ཕུང་པོ་ལྔའི་བཤད་པ།
སའི་རྩ་ལག།


DTG137_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་སྐན་དྷ་བྷཱ་ཥྱཾ། བོད་སྐད་དུ། བུང་པོ་ལྔའི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རབ་ཏུ་བྱེད་པ་འདི་བཤད་པ་ལ་དོན་རྣམ་པ་བཞི་དང་པོར་བསྟན་དགོས་ཏེ། དོན་རྣམ་པ་བཞི་ནི་མཆོད་པའི་ཆོ་ག་བརྗོད་པ་དང། འབྲེལ་པ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པའོ། །དེ་ལ་མཆོད་པའི་ཆོ་ག་བརྗོད་པ་ནི་བདག་གང་ལ་དད་པའི་ལྷའི་ཡོན་ཏན་བསྟོད་ཅིང་བརྗོད་པ་སྟེ། དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་ལུགས་དང་མཐུན་པར་བྱ་བ་དང༌། བགེགས་ཀྱིས་བར་ཆད་མ་བྱས་པར་གཙུག་ལག་བརྩམས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དང་པོར་མི་བརྗོད་དུ་མི་རུང་ངོ༌། །དེ་ལ་གཙུག་ལག་འདི་ཡང་མངོན་པའི་ཆོས་མཛོད་ལ་འཇུག་པའི་སྒོ་ལྟ་བུར་གྱུར་བ་དང་དེའི་ཡན་ལག་ཏུ་གཏོགས་པ། བསྟོད་པའི་ཆོ་ག་ནི་མངོན་པའི་ཆོས་མཛོད་ཀྱི་མགོར་གླེངས་ཟིན་པས། དེར་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་བཤད་དོ། །འབྲེལ་པ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དུ་མངོན་པའི་ཆོས་ལེའུ་འབུམ་གསུངས་ཏེ། དེ་ནི་གཞུང་མངས་པས་ཀུན་གྱིས་ཁོང་དུ་ཆུད་པར་མི་འགྱུར་ལ། ཡི་གེ་ཉུང་ངུ་གཙུག་ལག་ཆུང་ངུ་འདི་ཙམ་ཁོང་དུ་ཆུད་པས་མངོན་པའི་ཆོས་འབུམ་གྱི་མཚན་ཉིད་ལ་མཁས་པར་འགྱུར་ཏེ། དེ་ལྟར་ན་མངོན་པའི་ཆོས་འབུམ་དང་གཙུག་ལག་འདིར་འབྲེལ་ཏོ། །དགོས་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་བྱ་བའི་ཕྱིར་གཙུག་ལག་འདི་བརྩམས་ཏེ། ཆོས་ཀྱི་མཚན་ཉིད་ལ་མཁས་པར་བྱ་བ་ཉིད་དགོས་པའོ། །དེ་ལ་ཆོས་རྣམ་པ་གཉིས་ཏེ། ཟག་པ་མེད་པའི་ཕུང་པོ་ལྔ་དང༌། ཟག་པ་དང་བཅས་པའི་ཕུང་པོ་ལྔའོ། །དེ་ལ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ལྔའོ། །ཟག་པ་མེད་པའི་ཕུང་པོ་ལྔ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཆོས་རྣམས་ཀྱི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དོ། །དེ་ལ་རང་གི་མཚན་ཉིད་ནི་དཔེར་ན་


DTG137_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སའི་རང་གི་མཚན་ཉིད་སྲ་བ་དང༌། ཆུའི་རང་གི་མཚན་ཉིད་གཤེར་བ་དང༌། མེའི་རང་གི་མཚན་ཉིད་ཚ་བ་དང༌། རླུང་གི་རང་གི་མཚན་ཉིད་གཡོ་བའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་སྟེ། གཙུག་ལག་འདི་ཐོས་ན་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པར་འགྱུར་རོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པ་ནི་མངོན་པའི་ཆོས་མཛོད་དང་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དཔྱད་ཟིན་པས་ན་འདི་བརྩམས་པ་དོན་མེད་དོ་ཞེ་ན། ལན་དུ་སློབ་མ་རྣམ་པ་གཉིས་ཏེ། སྤྲོས་པས་ཤེས་པ་དང༌། གླེངས་པས་ཤེས་པའོ། །དེ་ལ་སྤྲོས་པས་ཤེས་པ་ནི་གཞུང་ཞིབ་ཏུ་བཤད་ན། དོན་རྟོགས་པར་འགྱུར་བ་སྟེ། དེ་དག་གི་དོན་དུ་ནི་མངོན་པའི་ཆོས་མཛོད་ལ་སོགས་པ་ཡང་དགོས་པར་འགྱུར་རོ། །གླེངས་པས་ཤེས་པ་ནི་མདོ་ཙམ་དུ་བསྟན་ན་དོན་མང་དུ་ཁོང་དུ་ཆུད་པར་འགྱུར་བ་སྟེ། དེའི་ཕྱིར་གཙུག་ལག་འདི་བརྩམས་པས་ན་བརྩམས་པ་དོན་མེད་པ་མ་ཡིན་ནོ། །ཡང་ན་ཁྱིམ་ན་གནས་པ་ཁ་ཅིག་ཆོས་ཀྱི་མཚན་ཉིད་ལ་ཡང་དག་པར་མཁས་པར་འདོད་ལ་ཞིང་དང་ཚོང་ལ་སོགས་པ་འཕྲལ་གྱི་བྱ་བ་ལ་ཐོགས་པས་གཞུང་མང་པོར་ཉན་པར་མི་ནུས་པ་དང༌། རབ་ཏུ་བྱུང་བ་རྣལ་འབྱོར་ཡིད་ལ་བྱེད་པ་ཁ་ཅིག་གཞུང་མང་པོ་མཉན་ན། རྣལ་འབྱོར་གྱི་བར་ཆད་དུ་འང་འགྱུར་དུ་དོགས་ལ། ཆོས་ཀྱི་མཚན་ཉིད་ལའང་མཁས་པར་འདོད་པ་ཡོད་དེ། དེ་དག་གི་ཕྱིར་འདི་བརྩམས་པས་བརྩམས་པ་དོན་མེད་པ་མ་ཡིན་ནོ། །ཆོས་ཀྱི་མཚན་ཉིད་ལ་མཁས་པ་ན་ཡང་ཇི་དགོས་ཤེ་ན། ཆོས་ཀྱི་མཚན་ཉིད་ལ་མཁས་པར་མ་བྱས་ན། ཉོན་མོངས་པ་སྤང་བར་བྱ་བའི་ཐབས་མེད་དོ། །ཉོན་མོངས་པ་མ་སྤངས་ན་འཁོར་བའི་བརྩོན་ར་ལས་མི་ཐར་རོ། །འཁོར་བ་ལས་མཐར་ན་མྱ་ངན་ལས་འདས་པའི་གནས་མི་ཐོབ་བོ། །དེ་བས་ན་ཆོས་ཀྱི་མཚན་ཉིད་ལ་མཁས་ན་ཉོན་མོངས་པ་སྤོང་བར་འགྱུར་རོ། །ཉོན་མོངས་པ་སྤངས་ན། འཁོར་བའི་བརྩོན་ར་ལས་འབྱུང་ངོ༌། །འཁོར་བའི་བརྩོན་ར་ལས་བྱུང་ན་མྱ་ངན་ལས་འདས་པའི་གནས་ཐོབ་སྟེ། དེ་ནི་དགོས་པའི་ཡང་དགོས་པའོ། །ཡང་ན་གཙུག་ལག་འདིས་


DTG137_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ནས་མཇུག་ཏུ་དོན་རྣམ་པ་བཞི་སྟོན་ཏེ། གྲངས་དང༌། མིང་དང༌། རབ་ཏུ་དབྱེ་བ་དང་མཚན་ཉིད་དོ། །དེ་ལ་ཕུང་པོ་ལྔ་ཞེས་བྱ་བས་གྲངས་སྟོན་ཏོ། །གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བས་མིང་བསྟན་ཏོ། །གཟུགས་གང་ཞེ་ན་ཞེས་བྱ་བ་ནས། མེའི་ཁམས་དང་རླུང་གི་ཁམས་ཞེས་བྱ་བ་ཡན་ཆད་ཀྱིས་རབ་ཏུ་དབྱེ་བ་བསྟན་ཏོ། །སའི་ཁམས་གང་ཞེ་ན། སྲ་བ་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་བསྟན་ཏོ། །ཚོར་བ་ལ་སོགས་པའི་ཕུང་པོ་ལའང་ཅི་རིགས་པར་བྱའོ། །ཕུང་པོ་ལྔ་ནི་ཞེས་བྱ་བ་ལ་སྨྲས་པ། ཕུང་པོ་དྲུག་ལ་སོགས་པར་མང་དུ་ཡང་མ་བཤད། བཞིར་ཉུང་དུ་ཡང་མ་བཤད་པར་ཅིའི་ཕྱིར་ལྔ་ཁོ་ནར་གྲངས་ངེས་པར་བསྟན། དེའི་ཡང་ལན་དུ་བདག་དང་བདག་གི་དངོས་པོ་བསྟན་པར་བྱ་བའི་ཕྱིར་ཕུང་པོ་ལྔ་པོ་ཁོ་ན་ལས་མང་དུ་ཡང་མ་བཤད་ཉུང་དུ་ཡང་མ་བཤད་དོ། །དེ་ལ་གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་བཞི་ནི་བདག་གི་བའི་དགོས་པ་དངོས་པོ་སྟེ། སེམས་ཅན་དག་ཕལ་ཆེར་དེ་ལ་བདག་གི་ཡིན་ནོ་ཞེས་ཆགས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་བདག་ཅེས་བྱ་བའི་དངོས་པོ་སྟེ། སེམས་ཅན་དག་དེ་ལ་བདག་ཅེས་འཛིན་པའི་ཕྱིར་རོ། །ཡང་ན་སྣོད་དང༌། ཟས་དང༌། ཚག་ཙེག་དང༌། བྱེད་པ་པོ་དང༌། ཟབ་པོའི་དངོས་པོ་བསྟན་པའི་ཕྱིར་ཕུང་པོ་ལྔ་ཉིད་དུ་བཤད་ཀྱི་དྲུག་དང་བཞི་ལ་སོགས་པ་མ་བསྟན་ཏོ། །དེ་ལ་སྣོད་ལྟ་བུར་གྱུར་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། སྣོད་ལ་ཁ་ཟས་བརྟེན་པ་དང་འདྲ་བར་ཚོར་བ་དང༌། འདུ་ཤེས་ལ་སོགས་པའི་ཕུང་པོ་ཡང་གཟུགས་ཀྱི་ཕུང་པོ་ལ་བརྟེན་པའི་ཕྱིར་རོ། །ཟས་ལྟ་བུར་གྱུར་པ་ནི་ཚོར་བའི་ཕུང་པོ་སྟེ། ཁ་ཟས་བཟའ་བར་བྱ་བ་ཡིན་པ་བཞིན་དུ་ཚོར་བ་བདེ་བ་དང༌། སྡུག་བསྔལ་ཡང་མྱོང་བར་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །ཚག་ཙེག་ལྟ་བུར་གྱུར་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཁ་ཟས་ཚོད་མ་ལ་སོགས་པ་ཚག་ཙེག་དང་བསྲེས་ན་ལྷག་པར་བཟའ་བར་ནུས་པ་བཞིན་དུ་མི་གཙང་བ་ལ་གཙང་བ་དང་སྡུག་བསྔལ་ལ་བདེ་བར་འཛིན་པའི་འདུ་


DTG137_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕྱིན་ཅི་ལོག་ཡོད་ན་ལྷག་པར་ཚོར་བའི་ཕུང་པོ་ལ་ཆགས་པར་བྱེད་པས་སོ། །བྱེད་པ་པོ་ལྟ་བུར་གྱུར་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ལས་དགེ་བ་དང༌། མི་དགེ་བ་དང༌། དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཟ་བ་བོར་གྱུར་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ལས་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་མཇུག་ཏུ་རྣམ་པར་ཤེས་པས་མྱོང་བའི་ཕྱིར་རོ། །འོ་ན་དང་པོར་གཟུགས་ཀྱི་ཕུང་པོ་བཤད། དེའི་འོག་ཏུ་ཚོར་བ། དེའི་འོག་ཏུ་འདུ་ཤེས། དེའི་འོག་ཏུ་འདུ་བྱེད། དེའི་འོག་ཏུ་རྣམ་པར་ཤེས་པ་སྟེ། རིམ་པ་འདི་ལྟར་ཅིའི་ཕྱིར་བཀོད་ཅེ་ན། སྨྲས་པ། ཇི་ལྟར་སྤོམ་རིམ་མམ་རགས་རིམ་གྱིས་རིམ་པ་འདི་ལྟར་བཀོད་དེ། གཟུགས་ཀྱི་ཕུང་པོ་ནི་ཐོགས་པ་དང་བཅས་པ་དང༌། མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་དུ་གྱུར་པ་དང༌། མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་གི་དམིགས་པར་གྱུར་པའི་ཕྱིར་ཐམས་ཅད་པས་རགས་ཤིང་སྦོམ་པས་ན་དང་པོར་གཟུགས་ཀྱི་ཕུང་པོ་བཤད་དོ། །གཟུགས་མེད་པའི་ཕུང་པོ་བཞི་ལས་འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་བས་ཚོར་བའི་ཕུང་པོ་རགས་ཏེ། བདག་གི་མགོ་ན་བར་ཚོར་རོ། །རྐང་པ་ན་བར་ཚོར་རོ་ཞེས་འཇིག་རྟེན་པ་དག་གསལ་བར་ཐ་སྙད་དུ་འདོགས་པས་ན་དེའི་འོག་ཏུ་ཚོར་བའི་ཕུང་པོ་བཤད་དོ། །འདུ་བྱེད་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་བས་འདུ་ཤེས་ཀྱི་ཕུང་པོ་རགས་ཏེ། འདི་ནི་བུད་མེད་འདི་ནི་སྐྱེས་པ་ཞེས་ཡུལ་ལ་མཚན་མར་འཛིན་པ་རྟོགས་པར་སླ་བས་ན་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་བཤད་དོ། །རྣམ་པར་ཤེས་པ་པས་འདུ་བྱེད་ཀྱི་ཕུང་པོ་རགས་ཏེ། ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཁོང་དུ་ཆུད་པར་སླ་ཞིང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སེམས་ལས་བྱུང་ཞིང་སྐྱེས་པ་ན་འདོད་ཆགས་ཤིག་སྐྱེས་སོ། །ཞེ་སྡང་ཞིག་སྐྱེས་སོ་ཞེས་ཞེ་སྡང་ཚོར་ཞིང་ཤེས་པར་སླ་བས་དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བཤད་དོ། །རྣམ་པར་ཤེས་པ་ནི་ཐམས་ཅད་པས་ཕྲ་བ་ཡིན་པའི་ཕྱིར་འཇུག་ཏུ་སྨོས་སོ། །ཡང་ན་ཁམས་གསུམ་གྱི་


DTG137_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པས་ཕུང་པོ་ལྔའི་རིམ་པ་དེ་ལྟར་བཀོད་དེ། ཁམས་གསུམ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སོ། །དེ་ལ་འདོད་པའི་ཁམས་ན་ནི་རྣམ་པར་ཤེས་པ་གཟུགས་ལ་བརྟེན་པས་དང་པོར་གཟུགས་ཀྱི་ཕུང་པོ་བཤད་དོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ནི་རྣམ་པར་ཤེས་པ་བསམ་གཏན་གྱི་བདེ་བའི་ཚོར་བ་ལ་བརྟེན་པས་དེའི་འོག་ཏུ་ཚོར་བའི་ཕུང་པོ་བསྟན་ཏོ། །གཟུགས་མེད་པའི་ཁམས་ན་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ན་ནི་རྣམ་པར་ཤེས་པ་འདུ་ཤེས་ལ་བརྟེན་པས་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་བསྟན་ཏོ། །སྲིད་པའི་རྩེ་མོ་ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ན་ནི་རྣམ་པར་ཤེས་པ་སེམས་ལས་བྱུང་བའི་ཚོགས་འདུ་བྱེད་ཀྱི་ཆོས་ལ་བརྟེན་པས་དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །རྣམ་པར་ཤེས་པ་ནི་དེ་དག་ཀུན་ཏུ་འགྲོ་བའི་ཕྱིར་མཇུག་ཏུ་སྨོས་སོ། །གཟུགས་ཀྱི་ཕུང་པོ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གཟུགས་གང་ཞེ་ན་ཞེས་དྲིས་སོ། །བརྒལ་བ་གོང་དུ་མིང་ཙམ་དུ་བསྟན་པའི་ཚེ་ནི་གཟུགས་ཀྱི་ཕུང་བོ་ཞེས་སྨྲས་ལ། འདིར་གཟུགས་ཀྱི་ཕུང་པོ་གང་ཞེ་ན་ཞེས་མི་འདྲི་བར་ཅིའི་ཕྱིར་གཟུགས་གང་ཞེ་ན་ཞེས་འདྲི། སྨྲས་པ། གཟུགས་ལས་མ་གཏོགས་པར་ཕུང་པོ་ལོགས་ཤིག་ན་མེད་དེ། ནས་དང་འབྲས་ལ་སོགས་པའི་ཕུང་པོ་བཞིན་ནོ། །དཔེར་ན་ནས་དང་འབྲས་གྲུབ་ན་ཕུང་པོ་ཡང་ཟླ་ལ་གྲུབ་པ་དང་འདྲ་བར་གཟུགས་གྲུབ་ན་ཕུང་པོ་ཡང་ཟླ་ལ་གྲུབ་བས་གཟུགས་གང་ཞེ་ན་ཞེས་དྲིས་ཀྱང་ཉེས་པ་མེད་དོ། །ཡང་ན་གཟུགས་ཀྱི་དོན་སྔར་བསྟན་ནས་ཕུང་པོའི་དོན་ཕྱིས་འཆད་པས་གཟུགས་གང་ཞེ་ན་ཞེས་དྲིས་ཀྱི་གཟུགས་ཀྱི་ཕུང་པོ་གང་ཞེ་ན་ཞེས་མ་དྲིས་སོ། །ཅུང་ཟད་གཟུགས་གང་ཡིན་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་གང་གཟུགས་ཀྱི་རྣམ་གྲངས་སུ་གཞག་པ་འདས་པའི་གཟུགས་དང༌། མ་འོངས་པའི་གཟུགས་དང༌། ད་ལྟར་གྱི་གཟུགས་དང༌། གཟུགས་བཟང་པོ་དང༌། གཟུགས་ངན་པ་དང༌། གཟུགས་རིང་བ་དང༌། གཟུགས་ཐུང་བ་དང༌། གཟུགས་ཕྲ་བ་དང༌། གཟུགས་སྦོམ་པོ་ཞེས་བྱ་བ་དེ་དག་ཐམས་ཅད་


DTG137_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཆེན་པོ་བཞིའི་གཟུགས་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་སུ་འདུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཟུགས་རྣམ་པ་གཉིས་པ་བསྟན་ཏེ། རྒྱུའི་གཟུགས་དང༌། འབྲས་བུའི་གཟུགས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞི་ཞེས་བྱ་བས་རྒྱུའི་གཟུགས་བསྟན་ཏེ། གཟུགས་ཐམས་ཅད་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞི་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་ཞེས་བྱ་བས་འབྲས་བུའི་གཟུགས་བསྟན་ཏོ། །དེ་ལ་འབྱུང་བའི་དོན་ཅི་དཀར་པོ་དང༌། སེར་པོ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས་ཆེན་པོ་དེ་དག་དེ་ལས་འབྱུང་ཞིང་སྐྱེ་བས་ན་འབྱུང་བའོ། །རྒྱུར་བྱས་པའི་གཟུགས་བཅུ་གཅིག་ལ་ཁྱབ་པས་ན་ཆེན་པོའོ། །ཡང་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་བས་ན་འབྱུང་པའོ། །ཡང་ནས་དང་ཆུ་དང་མེ་དང་རླུང་འདི་དག་སེམས་ཅན་གྱི་ལས་ཀྱིས་འབྱུང་བས་ན་འབྱུང་བའོ། །ཆེན་པོ་ནི་སའི་ཁམས་འདི་དག་གནས་པ་ཆེ་སྟེ། ཐོག་ཐག་ཏུ་ཁྱབ་པར་མངོན་སུམ་དུ་སྣང་བའི་ཕྱིར་རོ། །ཆུའི་ཁམས་ཀྱང་ཆེ་སྟེ། ནམ་སེམས་ཅན་རྣམས་འདོད་ཆགས་ཀྱི་ཤས་ཆེ་བ་ན། ཆུའི་བསྐལ་པ་བྱུང་བས་བསམ་གཏན་དང་པོ་པ་མན་ཆད་འཇིག་པར་བྱེད་དོ། །མེའི་ཁམས་འདི་ཡང་ཆེ་སྟེ། ནམ་སེམས་ཅན་ཞེ་སྡང་གི་ཤས་ཆེ་བ་ན། མེའི་བསྐལ་པས་བསམ་གཏན་གཉིས་པ་མན་ཆད་སྲེག་པར་བྱེད་དོ། །རླུང་གི་ཁམས་ཀྱང་ཆེ་སྟེ། ནམ་སེམས་ཅན་གཏི་མུག་བདོ་བ་ན་རླུང་གི་བསྐལ་པས་བསམ་གཏན་གསུམ་པ་མན་ཆད་འཇིག་པར་བྱེད་དོ། །འོ་ན་ཅིའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ནར་བཤད་ལ་ལྔ་དང་གསུམ་ལ་སོགས་པར་བཤད། སྨྲས་པ། ས་བོན་གྱི་རྟེན་དང༌། ས་བོན་བརླན་པ་དང༌། ས་བོན་སྨིན་པ་དང༌། འཕེལ་བར་འདི་བཞི་ཁོ་ནས་བྱེད་དེ། ལྔར་བཤད་དུ་ནི་དགོས་པ་མེད་གསུམ་དུ་བཤད་ན་མི་ནུས་པས་ཁྲིའི་རྐང་པ་བཞིན་ཏེ་བཞི་ཁོ་ནར་བཤད་དོ། །དེ་ལ་ས་བོན་གྱི་རྟེན་ནི་སའི་ཁམས་ཀྱིས་བྱེད་དོ། །ས་བོན་བརླན་བར་ནི་ཆུའི་ཁམས་ཀྱིས་བྱེད་དོ། །ས་བོན་སྨིན་པར་ནི་མེའི་ཁམས་ཀྱིས་བྱེད་དོ། །ས་བོན་འཕེལ་བར་ནི་རླུང་གི་ཁམས་ཀྱིས་བྱེད་དོ། །བསྐལ་པ་ནམ་མཁའི་ཁམས་ཀྱང་ས་བོན་སྐྱེ་བ་


DTG137_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་སྐབས་འབྱེད་བར་བྱེད་ན་དེས་བསྣན་ཏེ་ཅིའི་ཕྱིར་འབྱུང་བ་ཆེན་པོ་ལྔར་མེ་གཞག །སྨྲས་པ། གོ་སྐབས་འབྱེད་པར་བྱེད་པ་ནི་གཟུགས་ཅན་གྱི་ཆོས་ཀྱིས་བྱེད་ལ་ནམ་མཁའ་ལ་ནི་གཟུགས་མེད་པས་གོ་སྐབས་འབྱེད་པ་མེད་པ་དང༌། འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་དང། འཇིག་པའི་ཆོས་ཅན་ཡིན་ལ་ནམ་མཁའ་ལ་སྐྱེ་བ་དང༌། འཇིག་པ་མེད་པས་འབྱུང་བ་ཆེན་པོ་ཞེས་མི་བྱའོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་ལ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་སྐྱེས་པའམ། འབྱུང་བ་ཆེན་པོ་འདི་དག་ལས་མཐོང་བའི་གཟུགས་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བྱ་སྟེ། དེའང་མིག་གི་དབང་པོ་ལ་སོགས་པ་རྣམ་པ་བཅུ་གཅིག་གོ་ཞེས་འོག་ནས་འཆད་དོ། །དེ་ལས་འབྱུང་བ་ཆེན་པོ་བཞི་དག་ནི་རྒྱུ་རྣམ་པ་ལྔས་འབྱུང་བ་ཆེན་པོ་ལས་གྱུར་པའི་གཟུགས་ཀྱི་རྒྱུ་བྱེད་དེ། རྒྱུ་རྣམ་པ་ལྔ་ནི་སྐྱེད་པ་དང། བརྟེན་པ་དང༌། གནས་པ་དང༌། རྟོན་པ་དང༌། འཕེལ་བའོ། །དེ་ལ་ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་དུ་འབྱུང་བ་ཆེན་པོ་བཞི་མེད་ན་རྒྱུར་བྱས་པའི་གཟུགས་མི་སྐྱེ་བས་ན་སྐྱེད་པའི་རྒྱུ་བྱེད་དོ། །འབྱུང་བ་ཆེན་པོ་བཞི་ལ་མ་བརྟེན་པར་རྒྱུར་བྱས་པའི་གཟུགས་དག་ལོགས་ཤིག་ཏུ་གནས་པའི་མཐུ་མེད་དེ། དེ་བས་ན་བརྟེན་པའི་རྒྱུ་བྱེད་དོ། །ཤིང་བཅད་ན་གྲིབ་མ་མེད་པར་འགྱུར་བ་དེ་བཞིན་དུ། འབྱུང་བ་ཆེན་པོ་བཞི་དག་ཉམས་སམ་སྣང་རྨས་ན་རྒྱུར་བྱས་པའི་གཟུགས་རྣམས་ཀྱང་ཉམས་པར་འགྱུར་བས་ན་གནས་པའི་རྒྱུ་བྱེད་དོ། །འབྱུང་བ་ཆེན་པོ་བཞི་དཔེར་ན་རྒན་པོ་འཁར་བ་ལ་བརྟེན་ནས་འགྲོ་བ་དང་འདྲ་བར་སྐད་ཅིག་མའི་རྒྱུན་གྱིས་སྐྱེ་བ་དང༌། རྒྱུར་བྱས་པའི་གཟུགས་རྣམས་ཀྱི་སྐད་ཅིག་མའི་རྒྱུན་ཀྱང་རྒྱུན་མི་འཆད་པར་སྐྱེ་བར་བྱེད་པས་ན་རྟོན་པའི་རྒྱུ་བྱེད་དོ། །འབྱུང་བ་ཆེན་པོ་བཞི་བརྟས་ཤིང་སྨིན་ན་རྒྱུར་བྱས་པའི་གཟུགས་ཀྱང་བརྟས་པར་འགྱུར་བས་ན་འཕེལ་བའི་རྒྱུ་བྱེད་དོ། །འབྱུང་བ་ཆེན་པོ་བཞི་གྲངས་ཙམ་བསྟན་པ་དམིགས་ཀྱིས་ཕྱེ་སྟེ། བཤད་པར་བྱ་བའི་ཕྱིར་འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན་ཞེས་དྲིས་ནས། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ་ཞེས་


DTG137_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སའི་ཁམས་གང་ཞེ་ན་སྲ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སའི་ཁམས་གང་ཞེ་ན་ཞེས་བྱ་བ་ནི་སའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་ཐ་ཚིག་གོ །གང་སྲ་བ་དང༌། མཁྲང་བ་དང༌། ལྕི་བ་ནི་སའི་ཁམས་ཀྱི་མཚན་ཉིད་དོ། །ཆུའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ། ཆུའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །གཤེར་བ་ཉིད་དོ་ཞེས་བྱ་བ་ནི་གང་གཤེར་བ་དང་སྣུམ་པ་དང་བརླན་པ་ནི་ཆུའི་ཁམས་ཀྱི་མཚན་ཉིད་དོ། །མེའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ། མའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའོ། །ཚ་བ་ཉིད་དོ་ཞེས་བྱ་བ་ནི་གང་ཚ་བ་དང༌། དྲོ་བ་དང་ཚིག་པར་བྱེད་པ་ནི་མེའི་ཁམས་ཀྱི་མཚན་ཉིད་དོ། །རླུང་གི་ཁམས་གང་ཞེ་ན་ཞེས་བྱ་བ་ནི། རླུང་གི་ཁམས་ཀྱི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའོ། །ཡང་ཞིང་གཡོ་བ་ཉིད་ནི་རླུང་གི་ཁམས་ཀྱི་མཚན་ཉིད་དེ་ཡང་བ་ནི་འགུལ་བར་བྱེད་པའོ། །གཡོ་བ་ནི་དངོས་པོའི་རྒྱུན་ཡུལ་གཞན་དུ་ཕྱིན་ཅིང་སྐྱེ་བར་བྱེད་པའོ། །བརྒལ་བས་ས་དང་ཆུ་དང་མེའི་གསུམ་ལ་མཚན་ཉིད་རེ་རེ་བསྟན་ལ། རླུང་གི་ཁམས་ལ་ནི་ཡང་བ་དང་གཡོ་བ་སྟེ། ཅིའི་ཕྱིར་མཚན་ཉིད་གཉིས་སུ་བཤད། ལན་དུ་གལ་ཏེ་ཡང་བ་འབའ་ཞིག་སྨོས་ལ། གཡོ་བ་མ་སྨོས་ན་ནི་རྒྱུར་བྱས་པའི་གཟུགས་ལུས་ཀྱི་ཡུལ་དུ་གྱུར་བ་ལ་ཡང་འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་ཞེས་བྱ་བའི་རྒྱུར་བྱས་པའི་གཟུགས་ཡོད་པ་སྟེ། རླུང་གི་ཁམས་སུ་འགྱུར་དུ་དོགས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་གཡོ་བ་འབའ་ཞིག་སྨོས་ཀྱི་ཡང་བ་མ་སྨོས་ན་ནི་སེམས་ལས་བྱུང་བའི་ཆོས་བཤད་པའི་སྐབས་སུ་སེམས་པ་གང་ཞེ་ན། གང་སེམས་གཡོ་བའོ་ཞེས་འབྱུང་བའི་སེམས་པ་དེ་རླུང་གི་ཁམས་སུ་འགྱུར་དུ་དོགས་པའི་སྐྱོན་དུ་འགྱུར་ཏེ། དེ་བས་ན་གང་ཡང་བ་དང་གཡོ་བའི་ཆོས་གཉིས་གང་ཡོད་པ་དེ་ནི་རླུང་གི་ཁམས་ཀྱི་མཚན་ཉིད་དོ། །འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་བཤད་ནས་ལས་བསྟན་པར་བྱ་སྟེ། དེ་ལ་ལས་ནི་བརྟན་པ་དང༌། སྡུད་པ་དང༌། སྨིན་པ་དང༌། འཕེལ་བར་བྱེད་པའོ། །སའི་ཁམས་ཀྱི་ལས་ནི་བརྟན་པར་བྱེད་པའོ། །


DTG137_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་ཁམས་ཀྱི་ལས་ནི་སྡུད་པར་བྱེད་པའོ། །མེའི་ཁམས་ཀྱི་ལས་ནི་སྨིན་པར་བྱེད་པའོ། །རླུང་གི་ཁམས་ཀྱི་ལས་ནི་འཕེལ་བར་བྱེད་པའོ། །འོ་ན་ཁམས་ཀྱི་དོན་ཅི། ཁམས་ཀྱི་དོན་ནི་འཛིན་པར་བྱེད་པའི་དོན་ཏོ་སྟེ། རྒྱུར་བྱས་པའི་གཟུགས་བཅུ་གཅིག་འཛིན་པས་ན། སའི་ཁམས་ཆུའི་ཁམས་མེའི་ཁམས་རླུང་གི་ཁམས་ཞེས་བྱའོ། །ཡང་ན་རང་དང་སྤྱིའི་མཚན་ཉིད་འཛིན་པས་ན་ཁམས་ཞེས་བྱའོ། །ས་སྲ་བའི་མཚན་ཉིད་འཛིན་པ་དང་ཆུ་གཤེར་བའི་མཚན་ཉིད་འཛིན་པ་ལ་སོགས་པ་དང༌། མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང། བདག་མེད་པ་སྟེ། སྤྱིའི་མཚན་ཉིད་འཛིན་པས་སོ། །ཡང་ན་གང་ན་འབྱུང་བ་ཆེན་པོ་བཞི་གཅིག་ཡོད་པ་དེ་ནི་གཅིག་གི་ནང་ན་ཡང་བཞི་ཆར་ཡང་ཡོད་དོ། །དཔེར་ན་ས་གང་ན་ཡོད་པ་ན་ཆུ་དང་མེ་དང་རླུང་ཡང་ཡོད། ཆུ་གང་ན་ཡོད་པ་ན་ས་དང་མེ་དང་རླུང་ཡང་ཡོད་པ་ལས་དེ་ན་གང་མཐུ་ཆེ་ཞིང་ཤས་ཆེ་བ་དེ་ནི་ས་ཞེས་དངོས་སུ་མིང་གིས་སྨོས་ལ། ཆུ་དང༌། མེ་དང༌། རླུང་ལྟ་བུ་ཤས་ཆུང་ཞིང་མཐུ་ཆུང་བར་གནས་པ་ལ་ནི་ཁམས་ཞེས་བྱའོ། །དེའང་དཔེར་ན་ཕྱེ་ཕུལ་གང་དང་ལྡན་ཚྭ་ཕུལ་གང་བསྲེས་པ་ལས་ལན་ཚྭ་མཐུ་ཆེ་ཞིང་ཤས་ཆེ་བར་གྱུར་པས་ལན་ཚྭ་ཁ་ཞིང་དངོས་སུ་མིང་གིས་འབྱིན་ཀྱང་ཕྱེ་དེ་ན་ཁམས་ཀྱི་མཚན་ཉིད་དུ་མེད་པ་མ་ཡིན་ཏེ་ཡོད་དོ། །འབྱུང་བ་ཆེན་པོ་གཅིག་ཡོད་པ་ན་ཀུན་ཡོད་པར་ཅི་མངོན། ལན་དུ་བཅོམ་ལྡན་འདས་ཀྱི་ལུང་མདོ་ལས་ཀྱང་འབྱུང་ལ་རིགས་པས་བརྟགས་ན་ཡང་མངོན་ནོ། །ལུང་ལས་འབྱུང་བས་ནི་མངལ་དུ་འཕོ་བའི་མདོར་དགའ་བོ་ཕ་དང་མའི་མི་གཙང་པ་སྐ་བ་ལས་ལུས་སུ་གྱུར་པ་ལ་ས་དང་ཆུ་དང་མེ་དང་རླུང་རྣམས་སྲ་བ་དང་སྡུད་པ་དང༌། སྨིན་པ་དང་འཕེལ་བའི་བྱ་བ་བྱེད་ཅིང་གནས་སོ། །གལ་ཏེ་དགའ་བོ་དེ་ན་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་ན་ནི་ཕྱེའམ་ཐལ་བའི་ཆང་བུ་བཞིན་དུ་སྐམས་པའམ་འཐུལ་བར་འགྱུར་ཏེ། ཆུས་བསྡུས་པས་ན་མི་འཐུལ་ཞིང་མི་འཇིག་གོ །གལ་ཏེ་ཆུ་ཡོད་ལ་ས་མེད་ན་ནི་འབྲུ་མར་རམ་ཡུངས་མར་བཞིན་དུ་འཛག་ཅིང་འབོ་བར་འགྱུར་རོ། །གལ་ཏེ་ས་དང་ཆུ་ཡོད་ལ་མེ་མེད་ན་ཤ་རུལ་བཞིན་དུ་མྱགས་པར་འགྱུར་རོ། །གལ་ཏེ་ས་དང་ཆུ་དང་མེ་ཡོད་ལ་རླུང་མེད་ན་


DTG137_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཇི་ཙམ་དུ་གནས་པ་ལས་འཕེལ་ཞིང་རྒྱས་པར་མི་འགྱུར་རོ་ཞེས་གསུངས་སོ། །རིགས་པས་བརྟགས་ན་ཡང་གཅིག་གང་ན་ཡོད་པ་ན་ཀུན་ཡོད་པར་མངོན་ཏེ་རྡོ་བ་དང་ཤིང་ལ་སོགས་པ་འབྱར་ཞིང་སོ་སོར་མ་གྱེས་པས་ན་སའི་ཁམས་ལ་ཆུའི་ཁམས་ཡོད་པར་མངོན་ནོ། །རྡོ་དང་ཤིང་ལ་སོགས་པ་གཡོ་ཞིང་འགུལ་བས་ན་རླུང་གི་ཁམས་ཡོད་དོ། །རྡོ་གཉིས་ཕན་ཚུན་དུ་ཕྲད་པ་ལས་མེ་སྟག་འབྱུང་བས་ན་མེའི་ཁམས་ཡོད་དོ། །ཆུའི་ཁམས་ལ་ཡང་གྲུ་དང་འདབ་མ་ལ་སོགས་པ་འཛིན་ཅིང་རྟེན་བྱེད་པས་ན་ཆུའི་ཁམས་ལ་ཡང་སའི་ཁམས་ཡོད་པར་མངོན་ནོ། །ཆུའི་ནང་དུ་ཤིང་གི་འདབ་མ་དང་རྩྭ་ལྷུང་བ་འདྲུལ་ཞིང་ཆུ་དྲོན་པོ་དག་ཀྱང་དམིགས་པས་ན་ཆུའི་ནང་ན་མེ་ཡོད་པར་མངོན་ནོ། །ཐུར་དུ་འབབ་ཅིང་གཡོ་བས་ན་རླུང་ཡོད་པར་མངོན་ནོ། །རླུང་གི་ཁམས་ལ་ཡང་འདབ་མ་དང་རྩྭ་འཛིན་ཅིང་འདེགས་པས་ན་སའི་ཁམས་ཡོད་པར་མངོན་ནོ། །རླུང་དྲོ་བ་དག་ཀྱང་དམིགས་ལ་རྫས་བརླན་པ་རྣམས་རླུང་ལ་ཕྱར་ན་སྐམ་པར་འགྱུར་བས་མེའི་ཁམས་ཡོད་པར་མངོན་ནོ། །ཚུབ་མ་དང་རླུང་གཅིག་ཏུ་འདུས་ཤིང་འགྱུར་ཞིང་འབྱུང་བས་ན། ཆུའི་ཁམས་ཀྱང་ཡོད་པར་མངོན་ནོ། །མེའི་ཁམས་ལ་ཡང་མེ་ལྕེ་གཅིག་གིས་གཅིག་འཛིན་པ་དང༌། མེ་ལྕེས་འདབ་མ་དང་རྩྭ་ལ་སོགས་པ་འདེགས་ཤིང་འཛིན་པས་ན་སའི་ཁམས་ཡོད་པར་ཡང་མངོན་ནོ། །མེ་ལྕེ་རྣམས་ཀྱང་སོ་སོར་མི་འགྱེས་པར་གཅིག་ཏུ་འབར་བས་ན་ཆུའི་ཁམས་ཡོད་པར་མངོན་ནོ། །འགུལ་ཞིང་གཡོ་བས་ན་རླུང་གི་ཁམས་ཀྱང་ཡོད་པར་མངོན་ནོ། །འབྱུང་བ་ཆེན་པོ་བཞི་དག་བཤད་ནས། རྒྱུར་བྱས་པའི་གཟུགས་ལ་ཕྱེ་ན་གྲངས་དུ་ཡོད་པ་དང་མིང་གིས་གང་དང་གང་ཡིན་པ་དང་དེ་དག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུར་བྱས་པའི་གཟུགས་གང་ཞེ་ན་ཞེས་དྲིས་ཏེ། དེའི་དོན་ནི་རྒྱུར་བྱས་པའི་གཟུགས་ལ་གྲངས་ནི་དུ་ཞིག་ཡོད། མིང་གིས་ནི་གང་དང་གང་ཡིན། གཟུགས་ནས་རེག་བྱའི་ཕྱོགས་མཚན་ཉིད་ནི་ཇི་ལྟ་བུ་ཞེས་དྲིས་པའི་ཐ་ཚིག་གོ །དེ་དག་བསྟན་པར་བྱ་བའི་ཕྱིར། མིག་གི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུར་བྱས་པའི་གཟུགས་ཀྱི་གྲངས་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་


DTG137_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ་དང། གཟུགས་ནས་རེག་བྱའི་ཕྱོགས་གཅིག་གི་བར་དུ་ཡུལ་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པས་བསྣན་ཏེ་བཅུ་གཅིག་གོ །དེ་དག་གི་མིང་ཡང༌། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པའོ་ཞེས་མིང་གིས་སྨོས་པ་རྣམས་སོ། །དེ་དག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། མིག་གི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། དེ་ཡང་མིག་གི་དབང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ཡུལ་ཁ་དོག་གཟུགས་དང་བའོ་ཞེས་བཤད་དོ། །མིག་གི་དབང་པོའི་ཡུལ་ནི་སྔོན་པོ་དང༌། སེར་པོ་དང༌། དཀར་པོ་དང༌། དམར་པོ་ལ་སོགས་པ་ཡིན་ལ། དཔེར་ན་མེ་ལོང་དང་ཤེལ་དང་ཆུ་ལ་སོགས་པ་གཟུགས་དང་ཞིང་གསལ་བས་གཟུགས་བརྙན་སྣང་བ་འབྱུང་བ་བཞིན་དུ། མིག་གི་དབང་པོ་ཡང་གཟུགས་དང་ཞིང་གསལ་སྟེ། གཟུགས་དང་ཕྲད་པར་འགྱུར་པ་ན། གཟུགས་ཀྱི་གཟུགས་བརྙན་འབྱུང་བར་འགྱུར་ནས་གཟུགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་དང་མཐུན་པ་ཁོ་ནར་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་བྱེད་དེ། དེ་བས་ན་གཟུགས་དང་བ་ཞེས་བྱའོ། །མིག་གི་དབང་པོའི་ཡུལ་རྡུལ་ཕྲ་རབ་ནི་མིག་གི་སྤྲིན་གྱི་ནང་ན་ཟར་མའི་མེ་ཏོག་ཁ་འབུས་ལྟར་གནས་སོ། །སྨྲས་པ། དེ་ལྟར་ན་དང་བའི་སྒྲ་སྨོས་པས་ཆོག་མོད་གཟུགས་ཀྱི་སྒྲ་སྨོས་པ་ཇི་དགོས། སྨྲས་པ། གཟུགས་ཀྱི་སྒྲ་མ་སྨོས་པར་དང་བ་འབའ་ཞིག་སྨོས་པ་ན་ནི་སེམས་ལས་བྱུང་བ་བཤད་པའི་སྐབས་སུ་དད་པ་གང་ཞེ་ན། སེམས་དང་བའོ་ཞེས་བཤད་པ་དེ་མིག་གི་དབང་པོ་ཡིན་ནོ་སྙམ་དུ་ཡིད་གོལ་བར་འགྱུར་བས་གཟུགས་ཀྱི་སྒྲ་སྨོས་ཏེ། དད་པ་དང་བ་ཡིན་ཡང་སེམས་པ་ནི་གཟུགས་ཀྱི་རང་བཞིན་མ་ཡིན་ལ། མིག་གི་དབང་པོ་ནི་གཟུགས་ཀྱི་རང་བཞིན་ཡང་ཡིན་ནོ། །དང་བའི་རང་བཞིན་ཡང་ཡིན་པས་སོ། །སྨྲས་པ། འོ་ན་གཟུགས་ཞེས་སྨོས་པས་ཆོག་མོད། དང་བའི་སྒྲ་སྨོས་ཇི་དགོས་ལན་དུ་གཟུགས་འབའ་ཞིག་སྨོས་ལ་དང་བ་མ་སྨོས་ན་རྡོ་དང་ཤིང་ལ་སོགས་པའི་


DTG137_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱང་མིག་གི་དབང་པོ་ཡིན་ནོ་སྙམ་དུ་ཡིད་གོལ་བར་འགྱུར་བ་དང༌། ལིང་ཏོག་གིས་ཁེབས་པ་དང་དམུས་ལོང་དག་ལ་ཡང་མིག་གི་དབང་པོ་ཡོད་པའི་སྐྱོན་དུ་འགྱུར་བས་ན་དང་བའི་སྒྲ་སྨོས་ཏེ། རྡོ་དང་ཤིང་ལ་སོགས་པ་དང་ལིང་རྟོག་གིས་ཁེབས་པ་དང་དམུས་ལོང་ལ་སོགས་པ་ལ་གཟུགས་ཡིན་དུ་ཟིན་ཀྱང་དད་པ་མེད་པའི་ཕྱིར་མིག་གི་དབང་པོ་མ་ཡིན་ནོ། །ཡང་སྨྲས་པ་དེ་ལྟར་ན། གཟུགས་དང་བ་ཞེས་སྨོས་པས་ཆོག་མོད་ཡུལ་ཁ་དོག་ཞེས་སྨོས་པའི་སྒྲ་ཇི་དགོས། ལན་དུ་དེ་ཡང་དགོས་པ་རྣམ་པ་གཉིས་ཀྱི་ཕྱིར་ཡུལ་ཁ་དོག་ཅེས་མི་བརྗོད་དུ་མི་རུང་སྟེ། གཟུགས་དང་བ་འབའ་ཞིག་སྨོས་ལ་ཡུལ་ཁ་དོག་མ་སྨོས་ན། རྣ་བ་ལ་སོགས་པའི་དབང་པོ་ཡང་གཟུགས་དང་བ་ཡིན་པས་དེ་མིག་གི་དབང་པོ་ཡིན་ནོ་སྙམ་དུ་ཡིད་གོལ་བར་འགྱུར་བ་དང༌། མེ་ལོང་དང༌། ཤེལ་དང་ཆུ་ལ་སོགས་པ་ཡང་གཟུགས་དང་བ་ཡིན་པས། དེ་དག་མིག་གི་དབང་པོ་ཡིན་ནོ་སྙམ་དུ་ཡིད་གོལ་བར་འགྱུར་ཏེ། དེ་དག་གཟུགས་དང་བ་ཡིན་དུ་ཟིན་ཀྱང་ཡུལ་ཁ་དོག་མ་ཡིན་ནོ། །དེ་བས་ན་གང་ཡུལ་ཁ་དོག་ཀྱང་ཡིན་གཟུགས་ཀྱང་ཡིན་དང་བ་ཡང་ཡིན་པ་དེ་ནི་མིག་གི་དབང་པོའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་དབང་པོ་ལྷག་མ་ལ་ཡང་སོ་སོར་ཅི་རིགས་པར་སྦྱར་ཞིང་བཤད་དོ། །རྣ་བའི་དབང་པོའི་མཚན་ཉིད་བསྟན་པའི་ཕྱིར། རྣ་བའི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། རྣ་བའི་དབང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་མཚན་ཉིད་བསྟན་པའི་ཕྱིར། ཡུལ་སྒྲ་གཟུགས་དང་བའོ་ཞེས་བྱ་བ་སྨོས་ཏེ། རྣ་བའི་དབང་པོའི་ཡུལ་ནི་སྒྲ་སྙན་པ་དང༌། མི་སྙན་པ་ལ་སོགས་པ་ཡིན་ལ་དེའི་གཟུགས་ཀྱང་ཤེལ་དང་མེ་ལོང་ལ་སོགས་པ་དང་འདྲ་བ་དང་ཞིང་གསལ་བ་ཡིན་ལ། དེ་ལྟར་གསལ་བའི་མཐུས་རྣ་བའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ། །དེའི་རྡུལ་ཕྲན་ནི་གྲོག་གཅུས་པའི་མདུད་པ་འདྲ་བར་རྣ་བའི་ནང་ན་གནས་སོ། །སྣའི་དབང་པོའི་མཚན་ཉིད་བསྟན་པའི་ཕྱིར། སྣའི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། དེ་ཡང་སྣའི་དབང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཡུལ་དྲི་གཟུགས་དང་བའོ་ཞེས་བྱ་བ་སྨོས་ཏེ། སྣའི་དབང་པོའི་ཡུལ་ནི་དྲི་ཞིམ་པ་དང༌། མི་ཞིམ་


DTG137_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཡིན་ལ། དེའང་ཤེལ་དང་མེ་ལོང་ལ་སོགས་པ་ལྟར་གཟུགས་དང་ཞིང་གསལ་བ་སྟེ། དེའི་ཕྱིར་ན་སྣའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ། །དེའི་རྡུལ་ཕྲན་ནི་མིག་སྨན་བསྐུ་བའི་ལྕགས་ཐུར་ལྟར་མཚུལ་བའི་ནང་ཐོག་ཐག་གནས་སོ། །ལྕེའི་དབང་པོའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལྕེའི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། ལྕེའི་དབང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཡུལ་རོ་གཟུགས་དང་བའོ་ཞེས་བྱ་བ་སྨོས་ཏེ། ལྕེའི་དབང་པོའི་ཡུལ་ནི་རོ་མངར་བ་དང་སྐྱུར་བ་ལ་སོགས་པ་ཡིན་ལ། དེའང་མེ་ལོང་དང་ཤེལ་ལ་སོགས་པ་བཞིན་དུ་གཟུགས་དང་ཞིང་གསལ་བ་སྟེ། དེའི་རྒྱུས་ན་ལྕེའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ། །ལྕེའི་དབང་པོའི་རྡུལ་ཕྲན་ནི་ཟླ་བ་ཕྱེད་པ་འདྲ་བར་ལྕེའི་དབུས་ཐོག་ཐག་སྐྲའི་ཁྱོན་ཙམ་ཞིག་དབང་པོས་མ་ཁྱབ་པར་གནས་ཏེ། དེའང་དབང་པོས་ཁྱབ་ན་ནི་གླད་རྒྱས་རྒྱུན་དུ་འཛག་པས་སྙིང་པོའི་ཕྱིར་ཡི་ག་འཆུས་པར་འགྱུར་རོ། །ལུས་ཀྱི་དབང་པོའི་མཚན་ཉིད་བསྟན་པའི་ཕྱིར། ལུས་ཀྱི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། ལུས་ཀྱི་དབང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཡུལ་རེག་བྱ་གཟུགས་དང་བའོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་དབང་པོའི་ཡུལ་ནི་འཇམ་པ་དང༌། རྩུབ་པ་ལ་སོགས་པའི་རེག་བྱ་ཡིན་ལ། དེའང་ཤེལ་དང་མེ་ལོང་ལ་སོགས་པ་བཞིན་དུ་གཟུགས་དང་ཞིང་གསལ་བ་སྟེ། དེའི་རྒྱུས་ནི་ལུས་ཀྱི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ། །དེའི་རྡུལ་ཕྲན་ནི་པགས་པའམ་ཀོ་བ་བཞིན་དུ་ལུས་ཐོག་ཐག་ཁྱབ་པར་གནས་སོ། །ཁ་ཅིག་ན་རེ་བཻ་ཌཱུ་ཪྻའི་ཁ་དོག་འདྲ་བར་ལུས་ཀྱི་དབུས་ནས་ཡར་གནས་ཏེ། གང་དུ་རེག་བྱ་བྱུང་བ་དེར་རྒྱུག་གོ་ཞེས་ཟེར་རོ། །དབང་པོའི་དོན་ཅི་བདག་པོ་བྱེད་པའམ་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏེ་ཅི་ལ་དབང་བྱེད་ཅེ་ན། གཟུགས་ལ་སོགས་པ་སོ་སོའི་ཡུལ་ལ་དབང་བྱེད་དེ། དཔེར་ན་གཟུགས་ཀྱང་མིག་གི་དབང་པོས་མཐོང་གི་རྣ་བའི་དབང་པོ་ལ་སོགས་པ་གཞན་གྱིས་མི་མཐོང་བ་དང༌། སྒྲ་ཡང་རྣ་བའི་དབང་པོས་ཐོས་ཀྱི་མིག་ལ་སོགས་པ་གཞན་གྱིས་མི་ཐོས་པས། སོ་སོའི་ཡུལ་ལ་དབང་བྱེད་དོ། །དབང་པོ་ལྔ་བཤད་ཟིན་ཏོ། །ད་ཡང་ཡུལ་ལྔ་བསྟན་ཏེ། དེ་ལ་ཡང་


DTG137_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། གཟུགས་གང་ཞེ་ན་ཞེས་དྲིས་ཏེ། གཟུགས་ཀྱི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་མིག་གི་ཡུལ་ཏེ་ཞེས་བྱ་བ་སྨོས་ཏེ། གཟུགས་ནི་མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་རྣ་བ་ལ་སོགས་པ་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་སྟོན་ཏོ། །གཟུགས་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ་ཞེས་བྱ་བ་སྨོས་ཏེ། མིག་གི་ཡུལ་དུ་གྱུར་པ་གཟུགས་ལ་ཕྱེ་ན་གསུམ་སྟེ། ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ། །སྨྲས་པ། གཟུགས་ཀྱི་ཡུལ་ལ་རྣམ་པ་གསུམ་དུ་ཅིའི་ཕྱིར་ཕྱེ་སྟེ་བཤད། ལན་དུ་གཟུགས་ཀྱི་རབ་ཏུ་དབྱེ་བ་ལ་ཐེ་ཚོམ་ཟ་བ་དང༌། ཕྱིན་ཅི་ལོག་ཏུ་འཛིན་པ་དང༌། མི་ཤེས་པ་རྣམས་ལ་གཟུགས་ལ་ཕྱེ་ན་རྣམ་པ་གསུམ་ཡོད་དོ་ཞེས་བསྟན་པའི་ཕྱིར། ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ་ཞེས་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་ཐེ་ཚོམ་ཟ་བ་ནི་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་གཟུགས་ཡིན་ནམ་འོན་ཏེ་མ་ཡིན་ཞེས་ཡིད་གཉིས་ཟ་བའོ། །ལོག་པར་འཛིན་པ་ནི་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་ནི་གཟུགས་མ་ཡིན་གྱི་གཟུགས་ཞེས་བྱ་བ་ནི་གཞན་ཞིག་ཡོད་དོ་སྙམ་དུ་སེམས་པའོ། །མི་ཤེས་པ་ནི་གཟུགས་ལ་ཕྱེ་ན་དུ་ཡོད། གཟུགས་ཞེས་བྱ་བ་གང་ལ་བྱ་མི་ཤེས་པའོ། །དེ་དག་ལ་ཁ་དོག་དང་དབྱིབས་དང༌། རྣམ་པར་རིག་བྱེད་གཟུགས་ཡིན་ནོ་ཞེས་བསྟན་པས་ཐེ་ཚོམ་ཟ་བ་དང༌། ལོག་པར་འཛིན་པ་དང༌། མི་ཤེས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་གཟུགས་ལ་རྣམ་པ་གསུམ་དུ་ཕྱེ་སྟེ་བཤད་དོ། །དེ་ལ་ཁ་དོག་ལ་ཕྱེ་ན་རྣམ་པ་བཅུ་བཞི་ཡོད་དེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མའི་འོད་དང༌། སྣང་བ་དང། མུན་པ་དང༌། བླ་གབ་མེད་པ་དང༌། ནམ་མཁའོ། །དེ་ལ་ཁུག་རྣ་ནི་ལྷོ་འུར་མོའོ། །གྲིབ་མ་ནི་གང་ན་གཟུགས་སྣང་བའོ། །ཉི་མའི་འོད་ནི་ཉི་ཟེར་རོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་སྨན་དང་ནོར་བུའི་འོད་དོ། །མུན་པ་ནི་གང་ན་གཟུགས་མི་སྣང་བའོ། །བླ་གབ་མེད་པ་


DTG137_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐོགས་པ་དང་བཅས་པ་གཟུགས་ཀྱི་བར་གང་ཅིའང་ཐོགས་པ་མེད་པའོ། །ནམ་མཁའ་ནི་གང་སྟོང་པའི་གོང་ན་གང་ཁ་དོག་སྔོན་པོར་སྣང་བའོ། །ལྷག་མ་སླ་བ་རྣམས་ནི་དངོས་སུ་བརྡ་ཕྲད་པར་སླ་བས་མ་བཤད་དོ། །དབྱིབས་ནི་བརྒྱད་དེ། རིང་བ་དང༌། ཐུང་བ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། སྒང་དང༌། གཤོང་དང༌། མཉམ་པ་དང༌། མི་མཉམ་པའོ། །དེ་ལ་རིང་བ་དང༌། ཐུང་བ་གཉིས་ནི་ལྟོས་པ་ལས་གདགས་ཏེ། དཔེར་ན། ཕ་ལ་ལྟོས་ནས་བུ་ཞེས་གདགས། བུ་ལ་ལྟོས་ཏེ་ཕ་ཞེས་གདགས་པ་བཞིན་དུ་རིང་པོ་ལ་ལྟོས་ཏེ་ཐུང་ངུ་ཞེས་གདགས། ཐུང་ངུ་ལ་ལྟོས་ཏེ་རིང་པོ་ཞེས་གདགས་སོ། །ལྷམ་པ་ནི་ཀུན་ཏུ་དཀྱིལ་འཁོར་རམ་གྲུ་བཞི་པའོ། །ཟླུམ་པོ་ནི་རིལ་རིལ་པོའོ། །སྒང་ནི་རི་ལ་སོགས་པ་མཐོ་བའོ། །གཤོང་ནི་ཁྲོན་པ་ལ་སོགས་པ་དམའ་བའོ། །མཉམ་པ་ནི་ངོས་ཐག་ཐུག་མེད་པ་ལ་ཕྱ་ལེ་འདུག་པའོ། །མི་མཉམ་པ་ནི་དབྱིབས་མི་མཉམ་པ་སྟེ་ཐག་ཐུག་ཅན་ནོ། །རྣམ་པར་རིག་བྱེད་ནི་ཚེ་རབས་སྔ་མ་ལ་དགེ་བའི་ཆོས་ལ་གོམས་པས་ཐལ་མོ་སྦྱོར་བ་དང༌། ཕྱག་འཚལ་བ་ལ་སོགས་པའི་ལུས་ཀྱི་ལས་དང༌། ཚེ་རབས་སྔ་མ་ལ་མི་དགེ་བ་ལ་གོམས་པས་ཁུ་ཚུར་བཅངས་པ་དང༌། རྡེག་པ་ལ་སོགས་པས་ལུས་ཀྱི་ལས་ལ་རྣམ་པར་རིག་བྱེད་ཅེས་བྱའོ། །ཅིའི་ཕྱིར་དེ་ལ་རྣམ་པར་རིག་བྱེད་ཅེས་གདགས་ཤེ་ན། ཐལ་མོ་སྦྱོར་བ་ལ་སོགས་པ་ལུས་ཀྱི་ལས་ཀྱི་སྒོ་ནས་དེའི་སེམས་དང་བ་ཞིག་སྐྱེས་སོ་ཞེས་གཞན་གྱིས་རིག་པར་འགྱུར་བ་དང༌། ཁུ་ཚུར་བཅངས་པ་ལ་སོགས་པ་ལུས་ཀྱི་ལས་ཀྱི་སྒོ་ནས། དེའི་སེམས་ཞེ་སྡང་བ་ཞིག་སྐྱེས་སོ་ཞེས་གཞན་གྱིས་རིག་པས་ན་རྣམ་པར་རིག་པ་ཞེས་བྱའོ། །སྒྲའི་མཚན་ཉིད་བསྟན་པའི་ཕྱིར་རོ། །སྒྲ་གང་ཞེ་ན་ཞེས་དྲིས་ཏེ། སྒྲའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་རྣ་བའི་ཡུལ་ཏེ་ཞེས་བྱ་བ་སྨོས་ཏེ། སྒྲ་ནི་རྣ་བའི་དབང་པོ་དང༌། རྣ་བའི་རྣམ་པར་ཤེས་པས་ཤེས་པའི་ཡུལ་ཡིན་གྱི་མིག་ལ་སོགས་པ་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་སྟོན་ཏོ། །སྒྲ་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་བསྟན་པའི་ཕྱིར། ཟིན་པ་དང་མ་ཟིན་པ་དང་གཉི་ག་སྟེ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་


DTG137_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། སྒྲ་ལ་ཕྱེ་ན་རྣམ་པ་གསུམ་སྟེ། ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་དང༌། གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་བཟུང་བ་སྟེ། གང་ལུས་སུ་གཏོགས་པ་སེམས་ཅན་རྣམས་ཀྱི་ལག་པ་དང་ངག་གི་སྒྲ་ནི་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །མ་ཟིན་པ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་མ་བཟུང་བ་སྟེ། གང་རླུང་དང་ནགས་ཚལ་དང་ཆུའི་སྒྲ་ནི་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །གཉི་ག་ནི་གང་ཟིན་པའི་འབྱུང་བ་ཆེན་པོ་བཞི་ཡང་ཡོད་ལ་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ཡང་ཡོད་པ་ལས་བྱུང་བ་སྟེ། དེ་ཡང་ལག་པ་དང༌། རྔ་ལ་སོགས་པ་ཕྲད་པ་ལས་བྱུང་བའི་སྒྲ་ནི་གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །དྲིའི་མཚན་ཉིད་བསྟན་པའི་ཕྱིར། དྲི་གང་ཞེ་ན་ཞེས་དྲིས་ཏེ། དྲིའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་སྣའི་ཡུལ་ཏེ་ཞེས་བྱ་བ་སྨོས་ཏེ། དྲི་ནི་སྣའི་དབང་པོ་དང༌། སྣའི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་སྟོན་ཏོ།། དྲི་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། དྲི་ཞིམ་པ་དང༌། དྲི་མི་ཞིམ་པ་དང༌། དེ་ལས་གཞན་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཕྱེ་ན་རྣམ་པ་གསུམ་དུ་གཞག་གོ །དེ་ལ་དྲི་ཞིམ་པ་ནི་དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་བྱེད་པ་སྟེ། གླ་རྩི་དང་ཙནྡན་དང་གུར་གུམ་ལ་སོགས་པའི་དྲིའོ། །དྲི་མི་ཞིམ་པ་ནི་དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་གནོད་པར་བྱེད་པ་སྟེ། ངན་སྐྱུགས་ལ་སོགས་པའི་དྲིའོ། །དེ་ལས་གཞན་པ་ནི་དབང་པོ་ལྔ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་པ་སྟེ། དྲི་ཞིམ་པ་ཡང་མ་ཡིན་དྲི་མི་ཞིམ་པ་ཡང་མ་ཡིན་པའོ། །དེ་ཡང་དུང་ཕོར་དང་ཉ་ཕྱིས་ལ་སོགས་པའི་དྲིའོ། །དྲི་ཞིམ་པ་ལ་ཡང་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང་སྦྱར་བ་དང་སྨིན་པའོ། །དེ་ལ་ཙནྡན་དང༌། གུར་གུམ་ལ་སོགས་པའི་དྲི་ནི་ལྷན་ཅིག་སྐྱེས་པའོ། །བདུག་པའི་རིལ་བུ་ལ་སོགས་པ་


DTG137_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སྦྱར་པའོ། །ཨ་མྲའི་འབྲས་བུ་སྨིན་པ་ལ་སོགས་པའི་དྲི་ནི་སྨིན་པའོ། །དྲི་མི་ཞིམ་པ་ལ་ཡང་ལྷན་ཅིག་ཏེ། རོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་རོ། །རོའི་མཚན་ཉིད་བསྟན་པའི་ཕྱིར་རོ་གང་ཞེ་ན་ཞེས་དྲིས་ཏེ། རོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ལྕེའི་དབང་པོ་སྟེ་ཞེས་བྱ་བ་སྨོས་ཏེ། རོ་ནི་ལྕེའི་དབང་པོ་དང༌། ལྕེའི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི། དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་ཏོ། །རོལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བའོ་ཞེས་སྨོས་ཏེ། རོལ་ཕྱེ་བ་རྣམ་པ་དྲུག་གོ །དེ་ལ་མངར་བ་ནི། ཀ་ར་དང༌། བུ་རམ་དང༌། སྦྲང་རྩི་ལ་སོགས་པའོ། །སྐྱུར་བ་ནི་ཚ་དང་སྐྱུར་རྩི་ལ་སོགས་པའོ། །ལན་ཚྭ་ནི་བྲོ་བ་སྟེ་ལན་ཚྭ་རྣམ་པ་ལྔའོ། །ཁ་བ་ནི་མཁྲིས་པ་དང། ཏིག་ཏ་ལ་སོགས་པའོ། །ཚ་བ་ནི་པི་པི་ལིང་དང༌། ན་ལེ་ཤམ་དང་སྒ་ལ་སོགས་པའོ། །བསྐ་བ་ནི་ཨ་རུ་ར་དང་བ་རུ་ར་ལ་སོགས་པའོ། །རེག་བྱའི་ཕྱོགས་གཅིག་གི་མཚན་ཉིད་བསྟན་པའི་ཕྱིར། རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་དྲིས་པའི་ཚིག་སྟེ། རེག་བྱའི་ཕྱོགས་གཅིག་གི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་སྨོས་ཏེ། རེག་བྱ་རྣམས་ནི་ལུས་ཀྱི་དབང་པོ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་ཏོ། །རེག་བྱ་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། འབྱུང་བ་ཆེན་པོ་བཞི་པོ་གཞག་སྟེ། འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། གྲང་བ་དང༌། བྲུ་བ་དང༌། སྐོམ་པའོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་ཡུལ་རེག་བྱ་ལ་ཕྱེ་ན་འབྱུང་བ་ཆེན་པོ་བཞིའི་སྟེང་དུ་འཇམ་པ་ནས་སྐོམ་པའི་བར་དུ་རྒྱུར་བྱས་པའི་གཟུགས་བདུན་གྱིས་བསྣན་ཏེ་བཅུ་གཅིག་ཡོད་དོ། །སྨྲས་པ། འབྱུང་བ་ཆེན་པོ་བཞི་གཞག་སྟེ། ཞེས་བྱ་བའི་ཚིག་སྟེ་ཅིར་དགོས། ལན་དུ་དེ་ལ་དགོས་པ་རྣམ་པ་གཉིས་ཡོད་དེ། འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་གོང་དུ་བཤད་ཟིན་པས་ད་འདིར་བཤད་མི་


DTG137_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་གཞག་པ་དང༌། འདིར་རྒྱུར་བྱས་པའི་གཟུགས་བཤད་པའི་སྐབས་ཡིན་གྱི་འབྱུང་བ་ཆེན་པོ་བཤད་པའི་སྐབས་མ་ཡིན་པས་གཞག་གོ །སྨྲས་པ། འབྱུང་བ་ཆེན་པོ་བཞི་གོང་དུ་བཤད་ཟིན་པས་ད་བཤད་མི་དགོས་ན་ཡང་མ་སྨོས་པས་མི་ཆོག་གམ། ལན་དུ་ཡང་མི་སྨོས་སུ་ནི་འབྱུང་བ་ཆེན་པོ་བཞི་ཡང་ལུས་ཀྱི་ཡུལ་རེག་བྱའི་ནང་དུ་གཏོགས་པར་བསྟན་དགོས་པས་མི་སྨོས་སུ་མི་རུང་ངོ༌། །དེ་ལྟར་ན་རེག་བྱ་རྣམ་པ་གཉིས་ཏེ་འབྱུང་བ་ཆེན་པོ་བཞི་དང༌། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་སྐྱེས་པ་རྩུབ་པ་ལ་སོགས་པ་བདུན་ནོ། །དེ་ལ་འཇམ་པ་ནི་མཉེན་པ་མི་རྩུབ་པ་རེག་པར་བཟོད་པའོ། །རྩུབ་པ་ནི་མི་མཉེན་པ་རེག་པར་མི་བཟོད་པའོ། །ལྕི་བ་ནི་གང་གི་དབང་གིས་སྲང་གི་མགོ་མཐུར་དུ་དམའ་བར་འགྱུར་བའོ། །ཡང་བ་ནི་བོང་ཆེར་ཟིན་ཀྱང་བོང་ཆུང་དུ་ལྕི་བ་ལ་ལྗིད་ཀྱིས་མི་ཐུབ་སྟེ། སྲང་གི་མགོ་མཐོ་ལ་མཇུག་དམའ་བར་འགྱུར་བའོ། །གྲང་བ་ནི་གང་གིས་ཉེན་ན་དྲོ་བར་འདོད་པའོ། །བྲུ་བ་ནི་གང་ཟ་བར་འདོད་པ་སྐྱེ་བའོ། །སྐོམ་པ་ནི་གང་འཐུང་འདོད་པ་སྐྱེ་བའོ། །བརྒལ་བ། ཟ་འདོད་པ་དང་འཐུང་འདོད་པ་ནི། སེམས་ལས་བྱུང་བའི་ཆོས་ཡིན་ན། དེ་ཇི་ལྟར་ལུས་ཀྱི་དབང་པོའི་ཡུལ་རེག་བྱའི་ཕྱོགས་གཅིག་འབྱུང་བ་ཆེན་པོ་བཞི་ལས་སྐྱེས་པའི་ཆོས་སུ་གཞག །ལན་དུ་འདི་ནི་རྒྱུ་ལ་འབྲས་བུ་བཏགས་པ་སྟེ། དཔེར་ན། སངས་རྒྱས་འབྱུང་བ་བདེ་བ་དང༌། །ཆོས་བསྟན་པ་ཡང་བདེ་བའོ། །ཞེས་གསུངས་པ་བཞིན་ནོ། །ཚིགས་བཅད་འདི་ཡང་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་འབྱུང་ཞིང་སྐྱེ་བ་ནི་སྐྱེ་བ་ཐམས་ཅད་དུ་སྡུག་བསྔལ་བར་བཤད་པས་བདེ་བ་མ་ཡིན་མེད་ཀྱི། སངས་རྒྱས་འཇིག་རྟེན་དུ་བྱུང་བས་དམ་པའི་ཆོས་བསྟན་པའི་རྒྱུ་ལས་སེམས་ཅན་རྣམས་བདེ་འགྲོ་དང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་འགྱུར་བས་ལྷ་དང་མིའི་བདེ་འགྲོ་དང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པ་དེ་རྒྱུ་སངས་རྒྱས་འབྱུང་བ་ལ་བཏགས་ནས། སངས་རྒྱས་འབྱུང་བ་བདེ་བ་དང༌། །ཞེས་གསུངས་སོ། །ཆོས་བཤད་པ་ཡང༌། འབད་པ་ཆེན་པོས་བྱ་དགོས་པས་བདེ་བ་མ་ཡིན་མོད་ཀྱི། རྒྱུ་དེ་ལས་བདེ་འགྲོ་དང་མྱ་ངན་ལས་འདས་པའི་འབྲས་བུ་བདེ་བ་འཐོབ་པའི་བདེ་བ་འབྱུང་སྟེ། འབྲས་བུ་དེ་རྒྱུ་


