པར་བྱས་ན་ཡང་གདོན་མི་ཟ་བ་སྤོང་བས་ཡང་དག་པར་སྔོམ་པ་ཡིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་ཉེས་པར་སྤྱོད་པ་བྱས་ན་ཡང་གདོན་མི་ཟ་བར་དེ་སྤོང་བས་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་ནི་ཉེས་པར་སྤྱོད་པར་མ་བྱས་ན་ཡང་དག་པར་སྡོམ་པས་འདི་གཉིས་ནི་དེའི་རྟེན་བྱེད་པའི་ལས་ཅན་ཏེ། སྔོན་དུ་འདྲེན་པ་ཉིད་དོ། །མ་ཆགས་པ་གང་ཞེ་ན་ཞེས་


DTG136_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་མ་ཆགས་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་ལ་འཇུག་སྟེ། མེད་པ་དང༌། གཞན་པ་དང༌། གཉེན་པོ་ལའོ། །འདིར་ནི་གཉེན་པོ་ཉིད་ལ་འཇུག་གི་མེད་པ་དང༌། གཞན་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆགས་པའི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་སོ། །ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཡིད་འབྱུང་ཞིང་མི་ལེན་པའོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་ལ་རྟོག་པ་མཛད་པའོ། །ཆགས་པ་ཞེས་བྱ་བ་ནི་སྲིད་པ་དང༌། ལོངས་སྤྱོད་རྣམས་ལ་ཀུན་དུ་ཆགས་པ་དང་སྨོན་པ་གང་ཡིན་པའོ། །དེའི་གཉེན་པོ་ནི་མ་ཆགས་པ་སྟེ། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་དང་མི་ཕྱོགས་པའོ། །ཡིད་བྱུང་བ་ནི་སྲེད་པ་དང་ལོངས་སྤྱོད་ཀྱི་ཉེས་དམིགས་ཡོངས་སུ་ཤེས་པའི་ཕྱིར་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་མི་ཕྱོགས་པའོ། །མི་ལེན་པ་ནི་སྲིད་པ་དང་ལོངས་སྤྱོད་གཉི་ག་ལ་མ་ཆགས་པའོ། །ཡང་ན་མི་ལེན་པའི་བྱེ་བྲག་གི་ཕྱིར་ཡིད་བྱུང་བ་སྨོས་ཏེ། སྲིད་པ་དང༌། སྲིད་པའི་ཡོ་བྱད་རྣམས་ལ་མི་ཕྱོགས་པའི་རྣམ་པ་གང་ཡིན་པའི་མི་ལེན་པ་དེ་མ་ཆགས་པ་ཞེས་བྱའོ། །འདི་ནི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེ་སྡང་མེད་བ་གང་ཞེ་ན། ཞེ་སྡང་གི་གཉེན་པོ་སྟེ། བྱམས་པའོ་ཞེས་བྱ་བ་ལ་ཞེ་སྡང་ནི་སེམས་ཅན་རྣམས་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། དེའི་གཉེན་པོ་ནི་ཀུན་ནས་མནར་སེམས་པ་མེད་པའོ། །ཞེ་སྡང་གི་གཉེན་པོ་ནི་གཞན་དག་ཀྱང་ཡོད་པས་དེའི་ཕྱིར་བྱམས་པ་སྨོས་ཏེ། ཞེ་སྡང་གི་གཉེན་པོ་བྱམས་པའི་བདག་ཉིད་གང་ཡིན་པ་དེ་ནི་ཞེ་སྡང་མེད་པ་སྟེ། གཞན་ནི་མ་ཡིན་ནོ། །ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཏི་མུག་མེད་པ་གང་ཞེ་ན་གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ་ཞེས་བྱ་བ་ལ། དགེ་བའི་ཆོས་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀུན་དུ་འབྱུང་བ་དང་མི་མཐུན་པ་ཡིན་པས་གཉེན་པོ་ཡིན་ཏེ། དེའི་ཕྱིར་ཡང་དག་པ་ལ་ཡང་དག་པར་རྟོགས་པའི་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོགས་པར་རྟོགས་


DTG136_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཡང་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ཤེས་པ་དང་སོ་སོར་རྟོག་པའོ། །ཤེས་པ་ཡང་རྣམ་པར་སྨིན་པ་དང༌། ལུང་དང་བསམ་པ་དང༌། རྟོགས་པའི་རྒྱུའི་བྱེ་བྲག་གིས་རྣམ་པ་བཞིའོ། །སོ་སོར་རྟོག་པ་ནི་ཤེས་རབ་བསྟན་པ་དང་བཅས་པ་ཉིད་དོ། །བསྟན་པ་ཞེས་བྱ་བ་ནི་ཤེས་རབ་དང༌། བརྩོན་འགྲུས་དང་ཏིང་ངེ་འཛིན་རྣམས་ལ་བྱའོ། །དེ་ལ་ཤེས་རབ་ཀྱི་རྫས་གཉིས་འགྲོགས་མི་སྲིད་པས་བརྩོན་འགྲུས་སམ། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཤེས་རབ་ལ་སོ་སོར་རྟོག་པ་ཞེས་བྱ་སྟེ། གང་གི་སྟོབས་ཀྱིས་ཉོན་མོངས་པའི་ས་བོན་མ་བཏོན་མ་བཅོམ་ཡང་ཉོན་མོངས་པ་རྣམས་ཀྱི་སྐབས་མི་འབྱེད་པའོ། །འདིར་ཚིག་གི་དོན་ནི་འདི་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བདག་ཉིད་དང༌། སོ་སོར་རྟོག་པའི་བདག་ཉིད་ཀྱི་ཤེས་པ་ཁྱད་པར་ཅན་ནི་གཏི་མུག་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་གཏི་མུག་མེད་པ་ནི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་བྱ་བ་ལ་སྦྱོར་བ་དམན་པ་ནི་ལེ་ལོ་སྟེ། སྙོམ་ལས་བྱེད་ཅེས་བྱ་བའི་ཐ་ཚིག་གོ་དེ་ནི་དགེ་བ་དང་མི་དགེ་བ་ལ་སེམས་མི་སྤྲོ་བའོ། །དེའི་གཉེན་པོ་ནི་བརྩོན་འགྲུས་ཡིན་པས། དེའི་ཕྱིར་ལེ་ལོ་བཞིན་དུ་གཉི་གར་ཐལ་བར་འགྱུར་བ་རྣམ་པར་གཅད་པའི་ཕྱིར། བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་སྨད་པ་ཡིན་པའི་ཕྱིར་ལེ་ལོ་ཉིད་དོ། །ཉོན་མོངས་པ་ཅན་ལ་ཤིན་ཏུ་གོམས་པའི་ཕྱིར། །རང་གི་ངང་གིས་འཇུག་བཞིན་དུ་དེ་ལ་སྤྲོ་བར་བྱ་ཅི་དགོས་ཤེ་ན་ཕལ་ཆེར་ནི་དེ་ལྟ་མོད་ཀྱི། གང་དུ་སྤྲོ་བ་ལ་ལྟོས་པ་ཡང་ཅུང་ཟད་ཡོད་དོ། །དེ་ཡང་གང་དང་མཚུངས་པར་ལྡན་ན་གོ་ཆ་དང༌། སྦྱོར་བ་དང། མི་འགོད་པ་དང༌། མི་ལྡོག་པ་དང༌། ཆོག་པར་མི་འཛིན་པ་དང༌། དགེ་བའི་ཆོས་གཞན་རྣམས་ལ་ཡང་སེམས་མངོན་པར་སྤྲོ་བ་དེ་ནི་བརྩོན་འགྲུས་ཏེ། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་


DTG136_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་དངོས་གཞི་ལ་འཇུག་པ་ལྟ་བུའོ། །ཡོངས་སུ་སྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངས་སུ་སྦྱང་བར་བྱས་པའོ། །ཤིན་ཏུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བྱ་བ་ལ། ལུས་དང་སེམས་ཀྱི་གནས་ངན་ལེན་ནི་ལས་སུ་མི་རུང་བ་ཉིད་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་རྣམས་ཏི་གོ་རིམས་བཞིན་ནོ། །དེ་མེད་ན་ནི་ཤིན་ཏུ་སྦྱངས་པ་ཡོད་པའི་ཕྱིར་གཉེན་པོའོ། །ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི་ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །དེ་ལ་ལུས་ལས་སུ་རུང་བ་ནི་ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ལས་བྱུང་བའོ། །སེམས་ལས་སུ་རུང་བ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང་ཡང་བར་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་སེམས་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱ་བའོ། །ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱང་བར་རིག་པར་བྱ་སྟེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །འདིར་ལུས་ཤིན་ཏུ་སྦྱངས་པ་སེམས་ལས་བྱུང་བ་མ་ཡིན་དུ་ཟིན་ཀྱང་སེམས་ལས་བྱུང་བའི་སྐབས་ཡིན་པས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །ཡང་ན་ལུས་ལས་སུ་རུང་བན་ཡིད་ནི་སེམས་ལས་སུ་རུང་བ་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དེའི་ཕྱིར་སེམས་ལས་བྱུང་བ་མ་ཡིན་དུ་ཟིན་ཀྱང༌། འདིར་ལུས་ལས་སུ་རུང་བ་ཉིད་དུ་བརྗོད་དོ། །འདི་ནི་དེའི་དབང་གིས་གནས་འགྱུར་བས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་བ་མ་ལུས་པ་སེལ་བའི་ལས་ཅན་ནོ། །བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་བསྒོམ་པའོ་ཞེས་བྱ་བ་ལ་བག་མེད་པ་ནི། གང་གིས་ཉོན་མོངས་པ་རྣམས་ལས་སེམས་མི་སྲུང་ཞིང་དགེ་བ་རྣམས་འབྲི་བར་བྱེད་པའོ། །བག་ཡོད་པ་ནི་ཉོན་མོངས་པ་རྣམས་སྤོང་ཞིང་


DTG136_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཉེན་པོའི་ཆོས་རྣམས་ཀྱང་བསྒོམ་པ་སྟེ། དེའི་ཕྱིར་བག་ཡོད་པ་ནི་བག་མེད་པའི་གཉེན་པོར་བསྟན་པའོ། །མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ཞེས་བྱ་བ་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང་བཅས་པར་གཟུང༌། མ་ཆགས་པ་ལ་སོགས་པ་ནས་བརྩོན་འགྲུས་ལ་ཐུག་པའི་བར་དེ་དག་ལ་གནས་པ་ནི་བརྟེན་པ་དང༌། གནས་བཅས་ནས་མི་དགེ་བའི་ཆོས་རྣམས་སྤོང་བ་སྟེ། འདིས་ནི་མ་ཆགས་པ་ལ་སོགས་པ་ཐམས་ཅད་བག་ཡོད་པར་བསྟན་པ་ཡིན་ནོ། །མི་དགེ་བའི་ཆོས་རྣམས་ནི་ཟག་པ་དང༌། ཟག་པའི་གནས་ཡུལ་རྣམས་སུ་རིག་པར་བྱའོ། །དེ་ལ་ཟག་པ་རྣམས་སེལ་བ་དང༌། རྣམ་པར་གནོན་པ་དང༌། ས་བོན་ཡང་དག་པ་འདོན་པའི་བདག་ཉིད་ནི་སྤོང་བའོ། །ཡུལ་རྣམས་ནི་ཡོངས་སུ་སྤངས་པས་སྤོང་ངོ༌། །དེའི་གཉེན་པོ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ཀྱི་གཉེན་པོ་རྣམས་ཏེ། དེ་དག་ཀྱང་དགེ་བ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམས་སོ། །སྒོམ་པ་ནི་དེ་དག་གོམས་པར་བྱེད་པ་སྟེ། ཡང་དང་ཡང་མངོན་དུ་བྱེད་པའོ། །འདི་ལྟར་བརྩོན་འགྲུས་དང་བཅས་པའི་མ་ཆགས་པ་ལ་སོགས་པ་ལ་བརྟེན་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་ཀྱང་སྒོམ་པའི་ཕྱིར། བརྩོན་འགྲུས་ཡན་ཆད་དང་བཅས་པའི་མ་ཆགས་པ་ལ་བག་ཡོད་པ་གདགས་ཏེ། འདིས་ནི་གནས་དང་བཅས་པའམ། རྒྱུ་དང་བཅས་པ་ལ་བག་ཡོད་པ་གདགས་པར་བསྟན་པ་ཡིན་ནོ། །འདི་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཅན་ནོ། །དེ་ལ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་སྲིད་པ་དང༌། ལོངས་སྤྱོད་ཀྱི་ཁྱད་པར་རྙེད་པའོ། །འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཐོབ་པའོ། །བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་བག་ཡོད་པ་བཞིན་དུ་འདིར་ཡང་བཤད་པར་བྱའོ། །སེམས་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ནི་


DTG136_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ཀྱི་ཐོག་མ་དང་བར་དང་ཐ་མའི་དུས་བསྟན་ཏོ། །དེ་ལ་བྱིང་བ་དང་རྒོད་པ་ནི་སེམས་མི་མཉམ་པ་སྟེ། དེ་མེད་པས་ཐོག་མར་སེམས་མཉམ་པ་ཉིད་དོ། །དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་ཅིང་བསྒྲིམ་མི་དགོས་པར་མཉམ་པར་གཞོག་པའི་སེམས་ཀྱིས་ཅི་རིགས་པར་མཉམ་པར་འཇུག་པ་ནི་རྣལ་དུ་འདུག་པའོ། །དེའི་དུས་ན་ནི་བསྒོམས་ནས་རིང་པོ་མ་ལོན་པའི་ཕྱིར་བྱིང་བ་དང་རྒོད་པ་འབྱུང་བར་དོགས་པ་དང་ལྡན་ནོ། །དེའི་འོག་ཏུ་བསྒོམ་པ་ཁྱད་ཞུགས་པར་གྱུར་པས་དེའི་མི་མཐུན་པའི་ཕྱོགས་ཐག་རིང་དུ་གྱུར་པའི་ཕྱིར་གཉིས་འབྱུང་དུ་དོགས་པ་མེད་དེ། བྱིང་བ་དང་རྒོད་པའི་གཉེན་པོའི་རྒྱུ་རྣམས་ལ་རྩོལ་བ་མི་བྱེད་པས། སེམས་ལྷུན་གྱིས་གྲུབ་པར་གནས་སོ། །གང་གིས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས་ཞེས་བྱ་བ་ལ་གང་གིས་ཞེས་བྱ་བ་ནི་བཏང་སྙོམས་ཉིད་དང་སྦྱར་རོ། །ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་བཅས་པ་དག་གོ །དེ་དག་བསལ་ན་ཡང་མི་སྐྱེ་བའོ། །བཏང་སྙོམས་ནི་ཉོན་མོངས་པ་ཅན་དུ་གནས་པ་དང་མི་མཐུན་པས་གདོན་མི་ཟ་བར་དེས་འདོད་ཆགས་ལ་སོགས་པ་འབྱུང་བའི་གནས་མེད་དོ། །དེའི་ཕྱིར་དེས་བསལ་ཞེས་བརྗོད་དོ། །འདི་ལྟར་ཉོན་མོངས་པ་ཅན་དུ་གནས་པ་ནི་བཏང་སྙོམས་དང་མི་མཐུན་པས་དེའི་ཕྱིར་བཏང་སྙོམས་ལ་གནས་བ་ནི་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ་ཞེས་བྱ་བ་ལ་གསོད་པ་དང་འཆིང་བ་ལ་སོགས་པས་ཐོ་མི་འཚམས་ཤིང་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པ་ནི་རྣམ་པར་མི་འཚེ་བའོ། །རྣམ་བར་འཚེ་བའི་གཉེན་པོ་ནི་སྙིང་རྗེ་བ་སྟེ། བསོད་ཉམས་བསྲེལ་བའོ། །བསོད་ཉམས་ཞེས་བྱ་བ་ནི་བདེ་བ་སྟེ། བདེ་བ་བསྲེལ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་རྗེ་ཅན་གྱི་ཕ་རོལ་སྡུག་བསྔལ་ན་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །འདི་ཡང་བག་ཡོད་པ་བཞིན་དུ་བཏགས་པ་ཉིད་དོ། །ཞེ་སྡང་མེད་པའི་ཆ་ལ་བཏགས་བའི་ཕྱིར་རྫས་


DTG136_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོད་པ་ནི་མ་ཡིན་ནོ། །ཐོ་མི་འཚམས་པའི་ལས་ཅན་ནོ། །དགེ་བ་བཅུ་གཅིག་བཤད་ཟིན་ཏོ། །ཉོན་མོངས་པ་དྲུག་བརྗོད་པར་བྱ་བ་དེ་དག་བརྗོད་པར་བྱའོ། །འདོད་ཆགས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་པ་དང་ལྷག་པར་ཆགས་པའོ་ཞེས་བྱ་བ་ལ་ཟག་པ་དང་བཅས་པའི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལྔ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །དེ་ལ་གཟུགས་ཉེ་བར་ལེན་པའི་ཕུང་པོ་ནི་ཁམས་གཉིས་ཀྱི་གཟུགས་ཚོར་བ་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་ཁམས་གསུམ་པའི་ཚོར་བ་ལ་སོགས་པའོ། །འདིས་སྲིད་པ་གསུམ་དུ་སྲིད་པ་སྐྱེ་བའམ། ཡང་སྲིད་པའི་ལས་ལེན་པས་ན། སྲེད་པ་ལ་ཉེ་བར་ལེན་པ་ཞེས་བྱའོ། །ཉེ་བར་ལེན་པ་ལས་བྱུང་བ་དང༌། ཉེ་བར་ལེན་པ་ལ་རག་ལུས་པ་དང༌། དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །འཇེན་པ་དང་འདྲ་བས་ཞེན་པ་སྟེ། ཇི་ལྟར་འབྲུ་མར་ལ་སོགས་པའི་སྣུམ་རས་ལ་སོགས་པའི་གནས་ལ་ཞུགས་ཏེ་མཆེད་པ་ཤིན་ཏུ་བསྒྲིམས་ཀྱང་རང་གི་གནས་ནས་དབྱུང་བར་དཀའ་བ་དེ་བཞིན་དུ། འདོད་ཆགས་ཀྱང་རང་གི་དམིགས་པ་ལ་ཞུགས་ནས་མཆེད་པ་ནི་འབད་པ་ཆེན་པོས་ཀྱང་དམིགས་པ་དེ་དང་དབྲལ་བར་དཀའ་བས་ཞེན་པ་ཞེས་བྱའོ། །ལྷག་པར་ཆགས་བ་ནི་དེའི་རང་བཞིན་ཉིད་དོ། །ཡང་ན་རེག་བྱའི་ཁྱད་པར་ལ་ཡང་སྣུམ་པ་ཞེས་བྱ་བ་ཡོད་པ་དེ་དང་རྣམ་པར་དབྱེ་བའི་ཕྱིར་ལྷག་པར་ཆགས་པ་ཞེས་བྱ་བ་སྨོས་སོ། །འདི་ནི་སྡུག་བསྔལ་ཀུན་བསྐྱེད་པའི་ལས་ཅན་ནོ། །སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་ཇི་ལྟར་མཐུན་མཐུན་དུ་ཁམས་གསུམ་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་དུ་བརྗོད་དེ། སྡུག་བསྔལ་དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་དབང་གིས་མངོན་པར་འགྲུབ་པ་དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི་སྡུག་བསྔལ་ཀུན་བསྐྱེད་པར་བཤད་དོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་ལ་ཀུན་ནས་མནར་སེམས་


DTG136_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སེམས་ཅན་རྣམས་ལ་སེམས་རྩུབ་པ་སྟེ། དེས་ནོན་ན་སེམས་ཅན་རྣམས་ལ་གསོད་པ་དང༌། བཅིང་བ་ལ་སོགས་པའི་གནོད་པ་བྱ་བར་སེམས་པའོ། །འདི་ནི་རེག་པར་མི་གནས་པ་དང༌། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རེག་པ་ནི་བདེ་བ་སྟེ། དེ་དང་ལྷན་ཅིག་གནས་པ་ནི་རེག་པར་གནས་པའོ། །རེག་པར་གནས་པ་མ་ཡིན་བ་ནི་རེག་པར་མི་གནས་པ་སྟེ། སྡུག་བསྔལ་དང་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་ཀུན་དུ་འབྱུང་བའི་ཕྱིར་སེམས་ལ་གདུང་བར་འགྱུར་རོ། །སེམས་ཀྱི་རྗེས་སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བར་འགྱུར་བ་ཉིད་དེ། དེ་ལྟར་དེ་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་པ་དང་བཅས་པར་གནས་པར་འགྱུར་རོ། །ཞེ་འགྲས་པའི་སེམས་དང་ལྡན་པ་སྟེ། ཉེས་པར་སྤྱོད་པ་གང་དང་ཡང་རིང་བ་མ་ཡིན་པས་ཁོང་ཁྲོ་བ་ནི་རེག་པར་མི་གནས་བ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་དུ་བཤད་དོ། །ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་ཏེ་ཞེས་བྱ་བ་ལ། ང་རྒྱལ་ནི་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འབྱུང་བའི་སེམས་ཁེངས་པའི་མཚན་ཉིད་དེ། འདི་ལྟར་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་དངོས་པོར་སྒྲོ་བཏགས་ནས་འདི་ནི་བདག་གོ་འདི་ནི་བདག་གིའོ་ཞེས་དེ་དང་དེའི་ཁྱད་པར་གྱིས་བདག་ཁེངས་ཤིང་གཞན་དག་ལས་ལྷག་པར་རློམ་སེམས་པའོ། །འདི་ནི་མི་གུས་པ་དང༌། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མི་གུས་པ་ནི་བླ་མ་རྣམས་དང༌། གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་ལུས་དང་ངག་གི་སྲི་ཞུ་མེད་པའོ། །སྡུག་བསྔལ་འབྱུང་བ་ནི་འདིར་ཡང་སྲིད་པ་འབྱུང་བར་རིག་པར་བྱའོ། །དེ་ནི་སེམས་ཁེངས་པའི་ངོ་བོ་ཉིད་དུ་བྱེ་བྲག་མེད་ཀྱང་སེམས་ཁེངས་པའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་ཐ་དད་དེ། ང་རྒྱལ་བ་དང༌། ཆེ་བའི་ང་རྒྱལ་དང་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བ་བས་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་ཆེའོ་སྙམ་དུ་


DTG136_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཁེངས་པ་གང་ཡིན་པའམ། རིགས་ལ་སོགས་པས་མཚུངས་པ་ཉིད་ལ་དེ་དག་དང་བདག་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལོ། །ཆེ་བའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་མཚུངས་པས་གཏོང་བ་དང་ཚུལ་ཁྲིམས་དང༌། ཉམས་རྩལ་ལ་སོགས་པས་བདག་ཆེའོ་སྙམ་པའམ། རིགས་དང་ནོར་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ཆེ་བའི་ང་རྒྱལ་ཞེས་བྱའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་ཆེ་བ་བས་ཀྱང་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཞེས་བྱ་ལ། འདུན་པ་དང་འདོད་ཆགས་ནི་ཉེ་བར་ལེན་པ་སྟེ། མ་འོངས་པའི་ལུས་འདོད་པ་ནི་འདུན་པའོ། །ལྷག་པར་ཆགས་པ་ནི་འདོད་ཆགས་སོ། །དེ་ལ་མ་འོངས་པའི་ལུས་ནི་འདུན་པའི་སྒོ་ནས་ལེན་པའོ། །ད་ལྟར་གྱི་ཕུང་པོ་རྣམས་ལ་ནི་འདོད་ཆགས་ཀྱི་སྒོ་ནས་ཡོངས་སུ་མི་གཏོང་བར་ལན་ཏོ། །དེའི་ཕྱིར་འདི་གཉིས་ནི་ཉེ་བར་ལེན་པ་ཞེས་བྱ་སྟེ། འདི་དག་དང་ལྡན་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །ཉེ་བར་ལེན་པའི་ཕུང་པོ་བདག་དང་བདག་གི་དང་བྲལ་བ་དེ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་སེམས་ཁེངས་པ་གང་ཡིན་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ་ཞེས་བྱ་བ་ལ་མིའི་ཆོས་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་དང༌། དེས་བསྐྱེད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེའི་གཉེན་པོར་གྱུར་པ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་གང་ཡིན་པ་སྟེ། དེ་དག་ནི་མིའི་ཆོས་རྣམས་ལས་གོང་མའི་ཁྱད་པར་ཞེས་བྱའོ། །དེ་དག་ཐོབ་པར་བྱ་བ་ནི་རྙེད་པར་བྱ་བའོ། །ཁྱད་པར་ཐོབ་པར་བྱ་བ་རྙེད་པར་བྱ་བ་དེ་མེད་པར་བདག་གིས་


DTG136_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་ཁྱད་པར་ཐོབ་པར་བྱ་བ་འཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་མངོན་པའི་ང་རྒྱལ་ལོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པ་ཁྱད་ཆེས་འཕགས་པ་བས་རིགས་ལ་སོགས་པས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །རེ་ཞིག་མཚུངས་པ་དང་མཚུངས་སོ་སྙམ་པ་དང༌། མཚུངས་པ་བས་ཁྱད་པར་དུ་འཕགས་སོ་སྙམ་པའམ། ཁྱད་པར་ཅན་བས་ཀྱང་འཕགས་སོ་སྙམ་པ་ནི་ཁེངས་པའི་གནས་ཡིན་པས་ང་རྒྱལ་དུ་རིགས་ན། བདག་ཆུང་བར་མཐོང་བ་ཁེངས་པའི་གནས་སུ་ཅིའི་ཕྱིར་འགྱུར་ན་འདི་ལྟར་དེ་ལ་ང་རྒྱལ་ཞེས་བྱ་ཞེ་ན། ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་དམའ་བར་འཛིན་གྱི་ཇི་ལྟར་ཁྱད་ཆེ་བ་བཞིན་དུ། དམའ་བར་ནི་མི་འཛིན་པའི་ཕྱིར་དེ་ཉིད་ཁེངས་པའི་གནས་སོ། །ཡང་གང་དག་སེམས་ཅན་མཆོག་དམ་པའི་ཚོགས་ཀྱི་ནང་ན་བདག་དམའ་བར་འགྱུར་ནའང་ཐ་གིའོ་སྙམ་དུ་སེམས་ཁེངས་པ་དག་ཀྱང་ཡོད་དོ། །ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཡོན་ཏན་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་ལ་སོགས་པ་སྟེ། དེ་དག་སུ་ལ་ཡོན་ཏན་དང་མི་ལྡན་པའོ། །ཡང་ན་ཡོན་ཏན་མ་ཡིན་པ་ནི་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྟེ། སུ་ལ་ཡོད་པ་དེ་ཡོན་ཏན་མ་ཡིན་པ་དང་ལྡན་པའོ། །དེ་ལྟ་བས་ན་ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པའོ། །ཡོན་ཏན་མ་ཡིན་པ་དང་ལྡན་ཞེས་བྱ་བ་འདིས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་མེད་པར་ཡོན་ཏན་དང་ལྡན་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་མེད་པས་ན་ལོག་པའི་ང་རྒྱལ་ཞེས་བྱའོ། །མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་མི་ཤེས་པ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་དང༌། ཀུན་དུ་བརྟགས་པའོ་ཞེས་བྱ་བ་དེ་ལ་ལྷན་ཅིག་སྐྱེས་པ་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་གྱི་མ་འདྲེས་པའོ། །ཀུན་བརྟགས་པ་ནི་ཐེ་ཚོམ་དང༌།


DTG136_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ། །ལས་མི་ཤེས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མེ་གཡོ་བའི་ལས་ཡོད་པར་མི་ཤེས་པ་གང་ཡིན་པ་སྟེ། མི་རྟོགས་པ་དང༌། ཁོང་དུ་མི་ཆུད་པའོ། །འདི་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་ཡོད་པ་ཉིད་ལ་ཐེ་ཚོམ་ཟ་བའམ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་མེད་དོ་ཞེས་སྐུར་པ་འདེབས་པ་དང༌། བསོད་ནམས་ལ་བསོད་ནམས་མ་ཡིན་པར་འདུ་ཤེས་པ་རྣམས། ཕྱུགས་གསོད་ཅིང་མེར་འཇུག་པ་ལ་སོགས་པ་བྱེད་པ་དང༌། བསོད་ནམས་མ་ཡིན་པ་ལ་བསོད་ནམས་སུ་འདུ་ཤེས་པ་རྣམས་ཕྱུགས་གསོད་ཅིང་མེར་འཇུག་པར་བྱེད་པ་དང༌། ཐེ་ཚོམ་ཟ་བ་དང༌། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་གང་ཡིན་པ་དེ་ནི། ཀུན་དུ་བརྟགས་པའོ། །འདི་ནི་ཆོས་རྣམས་ལ་ལོག་པར་ངེས་པ་དང༌། ཐེ་ཚོམ་དང༌། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ནི་ལྟ་བ་ཞེས་བྱ་སྟེ། དེའི་ཕྱིར་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་སོགས་པ་ལ་ཡང་ལྟ་བ་ཐལ་བར་འགྱུར་བས། འདིར་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་ལ་བྱ་བར་བཞེད་པར་བསྟན་པའི་ཕྱིར། ལྟ་བ་ལྔ་སྟེ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་ཉོན་མོངས་པ་ཅན་ཉིད་དུ་བྱེ་བྲག་མེད་ཀྱང་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་ཐ་དད་པར་བསྟན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །འཇིག་པར་འགྱུར་བས་འཇིག་པའོ། །བསགས་པས་ཚོགས་ཏེ། འཇིག་པའི་ངང་ཅན་མང་པོ་ལ་ལྟ་བ་འདི་ནི་བདག་དང་བདག་གི་བ་མེད་པར་མིང་ཉིད་ཀྱིས་བསྟན་པ་ཡིན་ཏེ། བདག་ནི་རྟག་པ་དང། གཅིག་པུ་ཡིན་པར་བདག་ཏུ་སྨྲ་བ་རྣམས་ཁས་ལེན་ལ། འདི་ནི་མི་རྟག་པ་དང༌། དུ་མའི་ཡུལ་དུ་གྱུར་པའི་ཕྱིར་བདག་ཡུལ་མ་ཡིན་པར་བསྟན་པ་ཡིན་ནོ། །ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་བདག་དང་བདག་གིས་