DTG137_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྟན་པ་ལ་བཏགས་ནས། ཆོས་བསྟན་པ་ཡང་བདེ་བའོ། །ཞེས་གསུངས་སོ། །དེ་དང་འདྲ་པར་རླུང་གི་ཁམས་ཀྱི་ཤས་ཆེ་བར་གྱུར་ན་ལྟོའི་ནང་དུ་ཕོ་བ་ཁ་འབྱར་བའི་རེག་བྱའི་ཁྱད་པར་ཞིག་འབྱུང་སྟེ། དེས་རྒྱུ་བྱས་ནས་ཟ་འདོད་པ་སྐྱེའོ། །ཕོ་བ་ཁ་འབྱར་བ་ནི་ཟ་འདོད་པའི་རྒྱུ་ཡིན་ལ་ཟ་འདོད་པ་ནི་དེའི་འབྲས་བུ་ཡིན་ཏེ། ཟ་འདོད་པའི་འབྲས་བུའི་མིང་དེ་རྒྱུ་ལ་བཏགས་ནས། ཕོ་བ་ཁ་འབྱར་བ་ལ་ཟ་འདོད་པ་ཞེས་བཤད་དོ། །དེ་བཞིན་དུ་མེའི་ཁམས་ཀྱི་ཤས་ཆེ་བར་གྱུར་ན། ལྟོའི་ནང་དུ་ལྒང་པ་ཁ་འབྱར་བའི་རེག་བྱའི་ཁྱད་པར་སྐྱེ་སྟེ། དེའི་རྒྱུ་ལ་འཐུང་འདོད་པ་སྐྱེའོ། །དེ་ལ་ལྒང་པ་ཁ་འབྱར་བ་ནི་དེའི་རྒྱུའོ། །འཐུང་འདོད་པ་ནི་འབྲས་བུ་སྟེ། འབྲས་བུ་འཐུང་འདོད་པའི་མིང་ལྒང་པ་ཁ་འབྱར་བ་ལ་བཏགས་ནས་འཐུང་འདོད་པའོ་ཞེས་བཤད་དེ། རྒྱུ་ལ་འབྲས་བུ་བཏགས་པས་ན་ཉེས་པ་མེད་དོ། །དེ་ལ་ཆུ་དང་མེའི་ཤས་ཆེ་བ་ནི་འཇམ་པའོ། །ས་དང་རླུང་གི་ཤས་ཆེ་པ་ནི་རྩུབ་པའོ། །ས་དང་ཆུའི་ཤས་ཆེ་པ་ནི་ལྕི་བའོ། །མེ་དང་རླུང་གི་ཤས་ཆེ་པ་ནི་ཡང་པའོ། །ཆུ་དང་རླུང་གི་ཤས་ཆེ་བ་ནི་གྲང་པའོ། །རླུང་གི་ཤས་ཆེ་བ་ནི་བྲུ་པའོ། །མེའི་ཤས་ཆེ་བ་ནི་སྒོམ་པའོ། །ཡུལ་ལྔ་བཤད་ཟིན་ཏོ། །རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་བསྟན་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེན་ཞེས་དྲིས་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་གང་ཞེན་ཞེས་དྲིས་པའི་དོན་ཏོ། །རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུ་གང་ཡིན་པ་དང་རང་བཞིན་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། རྣམ་པར་རིག་བྱེད་པ་དང། ཏིང་ངེ་འཛིན་ལས་སྐྱེས་པའི་གཟུགས་ཏེ། བལྟར་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་རིག་བྱེད་པ་དང༌། ཏིང་ངེ་འཛིན་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུའོ། །དེའི་རང་བཞིན་ནི་བལྟར་མེད་པ་ཐོགས་པ་མེད་པའོ། །དེ་ལ་རྣམ་པར་རིག་བྱེད་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་རྣམ་བར་རིག་བྱེད་དང༌། ངག་གི་རྣམ་པར་རིག་བྱེད་དོ། །ལུས་ཀྱི་རྣམ་པར་རིག་བྱེད་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའོ། །དེ་ལ་སྲོག་མི་གཅོད་པ་དང༌། མ་བྱིན་པར་མི་ལེན་པ་དང༌། མི་ཚངས་བར་མི་སྤྱོད་པ་ནི་ལུས་ཀྱི་


DTG137_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱེད་དགེ་བའོ། །སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་མི་དགེ་བའོ། །རི་མོ་འདྲི་བ་དང་བཙེམ་འདྲུབ་བྱེད་པ་ལ་སོགས་པ་བཟོའི་ལས་རྣམས་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལུང་དུ་མི་སྟོན་པའོ། །ངག་གི་རྣམ་པར་རིག་བྱེད་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའོ། །དེ་ལ་བརྫུན་དང༌། ཕྲ་མ་དང༌། ངག་འཁྱལ་པ་དང༌། ཚིག་རྩུབ་པོ་སྤངས་པ་ནི་ངག་གི་རྣམ་པར་རིག་བྱེད་དགེ་བའོ། །བརྫུན་དང༌། ཕྲ་མ་དང༌། ཚིག་རྩུབ་མོ་དང༌། ངག་འཁྱལ་པ་སྨྲ་བ་དག་ནི་ངག་གི་རྣམ་པར་རིག་བྱེད་མི་དགེ་བའོ། །འཇིག་རྟེན་གྱི་ཐ་སྙད་ཕར་སོང་ཚུར་ཤོག་ཅེས་བྱ་བ་ལ་སོགས་པ་སྨྲ་བ་ནི་ངག་གི་རྣམ་པར་རིག་བྱེད་ལུང་དུ་མི་སྟོན་པའོ། །ཏིང་ངེ་འཛིན་ལ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལས་འོག་མ་ལ་སྐྱོན་དུ་ལྟ་ཞིང་ས་གོང་མ་ལ་ཡོན་ཏན་དུ་ལྟ་བའི་འཇིག་རྟེན་པའི་བསམ་གཏན་མི་ལྕོགས་སུ་མི་རུང་བ་དང༌། བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། དྲུག་ནི་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་ལ་སྙོམས་པར་ཞུགས་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ཏོ། །རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྣམ་པ་གསུམ་སྟེ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌། གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌། ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་རྣམ་པ་བཞི་སྟེ། སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྡོམ་པ་མེད་པ་དང༌། སྡོམ་པ་ཡང་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་ལུས་དང་ངག་གི་སྒོ་ནས་གཞན་ལ་གནོད་པར་བྱེད་པ་ལས་སླར་ལྡོག་པ་སྟེ། དེ་ཡང་དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་སྦྱོང་ཕ་དང༌། དགེ་སྦྱོང་མ་དང༌། དགེ་སློབ་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་དང༌། དུས་ཁྲིམས་


DTG137_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བརྒྱད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་བདག་གི་ལུས་དང་སྲོག་ལ་ཡང་ཕངས་པ་མེད་པར་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་འདོགས་པར་ཞུགས་པའོ། །སྡོམ་པ་མེད་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་རྣམ་པ་ཐམས་ཅད་དུ་གཞན་ལ་གནོད་པ་བྱེད་པར་ཞུགས་པ་སྟེ། དེའང་བྱ་བ་དང༌། ཉ་པ་དང༌། རྔོན་པ་དང༌། ཤན་པ་དང༌། བརྩོན་སྲུང་དང༌། གཤེད་མ་པ་ལ་སོགས་པའོ། །སྡོམ་པ་ཡང་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་ནི་ཕན་པ་དང༌། གནོད་པ་ཕྱོགས་རེ་རེ་ལ་ཞུགས་པ་སྟེ་ཕན་པ་ཕྱོགས་གཅིག་ལ་ཞུགས་པ་ནི་ཡང་ཉིན་རེ་ཞིང་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའོ་ཞེས་དམ་བཅས་པས་འཆའམ་ཟན་ཆང་གཅིག་ཙམ་ཡང་གཞན་ལ་མ་བྱིན་པར་ཟན་མི་བཟའོ་ཞེས་དམ་འཆའ་བའོ། །གནོད་པ་ཕྱོགས་གཅིག་ལ་ཞུགས་པ་ནི་ཉིན་རེ་ཞིང་མི་འགའ་གཞན་ལ་མི་བརྡེག་པར་ཟན་མི་བཟའོ་ཞེས་དམ་བཅས་པ་འཆའ་བའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། ཕན་པ་ཕྱོགས་གཅིག་ལ་ཞུགས་པ་ནི་སྐྱབས་སུ་འགྲོ་བ་དང༌། བརྫུན་ལ་སོགས་པ་ལས་ལྡོག་པ་ངག་གི་རྣམ་པར་རིག་བྱེད་དགེ་བ་དང༌། སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ལུས་ཀྱི་རྣམ་པར་རིག་བྱེད་དགེ་བའི་རྒྱུ་ལས་འབྱུང་ངོ༌། །སྡོམ་པ་མེད་པ་དང༌། གནོད་པ་ཕྱོགས་གཅིག་ལ་ཞུགས་པ་ནི་བརྫུན་ཟེར་བ་ལ་སོགས་པ་ངག་གི་རྣམ་པར་རིག་བྱེད་མི་དགེ་བ་དང༌། སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་མི་དགེ་བའི་རྒྱུ་ལས་འབྱུང་ངོ༌། །གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌། མི་ལྕོགས་སུ་མི་རུང་བ་དང༌། བསམ་གཏན་ཟག་པ་ཅན་ལ་སྙོམས་པར་འཇུག་པའི་ཚེ་སྡོམ་པའི་གཟུགས་སྐྱེ་བ་སྟེ། དེ་ནི་བསམ་གཏན་གྱི་སྡོམ་པ་ཞེས་བྱའོ། །ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སྙོམས་པར་ཞུགས་པ་ལས། གང་སྡོམ་པའི་གཟུགས་སྐྱེ་བ་སྟེ། དེ་ནི་ཟག་པ་མེད་པའི་


DTG137_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཞེས་བྱའོ། །དེ་བས་ན་གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌། ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུགས་ཞེས་བྱ་སྟེ། གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུགས་སོ། །ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུགས་སོ། །སྨྲས་པ། སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྡོམ་པ་མེད་པ་དང༌། སྡོམ་པ་ཡང་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པ་འདི་དག་ལ་ཅིའི་ཕྱིར་རྒྱུར་བྱས་པའི་གཟུགས་ཞེས་བྱ། སྨྲས་པ། དེ་དག་ཀྱང་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས། འབྱུང་ཞིང་འབྱུང་བ་ཆེན་པོ་བཞིའི་མཐུ་མ་ཉམས་ཤིང་དེ་རྣམས་གཏོང་བར་བྱེད་པའི་རྒྱུ་མེད་ཀྱི་བར་དུ་སེམས་འཁྲུགས་པ་དང༌། མ་འཁྲུགས་པ་དང་སེམས་མེད་པ་རྣམས་ཀྱི་དུས་ན་ཡང་ཆུའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་འབྱུང་བས་ན་རྒྱུར་བྱས་པའི་གཟུགས་ཞེས་བྱའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་གཏོང་བའི་རྒྱུ་ནི་རྣམ་པ་བཞི་སྟེ། བསླབ་པ་ཕུལ་བ་དང༌། ཤི་འཕོས་པ་དང༌། མཚན་གཉིས་སྐྱེས་པ་དང༌། ལྟ་བ་ལོག་པ་ལ་ཞུགས་པའོ། །དུས་ཁྲིམས་པའི་སྡོམ་པ་གཏོང་བའི་རྒྱུ་ནི་གོང་མ་བཞིའི་སྟེང་དུ་ཉིན་ཞག་ཟད་པས་བསྣན་ཏེ་ལྔའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་བའི་རྒྱུ་ནི་གཉིས་ཏེ། སྡོམ་པ་ཕུལ་བ་དང༌། ལོག་པའི་ལྟ་བ་ལ་ཞུགས་པའོ། །སྡོམ་པ་མེད་པའི་གཏོང་བའི་རྒྱུ་ནི་བཞི་སྟེ། སྡོམ་པ་བླངས་པ་དང༌། ཆོས་ཉིད་ཀྱི་ལྟ་བ་ཐོབ་པ་བདེན་པ་མཐོང་བ་དང༌། ཤི་འཕོས་པ་དང༌། མཚན་གཉིས་སྐྱེས་པའོ། །སྡོམ་པ་ཡང་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པའི་གཏོང་བའི་རྒྱུ་གཅིག་སྟེ། དམ་བཅས་པ་བཏང་བའོ། །ཏིང་ངེ་འཛིན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པ་གཏོང་བའི་རྒྱུ་གཅིག་སྟེ། ཏིང་ངེ་འཛིན་ལས་ལངས་པའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རང་བཞིན་ནི་བལྟར་མེད་ལ་ཐོགས་པ་མེད་པའོ། །དེ་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་


DTG137_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དག་འདི་ལྟ་བུ་ཞིག་གནས་འདི་ན་འདུག་ཅེས་བདག་གིས་ཀྱང་བལྟར་རུང་ལ། གཞན་ལ་ཡང་བསྟན་དུ་རུང་བལྟར་རྣམ་པར་རིག་བྱེད་མ་ཡིན་པ་དེ་འདི་ལྟ་བུ་ཞིག་གནས་འདི་དག་ན་གནས་སོ་ཞེས་བདག་གིས་ཀྱང་བལྟར་མེད་གཞན་ལ་ཡང་བསྟན་དུ་མེད་པས་ན་བསྟན་དུ་མེད་པ་ཞེས་བྱའོ། །རང་གནས་པའི་ཕྱོགས་སུ་དངོས་པོ་གཞན་སྐྱེ་བ་སྐྱེར་མི་སྟེར་ཞིང་གེགས་བྱེད་པ་ནི་ཐོགས་པ་དང་བཅས་པ་ཞེས་བྱ་ལ། རྣམ་པར་རིག་བྱེད་མ་ཡིན་བ་དེ་ལ་རང་གི་གནས་སུ་གཞན་འབྱུང་བ་ལ་གེགས་བྱེད་མི་སྲིད་པས་ཐོགས་པ་མེད་པ་ཞེས་བྱའོ། །དེ་ལྟར་ན་གཟུགས་ཐམས་ཅད་ནི་རྣམ་པ་གསུམ་དུ་འདུས་ཏེ། བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་དང༌། བལྟར་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་དང་བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་སོ། །དེ་ལ་བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་མིག་གི་དབང་པོའི་ཡུལ་དུ་གཞག་པ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ། །བལྟར་ཡང་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཡུལ་བཞི་སྟེ་དགུའོ། །བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །སྡོམ་པའི་གཟུགས་ཏེ་དེ་དག་ལ་ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་གདགས་ཤེ་ན། སྨྲས་པ། ཇི་ལྟར་རྣམ་པར་རིག་བྱེད་གཟུགས་ཀྱི་རང་བཞིན་ཡིན་ལ། ཐལ་མོ་སྦྱོར་བ་ལ་སོགས་པ་ལུས་ཀྱི་ལས་ཀྱི་སྒོ་ནས། ནང་གི་སེམས་ཀྱི་ངོ་བོ་རིག་པར་རུང་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་བ་དེ་ཡང་གཟུགས་ཀྱི་རང་བཞིན་ཀྱང་ཡིན་མོད་ཀྱི། དེའི་སྒོ་ནས་ནང་གི་སེམས་ཀྱི་ངོ་བོ་རིག་པར་བྱར་མི་རུང་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །འབྱུང་བ་ཆེན་པོ་བཞི་ནས་རྣམ་པར་རིག་བྱེད་མ་ཡིན་པའི་བར་དེ་དག་ལ་ཅིའི་ཕྱིར་གཟུགས་ཞེས་བྱ། སྨྲས་པ། གཞིག་ཅིང་གནོད་པར་བྱེད་རུང་བས་ན་གཟུགས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་གཞིག་ཅིང་གཞོམ་དུ་ཡོད་པའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་གསུངས་སོ། །སྨྲས་པ།


DTG137_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་བལྟར་མེད་ལ་ཐོགས་པ་མེད་པས་གཞིག་ཅིང་གནོད་པ་བྱར་མི་རུང་ན་དེ་ཇི་ལྟར་གཟུགས་སུ་འགྱུར། སྨྲས་པ། རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལ་གཞིག་ཅིང་གནོད་པ་བྱར་མི་རུང་ཡང་ཤིང་བཅད་ན་གྲིབ་མ་མེད་པར་འགྱུར་པ་དང་ནོར་བུ་རིན་པོ་ཆེ་བཅག་ན་འོད་མེད་པར་འགྱུར་བ་བཞིན་དུ་འབྱུང་བ་ཆེན་པོ་བཞི་ཉམས་པར་བྱས་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ཉམས་པར་འགྱུར་བས་གཟུགས་ཞེས་བྱས་པ་ལ་ཉེས་པ་མེད་དོ། །གཟུགས་ཀྱི་ཕུང་པོ་བཤད་པ་རྫོགས་སོ།། །།གཟུགས་ཀྱི་ཕུང་པོ་བཤད་ཟིན་པའི་འོག་ཏུ་ཚོར་བའི་ཕུང་པོ་སྨོས་པས་དེ་བཤད་པའི་སྐབས་སུ་བབ་པའི་ཕྱིར། ཚོར་བ་གང་ཞེ་ན་ཞེས་དྲིས་ཏེ། ཚོར་བའི་ཕུང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །འདིར་ཚོར་བའི་ཕུང་པོ་གང་ཞེ་ན་ཞེས་མ་དྲིས་ཀྱི། ཚོར་བ་གང་ཞེ་ན་ཞེས་ཅིའི་ཕྱིར་འདྲི་ཞེ་ན། ཡང་གཟུགས་ཀྱི་ཕུང་པོའི་སྐབས་སུ་ལན་བཏབ་པ་བཞིན་དུ་བཤད་པར་བྱའོ། །དྲིས་པའི་ལན་དུ། མྱོང་བ་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨོས་ཏེ། ཚོར་བ་ཞེས་བྱ་བ་ནི་མྱོང་བ་ལ་བྱ་སྟེ། ཡུལ་གྱི་རང་བཞིན་སིམ་པ་དང༌། ཡུལ་གྱི་རང་བཞིན་གདུང་བ་དང༌། ཡུལ་གྱི་རང་བཞིན་སིམ་པ་ཡང་མ་ཡིན། གདུང་བ་ཡང་མ་ཡིན་པའི་ངོ་བོ་རྣམ་པ་གསུམ་མྱོང་ཞིང་མངོན་སུམ་དུ་བྱེད་པས་ན་ཚོར་བ་ཞེས་བྱའོ། །ཡང་ན་ལས་དགེ་བ་དང་ལས་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འབྲས་བུ་བདེ་བ་དང༌། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་གསུམ་མྱོང་བར་བྱེད་པས་ན་ཚོར་བ་ཞེས་བྱའོ། །ཚོར་བ་ལ་ཡང་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། བདེ་བ་དང༌། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པའོ་ཞེས་བྱ་བ་སྨོས་ཏེ། ཚོར་བ་ལ་ཕྱེ་ན་རྣམ་པ་གསུམ་སྟེ། བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང༌། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །སྨྲས་པ། བདེ་བའི་ཚོར་བ་དང་སྡུག་བསྔལ་གྱི་ཚོར་བ་གཉིས་ནི་སོ་སོར་རང་གི་རིག་པར་འབྱུང་བ་ཡོད་པར་མངོན་ནོ། །དེ་གཉིས་ལས་མ་གཏོགས་པར་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོད་པར་ཅི་མངོན། ལན་དུ། དེ་ནི་བཅོམ་ལྡན་


DTG137_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ལུང་ལས་ཀྱང་འབྱུང་ལ། རིགས་པས་བརྟགས་ན་ཡང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོད་པར་མངོན་ནོ། །ལུང་ལས་འབྱུང་བ་ནི་མོད་སྡེ་ལས་ཚོར་བ་རྣམ་པ་གསུམ་སྟེ། བདེ་བའི་ཚོར་བ་དང་སྡུག་བསྔལ་གྱི་ཚོར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ་ཞེས་འབྱུང་ངོ༌། །ཡང་མདོ་སྡེ་གཞན་དག་ལས་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ནས་དང་པོ་ཉིད་དུ་ཡིད་བདེ་བ་དང་ཡིད་མི་བདེ་བ་གཉིས་འགག་པར་འགྱུར་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སོ་སོར་མྱོང་བ་བསམ་གཏན་བཞི་བ་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ། །རིགས་པས་བརྟགས་ན་ཡང་ནམ་ཡང་ཚོར་བ་དང་བྲལ་བའི་སེམས་འབྱུང་མི་སྲིད་ལ་བར་སྐབས་སུ་བདེ་བའི་ཚོར་བ་ཡང་མི་འབྱུང་སྡུག་བསྔལ་གྱི་ཚོར་བ་ཡང་མི་འབྱུང་བའི་སེམས་དམིགས་པས་ན། དེའི་སྐབས་སུ་ནི་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་རིག་པར་བྱའོ། །བདེ་བའི་ཚོར་བའི་མཚན་ཉིད་བསྟན་པའི་ཕྱིར། བདེ་བ་ནི་གང་འགག་པ་ལས་གང་ཕྲད་པར་འདོད་པའོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་ཞིག་དང་ཕྲད་པ་ལས་བྲལ་བར་འགྱུར་བ་དང༌། ཡང་དེ་དང་སླར་ཕྲད་པར་འདོད་པ་ནི་བདེ་བའི་ཚོར་བ་ཞེས་བྱའོ། །འགག་ཅེས་བྱ་བ་ནི་བྲལ་བ་ལ་བྱའོ། །སྡུག་བསྔལ་གྱི་ཚོར་བའི་མཚན་ཉིད་བསྟན་པའི་ཕྱིར། སྡུག་བསྔལ་ནི་བྱུང་བ་ལས་གང་བྲལ་བར་འདོད་པའོ་ཞེས་བྱ་བ་སྨོས་ཏེ། བྱུང་བ་ལས་ཞེས་བྱ་བ་འདི་དངོས་པོ་གང་དང་ཕྲད་པར་གྱུར་བ་ལས་དེ་དང་ཕྱིས་བྲལ་བར་འདོད་ཅིང་མི་ཕྲད་པར་འདོད་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་ཚོར་བའི་མཚན་ཉིད་བསྟན་པའི་ཕྱིར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་གཉི་གར་འདོད་བར་མི་འགྱུར་པའོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་དང་ཕྲད་ཀྱང་བྲལ་བར་འདོད་པ་ཡང་མི་སྐྱེ་དངོས་པོ་གང་དང་བྲལ་ཡང་སླར་ཕྲད་པར་འདོད་པ་ཡང་མི་སྐྱེ་བ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ། །ཡང་ན་དངོས་པོ་གང་དང་


DTG137_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པའི་ཚེ་ནི་འབྲལ་བར་མི་འདོད་ལ་བྲལ་བའི་ཚེ་ནི་སླར་ཕྲད་པར་འདོད་པ་སྐྱེ་བ་དེ་ནི་བདེ་བའི་ཚོར་བའོ། །དངོས་པོ་གན་དང་ཕྲད་པའི་ཚེ་ནི། བྲལ་བར་འདོད་ལ་བྲལ་བའི་ཚེ་ནི་སླར་ཕྲད་པར་མི་འདོད་པ་དེ་ནི་སྡུག་བསྔལ་གྱི་ཚོར་བའོ། །བཏང་སྙོམས་ཀྱི་ཚོར་བ་ནི་སྔར་བཤད་པ་བཞིན་ནོ། །ཡང་ན་བདེ་བའི་ཚོར་བ་ནི་ལུས་བརྟས་པ་དང་སེམས་བརྟན་པར་བྱེད་པ་དང་ཡིད་དང་མཐུན་པར་བྱེད་པས་ཉམས་སུ་ལེན་པའི་ཕྱིར་དེ་འགགས་ན་ཡང་སླར་དེ་དང་ཕྲད་པར་འདོད་པ་སྐྱེའོ། །སྡུག་བསྔལ་གྱི་ཚོར་བ་ནི་ལུས་ཉམས་པར་བྱེད་པ་དང་སེམས་ཉམས་པར་བྱེད་པ་དང༌། ཡིད་དུ་མི་འོང་བས་ཉམས་སུ་གནོད་པར་བྱེད་པའི་ཕྱིར་དེ་དང་ཕྲད་ན་ཡང་སླར་འབྲལ་བའི་འདོད་པ་སྐྱེའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་སྡུག་བསྔལ་གྱི་ཚོར་བ་བཞིན་དུ་ལུས་དང་སེམས་ལ་གནོད་པར་བྱེད་ཅིང་ཡིད་དུ་མི་འོང་བར་བྱེད་པ་ཡང་མེད། བདེ་བའི་ཚོར་བ་བཞིན་དུ་ལུས་ལ་ཕན་པར་བྱེད་ཅིང་ཡིད་དུ་འོང་བར་བྱེད་པ་ཡང་མེད་པས་དེ་དང་ཕྲད་ན་ཡང་འབྲལ་བར་འདོད་པ་ནི་མི་སྐྱེ་ལ། བྲལ་ན་ཡང་ཕྲད་པར་འདོད་པ་མི་སྐྱེ་བའོ། །ཚོར་བའི་ཕུང་པོ་བཤད་པ་རྫོགས་སོ།། །།ཚོར་བའི་ཕུང་པོའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་སྨོས་པ་དེ་བཤད་པའི་སྐབས་སུ་བབ་པའི་ཕྱིར། འདུ་ཤེས་གང་ཞེ་ན་ཞེས་དྲིས་ཏེ། འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་མཚན་ཉིད་བསྟན་པའི་ཕྱིར། ཡུལ་ལ་མཚན་མར་འཛི་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཡུལ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པའི་ཡུལ་ལྔའོ། །ཡུལ་དེའི་མཚན་ཉིད་ཡུལ་གྱི་ཁྱད་པར་ལ་བྱ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པའོ། །འཛིན་པ་ནི་འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་མ་ཡིན་ཞེས་བྱེ་བྲག་ཏུ་རྟོག་པའོ། །སྨྲས་པ། དེ་ལར་ན་མིག་གི་རྣམ་པར་ཤེས་པ་དང་འདུ་ཤེས་གཉིས་ལ་ཁད་པར་ཅི་ཡོད། སྨྲས་པ། སྤྱིར་གཟུགས་ཙམ་མོ་ཞེས་ཤེས་པ་ནི་རྣམ་པར་ཤེས་པའོ། །གཟུགས་ཀྱང་འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་འབྱེད་པ་ནི་འདུ་ཤེས་ཏེ་དེ་བས་ན་ཁྱད་པར་ཡོད་དོ། །འདུ་ཤེས་ཀྱི་ཕུང་པོ་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། དེ་ནི་རྣམ་པ་གསུམ་སྟེ།


DTG137_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བ་དང་ཆེན་པོར་གྱུར་པ་དང་ཚད་མེད་པའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་ལ་ཕྱེ་ན་རྣམ་པ་གསུམ་མོ། །དེ་ལ་འདོད་པའི་ཁམས་ཀྱི་འདུ་ཤེས་ནི་ཕྲ་བ་ཞེས་བྱ་སྟེ། གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ཙམ་ལ་དམིགས་ཤིང་ཁམས་གཞན་ལ་ལྟོས་ན་ངན་པར་གྱུར་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི་ཆེན་པོར་གྱུར་པ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་འདུ་ཤེས་པས་མཆོག་ཏུ་གྱུར་པ་དང༌། ཏིང་ངེ་འཛིན་གྱི་ཡུལ་ལ་དམིགས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི་ཚད་མེད་པ་ཞེས་བྱ་སྟེ། ནམ་མཁའ་ནི་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ཚད་མེད་པར་དམིགས་པའི་ཕྱིར་རོ། །ཡང་ན་སློབ་དཔོན་ཁ་ཅིག་ན་རེ་ཡུངས་ཀར་ལ་སོགས་པ་ལ་དམིགས་བའི་འདུ་ཤེས་ནི་ཕྲ་བ་ཞེས་བྱའོ། །རི་རབ་ལ་སོགས་པ་ལ་དམིགས་པའི་འདུ་ཤེས་ནི་ཆེན་པོར་གྱུར་པ་ཞེས་བྱའོ། །ནམ་མཁའ་ལ་སོགས་པ་ལ་དམིགས་པའི་འདུ་ཤེས་ནི་ཚད་མེད་པ་ཞེས་འཆད་དོ། །འདུ་ཤེས་ཀྱི་ཕུང་པོ་བཤད་པ་རྫོགས་སོ།། །།འདུ་ཤེས་ཀྱི་ཕུང་པོའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་སྨོས་པས། དེ་བཤད་པའི་སྐབས་སུ་བབ་བའི་ཕྱིར། འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་ཏེ། འདུ་བྱེད་ཀྱི་ཕུང་པོ་རྣམས་ཀྱི་མཚན་ཡིད་དང་རང་བཞིན་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་རྒྱུ་དང་རྐྱེན་རྣམས་འདུས་ཤིག་ཚོགས་ནས་བྱས་ཤིག་བསྐྱེད་པའི་ཕྱིར་འདུ་བྱེད་ཅེས་བྱའོ། །སྨྲས་པ། གོང་དུ་གཟུགས་དང་ཚོར་བ་ལ་སོགས་པའི་སྐབས་སུ་ནི་གཟུགས་གང་ཞེ་ན། ཚོར་བ་གང་ཞེ་ན་ཞེས་དྲིས་ཀྱི་གཟུགས་རྣམས་གང་ཞེ་ན། ཚོར་བ་རྣམས་གང་ཞེ་ན་ཞེས་མ་དྲིས་ལ། འདིར་འདུ་བྱེད་ཀྱི་ཕུང་པོ་བཤད་པའི་སྐབས་སུ་འདུ་བྱེད་གང་ཞེ་ན་ཞེས་མི་འདྲི་བར་ཅིའི་ཕྱིར་འདུ་བྱེད་རྣམས་གང་ཞེ་ན་ཞེས་འདྲི། སྨྲས་པ། གཟུགས་དང་ཚོར་བའི་ཕུང་པོ་བཤད་པའི་སྐབས་པས་འདུ་བྱེད་ཀྱི་ཕུང་པོ་བཤད་པའི་སྐབས་སུ་ཆོས་མང་དུ་བསྟན་ཅིང་འཆད་པས་ན་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་སོ། །ལན་དུ་ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང་སེམས་དང་མི་ལྡན་པ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། གཞན་


DTG137_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་བཞག་སྟེ་ཞེས་བྱ་བའི་དོན་ཏམ་བཀོལ་ལམ་ཞེས་བྱ་བའི་དོན་ཏེ། མདོར་ན་ཚོར་བ་དང་འདུ་ཤེས་གཉིས་གཞག་གམ་བཀོལ་ཏེ་སེམས་ལས་འབྱུང་བའི་ཆོས་ཇི་སྙེད་ཡོད་པ་དང་སེམས་དང་མི་ལྡན་པའི་ཆོས་ཇི་སྙེད་ཡོད་པ་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་པའི་དོ་ཏོ། །སྨྲས་པ། ཚོར་བ་དང་འདུ་ཤེས་ལས་གཞན་པ་ཞེས་བྱ་བ་དེའི་ཚིག་སྨོས་པ་དེ་ཅིར་དགོས། ལན་དུ་དེ་གཉིས་ཀྱི་མཚན་ཉིད་གོང་དུ་བཤད་ཟིན་ཏོ། །ད་འདིར་བཤད་མི་དགོས་པས་ན་གཞན་པ་ཞེས་བྱ་བའི་ཚིག་སྨོས་ཏེ། དེ་གཉིས་འདིར་མི་བཤད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་དེ་གཉིས་ཀྱི་མཚན་ཉིད་ལྟར་གུ་བཤད་ཟིན་ཏོ། །འདིར་བཤད་མི་དོགས་ན་ཡོད་ཡེ་མ་སྨོས་པས་མི་ཆོག་གམ། ལན་དུ་དེ་གཉིས་ཀྱང་སེམས་ལས་བྱུང་བའི་ཆོས་སུ་གཏོགས་ཏེ། འདུ་བྱེད་ཀྱི་ཆོས་སུ་གཏོགས་པའི་སེམས་ལས་བྱུང་བའི་ཆོས་ཡིན་ནོ་ཞེས་བསྟན་དགོས་པའི་ཕྱིར་འདིར་མིང་སྨོས་སུ་མི་རུང་ངོ༌། །སྨྲས་པ། སེམས་ལས་བྱུང་བ་ལ་ང་བཅུ་རྩ་གཅིག་ཡོད་པ་ལས་གཞན་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་ཕུང་པོ་གཅིག་ཏུ་བསྡུས་ལ་ཚོར་བ་དང་འདུ་ཤེས་གཉིས་ཅིའི་ཕྱིར་ལོགས་ཤིག་ཏུ་བཀར་ཏེ། ཕུང་པོ་རེ་རེར་ཅིའི་ཕྱིར་བཤད། སྨྲས་པ། ཚོར་བ་ནི་མྱོང་བར་བྱེད་པའི་རང་བཞིན་ཏེ། དེ་ལ་དགེ་བ་དང༌། མི་དགེ་བའི་རྣམ་པར་སྨིན་པ། བདེ་བ་དང༌། སྡུག་བསྔལ་མྱོང་བར་བྱེད་པས་ན་བཀར་ཏེ་ལོགས་ཤིག་ཏུ་ཕུང་པོར་བཤད་པ་དང༌། འདུ་ཤེས་ནི་ཐ་སྙད་དུ་འདོགས་པའི་དངོས་པོ་སྟེ། འདུ་ཤེས་ཀྱི་མཐོང་བ་དང་ཐོས་པ་དང་རྟོགས་པ་ལ་སོགས་པའི་དོན་རྣམས་ལ་མཚན་མར་བཟུང་ནས་མཐོང་ངོ་ཐོས་སོ་རྟོགས་སོ་ཞེས་འཇིག་རྟེན་པ་རྣམས་ཐ་སྙད་དུ་འདོགས་པས་ན་ལོགས་ཤིག་ཏུ་བཀར་ཏེ་ཕུང་པོ་རེ་རེར་བྱས་ཏེ་བཤད་དོ། །ཡང་མ་ཚོར་བ་དང་འདུ་ཤེས་གཉིས་ནི་རྩོད་པའི་རྩ་བ་བྱེད་པ་དང་འཁོར་བའི་རྒྱུར་གྱུར་པས། སེམས་ལས་བྱུང་བ་གཞན་པས་ཀྱང་ཉོན་མོངས་པའི་རྒྱུ་ལྷག་པར་བྱེད་པས་ན་སེམས་ལས་བྱུང་བའི་ཆོས་ཡིན་དུ་ཟིན་ཀྱང་ལོགས་ཤིག་ཏུ་ཕུང་པོ་རེ་རེ་བྱ་སྟེ་བཤད་དོ། །དེ་ལ་རྩོད་པའི་རྩ་བ་གཉིས་ཏེ། འདོད་པ་ལ་ཆགས་པ་དང་ལྟ་བ་ལ་ཆགས་པའོ། །རྩོད་པ་ཡང་ཕྱོགས་རྣམ་པར་


DTG137_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། ཁྱིམ་ན་གནས་པའི་ཕྱོགས་དང་རབ་ཏུ་བྱུང་པའི་ཕྱོགས་སོ། །དེ་ལ་ཁྱིམ་ན་གནས་པའི་ཕྱོགས་ནི་འདོད་པ་ལ་ཆགས་པའི་རྒྱུས་རྩོད་དོ། །མདོ་ལས་ཀྱང་འདོད་པའི་འདོད་ཆགས་ལ་ཆགས་ཤིང་རྣམ་པར་བཅིངས་པ་དང་རབ་ཏུ་ཞེན་པའི་རྒྱུས་ཁྱིམ་པ་རྣམས་ཀྱང་ཁྱིམ་པ་དང་ལྷན་ཅིག་རྩོད་དོ་ཞེས་གསུངས་ཏེ། དེ་ལྟར་ན་ཁྱིམ་ན་གནས་པ་རྣམས་རྩོད་པའི་རྩ་བ་ནི་ཚོར་བས་བྱེད་དོ། །རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་ལ་ཀུན་ཏུ་ཆགས་པའི་རྒྱུས་རྩོད་དེ། མདོ་ལས་ཀྱང་ལྟ་བ་ལ་ཀུན་ཏུ་ཆགས་ཤིང་རྣམ་པར་བཅིངས་པ་དང༌། ཀུན་ཏུ་ཞེན་པའི་རྒྱུས་རབ་ཏུ་བྱུང་བ་རྣམས་ཀྱང་རབ་ཏུ་བྱུང་བ་དང༌། ལྷན་ཅིག་རྩོད་དོ་ཞེས་གསུངས་ཏེ། རབ་ཏུ་བྱུང་བ་རྣམས་ལྟ་བ་ལས་རྩོད་པའི་རྩ་བ་ཡང་བདག་ཏུ་འཛིན་པ་དང༌། རྟག་པར་འཛིན་པ་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་ཡིན་པས་དེ་གཉིས་ལོགས་ཤིག་ཏུ་ཕུང་པོ་རེ་རེར་གཞག་གོ། འཁོར་བའི་རྒྱུ་ནི་གང་ཟག་རྣམ་པ་གཉིས་ཏེ། སྲེད་པ་ལ་སྤྱོད་པ་དང་ལྟ་བ་ལ་སྤྱོད་པའོ། །སྲེད་པ་ལ་སྤྱོད་པའི་གང་ཟག་རྣམས་ནི་ཚོར་བ་ལ་ཆགས་པའི་རྒྱུས་འཁོར་བར་འཁོར་ལ། ལྟ་བ་ལ་ཆགས་པའི་གང་ཟག་རྣམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ལ་སོགས་པ་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུས་འཁོར་བར་འཁོར་བས་ན། དེ་གཉིས་འཁོར་བའི་རྒྱུ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་ཕུང་པོ་རེ་རེར་བཤད་དོ། །སྨྲས་པ། ཇི་སྟེ་ཚོར་བ་དང་འདུ་ཤེས་གཉིས་ལས་གཞན་པ་རེག་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་རྣམས་དང༌། རྙེད་པ་ལ་སོགས་པ་སེམས་དང་མི་ལྡན་པའི་ཆོས་རྣམས་འདིར་འདུ་བྱེད་ཀྱི་ཕུང་པོར་བཤད་ན་མདོ་དང་འགལ་ཏེ། མདོ་ལས་ཀྱང་འདུ་བྱེད་རྣམས་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། མིག་གི་ཀུན་ཏུ་རེག་པ་ལས་བྱུང་བའི་སེམས་པ་ནས། ཡིད་ཀྱི་ཀུན་ཏུ་རེག་པ་ནས་བྱུང་བའི་སེམས་པའོ་ཞེས་འབྱུང་བ་དང་འགལ་ལོ། །ལན་དུ་མདོ་ལས་སེམས་པ་དྲུག་ལ་འདུ་བྱེད་ཀྱི་ཕུང་པོར་གསུངས་པ་ནི་གཙོ་བོའི་དབང་དུ་བྱས་ཏེ། གསུངས་པས་འགལ་བ་མེད་དོ། །ཇི་ལྟར་གཙོ་བོ་ཞེ་ན། སེམས་པ་ནི་སེམས་མངོན་པར་འདུ་བྱེད་ཅིང་གཡོ་བར་བྱེད་པས་ན་གཙོ་བོ་སྟེ། སེམས་


DTG137_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་དགེ་བ་ལ་ཡང་སེམས་འཇུག་པར་བྱེད། མི་དགེ་བ་ལ་ཡང་སེམས་འཇུག་པར་བྱེད་དེ། ལུང་དུ་མི་སྟོན་པ་ལ་ཡང་སེམས་འཇུག་པར་བྱེད་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ལ་སོགས་པ་ཡང་སེམས་པའི་རྗེས་སུ་འབྲང་ཞིང་འབྱུང་བ་ཡིན་པས་མདོ་ལས་སེམས་པའི་ཚོགས་དྲུག་འབའ་ཞིག་སྨོས་པ་དེར་གཞན་ཡང་ཞར་གྱིས་གསུངས་པ་ཡིན་པར་རིག་པར་བྱའོ། །གཙོ་བོའི་དབང་དུ་བྱས་པ་ནི་དཔེར་ན་རྒྱལ་པོ་གཤགས་ཞེས་སྨྲས་པ་ལྟ་བུ་སྟེ། གཞན་ཞམ་འབྲིང་འོང་ངོ་ཞེས་མ་སྨྲས་ཀྱང་དེ་དག་ཀྱང་དེ་ན་མ་འོངས་པ་མ་ཡིན་པ་ལྟ་བུའོ། །འདུ་བྱེད་ཀྱི་ཕུང་པོར་སེམས་ལས་བྱུང་བའི་ཆོས་དང་སེམས་དང་མི་ལྡན་པའི་ཆོས་རྣམ་པ་གཉིས་བསྡུས་པ་ལས་སེམས་ལས་བྱུང་བའི་ཆོས་ཞེས་བྱ་བ་དངོས་སུ་གང་ལ་བྱ་མི་ཤེས་ཏེ། དེ་བསྟན་པའི་ཕྱིར་སེམས་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན་ཞེས་དྲིས་ནས་ལན་དུ་ཆོས་གང་སེམས་དང་ལྡན་པ་རྣམས་སོ་ཞེས་བཤད་དོ། །སེམས་ལས་སྐྱེས་ཤིང་སེམས་ལས་འཐོན་པས་ན་སེམས་ལས་བྱུང་བ་ཞེས་བྱ་སྟེ། དེ་ཡང་ཆོས་གང་སེམས་དང་ལྡན་བ་རྣམས་ལ་ནི་སེམས་ལས་བྱུང་བའི་ཆོས་ཞེས་བྱའོ། །དེ་ལ་སེམས་དང་ལྡན་པའི་དོན་ཅི་ཞེ་ན། རིག་པ་ནས་སྤྱོད་པའི་བར་དུ་ཆོས་འདི་དག་གནས་མཉམ་པ་དང་དམིགས་པ་མཉམ་པ་དང༌། རྣམ་པ་མཉམ་པ་དང༌། དུས་མཉམ་པ་དང༌། རྫས་མཉམ་པ་སྟེ། མཉམ་པ་ལྔས་མཉམ་དུ་སྐྱེ་ཞིང་སེམས་ཀྱི་རྗེས་སུ་འབྲང་བས་ན་སེམས་དང་ལྡན་པ་ཞེས་བྱའོ། །གནས་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་གནས་ཤིང་བརྟེན་ན། རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་བའི་སེམས་ལས་བྱུང་བ་རྣམས་ཀྱང་མིག་གི་དབང་པོ་ཉིད་ལ་བརྟེན་ཅིང་གནས་ཀྱི་གཞན་རྣམས་ལ་མི་གནས་སོ། །དམིགས་པ་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་ན་རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་གི་སེམས་ལས་བྱུང་བ་རྣམས་ཀྱང་གཟུགས་ཉིད་ལ་དམིགས་ཀྱི་སྒྲ་ལ་སོགས་པ་གཞན་ལ་མི་དམིགས་སོ། །རྣམ་པར་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་ལྟ་བུར་སྐྱེས་ན་རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་བ་ཡང་སྔོན་


DTG137_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པ་ལྟ་བུར་སྐྱེའི་སེར་པོའི་རྣམ་པ་ལྟ་བུར་མི་སྐྱེའོ། །དུས་མཉམ་པ་ནི་གང་གི་སྐད་ཅིག་མ་ལ་མིག་གི་རྣམ་པར་ཤེས་པ་སྐྱེས་པ་དེའི་སྐད་ཅིག་མ་ཉིད་ལ་རེག་པ་ལ་སོགས་པ་སེམས་ལས་བྱུང་བ་འང་དེ་ཉིད་ཀྱི་སྐད་ཅིག་མ་ལ་སྐྱེའི་སྐད་ཅིག་མ་ཕྱི་མ་ལ་མི་སྐྱེའོ། །རྫས་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་རྫས་གཅིག་བྱུང་ན་རེག་པ་ལ་སོགས་པ་འང་རེག་པ་རྫས་གཉིས་མི་འབྱུང་གི་རེག་པའི་རྫས་གཅིག་འབྱུང་ངོ༌། །འདུ་བྱེད་སེམས་དང་ལྡན་པ་དེ་དག་ཀྱང་གང་དང་གང་ཡིན་པ་མི་ཤེས་པ་དང་གྲངས་སུ་ཡོད་པ་མི་ཤེས་ཏེ། དེ་བས་ན་དེ་དག་གང་ཞེ་ན་ཞེས་དྲིས་ཏེ། དེའི་དོན་ནི་སེམས་དང་ལྡན་པའི་ཆོས་དེ་དག་མིང་གིས་ནི་གང་དང་གང་ཡིན། གྲངས་ནི་དུ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ་རེག་པ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་མིང་ནི་རེག་པ་དང༌། ཡིད་ལ་བྱེད་པ་དང་ཚོར་བ་ཞེས་དངོས་སུ་མིང་གིས་སྨོས་པའོ། །གྲངས་ནི་རིག་པ་ནས་བརྩམས་ཏེ། དཔྱོད་པའི་བར་དུ་ལྔ་བཅུ་རྩ་གཅིག་སྟེ། ལྔ་བཅུ་རྩ་གཅིག་པོ་ལ་འདུ་བྱེད་སེམས་དང་ལྡན་པ་ཞེས་བྱའོ། །དེ་དག་ལས་ཀུན་ཏུ་འགྲོ་བ་ནི་དུ། ཡུལ་སོ་སོར་ངེས་པ་ནི་དུ། དགེ་བ་ནི་དུ། ཉོན་མོངས་པ་ནི་དུ། ཉེ་བའི་ཉོན་མོངས་པ་ནི་དུ། གཞན་པ་ནི་དུ་ཡིན་པ་བསྟན་པའི་ཕྱིར། དེ་རྣམས་ལས་ལྔ་ནི་ཀུན་ཏུ་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དང་ལྡན་པའི་ཆོས་ལྔ་བཅུ་རྩ་གཅིག་ལས་རེག་པ་ནས་སེམས་པའི་བར་དུ་ལྔ་ནི་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ། ཀུན་ཏུ་འགྲོ་བའི་དོན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཁམས་གསུམ་གྱི་སེམས་ཅན་གྱི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ན་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ཡང་ན་མིག་གི་རྣམ་པར་ཤེས་པ་ནས་ཀུན་གཞིའི་རྣམ་པར་ཤེས་བའི་བར་དུ་རྣམ་པར་ཤེས་པ་བརྒྱད་ཅར་གྱི་རྗེས་སུ་འགྲོ་བས་ན་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ཡང་ན་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་དང་ཟག་པ་མེད་པའི་སེམས་ཐམས་ཅད་ཀྱི་རྗེས་སུ་འཇུག་བས་ན་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ་ཞེས་པ་ལ། འདུན་པ་ནས་ཤེས་


DTG137_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་བར་དུ་ལྔ་ནི་ཡུལ་སོ་སོར་ངེས་བ་ཞེས་བྱ་སྟེ་ཡུལ་སོ་སོར་ངེས་ཞེས་བྱ་བ་ཡང་དེ་དག་གི་ཡུལ་སོ་སོར་ངེས་ཤིང་ཆད་པ་ཡིན་གྱི་ཡུལ་ཐམས་ཅད་དེ་དག་གི་ཡུལ་མ་ཡིན་ཞིང་ཡུལ་ཐམས་ཅད་ལ་དེ་དག་མི་འཇུག་པས་ན་ཡུལ་སོ་སོར་ངེས་བ་ཞེས་བྱའོ། །ཁ་ཅིག་ན་རེ་ཡུལ་གང་དུ་ལྔ་པོ་ལས་གཅིག་འབྱུང་བ་དེར་ལྔ་ཅར་གདོན་མི་ཟ་བར་འབྱུང་བས་ན་ཡུལ་སོ་སོར་ངེས་པའོ་ཞེས་འཆད་དོ། །བཅུ་གཅིག་ནི་དགེ་བའོ་ཞེས་པ་ལ་དད་པ་ནས་བརྩམས་ཏེ། མི་འཚེ་བའི་བར་དག་ཏུ་བཅུ་གཅིག་ལ་ནི་དགེ་བ་ཞེས་བྱ་སྟེ། དགེ་བའི་དོན་ནི་མ་དད་པ་ལ་སོགས་པ་ནག་པོའི་ཕྱོགས་ཀྱི་གཉེན་པོར་གྱུར་པ་དང༌། འདོད་མི་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པའི་དགེ་བའི་རྩ་བ་དང་ལྡན་པའི་ཕྱིར་དགེ་བ་ཞེས་བྱའོ། །དྲུག་ནི་ཉོན་མོངས་པ་ཞེས་པ་ལ་འདོད་ཆགས་ནས་བརྩམས་ཏེ། ཐེ་ཚོམ་གྱི་བར་དུ་དྲུག་ནི་ཉོན་མོངས་པ་ཞེས་བྱ་སྟེ། དེ་དག་གིས་ལུས་དང་སེམས་ལ་སྡུག་བསྔལ་ཞིང་ཉོན་མོངས་པར་བྱེད་པ་དང༌། སེམས་དྲི་མ་ཅན་དུ་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །ལྷག་མ་ནི་ཉེ་བའི་ཉོན་མོངས་པའོ་ཞེས་བྱ་བ་ལ་ཁྲོ་བ་ནས་བརྩམས་ཏེ། ཤེས་བཞིན་མེད་པའི་བར་དུ་ལྷག་མ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། ངན་སྐྱུགས་དང་དེ་ལས་བྱུང་བའི་ཁུ་བ་དང་འདྲ་བར་ཉོན་མོངས་པ་ལས་སྐྱེས་ཤིང་བྱུང་བས་ན་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ངན་སྐྱུགས་ལྟ་བུར་གྱུར་པ་ནི་ཉོན་མོངས་པ་དྲུག་གོ །དེ་ལས་བྱུང་བའི་ཁུ་བ་ལྟ་བུ་ནི་ལྷག་མ་ཉི་ཤུའོ། །ཡང་ན་ཉི་ཤུ་པོ་དེ་དག་ཉོན་མོངས་པ་དྲུག་གི་ཡན་ལག་ཏུ་གཏོགས་པ་དང༌། ཉོན་མོངས་པ་དྲུག་བཞིན་དུ་ལུས་དང་སེམས་ལ་གནོད་པ་བྱེད་ཅིང་སེམས་དྲི་མ་ཅན་དུ་བྱེད་པས་ན་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །བཞི་ནི་གཞན་དུ་ཡང་ངོ་ཞེས་བ་ལ་འགྱོད་པ་ནས་དཔྱོད་པའི་བར་དུ་བཞི་ནི་གཞན་དུ་ཡང་ཞེས་བྱ་སྟེ། དེ་བཞི་ལ་ཉེ་བའི་ཉོན་མོངས་པ་འབའ་ཞིག་གི་རང་བཞིན་ཡིན་པར་མ་ཟད་ཀྱི། དགེ་བའི་རང་བཞིན་ཡང་ཡོད། །མི་དགེ་བའི་རང་བཞིན་ཡང་ཡོད་ལུང་དུ་མ་བསྟན་པའི་རང་བཞིན་ཡང་ཡོད་པས་ན་གཞན་དུ་ཡང་ངོ་ཞེས་བྱའོ། །ད་ནི་སེམས་དང་མི་ལྡན་པའི་འདུ་བྱེད་དེ་དག་གི་མཚན་ཉིད་བཤད་པར་བྱའོ། །


DTG137_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་པའི་གཙུག་ལག་དང་མངོན་པའི་ཆོས་བསྡུས་པའི་གཙུག་ལག་ལས་སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་པོ་རྣམས་ཀྱི་རང་བཞིན་དང་ལས་གཉི་ག་བཤད་པ་ལྟར། ཕུང་པོ་ལྔའི་གཙུག་ལག་འདི་གླེངས་པས་ཤེས་པ་འདུལ་བའི་དོན་དུ་བྱས་ཏེ། མདོ་ཙམ་དུ་བསྟན་པས་ན་རང་བཞིན་འབའ་ཞིག་བཤད་ནས་ལས་མ་བསྟན་མོད་ཀྱི། སློབ་མ་རྣམས་ཆོས་ཀྱི་མཚན་ཉིད་ལ་མཁས་པར་བྱ་བ་དང༌། སེམས་ལས་བྱུང་བ་དེ་དག་རང་བཞིན་བརྡ་ཕྲད་པར་སླ་བར་བྱ་བའི་ཕྱིར་བདག་གིས་ནི་རང་བཞིན་དང་ལས་གཉི་ག་བསྟན་ནོ། །ལྔ་ཀུན་ཏུ་འགྲོ་བ་ལས་ཚོར་བ་དང་འདུ་ཤེས་གཉིས་གོང་དུ་བཤད་ཟིན་པས་ན་བཤད་མི་དགོས་ཏེ། ད་ནི་རེག་པ་དང་ཡིད་ལ་བྱེད་པ་དང་སེམས་པ་གསུམ་བཤད་དོ། །དེ་ལ་རེག་པའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། རེག་པ་གང་ཞེ་ན་ཞེས་དྲིས་ཏེ། རེག་པའི་རང་བཞིན་ནམ་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་གསུམ་འདུས་ནས་ཡོངས་སུ་གཅོད་པའོ་ཞེས་བྱ་བ་སྨོས་ཏེ། གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་མོ། །དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་ལྷན་ཅིག་ཏུ་ཚོགས་པ་ནི་འདུས་པ་ཞེས་བྱ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ནི་རྒྱུ་ཡིན་ནོ། །དེའི་རྒྱུ་ལས་བྱུང་བའི་རེག་པ་ནི་འབྲས་བུ་ཡིན་ཏེ། གསུམ་འདུས་པའི་རྒྱུ་ལས་གང་བྱུང་བའི་སེམས་ལས་བྱུང་བ་དེ་ལ་རེག་པ་ཞེས་བྱའོ། །དེ་ལ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་འདུས་པ་ལས། དེ་ཉིད་ཀྱི་དུས་ན་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་སྐྱེ་བར་བྱེད་པ་དང་རྗེས་སུ་མཐུན་པའམ་ཚོར་བ་གསུམ་སྐྱེ་བའི་རྒྱུ་ལྟ་བུར་དབང་པོ་ཡོངས་སུ་འགྱུར་རོ། །ཅི་ལྟར་དབང་པོ་ཚོར་བ་བདེ་བ་ལ་སོགས་པ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པར་འགྱུར་བའམ། ཚོར་བ་སྐྱེ་བའི་རྒྱུ་ལྟ་བུར་འགྱུར་བ་དེ་དང་འདྲ་བར་ཡུལ་དང་ཚོར་བ་བདེ་བ་ལ་སོགས་པ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པར་ཡོངས་སུ་གྱུར་པའམ། ཚོར་བ་སྐྱེ་བའི་རྒྱུ་ལྟ་བུར་ཡོངས་སུ་འགྱུར་བའི་ཡུལ་གྱི་རྣམ་པ་ཇི་ལྟ་བུ་ཡིན་པས་གཅོད་པར་བྱེད་པ་ནི་རེག་པ་ཞེས་བྱའོ། །


DTG137_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལས་ནི་ཚོར་བའི་རྟེན་བྱེད་པ་སྟེ། ཚོར་བ་སྐྱེ་བའི་རྒྱུ་བྱེད་པའི་དོན་ཏོ། །དེ་བས་ན་དེ་མདོ་ལས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ཞེས་བཤད་པ་དང་མདོ་གཞན་དག་ལས་ཚོར་བ་མྱོང་བའི་རེག་པ་ལ་བརྟེན་ནས། བདེ་བའི་ཚོར་བ་སྐྱེའོ་ཞེས་གསུངས་སོ། །ཡིད་ལ་བྱད་པའི་རང་བཞིན་བསྟན་པའི་ཕྱིར། ཡིད་ལ་བྱེད་པ་གང་ཞེས་དྲིས་ཏེ། ཡིད་ལ་བྱེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ཞེས་བྱ་བ་ནི་སེམས་ཡུལ་ལ་འགྲོ་བར་བྱེད་པའམ་དེར་ལྟ་བར་བྱེད་པ་སྟེ། བསྒོམ་པར་བྱ་བ་ཡུལ་དམིགས་པའི་ཁྱད་པར་ལ་སོགས་པ་དམིགས་པར་བྱ་བའི་ཡུལ་གང་ཡང་རུང་བ་ལ་སེམས་མངོན་དུ་ལྟ་ཞིང་དེར་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པ་ཞེས་བྱ་སྟེ། དེ་ལྟ་བུར་བྱེད་པ་དེ་ལ་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་ལས་ནི་དམིགས་པ་ལ་སེམས་འཛིན་པའོ། །དམིགས་པ་ལ་སེམས་འཛིན་ཅེས་བྱ་བའི་དོན་ཡང་ཇི་ལྟ་བུ་ཞེ་ན། ཀེང་རུས་ལ་སོགས་པ་དམིགས་པའི་ཡུལ་ལ་སེམས་ཡང་ནས་ཡང་དུ་འཇོག་པར་བྱེད་པ་ནི་སེམས་འཛིན་པ་ཞེས་བྱའོ། །དེ་བས་ན་དམིགས་པའི་ཡུལ་ལ་སེམས་ཀྱི་སྐད་ཅིག་མའི་རྒྱུན་དུ་དམིགས་པ་དེ་ནི་དེའི་ལས་སུ་བཤད་ཀྱི། །སེམས་ཀྱི་སྐད་ཅིག་མ་གཅིག་དེ་ལ་དམིགས་ནས། སྐད་ཅིག་མ་གཉིས་པ་ལ་སོགས་པའི་ཚེ་སྐད་ཅིག་མ་གཞན་ལ་དམིགས་པ་དེ་ནི་དེའི་ལས་སུ་མི་གཞག་གོ །སེམས་པའི་རང་བཞིན་བསྟན་པའི་ཕྱིར། སེམས་པ་གང་ཞེ་ན་ཞེས་དྲིས་ཏེ། སེམས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལ་དགེ་བའི་ཆོས་རྣམས་ནི་ཡོན་ཏན་ནོ། །མི་དགེ་བའི་ཆོས་རྣམས་ནི་ཉེས་པ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ནི་གཉི་ག་མ་ཡིན་པ་ཞེས་བྱའོ། །སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་སེམས་གཡོ་བར་བྱེད་འགུལ་བར་བྱེད་ཅེས་བྱ་བའི་དོན་ཏེ། སེམས་འདི་ཅི་འང་མི་བྱེད་ཅིང་མི་གཡོ་བ་ཡིན་ན་སེམས་པ་ཞེས་བྱ་བ་སེམས་ལས་བྱུང་བས་བསྐྱོད་ནས། སེམས་དགེ་བ་


DTG137_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མངོན་པར་འདུ་བྱེད་ཅིང་དགེ་བ་བྱེད་པ་ལ་ཡང་འཇུག །སེམས་མི་དགེ་བ་ལ་ཡང་མངོན་པར་འདུ་བྱེད་ཅིང་མི་དགེ་བ་བྱེད་པ་ལ་ཡང་འཇུག །སེམས་ལུང་དུ་མ་བསྟན་པ་ལ་ཡང་མངོན་པར་འདུ་བྱེད་ཅིང་ལུང་དུ་མ་བསྟན་པ་ལ་ཡང་འཇུག་པར་བྱེད་པ་ནི་སེམས་པ་ཞེས་བྱ་སྟེ། དཔེར་ན་ཁབ་མི་གཡོ་ཞིང་བྱེད་པ་མེད་མོད་ཀྱི། རྡོ་ཁབ་ལོང་གི་དབང་གིས་ཁབ་གཡོ་ཞིང་འགུལ་བ་བཞིན་ནོ། །ཡང་ན་དགེ་བའི་ཆོས་རྣམས་ལ་ནི་སེམས་ཡོན་ཏན་ཅན་དུ་སེམས་ཤིང་ལྟ་བ་དང་མི་དགེ་བའི་ཆོས་རྣམས་ལ་ནི་ཉེས་པ་ཅན་དུ་སེམས་ཤིང་ལྟ་བ་དང་གཉི་ག་མ་ཡིན་པ་སྟེ། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ནི་ཡོན་ཏན་ཅན་དང་ཉེས་པ་ཅན་གཉི་གར་མི་སེམས་མི་ལྟ་བར་བྱེད་པ་ནི་སེམས་པ་ཞེས་བྱའོ། །ཡང་ན་ཕན་འདོགས་པ་རྣམས་ལ་ནི་ཡོན་ཏན་དུ་ལྟ་ཞིང་སེམས། གནོད་པ་བྱེད་པ་ལ་ནི་ཉེས་པར་ལྟ་ཞིང་སེམས། བར་མ་ལ་ནི་གཉི་གར་ཡང་མི་སེམས་མི་ལྟ་བར་བྱེད་པ་ནི་སེམས་པ་ཞེས་བྱའོ། །སྨྲས་པ། ཡིད་ཀྱི་ལས་ཞེས་བྱ་བ་ཡང་སེམས་གཡོ་བར་བྱེད་པ་ལ་བྱ་བས་ཡིད་ཀྱི་ལས་ཞེས་མ་བརྗོད་ཀྱང༌། སེམས་མངོན་པར་འདུ་བྱེད་ཅེས་བརྗོད་པས་ཡིད་ཀྱི་ལས་ཡིན་ནོ་ཞེས་ཞར་གྱིས་ཐོབ་ན། ཡིད་ཀྱི་ལས་ཞེས་བརྗོད་པ་ཅིར་དགོས། ལན་དུ་རྣམ་པར་རྟོག་པ་དང༌། དཔྱོད་པ་ལ་སོགས་པ་ཡང༌། སེམས་མངོན་པར་འདུ་བྱེད་པའི་རང་བཞིན་ཏེ། སེམས་གཡོ་བར་བྱེད་པ་ཡིན་དུ་ཟིན་ཀྱང་ཡིད་ཀྱི་ལས་མ་ཡིན་ཏེ། རྣམ་པར་ཤེས་པ་མི་གཡོ་བའི་ཆོས་ལས་གཡོ་བ་བཞིན་དུ་བྱེད་པ་ནི་སེམས་པས་བྱེད་ཀྱི་སེམས་ལས་བྱུང་པ་གཞན་གྱིས་མི་བྱེད་པས་ན་ཡིད་ཀྱི་ལས་ཞེས་བྱ་སྟེ། དེས་ནི་སེམས་ལས་བྱུང་བ་གཞན་བཀར་བ་ཡིན་ནོ། །དེ་ལ་ཡིད་ཀྱི་ལས་ཞེས་བྱ་བས་སེམས་པའི་རང་བཞིན་བསྟན་ཏོ། །ཡོན་ཏན་དང་ཉེས་པ་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ནི་དེའི་ལས་ཡིན་པར་བསྟན་ཏོ། །ལྔ་ཀུན་ཏུ་འགྲོ་བ་བཤད་ཟིན་ཏོ། །ལྔ་ཡུལ་སོ་སོར་ངེས་པར་བསྟན་པར་བྱ་སྟེ། དེ་ལ་ཡང་འདོད་པའི་རང་བཞིན་བསྟན་པའི་ཕྱིར། འདོད་པ་གང་ཞེ་ན་ཞེས་དྲིས་ཏེ། འདོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་འདོད་པའི་དངོས་པོ་ལ་འདོད་པའོ་


DTG137_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨོས་ཏེ། འདོད་པ་ཡང་འདོད་པའི་དངོས་པོ་ཉིད་ལ་འདོད་པ་སྐྱེའོ། འདོད་པ་མ་ཡིན་པའི་དངོས་པོ་ལ་འདོད་པ་མི་སྐྱེ་བས་ཡུལ་ངེས་པའོ། །དེ་ལ་འདོད་པའི་དངོས་པོ་ནི་བལྟ་བར་འདོད་པའི་དངོས་པོ་གཟུགས་དང་མཉན་པར་འདོད་པའི་དངོས་པོ་སྒྲ་ལ་སོགས་པའོ། །འདོད་པ་ནི་བལྟ་བར་བྱ་བའི་ཡུལ་དང་མཉན་པར་བྱ་བའི་ཡུལ་དེ་ལ་ཇི་ལྟར་བལྟ་ཇི་ལྟར་མཉན་སྙམ་སྟེ། བལྟ་བར་བྱ་བ་དང་མཉན་པར་བྱ་བའི་ཡུལ་ལ་མཐོང་ཞིང་ཐོས་ཀྱང་ཇི་མ་རུང་སྙམ་དུ་སྨོན་པ་ནི་འདོད་པ་ཞེས་བྱའོ། །སྨྲས་པ། འདོད་པ་ནི་འདོད་པའི་དངོས་པོ་ལ་འདོད་པ་ཡིན་ན་དེ་ལྟ་ན་ནི་སྲིད་པ་ཡང་འདོད་པའི་དངོས་པོ་ལ་འདོད་པ་ཡིན་པས་སྲིད་པ་དང་དེ་གཉིས་ལ་ཁྱད་པར་ཅི་ཡོད། སྨྲས་པ། སྲེད་པ་ནི་འདོད་པའི་དངོས་པོ་ལ་ཆགས་ཤིང་ཞེན་པའི་བདག་ཉིད་ཡིན་ལ། འདོད་པ་ནི་དངོས་པོ་ལ་གཅིག་ཏུ་ཞེན་པ་མེད་ཀྱི། །སྨོན་པ་ཙམ་དུ་ཟད་པས་ན་ཁྱད་པར་ཡོད་དོ། །དེའི་ལས་ནི་བརྩོན་འགྲུས་ཀྱི་རྟེན་བྱེད་པ་སྟེ། འདོད་པ་ཡོད་ན་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །མོས་པའི་རང་བཞིན་བསྟན་པའི་ཕྱིར། མོས་པ་གང་ཞེན་ཞེས་དྲིས་ཏེ། མོས་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ངེས་པའི་དངོས་པོ་ཉིད་ལ་དེ་བཞིན་དུ་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། མོས་པའི་ཡུལ་ནི་ངེས་པའི་དངོས་པོ་ཁོ་ན་ཡིན་གྱི། མ་ངེས་པའི་དངོས་པོ་ལ་མོས་པ་མི་འཇུག་པས་ན་ཡུལ་ངེས་པར་བསྟན་ཏོ། །མི་སླུ་བའི་ལུང་དང་མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པས་དངོས་པོ་རྣམས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང་བདག་མེད་པའི་རང་བཞིན་དུ་གཏན་ལ་དབབ་པར་བྱས་ཤིང་ཐེ་ཚོམ་མེད་པར་བྱས་པ་ནི་ངེས་པའི་དངོས་པོའོ། །དེ་བཞིན་དུ་འཛིན་ཅེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་གཏན་ལ་ཕབ་ཅིང་ཡིད་ཆེས་པར་བྱས་པ་དེ་ལ་དངོས་པོ་རྣམས་ནི་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་ཁོ་ནར་བདེན་པའི་རྟག་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་འཛིན་པ་ནི་ངེས་པ་ཞེས་བྱའོ། །ཡང་ན་ཕུང་པོ་ལྔ་ལ་གཟུགས་ནི་དབུ་བའི་གོང་བུ་ལྟ་བུ་ཚོར་བ་ནི་ཆུའི་ཆུ་བུར་དང་འདྲ་བ། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། འདུ་བྱེད་ནི་ཆུ་ཤིང་གི་སྙིང་པོ་དང་འདྲ་བ།


DTG137_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཡིན་པར་ཡིད་ཆེས་པར་བྱས་ནས་དེ་ལ་དེ་བཞིན་དུ་བདེན་ནོ་ཞེས་འཛིན་པ་ནི་ངེས་པའི་དངོས་པོ་ལ་དེ་བཞིན་དུ་འཛིན་བ་ཞེས་བྱ་སྟེ། དེ་ལ་མོས་པ་ཞེས་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང༌། གཟུགས་ནི་དབུ་བ་ལྟ་བུ་སྟེ། །ཚོར་པ་ཆུ་ཡི་ཆུ་བུར་འདྲ། །སྨིག་རྒྱུ་ལྟ་བུ་འདུ་ཤེས་ཏེ། །འདུ་བྱེད་ཆུ་ཤིང་འདྲ་བའོ། །རྣམ་ཤེས་སྒྱུ་མ་འདྲ་བར་ནི། །ཉི་མའི་གཉེན་གྱིས་རབ་ཏུ་གསུངས། །ཞེས་བཤད་དོ། །དེའི་ལས་ནི་མི་འཕྲོགས་པར་བྱེད་པ་སྟེ། དངོས་པོ་རྣམས་ལ་མི་རྟག་པ་ལ་སོགས་པར་ཡིད་ཆེས་པར་གྱུར་ན། རང་གི་ལྟ་བ་ལས་མུ་སྟེགས་ཅན་ལ་སོགས་པ་རྒོལ་བ་གཞན་གྱིས་ལྟ་བ་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །དྲན་པའི་རང་བཞིན་བསྟན་པའི་ཕྱིར། དྲན་པ་གང་ཞེ་ན་ཞེས་དྲིས་ཏེ། དྲན་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། འདྲིས་པའི་དངོས་པོ་མ་བརྗེད་པ་སྟེ། སེམས་ལ་གསལ་བའོ་ཞེས་བྱ་བ་སྨོས་ཏེ། དྲན་པ་ཡང་འདྲིས་པའི་དངོས་པོ་ལ་སེམས་མ་བརྗེད་པར་འབྱུང་གི་མ་འདྲིས་པའི་དངོས་པོ་ལ། སེམས་མ་བརྗེད་པ་མི་འབྱུང་བས་ཡུལ་ངེས་པར་བསྟན་ཏོ། །སྔོན་མཐོང་བ་དང་ཐོས་པ་ལ་སོགས་པའི་སྒོ་ནས་མྱོང་བར་བྱས་པའི་དངོས་པོ་ནི་འདྲིས་གཅིག་པ་པོ་ཞེས་བྱའོ། །མ་བརྗེད་པ་ནི་སྔོན་མྱོང་བའི་དངོས་པོ་སེམས་ལ་བཟུང་བ་དེ་མེད་པར་མ་གྱུར་ཅིང་བརྗེད་པ་དང་ཆུང་ཟ་བར་མ་གྱུར་པ་ནི་མ་བརྗེད་བ་ཞེས་བྱའོ། །མ་བརྗེད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར། སེམས་ལ་གསལ་བའོ་ཞེས་བྱ་བ་སྨོས་ཏེ། སྔོན་མྱོང་བའི་དངོས་པོ་དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་པས་སྨྲ་ལ་རག་པ་བཞིན་དུ་གསལ་བར་དྲན་པའི་ཕྱིར་གསལ་བ་ཞེས་བྱ་སྟེ། མ་བརྗེད་པ་དང་གསལ་བ་གཉིས་དོན་ཐ་དད་པ་ནི་མ་ཡིན་ནོ། །དེའི་ལས་ནི་གཡེང་བ་མེད་པ་སྟེ། འདྲིས་པའི་དངོས་པོ་སེམས་ལ་གསལ་བར་གྱུར་ན། གཟུགས་ལ་དམིགས་པ་ལས་དམིགས་པ་གཞན་སྒྲ་ལ་དམིགས་པར་མི་འགྱུར་བ་དང༌། དཀར་པོའི་རྣམ་པ་ལ་དམིགས་པ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གཞན་ལ་སེམས་གཡེང་བར་མི་འགྱུར་བས་ན་


DTG137_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་མེད་པའི་ལས་ཅན་ཞེས་བྱའོ། །ཏིང་ངེ་འཛིན་གྱི་རང་བཞིན་བསྟན་པའི་ཕྱིར། ཏིང་ངེ་འཛིན་གང་ཞེ་ན་ཞེས་དྲིས་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པའོ་ཞེས་བྱ་བ་སྨོས་ཏེ། འདིར་ཏིང་ངེ་འཛིན་ཀྱང་བརྟགས་པའི་དངོས་པོ་ཉིད་སེམས་རྩེ་གཅིག་ཏུ་འགྱུར་གྱི་མ་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་མི་འགྱུར་བས་ན་ཡུལ་ངེས་པར་བསྟན་ཏོ། །བརྟགས་པའི་དངོས་པོ་ཞེས་བྱ་བ་ནི་ཡོན་ཏན་གྱི་དངོས་པོ་དང་ཉེས་པའི་དངོས་པོ་གཉིས་ལ་བྱའོ། །དེ་འང་བདེན་པ་བཞི་ལས་འགོག་པ་དང་ལམ་གྱི་དངོས་པོ་ལ་ནི་ཡོན་ཏན་གྱི་དངོས་པོར་བརྟགས། སྡུག་བསྔལ་དང་ཀུན་འབྱུང་གི་དངོས་པོ་ལ་ནི་ཉེས་པའི་དངོས་པོར་བརྟགས་སོ། །དེ་ལ་འགོག་པ་དང་ལམ་ལ་ཡོན་ཏན་གྱི་དངོས་པོར་རྟག་པ་ཡང་འགོག་པའི་བདེན་པ་ལ་ནི་ཞི་བ་དང་འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་ཚུལ་ལྟ་བུར་ཡོན་ཏན་དུ་བརྟག་པ་ལམ་གྱི་བདེན་པ་ལ་ཡང་ལམ་དང་རིགས་པ་དང༌། །བསྒྲུབ་པར་བྱ་བ་དང་ངེས་པར་འབྱུང་བར་བྱེད་པའི་ཚུལ་ལྟ་བུར་ཡོན་ཏན་དུ་བརྟག་གོ །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་ཉེས་པར་བརྟག་པ་ཡང་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་ཚུལ་དུ་ཉེས་པས་བརྟག་གོ །ཀུན་འབྱུང་བའི་བདེན་པ་ལ་ཡང་རྒྱུ་དང་ཀུན་འབྱུང་བ་དང་རྐྱེན་དང་རབ་ཏུ་འབྱུང་བའི་ཚུལ་ལྟ་བུར་ཉེས་པར་བརྟགས་པས་ན་བདེན་པ་བཞི་ལ་བརྟག་པའི་དངོས་པོ་ཞེས་བྱའོ། །རྩེ་གཅིག་ཅེས་བྱ་བ་ནི་དམིགས་པ་གཅིག་པར་བྱས་པ་སྟེ། བདེན་པ་བཞི་འབའ་ཞིག་ལ་དམིགས་ཀྱི་གཞན་དུ་སེམས་མ་གཡེངས་པ་ལ་སེམས་རྩེ་གཅིག་ཅེས་བྱའོ། །དེའི་ལས་ནི་ཤེས་རབ་ཀྱི་རྟེན་བྱེད་པ་སྟེ་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྐྱེ་བའི་ཕྱིར་རོ། །ཤེས་རབ་ཀྱི་རང་བཞིན་བསྟན་པའི་ཕྱིར་ཤེས་རབ་གང་ཞེ་ན་ཞེས་དྲིས་ཏེ། ཤེས་རབ་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དེ་དག་ཉིད་རང་བཞིན་དུ་འབྱེད་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་དག་


DTG137_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅེས་བྱ་བ་ནི་བརྟག་བར་བྱ་བའི་དངོས་པོ་བདེན་པ་བཞི་ཉིད་ལ་བྱའོ། །རབ་ཏུ་འབྱེད་ཅེས་བྱ་བ་ནི་མ་ནོར་བར་འབྱེད་ཅིང་ཤེས་པའམ་ཕྱིན་ཅི་མ་ལོག་པར་འབྱེད་ཅིང་ཤེས་པ་སྟེ། བདེན་པ་བཞི་པོ་དེ་དག་གི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་ཀྱང་འདྲེས་པ་འདྲ་བར་གནས་པ་ལ་འདི་ནི་རང་གི་མཚན་ཉིད་འདི་ནི་སྤྱིའི་མཚན་ཉིད་དོ་ཞེས་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་བའམ། ཡང་དག་པའི་ཆོས་ལ་ཡང་ཡང་དག་བ་ཉིད་དོ་ཞེས་ཤེས། ལོག་པའི་ཆོས་ལ་ཡང་ལོག་པ་ཉིད་དོ་ཞེས་ཤེས་པ་ནི་ཤེས་རབ་ཅེས་བྱའོ། །ཇི་ལྟར་ཏིང་ངེ་འཛིན་གྱི་ཡུལ་བརྟག་པའི་དངོས་པོ་ཉིད་ཡིན་གྱི་གཞན་ལ་མ་ཡིན་པར་ཡུལ་ངེས་པ་དེ་བཞིན་དུ་ཤེས་རབ་ཀྱང་བརྟགས་པའི་ངོ་བོ་ཉིད་རབ་ཏུ་འབྱེད་ཀྱི་གཞན་མི་འབྱེད་པས་ན་ཡུལ་ངེས་པར་བསྟན་པ་ཡིན་ནོ། །ཤེས་རབ་ལ་ཕྱེ་ན་རྣམ་པ་དུ་ཡོད་བསྟན་པའི་ཕྱིར། རིགས་པ་དང་མི་རིགས་པས་བསྐྱེད་བ་དང་གཞན་ཡང་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ལ་ཕྱེ་ན་རྣམ་པ་གསུམ་སྟེ། རིགས་པས་བསྐྱེད་པའི་ཤེས་རབ་དང་མི་རིགས་པས་བསྐྱེད་པའི་ཤེས་རབ་དང༌། གཞན་ཡང་སྟེ་རིགས་པས་བསྐྱེད་པ་ཡང་མ་ཡིན་མི་རིགས་པས་བསྐྱེད་པ་ཡང་མ་ཡིན་བའི་ཤེས་རབ་བོ། །དེ་ལ་མི་སླུ་བའི་ལུང་དང༌། རྗེས་སུ་དཔག་པའི་ཚད་མ་དང༌། མངོན་སུམ་གྱི་ཚད་མ་གསུམ་ལ་རིགས་པ་ཞེས་བྱ་སྟེ། རིགས་པ་དེ་གསུམ་མཉན་བསམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་རིགས་པས་བསྐྱེད་བའི་ཤེས་རབ་ཅེས་བྱའོ། །ཉོན་མོངས་པ་ཀུན་སྤངས་པ་དང་སྡུག་བསྔལ་ཐམས་ཅད་སྤངས་པ་དང་དེས་བཤད་པའི་ཚིག་ལ་གོམས་པར་བྱས་ན། ཉོན་མོངས་པ་རྣམས་སྤོང་བར་བྱེད་པར་འགྱུར་བའི་སྐྱེས་བུའི་ཚིག་ནི་མི་སླུ་བའི་ལུང་ཞེས་བྱའོ། །རྗེས་སུ་དཔག་པ་ན་ཡོད་པ་དང་ཕྱོགས་དང་མཐུན་པ་ན་ཡོད་པ་དང༌། ཕྱོགས་དང་མི་མཐུན་པ་ན་མེད་པ་ནི་རྗེས་སུ་དཔག་པར་བྱ་བའི་ཚད་མ་ཞེས་བྱའོ། །དེ་ལ་རྗེས་སུ་དཔག་པ་ན་ཡོད་པ་ནི་གང་ན་དུ་བ་འཐུ་ལ་བར་སྣང་པ་དེ་ན་མེ་ཡོད་པར་དཔག་པའོ། །ཕྱོགས་དང་མཐུན་པ་དེ་ན་ཡོད་པ་ནི་གང་ན་དུ་བ་འཐུལ་བ་དེ་ན་མེ་ཡོད་པར་ཅི་མངོན་ཞེ་ན། དཔེར་ན་ཚང་མང་ཆེན་པོ་ན་དུ་བ་


DTG137_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འཐུལ་བར་མཐོང་བས་དེ་ན་མེ་ཡོད་པར་སྣང་བའོ། །ཕྱོགས་དང་མི་མཐུན་པ་ན་མེད་པ་ནི་མེ་དང་ཆུར་མི་མཐུན་པ་སྟེ། དེ་བས་ན་གང་ན་མེ་ཡོད་པ་དེ་ན་དུ་བ་ཡོད་ཀྱི་གང་ན་ཆུ་ཡོད་པ་དེ་ན་དུ་པ་མི་འཐུལ་ལོ། །མངོན་སུམ་ནི་མིག་གི་དབང་པོས་བུམ་པ་མངོན་སུམ་དུ་མཐོང་བ་ལྟ་བུ་སྟེ། དེ་འང་རྣལ་འབྱོར་པའི་སེམས་དང་དབང་པོའི་རྣམ་པར་ཤེས་པ་རྣམས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དངོས་པོ་སོ་སོར་རང་གིས་རིག་པ་དང་བཞིའོ། །མི་རིགས་པ་ཞེས་བྱ་བ་ནི་མི་སླུ་བ་མ་ཡིན་པའི་ལུང་དང་རྗེས་སུ་དཔག་པར་སྣང་བ་དང༌། ལོག་པར་བཤད་པའི་ཏིང་ངེ་འཛིན་ལ་མི་རིགས་པ་ཞེས་བྱ་སྟེ། དེ་གསུམ་མཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་མི་རིགས་པ་བསྐྱེད་པའི་ཤེས་རབ་ཅེས་བྱའོ། །དེ་ལ་བརྫུན་གྱི་རྒྱུ་ཉོན་མོངས་པ་ཐམས་ཅད་མ་སྤངས་པ་དང་སྡུག་བསྔལ་ཐམས་ཅད་མ་སྤངས་པ་དང༌། དེའི་ཚིག་བསྒོམས་ན་ཡང་ཉོན་མོངས་པ་སྤོང་བར་མི་འགྱུར་བ་སྟེ། མུ་སྟེགས་པ་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པའི་ཚིག་ནི་མི་སླུ་བ་མ་ཡིན་པའི་ལུང་ཞེས་བྱའོ། །རྗེས་སུ་དཔག་པར་སྣང་བ་ནི་རྗེས་སུ་དཔག་པ་དངོས་པོ་མ་ཡིན་གྱི་རྟགས་ཀྱིས་རྗེས་སུ་དཔག་པ་དང་ཚུལ་འདྲ་བ་སྟེ། དཔེར་ན་ཨ་མྲའི་ཤིང་གི་ཡལ་ག་འདི་ལ་འབྲས་བུ་གཅིག་སྨིན་པས་ན་ཐམས་ཅད་སྨིན་ཏོ་ཞེས་དཔོག་པ་ལྟ་བུའོ། །ལོག་པར་བཤད་པའི་ཏིང་ངེ་འཛིན་ནི་བདག་མེད་པ་ལ་བདག་ཏུ་བཤད་པའི་ཆོས་ལ་སེམས་རྩེ་གཅིག་ཏུ་འཇོག་པའོ། །རིགས་པས་བསྐྱེད་པ་ཡང་མ་ཡིན་མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པའི་ཤེས་རབ་ནི་གང་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་དང༌། ཚེམ་དྲུབ་ལ་སོགས་པ་འཇིག་རྟེན་ན་བཟོ་སྣ་ཚོགས་ཤེས་པའི་ཤེས་རབ་བོ། །དེའི་ལས་ནི་ཐེ་ཚོམ་སེལ་བར་བྱེད་པ་སྟེ། ཤེས་རབ་ཀྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་ཕྱེ་ནས། ཕྱིན་ཅི་མ་ལོག་པར་ཤེས་པར་བྱས་ནས་དེ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མེད་པར་འགྱུར་རོ། །ལྔ་ཡུལ་སོ་སོར་ངེས་པ་བཤད་ཟིན་ཏོ། །བཅུ་གཅིག་དགེ་བ་བཤད་པར་བྱ་སྟེ། དེ་ལ་དད་པའི་རང་བཞིན་བསྟན་


DTG137_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དད་པ་གང་ཞེ་ན་ཞེས་དྲིས་ཏེ། དད་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། ལས་དང་འབྲས་བུ་དང༌། བདེ་བ་དང༌། དཀོན་མཆོག་ལ་མངོན་པར་ཡིད་ཆེས་ཤིང་ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་ཀྱི་ལས་དང་བསོད་ནམས་མ་ཡིན་པའི་ལས་དང་མི་གཡོ་བའི་ལས་སོ། །བསོད་ནམས་ཀྱི་ལས་ནི་གང་འདོད་བའི་ཁམས་ཉིད་དུ་གཏོགས་པའི་དགེ་བའི་ལས་ལ་བྱ་སྟེ། དེ་ཡང་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་དགེ་བ་བཅུ་ལ་བྱའོ། །བསོད་ནམས་མ་ཡིན་པའི་ལས་ཀྱང་འདོད་པའི་ཁམས་སུ་གཏོགས་པའི་མི་དགེ་བའི་ལས་ལ་བྱ་སྟེ། དེ་ཡང་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བཅུའི་ལས་ལ་བྱའོ། །མི་གཡོ་བའི་ལས་ནི་གཟུགས་སུ་གཏོགས་པའི་བསམ་གཏན་བཞི་དང་གཟུགས་མེད་པར་གཏོགས་པའི་སྙོམས་པར་འཇུག་པ་བཞིའི་དགེ་བའི་ལས་ཀྱི་རང་བཞིན་ལ་བྱ་སྟེ། དེ་དག་ལ་རྟག་ཏུ་ཏིང་ངེ་འཛིན་ལ་གནས་པ་ལས་རྣམ་པར་རྟོག་པའི་རླུང་གིས་གཡོ་བར་མི་ནུས་ཤིང་བསྐྱོད་པར་མི་ནུས་པས་མི་གཡོ་བའི་ལས་ཞེས་བྱའོ། །ཡང་ན་འདོད་པའི་ཁམས་ཀྱི་ལས་དགེ་བ་དང་མི་དགེ་བ་ནི་སྔར་ལས་གཅིག་ཏུ་བྱས་ཏེ་འབྲས་བུ་འཕངས་པ་ལས་ཕྱིས་ལས་གཞན་བྱས་ན་སྔ་མའི་ལས་ཀྱི་འབྲས་བུ་བསྐྱོད་ནས་ལས་ཕྱིས་བྱས་པའི་འབྲས་བུ་སྨིན་པར་འགྱུར་བས་རྣམ་པར་སྨིན་པར་འགྱུར་བ་ལ་གཡོ་བ་ཡོད་པ་ལྟར། གཟུགས་དང་གཟུགས་མེད་པར་གཏོགས་པའི་ལས་སྔར་བྱས་ཏེ། འབྲས་བུ་འཕངས་ན་ཕྱིས་ལས་གང་བྱས་ཀྱང་སྔར་བྱས་པའི་འབྲས་བུ་ཉིད་སྨིན་པར་འགྱུར་གྱི་ལས་ཕྱི་མས་སྔ་མའི་འབྲས་བུ་བསྐྱོད་པར་མི་ནུས་པས་ན་མི་གཡོ་བའི་ལས་ཞེས་བྱའོ། །འབྲས་བུ་རྣམ་པ་གཉིས་ཏེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའོ། །ཡིད་དུ་མི་འོང་བ་ནི་སེམས་ཅན་དམྱལ་བ་དང༌། ཡི་དགས་དང་བྱོལ་སོང་ངོ༌། །ཡིད་དུ་འོང་བ་ནི་ལྷ་དང་མིའོ། །དེ་ལ་འདོད་པར་གཏོགས་པ་ལས་བསོད་ནམས་མ་ཡིན་པའི་ལས་བྱས་ན་ནི་ངན་སོང་གསུམ་དུ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །འདོད་པར་གཏོགས་པའི་བསོད་ནམས་ཀྱི་ལས་བྱས་པས་


DTG137_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདོད་པའི་ཁམས་ཉིད་དུ་ལྷ་དང་མིའི་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཐོབ་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པར་གཏོགས་པའི་མི་གཡོ་བའི་ལས་དགེ་བའི་རང་བཞིན་བྱས་པ་ལས་ནི། གཟུགས་དང་གཟུགས་མེད་པར་གཏོགས་པའི་ལྷའི་ནད་དུ་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་འཐོབ་པར་འགྱུར་རོ། །དེ་ལ་ལས་དགེ་བ་བྱས་ན་ནི་འབྲས་བུ་ཡིད་དུ་འོང་བ་རྣམ་པར་སྨིན་པ་ལ་ལས་མི་དགེ་བ་བྱས་ན་ནི་འབྲས་བུ་ཡིད་དུ་མི་འོང་བ་རྣམ་པར་སྨིན་པར་ཡིད་ཆེས་པས་ལས་ཀྱང་ཡོད་ལ་འབྲས་བུ་ཡང་ཡོད་ཅེས་དེ་གཉི་ག་ཡོད་པར་མངོན་པར་ཡིད་ཆེས་པ་ནི་དད་པ་ཞེས་བྱའོ། །བདེན་པ་ནི་རྣམ་བ་བཞི་སྟེ། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། །དེ་ལ་ལས་དང་ཉོན་མོངས་པས་བསྐྱེད་པས་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་འབྲས་བུར་གྱུར་པ་ལ་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་སྟེ། དེ་དག་ལས་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་མཚན་ཉིད་དུ་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་བདེན་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་གཉིས་ལ་ནི་ཀུན་འབྱུང་གི་བདེན་པ་ཞེས་བྱ་སྟེ། དེ་དག་ཀྱང་རྒྱུ་དང་ཀུན་འབྱུང་བ་དང་རྐྱེན་དང་རབ་ཏུ་འབྱུང་བའི་མཚན་ཉིད་དུ་མ་ནོར་ཅིང་ཕྱིན་ཅི་མ་ལོག་པས་ན་བདེན་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་ཡང་སྤངས་ཉ་བར་ལེན་པའི་ཕུད་པོ་ལྔ་ཡང་བཀག་པ་ལ་ནི་འགོག་པའི་བདེན་པ་ཞེས་བྱ་སྟེ། དེ་འང་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དད་ངེས་པར་འབྱུང་བར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བས་ན་བདེན་པ་ཞེས་བྱའོ། །དེ་ཐོབ་པར་བྱེད་པའི་ཐབས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་ལམ་གྱི་བདེན་པ་ཞེས་བྱ་སྟེ། དེ་འང་ལམ་དང་རིགས་པ་དང་བསྒྲུབ་པར་བྱ་བ་དང་དེས་པར་འབྱུང་བར་བྱེད་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བས་ན་བདེན་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་དང༌། ཀུན་འབྱུང་གི་བདེན་པ་གཉིས་ལ་སྡུག་བསྔལ་ཡོད་དེ། ཀུན་འབྱུང་ཡོད་དོ་ཞེས་མངོན་པར་ཡིད་ཆེས་པ་དང་འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་འགོག་པ་ནི་ཐོབ་པར་བྱ་བར་ནུས། ལམ་ནི་བསྒྲུབ་པར་བྱ་ནུས་སོ་ཞེས་མངོན་


DTG137_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡིད་ཆེས་པ་ནི་དད་པ་ཞེས་བྱའོ། །དཀོན་མཆོག་ཅེས་བྱ་བ་ལ་དཀོན་མཆོག་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །དེ་གསུམ་ནོར་བུ་རིན་པོ་ཆེ་དང་འདྲ་བའི་ཕྱིར་དཀོན་མཆོག་ཅེས་བྱ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་དཀོན་པ་དང་རིན་ཆེ་བ་དང༌། དགའ་བར་བྱེད་པ་དང༌། ཕན་འདོགས་པ་དང་མི་མ་ཡིན་པའི་གནོད་པ་མེད་པར་བྱེད་པ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱིས་ཀྱང་རྣམ་པ་དེ་ལྔ་བྱེད་པས་ན་དཀོན་མཆོག་ཅེས་བྱའོ། །ཇི་ལྟར་ནོར་བུ་རིན་བོ་ཆེ་དཀོན་ཏེ་དུས་ཐམས་ཅད་དུ་མི་འབྱུང་བ་དེ་བཞིན་དུ་སངས་རྒྱས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་དང་སྲོག་ལ་ཡང་མི་ཕོངས་པར་རྒྱུན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བར་འགྱུར་བས་ན། དཀོན་པ་སྟེ་དེ་བས་ན་མདོ་ལས་ཀྱང་སངས་རྒྱས་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་འབྱུང་བ་བཞིན་ནོ་ཞེས་གསུངས་སོ། །སངས་རྒྱས་འབྱུང་བ་དཀོན་པར་གྱུར་པས་ཆོས་དང་དགེ་འདུན་དཀོན་མཆོག་གཉིས་ཀྱང་དཀོན་པ་ཉིད་དོ། སངས་རྒྱས་འབྱུང་བ་ལ་རག་ལས་པས་དེ་ལ་བརྟེན་ནས་དེ་གཉིས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ནོར་བུ་རིན་པོ་ཆེ་རིན་ཆེ་བ་བཞིན་དུ་སངས་རྒྱས་དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྒྲུབས་པས་འཐོབ་པས་ན་རིན་པོ་ཆེ་རིན་ཆེ་བའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་པ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་གའི་གྲོགས་སུ་གྱུར་པའོ། །ཆོས་དཀོན་མཆོག་ཅེས་བྱ་བ་ནི་མྱ་ངན་ལས་འདའ་བ་ལ་བྱ་སྟེ། དེ་ཡང་འཇིག་རྟེན་ཐམས་ཅད་ཀྱིས་ཕངས་པར་བརྩི་བའི་ཕུང་པོ་ལྔ་སྤངས་པས་འཐོབ་པས་ན་རིན་ཆེ་བ་ཞེས་བྱའོ། །དགེ་འདུན་དཀོན་མཆོག་ཀྱང་འཁོར་བར་སྐྱེས་པའི་བསོད་ནམས་དང་ཡེ་ཤེས་ལྟ་བུ་ནི་མ་ཡིན་གྱི། འཁོར་བ་ལས་འབྱུང་བར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབས་པས་འཐོབ་པས་ན་རིན་ཆེ་བའོ། །ཇི་ལྟར་ནོར་བུ་རིན་པོ་ཆེ་བདོག་ན་དགའ་བར་བྱེད་པ་དེ་བཞིན་དུ་དཀོན་མཆོག་


DTG137_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་འདི་མཐོང་ཡང་རུང་ཐོས་ཀྱང་རུང༌། རྗེས་སུ་དྲན་པར་བྱས་ཀྱང་རུང་དགའ་བའི་རྒྱུར་འགྱུར་བས་ན་དགའ་བར་བྱེད་པའོ། །ཇི་ལྟར་ནོར་བུ་རིན་པོ་ཆེ་བདོག་ན་ནོར་བུ་གཞན་ཡང་འདུ་བས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་དཀོན་མཆོག་འདི་གསུམ་ལ་བསུ་བ་དང་བསྙེན་བཀུར་བྱ་བ་དང༌། ཡོངས་སུ་ཤེས་པར་བྱས་ན། ལྷ་དང་མིའི་འབྲས་བུ་འཐོབ་པ་ནས། མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་བྱེད་པས་བདོག་པ་དོན་ཆེན་པོ་འགྲུབ་པའི་ཕྱིར་ཕན་འདོགས་པའོ། །དཔེར་ན་ནོར་བུ་རིན་པོ་ཆེ་ཡོད་ན་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དེ་བཞིན་དུ་དཀོན་མཆོག་གསུམ་རྗེས་སུ་དྲན་པར་བྱས་ན་ཡང་མི་མ་ཡིན་པའི་གནོད་པས་མི་ཚུགས་པས་ན་མི་མ་ཡིན་པའི་གནོད་པ་མེད་པར་བྱེད་པའོ། །དེ་ལ་སངས་རྒྱས་ཞེས་བྱ་བ་ཡང་དངོས་སུ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས། ཕུང་པོ་ལྔ་གནས་གཞན་དུ་གྱུར་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་སངས་རྒྱས་ཞེས་བྱའོ། །དེ་ལ་སངས་རྒྱས་དེ་ནི་ཉེས་པ་ཐམས་ཅད་སྤངས་བ་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པས་ཐོས་ཀྱང་རུང༌། །བདག་གིས་ཤེས་ཀྱང་རུང༌། དེའི་སྒོ་ནས་མཆི་མ་དཀུ་བ་དང་བ་སྤུ་ལྡང་བལ་སོགས་པའི་དད་བ་སེམས་ལས་གཡོས་པ་ནི་དད་པ་ཞེས་བྱའོ། །ཆོས་ཞེས་བྱ་བ་ལ་ཆོས་རྣམ་པ་གསུམ་སྟེ། བཤད་པའི་ཆོས་དང༌། བསྒྲུབ་པའི་ཆོས་དང༌། དོན་དམ་པའི་ཆོས་སོ། །དེ་ལ་གསུང་རང་ཡན་ལག་བཅུ་གཉིས་ནི་བཤད་པའི་ཆོས་སོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ནི་སྒྲུབ་པའི་ཆོས་སོ། །མྱ་ངན་ལས་འདའ་བ་ནི་དོན་དམ་པའི་ཆོས་སོ། །དེ་ལ་དོན་དམ་པའི་ཆོས་ནི་ཀུན་འབྱུང་དང་སྡུག་བསྔལ་སྤངས་པའི་བདག་ཉིད་ཡིན་ནོ། །སྒྲུབ་པའི་ཆོས་ནི་དེ་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། །བཤད་པར་བྱ་བའི་ཆོས་ནི་དེ་གཉིས་ཀྱི་དོན་གསལ་བར་སྟོན་པར་བྱེད་པ་ཡིན་ནོ་ཞེས་སེམས་དང་བ་ནི་དང་བ་ཞེས་བྱའོ། །དགེ་འདུན་ཞེས་བྱ་བ་ལ་དགེ་འདུན་ཡང་སྐྱེས་བུ་གང་ཟག་བརྒྱད་ལ་བྱ་སྟེ། བདུད་ལ་སོགས་པས་མི་ཕྱེད་པ་དང༌། མུ་སྟེགས་ལ་སོགས་པས་


DTG137_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་འདི་ལས་བཟློག་ནས། བིཥྞུ་ལ་སོགས་པའི་བསྟན་པ་གཞན་ལ་གཞག་པར་མི་ནུས་པས་ན་གང་ཟག་བརྒྱད་པོ་ལ་དགེ་འདུན་ཞེས་བྱའོ། །དགེ་འདུན་དེ་དག་ཀྱང་འཁོར་བའི་རྫབ་ལས་བརྒལ་བ་དང་འཁོར་བའི་རྫབ་ལས་བརྒལ་བར་འགྱུར་བའི་ལམ་ལ་གནས་པ་བསོད་ནམས་ཀྱི་ཞིང་དུ་གྱུར་བའོ་ཞེས་སེམས་དང་བ་ནི་དད་པ་ཞེས་བྱའོ། །དེ་ལྟར་ན་དད་པ་འདི་རྣམ་པ་གསུམ་དུ་འཇུག་སྟེ། ཡོད་པའི་དངོས་པོ་ལ་མངོན་པ་ཡིད་ཆེས་པའི་རྣམ་པར་འཇུག་པ་དང༌། ཡོན་ཏན་དང་ལྡན་པ་ལ་དང་པའི་སེམས་རྣམ་པར་འཇུག་པ་དང༌། ཡོན་ཏན་དང་ལྡན་ཞིང་ཡོད་པ་ཐོབ་པར་བྱ་བ་དང༌། སྐྱེད་པར་ནུས་པའི་དངོས་པོ་ལ་འདོད་པའི་རྣམ་པར་འཇུག་གོ །དེ་ལ་ལས་དང་ལས་ཀྱི་འབྲས་བུ་དང་བདེན་པ་བཞི་ནི་ཡོད་པའི་དངོས་པོ་ཞེས་བྱ་སྟེ། ཡོད་པ་ལ་ཡོད་པ་ཉིད་དུ་ཡིད་ཆེས་པ་ནི་ཡོད་པའི་དངོས་པོ་ལ་མངོན་པར་ཡིད་ཆེས་པའི་རྣམ་པར་འཇུག་པ་ཞེས་བྱའོ། །དཀོན་མཆོག་གསུམ་ནི་ཡོན་ཏན་དང་ལྡན་བ་ཞེས་བྱ་སྟེ། དེ་ལ་ཡང་ཡོན་ཏན་དང་ལྡན་པ་ཉིད་དུ་སེམས་དགའ་བ་ནི་ཡོན་ཏན་དང་ལྡན་པ་ལ་སེམས་དང་བར་འཇུག་པའི་རྣམ་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་ཡོན་ཏན་དང་ལྡན་ཞིང་ཐོབ་པར་བྱ་ནུས་པ་ཡིན་ལ། དེའི་ལམ་ནི་བསྒྲུབ་པར་བྱ་ནུས་པ་ཡིན་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཐོབ་པར་བྱ། ལམ་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེས་འདོད་པ་སྐྱེས་པ་ནི་མངོན་པར་འདོད་པའི་རྣམ་པར་རིན་པོ་ཆེ་འཇུག་པ་ཞེས་བྱའོ། །དད་པའི་ཡོན་ཏན་བསྟན་པའི་ཕྱིར་ཏེ། སེམས་དང་བའོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་དངས་པར་བྱེད་པའི་ནོར་བུ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་ཆུ་རྙོག་པ་དངས་པར་བྱེད་པ་དེ་བཞིན་དུ་དངས་པ་ཞེས་བྱ་བའི་སེམས་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་འདི་སེམས་ཀྱི་རྒྱུད་ལ་བྱུང་བ་ན་སེམས་ལ་ཡོད་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་རྙོག་པ་དངས་ཤིང་གསལ་བར་བྱེད་པས་ན་སེམས་དང་བ་ཞེས་བྱའོ། །སྨྲས་པ། ཡིད་ཆེས་ཤིང་དང་བ་ཞེས་བྱ་བ་སྨོས་པས་ཆོག་མོད་སེམས་ཞེས་བྱ་བའི་སྒྲ་སྨོས་ཇི་དགོས། སྨྲས་པ། དངས་པ་ནི་གཟུགས་ཅན་གྱི་ཆོས་ཤེལ་དང་མེ་ལོང་ལ་སོགས་པ་ཡང་ཡོད་པས།


DTG137_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་སྨོས་ན་དེ་དག་ལ་དང་བ་ཡིན་ནོ་སྙམ་དུ་འཛིན་པ་འབྱུང་བའི་ཕྱིར་སེམས་དང་བ་ཞེས་བྱ་བ་སྨོས་ཏེ། མེ་ལོང་ལ་སོགས་པ་དེ་དག་ནི་གཟུགས་དང་བའི་རང་བཞིན་ཡིན་གྱི། དད་པ་ནི་སེམས་དང་བའི་རང་བཞིན་ནོ། །དེའི་ལས་ནི་འདོད་པའི་རྟེན་བྱེད་པ་སྟེ། དད་པ་ཡོད་ན་འདོད་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ངོ་ཚ་ཤེས་པའི་རང་བཞིན་བསྟན་པའི་ཕྱིར། ངོ་ཚ་ཤེས་པ་གང་ཞེ་ན་ཞེས་དྲིས་ཏེ། ངོ་ཚ་ཤེས་པའི་རང་བཞིན་དང་མཚན་ཉིད་གང་ཞེན་ཞེས་དྲིས་བའི་དོན་ཏོ། །དེའི་ལན་དུ། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་ངོ་ཚ་བའོ། །ཞེས་བྱ་བ་སྨོས་ཏེ། འཕགས་པ་རྣམས་ཀྱིས་སྨད་པ་དང༌། སེམས་ཅན་དམྱལ་བ་ལ་སོགས་པར་འབྲས་བུ་ཡིད་དུ་མི་འོང་བ་རྣམ་པར་སྨིན་པར་འགྱུར་བས་ན་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་ལ་ཁ་ན་མ་ཐོ་བ་ཞེས་བྱའོ། །ཡང་ན་མཁན་པོའམ། སློབ་དཔོན་ནམ་སྐྱེས་བུ་དམ་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་འོས་ཤིང་བརྗོད་དུ་མི་རུང་བའི་སྡིག་པའི་ལས་ལ་ཁ་ན་མ་ཐོ་བ་ཞེས་བྱའོ། །སྡིག་པའི་ལས་དེ་བྱས་ཀྱང་རུང་མ་བྱས་ཀྱང་རུང་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་གང་སེམས་བག་འཁུམས་པར་གྱུར་པ་དེ་ནི་ངོ་ཚ་ཤེས་པ་ཞེས་བྱའོ། །དེ་ལ་བདག་གི་དབང་དུ་བྱས་ཞེས་བྱ་བ་ནི་བདག་ལ་ལྟོས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བདག་ལ་ལྟོས་ཤེ་ན། སྡིག་པའི་དངོས་པོ་དེ་ལ་འདི་ལྟར་དཔྱོད་དོ། །ལས་ངན་པ་འདི་ནི་འཕགས་པ་དང་སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་ཡིན་ལ་བདག་ཀྱང་ཆོ་རིགས་འདི་ལྟ་བུ་ལས་བྱུང་བ་ཡིན་ལ། མཁས་ཤིང་ཤེས་པ་ཡིན་པས་འདི་བདག་གིས་བྱ་བའི་མི་རིགས་སོ་སྙམ་ནས་སྡིག་པའི་ལས་ལ་སེམས་བག་འཁུམས་པ་ནི་བདག་གི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བའོ། །ཇི་ལྟར་ཆོས་ཀྱི་དབང་དུ་བྱས་ནས། ཁ་ན་མ་ཐོ་བས་ངོ་ཚབ་ཡིན་ཞེ་ན། སྡིག་པའི་དངོས་པོ་འདི་བྱས་ན་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ཡིད་དུ་མི་འོང་བ་སྨིན་པར་འགྱུར་བར་གསུང་རབ་དང་ཆོས་ཀྱི་ལུགས་ལས་ཀྱང་འབྱུང་སྟེ། འདི་སྤྱད་ན་ཆོས་ཀྱི་ལུགས་དང་འགལ་བས་མི་རིགས་སོ་སྙམ་ནས་སེམས་བག་ལ་ཁུམས་པར་འགྱུར་བ་ནི་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བའོ། །འདིའི་


DTG137_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ལོག་པར་སྤྱོད་པ་ལས་སྡོམ་པའི་རྟེན་བྱེད་པ་སྟེ། ངོ་ཚ་ཤེས་པ་ཡོད་ན་སྡིག་པ་ལས་སྡོམ་ཞིང་སྡིག་པའི་ལས་མི་བྱེད་པའི་ཕྱིར་རོ། །ཁྲེལ་ཡོད་པའི་རང་བཞིན་བསྟན་པའི་ཕྱིར། ཁྲེལ་ཡོད་པ་གང་ཞེ་ན་ཞེས་དྲིས་ཏེ། ཁྲེལ་ཡོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བའོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་དབང་དུ་བྱས་ནས་ཞེས་བྱ་བ་འདི་ནི་འཇིག་རྟེན་གྱི་དབང་དུ་བྱ་བ་ལ་ལྟོས་ནས་ཞེས་བྱ་བའི་དོན་ཏོ། ཇི་ལྟར་འཇིག་རྟེན་ལ་ལྟོས་ཤེ་ན། ལས་འདི་བྱས་ན་འཇིག་རྟེན་པས་སྨད་པ་དང༌། བརྡེག་ན་ལོག་པར་སྤྱོད་པ་སྡོམ་པའི་རྟེན་བྱེད་པའོ། །མ་ཆགས་པའི་ལས་འདི་བྱས་ན་བདག་ལ་འདི་འཇིག་རྟེན་པ་རྣམས་སྨོད་པ་དང༌། བཅིང་བ་དང༌། བརྡེག་པ་ལ་སོགས་པ་བྱེད་དུ་འོང་ངོ་སྙམ་ནས། གང་སེམས་བག་འཁུམས་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ནས། ཁ་ན་མ་ཐོ་བས་ངོ་ཚ་བའོ། །འདིའི་ལས་ཀྱང་ལོག་པར་སྤྱོད་པ་ལ་སྡོམ་པའི་རྟེན་བྱེད་པ་སྟེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པར་གྱུར་ན་སྡིག་པའི་ལས་མ་བྱས་ན་ནི་མི་བྱེད་ལ། བྱས་ན་ཡང་ཕྱིན་ཆད་ཀྱང་མི་བྱེད་པར་སྡོམ་པས་ན་ལོག་པར་སྤྱོད་པ་སྡོམ་པའི་རྟེན་བྱེད་པའོ། །མ་ཆགས་པའི་རང་བཞིན་བསྟན་པའི་ཕྱིར། མ་ཆགས་པ་གང་ཞེ་ན་ཞེས་དྲིས་ཏེ། མ་ཆགས་པའི་རང་བཞིན་དང༌། མཚན་ཉིད་དང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་མ་ཆགས་པའི་དོན་ནི་རྣམ་པ་གསུམ་དུ་འཇུག་སྟེ། མེད་པ་དང༌། གཞན་དང་གཉེན་པོ་རྣམས་སོ། །མེད་པ་ནི་དཔེར་ན་གྲགས་པ་མེད་པ་ཙམ་ལ་མ་གྲགས་ཞེས་བྱ་བ་བཞིན་དུ་ཆགས་པ་མེད་པ་ཙམ་ལ་མ་ཆགས་པ་ཞེས་བྱའོ། །དོན་གཞན་དུ་འཇུག་པ་ནི་འདི་ལྟར་ཆགས་པ་ལས་གཞན་པ་ནི་ཞེ་སྡང་སྟེ། ཞེ་སྡང་བ་ལ་ཡང་མ་ཆགས་པ་ཞེས་བྱའོ། །གཉེན་པོའི་དོན་དུ་འཇུག་པ་ནི་ཆགས་པའི་གཉེན་པོར་གྱུར་པ་ལ་མ་ཆགས་པ་ཞེས་བྱ་སྟེ། འདིར་ནི་གཉེན་པོའི་དོན་དུ་འགྱུར་བར་རིག་པར་བྱའོ། །དེ་བས་ན་ལན་དུ། ཆགས་པའི་གཉེན་པོ་སྟེ། སྐྱོ་ཞིང་མི་ལེན་པའོ་ཞེས་བྱ་བ་སྨོས་ཏེ། ཆགས་པ་སྔར་བཤད་ན། མ་ཆགས་པ་ཁོང་དུ་


DTG137_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་སླ་བར་འགྱུར་བས་ན། ཆགས་པ་ཇ་བཤད་པར་བྱའོ། །དེ་ལ་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཞེན་པ་ནི་ཆགས་པའོ། །སྲིད་པ་ཞེས་བྱ་བ་ནི་འཁོར་བའི་ཕུང་པོ་ལྔ་ལ་བྱའོ། །སྲིད་པའི་ལོངས་སྤྱོད་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་བྱའོ། །མ་ཆགས་པ་ནི་སྲིད་པ་དང༌། སྲིད་པའི་ལོངས་སྤྱོད་ལ་ཞེན་པ་མེད་པའོ། །དཔེར་ན་མེའི་གཉེན་པོ་ཆུ་ཡིན་བས་ཆུ་བྱུང་ན་མེ་མེད་པར་འགྱུར་བ་དང༌། མུན་པའི་གཉེན་པོ་སྣང་བ་ཡིན་པས་སྣང་བ་བྱུང་ན་མུན་པ་མེད་པར་འགྱུར་བ་བཞིན་དུ་མ་ཆགས་པ་བྱུང་ན་ཆགས་པ་མེད་པར་འགྱུར་བས་ཆགས་པའི་གཉེན་པོ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར་སྐྱོ་ཞིང་མི་ལེན་པའི་ཚིག་སྨོས་ཏེ། སྲིད་པ་དང་སྲིད་པའི་ལོངས་སྤྱོད་ཀྱི་སྐྱོན་སྐྱེ་བ་དང༌། རྒ་བའི་ཆོས་ཅན་ཡིན་པར་རིག་ནས་དེ་ལ་ཡིད་འབྱུང་བ་ནི་སྐྱོ་བ་ཞེས་བྱའོ། །དེ་ལྟར་ཡིད་བྱུང་བར་གྱུར་ནས་སྲིད་པ་དང་སྲིད་པའི་ལོངས་སྤྱོད་མི་སྡུད་ཅིང་དེ་དང་བྲལ་བར་འདོད་ཀྱི་ཕྲད་པར་འདོད་པ་མི་འབྱུང་ཞིང་ཆགས་པ་དང་ཞེན་པ་མེད་པ་ནི་མི་ལེན་པ་ཞེས་བྱའོ། །འདིའི་ལས་ཀྱང་ལོག་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ། སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་མ་ཆགས་ན་དེའི་དོན་དུ་སྡིག་པའི་ལས་མི་བྱེད་པའི་ཕྱིར་རོ། །ཞེ་མི་སྡང་བའི་རང་བཞིན་བསྟན་པའི་ཕྱིར། ཞེ་མི་སྡང་བ་གང་ཞེ་ན་ཞེས་དྲིས་ཏེ་ཞེ་མི་སྡང་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །འདིར་ཡང་ཞེ་སྡང་གི་གཉེན་པོར་གྱུར་པ་ལ་ཞེ་མི་སྡང་བ་ཞེས་བྱ་བའི་དོན་དུ་བལྟའོ། །ལན་དུ་ཞེ་སྡང་གི་གཉེན་པོ་སྟེ་བྱམས་པའོ་ཞེས་བྱ་བ་སྨོས་ཏེ། ཞེ་སྡང་སྔར་བཤད་ན་ཞེ་མི་སྡང་བ་ཁོང་དུ་ཆུད་སླ་བས་ཞེ་སྡང་ཇེ་བཤད་པར་བྱའོ། །དེ་ལ་སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་སེམས་པ་ནི་ཞེ་སྡང་ངོ༌། །སེམས་ཅན་ནི་དགྲ་ལ་སོགས་པའོ། །སྡུག་བསྔལ་གྱི་གནས་ནི་མཚོན་ཆ་དང༌། དུག་དང༌། ཚེར་མ་ལ་སོགས་པའོ། །གནོད་པར་སེམས་པ་ནི་གསད་པར་བྱ་བར་སེམས་པའོ། །ཞེ་མི་སྡང་བ་ནི་སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་མི་སེམས་པ་སྟེ། སྣང་བ་བྱུང་ན་མུན་པ་བྱུང་བ་མེད་པར་འགྱུར་བ་བཞིན་དུ་ཞི་མི་སྡང་བ་བྱུང་ན་ཞེ་སྡང་མེད་པར་འགྱུར་བས་ན། ཞེ་སྡང་གི་གཉེན་པོ་ཞེས་བྱའོ། །དེའང་དངོས་སུ་བྱམས་པ་ལ་བྱ་སྟེ། སེམས་ཅན་ལ་


DTG137_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་འདོགས་པའི་རྣམ་པར་ཞུགས་པའི་བྱམས་པ་ལ་ཞེ་མི་སྡང་བ་ཞེས་བྱའོ། །ཡང་ན་ཞེ་མི་སྡང་བ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ལ། ཞེ་སྡང་གི་གཉེན་པོ་ནི་གཞན་ཡང་ཡོད་པར་བསྟན་པའི་ཕྱིར་བྱམས་པ་སྨོས་ཏེ། སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་མི་སེམས་པའི་ཞེ་མི་སྡང་བ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ལ། སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་ཞུགས་པའི་བྱམས་པ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ནོ། །འདིའི་ལས་ཀྱང་ངན་པར་སྤྱོད་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ། ཞེ་མི་སྡང་བ་ཡོད་ན་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་ལ་མི་འཇུག་པའི་ཕྱིར་རོ། །གཏི་མི་མུག་པའི་རང་བཞིན་བསྟན་པའི་ཕྱིར་རོ། །གཏི་མི་མུག་པ་གང་ཞེ་ན་ཞེས་དྲིས་ཏེ། གཏི་མི་མུག་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། གཏི་མུག་གི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་ཏེ། གཏི་མུག་སྔར་བཤད་ན། གཏི་མི་མུག་པ་བརྡ་ཕྲད་པར་སླ་བར་འགྱུར་བའི་ཕྱིར་གཏི་མུག་ཇེ་བཤད་པར་བྱའོ། །དེ་ལ་བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སོགས་པ་མི་ཤེས་པ་ནི་གཏི་མུག་ཅེས་བྱའོ། །བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སོགས་པ་ཤེས་པ་ནི་གཏི་མི་མུག་པ་སྟེ། སྣང་བ་བྱུང་ན་མུན་པ་མེད་པར་འགྲོ་བ་བཞིན་དུ་གཏི་མི་མུག་པ་སྐྱེས་ན་གཏི་མུག་མེད་པར་འགྲོ་བས་གཏི་མུག་གི་གཉེན་པོ་ཞེས་བྱའོ། །དགེ་བའི་ཆོས་ཐམས་ཅད་ཀྱང་གཏི་མུག་གི་གཉེན་པོ་ཡིན་པས་དགེ་བའི་ཆོས་ཀུན་ལ་གཏི་མི་མུག་པ་ཡིན་ནོ་སྙམ་དུ་འཛིན་པ་དགག་པའི་ཕྱིར། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་བྱའོ། །ཡང་དག་པར་རྟོགས་པ་ནི་བདེན་པ་བཞིའི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། དགེ་བའི་ཆོས་ཀུན་གཏི་མུག་གི་གཉེན་པོ་ཡིན་མོད་ཀྱི་དེ་དག་ལ་གཏི་མི་མུག་པ་ཞེས་མི་བྱའི། གང་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ལ་གཏི་མུག་གི་གཉེན་པོ་ཞེས་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་དང་སོ་སོར་རྟོག་པའོ། །


DTG137_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡེ་ཤེས་ཀྱང་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་དང༌། རྟོགས་པ་དང༌། བསམས་པ་དང༌། ཆུད་པའོ། །དེ་ལ་གང་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་ནི་རྣམ་པར་སྨིན་པའི་ཡེ་ཤེས་ཞེས་བྱའོ། །གང་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །བསམས་པ་ལས་བྱུང་བའི་ཤེས་རབ་ནི་བསམས་པའི་ཡེ་ཤེས་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ཆུང་པའི་ཡེ་ཤེས་ཞེས་བྱའོ། །སོ་སོར་རྟོག་པ་ཡང་བརྩོན་འགྲུས་དང་ལྡན་པའི་ཤེས་རབ་བམ། ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་ལ་བྱ་སྟེ། དེའི་མཐུས་ཉོན་མོངས་པའི་ས་བོན་རྩ་ནས་མ་བཏོན་མ་བཅོམ་དུ་ཟིན་ཀྱང་ཉོན་མོངས་པ་རྣམས་སྐྱེ་བའི་སྐབས་མི་འབྱེད་པ་ནི་སོ་སོར་རྟོག་པ་ཞེས་བྱའོ། །དོན་དུ་ན་འཕགས་པའི་བདེན་པ་བཞི་རང་དང་སྤྱིའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་བཞི་དང༌། སོ་སོར་རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ལ་གཏི་མི་མུག་པ་ཞེས་གདགས་སོ། །སྨྲས་པ། ཤེས་རབ་ལ་གཏི་མི་མུག་པ་ཞེས་བྱ་ན། ཤེས་རབ་ནི་ལྔ་ཡུལ་སོ་སོར་ངེས་པའི་སྐབས་སུ་བཤད་ཟིན་པས། ད་ཡང་བཟླས་ཏེ་བཤད་ཅི་དགོས། སྨྲས་པ། དེར་ནི་ཤེས་རབ་ཀྱི་མཚན་ཉིད་སྤྱིར་བཤད་པ་དང༌། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་རབ་དེ་དགེ་བ་ཞིག་ཡིན་ནམ་མི་དགེ་བ་ཞིག་ཡིན་ནམ། ལུང་དུ་མ་བསྟན་པ་ཞིག་ཡིན་པ་དམིགས་ཀྱིས་ཕྱེ་སྟེ་མ་བསྟན་ཏོ། །ད་འདིར་ནི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་ཤེས་རབ་དེ་དགེ་བའི་ནང་དུ་གཏོགས་པར་བསྟན་པའི་ཕྱིར་གཏི་མི་མུག་པའི་སྒྲར་བཏགས་ནས་དགེ་བ་བཅུ་གཅིག་གི་ནང་དུ་བཤད་དོ། །དེའི་ལས་ཀྱང་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ། གཏི་མུག་མེད་པའི་གང་ཟག་རྣམས་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ལ་མི་འཇུག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་རང་བཞིན་བསྟན་པའི་ཕྱིར། བརྩོན་འགྲུས་གང་ཞེ་ན་ཞེས་དྲིས་ཏེ། བརྩོན་འགྲུས་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ལེ་ལོའི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ལེ་ལོ་སྔར་བསྟན་ན་བརྩོན་འགྲུས་རྟོགས་པར་སླ་བར་འགྱུར་བས་ལེ་ལོ་ཇེ་བཤད་པར་བྱའོ། །དེ་ལ་ལེ་ལོ་རྣམ་པ་གཉིས་ཏེ། སྨད་པའི་དངོས་པོ་ལ་སྤྲོ་བའི་


DTG137_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་དང༌། སྙོམ་ལས་ཀྱི་མཚན་ཉིད་ཀྱི་ལེ་ལོའོ། །དེ་ལ་སྨད་པའི་དངོས་པོ་ལ་བརྩོན་པའི་ལེ་ལོ་ནི་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་བྱ་བ་ལ་བརྩོན་པ་སྟེ། དེ་ལ་ཡང་ལེ་ལོ་ཞེས་བྱའོ། །སྙོམ་ལས་ཀྱི་མཚན་ཉིད་ཀྱི་ལེ་ལོ་ནི་འཕྲེས་པ་དང༌། ཉལ་བ་ལ་སོགས་པ་ལ་དགའ་ཞིང་དགེ་བ་དང་མི་དགེ་བ་གང་ལ་ཡང་སེམས་འཇུག་པར་མི་སྤྲོ་བ་སྟེ། དེ་ལ་ཡང་ལེ་ལོ་ཞེས་བྱའོ། །བརྩོན་འགྲུས་ཡོད་ན་ལེ་ལོ་རྣམ་པ་གཉིས་མེད་པར་འགྱུར་བས་བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་ཞེས་བྱའོ། །སྨད་པ་ལ་སྤྲོ་བའི་ལེ་ལོ་དང༌། སྙོམ་ལས་ཀྱི་མཚན་ཉིད་ཀྱི་ལེ་ལོ་གཉི་ག་ཡང་ལེ་ལོ་ཉིད་ཡིན་གྱི་བརྩོན་འགྲུས་མ་ཡིན་པ་དང༌། བརྩོན་འགྲུས་ཀྱི་མཚན་ཉིད་གང་ཡིན་པ་བསྟན་པའི་ཕྱིར་རོ། །དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་བྱ་བ་སྨོས་ཏེ། གང་མཉན་པ་དང་བསམ་པ་ལ་སོགས་པ་དགེ་བའི་ལས་བྱ་བ་ལ་ཞུགས་ནས་སེམས་ནུར་བ་དང་ལྡོག་པ་མེད་པ་ནི་བརྩོན་འགྲུས་ཞེས་བྱའོ། །དེ་བས་ན་མི་དགེ་བའི་ཆོས་ལ་སེམས་སྤྲོ་བ་ནི་ངན་པར་སྤྱོད་པ་ལ་ཞུགས་པས་ལེ་ལོ་ཉིད་ཅེས་བྱ་བའི་བརྩོན་འགྲུས་ཞེས་མི་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་གསུང་རབ་འདི་ལས་གཞན་པ་གང་ཕྱི་རོལ་པ་རྣམས་ཀྱི་བརྩོན་འགྲུས་ནི་ལེ་ལོ་ཉིད་དོ་ཞེས་གསུངས་སོ། །དེའི་ལས་ནི་དགེ་བའི་ཕྱོགས་རྫོགས་པར་བྱེད་པ་དང༌། འགྲུབ་པར་བྱེད་པ་སྟེ། བརྩོན་འགྲུས་ཡོད་ན་དགེ་བའི་ཕྱོགས་འགྲུབ་པ་དང་རྫོགས་པར་འགྱུར་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པའི་རང་བཞིན་བསྟན་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་གང་ཞེ་ན་ཞེས་དྲིས་ཏེ། ཤིན་ཏུ་སྦྱངས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་གནས་ངན་ལེན་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ཤེས་བྱའི་སྒྲིབ་པའི་ས་བོན་ལ་བྱའོ། །དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་ནི་ཉན་ཐོས་རྣམས་ལ་སྒྲིབ་པོ། །ཤེས་བྱའི་སྒྲིབ་པའི་ས་བོན་ནི་བྱང་ཆུབ་སེམས་དཔའ་ལ་སྒྲིབ་པོ། །ཤིན་ཏུ་སྦྱངས་ཞེས་བྱ་བ་ནི་ལུས་དང་སེམས་ལས་སུ་རུང་བ་ལ་བྱ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་དང་བྲལ་ན་ལུས་ལས་སུ་


DTG137_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་དང་སེམས་ལས་སུ་རུང་བ་འབྱུང་བས་ཤིན་ཏུ་སྦྱངས་བ་ནི་གནས་ངན་ལེན་གྱི་གཉེན་པོ་ཡིན་ནོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི། ལུས་དང་སེམས་ལས་སུ་རུང་བ་སྟེ། ལུས་ལས་སུ་རུང་བ་ནི་དགེ་བའི་ཕྱོགས་བསྒྲུབ་པར་བྱ་བ་ལ་མྱུར་དུ་འགྲུབ་པར་བྱེད་ཅིང་ལུས་ཟོ་མདོག་བདེ་ཞིང། ལྕི་བ་མེད་བའོ། །སེམས་ལས་སུ་རུང་བ་ནི་རྣལ་འབྱོར་ཡིད་ལ་བྱེད་པའི་ཚེ། སེམས་མི་གསལ་བ་མེད་ཅིང་དམིགས་པའི་ཡུལ་ལ་སེམས་ཐོགས་པ་མེད་པར་འཇུག་པའོ། །སྨྲས་པ། ལུས་ལས་སུ་རུང་བ་ནི་རེག་བྱའི་ཁྱད་པར་ཡིན་ཏེ། རེག་བྱའི་ཁྱད་པར་ནི་ཡང་ན་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན། ཡང་ན་རྒྱུར་བྱས་པའི་གཟུགས་ཀྱི་རང་བཞིན་ཡིན་ལ། འདིར་ནི་སེམས་ལས་བྱུང་བ་ཤིན་ཏུ་སྦྱངས་པ་བཤད་པའི་སྐབས་ཡིན་ན། ལུས་ཀྱི་རེག་བྱའི་ཁྱད་པར་ལ་ཇི་ལྟར་ན་ཤིན་ཏུ་སྦྱངས་པ་ཞེས་བྱ། སྨྲས་པ། ལུས་ཀྱི་རེག་བྱ་ལུས་ལས་སུ་རུང་བ་དེ་སེམས་ལས་སུ་རུང་བ་མ་ཡིན་དུ་ཟིན་ཀྱང་ལུས་ལས་སུ་རུང་བ་དེས་རྒྱུ་བྱས་ནས་སེམས་ལས་སུ་རུང་བ་སྐྱེད་པས་ན། རྒྱུ་ལུས་ལ་སེམས་ཤིན་ཏུ་སྦྱངས་པའི་མིང་བཏགས་ནས་ལུས་ལ་ཤིན་ཏུ་སྦྱངས་པ་ཞེས་བཤད་དོ། །འདིའི་ལས་ཀྱང་དེའི་དབང་གིས་གནས་འཕོས་པ་རྙེད་ཅིང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤྱོད་པའོ། །ཤིན་ཏུ་སྦྱངས་པ་ཡོད་ན་སྔོན་ལུས་དང་སེམས་ལས་སུ་མི་རུང་བ་ལས། ཕྱིས་ལུས་དང་སེམས་ལས་སུ་རུང་བའི་མཚན་ཉིད་དུ་གནས་འཕོས་པ་རྙེད་ནས། ལུས་དང་སེམས་ལས་སུ་རུང་བའི་གནས་འཕོས་ནས་ལས་སུ་རུང་བའི་མཐུས་ཉོན་མོངས་པའི་སྒྲིབ་ཕ་མ་ལུས་པར་སྤོང་བར་འགྱུར་བའི་ཕྱིར་རོ། །བག་ཡོད་པའི་རང་བཞིན་བསྟན་པའི་ཕྱིར། བག་ཡོད་པ་གང་ཞེ་ན་ཞེས་དྲིས་ཏེ། བག་ཡོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། བག་མེད་པའི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་བག་མེད་པ་སྔར་བསྟན་ན་བག་ཡོད་པ་བརྡ་ཕྲད་པར་སླ་བར་འགྱུར་བས་བག་མེད་པ་ཇི་བསྟན་ཏོ། །འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོ་ལ་བརྟེན་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་སེམས་འཇུག་པ་སྲུང་ཞིང༌། དེའི་གཉེན་པོ་དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་མི་སྒོམ་པ་ནི་བག་


DTG137_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་བྱའོ། །ཉོན་མོངས་པ་ལ་སེམས་འཇུག་པ་སྲུང་བར་བྱེད་ཅིང་དེའི་གཉེན་པོ་དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་སྒོམ་པ་ནི་བག་ཡོད་པ་ཞེས་བྱ་སྟེ། བག་ཡོད་པ་སྐྱེས་ན་བག་མེད་པར་མི་འགྱུར་བའི་ཕྱིར་བག་ཡོད་པ་ནི་བག་མེད་པའི་གཉེན་པོར་བཤད་དོ། །བག་ཡོད་པའི་གཞི་དང༌། རྒྱུ་དང༌། དེའི་རང་བཞིན་བསྟན་པའི་ཕྱིར། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དུ་དེ་དག་ལ་གནས་ཏེ་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་སྒོམ་པའོ་ཞེས་བྱ་བ་སྨོས་ཏེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དུ་ཞེས་བྱ་བ་ནི་མ་ཆགས་པ་དང། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང༌། བརྩོན་འགྲུས་དང་བཞིའོ། །དེ་དག་ལ་གནས་ཏེ་ཞེས་བྱ་བ་ནི་ཆོས་གོང་མ་བཞི་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏེ། མ་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་གསུམ་ནི་བག་ཡོད་པའི་རྒྱུའོ། །བརྩོན་འགྲུས་ནི་བག་ཡོད་པའི་གཞིའོ། །མི་དགེ་བའི་ཆོས་སྤོང་བ་ཞེས་བྱ་བ་ལ། མི་དགེ་བའི་ཆོས་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པའི་ཆོས་དང༌། ཟག་པའི་གནས་ཀྱི་ཡུལ་ལོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཆོས་རྣམས་སོ། །ཟག་པའི་གནས་ཀྱི་ཡུལ་ནི་གཟུགས་དང། སྒྲ་དང༌། དྲི་དང༌། རོ་ལ་སོགས་པའོ། །ཟག་པ་དང་བཅས་པའི་ཆོས་རྣམས་རྣམ་པར་སེལ་བ་དང༌། རྣམ་པར་འཇོམས་པ་དང་ས་བོན་ཡང་དག་པར་འདོན་པར་བྱེད་པ་ནི་མི་དགེ་བའི་ཆོས་སྤོང་བ་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་བཅིལ་བ་ནི་རྣམ་པར་སེལ་བའོ། །མཐོང་བའི་ལམ་གྱིས་ཉོན་མོངས་པ་སྤངས་པ་ནི་རྣམ་པར་འཇོག་པའོ། །བསྒོམ་པའི་ལམ་གྱིས་ཉོན་མོངས་པ་བག་ལ་ཉལ་ཚུན་ཆང་སྤངས་པ་ནི་ས་བོན་ཡང་དག་པར་འདོན་པ་ཞེས་བྱའོ། །ཟག་པའི་གནས་ཀྱི་ཡུལ་རྣམས་ཀྱང་མི་བསྙེན་པར་ཐག་བསྲིངས་ཏེ་བཏང་བ་ནི་སྤོང་བའོ། །དེའི་གཉེན་པོ་དགེ་བའི་ཆོས་རྣམས་བསྒོམ་པ་ཞེས་བྱ་བ་ལ་ནི་དེའི་སྒྲ་མི་དགེ་བའི་ཆོས་དང་སྦྱར་ཏེ། མི་དགེ་བའི་ཆོས་དེ་དག་གི་གཉེན་པོ་ཞེས་བྱ་བའི་དོན་ཏོ། །མི་དགེ་བའི་ཆོས་ཀྱི་གཉེན་པོ་ཡང་དགེ་བ་སྟེ། དེའང་ཟག་པ་དང་བཅས་པའི་དགེ་བ་དང༌། ཟག་པ་མེད་པའི་དགེ་བ་སྟེ་རྣམ་པ་


DTG137_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །དེ་ལ་དད་པ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ནི་ཟག་པ་དང་བཅས་པའི་དགེ་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་བོ་ནི་ཟག་པ་མེད་པའི་དགེ་བའོ། །བསྒོམ་པ་ཞེས་བྱ་བ་ནི་ཆོས་དེ་དག་ལ་འདྲིས་པར་བྱེད། ཡང་ནས་ཡང་དུ་ཆོས་དེ་དག་མངོན་སུམ་དུ་བྱེད་པ་སྟེ། མི་དགེ་བའི་ཆོས་སྤོང་ཞིང་དགེ་བའི་ཆོས་ལ་གོམས་པར་བྱེད་པ་ནི་བག་ཡོད་པའི་རང་བཞིན་ནོ། །དེའི་ལས་ཀྱང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ནི་ལྷ་དང་མིར་སྐྱེས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནི། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བཏང་སྙོམས་ཀྱི་རང་བཞིན་བསྟན་པའི་ཕྱིར། བཏང་སྙོམས་གང་ཞེ་ན་ཞེས་དྲིས་ཏེ། བཏང་སྙོམས་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་བཏང་སྙོམས་རྣམ་པ་གསུམ་སྟེ། ཚོར་བ་བཏང་སྙོམས་དང༌། ཚད་མེད་པ་བཏང་སྙོམས་དང་འདུ་བྱེད་ཀྱི་བཏང་སྙོམས་སོ། །ཚོར་བ་རྣམ་པ་གསུམ་ལས་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ནི་ཚོར་བ་བཏང་སྙོམས་ཞེས་བྱའོ། །བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཞེས་སྨོས་པ་ལ་འཇུག་གི་བཏང་སྙོམས་ཞེས་སྨོས་པ་ནི་ཚད་མེད་པའི་བཏང་སྙོམས་ཏེ། དེའང་གང་ལ་འང་ཆགས་པ་མེད་པ་སུ་ལ་ཡང་ཞེ་སྡང་བ་མེད་པའི་མཚན་ཉིད་དོ། །རྣལ་འབྱོར་ཡིད་ལ་བྱེད་པ་ན་ཞུམ་རྒོད་གཉིས་སྤངས་ན་སེམས་ལྷུན་གྱིས་གྲུབ་པར་འཇུག་པ་ནི་འདུ་བྱེད་ཀྱི་བཏང་སྙོམས་ཞེས་བྱ་སྟེ། འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་བཤད་པར་རིག་པར་བྱའོ། །དེའི་ལན་དུ་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དུ་དེ་དག་ཉིད་ལ་གནས་ཤིང་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བག་ཡོད་པའི་རྒྱུ་དང། གཞི་མ་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང་བརྩོན་འགྲུས་ཡིན་པ་དེ་བཞིན་དུ། བཏང་སྙོམས་ཀྱི་རྒྱུ་དང༌། གཞི་ཡང་མ་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང༌། བརྩོན་འགྲུས་ཡིན་ཏེ། དེ་དག་ཉིད་ལ་གནས་ཞེས་བྱ་བ་ནི་ཆོས་དེ་