DTG136_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ལྟ་བས་རྗེས་སུ་ལྟ་བ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལའོ་ཞེས་མདོ་ལས་གསུངས་སོ། །དེ་དག་གིས་ཀྱང་རང་གི་ངོ་བོར་རམ། འབྲས་བུའི་སྒོ་ནས་བདག་ཏུ་འདོགས་གྲང་ན། གྲངས་ཅན་རྣམས་ནི་བདག་ཤེས་པ་ཡོད་པའི་རང་གི་ངོ་བོ་ཡིན་པར་སེམས་ཏེ། དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བའི་རབ་ཏུ་དབྱེ་བ་ལ་མི་མཁས་པས་སེམས་དང་སེམས་ལས་བྱུང་བའི་ཚོགས་ཉིད་ཀྱི་སྤྱིར་ཤེས་པ་ཡོད་པ་ཞེས་ཟེར་ཏེ། དེའི་ཕྱིར་དེ་དག་གི་ཕུང་པོ་བཞི་ལ་ནི་བདག་ཡིན་པ་དང༌། གཟུགས་ཀྱི་ཕུང་པོ་ལ་ནི་བདག་གི་ཡིན་པར་རྟོགས་སོ། །བློའི་འཇུག་པ་མ་གཏོགས་པར་ཤེས་པ་ཡོད་པ་གཞན་ཞིག་ཡོད་པར་ནི་སེམས་ཀྱི་ཉམས་ཐ་མལ་པས་བརྗོད་པའམ་རྟོགས་པར་མི་ནུས་སོ། །ཚོར་བ་ལ་སོགས་པ་ཡང་དེ་བཞིན་ནོ། །གཅར་བུ་པ་ཁ་ཅིག་ནི་ཤེས་པའི་རང་གི་ངོ་བོ་བདག་ཡིན་ནོ་ཞེས་ཟེར་ཏེ། དེ་དག་གི་བདག་དང་བདག་གིར་འཛིན་པ་ཡང་གོང་དུ་བཤད་པ་བཞིན་དུ་བལྟ་བར་བྱའོ། །བྱེ་བྲག་པ་ལ་སོགས་པ་ནི་ལྟ་བ་ནས་སེམས་པའི་བར་གང་ཡིན་པ་དང༌། དེ་བཞིན་དུ་ཚོར་བར་བྱེད་པ་དང༌། འདུས་ཏེ་ཤེས་པར་བྱེད་པ་དང༌། དྲན་པར་བྱེད་པ་དང་སེམས་པར་བྱེད་པ་དང༌། རྣམ་པར་ཤེས་པར་བྱེད་པ་གང་ཡིན་པ་དེ་དག་ཡིན་ནོ་ཞེས་འབྲས་བུའི་སྒོ་ནས་བདག་ཏུ་སྟོན་ཏོ། །དེ་དག་ཀྱང་མིག་ལ་སོགས་པ་ཉིད་ལ་བདག་ཏུ་མངོན་པའི་ང་རྒྱལ་བྱེད་དེ། ཇི་ལྟར་དེ་མེད་པའི་ཕྱིར་མིག་མ་གཏོགས་པར་ལྟ་བ་གཞན་ནི་མེད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མཐོང་བ་ལ་སོགས་པ་ཞེས་བྱ་སྟེ། དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་མིག་གིས་མཐོང་ངོ་ཞེས་སྟོན་ཏོ། །དཔེར་ན་སྒྲའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས་དྲིལ་བུ་འཁྲོལ་ལོ་ཞེས་བྱ་བ་ལྟ་བུའོ། །འོ་ན་གང་ལས་མིག་གིས་གཟུགས་མཐོང་ཡང་ཡིད་དགའ་བར་ཡང་མི་འགྱུར། ཡིད་མི་དགའ་བར་ཡང་མི་འགྱུར་ཞེས་འབྱུང་བ་དེ་ལ་ཇི་སྐད་བྱ། དེར་ཡང་འདུས་པའམ་རྒྱུད་གང་ལ་བདག་གདགས་པ་དེ་ཉིད་ལ་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱའོ། །གཟུགས་སུ་སྣང་བ་ཉིད་ལ་གཟུགས་མཐོང་ངོ་ཞེས་བྱ་སྟེ། འདི་ལྟར་དེ་ཡོད་པ་དང༌། མེད་པ་ལ་གཟུགས་མཐོང་བ་དང༌།


DTG136_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་བར་རྣམ་པར་གཞག་གོ །ཐོས་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གང་ནས་ཚོར་བར་བྱེད་པས་ཚོར་བ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ཞེས་འབྱུང་བ་དེར་ཡང་རྣམ་པར་ཤེས་པ་མ་གཏོགས་པར་རྣམ་པར་ཤེས་པ་པོ་དགག་པའི་ཕྱིར་དངོས་པོ་ཙམ་ལ་བྱེད་པ་པོར་བསྟན་ཏོ། །ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་ཇི་ལྟར་གོང་དུ་བསྟན་པ་བཞིན་དུ་ཡུལ་དུ་སྣང་བའི་ཕྱིར་བྱེད་པ་པོར་བསྟན་ཏོ། །དངོས་པོ་ཐམས་ཅད་ནི་སྐད་ཅིག་མ་ཡིན་པས་བྱེད་པའི་དུས་ན་མི་གནས་པའི་ཕྱིར་བདག་ཐོབ་པ་མ་གཏོགས་པར་བྱེད་པ་གཞན་མེད་དོ། །བྱེད་པ་པོ་མེད་པར་ནི་བྱ་བ་མེད་དོ། །དངོས་པོ་རྣམས་བདག་ཐོབ་མ་ཐག་ཏུ་གལ་ཏེ་འཇིག་པར་མི་འགྱུར་ན་ནི་རྒྱུ་མེད་པའི་ཕྱིར་ཕྱིས་ཀྱང་འཇིག་པར་མི་འགྱུར་ཏེ། འཇིག་པ་པོ་དང༌། འཇིག་པ་ནི་ཕྱིས་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འཇིག་པ་རྒྱུ་དང་བཅས་པས་ཡོངས་སུ་རྟོག་ན་ཡང་འཇིག་པ་པོ་ཉིད་དམ། དེ་ལས་གཞན་པ་ཞིག་འཇིག་པའི་རྒྱུར་ཡོངས་སུ་བརྟག་གྲང་ན། ཕྱོགས་སྔ་མ་ལྟར་ན་ནི་དངོས་པོ་རྣམས་བདག་ཐོབ་མ་ཐག་ཏུ་འཇིག་པའམ། འཇིག་པ་མེད་པར་ཐལ་བར་འགྱུར་ཏེ། གང་གཞན་ལ་མི་ལྟོས་པ་དེ་ནི་སྔར་གང་གི་རྒྱུར་མ་གྱུར་པ་དེ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པས་ཕྱིས་ཀྱང་དེའི་རྒྱུར་མི་འགྱུར་བ་ཉིད་དོ། །ཕྱོགས་ཅིག་ཤོས་ལྟར་ན་ཡང་འཇིག་པའི་རྒྱུ་ངེས་པ་མེད་པར་འགྱུར་རོ། །འབྲས་བུ་བཞིན་དུ་འཇིག་པ་རྣམས་ཀྱི་རྒྱུ་ལ་ཡང་ངེས་པ་ཡོད་དོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འབྲས་བུ་རྣམས་ནི་ཕན་ཚུན་ཐ་དད་པའི་རང་གི་ངོ་བོ་ཡིན་པས་དེ་དག་གི་རྒྱུ་རྣམས་ཀྱི་ནུས་པ་ཡང་ཐ་དད་པ་ངེས་པ་ཡོད་པར་འགལ་བ་མེད་ཀྱི། འཇིག་པ་ནི་དངོས་པོར་བརྗོད་པ་མེད་པས་རང་བཞིན་བྱེ་བྲག་ཏུ་གྱུར་བ་མེད་ན་ངེས་པ་འདི་སུས་བྱས། དེ་ལྟ་བས་ན་འཇིག་པ་ཐམས་ཅད་ཀྱི་རྒྱུ་ཐམས་ཅད་ཡིན་པའམ། འཇིག་པ་ལ་རྒྱུ་མེད་པ་ཞིག་ཏུ་ཤེས་པར་བྱའོ། །ཡང་གལ་ཏེ་འཇིག་པ་འཇིག་པའི་རྒྱུའི་སྔ་རོལ་ན་ཡོད་པ་དེ་ལྟར་ན་ནི་འཇིག་པའི་རྒྱུ་དོན་མེད་པ་དང༌། དངོས་པོ་རྣམས་ཀྱང་ཞིག་བཞིན་དུ་སྐྱེ་བས་ཞིག་ཟིན་པ་


DTG136_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐྱེ་བར་ཐལ་བར་འགྱུར་རོ། །ཇི་སྟེ་འཇིག་པ་འཇིག་པའི་རྒྱུ་རྣམས་ཀྱི་སྔ་རོལ་ན་མེད་ན་དེ་ལྟ་ན་ཡང་དངོས་པོ་བཞིན་དུ་དངོས་པོ་མེད་པ་ཡང་སྔ་ན་མེད་པར་ཐལ་བར་འགྱུར་རོ། །གང་ལ་སྔ་ན་མེད་པ་ཡོད་པ་དེ་ནི་གདོན་མི་ཟ་བར་དངོས་པོ་ཡིན་པའི་ཕྱིར་ཞིག་ནས་མེད་པར་ཡང་འགྱུར་རོ། །དེ་ལྟར་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དངོས་པོའི་བདག་ཉིད་དམ་དངོས་པོ་མེད་བའི་བདག་ཉིད་དུ་ཐལ་བར་འགྱུར་རོ། །ཇི་སྟེ་ཞིག་ནས་མེད་པ་ཡང་ཞིག་ནས་མེད་པར་འགྱུར་ན། དེ་ལྟ་ན་ནི་ཞིག་ནས་མེད་པ་རྣམས་ཐུག་པ་མེད་པར་འགྱུར་བའི་ཕྱིར་དེའི་རྒྱུ་རྣམས་ཀྱང་འགྱུར་རོ། །དེ་ལྟར་མི་འདོད་ན་ནི་གཉི་ག་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་དངོས་པོ་ཞིག་ནས་མེད་པར་ཡང་འདོད་པར་མི་བྱའོ། །བྱ་བ་ཡང་དངོས་པོ་ལས་གཞན་ནམ་གཞན་མ་ཡིན་པར་བརྟག་གྲང་ན། གལ་ཏེ་གཞན་མ་ཡིན་ན་ནི་བདག་ཉིད་ཀྱི་བྱེད་པ་བོ་དང་ལས་སུ་མི་རིགས་སོ། །གལ་ཏེ་བདག་ཐོབ་ནས་བྱ་བ་བྱེད་ན་དེ་ནི་དེའི་བདག་ཉིད་དུ་གྱུར་པ་མ་ཡིན་ཏེ། གང་ཞིག་གང་མེད་པར་འབྱུང་བ་དེ་ནི་དེའི་བདག་ཉིད་དུ་གྱུར་པར་མི་རུང་ངོ༌། །བྱ་བས་སྟོང་ན་ཡང་བྱེད་པ་པོར་མི་རུང་ངོ༌། །བྱ་བ་དང་བྲལ་བ་ནི་བྱ་བ་དང་ལྡན་པ་ལས་གཞན་ཉིད་ཡིན་ན་བྱ་བ་བྱེད་པ་པོའམ། ལས་ཀྱི་བདག་ཉིད་དུ་ཇི་ལྟར་འགྱུར། བྱ་བ་དང་བྲལ་བ་དང་དེ་དང་ལྡན་པ་གཉིས་ཅིག་ཅར་དུ་མ་མཐོང་བའི་ཕྱིར་སྔ་མ་འཇིག་ལ་ཕྱི་མ་སྐྱེ་བར་ཁས་བླང་བར་བྱའོ། །ཇི་སྟེ་བདག་མ་ཐོབ་ན་དེ་ལྟར་ན་ཡང་བྱེད་པ་པོ་དང༌། བྱ་བ་ཡང་དེའི་བདག་ཉིད་དུ་འགྱུར་བར་མི་རུང་སྟེ། གཉི་ག་མེད་པའི་ཕྱིར་ཅི་ཡང་མ་ཡིན་ནོ། །གཞན་ཡང་གཅིག་ནི་བྱ་བ་དང་བྲལ་བ་ཡིན་ལ་ཅིག་ཤོས་ནི་བྱ་བ་དང་ལྡན་པའི་ཕྱིར་བྱེད་པ་པོ་མེད་དོ། །བྱེད་པ་པོ་མེད་ན་བྱ་བ་ཡང་མེད་དོ། །དེ་ལྟར་ན་རང་གི་ངང་གིས་འཇིག་པའི་ཕྱིར་སྐད་ཅིག་པ་ཉིད་དུ་ཁས་བླང་བ་ཡིན་ནོ། །བྱེད་པ་པོ་དང་ལས་གཉིས་ལས་བྱ་བ་གུད་ན་ཡང་མེད་དེ། བྱེད་པ་པོ་རྣམས་ཀྱིས་བྱ་བ་སྐྱེད་ལ། བསྐྱེད་པར་བྱ་བ་ཡིན་པས་ན་ལས་ཉིད་ཡིན་ནོ། །བྱ་བ་མེད་པར་ཡང་ལས་དང་བྱེད་


DTG136_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་བོར་མི་རུང་སྟེ། གདོན་མི་ཟ་བར་དེར་བྱ་བ་གཞན་ཡོང་པར་འགྱུར་རོ། །དེ་ལ་ཡང་གཞན་ཡོད་པར་འགྱུར་བས་བྱ་བ་དང་བྱེད་པ་པོ་རྣམས་ཐུག་པ་མེད་པར་འགྱུར་རོ། །ཇི་སྟེ་བྱ་བ་གཞན་ལ་མི་ལྟོས་པར་བྱ་བ་སྐྱེད་དོ་ཞེ་ན། དེ་ལྟ་ན་ནི་བྱ་བ་གཞན་དང་བྲལ་བའི་རྫས་ཉིད་སྐྱེད་པར་ཅིའི་ཕྱིར་མི་འདོད་ལ། དོན་གཞན་དུ་གྱུར་པ་རང་གི་ངོ་བོ་དང་ནུས་པ་ཡང་མ་མཐོང་བའི་བྱ་བ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། གལ་ཏེ་ཡང་བྱེད་པ་པོ་རྣམས་ཀྱིས་བྱ་བ་བསྐྱེད་ཀྱི་རྫས་ནི་མ་ཡིན་ན། དེ་ལྟ་ན་ནི་སྔ་ན་མེད་པ་དང༌། ཞིག་ནས་མེད་པ་གཉིས་བྱ་བ་ལ་ཡོད་ཀྱི་རྫས་ལ་མེད་པར་འགྱུར་ཏེ། རྫས་ཐམས་ཅད་ནི་རྟག་པའམ་མེད་པ་ཉིད་དུ་ཁས་བླང་བར་བྱའོ། །གལ་ཏེ་ཡང་བྱེད་པ་པོ་རྣམས་ལས་བྱ་བ་གཞན་ཞིག་ཡིན་ན་སྒྲུབ་པ་བྱ་བ་དང་བྲལ་བར་འགྱུར་ཏེ། དེ་ལྟ་ན་ནི་བྱ་བ་ལ་ཐུག་པ་མེད་པ་དང་སྒྲུབ་པ་ཡང་མེད་པར་འགྱུར་རོ། །སྒྲུབ་པ་མེད་པའི་ཕྱིར་བྱ་བ་ཡང་མེད་པར་འགྱུར་ཏེ། སྒྲུབ་བ་མེད་ན་བྱ་བ་མེད་དོ། །ཡང་གལ་ཏེ་འགྲོ་བ་པོ་ལས་འགྲོ་བ་གཞན་པ་དང༌། འབྲས་རྣམས་ལས་ཚོས་པ་གཞན་དུ་གྱུར་ན། དེ་ལྟ་ན་ནི་སྔོན་གྱི་གནས་ལས་འགྱུར་བ་མེད་པའི་ཕྱིར་འགྲོ་བ་པོ་ཡུལ་གཞན་དུ་ཕྱིན་པ་མེད་པ་དང༌། འབྲས་ཀྱང་གནས་པ་མེད་པར་འགྱུར་རོ། །ཇི་སྟེ་ཡང་བྱ་བ་ཉིད་རང་གི་གཞིར་འགྱུར་བའི་རྒྱུ་ཡིན་པས་སྔོན་གྱི་གནས་ལས་འགྱུར་བ་མ་བཀག་གོ་ཞེ་ན། འགྱུར་བ་ཞེས་བྱ་བ་ནི་སྔོན་ལས་རང་བཞིན་བྱེ་བྲག་ཏུ་འགྱུར་བ་ཡིན་ལ། དེ་ཡང་གཞན་དུ་འགྱུར་བ་མེད་པར་མི་འབྱུང་སྟེ། དེ་ལྟ་བས་ན་སྔ་མ་དང་ཕྱི་མ་གཉིས་ཅིག་ཅར་ཡོད་པ་མ་ཡིན་པས་གདོན་མི་ཟ་བར་སྔར་ཞིག་ལ་དུས་ཐ་དད་པ་མེད་པར་ཕྱི་མ་སྐྱེ་བར་ཁས་བླང་བར་བྱའོ། །དེ་ལྟར་ན་བྱ་གཞི་མེད་པ་དང་མི་གནས་པའི་ཕྱིར་འགྱུར་བའི་རྒྱུར་ག་ལ་འགྱུར། དེ་ལྟ་བས་ན་བདག་ཐོབ་མ་ཐག་ཏུ་འཇིག་པ་ཅན་གཡོ་བ་མེད་པ་ནང་ན་བྱེད་པའི་སྐྱེས་བུ་མེད་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཉིད་ཡོད་པ་ཙམ་གྱིས་སྔ་མ་མེད་པའི་ཕུང་པོ་གཞན་རྣམས་ལ་རྟག་པ་དང༌། བྱེད་པ་པོ་དང་ཟ་བ་པོར་འཛིན་པ་སྔོན་དུ་བཏང་བའི་བདག་དང་བདག་གིར་འཛིན་གྱི། འདི་བདག་དང་བདག་གི་ལ་ནི་མ་ཡིན་ནོ། །བདག་


DTG136_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་གིར་ཞེས་བྱ་བ་ནི་མཐར་འཛིན་པའི་ལྟ་བ་རྣམ་པར་གཅོད་པའོ། །ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་འབྱེད་པའོ། །ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་རྨོངས་པར་མ་གྱུར་ན། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་མི་འགྱུར་ཏེ། དེའི་ཕྱིར་གཏི་མུག་དང་མཚུངས་པར་ལྡན་པ་དང་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕྱིར་ཉོན་མོངས་པ་ཅན་ནོ། །དེ་ལ་རང་གི་རྒྱུད་དུ་གྱུར་པ་རྣམས་ལ་ནི་བདག་ཏུ་ཡང་དག་པར་རྗེས་སུ་ལྟ། གཞན་གྱི་རྒྱུད་དུ་གྱུར་པ་དང་མ་ཟིན་པ་རྣམས་ལ་ནི་བདག་གིར་ཡང་དག་པར་རྗེས་སུ་ལྟའོ། །གང་གི་ཚེ་བདག་གི་རྒྱུན་དུ་གྱུར་པ་རྣམས་ཀྱི་ཕྱོགས་གཅིག་ལ་བདག་ཏུ་ལྟ་བའི་ཚེ་གཞན་ལ་ནི་བདག་གིར་ལྟའོ། །འདི་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བའི་སྟོབས་ཀྱིས་དེའི་འབྱུང་བའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ནི་དེ་ལ་དབང་བྱེད་དོ། །རྟག་པའམ་ཆད་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་དངོས་པོ་གང་ལ་བདག་ཏུ་དམིགས་པ་དེ་ཉིད་ལ་སྟེ། རྟག་པ་ནི་ཐེར་ཟུག་གོ །ཆད་པ་ཞེས་བྱ་བ་ལ་ཆད་པ་ནི་འདིར་ཉིང་མཚམས་སྦྱོར་བ་མེད་པར་འཇིག་པའོ། །ཡང་དག་པར་རྗེས་སུ་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །འདི་ནི་དབུ་མའི་ལམ་གྱི་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །དབུ་མའི་ལམ་ནི་རྟག་པ་དང་ཆད་པར་འཛིན་པ་སྤངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ། །རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་པ་འདེབས་པ་དང་ཡོད་པའི་དངོས་པོ་འཇིག་པ་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ཡང་ཁྱད་པར་ཅན་ལ་བྱའི། ཐམས་ཅད་ལ་ནི་མ་ཡིན་ནོ། །འདི་ནི་དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང༌། མི་དགེ། བའི་རྩ་བ་དམ་དུ་འཛིན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་ལ་དམ་པར་འཛིན་པས་ལྟ་བ་མཆོག་ཏུ་འཛིན་པའོ། །ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་


DTG136_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལོག་པར་ལྟ་བའོ་ཞེས་བྱ་བ་ནི་ལྟ་བ་པོའི་ལུས་ཞེས་བྱ་བ་གང་ཡིན་པ་དག་སྟེ། གང་དག་ལ་བརྟེན་ནས་ལྟ་བ་རྣམས་འབྱུང་བའོ། །དེའི་གནས་ལ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པ་ཞེས་བྱ་བ་ནི་མཆོག་ལ་སོགས་པའི་སྒྲ་དེ་དག་དོན་མཚུངས་མོད་ཀྱི། གཅིག་གིས་གཅིག་བཤད་པའི་ཕྱིར་སྨོས་སོ། །འདི་ནི་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ཏེ། ལྟ་བའི་མཚན་ཉིད་ལ་མངོན་པར་ཞེན་པ་ཡོན་ཏན་གྱི་ངོ་བོར་འཛིན་པས་དེ་ཡོངས་སུ་མི་གཏོང་བའི་སྒྲོ་ནས་འདི་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པར་བཤད་པ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ། འཆལ་བའི་ཚུལ་ཁྲིམས་སྤོང་བ་ནི་ཚུལ་ཁྲིམས་སོ། །ཆ་བྱད་དང༌། ཚུལ་དང༌། ལུས་དང༌། ངག་གི་འཇུག་པ་ངེས་པར་བྱེད་པ་ནི་བརྟུལ་ཞུགས་སོ། །ཕུང་པོ་གང་དག་ལ་བརྟེན་ནས་ཚུལ་ཁྲིམས་སམ་བརྟུལ་ཞུགས་འབྱུང་བའི་ཕུང་པོ་དེ་དག་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་སོ། །ལྟ་བ་ངན་པ་ལ་ཡོན་ཏན་དུ་བཟུང་ནས་དེ་མངོན་དུ་འགྲོ་བའི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་ལ་དམ་པར་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཆོག་ཏུ་འཛིན་པ་སྔར་བཤད་དོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་འདིས་སྡིག་པའི་དྲི་མ་སེལ་ཞིང་དག་པར་བྱེད་པས་དག་པའོ། །འདིས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་བྱེད་པས་གྲོལ་བའོ། །འདིས་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པས་ངེས་པར་འབྱུང་བའོ། །ངེས་པར་འབྱིན་པ་ནི་ཐར་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་རྟོག་པའོ། །ཚུལ་ཁྲིམས་སམ་བརྟུལ་ཞུགས་བདག་པོ་ལ་སོགས་པའི་རྣམ་པར་མངོན་པར་ཞེན་པའི་བདག་ཉིད་ཀྱི་ཤེས་རབ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཉོན་མོངས་པ་ཅན་ནི་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར་རོ། །འདི་ནི་ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཐེ་ཚོམ་གང་ཞེ་ན། བདེན་པ་ལ་སོགས་པ་ལ་གང་ཡིན་གཉིས་


DTG136_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ནི་ལས་དང་འབྲས་བུ་དང༌། དཀོན་མཆོག་རྣམས་བསྡུའོ། །ཡིན་ནམ་མ་ཡིན་ཞེས་སོམ་ཉི་ཡོད་པ་ནི་ཡིད་གཉིས་ཟ་བའོ། །འདི་ཤེས་རབ་ལས་རང་བཞིན་ཐ་དད་པར་བལྟ་བར་བྱ་སྟེ། འདི་ནི་དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་དུ་ཞིག་ནི་ཀུན་དུ་བརྟགས་པ་ཁོ་ན་ཡིན། དུ་ཞིག་ལྷན་ཅིག་སྐྱེས་པ་དང༌། ཀུན་དུ་བརྟགས་པ་ཡིན་ཞེ་ན། ལྟ་བ་གསུམ་པོ་དེ་དག་ནི་གོང་མ་ལ་ཡང་འགོལ་བས་དེའི་ཕྱིར་འོག་མ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་ལོག་པར་ལྟ་བ་དང༌། ལྟ་བ་ལ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འདི་དག་ཉི་ཚེ་ཀུན་དུ་བརྟགས་པ་ཡིན་པར་མ་ཟད་ཀྱི། ཐེ་ཚོམ་ཡང་ཀུན་དུ་བརྟགས་པའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང༌། ཀུན་དུ་བརྟགས་པའོ་ཞེས་བྱ་བ་ནི་གཉི་གའོ། །ལྷག་མ་རྣམས་གང་ཞེ་ན། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། གཏི་མུག་དང༌། ང་རྒྱལ་རྣམས་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བའོ། །ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་དགོས་པས་དེ་དག་བཤད་པར་བྱའོ། །འཕྲལ་དུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བྱ་སྟེ། མ་འོངས་པ་དང་འདས་པ་ལ་ནི་མ་ཡིན་ནོ། །གནོད་པར་བྱེད་པ་ལ་གནས་ཏེ་ཞེས་བྱ་བ་ནི་གནོད་པར་བྱེད་པ་གཟུང་སྟེ། འདིས་ནི་ཁྲོ་བོའི་ཡུལ་བསྟན་ཏོ། །ཁྲོ་བོ་ནི་དེ་ལྟར་ཉིད་གནོད་པར་བྱེད་པའི་དངོས་པོ་ལ་འཇུག་གི །གཞན་དུ་ནི་མ་ཡིན་ནོ། །སེམས་ཀྱི་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་འདིས་ནི་རྣམ་པར་ཤེས་པ་དང་འབྲེལ་བ་ཅན་དང་རང་གི་ངོ་བོ་ཡང་བསྟན་ཏོ། །འདི་ནི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི། འདི་ནི་ཁོང་ཁྲོ་བའི་ཆའི་ཁྱད་པར་ལ་བཏགས་པའི་ཕྱིར་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་དེ། འཕྲལ་དུ་གནོད་པར་བྱེད་པའི་དབང་དུ་བྱས་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །དབྱུག་པ་ལེན་པ་


DTG136_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་གང་ཡིན་པ་དེ་ཁྲོ་བ་ཞེས་གདགས་སོ། །ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་བྱས་སོ་ཞེས་ཤར་གཉེར་བའི་བདག་ཉིད་དེའི་མདུད་པར་འཛིན་པ་མི་གཏོང་བར་རྒྱུན་དུ་འབྱུང་པ་ནི་ཁོ་ན་དུ་འཛིན་པ་སྟེ། མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །མི་བཟོད་པ་ནི་གནོད་པར་བྱེད་པ་ལ་ཇི་མི་སྙམ་པར་མི་བྱེད་ཀྱི། ཕྱིར་གནོད་པ་བྱེད་འདོད་ཅེས་བྱ་བའི་ཐ་ཚིག་གོ །འདི་ཡང་ཁྲོ་བ་བཞིན་དུ་ཞེ་སྡང་གི་གནས་ཀྱི་ཁྱད་པར་ལ་བཏགས་པ་ཡིན་པས་བཏགས་པའི་ཡོད་པར་རིག་པར་བྱའོ། །འཆགས་པ་ནི་འདུན་པ་དང༌། ཞེ་སྡང་དང༌། འཇིགས་བ་ལ་སོག་པ་བསལ་ཏེ། དེ་ལ་ཕན་པར་འདོད་པའི་གླེང་བར་བྱེད་པས་དུས་སུ་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་བསྙད་པ་ལ་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོབ་མ་ཁྱུད་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའི་རྣམ་པ་ཡིན་པས་གཏི་མུག་གི་ཆར་གཏོགས་པ་ཉིད་དེ། འདི་ནི་འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་ནི་ཆོས་ཉིད་ཡིན་ཏེ། འདི་ལྟར་ཁ་ན་མ་ཐོ་བ་མཁྱུད་ན་འགྱོད་པར་འགྱུར་རོ། །འགྱོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་འགྱུར་བས་རེག་པར་མི་གནས་སོ། །ཚིག་བརླང་པོ་ཞེས་བྱ་བ་ནི་མཚང་འབྲུ་བའི་ཚུལ་གྱིས་ཞེ་གཅོད་པ་དང༌། ཚིག་རྩུབ་པོ་ཞེར་འདེབས་པར་བྱེད་པའི་ངང་ཚུལ་ནི་ཞེར་འདེབས་པ་སྟེ། དེའི་དངོས་པོ་ནི་ཞེར་འདེབས་པ་ཉིད་དོ། །ཚིག་བརླང་པོས་ཟ་བ་དང་འདྲ་བར་ཚིག་བརླང་པོར་ཞེར་འདེབས་པ་ཉིད་ནི་འཚིག་པའོ། །འདི་ཡང་ཁྲོ་བ་དང༌། ཁོ་ན་དུ་འཛིན་པ་སྔོན་དུ་འགྲོ་བ་སེམས་ཀྱི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་དེ། རྫས་སུ་ཡོད་པ་ནི་མ་ཡིན་ནོ། །འདི་ནི་ངག་གི་ཉེས་པར་སྦྱོང་བ་སྐྱེད་པའི་ལས་ཅན་དང༌། རེག་པར་མི་གནས་པའི་ལས་ཅན་ཏེ་དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ། །ཕྲག་དོག་ནི་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། རིགས་དང༌། ཚུལ་ཁྲིམས་དང༌། ཐོས་པ་ལ་སོགས་པའི་ཡོན་ཏན་མཐོང་ནས་ཞེ་སྡང་གི་ཆར་མངོན་པར་གཏོགས་པའི་སེམས་ཁོང་ནས་འཁྲུགས་པ་སྟེ། རང་གི་བསམ་པ་ལ་ཁྱབ་པར་འཁྲུགས་པས་ཁོང་ནས་


DTG136_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའོ། །འདི་ནི་ཡིད་མི་བདེ་བ་དང༌། རེག་པར་མི་གནས་པའི་ལས་ཅན་ནོ། །ཟིན་པའི་དངོས་པོ་ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་རྣམས་གང་གི་ཕྱིར་མཆོད་པ་དང༌། ཕན་འདོགས་པར་འདོད་པས་འདོད་པའམ། མི་འདོད་པ་ལ་ཡང་རུང་སྟེ་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ། །དེ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་ལ་ཞེན་ནས་འཚོ་བའི་ཡོ་བྱད་རྣམས་ལ་འདོད་ཆགས་ཀྱི་ཤས་ཀྱིས་སེམས་ཀྱིས་ཀུན་ཏུ་འཛིན་པ་དང༌། ཡོངས་སུ་མི་གཏོང་བར་འདོད་པ་ནི་སེར་སྣའོ། །འདི་ནི་ཡོ་བྱད་མ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཡོ་བྱད་མ་བསྙུངས་པ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སོགས་པའི་ཕྱིར་རོ། །རྒྱུ་གང་ཞེ་ན། གཞན་ལ་སླུ་བའི་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ་ཞེས་བྱ་བ་ནི་རྙེད་པ་དང༌། བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་ལ་སླུ་བའི་བསམ་པས་ཚུལ་ཁྲིམས་ལ་སོགས་པའི་དོན་གཞན་དུ་གནས་ལ་གནས་གཞན་དུ་སྟོན་པ་སྟེ། འདི་ནི་འདོད་ཆགས་དང་གཏི་མུག་གཉིས་ཀྱིས་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྟོན་པས་ན་དེ་གཉིས་འདུས་པ་ལ་གདགས་ཏེ། ཁྲོ་བོ་ལ་སོགས་པ་བཞིན་དུ་བཏགས་པ་ཉིད་ཡིན་གྱི། རྫས་སུ་ནི་མེད་དོ། །ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ཏེ། ལུས་དང་ངག་གི་ཚུལ་འཆོས་པས་ཟིན་པའི་མལ་ཆ་ལ་སོགས་པ་ཉེ་བར་འཚོའི། ཡང་དག་པའི་རྩོལ་བས་རྙེད་པས་ནི་མ་ཡིན་པ་ནི་ལོག་པས་འཚོ་བ་ཞེས་བྱའོ། །གཡོ་གང་ཞེ་ན། བདག་གི་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ། སེམས་གྱ་གྱུ་བའོ་ཞེས་བྱ་བ་ལ་བདག་གི་ཉེས་པ་བཅབ་པའི་ཐབས་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེ་ཡང་གཞན་ནས་གཞན་དུ་བསྒྱུར་ཞིང་གཏམ་རླུང་སྐུར་བ་དང༌། བསལ་བར་མི་བྱེད་པའོ། །དེའི་ཕྱིར་གཡོ་དང་འཆབ་པ་གཉིས་ཐ་དད་དེ། དེ་ནི་དངོས་སུ་མཁྱུད་པར་བྱེད་པའོ། །འདི་ནི་བདག་གི་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་གྱ་གྱུ་བ་ནི་མི་དྲང་བ་སྟེ། དེ་དང་ལྡན་ན་སེམས་ལམ་དྲང་པོར་མི་འཇུག་གོ །འདི་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་དེ་གཉིས་ཀྱི་བདག་


DTG136_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེས་པ་བཅབ་པའི་ཕྱིར་མགོ་རྨོངས་པར་བྱེད་པས་དེ་གཉིས་འདུས་པ་ལ་དེ་གདགས་སོ། །འདི་ནི་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །ཡང་དག་པའི་གདམས་ངག་ནི་གང་རྙེད་ན་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེའི་བར་ཆད་བྱེད་པའོ། །རྒྱགས་པ་གང་ཞེ་ན། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་བར་དུ་དགའ་བ་སྟེ། སེམས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ནི་རིགས་དང་ནད་མེད་པ་དང༌། གཟུགས་དང༌། ལང་ཚོ་ལ་བབ་པ་དང༌། སྟོབས་དང༌། ཕྱུག་པ་དང༌། བློ་དང༌། ཡིད་གཞུངས་པ་ལ་སོགས་པ་མཆོག་ཏུ་གྱུར་པ་ནི་རང་གི་ཕུན་སུམ་ཚོགས་པའོ། །རབ་ཏུ་དགའ་བ་ནི་དགའ་བའི་བྱེ་བྲག་གོ །སེམས་ཡོངས་སུ་འཛིན་པ་ཞེས་བྱ་བས་ནི་དགའ་བའི་བྱེ་བྲག་ཉིད་སྟོན་ཏེ། དགའ་བའི་བྱེ་བྲག་གང་གིས་སེམས་རང་དབང་མེད་པར་བྱེད་པ་དེས་དེ་བདག་གི་དབང་དུ་བྱ་བ་བྱེད་པས་ཡོངས་སུ་འཛིན་པར་འགྱུར་ཏེ། དེའི་ཕྱིར་སེམས་ཡོངས་སུ་འཛིན་པ་ཞེས་བཤད་དོ། །འདིར་ནི་མདོར་ན་དགའ་བའི་བྱེ་བྲག་དང་ལྡན་པའི་སྲེད་པའི་རྣམ་པ་ལ་རྒྱགས་པ་ཞེས་བྱའོ། །འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་འཚེ་བ་ནི། གསད་པ་དང༌། བཅིང་བ་དང༌། བརྡེག་པ་དང༌། བསྡིགས་པ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱིས། སེམས་ཅན་རྣམས་ལ་འཚེ་བས་རྣམ་པར་འཚེ་བ་སྟེ། འདིས་གསད་པ་དང༌། བཅིང་བ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེད་པའི་ཕྱིར། རྣམ་པར་ཐོ་འཚམས་པའོ། །དེ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སྙིང་བརྩེ་བ་མེད་པ་དང༌། སྙིང་རྗེ་མེད་པ་དང༌། བརྩེ་བ་མེད་པའོ། །སྙིང་བརྩེ་བ་མེད་པ་ལ་སོགས་པ་འདི་དག་ཀྱང་གསོད་པ་ལ་སོགས་པ་བདག་ཉིད་ཀྱིས་བྱེད་པ་དང༌། བྱེད་དུ་འཇུག་པ་དང་གཞན་དག་བྱེད་པ་མཐོང་ངམ། ཐོས་ན་རྗེས་སུ་ཡི་རང་བ་རྣམས་དང་གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །ཡང་ན་གཅིག་གིས་གཅིག་བཤད་དོ། །འདི་ནི་མདོར་ན་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སེམས་ཅན་རྣམས་ལ་སེམས་རྩུབ་པ་དང༌། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་


DTG136_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་ཅན་ནི་རྣམ་པར་འཚེ་བ་ཞེས་བྱའོ། །ངོ་ཚ་མེད་པ་ནི་འདི་ལ་ངོ་ཚ་མེད་པ་སྟེ། དེ་གང་དང་ལྡན་ན་དེ་སྐད་ཅེས་བྱ་བ་དེ་ངོ་ཚ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་ངོ་ཚ་མེད་པ་སྟེ། ལས་དེ་བདག་གི་ཆ་མ་ཡི་ན་ཤེས་ཀྱང་གང་ཁ་ན་མཐོ་པས་མི་འཛེམ་པ་དེ་ངོ་ཚ་མེད་པའོ། འདིས་ཁྲེལ་ལྟས་བྱེད་པས་ཁྲེལ་ཡོད་པས་ཏེ། དེ་ལས་བཟློག་པ་ནི་ཁྲེད་མེད་པའོ། །འདི་གཉིས་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །བྱ་བ་ངན་པ་ཐམས་ཅད་ཀྱི་རྒྱུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྣམ་པ་རྣམས་ཇི་ལྟར་མཐུན་མཐུན་དུ་གདགས་ཏེ། འདོད་ཆགས་དང༌། ཞེ་སྡང་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །འདི་གཉིས་ནི་རང་གི་རྒྱུད་ནི་མེད་དོ། །རྨུགས་པ་གང་ཞེ་ན། སེམས་ལས་སུ་མི་རུང་བ་སྟེ། བློང་བ་ཉིད་དོ་ཞེས་བྱ་བ་ལ་བློང་བ་ཉིད་ནི་རྣམ་གྲངས་གཞན་གྱིས་བསྟན་པའོ། །བློང་བའི་དངོས་པོ་ནི་བློང་བ་ཉིད་དེ། དེ་དང་ལྡན་ན་སེམས་བླུན་པར་གྱུར་ནས་མི་གཡོ་བ་བཞིན་དུ་དམིགས་པ་རྟོགས་པར་མི་ནུས་པའོ། །འདི་ཡང་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །གཏི་མུག་གི་ཆ་ལ་གདགས་པས་བཏགས་པ་ཉིད་ཡིན་གྱི་རྫས་སུ་ནི་མ་ཡིན་ནོ། །རྒོད་པ་གང་ཞེ་ན། སེམས་མ་ཞི་བའོ་ཞེས་བྱ་བ་ལ་ཞི་བ་ནི་ཞི་གནས་ཏེ། དེ་དང་མི་མཐུན་པ་ནི་མ་ཞི་བའོ། །དེ་ཡང་འདོད་ཆགས་དང་མཐུན་པ་སྔོན་དགོད་དགོད་པ་དང༌། རྩེ་རྩེ་བ་ལ་སོགས་པ་དྲན་པའི་འདོད་ཆགས་ཀྱི་ཆར་གཏོགས་པ་སེམས་མ་ཞི་བའི་རྒྱུ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །དད་པའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ། དད་པ་ནི་ཡོད་པ་དང༌། ཡོན་ཏན་ཅན་དང༌། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང༌། དང་བ་དང་འདོད་པའོ། །དེ་ལས་བཟློག་པ་ནི་མ་དང་པ་སྟེ། དད་པ་མེད་པ་ནི་སྦྱོར་བ་ལ་འདུན་པ་མེད་པས་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །ཉལ་བ་དང་གཉིད་པ་དང་འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ་སེམས་མི་སྤྲོ་བ་དེ་ནི་ལེ་ལོ་སྟེ། ངན་པ་ལ་སྦྱོར་བས་ནི་ལེ་ལོའོ། །


DTG136_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་བརྩོན་འགྲུས་ནི་དགེ་བའི་ཕྱོགས་ལ་སྦྱོར་བ་ལ་སེམས་མངོན་པར་སྤྲོ་བའོ། །དེའི་མི་མཐུན་པའི་ཕྱོགས་ཡིན་པས་ལེ་ལོ་སྟེ། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བག་མེད་པ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་ཇི་སྐད་དུ་བཤད་པ་རྣམས་ལ་བཏགས་ཏེ་མི་དགེ་བ་འཕེལ་བ་དང་དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྗེད་ངས་པ་གང་ཞེ་ན། དྲན་པ་ཉོན་མོངས་པ་ཅན་དེ་ཞེས་བྱ་བ་ལ་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ། །དགེ་བ་ལ་མི་གསལ་བ་ཞེས་བྱ་བ་ལ། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་ནི་ཉོན་མོངས་པ་དང་ཡུལ་ཐ་དད་པ་མ་ཡིན་པས་དགེ་བ་ལ་སེམས་གསལ་བར་བྱེད་མི་ནུས་ཏེ། གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་གཡེང་བ་ནི་འདིས་སེམས་སྣ་ཚོགས་སུ་གཡེང་བར་བྱེད་པའོ། །འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་དེ་དག་གིས་སེམས་ཏིང་ངེ་འཛིན་གྱི་དམིགས་པ་ལས་ཕྱི་རོལ་ཏུ་འཕྲོ་བར་བྱེད་པ་སྟེ། དེ་དག་ལ་ཇི་ལྟར་མཐུན་མཐུན་དུ་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་གཡེང་བ་གདགས་སོ། །འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང༌། ངག་དང་ཡིད་ཀྱི་སྤྱོད་པ་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ།། །།ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། བམ་པོ་གསུམ་པ། འགྱོད་པ་གང་ཞེ་ན། ཡིད་ལ་གཅགས་པའོ་ཞེས་བྱ་བ་ལ་ངན་པ་བྱས་པས་འགྱོད་དེ་དེའི་དངོས་པོ་ནི་འགྱོད་པ་ཉིད་དོ། །ངན་པ་བྱས་པའི་ཡུལ་ལ་སེམས་མི་དགའ་བ་སྟེ། སེམས་ལས་བྱུང་བའི་སྐབས་ཡིན་པས་འགྱོད་པ་ཞེས་བྱའོ། །འདོད་པ་དང་མི་འདོད་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། དུས་དང་དུས་མ་ཡིན་པ་དང༌། རང་མི་རིགས་པ་བྱས་སམ་མ་བྱས་ཀྱང་རུང་སྟེ། གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་ཡིད་


DTG136_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅགས་པ་ནི་འགྱོད་པ་སྟེ། འདི་ནི་སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །མངོན་པར་དགའ་བ་སྔོན་དུ་འགྲོ་བའི་བྱེད་པ་གང་ཡིན་པ་དེ་ནི་འདོད་པའོ། །མི་འདོད་པ་ནི་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་པ་གང་ཡིན་པ་དང༌། ཉོན་མོངས་པའི་ཟིལ་གྱིས་ནོན་ནས་བྱེད་པ་གང་ཡིན་པའོ། །དུས་ནི་ཇི་སྲིད་དུ་མ་སྤངས་པའོ། །དུས་མ་ཡིན་པ་ནི་དེ་ལས་ཐལ་བའོ། །རིགས་པ་ནི་གནས་ཡིན་པའོ། །མི་རིགས་པ་ནི་གནས་མ་ཡིན་པའོ། །དེ་ལ་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ།། འདིར་ནི་གཏི་མུག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པས་བསྡུས་པ་ཁོ་ན་གཟུང་ངོ༌། །གཉིད་གང་ཞེ་ན། འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ་ཞེས་བྱ་བ་ལ་འཇུག་པ་ནི་དམིགས་པ་ལ་འཇུག་པའོ། །དེ་ཡང་སེམས་ཀྱི་རང་དབང་མེད་པ་གང་ལས་འབྱུང་བ་ཉིད་ཅེས་བྱའོ། །ཡང་ན་ལུས་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་རང་དབང་མེད་པ་དེ་གང་ལས་བྱུང་བ་དེ་གཉིད་ཅེས་བྱའོ། །གཞན་གྱིས་ཀྱང་སེམས་ཀྱི་འཇུག་པ་རང་དབང་མེད་པར་འགྱུར་བས་དེའི་ཕྱིར་སེམས་སྡུད་པ་ཞེས་བྱ་བ་སྨོས་སོ། །གཞན་གྱིས་ཀྱང་སེམས་སྡུད་པར་འགྱུར་བས་སེམས་ཀྱི་འཇུག་པ་རང་དབང་མེད་པ་ཞེས་བྱ་བ་སྨོས་སོ། །སེམས་སྡུད་པ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་མི་འཇུག་པའོ། །དེ་ཡང་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །གཉིད་ཀྱི་རྒྱུ་ཉི་ཉམས་ཆུང་བ་དང༌། ངལ་བ་དང༌། ལུས་ལྕི་བ་དང༌། མུན་པའི་མཚན་མ་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ་འབྱུང་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །འདིར་ནི་མི་དགེ་བ་ཉིད་གཏི་མུག་གི་ཆར་གཏོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །རྟོག་པ་གང་ཞེ་ན། ཀུན་དུ་ཚོལ་བའི་ཡིད་ཀྱི་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་ཀུན་དུ་ཚོལ་བ་ནི་འདི་ཅི་ཡིན་ཞེས་ཀུན་དུ་རྟོག་པའི་རྣམ་པར་ཞུགས་པའོ། །ཡིད་ཀྱི་རང་བཞིན་གྱི་བརྗོད་པ་ནི་ཡིད་ཀྱི་བརྗོད་པའོ། །བརྗོད་པ་དང་འདྲ་བས་བརྗོད་པ་སྟེ་དོན་བརྗོད་པའོ། །སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་


DTG136_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་ནི་གང་གིས་སེམས་ཀུན་དུ་གཡོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཤེས་རབ་ནི་ཡོན་ཏན་དང་ཉེས་པ་འབྱེད་པའི་རྣམ་པ་ཡིན་པས་དེའི་དབང་གིས་ཀྱང་སེམས་འཇུག་པས་ན་བར་འགའ་སེམས་དང་སེམས་པ་ལ་རྟོག་པ་གདགས། འགའ་ནི་ཤེས་རབ་དང་སེམས་ལ་སྟེ། མངོན་པར་མི་རྟོག་པ་དང༌། མངོན་པར་རྟོགས་པའི་དུས་དང་གོ་རིམས་བཞིན་ནོ། །ཡང་ན་སེམས་པ་དང་ཤེས་རབ་ཉིད་ལ་གདགས་ཏེ། དེའི་དབང་གིས་དེ་ལྟར་འཇུག་པའི་ཕྱིར་རོ། །ཚུལ་འདི་ནི་དཔྱོད་པ་ལ་ཡང་བལྟ་བར་བྱའོ། །སེམས་རྩིང་བའོ་ཞེས་བྱ་བ་ལ་ཆེ་ལོང་སྟེ། དངོས་པོ་ཙམ་ཀུན་དུ་ཚོལ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པ་ཡིད་ཀྱི་དཔྱོད་པ་སྟེ་ཞེས་བྱ་བ་ནི་སྔར་ཁོང་དུ་ཆུད་པ་ལ་འདི་ནི་འདིའོ་ཞེས་དཔྱོད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གང་སེམས་ཞི་བ་བའོ་ཞེས་བྱ་བ་ལ་དེ་བཞིན་དུ་ཞེས་བྱ་བ་ནི། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གོ །དངོས་པོ་ལ་སོ་སོར་རྟོག་པའི་རྣམ་པ་ཡིན་པས་ཞི་བ་པ་ཞེས་བྱའོ། །འདི་གཉིས་ནི་རེག་པར་གནས་པ་དང༌། རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་གཉིས་ནི་སེམས་རྩིང་བ་དང་ཞིབ་པར་རྣམ་པར་གནས་པ་ཐ་དད་དུ་དབྱེའོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་བདག་ཉིད་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་བདག་ཉིད་དོ་ཞེས་བཤད་པ་དེ་ལ་སེམས་ལས་བྱུང་བ་རྣམས་བཤད་ཟིན་ཏོ། །ད་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་བརྗོད་དགོས་པས་དེའི་ཕྱིར། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། དྲིས་པ་བཞིན་དུ་གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་དེ་དག་སྤྱིར་བསྟན་ཏེ། དེ་དག་ནི་མི་ལྡན་པའི་འདུ་བྱེད་ཡིན་པར་སྐབས་ཀྱིས་སྦྱར་རོ། །གཟུགས་ལ་སོགས་པའི་གནས་སྐབས་པས་རང་གི་ངོ་བོ་གུད་ན་མེད་པས། དེ་དག་ནི་གཟུགས་ལ་སོགས་པའི་གནས་སྐབས་ལ་ཐ་སྙད་གདགས་པའི་ཕྱིར་བཏགས་པའོ། །དེའི་ཕྱིར་རྟེན་


DTG136_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཡིན་པས་གནས་སྐབས་བཞིན་དུ་དེ་ཉིད་དང་གཞན་དུ་མི་གདགས་ཏེ། གནས་སྐབས་དང་གནས་སྐབས་ཅན་གཅིག་དང༌། དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། གནས་སྐབས་ཅན་ལ་འབྲས་བུ་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྤྱིར་བསྟན་ནས་ཁྱད་པར་ཁོང་དུ་ཆུད་པར་འདོད་ནས། དེ་དག་ཀྱང་གང་ཞེ་ན་ཞེས་དྲིས་པ་དང་ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཞེས་བྱ་བ་དེ་དག་གི་ཁྱད་པར་རྒྱ་ཆེར་བསྟན་ཏོ། །དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་ཅན་དག་སྟེ། གཞན་གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་དག་ཀྱང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སུ་རིག་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། འཇུག་པ་དང༌། སོ་སོར་ངེས་པ་དང༌། འབྱོར་པ་དང༌། མགྱོགས་པ་དང༌། གོ་རིམས་དང༌། རུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་ཚོགས་པ་ལ་སོགས་པའི་རང་གི་ངོ་བོ་སོ་སོར་དམིགས་ཀྱིས་དབྱེ་བའི་ཕྱིར། ཐོབ་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་པ་དང༌། རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔོན་མ་ཐོབ་པ་ཐོག་མ་ཉིད་དུ་ཐོབ་པ་ནི་རྙེད་པའོ། །རྙེད་པ་རྣམས་སྐད་ཅིག་གཉིས་པ་ལ་སོགས་པར་ཡོད་པ་ནི་ལྡན་པ་སྟེ། ཡང་དག་པར་རྗེས་སུ་འགྲོ་བ་ནི་ལྡན་པ་ཞེས་བྱའོ། །དེ་ལྟར་ན་ཐོབ་པའི་སྒྲ་ནི་རྙེད་པ་དང་ལྡན་པ་ལ་ཡང་སྙེགས་པར་བསྟན་པ་ཡིན་ནོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང༌། རྣམ་པ་གསུམ་དུ་དབྱེའོ། །ཅི་རིགས་སུ་སྦྱར་རོ་ཞེས་བྱ་བ་དེ་ལ་རིགས་པ་ནི་འདི་ཡིན་ཏེ། སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་དབང་གི་དུས་ཀྱི་བར་དུ་ས་བོན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་ནི་རྙེད་པ་དང་ལྡན་པ་གཉི་གར་བརྗོད་པ་ཡིན་ནོ། །དབང་དང་མངོན་དུ་གྱུར་པ་ནི་ལྡན་པ་ཡིན་ནོ། །ས་བོན་ཅི་ལ་བྱ་ཞེ་ན། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པར་ཤེས་པ་ལ་མ་འོངས་པ་ན་དེ་དང་རིགས་གཅིག་པའི་ཆོས་ཀྱི་རྒྱུ་བསྐྱེད་པའི་ནུས་པའི་བྱེ་བྲག་ནི་ས་བོན་ནོ། །ས་བོན་རྙེད་ནས་དེ་ལ་རག་ལས་པའི་


DTG136_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མངོན་དུ་མ་གྱུར་ཀྱང་དེའི་ས་བོན་གང་ཡིན་པ་དེ་ཐོབ་པ་ཞེས་བྱའོ། །དབང་ནི་དེའི་རྐྱེན་ལ་ལྟོས་ནས་རྒྱུན་གྱི་འབྲས་བུ་བསྒྲུབ་པའི་གནས་སྐབས་སོ། །མངོན་དུ་གྱུར་བ་ནི་དེའི་འབྲས་བུ་གྲུབ་པའི་དུས་སོ། །འདུ་ཤེས་མེད་པའམ་འདུ་ཤེས་མེད་པ་རྣམས་ཀྱི་སྟེ། འདུ་ཤེས་མེད་པར་སྙོམས་བར་འཇུག་པའམ། འདུ་ཤེས་མེད་པ་རྣམས་ཀྱི་སྙོམས་པར་འཇུག་པ་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ། །བསམ་གཏན་གསུམ་པ་ནི་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །དེ་ལ་གང་དགེ་རྒྱས་ལས་འདོད་ཆགས་དང་བྲལ་བ་དེ་ནི་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའོ། །གོང་མ་མ་ཡིན་པ་ནི་བསམ་གཏན་གསུམ་པ་ལས་གོང་དུ་གྱུར་པ་བསམ་གཏན་བཞི་པ་སྟེ། བསམ་གཏན་བཞི་པ་ལ་འདོད་ཆགས་དང་མ་བྲལ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པ་སུ་ལ་ཡོད་པ་དེ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་སྟེ། འདུ་ཤེས་མེད་པ་ལ་ཐར་བར་འདུ་ཤེས་པའམ། སྙོམས་བར་འཇུག་པ་ལ་དེའི་ལམ་དུ་འདུ་ཤེས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེའི་ཕྱིར་འབྱུང་བའི་འདུ་ཤེས་ནི་ཐར་པའི་འདུ་ཤེས་སམ། དེའི་ལམ་དུ་འདུ་ཤེས་པའོ། །འདིར་ནི་སུན་འབྱིན་པའི་རྣམ་པ་ལ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པ་ཞེས་བྱ་བར་འདོད་དེ། དེ་ཉིད་ཀྱི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགགས་སུ་ཟིན་ཀྱང་འདུ་ཤེས་མེད་པ་ཉིད་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བསྟན་ཏེ། འདི་ལྟར་འདུ་ཤེས་ཉིད་ལ་སུན་འབྱིན་པས་སེམས་དང་སེམས་ལས་བྱུང་བ་མ་ལུས་པར་འགག་པའི་གནས་སྐབས་སུ་འགྱུར་རོ། །སེམས་དང་སེམས་ལས་བྱུང་བའི་ཆོས་བརྟེན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་བརྟེན་པ་མ་ཡིན་པ་རྣམས་ནི་འཇུག་པའི་རྣམ་པར་ཤེས་པར་བསྡུས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམ་པར་ཤེས་པའི་ཚོགས་


DTG136_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་དག་སྟེ། གང་གི་ཕྱིར་སེམས་མེད་པའི་དུས་ཐམས་ཅད་ན་མེད་པ་དང༌། སེམས་དང་བཅས་པའི་དུས་རྣམས་ན་ཡང་གང་གི་ཕྱིར་ནི་རྟག་ཏུ་ཡོད་པ་མ་ཡིན་པ་དེ་དག་བརྟན་པ་མ་ཡིན་པ་རྣམས་སོ། །བརྟན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པ་སྟེ། གཏན་དུ་ཡོད་པའི་ཕྱིར་རོ། །ཟག་པ་མེད་པའི་ལམ་གྱི་བདེན་པ་ལ་སྙོམས་པར་འཇུག་པའི་དུས་དང༌། འགོག་པ་ལ་སྙོམས་པར་འཇུག་པའི་དུས་དང༌། མི་སློབ་པའི་དུས་མ་གཏོགས་པར་དུས་གཞན་ཀུན་ན་ཡོད་པའི་ཕྱིར་བརྟན་པ་མ་ཡིན་པ་རྣམས་ཞེས་བྱེ་བྲག་སྨོས་སོ། །གང་འགོག་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། འདིས་འགག་པར་བྱེད་པས་ན་འགོག་པའོ། །དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་ཀུན་དུ་འབྱུང་བ་དང་མི་མཐུན་པའི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་བྱ་སྟེ། དེ་ལྟར་ན་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གདགས་པར་བསྟན་པ་ཡིན་ནོ། །སྙོམས་པར་འཇུག་པའི་སེམས་ཀྱིས་དེ་མ་ཐག་པའི་སེམས་གཞན་སྐྱེ་བ་དང་མི་མཐུན་པའི་ལུས་སྐྱེད་པའི་ཕྱིར་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའོ་ཞེས་བྱ་བ་ནི། སྲིད་པའི་རྩེ་མོ་ལས་གྱེན་དུ་མ་བསྐྱོད་ཀྱང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སོ་སོ་སྐྱེ་བོའི་ཡང་ཡོད་པས་དེའི་ཕྱིར་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་བྱ་བ་སྨོས་སོ། །སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁ་ཅིག །འབྲས་བུ་ལ་གནས་པ་དང་འཇུག་པ་ཡང་ཡོད་པས། དེའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་སྨོས་སོ། །གོང་མའི་འདོད་ཆགས་དང་བྲལ་བ་ཞེས་མ་བརྗོད་པ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ཡང་འགོག་པ་ལ་སྙོམས་པར་འཇུག་པ་ཡོད་པའི་ཕྱིར་རོ། །


DTG136_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་དང་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་བྱ་བ་གཉི་ག་སྨོས་པས་ནི་འདི་འཕགས་པ་ཕྱིར་མི་འོང་བའམ། དགྲ་བཅོམ་པའི་སྙོམས་པར་འཇུག་པ་ཡིན་གྱི། སོ་སོའི་སྐྱེ་བོ་ནི་མ་ཡིན་པར་བསྟན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་མི་བསྐྱོད་དོ། སྲིད་པའི་རྩེ་མོ་ལས་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་མེད་པའི་ཕྱིར་རོ། །མཐོང་བའི་ལམ་ཟག་པ་མེད་པ་ནི་སྲིད་པའི་རྩེ་མོའི་གཉེན་པོ་ཡིན་ཏེ། དེའི་ཕྱིར་འཕགས་པ་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང༌། བསྒོམ་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱིར་མ་ཆགས་པས་སྲིད་བའི་རྩེ་མོ་ལས་བསྐྱོད་པའོ། །གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་བྱ་བ་ལ་འགོག་པའི་སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་པ་མ་ཡིན་གྱི་གནས་པའི་འདུ་ཤེས་སྔོན་དུ་བཏང་བས་སོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྲིད་པའི་རྩེ་མོ་བ་སྟེ། འཕགས་པ་རྣམས་ནི་སྲིད་པ་ལས་འབྱུང་བའི་འདུ་ཤེས་མི་འཇུག་གི །འདུ་ཤེས་དང་ཚོར་བས་ཡོངས་སུ་སྐྱོ་ནས་དེ་མེད་པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ལ་ཞི་བར་གནས་པའི་འདུ་ཤེས་སུ་འགྱུར་རོ། །གནས་སུ་མཉམ་པའི་འདུ་ཤེས་ནི་གནས་པའི་འདུ་ཤེས་སོ། །འདིས་གནས་པར་བྱེད་པས་གནས་པ་སྟེ། དུས་གཞན་དུ་སྡོད་ཅེས་བྱ་བའི་ཐ་ཚིག་གོ །སྙོམས་པར་འཇུག་པའི་ཁྱད་པར་མྱ་ངན་ལས་འདས་པ་དང་འདྲ་བས་གནས་པར་བྱའོ་སྙམ་པའི་འདུ་ཤེས་མངོན་པར་འདུ་བྱེད་པའི་ཡིད་ལ་བྱེད་པ་ནི་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །སྲིད་པའི་རྩེ་མོ་པ་དེ་ནི་ཕྲ་བའི་ཕྲ་བ་སྟེ། དེ་མ་ཐག་ཏུ་འགོག་པའི་སྙོམས་པར་འཇུག་པ་མངོན་དུ་འགྱུར་བའི་ཕྱིར་རོ། །བརྟན་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་འགོག་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་བཞི་དང་གཅིག་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སུ་གོ་རིམས་བཞིན་ནོ། །བརྟན་པ་རྣམས་ལས་ཀྱང་