DTG137_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་བརྟེན་ནས་བཏང་སྙོམས་འབྱུང་ཞེས་བྱ་བའི་དོན་ཏོ། །ཆོས་དེ་བཞི་ལ་བརྟེན་ནས་བཏང་སྙོམས་འབྱུང་ན་ཅི་ཞིག་འབྱུང༌། ཅི་འཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་སེམས་མཉམ་པ་དང་སེམས་ཞི་བ་དང་རྣལ་དུ་བབ་པ་དང་སེམས་ལྷུན་གྱིས་གྲུབ་པ་ཡང་འཐོབ་པ་སྟེ་ཞེས་བྱ་བ་སྨོས་ཏེ། ཚིག་དེ་གསུམ་གྱིས་བཏང་སྙོམས་ཀྱི་དང་པོའི་གནས་དང་བར་གྱི་གནས་དང་ཐ་མའི་གནས་བསྟན་ཏོ། །དེ་ལ་ཞུམ་པ་དང་རྒོད་པ་ནི་སེམས་མཐོ་བའམ་དམའ་བར་བྱེད་པས་ན་མི་མཉམ་པ་ཞེས་བྱའོ། །དེ་ལ་དང་པོར་ཞུམ་པ་དང༌། རྒོད་པ་སྤངས་ནས་སེམས་མཐོན་དམན་མེད་པར་གྱུར་པ་ནི་སེམས་མཉམ་པ་སྟེ། དེས་བཏང་སྙོམས་ཀྱི་དང་པོའི་གནས་བསྟན་ཏོ། །དེར་ཞུམ་རྒོད་དང་པོར་སྤངས་ཏེ། སེམས་མཉམ་པར་གྱུར་པ་ལས། དེ་ནས་སེམས་མངོན་པར་འདུ་བྱ་ཞིང་བསྒྲིམ་མི་དགོས་པར་སྔར་སེམས་མཉམ་པར་གཞག་པ་དེའི་ངང་དེ་བཞིན་དུ་རྒྱུན་དུ་འབྱུང་བ་ནི། སེམས་རྣལ་དུ་འདུག་པ་ཞེས་བྱ་སྟེ། དེས་ནི་བཏང་སྙོམས་ཀྱི་བར་གྱི་གནས་བསྟན་ཏོ། །སེམས་རྣལ་དུ་འདུག་པ་དེའི་ཚེ་ཡང་བསྒོམས་ནས་རིང་པོ་མ་ལོན་པའི་ཕྱིར་ཞུམ་པ་དང་རྒོད་པ་གཉིས་འབྱུང་དུ་དོགས་པའི་སེམས་སྐྱེའོ། །དེའི་འོག་ཏུ་སྒོམ་པ་ལ་དུས་རིང་དུ་བྱས་པས་བསྒོམས་པ་མཐར་ཕྱིན་པར་འགྱུར་ཏེ། བཏང་སྙོམས་ཀྱི་མི་མཐུན་པའི་ཕྱོགས་ཞུམ་པ་དང༌། རྒོད་པ་ཡང་རིང་དུ་སྤངས་ན་ཡང་ཞུམ་རྒོད་སྐྱེ་བར་འགྱུར་བའི་དོགས་པ་ཡང་མེད་པར་སེམས་མཉམ་པ་ཉིད་ལ་འབད་མི་དགོས་པར་གནས་པ་ནི། སེམས་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། དེས་བཏང་སྙོམས་ཀྱི་ཐ་མའི་གནས་བསྟན་ཏོ། །དེ་དག་ཐོབ་ནས་ཡང་ཅིར་འགྱུར་བསྟན་པའི་ཕྱིར། གང་གིས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས། ཉོན་མོངས་པ་མེད་པར་གནས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ཐབས་སམ་རྒྱུར་གྱུར་པའི་བཏང་སྙོམས་ལ་བྱ་སྟེ། བཏང་སྙོམས་གང་གིས་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ཆོས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཚོགས་རྣམས་ལ་བྱའོ། །བསལ་ནས་ཞེས་བྱ་བ་ནི་ཉོན་མོངས་པའི་ཆོས་རྣམས་སེམས་ལ་མི་སྐྱེ་བར་བྱའོ། །ཇི་ལྟར་སེམས་ལ་མི་སྐྱེ་བར་བྱེད་ཅེ་ན། བཏང་སྙོམས་ནི་འདོད་ཆགས་ལ་སོགས་


DTG137_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉོན་མོངས་པའི་ཚོགས་ལ་འགལ་བ་ཡིན་པས། བཏང་སྙོམས་སྐྱེས་པར་གྱུར་ན་གདོན་མི་ཟ་བར་ཉོན་མོངས་པ་རྣམས་སྐྱེ་བའི་བགེགས་བྱེད་པར་འཇུག་པས་ན་བསལ་བ་ཞེས་བྱའོ། །གང་གི་ཕྱིར་བཏང་སྙོམས་ལ་གནས་པའི་དུས་ན། ཉོན་མོངས་པ་རྣམས་འབྱུང་བའི་སྐབས་མེད་པས་བཏང་སྙོམས་ལ་གནས་པ་ནི་ཉོན་མོངས་པ་མེད་པར་གནས་པ་ཡིན་ནོ་ཞེས་བྱའོ། །དེ་ལྟར་བཏང་སྙོམས་ཀྱི་ཉོན་མོངས་པ་སེལ་བར་བྱེད་པ་དང༌། ཉོན་མོངས་པ་མེད་པར་གནས་ཤིང་སྤྱོད་པ་ཡིན་པས་ན། བཏང་སྙོམས་ཀྱི་ལས་ཀྱང་ཉོན་མོངས་པ་སྐྱེ་བའི་སྐབས་མེད་པར་བྱེད་པའི་རྟེན་བྱེད་པའོ། རྣམ་པར་མི་འཚེ་བ་བསྟན་པའི་ཕྱིར། རྣམ་པར་མི་འཚེ་བ་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པར་མི་འཚེ་བའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་རྣམ་པར་མི་འཚེ་བའི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་རྣམ་པར་འཚེ་བ་སྔར་བསྟན་ན་རྣམ་པར་མི་འཚེ་བ་རྟོགས་པར་སླ་བར་འགྱུར་བས་རྣམ་པར་འཚེ་བ་ཇེ་བཤད་དོ། །དེ་ལ་སེམས་ཅན་ལ་བརྡེག་པ་དང༌། བཅིང་པ་ལ་སོགས་པའི་གནོད་པ་སྣ་ཚོགས་པ་བྱེད་པ་ནི་རྣམ་པར་འཚེ་བའོ། །སེམས་ཅན་ལ་བརྡེག་པ་དང་བཅིང་བ་ལ་སོགས་པ་གནོད་པར་མི་བྱེད་པ་ནི་རྣམ་པར་མི་འཚེ་བའོ། །རྣམ་པར་མི་འཚེ་བ་སྐྱེས་ན་རྣམ་པར་འཚེ་བ་མེད་པར་འགྱུར་བས་རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་ཞེས་བྱའོ། །རྣམ་པར་མི་འཚེ་བའི་དངོས་པོ་གང་ཡིན་པ་བསྟན་པའི་ཕྱིར། སྙིང་རྗེའོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་ནི་སྙིང་རྗེ་སྟེ། སྙིང་རྗེ་ལ་རྣམ་པར་མི་འཚེ་བ་ཞེས་བྱའོ། །ཡང་ན་སྙིང་རྗེ་ལ་རྒྱ་གར་སྐད་དུ། ཀཱ་རུ་ཎ་ཞེས་འབྱུང་སྟེ། དེ་ལ་ཀཱའི་དོན་ནི་བདེ་བ་ལ་བྱ་ལ་རུ་ཎ་ཞེས་བྱ་བའི་དོན་ནི་འགོག་པ་ལ་བྱ་སྟེ། གཞན་སྡུག་བསྔལ་བ་མཐོང་ནས་བདག་ཀྱང་སྡུག་བསྔལ་བར་གྱུར་པ་སྟེ། གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་བདག་ཉིད་འབད་པ་སྣ་ཚོགས་ཀྱིས་སྡུག་བསྔལ་སྣ་ཚོགས་ཉམས་སུ་ལེན་པར་བྱེད་པས་ན་བདག་གི་སྡིག་སྒྲིབ་ཅེས་ཀྱང་བྱའོ། །ཇི་ལྟར་འདོད་མ་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང༌། བརྩོན་འགྲུས་བཞི་ལས་བག་ཡོད་པ་འབྱུང་བས་རྫས་སུ་མེད་ཀྱི་བཏགས་པར་ཡོད་པ་བཞིན་དུ་རྣམ་


DTG137_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འཚེ་བ་ཡང་ཞེ་མི་སྡང་བའི་ཆ་ལས་འབྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པ་ཞེས་བྱའོ། །དེའི་ལས་ཀྱང་བཅིང་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་སྣ་ཚོགས་ཀྱིས་འཚེ་བས་སེམས་ཅན་ལ་མི་འཚེ་བས་ན་རྣམ་པར་མི་འཚེ་བའི་ལས་བྱེད་པའོ། །དགེ་བ་བཅུ་གཅིག་བཤད་པ་རྫོགས་སོ།། །།ཉོན་མོངས་པ་དྲུག་བཤད་པར་བྱ་སྟེ། དེ་ལ་ཡང་འདོད་ཆགས་ཀྱི་རང་བཞིན་བསྟན་པའི་ཕྱིར། འདོད་ཆགས་གང་ཞེ་ན་ཞེས་དྲིས་ཏེ། འདོད་ཆགས་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ཞེན་པའོ་ཞེས་བྱ་བ་སྨོས་ཏེ། སྲེད་པའི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ལེན་པར་བྱེད་པས་སྲེད་པ་ལ་ལེན་པ་ཞེས་བྱ་བའམ། སྲིད་པ་འདིས་ཁམས་གསུམ་དུ་སྐྱེ་བའི་ལས་ལེན་ཅིང་ལས་སྐྱེ་བར་བྱེད་པས་ན་སྲེད་པ་ལ་མིང་དུ་ཉེ་བར་ལེན་པ་ཞེས་བྱའོ། །དཔེར་ན་རྩྭ་དང་ཕུབ་མ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཕུབ་མའི་མེ་ཞེས་བྱ་བ་བཞིན་དུ་སྲེད་པ་ལས་བྱུང་བའི་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཡང་ན་ཤིང་གང་ལས་མེ་ཏོག་འབྱུང་བ་དང༌། འབྲས་བུ་འབྱུང་བའི་ཤིང་དེ་ལ་མེ་ཏོག་གི་ཤིང་འབྲས་བུའི་ཤིང་ཞེས་བྱ་བ་བཞིན་དུ་ཕུང་པོ་གང་ལས་ཉོན་མོངས་པའི་མཚན་ཉིད་སྲེད་པ་འབྱུང་བར་བྱེད་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཡང་ན་རྒྱལ་པོས་བཀའ་གར་སྩལ་བའི་བཀའ་བཞིན་བྱེད་པའི་མི་དེ་ལ་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་བཞིན་དུ་ཉོན་མོངས་པའི་མཚན་ཉིད་སྲེད་པས་གང་དུ་བཏང་བ་བཞིན་དུ་འཇུག་པར་བྱེད་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་དང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་སྟེ་ལྔའོ། །ཞེན་བ་ཞེས་བྱ་བ་ལ་འདོད་ཆགས་འདི་སྣུམ་དང་འདྲ་བར་ཞེན་པའི་རང་བཞིན་ཡིན་པས་ན་ཞེན་པ་ཞེས་བྱ་སྟེ། དཔེར་ན་འབྲུ་མར་ལ་སོགས་པའི་སྣུམ་གྱིས་གོས་ལ་སོགས་པའི་གནས་སུ་ཞུགས་ནས་ཀུན་ཏུ་མཆེད་པར་འགྱུར་ཏེ། མཆེད་པར་གྱུར་པ་དེ་ལ་འབད་པ་དང༌། བརྩལ་བ་ཆེན་པོས་ཀྱང་དབྱུང་བར་བཀའ་བ་དེ་བཞིན་དུ་འདོད་ཆགས་འདིས་ཀྱང་ཆགས་པར་བྱ་བའི་རང་གི་ཡུལ་ལ་ཞེན་ཏམ། ཕུང་པོ་འདི་ལ་ཞེན་ནས་ཆགས་པ་མཆེད་པར་གྱུར་ན།


DTG137_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་དང་བརྩལ་བ་ཆེན་པོས་ཀྱང་དབྲལ་བར་དཀའ་བས་ན་ཞེན་པ་ཞེས་བྱའོ། །ཞེན་པ་ནི་རྒྱུར་བྱས་པའི་གཟུགས་སྣུམ་ལ་ཡང་ཞེན་པ་ཞེས་བྱ་བས་སྣུམ་ལ་འདོད་ཆགས་ཞེས་བྱའོ་སྙམ་དུ་ལོག་པར་འཛིན་པ་དགག་པའི་ཕྱིར་འདོད་ཆགས་ཞེས་བྱ་བ་སྨོས་ཏེ། ཆགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཕོངས་པར་འཛིན་ཅིང་གང་ཡོངས་སུ་གཏོང་མི་ཕོད་པའོ། །དེ་བས་ན་སྣུམ་ནི་ཕྱིའི་གོས་ལ་སོགས་པ་ལ་སྣུམ་ཞེན་པར་བྱེད་པར་ཟད་ཀྱི་ཕུང་པོ་ལྔ་ལ་གཏོང་མི་ཕོད་པར་བྱེད་པའི་མཚན་ཉིད་མ་ཡིན་པས་འདོད་ཆགས་ཞེས་མི་བྱའོ། །དེའི་ལས་ཀྱང་སྡུག་བསྔལ་སྐྱེད་པར་བྱེད་པ་སྟེ། སྡུག་བསྔལ་ནི་ཁམས་གསུམ་གྱི་ཕུང་པོ་ལྔ་ལ་བྱའོ། །དེ་ལ་འདོད་པའི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་འདོད་པའི་ཁམས་ཀྱི་ཕུང་པོ་ལྔ་སྐྱེད་དོ། །གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་སྐྱེད། གཟུགས་མེད་པའི་ཁམས་ན། གཟུགས་ཀྱི་ཕུང་པོ་ནི་མེད་ཀྱི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་བཞི་ཡོད་པས་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་བཞི་བསྐྱེད་པས་ན། དེའི་ལས་ཀྱང་སྡུག་བསྔལ་སྐྱེད་པར་བྱེད་པའོ། །ཁོང་ཁྲོ་བའི་རང་བཞིན་བསྟན་པའི་ཕྱིར། ཁོང་ཁྲོ་བ་གང་ཞེ་ན་ཞེས་དྲིས་ཏེ། ཁོང་ཁྲོ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་སེམས་ཅན་རྣམས་ལ་གནོད་པའོ་ཞེས་བྱ་བ་སྨོས་ཏེ། གནོད་པ་ནི་སེམས་ཅན་རྣམས་ལ་སེམས་རྩུབ་པ་སྟེ། སེམས་ཅན་རྣམས་ལ་གསད་པ་དང༌། བརྡེག་པ་དང༌། བཅིང་བ་ལ་སོགས་པ་ཕན་པ་མ་ཡིན་པ་བྱ་བར་སེམས་པ་ནི་ཁོང་ཁྲོ་བ་ཞེས་བྱའོ། །དེའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། རེག་པ་མེད་པར་གནས་པ་དང༌། ལོག་པར་སྤྱོད་པའི་རྟེན་བྱེད་པའོ། །དེ་ལ་རེག་པ་ཞེས་བྱ་བ་ནི་བདེ་བ་ལ་བྱ་སྟེ། བདེ་བ་དང་ལྷན་ཅིག་ཏུ་གནས་པ་ནི་རེག་པར་གནས་པའོ། །བདེ་བ་མེད་པར་གནས་པ་ནི་རེག་པ་མེད་པར་གནས་པ་སྟེ། རྟག་ཏུ་སྡུག་བསྔལ་དང་ལྷན་ཅིག་ཏུ་གནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྡུག་བསྔལ་དང་ལྷན་ཅིག་གནས་ཤེ་ན། ཞེ་སྡང་ཅན་ནི་རྟག་ཏུ་སེམས་འཁྲུག་པས་རྒྱུན་དུ་ཡང་སེམས་ལ་གདུང་བ་དང་བཅས་སོ། །སེམས་ཀྱི་རྗེས་སུ་ལུས་འབྲང་བའི་ཕྱིར་ལུས་ཀྱང་གདུང་བར་འགྱུར་ཏེ།


DTG137_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་སྤྱོད་ལམ་ཐམས་ཅད་དུ་ལུས་དང་སེམས་སྡུག་བསྔལ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། །ཞེ་སྡང་ཅན་དག་ནི་གསད་པ་དང་བཅིང་བ་ལ་སོགས་པའི་ལས་ཀྱང་གདོན་མི་ཟ་བར་བྱེད་པས། དེའི་ལས་ལོག་པར་སྤྱོད་པའི་རྟེན་བྱེད་པར་ཡང་བཤད་དོ། །ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ང་རྒྱལ་ཐམས་ཅད་ཀྱང་འཇིག་ཚོགས་སུ་ལྟ་བ་ལ་བརྟེན་ནས་འབྱུང་ཞིང་ཕུང་པོ་ལྔ་བདག་དང་བདག་གི་མེད་པ་ལ་བདག་དང་བདག་གིར་སྒྲོ་བཏགས་ནས་གཞན་གྱི་ཕུང་པོ་བས་བདག་གི་ཕུང་པོ་ཁྱད་ཞུགས་པར་འཕགས་སོ་སྙམ་དུ་ལྷག་པར་རློམ་ཞིང་སེམས་ཁེངས་པའི་མཚན་ཉིད་དོ། །དེའི་ལས་ཀྱང་གཉིས་བྱེད་དོ། །བསྟི་སྟང་མེད་པ་དང་སྡུག་བསྔལ་སྐྱེད་པའི་རྟེན་བྱེད་པའོ། །བསྟི་སྟང་མེད་བ་ནི་མཁན་པོ་དང༌། སློབ་དཔོན་དང་མཁས་ཤིང་ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ཡོན་ཏན་ཅན་ལ་ལུས་མ་གུས་པ་དང༌། ངག་མ་གུས་པ་དང༌། སེམས་མ་གུས་པའོ། །དེ་ལ་ལུས་མ་གུས་པ་ནི་ལུས་ཀྱིས་འདུད་ཅིང་ཕྱག་འཚལ་བར་མི་བྱེད་པའོ། །དག་མ་གུས་པ་ནི་དེ་དག་གི་ཡོན་ཏན་མི་བརྗོད་པའོ། །སེམས་མ་གུས་པ་ནི་དེ་དག་ལ་དགའ་བར་མི་སེམས་ཤིང་ཚོད་ཡོད་པར་སེམས་པའོ། །སྡུག་བསྔལ་སྐྱེད་པའི་རྟེན་བྱེད་པ་ཡང་ང་རྒྱལ་གྱི་དབང་གིས་ཚེ་རབས་ཕྱི་མའི་ཕུང་པོ་སྐྱེད་པར་བྱེད་པའི་ཕྱིར་རོ། །ང་རྒྱལ་ཐམས་ཅད་ཀྱང་སེམས་ཁེངས་པའི་མཚན་ཉིད་དུ་ཐ་མི་དད་དུ་ཟིན་མོད་ཀྱི་ང་རྒྱལ་གྱིས་དམིགས་པར་བྱ་བའི་ཡུལ་ཐ་དད་པའི་སྒོ་ནས་ང་རྒྱལ་རྣམ་པ་བདུན་དུ་འགྱུར་བར་བསྟན་པའི་ཕྱིར། ང་རྒྱལ་བདུན་ཏེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཆུང་བའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ་ཞེས་བྱ་བ་སྨོས་ཏེ། ང་རྒྱལ་བདུན་ལས་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར། ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། ལན་དུ་ཆུང་དུ་བས་བདག་ཆེ་བའམ་མཚུངས་པ་དང་མཚུངས་སོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་འགའ་ཞིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་བདག་


DTG137_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆུང་ལ། བདག་ནི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་དེ་བས་ཆེ་བ་ལས་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཆུང་དུ་ལ་བལྟས་ནས། ང་ནི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འདི་བས་འཕགས་ཤིང་ཆེའོ་ཞེས་གང་སེམས་ཁེངས་པ་ནི་ང་རྒྱལ་ཞེས་བྱའོ། །ཡང་ན་གང་ཟག་འགའ་ཞིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་བདག་དང་མཚུངས་ཤིང་འདྲ་བ་ལས་འདྲ་བ་དེ་ལ་བལྟས་ནས། འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འདྲ་སྟེ་མི་འདྲ་བ་མེད་དོ་སྙམ་ནས་གང་སེམས་ཁེངས་པར་གྱུར་པ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར། ཆེ་བའི་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ཆེ་བའི་ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་མཚུངས་པ་པས་བདག་ཆེ་བའམ་ཆེ་བ་དང་མཚུངས་སོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཅིས་ཀྱང་མི་མཚུངས་པ་མེད་དེ་མཚུངས་ན་མཚུངས་སོ་སྙམ་དུ་མི་སེམས་ཀྱི། འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་མཚུངས་ཀྱང༌། འདི་བས་བདག་གཏོང་བ་དང་ཚུལ་ཁྲིམས་དང་ཉམས་རྩལ་གྱིས་འཕགས་ཏེ་བདག་ཆེའོ་སྙམ་ནས། གང་སེམས་ཁེངས་པ་ནི་ཆེ་བའི་ང་རྒྱལ་ཞེས་བྱའོ། །ཡང་ན་གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་བདག་པས་ཆེ་བ་ལ་ཆེའོ་སྙམ་དུ་མི་སེམས་ཀྱི། འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་མཚུངས་སོ་སྙམ་ནས་གང་སེམས་ཁེངས་པར་གྱུར་པ་དེ་ནི་ཆེ་བའི་ང་རྒྱལ་ཞེས་བྱའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར། ང་རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། ཆེ་བ་བས་ཀྱང་བདག་ཆེའོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་ཁ་ཅིག་རིགས་དང༌། ཤེས་ཉེན་དང་ནོར་ལ་སོགས་པ་བདག་པས་ཁྱད་ཞུགས་པར་འཕགས་ཏེ་ཆེ་ན། བདག་པས་ཁྱད་ཞུགས་པར་འཕགས་ཏེ་ཆེ་བར་ནི་མི་སེམས་ཀྱི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འཕགས་ཏེ་ཆེ་བ་དེ་བས་ཀྱང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་


DTG137_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཏེ་ཆེའོ་སྙམ་ནས། གང་སེམས་ཁེངས་པར་གྱུར་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱའོ། །ངའོ་སྙམ་པའི་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར། ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ཡང་དག་པའི་རྗེས་སུ་ལྟ་ཞིང་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་ལེན་པ་ཞེས་བྱ་བ་ནི་འདོད་པ་དང་འདོད་ཆགས་གཉིས་ལ་བྱའོ། །དེ་ལ་མ་འོངས་པའི་ལུས་ཀྱི་དངོས་པོ་ལ་ཆགས་པ་ནི་འདོད་པའོ། །དེ་ལྟར་གྱི་ལུས་ཀྱི་དངོས་པོ་ལ་ཆགས་པ་ནི་འདོད་ཆགས་སོ། །འདོད་པ་དང་འདོད་ཆགས་གཉིས་ལ། ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ཞེ་ན། འདོད་པས་མ་འོངས་པའི་ལུས་ཀྱི་དངོས་པོ་ལ་ཆགས་པའི་རྒྱུས་མ་འོངས་པའི་ཕུང་པོ་ལེན་པར་བྱེད་པ་དང༌། འདོད་ཆགས་ཀྱིས་ད་ལྟར་གྱི་ཕུང་པོ་ལ་ཆགས་པའི་རྒྱུས་ད་ལྟར་གྱི་ཕུང་པོ་མི་གཏོང་ཞིང་འཛིན་པ་དང་ལེན་པ་དང་ལེན་པར་བྱེད་པས་ན། དེ་བས་ན་དེ་གཉིས་ལ་ཉེ་བར་ལེན་པ་ཞེས་བྱའོ། །འདོད་པ་དང༌། འདོད་ཆགས་གཉིས་དང་ལྡན་པའི་ཕུང་པོ་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་ནས། རྣམ་པར་ཤེས་པའི་ཕུང་པོའི་བར་དུའོ། །ཕུང་པོ་དེ་དག་བདག་དང་བདག་གི་མེད་པ་ལ་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་བདག་ལྷག་མ་བཞི་ལ་ནི་བདག་གིས་ཞེས་མངོན་པར་ཆགས་ནས། བདག་དེ་བདག་གིས་ཤེས་པ་ལྟ་བུར་གཞན་གྱིས་མི་ཤེས་སོ་ཞེས་གང་སེམས་ཁེངས་པ་ནི་ངའོ་སྙམ་པའི་ང་རྒྱལ་ཞེས་བྱའོ། །མངོན་པའི་ང་རྒྱལ་གྱི་རང་བཞིན་བསྟན་པར་བྱ་བའི་ཕྱིར། མངོན་པའི་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། མངོན་པའི་ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་གོང་མའི་བྱེ་བྲག་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། གོང་མའི་བྱེ་བྲག་ནི་ལྷ་ལ་སོགས་པའི་ཆོས་ལ་བྱ་བས་གོང་མའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་མིའི་ཆོས་ཇེ་བཤད་དོ། །དེ་ལ་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་ལ་སོགས་པ་དང་ལྡན་ཞིང་དེའི་རྒྱུས་ལུས་དང་ངག་དང་ཡིད་གསུམ་གྱི་


DTG137_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་མི་དགེ་བ་སྤྱོད་པ་ནི་མིའི་ཆོས་སོ། །མིའི་ཆོས་དེའི་གཉེན་པོར་གྱུར་པ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་སོགས་པ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ནི་གོང་མའི་བྱེ་བྲག་ཅེས་བྱའོ། །མ་ཐོབ་པ་ནི་ཡོན་ཏན་དེ་དག་མ་རྙེད་མངོན་སུམ་དུ་མ་བྱས་པ་སྟེ། ཡོན་ཏན་དེ་དག་མ་ཐོབ་པར་ཡང་མཚན་མ་ཅུང་ཟད་ཙམ་ཡོད་པ་ལ་བརྟེན་ནས། གང་ཐོབ་པོ་སྙམ་དུ་སེམས་ཤིང་སེམས་ཁེངས་པ་ནི་མངོན་པའི་ང་རྒྱལ་ཞེས་བྱའོ། །ཆུང་བའི་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར་ཆུང་བའི་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ཆུང་བའི་ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་བྱེ་བྲག་མང་པོས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང༌། ནོར་ལ་སོགས་པ་བདག་པས་ཁྱད་ཞུགས་པར་འཕགས་ལ། བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཁྱད་ཞུགས་པར་དེ་བས་དམའ་བ་ཡིན་ན། དེ་ཁྱད་ཞུགས་པར་འཕགས་པར་ནི་མི་སེམས་ཀྱི་འདི་སྙམ་དུ་སེམས་ཏེ། འདི་བས་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཅུང་ཟད་ཅིག་གིས་བདག་ཆུང་ངོ་སྙམ་དུ་སེམས་ཤིང་གང་སེམས་ཁེངས་པ་ནི་ཆུང་བའི་ང་རྒྱལ་ཞེས་བྱའོ། །ལོག་པའི་ང་རྒྱལ་གྱི་རང་བཞིན་བསྟན་པའི་ཕྱིར་ལོག་པའི་ང་རྒྱལ་གང་ཞེ་ན་ཞེས་དྲིས་ཏེ། ལོག་པའི་ང་རྒྱལ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ཡོན་ཏན་དང་མི་ལྡན་པར་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་གང་སེམས་ཁེངས་པའོ་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡོན་ཏན་ཞེས་བྱ་སྟེ། ཡོན་ཏན་དེ་ལྟ་བུ་སུ་ལ་མེད་པ་དེ་ལ་ཡོན་ཏན་དང་མི་ལྡན་པ་ཞེས་བྱའོ། །ཡང་ན་ཚུལ་ཁྲིམས་ཞིག་ཅིང་སྡིག་པའི་ལས་གང་བྱེད་པ་དེ་ལ་ཡོན་ཏན་དང་མི་ལྡན་པ་ཞེས་བྱ་སྟེ། ཡོན་ཏན་ནི་མེད་ཀྱི་སྐྱོན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་མེད་པར་དེ་དག་ཡོད་དོ་ཞེས་ཁས་ལེན་པའམ། ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་སྐྱོན་ཡོད་པ་ལ་སྐྱོན་ཡོད་དོ་སྙམ་དུ་མི་སེམས་ཀྱི།


DTG137_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡོན་ཏན་དང་ལྡན་ནོ་ཞེས་ཁས་ལེན་པ་ནི་ཁས་བླངས་ནས་བདག་ཡོན་ཏན་དང་ལྡན་ནོ། །འཕགས་སོ་སྙམ་ནས། གང་སེམས་ཁེངས་པ་ནི་ལོག་པའི་ང་རྒྱལ་ཞེས་བྱའོ། །འདིར་ཡང་དངོས་པོ་ཡོན་ཏན་གྱི་དངོས་པོ་མེད་ཀྱི་ཉེས་པའི་དངོས་པོ་ཉིད་དུ་ཡོན་ཏན་དུ་བཟུང་ནས། སེམས་ཁེངས་པས་ན་ལོག་པའི་ང་རྒྱལ་ཞེས་བྱའོ། །སྨྲས་པ། མངོན་པའི་ང་རྒྱལ་གྱི་སྐབས་སུ་ཡང་གོང་མའི་བྱེ་བྲག་མ་ཐོབ་པར་ཐོབ་བོ་སྙམ་དུ་སེམས་ཁེངས་པ་ཡིན་ལ། ལོག་པའི་ང་རྒྱལ་འདི་ཡང་ཡོན་ཏན་དང་མི་ལྡན་པར་བདག་ལྡན་ནོ་སྙམ་དུ་སེམས་ཁེངས་པ་ཡིན་ཏེ། གཉི་ག་ཡང་མེད་པ་ལ་ཡོད་པར་ང་རྒྱལ་བྱེད་པ་ཡིན་པས་ན་ཁྱད་པར་ཅི་ཡོད་སྨྲས་པ། མངོན་པའི་ང་རྒྱལ་གྱི་སྐབས་སུ་ནི་གདེང་ཅུང་ཟད་ཡོད་པ་ལ་བརྟེན་ནས། བདག་གིས་ཀུན་ཐོབ་པོ་སྙམ་དུ་ང་རྒྱལ་བྱེད་ཀྱི། ལོག་པའི་ང་རྒྱལ་ནི་གདེང་ཆུང་ཟད་ཀྱང་མེད་དེ། སྐྱོན་དང་ལྡན་པ་ལ་ཡོན་ཏན་དང་ལྡན་ནོ་སྙམ་དུ་ང་རྒྱལ་བྱེད་པས་ན་བྱེ་བྲག་ཡོད་དོ། །མ་རིག་པའི་རང་བཞིན་བསྟན་པའི་ཕྱིར་མ་རིག་པ་གང་ཞེ་ན་ཞེས་དྲིས་ཏེ། མ་རིག་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ལས་དང་འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་མི་ཤེས་པ་དེ་ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་སོ། །འབྲས་བུ་རྣམ་པ་གཉིས་ཏེ། ཡིད་དུ་འོད་བ་དང༌། ཡིད་དུ་མི་འོང་བའོ། །དེ་ལ་ལྷ་དང་མིའི་བདེ་འགྲོར་སྐྱེས་པ་ནི་ཡིད་དུ་འོང་བའོ། །ངན་སོང་གསུམ་དུ་སྐྱེས་པ་ནི་ཡིད་དུ་མི་འོང་བའོ། །ཡང་ན་འབྲས་བུ་བཞི་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོད་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །བདེན་པ་རྣམ་པ་བཞི་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མོ། །དཀོན་མཆོག་རྣམ་པ་གསུམ་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནོ། །མིང་གིས་སྨོས་པའི་ཆོས་དེ་དག་ཡོད་པར་མ་རྟོགས་ཤིང་ཁོང་དུ་མ་ཆུད་པའམ། ཆོས་དེ་དག་གི་མཚན་ཉིད་མ་རྟོགས་ཤིང་ཁོང་དུ་མ་ཆུད་པ་དེ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པ་ལ་ཕྱེ་ན་དུ་


DTG137_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་བ་བསྟན་པའི་ཕྱིར། དེ་འང་ལྷན་ཅིག་སྐྱེས་པ་དང༌། ཡོངས་སུ་བརྟགས་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེའང་ཞེས་བྱ་བའི་སྒ་ནི་མ་རིག་པ་དང་སྦྱར་ཏེ། མ་རིག་པ་དེའང་ཞེས་བྱ་བའི་དོན་ཏོ། །དེ་ལ་མ་རིག་པ་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། ཡོངས་སུ་བརྟགས་པའི་མ་རིག་པའོ། །དེ་ལ་ཉོན་མོངས་པ་གཞན་དང་མི་ལྡན་ཞིང་མ་འདྲེས་པའི་མ་རིག་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། དེ་འང་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་ཡོད་པར་ཁོང་དུ་མ་ཆུད་ཅིང་མི་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །ཐེ་ཚོམ་དང༌། ལོག་པའི་ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་གཞན་དང་འདྲིས་ཤིང་འགྲོགས་པའི་མ་རིག་པ་ནི་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །དེ་ལ་དེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་ཡོད་དམ་མེད་སྙམ་དུ་ཡིད་གཉིས་ཟ་བ་ནི་ཐེ་ཚོམ་དང་འདྲེས་པའི་མ་རིག་པ་སྟེ། དེའང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་རྣམས་མེད་དོ་ཞེས་སྐུར་པ་འདེབས་པ་ནི་ལོག་པའི་ལྟ་བ་དང་འདྲེས་པའི་མ་རིག་པ་སྟེ། དེ་ཡང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ནི་བསོད་ནམས་ཀྱི་ལས་ཡིན་ན། སྦྱིན་པ་དང་ཚུལ་ཁྲིམས་ལ་བསོད་ནམས་མ་ཡིན་པར་འདུ་ཤེས་ཤིང་བསོད་ནམས་མ་ཡིན་པ་ཕྱུགས་བསད་ཅིང་སྦྱིན་སྲེག་བྱེད་པ་དང༌། མེའི་ནང་དུ་ལུས་འདོར་བ་ལ་སོགས་ལ་བསོད་ནམས་སུ་འདུ་ཤེས་ནས་ཕྱུགས་བསད་དེ་སྦྱིན་སྲེད་བྱས་པ་དང་ལུས་མེར་བོར་ནས་མཐོ་རིས་སུ་སྐྱེའོ་ཞེས་རྟོག་པ་དང༌། ཚུལ་ཁྲིམས་ལ་བརྟེན་ནས་འཕགས་པའི་ལམ་བསྒོམས་པས་ཐར་པར་གྱུར་པ་ཡིན་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉི་ཚེ་ཅན་གྱིས་ཐར་པར་འགྱུར་རོ་ཞེས་ལྟ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལྡན་པའི་མ་རིག་པ་སྟེ། དེའང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །འགྲོ་བ་བཟང་པོ་ཚུལ་དུ་ཤིས་པ་ལ་བརྟགས་ནས་འདོད་ཆགས་སྐྱེ་བ་དང༌། དགྲ་ལ་བརྟགས་ནས་ཞེ་སྡང་སྐྱེ་བ་ཡང་ཡོངས་སུ་


DTG137_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་མ་རིག་པ་ཞེས་བྱའོ། །མ་རིག་པའི་ལས་ཀྱང་རྣམ་པ་གསུམ་བྱེད་དེ། ལོག་པར་གཏན་ལ་འབེབས་པ་དང་ཐེ་ཚོམ་སྐྱེད་པ་དང་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གནས་སྦྱིན་པའི་ལས་ཅན་ནོ། །དེ་ལ་ལོག་པར་གཏན་ལ་འབེབས་བ་ནི་མ་རིག་པའི་དབང་གིས་མི་རྟག་པ་ལ་རྟག་པར་འཛིན་པ་དང་བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་སྐྱེད་པ་ནི་མ་རིག་པའི་དབང་གིས་ན་ལས་དང་འབྲས་བུ་ལ་སོགས་པ་ཡོད་པ་ཞིག་གམ་མེད་པ་ཞིག་ཅེས་ཡིད་གཉིས་སྐྱེ་བར་བྱེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྟེན་བྱེད་པ་ནི་མ་རིག་པ་ཡོད་པ་ལས་འདོད་ཆགས་དང་ཁོང་ཁྲོ་བ་དང་ཉོན་མོངས་པ་གཞན་བྱུང་བའི་ཕྱིར་རོ། །མི་དགེ་བའི་རྩ་བ་གསུམ་ནི་འདོད་པའི་ཁམས་ཉིད་ན་ལྡན་གྱི། གཟུགས་དང་གཟུགས་མེད་པའི་ཁམས་དང་མི་ལྡན་པར་བསྟན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་དགེ་བའི་རྩ་བ་གསུམ་སྟེ། ཆགས་པ་ནི་མི་དགེ་བའི་རྩ་བ་དང་ཞེ་སྡང་དང་གཏི་མུག་གོ་ཞེས་བྱ་བ་སྨོས་ཏེ། འདོད་པ་ན་སྤྱོད་ཅེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་སུ་གཏོགས་པའི་འདོད་ཆགས་དང༌། འདོད་པའི་ཁམས་སུ་གཏོགས་པའི་ཁོང་ཁྲོ་བ་དང༌། འདོད་པའི་ཁམས་སུ་གཏོགས་པའི་མ་རིག་པ་དེ་དག་གསུམ་ལ་མི་དགེ་བའི་རྩ་བ་གསུམ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པའི་འདོད་ཆགས་ལ་ནི་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ཁོང་ཁྲོ་བ་ལ་ནི་ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་མ་རིག་པ་ལ་ནི་གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་བ་དང་ཁོང་ཁྲོ་བ་དང་མ་རིག་པ་དེ་དག་རང་ཉིད་ཀྱང་མི་དགེ་བ་ཡིན་ལ་སྲོག་གཅོད་པ་ལ་སོགས་པ་ནི་དགེ་བ་གཞན་གྱི་ཡང་རྒྱུ་བྱེད་པས་མི་དགེ་བའི་རྩ་བ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཡོན་ཏན་ལ་ཁ་ཕྱིར་བལྟས་པ་མ་ཡིན་གྱི་ཁ་ནང་དུ་བལྟས་ཤིང་དེ་དག་གི་ཉོན་མོངས་པ་ནི་སྲོག་གཅོད་བ་ལ་སོགས་པ་མི་དགེ་བ་གཞན་གྱི་རྒྱུ་ཡང་མི་བྱེད་པས་ན་མི་དགེ་བའི་རྩ་བ་ཞེས་མི་བྱའི། གཟུགས་དང་གཟུགས་


DTG137_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལ་ལུང་དུ་མི་སྟོན་པ་ཞེས་བྱའོ། །ལྟ་བའི་རང་བཞིན་བསྟན་པའི་ཕྱིར། ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་ཤེས་རབ་ཀྱིས་འདི་དང་འདི་ལྟ་བུ་ཞིག་ཅེས་རྣམ་པར་རྟོག་ཅིང་དཔྱོད་པའི་བདག་མཚན་ཉིད་ལ་ལྟ་བ་ཞེས་བྱའོ། །དེའང་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང༌། ཟག་པ་མེད་པའི་ལྟ་བ་དང༌། ཉོན་མོངས་པ་དང་བཅས་པའི་ལྟ་བའོ། །དེ་ལ་ཡང་ལས་ཀྱི་འབྲས་བུ་ཡོད། ཚེ་འདི་ཡོད། ཚེ་ཕྱི་མ་ཡོད་ཅེས་ལྟ་བ་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །འཕགས་པ་རྣམས་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ནི་ཟག་པ་མེད་པའི་ལྟ་བ་ཞེས་བྱའོ། །མུ་སྟེགས་པ་རྣམས་བདག་རྟག་པ་ལ་སོགས་པར་ལྟ་བ་ནི་ཉོན་མོངས་པ་དང་བཅས་པའི་ལྟ་བ་ཞེས་བྱ་སྟེ། འདིར་ཉོན་མོངས་པ་བཤད་པའི་སྐབས་ཡིན་པས། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང། ཟག་པ་མེད་པའི་ལྟ་བ་ལ་ནི་མི་བྱའོ། །ཉོན་མོངས་པ་དང་བཅས་པའི་ལྟ་བ་ལྔ་ལ་བྱ་བའི་ཕྱིར། ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་བསྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའོ་ཞེས་བྱ་བ་སྨོས་ཏེ། ལྟ་བ་ལྔ་པོ་དེ་དག་ཀྱང་ཉོན་མོངས་པ་ཅན་གྱི་རང་བཞིན་དུ་ཁྱད་པར་མེད་མོད་ཀྱི་ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ལ་རྣམ་པ་ཐ་དད་པར་དམིགས་པའི་སྒོ་ནས་ལྟ་བ་རྣམ་པ་ལྟར་གཞག་གོ །ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ནི་ཕུང་པོ་ལྔ་ཡིན་ཏེ། ཕུང་པོ་ལྔ་ལ་འཇིག་ཚོགས་ལ་ལྟ་བས་ནི་བདག་དང་བདག་གིར་རྣམ་པར་ལྟ། ཕུང་པོ་ལྔ་ལ་མཐར་འཛིན་པར་ལྟ་བས་ནི་རྟག་པ་དང་ཆད་པའི་རྣམ་པར་ལྟ། ལོག་པའི་ལྟ་བས་ནི་ཕུང་པོ་ལྔ་ལ་མེད་པའི་རྣམ་པར་ལྟ། ཕུང་པོ་ལྔ་ལ་ལྟ་བ་བསྙེམས་པས་ནི་མཆོག་དང་དམ་པའི་རྣམ་པར་ལྟ། ཕུང་པོ་ལྟ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པས་ནི་ཕུང་པོ་ལྔ་པོ་དེ་ཉིད་ཀྱིས་དག་པ་དང་གྲོལ་བའི་རྣམ་པར་ལྟའོ། །ལྟ་བ་ལྔ་ལས་འཇིག་ཚོགས་སུ་ལྟ་བའི་རང་བཞིན་བསྟན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། འཇིག་ཚོགས་ལ་ལྟ་བའི་རང་བཞིན་དང་མཚན་ཉིད་


DTG137_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་འཇིག་པར་འགྱུར་ཞིང་མི་རྟག་པའི་ཆོས་ཡིན་པས་ན་འཇིག་པ་ཞེས་བྱ་སྟེ། དེས་ནི་རྟག་པར་ལྟ་བ་ཟློག་གོ །ཆོས་སུ་མ་བརྩམས་པ་ལས་གྱུར་པས་ན་ཚོགས་ཞེས་བྱ་སྟེ། དེས་ནི་གཅིག་པུའི་རང་བཞིན་དུ་ལྟ་བ་ཟློག་གོ །དོན་དུ་ན་མི་རྟག་པ་དུ་མིའི་རང་བཞིན་ལ་བདག་རྟག་པ་གཅིག་པུར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་དེ་དངོས་སུ་གང་ལ་ལྟ་བ་བསྟན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་ནས། རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ལྔའོ། །རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ངེས་པར་འཛིན་པར་བྱེད་པའོ། །དེ་ལ་ཕུང་པོ་ལྔ་ནི་མི་རྟག་པ་དང་དུ་མའི་རང་བཞིན་ཡིན་པས་བདག་དང་བདག་གི་མེད་པ་ཡིན་ན། རང་གི་རྒྱུད་དུ་གཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་ཏུ་ངེས་པར་འཛིན་ཅིང་ལྟ། གཞན་གྱི་རྒྱུན་དུ་གཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་གིར་ངེས་པར་འཛིན་ཅིང་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །ཡང་ན་ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་བདག་ཏུ་ལྟ། ཕུང་པོ་ལྷག་མ་གཟུགས་དང་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་ལ་ནི་བདག་གིར་ལྟ་སྟེ། དེ་ལྟར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །ཡང་ན་བདག་ཅེས་བྱ་བ་ཕུང་པོ་ལྔ་ལས་མ་གཏོགས་པར་རྟག་པ་གཅིག་པུ་ཞིག་ལོགས་ཤིག་ན་ཡོད་ལ། ཕུང་པོ་ལྔ་ནི་བདག་དེའི་རྟེན་ནམ་གནས་སུ་གྱུར་པ་ཡིན་བས་ཕུང་པོ་ནི་བདག་དེའི་ཕུང་པོའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །འདི་ལྟར་རྨོངས་པ་ཉོན་མོངས་པའམ་གཏི་མུག་པ་དང་ལྡན་པ་ལ་ནི་བདག་དང་བདག་གིར་ལྟ་བ་འབྱུང་གི་གཏི་མུག་མེད་ཅིང་ཤེས་རབ་ཅན་རྣམས་ལ་བདག་དང་བདག་གིར་ལྟ་བའི་ཉོན་མོངས་པ་ནི་མི་འབྱུང་བས་འཇིག་ཚོགས་ལ་ལྟ་བ་འདི་གཏི་མུག་དང་ལྡན་པ་ཡིན་པ་དང༌། བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པས། ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། བདག་དང་བདག་གིར་ལྟ་བ་འདི། །བདག་དང་དངོས་པོ་ཡོད་པར་ལྟ་བ་ནི་མ་ཡིན་གྱི་ཉེ་བར་ལེན་པའི་ཕུང་པོ་


DTG137_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་བདག་དང་བདག་གིར་ལྟ་བར་ཅི་མངོན། ལན་དུ། མདོ་ལས་འབྱུང་བས་ན་བདག་དང་བདག་གིར་ལྟ་བ་འདི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ལྟ་བར་མངོན་ནོ། །མདོ་ལས་ཀྱང་དགེ་སྦྱོང་ངམ་བྲམ་ཟེའམ་གང་སུ་དག་བདག་དང་བདག་གིར་རྗེས་སུ་ལྟ་ཞིང་རྗེས་སུ་མཐོང་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་ལྟའོ་ཞེས་གསུངས་སོ། །འདིའི་ལས་ཀྱང་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པ་སྟེ། འཇིག་ཚོགས་ལ་ལྟ་བ་བྱུང་བར་གྱུར་ན། དེའི་རྒྱུས་མཐར་འཛིན་པ་ལ་སོགས་པའི་ལྟ་བ་གཞན་ཡང་འབྱུང་བས་ན་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པའོ། །མཐར་འཛིན་པར་ལྟ་བའི་རང་བཞིན་བསྟན་པའི་ཕྱིར། མཐར་འཛིན་པར་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། མཐར་འཛིན་པའི་ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དེ་དག་ཉིད་ཀྱི་དབང་དུ་བྱས་ནས་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བའི་སྒྲ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་སྦྱར་ཏེ། རྟག་པའམ་ཆད་པར་ལྟ་བ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་ནས་འབྱུང་བས་ན། དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱའོ། །ཡང་ན་དེ་ཉིད་ཀྱི་སྒྲ་འཇིག་ཚོགས་ལ་ལྟ་བ་དང་སྦྱར་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུས་རྟག་པ་དང་ཆད་པའི་ལྟ་བ་འབྱུང་བས་ན་དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་སྟེ། འཇིག་ཚོགས་སུ་ལྟ་བས་ཕུང་པོ་ལྔ་ལ་བདག་དང་བདག་གིར་བལྟས་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་ལ་བྱ་སྟེ། དཔེར་ན་སྦྲུལ་གྱི་གསོབ་བོར་བ་བཞིན་དུ་ལུས་བོར་ནས་བདག་དེ་ཡོད་པར་ལྟ་བའོ། །ཆད་པར་ལྟ་བ་ནི་ཚེ་གཅིག་ནས་གཅིག་ཏུ་འཕོ་བ་ན་ཡང་ཕུང་པོ་ལྔ་བོར་བར་ཟད་ཀྱི། བདག་ཅེས་བྱ་བ་དེ་ནི་རྟག་པ་སྟེ། དེ་ལ་ཞིག་པའམ་ཤི་བ་མེད་ཅིང་ཐེར་ཟུག་ཏུ་གནས་སོ་ཞེས་ལྟ་བ་ནི་རྟག་པར་ལྟ་བའོ། །དཔེར་ན་ཤིང་མེས་ཚིག་ནས་ཐལ་བར་གྱུར་པ་སླར་ཤིང་དུ་མི་འགྱུར་བ་བཞིན་དུ་འདིར་ཤི་ཕན་ཆད་རྒྱུན་ཆད་དེ་ཕུང་པོ་གཞན་ལེན་པ་མེད་དོ་ཞེས་ལྟ་བ་ནི་ཆད་པར་ལྟ་བ་ཞེས་བྱའོ། །ཡང་དག་པར་རྗེས་སུ་ལྟ་བ་ཞེས་བ་ནི་དེ་ལྟར་ངེས་པར་འཛིན་ཅིང་དེ་ལྟར་རྟོག་ཅིང་དཔྱོད་དོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་དང་ལྡན་ཞིང་


DTG137_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་དང་བཅས་པ་ལ་ནི་རྟག་པ་དང་ཆད་པར་ལྟ་བ་འབྱུང་གི །གཏི་མུག་མེད་པའི་ཤེས་རབ་ཅན་རྣམས་ལ་རྟག་པ་དང་ཆད་པར་ལྟ་བ་མི་འབྱུང་བས་རྟག་པ་དང་ཆད་པར་ལྟ་བ་འདི་ཡང་གཏི་མུག་དང་ལྡན་པ་དང་རྟག་ཆད་མེད་པའི་ཆོས་ལ་རྟག་པ་དང་ཆད་པར་ཕྱིན་ཅི་ལོག་ཏུ་འཛིན་པས་ན་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །དེའི་ལས་ཀྱང་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་དོ། །དེ་ལ་དབུ་མའི་ལམ་ནི་རྟག་པ་དང་ཆད་པར་འཛིན་པ་རྣམས་སྤངས་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཤེས་པ་སྟེ། དབུ་མའི་ལམ་ངེས་འཁོར་བ་ནས་བྱུང་ནས་མྱ་ངན་ལས་འདས་པའི་ལམ་ཐོབ་པར་བྱེད་པས་དབུ་མའི་ལམ་ནས་འབྱུང་བ་ཞེས་བྱའོ། །རྟག་པ་དང་ཆད་པར་བལྟས་ན་དབུ་མའི་ལམ་དེ་རྟོག་པར་མི་འགྱུར་བས་ན་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་པའོ། །ལོག་པའི་ལྟ་བའི་རང་བཞིན་བསྟན་པའི་ཕྱིར། ལོག་པའི་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། ལོག་པའི་ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་ནས་ཡོད་པའི་དངོས་པོ་འཇིག་པ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། སྐུར་ཞེས་བྱ་བའི་སྒྲ་ནི་རྒྱུ་ལ་སྐུར་པའམ། འབྲས་བུ་ལ་སྐུར་པའམ། བྱེད་པ་ལ་སྐུར་ཞེས་ཚིག་རེ་རེ་དང་སྦྱར་རོ། །དེ་ལ་སྦྱིན་པ་མེད། སྦྱིན་སྲེག་མེད། ལས་ལེགས་པར་བྱས་པ་མེད། ལས་ཉེས་བར་བྱས་བ་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་བའོ། །ལས་དེ་དག་གི་འབྲས་བུ་བདེ་བ་དང་སྡུག་བསྔལ་མྱོང་བ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་བ་ཞེས་བྱའོ། །འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། ཕ་མེད། མ་མེད། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་པ་སྟེ། དེ་ལ་བྱེད་པ་ཡང་རྣམ་པ་གསུམ་མོ། །བྱེད་པ་རྣམ་པ་གསུམ་ནི་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་དང༌། ས་བོན་འཇོག་པར་བྱེད་པ་དང༌། མཚམས་སྦྱོར་བར་བྱེད་པའོ། །འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ནི་ཚེ་འདི་ནས་ཤི་འཕོས་ནས་ཚེས་ཕྱི་མར་སྐྱེ་བར་བྱེད་པ་སྟེ། འཇིག་རྟེན་འདི་མེད། འཇིག་རྟེན་ཕྱི་མ་མེད་ཅེས་སྨྲ་བས་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ལ་སྐུར་པའོ། །ས་བོན་འཇོག་པར་བྱེད་པ་ནི་


DTG137_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྒྱུ་ཕའི་ཁུ་བ་དང་མའི་མི་གཙང་བ་འཇོག་པར་བྱེད་པ་སྟེ། ཕ་མེད་མ་མེད་ཅེས་སྨྲ་བས་ནི་ས་བོན་འཇོག་པར་བྱེད་པ་ལ་སྐུར་པའོ། །མཚམས་སྦྱོར་བར་བྱེད་བ་ནི་སེམས་ཅན་གང་དག་པདྨོ་ལ་སོགས་བའི་ནང་དུ་རྫུས་ཏེ་སྐྱེས་པའམ། རྣམ་པར་ཤེས་པ་མའི་མངལ་དུ་འཕོས་པ་སྟེ། སེམས་ཅན་རྫུས་ཏེ་སྐྱེས་པ་མེད་ཅེས་སྨྲ་བས་ནི་མཚམས་སྦྱོར་བར་བྱེད་པ་ལ་སྐུར་པའོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་ཆུད་ཟ་བར་བྱེད་པ་སྟེ། དེ་ལྟར་ལས་དང་འབྲས་བུ་དང་བྱེད་པ་དང་དགྲ་བཅོམ་པ་ལ་སོགས་པ་མེད་པར་ལྟ་བ་ལ་ལོག་པའི་ལྟ་བ་ཞེས་བྱའོ། །ཡང་ན་འཕགས་པའི་བདེན་པ་བཞི་ལ་སྐུར་པ་སྟེ། ཀུན་འབྱུང་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ། །སྡུག་བསྔལ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ། །ལམ་མེད་ཅེས་ཟེར་བ་ནི་བྱེད་པ་ལ་སྐུར་པའོ། །འགོག་པ་མེད་ཅེས་ཟེར་བ་ནི་ཡོད་པའི་དངོས་པོ་འཇིག་པའོ། །ཡང་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་དུ་གཞག་གོ །དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པའི་ཡན་ལག་ཏུ་གཞག་སྟེ། དེ་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་དང་བདུན་ནི་སྡུག་བསྔལ་གྱི་ཡན་ལག་སྟེ། དེ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཡན་ལག་སྟེ། དེ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་པའོ། །མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན་དེ་དག་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་དུ་མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན། དེ་དག་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ནི་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་འབྱུང་གི །རྨོངས་པ་མེད་ཅིང་ཤེས་རབ་དང་ལྡན་པ་རྣམས་ལ་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་མི་འབྱུང་བས་ལོག་པའི་ལྟ་བ་འདི་གཏི་མུག་དང་ལྡན་པ་དང་ཡོད་པའི་ཆོས་རྣམས་ལ་མེད་དོ་ཞེས་ཕྱིན་ཅི་


DTG137_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏུ་བཟུང་བས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། འཇིག་ཚོགས་སུ་ལྟ་བ་ཡང་བདག་དང་བདག་གི་མེད་པ་ལ་བདག་དང་བདག་གིར་ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། མཐར་འཛིན་པ་ཡང་རྟག་པ་དང་ཆད་པ་མེད་པ་ལ་རྟག་པ་དང་ཆད་པ་ཕྱིན་ཅི་ལོག་ཏུ་ལྟ་བས་ན་ལྟ་བ་ལྔ་ཆར་ཡང་ལོག་པའི་ལྟ་བ་ཡིན་པ་ལས་ཅིའི་ཕྱིར་མེད་པར་ལྟ་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བཏགས་པ་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ། སྨྲས་པ། ཤིན་ཏུ་ལོག་པར་ལྟ་བ་ལ་ཞུགས་པའི་ལྟ་བ་དང༌། ཤིན་ཏུ་སྡིག་པའི་རྒྱུར་འགྱུར་བ་འགའ་ཞིག་ལ་ལྟ་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བྱ་བའི་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ་སྟེ། དཔེར་ན་མར་གྱི་དྲི་མི་ཞིམ་པ་དང་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་ནོ། །འདི་ལྟར་མར་ཀུན་ཀྱང་དྲི་མི་ཞིམ་པ་ཡིན་མོད་ཀྱི་གང་ལྷག་པར་དྲི་མི་ཞིམ་པ་དེ་ལ་མར་དྲི་མི་ཞིམ་པ་ཞེས་བྱ་བ་དང༌། གདོལ་བུ་ཀུན་ཀྱང་སྡིག་པའི་ལས་ཅན་ཡིན་མོད་ཀྱི་གང་ལྷག་པར་གཞན་པས་གསད་གཅད་ལ་དགའ་བའི་གདོལ་བུ་ལ་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་དུ་ལྟ་བ་གཞན་ཡང་ལོག་པར་ལྟ་བ་ཡིན་མོད་ཀྱི་དེ་དག་ཕུང་པོ་ལྔ་ལ་མེད་པར་སྐུར་པ་མི་འདེབས་ཤིང་དེ་ལས་ལྷག་པར་བདག་ལ་སོགས་པ་ཡོད་པར་སྒྲོ་འདོགས་པའི་རྣམ་པར་ཞུགས་པ་ཡིན་པས་ཤིན་ཏུ་ལོག་པར་ཞུགས་པ་ཡང་མ་ཡིན་ལ་ཤིན་ཏུ་སྡིག་པའི་རྒྱུ་བྱེད་པ་ཡང་མ་ཡིན་བས་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མ་བཏགས་ཀྱི། ཐམས་ཅད་མེད་པར་ལྟ་བ་འདི་ནི་ཐམས་ཅད་མེད་དོ་ཞེས་སྐུར་བའི་རྣམ་པར་ཞུགས་པས་ཤིན་ཏུ་ལོག་པར་ཞུགས་པ་དང༌། ཤིན་ཏུ་ལོག་པ་སྡིག་པའི་རྒྱུ་བྱེད་པའི་ཕྱིར་ལོག་པར་ལྟ་བ་ཞེས་བཏགས་སོ། །འདིའི་ལས་ནི་དགེ་བའི་རྩ་བ་གཅོད་ཅིང་མི་དགེ་བའི་རྩ་བསྐྱེད་འཕེལ་བར་བྱེད་བའི་རྟེན་བྱེད་བ་སྟེ། ལོག་པར་ལྟ་བ་སྐྱེས་ན་སྔོན་དགེ་བའི་རྩ་བ་བསགས་པ་ཐམས་ཅད་ཀྱང་མེད་པར་འགྱུར་ལ་མི་དགེ་བའི་རྩ་བ་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟ་བ་བསྙེམས་པའི་རང་བཞིན་བསྟན་པའི་ཕྱིར། ལྟ་བ་བསྙེམས་བ་གང་ཞེན་ཞེས་དྲིས་ཏེ། ལྟ་བ་བསྙེམས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང༌། དེའི་གནས་ཕུང་པོ་


DTG137_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མཆོག་དམ་པ་གཙོ་བོར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཅེས་བྱ་བ་ནི་གོང་གོང་དུ་བཤད་པའི་འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་སྟེ་གསུམ་མོ། །དེའི་གནས་ཕུང་པོ་རྣམས་ལ་ཞེས་བྱ་བ་ནི་ལྟ་བ་གསུམ་པོ་དེ་དག་ཀྱང་ཕུང་པོ་ལྔ་ལ་དམིགས་པ་ལས་འབྱུང་བས་ལྟ་བ་གསུམ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་དེའི་གནས་ཞེས་བྱའོ། །མཆོག་དང་དམ་པ་དང་གཙོ་བོའི་དོན་གསུམ་དོན་གཅིག་ཏུ་འདྲ་མོད་ཀྱི་གཅིག་གིས་གཅིག་བཤད་པ་ལྟ་བུར་རིག་པར་བྱ་སྟེ། ཇི་ལྟར་མཆོག་ཅེ་ན། དམ་པའི་ཕྱིར་མཆོག་གོ །ཅི་ལྟར་དམ་པ་ཞེ་ན། གཙོ་བོར་གྱུར་པའི་ཕྱིར་དམ་པའོ་ཞེས་བཤད་པར་བྱའོ། །ཡང་དག་པར་རྗེས་སུ་ལྟ་བ་ནི་འདི་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པའོ། །དོན་དུ་ན་འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་གསུམ་ལ་ལྟ་བ་འདི་དག་ནི་མཆོག་དམ་པའི་གཙོ་བོ་ཡིན་ནོ་ཞེས་སེམས་ངེས་པར་འཛིན་པ་དང༌། ལྟ་བ་དེ་དག་སྐྱེ་བའི་གནས་ཀྱི་ཕུང་པོ་ལྔ་ལ་ཡང་ཕུང་པོ་ལྔ་པོ་འདི་དག་ནི་མཆོག་དམ་པ་གཙོ་བོ་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་ལ་ལྟ་བ་བསྙེམས་པ་ཞེས་བྱའོ། །རྨོངས་པ་དང་བཅས་ཤིང་གཏི་མུག་དང་ལྡན་པ་རྣམས་ལ་ནི་ལྟ་བ་ངན་པ་གསུམ་དང༌། དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་འབྱུང་གི །རྨོངས་པ་མེད་ཅིང་ཤེས་རབ་ཅན་རྣམས་ལ་ལྟ་བ་ངན་པ་དང༌། དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་མི་འབྱུང་བས་ལྟ་བ་བསྙེམས་པ་འདི་ཡང་གཏི་མུག་དང་ལྡན་པ་དང༌། མཆོག་མ་ཡིན་པའི་ཆོས་ལ་མཆོག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །དེའི་ལས་ཀྱང་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་སྟེ། ལྟ་བ་ངན་པ་ལ་མངོན་པར་ཞེན་པ་ནི་འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང་ལོག་པའི་ལྟ་བ་ལ་ཡོན་ཏན་དུ་གཟུང་བས་དེ་མི་གཏོང་བར་བྱེད་པས་ན་ལྟ་བ་ངན་བ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་རང་བཞིན་བསྟན་པའི་ཕྱིར། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་གང་


DTG137_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་ཞེས་དྲིས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཀྱི་ཕུང་པོ་རྣམས་ལ་དག་པ་དང་གྲོལ་བ་དང༌། འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པ་ལས་སླར་ལྡོག་པ་ནི་ཚུལ་ཁྲིམས་སོ། །མགོ་བྲེགས་པ་དང༌། སྒྲེན་མོར་འཕྱན་པ་ལ་སོགས་པའི་ལུས་ཀྱི་ཆ་ལུགས་འཛིན་པ་དང༌། ཁ་ཟས་གཅོད་པ་དང༌། བ་ལང་དང་ཁྱི་ལ་སོགས་པའི་སྤྱོད་ལམ་འཛིན་པ་ནི་བརྟུལ་ཞུགས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་ཕུང་པོ་ལྔ་ལ་བརྟེན་ནས་འབྱུང་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པས་ན་ཕུང་པོ་ལྔ་ནི་དེའི་གནས་ཞེས་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཀྱི་ཕུང་པོ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་བྱས་པའི་ལས་སྦྱོང་ཞིང་དག་པར་འགྱུར་རོ་ཞེས་འཛིན་པ་ནི་ཡང་དག་པར་རྗེས་སུ་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཕུང་པོ་འདིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བཅིང་བ་ལས་གྲོལ་བར་བྱེད་དོ་ཞེས་འཛིན་པ་ནི་གྲོལ་བར་ཡང་དག་པར་རྗེས་སུ་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཀྱི་ཕུང་པོ་འདིས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པའི་ལམ་ཐོབ་པར་བྱེད་དོ་ཞེས་འཛིན་པ་ནི་འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་སྟེ། དོན་དུན་ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཀྱི་ཕུང་པོ་ལ་བརྟེན་ནས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པ་འཐོབ་པོ་ཞེས་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱའོ། །གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་བར་འགྱུར་ཞེས་འཛིན་པ་འབྱུང་གི་རྨོངས་པ་མེད་ཅིང་ཤེས་རབ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་པར་འགྱུར་ཞེས་འཛིན་པ་མི་འབྱུང་བས་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འདི་གཏི་མུག་དང་ལྡན་པ་ཡིན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། བཅོམ་ལྡན་འདས་ཀྱི་གསུང་རབ་


DTG137_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞུང་ལས་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་ཏེ་ཤེས་རབ་བསྐྱེད་ནས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་པས། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་དག་པའི་རྒྱུ་ཡིན་ན་ཅིའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ། སྨྲས་པ། ཡང་དག་པའི་ལྟ་བ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་རྒྱུར་འགྱུར་བས་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་མི་བྱའི། །འཇིག་ཚོགས་སུ་ལྟ་བའམ། མཐར་འཛིན་པར་ལྟ་བའམ་ལོག་པར་ལྟ་བས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་རྒྱུར་མི་འགྱུར་གྱི་བཅིངས་པའི་རྒྱུར་འགྱུར་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱའོ། །འདིའི་ལས་ཀྱང་ལུས་ཤ་ཐང་ཆད་པའི་འབྲས་བུ་དོན་མེད་པར་བྱེད་པ་སྟེ། ལྟ་བ་ལོག་པ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྲུངས་ཀྱང་ཐར་པ་ཐོབ་པར་མི་འགྱུར་བས་ན་ལུས་ཤ་ཐང་ཆད་པའི་འབྲས་བུ་དོན་མེད་པར་བྱེད་པ་ཞེས་བྱའོ། །ལྟ་བ་ལྔ་པོ་དེ་དག་ལས་ལྟ་བ་དུ་ཞིག་ནི་སྒྲོ་བཏགས་པའི་རང་བཞིན། ལྟ་བ་དུ་ཞིག་ནི་སྐུར་པ་འདེབས་པའི་རང་བཞིན་ཞེ་ན། འཇིག་ཚོགས་སུ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་ལས་རྟག་པར་ལྟ་བ་དང་ལྟ་བ་བསྙེམས་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་རྣམས་ནི་སྒྲོ་འདོགས་པའི་རང་བཞིན་ནོ། །ལོག་པའི་ལྟ་བ་དང༌། མཐར་འཛིན་པ་ལས་ཆད་པར་ལྟ་བ་ནི་སྐུར་བ་འདེབས་པའི་རང་བཞིན་ནོ། །ཐེ་ཚོམ་གྱི་རང་བཞིན་བསྟན་པའི་ཕྱིར། ཐེ་ཚོམ་གང་ཞེ་ན་ཞེས་དྲིས་ཏེ། ཐེ་ཚོམ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་སྨོས་ཏེ། བདེན་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའོ། །སོགས་བའི་སྒྲས་ནི་ལས་དང་འབྲས་བུ་དང༌། དཀོན་མཆོག་ལ་སོགས་པ་བསྡུའོ། །ཡིད་གཉིས་ཟ་བ་ནི་ལམ་ཁ་བྲག་དང་རྩྭའི་མི་ལ་བློ་གཉིས་སུ་འཇུག་པ་བཞིན་དུ་གང་བློ་གཉིས་སུ་འཇུག་པའོ། །དཔེར་ན་ལམ་ཁ་བྲག་ཏུ་འདུག་པ་ལས་མ་དུ་རའི་གྲོང་ཁྱེར་དུ་འཇུག་པའི་ལམ་འདི་ཡིན་ནམ་འོན་ཏེ་འདི་མིན་ཞེས་བློ་ཡིད་གཉིས་སུ་འཇུག་པ་ཡིན་པ་དང༌། རྩྭའི་མི་ལ་འདི་ནི་རྩྭའི་མི་ཡིན་ནམ། འོན་ཏེ་མི་ཡང་དག་བ་ཡིན་ཞེས་


DTG137_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཉིས་སུ་འཇུག་པ་བཞིན་དུ་ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་དེ་དག་ཡོད་པ་ཡིན་ནམ་ཞེས་བློ་གཉིས་སུ་འཇུག་པ་ཡིན་པ་དང༌། འོན་ཏེ་མེད་པ་ཡིན་ཞེས་བློ་གཉིས་སུ་འཇུག་པ་ནི་ཐེ་ཚོམ་ཞེས་བྱའོ། །དེའི་ལས་ཀྱང་དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ། ཐེ་ཚོམ་ཡོད་ན་དགེ་བའི་ཕྱོགས་ལ་རྒྱུན་དུ་འཇུག་པར་མི་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་དྲུག་གི་རང་བཞིན་དང་ལས་བསྟན་ནས། ད་འདི་དཔྱད་པར་བྱ་སྟེ། ཉོན་མོངས་པ་དྲུག་ལས་དུ་ཞིག་ནི་ཡོངས་སུ་བརྟག་བ་འབའ་ཞིག་ཡིན་ལ། དུ་ཞིག་ནི་ལྷན་ཅིག་སྐྱེས་པ་ཡང་ཡིན་ལ་ཡོངས་སུ་བརྟག་པ་ཡང་ཡིན་ཞེ་ན། དེ་དག་གཞན་ལ་མཉན་ནས་འཕྲལ་དུ་བསམས་ཏེ་སྐྱེས་པ་རྣམས་ནི་ཡོངས་སུ་བརྟགས་པ་ཞེས་བྱའོ། །འཁོར་བའི་ཐོག་མ་མེད་བ་ནས་རང་བཞིན་གྱིས་སྐྱེས་ཡོད་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེའི་ལན་དུ་ཉོན་མོངས་པ་དེ་དག་ལས་ལྟ་བ་འོག་མ་གསུམ་དང༌། ཐེ་ཚོམ་ནི་ཡོངས་སུ་བརྟགས་པའོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་དེ་དག་ལས་ཞེས་བྱ་བ་ནི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་སྟེ། དྲུག་པོ་དེ་དག་གི་ནང་ནས་ཞེས་བྱ་བའི་དོན་ཏོ། །ལྟ་བ་འོག་མ་གསུམ་དང་ཞེས་བྱ་བ་ལ་ལྟ་བ་ལྔ་སྟེ། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་བསྙེམས་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པ་དང་ལྔ་ལས་ལོག་པར་ལྟ་བ་དང༌། ལྟ་བ་བསྙེམས་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པ་གསུམ་ལ་ནི་ལྟ་བ་འོག་མ་གསུམ་ཞེས་བྱ་སྟེ། ལྟ་བ་དེ་གསུམ་ཡང་གཞན་ནས་གཙུག་ལག་མཉན་ནས་འཕྲལ་དུ་བསམས་པ་ལས་འབྱུང་བས་ན་ཡོངས་སུ་བརྟགས་པ་ལས་འབྱུང་བ་ཞེས་བྱའོ། །ཐེ་ཚོམ་ཡང་གཞན་ལ་གཙུག་ལག་མཉན་ནས་འཕྲལ་དུ་བསམས་པ་ལས་འབྱུང་བས་ན་ཡོངས་སུ་བརྟགས་པ་ཞེས་བྱའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཡོངས་སུ་བརྟགས་པའོ་ཞེས་བྱ་བ་ལ། ལྟ་བ་གསུམ་དང་ཐེ་ཚོམ་བཤད་པའི་ལྷག་མ་ནི་འདོད་ཆགས་དང༌། ཁོང་ཁྲོ་དང༌། མ་རིག་པ་དང༌། ང་རྒྱལ་དང༌། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་


DTG137_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་རྣམས་ཏེ། དེ་དག་ལ་ལྷན་ཅིག་སྐྱེས་པ་ཡོད་ལ་ཡོངས་སུ་བརྟས་པ་ཡང་ཡོད་དོ། །དེ་ལ་འཁོར་བ་ཐོག་མ་མེད་པ་ནས་རང་བཞིན་གྱིས་ཡོད་པའི་འདོད་ཆགས་པ་དང་ཁོང་ཁྲོ་བ་དང༌། མ་རིགས་པ་དང༌། ང་རྒྱལ་དང༌། འཇིག་ཚེགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་རྣམས་ནི། ལྷན་ཅིག་སྐྱེས་པ་ཞེས་བྱའོ། །གཞན་ལས་གཙུག་ལག་ཐོས་ནས་འཕྲལ་དུ་བསམས་ནས་སྐྱེས་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང༌། མ་རིག་པ་དང༌། ང་རྒྱལ་དང༌། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་རྣམས་ནི་ཡོངས་སུ་བརྟགས་པའོ། །ཉོན་མོངས་པ་དྲུག་བཤད་ཟིན་ཏོ། །ད་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱའོ། །དེ་ལ་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་རྫས་སུ་ཡོད་པར་འདོད་མོད་ཀྱི། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རྣམ་པར་ཤེས་པར་ལྟ་བས་ཉེ་བའི་ཉོན་མོངས་པ་རྣམས་ཉོན་མོངས་པ་དྲུག་གི་ཤས་ལས་འབྱུང་བས་ན་དེ་དག་བརྟགས་པ་ཙམ་དུ་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ། །ཁྲོ་བའི་རང་བཞིན་བསྟན་པའི་ཕྱིར། ཁྲོ་བ་གང་ཞེ་ན་ཞེས་དྲིས་ཏེ། ཁྲོ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་གང་སེམས་ཀྱིས་གནོད་པར་བྱེད་པའི་ཞེས་བྱ་བ་སྨོས་ཏེ། འཕྲལ་དུ་གནོད་པར་བྱེད་པ་བཟུང་བས་ནི་འདས་པ་དང་མ་འོངས་པའི་དུས་སུ་གནོད་པ་བྱས་པ་དགག་པ་སྟེ། ད་ལྟར་གྱི་དུས་ཉིད་ན་གནོད་པར་བྱས་པ་ལ་བྱའོ། །གནོད་པར་བྱེད་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་བས་མི་དབེན་པ་དང་མི་བདེ་བ་ཞེས་བྱས་པའོ། །གནས་ཏེ་ཞེས་བྱ་བ་ནི་གནོད་པར་བྱས་པ་དང༌། ཕྲད་པར་བྱས་པའོ། །གང་སེམས་ཀྱིས་གནོད་པར་བྱེད་པའོ་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པས་འཕྲལ་དུ་གནོད་པར་བྱས་པ་དང་ཕྲད་ནས་སེམས་ཅན་དང་སེམས་ཅན་མ་ཡིན་བ་ལ་གང་སེམས་ཀྱིས་གནོད་པར་བྱ་བར་སེམས་པ་སྟེ། དེ་ནི་ཁྲོ་བ་ཞེས་བྱའོ། །སེམས་ཀྱིས་གནོད་པར་བྱེད་པ་སྨོས་པས་ལུས་ཀྱིས་གནོད་པར་བྱེད་པ་བཀག་པ་ཡིན་ཏེ། ལུས་ཀྱིས་གནོད་པར་བྱེད་པ་ནི་ཁྲོ་བའི་འབྲས་བུ་ཡིན་བས་ན་དེ་ལ་ཁྲོ་བ་ཞེས་མི་བྱའོ། །ཁྲོ་བ་འདི་ཡང་ཁོང་ཁྲོ་བའི་ཤས་


DTG137_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བས་ན་བཏགས་པར་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ། །དེའི་ལས་ནི་དབྱིག་པས་རྡེག་པ་ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཁྲོ་བ་བྱུང་ནས་སེམས་ཅན་ལ་བརྡེག་པ་དང་བཅིང་བ་ལ་སོགས་པ་གདོན་མི་ཟ་བར་འབྱུང་བར་བྱེད་པའི་ཕྱིར་རོ།། ཁོན་དུ་འཛིན་པའི་རང་བཞིན་བསྟན་པའི་ཕྱིར་ཁོན་དུ་འཛིན་པ་གང་ཞེ་ན་ཞེས་དྲིས་ཏེ། ཁོན་དུ་འཛིན་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་མདུད་པར་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། དང་པོར་མི་དབེན་པའམ་གནོད་པར་བྱས་པ་དང་ཕྲད་དོ། །དེ་ནས་ཁྲོས་སོ། །དེ་ནས་ཁྲོ་བའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་ལྟ་བུ་ཞིག་བྱས་པས་ལན་མ་ལོན་བར་དུ་མི་གཏོང་ངོ་སྙམ་དུ་སེམས་ཤིང་ཞེ་སྡང་གི་བསམ་པ་རྒྱུན་དུ་སེམས་ལ་འཇོག་ཅིང་མདུད་པར་འཛིན་པ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །ཡང་ན་འདིས་བདག་ལ་གནོད་པ་སྔོན་བྱས། ད་ལྟར་བྱེད། ཕྱིས་བྱེད་པར་འགྱུར། འདིས་བདག་གི་མཛའ་བོ་ལ་གནོད་པ་སྔོན་བྱས། ད་ལྟར་བྱེད། ཕྱིས་བྱེད་པར་འགྱུར། འདིས་བདག་གི་དགྲ་ལ་སྔོན་ཕན་བཏགས། ད་ལྟར་ཕན་འདོགས་པར་བྱེད། ཕྱིས་ཕན་འདོགས་པར་བྱེད་པས་འདི་ལ་གནོད་པར་མི་བྱ་བར་མི་གཏོང་ངོ་སྙམ་དུ་ཞེ་སྡང་གི་བསམ་པ་རྒྱུན་དུ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་མི་བཟོད་པར་བྱེད་བའི་རྟེན་བྱེད་པ་སྟེ། གནོད་པར་བྱེད་པས་ཇི་བྱས་ཀྱང་མི་བཟོད་ཅིང་ཕྱིས་དེ་ལ་གནོད་པར་བྱེད་པར་འདོད་པས་ན་དེའི་ལས་ནི་མི་བཟོད་པའི་རྟེན་བྱེད་པ་ཞེས་བྱའོ། །འཆབ་པའི་རང་བཞིན་བསྟན་པའི་ཕྱིར། འཆབ་པ་གང་ཞེ་ན་ཞེས་དྲིས་ཏེ། འཆབ་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་བདག་གི་ཁ་ན་མ་ཐོ་བར་མཁྱུད་བའོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མཐོ་བ་ནི་སྲོག་གཅོད་པ་ལ་སོགས་པའི་སྡིག་པའི་ལས་བྱས་པའོ། །མཁན་པོའམ་སློབ་དཔོན་ལ་སོགས་པས་གླེང་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་དབང་དུ་མི་འགྲོ་ཞིང༌། འཇིགས་པའི་ཕྱིར་སྨྲ་བ་ཡིན་པ་ལ་འདིས་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་


DTG137_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་འགྱུར་རོ་ཞེས་དེ་ལ་ཕན་པར་འདོད་པ་དེས་མང་པོའི་མདུན་དུ་མི་གླེང་པར་སྐབས་སུ་བབ་པར་བྱས་ནས། ཁྱོད་ཀྱི་སྡིག་པ་འདི་ལྟ་བུ་ཞིག་བྱས་ཀྱི་ཤོགས་ཤིག་ཅེས་བྱས་པ་དང་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་དུ་སོང་ནས་བདག་གིས་སྡིག་པ་མ་བྱས་སོ་ཞེས་ནས་ཁ་ན་མ་ཐོ་བ་བྱས་པ་མ་ཁྱུད་ཅིང་བསྙོན་པ་ནི་འཆབ་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་བར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། འགྱོད་པ་དང་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །ཆོས་ཉིད་ཀྱིས་གང་གིས་ཁ་ན་མ་ཐོ་བ་མཁྱུད་པ་དེ་ལ་འགྱོད་པ་སྐྱེ་བར་འགྱུར་རོ། །འགྱོད་པ་སྐྱེས་ནས་གདོན་མི་ཟ་བར་ཡིད་མི་བདེ་བ་དང་ལྡན་པར་འགྱུར་བའི་ཕྱིར་མི་བདེ་བར་གནས་པར་ཡང་འགྱུར་རོ། །འཚིག་པའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། འཚིག་པ་གང་ཞེ་ན་ཞེས་དྲིས་ཏེ། འཚིག་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཚིག་བརླང་པོ་ཞེར་འདེབས་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཚིག་བརླང་པོ་ནི་ཤིན་ཏུ་མི་བཟད་པའི་ཚིག་ལ་བྱ་སྟེ། ཚིག་གང་སྨྲས་ན་སེམས་ཅན་གཞན་གྱི་གནད་དུ་འཕེན་ཅིང་ཡིད་མི་བདེ་བར་འགྱུར་བའི་ཚིག་རྩུབ་པོ་ལ་ཚིག་བརླང་པོ་ཞེས་བྱའོ། །དཔེར་ན་སྤྲུལ་གདུག་པས་ཟོས་ན་ལུས་ལ་གནོད་པར་འགྱུར་བ་བཞིན་དུ་དང་པོ་གཞན་གྱིས་གནོད་པ་བྱས་པ་དང་ཕྲད་དོ། །དེ་ནས་ཁྲོས་སོ། །དེ་ནས་ཁོན་དུ་བཟུང་ངོ༌། །དེ་ནས་རིགས་དང་རུས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོས་གཞན་གྱི་ཞེར་འདེབས་ཤིང་གཞན་གྱི་ཡིད་མི་བདེ་བ་སྐྱེད་པ་ནི་འཚིག་པ་ཞེས་བྱའོ། །འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་ཟད་དོ། །འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། ཚིག་ངན་པ་འབྱིན་པར་བྱེད་པ་དང༌། མི་བདེ་བར་གནས་པར་བྱེད་པའོ། །ཚིག་ངན་འབྱིན་པར་བྱེད་པ་ནི་རུས་དང་རིགས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོ་འབྱིན་པར་བྱེད་པའོ། །མི་བདེ་བར་གནས་པར་བྱེད་པ་ནི་ཚིག་གདུག་བར་སྨྲ་བའི་གང་ཟག་དེ་དང་ལྷན་ཅིག་ཏུ་གནས་པའི་གང་ཟག་གཞན་དག་ཀྱང་མི་བདེ་བར་གནས་པར་འགྱུར་བའི་ཕྱིར་རོ། །ཕྲག་དོག་གི་རང་བཞིན་བསྟན་པའི་ཕྱིར། ཕྲག་དོག་


DTG137_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན་ཞེས་དྲིས་ཏེ། ཕྲག་དོག་གི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ལ་སེམས་ཁྱད་པར་འཁྲུགས་པའོ་ཞེས་བྱ་བ་སྨོས་ཏེ། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ནི་གཞན་གྱི་འབྱོར་པ་ལ་བྱ་སྟེ། སེམས་ཅན་གཞན་ཆོས་གོས་ལ་སོགས་པའི་རྙེད་པ་དང་ལྡན་པ་དང༌། ཕྱག་འཚལ་བ་ལ་སོགས་པའི་བཀུར་སྟི་དང་ལྡན་པ་དང༌། རིགས་མཐོ་བ་དང་ཚུལ་ཁྲིམས་དང༌། ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སེམས་ཁྱད་པར་འཁྲུགས་པ་ཞེས་བྱ་བ་ནི་ཞེ་སྡང་གི་ཤས་ཀྱིས་སེམས་མི་བཟོད་པར་གྱུར་པ་སྟེ། ཕ་རོལ་པོ་རྙེད་པ་དང་བཀུར་སྟི་དང༌། རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མཐོང་བ་དང་དེ་ལ་མི་དགའ་ཞིང་སེམས་འཁྲུག་ལ་མི་བཟོད་པ་ནི་ཕྲག་དོག་ཅེས་བྱའོ། །འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ནི་མི་བདེ་བར་གནས་པའི་རྟེན་བྱེད་པ་སྟེ། ཕྲག་དོག་དང་ལྡན་པ་ནི་གཞན་གྱི་ཡོན་ཏན་ཡོད་པར་མཐོང་བ་དང༌། དུས་ཐམས་ཅད་དུ་བདག་གི་སེམས་མི་བདེ་ཞིང་འཁྲུག་པ་སྐྱེ་བར་འགྱུར་བར་བྱེད་པའི་ཕྱིར་རོ། །སེར་སྣའི་རང་བཞིན་བསྟན་པའི་ཕྱིར། སེར་སྣ་གང་ཞེ་ན་ཞེས་དྲིས་ཏེ། སེར་སྣའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གིར་བྱས་པའི་དངོས་པོ་ཆོས་དང་ཟང་ཞིང་ལ་སོགས་པས་མཆོད་པ་དང༌། ཕན་གདགས་པར་འདོད་པས་འདོད་པ་དང་མི་འདོད་པ་ལ་ཡོངས་སུ་གཏོང་བར་བྱེད་པ་ནི་སྦྱིན་པ་ཞེས་བྱའོ། །བདག་གིར་བྱས་པའི་དངོས་པོ་ཞེས་བྱ་བ་ནི་བདག་དབང་བའམ་བདག་ལ་བྱ་བའི་དངོས་པོའོ། །ཆོས་ནི་གསུང་རབ་ཀྱི་དོན་དང་ཚིག་འཆད་པ་ལ་མཁས་པའོ། །ཟང་ཟིང་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་དོ། །མཆོད་རྟེན་ལ་སོགས་པ་ལ་ནི་མཆོད་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌། །ཕོངས་པ་རྣམས་ལ་ནི་ཕན་འདོགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌། །དགེ་འདུན་ལ་ནི་མཆོད་པ་དང་ཕན་གདགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌། །ཡེ་ཕོངས་པ་དང་དགེ་


DTG137_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་ཡོངས་སུ་གཏོང་བ་ནི་འདོད་པ་ལ་སྦྱིན་པ་ཞེས་བྱའོ། །སངས་རྒྱས་ལ་སོགས་པའི་འཕགས་པ་ལ་ཡོངས་སུ་གཏོང་བ་ནི་མི་འདོད་པ་ལ་སྦྱིན་པ་ཞེས་བྱའོ། །སེར་སྣ་ཡོད་ན་ཆོས་དང་ཟང་ཟིང་གཞན་ལ་གཏོང་བའི་མཚན་ཉིད་ཀྱི་སྦྱིན་པ་མི་བྱེད་ཅིང་མེད་པར་འགྱུར་བས་ན་སེར་སྣ་ནི་སྦྱིན་པ་དང་མི་མཐུན་པ་ཞེས་བྱའོ། །སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པས་འདོད་ཆགས་ཀྱི་ཤས་ཀྱིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འཚོ་བའི་ཡོ་བྱད་རྣམས་དང༌། དངོས་པོ་གང་མི་མཁོ་བ་དང་ངན་པ་ཡང་གཞན་ལ་གཏོང་མི་ཕོད་ཅིང་ཟང་ཟིང་རྣམས་སྡུད་པར་བྱེད་པ་ལ་ནི་སེར་སྣ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་འབྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལན་ནི་ཆོག་མི་ཤེས་པའི་རྟེན་བྱེད་པ་སྟེ། སེར་སྣ་དང་ལྡན་པ་རྣམས་ནི་འཚོ་བའི་ཡོ་བྱད་ཟང་ཟིང་རྣམས་སྡུད་པ་ལ་ཆོག་མི་ཤེས་པའི་ཕྱིར་རོ། །སྒྱུའི་རང་བཞིན་བསྟན་པའི་ཕྱིར། །སྒྱུ་གང་ཞེ་ན་ཞེས་དྲིས་ཏེ། སྒྱུའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཕ་རོལ་པོ་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གང་ཚུལ་ཁྲིམས་དང་མི་ལྡན་མཁས་པ་མ་ཡིན་ཀྱང་ཚུལ་ཁྲིམས་དང་ལྡན་པ་འདྲ་བའམ་མཁས་པ་དང་འདྲ་བར་གཞན་ལ་སྟོན་ཅིང་སྒྲོགས་པ་ནི་གཞན་ལ་སླུ་བའོ། །ཚུལ་ཁྲིམས་དང་མི་ལྡན་པ་འདྲ་བར་བསྟན་ན་གཞན་གྱིས་རྙེད་པ་དང་བཀུར་སྟི་མི་སྟེར་དུ་དོགས་ནས་རྙེད་པ་དང་བཀུར་སྟི་ལ་ཆགས་པས་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་བདག་ཚུལ་ཁྲིམས་དང་མི་ལྡན་པར་གནས་པ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པ་འདྲ་བར་གནས་པར་དོན་གཞན་དུ་སྟོན་ཅིང་སྒྲོགས་པ་དང༌། བདག་མཁས་པ་མ་ཡིན་ཡང་མཁས་པ་འདྲ་བར་ཡང་དག་པར་དོན་མ་ཡིན་བ་སྟོན་ཅིང་སྒྲོགས་པ་ནི་སྒྱུ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་གཏི་མུག་གི་ཤས་ཀྱིས་ཡོན་ཏན་ཡོད་པ་མ་ཡིན་ཀྱང་ཡོན་ཏན་ཅན་དུ་སྟོན་ཅིང་སྒྲོགས་པར་བྱེད་པས་འདོད་ཆགས་དང་གཏི་མུག་གི་ཤས་ལས་བྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་ལོག་པར་འཚོ་བའི་རྟེན་བྱེད་པ་སྟེ། ཡོན་ཏན་མེད་ཀྱང་ལུས་དང་ངག་གི་སྒོ་ནས་ཡོན་ཏན་ཅན་འདྲ་བར་


DTG137_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཅོས་ནས་ཆོས་གོས་དང་མལ་སྟན་ལ་སོགས་པ་གཡོ་སྒྱུས་བཙལ་བ་ལ་སྤྱོད་པར་བྱེད་པས་ན་ལོག་པར་འཚོ་བའི་རྟེན་བྱེད་པ་ཞེས་བྱའོ། །གཡོའི་རང་བཞིན་བསྟན་པའི་ཕྱིར། གཡོ་གང་ཞེན་ཞེས་དྲིས་ཏེ། གཡོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། བདག་གི་ཉེས་པ་འཆབ་པའི་ཐབས་གཟུང་བ་སྟེ། སེམས་གྱ་གྱུ་བའོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཀྱིས་སྲོག་གཅོད་པ་ལ་སོགས་པའི་སྐྱོན་བྱས་པ་ནི་བདག་གི་ཉེས་པའོ། །བདག་གི་ཉེས་པ་འཆབ་པ་ནི་བདག་གི་ཉེས་པ་མཁྱུད་པའམ་སྦེད་པའོ། །ཚུལ་ཅིས་ཉེས་པ་བཅབས་ཤེ་ན། ཐབས་གཟུང་བ་སྟེ། ཐབས་ཀྱིས་གཟུང་བས་ཉེས་པ་འཆབ་ཅེས་བྱ་བའི་དོན་ཏོ། །ཐབས་གཟུང་བ་ཞེས་བྱ་བ་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེའང་གཞན་དག་གིས་ཁྱོད་ཀྱིས་ཉེས་པ་འདི་ལྟ་བུ་ཞིག་མ་བྱས་སམ་ཞེས་དྲིས་ན། བདག་མ་དུ་རའི་གྲོང་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་མཆིས་ཞེས་བྱ་བ་ལ་སོགས་པའི་གཏམ་གཞན་ནས་གཞན་དུ་སྐྱོང་ཞིང་གཏམ་རླུང་སྐུར་བར་བྱེད་པའམ། སྨྲ་ན་མི་གསལ་བར་ཉེས་པ་བྱས་སམ་མ་བྱས་གཏོལ་མེད་ཅིང་ཅི་སྨྲས་གཏོལ་མེད་པར་སྨྲ་བ་ནི་གཡོ་ཞེས་བྱའོ། །གཡོ་དང་ལྡན་པའི་གང་ཟག་རྣམས་དྲང་པོར་མི་སེམས་ཤིང་དྲང་པོར་མི་སྨྲ་བས་ན་སེམས་གྱ་གྱུ་བ་ཞེས་བྱའོ། །འདི་ཡང་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་ཉེས་པ་བཅབས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་གིས་འབྱུང་བས་ན་འདོད་ཆགས་དང་གཏི་མུག་གི་ཤས་ལས་འབྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ཀྱང་ཡང་དག་པའི་ལུང་བསྒོ་བ་འཐོབ་པའི་བགེགས་བྱེད་པ་སྟེ། སུ་ཉེས་པ་འཆབ་བའི་གཡོ་དང་ཆགས་པ་དེ་ལ་མཁན་པོ་དང་སློབ་དཔོན་གྱིས་ཡང་དག་པའི་ལུང་བསྒོ་བར་མི་བྱེད་ཅིང་སྔར་ལུང་བསྒོ་བ་ཐོབ་པ་རྣམས་ཀྱང་གཡོ་ཡོད་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལོག་པར་བྱས་པའི་ཕྱིར་ཡང་དག་པར་ལུང་བསྒོ་བ་ཐོབ་པའི་བགེགས་བྱེད་པ་ཞེས་བྱའོ། །སྨྲས་པ། འཆབ་པ་ཡང་བདག་གི་ཁ་ན་མ་ཐོ་བ་འཆབ་པ་ཡིན་ལ་གཡོ་ཡང་རང་གི་ཉེས་པ་འཆབ་པའི་ཐབས་འཛིན་པ་ཡིན་བས་དེ་གཉི་ག་ཉེས་པ་འཆབ་པ་བྱེད་པར་


DTG137_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ན་ཁྱད་པར་ཇི་ཡོད། སྨྲས་པ། འཆབ་པ་ནི་བདག་གིས་ཉེས་པ་མ་བྱས་སོ་ཞེས་དངོས་སུ་གསལ་བར་ཁ་ན་མ་ཐོ་བ་མཁྱུད་པར་བྱེད་ཀྱི་གཡོ་ནི་དངོས་སུ་མ་བྱས་སོ་ཞེས་གསལ་བར་མི་སྨྲ་བའི་ཐབས་ཀྱིས་མ་བྱས་པ་འདྲ་བར་ཉེས་པ་མཁྱུད་པར་བྱེད་པས་ན་ཁྱད་པར་ཡོད་དོ། །རྒྱགས་པའི་རང་བཞིན་བསྟན་པའི་ཕྱིར། རྒྱགས་པ་གང་ཞེན་ཞེས་དྲིས་ཏེ། རྒྱགས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ནས་རབ་ཏུ་དགའ་བའི་སེམས་ཀྱིས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གི་ཕུན་སུམ་ཚོགས་པ་ནི་བདག་ལ་ཡོད་པ་འབྱོར་པ་ལ་བྱ་སྟེ། རིགས་ཆེན་པོ་དང༌། ལུས་ནད་མེད་པ་དང༌། གཟུགས་མཛེས་པ་དང༌། ལང་ཚོ་དར་ལ་བབ་པ་དང༌། སྟོབས་ཆེ་བ་དང༌། དབང་དང༌། ཕྱུག་པ་དང༌། བློ་དང༌། ཡིད་རྣོ་བ་ལ་སོགས་པ་གཞན་པས་ཁྱད་ཞུགས་པར་འཕགས་ཤིང་ཕུལ་དུ་བྱུང་པ་ལ་ནི་བདག་གི་ཕུན་སུམ་ཚོགས་པ་ཞེས་བྱའོ། །མིང་གིས་སྨོས་པའི་བདག་གི་ཕུན་སུམ་ཚོགས་པ་ལ་ཞེན་ནས་གཏོང་མི་ཕོད་པ་ནི་ཆགས་པ་སྟེ། ཆགས་ནས་ཞེས་བྱ་བ་ནི་ཆགས་པ་དེས་རྒྱུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགའ་བའི་སེམས་ཀྱིས་ཞེས་བྱ་བ་ནི་མགུ་བ་དང་ལྡན་པའི་སེམས་སམ་རློམ་པ་དང་བཅས་པའི་སེམས་སམ་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དོན་དེ་བསྟན་པའི་ཕྱིར་སེམས་ཀྱིས་ཡོངས་སུ་འཛིན་པ་ཞེས་བྱ་བ་སྨོས་ཏེ། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ཤིང་རློམ་པ་དང་བཅས་པའི་སེམས་ཀྱིས་སེམས་རང་དབང་མེད་པར་བྱས་ནས། ལོངས་སྤྱོད་ཚོགས་པ་འབའ་ཞིག་ལ་སེམས་འཛིན་ཅིང་མི་གཏོང་གི་དགེ་བའི་སེམས་འཇུག་པའི་དབང་མེད་པར་བྱས་པ་ནི་རྒྱགས་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྟེན་བྱེད་པའི་ལས་ཅན་ཏེ། རྒྱགས་པའི་རྒྱུས་ཉོན་མོངས་པ་དྲུག་དང༌། ཉེ་བའི་ཉོན་མོངས་པ་གཞན་ཡང་སྐྱེ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་འཚེ་བའི་རང་བཞིན་བསྟན་པའི་ཕྱིར་རྣམ་པར་འཚེ་བ་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པར་འཚེ་བའི་རང་


DTG137_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་ལུས་ལ་སྡུག་བསྔལ་བསྐྱེད་པ་དང༌། ཡིད་མི་བདེ་བ་སྐྱེད་པའི་ཕྱིར། སེམས་ཅན་རྣམས་ལ་བཅིང་བ་དང༌། བརྡེག་པ་དང༌། བསྡིགས་པ་ལ་སོགས་པ་རྣམས་གནོད་པ་སྣ་ཚོགས་ཀྱིས་ཐོ་འཚམས་ཤིང་མི་བདེ་བ་སྐྱེད་པར་བྱེད་པ་ལ་རྣམ་པར་འཚེ་བ་ཞེས་བྱའོ། །རྣམ་པར་འཚེ་བ་དེ་ཡང་མིང་དུ་ན་བརྩེ་བ་མེད་པ་དང༌། སྙིང་རྗེ་མེད་པ་དང་བཟོད་པ་མེད་པ་ཞེས་བྱ་བ་སྟེ། དེ་གསུམ་ནི་རྣམ་པར་འཚེ་བའི་མིང་གི་རྣམ་གྲངས་སོ། །ཡང་ན་བདག་ཉིད་སེམས་ཅན་རྣམས་ལ་བཅིང་བ་ལ་སོགས་པའི་ལས་བྱེད་པ་ནི་བརྩེ་བ་མེད་པ་ཞེས་བྱའོ། །གཞན་དག་ལ་སེམས་ཅན་དག་བཅིང་དུ་བཅུག་པ་ལ་སོགས་པ་བྱེད་དུ་བཅུག་པ་ནི་སྙིང་རྗེ་མེད་པ་ཞེས་བྱའོ། །གཞན་དག་སེམས་ཅན་ལ་བཅིང་བའི་ལས་བྱེད་པ་མཐོང་ན་དགའ་ཞིང་དེ་ལ་ལེགས་སོ་ཞེས་རྗེས་སུ་ཡི་རང་བ་ནི་བཟོད་པ་མེད་པ་ཞེས་བྱའོ། །འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་སེམས་ཅན་ལ་སེམས་རྩུབ་པར་བྱེད་ཅིང་བཅིང་བ་དང་རྡེག་པ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ནོ། །ངོ་ཆ་མི་ཤེས་པའི་རང་བཞིན་བསྟན་པའི་ཕྱིར། ངོ་ཚ་མི་བྱེད་པ་གང་ཞེ་ན་ཞེས་དྲིས་ཏེ། ངོ་ཚ་མི་ཤེས་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཁ་ན་མ་ཐོ་བས་བདག་ལ་ངོ་མི་ཚའོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ལ་སོགས་པ་དམ་པ་རྣམས་ཀྱིས་སྨད་པ་ཡིན་པས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་ལ་ཁ་ན་མ་ཐོ་བ་ཞེས་བྱའོ། །ངོ་ཚ་ཤེས་པ་བཤད་ན་ངོ་ཚ་མི་ཤེས་པས་མཇལ་བརྔ་ཕྲད་སླ་བར་འགྱུར་བས་ངོ་ཚ་ཤེས་པ་ཇེ་བསྟན་ཏོ། །དེ་ལ་བདག་ནི་ཆོ་རིགས་འདི་ལྟ་བུ་ལས་བྱུང་སྟེ། ཤེས་རབ་དང་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་པ་ཡིན་པས་ལས་ངན་པ་འདི་འདྲ་བ་བདག་གིས་བྱ་བར་མི་རིགས་སོ་ཞེས་བདག་ལ་བལྟས་ཏེ། སྡིག་པའི་ལས་ལ་བག་བྱེད་ཅིང་བདག་མེད་པར་མི་འཇུག་པ་ནི་ངོ་ཚ་ཤེས་པ་ཞེས་བྱའོ། །བདག་ཆོ་རིགས་འདི་ལྟ་བུ་ལས་བྱུང་བ་ཤེས་པ་དང་ཡོན་ཏན་འདི་ལྟ་བུ་དང་


DTG137_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བས་ལས་ངན་པ་འདི་འདྲ་བ་བདག་གིས་སྤྱད་པའི་ཆ་མ་ཡིན་པར་ཤེས་ཀྱང་བདག་གིས་བདག་ཁྲེལ་བ་མེད་དེ་སྡིག་པའི་ལས་ལ་འཛེམ་པ་མེད་པར་སྤྱད་པ་ནི་ངོ་ཚ་མི་ཤེས་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདོད་ཆགས་དང་ཞེ་སྡང་གཉིས་དུས་གཅིག་ཏུ་འབྱུང་མི་སྲིད་པས་ཡང་ན་ནི་གཏི་མུག་དང་འདོད་ཆགས་ཀྱི་དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ། གང་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་ལ་འཛེམ་པ་མེད་པར་སྤྱོད་པའི་ཚེ་ནའོ། །ཡང་ན་ནི་གཏི་མུག་དང་ཞེ་སྡང་གི་དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ། ནམ་སྲོག་གཅོད་པ་ལ་སོགས་པའི་ལས་ལ་འཛེམ་པ་མེད་པར་ཞུགས་པའི་ཚེ་ནའོ། །འདིའི་ལས་ཀྱང་ཉོན་མངས་པ་དྲུག་དང་གཡོ་དང་སྒྱུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་རྒྱུའམ་གྲོགས་བྱེད་པའོ། །ཁྲེལ་མེད་པའི་རང་བཞིན་བསྟན་པའི་ཕྱིར། ཁྲེལ་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། ཁྲེལ་མེད་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ་ཞེས་བྱ་བ་སྨོས་ཏེ། ཁྲེལ་ཡོད་པ་སྔར་བསྟན་ན་ཁྲེལ་མེད་པ་མཇལ་ཆུང་སླ་བར་འགྱུར་བའི་ཕྱིར་ཁྲེལ་ཡོད་པ་ཇེ་བསྟན་པར་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ལས་ངན་པ་འདི་དག་བྱས་ན་འཇིག་རྟེན་པ་རྣམས་འཕྱ་བ་དང་བརྡེག་པ་དང་བཅིང་བ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་རོ་ཞེས་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང༌། གནོད་པ་བྱས་པར་དོགས་ནས་སྡིག་པའི་ལས་ལ་མི་འཇུག་ཅིང་འཛེམ་པ་ནི་ཁྲེལ་ཡོད་པ་ཞེས་བྱའོ། །སྡིག་པའི་ལས་འདི་དག་བྱས་ན་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་བར་ཤེས་ཀྱང་གཞན་གྱིས་དཔྱས་པ་དང༌། གནོད་པ་བྱས་པ་ལ་འཛེམ་པ་མེད་པར་སྡིག་པའི་ལས་ལ་འཇུག་པ་ནི་ཁྲེལ་མེད་པ་ཞེས་བྱའོ། །འདི་ཡང་ངོ་ཚ་མི་ཤེས་པ་དང་འདྲ་བར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉོན་མོངས་པ་དྲུག་དང༌། ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་གྲོགས་སམ་རྒྱུ་བྱེད་པའོ། །རྨུགས་པའི་རང་བཞིན་


DTG137_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར། རྨུགས་པ་གང་ཞེ་ན་ཞེས་དྲིས་ཏེ། རྨུགས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་ལས་སུ་མི་རུང་བ་སྟེ་བློང་བའོ་ཞེས་བྱ་བ་སྨོས་ཏེ། དགེ་བའི་ཆོས་ལ་དམིགས་པའི་ཚེ་དམིགས་པར་བྱ་བའི་ཡུལ་སེམས་ཀྱིས་རྟོགས་པར་མི་ནུས་ཤིང་དམིགས་པར་བྱ་བ་སེམས་ལ་གསལ་བར་འཇོག་མི་ནུས་པ་ནི་སེམས་ལས་སུ་མི་རུང་བ་ཞེས་བྱའོ། །སེམས་ལས་སུ་མི་རུང་བའི་དོན་ཉིད་བསྟན་པའི་ཕྱིར་བློང་བ་ཞེས་བྱ་བ་སྨོས་ཏེ། པགས་པ་བངས་ན་ལྔར་བར་འགྱུར་བ་དང་འདྲ་བར་སེམས་བླུན་པའམ་སེམས་སླུ་བའམ་སེམས་མི་གསལ་བར་འགྱུར་བ་ནི་བློང་བ་སྟེ། སེམས་མི་གསལ་བའི་མཚན་ཉིད་དུ་གྱུར་པ་ལ་རྨུགས་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྐྱེ་བའི་གྲོགས་བྱེད་པའོ། །རྒོད་པའི་རང་བཞིན་བསྟན་པའི་ཕྱིར། རྒོད་པ་གང་ཞེ་ན་ཞེས་དྲིས་ཏེ། རྒོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་མ་ཞི་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སེམས་ཞི་བ་ཞེས་བྱ་བ་ནི་ཞི་གནས་དང་ཏིང་ངེ་འཛིན་རྩེ་གཅིག་པ་ལ་བྱ་སྟེ། གང་སེམས་གཡེངས་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་དང་མི་མཐུན་པའི་ཆོས་ལ་སེམས་མ་ཞི་བ་ཞེས་བྱའོ། །དེ་ཡང་འདོད་ཆགས་ཀྱིས་རྒྱུ་བྱས་ནས་སྔོན་བགད་པ་དང༌། རྩེད་མོ་བྱས་པ་ལ་སོགས་པ་རྗེས་སུ་དྲན་ཏེ། དེར་སེམས་འཕྲོས་ནས་སེམས་ཡེང་ཡེང་པོར་མ་ཞི་བར་བྱེད་པའི་རྒྱུ་བྱེད་པ་ལ་རྒོད་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་ཞི་གནས་དང་མི་མཐུན་པར་བྱེད་པ་སྟེ། སེམས་རྒོད་པ་མ་ཞི་བའི་མཚན་ཉིད་བྱུང་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མེད་པར་འགྱུར་བས་ན་ཞི་གནས་དང་མི་མཐུན་པའི་རྟེན་བྱེད་པ་ཞེས་བྱའོ། །མ་དད་པའི་རང་བཞིན་བསྟན་པའི་ཕྱིར། མ་དད་པ་གང་ཞེ་ན་ཞེས་དྲིས་ཏེ། མ་དད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ལས་དང༌། འབྲས་བུ་དང༌། བདེན་པ་དང༌།


DTG137_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ལ་ཡིད་མི་ཆེས་ཤིང་སེམས་མ་དད་པ་སྟེ། དད་པ་དང་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་ནི་བསོད་ནམས་དང༌། བསོད་ནམས་མ་ཡིན་བ་དང༌། མི་གཡོ་བའི་མཚན་ཉིད་དང་གསུམ་མོ། །འབྲས་བུ་ནི་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་སྟེ་གཉིས་སོ། །བདེན་པ་ནི་སྡུག་བསྔལ་ལ་སོགས་པ་བཞིའོ། །དཀོན་མཆོག་ནི་སངས་རྒྱས་ལ་སོགས་པ་གསུམ་མོ། །དེ་ལ་ལས་དང་འབྲས་བུ་དང་བདེན་པ་ལ་སོགས་པ་ཡོད་པར་ཡིད་མི་ཆེས་བ་དང༌། དཀོན་མཆོག་ལ་ཡོན་ཏན་དུ་སེམས་དང་བ་མེད་པ་ནི་མ་དད་པ་ཞེས་བྱའོ། །དད་པའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་བདེན་པ་དཀོན་མཆོག་ལ་སོགས་པ་ལ་ཡོད་པར་ཡིད་ཆེས་པ་དང༌། དཀོན་མཆོག་གསུམ་ལ་ཡོན་ཏན་ཅན་དུ་སེམས་དང་བ་དང་ལྡན་པ་དང༌། མྱ་ངན་ལས་འདས་པ་ནི་ཐོབ་པར་བྱ་བར་ནུས། འཕགས་པའི་ལམ་ནི་བསྒྲུབ་པར་ནུས་པ་ལ་གང་འདོད་པ་སྐྱེ་བ་ནི་དད་པ་ཞེས་བྱའོ། །མ་དང་པ་ནི་ལས་དང་འབྲས་བུ་དང༌། བདེན་པ་ལ་ཡིད་ཆེས་པ་མེད་དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོན་ཏན་ཅན་དུ་སེམས་དང་བ་མེད། མྱ་ངན་ལས་འདས་པ་དང༌། འཕགས་པའི་ལམ་ལ་འདོད་པ་མེད་པས་ན་མ་དད་པ་ནི་དད་པ་དང་མི་མཐུན་པའི་ཕྱོགས་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ནི་ལེ་ལོའི་རྟེན་བྱེད་པ་སྟེ། མ་དད་པ་ཡོད་པ་ན་མ་དད་པའི་ཤུགས་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པ་དགེ་བ་བྱེད་མི་འདོད་པས་ལེ་ལོའི་རྟེན་བྱེད་པའོ། །ལེ་ལོའི་རང་བཞིན་བསྟན་པའི་ཕྱིར། །ལེ་ལོ་གང་ཞེ་ན་ཞེས་དྲིས་ཏེ། ལེ་ལོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དགེ་བ་ལ་སེམས་མི་སྤྲོ་བ་སྟེ། བརྩོན་འགྲུས་དང་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་སྨོས་ཏེ། ཉལ་བའི་བདེ་བ་དང་འཕྲེས་པའི་བདེ་བ་ལ་ཆགས་ནས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མཉན་པ་དང་བསམ་པ་ལ་སོགས་པའི་དགེ་བ་བྱ་བ་ལ་སེམས་མི་སྤྲོ་ཞིང་དགེ་བའི་ལས་ལ་སེམས་འཇུག་པར་མི་འདོད་པ་ནི་ལེ་ལོ་ཞེས་བྱའོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ། དགེ་བའི་ལས་སྤྱད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་


DTG137_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། ལེ་ལོ་ནི་དགེ་བའི་ལས་བྱ་བ་ལ་སེམས་སྤྲོ་བ་མེད་པས་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་བཏགས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་དགེ་བའི་ཕྱོགས་རབ་ཏུ་སྦྱོར་བ་ལ་བགེགས་བྱེད་པའོ། །བག་མེད་པའི་རང་བཞིན་བསྟན་པའི་ཕྱིར། བག་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། བག་མེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པའི་སེམས་མི་བསྲུང་བ་དང༌། དགེ་བ་ལ་མི་བསྒོམ་པའོ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོ་སྟེ། ཆོས་འདི་བཞིའི་དབང་དུ་བྱས་སམ་ཆོས་དེ་བཞི་ལ་གནས་ཤིང་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་སེམས་ཞུགས་པ་ལས་ནི་མི་སྲུང་མི་གློན། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་ནི་སྒོམ་པར་མི་བྱེད་པ་ལ་བག་མེད་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་སྟེ། ཆོས་འདི་བཞིའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་མི་དགེ་བ་འཕེལ་བ་དང་དགེ་བ་ཉམས་པར་བྱེད་པའི་རྟེན་བྱེད་པའི་ལས་ཅན་ཏེ། མི་དགེ་བ་ལ་སེམས་ཞུགས་པ་ལས་མ་བསྲུངས་པས་ནི་མི་དགེ་བ་འཕེལ་བར་འགྱུར་རོ། །དྲན་པ་ཉམས་པའི་རང་བཞིན་བསྟན་པའི་ཕྱིར། དྲན་པ་ཉམས་པ་གང་ཞེ་ན་ཞེས་དྲིས་ཏེ། དྲན་པ་ཉམས་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དྲན་པ་ཉོན་མོངས་པ་ཅན་ཏེ། དགེ་བ་ལ་སེམས་མི་གསལ་བའོ་ཞེས་བྱ་བ་སྨོས་ཏེ། དྲན་པ་གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པའི་དྲན་པ་ལ་ནི། དྲན་པ་ཉོན་མོངས་པ་ཅན་ཞེས་བྱའོ། །དེའི་དགེ་བའི་སེམས་མི་གསལ་བ་ཞེས་བྱ་བ་ནི་དཔེར་ན་སྦྲང་རྩི་དང་ཁར་ཟབ་ལས་གོམས་པ་ལ་སོགས་པའི་སྲོག་ཆགས་རྣམས་ཀྱང་ཏིག་ཏ་ལ་སོགས་པའི་ཁ་ཟས་རྫས་ཟ་བར་མི་ནུས་པ་དེ་བཞིན་དུ། དྲན་པ་གང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པས་འདོད་


DTG137_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལ་སོགས་པའི་ཡུལ་བུད་མེད་ལ་སོགས་པ་གང་ཡིན་པ་དེ་ཉིད་སེམས་ལ་དྲན་གྱི་དགེ་བ་སེམས་ལ་མི་གསལ་ཏེ། ཡང་དག་བའི་གདམས་ངག་ལ་སོགས་པའི་དགེ་བའི་སེམས་མི་དྲན་ཏེ། བརྗེད་པར་གྱུར་པ་ལ་ནི་དྲན་པ་ཉམས་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་རྣམ་པར་གཡེང་བའི་རྟེན་བྱེད་པའི་ལས་ཅན་ཏེ། དྲན་པ་ཉམས་པ་རྣམས་ཉོན་མོངས་པའི་ཡུལ་བུད་མེད་ལ་སོགས་པ་འབའ་ཞིག་ལ་སེམས་འཇུག་པའི་ཕྱིར་རོ། །རྣམ་པར་གཡེང་བའི་རང་བཞིན་བསྟན་པའི་ཕྱིར། རྣམ་པར་གཡེང་བ་གང་ཞེན་ཞེས་དྲིས་ཏེ། རྣམ་པར་གཡེང་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གི་ཤས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དགལ་གང་སེམས་ཡེང་པའོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་དང་སྒྲ་དང༌། དྲི་དང་རོ་དང་རེག་གོ །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཀྱིས་རྒྱུ་བྱས་ནས་གང་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་དམིགས་པའི་ཚེའམ་ཐོས་པ་ལ་སོགས་པའི་དགེ་བའི་ཆོས་སེམས་ལ་སེམས་པའི་ཚེ་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡུལ་ལ་སེམས་འཕྲོས་པའམ་སེམས་ཡེང་བར་སོང་བ་ལ་རྣམ་པར་གཡེང་བ་ཞེས་བྱའོ། །དེའང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་འདོད་ཆགས་དང་ཞེ་སྡང་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་ཡང་ན་ནི་འདོད་ཆགས་དང་གཏི་མུག་གི་དབང་གིས་གཡེང་བ་འབྱུང༌། ཡང་ན་ནི་ཞེ་སྡང་དང་གཏི་མུག་གིས་གཡེང་བ་འབྱུང་བར་རིག་པར་བྱའོ། །འདིའི་ལས་ཀྱང་འདོད་ཆགས་དང་བྲལ་བ་ལ་བར་དུ་གཅོད་པའི་ལས་ཅན་ཏེ། འདོད་པ་ལྔའི་ཡོན་ཏན་ལ་སེམས་ལ་སེམས་གཡེངས་པར་གྱུར་པ་རྣམས་ལ་ཁམས་གསུམ་གྱི་འདོད་ཆགས་སྤང་བར་བྱ་བ་ལ་བར་དུ་གཅོད་ཅིང་བགེགས་བྱེད་པའི་ཕྱིར་རོ། །མདོ་དག་ལས་ནི་གཡེང་བ་རྣམ་པ་དྲུག་ཏུ་བཤད་དོ། །གཡེང་བ་རྣམ་པ་དྲུག་ནི་རང་བཞིན་གྱིས་གཡེང་བ་དང༌། ཕྱི་རོལ་དུ་གཡེང་བ་དང༌། ནང་དུ་གཡེང་བ་དང༌། མཚན་མའི་གཡེང་བ་དང༌།


DTG137_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངན་ལེན་གྱི་གཡེང་བ་དང༌། ཡིད་ལ་བྱེད་པའི་གཡེང་བ་དང༌། དེ་ལ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་ནི་རང་བཞིན་གྱིས་གཡེང་བ་ཞེས་བྱ་སྟེ། རྣམ་པར་ཤེས་པ་ལྔ་པོ་དེ་དག་ནི་རང་བཞིན་གྱིས་ནང་དུ་རྩེ་གཅིག་པར་འཇོག་མི་ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་ལ་ཞུགས་པའི་ཚེ་འདོད་པ་ལྔའི་ཡོན་ཏན་ལ་སེམས་འཕྲོས་པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱའོ། །ཏིང་ངེ་འཛིན་དུ་ཞུགས་པའི་ཚེ་སེམས་རྨུགས་པ་དང་རྒོད་པའི་དབང་དུ་བཏང་བ་ནི་ནང་དུ་གཡེང་བ་ཞེས་བྱའོ། །ཏིང་ངེ་འཛིན་ལ་སོགས་པ་དགེ་བ་བསྒོམས་ན་གཞན་དག་གིས་བདག་ལ་ཡོན་ཏན་ཅན་ཡིན་ནོ་སྙམ་དུ་འཛིན་པའི་དབང་དུ་བྱས་ནས་དགེ་བ་ལ་ཞུགས་པ་ནི་མཚན་མའི་གཡེང་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམས་པའི་ཚེ་བདག་དང་བདག་གིར་རྟོག་པ་འབྱུང་བ་ནི་གནས་ངན་ལེན་གྱི་གཡེང་བ་ཞེས་བྱའོ། །སྔར་ཏིང་ངེ་འཛིན་གཅིག་བསྒོམས་བསྒོམས་པ་ལས་དེའི་འོག་ཏུ་ཏིང་ངེ་འཛིན་གཞན་སྒོམ་པར་བྱེད་པ་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའོ། །འདིར་གཡེང་བ་དྲུག་ལས་ཕྱི་རོལ་གྱི་གཡེང་བ་འབའ་ཞིག་བཤད་མོད་ཀྱི། གཡེང་བ་གཞན་དག་ཀྱང་རྣམ་པར་གཡེང་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཤེས་བཞིན་མེད་པའི་རང་བཞིན་བསྟན་པའི་ཕྱིར། ཤེས་བཞིན་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། ཤེས་བཞིན་མེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་སྟེ་ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་རྣམས་ལ་དབང་མེད་པར་སྤྱོད་པའོ་ཞེས་བྱ་བ་སྨོས་ཏེ། ཤེས་རབ་གང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་བཅས་ཤིང་ཉོན་མོངས་པའི་དབང་དུ་གྱུར་ཅིང་ཉོན་མོངས་པ་དང་འདྲེས་པའི་ཤེས་རབ་ལ་ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་ཅེས་བྱའོ། །དེ་ལྟར་ཤེས་རབ་ཉོན་མོངས་པའི་དབང་དུ་གྱུར་བས་ལུས་ཀྱི་སྤྱོད་པ་འགྲོ་འདུག་ལྡང་ཉལ་དང༌། ངག་གི་སྤྱོད་པ་སྨྲ་བ་དང་མི་སྨྲ་བར་བྱ་བ་དང༌། ཡིད་ཀྱི་སྤྱོད་པ་བསམ་པ་དང་མི་བསམ་པར་བྱ་བ་རྣམས་ལ་བདག་ད་ལྟར་འདི་བྱེད་ཅིང་འདུག་གོ་ཞེས་མི་ཤེས་པ་དང༌། བྱ་བ་དང་མི་བྱ་བའི་དམིགས་མི་ཤེས་པན་ཤེས་བཞིན་མེད་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་


DTG137_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉེས་པ་འབྱུང་བའི་རྟེན་བྱེད་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་བྱ་བ་དང་མི་བྱ་བ་མི་ཤེས་བས་རྟག་ཏུ་སྐྱོན་དང་ལྟུང་བ་ཤ་སྟག་འབྱུང་བའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །བཞི་ནི་གཞན་དུ་ཡང་བཤད་པར་བྱ་སྟེ། དེ་ཡང་འགྱོད་པའི་རང་བཞིན་བསྟན་པའི་ཕྱིར། འགྱོད་པ་གང་ཞེ་ན་ཞེས་དྲིས་ཏེ། འགྱོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཡིད་ལ་གཅགས་པའོ་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བྱས་པ་མཚར་བྱས་ཤེའམ། མ་ལེགས་པ་ཞེས་བྱས་སོ་ཞེས་ཕྱིས་ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་དང༌། སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་མཚར་བྱས་སོ་ཞེའམ། མ་ལེགས་པ་ནི་བྱས་སོ་ཞེས་ཕྱིས་མི་དགའ་ཞིང་ཡིད་ལ་གཅགས་པའམ། བཙེམ་དྲུབ་ལ་སོགས་པའི་ལས་བྱས་པ་མཚར་བྱས་ཤེའམ་མ་བྱས་པ་མཚར་བྱས་སོ་ཞེས་ཕྱིས་ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱའོ། །འགྱོད་པ་དེ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་ལ་དགེ་བ་བྱས་པ་མ་ཡིན་པ་ཞིག་བྱས་སོ་ཞེའམ། ཉེས་པ་ཞིག་བྱས་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ། །ཡང་ན་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་མ་བྱས་པར་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པ་ཉེས་པ་ཞིག་བྱས་སོ་ཞེའམ། མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་དགེ་བའོ། །ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་མ་བྱས་པ་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་དེ་དག་ནི་འགྱོད་པ་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་མ་བྱས་པ་མཚར་བྱས་ཤེའམ་དེ་དག་བྱས་པ་ཉེས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་ལུང་དུ་མ་བསྟན་པའོ། །འགྱོད་པ་གསུམ་ལས་འགྱོད་པ་མི་དགེ་བ་དང༌། འགྱོད་པ་ལུང་དུ་མ་བསྟན་པ་གཉིས་ནི་གཏི་མུག་གི་ཤས་ལས་བྱུང་བ་འགྱོད་པ་དེ་དག་ནི་གཏི་མུག་མེད་པའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ནི་སེམས་བདེ་བར་གནས་པ་དང༌། མི་མཐུན་པར་བྱེད་པ་སྟེ། སེམས་


DTG137_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྱོད་པའམ། གདུང་བ་སྐྱེ་བར་འགྱུར་ན་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་གནས་པའི་བར་ཆད་བྱེད་པའི་ཕྱིར་རོ། །གཉིད་ཀྱི་རང་བཞིན་བསྟན་པའི་ཕྱིར། གཉིད་གང་ཞེ་ན་ཞེས་དྲིས་ཏེ། གཉིད་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། རང་དབང་མེད་པར་འཇུག་པ་སེམས་མངོན་པར་སྡུད་པའོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་སེམས་ཞུགས་ཤིང་དམིགས་པའོ། །གཉིད་ཀྱི་དབང་དུ་སོང་ནས་སེམས་ཕྱི་རོལ་གྱི་ཡུལ་ལ་འཇུག་པའི་དབང་མེད་པས་ནི་རང་དབང་མེད་པ་ཞེས་བྱ་སྟེ། སེམས་ཡུལ་ལ་འཇུག་པའི་རང་དབང་མེད་པ་དང་སེམས་ཀྱིས་ལུས་འཛིན་པར་མི་ནུས་པར་གྱུར་བས་ན་ལུས་ས་ལ་འགྱེལ་བར་འགྱུར་བ་ལ་གཉིད་ཅེས་བྱའོ། །སེམས་རང་དབང་མེད་པར་བྱེད་པ་ནི་གཉིད་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་གཞན་ཡང་ཡོད་དེ། དབྱིག་པ་ལ་སོགས་པས་ཕོག་སྟེ་བརྒྱལ་བ་ན་ཡང་སེམས་ཕྱི་རོལ་ཏུ་འཇུག་པའི་དབང་མེད་ལ་ལུས་འཛིན་ཀྱང་མི་ནུས་པས་བརྒྱལ་བ་ལ་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་སེམས་མངོན་པར་སྡུད་པའོ་ཞེས་བྱ་བའི་ཚིག་སྨོས་ཏེ། སེམས་མངོན་པར་སྡུད་ཅེས་བྱ་བས་ནི་སེམས་མིག་ལ་སོགས་པ་དབང་པོའི་སྒོ་ནས་ཕྱི་རོལ་གྱི་ཡུལ་ལ་མི་འཇུག་གི་སེམས་ནང་དུ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །སེམས་ནང་དུ་སྡུད་པ་ནི་གཉིད་འབའ་ཞིག་ཏུ་མ་ཟད་ཀྱི་འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ཡང་སེམས་ནང་དུ་སྡུད་པར་བྱེད་པས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་རང་དབང་མེད་ཅེས་བྱ་བའི་ཚིག་སྨོས་ཏེ། གང་སེམས་རང་དབང་མེད་པར་ཡང་བྱེད་ལ་སེམས་ནང་དུ་སྡུད་པར་ཡང་བྱེད་པ་དེ་ལ་གཉིད་ཅེས་བྱའོ། །གཉིད་དེ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ལ་སོགས་པ་བྱེད་པ་རྨི་ལམ་དུ་རྨི་བ་ནི་གཉིད་དགེ་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་རྨི་ལམ་དུ་རྨི་བ་ནི་གཉིད་མི་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་བྱེད་པར་རྨི་ལམ་དུ་རྨི་ན་ནི་གཉིད་ལུང་དུ་མ་བསྟན་པའོ། །ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་ཡིད་ལ་བྱེད་པ་ལས་ནི་གཉིད་ལོག་པ་ནི་གཉིད་


DTG137_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའོ། །སྲོག་གཅོད་པ་ལ་སོགས་པའི་ལས་ཡིད་ལ་བྱེད་བྱེད་པ་ལས་གཉིད་ཀྱིས་ལོག་ན་ནི་གཉིད་མི་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་ཡིད་ལ་བྱེད་པ་ལས་གཉིད་ཀྱིས་ལོག་པ་ནི་གཉིད་ལུང་དུ་མ་བསྟན་པའོ། །ཡང་ན་དགེ་བའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་མི་དགེ་བ་ཞེས་བྱའོ། །མི་དགེ་བ་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དགེ་བ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དེ་ལུང་དུ་མ་བསྟན་པ་ཞེས་བྱའོ། །གཉིད་ཀྱི་རྒྱུ་ནི་རིད་དེ་ཉམ་ཆུང་བ་དང༌། ལུས་ངལ་བར་གྱུར་པ་དང༌། དཔྱིད་ཀྱི་དུས་ལ་བབ་པ་དང༌། ཁ་ཟས་ཀྱིས་འགྲངས་ཏེ་ལུས་ལྕི་བར་གྱུར་བ་དང༌། མུན་པའི་འདུ་ཤེས་ཡིད་ལ་བྱས་པ་ལས་གཉིད་སྐྱེ་བར་འགྱུར་རོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །ཁ་ཅིག་ན་རེ་མི་དགེ་བའི་གཉིད་དང་ལུང་དུ་མ་བསྟན་པའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་གི་དགེ་བའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་བ་མ་ཡིན་ནོ་ཞེས་འཆད་དོ། །འདིའི་ལས་ནི་བྱ་བ་མི་འགྲུབ་པའི་རྟེན་བྱེད་པ་སྟེ། གཉིད་ཀྱིས་ལོག་ནས་ལས་སུ་བྱ་བ་ཐམས་ཅད་མི་འགྲུབ་ཅིང་ཉམས་པར་འགྱུར་བའི་ཕྱིར་རོ། །རྟོག་པའི་རང་བཞིན་བསྟན་པའི་ཕྱིར་རྟོག་པ་གང་ཞེ་ན་ཞེས་དྲིས་ཏེ། རྟོག་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཚོལ་བ་ཡིད་ཀྱིས་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་འདི་གོ་རྫ་མ་ཞིག་ཡིན་ནམ་སྣམ་བུ་ཞིག་ཡིན་ནམ་ཅི་ཞིག་ཡིན་ཞེས་སྤྱི་ཙམ་རྟོག་པའི་རྣམ་བར་ཞུགས་པ་ལ་ཚོལ་བ་ཞེས་བྱའོ། །ཚོལ་བ་དེ་ཡང་ཡིད་ཀྱིས་བརྗོད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་རྟོག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡིད་ཀྱིས་བརྗོད་པ་ཞེས་བྱ་བ་ནི་ཡིད་ལ་སྨྲ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དཔེར་ན་ཚིག་གིས་འདི་ནི་སྣམ་བུ་འདི་ནི་བུམ་པ་ཞེས་དོན་སྨྲ་བར་བྱེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པས་འདི་ནི་སྣམ་བུ་འདི་ནི་བུམ་པའོ་ཞེས་ཡིད་ལ་སྨྲ་ཞིང་ཡིད་ཀྱིས་རྟོག་པ་ནི་ཡིད་ཀྱིས་བརྗོད་པ་ཞེས་བྱའོ། །འདིས་ནི་རྟོག་པའི་ལས་བསྟན་ཏོ། །རྟོག་པ་དེ་ཡང་གང་གི་ཕ་ལས་བྱུང་ཞེ་ན། དེའི་ཕྱིར་སེམས་


DTG137_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་སྨོས་ཏེ། སེམས་པ་ནི་སེམས་གཡོ་ཞིང་འགུལ་བར་བྱེད་པའི་རང་བཞིན་ཡིན་ལ། ཤེས་རབ་ནི་འདི་ནི་ཡོན་ཏན་ཅན། འདི་ནི་ཉེས་པ་ཅན་ཞེས་རྣམ་པར་འབྱེད་པའི་རང་བཞིན་ཅན་ཡིན་པས་སེམས་ཀྱི་རྟོག་པ་ཡང་དེ་གཉིས་ཀྱི་དབང་གིས་འབྱུང་བའི་ཕྱིར། སེམས་པ་དང༌། ཤེས་རབ་གཉིས་ཀྱིས་བྱེ་བྲག་ལས་རྟོག་པ་གདགས་པས་ན་རྟོག་པ་འདི་ཡང་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་བར་བར་ནི་སེམས་དང་སེམས་པ་གཉིས་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ནའོ། །བར་བར་ནི་ཤེས་རབ་དང་སེམས་གཉིས་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་རྣམ་པར་རྟོག་པའི་ཚུལ་དུ་ཞུགས་པའི་དུས་ནའོ། །ཡང་ན་སེམས་པ་དང་ཤེས་རབ་གཉིས་པོ་ཉིད་ལ་རྟོག་པ་ཞེས་གདགས་ཏེ། དེ་གཉིས་ཀྱི་དབང་གིས་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་ཞིབ་ཏུ་རྟོག་པ་འབྱུང་བའི་ཕྱིར་རོ། །ཡང་ན་སེམས་འབའ་ཞིག་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ནའོ། །ཡང་ན་ཤེས་རབ་འབའ་ཞིག་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་རྟོག་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །གང་སེམས་རྩིང་བའོ་ཞེས་བྱ་བ་ནི་བུམ་པའི་ནང་ན་དམར་པོ་ཞེའམ་ལེགས་པ་ཞེའམ་མ་ལེགས་པ་ཞེས་ཞིབ་ཏུ་མི་འཇུག་པའི་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་སྤྱི་ཙམ་དུ་རྟོག་པས་ན་སེམས་རྩིང་བ་ཞེས་བྱའོ། །འདིས་ནི་རྟོག་པའི་རང་བཞིན་བསྟན་ཏོ། །རྟོག་པ་དེ་ལ་འང་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །དེ་ལ་ཁམས་གསུམ་ནས་འབྱུང་བར་བྱེད་པའི་ཆོས་ལ་རྟོག་པར་བྱེད་པ་ནི་རྟོག་པ་དགེ་བའོ། །འདོད་པ་ལྔའི་ཡོན་ཏན་ལ་རྟོག་པ་མི་དགེ་བའོ། །བཟོའི་གནས་རྣམ་པ་སྣ་ཚོགས་ལ་རྟོག་པ་ནི་རྟོག་པ་ལུང་དུ་མ་བསྟན་པའོ། །ཡང་ན་འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། བདེ་བ་དང་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །དེ་ལ་ཁམས་གསུམ་ལས་བྱུང་བའི་ཆོས་ལ་རྟོག་པ་ནི་དགེ་བ་བདེ་བའི་རྒྱུར་འགྱུར་བས་ན་བདེ་བར་གནས་པའི་རྟེན་བྱེད་པའོ། །འདོད་པ་ལྔའི་ཡོན་ཏན་ལ་རྟོག་པ་ནི་མི་དགེ་བའི་རྒྱུར་འགྱུར་བས་ན་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །དཔྱོད་པའི་རང་བཞིན་བསྟན་པའི་ཕྱིར་


DTG137_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་གང་ཞེ་ན་ཞེས་དྲིས་ཏེ། དཔྱོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའོ་དོན་ཏོ། །དེའི་ལན་དུ་སོ་སོར་རྟོག་པ་ཡིད་ཀྱིས་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ་ཞེས་བྱ་བ་སྨོས་ཏེ། སྔར་རྟོག་པས་འདི་ནི་བུམ་པ། འདི་ནི་སྣམ་བུ་ཞེས་བརྟགས་པ་ལས་ཕྱིས་བུམ་པའི་ནང་ན་ཡང་དམར་པོ་ཞིག་ཅེའམ། ནག་པོ་ཞིག་ཅེའམ། བུམ་པ་ངོས་འདི་ནི་དམར་རོ་ཞེའམ། བུམ་པ་འདི་ནི་ལེགས། འདི་ནི་མ་ལེགས་ཞེས་ཞིབ་ཏུ་དཔྱོད་པར་བྱེད་པ་ལ་སོ་སོར་རྟོག་པ་ཞེས་བྱའོ། །སོ་སོར་རྟོག་པ་དེ་ཡང་ཡིད་ཀྱིས་བརྗོད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་ཞིབ་ཏུ་རྣམ་པར་རྟོག་པར་བྱེད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱིས་བརྗོད་ཅེས་བྱ་བ་ནི་ཡིད་ལ་ཞིབ་ཏུ་སྨྲ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཚིག་གིས་དོན་གྱི་དངོས་པོ་སྨྲ་བ་བཞིན་དུ་ཡིད་ཀྱིས་ཀྱང་བུམ་པ་འདི་ནི་ལེགས། འདི་ནི་མ་ལེགས་ཞེས་ཞིབ་ཏུ་སྨྲ་ཞིང་རྟོག་པར་བྱེད་པས་ཡིད་ཀྱིས་བརྗོད་པ་ཞེས་བྱ་སྟེ་དེའི་ལས་བསྟན་ཏོ། །དཔྱོད་པ་དེ་ཡང་ཅི་ལ་གདགས་ཤེ་ན། དེའི་ཕྱིར་དེ་བཞིན་དུ་ཞེས་བྱ་བའི་ཚིག་སྨོས་ཏེ། ཇི་ལྟར་རྟོག་པ་སེམས་པ་དང༌། ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པ་བཞིན་དུ་དཔྱོད་པ་འདི་ཡང་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ལས་གདགས་ཏེ། དེ་ཉིད་ཀྱི་ཤས་ལས་འབྱུང་བས་ན་འདི་ཡང་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་བར་བར་ནི་སེམས་དང་སེམས་པ་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་མི་དཔྱོད་པའི་དུས་སུ་གནས་པའི་ཚེ་ནའོ། །བར་བར་ནི་སེམས་དང་ཤེས་རབ་གཉིས་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་བཞིན་དུ་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ།། ཡང་ན་སེམས་འབའ་ཞིག་ལ་དཔྱོད་པ་གདགས་ཏེ་ནམ་དཔྱོད་པ་དེ་མི་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །ཡང་ན་ཤེས་རབ་འབའ་ཞིག་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་ཞིབ་ཏུ་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །གང་སེམས་ཞིབ་པའོ་ཞེས་བྱ་བ་ནི་སྔར་རྟོག་པས་བུམ་པ་ཙམ་ཞིག་ཏུ་བརྟགས་པའི་འོག་ཏུ་དཔྱོད་པ་འདི་ནི་བུམ་པའི་ནང་ན་ལེགས་པ་ཞིག་ཡིན། འདི་ནི་མ་ལེགས་པ་ཞིག་ཡིན་ཞེས་ཕྲར་རྟོག་པར་བྱེད་པས་ན་སེམས་ཞིབ་པ་ཞེས་བྱ་སྟེ་དེས་ནི་རང་བཞིན་བསྟན་ཏོ། །དཔྱོད་པ་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །


DTG137_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སེམས་ཅན་གཞན་ལ་ཕན་གདགས་ན་ཐབས་འདི་དང་འདིས་ཕན་གདགས་སོ་ཞེས་གཞན་ལ་ཕན་འདོགས་པའི་རྣམ་པ་སྣ་ཚོགས་ལ་རྟོག་པར་བྱེད་པ་ནི་དཔྱོད་པ་དགེ་བའོ། །གཞན་ལ་གནོད་པར་བྱ་བའི་ཐབས་སྣ་ཚོགས་ལ་རྟོག་པ་ནི་དཔྱོད་པ་མི་དགེ་བའོ། །བཙེམ་དྲུབ་ལ་སོགས་པ་བཟོའི་གནས་རྣམས་ཞིབ་ཏུ་རྟོག་པ་ནི་དཔྱོད་པ་ལུང་དུ་མ་བསྟན་པའོ། །ཡང་ན་འདིའི་ལས་ཀྱང་བདེ་བ་དང་མི་བདེ་བར་གནས་པའི་རྟེན་བྱེད་པ་སྟེ། གཞན་ལ་ཕན་གདགས་པའི་ཐབས་རྣམ་པ་སྣ་ཚོགས་ལ་དཔྱོད་པ་ནི། བདེ་བའི་རྒྱུར་འགྱུར་བས་ན་བདེ་བར་གནས་པའི་རྟེན་བྱེད་པའོ། །གཞན་ལ་གནོད་པར་བྱ་བའི་ཐབས་ལ་དཔྱོད་པ་ནི་མི་བདེ་བའི་རྒྱུར་འགྱུར་བས་ན་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །རྟོག་པ་དང་དཔྱོད་པ་གཉིས་སེམས་པ་དང༌། ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པར་འདྲ་ན་ཁྱད་པར་ཅི་ཡོད། སྨྲས་པ། དེ་གཉིས་ལ་ཁྱད་པར་ཡོད་དེ། དེ་གཉི་ག་སེམས་པ་དང༌། ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པར་འདྲ་ན་ཡང་རྟོག་པ་ནི་སེམས་རྩིང་བའི་རང་བཞིན་དཔྱོད་པ་ནི་སེམས་ཞིབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བཞི་གཞན་དུ་ཡང་བཤད་ཟིན་ཏོ། །གོང་དུ་འདུ་བྱེད་ཀྱི་ཕུང་པོ་བཤད་པའི་སྐབས་སུ་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་ནས། ལན་དུ་ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་བདག་ཉིད་དང༌། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱི་བདག་ཉིད་དོ་ཞེས་གླེངས་པ་ལས་འདུ་བྱེད་སེམས་ལས་བྱུང་བ་རྣམས་ནི་བཤད་ཟིན་ཏོ། །ད་ནི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་བཤད་དགོས་ཏེ། དེའི་ཕྱིར་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་སོ། །གནས་པ་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཉམ་པས་སེམས་དང་མཉམ་དུ་སྐྱེ་ཞིང་སེམས་ཀྱི་རྗེས་སུ་འབྲང་བ་མེད་པའི་ཕྱིར་སེམས་དང་མི་ལྡན་པའི་འདུ་བྱེད་ཅེས་བྱའོ། །ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ནི་སེམས་དང་མི་ལྡན་པའི་འདུ་བྱེད་ཐམས་ཅད་རེ་རེ་ནས་རྫས་སུ་ཡོད་པར་འདོད་ཀྱང༌། རྣམ་པར་རིག་པ་ཙམ་དུ་ལྟ་བའི་ཚུལ་གྱིས་དེ་དག་བཏགས་པ་ཙམ་དུ་ཡོད་པར་ཟད་ཀྱི་རྫས་སུ་ཡོད་པ་མ་ཡིན་པར་བསྟན་ཅིང༌། དེ་དག་བཏགས་པ་ཙམ་དུ་ཡོད་པར་ཡང་ཇི་ལ་གདགས་པ་བསྟན་པའི་ཕྱིར། གང་དག་