DTG136_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ཅེས་བྱ་བ་ལ་བརྟན་པ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པར་བསྡུས་པ་དག་ཀྱང་ཡོད་པས་དེའི་ཕྱིར་ཁ་ཅིག་ཅེས་བྱ་བ་སྨོས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་འགོག་པའི་སྙོམས་པར་འཇུག་པ་དང༌། མི་སློབ་པའི་དུས་མ་གཏོགས་པར་ཟག་པ་དང་བཅས་པའི་སྤྱོད་པ་ཐམས་ཅད་ན་གནས་པའི་ཚུལ་ཅན་ཡིན་པས་བརྟན་པའོ། །འགོག་པ་གང་ཡིན་པའོ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པས་བྱས་པ་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་ས་བོན་ལ་གནོད་པ་བྱེད་པ་གང་ཡིན་པ་སྟེ། འདིས་འཇུག་པའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དུས་གཞན་ན་མི་འབྱུང་བར་འགོག་པས་འགོག་པ་ཞེས་བྱའོ། །དེ་ལྟར་ན་སྙོམས་པར་འཇུག་པའི་སེམས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་ཉམས་པར་བྱས་པའི་གནས་སྐབས་ལ་འགོག་པའི་སྙོམས་པར་འཇུག་པ་གདགས་སོ། །འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་ལྷ་དེ་དག་ནི་འབྲས་བུ་ཆེ་བ་ཞེས་བྱ་བ་རྣམས་ཏེ། བསམ་གཏན་བཞི་པའི་གནས་གཞན་གསུམ་པའོ། །དེ་དག་གི་གོང་ན་ཁང་ཁྱིམ་ལྟ་བུར་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་གནས་ཡོད་པ་དེར་སྐྱེས་པའི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ནི་འདིའི་རང་བཞིན་ངེས་པར་བཟུང་བ་སྟེ། དེར་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་ཆོས་བསྟན་པ་མ་ཡིན་པ་རྣམས་རང་གི་གནས་ལ་རང་གི་རིགས་ཀྱི་སེམས་དང་སེམས་ལས་བྱུང་བའི་ས་བོན་ལ་གནོད་པར་བྱེད་པ་ནི་སྲབ་པ་བས་ཀྱང་ཆེས་སྲབ་བར་འགྱུར་ཞིང་ཐ་མར་ཤིན་ཏུ་སྲབ་པའི་བར་དུ་གྱུར་ནས་རང་གི་གནས་ལ་ས་བོན་ཉམས་པར་བྱས་པའི་ཕྱིར་སེམས་གཞན་དང་སྦྱོར་མི་ནུས་སོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་བརྟན་བ་མ་ཡིན་པ་རྣམས་


DTG136_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གནས་ལས་མི་འབྱུང་སྟེ། ས་བོན་ཉམས་པར་གྱུར་བའི་དུས་དེ་ན་གནས་ལ་འདུ་ཤེས་མེད་པ་གདགས་སོ། །དེ་ལྟར་ན་གནས་ཀྱི་དུས་ཉིད་ལ་བྱ་སྟེ། འདིས་འགོག་པར་བྱེད་པས་ན་འགོག་པའོ། །སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས་གང་འདུ་བྱེད་རྣམས་ཀྱི་གནས་བའི་དུས་ངེས་པའོ་ཞེས་བྱ་བ་ནི་འདིས་འཚོ་བར་བྱེད་པས་སྲོག་གོ །རིས་མཐུན་པ་དེ་ཉིད་དུ་གནས་བར་དབང་བྱེད་པའི་ཕྱིར་དབང་པོ་ཞེས་བྱའོ། །རིས་ནི་སེམས་ཅན་གྱི་ཚོགས་སོ། །སྐལ་བ་མཚུངས་པ་ནི་མཐུན་པ་སྟེ། འདྲ་ཞེས་བྱ་བའི་ཐ་ཚིག་གོ ། རིས་མཐུན་པས་རིས་མཐུན་པ་སྟེ། འགྲོ་བ་ཐ་དད་པ་དང༌། ལས་ཐ་དད་པས་ཐ་དད་པར་གྱུར་པའི་རིས་མཐུན་པ་དེ་དག་ཏུ་སོ་སོའི་ཚེ་གཅིག་གི་ཕུང་པོའི་རྒྱུན་གང་ཡིན་པ་དེ་རིས་མཐུན་པ་ཞེས་བྱའོ། །དེ་ཡང་སྔོན་བསགས་པའི་དགེ་བ་དང་མི་དགེ་བ་དང༌། མི་གཡོ་བའི་ལས་ཀྱིས་འཕངས་པ་ནི་ལས་ཀྱིས་བསྐྱེད་པའོ། །གང་གནས་པའི་དུས་ངེས་པ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་བའི་རིས་མཐུན་པས་བསྡུས་པའི་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་གནས་པ་ཞེས་བྱའོ། །གནས་པ་དེའི་དུས་ངེས་པ་ནི་འདིས་རིས་མཐུན་པ་དེར་ལོ་བརྒྱའམ། ལོ་སྟོང་ངམ། དུས་ཇི་སྲིད་དུ་གནས་པར་འགྱུར་བ་དེ་གནས་པའི་དུས་ངེས་པའོ། །དེ་ལྟར་ན་གནས་པའི་དུས་ངེས་པའི་རང་བཞིན་ལ་ཚེ་ཞེས་བསྟན་པ་ཡིན་ནོ། །དེའི་གནས་ནི་སྔོན་བསགས་པའི་ལས་ཀྱིས་འཕངས་པས་ནུས་པའི་ཁྱད་པར་ཅན་གྱི་འདུ་བྱེད་བརྟན་པ་ཀུན་གཞི་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་རྣམས་སོ། །རིས་མཐུན་པ་གང་ཞེ་ན་གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ་ཞེས་བྱ་བ་ལ་སེམས་ཅན་ནི་ལྷ་དང་མི་ལ་སོགས་པ་འགྲོ་བ་ལྔར་གཏོགས་པ་རྣམས་སོ། །དེ་དག་གི་བདག་གི་དངོས་པོར་གང་ལ་འཛིན་པ་དེ། སེམས་ཅན་རྣམས་ཀྱི་ལུས་ཡིན་ཏེ། དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཉིད་དམ། ཕུང་པོ་བཞིའི་བདག་ཉིད་དོ། །འདྲ་ཞེས་བྱ་བ་ནི་མཚུངས་པའོ། །དེ་ནི་འདི་སྐད་དུ་འགྲོ་བ་དང་གནས་དང་ལུས་ལ་སོགས་པ་ཐ་དད་པས་ཐ་དད་པ་ནི་སེམས་ཅན་རྣམས་ཀྱི་འགྲོ་བ་དང༌། གནས་དང་ལུས་ཐ་དད་པའི་གཞི་སེམས་ཅན་རྣམས་ཀྱི་ལུས་ཕན་ཚུན་འདྲ་བ་གང་ཡིན་པ་དེ་ལ་རིས་མཐུན་པ་གདགས་སོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་


DTG136_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞེ་ན། རིས་མཐུན་པར་གང་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བའོ་ཞེས་བྱ་བ་ལ། རིས་མཐུན་པ་སྨོས་པ་ནི་འདུ་བྱེད་ཙམ་གྱི་འབྱུང་བ་ལ་སྐྱེ་བ་ཞེས་མི་བྱའི། རིས་མཐུན་པར་གྱུར་པའི་འདུ་བྱེད་གང་ཡིན་པ་དེ་དག་ཉིད་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་ཞེས་བྱ་སྟེ། ཐམས་ཅད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གང་དག་དངོས་པོ་ལ་སྐྱེས་པ་མེད་པ་དང༌། ཞིག་པ་མེད་པ་རྣམས་ཀྱི་སྐྱེ་བ་དོན་གཞན་དུ་འགྱུར་པ་དང་བྱེད་པ་ལས་དུས་རྣམ་པར་གཞག་པར་འཛིན་པ་རྣམས་ཀྱི་འདོད་པ་དེ་བསལ་བའི་ཕྱིར། མ་བྱུང་བ་ལས་བྱུང་བ་ཞེས་བྱ་བ་སྨོས་ཏེ། འདུ་བྱེད་རྣམས་ཀྱི་རང་བཞིན་མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དོན་གཞན་གྱུར་པ་ཡང་མེད། བྱེད་པ་ལས་དུས་རྣམ་པར་གཞག་པ་ཡང་མ་ཡིན་ནོ། །རྒ་བ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ལ་དེ་ལྟར་དེ་དག་གི་ཞེས་བྱ་བ་ནི་རིས་མཐུན་པར་གྱུར་པའི་འདུ་བྱེད་རྣམས་ཉིད་ཀྱིའོ། །རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ནས་འཆི་བའི་སྲིད་པའི་བར་དུ་སྟེ། བར་དེར་རྒྱུ་དང་འབྲས་བུའི་དངོས་པོར་གནས་པའི་འདུ་བྱེད་རྣམས་རྒྱུན་མི་འཆད་པར་འབྱུང་བ་ལ་རྒྱུན་ཅེས་བྱའོ། །དེའི་གཞན་དང་གཞན་དུ་གྱུར་པའི་དངོས་པོ་ནི་གཞན་དུ་འགྱུར་བ་སྟེ། འདི་ལྟར་ནུར་ནུར་པོའི་དུས་ལས་མེར་མེར་པོར་འགྱུར་བའི་དུས་དང༌། དེ་བཞིན་དུ་དར་ལ་བབ་པའི་དུས་ལས་རྒས་པའི་དུས་ཀྱི་བར་དུའོ། །ནུར་ནུར་པོ་ལ་སོགས་པའི་དུས་རྣམས་ལ་ཡང་སྔ་མ་ལས་ཕྱི་མར་འགྱུར་བའི་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བ་ཞེས་བརྗོད་དོ། །དེ་ལྟར་ན་རྒྱུན་གཞན་དུ་འགྱུར་བ་ལ་རྒ་བ་གདགས་ཏེ། སྐད་ཅིག་གཅིག་ལ་ཡང་མ་ཡིན་པ་དོན་གཞན་དུ་འགྱུར་བ་ཡང་མེད་དོ། །གནས་པ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རིས་མཐུན་པ་གཅིག་ནའོ། །ཤི་བ་ལ་ཐུག་གི་བར་དུ་འདུ་བྱེད་རྣམས་ཀྱི་རྒྱུན་རྒྱུད་ཆགས་པ་ལ་གནས་པ་གདགས་ཏེ། སྐད་ཅིག་གཅིག་ལ་ཡང་མི་བྱ་ཞིང་དོན་གཞན་དུ་གྱུར་པ་ཡང་མེད་པར་བསྟན་པ་ཡིན་ནོ། །མི་རྟག་པ་ཉིད་གང་ཞེ་ན། དེ་ལྟར་དེ་དག་ནི་རྒྱུན་འཆད་པའི་ཞེས་བྱ་བ་ལ་དེ་ལྟར་དེ་དག་གི་ཞེས་བྱ་བ་ནི་རིས་མཐུན་པ་གཅིག་ཏུ་འདུ་བྱེད་རྣམས་ཀྱི་རྒྱུན་ཆད་པ་ལ་མི་རྟག་


DTG136_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདགས་ཏེ། སྐད་ཅིག་རེ་རེ་ལ་ཡང་མ་ཡིན་ཞིང་དོན་གཞན་དུ་གྱུར་པ་ཡང་མེད་པར་བསྟན་པ་ཡིན་ནོ། །རྒྱུན་ཆད་པ་ནི་འདིར་འཆི་བ་ལ་བྱ་བར་རིག་པར་བྱའོ། །ཕྱི་རོལ་གྱི་གཟུགས་ལ་ཡང་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་ཡོད་པར་ངེས་ན། ཅིའི་ཕྱིར་རིས་མཐུན་པ་ཉིད་ཀྱི་འདུ་བྱེད་ཀྱི་རྒྱུན་ལ་སྐྱེ་བ་ལ་སོགས་པར་བཤད་ཀྱི། ཕྱི་རོལ་གྱི་གཟུགས་ཀྱི་ནི་མ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱས་ཀྱི་མཚན་ཉིད་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་གང་དག་བཤད་པ་དེ་དག་ནི་སེམས་ཅན་དུ་བརྗོད་པ་ཉིད་ཀྱི་འདུ་བྱེད་ཀྱི་དབང་དུ་མཛད་པ་ཡིན་གྱི། ཕྱི་རོལ་གྱི་མ་ཡིན་པར་བསྟན་པའི་ཕྱིར་རོ། །གཉི་ག་ལ་ཡང་སྐྱེ་བ་ལ་སོགས་པ་ཡོད་པར་མཚུངས་ན་ཟིན་པའི་འདུ་བྱེད་ཀྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་མཚན་ཉིད་བཤད་པ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་གཟུགས་ནི་འཇིག་པ་དང་ཆགས་བས་རབ་ཏུ་ཕྱེ་བ་ཡིན་ལ། ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང༌། རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ནི་འདི་སྐད་དུ་འཇིག་རྟེན་ན་ཕྱིའི་གཟུགས་ཀྱི་འཇིག་པ་དང༌། སྐྱེ་བ་ལ་འཇིག་པ་དང༌། ཆགས་པའི་སྒྲར་གྲགས་པས་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར་དེ་སྐད་དུ་བཤད་དེ། སྐྱེ་བ་ལ་སོགས་པའི་སྒྲར་ནི་མ་ཡིན་ནོ། །ནང་གི་འདུ་བྱེད་རྣམས་ནི་སྐྱེས་སོ། །རྒས་སོ། །གནས་སོ། །ཞིག་གོ་ཞེས་སྐྱེ་བ་དང་རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར་དེ་དག་གི་འབྱུང་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པའི་སྒྲར་བསྟན་ཏོ་ཞེས་བཤད་པ་ཡིན་ནོ། །མིང་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་དང་བརྗོད་པ་ལ་རྣམ་པར་ཤེས་པ་གཞོལ་བར་བྱེད་པས་མིང་ངོ༌། །དེ་ཡང་དོན་རྣམས་ལ་བརྡ་སྤྲོད་བའི་ཡི་གེ་འདུས་པ་སྟེ། མིང་ངམ་ཡི་གེ་རྣམས་འདུས་པ་ལ་མིང་གི་ཚོགས་ཞེས་བྱའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པའི་ཕྱིར་སྒྲོ་བཏགས་པའི་ཚིག་ལ་ཚིག་བླ་དགས་ཞེས་བྱའོ། །ངོ་བོ་ཉིད་ནི་རང་གི་མཚན་ཉིད་དོ། །ཆོས་རྣམས་ཀྱི་རང་གི་ངོ་བོ་བརྗོད་དུ་མེད་ཀྱང་གང་གིས་རང་གི་ངོ་བོ་གསལ་བར་བྱེད་པའི་བརྗོད་པ་དེ་མིང་


DTG136_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དཔེར་ན་མིག་རྣ་བ་གཟུགས་སྒྲ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་འདིས་ཁྱད་པར་གྱི་དོན་ཤེས་པར་བྱེད་པས་ཚིག་སྟེ། དེ་ལྟ་ན་མིང་དང་འཇིག་རྟེན་པའི་ཚིག་ལས་ཚིག་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །མིང་དང་ཚིག་གཉིས་ཡི་གེ་འདུས་པའི་བདག་ཉིད་ཡིན་པར་བྱེ་བྲག་མེད་ཀྱང་དོན་གྱི་བྱེ་བྲག་གིས་བྱེ་བྲག་ཏུ་དབྱེ་སྟེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ནི་མིང་ཡིན་ལ། ཁྱད་པར་གྱི་གཞི་ནི་ངོ་བོ་ཉིད་ཡིན་པས་སྔར་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སྨོས་སོ། །ཁྱད་པར་ནི་མི་རྟག་པ་ལ་སོགས་པའོ། །འཇུག་པ་དང་ལྡོག་པའི་བདག་ཉིད་དང་གཞན་དུ་མི་སྙེགས་པའི་ངོ་བོ་ཉིད་ལས་བྱེ་བྲག་ཏུ་བྱེད་པ་ནི་ཁྱད་པར་ཏེ། དཔེར་ན་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོ་ཐམས་ཅད་ནི་བདག་མེད་པའོ། །ཡ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་འདི་སྐད་དུ་དངོས་པོའི་ངོ་བོ་ཉིད་བརྗོད་པ་ཙམ་ནི་མིང་ཡིན་ལ། དངོས་པོའི་ངོ་བོ་ཉིད་ཀྱི་ཁྱད་པར་བརྗོད་པ་ནི་ཚིག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལྷག་མ་ནི་མིང་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཏེ་དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིས་གསལ་བར་བྱེད་པས་ཡི་གེའོ། །ཡི་གེ་རྣམས་ཀྱི་ཚོགས་ནི་ཡི་གེའི་ཚོགས་སོ། །ཚོགས་སྨོས་པ་ནི་ཡི་གེ་ཐམས་ཅད་བསྡུ་བའི་ཕྱིར་རོ། །དེ་ཞེས་བྱ་བའི་སྒྲ་འབའ་ཞིག་སྨོས་ན་ནི་གོང་མ་ཉིད་ལ་སྦྱོར་དུ་དགོས་ལ། གཉི་ག་ཞེས་བྱ་བ་ཉི་ཚེ་སྨོས་ན་ཡང་གཉི་ག་གང་ལ་བྱ་བར་གཏོལ་མེད་དེ། དེའི་ཕྱིར་དེ་གཉི་ག་ཞེས་གཉི་ག་སྨོས་སོ། །དེ་ལྟར་ན་བཤད་མ་ཐག་པའི་མིང་དང་ཚིག་གསལ་བར་བྱེད་པའི་ཕྱིར་ཡི་གེ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ན་ཡི་གེ་རྣམས་ཀྱིས་མིང་དང་ཚིག་གསལ་བར་བྱེད་ཅེ་ན། ངོ་བོ་ཉིད་དང་ཁྱད་པར་གྱི་ཚིག་བླ་དགས་ཀྱི་གནས་སྐབས་སུ་གྱུར་པའི་ཡི་གེ་འདུས་པ་རྣམས་ལ་མིང་དང་ཚིག་གདགས་པའི་ཕྱིར་ཏེ། དེ་ལྟར་ན་ཡི་གེ་རྣམས་ཀྱིས་མིང་དང་ཚིག་གསལ་བར་བྱེད་དོ། །ཡི་གེ་རྣམས་ཀྱི་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། ཡི་གེ་ལ་སོགས་པ་ནི་བརྗོད་པའོ་ཞེས་འཇིག་རྟེན་ན་གྲགས་


DTG136_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་དག་ནི་མིང་དང་ཚིག་གནས་ཀྱིས་དོན་ཡང་དག་པར་བརྗོད་པའི་ཕྱིར་བརྗོད་པ་ཞེས་བྱའོ། །དོན་གྱི་གནས་གང་དག་ལ་བསྟན་པའི་གནས་དེ་དག་ལ་མིང་དང་ཚིག་གདགས་པས་དེ་དག་ནི་དེའི་གནས་ཞེས་བྱའོ། །ཡི་གེ་ཡང་དེ་དག་གི་རྣམ་གྲངས་སུ་གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་ཏེ། འདི་ལྟར་མིག་དང་འདྲེན་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པ་གཞན་དག་ཏུ་འགྱུར་བ་སྟེ། བརྗོད་པར་བྱ་བ་ཉིད་རྣམ་གངས་སུ་གཏོགས་པ་གཞན་རྣམས་ཀྱིས་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ །གང་གིས་ཨ་ཞེས་བརྗོད་པ་མ་གཏོགས་པར་ཨ་ཞེས་བྱ་བ་ཤེས་པར་འགྱུར་བ་ཨ་ཞེས་བྱ་བའི་རྣམ་གྲངས་དེ་ལྟ་བུ་གཞན་མེད་དོ། །ཐམས་ཅད་ནི་འདི་ལྟ་སྟེ། ངོ་བོ་ཉིད་དང་ཁྱད་པར་དང་དེ་གཉི་གའི་ཐ་སྙད་ཙམ་དུ་ཟད་དེ། དེ་དག་ཐམས་ཅད་ནི་འདི་དག་གིས་རྗེས་སུ་ཐ་སྙད་གདགས་པ་ཡིན་པས་དེའི་ཕྱིར་མིང་དང་ཚིག་དང་ཡི་གེའི་ཚོགས་དེ་དག་རྣམ་པར་གཞག་གོ །དེ་བཞིན་དུ་ལྡན་པ་མ་ཡིན་པ་གཞན་དག་ཀྱང་ཚིག་དང་ཡི་གེའི་ཚོགས་བཞིན་དུ་དགོས་པ་ལ་ལྟོས་ནས་རྣམ་པར་གཞག་པར་རིག་པར་བྱའོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་བྱ་བ་ནི་ཆོས་གང་དང་ལྡན་ན་སོ་སོའི་སྐྱེ་བོ་ཞེས་བརྗོད་པ་དེ་སོ་སོའི་སྐྱེ་བོ་ཉིད་དོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བས་འཕགས་པ་རྣམས་སོ། །དེ་དག་ཀྱང་སློབ་པ་དང་མི་སློབ་པ་རྣམས་ཏེ། དེ་དག་གི་ཆོས་རྣམས་ནི་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་རྣམས་ཏེ། དེ་དག་མ་ཐོབ་པ་ནི་སོ་སོའི་སྐྱེ་བོ་ཉིད་དོ། །མ་ཐོབ་པ་ནི་འདིར་འཕགས་པའི་ཆོས་མ་སྐྱེས་པ་སྟེ། འདི་ལྟར་འཕགས་པའི་ཆོས་མ་སྐྱེས་པའི་སེམས་ཅན་གྱི་རྒྱུད་ལ་སོ་སོའི་སྐྱེ་བོ་ཞེས་བྱའོ། །འཕགས་པའི་ཆོས་སྐྱེས་པ་ལ་ནི་འཕགས་པ་ཞེས་བྱའོ། །འཇུག་པ་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་ལ་འཇུག་པ་ཞེས་བྱ་སྟེ། སྐད་ཅིག་གཅིག་ལའམ། རྒྱུན་ཆད་པ་ལ་ནི་འཇུག་པ་གདགས་པ་མ་ཡིན་ནོ། །སོ་སོར་ངེ་པ་གང་ཞེ་ན། རྒྱུ་དང་འབྲས་བུ་ཐ་དད་པ་ཉིད་ལ་སོ་སོར་ངེས་པ་རྣམ་པར་གཞག་སྟེ། རྒྱུ་དང་འབྲས་བུ་ཐ་དད་པ་ཡང་འདོད་པའི་ཡུལ་གྱི་ནི་ལེགས་པར་སྤྱད་པའོ། །མི་འདོད་པ་ནི་ཉེས་པར་སྤྱད་བའོ་ཞེས་བྱ་བ་ལ་སོགས་པའི་ནི་འབྲས་བུ་


DTG136_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་བ་རྣམས་ཀྱི་རྒྱུ་ཐ་དད་པའོ། །འབྱོར་བ་གང་ཞེ་ན། རྒྱུ་དང་འབྲས་བུ་འཚམ་པ་ལ་འབྱོར་པ་གདགས་ཏེ། དཔེར་ན་སྦྱིན་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འཚམ་པར་རིགས་པར་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྟ་བུའོ། །མགྱོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བ་ལ་མགྱོགས་པ་ཞེས་གདགས་སོ། །གོ་རིམས་གང་ཞེ་ན། རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་གོ་རིམས་ཞེས་གདགས་ཏེ། རེ་རེ་ནས་འབྱུང་གི་ཅིག་ཅར་དུ་འབྱུང་བ་ནི་མ་ཡིན་ནོ། །དུས་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་ལ་དུས་ཞེས་གདགས་ཏེ། རྒྱུ་དང་འབྲས་བུ་འབྱུང་བ་ལ་དེ་ལས་རྒྱུ་དང་འབྲས་བུ་བྱུང་ནས་འགགས་པ་གང་ཡིན་པ་དེ་འདས་པའི་དུས་ཞེས་གདགས་སོ། །གང་མ་བྱུང་བ་དེ་མ་འོངས་པའི་དུས་སོ། །གང་བྱུང་བ་མ་འགགས་པ་དེ་ད་ལྟར་བྱུང་བའི་དུས་སོ། །ཡུལ་གང་ཞེ་ན། ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། འོག་དང༌། སྟེང་དང་ཕྱོགས་བཅུ་ཐམས་ཅད་ལ་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ལ་ཡུལ་ཞེས་གདགས་ཏེ། རྒྱུ་དང་འབྲས་བུས་ཕྱོགས་ཁྱབ་པ་ལ་ཡུལ་ཞེས་གདགས་སོ། །གཟུགས་སུ་བསྡུས་པ་ནི་རྒྱུ་དང་འབྲས་བུར་རིག་པར་བྱ་སྟེ། གཟུགས་མེད་པ་རྣམས་ནི་ཕྱོགས་ལ་ཁྱབ་པར་བྱེད་པར་མི་ནུས་པའི་ཕྱིར་རོ། །གྲངས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་ལ་གྲངས་ཞེས་གདགས་ཏེ། ཐ་དད་པ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་ཞིང་གཅིག་པའི་བདག་ཉིད་ལ་གཉིས་ཞེས་བྱ་བ་གྲངས་མི་འཐད་པའི་ཕྱིར་རོ། །ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་འདུས་པ་ལ་ཚོགས་པ་ཞེས་གདགས་སོ། །དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་འདི་དག་ནི་ཆོས་རྣམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་གདགས་པས་རྟགས་ཡོད་པར་རིག་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ། །འདུ་བྱེད་ཀྱི་ཕུང་པོའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བཤད་པར་བྱ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་སྨྲས་སོ། །དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཡུལ་ཏེ། དེ་ཡང་གཟུགས་ནས་ཆོས་ཀྱི་བར་དུ་རྣམ་པ་དྲུག་གོ །དེ་ཡང་རྣམ་པར་རིག་པ་ནི་


DTG136_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། རྟོག་པ་དང་ཁོང་དུ་ཆུད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་སྟེ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོ་ལ་བརྟེན་ནས་ཡུལ་སོ་སོར་རྣམ་པར་རིག་པའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ཐམས་ཅད་སོ་སོར་རྣམ་པར་རིག་པའོ། །རྣམ་པར་ཤེས་པའི་རང་གི་ངོ་བོ་བཤད་ནས། དེའི་རྣམ་གྲངས་བསྟན་པའི་ཕྱིར། སེམས་དང་ཡིད་ཀྱང་དེ་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་སེམས་ཞེས་ཀྱང་བྱ། ཡིད་ཅེས་ཀྱང་བྱའོ། །རྣམ་གྲངས་ཀྱི་དོན་བསྟན་པའི་ཕྱིར། སྣ་ཚོགས་པ་དང་ཡིད་རྟེན་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་པའི་ཕྱིར་སེམས་ཞེས་བྱའོ། །དེ་མ་ཐག་པའི་སེམས་ཀྱི་རྟེན་བྱེད་པས་ཡིད་ཅེས་བྱའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་དམིགས་པ་སོ་སོར་རིག་པའི་རང་བཞིན་ཡིན་པ་དང༌། དམིགས་པ་སོ་སོར་རྣམ་པར་རིག་པ་ཡང་རྣམ་པ་དུ་མ་ཡིན་པའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་སྣ་ཚོགས་ཞེས་བྱའོ། །དེའི་ཕྱིར་དེའི་དབང་པོ་ལ་བརྟེན་ནས་འབྱུང་བ་ན་ཡུལ་རྣམ་པར་ཤེས་པ་ཞེས་བྱའི། དབང་པོ་རྣམས་ནི་མ་ཡིན་ནོ། །འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་པོ་གང་དང་གང་འགགས་པ་དེ་དང་དེ་ནི་དེ་མ་ཐག་པའི་རྣམ་པར་ཤེས་པ་འབྱུང་བའི་རྟེན་གྱི་དངོས་པོར་གནས་ཏེ། དེའི་ཕྱིར་དེ་མ་ཐག་པའི་སེམས་ཀྱི་རྟེན་བྱེད་པས་ཡིད་ཅེས་བྱའོ། །སྣ་ཚོགས་པའི་ཕྱིར་སེམས་ཞེས་བྱའོ་ཞེས་གང་བཤད་པ་དེ་ནི་རིགས་ཀྱི་དབང་དུ་བྱས་པ་ཡིན་གྱི་སྐད་ཅིག་ལ་ནི་མ་ཡིན་ནོ། །སྐད་ཅིག་ནི་དམིགས་པ་སོ་སོར་ངེས་པའི་རྣམ་པ་ཡིན་པས་སྣ་ཚོགས་ཞེས་མི་བྱ་སྟེ། དེ་ནི་དངོས་སུ་སེམས་མ་ཡིན་ནོ། །དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདིར་རྒྱུ་བསྟན་པའི་ཕྱིར། འདི་ལྟར་དེའི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ་ཞེས་བྱ་བ་སྨོས་སོ། །སྐད་ཅིག་རེ་རེ་ལ་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པས་སེམས་ཞེས་བྱ་སྟེ། དངོས་སུ་ན་དེ་ཉིད་སེམས་སོ། །བསགས་པ་ནི་ཡང་དང་ཡང་ས་བོན་ཡོངས་སུ་གསོས་པའམ། འདུ་བྱེད་