DTG137_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པ་སྟེ། དེ་དག་ནི་སེམས་དང་མི་ལྡན་པའི་འདུ་བྱེད་ཡིན་ནོ་ཞེས་མ་སྨོས་སུ་ཟིན་ཀྱང་སེམས་དང་མི་ལྡན་པའི་འདུ་བྱེད་བཤད་པའི་སྐབས་ཡིན་པས་གང་གཟུགས་ཀྱི་དུས་ལ་གདགས་པ་དང༌། སེམས་ཀྱི་དུས་ལ་གདགས་པ་དང༌། སེམས་ལས་བྱུང་བའི་དུས་ལ་གདགས་པ་དེ་དག་ནི་འདུ་བྱེད་སེམས་དང་མི་ལྡན་པའོ་ཞེས་བྱ་བའོ། །དེ་ལ་འདུ་བྱེད་སེམས་དང་མི་ལྡན་པ་མང་དུ་ཡོད་པ་ལས་ཁ་ཅིག་ནི་གཟུགས་ཀྱི་དུས་ལ་གདགས། ཁ་ཅིག་ནི་སེམས་ཀྱི་དུས་ལ་གདགས། ཁ་ཅིག་ནི་སེམས་ལས་བྱུང་བའི་དུས་ལ་གདགས་ཏེ། དེ་བས་ན་དེ་དག་བཏགས་པར་ཡོད་ཀྱི་རྫས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་མཐུ་ལས་སྐྱེས་པའམ། དེ་གསུམ་གྱི་ཡན་ལག་ཏུ་གཏོགས་པ་ན་གཟུགས་དང༌། སེམས་དང༌། སེམས་ལས་བྱུང་པའི་དུས་ལ་གདགས་པ་ཞེས་བྱ་སྟེ། འདུ་བྱེད་སེམས་དང་མི་ལྡན་པ་དེ་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ངག་གིས་བསྐྱེད་ནས་ནམ་བདག་གི་ངོ་བོ་ཐོབ་པར་གྱུར་པའི་དུས་ན་ཆོས་དེ་དག་ཉིད་ཀྱི་མིང་དུ་བཏགས་ཏེ། དཔེར་ན་འགོག་པའི་སྙོམས་པར་འཇུག་པ་ཡང་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་མཐུས་བསྐྱེད་པར་བརྩམས་ཏེ། ནམ་སེམས་འགགས་པའི་ཚེ་མཚན་ཉིད་ཐོབ་བར་གྱུར་པའི་སྐད་ཅིག་མ་གཉིས་པ་ཕན་ཆད་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་བ་བཞིན་དུ་འདུ་བྱེད་སེམས་དང་མི་ལྡན་པ་གཞན་ཡང་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དེ་དག་གིས་ཐོབ་པར་བྱ་བར་བཙལ་ནས། ནམ་ཐོབ་པར་གྱུར་པའི་དུས་ཕན་ཆད་སོ་སོའི་མིང་དུ་གདགས་པར་རིག་པར་བྱའོ། །འདི་ལྟར་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་མཐུས་བསྐྱེད་པའི་འདུ་བྱེད་སེམས་དང་མི་ལྡན་པའི་རྣམས་ཉན་ཐོས་རྣམ་པར་སྨྲ་བ་རྣམས་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་མ་གཏོགས་པར་རྫས་སུ་ལོགས་ཤིག་ན་ཡོད་པར་རྟོག་སྟེ། དེ་ཉིད་རྫས་སུ་ལོགས་ཤིག་ན་ཡོད་པ་མ་ཡིན་པར་བསྟན་ཅིང་འདུ་བྱེད་སེམས་དང་མི་ལྡན་པའི་རྣམས་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་སོ་ཞེས་བཤད་ན། ཁ་ཅིག་


DTG137_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཉིད་དེ་ཡིན་པར་གདགས་སམ། འོན་ཏེ་གཟུགས་ལ་སོགས་པ་ལས་གུད་ན་ཐ་དད་པ་ཡོད་སྙམ་དུ་དོགས་པ་བསལ་བའི་ཕྱིར། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་བྱ་བ་སྨོས་ཏེ། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་བདག་གིས་བསྐྱེད་པའི་འདུ་བྱེད་སེམས་དང་མི་ལྡན་པ་དེ་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་ཀྱང་མི་གདགས། གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལས་གཞན་དུ་ལོགས་ཤིག་ན་ཡོད་དོ་ཞེས་ཀྱང་མི་གདགས་ཏེ། རྟེན་དང་བརྟེན་པ་གཅིག་ན་ཡང་སྐྱོན་དུ་གྱུར་བའམ་ཐ་དད་ན་འང་སྐྱོན་དུ་གྱུར་པས་དཔེར་ན་བུམ་པ་དང་ས་གཅིག་པར་ཡང་མི་གདགས་ཐ་དད་པར་ཡང་མི་གདགས་པ་དང༌། ཁུ་ཚུར་དང་སོར་མོ་གཅིག་བར་ཡང་མི་གདགས་ཐ་དད་པར་ཡང་མི་གདགས་པ་བཞིན་ནོ། །འདི་ལྟར་བུམ་པ་དང་ས་རང་བཞིན་གཅིག་བར་ཡང་གདགས་སུ་མི་རུང་སྟེ། དུམ་པ་ནི་ལྟོ་ཟླུམ་པོ་སྐྱེ་སྡེང་སྡེང་པོ་ལ་ཆུ་འཛིན་པའི་བྱ་བ་བྱེད་པའི་དབྱིབས་ཅན་ཡིན་ལ་སའི་དབྱིབས་ཀྱང་རྣམ་པ་གཞན་དུ་འདུག་བས་ས་དང་གཅིག་པ་ཞེས་གདགས་སུ་ཡང་མི་རུང་བ་ལས་བུམ་པ་ཐ་དད་པ་ཞེས་ཀྱང་གདགས་སུ་མི་རུང་སྟེ། བུམ་པ་ས་ལས་བྱས་པའི་ཕྱིར་རོ། །དེ་བཞིན་དུ་སོར་མོ་དང་ཁུ་ཚུར་གཅིག་པ་ཞེས་གདགས་སུ་ཡང་མི་རུང་སྟེ། སོར་མོ་དང་ཁུ་ཚུར་གཅིག་པར་གྱུར་ན་ནི་སོར་མོ་བརྐྱང་བའི་ཚེ་ན་ཡང་སོར་མོ་རེ་རེ་ལ་ཁུ་ཆུར་གྱི་དབྱིབས་འདྲ་བར་སྣང་བར་གྱུར་པའི་རིགས་ན། སོར་མོ་བརྐྱང་བའི་ཚེ་སོར་མོ་རེ་རེ་ལ་ཁུ་ཚུར་གྱི་དབྱིབས་འདྲ་བ་མི་སྣང་བས་གཅིག་པ་ཞེས་གདགས་སུ་ཡང་མི་རུང་ངོ༌། །སོར་མོ་དང་ཁུ་ཚུར་ཐ་དད་པ་ཞེས་ཀྱང་གདགས་སུ་ཡང་མི་རུང་སྟེ། ཁུ་ཚུར་ནི་སོར་མོ་བསྡུས་པ་ལས་གྱུར་པའི་ཕྱིར་རོ། །དེ་དང་འདྲ་བར་འདིར་ཡང་རྟེན་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའོ། །བརྟེན་པ་ནི་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་སོ། །གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང༌། འདུ་བྱེད་སེམས་དང་མི་ལྡན་པ་གཅིག་ཅེས་གདགས་སུ་མི་རུང་སྟེ། བུམ་པ་དང་ཆུ་གཅིག་པར་མི་རུང་བ་བཞིན་དུ་རྟེན་དང་བརྟེན་བར་རང་བཞིན་གཅིག་པར་ཡང་མི་རུང་བར་རིགས་པའི་ཕྱིར་རོ། །གཟུགས་དང་སེམས་


DTG137_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ལས་བྱུང་བ་དང༌། འདུ་བྱེད་སེམས་དང་མི་ལྡན་པ་ཐ་དད་པ་ཞེས་བྱ་བར་ཡང་མི་རུང་སྟེ། གལ་ཏེ་དེ་དག་ཐ་དད་པར་གྱུར་ན་ནི་འདུ་བྱེད་སེམས་དང་མི་ལྡན་པའི་རྣམས་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་བརྟེན་མི་དགོས་ཀྱི་དེ་དག་ལ་མ་བརྟེན་པར་ཡང་འབྱུང་བའི་རིགས་ན་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་མ་བརྟེན་པར་འདུ་བྱེད་སེམས་དང་མི་ལྡན་པ་མི་འབྱུང་བས་ན་དེ་དག་ཐ་དད་པ་ཞེས་གདགས་སུ་ཡང་མི་རུང་ངོ༌། །འདི་ལྟར་འདུ་བྱེད་སེམས་དང་མི་ལྡན་པ་གང་ཞེ་ན་ཞེས་དྲིས་ནས། གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་སྤྱི་ཙམ་དུ་བསྟན་པ་དེ་དག་ཀྱང་ཁྱད་པར་དུ་ན་མིང་གིས་གང་དང་གང་ཡིན་པ་མི་ཤེས་པས་ཁྱད་པར་ཤེས་པར་འདོད་ནས་དེ་དག་ཀྱང་གང་ཞེ་ན་ཞེས་དྲིས་ཏེ། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པ་དེ་ཉིད་དང་གཞན་དུ་མི་གདགས་པའི་འདུ་བྱེད་སེམས་དང་མི་ལྡན་པ་དེ་དག་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །འདིའི་ལན་དུ་རྙེད་པ་དང་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུའི་ཚུལ་ཅན་དག་གོ་ཞེས་བྱ་བའི་བར་དུ་བསྟན་ཏོ། །དེ་ལྟ་བུའི་ཚུལ་ཅན་དག་ཅེས་བྱ་བ་ནི་རྙེད་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་དེ་དག་དང་རང་བཞིན་འདྲ་བའམ། རིགས་འདྲ་བའམ། གཞན་ཡང་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པ་ཡང་སེམས་དང་མི་ལྡན་པའི་འདུ་བྱེད་ཡིན་པར་བསྡུའོ། །དེ་དག་ཀྱང་གང་ཞེ་ན་འདིར་མ་སྨོས་པ་འཇུག་པ་དང༌། སོ་སོར་ངེས་པ་དང༌། སྦྱོར་བ་དང༌། མགྱོགས་པ་དང༌། གོ་རིམས་དང༌། དུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྙེད་པའི་རང་བཞིན་བསྟན་པའི་ཕྱིར་དེ་ལ་རྙེད་པ་གང་ཞེ་ན་ཞེས་དྲིས་ཏེ། འདུ་བྱེད་སེམས་དང་མི་ལྡན་པ་དེ་དག་གི་ནང་ནས་རྙེད་པའི་རང་བཞིན་ཇི་ལྟ་བུ་ཡིན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཐོབ་པ་དང་ལྡན་པའོ་ཞེས་བྱ་བ་སྨོས་ཏེ་དགེ་བའམ། མི་དགེ་བའི་ཆོས་སྔོན་མ་རྙེད་ཅིང་བདག་ལ་མེད་པ་ལས་དང་པོ་ཉིད་དུ་རྙེད་པར་གྱུར་པ་ལ་ནི་ཐོབ་པ་ཞེས་བྱའོ། །དེ་ལྟར་སྐད་ཅིག་མ་དང་པོ་ལ་དགེ་བའམ། མི་དགེ་བའི་ཆོས་མ་རྙེད་པ་རྙེད་ནས་སྐད་ཅིག་མ་གཉིས་པ་ཕན་ཆད་ནས་ཆོས་དེ་དག་བདག་ལ་ཡོད་ཅིང་དེ་དག་དང་ལྡན་པ་ལ་ནི་ལྡན་


DTG137_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །དེ་ལྟར་ན་ཐོབ་པ་དང་ལྡན་པ་གཉིས་ལ་རྙེད་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །རྙེད་པ་དེ་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། དེ་འང་ས་བོན་དང༌། དབང་དང༌། མངོན་དུ་གྱུར་པ་དང་ཅི་རིགས་པར་སྦྱོར་རོ་ཞེས་བྱ་བ་སྨོས་ཏེ། རྙེད་པ་དེ་ལའང་ཕྱེ་ན་རྣམ་པ་གསུམ་ཡོད་དེ། ས་བོན་རྙེད་པ་དང༌། དབང་རྙེད་པ་དང༌། མངོན་དུ་གྱུར་པ་རྙེད་པའོ། །དེ་ལ་ས་བོན་རྙེད་པ་ནི་མ་འོངས་པ་ན་བདག་དང་འདྲ་བའི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་བསྐྱེད་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་རྣམས་ཀྱིས་རྣམ་པར་ཤེས་པའི་རྒྱུ་ལ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མི་སྟོན་པའི་ཆོས་ཀྱིས་བསྐྲུན་ཅིང་བག་ཆགས་གཞག་པ་ལ་ས་བོན་རྙེད་པ་ཞེས་བྱའོ། །དེ་ལྟར་རྒྱུ་བསྐྲུན་པས་དེས་བརྟས་པར་གྱུར་ནས་བདག་གི་འབྲས་བུ་བསྐྱེད་པར་བྱ་བ་ལ་མཐུ་དང་ལྡན་པར་གྱུར་ཏེ། གཞན་གང་གིས་ཀྱང་བར་དུ་གཅད་མི་ནུས་པར་འབྲས་བུ་བསྐྱེད་པའི་མཐའ་མའི་སྐད་ཅིག་མ་འབྲས་བུ་སྐྱེས་ནི་མ་སྐྱེས། འབྲས་བུ་སྐྱེད་ནུས་པའི་མཚན་ཉིད་དུ་གནས་པ་དེ་ལ་ནི་དབང་རྙེད་པ་ཞེས་བྱའོ། །དེ་ནས་དེ་ལས་རང་གི་འབྲས་བུ་གྲུབ་སྟེ། འབྲས་བུ་སྐྱེས་ཟིན་པར་གྱུར་པ་ལ་ནི་མངོན་དུ་གྱུར་བ་རྙེད་པ་ཞེས་བྱའོ། །ཅི་རིགས་པར་སྦྱར་རོ་ཞེས་བྱ་བ་ལ་དེ་འདི་ལྟར་སྦྱར་བའི་རིགས་ཏེ། ཇི་ལྟར་སྦྱར་བའི་རིགས་ཤེ་ན། བར་འགའ་ནི་ས་བོན་ལ་རྙེད་པ་ཞེས་བྱའོ། །བར་འགའ་ནི་དབང་ལ་རྙེད་པ་ཞེས་བྱ། བར་འགའ་ནི་མངོན་དུ་གྱུར་པ་ལ་རྙེད་པ་ཞེས་བྱའོ། །དེ་ལ་སྐད་ཅིག་མ་དང་པོ་མ་རྙེད་པ་ལས་རྙེད་པ་ནས་བརྩམས་ཏེ། སྐད་ཅིག་མ་གཉིས་པ་དང་གསུམ་པ་མན་ཆད་ནས་དབང་གི་གནས་རྙེད་ཀྱི་བར་དག་ལ་ས་བོན་ཞེས་བྱ་བ་ནི་དབང་དང་ཐོབ་པར་ལྡན་པ་རྙེད་པ་གཉིས་ལ་བྱའི། །དབང་དང་མངོན་དུ་གྱུར་པ་ལ་ནི་ལྡན་པ་འབའ་ཞིག་ཏུ་གདགས་པར་ཟད་ཀྱི་ས་བོན་རྙེད་པ་ཐོབ་པ་ཞེས་མི་བྱའོ། །ཡང་ན་ས་བོན་རྙེད་པ་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བའི་རྣམས་དག་པ་དང་མི་དགེ་བ་དང་ལུང་དུ་བསྟན་དུ་མེད་པའི་ཆོས་ཀྱི་ས་བོན་སེམས་ཀྱི་རྒྱུད་ལ་རྙེད་པ་ལ་བྱའོ། །དབང་རྙེད་པ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ནམ་འདོད་པ་ན་སྤྱོད་པའི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་རྣམས་མངོན་སུམ་དུ་བྱ་བ་ལ་དབང་ཡོད་པར་གྱུར་པ་ལ་ནི་དབང་རྙེད་པ་ཞེས་བྱའོ། །


DTG137_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ། དབང་པོ་ལྔ་ལས་སོ་སོའི་ཡུལ་མངོན་སུམ་དུ་བྱེད་པ་ནི་མངོན་སུམ་དུ་གྱུར་པ་རྙེད་པ་ཞེས་བྱའོ། །ཅི་རིགས་པར་སྦྱོར་རོ་ཞེས་བྱ་བ་ནི་འདི་ལྟར་རིགས་ཏེ། ས་བོན་ནི་རྙེད་པ་དང་སྦྱར། དབང་ནི་ཐོབ་པ་དང་སྦྱར། མངོན་དུ་གྱུར་པ་ནི་ལྡན་པ་དང་སྦྱར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རང་བཞིན་བསྟན་པའི་ཕྱིར། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན་ཞེས་དྲིས་ཏེ། འདུ་ཤེས་མེད་པའི་མཚན་ཉིད་དུ་སྙོམས་པར་འཇུག་པའམ་འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམ་པར་སྨིན་པའི་འབྲས་བུ་ཡིན་ཏེ། རྣམ་པར་སྨིན་པ་འདུ་ཤེས་མེད་པ་དེ་ཐོབ་པར་བྱ་བའི་ཕྱིར་སྙོམས་པར་འཇུག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་གོང་མའི་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འདོད་པའི་ཁམས་ཀྱི་གནས་ནི་ཉི་ཤུ་སྟེ་འཛམ་བུ་གླིང་འདིའི་འོག་ན་ཚ་བའི་སེམས་ཅན་དམྱལ་བ་བརྒྱད་དང༌། གླིང་བཞི་དང༌། འདོད་པའི་ཁམས་ཀྱི་ལྷ་དྲུག་དང༌། བྱོལ་སོང་དང༌། ཡི་དགས་སོ། །དེ་ལ་ཚ་བའི་སེམས་ཅན་དམྱལ་བ་བརྒྱད་ནི་མནར་མེད་པ་དང༌། རབ་ཏུ་གདུང་བ་དང༌། གདུང་བ་དང༌། འོ་དོད་ཆེར་འབོད་པ་དང༌། འོ་དོད་འབོད་པ་དང༌། འདུས་འཇོམས་དང༌། ཐིག་ནག་དང༌། ཡང་སོས་སོ། །གླིང་བཞི་ནི་ལྷོའི་འཛམ་བུའི་གླིང་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་དང༌། ཤར་གྱི་ལུས་འཕགས་སོ། །འདོད་པའི་ཁམས་ཀྱི་ལྷ་དྲུག་ནི་རྒྱལ་ཆེན་རིས་བཞིའི་རིགས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་ཐུན་སྤྱོམས་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དོ། །གཟུགས་ཀྱི་ཁམས་ན་བསམ་གཏན་དང་པོ་ལ་གནས་གསུམ་སྟེ། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་ཆེན་ནོ། །བསམ་གཏན་གཉིས་པ་ལ་གནས་གསུམ་སྟེ། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་ལོ། །བསམ་གཏན་གསུམ་པ་ལ་གནས་གསུམ་སྟེ། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་སོ། །བསམ་གཏན་བཞི་པ་ལ་གནས་བརྒྱད་དེ། སྤྲིན་མེད་དང༌། བསོད་ནམས་


DTG137_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་དང༌། འབྲས་བུ་ཆེ་བ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་ལེགས་པར་མཐོང་བ་དང༌། གྱ་ནོམ་སྣང་དང༌། འོག་མིན་ནོ། །གཟུགས་མེད་པའི་ཁམས་ན་སྐྱེ་མཆེད་པ་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་དོ། །དེ་ལ་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས། བསམ་གཏན་གསུམ་པ་ལ་གནས་གསུམ་སྟེ། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ལས། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་གསུམ་པ་མན་ཆད་ཀྱི་འདོད་ཆགས་ཀུན་སྤངས་ཞེས་བྱ་བའི་དོན་ཏོ། །གོང་མའི་མ་ཡིན་པ་ཞེས་བྱ་བ་ལ་བསམ་གཏན་གསུམ་པའི་གོང་མ་ནི་བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་ཏེ། དོན་དུ་ན་བསམ་གཏན་བཞི་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་འདོད་ཆགས་ད་དུང་མ་སྤངས་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དེ་དང་པོའི་བསམས་པའམ། འདུ་ཤེས་གང་གིས་སྙོམས་པར་འཇུག་ཅེ་ན། དེའི་ཕྱིར་འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་ཞེས་བྱ་བ་སྨོས་ཏེ། གང་ཟག་སོ་སོའི་སྐྱེ་བོ་འདུ་ཤེས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འདོད་པ་དེས་དང་པོ་སྙོམས་པར་འཇུག་པའི་ཚེ་ན་འདུ་ཤེས་སུན་འབྱིན་ཏེ། འདུ་ཤེས་འདི་ནི་ཟུག་རྡུ་ཡིན། འདུ་ཤེས་འདི་ནི་ནད་ཡིན། འདུ་ཤེས་འདི་ནི་ཤུ་བ་ཡིན། འདུ་ཤེས་མེད་བ་འདི་ནི་ཞི་བ་ཡིན། གྱ་ནོམ་པ་ཡིན། འབྱུང་བ་ཡིན་ནོ་ཞེས་འདུ་ཤེས་སུན་ཕྱུང་ནས་དེའི་འོག་ཏུ་སྙོམས་པར་འཇུག་པས་ན། འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་ཞེས་བྱ་བའམ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་འདི་ནི་ཐར་པར་འགྱུར་བའི་ལམ་ཡིན་ལ། དེའི་འབྲས་བུ་འབྲས་བུ་ཆེ་གནམ་ཞེས་བྱ་བའི་ལྷ་རྣམས་ཀྱི་ནང་དུ་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་ནི་ཐར་པ་ཡིན་གྱི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་ཡིད་ལ་བྱ་བ་སྔར་བྱས་ནས། འདུ་ཤེས་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་འགོག་པར་བྱེད་པས་ན། འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་སེམས་དང་སེམས་ལས་བྱུང་


DTG137_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རྣམ་པ་གཉིས་ཏེ། མི་བརྟན་པ་དང་བརྟན་པའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་ནི་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་དང༌། སེམས་མེད་པའི་བརྒྱལ་བ་དང༌། གཉིད་སྟུག་པོས་ནོན་པ་ལ་སོགས་པ་སེམས་མེད་པའི་དུས་དེ་དག་ན་ཡང་རྒྱུན་ཆད་དེ་མེད་པ་དང༌། སེམས་དང་བཅས་པའི་དུས་ན་ཡང་ནམ་དགེ་བ་ལ་དམིགས་པའི་ཚེ་ན་མི་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་མི་གནས་ཏེ་མེད། ནམ་མི་དགེ་བ་ལ་དམིགས་པའི་ཚེ་ན་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་མི་གནས་ཏེ་མེད། ནམ་ལུང་དུ་མ་བསྟན་པ་ལ་དམིགས་པ་དེའི་ཚེ་ན་དགེ་བའི་སེམས་དང་མི་དགེ་བའི་སེམས་མི་གནས་ཏེ་མེད་པས་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་ནི་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཡིད་གཉིས་ནི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཀུན་གཞི་ཡང་ནམ་དགྲ་བཅོམ་པ་ཐོབ་པའི་དུས་ན་མེད་དུ་ཟིན་གྱི་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། སེམས་མེད་བའི་བརྒྱལ་བ་ལ་སོགས་པ་སེམས་མེད་པའི་དུས་ཐམས་ཅད་ན་ཡང་ཡོད་ལ། དགེ་བ་དང་མི་དགེ་བ་ལ་སོགས་པ་ལ་དམིགས་པའི་སེམས་དང་བཅས་པའི་དུས་ན་ཡང་རྟག་པར་ཡོད་པས་ན་བརྟན་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་ལ། ཉོན་མོངས་པའི་ཡིད་ཀྱང་ཟག་པ་མེད་པའི་ལམ་གྱི་བདེན་པའི་དུས་དང༌། འགོག་པའི་སྙོམས་པར་འཇུག་པའི་དུས་དང༌། མི་སློབ་པའི་དུས་རྣམས་ན་མེད་པར་ཟད་ཀྱི། དེ་ལས་མ་གཏོགས་པའི་དུས་ཐམས་ཅད་དུ་ཡོད་པས་ན་བརྟན་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱའོ།། དེ་ལྟར་ན་དོན་གྱི་ཤུགས་ཀྱིས་འདི་འདྲ་བར་འགྱུར་ཏེ། ཟག་པ་མེད་པའི་ལམ་གྱི་དུས་ན་ཉོན་མོངས་པའི་ཡིད་མེད་ཅེས་བཤད་ན་ཟག་པ་ཅན་འཇིག་རྟེན་པ་རྣམས་ཀྱི་ལམ་གྱི་དུས་ན་ཉོན་མོངས་པའི་ཡིད་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཉོན་མོངས་པའི་ཡིད་མེད་


DTG137_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཤད་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པའི་ཚེ་ཉོན་མོངས་པའི་ཡིད་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །མི་སློབ་པའི་དུས་ན་ཉོན་མོངས་པའི་ཡིད་མེད་ཅེས་བཤད་ན་སློབ་པའི་དུས་ན་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་སེམས་དང་སེམས་ལས་བྱུང་བ་གནས་པ་དང༌། མི་གནས་པ་རྣམ་པ་གཉིས་ཡོད་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་ཚེ་ན་སེམས་དང་སེམས་ལས་བྱུང་བ་གང་འགགས་ཤེ་ན། དེའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་ཆོས་མི་བརྟན་པ་རྣམས་གང་འགགས་པའོ་ཞེས་བྱ་བ་སྨོས་ཏེ། སོ་སོའི་སྐྱེ་བོ་རྣལ་འབྱོར་པ་དེས་དང་པོ་འདུ་ཤེས་ནི་ཟུག་རྡུ། འདུ་ཤེས་ནི་ནད་ཅེས་འདུ་ཤེས་སུན་ཕྱུང་ནས། འདུ་ཤེས་སུན་འབྱིན་པའི་བསམ་པ་དེས་སེམས་དེ་མ་ཐག་ཏུ་གཉིས་ལ་སོགས་པ་འབྱུང་བ་དང་མི་མཐུན་ཞིང་འགལ་བར་གྱུར་པའི་ལུས་སྐྱེད་དོ། །དེ་ལས་སེམས་གཞན་འབྱུང་བ་དང་མི་མཐུན་པའི་ལུས་དེས་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ཚོགས་དྲུག་སེམས་ལས་བྱུང་བའི་འཁོར་དང་བཅས་པར་འབྱུང་བའི་བགེགས་བྱས་ནས་རིལ་གྱིས་མི་འབྱུང་བས་བཀག་པས་ན། སེམས་དང་སེམས་ལས་བྱུང་བའི་ཆོས་མི་གནས་པ་རྣམས་གང་འགོག་པ་ཞེས་བྱའོ། །དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་དྲུག་གི་ཚོགས་སེམས་ལས་བྱུང་བ་དང་བཅས་ཏེ་རྒྱུ་བཀག་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ཡང་གཟུགས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་ཀྱི་རྫས་སུ་མེད་དོ། །འགོག་པའི་སྙོམས་པར་འཇུག་པའི་རང་བཞིན་བསྟན་པའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན་ཞེས་དྲིས་ཏེ། འགོག་པའི་སྙོམས་པར་འཇུག་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོ་ནས་གྱེན་དུ་བསྐྱོད་པ་ཞེས་བྱ་བ་སྨོས་ཏེ། གཟུགས་མེད་པ་ན་སྐྱེ་མཆེད་བཞི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ལས་འཕགས་པ་འགོག་པའི་སྙོམས་པར་འཇུག་པ་དེས་ཅུང་ཟད་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ཉོན་མོངས་པ་དང་འདོད་


DTG137_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀུན་སྤངས་པ་ན་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །འཕགས་པ་ཅུང་ཟད་མེད་པའི་འདོད་ཆགས་དང་བྲལ་བ་དེ་སྲིད་པའི་རྩེ་མོ་ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་ཉོན་མོངས་པ་སྤོངས་པའི་ཕྱིར་ཆས་ཤིང་ཉོན་མོངས་པ་སྤང་བའི་ཕྱིར་བརྩོན་པ་ནས་སྲིད་པའི་རྩེ་མོ་ནས་གྱེན་དུ་བསྐྱོད་པ་ཞེས་བྱའོ། །དེ་ལ་སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་ལ་སྙོམས་པར་འཇུག་པ་རྣམས་སྲིད་པའི་རྩེ་མོའི་འདོད་ཆགས་དང་མ་བྲལ་ཡང་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་པ་ཡོད་པས་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་བྱ་བ་སྨོས་ཏེ། སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་ལ་སྙོམས་པར་ཞུགས་པ་རྣམས་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཡང་སྲིད་པའི་རྩེ་མོའི་ཉོན་མོངས་པ་མཐོང་བས་སྤང་བ་དང༌། བསྒོམ་པས་སྤང་བ་ཅུང་ཟད་ཀྱང་མ་སྤངས་པས་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་ཅེས་བྱ་བའི་ཚིག་གིས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་འགོག་པའི་སྙོམས་པར་འཇུག་མི་ནུས་སོ་ཞེས་བཤད་པ་ཡིན་ནོ། །ཁ་ཅིག་སྲིད་པའི་རྩེ་མོ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་དང་བྲལ་བ་ཡིན་ཀྱང་ཅུང་ཟད་མེད་པའི་སྐྱེ་མཆེད་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་སྤངས་ཏེ། དེའང་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་འཕགས་པའི་བདེན་པ་དེ་དག་སྟེ། དེ་དག་གིས་སྲིད་པའི་རྩེ་མོའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་ཀྱང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ཀྱི་དང་ཡང་མ་བྲལ་བས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་བསྒོམ་པས་སྤང་བར་བྱ་བ་ཡང་མ་སྤངས་ཏེ། དེའི་ཕྱིར་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཞེས་སྨྲས་ཏེ། དོན་དུ་ན་འཕགས་པ་ཕྱིར་མི་འོང་བའི་འབྲས་བུ་རྙེད་པ་དང༌། དགྲ་བཅོམ་པ་གཉིས་ཀྱིས་འགོག་པའི་སྙོམས་པར་འཇུག་ནུས་ཀྱི་འཕགས་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང༌། སོ་སོའི་སྐྱེ་བོས་ནི་འགོག་པའི་སྙོམས་པར་འཇུག་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་འབྱུང་བའི་འདུ་ཤེས་སྔོན་དུ་བྱས་ནས་འདུ་ཤེས་མེད་པ་ལ་སྙོམས་


DTG137_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་ན། འཕགས་པ་འགོག་པའི་སྙོམས་པར་འཇུག་པ་དེ་དག་བསམ་པའམ་འདུ་ཤེས་ཅི་འདྲ་བ་ཞིག །དང་པོར་བྱས་ནས་འགོག་པའི་སྙོམས་པར་འཇུག་ཅེ་ན། དེའི་ཕྱིར། གནས་པའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་ཞེས་བྱ་བ་སྨོས་ཏེ། འཕགས་པའི་འགོག་པའི་སྙོམས་པར་འཇུག་པ་དེ་དག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་དེ་ལ་འབྱུང་བའི་འདུ་ཤེས་སྔོན་དུ་ཡིད་ལ་བྱས་ནས་སྙོམས་པར་འཇུག་པ་མ་ཡིན་གྱི། གནས་པའི་འདུ་ཤེས་སྔོན་དུ་ཡིད་ལ་བྱས་ནས་སྙོམས་པར་འཇུག་པ་སྟེ། དེ་དག་འགོག་པ་ལ་ཅིའི་ཕྱིར་འབྱུང་བའི་འདུ་ཤེས་སུ་སྔོན་དུ་ཡིད་ལ་མི་བྱེད་ཅེ་ན། འགོག་པའི་སྙོམས་པར་འཇུག་པ་དེ་ནི་སྲིད་པའི་རྩེ་མོའི་སར་གཏོགས་པ་ཡིན་ལ་སྲིད་པ་ནི་ཁམས་གསུམ་པར་གཏོགས་པ་ཡིན་པས་ཁམས་གསུམ་པ་ལ་འཕགས་པ་རྣམས་འབྱུང་བ་དང༌། མཐར་འབྱིན་པའི་འདུ་ཤེས་མི་སྐྱེ་བའི་ཕྱིར་རོ། །འོ་ན་འགོག་པ་དེ་ལ་ཅི་འདྲ་བའི་འདུ་ཤེས་སྐྱེ་ཞེ་ན། འདི་ལྟར་འཕགས་པ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དེ་དག་ཚོར་བ་དང༌། འདུ་ཤེས་ཀྱིས་སྐྱོ་ནས་དང་པོ་སྙོམས་པར་འཇུག་པའི་ཚེ་ཚོར་བ་དང༌། འདུ་ཤེས་ནི་ནད་དོ། །སྐྲན་ནོ། །ཟུག་རྡུ་སྟེ། ཚོར་བ་དང་འདུ་ཤེས་མེད་པའི་འགོག་པ་འདི་ནི་མྱ་ངན་ལས་འདས་པའི་དངོས་པོ་མ་ཡིན་ཡང་མྱ་ངན་ལས་འདས་པ་དང་འདྲ་བར་བདེ་བ་ཡིན་ཏེ། བདེ་བ་འདི་ལ་ཐང་ཅིག་གཅིག་གནས་པར་བྱའོ་སྙམ་པའི་སྙོམས་པར་འཇུག་པའི་འདུ་ཤེས་སྔར་བཏང་ནས། དེ་ནས་སྲིད་པའི་རྩེ་མོའི་སེམས་ཕྲ་མོ་བསྐྱེད་དོ། །དེ་ནས་དེའི་འོག་ཏུ་དེ་བས་ཀྱང་ཕྲ་བར་བྱས་སོ། །དེ་ནས་དེ་བས་ཀྱང་སེམས་ཤིན་ཏུ་ཕྲ་བ་བསྐྱེད་ནས་སེམས་ཐམས་ཅད་འགག་པའི་མཚན་ཉིད་འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པས་ན་གནས་པའི་འདུ་ཤེས་སྔོན་དུ་ཡིད་ལ་བྱེད་པས་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་ལ་རྣམ་པ་གཉིས་ཏེ། བརྟན་པ་དང་མི་བརྟན་པ་ལས་འགོག་པའི་སྙོམས་པར་འཇུག་པའི་ཚེ་ན་གང་འགགས་ཤེ་ན། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་མི་བརྟེན་པ་རྣམས་དང་ཞེས་བྱ་བ་སྨོས་ཏེ། སེམས་དང་སེམས་ལས་བྱུང་བ་མི་བརྟན་པ་ནི། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སེམས་ལས་


DTG137_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་འཁོར་དང་བཅས་པ་དྲུག་ལ་བྱ་སྟེ། གལ་ཏེ་རྣལ་འབྱོར་པ་འཕགས་པ་ཕྱིར་མི་འོང་བའམ་དགྲ་བཅོམ་པ་དེ་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་ལ་བརྟེན་ནས་འགོག་པ་ལ་སྙོམས་པར་འཇུག་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་བཞི་དང་གཅིག་རྣམས་རིམ་བཞིན་དུ་འགོག་པར་བྱེད་དོ། །དེ་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའམ་དགྲ་བཅོམ་པ་དེ་འདོད་པའི་ཁམས་ཀྱི་གནས་ས་མ་ལུས་ལ་བརྟེན་ཏེ་འགོག་པ་ལ་སྙོམས་པར་འཇུག་ན་ནི་མི་གནས་ཡིད་ཀྱི་བར་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་འགག་གོ །རྣལ་འབྱོར་པ་ཕྱིར་མི་འོང་བའམ་དགྲ་བཅོམ་པ་དེ་གཟུགས་ཀྱི་ཁམས་ཀྱི་གནས་ས་མ་ལུས་ལ་བརྟེན་ཏེ་འགོག་པ་ལ་སྙོམས་པར་འཇུག་ན་ནི་མིག་དང་རྣ་བ་དང་ལུས་དང་ཡིད་དེ། འཇུག་པའི་རྣམ་པར་ཤེས་པ་བཞི་འགག་སྟེ། དེ་ན་ཟས་ཁམ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བས་སྣ་དང་ལྕེའི་རྣམ་པར་ཤེས་པ་གཉིས་མེད་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པ་དེ་དག་གཟུགས་མེད་པའི་ཁམས་ལ་བརྟེན་ནས་འགོག་པ་ལ་སྙོམས་པར་འཇུག་ན་ནི་འཇུག་པའི་རྣམ་པར་ཤེས་པ་གཅིག་འགག་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་འགགས་པས་ན་སེམས་དང་སེམས་ལས་བྱུང་བ་མི་གནས་པ་རྣམས་གང་འགག་པ་ཞེས་བྱའོ། །དེ་ལ་འགོག་པའི་སྙོམས་པར་འཇུག་པའི་ཚེ་སེམས་དང་སེམས་ལས་བྱུང་བ་མི་བརྟན་པ་འབའ་ཞིག་འགག་གི་བརྟན་པ་མི་འགག་གམ་སྙམ་པ་ལ་བརྟན་པ་ཡང་འགག་པར་བསྟན་པའི་ཕྱིར། བརྟན་པ་རྣམས་ལས་ཀྱང་ཁ་ཅིག་གང་འགོག་པའོ་ཞེས་བྱ་བ་སྨོས་ཏེ། སེམས་དང་སེམས་ལས་བྱུང་བ་གནས་པ་ལ་རྣམ་པ་གཉིས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པའི་ཡིད་གཉིས་ལ་བརྟན་པ་གཅིག་འཁོར་དང་བཅས་ཏེ་འགགས་སོ་ཞེས་བྱ་བའི་དོན་ཏོ། །འདིར་སེམས་བརྟན་པ་གཉིས་ལས་འགོག་པའི་ཚེ་འདི་ཁོ་ན་འགགས་སོ་ཞེས་དམིགས་ཀྱིས་མ་ཕྱིར་ཟིན་ཀྱང་ཉོན་མོངས་པའི་ཡིད་དེའི་ཚེ་ན་འགགས་པར་རིག་པར་བྱའོ། །དེ་ལྟར་ན་རྣལ་འབྱོར་པ་དེ་འདོད་པའི་ཁམས་ལ་གནས་ཤིང་སྙོམས་པར་ཞུགས་ན་ནི་འཇུག་པའི་རྣམ་པར་ཤེས་པ་གོང་མ་དྲུག་གི་སྟེང་དུ་ཉོན་མོངས་པའི་ཡིད་ཀྱིས་བསྣན་ཏེ་བདུན་འགག་གོ །གཟུགས་ཀྱི་ཁམས་སུ་སྙོམས་པར་ཞུགས་ན་ནི་གོང་མ་བཞིའི་སྟེང་དུ་ཉོན་མོངས་པའི་ཡིད་ཀྱིས་བསྣན་ནས་ལྔ་


DTG137_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འགག་གོ །གཟུགས་མེད་པའི་ཁམས་སུ་སྙོམས་པར་ཞུགས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་ཉོན་མོངས་པའི་ཡིད་ཀྱིས་བསྣན་ནས་གཉིས་འགག་གོ །དེ་ལ་འགོག་པ་འདི་ཡང་སེམས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་པར་ཟད་དོ། །ཇི་ལྟ་ཞེ་ན། དང་པོ་སྙོམས་པར་འཇུག་པའི་ཚེ་འདུ་ཤེས་དང་ཚོར་བ་གཉིས་སུ་ན་འབྱིན་ཏོ། །འདུ་ཤེས་དང་ཚོར་བ་གཉིས་སུན་ཕྱུང་ནས་སེམས་ཇེ་ཕྲ་ཇེ་ཕྲར་གཏང་བ་དང་སེམས་དེས་ཀུན་གཞི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང༌། ཉོན་མོངས་པའི་ཡིད་ཀྱི་ས་བོན་ཡོད་པ་མཐུ་ཉམས་པར་བྱའོ། །ས་བོན་མཐུ་ཉམས་པར་བྱས་པས་ཀུན་གཞི་ལ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པའི་ཡིད་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་ཀུན་གཞིའི་ས་བོན་ཉམས་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བར་ཟད་པས་ན་དེ་སེམས་ཀྱི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་གཉིས་ལ་ཁྱད་པར་ཅི་ཞིག་གིས་དབྱེ་ཞེ་ན། ཁྱད་པར་ལྔས་ཕྱེ་སྟེ། ལྔ་ནི་གང་ཟག་དང༌། ས་དང་ཡིད་ལ་བྱེད་པ་དང༌། རང་བཞིན་དང༌། གདགས་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོའི་སྐྱེ་བོ་འཇུག་ལ། འགོག་པའི་སྙོམས་པར་འཇུག་པ་ནི་འཕགས་པ་འཇུག་པས་ན་དེ་ལྟར་གང་ཟག་གིས་ཁྱད་ཞུགས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ཞིང་གོང་མའི་འདོད་ཆགས་དང་བྲལ་བ་མ་ཡིན་པ། དེ་ལས་འཆི་འཕོས་ནས་ཀྱང་འབྲས་བུ་ཆེ་གནམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ལ། འགོག་པའི་སྙོམས་པར་འཇུག་པ་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཞིང་སྲིད་པའི་རྩེ་མོའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་བརྩོན་ལ། ས་ཡང་སྲིད་པའི་རྩེ་མོ་ཉིད་དུ་གནས་པར་གཏོགས་པས་སས་ཁྱད་ཞུགས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དང་པོ་འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་ལ། འགོག་པའི་སྙོམས་པར་འཇུག་པ་ནི་གནས་པའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་པས་ཡིད་ལ་བྱེད་པས་ཁྱད་ཞུགས་སོ། །འདུ་ཤེས་མེད་


DTG137_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙོམས་པར་འཇུག་པའི་ཚེ་ན་ནི་མི་གནས་ཡིད་ཀྱི་བར་དུ་རྣམ་པར་ཤེས་པ་དྲུག་འཁོར་དང་བཅས་པར་འགོག་པའི་རང་བཞིན་ཡིན་ལ། འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་པར་ཤེས་པ་དྲུག་གི་སྟེང་དུ་ཉོན་མོངས་པའི་ཡིད་ཀྱིས་བསྣན་ཏེ་རྣམ་པར་ཤེས་པ་བདུན་འཁོར་དང་བཅས་ཏེ་འགོག་པའི་རང་བཞིན་ཡིན་པས་རང་བཞིན་ཁྱད་ཞུགས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་ལ། འགོག་པའི་སྙོམས་པར་འཇུག་པ་ནི་སེམས་ཀྱི་ཁྱད་པར་ལ་གདགས་པས་གདགས་པ་ཁྱད་ཞུགས་སོ། །འདུ་ཤེས་མེད་པའི་རང་བཞིན་བསྟན་པའི་ཕྱིར། འདུ་ཤེས་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། འདུ་ཤེས་མེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། གང་ཟག་འདོད་པའི་ཁམས་སུ་འདུ་ཤེས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཚེ་འཕོས་པ་དང་ལས་དེས་འཕངས་ནས་འདུ་ཤེས་མེད་པའི་རྣམ་པར་སྨིན་པ་འཐོབ་པར་འགྱུར་བས་འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་ཞེས་བྱའོ། །འབྲས་བུ་དེ་ཡང་དངོས་སུ་གང་ཡིན་ཞེ་ན། དེའི་ཕྱིར། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་བཞི་པ་ལ་གནས་བརྒྱད་ཡོད་པ་ལ་སྤྲིན་མེད་དང༌། བསོད་ནམས་འཕེལ་དང༌། འབྲས་བུ་ཆེ་གསུམ་ནི། སོ་སོའི་སྐྱེ་བོའི་ས་ཡིན་ལ། མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་དང༌། འོག་མིན་དང་ལྔ་ནི་འཕགས་པའི་ས་ཡིན་པ་ལས་བསམ་གཏན་བཞི་པ་སོ་སོའི་སྐྱེ་བོའི་གནས་གསུམ་པའི་མཐའ་མ་འབྲས་བུ་ཆེ་གནམ་ཞེས་བྱ་བ་ལྷ་རྣམས་གནས་པའི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་ལྷ་རྣམས་གནས་ཏེ། ལྷ་དེའི་ནང་དུ་སྐྱེས་པ་ནི་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །དེའི་ཚེ་སེམས་དང་སེམས་ལས་བྱུང་བ་འགགས་ན་སེམས་དང་སེམས་ལས་བྱུང་བ་བརྟན་པ་དང་མི་བརྟན་པ་གཉིས་ལས་གང་འགོག་ཅེ་ན། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་མི་གནས་པ་རྣམས་གང་འགོག་པའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་མེད་པའི་ལྷའི་ནང་དུ་སྐྱེས་པའི་དེ་དག་དང་པོ་སྐྱེས་པའི་ཚེ་


DTG137_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཞིག་བྱུང་ནས། དེ་ནས་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་ལུས་ལ་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་རང་གི་རིགས་ཕྱི་མ་སྐྱེ་བ་དང་འདྲ་བའི་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བའི་ས་བོན་ཡོད་པ་འཇོམས་པ་ན་དང་པོར་སེམས་ཕྲ་བ་སྐྱེའོ། །དེའི་འོག་ཏུ་སེམས་དེ་བས་ཀྱང་ཕྲ་བ་སྐྱེའོ། །དེའི་འོག་ཏུ་སེམས་ཤིན་ཏུ་ཕྲ་བ་སྐྱེས་ནས་ཤིན་ཏུ་ཕྲ་བར་གྱུར་པ་དང་སེམས་ཐ་མ་དེས་སེམས་གཞན་སྐྱེ་བར་མཚམས་སྦྱོར་བར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། རང་གི་ལུས་ལ་སེམས་དང་སེམས་ལས་བྱུང་བའི་ས་བོན་ཡོད་པ་མཐུ་ཉམས་པར་བྱས་པས་ན་སེམས་ཐ་མ་དེས་བདག་དང་འདྲ་བའི་སེམས་གཞན་བསྐྱེད་པར་མི་ནུས་ཏེ། རྣམ་པར་ཤེས་པ་དྲུག་རྣམས་འགགས་པར་གྱུར་པས་ན་མི་བརྟན་པའི་སེམས་དང་སེམས་ལས་བྱུང་བ་འགག་པ་ཞེས་བྱའོ། །དེ་བས་ན་འདུ་ཤེས་མེད་པ་ཞེས་བྱ་བ་ཡང་གཟུགས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་ཏེ། དེའི་ཕྱིར། དེ་བཏགས་པར་ཡོད་པར་ཟད་ཀྱི་རྫས་སུ་མེད་དོ། །ཅི་ལྟར་གཟུགས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་ཤེ་ན། ལུས་ལ་རྣམ་པ་གཉིས་ཏེ། སེམས་དང་བཅས་པའི་ལུས་དང་སེམས་མེད་པའི་ལུས་སོ། །དེ་ལྟར་ལུས་རྣམ་པ་གཉིས་ལས་འདུ་ཤེས་མེད་པ་ནི། སེམས་དང་སེམས་ལས་བྱུང་བའི་ས་བོན་ཉམས་པའི་ལུད་ཀྱི་དུས་ལ་གདགས་པས་ན། གཟུགས་ཀྱི་དུས་ཀྱི་ཁྱད་པར་ལ་གདགས་པ་ཞེས་བྱའོ། །འདུ་ཤེས་མེད་པ་ནི་ས་དང་ཡིད་ལ་བྱེད་པ་གཉིས་གཞག་སྟེ། གང་ཟག་དང་རང་བཞིན་དང་བཏགས་པ་གསུམ་གྱིས་བསྟན་ཏོ། །ས་དང་ཡིད་ལ་བྱེད་པ་ཅིའི་ཕྱིར་གཞག་ཅེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འདུ་ཤེས་མེད་པ་ལ་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་གོང་མའི་མ་ཡིན་པ་ཞེས་བྱ་བ་མེད་པས་ས་གཞག་གོ །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འདུ་ཤེས་མེད་པ་ལ་འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པ་ཞེས་བྱ་བ་མེད་པས་ཡིད་ལ་བྱེད་པ་གཞག་གོ །ཕྱི་མ་གསུམ་གྱིས་བཤད་པ་ནི་འདུ་ཤེས་མེད་པར་སོ་སོའི་སྐྱེ་བོའི་གང་ཟག་སྙོམས་པར་འཇུག་པས་གང་ཟག་གིས་བཤད་པ་དང༌། འཇུག་པའི་རྣམ་པར་ཤེས་པ་དྲུག་འགགས་པའི་རང་བཞིན་ཡིན་པས་རང་བཞིན་གྱིས་བཤད་པ་དང༌། གཟུགས་ཀྱི་དུས་ཀྱི་ཁྱད་


DTG137_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལ་གདགས་པས་བཤད་དོ། །སྲོག་གི་དབང་པོའི་རང་བཞིན་བསྟན་པའི་སྲོག་གི་དབང་པོ་གང་ཞེ་ན་ཞེས་དྲིས་ཏེ། སྲོག་གི་དབང་པོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་སྲོག་ཅེས་ཀྱང་བྱ། འཚོ་བ་ཞེས་ཀྱང་བྱ་སྟེ། ཇི་སྲིད་མ་ཤི་བར་གནས་ཀྱི་བར་དུ་འཚོ་བར་བྱེད་པས་ན་སྲོག་ཅེས་བྱ་ལ། དེ་ཉིད་སེམས་ཅན་རིས་འདྲ་བ་རྣམས་སུ་གནས་པ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །དེའི་ལན་དུ་རིས་འདྲ་བ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས་གང་འདུ་བྱེད་རྣམས་ཀྱིས་གནས་པའི་དུས་ངེས་པའོ་ཞེས་བྱ་བ་སྨོས་ཏེ། རིས་ཞེས་བྱ་བ་ནི་མི་དང་ལྷ་ལ་སོགས་པའི་སེམས་ཅན་གྱི་ཚོགས་མང་པོ་ལ་བྱའོ། །རིས་མཚུངས་པར་གྱུར་པ་ལ་རིས་འདྲ་བ་ཞེས་བྱ་སྟེ། ཇི་ལྟར་མཚུངས་ཤེ་ན། ལྷ་དང་མི་དང་ལྷ་མ་ཡིན་དང་བྱོལ་སོང་ལ་སོགས་པ་འགྲོ་བ་ཐ་དད་པ་དང༌། ལས་དགེ་བ་དང༌། མི་དགེ་བ་ཐ་དད་པའི་རྒྱུས་ཁ་ཅིག་སྔོན་གྱི་ལས་ཀྱིས་འཕངས་ནས་རྒྱལ་པོར་བྱེད་པ་དང༌། ཁ་ཅིག་ནི་སྔོན་གྱི་ལས་ཀྱིས་འཕངས་ནས་སྤྲང་པོ་བྱེད་པ་ལ་སོགས་པ་སེམས་ཅན་སོ་སོར་སྐྱེས་པ་དེ་དག་ཀུན་ཀྱང་ཚེ་རེ་རེ་ཡོད་པ་ལས་སོ་སོའི་ཕུང་པོ་ལྔ་རྒྱུན་འདྲ་བ་ལ་རིས་འདྲ་བ་ཞེས་བྱ་སྟེ། རིས་འདྲ་བ་རྣམས་སུ་ཞེས་བྱ་བ་ནི་སེམས་ཅན་ཕུང་པོ་འདྲ་བ་འཛིན་པ་རྣམས་ཀྱི་ནང་གནས་སུ་སྐྱེས་ཞེས་བྱ་བའི་དོན་ཏོ། །དེའང་ཅིས་སྐྱེས་ཤེ་ན། ཚེ་རབས་སྔ་མའི་ལས་དགེ་བ་དང༌། མི་དགེ་བ་དང༌། མི་གཡོ་བའི་ལས་ཀྱིས་བསྐྱེད་པ་ན་ལས་ཀྱིས་འཕངས་པ་ཞེས་བྱའོ། །དེ་ལ་མི་དགེ་བའི་ལས་ཀྱིས་ནི་ངན་སོང་གསུམ་དུ་སྐྱེ་བར་བྱེད་དོ། །དགེ་བའི་ལས་ཀྱིས་ནི་མི་དང་འདོད་པའི་ཁམས་ཀྱི་ལྷ་དྲུག་གི་ནང་དུ་སྐྱེ་པར་བྱེད་དོ། །མི་གཡོ་བའི་ལས་ཀྱིས་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །འདུ་བྱེད་རྣམས་ཀྱི་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །གནས་པ་ཞེས་བྱ་བ་ནི་དང་པོ་སྐྱེ་བའི་སྐད་ཅིག་མ་ནས་བརྩམས་ཏེ་ཤི་བའི་བར་དུ་ཕུང་པོ་ལྔའི་རྒྱུན་རྒྱུན་མ་ཆད་པ་ལ་གནས་པ་ཞེས་བྱའོ། །དུས་ངེས་པ་ཞེས་བྱ་བ་ནི་རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་དགེ་བ་དང་མི་དགེ་བའི་རྒྱུས་ལོ་བརྒྱ་ཞིག་གནས་པར་འགྱུར་བའམ། ལོ་སྟོང་ཞིག་གནས་པར་འགྱུར་བ་ལ་སོགས་པ་ཚེའི་ཚད་རིང་ཐུང་ལ་དུས་ངེས་པ་ཞེས་བྱ་སྟེ། ཁ་ཅིག་ཚེ་རིང་བར་དུས་ངེས་ཁ་ཅིག་ཚེ་ཐུང་བར་དུས་ངེས་པའོ། །དེ་ཡང་


DTG137_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་ཕུང་པོ་ལྔའི་རྒྱུན་ལོ་སྟོང་གི་བར་དུ་གནས་པར་དུས་འཆད་པ་སྟེ། དེ་ལ་སྲོག་གི་དབང་པོ་ཞེས་བྱའོ། །དེ་ལྟར་ན་ཕུང་པོ་ལྔ་རྣམས་གནས་པའི་དུས་ངེས་པ་ལ་སྲོག་གི་དབང་པོ་ཞེས་བྱ་བར་ཟད་པས་སྲོག་གི་དབང་པོ་ཡང་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་གྱི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་ལོགས་ཤིག་ན་ཡོད་པ་ནི་མ་ཡིན་ནོ། །རིས་འདྲ་བའི་རང་བཞིན་བསྟན་པའི་ཕྱིར། རིས་འདྲ་བ་གང་ཞེ་ན་ཞེས་དྲིས་ཏེ། རིས་འདྲ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ་ཞེས་བྱ་བ་སྨོས་ཏེ། ལྷ་དང་མི་དང་བྱོལ་སོང་དང་ཡི་དྭགས་དང༌། སེམས་ཅན་དམྱལ་བ་སྟེ། འགྲོ་བ་ལྔར་སྐྱེས་པ་ལ་སེམས་ཅན་ཞེས་བྱའོ། །སེམས་ཅན་དེ་དག་དངོས་པོ་གང་ལ་བདག་གམ་བདག་གིར་འཛིན་པའི་དངོས་པོ་དེ་ལ་ལུས་ཞེས་བྱ་སྟེ། འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་ཕུང་པོ་ལྔ་ལ་བདག་ཏུ་འཛིན། གཟུགས་མེད་པའི་ཁམས་ན་ནི་ཕུང་པོ་བཞི་ལ་བདག་ཏུ་འཛིན་པས་དོན་དུ་ན་ཕུང་པོ་ལྔ་ལ་ལུས་ཞེས་བྱའོ། །སོ་སོའི་ཕུང་པོ་ལྔ་ཆར་མཐུན་པ་ལ་ལུས་འདྲ་བ་ཞེས་བྱ་སྟེ། མི་ཡང་མི་རྣམས་དང་ཕུང་པོ་ལྔ་འདྲ། ལྷ་ཡང་ལྷ་རྣམས་དང་ཕུང་པོ་ལྔ་འདྲ། བྱོལ་སོང་ཡང་བྱོལ་སོང་རྣམས་དང་ཕུང་པོ་ལྔ་མཐུན་པ་ལ་རིས་འདྲ་བ་ཞེས་བྱའོ། །དེ་ལ་དབྱེ་ན་ཕུང་པོ་ལྔ་མཐུན་པ་འབའ་ཞིག་ལ་རིས་འདྲ་བ་ཞེས་གདགས་པར་མ་ཟད་ཀྱི་རྒྱལ་པོ་སོ་སོའི་ཆ་ལུགས་དང་སྤྱོད་པ་མཐུན་པ་ལ་ཡང་རིས་འདྲ་བ་ཞེས་བྱ་བ་དང༌། སྐྱེས་པ་ཡང་སྐྱེས་པར་ཆ་ལུགས་མཐུན། བུད་མེད་ཀྱང་བུད་མེད་དང་ཆ་ལུགས་མཐུན། མ་ནིང་ཡང་མ་ནིང་དང་ཆ་ལུགས་མཐུན། དགེ་སློང་ཕ་ཡང་དགེ་སློང་ཕ་དང་ཆ་ལུགས་མཐུན། དགེ་སློང་མ་ཡང་དགེ་སློང་མར་ཆ་ལུགས་མཐུན། དགེ་བསྙེན་ཕ་ཡང་དགེ་བསྙེན་ཕར་ཆ་ལུགས་མཐུན། དགེ་བསྙེན་མ་ཡང་དགེ་བསྙེན་མར་ཆ་ལུགས་མཐུན་པ་དང༌། བྱོལ་སོང་ཡང་ནང་དབྱེ་ན་རྟ་ཡང་རྟར་ཆ་ལུགས་མཐུན་པ་ལ་སོགས་པ་ཆ་ལུགས་མཐུན་པ་ཞེས་བྱའོ། །དེ་ལྟར་ན་ཕུང་པོ་ལྔ་མཐུན་པ་ལ་རིས་འདྲ་བ་ཞེས་བྱ་བས་རིས་འདྲ་བ་ཡང་གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །སྐྱེ་བའི་རང་བཞིན་བསྟན་པའི་ཕྱིར། སྐྱེ་བ་གང་ཞེ་ན་ཞེས་


DTG137_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ཏེ། སྐྱེ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། དེའི་ལན་དུ་རིས་མཐུན་པ་གང་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བའོ་ཞེས་བྱ་བ་སྨོས་ཏེ། གང་ཞེས་བྱ་བ་ནི་སེམས་ཅན་གང་ཞེས་བྱ་བའི་དོན་ཏོ། །རིས་མཐུན་པར་ཞེས་བྱ་བ་ནི་སེམས་ཅན་སེམས་ཅན་སོ་སོའི་ཕུང་པོ་ལྔ་མཐུན་པའི་ནང་དུ་ཚེ་རབས་སྔ་མའི་ལས་ཀྱིས་འཕངས་ནས་ཕུང་པོ་ལྔ་སྐྱེས་པ་ལ་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །རི་མཐུན་པ་སྨོས་པས་ནི་འདུ་བྱེད་རྣམ་པ་གཉིས་ཏེ། རྩྭ་ཤིང་ལ་སོགས་པ་ཕྱིའི་འདུ་བྱེད་དང༌། ཕུང་པོ་ལྔ་སྟེ་ནང་གི་འདུ་བྱེད་ལས། འདིར་ནང་གི་འདུ་བྱེད་སྐྱེས་པ་ལ་སྐྱེ་བ་ཞེས་བྱ་བར་འདོད་ཀྱི། ཕྱིའི་འདུ་བྱེད་སྐྱེས་པ་རྣམས་འདིར་བཤད་པའི་སྐྱེ་བའི་ནང་དུ་མི་བསྡུའོ། །དེ་ལ་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ནི་ཕུང་པོ་ལྔ་སྐྱེས་ཏེ་འགགས་པ་དང༌། མ་སྐྱེས་ཏེ་མ་འོངས་པ་དང༌། མ་ཞིག་སྟེ་ད་ལྟར་གནས་པ་ལས་མ་གཏོགས་པར་སྐྱེ་བ་ཞེས་བྱ་བའི་རྫས་ཞིག་ལོགས་ཤིག་ན་ཡོད་པར་རྟོགས་ཏེ། ལྟ་བ་དེ་བསལ་བར་བྱ་བའི་ཕྱིར། འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བའོ་ཞེས་བྱ་བ་སྨོས་ཏེ་འདུ་བྱེད་རྣམས་ཞེས་བྱ་བ་ནི་ཕུང་པོ་ལྔ་ལ་བྱའོ། །རིས་མཐུན་པ་རྣམས་སུ་ཕུང་པོ་ལྔ་སྔོན་མ་སྐྱེས་པ་ལས་ཕྱིས་སྐྱེས་པ་ལ་སྐྱེ་བ་ཞེས་གདགས་བར་ཟད་ཀྱི། དེ་ལས་མ་གཏོགས་པའི་སྐྱེ་བའི་རྫས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒ་བའི་རང་བཞིན་བསྟན་པའི་ཕྱིར། རྒ་བ་གང་ཞེ་ན་ཞེས་དྲིས་ཏེ། རྒ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་གྱུར་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། རིས་མཐུན་པ་རྣམས་སུ་ཕུང་པོ་ལྔ་སྐྱེས་པའོ། །དེ་དག་གི་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་དག་གིའོ། །རྒྱུན་ཞེས་བྱ་བ་ལ་དང་པོ་མའི་མངལ་དུ་རྣམ་པར་ཤེས་པ་མཚམས་སྦྱོར་ཏེ། བརྒྱལ་བ་ནས་བརྩམས་ཏེ། མེར་མེར་པོ་དང༌། ནུར་ནུར་པོ་དང་ལྟར་ལྟར་པོ་དང༌། སྐ་བ་དང༌། ཡན་ལག་དོད་པ་དང། བྱིས་པ་དང༌། གཞོན་ནུ་དང༌། ངར་ལ་བབ་པ་དང༌། རྒས་པ་ལ་སོགས་པ་རིམ་གྱིས་འབྱུང་བ་ལས། ཐ་མར་འཆི་བའི་སྲིད་པ་ཕུང་པོ་ལ་ཐུག་གི་བར་དུ་སྐད་ཅིག་མར་གནས་པ་ལ་སྐད་ཅིག་མ་སྔ་མ་སྔ་མ་ནི་རྒྱུ་སྐད་ཅིག་མ་ཕྱི་མ་ཕྱི་མ་ནི་འབྲས་བུར་གྱུར་པའི་སྐད་ཅིག་མ་རྣམས་རྒྱུན་མ་ཆད་པ་ལ་རྒྱུན་


DTG137_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའམ། མེར་མེར་པོ་ལ་སོགས་པ་སྔ་མ་ནི་རྒྱུ་ཡིན་ལ་ལྟར་ལྟར་པོ་ལ་སོགས་པ་ཕྱི་མ་ཕྱི་མའི་ནི་འབྲས་བུ་ཡིན་པའི་རྒྱུ་དང་འབྲས་བུར་གནས་པ་རྒྱུན་མ་ཆད་པ་ལ་རྒྱུན་ཞེས་བྱའོ། །སྔ་མའི་ངོ་བོ་ལས་ཕྱི་མིའི་ངོ་བོ་མི་འདྲ་བར་སྐྱེས་པ་ལ་གཞན་དུ་གྱུར་པ་ཞེས་བྱ་སྟེ། མེར་མེར་པོའི་དུས་ལས་ནུར་ནུར་པོའི་ཚེ་གཞན་དུ་གྱུར་པ་དང༌། བྱིས་པའི་དུས་ལས་གཞོན་ནུའི་དུས་གཞན་དུ་གྱུར་པ་ནས། དར་ལ་བབ་པའི་དུས་ལས་རྒ་བའི་དུས་གཞན་དུ་གྱུར་པ་ལ་རྒ་བ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མེར་མེར་པོ་ལས་ནུར་ནུར་པོ་དུས་གཞན་དུ་གྱུར་པ་ལ་རྒ་བ་ཞེས་གདགས་པ་དེ་བཞིན་དུ་མེར་མེར་པོ་ལ་ཡང་སྐད་ཅིག་མ་མང་པོ་ཡོད་པ་ལས་སྐད་ཅིག་མ་སྔ་མ་དང་མི་འདྲ་བའི་སྐད་ཅིག་མ་ཕྱི་མ་གཞན་སྐྱེས་པ་ལ་གཞན་དུ་གྱུར་པ་ཞེས་བྱ་སྟེ། དེ་ལ་ཡང་རྒ་བ་ཞེས་བྱའོ། །དེ་ལྟར་ན་ཕུང་པོ་ལྔའི་རྒྱུན་གཞན་དུ་གྱུར་པ་ལ་རྒ་བ་ཞེས་གདགས་པས་རྒ་བ་འདི་ཡང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པ་ཙམ་དུ་ཟད་ཀྱི་ལོགས་ཤིག་ན་རྫས་སུ་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་རྒྱུན་གཞན་དུ་གྱུར་པ་ལ་རྒ་བ་ཞེས་གདགས་པས་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་སྐད་ཅིག་མ་གཅིག་ལ་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། འཆི་བ་ཀུན་ཡོད་ལ། དེ་དག་ཀྱང་ཕུང་པོ་ལྔ་ལས་མ་གཏོགས་པར་ལོགས་ཤིག་ན་རྫས་སུ་ཡོད་དེ། །སྐྱེ་བའི་རྫས་ལོགས་ཤིག་ན་ཡོད་པས་ནི་དངོས་པོ་སྐྱེད་པར་བྱེད། གནས་པའི་རྫས་ལོགས་ཤིག་ན་ཡོད་པས་ནི་དངོས་པོ་གནས་པར་བྱེད། རྒ་བའི་རྫས་ལོགས་ཤིག་ན་ཡོད་པས་ནི་དངོས་པོ་རྒ་བར་བྱེད། འཆི་བའི་རྫས་ལོགས་ཤིག་ན་ཡོད་པས་ནི་དངོས་པོ་ཞིག་པར་བྱེད་དེ་ཞེས་རྟོག་པ་སེལ་ཏེ། ཕུང་པོ་ལྔའི་རྒྱུན་གཞན་དུ་གྱུར་པ་ལ་རྒ་བ་ཞེས་གདགས་ཀྱི་སྐད་ཅིག་མ་གཅིག་ལ་ཡང་རྒ་བ་ཞེས་མི་བྱ་ལ་རྒ་བ་ཞེས་བྱ་བའི་རྫས་ལོགས་ཤིག་ན་ཡང་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་རིས་མཐུན་པ་རྣམས་སུ་ཕུང་པོ་ལྔ་སྐྱེས་ནས་སྐད་ཅིག་མའི་རྒྱུན་དུ་གནས་པ་ལས་སྐྲ་དཀར་དང༌། སྒུར་བ་དང༌། གཉེར་མ་ཅན་དང༌། འཁར་བ་ལ་བརྟེན་པའི་མཚན་ཉིད་དུ་གཞན་དུ་གྱུར་པ་ལ་རྒ་བ་ཞེས་བྱའོ། །གནས་པའི་རང་བཞིན་བསྟན་པའི་ཕྱིར་གནས་པ་གང་ཞེ་ན་ཞེས་དྲིས་ཏེ། གནས་པའི་རང་བཞིན་


DTG137_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་དེ་ལྟར་དེ་དག་གི་རྒྱུན་རྗེས་སུ་འབྲང་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། རིས་མཐུན་པ་རྣམས་སུ་ཕུང་པོ་ལྔ་སྐྱེས་པའོ། །དེ་དག་གིས་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་ཀྱིའོ། །རྒྱུན་ཞེས་བྱ་བ་ནི་དང་པོ་མའི་མངལ་དུ་རྣམ་པར་ཤེས་པ་མཚམས་སྦྱོར་བ་ནས་བརྩམས་ཏེ། ནམ་མ་ཤིའི་བར་དུ་ཕུང་པོ་ལྔ་སྐད་ཅིག་མའི་མཚན་ཉིད་དུ་གནས་པ་ལ་རྒྱུན་ཞེས་བྱའོ། །དེ་ལྟར་ན་སྐད་ཅིག་མའི་མཚན་ཉིད་དེ་དག་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་འབྲང་སྟེ། རྗེས་སུ་འབྲང་བ་རྒྱུན་མ་ཆད་པ་ལ་གནས་པ་ཞེས་བྱའོ། །དེ་ལྟར་ན་ཕུང་པོ་ལྔ་རྒྱུན་མ་ཆད་པ་ལ་གནས་པ་ཞེས་བྱ་བས་གནས་པ་ཞེས་བྱ་བ་ཡང་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པར་ཟད་ཀྱི་ཉན་ཐོས་རྣམ་པར་སྨྲ་བ་བ་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་ཡང་གནས་པ་ཡོད་ལ་གནས་པ་ཞེས་བྱ་བའི་རྫས་དེ་ཡང་ཕུང་པོ་ལྔ་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་དོ་ཞེས་བརྟགས་པ་ལྟ་བུར་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མི་རྟག་པའི་རང་བཞིན་བསྟན་པའི་ཕྱིར། མི་རྟག་པ་གང་ཞེ་ན་ཞེས་དྲིས་ཏེ། མི་རྟག་པའི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་དེ་ལྟར་དེ་དག་གི་རྒྱུན་འཇིག་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། རིས་མཐུན་པ་རྣམས་ཀྱི་ནང་དུ་ཕུང་པོ་ལྔ་སྐྱེས་པའོ། །དེ་དག་གི་ཞེས་བྱ་བ་ནི་ཕུང་པོ་ལྔ་དག་གིའོ། །རྒྱུན་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་སྐྱེས་པ་ནས་བརྩམས་ཏེ། མ་ཤི་བའི་བར་དུ་སྐད་ཅིག་མའི་མཚན་ཉིད་བྲེང་མ་ཆད་པ་ལ་རྒྱུན་ཞེས་བྱའོ། །འཇིག་པ་ནི་རིས་མཐུན་པའི་ཕུང་པོ་ལྔའི་སྐད་ཅིག་མའི་རྒྱུན་ཆད་ནས་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་མི་འབྲང་བ་བྱུང་སྟེ། རིས་མི་མཐུན་པའི་སྐད་ཅིག་མའི་གཞན་སྐྱེས་པ་ལ་འཇིག་པ་ཞེས་བྱ་སྟེ། དེ་ཉིད་ལ་མི་རྟག་པ་ཞེས་གདགས་སོ། །དོན་དུ་ནི་མི་ལ་སོགས་པ་རིས་མཐུན་པར་སྐྱེས་པའི་ཕུང་པོ་རྒྱུན་ཆད་དེ་ཤི་ནས་བྱོལ་སོང་ལ་སོགས་པའི་ཕུང་བོ་རིས་མི་མཐུན་པའི་ཕུང་པོ་གཞན་བླངས་པ་ལ་མི་རྟག་པ་ཞེས་བྱའོ། །དེ་ལྟར་རིས་མི་མཐུན་པའི་ཕུང་པོ་ལྔ་རྒྱུན་ཆད་པ་ལ་མི་རྟག་པ་ཞེས་བྱ་བ་ལས་མི་རྟག་པ་ཞེས་བྱ་བ་ཡང་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་


DTG137_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དེ། དེ་ལྟ་བས་ན་ཉན་ཐོས་ཀྱིས་བརྟགས་པ་ལྟར་སྐད་ཅིག་མ་གཅིག་ལ་མི་རྟག་པར་བརྟགས་བ་ལྟ་བུ་ཡང་མི་རྟག་པ་མ་ཡིན་པ་རིས་མཐུན་པའི་ཕུང་པོ་ལྔའི་རྒྱུན་འཇིག་པ་ལ་མ་གཏོགས་པར་མི་རྟག་པའི་རྫས་ལོགས་ཤིག་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྨྲས་པ་ཕྱིའི་འདུ་བྱེད་རྩྭ་ཤིང་ལ་སོགས་པ་དང༌། ནང་གི་འདུ་བྱེད་ཕུང་པོ་ལྔ་སྟེ། གཉི་ག་ལ་ཡང་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང་མི་རྟག་པ་ཡོད་པར་འདྲ་བར་སྨྲ་བ་ལས་ནང་གི་འདུ་བྱེད་འབའ་ཞིག་ལ་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང་མི་རྟག་པ་ཡོད་པར་བཤད་དེ། ཕྱིའི་འདུ་བྱེད་རྣམས་ལ་ཅིའི་ཕྱིར་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཡོད་པར་མ་བཤད། སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་ཀྱི་མཚན་ཉིད་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པར་གསུངས་པ་གང་ཡིན་པ་དེ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་ནང་གི་འདུ་བྱེད་ཀྱི་དབང་དུ་བྱས་ཏེ་གསུངས་ཀྱི་རྩྭ་ཤིང་ལ་སོགས་པ་ཕྱིའི་འདུ་བྱེད་ཀྱི་དབང་དུ་བྱས་ཏེ་མ་གསུངས་པས། སློབ་དཔོན་གྱིས་ཀྱང་སྐྱེ་བ་དང༌། རྒ་བ་ལ་སོགས་པ་ནང་གི་འདུ་བྱེད་ལ་ཡོད་པར་བཤད་ཀྱི་ཕྱིའི་འདུ་བྱེད་ལ་ཡོད་པར་མ་བཤད་དོ། །སྨྲས་པ། ཕྱི་ནང་གི་འདུ་བྱེད་གཉི་ག་ལ་ཡང་སྐྱེ་བ་དང་རྒ་བ་ལ་སོགས་པ་ཡོད་པར་འདྲ་བ་ལས་བཅོམ་ལྡན་འདས་ཀྱིས་ནང་གི་འདུ་བྱེད་འབའ་ཞིག་ལ་སྐྱེ་བ་དང༌། རྒ་བ་ཡོད་པར་གསུངས་ཏེ། ཕྱིའི་འདུ་བྱེད་རྣམས་ལ་ཅིའི་ཕྱིར་སྐྱེ་བ་དང༌། རྒ་བ་ཡོད་པར་མ་གསུངས། སྨྲས་པ། འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་ཏེ་འདི་ལྟར་འཇིག་རྟེན་ན་ནི་ཕྱིའི་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་རྒ་བ་ལ་སོགས་འབྱུང་བ་དང༌། འཇིག་པ་ཞེས་མ་གྲགས་ལ་ནང་གི་འདུ་བྱེད་རྣམས་ལ་སྐྱེ་བ་དང་འཇིག་པ་ལ་ནི་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པར་གྲགས་པས་འཇིག་རྟེན་དུ་གྲགས་པ་དང་མཐུན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཕྱིའི་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང༌། རྒ་བ་ལ་ནི་འབྱུང་བ་དང་འཇིག་པར་མ་གསུངས། ནང་གི་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང༌། འཇིག་པ་ལ་ནི་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པར་གསུངས་སོ། །མིང་གི་ཚོགས་ཀྱི་རང་བཞིན་དེ་ལ་མིང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར།


DTG137_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་ཚོགས་གང་ཞེ་ན་ཞེས་དྲིས་ཏེ། མིང་གི་ཚོགས་ཀྱི་རང་བཞིན་དང༌། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་མིང་གི་བུམ་པ་དང༌། སྣམ་བུ་དང༌། གཟུགས་དང༌། སྒྲ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མིང་ཞེས་བྱ་བའི་དོན་ཅི་ཞེ་ནན། དོན་ལ་རྣམ་པར་ཤེས་པ་གཞོལ་ཞིང་འཇུག་པར་བྱེད་པའམ་རྣམ་པར་ཤེས་པའི་དོན་རྟོགས་པར་བྱེད་པའི་རྗོད་པར་བྱེད་པ་དང༌། རྗོད་པར་བྱེད་པ་ལ་མིང་ཞེས་བྱའོ། །དེ་ལ་རྗོད་པར་བྱེད་པ་ནི་མ་དང་བུམ་པ་ལ་སོགས་པའི་དངོས་པོའོ། །བརྗོད་པ་ནི་མེ་ཞེས་བྱ་བའི་སྒྲ་དང་བུམ་པ་ཞེས་བྱ་བའི་སྒྲ་ལ་བྱ་སྟེ། མེ་དང་བུམ་པ་ཞེས་བྱ་བའི་སྒྲ་དེ་བརྗོད་པས་རྣམ་པར་ཤེས་པས་མེ་དང་དུ་མ་པའི་དོན་དེ་རྟོགས་ཤིང་ཤེས་པར་འགྱུར་བས་ན་མེ་དང་བུམ་པ་ཞེས་བྱ་བའི་སྒྲ་ལ་མིང་ཞེས་གདགས་སོ། །དོན་དུ་ན་མེད་དང་བུ་མ་པ་ལ་སོགས་པའི་དོན་བརྡ་ཕྲད་པར་བྱེད་པའི་ཡི་གེ་ཨ་དང་ཀ་ལ་སོགས་པ་མང་པོ་ཚོགས་པ་ལ་མིང་ཞེས་བྱའོ་ཞེས་པའི་བང་དོན་ཏོ། །ཚོགས་ཞེས་བྱ་བ་ནི་མིང་ཡང་ཡི་གེ་ཨ་དང་ཀ་ལ་སོགས་པ་མང་པོ་འདུས་པ་ལས་གྱུར་པས་ན་ཚོགས་ཞེས་བྱ་བའམ། ཡང་ན་ལྷ་སྦྱིན་ཞེའམ། མཆོད་སྦྱིན་ཞེའམ། གཟུགས་ཤེའམ་སྒྲ་ཞེས་བྱ་བ་ལ་སོགས་པའི་མིང་ཉིད་གྲངས་ཀྱིས་མང་བའི་ཕྱིར་ཚོགས་ཞེས་བྱའོ། །དེའི་ལན་དུ། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིགས་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྣམ་བུ་དང༌། བུམ་པ་དང༌། གཟུགས་དང༌། སྒྲ་ལ་སོགས་པ་དང༌། ཡང་ས་དང་ཆུ་དང༌། མེ་དང༌། རླུང་ལ་སོགས་པ་ལ་ཚོགས་རྣམས་ཞེས་བྱའོ། །ཆོས་དེ་དག་གི་ངོ་བོ་ཉིད་ནི་ཆོས་དེ་དག་གི་སོ་སོའི་མཚན་ཉིད་ལ་བྱ་སྟེ། དཔེར་ན་སའི་མཚན་ཉིད་ནི་སྲ་བ་དང༌། ཆུའི་མཚན་ཉིད་ནི་གཤེར་བ་དང༌། མེའི་མཚན་ཉིད་ནི་ཚ་བ་ལྟ་བུའོ། །དེ་ལ་ཆོས་རྣམས་ཀྱི་རང་བཞིན་ནི་ཚིག་གིས་བསྟན་ཅིང་བརྗོད་པར་མི་ནུས་པ་ཡིན་ཏེ། གལ་ཏེ་ཆོས་རྣམས་ཀྱི་མཚན་ཉིད་ཚིག་གིས་བརྗོད་པར་ནུས་ན་ནི་མི་འགྱུར་བས་ནི་མེ་ཞེས་བརྗོད་པ་ཙམ་གྱིས་ལྕེ་ཚིག་པར་འགྱུར་ལ། ཆུ་ཞེ་བརྗོད་པས་སྐོམ་ངོམས་པར་འགྱུར་བའི་རིགས་ན། མེ་ཞེས་བརྗོད་པ་ཙམ་གྱིས་ཀྱང་ལྕེ་ཚིག་པར་མི་འགྱུར་ལ། ཆུ་ཞེས་བརྗོད་པ་ཙམ་གྱིས་ཀྱང་སྐོམ་ངོམས་པར་མི་འགྱུར་བས་ཆོས་རྣམས་ཀྱི་མིང་ས་དང༌།


DTG137_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་སོགས་པར་བླ་དགས་སུ་བཏགས་པ་ཡིན་པས་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱའོ། །དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་བརྗོད་དུ་མེད་ཀྱང་འདི་ནི་ས་འདི་ནི་ཆུ་ཞེས་བརྗོད་པའི་ཚིག་དེ་ལ་མིང་ཞེས་བྱའོ། །དེ་བས་ན་མིང་གི་ཚོགས་འདི་ཡང་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པས་བཏགས་པར་ཡོད་ཀྱི་རྫས་སུ་མེད་དོ། །ཚིག་གི་ཚོགས་ཀྱི་རང་བཞིན་བསྟན་པའི་ཕྱིར་ཚིག་གི་ཚོགས་གང་ཞེ་ན་ཞེས་དྲིས་ཏེ། ཚིག་གི་ཚོགས་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སོ་ཞེས་བྱ་བ་སྨོས་ཏེ། ཆོས་ནི་བུམ་པ་དང༌། སྣམ་བུ་དང༌། གཟུགས་དང༌། སྒྲ་ལ་སོགས་པའོ། །ཆོས་རྣམས་ཀྱི་ཁྱད་པར་ནི་ཆོས་དེ་དག་གི་བྱེ་བྲག་སྟེ། མི་རྟག་པ་དང༌། སྡུག་བསྔལ་ལ་སོགས་པའི་མཚན་ཉིད་དོ། །ཚིག་ཅེས་བྱ་བའི་དོན་ཀྱང་ཚིག་ཅེས་བྱ་བ་འདིས་དོན་དང་བཅས་པའི་ཁྱད་པར་ཁོང་དུ་ཆུད་པར་བྱེད་ཅིང་སྟོན་པར་བྱེད་པས་ན་ཚིག་ཅེས་བྱ་བའམ་ཁྱད་པར་ཅན་གྱི་དོན་སྟོན་ཅིང་ཁོང་དུ་ཆུད་པར་བྱེད་པས་ན་ཚིག་ཅེས་བྱའོ། །དེ་ལྟར་ཚིག་གི་དོན་གྱི་ཁྱད་པར་སྟོན་པར་བྱེད་པས་ན། མིང་དང་འཇིག་རྟེན་གྱི་ཚིག་ལས་གཙུག་ལག་ཏུ་བྱས་པའི་ཚིག་བྱེ་བྲག་ཡོད་པར་སྟོན་ཏོ། །ཅི་ལྟར་ཞེ་ན། མིང་གིས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོན་ལ། ཚིག་གིས་ནི་ཆོས་རྣམས་ཀྱི་ཁྱད་པར་ཉིད་སྟོན་ཏེ། མིང་གིས་མི་ཞེས་བརྗོད་པ་ཙམ་དུ་བསྟན་པ་ལས་ཚིག་གིས་མེ་ཚ་བ་ཞེས་བརྗོད་ན། མེ་ཚ་བའི་མཚན་ཉིད་དུ་ཁྱད་པར་དུ་སྟོན་པར་བྱེད་པ་དང། མིང་གིས་འདུས་བྱས་ཞེས་བརྗོད་ན་ཚིག་གིས་འདུས་བྱས་མི་རྟག་པ་ཞེས་བརྗོད་པས་འདུས་བྱས་མི་རྟག་པའི་མཚན་ཉིད་དུ་སྟོན་པར་བྱེད་པས་ན་མིང་དང་ཚིག་གཉིས་ལ་བྱེ་བྲག་ཡོད་དོ། །གཙུག་ལག་གི་ཚིག་ནི་འཇིག་རྟེན་གྱི་ཚིག་ལས་ཀྱང་བྱེ་བྲག་ཡོད་པར་སྟོན་ཏོ། །ཇི་ལྟ་ཞེ་ན་ལྷ་སྦྱིན་འབྲས་ཚོས་ཞེས་པ་ལ། འཇིག་རྟེན་པ་རྣམས་ལྷ་སྦྱིན་ཞེས་བྱ་བ་ལ་ཡང་ཚིག་གཅིག་ཏུ་ལྟ། འབྲས་ཞེས་བྱ་བ་ལ་ཡང་ཚིག་གཅིག་ཏུ་ལྟ། ཆོས་ཞེས་བྱ་བ་ཡང་ཚིག་གཅིག་ཏུ་ལྟ་ལ། གཙུག་ལག་ལས་ནི་འདུ་བྱེད་ཀུན་མི་རྟག་ཅེས་པ་ལ་ཚིག་གཅིག་ཏུ་འཛིན་ཏེ། དེས་འདུས་བྱས་ཀུན་མི་རྟག་


DTG137_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞེས་ཁྱད་པར་གྱི་དོན་སྟོན་པར་བྱེད་པས་ན། འཇིག་རྟེན་གྱི་ཚིག་དང་ཡང་བྱེ་བྲག་ཡོད་པར་སྟོན་ཏོ། །སྨྲས་པ། ལྷ་སྦྱིན་ཞེས་བྱ་བའི་མིང་ཡང་ལ་དང་ཧ་ལ་སོགས་པའི་ཡི་གེ་ཚོགས་པ་ལས་གྱུར་པ་ཡིན། འདུས་བྱས་མི་རྟག་ཅེས་བྱ་བའི་ཚིག་ཀྱང་དེ་དང་བ་ལ་སོགས་པའི་ཡི་གེ་ཚོགས་པ་ལས་གྱུར་པ་ཡིན་ན། དེ་གཉིས་ལ་ཁྱད་པར་ཅི་ཡོད། སྨྲས་པ། མིང་དང་ཚིག་གཉིས་ཡི་གེ་འདུས་པ་ཡིན་པར་ཁྱད་པར་མེད་དུ་ཟིན་ཀྱང༌། དོན་གྱི་ཁྱད་པར་ལས་ཁྱད་པར་དུ་དབྱེ་སྟེ། མིང་གིས་ནི་ཆོས་རྣམས་ཀྱི་རང་བཞིན་ཙམ་སྟོན་ལ། ཚིག་གིས་ནི་ཆོས་རྣམས་ཀྱི་ཁྱད་པར་སྟོན་པར་བྱེད་པའི་ཕྱིར་རོ། །དེ་བས་ན་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཙམ་སྟོན་པ་ལ་མིང་ཞེས་བྱ་ལ། ཆོས་དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན་པ་ལ་སོགས་པ་དོན་གྱི་ཁྱད་པར་དུ་སྟོན་པར་བྱེད་པ་ལ་ཚིག་གི་ཚོགས་ཞེས་བྱའོ། །སྨྲས་པ། མིང་དང་ཚིག་གི་ཚོགས་གཉིས་ལས་ཚིག་གི་ཚོགས་པས་ཅིའི་ཕྱིར་མིང་གི་ཚོགས་སྔར་བཤད། སྨྲས་པ། ཆོས་རྣམས་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཚིག་གི་གནས་ནི་མིང་ཡིན་ཏེ། བུམ་པ་ཞེས་བྱ་བ་དང༌། སྣམ་བུ་ཞེས་བྱ་བའི་མིང་ལ་བརྟེན་ནས་བུམ་པ་རྟག་པ་ཞེའམ་བུམ་པ་མི་རྟག་པ་ཞེས་བྱ་བའི་ཚིག་འཇུག་པར་འགྱུར་བས་ན་ཚིག་པས་མིང་སྔར་བཤད་དོ། །ཆོས་རྣམས་ཀྱི་ཁྱད་པར་ཞེས་བྱ་བ་ལ། ཁྱད་པར་གྱི་དོན་ཇི་ལྟ་བུ་ཞེ་ན། བུམ་པ་ཞེས་བྱ་བ་ནི་མིང་ཡིན་ལ། བུམ་པ་ནི་མི་རྟག་པ་ཞེས་བྱ་བ་ནི་ཁྱད་པར་ཡིན་པའམ་བུམ་པ་རྟག་པ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཡང་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བརྗོད་པ་དང༌། ཇི་སྙེད་ཀྱི་འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན་ཞེས་ཁོང་དུ་ཆུད་ལ། དེ་དང་མི་མཐུན་པའི་འདུས་མ་བྱས་ནི་མི་རྟག་པ་མ་ཡིན་ཏེ། མི་རྟག་པ་ལ་སོགས་པས་རྟག་པ་ཡིན་པར་སྟོན་པའི་ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་ཅེས་བྱ་སྟེ། ཚིག་དེའང་གང་ཞེ་ན་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ལྟ་བུའོ། །འདུས་བྱས་ཞེས་བྱ་བ་ནི་རང་བཞིན་གྱི་དོན་ཏེ་མིང་ཡིན་ལ། འདུས་བྱས་བསྡུས་ནས་འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ་ནི་ཁྱད་པར་གྱི་དོན་ཏེ་ཚིག་ཅེས་བྱའོ། །


DTG137_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞེས་བྱ་བ་ནི་རང་བཞིན་གྱི་དོན་ཏེ་མིང་ཡིན་ལ། བསྡུས་ནས་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་ནི། །ཁྱད་པར་གྱི་དོན་ཏེ་ཚིག་ཡིན་ནོ། །མི་རྟག་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཡང་ཚིག་གིས་བསྟན་ཅིང་བརྗོད་པར་མི་ནུས་པ་ལས་འདུས་བྱས་མི་རྟག་ཅེས་བརྗོད་པ་འདི་བླ་དགས་སུ་སྒྲོ་བཏགས་པ་ཡིན་པས་ན་ཚིག་བླ་དགས་ཞེས་བྱའོ། །ཚིག་དེ་ལ་ཡང་གྲངས་ཀྱིས་མང་དུ་ཡོད་པའི་ཕྱིར་ཚིག་གི་ཚོགས་ཞེས་བྱའོ། །དེ་བས་ན་ཚིག་འདི་ནི་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་སུ་གདགས་པས་བཏགས་པར་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ། ཡི་གེའི་ཚོགས་ཀྱི་རང་བཞིན་བསྟན་པའི་ཕྱིར། ཡི་གེའི་ཚོགས་གང་ཞེ་ན་ཞེས་དྲིས་ཏེ། ཡི་གེའི་ཚོགས་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཡི་གེའི་འབྲུ་རྣམས་ཏེ་ཞེས་བྱ་བ་སྨོས་ཏེ། ཡི་གེ་ནི་ཨ་དང་ཀ་ལ་སོགས་པའོ། །ཨ་དང་ཀ་ནས་བརྩམས་ཏེ་ཀྵའི་བར་དུ་ཡི་གེའི་འབྲུ་ཐམས་ཅད་ལ་ཡི་གེའི་ཚོགས་ཞེས་བྱའོ། །ཡི་གེ་དེ་ལ་མིང་རྣམ་པ་གསུམ་དུ་གྲགས་ཏེ་འབྱེད་པ་དང༌། བརྗོད་པ་དང༌། ཡི་གེའོ། །ཡི་གེའི་དོན་ད་ལ་ཅིའི་ཕྱིར་འབྱེད་པ་ཞེས་བྱ་ཞེ་ན། དེའི་ལན་དུ་དེ་གཉི་ག་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གོང་དུ་བཤད་མ་ཐག་པའི་ལྷ་སྦྱིན་ཞེས་བྱ་བའི་མིང་དང༌། གོང་དུ་བཤད་མ་ཐག་པའི་འདུས་བྱས་མི་རྟག་ཅེས་བྱ་བའི་ཚིག་གཉི་ག་ཡི་གེས་གསལ་བར་སྟོན་པར་བྱེད་པས་ན་ཡི་གེ་ལ་འབྱེད་པ་ཞེས་བྱའོ། །ཇི་ལྟར་ན་ཡི་གེས་མིང་དང་ཚིག་གསལ་བར་བྱེད་ཅེ་ན། ནམ་ཡི་གེ་རྣམས་འདུས་ནས་བུམ་པ་དང༌། སྣམ་བུ་ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སུ་གྱུར་པའི་ཚེ་ན་ནི་ཡི་གེ་ལ་མིང་གི་ཚོགས་ཞེས་བྱ་ལ། ནམ་ཡི་གེ་རྣམས་འདུས་ནས་འདུས་བྱས་མི་རྟག་ཅེས་བྱ་བའི་ཁྱད་པར་གྱི་ཚིག་བླ་དགས་སུ་གྱུར་བའི་ཚེ་ན་ནི་ཡི་གེ་དེ་ཉིད་ལ་ཚིག་གི་ཚོགས་ཞེས་བྱ་བས་ན་ཡི་གེ་ནི་མིང་དང་ཚིག་གི་ཚོགས་གསལ་བར་བྱེད་པ་ཡིན་ནོ། །སྨྲས་པ། དེ་ཞེས་བྱ་བའི་སྒྲ་སྨོས་པས་ཆོག་མོད་གཉི་ག་ཞེས་སྨོས་པའི་སྒྲ་ཅི་དགོས་ཤེ་ན། ལན་དུ་གལ་ཏེ་དེ་ཞེས་བྱ་བའི་སྒྲ་འབའ་ཞིག་སྨོས་ཀྱི་གཉི་གའི་སྒྲ་མ་སྨོས་ན་ནི་ཡི་གེ་བཤད་མ་ཐག་པའི་ཚིག་གི་ཚོགས་འབའ་ཞིག་གསལ་བར་བྱེད་པ་


DTG137_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་སྙེམས་ཀྱི་ཚིག་གི་ཚོགས་ཀྱི་གོང་དུ་བཤད་པ་མིང་གི་ཚོགས་ལ་གསལ་བར་བྱེད་པར་མི་སྙེམས་པར་འགྱུར་རོ། །སྨྲས་པ། དེ་ལྟ་ན་གཉི་ག་ཞེས་སྨོས་པས་ཆོག་མོད་དེ་ཞེས་བྱ་བའི་སྒྲ་སྨོས་ཅི་དགོས་ཤེ་ན་ལན་དུ་གལ་ཏེ་གཉི་ག་ཞེས་བྱ་བའི་སྒྲ་འབའ་ཞིག་སྨོས་ལ། དེ་ཞེས་བྱ་བའི་སྒྲ་མ་སྨོས་ན་ནི་གཉི་ག་ཞེས་བྱ་བ་དེ་གོང་དུ་བཤད་པའི་མིང་དང༌། ཚིག་གཉིས་ལ་བྱ་བའམ་འོན་ཏེ་དེ་མ་ཡིན་པའི་ཆོས་གཞན་ཞིག་གཉིས་ལ་བྱ་གང་ལ་བྱ་གཏོལ་མེད་པར་འགྱུར་ཏེ། དེ་བས་ན་གོང་དུ་བཤད་པའི་མིང་དང་ཚིག་གཉིས་གསལ་བར་ཡི་གེས་འབྱེད་དེ་ཞེས་བསྟན་པའི་ཕྱིར་དེ་ཞེས་བྱ་བའི་ཚིག་དང༌། གཉི་ག་ཞེས་བྱ་བའི་ཚིག་སྨོས་སོ། །ཡི་གེའི་མིང་གཉིས་བསྟན་པའི་ཕྱིར། བརྗོད་པ་ཡང་དེ་དག་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཡི་གེ་དེ་དག་ལ་མིང་དུ་བརྗོད་པ་ཞེས་ཀྱང་བྱ་བའི་དོན་ཏོ། །ཡི་གེ་ལ་ཅིའི་ཕྱིར་བརྗོད་པ་ཞེས་བྱ་ཞེ་ན། དེའི་ཕྱིར་མིང་དང་ཚིག་དེ་ལ་གནས་ནས། དོན་ཡང་དག་པར་རྗོད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཡི་གེའི་འབྲུ་ལ་བརྟེན་ནས་ལྷ་སྦྱིན་ཞེས་བྱ་བའི་མིང་བྱུང་སྟེ། ལྷ་སྦྱིན་ཞེས་བྱ་བའི་མིང་གིས་ལྷ་སྦྱིན་ཞེས་བྱ་བའི་རང་བཞིན་གྱི་དོན་བརྗོད་ཅིང་སྟོན་པར་བྱེད་པ་དང༌། ཡི་གེ་འདུས་པ་ལ་བརྟེན་ནས་འདུས་བྱས་མི་རྟག་ཅེས་བྱ་བའི་ཚིག་འབྱུང་སྟེ། ཚིག་དེས་འདུས་བྱས་མི་རྟག་པའི་མཚན་ཉིད་དུ་སྟོན་པའི་ཁྱད་པར་གྱི་དོན་བརྗོད་ཅིང་སྟོན་པར་བྱེད་པས་ན་ཡི་གེ་ལ་མིང་དུ་བརྗོད་པ་ཞེས་བྱའོ། །ཡང་ན་ཡི་གེ་ལ་བརྟེན་ནས་མིང་དང་ཚིག་བྱུང་མིང་དང་ཚིག་གིས་ནི་དོན་མ་ནོར་བར་སྟོན་པར་བྱེད་པས་ན་ཡི་གེ་ལ་རྗོད་པར་བྱེད་པ་ཞེས་བྱའོ། །ཡི་གེ་མིང་གསུམ་པ་བསྟན་པའི་ཕྱིར། ཡི་གེ་ཡང་རྣམ་གྲངས་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཨ་ལ་སོགས་པའི་ཡིག་འབྲུ་ལ། ཡི་གེ་ཞེས་བྱ་བ་ཡང་ཇི་ལྟར་མིང་གི་ཚོགས་མིག་ཅེས་བྱ་བ་དང༌། ལག་པ་ཞེས་བྱ་བ་དང༌། རྐང་པ་ཞེས་བྱ་བ་ལ་སོགས་པ་ལ་མིང་གཞན་བརྗོད་པའི་སྒོ་ནས་རྣམ་གྲངས་གཞན་དུ་འགྱུར་ཏེ། མིག་ཅེས་ཀྱང་བྱ། སྤྱན་ཞེས་ཀྱང་བྱ་ལ། མིག་ཅེས་ཀྱང་བྱ་བའི་དོན་རྣམ་གྲངས་གཞན་སྤྱན་ཞེས་བྱ་བས་ཤེས་པར་རུང་བ་ལྟར། ཡི་གེ་ཨ་ལ་སོགས་པ་ལ་ཨ་ཞེས་བརྗོད་པ་ལས་མ་གཏོགས་པར་ཨའི་མིང་གི་རྣམ་གྲངས་གཞན་མེད་ལ། ཨ་གོ་བར་བྱ་བའི་ཕྱིར་


DTG137_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་གོ་བར་བྱེད་པའི་ཨའི་རྣམ་གྲངས་གཞན་མེད་དེ། རྣམ་གྲངས་གཞན་དུ་མི་འགྱུར་བས་ན་ཡི་གེ་ཞེས་བྱའོ། །འདི་ཡང་གཟུགས་ལ་སོགས་པའི་དུས་ལ་གདགས་པས་བཏགས་པར་ཡོད་པར་ཟད་ཀྱི་རྫས་སུ་མེད་དོ། །དེ་ཅིའི་ཕྱིར་མིང་དང་ཚིག་དང་ཡི་གེ་རྣམས་བཤད་ཅེ་ན། ངོ་བོ་ཉིད་ལ་ཐ་སྙད་མཁས་པར་བྱ་བ་དང༌། ཁྱད་པར་ལ་ཐ་སྙད་མཁས་པར་བྱ་བ་དང༌། དེ་གཉི་ག་ལ་ཐ་སྙད་མཁས་པར་བྱ་བའི་ཕྱིར། དེ་གསུམ་བཤད་དེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཐ་སྙད་མཁས་པར་བྱ་བའི་ཕྱིར་ནི་མིང་གི་ཚོགས་བསྟན་ཏོ། །ཆོས་རྣམས་ཀྱི་ཁྱད་པར་ལ་ཐ་སྙད་མཁས་པར་བྱ་བའི་ཕྱིར་ནི་ཚིག་གི་ཚོགས་བསྟན་ཏོ། །དེ་གཉི་ག་ལ་ཐ་སྙད་མཁས་པར་བྱ་བའི་ཕྱིར་ནི་ཡི་གེའི་ཚོགས་བསྟན་པའོ། །སོ་སོའི་སྐྱེ་བོའི་རང་བཞིན་བསྟན་པའི་ཕྱིར། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན་ཞེས་དྲིས་ཏེ། སོ་སོ་སྐྱེ་བོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་བྱ་བ་སྨོས་ཏེ། འཕགས་པའི་ཆོས་རྣམས་མ་རྙེད་པའི་མཚན་ཉིད་དང་ལྡན་པ་ལ་སོ་སོའི་སྐྱེ་བོ་ཞེས་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་རིང་དུ་སྤངས་པ་ལ་ནི་འཕགས་པ་ཞེས་བྱ་སྟེ། དེའང་སློབ་པ་དང་མི་སློབ་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ཐེག་པ་ཆུང་ངུའི་ཚུལ་གྱིས་ནི་རྒྱུན་དུ་འཇུག་པ་དང༌། རྒྱུན་དུ་འཇུག་པའི་འབྲས་བུ་འཐོབ་པ་དང༌། ལན་ཅིག་ཕྱིར་འོང་བ་ལ་འཇུག་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང༌། ཕྱིར་མི་འོང་བ་ལ་འཇུག་པ་དང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང༌། དགྲ་བཅོམ་པ་ལ་འཇུག་པའི་བར་དུ་བདུན་ནི་སློབ་པ་ཞེས་བྱའོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནི་མི་སློབ་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ནི་མོས་པས་སྤྱོད་པའི་ས་པ་ནས་བརྩམས་ཏེ། ས་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་སློབ་པ་ཞེས་བྱའོ། །འཕགས་པ་དེ་དག་གི་ཆོས་ནི་རྣམ་པ་གསུམ་སྟེ། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང་མི་སློབ་པའི་ལམ་སྟེ། ཆོས་དེ་གསུམ་མ་ཐོབ་པ་ལས་སོ་སོའི་སྐྱེ་བོ་ཉིད་ཅེས་བྱའོ། །དེ་ལ་ཐེག་པ་ཆུང་ངུའི་ཚུལ་གྱིས་ནི་རྒྱུན་དུ་འཇུག་པ་ཐོབ་པའི་ཚེ་ནི་མཐོང་བའི་ལམ་ཞེས་བྱའོ། །རྒྱུན་དུ་འཇུག་པའི་འབྲས་བུ་ཐོབ་


DTG137_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ། དྲུག་གི་ཚེ་ན་ནི་བསྒོམ་པའི་ལམ་ཞེས་བྱའོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཚེ་ན་ནི་མི་སློབ་པའི་ལམ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ནས་དང་པོའི་ཚེ་ན་ནི་མཐོང་བའི་ལམ་ཞེས་བྱའོ། །ས་གཉིས་པ་ནས་ས་བཅུ་མན་ཆད་ཀྱི་ཚེ་ནི་བསྒོམ་པའི་ལམ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་ཚེ་ན་ནི་མི་སློབ་པའི་ལམ་ཞེས་བྱའོ། །མ་ཐོབ་ཅེས་བྱ་བ་ནི་འཕགས་པའི་ཆོས་དེ་རྣམས་སེམས་ཀྱི་རྒྱུད་དམ། ཕུང་པོའི་རྒྱུད་ལམ་སྐྱེས་པ་ལ་བྱ་སྟེ། དེ་ལྟར་འཕགས་པའི་ཆོས་མ་སྐྱེས་པའི་སེམས་ཀྱི་རྒྱུད་དམ་ཕུང་པོའི་རྒྱུད་ལ་ནི་སོ་སོའི་སྐྱེ་བོ་ཞེས་བྱ་ལ། ཕུང་པོའི་རྒྱུད་ལ་སྐྱེས་པ་ལ་ནི་འཕགས་པ་ཞེས་བྱ་བས། འཕགས་པའི་ཆོས་མ་སྐྱེས་པའི་སེམས་ཅན་གྱི་སེམས་ཀྱི་རྒྱུད་དམ་ཕུང་པོའི་རྒྱུད་ལ་ནི་སོ་སོའི་སྐྱེ་བོ་ཞེས་བྱ་ལ། འཕགས་པའི་ཆོས་དེ་དག་ཕུང་པོའི་རྒྱུད་དམ་སེམས་ཀྱི་རྒྱུད་ལ་སྐྱེས་པ་ལ་ནི་འཕགས་པ་ཞེས་བྱ་བས་སོ་སོའི་སྐྱེ་བོ་ཞེས་བྱ་བ་ཡང༌། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི། ཉན་ཐོས་རྣམ་པར་སྨྲ་བ་རྣམས་ཀྱི་བཏགས་པ་ལྟ་བུར་སོ་སོའི་སྐྱེ་བོ་ཞེས་བྱའི་རྫས་ལོགས་ཤིག་ན་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ད་ནི་དེ་དང་འདྲ་བའི་ཚུལ་ཅན་གྱི་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་བཤད་པར་བྱའོ། །དེ་ལ་འཇུག་པ་གང་ཞེ་ན། ཕྱི་ནང་གི་འདུས་བྱས་རྣམས་སྐད་ཅིག་མའི་རང་བཞིན་དུ་གནས་པ་ལ་སྐད་ཅིག་མ་སྔ་མ་ནི་རྒྱུ་ཡིན་ལ་སྐད་ཅིག་མ་ཕྱི་མ་ནི་འབྲས་བུ་ཡིན་པའི་རྒྱུ་དང་འབྲས་བུའི་སྐད་ཅིག་མ་རྒྱུན་མ་ཆད་པར་འབྱུང་བ་ལ་འཇུག་པ་ཞེས་བྱའོ། །དེ་བས་ན་འདི་ཡང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་ནི་མེད་དོ། །སོ་སོར་ངེས་པ་གང་ཞེ་ན། རྒྱུ་རྣམ་པ་སྣ་ཚོགས་དང་འབྲས་བུ་རྣམ་པ་སྣ་ཚོགས་ལ་སོ་སོར་ངེས་པ་ཞེས་བྱ་སྟེ། རྒྱུ་རྣམ་པ་སྣ་ཚོགས་ནི་འབྲས་བུ་ཡིད་དུ་འོང་བ་སྐྱེད་པའི་རྒྱུ་གྲོག་མི་གཅོད་པ་དང༌། མ་བྱིན་པར་མི་ལེན་པ་ལ་སོགས་པ་ལེགས་པར་སྤྱད་པ་མང་པོ་དང༌། འབྲས་བུ་ཡིད་དུ་མི་འོང་བ་བསྐྱེད་པའི་རྒྱུ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་ཉེས་པར་སྤྱད་པ་རྣམ་པ་མང་པོའོ། །སོ་སོར་ངེས་པ་འདི་ཡང་ཕུང་པོ་ལྔ་ལ་གདགས་པས་གཟུགས་དང་སེམས་


DTG137_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །སྦྱོར་བ་གང་ཞེ་ན། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ལ་སྦྱོར་བ་ཞེས་གདགས་ཏེ། འདི་ལྟར་སྦྱིན་པ་ལས་ནི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྦྱོར་བ་དང༌། ཚུལ་ཁྲིམས་ལས་ནི་ལྷ་དང་མིའི་བདེ་འགྲོར་འགྲོ་བར་སྦྱོར་བ་དང་བཟོད་པ་ལས་ནི་བྱད་གཟུགས་བཟང་པོར་འགྱུར་བར་སྦྱོར་བར་བྱེད་པས་ན་སྦྱོར་བ་ཞེས་བྱ་སྟེ། འདི་ཡང་ཕུང་པོ་ལྔ་ལ་བཏགས་པས་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །མགྱོགས་པ་གང་ཞེ་ན། རྒྱུས་འབྲས་བུ་མྱུར་དུ་སྐྱེད་པར་བྱེད་པའམ། སྐད་ཅིག་མ་རྣམས་ལ་སྐད་ཅིག་མ་སྔ་མའི་རྗེས་སུ་བར་ཆད་མེད་པར་ཕྱི་མ་སྐྱེད་འབྱུང་བ་ལ་མགྱོགས་པ་ཞེས་བྱ་སྟེ། འདི་ཡང་ཕུང་པོ་ལྔ་ལ་གདགས་པས་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །གོ་རིམས་གང་ཞེ་ན། རྒྱུ་དང་འབྲས་བུ་རིམ་པར་འཇུག་པ་གོ་རིམས་ཞེས་བྱ་སྟེ། རྒྱུ་སྔར་བྱུང་བ་འབྲས་བུ་ཕྱིས་འབྱུང་བའོ། །འདི་ཡང་ཕུང་པོ་ལྔ་ལ་བཏགས་པས། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །དུས་གང་ཞེ་ན་རྒྱུ་དང་འབྲས་བུ་འབྲེལ་བར་འཇུག་པ་ལ་དུས་ཞེས་བྱ་སྟེ། ཇི་ལྟ་ཞེ་ན། རྒྱུ་དང་འབྲས་བུ་བྱུང་སྟེ་འགག་པ་དེ་ནི་འདས་པའི་དུས་ཞེས་བྱའོ། །རྒྱུ་དང་འབྲས་བུ་མ་བྱུང་མ་འགགས་པ་ལ་ནི་མ་འོངས་པའི་དུས་ཞེས་བྱའོ། །རྒྱུ་དང་འབྲས་བུ་བྱུང་ལམ་འགགས་པ་ལ་ནི་ད་ལྟར་གྱི་དུས་ཞེས་བྱའོ། །དེ་བས་ན་འདི་ཡང་ཕུང་པོ་ལྔ་ལ་བཏགས་པས་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །ཡུལ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་རྒྱུ་དང༌། འབྲས་བུའི་མཚན་ཉིད་དུ་གྱུར་པ་ཤར་དང༌། ནུབ་དང༌། ལྷོ་དང༌། བྱང་དང༌། འོག་དང༌། སྟེང་ལ་སོགས་པ་ཕྱོགས་བཅུ་ན་གནས་པ་ལ་ཡུལ་ཞེས་བྱ་སྟེ། ཤར་གྱི་ཕྱོགས་ན་གཟུགས་དང་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་གནས་པ་ལ་ཤར་གྱི་ཡུལ་ཞེས་བྱ་སྟེ། དེ་བཞིན་དུ་ཕྱོགས་ལྷག་མ་དང་ཡང་སྦྱར་རོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་མེད་པས་ཡུལ་དུ་རྣམ་པར་གཞག་པ་མེད་དོ། །དེ་བས་ན་འདི་ཡང་


DTG137_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །གྲངས་གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་སོགས་པ་སོ་སོ་ཐ་དད་པ་ལ་གཅིག་གཉིས་ཞེས་གྲངས་སུ་བཞག་སྟེ། ཅིའི་ཕྱིར་ཞེ་ན། ཐ་དད་པ་ལ་གྲངས་སུ་གཞག་ཏུ་རུང་གི་ཐ་མི་དང་ཅིང་གཅིག་པའི་བདག་ཉིད་དུ་གནས་པ་ལ་གཉིས་སུ་བགྲང་དུ་མི་རུང་བའི་ཕྱིར་རོ། །དེ་བས་ན་འདི་ཡང་ཕུང་པོ་ལྔ་ལ་གདགས་པས་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པར་ཟད་ཀྱི་རྫས་སུ་མེད་དོ། །ཚོགས་པ་གང་ཞེ་ན། རྣམ་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ་དང་རྐྱེན་འདུས་པ་ལ་ཚོགས་པ་ཞེས་གདགས་ཏེ། དེ་བས་ན་འདི་ཡང་ཕུང་པོ་ལྔ་ལ་གདགས་པས་བཏགས་པའི་ཡོད་པར་ཟད་ཀྱི་རྫས་སུ་མེད་དོ། །དེ་ལྟར་ན་སེམས་དང་མི་ལྡན་པའི་འདུ་བྱེད་འདི་དག་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་དུས་ལ་གདགས་པས་བཏགས་པར་ཡོད་པར་རིག་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་བཤད་ནས། མཇུག་བསྡུ་བར་བྱ་བའི་ཕྱིར། འདི་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། གོང་དུ་སྨོས་པའི་འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་དང༌། པཉྩ་སྐནྡྷའི་ནང་དུ་བྱུང་བ་འདུ་བྱེད་སེམས་དང་མི་ལྡན་བ་བཅུ་བཞིའི་སྟེང་དུ། དེ་དང་ཚུལ་འདྲ་བ་འདུ་བྱེད་སེམས་དང་མི་ལྡན་པ་དགུས་བསྣན་ཏེ། འདི་དག་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་ཀྱི་ཕུང་པོ་རྣམས་བཤད་ཟིན་ཏོ། །འདུ་བྱེད་ཀྱི་ཕུང་པོའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་སྨོས་པས་དེ་བཤད་པའི་སྐབས་སུ་བབ་པའི་ཕྱིར། རྣམ་པར་ཤེས་པ་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་དམིགས་པ་སོ་སོར་རྣམ་པར་རིག་པའོ་ཞེས་བྱ་བ་སྨོས་ཏེ། དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཡུལ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང་ཆོས་ཀྱི་བར་དུ་དྲུག་གོ །རྣམ་པར་རིག་པ་ནི། དམིགས་པ་དེ་དག་འཛིན་པའམ། རྟོགས་པའམ། ཁོང་དུ་ཆུད་པ་ལ་བྱ་སྟེ། དམིགས་པར་བྱ་བ་གང་ཡིན་པ་རིག་ཅིང་ཤེས་པས་ན་རྣམ་པར་རིག་པ་ཞེས་བྱའོ། །དམིགས་པ་རྣམ་པར་རིག་པའི་ཤེས་པ་དེ་ལ་ཡང་རྣམ་པ་དྲུག་ཡོད་དེ།


DTG137_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ། འཇུག་པའི་རྣམ་པར་ཤེས་པ་དྲུག་གོ །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དེས་ཇི་ལྟར་དམིགས་པར་རྣམ་པར་རིག་ཅེ་ན། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ལ་གཟུགས་ཙམ་དུ་རིག་ཅིང་ཤེས་སོ། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་དབང་པོ་ལ་བརྟེན་ནས་སྒྲ་ལ་སྒྲ་ཙམ་དུ་རིག་ཅིང་ཤེས་སོ། །སྣའི་རྣམ་པར་ཤེས་པ་ནི་སྣའི་དབང་པོ་ལ་བརྟེན་ནས་དྲི་ལ་དྲི་ཙམ་དུ་རིག་ཅིང་ཤེས་སོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་དབང་པོ་ལ་བརྟེན་ནས་རོ་ལ་རོ་ཙམ་དུ་རིག་ཅིང་ཤེས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་དབང་པོ་ལ་བརྟེན་ནས། རེག་བྱ་ལ་རེག་བྱ་ཙམ་དུ་རིག་ཅིང་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་རྣམས་རིག་ཅིང་ཤེས་པས་ན། རྣམ་པར་ཤེས་པ་དྲུག་པོ་དག་ལ་དམིགས་པ་རྣམ་པར་རིག་པ་ཞེས་བྱའོ། །དེ་ལྟར་རྣམ་པར་ཤེས་པའི་རང་བཞིན་བཤད་ནས། དེ་དག་གི་མིང་གི་རྣམ་གྲངས་བསྟན་པར་བྱ་བའི་ཕྱིར། སེམས་དང་ཡིད་དང་དེ་བཞིན་ཏེ་ཞེས་བྱ་བ་སྨོས་སོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་རྣམ་པར་ཤེས་པ་ཞེས་ཀྱང་བྱ། དམིགས་པས་རྣམ་པར་རིག་པས་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ་དེ་ལ་སེམས་ཞེས་ཀྱང་བྱེད་ལ་ཡིད་ཅེས་ཀྱང་བྱ། དཔེར་ན་དམིགས་པ་རྣམ་པར་རིག་པས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་བཞིན་དུ། དེ་ལ་སེམས་ཞེས་བྱ་བ་དང༌། ཡིད་ཅེས་ཀྱང་བྱའོ། །ཡང་ཅིའི་ཕྱིར་དེ་སྐད་ཅེས་བྱ་བའི་རྣམ་གྲངས་ཀྱི་དོན་བསྟན་པའི་ཕྱིར། སྣ་ཚོགས་པ་དང་ཡིད་རྟེན་བྱེད་པའི་ཕྱིར་བྱ་བ་སྨོས་ཏེ། སེམས་ཀྱི་དོན་ནི་སྣ་ཚོགས་ཀྱི་དོན་ཏེ། སྣ་ཚོགས་ཀྱི་རང་བཞིན་བསྟན་པ་ཡིན་པའི་ཕྱིར་རོ། །སེམས་ཞེས་བྱ་ལ་སེམས་དེ་མ་ཐག་ཏུ་འབྱུང་བའི་རྟེན་བྱེད་པའི་ཕྱིར་ཡིད་ཅེས་ཀྱང་བྱ་བའི་དོན་ཏོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི་ཅིའི་ཕྱིར་སྣ་ཚོགས་ཞེས་བྱ་ཞེ་ན། དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམས་ཏེ། གཟུགས་ལ་སོགས་པ་དམིགས་པ་སོ་སོའི་རང་བཞིན་ཡིན་པ་དང༌། གཟུགས་ལ་སོགས་པའི་ཡུལ་ཡང་སེར་པོ་དང༌། དཀར་པོ་ལ་སོགས་པ་སྣ་ཚོགས་ཀྱི་རང་བཞིན་ཡིན་ལ། དེ་ལ་དམིགས་པའི་མིག་གི་རྣམ་པར་ཤེས་


DTG137_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྔར་སྔོན་པོ་ལ་དམིགས་ན་སྔོན་པོའི་རྣམ་པར་སྐྱེ། དེ་ནས་སེར་པོ་ལ་དམིགས་ན་སེར་པོའི་རྣམ་པར་སྐྱེ། དེ་ནས་དམར་པོ་ལ་དམིགས་ན་དམར་པོའི་རྣམ་པར་སྐྱེ། དེ་ནས་དཀར་པོ་ལ་དམིགས་ན་དཀར་པོའི་རྣམ་པར་སྐྱེ་སྟེ། ཡུལ་སྣ་ཚོགས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་སྣ་ཚོགས་སུ་སྐྱེ་བས་ན་རྣམ་པར་ཤེས་པ་དྲུག་ལ་སེམས་ཞེས་ཀྱང་བྱའོ། །འདི་ལྟར་རྣམ་པར་ཤེས་པ་དྲུག་དམིགས་པ་སྣ་ཚོགས་ལ་དམིགས་པའི་ཕྱིར་སྣ་ཚོགས་ཡིན་པས་ན་སེམས་ཞེས་བཤད་པ་ཡང་ཡུལ་སྔོན་པོ་དང༌། སེར་པོ་ལ་སོགས་པ་མང་པོ་རྣམ་པར་ཤེས་པས་སྐད་ཅིག་མར་རིམ་གྱིས་འཛིན་པའི་རིགས་ཀྱི་དབང་དུ་བྱས་ནས་སྣ་ཚོགས་ཞེས་བྱའི་སྐད་ཅིག་མ་གཅིག་ལ་ནི་སྣ་ཚོགས་ཞེས་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན་སྐད་ཅིག་མ་གཅིག་ལ་ནི་ཡུལ་ངེས་པ་དང༌། རྣམ་པར་ངེས་པའི་ཕྱིར་རྣམ་པ་སྣ་ཚོགས་མེད་དོ། །ཇ་ལྟར་ཡུལ་ངེས་ཤིང་རྣམ་པ་ངེས་ཤེ་ན། སྐད་ཅིག་མའི་ཚེ་ན་ནི་སྣ་ཚོགས་ཞེས་མི་བྱ་སྟེ། སྔོན་པོ་འབའ་ཞིག་ལ་དམིགས་ཀྱི་སེར་པོ་ལ་མ་དམིགས་པ་དང༌། སྔོན་པོ་ལ་དམིགས་པའི་ཚེ་སྔོན་པོའི་རྣམ་པ་ཉིད་དུ་སྐྱེས་ཀྱི་སེར་པོའི་རྣམ་པར་མ་སྐྱེས་པའི་ཕྱིར་སྣ་ཚོགས་མེད་དོ། །རྣམ་པར་ཤེས་པ་དྲུག་པོ་སེམས་དེ་མ་ཐག་པའི་རྟེན་བྱེད་པའི་ཕྱིར་ཡིད་ཅེས་བྱ་བ་འདི་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་སྐྱེས་ནས་འགག་གོ །འགགས་མ་ཐག་ཏུ་དེའི་རྗེས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པའམ། རྣམ་པར་ཤེས་པ་ཕྱི་མ་དྲུག་གཞན་སྐྱེས་པས། དྲུག་པོ་སྔ་མ་འགགས་མ་ཐག་པ་དེ་ཉིད་རྣམ་པར་ཤེས་པ་དེ་མ་ཐག་པ་ཕྱི་མ་གཞན་སྐྱེ་བའི་རྟེན་བྱེད་པའི་ཕྱིར་ན་དྲུག་པོ་སྔ་མ་འགགས་པ་དེ་ཉིད་ལ་ཡིད་ཅེས་བྱའོ། །དེ་ལྟར་རྣམ་པར་ཤེས་པ་དྲུག་གི་རང་བཞིན་དང་མིག་གི་རྣམ་གྲངས་བསྟན་ནས། དངོས་སུའམ་གཙོ་ན་སེམས་ཞེས་བྱ་བ་གང་ལ་བྱ་བསྟན་པ་དང༌། རྣམ་པར་ཤེས་པའི་གཙོ་བོ་གང་ཡིན་བསྟན་པར་བྱ་བའི་ཕྱིར། དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་ཞེས་བྱ་བ་སྨོས་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཞེས་བཤད་པ་དེ་ནི་སེམས་གཙོ་བོ་ཞེས་མི་བྱའི་དངོས་སུ་མངོན་སུམ་ནའམ་གཙོ་བོ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་སེམས་ཞེས་བྱའོ་


DTG137_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཀྱི་གཙོ་བོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙོ་བོ་ན་ཀུན་གཞི་ལ་སེམས་ཞེས་ཅིའི་ཕྱིར་བྱ་བ་དང༌། ཀུན་གཞི་ཅིའི་ཕྱིར་སེམས་རྣམས་ཀྱི་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར་འདི་ལྟར་དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཞེས་བྱ་བ་ནི། འོག་ནས་འབྱུང་བའི་གཏན་ཚིགས་ལྟར་ན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བའི་སྒྲ་ནི་ཀུན་གཞི་དང་སྦྱར་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་ཞེས་བྱ་བའི་ཐ་ཚིག་གོ །ཀུན་གཞི་རྣམ་པར་ཤེས་པ་དེ་སྐད་ཅིག་མའི་རྒྱུན་གྱིས་འབྱུང་བ་ལ་སྐད་ཅིག་མ་རེ་རེ་ལ་ཡང་འདུས་བྱས་ཐམས་ཅད་ཀྱི་ས་བོན་བསགས་ཤིང་བསླད་པས་ན་བསགས་པའི་དོན་དང་ལྡན་པའི་ཕྱིར་གཙོ་བོའམ་དངོས་སུ་ན་ཀུན་གཞི་ལ་སེམས་ཞེས་བྱ་བའི་དོན་ཏོ། །ཀུན་གཞིའི་སྐད་ཅིག་མ་རེ་རེ་ལ་ཡང་འདུས་བྱས་རྣམས་ཀྱི་ས་བོན་བསགས་པ་ཡང་ཇི་ལྟར་སོགས་ཤེ་ན། ཀུན་གཞི་དེ་ལ་སྔོན་ས་བོན་ཡོད་པ་རྣམས། འདུ་བྱེད་རྣམས་ཀྱིས་ཡང་ནས་ཡང་དུ་བརྟས་པར་བྱས་པས་ན་དེ་དག་གི་ས་བོན་བསགས་པ་ཞེས་བྱ་བའམ་ཡང་ན་ཀུན་གཞི་དེ་འདུས་བྱས་ཀྱི་ས་བོན་བརྟས་པ་དང་འབྲེལ་ཞིང་ལྡན་པས་ན་དེ་དག་གི་ས་བོན་བསགས་པ་ཞེས་བྱ་བའོ། །དེའི་དོན་ཀྱང་ཞིབ་ཏུ་བཤད་པར་བྱའོ། །འདི་ཇི་ལྟར་རྒྱུ་དང་རྐྱེན་གྱིས་བྱས་པ་རྣམས་ལ་འདུས་བྱས་ཞེས་བྱ་བས་ལམ་གྱི་བདེན་པ་ཡང་རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར། ཟག་པ་མེད་པའི་འདུས་བྱས་ཞེས་བྱ་ལ། རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར་གཟུགས་ལ་སོགས་པ་ཟག་པ་ཅན་གྱི་འདུས་བྱས་ཀྱང་ཡོད་ན་འདིར་འདུས་བྱས་གང་ལ་བྱ་ཞེ་ན། འདིའི་སྐབས་སུ་འདུས་བྱས་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་འདུས་བྱས་རྣམས་ལ་བྱ་བར་རིག་པར་བྱའོ། །ཡང་ན་འདུས་བྱས་ཐམས་ཅད་ཀྱི་ས་བོན་བསགས་པ་ཞེས་འབྱུང་བས་ཟག་པ་དང་བཅས་པའི་འདུས་བྱས་དང༌། ཟག་པ་མེད་པའི་འདུས་བྱས་གཉི་ག་ལ་བྱ་བར་རིག་པར་བྱའོ། །འདུས་བྱས་དེ་དག་སྐྱེ་བ་ཡང་རྐྱེན་བཞི་ལས་སྐྱེ་སྟེ། རྐྱེན་བཞི་ནི་རྒྱུའི་རྐྱེན་དང༌། བདག་པོའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། མིག་གི་དབང་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བསྒོས་པའི་བག་ཆགས་ཏེ། འདིར་


DTG137_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་གནས་ལྟ་བུར་བག་ཆགས་དང་ཀུན་གཞི་བཤད་མོད་ཀྱི་བསྒོ་བར་བྱ་བ་དང༌། སྒོ་བར་བྱེད་པ་གཉིས་ཐ་མི་དད་པས་ཀུན་གཞི་ཉིད་ནི་འདུ་བྱེད་རྣམས་ཀྱི་རྒྱུའི་རྐྱེན་ཏོ། །བདག་པོའི་རྐྱེན་ནི་མིག་གི་དབང་པོ་ནས། ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་གོ །དེ་མ་ཐག་པའི་རྐྱེན་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ཀྱང་སྔ་མ་འགགས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པའམ་རྣམ་པར་ཤེས་པ་དྲུག་ཕྱི་མ་སྐྱེ་བའི་རྟེན་བྱེད་པས་ན་སྔ་མ་འགགས་པ་ཉིད་ནི། ཕྱི་མའི་དེ་མ་ཐག་པའི་རྐྱེན་ཏོ། །དམིགས་པའི་རྐྱེན་ནི་གཟུགས་ནས་བརྩམས་ཏེ་ཆོས་ཀྱི་བར་དུ་ཡུལ་དྲུག་གོ །འདི་ལྟ་བུར་འདུས་བྱས་རྣམས་རྐྱེན་བཞི་ལས་སྐྱེས་པར་ཇི་མངོན་ཞེ་ན། མདོ་ལས་གསུངས་པས་ན་མངོན་ཏེ། མདོ་སྡེ་ལས་ཀྱང་མིག་མ་ཉམས་པར་གྱུར་ལ་གཟུགས་རྣམས་ཀྱང་སྣང་བར་གྱུར་པ་དང༌། དེ་སྐྱེད་པ་ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན་དེ་ལྟར་དེ་དག་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པས་རྐྱེན་བཞི་ལ་འདུས་བྱས་འབྱུང་བར་མངོན་ནོ། །དེའི་དོན་ཀྱང་མིག་མ་ཉམས་པ་ཞེས་བྱ་བ་ནི་མིག་གི་དབང་པོ་ལིང་ཏོག་ལ་སོགས་པས་མ་ཁེབས་ཤིང་མ་གོད་པའོ། །གཟུགས་རྣམས་ཀྱང་སྣང་བར་གྱུར་ཅེས་བྱ་བ་ནི། མིག་གི་ཡུལ་དུ་གྱུར་པའི་གཟུགས་རྣམས་ཀྱང་རྩིག་པ་ལ་སོགས་པས་མཆོད་ཅེས་བྱ་བའི་དོན་ཏོ། །དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྔ་མ་འགགས་མ་ཐག་པ་རྣམས་ཕྱི་མ་སྐྱེད་པའི་དེ་མ་ཐག་པའི་རྐྱེན་ཡིན་པས་དེ་མ་ཐག་པའི་རྐྱེན་ཀྱང་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་མིག་དང་གཟུགས་དང་དེ་མ་ཐག་པའི་རྐྱེན་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་རྣ་བ་དང༌། སྒྲ་དང༌། དེ་མ་ཐག་པའི་རྐྱེན་ལས་རྣ་བའི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ཕྱི་མ་རྣམས་ལ་ཡང་རིམ་བཞིན་དུ་སྦྱར་བར་བྱའོ། །སྨྲས་པ། ཁྱོད་ཀྱིས་ནི་རྐྱེན་བཞི་ལས་འདུས་བྱས་སྐྱེ་བར་བཤད་ལ་མདོ་ལས་ནི་རྐྱེན་གསུམ་ལས་འདུས་བྱས་སྐྱེ་བར་བཤད་ན། ཇི་ལྟར་མི་འགལ། སྨྲས་པ། རྒྱུའི་རྐྱེན་ཀུན་གཞི་རྣམ་པར་ཤེས་པ་ནི་དུས་ཐམས་ཅད་དུ་ཡོད་ལ། དམིགས་པ་དང་རྣམ་པ་མི་གསལ་བར་གཅོད་པ་བས་ཤེས་པར་དཀའ་བའི་ཕྱིར་མདོ་ལས་མ་གསུངས་


DTG137_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དེ་ལྟར་རྐྱེན་བཞི་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་འོག་ཏུ་ཁྱིམ་འདི་ན་བུམ་པ་བརྒྱ་ཞིག་ཡོད་དམ། ཇི་ཙམ་ཞིག་ཡོད་ཅེས་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ༌། །ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་བྱུང་བའི་འོག་ཏུ་འདི་ནི་སྔོན་པོ་ཞིག་ཡིན་ནོ་ཞེས་རྣམ་པར་འཇོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ༌། །རྣམ་པར་འཇོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་འོག་ཏུ་འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་མ་ཡིན་ནོ་ཞེས་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ༌། །དེ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཡུལ་ལ་དམིགས་ནས། ཡང་ན་ནི་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་སྐྱེ། ཡང་ན་ནི་ཡུལ་ལ་དམིགས་ནས་འཁོར་བ་ལ་སྐྱོ་བ་ལ་སོགས་པ་རྣམ་པར་བྱང་བ་འབྱུང་བའི་ཕྱོགས་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་སྐྱེས་པའི་དུས་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་མངོན་པར་འདུ་བྱེད་དོ། །མངོན་པར་འདུ་བྱེད་པ་དེ་དག་གིས་མངོན་པར་འདུ་བྱས་ནས་འདུ་བྱེད་དེ་དག་འགགས་ན་ནི་མ་འགགས་པར་བྱེད་ན་ཀུན་གཞི་ལ་བག་ཆགས་གཉིས་བསྒོ་ཞིང་བརྟས་པར་བྱེད་དོ། །བག་ཆགས་གཉིས་ནི་རྒྱུ་མཐུན་པའི་བག་ཆགས་དང༌། རྣམ་པར་སྨིན་པའི་བག་ཆགས་སོ། །དེ་ལ་རྒྱུ་མཐུན་པའི་བག་ཆགས་ཞེས་བྱ་བ་ནི་ལས་ཅི་འདྲ་བ་བྱས་པ་འབྲས་བུ་ཡང་དེ་འདྲ་བ་སྨིན་པར་འགྱུར་བ་སྟེ། དཔེར་ན་ཚེ་འདིར་སྦྱིན་པ་བྱས་ན་ཚེ་རབས་གཞན་དུ་ཡང་འབྲས་བུ་སྦྱིན་པ་ལ་དགའ་བའོ། །རྣམ་པར་སྨིན་པའི་བག་ཆགས་ནི་སྦྱིན་པའི་རྒྱུས་ལྷ་དང་མིའི་ནང་དུ་ཀུན་གཞི་རྣམ་པར་ཤེས་པ་སྐྱེས་ནས་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །དེ་ལ་ཀུན་གཞི་ལ་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་འདུ་བྱེད་རྣམས་ཀྱི་རྒྱུ་མཐུན་པའི་བག་ཆགས་ཡོད་པ་ལ་བརྟེན་ནས་ནི་ཚེ་རབས་གཞན་དུ་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་ཉིད་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་པའི་བག་ཆགས་ཡོད་པ་ལ་བརྟེན་ནས་ནི། ལྷ་དང་མི་ལ་སོགས་པའི་རིགས་མཐུན་པ་གཞན་དག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ཉིད་སྐྱེ་ཞིང་སྨིན་པར་འགྱུར་རོ། །སྤྱོད་ལམ་དང་སྤྲུལ་བ་དང༌།


DTG137_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཟོའི་གནས་ལ་སོགས་པ་ལུང་དུ་མ་བསྟན་པའི་འདུ་བྱེད་རྣམས་ཀྱིས་ནི་མ་འོངས་པ་ན་ཡང་བདག་དང་འདྲ་བའི་ཆོས་སྐྱེད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུ་མཐུན་པའི་བག་ཆགས་སོགས་ཤིང་བརྟས་པར་བྱེད་དེ། ལུང་དུ་མ་བསྟན་པའི་ཆོས་ལ་རྣམ་པར་སྨིན་པའི་བག་ཆགས་ནི་མེད་དོ། ཅིའི་ཕྱིར་ཞེ་ན། དགེ་བ་དང་མི་དགེ་བའི་ཆོས་ནི་མཐུ་ཆེ་བས་རྣམ་པར་སྨིན་པ་ཡོད་ཀྱི། ལུང་དུ་མ་བསྟན་པ་ནི་ཞིང་བ་ཚ་ཅན་དང་འདྲ་བས་མཐུ་ཆུང་བའི་ཕྱིར་རྣམ་པར་སྨིན་པ་སྐྱེད་པར་མི་ནུས་སོ། །རྒྱུ་མཐུན་པའི་བག་ཆགས་ལ་ཞིབ་ཏུ་དཔྱད་པར་བྱ་སྟེ། རྒྱུ་མཐུན་པའི་བག་ཆགས་ལ་བརྟེན་ནས་ཀུན་གཞིའི་འབྲས་བུ་ངོ་བོ་ཉིད་དང་ཀུན་གཞིའི་རྒྱུའི་ངོ་བོ་སྟེ་རྣམ་པ་གཉིས་སུ་གཞག་གོ །ཇི་ལྟ་ཞེ་ན། འདི་ལྟར་འདུ་བྱེད་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་འདུ་བྱེད་རྣམས་བདག་དང་འདྲ་བའི་རྒྱུ་མཐུན་པའི་ས་བོན་ཀུན་གཞི་ལ་འཇུག་པའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ཁྱད་པར་ཅན་སྐྱེད་པའི་རྒྱུ་ལྟ་བུར་འདུ་བྱེད་རྣམས་གནས་པས་འདུ་བྱེད་རྣམས་ནི་རྒྱུ་ཡིན་ལ། ཀུན་གཞི་རྣམ་པར་ཤེས་པ་ནི་འབྲས་བུའི་མཚན་ཉིད་དུ་གནས་སོ། །འདི་ལྟར་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པའི་འདུ་བྱེད་རྣམས་ཀྱང་རང་གི་རྒྱུ་མཐུན་པའི་ས་བོན་ཀུན་གཞི་ལ་ཡོད་པ་ལ་བརྟེན་ནས་ཀུན་གཞི་ལས་འདུ་བྱེད་དེ་དག་འབྱུང་བས་ན་ཀུན་གཞི་རྒྱུ་ལྟ་བུར་གནས་ལ། འདུ་བྱེད་རྣམས་ནི་འབྲས་བུ་ལྟ་བུར་གནས་སོ། །རྣམ་པར་སྨིན་པའི་བག་ཆགས་ཀྱི་དབང་དུ་བྱས་ནས་དཔྱད་པར་བྱ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བའི་འདུ་བྱེད་རྣམས་ཀྱི་ནི་ཀུན་གཞི་འབྲས་བུ་ཉིད་དུ་གཞག་གོ །ཀུན་གཞི་དགེ་བ་དང་མི་དགེ་བ་ཡི་བག་ཆགས་ཀྱི་རྒྱུར་ནི་མི་གཞག་གོ །ཅིའི་ཕྱིར་རྒྱུར་མི་གཞག་ཅེ་ན། ཀུན་གཞི་ལ་རྣམ་པར་སྨིན་པའི་བག་ཆགས་ཡོད་པ་དེ་ལས་མ་འོངས་པ་ན་དགེ་བ་དང༌། མི་དགེ་བའི་རྣམ་པར་སྨིན་པ་གཞན་བསྐྱེད་པ་མེད་པས་ན་དགེ་བ་དང་མི་དགེ་བའི་འདུ་བྱེད་ཀྱི་རྒྱུར་ཀུན་གཞི་མི་གཞག་གོ །དགེ་བ་དང་མི་དགེ་བ་དང་འབྲས་བུ་ལྟ་བུར་ཀུན་གཞི་གཞག་པ་ནི་རྣམ་པར་སྨིན་པའི་བག་ཆགས་ལ་བརྟན་ནས་ལྷ་དང་མི་ལ་སོགས་པའི་རིས་མཐུན་པ་གཞན་དུ་ཀུན་གཞི་སྐྱེ་ཞིང་སྨིན་པའི་ཕྱིར་རོ། །སྨྲས་པ། དམིགས་པའི་ཡུལ་