DTG136_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས་བོན་རྗེས་སུ་འབྲེལ་བའོ། །འདུ་བྱེད་རྣམས་ནི་འདིར་ཟག་པ་དང་བཅས་པའི་ཆོས་རྣམས་སུ་འདོད་དེ། དེ་དག་ཀྱང་རྐྱེན་བཞི་ལས་འབྱུང་ངོ༌། །དེ་ལ་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཏེ། ཡང་དང་ཡང་འདུ་བྱེད་རྣམས་ཀུན་དུ་འབྱུང་བས་ས་བོན་བརྟས་པ་ལ་བག་ཆགས་ཞེས་བྱའོ། །བདག་པོའི་རྐྱེན་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་རྣམ་པར་ཤེས་པ་འགགས་མ་ཐག་པའོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པའོ། །འདི་ལྟར་མདོ་ལས་ཀྱང་མིག་ཉམས་པར་མ་གྱུར་ལ་གཟུགས་རྣམས་ཀྱང་སྣང་བར་གྱུར་པ་དང༌། དེ་སྐྱེད་པ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན་དེ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ། །རྒྱུའི་རྐྱེན་རྟག་ཏུ་གནས་པ་དང༌། ཤེས་པར་དཀའ་བའི་ཕྱིར་མ་སྨོས་སོ། །དེའི་འོག་ཏུ་ཀུན་དུ་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཀུན་དུ་ཚོལ་བའི་འོག་ཏུ་རྣམ་པར་འཇོག་པའོ། །རྣམ་པར་འཇོག་པའི་འོག་ཏུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། དེའི་ཚེ་ཡུལ་ལས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་རོ། །དེའི་ཚེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་སེམས་པའི་བདག་ཉིད་ཅན་རྣམས་མངོན་པར་འདུ་བྱེད་དོ། །མངོན་པར་འདུ་བྱས་པ་དེ་དག་འགག་པ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་སོ། །རྒྱུ་མཐུན་པའི་བག་ཆགས་གསོ་བར་བྱེད་དོ། །དེ་ལ་རྒྱུ་མཐུན་པའི་བག་ཆགས་ལ་བརྟེན་ནས་ཀུན་གཞི་རྣམ་པར་ཤེས་པ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་འབྱུང་ངོ༌། །རྣམ་པར་སྨིན་པའི་བག་ཆགས་ལ་བརྟེན་ནས་ཀུན་གཞི་རྣམ་པར་ཤེས་པ་ལས་རིས་མཐུན་པ་གཞན་དག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ཉིད་རྣམ་པར་སྨིན་པའི་བདག་ཉིད་དུ་འགྲུབ་བོ། །དེ་ལ་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་གཞན་གང་ཡིན་པ་


DTG136_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལ་ཡང་ཚུལ་འདི་ཉིད་དོ། །ལུང་དུ་མ་བསྟན་པ་ནི་རྒྱུ་མཐུན་པའི་བག་ཆགས་ཉིད་གསོ་བར་བྱེད་ཀྱི། རྣམ་པར་སྨིན་པའི་བག་ཆགས་ནི་མ་ཡིན་ཏེ། དེ་དག་ལ་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་དེ་རྣམ་པ་གཉིས་ཏེ། རྒྱུ་མཐུན་པའི་བག་ཆགས་ལ་བརྟེན་ནས་རྒྱུ་དང་འབྲས་བུ་སྟེ། འདི་ལྟར་འདུ་བྱེད་ཐམས་ཅད་རང་གི་ས་བོན་བསྐྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་བྱེ་བྲག་ཏུ་འགྱུར་བའི་རྒྱུའི་དངོས་པོར་གནས་པས་དེ་ནི་འདུ་བྱེད་རྣམས་ཀྱི་འབྲས་བུའོ། །འདུ་བྱེད་ཐམས་ཅད་དེ་དག་གི་ས་བོན་ཉེ་བར་ལེན་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །རྣམ་པར་སྨིན་པའི་བག་ཆགས་ཀྱི་དབང་དུ་བྱས་ཏེ། དགེ་བ་དང་མི་དགེ་བའི་འདུ་བྱེད་རྣམས་ཀྱི་འབྲས་བུ་ཡིན་གྱི་རྒྱུ་ནི་མ་ཡིན་ནོ། །རྒྱུ་ནི་རྣམ་པར་སྨིན་པའི་བག་ཆགས་ལ་བརྟེན་ནས་རིས་མཐུན་པ་གཞན་དག་ཏུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རྒྱུའོ། །འཇུག་པའི་རྣམ་པར་ཤེས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པ་དང༌། རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་དམིགས་པ་ཡོངས་སུ་ཆད་པ་དང༌། རྣམ་ཤེས་ཡོངས་སུ་ཆད་པའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་དང༌། རྣམ་པ་ཡོངས་སུ་མ་ཆད་པ་སྟེ། འདིའི་དམིགས་པ་དང་རྣམ་པ་ཡོངས་སུ་གཅད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་གཉིས་ལ་འཇུག་པ་སྟེ། ནང་གི་ཉེ་བར་ལེན་པའི་རྣམ་པར་རིག་པ་དང༌། ཕྱི་རོལ་གྱི་སྣོད་ལ་རྣམ་པར་རིག་པ་རྣམ་པ་ཡོངས་སུ་མ་ཆད་པའོ། །དེ་ལ་ནང་གི་ཉེ་བར་ལེན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང༌། གནས་དང་བཅས་པའི་དབང་པོའི་གཟུགས་སོ། །དམིགས་པ་འདི་གཉིས་ནི་ཕྲ་བའི་ཕྱིར་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བས་དེའི་ཕྱིར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཞེས་བྱའི། དམིགས་པ་མེད་པ་ཉིད་ནི་མ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་ནི་དགེ་བ་དང༌། ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པའི་རང་


DTG136_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་གཅིག་པ་ཡིན་ནོ། །དེ་ལ་དགེ་བ་དང་མི་དགེ་བའི་རང་བཞིན་ནི་མ་ཡིན་ཏེ། དེ་དགེ་བ་དང་མི་དགེ་བ་རྣམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་སེམས་ལས་བྱུང་བ་ཀུན་དུ་འགྲོ་བ་ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་ལྔ་པོ་ཁོ་ན་དང༌། མཚུངས་པར་ལྡན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་མཚུངས་པར་ལྡན་པ་དང་བཅས་པར་སྔོན་གྱི་ལས་ཀྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བས་གཅིག་ཏུ་རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པའི་རིགས་སོ། །རྒྱུན་ཆགས་པར་འཇུག་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རིས་མཐུན་པ་གཞན་དག་ཏུ་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ། ཇི་ཙམ་ན་འཆི་འཕོ་བ་དེའི་བར་དུ་སྐད་ཅིག་རྒྱུན་མི་འཆད་པར་འཇུག་གི །འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་བར་སྐབས་བར་སྐབས་སུ་ཆད་པ་ནི་མ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པའི་འོག་ཏུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འབྱུང་བ་དང༌། རྣ་བའི་རྣམ་པར་ཤེས་པའི་འོག་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འབྱུང་བ་དང༌། དེ་བཞིན་དུ་སྣ་ལ་སོགས་པའི་རྣམ་པར་ཤེས་པའི་འོག་ཏུ་ཞེས་བྱ་བ་རྒྱ་ཆེར་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་བའི་འོག་ཏུ་མི་དགེ་བ་འབྱུང་བ་དང༌། མི་དགེ་བའི་འོག་ཏུ་དགེ་བ་དང༌། དེ་གཉིས་ཀའི་འོག་ཏུ་ལུང་དུ་མི་སྟོན་པ་དང༌། ཁམས་དམན་པའི་འོག་ཏུ་ཁམས་བར་མ་དང༌། ཁམས་བར་མའི་འོག་ཏུ་ཁམས་གྱ་ནོམ་པ་དང༌། ཁམས་གྱ་ནོམ་པའི་འོག་ཏུ་གྱ་ནོམ་པ་མ་ཡིན་པ་དང༌། ཁམས་གྱ་ནོམ་པ་མ་ཡིན་པའི་འོག་ཏུ་ཁམས་བར་མ་ཞེས་བྱ་བ་རྒྱ་ཆེར་བརྗོད་པར་བྱ་སྟེ། ཤི་བ་ལ་ཐུག་གི་བར་དུ་རྫས་གཅིག་ཏུ་འཇུག་པ་ནི་མ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་མ་གཏོགས་པར་གཞན་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཅི་མངོན་ཞེ་ན། ལུང་དང་རིགས་པས་མངོན་ནོ། །དེ་ལ་ནི་འདི་ནི་ལུང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །


DTG136_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་དགོངས་བ་ངེས་པར་འགྲེལ་བའི་མདོ་ལས་ཀྱང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །རིགས་པའི་དབང་དུ་བྱས་ཏེ། འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པོ་རྣམས་ལས་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང༌། ཞེས་བྱ་བ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་དོན་གཞན་དུ་གྱུར་པའོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པར་གྱུར་པ་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་མ་ལུས་པར་འགག་པ་ལས་ཡང་ལྡང་བའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས་པ་འབྱུང་དུ་མི་རུང་ངོ༌། །སྙོམས་པར་འཇུག་པའི་སེམས་ལས་དེ་འབྱུང་དུ་མི་རུང་སྟེ། དེ་འགགས་ནས་རིང་དུ་ལོན་པ་དང༌། འགགས་པ་དེ་མེད་པའི་ཕྱིར་རོ། །མེད་པ་ནི་རྒྱུར་ཡང་མི་རུང་འབྲས་བུར་ཡང་མི་རུང་སྟེ། གཙོ་བོ་དང་བདག་ལ་སོགས་པ་བཞིན་ནོ། །གང་ཡང་འདི་སྙམ་དུ་དངོས་པོའི་རང་གི་ངོ་བོ་ལ་སྐྱེ་བ་དང༌། འཇིག་པར་འགྱུར་བའི་དངོས་པོ་མེད་ཀྱི་མ་འོངས་པ་དང༌། ད་ལྟར་དང༌། འདས་པ་ནི་དངོས་པོ་རྣམས་ཀྱི་བྱེད་པའི་སྒོ་ནས་ཡིན་ཏེ། འདི་ལྟར་བྱ་བ་མི་བྱེད་པ་ནི་མ་འོངས་པའོ། །བྱ་བ་བྱེད་པ་ནི་ད་ལྟར་རོ། །བྱེད་བ་རྒྱུན་ཆད་པ་ནི་འདས་པའོ་ཞེས་བྱའོ་སྙམ་དུ་སེམས་པ་དེ་ལྟ་བུ་ཡིན་ན་ནི་བྱེད་པ་ལས་དངོས་པོ་གཞན་ཡིན་པར་ཁས་བླང་བར་བྱ་སྟེ། འདས་པ་དང་མ་འོངས་པ་གཉིས་ཀྱི་དུས་ན་བྱེད་པ་མེད་ཀྱང་དངོས་པོ་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་མེད་པ་ལས་བྱུང་བ་དང༌། བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར་འབྱུང་བ་དང་འཇིག་པ་ནི་བྱེད་པ་ཡིན་གྱི། དངོས་པོ་རྣམས་ཀྱིས་ནི་མ་ཡིན་ནོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ཀྱིས་


DTG136_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཉིད་དེ། རྟག་ཏུ་རང་གི་ངོ་བོ་དང་ལྡན་པ་དང༌། དེ་ཡང་འབྱུང་བ་དང༌། འཇིག་པ་མེད་བའི་ཕྱིར་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་འགོག་པ་བཞིན་དུ་མི་རྟག་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་བར་ཡང་མི་འགྱུར་ཏེ། མདོ་ལས་ནི་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ་ཞེས་གསུངས་སོ། །དེ་ལྟ་ན་ནི་ཕུང་པོ་རྣམས་ལ་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དུ་སེམས་པ་ཕྱིན་ཅི་ལོག་ཉིད་དུ་འགྱུར་རོ། །ཕྱིན་ཅི་ལོག་གིས་ནི་ཉོན་མོངས་པ་སྤང་བར་མི་རིགས་ཏེ། མི་རྟག་པ་དང༌། སྡུག་བསྔལ་བ་ལ་རྟག་པ་དང་བདེ་བར་ཕྱིན་ཅི་ལོག་པ་བཞིན་ནོ། །བྱེད་པ་ལ་ནི་འབྱུང་བ་དང་འཇིག་པ་ཡོད་པས་འདུས་བྱས་ཉིད་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་སུ་ནི་མ་འདུས་པས་ཕུང་པོ་དྲུག་པར་ཁས་བླང་བར་བྱའོ། །ཡང་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱིས་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དང༌། ཕུང་པོ་རྣམས་ཀྱིས་འདུས་བྱས་ཐམས་ཅད་བསྡུས་སོ་ཞེས་མ་ཟེར་ཅིག །ཡང་གཞན་ན་རེ་བྱེད་པ་ཞེས་བྱ་བ་ནི་འབྲས་བུ་ཡོངས་སུ་འཛིན་པའོ། །ཆོས་གང་ཞིག་ཆོས་གང་གི་རྒྱུ་དངོས་པོར་གནས་པ་སྟེ། ཆོས་དང་ཆོས་དེ་འབྲས་བུར་འཛིན་པ་དེའི་ཕྱིར་རྒྱུའི་དངོས་པོར་གནས་པ་ནི་དངོས་པོ་རྣམས་ཀྱི་འབྲས་བུ་ཡོངས་སུ་འཛིན་ཏེ། ཆོས་དེ་ཉིད་རྒྱུའི་དངོས་པོར་གནས་པས་ན་ཆོས་རྣམས་ལས་བྱེད་པ་གཞན་མ་ཡིན་ནོ། །དེ་བས་ན་གོང་དུ་སྨོས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་རོ། །གཞན་མ་ཡིན་ཞེས་བྱ་བ་ནི་དེ་ཉིད་དེ། དེ་ནི་འདི་སྐད་དུ་ཆོས་ལས་བྱེད་པ་གཞན་མ་ཡིན་ཏེ། ཆོས་ཉིད་བྱེད་པའོ། །དེ་བཞིན་དུ་བྱེད་པ་ལས་ཀྱང་ཆོས་གཞན་མ་ཡིན་ཏེ། བྱེད་པ་ཉིད་ཆོས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་ན་ནི་འདས་པ་དང༌། མ་འོངས་པ་གཉིས་ཀྱིས་ཆོས་རྣམས་བྱེད་པ་བཞིན་དུ་མེད་པར་འགྱུར་ཏེ། དེའི་ཕྱིར་འདས་པ་དང༌། མ་འོངས་པ་ཡོད་དོ་ཞེས་སྨྲས་པ་བཏང་བ་ཡིན་ནོ། །ཡང་ན་བྱེད་པ་ཡང་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་ཆོས་ལས་གཞན་མ་ཡིན་པའི་ཕྱིར་དུས་གསུམ་པར་ཁས་བླང་དགོས་ཏེ། དེ་ལྟ་ན་ཡང་བྱེད་པ་ལས་དུས་རྣམས་རྣམ་པར་གཞག་པར་སྨྲ་བ་ཉམས་པར་འགྱུར་རོ།།


DTG136_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བྱེད་པ་ནི་ད་ལྟར་དུ་འདོད་དེ། གཞན་ནི་གཞན་གྱིས་བྱེད་པ་ལ། དེ་བྱས་ཟིན་པའི་ཕྱིར་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །མ་བྱས་པ་ནི་བྱེད་དགོས་ཀྱི་བྱས་ཟིན་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་བྱེད་པ་དང་ཆོས་གཉིས་ནི་བྱས་པ་དང༌། མ་བྱས་པ་མ་ཡིན་པས་ཐ་དད་པར་མངོན་ནོ། །དེ་ལྟ་བས་ན་གོང་དུ་སྨོས་པའི་སྐྱོན་དེ་ཡོད་དོ། །ཆོས་དང་བྱེད་པ་གཉིས་ཀྱང་ཐ་དད་པ་མ་ཡིན་ན་ནི་རྒྱུ་དང་འབྲས་བུ་མེད་པར་འགྱུར་ཏེ། འདི་ལྟར་འབྲས་བུ་ཡང་རྒྱུ་བཞིན་དུ་ཐོག་མ་ཉིད་ནས་ཡོངས་སུ་གྲུབ་པའི་ཕྱིར་འབྲས་བུ་ལ་ཇི་ཞིག་བྱེད་ན་རྒྱུར་འགྱུར། མི་བྱེད་ན་ཡང་རྒྱུ་ཞེས་ཇི་སྐད་དུ་བྱ་འབྲས་བུ་ཡང་དེས་མ་བྱས་ན་དེའི་འབྲས་བུར་ཇི་ལྟར་འགྱུར། བྱེད་པ་རྣམས་ཉིད་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་གྱི། ཆོས་རྣམས་ཀྱི་ནི་མ་ཡིན་ཏེ། འདི་ལྟར་བྱེད་པ་ཡོད་ན་བྱེད་པ་གཞན་འབྱུང་གི་མེད་ན་ནི་མ་ཡིན་ཏེ། ཆོས་ཀྱི་རང་བཞིན་ལ་ནི་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ལས་ཀྱང་ཆོས་ཀྱི་རང་བཞིན་མ་ཡིན་ཏེ། རྟག་ཏུ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་གང་ཡོད་ན་གང་འབྱུང་གི་མེད་ན་ནི་མི་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་ནོ། །ཅིག་ཤོས་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ནི་འཇིག་རྟེན་གྱི་གྲགས་པའོ། །དེ་ལྟར་ན་ཆོས་ཀྱི་རང་བཞིན་ནི་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་པ་ནི་འཇིག་རྟེན་པ་དང་བསྟན་བཅོས་དང་འགལ་ལོ། །གཞན་དག་ན་རེ་ཆོས་རྣམས་ལས་བྱེད་པ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཏེ། ཅིའི་ཕྱིར་དེ་ཉིད་ཅེས་མི་བརྗོད་ཅེ་ན། ཆོས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཞན་ཞེས་མི་བརྗོད་ཅེ་ན། ཆོས་ཀྱི་རང་བཞིན་དེའི་ངོ་བོ་ཉིད་ཡང་མ་ཡིན་པས་གཞན་ཞེས་མི་བྱའོ། །དེ་ལྟ་ན་ནི་གང་དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་གཞན་གྱི་ངོ་བོ་ཉིད་ཀྱང་མ་ཡིན་པ་དེ་ནི་རི་བོང་གི་རྭ་བཞིན་དུ་ངོ་བོ་ཉིད་མེད་པའི་ཕྱིར་མེད་པ་ཉིད་ཡིན་ཏེ། མེད་པ་ནི་དུས་རྣམ་པར་གཞག་པའི་རྒྱུར་ཇི་ལྟར་འགྱུར། དེ་ལྟར་ན་བྱེད་པ་ལས་དུས་རྣམ་པར་གཞག་པ་ནི་རྣམ་པ་ཐམས་ཅད་དུ་མི་འགྲུབ་བོ། །དེ་ལྟ་བས་ན་དངོས་པོ་མ་བྱུང་བ་ནི་མ་འོངས་པ་ཡིན། འགགས་པ་ནི་འདས་པ་ཡིན། བྱུང་ལམ་འགགས་པ་ནི་དེ་ལྟར་ཡིན་པར་ཁས་


DTG136_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བར་བྱའོ། །བྱ་བ་མི་བྱེད་པ་ནི་མ་འོངས་པ། བྱ་བ་བྱེད་པ་ནི་ད་ལྟར། བྱེད་པ་རྒྱུན་ཆད་པ་ནི་འདས་པའོ་ཞེས་ཁས་བླང་བར་མི་བྱའོ། །ཡང་གཞན་དག་ན་རེ་དབང་པོ་དང་བཅས་པའི་གཟུགས་དང་སེམས་ནི་གཅིག་གི་ས་བོན་གཅིག་ཡིན་ཏེ། དེའི་ཕྱིར་འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་ལས་ལྡང་བ་ན་དབང་པོ་དང་བཅས་བའི་གཟུགས་ལས་སེམས་འབྱུང་སྟེ། དཔེར་ན་གཟུགས་མེད་པའི་ཁམས་ནས་འཆི་འཕོ་བའི་སེམས་ལས་ཀྱང་འགགས་ནས་རིང་དུ་ལོན་བ་དབང་པོ་དང་བཅས་པའི་གཟུགས་འབྱུང་བ་ལྟ་བུའོ། །དེ་ལྟ་བས་ན་འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ཅ་དགོས་ཞེས་ཟེར་ཏེ། དེ་ལྟར་ན་སེམས་ཅན་རེ་རེའི་སེམས་ཀྱི་རྒྱུད་ཀྱང་གཉིས་གཉིས་སུ་འགྱུར་ཏེ། གཅིག་ནི་དབང་པོ་དང་བཅས་པའི་གཟུགས་ལས་བྱུང༌། ཅིག་ཤོས་ནི་སེམས་ལས་འབྱུང་བར་འགྱུར་རོ། །གཟུགས་མེད་པའི་སེམས་སུ་འགོག་པ་ལ་སྙོམས་པར་ཞུགས་པ་ནི་གཟུགས་མེད་པས་ལྡང་བ་ཡང་མེད་དོ། །དེའི་ཕྱིར་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་བས་རྟོག་པ་འདི་ནི་མི་རུང་ངོ༌། །རྒྱུ་ནི་བདག་ཡོད་པ་དང་ལྡན་ཞིང་གཡོ་བ་མེད་ལ་མི་རྟག་ཅིང་ནུས་པ་ཡོད་པ་གཅིག་པུར་འདོད་ཀྱི། བཟློག་པ་ནི་མ་ཡིན་ནོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཡོད་པའི་ཕྱིར་འདི་འབྱུང༌། འདི་སྐྱེ་བའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་གསུངས་ཏེ། དེ་ལྟ་བས་ན་རྒྱུ་རྟག་པ་མ་ཡིན་ཞིང་མེད་པ་ཡང་མ་ཡིན་ལ། བྱེད་པ་ཡོད་པ་ཡང་མ་ཡིན་ཞིང་ནུས་པ་མེད་པ་ཡང་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་སྟེ། ཤི་བ་ལ་ཐུག་གི་བར་དུ་རྒྱུན་ཆགས་པར་འབྱུང་བའོ། །སེམས་མེད་པའི་གནས་ལས་ལྡང་བ་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འཇུག་པའི་རྣམ་པར་ཤེས་པ་འབྱུང་སྟེ། མདོ་ལས་ཀྱང་འགོག་པའི་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ལུས་ལས་མི་འདའོ་ཞེས་གསུངས་སོ། །སྙོམས་པར་ཞུགས་པའི་དུས་ན་རྣམ་པར་ཤེས་པ་ལུས་ལས་མི་


DTG136_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། གལ་ཏེ་འགོག་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་ཞིག་ཀུན་དུ་འབྱུང་བར་འདོད་ན། དེ་ལྟ་ན་ནི་གསུམ་འདུས་པའི་རིག་པ་དང༌། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་ཞེས་མདོ་ལས་གསུངས་པའི་ཕྱིར་འདུ་ཤེས་དང་ཚོར་བ་གཉིས་ཀྱང་ཀུན་དུ་འབྱུང་བར་ཁས་བླང་དགོས་སོ། །དེའི་ཕྱིར་འདུ་ཤེས་དང་ཚོར་བ་ཡོད་པས་འདུ་ཤེས་དང༌། ཚོར་བ་འགོག་པ་ཉིད་དུ་མི་འགྱུར་རོ། །གང་ཡང་མདོ་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ཡང་ཚོར་བ་ཐམས་ཅད་སྲེད་པའི་རྐྱེན་མ་ཡིན་ཏེ། དེ་བཞིན་དུ་རེག་པ་ཐམས་ཅད་ཀྱང་འདུ་ཤེས་དང་ཚོར་བའི་རྐྱེན་མ་ཡིན་པས་ཉེས་པ་མེད་དོ་སྙམ་དུ་སེམས་པ་དེ་ཡང་དེ་ལྟ་མ་ཡིན་ཏེ། མདོ་གཞན་ལས་མ་རིག་པ་དང་ལྡན་པའི་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་ཞེས་བྱེ་བྲག་ཏུ་མཛད་ཀྱི་རེག་པ་ནི་གང་དུ་ཡང་དེ་ལྟར་བྱེ་བྲག་མི་མཛད་པ་འདི་མཚུངས་པ་མ་ཡིན་ནོ། །དེ་ལྟ་བས་ན་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་རྣམས་ལས་ལྡང་བ་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པས་ས་བོན་ཐམས་ཅད་གནས་སྐབས་ཀུན་དུ་འབྱུང་བ་ལས་སྐྱེ་བར་ཁས་བླང་བར་བྱའོ། །དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་ཀྱི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཕྱིར་རོ་ཞེས་ཐ་མར་བསྟན་པ་ནི་འདིར་ཡང་སྦྱར་རོ། །དམིགས་པའི་རྐྱེན་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང་ཡུལ་གཟུགས་ལ་སོགས་པ་ལྔའི་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཐམས་ཅད་དོ། །གཟུགས་ལ་སོགས་པའི་རྣམ་པ་ལས་སྒྲ་ལ་སོགས་པའི་རྣམ་པ་ནི་རྣམ་པ་གཞན་ནོ། །དེ་བཞིན་དུ་སྒྲ་ལ་སོགས་པའི་རྣམ་པ་ལས་གཟུགས་ལ་སོགས་པའི་རྣམ་པ་དང༌། སེར་པོ་ལ་སོགས་པའི་རྣམ་པ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་ནི་རྣམ་པ་གཞན་ནོ། །དེ་ལྟར་ཀུན་དུ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །རྣམ་པ་གཞན་


DTG136_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་པ་བདག་ཐོབ་པ་ནི་རྣམ་པར་ཤེས་པ་འདིའི་ཡིན་པས་རྣམ་པར་ཤེས་པ་དེ་ནི་རྣམ་པ་གཞན་དུ་འཇུག་པ་སྟེ་དེ་ཡོད་པས་རྣམ་པ་གཞན་དུ་འཇུག་པ་ཉིད་དོ། །དེ་དམིགས་པའི་རྐྱེན་ལ་ལྟོས་པའི་རྒྱུས་རྣམ་པ་གཞན་དུ་འཇུག་པ་གང་གི་ཡིན་པད་དེ་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དོ། །ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བཟུང་ནས་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡོད་པར་ཤེས་སོ། །འདིར་ནི་རྣམ་པར་ཤེས་པ་རྣམས་དམིགས་པ་སོ་སོར་སྣང་བ་ཐ་དད་པས་ཕན་ཚུན་ཐ་དད་ཀྱི་དེ་མ་ཐག་པ་དང༌། བདག་པོའི་རྐྱེན་ཐ་དད་པས་ནི་མ་ཡིན་ནོ། །དེའི་ཕྱིར་འདི་སྐད་དུ་དམིགས་པའི་རྐྱེན་ལ་ལྟས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་དོ། །རྣམ་པ་གཞན་དུ་འཇུག་པ་ཉིད་དེ་ཡང་ཇི་ལྟར་དམིགས་པ་ལ་མི་ལྟོས་པར་མི་རུང་བ་དེ་བཞིན་དུ་རྒྱུའི་རྐྱེན་ལ་མི་ལྟོས་པར་མི་རུང་བ་ཉིད་དོ། །གང་དག་གི་ས་བོན་རྣམས་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་གི་སྤྱིའི་རྐྱེན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་གཅིག་གི་ས་བོན་དུ་གཅིག་མི་རུང་ངོ༌། །དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་དང༌། དམན་པ་དང༌། འབྲིང་དང༌། གྱ་ནོམ་པའི་ཁམས་པ་རྣམས་དང༌། འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པ་རྣམས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་རྣམ་པར་ཤེས་པ་རྣམས་ལ་རིམ་པ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་བག་ཆགས་བསྒོ་བ་ཡང་མ་མཐོང་ལ། །གཞན་གྱི་དུས་གཞན་ན་ཡང་མ་ཡིན་ཞིང་འབྲེལ་པ་མེད་པར་ཡང་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་འབྱུང་བ་དང༌། འཇིག་པ་ཉིད་ཀྱི་མེ་ཏོག་ལ་སོགས་པས་འབྲུ་མར་རྣམས་ལ་བསྒོ་བར་མཐོང་སྟེ། དེའི་ཕྱིར་རྣམ་པར་སྨིན་པའི་བག་ཆགས་ཀྱི་རྣམ་པར་ཤེས་པ་དང༌། དུས་མཚུངས་པ་དེ་ཉིད་ལས་འབྱུང་བ་དང༌། འགག་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་རང་དང་མཐུན་པའི་འབྲས་བུ་སྐྱེད་ནུས་བ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་བྱེད་དོ། །དེའི་ནུས་པ་ནི་བག་ཆགས་ཞེས་བྱའོ། །འཇུག་པའི་རྣམ་པར་ཤེས་པ་དང༌། དུས་རྣམ་པ་གཞན་དུ་འཇུག་པ་དེ་དག་


DTG136_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྲས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་ཡང་དམིགས་པ་ལ་ལྟོས་པ་དགེ་བ་དང་མི་དགེ་བ་ལ་སོགས་པའི་རྣམ་པ་གཞན་དུ་འཇུག་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱུང་བར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་གཞན་ཡིན་པར་གྲུབ་པའོ། །ཆད་ནས་འབྱུང་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སེམས་མེད་པའི་གཉིད་ཀྱིས་ལོག་པ་དང༌། བརྒྱལ་བ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྒྱུན་ཆད་པ་ལས་ཡང་སེམས་མེད་པའི་ཉིད་ཀྱིས་ལོག་པ་དང༌། བརྒྱལ་བ་ལས་སངས་པ་ན་ཀུན་གཞི་རྣམ་པར་ཤེས་པ་མེད་པའི་འཇུག་པའི་རྣམ་པར་ཤེས་པ་འབྱུང་བར་མི་རུང་ངོ༌། །འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་འདྲ་བར་འདིར་ཡང་དཔྱད་པར་བྱའོ། །འཁོར་བར་འཇུག་པ་དང་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་རྒྱུ་ལས་བྱུང་བའི་འཁོར་བར་འཇུག་པ་དང༌། ལྡོག་པ་ཡོད་པས་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡིན་པར་ཤེས་སོ། །སྐད་ཅིག་ཀྱང་མི་གནས་པར་རིས་མཐུན་པ་རྒྱུན་མི་འཆད་བའི་རྒྱུན་གྱི་ཉེ་བར་ལེན་པའི་ཕུང་པོ་འབྱུང་བ་ནི་འཁོར་བ་ཞེས་བྱའོ། །དེའི་འཇུག་པ་ནི་རིས་མཐུན་པ་གཞན་དག་ཏུ་ཉིང་མཚམས་སྦྱོར་བའོ། །ལྡོག་པ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན་འདུ་བྱེད་ཀྱི་རྒྱུ་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་མེད་པའི་ཕྱིར་འཁོར་བར་འཇུག་བར་མི་རུང་ངོ༌། །ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འམ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་བརྟག་གྲང་ན། དེའི་ཚེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་ཚེ་སྔ་མ་ལ་བསགས་པའི་འདུ་བྱེད་


DTG136_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། ཚེ་སྔ་མ་ལ་བསགས་པའི་འདུ་བྱེད་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། །འགགས་པ་ནི་མེད་པའི་ཕྱིར་རོ། །མེད་པ་ནི་རྐྱེན་དུ་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་འགགས་པ་རྐྱེན་དུ་མི་འདོད་ན་དེ་ལྟར་ན། ད་ལྟར་གྱི་ལས་ལས་ནི་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པ་ལས་ཀྱི་འབྲས་བུ་མེད་པ་ཉིད་དུ་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ལས་བྱུང་བའི་བསྒོས་པ་གནས་པའི་ཕྱིར་རོ། །གང་ལས་འགྱུར་བ་བྱེ་བྲག་ཏུ་གྱུར་ནས་རྣམ་པར་སྨིན་པ་འགྲུབ་པའི་བག་ཆགས་ལས་ཀྱིས་བསྐྱེད་པ་སེམས་ཀྱི་རྒྱུད་ལ་ཡོད་དོ། །དེ་ལྟ་བས་ན་ལས་ཀྱི་འབྲས་བུ་མེད་པ་མ་ཡིན་ལ། ལས་འགགས་པ་ལས་རྣམ་པར་སྨིན་པ་འབྱུང་བ་ཡང་མ་ཡིན་ནོ། །ཉིང་མཚམས་སྦྱོར་བའི་ཚེ་ནི་མིང་དང་གཟུགས་ཀྱི་ཡིན་ཏེ། རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ན། དེ་ལ་རྣམ་པར་ཤེས་པ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་གི །མིང་དང་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། དེ་ལྟ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བརྗོད་པར་བྱའི། རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བརྗོད་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གཞན་གང་ཞེ་ན། ཉིད་མཚམས་སྦྱོར་བའི་སྐད་ཅིག་ལས་དུས་ཕྱི་མ་གང་ཡིན་པའོ་ཞེ་ན། དེ་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་ལས་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན། འདི་ལྟར་དེ་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་བྱུང་བ་ཡིན་ལ། སྔ་མ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བ་ཡིན་ལ། ཕྱི་མ་ནི་མ་ཡིན་ཏེ་དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་འགྱུར་གྱི། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་བའི་ཡན་ལག་གཞན་ཀུན་དུ་བརྟགས་པས་ཅི་ཞིག་བྱ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བར་མི་རུང་ངོ༌། །འདུ་བྱེད་རྣམས་ནི་མ་རིག་པའི་རྐྱེན་གྱིས་བྱུང་བ་ཡིན་ལ་དེས་བསྒོས་པའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བ་དང༌། དེའི་རྐྱེན་གྱིས་བྱུང་བ་ཉིང་མཚམས་སྦྱོར་བ་ནི་མིང་དང་གཟུགས་ཉིད་དོ་ཞེས་བྱ་བའི་ཚུལ་འདི་ལ་ནི་ཉེས་པ་མེད་དོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདུ་བྱེད་ཀྱིས་


DTG136_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྒོས་པ་དག་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་ཕྱོགས་འདི་ཡང་སྦྱར་མ་ལེགས་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པའི་བག་ཆགས་དང༌། རྒྱུ་མཐུན་པའི་བག་ཆགས་བདག་ལ་སྐྱེད་པར་མི་ནུས་ཏེ། བདག་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་མ་ཐེག་པ་ལ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་མ་བྱུང་བའི་ཕྱིར་རོ། །མ་བྱུང་བ་ནི་མེད་པའི་ཕྱིར་རོ། །བྱུང་བ་ལ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་སྔར་འགགས་པའི་ཕྱིར་རོ། །སེམས་མེད་པའི་གཉིད་ཀྱིས་ལོག་པ་ལ་སོགས་པའི་དུས་ན་ནི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་སེམས་འབྱུང་མི་སྲིད་པའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུར་རོ། །དེ་མེད་པར་སྐྱེ་མཆེད་དྲུག་ཀྱང་མེད་པར་འགྱུར་རོ། །དེ་བཞིན་དུ་རྒ་ཤིའི་བར་དུ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་འཁོར་བར་འཇུག་པ་ཉིད་དང་འགལ་ལོ། །འཁོར་བ་ལས་ལྡོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་འཐད་དེ། འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །དེ་གཉིས་ལས་ཀྱང་ཉོན་མོངས་པ་ནི་གཙོ་བོ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ལས་ཀྱིས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་བདེན་པ་མཐོང་བ་རྣམས་ཀྱི་ལས་ལས་ཡང་སྲིད་པ་མི་འཕེན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་སྲིད་པ་འཕངས་པའི་ལས་ཀྱང་ཉོན་མོངས་པ་མེད་ན་ཡང་སྲིད་པ་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡང་སྲིད་པ་འཕངས་པའི་ལས་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་ཡང་སྲིད་པ་འབྱུང་བར་བྱེད་མི་ནུས་སོ། །དེའི་ཕྱིར་དེ་དག་གི་ཡང་སྲིད་པ་མངོན་པར་མི་འགྲུབ་བོ། །དེ་ལྟར་ན་གཙོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་ཉིད་འཁོར་བར་འཇུག་པའི་རྩ་བ་སྟེ། དེའི་ཕྱིར་དེ་དག་སྤངས་ན་འཁོར་བ་ལས་ལྡོག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་མེད་པར་དེ་དག་སྤང་དུ་མི་རུང་སྟེ། ཉོན་མོངས་པ་མངོན་དུ་གྱུར་པའམ། ས་བོན་གྱི་ཚེ་སྤང་གྲང་ན། དེ་ལ་མངོན་དུ་གྱུར་པ་སྤང་ངོ་ཞེ་ན་ནི། དེ་མི་འདོད་པ་ཉིད་དེ།


DTG136_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དེ་དག་སྤོང་བའི་ལམ་མེད་པའི་ཕྱིར་རོ། །ས་བོན་གྱི་ཚེ་ཡང་སྤང་དུ་མི་རུང་སྟེ། གང་ལ་ཉོན་མོངས་པའི་ས་བོན་གནས་པ་དེ་གཉེན་པོས་སྤོང་ན། དེའི་ཚེ་ནི་གཉེན་པོ་ལས་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ། །ཇི་སྟེ་གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་འདྲེས་ན་ནི་ཉོན་མོངས་པའི་ས་བོན་དང་འདྲེས་པ་ཉིད་པས་གཉེན་པོར་མི་རུང་སྟེ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ནི་འཁོར་བ་ལས་ལྡོག་མི་སྲིད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་དང༌། ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་རང་གི་ས་བོན་གསོ་བར་བྱ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླངས་སོ། །རྒྱུན་འགྱུར་བའི་བྱེ་བྲག་གི་སྟོབས་ཇི་ལྟ་བ་བཞིན་དུ་བསྒོས་པ་འཇུག་པ་རྙེད་ནས། ཡང་དེ་ཉིད་ལས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་སྟེ། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ནི་དེ་དང་ལྷན་ཅིག་འབྱུང་བ་ཉོན་མོངས་པའི་གཉེན་པོ་ལམ་གྱིས་སེལ་ཏོ། །དེ་བསལ་ནས་གནས་དེ་ནས་ཉོན་མོངས་པ་རྣམས་མི་འབྱུང་བས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་བོ། །སྔོན་གྱི་ལས་ཀྱིས་འཕངས་པའི་སྐྱེ་བ་ནི་འགགས་ལ། དེ་ལས་གཞན་པའི་སྐྱེ་བ་དང་ཉིང་མཚམས་མི་སྦྱོར་བ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། ལས་ཡོད་དུ་ཟིན་ཀྱང་ཉོན་མོངས་པ་རྣམས་སྤངས་ན་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར། ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་མི་ནུས་སོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཁོར་བར་འཇུག་པ་དང་ལྡོག་པར་རུང་གི་གཞན་དུ་ནི་མ་ཡིན་ཏེ། གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་འདི་ནི་ས་བོན་ཐམས་ཅད་ཀྱི་གཞི་ཉིད་དོ། །ཕྱིར་རོ་ཞེས་བྱ་བ་ཐ་མར་གང་བསྟན་པ་དེ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །ཀུན་གཞི་རྣམ་པར་ཤེས་པའི་དངོས་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འཇུག་པའི་


DTG136_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ། །དེ་ལ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་སྟེ། དེ་ལས་མ་གཏོགས་པར་ཤེས་པར་བྱེད་པ་པོ་མེད་པར་བསྟན་པའི་ཕྱིར་དངོས་པོ་ཙམ་ལ་བྱེད་པར་བསྟན་ཏོ། །ས་བོན་ཐམས་ཅད་ཀྱི་གཞི་ཉིད་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་ཐམས་ཅད་ཀྱི་གནས་ཉིད་དོ། །གཞི་ནི་གནས་ཀྱི་རྣམ་གྲངས་སུ་གཏོགས་པའོ། །ཡང་ན་འདིར་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་སྦྱོར་ཞིང་ཉེ་བར་འབྲེལ་བའམ། དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་པོར་སྦྱོར་ཞིང་ཉེ་བར་འབྲེལ་བས་ཀུན་གཞིའོ། །ལུས་ཀྱི་ཀུན་གཞི་ཉིད་དང་རྒྱུ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་ལུས་ནི་མིང་དང་གཟུགས་སོ། །དེར་ལུས་སྦྱོར་ཏེ། དེའི་སྟོབས་ཀྱིས་འབྱུང་བས་ཀུན་གཞི་ཉིད་དོ། །དེའི་དངོས་པོ་ནི་ཀུན་གཞི་ཉིད་དོ། །ལུས་ཀྱི་རྒྱུ་ནི་དེའི་ས་བོན་ཡོངས་སུ་གསོས་པས་ཉིང་མཚམས་སྦྱོར་བ་ནི་ལུས་མངོན་པར་འགྲུབ་པའི་ཕྱིར་ཏེ། ལུས་ཀྱི་གཞི་ཉིད་དང༌། ལུས་ཀྱི་རྒྱུ་ཉིད་ཡིན་པས་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཁས་བླང་བར་བྱའོ་གཞན་ནས་དེ་བཞིན་དུ་འབྱུང་སྟེ། བདག་ཏུ་ང་རྒྱལ་གྱི་གཞི་དང༌། རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་ངོ༌། །ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པའི་ང་རྒྱལ་གང་ཡིན་པ་དེ་བདག་ཏུ་ང་རྒྱལ་ལོ། །བདག་ཏུ་ང་རྒྱལ་ནི་འདི་ལ་ཡུལ་ཅན་གྱི་དངོས་པོར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་ནི་བདག་ཏུ་ང་རྒྱལ་གྱི་ཀུན་གཞིའོ། །ཡང་ན་དེ་དག་ཏུ་ང་རྒྱལ་ལ་རྒྱུའི་དངོས་པོར་སྦྱོར་བས་ཀུན་གཞི་ཞེས་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལུས་ལ་གནས་པ་ཉིད་ཀྱི་ཡང་ཕྱིར་རོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །ལུས་ནི་འདིར་དབང་པོ་དང་བཅས་པའི་ཁོག་པའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ། །དེའི་ཕྱིར་ལུས་དང་འབྲེལ་བར་འཇུག་པས་ལུས་ལ་གནས་པའི་ཕྱིར་ལུས་ལ་གནས་པའོ། །དེའི་དངོས་པོ་ནི་ལུས་ལ་གནས་པ་ཉིད་དེ། ལུས་ལ་གནས་པ་ཉིད་ཀྱི་ཕྱིར་བཟུང་ནས་འདི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ཅིའི་ཕྱིར་དེ་ལེན་པའི་རྣམ་


DTG136_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་ལུས་ལེན་པའི་ཕྱིར་རོ་ཞེས་རྒྱུ་སྨོས་སོ། །འདིས་ལུས་ལེན་བས་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། སེམས་ཀྱིས་ལུས་ལེན་གྱི་བདག་གིས་ནི་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་གྲུབ་བོ། །དེ་ཡང་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་འབྱུང་བ་སྟེ། ཁུ་བ་དང་ཁྲག་གི་ནང་དུ་བརྒྱལ་བའི་དུས་ན་སྲིད་པ་ལེན་ཏེ། དེ་ཉིད་ཤི་བ་ལ་ཐུག་གི་བར་ལུས་ལེན་པར་བྱེད་པར་འདོད་ཀྱི། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང༌། དེའི་རྗེས་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པས་ནི་མ་ཡིན་ཏེ། དེ་དག་ནི་དེའི་འོག་ཏུ་མིག་ལ་སོགས་པ་རྐྱེན་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་གཞན་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་དག་དགེ་བ་དང་མི་དགེ་བའི་ཕྱིར་རོ། །འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་གཅིག་ཏུ་ལུང་མ་བསྟན་པའོ། །རྣམ་པར་སྨིན་པ་ལ་ཡང་མིག་ལ་སོགས་པ་བཞིན་དུ་རྒྱུན་ཆད་ནས་ཡང་ཉིང་མཚམས་སྦྱོར་བ་མ་ཡིན་ནོ། །གང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཀུན་དུ་རྟག་པ་གཅིག་ཏུ་ལུང་མ་བསྟན་པའི་རང་བཞིན་ཅན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མ་མཐོང་ངོ༌། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་སོ་སོར་ངེས་པ་ལས་འབྱུང་བ་དང༌། རྒྱུན་ཆད་ནས་འབྱུང་བའི་ཕྱིར་གནས་ཐམས་ཅད་ལེན་པར་མི་རུང་སྟེ། འདི་ལྟར་གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་འབྱུང་བ་དེས་དེ་ཉིད་ཟིན་པར་འགྱུར་གྱི། ལྷག་མ་ནི་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཟིན་པ་མ་ཡིན་ནོ། །དེ་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྒྱུན་ཆད་ནས་ཡང་དང་ཡང་འབྱུང་བའི་ཕྱིར་གནས་དེ་ཡང་དང་ཡང་ཉེ་བར་ལེན་པའི་སྐྱོན་དུ་འགྱུར་རོ། །དེ་ལྟ་བས་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཉིང་མཚམས་སྦྱོར་བའི་དུས་ནས་ལུས་བཟུང་ནས་ཤི་བ་ལ་ཐུག་གི་བར་དུ་ལུས་མཐའ་དག་ལ་བརྟེན་ཏེ་འབྱུང་བས་དེ་ཉིད་ཉིང་མཚམས་སྦྱོར་བ་ནས་ཤི་བ་ལ་ཐུག་གི་བར་དུ་ལུས་འཛིན་པས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །དངོས་སུ་ན་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀུན་


DTG136_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྣམ་པར་ཤེས་པ་ལ་རྟག་པར་བདག་ཏུ་དམིགས་ཏེ། བདག་ཏུ་རྨོངས་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། ཆགས་པར་དམིགས་པ་རྣམས་དང་མཚུངས་བར་ལྡན་པའི་ཕྱིར་རོ། །དེ་ཡང་རྟག་པར་རློམ་སེམས་པའི་བདག་ཉིད་ཡིན་པས་ཡོད་དོ། །དངོས་སུ་ན་དེ་ཡིད་ཅེས་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པའི་རྣམ་པར་ཤེས་པ་ལ་ཡིད་ཅེས་བརྗོད་པ་གང་ཡིན་པ་དེ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་གནས་སྒྲུབ་པའི་ཕྱིར་ཡིན་གྱི་ངར་སེམས་པའི་རྣ་བའི་ཕྱིར་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་སུ་ན་དེ་ནི་ཡིད་ཉིད་མ་ཡིན་ནོ། །དེ་ཡང་བདག་ཏུ་རྨོངས་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ལ་ཆགས་པ་སྟེ། ཉོན་མོངས་པ་བཞི་དང༌། རྟག་པར་མཚུངས་པར་ལྡན་ཏེ། དེ་ལ་བདག་ཏུ་རྨོངས་པ་ནི་གཏི་མུག་ཙམ་དང་མཚུངས་པར་ལྡན་པ་མ་ཡིན་གྱི། བདག་ཏུ་རྨོངས་པ་གང་ཡིན་པའོ། །དེ་བཞིན་དུ་བདག་ལ་ཆགས་པའི་བར་དག་ལ་ཡང་བརྗོད་པར་བྱའོ། །སོགས་པ་ནི་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་དུ་འགྲོ་བ་ལྔ་པོ་དག་དང་ཡང་རབ་ཏུ་མཚུངས་པར་ལྡན་པའོ། །དེ་ཡང་མ་གྲགས་པ་དང༌། སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པས་ན་དེའི་རང་གི་ངོ་བོ་དམིགས་ཀྱིས་དབྱེ་བའི་ཕྱིར། རྣམ་པར་ཤེས་པ་སྟེ་ཞེས་བྱ་བ་སྨོས་སོ། །རིགས་གཅིག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་རིགས་ཡིན་གྱི། དགེ་བའམ། ལུང་དུ་མ་བསྟན་པ་ནི་མ་ཡིན་ཏེ། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་དང༌། རྟག་ཏུ་མཚུངས་པར་ལྡན་པའི་ཕྱིར་རོ། །རྒྱུན་ཆགས་པར་འཇུག་པ་སྟེ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རྗེས་སུ་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །སྤྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བ་རྩོམ་སྟེ། དགྲ་བཅོམ་པ་དང༌། འཕགས་པའི་ལམ་དང༌། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ། །དགྲ་བཅོམ་པ་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་སྤངས་པའི་ཕྱིར་དགྲ་བཅོམ་པའི་དུས་ནི་མི་འབྱུང་ངོ༌། །འཕགས་པའི་ལམ་གྱི་དུས་ན་ཡང་མི་འབྱུང་སྟེ། དེ་ན་དམ་པ་ཤེས་པ་ནི་བདག་ཏུ་ལྟ་བ་ཀུན་དུ་འབྱུང་


DTG136_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །དེའི་འོག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་སྟེ། སློབ་པའི་དུས་ན་མ་སྤངས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཡང་མི་འབྱུང་སྟེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བས་འགོག་པའི་སྙོམས་པར་ཞུགས་པ་ཆེས་ཞེ་བའི་ཕྱིར། དེ་ཀུན་དུ་མི་འབྱུང་བར་རིག་པར་བྱའོ། །འདིར་ནི་ངེས་པའི་ཚིག་དང༌། དམིགས་པ་དང༌། མཚུངས་པར་ལྡན་པ་དང༌། འབྱུང་པའི་དུས་ཀྱི་ཡིད་བསྟན་པར་རིག་པར་བྱའོ། །ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། སྤུངས་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སྤུངས་པ་ནི་ཕུང་པོ་ཞེས་བྱ་བའི་གྲངས་སུ་གཏོགས་པའོ། །དེ་ནི་འདི་སྐད་དུ་གཟུགས་སྤུངས་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦུངས་པ་ལ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་མདོ་ལས་དུས་དང༌། རྒྱུ་དང༌། རྣམ་པ་དང༌། འགྲོ་བ་དང༌། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པའི་ཕྱིར། གཟུགས་ལ་སོགས་པ་ཕུང་པོར་བསྟན་ཏེ། གཟུགས་གང་ཡིན་པ་ཅི་ཡང་རུང་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་པའམ། ནང་གིའམ་ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་ཉེ་བ་གང་ཡིན་པའམ། རྒྱང་རིང་བ་གང་ཡིན་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ་ཞེས་འབྱུང་སྟེ། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་ཞེས་བྱ་བའི་བྱེ་བྲག་གིས་དུས་ཐ་དད་པའོ། །ནང་ངམ་ཕྱི་ཞེས་བྱ་བ་ནི་རྒྱུ་ཐ་དད་པས་སོ། །འདི་ལྟར་ནང་གི་རྣམས་ནི་རང་གི་རྒྱུད་དུ་གཏོགས་པ་དག་གོ །ཕྱིའི་རྣམས་ནི་དེ་ལས་གཞན་པ་དག་གོ །རགས་པའམ། ཕྲ་བ་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་གིས་སོ། །དེ་ལ་གཟུགས་ཀྱི་རགས་པ་དང༌། ཕྲ་བ་ཉིད་ནི་ལྟོས་བ་ཅན་ནོ། །ཡང་ན་ཐོགས་པ་དང་བཅས་པ་ནི་རགས་པའོ། །ཐོགས་པ་མེད་པ་ནི་ཕྲ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ཀྱང་དབང་པོ་ལྔ་ལ་བརྟེན་ཏེ། བྱུང་བ་དག་ནི་རགས་པའོ། །ཡིད་ལ་བརྟེན་ཏེ་བྱུང་བ་དག་ནི་ཕྲ་


DTG136_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ངན་པའམ་གྱ་ནོམ་པ་ཞེས་བྱ་བ་ནི་འགྲོ་བའི་བྱེ་བྲག་གིས་ཐ་དད་པ་རྣམས་ཏེ། འདི་ལྟར་འགྲོ་བ་ངན་པས་ཟིན་པ་དག་ནི་ངན་པ་རྣམས་སོ། །འགྲོ་བ་གྱ་ནོམ་པས་ཟིན་པ་དག་ནི་གྱ་ནོམ་པ་རྣམས་སོ། །ཐག་ཉེ་བ་གང་ཡིན་པའམ། རྒྱང་རིང་པོ་གང་ཡིན་པ་ཞེས་བྱ་བ་ནི་ཡུལ་གྱི་བྱེ་བྲག་གིས་ཐ་དད་པ་རྣམས་སོ། །ཚོར་བ་ལ་སོགས་པ་ནི་གནས་ཀྱི་དབང་གིས་ཉེ་བ་དང་རིང་བའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སོ། །མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དུས་དང༌། རྒྱུ་དང༌། རྣམ་པ་དང༌། འགྲོ་བ་དང༌། ཡུལ་ཐ་དད་པ་རྣམས་ཀྱི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སོ་སོར་མདོར་བསྡུས་པ་ནི་མདོར་བསྡུས་པའོ། །དེའི་དངོས་པོ་ནི་མདོར་བསྡུས་པ་ཉིད་དོ། །དེ་དག་མདོར་བསྡུས་པའི་ཕྱིར་མདོ་ལས་སྦུངས་པའི་དོན་ཞེས་འབྱུང་བ་ནི་ཕུང་པོའི་དོན་ནི་ཞེས་བྱ་བར་ཤེས་ཏེ། འདི་ལྟར་འདས་པ་ལ་སོགས་པའི་གཟུགས་དེ་དག་ཐམས་ཅད་ནི་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་བསྟན་ཏོ། །ཕུང་པོ་ལྔ་པོ་རྣམས་དང༌། ཕུང་པོའི་དོན་བཤད་ཟིན་ཏོ།། །།ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། བམ་པོ་བཞི་པ་སྟེ་ཐ་མའོ། །འདུས་བྱས་ཐམས་ཅད་ནི་ཕུང་པོ་ལྔས་བསྡུས་ལ། འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་མཆེད་དང༌། ཁམས་སུ་བསྡུས་པར་བསྟན་པ་དེ་ལ་ཕུང་པོ་བཤད་པའི་འོག་ཏུ་སྐྱེ་མཆེད་རྣམས་བརྗོད་དགོས་པས་དུ་ཞིག་གང་དང་གང་སྐྱེ་མཆེད་ཀྱི་དོན་ནི་ཅི་ཞེ་ན། དེའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་གང་ཞེ་ན། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང་ཞེས་བྱ་བ་ལ་སོགས་པ་ནས། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བའི་བར་དུའོ། །མིག་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་ཕྱེ་བ་ནི་ཇི་ལྟར་མིག་ལ་སོགས་


DTG136_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་གི་ངོ་བོ་བསྟན་པ་དེ་བཞིན་དུ་འདིར་ཡང་རང་གི་ངོ་བོ་བསྟན་པར་བྱའོ། །དེ་ལ་མིག་གི་དབང་པོ་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་སྟེ། ཡུལ་ཁ་དོག་གཟུགས་དང་བའོ་ཞེས་བསྟན་ཏོ། །དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཡང་ཡུལ་ཏེ། གོ་རིམས་བཞིན་ནོ། །རྣ་བ་ལ་སོགས་པ་ཡང་གཟུགས་ཀྱི་བདག་ཉིད་དང་བའོ། །གཟུགས་དང༌། སྒྲ་དང༌། དྲི་དང༌། རོའི་སྐྱེ་མཆེད་རྣམས་ཀྱང་སྔ་མ་བཞིན་དུ་བཤད་དོ་ཞེས་བྱ་བར་སྦྱར་རོ། །སྔར་ནི་མིག་གི་ཡུལ་ནི། ཁ་དོག་དང༌། དབྱིབས་དང༌། རྣམ་པར་རིག་བྱེད་ཀྱི་གཟུགས་སོ། །རྣ་བའི་ཡུལ་ནི་སྒྲ་སྟེ། ཟིན་པ་དང༌། མ་ཟིན་པ་དང༌། གཉི་གའི་སྟེ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འབྱུང་བ་ཆེན་པོ་དག་དང༌། གང་རེག་བྱའི་ཕྱོགས་གཅིག་བཤད་པ་སྟེ། དེ་འབྱུང་བ་ཆེན་པོ་རྣམས་དང་བཅས་པ་ནི་རེག་བྱའི་སྐྱེ་མཆེད་དོ། །དེ་ཡང་འཇམ་པ་ཉིད་ལ་སོགས་པའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་བརྒྱད་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། འཇུག་པའི་རྣམ་པར་ཤེས་པ་དྲུག་དང༌། ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡོད་དོ། །སྐྱེ་མཆེད་རྣམ་པར་གཞག་པ་ལ་ནི་རྣམ་པར་ཤེས་པའི་ཕུང་པོ་ཉིད་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཆོས་ཀྱི་སྐྱེ་མཆེད་ནི་རྣམ་པ་བརྒྱད་དེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་བཞིའོ། །དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཕུང་པོ་རྣམ་པར་ཕྱེ་བས་བཤད་པ་ཡིན་ནོ། །འདུས་མ་བྱས་ནི་མ་བཤད་དེ། དེའི་ཕྱིར་དེ་དག་རབ་ཏུ་དབྱེ་བར་འདོད་ནས། འདུས་མ་བྱས་གང་ཞེ་ན་ཞེས་དྲིས་སོ། །གང་རྒྱུ་དང་རྐྱེན་ལ་རག་ལས་པ་མ་ཡིན་པའི་བདག་ཉིད་ཀྱི་རང་གི་ངོ་བོ་ནི་འདུས་མ་བྱས་ཞེས་བྱ་སྟེ། ནམ་མཁའ་དང་སོ་སོར་བརྟགས་བ་མ་ཡིན་པའི་འགོག་པ་དང༌། སོ་སོ་བརྟགས་པའི་འགོག་པ་དང༌། དེ་བཞིན་ཉིད་དོ། །འདུས་མ་བྱས་ཀྱི་རབ་ཏུ་དབྱེ་བ་སྟོན་ཏེ། ནམ་མཁའ་གང་ཞེ་ན་ཞེས་བྱ་བ་ནི་


DTG136_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་རང་གི་ངོ་བོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདྲི་བའོ། །གང་གཟུགས་ཀྱི་གོ་འབྱེད་པའོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་བཤད་པའོ། །དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པ་ལ་སོགས་པ་སོ་སོར་བརྗོད་པར་བྱའོ། །ཕྱོགས་གང་དུ་ཐོགས་པ་དང་བཅས་པའི་གཟུགས་ལ་ཐོགས་པར་མི་བྱེད་པ་ནི་གོ་འབྱེད་པའོ། །དེའི་ཕྱིར་དངོས་པོ་གཟུགས་ཅན་རྣམས་ལ་སྐབས་འབྱེད་པ་ནམ་མཁའ་ཞེས་བྱའོ། །ནམ་མཁའི་འོག་ཏུ་བསྟན་པའི་ཕྱིར་དེ་བཤད་པའི་འོག་ཏུ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་རང་གི་ངོ་བོ་ཁོང་དུ་ཆུད་པར་འདོད་ནས། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན་ཞེས་དྲིས་སོ། །བརྟགས་པ་དང༌། གཞལ་བ་དང༌། རྣམ་པར་འབྱེད་པ་དང༌། ཤེས་རབ་ཅེས་བྱ་བ་ནི་དོན་གཅིག་གོ །སོ་སོར་ཞེས་བྱ་བ་ནི་སྤྱིར་བསྙག་པའི་དོན་ཏེ། དེ་ནི་འདི་ལྟར་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། ཤེས་རབ་ཀྱི་ཁྱད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །སོ་སོར་མ་བརྟགས་པ་ནི་སོ་སོར་བརྟགས་པ་མ་ཡིན་པ་སྟེ། དེ་ཡང་གང་ཞེ་ན། རྐྱེན་མ་ཚང་བའོ། །དེ་ནི་འདི་སྐད་དུ་རྐྱེན་མ་ཚང་བའི་ཕྱིར་མ་འོངས་པའི་ཆོས་རྣམས་གཏན་དུ་མི་སྐྱེ་བ་གང་ཡིན་པ་དེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ་ཞེས་བསྟན་པར་འགྱུར་རོ། །གང་འགོག་པ་ལ་འབྲལ་བ་མ་ཡིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འདྲི་བའི་ལན་ནོ། །འགོག་པ་ཞེས་བྱས་ན་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བཞིན་དུ་སོ་སོར་བརྟགས་པ་དང། སྙོམས་པར་འཇུག་པ་དང༌། སྐྱེ་བ་དང༌། མི་རྟག་པའི་འགོག་པ་རྣམས་ལ་ཡང་སྙེགས་པས་འདིར་སོ་སོར་བརྟགས་པའི་འགོག་པ་རྣམ་པར་དབྱེ་བའི་ཕྱིར་འབྲལ་བ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། འབྲལ་བ་མ་ཡིན་ཞེས་བྱ་བ་ནི་ས་བོན་ཡོད་ན་དེ་དག་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་མ་འོངས་པའི་ཆོས་རྣམས་དང་ཕྲད་པར་རྣམ་པར་གཞག་སྟེ། དེའི་གཉེན་པོས་རང་གི་གནས་ནས་དེ་དག་གི་ས་བོན་བཏོན་བཞིན་གཏན་མི་སྐྱེ་བ་གང་ཡིན་པ་དེ་འགོག་པའོ། །དེ་ནི་འདི་སྐད་དུ་ས་བོན་བཏོན་ལ་བློ་སྔོན་དུ་མ་བཏང་ཡང་རྐྱེན་མ་ཚང་བས་མ་འོངས་པའི་ཆོས་རྣམས་


DTG136_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་མི་སྐྱེ་བ་གང་ཡིན་པ་དེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ་ཞེས་བསྟན་པར་འགྱུར་རོ། །དགྲ་བཅོམ་པ་ལ་ནི་རིས་གཞན་དང་འབྲེལ་བའི་དགེ་བ་དང༌། ལུང་དུམ་བསྟན་པའི་ཕུང་པོ་རྣམས་ཀྱིས་བོན་ཡོད་བཞིན་དུ་གཏན་མི་སྐྱེ་བ་ཐོབ་པས། དེ་ཡང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་ནི་གང་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། འདི་ལ་དགེ་བ་དང་ལུང་དུ་མ་བསྟན་པའི་ཕུང་པོའི་ས་བོན་ཡོད་དུ་ཟིན་ཀྱང༌། ཉོན་མོངས་པའི་གཉེན་པོ་མེད་པར་མི་ཐོབ་པས་སོ་སོ་བརྟགས་པའི་འགོག་པ་ཉིད་དེ། འདི་ནི་སོ་སོར་མ་བརྟགས་པའི་འགོག་པ་མ་ཡིན་ནོ། །དེ་ལྟར་ན་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་སོ་སོར་བརྟགས་པའི་འགོག་པ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པའི་གཉེན་པོ་ནི་འདིར་ཟག་པ་མེད་པའི་ལམ་དུ་བཞེད་དོ། །གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་ལ་གཏན་དུ་སྨོས་པ་ནི་སྐྱེ་བ་དང་སྙོམས་པར་འཇུག་པའི་འགོག་པ་ལས་རྣམ་པར་དབྱེ་བའི་ཕྱིར་རོ། །དེ་དག་མི་སྐྱེ་བ་ཡིན་ལ་གཏན་དུ་མ་ཡིན་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་འབྱུང་བར་འགྱུར་བའི་ཕྱིར་རོ། །མི་སྐྱེ་བའོ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་ལས་རྣམ་པར་འབྱེད་དེ། མི་རྟག་པ་ཉིད་ཀྱི་འགོག་པ་ནི་དེ་ལྟར་ཡོད་ལ་མི་སྐྱེ་བ་ནི་ད་ལྟར་མེད་པས་མ་འོངས་པ་ཡིན་པ་ཉིད་དེ། དཔེར་ན་གཟུགས་ཀྱི་རྣམ་པ་གཅིག་ལ་མིག་གི་རྣམ་པར་ཤེས་པ་ཡེངས་པ་ཡུལ་གཞན་དང༌། གཟུགས་ཀྱི་རྣམ་པ་གཞན་འདས་པ་གང་ཡིན་པ་དེ་དག་ནི་དམིགས་པ་དེའི་རྣམ་པར་ཤེས་པའི་ཚོགས་ལྔ་བསྐྱེད་པར་མི་ནུས་ཏེ། ད་ལྟར་གྱི་རྣམ་པ་ལ་ནི་དེ་མ་ཐག་པའི་རྐྱེན་མེད་ཅིང༌། འདས་པ་རྣམས་ལ་ནི་དམིགས་པའི་རྐྱེན་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པར་འགྱུར་རོ། །སོ་སོར་བརྟགས་པའི་འགོག་པ་གང་ཞེ་ན་ཞེས་བྱ་བ་ལ། སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། བར་ཆད་མེད་པའི་ལམ་གྱིས་ཤེས་རབ་ཀྱི་ཁྱད་པར་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་བརྟགས་པས་ཐོབ་པར་བྱ་བའི་འགོག་


DTG136_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། ཚིག་བར་མ་མ་སྨོས་སོ། །གང་འགོག་པ་ཞེས་བྱ་བ་ནི་འགོག་པ་ཐམས་ཅད་དུ་ཐལ་བར་འགྱུར་བས། དེ་ནི་འབྲེལ་པ་སྟེ་ཞེས་བྱ་བ་སྨོས་སོ། དེ་ལྟར་ན་འགོག་པ་ལྷག་མ་བཞི་པོ་ལས་རྣམ་པར་ཕྱེ་བ་ཡིན་ཏེ། དེ་དག་ནི་འབྲལ་བའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ནི་ཉོན་མོངས་པའི་གཉེན་པོས་ཕུང་པོ་གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་ནི་འབྲལ་བ་ཉིད་དཔྱོད་པ་སྟེ། ལུས་འདི་ནི་ཁམས་གསུམ་པའི་ཉོན་མོངས་པའི་ས་བོན་ནམ་ལུས་པ་དང༌། རྗེས་སུ་འབྲེལ་བར་འབྱུང་བའོ། །དེ་ལ་གང་དང་གང་གི་གཉེན་པོ་ལམ་གྱི་སྐད་ཅིག་གང་དང་གང་ཡིན་པའི་ལམ་དེ་འབྱུང་ན་ལུས་ཀྱི་སྐད་ཅིག་དེ་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་ཕྱི་མ་ལུས་ཀྱི་སྐད་ཅིག་གཞན་འབྱུང་བ་དང༌། མི་མཐུན་པའི་རྐྱེན་དུ་གྱུར་པ་དང༌། ཕྱི་མ་ལུས་ཀྱི་སྐད་ཅིག་གཞན་སྐྱེད་པར་མི་ནུས་ཏེ། དེ་འབྱུང་བ་དང་མི་མཐུན་པའི་རྐྱེན་ཉེ་བར་གྱུར་པའི་ཕྱིར་རོ། །འོན་ཀྱང་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་ལྡོག་པ་བདག་ཉིད་ཁོ་ནའི་རྒྱུར་འགྱུར་ཏེ། དེ་བྱུང་བ་དང་མཐུན་པའི་རྐྱེན་ཡོད་པའི་ཕྱིར་རོ། །ལམ་གྱི་སྐད་ཅིག་དེ་ཉིད་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་སྐད་ཅིག་གཞན་འབྱུང་བ་དང་མི་མཐུན་པའི་རྐྱེན་དུ་གྱུར་པ་དང༌། ཅིག་ཤོས་དང་མཐུན་པར་བརྗོད་པར་བྱའོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་དུ་ཆུང་ངུའི་བར་གྱི་གཉེན་པོ་བྱུང་ན་ལུས་དེ་ཁམས་གསུམ་པའི་ཉོན་མོངས་པ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ས་བོན་མ་ལུས་པར་ལྡོག་པའི་བདག་ཉིད་ཁོ་ནའི་སྐད་ཅིག་གཞན་གྱི་རྒྱུར་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པ་གང་དང་གང་གི་ལུས་མི་འབྱུང་བས་ས་བོན་བཏོན་པར་གྱུར་པའི་ཉོན་མོངས་པ་དེ་དག་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱང་ཉོན་མོངས་པའི་གཉེན་པོས་གཏན་དུ་མི་སྐྱེ་བར་འབྱུང་སྟེ། སོ་སོར་བརྟགས་པའི་འགོག་པ་དེ་ནི་འབྲལ་བ་ཞེས་བྱའོ། །སོ་སོར་བརྟགས་པའི་འགོག་པའི་འོག་ཏུ་དེ་བཞིན་ཉིད་བསྟན་པས་དེའི་ཕྱིར་དེ་བཤད་པའི་འོག་ཏུ་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་ནས། དེ་བཞིན་ཉིད་གང་ཞེ་ན་ཞེས་འདྲིའོ། །གང་ཆོས་རྣམས་ཀྱི་ཆོས་


DTG136_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ཆོས་བདག་མེད་པ་ཉིད་དོ་ཞེས་བྱ་བ་དེ་ནི་དེའི་བཤད་པ་སྟེ། གཞན་མ་ཡིན་པའི་དོན་གྱི་ཕྱིར་དེ་བཞིན་ཉིད་དོ། །ཆོས་རྣམས་ཞེས་བྱ་བ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སོ། །ཆོས་རྣམས་ཀྱི་དངོས་བོ་ནི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་གྱི་བདག་ཉིད་དང་ཡང་དག་པའི་མཐར་ཐུག་པའོ། །ཆོས་ཉིད་ནི་ཆོས་རྣམས་ཀྱི་འབྲས་བུ་མི་རྟག་པ་ཉིད་ལ་སོགས་པ་ཡང་ཆོས་རྣམས་ལ་ཡོད་དེ། དེའི་ཕྱིར་ཆོས་བདག་མེད་པ་ཉིད་ཅེས་བྱ་བ་སྨོས་སོ། །ཆོས་ནི་རང་བཞིན་གང་གིས་ཤེས་པ་དང༌། བརྗོད་པ་གཉིས་ཀྱི་ཡུལ་དུ་འགྱུར་བ་དེ་དེ་དག་གི་བདག་སྟེ། དེའི་རང་བཞིན་མ་ཡིན་པའི་ཕྱིར་བདག་དེ་དང་བྲལ་བ་ནི་བདག་མེད་པའོ། །དེའི་དངོས་པོ་ནི་བདག་མེད་པ་ཉིད་དོ། །དེ་ནི་དངོས་པོ་རྣམས་རྣམ་པར་བརྟགས་པའི་རང་བཞིན་གྱི་སྟོང་པ་ཉིད་དོ། །འདི་ལ་དཔྱད་ན་བརྗོད་པ་མང་དུ་འབྱུང་སྟེ། དེ་ཐལ་བར་འགྱུར་བས་ཀྱང་ཆོག་གི་སྐབས་ཉིད་བརྩམ་མོ། །ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན་ཞེས་བྱ་བ་ལ། སྐྱེ་མཆེད་ཀྱི་སྒྲ་ནི་མིག་ལ་སོགས་པ་རང་གི་ངོ་བོ་ཕན་ཚུན་ཐ་དད་པ་རྣམས་ལ་ཡང་བྱེ་བྲག་མེད་པར་འབྱུང་བས་དེའི་ཕྱིར་དེ་དག་ལ་དེས་སྤྱིའི་དོན་རྒྱུར་བྱས་ནས་འཇུག་གོ །དེ་ཡང་མི་ཤེས་པས་ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེས་འདྲིའོ། །རྣམ་པར་ཤེས་བ་སྐྱེ་བའི་སྒོའི་ཕྱིར་རོ་ཞེས་བྱ་བ་ལ། སྐྱེ་བ་ཞེས་བྱ་བ་ནི་འབྱུང་བ་སྟེ། རྣམ་པར་ཤེས་པ་རྣམས་འབྱུང་བས་བདག་ཉིད་ཐོབ་པའོ། །རྣམ་པར་ཤེས་པ་སྐྱེ་བའི་སྒོ་ནི་རྒྱུ་སྟེ། བྱེད་རྒྱུ་དང་རྒྱུ་མཚན་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོའོ། །དེ་ནི་འདི་སྐད་དུ། རྣམ་པར་ཤེས་པ་འབྱུང་བའི་རྒྱུའི་ཕྱིར་སྐྱེ་མཆེད་རྣམས་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་ཅི་མངོན་ཞེ་ན་ངེས་པའི་ཚིག་གིས་མངོན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འབྱུང་བ་མཆེད་པར་བྱེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། བདག་ཐོབ་པར་བྱེད་པ་རྒྱུན་དུ་འཇོག་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་མིག་དང་གཟུགས་རྣམས་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་སྒོ་ཡིན་ནོ། །དེ་བཞིན་དུ་ཡིད་དང་ཆོས་རྣམས་ཀྱི་བར་དག་ཀྱང་ཡིད་ཀྱི་རྣམ་པར་


DTG136_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་སྐྱེ་བའི་སྒོ་ཡིན་ནོ། །སྐྱེ་མཆེད་ཀྱི་འོག་ཏུ་ཁམས་རྣམས་རབ་ཏུ་དབྱེ་བ་དང༌། རང་གི་ངོ་བོ་བརྗོད་བར་བྱ་སྟེ། དེ་བས་ན་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཁམས་བཅོ་བརྒྱད་ནི་ཞེས་བྱ་བ་སྨོས་སོ། །དེ་དག་ཉིད་ཀྱི་རང་རང་གི་ངོ་བོ་བསྟན་པའི་ཕྱིར། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཞེས་བྱ་བ་ནས་དེ་བཞིན་དུ་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་བྱ་བའི་བར་དུ་སྨོས་སོ། །འདིར་ཡང་གཟུགས་ཀྱི་ཕུང་པོ་རྣམ་པར་དབྱེ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་གང་ཡིན་པ་ལྔ་པོ་དག་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་པ་ལྔ་ཡང་དེ་དག་གི་ཡུལ་ཉིད་དུ་བསྟན་ཏོ། །སྐྱེ་མཆེད་རྣམ་པར་གཞག་པར་ཡང་དབང་པོ་ལྔ་པོ་དེ་དག་ཉིད་མིག་ལ་སོགས་པའི་སྐྱེ་མཆེད་ཉིད་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་གཟུགས་ལ་སོགས་པའི་སྐྱེ་མཆེད་ཉིད་བསྟན་ཏོ། །ཁམས་རྣམ་པར་གཞག་པ་ཡང་དེ་དག་ཉིད་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་བསྟན་ཏེ། དེའི་ཕྱིར་མིག་ལ་སོགས་པའི་ཁམས་དང༌། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །ཆོས་ཀྱི་ཁམས་ནི་ཆོས་ཀྱི་སྐྱེ་མཆེད་ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དང༌། རྣམ་བར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་པ་ཞི་གང་ཡིན་པ་ཉིད་དོ། །སྐྱེ་མཆེད་རྣམ་པར་གཞག་པའི་རྣམ་པར་ཤེས་པའི་ཕུང་པོ་ཉིད་ཡིད་ཀྱི་སྐྱེ་མཆེད་དོ། །དེ་བཞིན་དུ་ཁམས་རྣམ་པར་གཞག་པར་ཡང་ཡིད་ཀྱི་སྐྱེ་མཆེད་ཉིད་ཀྱི་ཁམས་མ་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་ཀྱི་ཁམས་རྣམ་པར་གཞག་པ་ན། སེམས་ཀྱེ་ཁམས་བདུན་ནོ། །དེའི་ཕྱིར། རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིག་ལ་སོགས་པ་ལ་བརྟེན་ཏེ་ཞེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང་ཡིད་ལ་བརྟེན་ཏེའོ། །གཟུགས་ལ་སོགས་པ་ལ་དམིགས་པ་ཞེས་


DTG136_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ནི་དམིགས་པའོ། །རྣམ་པར་རིག་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །དེ་ལ་མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་སོ། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་བརྟེན་ཅིང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམས་ལ་གོ་རིམས་བཞིན་དུ་དམིགས་པ་ནི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །ཡིད་ཀྱི་ཁམས་ནི་རྣམ་པར་ཤེས་པ་དྲུག་ལས་གུད་ན་མེད་དེ། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ཉིད་འགག་སམ་ཐོག་པ་ལ་ཡིད་ཀྱི་ཁམས་ཞེས་བྱའོ། །དེ་ལྟར་ན་ཡིད་ཀྱི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་མི་འགྱུར་རམ། མི་འགྱུར་ཏེ་འདི་ལྟར་རྣམ་པར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར། དེ་ལྟར་ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་གོ ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་སྨོས་པའི་རྣམ་པ་བསྟན་པའོ། །གཟུགས་ཀྱི་ཕུང་པོ་གང་ཡིན་པ་ཞེས་བྱ་བ་ལ་རྫས་བཅུ་གཅིག་ནི་གཟུགས་ཀྱི་ཕུང་པོ་བསྟན་ཏེ། དེ་ལ་མིག་ལ་སོགས་པ་དབང་པོ་ལྔ་དང༌། གཟུགས་ལ་སོགས་པ་ཡུལ་ལྔ་ནི་སྐྱེ་མཆེད་རྣམ་པར་གཞག་པར་སྐྱེ་མཆེད་བཅུ་དང། ཁམས་རྣམ་པར་གཞག་པར་ཁམས་བཅུ་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་ཡིད་ཀྱི་སྐྱེ་མཆེད་དང༌། སེམས་ཀྱི་ཁམས་བདུན་ནོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དུའོ། །གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་ལས་གཞན་ཕུང་པོ་གསུམ་གང་ཡིན་པ་དག་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཅེས་བྱ་བའི་ཕུང་པོ་རྣམས་སོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་


DTG136_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་སྟེ། དེ་དག་འདུས་མ་བྱས་ནམ་མཁའ་ལ་སོགས་པ་དང༌། བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་སོ། །ཅིའི་ཕྱིར་ཁམས་ཞེས་བྱ་ཞེ་ན་ཞེས་བྱ་བ་ནི། སྐྱེ་མཆེད་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་སོ། །སྐད་ཅིག་རྣམས་ལ་ནི་བྱེད་པ་མེད་པར་མི་སྲིད་དོ་ཞེས་སྔར་བསྟན་པ་ཉིད་དོ། །ཆོས་གང་དག་ཕུང་པོ་ཞེས་བསྟན་པ་དེ་དག་ཉིད་སྐྱེ་མཆེད་ཉིད་དང༌། ཁམས་ཉིད་དུ་ཡང་བཤད་པས་དེའི་ཕྱིར། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན་ཞེས་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་དང༌། ཉོན་མོངས་པའི་གཉེན་པོ་ཡིན་པས་དགོས་པ་དང་བཅས་པའོ། །འདིར་ནི་ཆོས་དེ་དག་ཉིད་རྣམ་པ་གཞན་དང་གཞན་གྱིས་ཡང་དང་ཡང་བཤད་པའི་དགོས་པ་ཡང་མི་ཤེས་ནས། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན་ཞེས་བྱ་བ་ནི་དགོས་པ་བརྗོད་དོ། །དེའི་ཕྱིར་བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་ཞེས་བྱ་བ་སྨོས་སོ། །དེ་ལ་བདག་ཏུ་འཛིན་པ་གསུམ་དང༌། གང་གི་གཉེན་པོར་བཤད་པ་ཡང་མི་ཤེས་པས་དེའི་ཕྱིར་གོ་རིམས་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང༌། ཟ་བར་འཛིན་པ་དང༌། བྱེད་པར་འཛིན་པའོ། །དེ་ལ་གོ་རིམས་བཞིན་ཞེས་བྱ་བ་ལ་ཕུང་པོ་བཤད་པ་ནི་གཅིག་པུར་འཛིན་པའི་གཉེན་པོའོ། །སྐྱེ་མཆེད་བཤད་པ་ནི་ཟ་བར་འཛིན་པའི་གཉེན་པོའོ། །ཁམས་བཤད་པ་ནི་བྱེད་པར་འཛིན་པའི་གཉེན་པོའོ། །བདག་ཏུ་སྨྲ་བ་ཐམས་ཅད་ནི་མཐོང་བ་གང་ཡིན་པ་དེ་ཉིད་ཐོས་པ་དང༌། སྣོམ་པ་དང༌། རོ་མྱོང་བ་དང༌། རེག་པ་ཡིན་པ་དང༌། དེ་ལ་དེ་ཉིད་སེམས་པར་བྱེད་བ་དང༌། འདུ་ཤེས་སུ་བྱེད་པ་དང༌། རྣམ་པར་ཤེས་པར་བྱེད་པའོ་སྙམ་དུ་དེ་ལྟར་འཛིན་ཏོ། །སེམས་ཅན་རྣམས་ཀྱི་ལུས་ལ་ནི་ཕུང་པོ་ལྔ་ལས་གུད་ན་གཅིག་པུར་རྣམ་པར་གནས་པའི་ངོ་བོ་གང་ཡང་མེད་དེ། རང་གི་ངོ་བོ་དང༌། འབྲས་བུ་མི་དམིགས་པའི་ཕྱིར་རོ། །མིག་ལས་གུད་ན་ལྟ་བ་པོ་


DTG136_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་དེ། མིག་ཉིད་མཐོང་བའོ་ཞེས་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་དང་གནས་ཡིན་པས་ལྟ་བ་པོ་ཞེས་གདགས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་སོ་སོ་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་ཚོར་བ་ནི་མྱོང་བའི་བདག་ཉིད་ཡིན་པས་མྱོང་བར་བྱེད། འདུ་ཤེས་ཉིད་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་འདུ་ཤེས་སུ་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། དེ་ལྟར་ཐམས་ཅད་དུ་ཡང་བརྗོད་པར་བྱའོ། །དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལུས་ནི་ཕུང་པོའི་བདག་ཉིད་ཡིན་པས་དངོས་པོ་དུ་མའི་བདག་ཉིད་ཅན་ནོ། །འདི་ལ་ནི་ཕུང་པོ་ལྔ་ལས་གུད་ན་གཅིག་པུ་མེད་དེ། ཕུང་པོ་བསྟན་པས་གཅིག་པུ་འཛིན་པ་ལྡོག་པ་ན་དེ་ལ་གཅིག་པུར་འཛིན་པ་སྔོན་དུ་འགྲོ་བའི་བདག་ཏུ་འཛིན་པ་གང་ཡིན་པ་དེ་ཡང་ལྡོག་པ་ཉིད་དེ། དེའི་ཕྱིར་གཅིག་པུར་འཛིན་པ་སྔོན་དུ་འགྲོ་བའི་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་བཤད་དོ། །གཅིག་པུར་འཛིན་པ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་བདག་ཏུ་འཛིན་པ་ཞེས་བྱ་བར་བཤད་དོ། །ཟ་བར་འཛིན་པ་ནི་སྨྲ་བ་ཐམས་ཅད་ཅི་ལྟར་ན་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་འདོད་པ་དང་མི་འདོད་པ་དང༌། བདེ་བ་དང་སྡུག་བསྔལ་གྱི་ཚོར་བས་རབ་ཏུ་ཕྱེ་བ་དང༌། གཟུགས་དང་སྒྲ་ལ་སོགས་པ་ཡུལ་ལ་གང་སྦྱོད་པ་དེ་བདག་གོ་ཞེས་སོ། །དེ་ལྟར་ན་བདག་ཏུ་འཛིན་པ་འདིའི་གཉེན་པོར་སྐྱེ་མཆེད་བཤད་དོ། །ལས་དགེ་བ་དང་མི་དགེ་བའི་འབྲས་བུ་དང༌། གཟུགས་ལ་སོགས་པ་ཡུལ་རྣམས་ལ་སྤྱོད་པ་ནི་དམིགས་པ་སྟེ། དེ་བྱེད་པ་གང་ཡིན་པ་དེ་ནི་ལས་ཀྱི་འབྲས་བུ་དང༌། གཟུགས་ལ་སོགས་པ་ལ་སྤྱོད་དོ། །དམིགས་པ་རྣམ་པ་དྲུག་དེ་ཡང་སྐྱེ་མཆེད་ཉིད་ཀྱིས་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་མིག་ལ་སོགས་པ་དང༌། གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལྟ་བས་ན་ལས་ཀྱི་འབྲས་བུ་དང༌། ཡུལ་རྣམས་ལ་སྤྱོད་པ་ནི་མིག་ལ་སོགས་པ་ལས་གུད་ན་གཞན་གང་ཡང་མེད་དེ། དེ་ལྟར་ན་སྐྱེ་མཆེད་བཤད་པ་ནི་ཟ་བར་འཛིན་པའི་གཉེན་པོ་ཞེས་བྱའོ། །བྱེད་པར་འཛིན་པ་ནི་


DTG136_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དགེ་བ་དང་མི་དགེ་བ་རྣམས་འབྲེལ་བ་དང༌། སྤྲུགས་བསིགས་པ་ལ་སོགས་པ་བྱེད་པ་སྟེ། བདག་ཏུ་འཛིན་པ་འདིའི་གཉེན་པོར་ཁམས་བཤད་དོ། །དེ་ལྟར་ན་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བསྟན་ཏོ། །དེ་ལྟར་རྒྱུ་ཡོད་པ་ཙམ་གྱིས་འབྲས་བུ་ཡང་འབྱུང་བར་བྱེད་ཅིང་འབྲས་བུ་ཡང་རྒྱུ་ལ་ལྟོས་ནས་ཡོད་པ་ཙམ་དུ་ཟད་དེ། རྒྱུ་དང་འབྲས་བུའི་རང་གི་ངོ་བོ་ལས་མ་གཏོགས་པར་བྱེད་པ་གཞན་མེད་པར་སྔར་བསྟན་པ་ཉིད་དོ། །བྱེད་པ་མེད་པར་བྱེད་པ་པོ་ག་ལ་ཡོད་དེ། དེ་ལྟ་བས་ན་བྱེད་པར་འཛིན་པའི་གཉེན་པོར་ཁམས་བཤད་པ་ཡིན་ནོ། །དེ་ནི་ཆོས་གང་དག་རབ་ཏུ་རྣམ་པར་དབྱེ་བས་ཕན་གདགས་པའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་ཉིད་དུ་ཆོས་གང་དག་བསྟན་པ་དེ་དག་ལ་རྣམ་པ་གཞན་གྱིས་བསམ་པར་བྱ་སྟེ། དེ་ལ་ཁམས་རྣམས་ཀྱི་ནང་དུ་གཟུགས་དང་སེམས་གཉིས་རྣམ་པར་དབྱེ་བ་ལྷག་པར་བསྟན་པས་ཟག་པ་དང་བཅས་པའི་རྣམ་པ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར་ཁམས་ག་ལས་བརྩམས་ཏེ། བསམ་པར་བྱ་བའི་ཕུང་པོ་དང༌། སྐྱེ་མཆེད་རྣམས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཁམས་བཅོ་བརྒྱད་ལ་གཟུགས་ཅན་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་སུ་ཡོད་པས་གཟུགས་ཏེ། འདི་དག་ལ་ཡོད་པས་གཟུགས་ཅན་ནོ། །ཡང་ན་རྟེན་དང་བརྟེན་པའི་གཟུགས་ཇི་ལྟར་མཐུན་མཐུན་དུ་འདི་དག་ལ་ཡོད་པས་གཟུགས་ཅན་ནོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཐལ་བར་ཡང་མི་འགྱུར་ཏེ། མིག་ལ་སོགས་པ་རྟེན་གྱི་དངོས་པོ་དེ་དག་གི་གཞི་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ་ཞེས་བྱ་བ་དེ་དག་ནི་ཁམས་བཅུ་སྟེ། མིག་གི་ཁམས་ནས་ལུས་ཀྱི་བར་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུའོ། །རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་སུ་ཡོད་དུ་ཟིན་ཀྱང་ཆོས་ཀྱི་ཁམས་གཟུགས་ཅན་ཉིད་དུ་ཐལ་བར་མི་འགྱུར་ཏེ། དེ་ལ་རྟེན་དང་བརྟེན་པའི་གཟུགས་མེད་པ་དང༌། གཟུགས་སུ་ཡོད་པ་མེད་པ་དང༌། གཟུགས་


DTG136_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོར་གཏོགས་སུ་ཟིན་ཀྱང་གཟུགས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་དུ་ཞེ་ན། ལྷག་མ་རྣམས་སོ་ཞེས་བྱ་བ་ལ་གཟུགས་ཅན་ལས་ལྡོག་པ་ནི་གཟུགས་ཅན་མ་ཡིན་པ་སྟེ། དེ་དག་ནི་བརྒྱད་དེ། སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་སོ། །བསྟན་དུ་ཡོད་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱར་རོ། །གཟུགས་ཀྱི་ཁམས་གཅིག་སྟེ་ཞེས་བྱ་བ་ལ་འདི་ནི་འདི་ནའོ་ཞེས། ཕ་བི་ནི་ཕ་བི་ནའོ་ཞེས་བསྟན་དུ་རུང་བ་དེ་ནི་བསྟན་པའོ། །དེ་དང་ལྷན་ཅིག་པ་ནི་བསྟན་དུ་ཡོད་པ་སྟེ། དམིགས་པ་དང་བཅས་པ་བཞིན་ནོ། །བསྟན་དུ་ཡོད་པ་འདི་ཉིད་རབ་ཏུ་བསྟན་པའི་ཕྱིར། ཡུལ་བསྟན་དུ་ཡོད་པའོ་ཞེས་བྱ་བ་སྨོས་ཏེ། ཡུལ་དེ་དང་དེར་འདིས་བསྟན་དུ་ཡོད་པས་ཡུལ་བསྟན་དུ་ཡོད་པའོ་ཞེས་བྱའོ། །གཟུགས་ཀྱི་ཁམས་གཅིག་ཁོ་ན་བསྟན་དུ་ཡོད་པ་ཉིད་དུ་སྨོས་པས་ལྷག་མ་ཁམས་བཅུ་བདུན་ནི་བསྟན་དུ་མེད་པར་གྲུབ་བོ། །ཐོགས་པ་དང་བཅས་པ་དུ་ཞེན་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་ཐམས་ཅད་དུ་ཡང་སྦྱར་རོ། །གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པའི་ཕྱིར་གཟུགས་ཅན་སྨོས་སོ། །ཆོས་ཀྱི་ཁམས་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས། གཟུགས་ཅན་ཡོད་པར་བསྟན་པའི་ཕྱིར་བཅུ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་མིག་ལ་སོགས་པ་དབང་པོའི་ཁམས་རྣམས་དང༌། དེ་དག་གི་ཡུལ་གཟུགས་ཅན་གྱི་ཁམས་ལྔའོ། །གོ་གཅོད་པས་ཐོགས་པ་སྟེ། དེ་དང་ལྷན་ཅིག་པ་ནི་ཐོགས་པ་དང་བཅས་པའོ། །གོ་གཅོད་པ་ནི་ཡུལ་དང་དམིགས་པ་དང་སྒྲིབ་པས་གོ་གཅོད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །འདིར་ནི་སྒྲིབ་པའི་གོ་གཅོད་པ་ཉིད་ཐོགས་པ་དང་བཅས་པར་འདོད་པ་བསྟན་པའི་ཕྱིར་གང་ལ་གང་ཐོགས་པའོ་ཞེས་བྱ་བ་སྨོས་སོ། །སྒྲིབ་པའི་གོ་གཅོད་པ་ནི་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་སུ་གྱུར་པའོ། །དེ་ལྟར་ན་གང་གིས་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་དང༌། གང་ལ་གེགས་བྱེད་པ་དེ་


DTG136_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ཡང་ཐོགས་པ་དང་བཅས་པ་ཞེས་བསྟན་པ་ཡིན་ནོ། །ཁམས་གཟུགས་ཅན་བཅུ་པོ་དེ་དག་ཀྱང་རང་རང་གི་ཡུལ་དུ་འབྱུང་བ་ལ་གཅིག་ལ་གཅིག་གེགས་བྱེད་པས་སྒྲིབ་ཅིང་གོ་གཅོད་པའི་ཕྱིར་ཐོགས་པ་དང་བཅས་པ་རྣམས་སོ། །ལྷག་མ་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ནི་ཐོགས་པ་མེད་པར་གྲུབ་པོ་ཟག་པ་དང་བཅས་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་ཀྱི་སྐབས་ཡིན་ནོ། །བཅོ་ལྔ་དང་ཐ་མ་གསུམ་གྱི་ཆ་སྟེ་ཞེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་ཁམས་དང༌། གཟུགས་ལ་སོགས་པ་ཡུལ་ལྔའི་ཁམས་དང༌། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་ལྔ་སྟེ། ཁམས་བཅོ་ལྔ་པོ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཉིད་དོ། །དང་པོ་ལ་ཡང་གསུམ་ཡོད་དེ། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཡིན་པས་དེའི་ཕྱིར་ཐ་མ་ཞེས་སྨོས་སོ། །ཐ་མ་གསུམ་ནི་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །དེ་དག་གི་ཆ་ནི་ཆ་ཤས་ཏེ། ཟག་པ་དང་བཅས་པའོ། །མིག་ལ་སོགས་པ་བཞིན་དུ་ཐམས་ཅད་ཟག་པ་དང་བཅས་པ་ཉིད་ནི་མ་ཡིན་ནོ། །དེ་དག་ལས་ཀྱང་ལམ་གྱི་བདེན་པ་དང༌། འདུས་མ་བྱས་ཀྱི་རང་བཞིན་གྱི་ཆ་མ་ཡིན་པ་དེ་ཉིད་ཟག་པ་དང་བཅས་པ་སྟེ། ཟག་པ་དང་ལྷན་ཅིག་པས་ཟག་པ་དང་བཅས་པའོ། །དེའི་ཕྱིར་དེ་དག་ཉོན་མོངས་པ་སྐྱེ་བ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་དག་ལས་ཉོན་མོངས་པ་སྐྱེ་བས་དེའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི། རྣམ་པར་མི་རྟོག་པ་ཡིན་པས་ཇི་ལྟར་གཟུགས་ལ་སོགས་པ་རྣམས་ལ་ཉོན་མོངས་པ་སྐྱེད་ཅེ་ན། ཉོན་མོངས་པ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང༌། ལྷན་ཅིག་ཏུ་གཟུགས་ལ་སོགས་པ་ལ་འབྱུང་བ་ཞེས་མི་བྱ་མོད་ཀྱི། འོན་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པས་ཉོན་མོངས་ལ་སྐྱེད་པ་སྟེ། འདི་ལྟར་མིག་ལ་བརྟེན་ཅིང་གཟུགས་ལ་སོགས་པ་ལ་


DTG136_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པས་མྱོང་བའི་གཟུགས་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རྟོག་པར་བྱེད་པས་རྣམ་པར་རྟོག་པ་ལས་ཉོན་མོངས་པ་འབྱུང་སྟེ། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བརྗོད་པར་བྱའོ། །ཟག་པ་མེད་པ་དུ་ཞེ་ན། ཐ་མ་གསུམ་གྱི་ཆའོ་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཀྱིའོ། །ལམ་གྱི་བདེན་པ་དང་འདུས་མ་བྱས་སུ་གཏོགས་པའི་ཕྱོགས་གང་ཡིན་པ་དེ་ནི་ཟག་པ་མེད་པའོ། །འདོད་པ་དང་ལྡན་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཅེས་བྱ་བ་དང་སྦྱར་ཏེ། གཟུགས་ལ་སོགས་པ་ཡུལ་ལྔ་ནི་འདོད་པར་བྱ་བ་ཡིན་པས་འདོད་པ་རྣམས་ཏེ། དེ་གཅེས་སུ་བྱེད་པའི་ཁམས་རྣམས་ནི་འདོད་པའི་ཁམས་སུ་ཤེས་པར་བྱའོ། །ཡང་ན་འདོད་པའི་ཁམས་དང་ལྡན་པ་དུ་ཞེ་ན་ཞེས་བརྗོད་པའི་རིགས་པ་ལས་ཁམས་ཞེས་བྱ་བའི་སྒྲ་མ་སྨོས་པ་འདོད་པ་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །འདོད་པའི་ཁམས་དང་ལྡན་པ་དག་ནི་འདོད་པའི་ཁམས་ཀྱིས་བསྡུས་པ་རྣམས་ཏེ། འདོད་པའི་ཁམས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །འདི་ལྟར་གང་དུ་འདོད་པའི་སྲེད་པ་ཀུན་དུ་འབྱུང་བ་ཐམས་ཅད་འདོད་པའི་ཁམས་སུ་བསྡུས་པའོ། །དེ་དག་ཀྱང་དབང་པོའི་ཁམས་དྲུག་དང༌། ཡུལ་གྱི་ཁམས་དྲུག་དང༌། རྣམ་པར་ཤེས་པའི་ཁམས་དྲུག་གོ །གཟུགས་དང་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ། མིག་དང༌། རྣ་བ་དང༌། སྣ་དང། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོའི་ཁམས་དང༌། ཡུལ་བཞི་དང་ཡུལ་དེའི་རྣམ་པར་ཤེས་པའི་ཁམས་བཞི་སྟེ། བཅུ་བཞི་པོ་དེ་དག་ནི་གཟུགས་ཀྱི་ཁམས་དང་ལྡན་པའོ། །ཅིའི་ཕྱིར་གཟུགས་ཀྱི་ཁམས་ན་དྲི་དང་རོ་དང་དེའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་ཅེ་ན། དྲི་དང་རོ་ནི་གཅིག་ཏུ་ཁམ་གྱི་ཟས་ཀྱི་ངོ་བོ་ཉིད་ཡིན་གྱི་རེག་པ་དང༌། སེམས་པའི་ཟས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཡང་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམས་སུ་སྐྱེ་སྟེ། གང་གི་འདོད་ཆགས་དང་བྲལ་བ་རྣམས་གང་དུ་སྐྱེས་པ་དེ་


DTG136_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་དེ། དཔེར་ན། འདོད་ཆགས་དང་བྲལ་བ་གཟུགས་མེད་པར་སྐྱེས་པའི་མིག་ལ་སོགས་པ་བཞིན་དུ་ཡུལ་མེད་པའི་ཕྱིར་དྲི་དང་རོའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་དོ། །གཟུགས་མེད་པ་དང་ལྡན་པ་དུ་ཞེ་ན། ཐ་མ་གསུམ་ཞེས་བྱ་བ་ནི། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་སྟེ། དེའི་ཕྱིར་དེ་ན་གཟུགས་ཀྱི་ངོ་བོ་ཉིད་ཀྱི་ཁམས་བཅུ་དང༌། དེ་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་མེད་དོ། །མི་ལྡན་པ་དུ་ཞེ་ན་གསུམ་གྱི་ཆའོ་ཞེས་བྱ་བ་ནི་གང་དག་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་སྲེད་པ་རྣམས་ཀྱིས་མ་དམིགས་པ་སྟེ། ཁམས་གསུམ་དང་ལྡན་པ་མ་ཡིན་པའི་ཕྱིར་མི་ལྡན་པའོ། །ལམ་གྱི་བདེན་པ་དང༌། འདུས་མ་བྱས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དེ་དག་ནི་ཟག་པ་མེད་པའོ། །དགེ་བ་དུ། མི་དགེ་བ་དུ། ལུང་དུ་མ་བསྟན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱར་རོ། །དེ་ལ་ངན་པ་བསྙིལ་བའི་ཕྱིར་དགེ་བ་སྟེ། སོང་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཀུ་ཤ་ནི་ཤེས་རབ་ཀྱི་རྣམ་གྲངས་སུ་གཏོགས་པའོ། །ལ་ནི་ལེན་པ་སྟེ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པའམ། ཤེས་རབ་ཡོངས་སུ་འཛིན་པ་ནི་དགེ་བ་རྣམས་སོ། །ཡང་ན་ངན་པའི་རྣམ་པར་འདུག་པ་ནི་རྩྭ་ཀུ་ཤ་སྟེ། གཅོད་པ་དང་འབིགས་པའོ། །ལ་ནི་ལེན་པ་སྟེ། སུ་ཞིག་གཅོད་པ་དང་འབིགས་པ་སྤངས་ཏེ། རྩྭ་ཀུ་ཤ་རྣམས་ལེན་པ་དེ་ནི་མཁས་པ་ཞེས་བྱའོ། །དེ་བཞིན་དུ་གཞན་བྱ་བ་གང་ལ་བསྔགས་པར་འོས་པ་དེ་ནི་དགེ་བ་ཞེས་བྱའོ། །འདིས་མི་དགེ་བ་བཟློག་སྟེ་བཤད་དོ། །དགེ་བ་དང་མི་དགེ་བའི་དངོས་པོར་ལུང་དུ་བསྟན་པ་མེད་པས་མ་བསྟན་པའོ། །བཅུ་ནི་རྣམ་པ་གསུམ་ཆར་ཏེ་ཞེས་བྱ་བ་ནི་དགེ་བ་ཡང་ཡིན། མི་དགེ་བ་ཡང་ཡིན། ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །ཁམས་པ་ཅོ་བརྒྱད་ཀྱི་ནང་ནས་བཅུ་གང་ཞེས་བྱ་བ་དེ་དག་ཀྱང་མི་ཤེས་ནས། སེམས་


DTG136_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁམས་བདུན་དང་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་སོ་ཞེས་བྱ་བ་སྨོས་སོ། །དེ་ལ་སེམས་ཀྱི་ཁམས་རྣམས་ནི་མཚུངས་པར་ལྡན་པས་དགེ་བ་དང་མི་དགེ་བ་ཉིད་ཡིན་གྱི། ངོ་བོ་ཉིད་ཀྱི་ནི་མ་ཡིན་ཏེ། དགེ་བ་དང་མི་དགེ་བའི་རྩ་བ་རྣམས་དང་མཚུངས་པར་ལྡན་པས་སོ། །དེ་ལ་སེམས་ཀྱི་ཁམས་བདུན་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། མཚུངས་པར་ལྡན་པ་རྣམས་ནི་དགེ་བའོ། །ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང་མཚུངས་པར་ལྡན་པ་རྣམས་ནི་མི་དགེ་བའོ། །གཞན་དག་ནི་ལུང་དུ་མ་བསྟན་པའོ། །གཟུགས་དང་སྒྲའི་ཁམས་ལུས་དང་ངག་གི་རྣམ་པར་རིག་བྱེད་དུ་བསྡུས་པ་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ནི་དགེ་བ་དང་མི་དགེ་བའོ། །དེ་ལས་གཞན་པ་ནི་ལུང་དུ་མ་བསྟན་པའོ། །ཆོས་ཀྱི་ཁམས་ཀྱང་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། དེ་བཞིན་ཉིད་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་ནི་མི་དགེ་བའོ། །དེ་ལས་གཞན་པ་ནི་ལུང་དུ་མ་བསྟན་པའོ། །བརྒྱད་ནི་ལུང་དུ་མ་བསྟན་པ་སྟེ། དྲེ་དང་རོ་དང་རེག་བྱ་དང༌། མིག་ལ་སོགས་པ་ལྔའོ། །དེ་དག་ནི་ལུང་དུ་མ་བསྟན་པ་ཉིད་དེ། དོན་དམ་པ་དང༌། ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བས་དགེ་བ་དང༌། མི་དགེ་བ་མ་ཡིན་པའི་ཕྱིར་རོ། །ནང་གི་དུ་ཞེ་ན། ཁམས་བཅོ་བརྒྱད་ཅེས་བྱ་བར་སྦྱར་རོ། །བཅུ་གཉིས་ཏེ་བཅུ་གཉིས་གང་ཡིན་པ་དེ་དག་ཀྱང་མི་ཤེས་པས། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །ལྷག་མ་དབང་པོའི་ཁམས་དྲུག་དང༌། རྣམ་པར་ཤེས་པའི་ཁམས་དྲུག་སྟེ། བཅུ་གཉིས་པོ་དེ་དག་ནི་ནང་གིའོ། །ཁམས་རྣམས་ལས་ཕྱི་རོལ་གྱི་དུ་ཞེ་ན་དྲུག་སྟེ། དེ་དག་ཀྱང་མི་ཤེས་ནས། དེའི་ཕྱིར་གང་དག་མ་གཏོགས་པ་རྣམས་སོ་ཞེས་བྱ་བ་སྨོས་སོ། །འདི་དག་ནི་ཕྱིའི་ཡིན་པར་ཤེས་པར་བྱའོ། །མ་གཏོགས་པ་རྣམས་གང་ཞེ་ན།


DTG136_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་རྣམས་སོ། །བདག་གི་དབང་དུ་བྱས་པ་ནི་ནང་ཞེས་བྱ་བ་སྟེ། ནང་ཉིད་ནང་ངོ༌། །བདག་ཉིད་མེད་ན་ནང་ངམ་ཕྱི་ཞེས་བྱ་བར་ཇི་ལྟར་འགྱུར་ཏེ། ཚུལ་ཁྲིམས་མེད་ན་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བསླབ་པ་མི་རུང་བ་བཞིན་ནོ་ཞེ་ན། ངར་འཛིན་པའི་གནས་ཡིན་པའི་ཕྱིར་སེམས་ལ་བདག་ཅེས་འདོགས་སོ། །ངར་འཛིན་པའི་གཞི་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཅེས་བརྗོད་དེ། འདི་ལྟར་བདག་གི་ཡོན་ཏན་ནམ། བདག་ཡུལ་ཉིད་དུ་ངར་འཛིན་པ་རྟོགས་སོ། །ངར་འཛིན་པ་ཡང་སེམས་ལ་བརྟེན་པ་སྟེ། དེ་ལས་གུད་ན་བདག་མེད་པའི་ཕྱིར་རོ། །དེ་ལ་ངའོ་སྙམ་དུ་ང་རྒྱལ་སྐྱེད་པས་བདག་སྟེ། སེམས་ཉིད་སེམས་ལས་བྱུང་བ་རྣམས་ཀྱི་གནས་ཡིན་པས་སེམས་ཉིད་ལ་བདག་ཏུ་འདོགས་སོ། །འདིར་སེམས་ལ་བདག་ཅེས་བྱ་བར་བཞེད་པར་འདི་ཅི་མངོན་ཞེ་ན། བཅོམ་ལྡན་འདས་ཀྱིས། བདག་ནི་ལེགས་པར་དུལ་གྱུར་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཞན་ནས་ཀྱང་སེམས་འདུལ་བ་གསུངས་ཏེ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བདེ་བ་ཐོབ་པར་བྱེད། །ཅེའོ། །འདིར་སེམས་འདུལ་བ་དང༌། སེམས་ཉིད་དུལ་ན་བདེ་བ་ཐོབ་པར་བྱེད། །ཅེས་གསུངས་པས་དེའི་ཕྱིར། བདག་ནི་ལེགས་པར་དུལ་གྱུར་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་འདིར་ཡང་སེམས་ཉིད་ལ་བྱ་བར་བཞེད་པར་མངོན་ནོ། །དེའི་ཕྱིར་བདག་ཏུ་ལྟ་བའི་སེམས་ཀྱི་རྟེན་གྱི་དངོས་པོར་ཉེ་བར་གྱུར་པའི་ཕྱིར་མིག་ལ་སོགས་པ་ནི་ནང་གི་ཉིད་དོ། །གཟུགས་ལ་སོགས་པ་ཡུལ་གྱི་དངོས་པོར་གྱུར་པ་ནི་ཕྱིའི་ཉིད་དོ། །དེ་ལྟར་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་ནང་གིར་མི་འགྱུར་ཏེ། དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་གྱི་བར་དུ་སེམས་ཀྱི་རྟེན་དུ་མི་འགྱུར་བའི་ཕྱིར་རོ་ཞེ་ན། ནམ་དུ་ཡང་རུང་སྟེ། དེ་དག་ཉིད་ནད་ཡིན་པས་མཚན་ཉིད་ལས་འདའ་བ་མེད་དོ། །དམིགས་པ་དང་བཅས་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་ཀྱི་སྐབས་ཡིན་པས་དེའི་ཕྱིར་བདུན་ཞེས་བྱ་བ་སྨོས་སོ། །བདུན་པོ་དེ་དག་


DTG136_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གང་ཡིན་མི་ཤེས་པས་དེའི་ཕྱིར་སེམས་ཀྱི་ཁམས་ཞེས་བྱ་བ་སྨོས་སོ། །དམིགས་པ་དང་བཅས་པ་འདི་དག་ཉིད་དུ་ཟད་དམ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། ཀྱང་གི་སྒྲ་ནི་བསྡུའོ། །སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཀྱི་གཅིག་ཀྱང་དམིགས་པ་དང་བཅས་པ་ཡིན་ཏེ། འདི་དག་ལ་དམིགས་པ་ཡོད་པས་དམིགས་པ་དང་བཅས་པའོ། །ཡུལ་དང་སྤྱོད་ཡུལ་དང་དམིགས་པ་ཞེས་བྱ་བ་རྣམ་གྲངས་སུ་གཏོགས་པའོ། །སེམས་ཀྱི་ཁམས་བདུན་ནི་མིག་དང༌། རྣ་བ་དང་སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་གང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །དམིགས་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་ཏེ། དེ་དག་ཀྱང་བཅུ་སྟེ། མིག་ལ་སོགས་པ་དབང་པོའི་ཁམས་ལྔ་དང༌། གཟུགས་ལ་སོགས་པ་ཡུལ་གྱི་ཁམས་ལྔའོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གང་སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའོ། །རྣམ་པར་རྟོག་པ་དང་བཅས་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ཅེས་བྱ་བར་སྦྱར་རོ། །ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ་ཞེས་བྱ་བ་ནི་གང་མཚུངས་པར་ལྡན་པའོ། །འདི་གཉིས་ནི་མངོན་པར་དཔྱོད་པ་དང༌། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང༌། མཚུངས་པར་ལྡན་པ་སྟེ། དེ་ཉིད་རྣམ་པར་རྟོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་གཉིས་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་མཚུངས་པར་ལྡན་པ་ཅན་ཏེ། གཞན་ནི་མ་ཡིན་ནོ། །དེ་ལ་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི་དྲན་པ་ཉིད་ལ་བྱ་སྟེ། ཡིད་ཀྱི་མྱོང་བའི་དམིགས་པ་མ་བརྗེད་པ་རྣམས་སོ། །དུས་གསུམ་གྱི་དོན་ལྐོག་ཏུ་གྱུར་པ་ལ་མངོན་པར་དཔྱོད་པའི་རྣམ་པ་འདི་ནི་འདི་ལྟ་ཡིན་གྱི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཤེས་རབ་ཀྱི་ཁྱད་པར་ལའམ། སེམས་པ་ནི་མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་སྟེ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་གང་ཞེ་ན། གང་


DTG136_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མྱོང་བ་ལ་འདུ་བྱེད་བསྐྱེད་པའོ། །མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་གང་ཞེ་ན། གང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དོན་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་དཔྱོད་པའི་རྣམ་པར་རྟོག་པའོ་ཞེས་བཤད་པ་ལྟ་བུའོ། །ལྷག་མ་རྣམས་ནི་རྣམ་པར་མི་རྟོག་པར་འགྲུབ་སྟེ། དེ་དག་ཀྱང་ཁམས་བཅོ་ལྔ་སྟེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཏེ། དེ་དག་ནི་རྣམ་པར་མི་རྟོག་པ་ཉིད་དོ། །ཁམས་བཅོ་བརྒྱད་ལས་ཟིན་པ་དུ་ཞེ་ན། ནང་གི་ལྔ་སྟེ། དེ་དག་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་ཁམས་ཏེ། དེ་དག་ནི་ཟིན་པ་ཉིད་དོ། །གཞན་ལས་འདི་དག་གཉིས་སུ་མ་བསྟན་ཏམ། བསྟན་མོད་ཀྱི་དེ་ལ་ཡང་འདས་པ་དང༌། མ་འོངས་པ་ནི་ཟིན་པ་མ་ཡིན་པར་བརྗོད་དེ། དེ་ནི་མེད་པ་ཉིད་དོ། །མེད་པ་ནི་ཟིན་པའམ་མ་ཟིན་པ་ཡིན་པར་བརྗོད་དུ་མི་རུང་ངོ༌། །ད་ལྟར་ནི་རང་ཡོད་པར་གནས་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཟིན་པའི་ཕྱིར་ཟིན་པ་ཉིད་དེ། མིག་ལ་སོགས་པ་ནི་མ་ཟིན་པ་མ་ཡིན་ནོ། །ཅི་མིག་ལ་སོགས་པ་ལྔ་པོ་ཉིད་ཟིན་པ་དག་གང་ཞེ་ན། མ་ཡིན་ཏེ། བཞིའི་ཕྱོགས་ཏེ། བཞི་པོ་དེ་དག་གང་ཡིན་སྙམ་པ་ལ་དེའི་ཕྱིར། གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིའོ་ཞེས་བྱ་བ་སྨོས་སོ། །དེ་ལ་གཟུགས་དང་དྲི་དང་རོ་དང་རེག་བྱའི་ཁམས་དབང་པོ་ལས་ཐ་དད་དུ་མི་འཇུག་པ་གང་དག་ཡིན་པ་དེ་དག་དབང་པོ་དག་བཞིན་དུ་ཟིན་པ་རྣམས་སོ། །གཞན་དག་ནི་མ་ཟིན་པ་དག་སྟེ། འདི་ལྟ་སྟེ། དྲུང་མ་གཏོགས་པའི་སྐྲ་དང་སྤུ་དང་སེན་མོ་དང༌། སོ་དང་ཕྱི་ས་དང་གཅིན་དང་མཆིལ་མ་དང༌། སྣབས་དང་ཁྲག་ལ་སོགས་པ་དང༌། ས་དང་ཆུ་ལ་སོགས་པ་རྣམས་སོ། །ཟིན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཕན་པ་དང༌། གནོད་པ་གཉིས་ཀྱིས་ཕན་ཚུན་རྗེས་སུ་འགྱུར་བའི་ཕྱིར་གང་སེམས་དང་སེམས་ལས་བྱུང་བ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀྱི་དངོས་པོར་ཟིན་པ་དང༌། འཇིག་རྟེན་ན་སེམས་བཅས་པ་ཞེས་བྱའོ། །ཟིན་པ་མ་ཡིན་པ་དུ་ཞེ་ན། ལྷག་མ་དགུ་དང༌། བཞིའི་ཕྱོགས་ཞེས་བྱ་བ་ནི་བཤད་ཟིན་པ་རྣམས་ལས་གཞན་གང་ཡིན་པ་དེ་དག་ལྷག་མའོ། །དེའི་ཕྱིར་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་དང༌། སྒྲའི་ཁམས་སོ། །བཞིའི་ཕྱོགས་ཞེས་བྱ་བ་ནི་གཟུགས་དང༌། དྲི་དང༌། རོ་དང༌། རེག་པ་རྣམས་ཀྱིའོ། །དེ་ཡང་དབང་པོ་དང༌། ཐ་དད་དུ་མི་འཇུག་པའི་ཆ་མ་གཏོགས་པ་དང༌། དྲུང་མ་གཏོགས་པའི་སྐྲ་དང༌། སྤུ་ལ་སོགས་པ་ཡོད་པའོ། །སྟེན་པ་མཚུངས་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱར་རོ། །ནང་གི་གཟུགས་ཅན་ལྔ་


DTG136_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ནང་གི་བཅུ་གཉིས་བསྟན་པས་དེ་དག་གི་ནང་ན་གང་ཡིན་པ་གཏོལ་མེད་པས་ལྔ་ཞེས་བྱ་བ་སྨོས་སོ། །གཟུགས་ཅན་ཞེས་བྱ་བ་དེ་དག་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་ཁམས་སོ། །གང་གི་སྟེན་པ་མཚུངས་པ་དང༌། རྣམ་པ་གང་གིས་སྟེན་པ་མཚུངས་པ་ཡང་མི་ཤེས་པས་དེའི་ཕྱིར། རང་གི་རྣམ་པར་ཤེས་པ་དག་དང་ཡུལ་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་མིག་གི་རང་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། རང་གི་རྣམ་པར་ཤེས་པ་དེ་དང༌། མིག་རང་གི་ཡུལ་གཟུགས་སུ་མཚུངས་ཏེ། གཉི་ག་ཡང༌། མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པའི་ཕྱིར་མཚུངས་པའོ། །ཐུན་མོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བཟུང་བ་སྟེ། མིག་གི་རང་གི་ཡུལ་གཟུགས་དང༌། སྟེན་པ་མཚུངས་པ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ཡང༌། རང་གི་ཡུལ་རྣམས་དང༌། སྟེན་པ་མཚུངས་པ་ཞེས་བརྗོད་པར་བྱའོ། །དེ་ནི་འདི་སྐད་དུ། མིག་ལ་སོགས་པ་གང་དག་རང་གི་རྣམ་པར་ཤེས་པ་རྣམས་དང༌། གནས་པ་དེ་དག་སྟེན་པ་མཚུངས་པ་ཞེས་བསྟན་པར་འགྱུར་རོ། །དེ་དག་དང་མཚུངས་པ་དུ་ཞེ་ན། མིག་ལ་སོགས་པ་དེ་དག་ཉིད་རང་གི་རྣམ་པར་ཤེས་པས་སྟོང་པ་ཉིད་དེ་དེ་དག་དང་མཚུངས་པའོ། །ཅིའི་ཕྱིར་དེ་དག་ནི་དེ་དག་དང་མཚུངས་པ་ཞེས་བྱ་ཞེ་ན། རང་གི་རིགས་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། རང་གི་རྣམ་པར་ཤེས་པ་སྟོང་པའི་མིག་ལ་སོགས་པ་དེ་དག་ནི་སྟེན་པ་མཚུངས་པའི་མིག་ལ་སོགས་པ་དང༌། མིག་ལ་སོགས་པར་རིས་མཐུན་པ་སྟེ། དེ་དག་དང་འདྲ་བའི་ཕྱིར་དེ་དག་དང་མཚུངས་པ་ཞེས་བྱའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་ཕྱིར་གཅིག་གི་སྟེན་པ་མཚུངས་པ་དང༌། དེ་དག་དང་མཚུངས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་ཐམས་ཅད་ཀྱི་ཡང་ཡིན་པས། འདི་དག་གི་སྟེན་པ་མཚུངས་པ་དང༌། དེ་དག་དང་མཚུངས་པར་ལྡན་པ་ནི་ངེས་པའོ། །གཟུགས་ལ་སོགས་པ་ནི་སོ་སོའི་རྒྱུད་ལ་སྟེན་པ་མཚུངས་པ་དང༌། དེ་དག་དང་མཚུངས་པ་ཉིད་དུ་གནས་སོ། །རྣམ་པར་ཤེས་པ་ལས་བྱེད་པ་གཞན་མེད་པའི་ཕྱིར། གཞན་དག་ལ་ནི་སྟེན་པ་མཚུངས་པ་དེ་དང༌། དེ་དག་དང་མཚུངས་པ་ཞེས་མ་བརྗོད་དོ། །ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། སློབ་དཔོན་བློ་གྲོས་བརྟན་པ་སྠི་ར་མ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེན་དྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བ་ནྡ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།