DTG137_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་མེད་པའི་རྣམ་པར་ཤེས་པ་ཡང་ཡོད་མི་སྲིད་དེ། དཔེར་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་དམིགས་པའི་ཡུལ་ནི་གཟུགས་ལ་སོགས་པ་ཡིན་ལ། དེ་ཡང་སྔོན་པོ་ལ་སོགས་པའི་རྣམ་པར་སྐྱེ་ན། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་ན་དེ་དམིགས་པ་ནི་ཅི་ལ་དམིགས། ཡུལ་ལ་དམིགས་ན་ཡང༌། ཇི་ལྟར་དམིགས་ཞེས་པའི་ལན་དུ། དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མི་གཅོད་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ཞེས་བྱ་བའི་སྒྲ་ནི་ཀུན་གཞི་དང་སྦྱར་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་ཞེས་བྱ་བའི་དོན་ཏོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ནི་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པ་སྟེ། ཇི་ལྟ་ཞེ་ན། འདི་ལྟར་འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་ཀྱི་སྒྲ་ལ་མི་དམིགས་པ་དང༌། རྣ་བའི་རྣམ་པར་ཤེས་པ་ནི་སྒྲ་ལ་དམིགས་ཀྱི་གཟུགས་ལ་མི་དམིགས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ལ་དམིགས་པས་ན་དམིགས་པ་ཡོངས་སུ་གཅོད་དོ། །མིག་གི་རྣམ་པར་ཤེས་པ་སྔོན་པོ་ལ་དམིགས་པའི་ཚེ་སྔོན་པོའི་རྣམ་པར་སྐྱེའི་སེར་པོའི་རྣམ་པར་མི་སྐྱེ་བ་དང། སེར་པོ་ལ་དམིགས་པའི་ཚེ་སེར་པོའི་རྣམ་པར་སྐྱེའི། སྔོན་པོའི་རྣམ་པར་མི་སྐྱེ་བས་རྣམ་པ་ཡོངས་སུ་གཅོད་པའོ། །ཡང་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ནི་གཟུགས་ལ་དམིགས་པ་ན་ཡང་འདི་ནི་གཟུགས་སོ་ཞེས་དམིགས་པ་ལ་ཡང་གསལ་པར་གཅོད་པ་དང། འདི་ནི་སྔོན་པོ་ཞེས་རྣམ་པ་ལ་གསལ་བར་གཅོད་པ་ལྟ་བུར་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མི་གཅོད་པ་སྟེ། དེས་དམིགས་པ་ལ་ཡང་གསལ་བར་གཅོད་མི་ནུས། རྣམ་པ་ལ་ཡང་གསལ་བར་གཅོད་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་གསལ་བར་གཅོད་མི་ནུས་ཤེ་ན། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པའི་དམིགས་པའི་ཡུལ་ནི་རྣམ་པ་གཉིས་ཏེ། ནང་གི་ཉེ་བར་ལེན་པའི་རྣམ་པ་དང༌། ཕྱི་རོལ་གྱི་སྣོད་ལ་རྣམ་པར་རིག་པའི་རྣམ་པ་ཡོངས་སུ་མ་ཆད་པའོ། །ནང་གི་ཉེ་བར་ལེན་


DTG137_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་ཡང་རྣམ་པ་གཉིས་ཏེ། ཀུན་བརྟགས་ཀྱི་རང་བཞིན་ལ་མངོན་པར་ཆགས་པའི་བག་ཆགས་དང༌། གནས་དང་བཅས་པའི་དབང་པོའི་གཟུགས་སོ། །ཀུན་བརྟགས་ཀྱི་རང་བཞིན་ལ་མངོན་པར་ཆགས་པའི་བག་ཆགས་ལ་རྣམ་པ་གཉིས་ཏེ། བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་ཡོད་པར་ཀུན་ཏུ་བརྟགས་པ་ལ་མངོན་པར་བརྟགས་པའི་བག་ཆགས་དང༌། རྣམ་པར་ཤེས་པ་ལས་མ་གཏོགས་པར་གཟུགས་དང་སྒྲ་ལ་སོགས་པའི་ཆོས་ལོགས་ཤིག་ན་ཡོད་པར་ཆོས་ལ་ཀུན་ཏུ་བརྟགས་པའི་རང་བཞིན་ལ་མངོན་པར་ཆགས་པའི་བག་ཆགས་སོ། །གནས་དང་བཅས་པའི་དབང་པོའི་གཟུགས་ནི་མིག་གི་དབང་པོ་ལ་སོགས་པ་དབང་པོ་དང་བཅས་པའི་ལུས་ལ་བྱའོ། །ཕྱི་རོལ་གྱི་སྣོད་ལ་རྣམ་པར་རིག་པའི་རྣམ་པ་ཡོངས་སུ་མ་བཅད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྣོད་ཀྱི་འཇིག་རྟེན་ལ་དམིགས་པ་ན་ནི་འདི་ཙམ་ཚུན་ཆད་ནི་དམིགས་ཀྱི་དེ་ཕན་ཆད་མི་དམིགས་ཞེས་ཚད་ཆད་པ་མེད་པར་སྣོད་ཀྱི་འཇིག་རྟེན་རྣམ་པར་རིག་པའོ། །དཔེར་ན་ཉིན་པར་སྲིན་བུ་མེ་ཁྱེར་འཕུར་བ་ནི་དེ་ལ་འོང་མེད་པ་མ་ཡིན་གྱི་ཉི་མ་ལ་སོགས་པའི་འོད་བཞིན་དུ་དེའི་འོད་གསལ་བར་སྣང་བ་མ་ཡིན་པ་དང་འདྲ་པར་ཀུན་གཞི་རྣམ་པར་ཤེས་པ་ཡང་ནང་གི་ཉེ་བར་ལེན་པའི་རྣམ་པ་སྟེ། ཀུན་བརྟགས་ཀྱི་རང་བཞིན་ལ་མངོན་པར་ཞེན་པའི་བག་ཆགས་དང༌། གནས་དང་བཅས་པའི་དབང་པོ་ལ་དམིགས་པའི་ཆེན་ཡང་མི་གསལ་བར་དམིགས་སམ། ཕྲ་བར་དམིགས་པའམ། ཞན་པར་དམིགས་པ་དང༌། ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་དམིགས་པ་ན་ཡང་མི་གསལ་བར་དམིགས་པ་དང༌། ཕྲ་བར་དམིགས་པ་དང༌། ཞན་པར་དམིགས་པས་རང་སངས་རྒྱས་དང༌། ཉན་ཐོས་དང༌། འཇིག་རྟེན་ན་མཁས་པ་རྣམས་ཀྱིས་ཀྱང་ཀུན་གཞི་ཡུལ་ལ་ཇི་ལྟར་དམིགས་པ་རྟོགས་ཤིང་ཤེས་པར་དཀའ་བས་དེའི་ཕྱིར་ན་དམིགས་པ་དང༌། རྣམ་པ་ཡོངས་སུ་མི་གཅོད་པ་ཞེས་བྱ་སྟེ། ཀུན་གཞི་ཡུལ་ལ་དམིགས་པ་མེད་པ་དང་ཡུལ་ལ་མི་དམིགས་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་གཞན་ནི་གསལ་བར་དམིགས་ཤིང་སྦོམ་པོར་དམིགས་པས་ན་དམིགས་པ་དང༌། རྣམ་པ་ཡོངས་སུ་གཅོད་དོ། །སྨྲས་པ། དམིགས་པ་དང་རྣམ་པ་ཡོངས་སུ་མི་གཅོད་པའི་རྣམ་


DTG137_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ནི་ཡོད་པར་ནི་མི་རིགས་ཏེ། དཔེར་ན་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་རྣམ་པར་ཤེས་པ་ཡིན་པས་གཟུགས་ལ་སོགས་པའི་དམིགས་པ་དང་རྣམ་པ་གསལ་བར་གཅོད་པ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་དེ་ཡང་དམིགས་པ་དང༌། རྣམ་པ་གསལ་བ་ཡོངས་སུ་གཅོད་པར་འགྱུར་རོ། །གལ་ཏེ་དམིགས་པ་དང་རྣམ་པ་ཡོངས་སུ་མི་གཅོད་ན་ནི། ཀུན་གཞི་རྣམ་པར་ཤེས་པ་ཞེས་པའི་རྣམ་པར་ཤེས་པ་ཡོད་པར་མི་རིགས་སོ། །སྨྲས་པ། དཔེར་ན་ཉན་ཐོས་མདོ་སྡེ་པ་དག་འགོག་པའི་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པ་དང༌། གཉིད་སྟུག་པོས་ནོན་པ་དང༌། ར་རོ་བ་དང༌། བརྒྱལ་བའི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཀྱང་ཡོད་ལ་དམིགས་པ་དང༌། རྣམ་པ་ཡོངས་སུ་མི་གཅོད་པ་ཞེས་སྨྲས་པ་དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་ཀྱང་དམིགས་པ་དང༌། རྣམ་པ་ཡོངས་སུ་མི་གཅོད་དེ་དེ་འདྲའོ། །དེ་ལ་ཆོས་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པ་བཅུ་གཅིག་གོ །མི་དགེ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་དང༌། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །ཡང་ན་དགེ་བ་ནི་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུའོ། །མི་དགེ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའོ། །ལུང་དུ་མི་སྟོན་པའི་ཆོས་ལ་རྣམ་བ་གཉིས་ཏེ། མ་བསྒྲིབས་ལ་ལུང་དུ་མི་སྟོན་པ་དང༌། བསྒྲིབས་ལ་ལུང་དུ་མི་སྟོན་པའོ། །ང་དང་བདག་གིར་རྟོག་པའི་རང་བཞིན་མ་ཡིན་ཞིང་དེའི་དྲི་མས་མ་བསྒོས་པ་ན་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་མ་བསྒྲིབས་ལ་དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་པས་ན་ལུང་དུ་མི་སྟོན་པའོ། །ང་དང་བདག་གིར་རྟོག་བའི་རང་བཞིན་ཡིན་ལ་དེའི་དྲི་མས་བསྒོས་པས་ན་བསྒྲིབས་པའོ། །དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་བས་ན་ལུང་དུ་མི་སྟོན་པའོ། །དེ་ལྟར་ཆོས་བཞི་ཡོད་པ་ལས་ཀུན་གཞི་རྣམ་པར་ཤེས་པ་


DTG137_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྣམ་པ་དང་རང་བཞིན་ཡིན་ནམ། མི་དགེ་བའི་རྣམ་པ་དང་རང་བཞིན་ཡིན་ནམ། མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རྣམ་པ་དང་རང་བཞིན་ཡིན་ནམ། བསྒྲིབས་ལ་ལུང་དུ་མི་སྟོན་པའི་རྣམ་པ་དང༌། རང་བཞིན་ཡིན་ཞེས་དྲིས་པའི་ལན་དུ། རིགས་གཅིག་པ་དང་ཞེས་བྱ་བ་སྨོས་ཏེ། འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ནི་དགེ་བའི་རང་བཞིན་དང་རྣམ་པ་ཡང་ཡིན། མི་དགེ་བའི་རང་བཞིན་དང་རྣམ་པ་ཡང་ཡིན། ལུང་དུ་མ་བསྟན་པའི་རྣམ་པ་དང་རང་བཞིན་ཡང་ཡིན་པས་རིགས་གཅིག་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་ནམ་དད་པ་ལ་སོགས་པ་སེམས་ལས་བྱུང་བ་དགེ་བ་བཅུ་གཅིག་དང་ལྡན་པའི་ཚེ་ན་ནི་དགེ་བའི་རང་བཞིན་ཞེས་ཀྱང་བྱ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནམ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་སེམས་ལས་བྱུང་བ་དང་ལྡན་པའི་ཚེ་ན་ནི། མི་དགེ་བའི་རང་བཞིན་ཞེས་བྱའོ། །ནམ་དཔྱོད་ལམ་དང་བཟོའི་གནས་ལ་སོགས་པ་དང་ལྡན་པའི་ཚེ་ན་ནི་ལུང་དུ་མ་བསྟན་པའི་རང་བཞིན་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་གཅིག་པ་ཡིན་ཏེ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ཡིན་གྱི་དགེ་བའི་རང་བཞིན་ཡང་མ་ཡིན་མི་དགེ་བའི་རང་བཞིན་ཡང་མ་ཡིན། བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ཡང་མ་ཡིན་ནོ། །དེ་ལ་ང་དང་བདག་གིར་རྟོག་པའི་ཉོན་མོངས་པའི་ཡིད་ཀྱི་དྲི་མས་མ་བསྒོས་ཤིང་དེའི་རང་བཞིན་མ་ཡིན་བས་ན་མ་བསྒྲིབས་པའོ། །དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་བས་ན་ལུང་དུ་མི་སྟོན་པའོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་དགེ་བའི་རང་བཞིན་ཞིག་ཡིན་ན་ནི་མི་དགེ་བ་བྱེད་པའི་གང་ཟག་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་མེད་པའི་སྐྱོན་དུ་འགྱུར་ཏེ། དགེ་བ་བྱེད་པའི་གང་ཟག་རྣམས་ལ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པས་ན་ཀུན་གཞི་རྣམ་པར་ཤེས་པ་མི་དགེ་བའི་རང་བཞིན་ཡང་མ་ཡིན་ནོ། །གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མི་དགེ་བའི་རང་བཞིན་ཞིག་ཡིན་ན་ནི་དགེ་བ་བྱེད་པའི་གང་ཟག་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་མེད་པའི་སྐྱོན་དུ་འགྱུར་ཏེ། དགེ་བ་བྱེད་པའི་གང་ཟག་རྣམས་ལ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པས། ཀུན་གཞི་རྣམ་


DTG137_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་མི་དགེ་བའི་རང་བཞིན་ཡང་མ་ཡིན་ནོ། །ང་དང་བདག་གིར་རྟོག་པའི་མཚན་ཉིད་མ་ཡིན་པས་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡང་མ་ཡིན་ནོ། །ཡང་ན་དད་པ་ལ་སོགས་པ་སེམས་ལས་བྱུང་བའི་དགེ་བ་བཅུ་གཅིག་དང༌། ཀུན་གཞི་རྣམ་པར་ཤེས་པ་མི་ལྡན་མི་འགྲོགས་པས་ན་དགེ་བའི་རང་བཞིན་ཡང་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སེམས་ལས་བྱུང་བ་རྣམས་དང་ཀུན་གཞི་རྣམ་པར་ཤེས་པ་མི་ལྡན་མི་འགྲོགས་པས་ན་མི་དགེ་བའི་རང་བཞིན་ཡང་མ་ཡིན་ནོ། །ཉོན་མོངས་པའི་ཡིད་ཀྱིས་འཁོར་གྱི་སེམས་ལས་བྱུང་བ་བདག་ཏུ་གཏི་མུག་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ལ་ཆགས་པ་སྟེ། སེམས་ལས་བྱུང་བ་བཞི་དང་ཀུན་གཞི་རྣམ་པར་ཤེས་པ་མི་ལྡན་མི་འགྲོགས་པས་ན་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡང་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དེ་དགེ་བའི་སེམས་ལས་བྱུང་བ་དང་ཡང་མི་ལྡན། མི་དགེ་བའི་སེམས་ལས་བྱུང་བ་དང་ཡང་མི་ལྡན། ཉོན་མོངས་པའི་ཡིད་ཀྱིས་འཁོར་གྱི་སེམས་ལས་བྱུང་བ་དང་ཡང་མི་ལྡན་ན་སེམས་ལས་བྱུང་བ་གང་དང་ལྡན་ཞེ་ན། དེ་ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་སྟེ་ལྔ་ཀུན་ཏུ་འགྲོ་བ་དང་ལྡན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཚེ་རབས་སྔ་མའི་ལས་དགེ་བ་དང༌། མི་དགེ་བ་དང༌། མི་གཡོ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་པས་ན་གཅིག་ཏུ་རྣམ་པར་སྨིན་པ་ཡིན་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་མཚན་ཉིད་དུ་རིགས་གཅིག་པ་ཉིད་དོ། །འདི་ལྟར་ལྔ་ཀུན་དུ་འགྲོ་བ་ཡང་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་འགྲོགས་པའི་ཚེ་ན་ནི་ལྔ་ཀུན་དུ་འགྲོ་བ་ཡང་དགེ་བ་ཞེས་བྱ། ནམ་འཇུག་པའི་རྣམ་པར་ཤེས་པ་མི་དགེ་བ་དང་འགྲོགས་པའི་ཚེ་ན་ནི་ལྔ་ཀུན་ཏུ་འགྲོ་བའི་རང་བཞིན་མི་དགེ་བ་ཞེས་བྱའོ། །ནམ་ཉོན་མོངས་པའི་ཡིད་དང་འགྲོགས་པའི་ཚེ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཞེས་བྱའོ། །ནམ་ཀུན་གཞི་རྣམ་པར་ཤེས་པ་དང་འགྲོགས་པའི་ཚེ་ན་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཞེས་བྱའོ། །སྨྲས་པ། ཁྱེད་རྣམ་


DTG137_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་ཙམ་དུ་སྨྲ་བས་ཀུན་གཞི་རྣམ་པར་ཤེས་པ་དུས་ཐམས་ཅད་དུ་ཡོད་པར་ཁས་བླངས་ནས་ཀུན་གཞི་དེ་རྟག་པ་ཐེར་ཟུག་པའི་མཚན་ཉིད་དུ་རྟག་པར་ཡོད་དམ་སྐད་ཅིག་མའི་རྒྱུན་གྱི་རང་བཞིན་དུ་རྟག་པར་ཡོད་ཅེས་བྱ་བའི་ལན་དུ་རྒྱུན་དུ་ཡང་འཇུག་གོ་ཞེས་བྱ་བ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ལྷ་དང་མི་ལ་སོགས་པའི་རིགས་མཐུན་པའི་གནས་སུ་དང་པོ་མཚམས་སྦྱར་བ་ནས་བརྩམས་ཏེ་སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་བར་བར་དུ་རྒྱུན་འཆད་པ་ཡང་མ་ཡིན་པས་ཀུན་གཞི་ནི་མི་རྟག་པ་ཡིན་པའི་ཕྱིར་རྟག་པ་ཐེར་ཟུག་པའི་རང་བཞིན་དུ་རྟག་པར་ཡོད་པ་ནི་མ་ཡིན་གྱི་མི་རྟག་པའི་རང་བཞིན་དུ་རྟག་པར་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་བར་བར་དུ་རྒྱུན་འཆད་པ་ཡིན་ཞེ་ན། ཇི་ལྟར་སྔར་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་དེའི་རྒྱུན་ཆད་དེ། དེའི་འོག་ཏུ་རྣ་བའི་རྣམ་པར་ཤེས་པ་སྐྱེས་པའི་འོག་ཏུ་རྒྱུན་ཆད་དེ་དེའི་འོག་ཏུ་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་བཞིན་དུ་སྣ་ལ་སོགས་པའི་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི། སངས་རྒྱས་ལ་སོགས་པ་ལ་དམིགས་ནས་དགེ་བའི་རང་བཞིན་དུ་སྐྱེས་པ་ལས་བུད་མེད་དང་དགྲ་ལ་སོགས་པའི་རྣམ་པའི་གཟུགས་མཐོང་བ་དང་སྔ་མའི་རང་བཞིན་རྒྱུན་ཆད་དེ་མི་དགེ་བའི་རང་བཞིན་དུ་སྐྱེའོ། །བུད་མེད་ལ་སོགས་པའི་གཟུགས་ལ་དམིགས་ནས་མི་དགེ་བའི་རང་བཞིན་དུ་སྐྱེས་པ་ལས་དགེ་བའི་བཤེས་གཉེན་གྱིས་བཤད་པ་ཐོས་ཏེ། དད་པ་སྐྱེས་པ་དང་སྔ་མ་འགགས་ནས་དགེ་བའི་རང་བཞིན་དུ་སྐྱེའོ། །དགེ་བའི་སེམས་ཀྱི་རང་བཞིན་ལས་དེ་རྒྱུན་ཆད་ནས་ལུང་དུ་མ་བསྟན་པའི་སེམས་ཀྱི་རང་བཞིན་དུ་སྐྱེའོ། །གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ཁམས་ཆུང་ངུ་སྟེ། འདོད་པའི་ཁམས་ཀྱི་སེམས་ཀྱི་འོག་ཏུ་ཁམས་བར་མ་སྟེ་གཟུགས་ཀྱི་ཁམས་ཀྱི་སེམས་འབྱུང་ངོ༌། །ཁམས་བར་མའི་སེམས་ཀྱི་འོག་ཏུ་ཁམས་རབ་སྟེ། གཟུགས་མེད་པའི་ཁམས་ཀྱི་སེམས་འབྱུང་བས་བར་བར་དུ་ཆད་པའོ། །ཉན་ཐོས་རྣམ་པར་སྨྲ་བ་ལས་བརྒལ་བ། འཇུག་པའི་རྣམ་པར་


DTG137_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དྲུག་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་ཅི་མངོན། གཏན་ཚིགས་ཅི་ཡོད། དེའི་ལན་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་ལུང་ལས་ཀྱང་འབྱུང་ལ་རིགས་པས་བརྟགས་ན་ཡང་མངོན་ཏེ་དེ་བས་ན་གཏན་ཚིགས་ཡོད་དོ། །དེ་ལ་ལུང་གི་གཏན་ཚིགས་ནི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ལྡན་ཁམས། །ཆོས་རྣམས་ཀུན་གྱི་གནས་གྱུར་པ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་པས་ཀུན་གཞི་རྣམ་པར་ཤེས་བ་ཡོད་པར་མངོན་ནོ། །ལུང་གི་ཚིགས་སུ་བཅད་པ་དེའི་དོན་ཡང་འཁོར་བ་ལ་ཐོག་མའི་མཐའ་དང༌། །ཐ་མའི་མཐའ་ཡོད་པ་མ་ཡིན་པས། །ཐོག་མ་མེད་པ་ཞེས་བྱའོ། །འཁོར་བའི་ཐོག་མ་མེད་པ་དང༌། ཐ་མ་མེད་པའི་བར་དུ་ཀུན་གཞི་རྣམ་པར་ཤེས་པ་རྟག་ཏུ་ཡོད་པས་ན་ཐོག་མ་མེད་པའི་དུས་ལྡན་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཐོག་མ་མེད་པའི་དུས་ནས། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་ཁམས་ཞེས་བྱ་སྟེ། ཁམས་ཞེས་བྱ་བ་ནི་རྒྱུ་ལ་བྱའོ། །དོན་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཆོས་རྣམས་ཀུན་གྱི་གནས་གྱུར་པ། །ཞེས་བྱ་བ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་དུ་གྱུར་པ་དང༌། རྒྱུར་གྱུར་པས་ན། །ཆོས་རྣམས་ཀུན་གྱི་གནས་གྱུར་པ། །ཞེས་བྱའོ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་ལས་འདས་པའང་འཐོབ་པར་འགྱུར། །ཞེས་བྱ་བ་ནི་ཆོས་རྣམས་ཀུན་གྱི་གནས་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ཡོད་པས་འགྲོ་བ་ལྔ་པོ་ཀུན་དུ་སྐྱེ་བ་ཡང་ཡོད་ལ་མྱ་ངན་ལས་འདས་བ་ཐོབ་པར་གྱུར་པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་གཞི་རྣམ་པར་ཤེས་པ་དེ་འཁོར་བ་ཐོག་མ་མེད་པ་ནས་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་གཞི་བྱེད་བས་ན་ཐོག་མ་མེད་པའི་དུས་ལྡན་ཁམས་ཞེས་བྱ་བ་སྨོས་སོ། །ཀུན་གཞི་རྣམ་པར་ཤེས་པ་དེ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་དང་རྟེན་དུ་བྱེད་པས་ན། ཆོས་རྣམས་ཀུན་


DTG137_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་གྱུར་པ། །ཞེས་བྱའོ། །དེ་ལྟར་ཀུན་གཞི་དེ་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་རྒྱུ་བྱེད་པ་དེ་ཡོད་པས་ན། འགྲོ་བ་ལྔ་པོ་ཀུན་དུ་སྐྱེ་བ་ཡང་ཡོད་དོ། །ཀུན་གཞི་རྣམ་པར་ཤེས་པ་དེ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་གཞི་བྱེད་པས་ན་མྱ་ངན་ལས་འདས་པ་ཡང་དེས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུང་གི་གཏན་ཚིགས་གཞན་གྱིས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དེ་ཡོད་པར་བསྟན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པས་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མངོན་ནོ། །ཀུན་གཞི་རྣམ་པར་ཤེས་པ་འདིས་ཚེ་གཅིག་ནས་གཅིག་ཏུ་ལུས་ལེན་ཅིང་རང་གི་ཡུལ་གང་ཡིན་པ་ཤེས་པར་བྱེད་པས་ཀུན་གཞི་རྣམ་པར་ཤེས་པ་ལ་མིང་དུ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་རིགས་པས་ན་ཟབ་པའོ། །འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་རིགས་པས་ན་ཕྲ་བའོ། །ཡང་ན་ཀུན་གཞི་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་ན་ཟབ་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་ཕྲ་བའོ། །ཀུན་གཞི་ལ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་གྱི་རྟེན་བྱེད་པས་ན་ས་བོན་ཐམས་ཅད་པ་ཞེས་བྱའོ། །འོ་ན་ཀུན་གཞི་དེ་རྟག་པ་ཞིག་ཡིན་ནམ་མི་རྟག་པ་ཞིག་ཡིན་ནམ་སྙམ་པ་ལ། ཆུ་བོ་བཞིན་དུ་འབབ་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་བོས་ཤིང་དང་རྡོལ་སོགས་པ་ཁྱེར་ནས་སྐད་ཅིག་མའི་རྒྱུན་གྱིས་འབབ་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ཡང་ལྔ་ཀུན་ཏུ་འགྲོ་བ་དང་འགྲོགས་ནས་སྐད་ཅིག་མའི་རྒྱུན་དུ་རྒྱུན་མི་འཆད་པར་འཁོར་བར་འཇུག་པས་ན་མི་རྟག་པ་ཡིན་པའི་ཕྱིར་ཆུ་བོ་བཞིན་དུ་འབབ་པ་ཞེས་བྱའོ། །དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་ཅིའི་ཕྱིར་བདག་ཅག་ལ་མ་བསྟན་མ་བཤད་སྙམ་པ་ལ། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་བྱ་བ་སྨོས་ཏེ། སོ་སོའི་སྐྱེ་བོ་དང་


DTG137_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་རྒྱས་དང་དགྲ་བཅོམ་པའི་རིགས་ཅན་པ་རྣམས་ལ་བྱིས་པ་ཞེས་བྱ་སྟེ། ཀུན་གཞི་དེ་ཡོད་ཀྱང་བྱིས་པ་དེ་དག་ལ་ངས་མ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཀུན་གཞི་དེ་ཡོད་ན་ཅིའི་ཕྱིར་བྱིས་པ་རྣམས་ལ་མི་བཤད་སྙམ་པ་ལ། བདག་ཏུ་རྟོག་པར་གྱུར་ན་མི་རུང་ངོ༌། །ཞེས་བྱ་བ་སྨོས་ཏེ། ཀུན་གཞི་དེ་བཤད་ན་འཁོར་བའི་ཐ་མའི་མཐའི་བར་དུ་རྒྱུན་མི་འཆད་པར་འབྱུང་བས་བདག་ཅེས་བྱ་བ་ཡང་དེ་ཡིན་ནོ་སྙམ་དུ་ཀུན་གཞི་ལ་བདག་ཏུ་འཛིན་པར་འགྱུར་ཏེ། བྱིས་པ་རྣམས་ཀྱིས་ཀུན་གཞི་ལ་བདག་ཏུ་བཟུང་ན་མི་རུང་བས་བདག་ཏུ་འཛིན་པར་མི་གཞུག་པའི་ཕྱིར་ངས་མ་བཤད་དོ་ཞེས་བྱ་བའི་དོན་ཏོ། །རིགས་པའི་གཏན་ཚིགས་གཉིས་ཀྱིས་ཀུན་གཞི་ཡོད་པར་བསྟན་པའི་ཕྱིར་གང་གི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་ལས་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང་ཞེས་བྱ་བ་སྨོས་ཏེ། རྩ་བ་ལས་མ་བྱུང་མོད་ཀྱི་དེ་བས་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མངོན་ནོ་ཞེས་བྱ་བའི་ཚིག་ལྷག་མ་ལུས་པའོ། །འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པར་གྱུར་ནས་འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་མ་ལུས་པར་འགགས་ན་ཕྱིས་དེ་དག་ལས་ལངས་པའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཅི་ལས་སྐྱེས་ཏེ་སྐྱེ་པར་མི་རུང་ངོ༌། །དེ་བས་ན་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་ལས་ལངས་པའི་ཚེ་ན་ཡང་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེ་ཞིང་འབྱུང་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མངོན་ནོ། །དེ་སྐད་དུ་བཤད་པ་དང༌། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པ། འདི་ལྟར་བདག་ཅག་ནི་འདས་པ་ཡང་རྫས་སུ་ཡོད་པར་འདོད་པས་ཏིང་ངེ་འཛིན་དེ་དག་ལ་དང་པོ་སྦྱོར་བའི་སེམས་འགོག་པ་ལ་ཞུགས་པ་དེ་ཡང་ཕྱིས་ལྡང་བའི་སེམས་ཀྱིས་དེ་མ་ཐག་པའི་རྐྱེན་དུ་འདོད་དེ། དེ་བས་ན་སྦྱོར་བའི་སེམས་ཀྱི་དེ་མ་


DTG137_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པའི་རྐྱེན་དེ་ལས་ལངས་པའི་ཚེ་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བས་ཀུན་གཞི་མི་དགོས་སོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བས་བརྒལ་བ། དང་པོ་སྦྱོར་བའི་སེམས་དེ་བྱུང་བས་འགགས་པའི་འོག་ཏུ་སྙོམས་བར་འཇུག་པའི་རྫས་མང་པོས་བར་དུ་ཆོད་དེ་སྔ་མ་འགགས་ནས་རིང་དུ་ལོན་ནས་ཕྱིས་ལྡང་བའི་ཚེ་ཇི་ལྟར་ན་སྔ་མ་འགགས་པའི་སེམས་དེ་ལས་འཇུག་པའི་རྣམ་པར་ཤེས་པ་སྐྱེ། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་ལན་སྨྲས་པ། བར་དུ་ཆོད་ཅེས་པའི་དོན་ནི་རིགས་འདྲ་བའི་རྫས་མང་པོས་བར་དུ་ཆོད་པ་ནི་བར་དུ་ཆོད་པའི་དོན་དུ་འདོད་པས་དེ་མ་ཐག་པའི་རྐྱེན་དུ་མི་རུང་གི་རིགས་མི་འདྲ་བའི་རྫས་མང་པོས་བར་དུ་ཆོད་པ་ནི་བར་དུ་ཆོད་བ་མ་ཡིན་བས་དེ་མ་ཐག་པའི་རྐྱེན་དུ་འདོད་དེ། དེ་བས་ན་དང་པོ་སྦྱོར་བའི་སེམས་དང་ཐ་མ་ལྡང་བའི་སེམས་གཉིས་ཀྱི་བར་ན་ཏིང་ངེ་འཛིན་གྱི་རྫས་རིགས་མི་མཐུན་པས་མ་ཆོད་པའི་ཕྱིར། སྔ་མ་སྦྱོར་བའི་སེམས་ལས་ཕྱི་མ་ལྡང་བའི་ཚེ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བས་ན་འགལ་བ་མེད་དོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བས་སྨྲས་པ། དང་པོ་སྦྱོར་བའི་སེམས་དེ་ལས་ལངས་བའི་སེམས་སྐྱེ་བར་ནི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། དང་པོའི་སྦྱོར་བའི་སེམས་འགགས་ནས་བར་དུ་ཏིང་ངེ་འཛིན་གྱི་རྫས་མང་པོས་ཆོད་དེ་ཡུན་རིང་དུ་ལོན་པ་ལས་གང་འགགས་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཅུང་ཟད་ཀྱང་མེད་པས་ན་འགག་པ་མེད་པ་ལས་ལྡང་བའི་ཚེ་སེམས་འབྱུང་བར་མི་རིགས་ཏེ། དཔེར་ན་ནམ་མཁའི་མེ་ཏོག་དང་བདག་དང་གཙོ་བོ་ལ་སོགས་པ་བཞིན་ནོ། །འདི་ལྟར་ནམ་མཁའི་མེ་ཏོག་དང༌། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་གཙོ་བོ་ལ་སོགས་པ་ཡོད་པ་མ་ཡིན་པས་མེད་པའི་ཆོས་དེ་དག་ནི་ཆོས་གང་གི་རྒྱུ་ཡང་མི་བྱེད་ལ། དེ་དག་ལས་འབྲས་བུ་གང་ཡང་མི་འབྱུང་བ་བཞིན་དུ་དང་པོ་སྦྱོར་བའི་སེམས་ནི་འགགས་ཏེ་མེད་པ་ཡིན་པས་མེད་པ་དེ་ནི་ཆོས་གང་གི་རྒྱུ་ཡང་མི་བྱེད་ལ། དེ་ལས་འབྲས་བུ་གང་ཡང་འབྱུང་བར་མི་འགྱུར་རོ། །དེ་ལྟར་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་སུན་བྱུང་བ་དང༌། མདོ་སྡེ་པས་སྨྲས་པ། རྣམ་པར་སྨྲ་བ་པ་རྣམས་ཀྱི་སྦྱོར་བའི་སེམས་དེས་འགོག་པའི་སེམས་བསྐྱེད་ནས་སེམས་འགགས་པའི་འོག་ཏུ་སྙོམས་པར་འཇུག་པའི་རྫས་མང་པོས་བར་དུ་ཆོད་ནས་སྦྱོར་བའི་


DTG137_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་ལྡང་བའི་ཚེ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བར་མི་རུང་ན་ཡང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་ཚེ་ན་ལུས་ཡོད་པས་ལུས་ལས་ཕྱིས་ལྡང་བའི་ཚེ་སེམས་བསྐྱེད་པས་ན་ཀུན་གཞི་དགོས་པ་མེད་དོ། །ཇི་ལྟར་སེམས་ལུས་ལས་སྐྱེས་ཤེ་ན། འདི་ལྟར་དབང་པོ་དང་བཅས་པའི་གཟུགས་དང་སེམས་གཉིས་ནི་གཅིག་ལ་གཅིག་ས་བོན་འཇོག་སྟེ། བར་འགའ་ནི་དབང་པོ་དང་བཅས་པའི་གཟུགས་ལ་སེམས་ཀྱི་ས་བོན་འཇོག་པས་གཟུགས་ལས་སེམས་འབྱུང་སྟེ། གང་གི་ཚེ་ཞེ་ན། རྣལ་འབྱོར་པ་འགོག་པའི་སྙོམས་པར་འཇུག་པའམ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའམ། འདུ་ཤེས་མེད་པའི་ཚེ་ན་གཟུགས་ལ་སེམས་ཀྱི་ས་བོན་གཞག་པས། ནམ་ལངས་པའི་དུས་ན་དབང་བོ་དང་བཅས་པའི་གཟུགས་ལས་སེམས་སྐྱེ་བས་ན་གཟུགས་ལ་སེམས་ཀྱི་ས་བོན་གནས་སོ། །བར་འགའ་ནི་སེམས་ལ་གཟུགས་ཀྱི་ས་བོན་འཇོག་སྟེ། གང་གི་ཚེ་ཞེ་ན། རྣལ་འབྱོར་བ་འདོད་པའི་ཁམས་ནས་ཤི་འཕོས་ཏེ་གཟུགས་མེད་པའི་ཁམས་སུ་སྐྱེས་པ་དང༌། གཟུགས་མེད་པའི་ཁམས་སུ་གཟུགས་ཐམས་ཅད་མ་ལུས་པ་མེད་པར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་དེ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ཏེ། འདོད་པའི་ཁམས་སུ་སྐྱེས་པས་ན་གཟུགས་འགགས་ཏེ་རིང་དུ་ལོན་མོད་ཀྱི་སེམས་ཉིད་ལས་དབང་པོ་དང་བཅས་པའི་གཟུགས་འབྱུང་བས་ན་སེམས་ལ་གཟུགས་ཀྱི་ས་བོན་གནས་སོ། །དེ་ལྟར་ལུས་དང་སེམས་གཉིས་གཅིག་གི་རྒྱུ་གཅིག་གིས་བྱེད་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ཡང་ལྡང་བའི་ཚེ་ལུས་ལས་སྐྱེ་བས་ན་ཀུན་གཞི་མི་དགོས་སོ། །སྨྲས་པ། ཡོང་ནི་སེམས་ཅན་གྱི་སེམས་ཀྱི་རྒྱུད་གཅིག་ཏུ་ཟད་ན། དེ་ལྟར་བཤད་ན་ནི་སེམས་ཅན་རེ་རེ་ལ་ཡང་སེམས་ཀྱི་རྒྱུད་གཉིས་གཉིས་ཡོད་པར་འགྱུར་རོ། །གང་ཞེ་ན་སེམས་ཀྱི་རྒྱུད་གཅིག་ནི་དབང་པོ་དང་བཅས་པའི་གཟུགས་ལས་འབྱུང་བ་སྟེ། ནམ་འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་ཚེ་ནའོ། །སེམས་ཀྱི་རྒྱུད་གཉིས་པ་ནི་སེམས་གཞན་ལས་


DTG137_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་སྟེ། འདི་ཇི་ལྟར་སྐད་ཅིག་མ་སྔ་མའི་རྒྱུས་སྐད་ཅིག་མ་ཕྱི་མའི་སེམས་སྐྱ་བའོ། །ཡོང་ནི་སེམས་ཅན་གྱི་རྒྱུད་ནི་གཅིག་ཏུ་ཟད་དེ་སེམས་དེ་ཉིད་ལས་སེམས་ཉིད་སྐྱེ་བར་ཟད་ན། དེ་ལྟ་ན་ནི་སེམས་ཅན་རེ་རེ་ལ་ཡང་སེམས་ཀྱི་རྒྱུད་གཉིས་གཉིས་ཡོད་པར་འགྱུར་རོ། །ཇི་ལྟ་ཞེ་ན། སེམས་ཀྱི་རྒྱུད་གཅིག་ནི་ལུས་ཡིན་ཏེ། ནམ་འགོག་པ་ལ་སོགས་པ་ལ་སྙོམས་པར་ཞུགས་ནས་ལངས་པའི་ཚེ་ནའོ། །སེམས་ཀྱི་རྒྱུད་གཅིག་ནི་སེམས་ཉིད་ཡིན་ཏེ། གང་སེམས་ཀྱི་སྐད་ཅིག་མ་སྔ་མ་འགགས་པ་ལས་སྐད་ཅིག་མ་ཕྱི་མའི་སེམས་སྐྱེ་བ་ནའོ། །གཞན་ཡང་ལུས་ལས་སེམས་སྐྱེ་ན་ནི་འདི་ལྟར་འདོད་པ་དང་གཟུགས་ཀྱི་ཁམས་སུ་རྣལ་འབྱོར་བ་སྙོམས་པར་ཞུགས་པའི་ཚེ་ན་དབང་པོ་དང་བཅས་པའི་ལུས་ལས་སེམས་སྐྱེ་བར་རུང་ན། ནམ་རྣལ་འབྱོར་པ་གཟུགས་མེད་པའི་ཁམས་སུ་འགོག་པ་ལ་སྙོམས་པར་ཞུགས་པ་དེའི་ཚེ་གཟུགས་མེད་པས་ཕྱིས་ཇི་ལྟར་ལྡང་ཞིང་སེམས་སྐྱེ་སྟེ་ལྡང་བ་མེད་པར་འགྱུར་རོ། །མ་ལངས་པ་ན་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་བས་ན་ལུས་ལས་སེམས་སྐྱེ་ཞེས་བྱ་བ་འདི་ཡང་མི་རིགས་སོ། །ཡང་ལུང་གི་གཏན་ཚིགས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་བསྟན་ཏེ། མདོ་ལས་ཀྱང་འགོག་པ་ལ་སྙོམས་པར་ཞུགས་པ་ན་རྣམ་པར་ཤེས་པ་ནི་ལུས་དང་མ་བྲལ་ལོ་ཞེས་གསུངས་པས་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མངོན་ནོ། དེ་སྐད་དུ་བཤད་པ་དང༌། སློབ་དཔོན་བ་སུ་མི་ཏྲས་སྨྲས་པ། འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བ་དེའི་མཚན་ཉིད་དུ་དེ་ན་ཡོད་དེ་དེ་བས་ན་མདོ་ལས་ཀྱང་འགོག་པ་ལ་སྙོམས་པར་ཞུགས་པ་ན་རྣམ་པར་ཤེས་པ་ནི་ལུས་དང་མ་བྲལ་བའོ་ཞེས་གསུངས་ཀྱི་ཀུན་གཞི་ལ་ནི་མི་བྱའོ་ཞེས་སྨྲའོ། །ལན་དུ་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་གནས་པས་རྣམ་པར་ཤེས་པ་ལུས་ལས་མ་བྲལ་ལོ་ཞེས་བྱ་བར་མི་རིགས་ཏེ། དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ལུས་ལས་མ་བྲལ་བར་རིགས་སོ། །སློབ་དཔོན་པ་སུ་མི་ཏྲས་སྨྲས་པ། འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཀུན་གཞི་ལས་མ་གཏོགས་པར་ཡིད་ཀྱི་རྣམ་པར་


DTG137_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལུས་དང་མ་བྲལ་བར་ཅིའི་ཕྱིར་མི་རིགས། ལན་དུ་སྨྲས་པ། འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་ཁས་བླངས་ན་ནི་ཉེས་པ་དང་པོ་སྐྱོན་དུ་འགྱུར་རོ། །ཇི་ལྟར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་དེ་ན་ཡོད་པ་དང༌། སྐད་ཅིག་མའི་ངང་ལ་གནས་པས་དེ་མ་ཐག་པའི་རྐྱེན་ཀྱང་ཡོད་ལ་འགོག་པ་ལ་སོགས་པའི་དུས་ན་དབང་པོ་མ་ཉམས་པས་མིག་ལ་སོགས་བའི་དབང་པོ་ཡང་ཡོད་དོ། །ཡུལ་མེད་པར་རྣམ་པར་ཤེས་པ་གནས་མི་སྲིད་པས་ཡུལ་ཡང་ཡོད་པར་འགྱུར་ཏེ། དེ་ལྟར་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པས་རེག་པ་སྐྱེའོ། །རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ངོ༌། །ཚོར་བའི་རྐྱེན་གྱིས་འདུ་ཤེས་དང༌། སེམས་པ་འབྱུང་བས་ན་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་མི་རིགས་སོ། །གལ་ཏེ་གཞན་ན་རེ། འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་རེག་པའི་རྐྱེན་གྱིས་ཚོར་བ་དང༌། འདུ་ཤེས་ལ་སོགས་པ་ཡོད་པར་གྱུར་ན་ཡང་ཉེས་པ་ཅི་ཡོད། ལན་དུ་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་འདུ་ཤེས་དང༌། ཚོར་བ་ལ་སོགས་པ་ཡོད་པར་ཁས་བླངས་ན་ནི་འགོག་པ་ནི་འདུ་ཤེས་ཚོར་བ་འགོག་པར་བྱེད་པའོ་ཞེས་བཤད་པ་ཉིད་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དུས་ཐམས་ཅད་དུ་གནས་ལ། འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་ས་བོན་ཡང་ཀུན་གཞི་ལ་ཡོད་པས་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་ལས་ལངས་པའི་ཚེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བར་ཁས་བླང་དགོས་སོ། །རིགས་པའི་གཏན་ཚིགས་གཞན་གྱིས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་བསྟན་པའི་ཕྱིར། ཡང་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དང་ཞེས་བྱ་བ་སྨོས་ཏེ། ཕྱིར་རོ་ཞེས་བྱ་བའི་ཚིག་འཇུག་ནས་འབྱུང་བ་འདི་ཡང་སྦྱར་ཏེ། ཡང་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་ཀྱི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པ་ཀུན་གཞི་རྣམ་པར་


DTG137_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡོད་པར་མངོན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་རྐྱེན་གྱི་དོན་ནི་རྐྱེན་བཞི་ལས་མིག་གི་རྣམ་པར་ཤེས་པའི་ཡུལ་གཟུགས་ནས་ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་རེག་བྱ་སྟེ་ལྔ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཆོས་ཐམས་ཅད་དེ་དྲུག་ལ་དམིགས་པའི་རྐྱེན་ཞེས་བྱའོ། །དམིགས་པའི་རྐྱེན་དེ་དག་ཀྱང་རང་བཞིན་ཐ་དད་དེ་གཟུགས་ཀྱི་རང་བཞིན་དང་རྣམ་པ་ལས་སྒྲའི་རང་བཞིན་དང་རྣམ་པ་གཞན་ཡིན་པ་དང༌། སྒྲའི་རང་བཞིན་དང་རྣམ་པ་ལས་གཟུགས་ཀྱི་རང་བཞིན་དང་རྣམ་པ་གཞན་ཡིན་པས་རྣམ་པ་གཞན་ཞེས་བྱ་བ་དང༌། གཟུགས་ཀྱི་རང་བཞིན་ལ་ཡང་སྣ་ཚོགས་ཐ་དད་དེ། སེར་པོའི་རང་བཞིན་དང་རྣམ་པ་ལས་སྔོན་པོའི་རང་བཞིན་དང་རྣམ་པ་གཞན་ཡིན་པ་དང༌། སྔོན་པོའི་རང་བཞིན་དང་རྣམ་པ་ལས་དཀར་པོའི་རང་བཞིན་དང་རྣམ་པ་གཞན་ཡིན་པས་རྣམ་པ་གཞན་ཞེས་བྱའོ། །དེ་ལ་མིག་གི་དབང་པོ་རྣམ་པར་ཤེས་པ་གཟུགས་ཀྱི་རང་བཞིན་དང་རྣམ་པར་སྐྱེས་པ་ལས་སྒྲས་རྐྱེན་བྱས་ནས་སྒྲ་ལ་བརྟེན་ཏེ། རྣ་བའི་རྣམ་པར་ཤེས་པ་སྒྲའི་རྣམ་པར་སྐྱེས་པ་ནི་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཞེས་བྱ་བའམ། མིག་གི་རྣམ་པར་ཤེས་པ་དཀར་པོའི་རྣམ་པར་སྐྱེས་པ་ལས་སེར་པོས་རྐྱེན་བྱས་ནས་སེར་པོའི་རྣམ་པར་སྐྱེས་པ་ནི་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཞེས་བྱའོ། །དེ་ལྟར་རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་སྐྱེས་པ་ལས་ཡུལ་སེར་པོས་རྐྱེན་བྱས་ནས་སེར་པོའི་རྣམ་པ་གཞན་སྐྱེ་བ་དང༌། མིག་གི་རྣམ་པར་ཤེས་པ་གཟུགས་ཀྱི་རྣམ་པར་སྐྱེས་པ་ལས་དམིགས་པའི་རྐྱེན་སྒྲས་རྐྱེན་བྱས་ནས་རྣ་བའི་རྣམ་པར་ཤེས་པ་སྒྲའི་རྣམ་པར་སྐྱེ་བ་དང༌། དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་སྐྱེ་ཞིང་འཇུག་གོ །དམིགས་བའི་རྐྱེན་ལ་མ་ལྟོས་མ་བརྟེན་པར་རྣམ་པ་གཞན་དུ་འཇུག་ཅིང་སྐྱེ་པར་མི་ནུས་ཏེ། དེ་བས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་དམིགས་པའི་རྐྱེན་དགོས་སོ། །དཔེར་ན་མྱུ་གུ་བསྐྱེད་པ་ལས་ཆུ་མེ་རླུང་ལ་སོགས་པའི་གྲོགས་བྱེད་པ་ཡོད་ཀྱང་རྒྱུའི་རྐྱེན་ས་བོན་མེད་ན་མྱུ་གུ་མི་སྐྱེ་སྟེ། ས་བོན་དགོས་པ་དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་དམིགས་པའི་རྐྱེན་ཡོད་ན་དེ་དག་རྒྱུའི་


DTG137_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཀྱང་མེད་དུ་མི་རུང་སྟེ། གདོན་མི་ཟ་བར་རྒྱུའི་རྐྱེན་ཀྱང་དགོས་སོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཏེ། དེ་བས་ན་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་གྱི་གཞིར་གྱུར་པ་ཞིག་ཡོད་པར་ཤེས་པར་བྱའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པ་ལས་རྣམ་པ་དང་རང་བཞིན་གཞན་ཡིན་པ་དང༌། རྣ་བའི་རྣམ་པར་ཤེས་པ་ལས་སྣའི་རྣམ་པར་ཤེས་པ་རྣམ་པ་དང་རང་བཞིན་གཞན་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་རང་བཞིན་ཐ་དད་པ་ཡང་དེ་དག་གི་དམིགས་པ་དང༌། རྣམ་པའི་རྐྱེན་ཐ་དད་པའི་སྒོ་ནས་དེ་དག་གི་རང་བཞིན་ཡང་ཐ་དད་པར་གཞག་གི་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་ཐ་དད་པས་དེ་དག་ཐ་དད་པར་གཞག་པ་ནི་མེད་དོ། །དེ་ལྟར་དམིགས་པའི་རྐྱེན་ཐ་དད་པའི་སྒོ་ནས་དེ་དག་གི་རང་བཞིན་ཐ་དད་པར་འགྱུར་བའི་ཕྱིར་དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དོ། །དམིགས་པའི་རྐྱེན་ཐ་དད་པའི་སྒོ་ནས་རྣམ་པར་ཤེས་པ་ཐ་དད་པར་འགྱུར་བ་ཡང་གཟུགས་ཀྱི་རྣམ་པ་ལས་སྒྲའི་རྣམ་པ་གཞན་ཡིན་པ་དང། སྒྲའི་རྣམ་པ་ལས་དྲིའི་རྣམ་པ་གཞན་ཡིན་པས་ན་མིག་གི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་གཟུགས་ཡིན་ཏེ། གཟུགས་ལ་རྣམ་པར་ཤེས་པ་དམིགས་ནས་གཟུགས་ཀྱི་རྣམ་པར་སྐྱེ་བ་དང༌། རྣ་བའི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་སྒྲ་ཡིན་ཏེ། སྒྲ་ལ་དམིགས་ནས་སྒྲའི་རྣམ་པར་སྐྱེ་བ་ལ་སོགས་པ་རང་བཞིན་ཐ་དད་པར་གཞག་པ་ཡང་ཡུལ་ཐ་དད་པའི་སྒོ་ནས་ཐ་དད་པར་གཞག་དགོས་པར་ཟད་དོ། །དེ་མ་ཐག་པའི་རྐྱེན་ཐ་དད་པའི་སྒོ་ནས་འཇུག་པའི་རྣམ་པར་ཤེས་པ་རྣམས་ཐ་དད་པར་གཞག་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་བ་སྔ་མ་འགག་པ་དེ་དག་འདི་ཁོ་ན་བསྐྱེད་པའི་རྐྱེན་རྒྱུ་ནི་བྱེད་པ་གཞན་སྐྱེད་པའི་རྐྱེན་མི་བྱེད་དོ་ཞེས་ངེས་པ་མེད་དེ། དཔེར་ན། མིག་གི་རྣམ་པར་ཤེས་པ་སྔར་འགགས་ན་སྔར་འགགས་པ་དེ་གལ་ཏེ་མིག་གི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་བྱེད། གལ་ཏེ་རྣ་བའི་རྣམ་པར་ཤེས་པ་ཕྱི་མ་


DTG137_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་རྐྱེན་བྱེད་པས་འདི་ཁོ་ན་བསྐྱེད་པའི་རྟེན་རྐྱེན་བྱེད་ཅེས་ངེས་པ་མེད་པས་ན་དེ་མ་ཐག་པའི་རྐྱེན་ལས་ནི་རྣམ་པར་ཤེས་པ་ཐ་དད་པར་གཞག་པ་མེད་དོ། །དེ་བཞིན་དུ་བདག་པོའི་རྐྱེན་ཐ་དད་པས་རྣམ་པར་ཤེས་པ་ཐ་དད་པར་གཞག་པ་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། དཔེར་ན། མིག་གི་དབང་པོ་ལྟ་བུ་མིག་གི་རྣམ་པར་ཤེས་པ་སྔོ་པོའི་རྣམ་པར་ལྟ་བུ་སྐྱེ་བའི་རྐྱེན་ཀྱང་བྱེད་ལ། མིག་གི་རྣམ་པར་ཤེས་པ་སེར་པོའི་རྣམ་པ་ལྟ་བུ་སྐྱེ་བའི་རྐྱེན་ཀྱང་བྱེད་དེ། ཡུལ་མང་པོའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་སུ་སྐྱེ་བ་ཀུན་གྱི་རྐྱེན་བྱེད་པས་ན་བདག་པོའི་རྐྱེན་ཐ་དད་པའི་སྒོ་ནས་རྣམ་པར་ཤེས་པ་ཐ་དད་པར་གཞག་པ་མེད་དོ། །དེ་ལྟར་ཡུལ་རྣམ་པ་ཐ་དད་པས་རྣམ་པར་ཤེས་པ་རྣམ་པ་གཞན་དུ་འཇུག་པ་དེ་ཡང་དམིགས་པའི་རྐྱེན་ལ་མི་ལྟོས་པར་འཇུག་མི་སྲིད་དེ། དམིགས་པའི་རྐྱེན་ལ་ལྟོས་དགོས་པ་དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་དེ་དག་སྐྱེ་རྒྱུའི་རྐྱེན་ལ་མི་ལྟོས་པར་སྐྱེ་མི་སྲིད་པས་རྒྱུའི་རྐྱེན་ཡང་དོགས་སོ། །གལ་ཏེ་ཉན་ཐོས་རྣམ་པར་སྨྲ་བ་བ་རྣམས་ན་རེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་དམིགས་པའི་རྐྱེན་མེད་པར་མི་རིགས་པ་དེ་བཞིན་དུ་དེ་དག་ལ་རྒྱུའི་རྐྱེན་ཡང་མེད་པར་མི་རིགས་པ་ནི་བདེན་མོད་ཀྱི་འཇུག་པའི་རྣམ་བར་ཤེས་པ་དེ་དག་གི་ནི་རྐྱེན་རེག་པ་དང༌། ཡིད་ལ་བྱེད་པ་ལ་སོགས་པ་སེམས་ལས་བྱུང་བ་དང༌། ལྷན་ཅིག་འགྲོགས་པ་རྣམས་ཡིན་ནམ། འོན་ཏེ་རྒྱུའི་རྐྱེན་གཞན་ཞིག་ཡོད་པར་དཔྱད་དགོས་སོ་ཞེ་ན་ལན་དུ། རྒྱུའི་རྐྱེན་ཞེས་བྱ་བ་ནི་ཆོས་གང་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ས་བོན་ཡོད་ཅིང་དེའི་ས་བོན་གྱི་གཞི་ཡོད་པར་བྱེད་པ་ལ་རྒྱུའི་རྐྱེན་ཞེས་བྱ་སྟེ། དེ་བས་ན་མིག་ལ་སོགས་པའི་ས་བོན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པས་ཀུན་གཞི་རྣམ་པར་ཤེས་པ་ཉིད་རྒྱུའི་རྐྱེན་ཡིན་ནོ། །དེ་སྐད་དུ་བཤད་པ་ལ། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པ། སྐད་ཅིག་མ་སྔ་མ་ལ་རྣ་བའི་རྣམ་པར་ཤེས་པ་སྐྱེ་སྣས། བདག་འགགས་པའི་དུས་ན་མ་འོངས་པ་ན་བདག་དང་འདྲ་བའི་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར་མིག་རྣམ་པར་ཤེས་པ་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལས་ས་བོན་འཇོག་སྟེ། དེ་


DTG137_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཇུག་པའི་རྣམ་པར་ཤེས་པ་ཉིད་གཅིག་ལ་གཅིག་ས་བོན་འཇོག་གི་ཀུན་གཞི་རྣམ་པར་ཤེས་པ་དགོས་པ་མེད་དོ་ཞེས་ལན་དུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི་གཅིག་ལ་གཅིག་ས་བོན་འཇོག་པར་མི་རིགས་ཏེ། བག་ཆགས་སོག་བར་བྱེད་པ་དང་བསྒོ་བར་བྱ་བ་གཉིས་དུས་མཉམ་པར་ཡོད་པར་འདོད་དེ། གང་གི་ཚེ་སྒོ་བར་བྱེད་པ་ཡོད་པ་དེའི་ཚེ་བསོ་བར་བྱ་བ་ཡང་ཡོད་ན་གཅིག་གི་གཅིག་ལ་བསྒོ་བར་འདོད་པ་ལས་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མི་སྟོན་པ་དང༌། ཁམས་ཐ་མ་དང་བར་མ་དང༌། རབ་རྣམས་དང། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་བཅས་པ་དང༌། ཟག་པ་མེད་པ་རྣམས་རིམ་པ་བཞིན་དུ་འབྱུང་བའི་ཕྱིར་དེ་དག་ནང་གཅིག་ལ་གཅིག་བསྒོ་བར་མི་རུང་ངོ༌། །ཇི་ལྟ་ཞེ་ན། རྣ་བའི་རྣམ་པར་ཤེས་པ་སྔ་མ་འགགས་པ་དེས་མིག་གི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བ་ལ་བག་ཆགས་བསྒོ་ཞེས་བྱ་བར་གང་གི་ཚེ། རྣ་བའི་རྣམ་པར་ཤེས་པ་སྐྱེས་པ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་མ་སྐྱེས་ན་གང་ལ་ལ་བག་ཆགས་བསྒོ། གང་གི་སྟེ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་རྣ་བའི་རྣམ་པར་ཤེས་པ་འགགས་ན་ཕྱི་མ་ལ་སུས་སྒོ་བར་བྱེད་དེ་མི་རིགས་སོ། །གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་དགེ་བའི་རང་བཞིན་ཡང་ཡིན། མི་དགེ་བའི་རང་བཞིན་ཡང་ཡིན། ལུང་དུ་མི་སྟོན་པའི་རང་བཞིན་ཡང་ཡིན་པ་ལས་ཆོས་དེ་དག་ནི་ཕན་ཚུན་མེ་དང་ཆུ་བཞིན་དུ་འགལ་བ་ཡིན་པའི་ཕྱིར་དུས་གཅིག་ཏུ་མི་བདེ་བཞིན་དུ་མི་འབྱུང་སྟེ། གང་གི་ཚེ་དགེ་བ་བྱུང་བ་དེའི་ཚེ་མི་དགེ་བ་མི་འབྱུང༌། གང་གི་ཚེ་མི་དགེ་བ་བྱུང་བ་ན་དེའི་ཚེ་ལུང་དུ་མི་སྟོན་པ་མི་འབྱུང་ངོ༌། །དེ་ལྟར་ན་སྐད་ཅིག་མ་སྔ་མ་ལ་འཇུག་བའི་རྣམ་པར་ཤེས་པ་དགེ་བའི་རང་བཞིན་ཞིག་བྱུང་ནས། དགེ་བ་དེས་མ་འོངས་པ་ན་བདག་དང་འདྲ་བའི་དགེ་བ་བསྐྱེད་པའི་ཕྱིར་སྐད་ཅིག་མ་གཉིས་པ་ལ་འཇུག་པའི་རྣམ་པར་ཤེས་པ་མི་དགེ་བའི་རང་བཞིན་བྱུང་བ་ལ་བག་ཆགས་བསྒོ་ཞེས་བྱ་བར་ཡང་གང་གི་ཚེ་སྐད་ཅིག་མ་ལ་དག་བ་བྱུང་བ་དེའི་སྐད་ཅིག་མ་ལ་མི་དགེ་བའི་རང་བཞིན་གྱིས་འཇུག་པའི་རྣམ་པར་ཤེས་པ་མ་བྱུང་བས་ན་གང་གི་ཚེ་བག་ཆགས་བསྒོ། གང་གི་ཚེ་


DTG137_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བ་སྐྱེས་པ་དེ་ན་དགེ་བ་སྔ་མ་འགགས་པས་གང་གིས་ཕྱི་མ་དེ་ལ་བག་ཆགས་བསྒོ་སྟེ་དེ་ལྟར་མི་རིགས་སོ། །དེ་བཞིན་དུ་ལུང་མ་བསྟན་པ་ལ་ཡང་ཕན་ཚུན་དུ་སྦྱར་རོ། །དེ་ལ་ཁམས་ཐ་མ་ནི་འདོད་པའི་ཁམས་སོ། །ཁམས་འབྲིང་པོ་ནི་གཟུགས་ཀྱི་ཁམས་སོ། །ཁམས་རབ་ནི་གཟུགས་མེད་པའི་ཁམས་སོ། །ཁམས་དེ་དག་གི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་རིམ་གྱིས་འབྱུང་བའི་ཕྱིར་གཅིག་ལ་གཅིག་བསྒོ་བར་མི་རིགས་ཏེ། འདོད་པའི་ཁམས་ཀྱི་སྦྱོར་བའི་སེམས་ཀྱིས་གཟུགས་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་ལས་སྔ་མས་ཕྱི་མ་ལ་བསྒོ་ཞེས་བྱ་བར་ཡང་གང་གི་ཚེ་འདོད་པའི་ཁམས་ཀྱི་སྦྱོར་བའི་སེམས་བྱུང་བ་ན་གཟུགས་ཀྱི་ཁམས་ཀྱི་ཏིང་ངེ་འཛིན་མ་སྐྱེས་ན་གང་ལ་བསྒོ། གང་གི་ཚེ་གཟུགས་ཀྱི་ཁམས་ཀྱི་ཏིང་ངེ་འཛིན་སྐྱེས་པ་ན་འདོད་པའི་ཁམས་ཀྱི་སྦྱོར་བའི་སེམས་འགགས་ན་གང་གིས་ཕྱི་མ་ལ་བསྒོ་སྟེ་མི་རིགས་སོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཀྱང་རིམ་གྱིས་འབྱུང་བས་ན་གཅིག་ལ་གཅིག་བསྒོ་བར་མི་རིགས་ཏེ། ཇི་ལྟ་ཞེ་ན་འཇིག་རྟེན་པའི་སེམས་འཇིག་རྟེན་པའི་ཆོས་མཆོག་ཏུ་འབྱུང་བའི་འོག་ཏུ་འཇིག་རྟེན་ལས་འདས་པའི་སེམས་སྡུག་བསྔལ་ལ་ཆོས་ཤེས་པ་འབྱུང་བས་ན་སྔ་མས་ཕྱི་མ་ལ་བསྒོ་ཞེས་བྱ་བར་ཡང་གང་གི་ཚེ་འཇིག་རྟེན་པའི་སེམས་འཇིག་རྟེན་པའི་ཆོས་མཆོག་འབྱུང་བ་ན་འཇིག་རྟེན་ལས་འོངས་པའི་སེམས་སྡུག་བསྔལ་ལ་ཆོས་ཤེས་པ་མ་བྱུང་བས་ན་གང་ལ་བསྒོ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་སེམས་སྡུག་བསྔལ་ལ་ཆོས་ཤེས་པ་བྱུང་བ་ན་འཇིག་རྟེན་གྱི་ཆོས་མཆོག་གི་སེམས་འགགས་པས་ན་གང་གིས་ཕྱི་མ་ལ་བསྒོ་སྟེ་མི་རིགས་སོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སེམས་རྣམས་ཀྱང་རིམ་གྱིས་འབྱུང་བས་ན་གཅིག་ལ་གཅིག་བག་ཆགས་བསྒོ་བར་མི་རིགས་སོ། །དེ་ལས་ས་གོད་མ་ལ་ནི་ཡོན་ཏན་དུ་ལྟ། ས་འོག་མ་ལ་ནི་སྐྱོན་དུ་ལྟ་བ་ནི་ཟག་པ་དང་བཅས་པའི་ལམ་མོ། །མཐོང་བ་དང་བསྒོམ་པའི་ལམ་ནི་ཟག་པ་མེད་པའི་ལམ་མོ། །དེ་ལ་གང་གི་ཚེ་ཟག་པ་ཅན་གྱི་ལམ་བྱུང་བ་དེའི་ཚེ་ཟག་པ་


DTG137_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ལམ་མ་བྱུང་བས་གང་ལ་བསྒོ། གང་གི་ཚེ་ཟག་པ་མེད་པའི་ལམ་བྱུང་བ་དེའི་ཚེ་ཟག་པ་དང་བཅས་པའི་ལམ་འགགས་པས་ན་ཕྱི་མ་ལ་སུ་བསྒོ་སྟེ་མི་རིགས་སོ། །དེ་སྐད་དུ་བཤད་པ་དང༌། གལ་ཏེ་གཞན་གྱིས་སྨྲས་པ། དེ་ལྟར་ན་སེམས་ཉིད་ཀྱིས་ཉིད་ལ་བསྒོ་སྟེ། འདི་ལྟར་སྐད་ཅིག་མ་གཅིག་ལ་དགེ་བའི་སེམས་འབྱུང་བ་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་བསྒོ་བས་ཀུན་གཞི་མི་དགོས་སོ་ཞེ་ན་ཡང་རལ་གྲི་སོ་ཇི་ལྟར་རྣོན་ཡང་སོ་དེ་ཉིད་ཀྱིས་སོ་དེ་མི་ཆོད་པ་བཞིན་དུ་བདག་ལ་བདག་བྱེད་པར་འགལ་བས་སེམས་དེ་ཉིད་ཀྱིས་དེ་ཉིད་ལ་བསྒོ་བར་མི་རིགས་སོ་དེ་ལྟར་ནི་མི་རིགས་ཀྱི་འདི་ལྟར་རིགས་ཏེ། མེ་ཏོག་ཙམ་པ་ཀ་དང་ཏིལ་འབྲུ་གཉིས་སྐྱེས་ཀྱང་མཉམ་དུ་སྐྱེས་འགག་ཀྱང་མཉམ་དུ་འགགས་ལ། གང་གི་ཚེ་མེ་ཏོག་ཡོད་པ་དེའི་ཚེ་ཏིལ་འབྲུ་ཡང་ཡོད་དེ། མེ་ཏོག་གི་སྐད་ཅིག་མ་དེས་ཏིལ་འབྲུའི་སྐད་ཅིག་མ་ལ་མེ་ཏོག་གི་དྲིས་སྒོ་བར་བྱེད་པ་དེ་བཞིན་དུ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ། ཀུན་གཞི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་ལྷན་ཅིག་ཏུ་སྐྱེས་པ་ལྷན་ཅིག་ཏུ་འགགས་ཏེ། གང་གི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་དེའི་ཚེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཡོད་དེ། ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་མ་དེ་ལ་དེ་དང་ལྷན་ཅིག་ཏུ་འབྱུང་བའི་འཇུག་པའི་རྣམ་པར་ཤེས་པ་ནི་མ་འོངས་པ་ན་བདག་དང་འདྲ་བའི་འཇུག་པའི་རྣམ་པར་ཤེས་པ་སྐྱེད་པའི་ཕྱིར་བག་ཆགས་སྒོ་བར་བྱེད་དེ། ཀུན་གཞི་བག་ཆགས་དང་ལྡན་པ་དེ་ལས་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེའོ་ཞེས་དེ་ལྟར་ཁས་བླང་དགོས་སོ། །དེ་ལྟ་བས་ན་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འདུས་བྱས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་ལོགས་ཤིག་ན་ཡོད་པར་གྲུབ་པོ། །རིགས་པའི་གཏན་ཚིགས་གཞན་གྱིས་ཀྱང་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པར་ཀུན་གཞི་ཡོད་པར་བསྒྲུབ་པའི་ཕྱིར། ཆད་ནས་ཡང་འཇུག་པ་དང་ཞེས་བྱ་བ་སྨོས་ཏེ། ཕྱིར་རོ་ཞེས་བྱ་བའི་ཚིག་མཇུག་ནས་འབྱུང་བ་འདིར་ཡང་སྦྱར་ཏེ། ཆད་ནས་ཡང་འཇུག་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་ཡོད་


DTG137_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆད་པ་ནི་སེམས་མེད་པའི་གཉིད་ཀྱིས་ལོག་པ་དང༌། ར་རོབ་དང༌། བརྒྱལ་བ་ལ་སོགས་པའི་དུས་ན་འཇུག་བའི་རྣམ་པར་ཤེས་པ་དྲུག་རྣམས་རྒྱུའི་རྒྱུན་ཆད་དེ་མི་འབྱུང་བས་ན་ཆད་པ་ཞེས་བྱའོ། །དེ་ལ་གཉིད་རྣམ་པ་གཉིས་ཏེ། སེམས་དང་བཅས་པའི་གཉིད་དང༌། སེམས་མེད་པའི་གཉིད་དོ། །སེམས་དང་བཅས་པའི་གཉིད་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་འགགས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་རྨི་ལམ་དང་བཅས་པའོ། །སེམས་མེད་པའི་གཉིད་ནི་གཉིད་སྟུག་པོས་ནོན་པས་ཡིད་ཀྱི་རྣམ་པར་ཤེས་པ་རྨི་ལམ་མེད་པའོ། །སེམས་མེད་པའི་གཉིད་ཀྱིས་ལོག་པ་དང་བརྒྱལ་བ་ལ་སོགས་པའི་དུས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་རྒྱུ་བ་རྒྱུན་ཆད་དེ་མེད་པ་ལས། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་དུ་ཟིན་ན་སེམས་མེད་པའི་གཉིད་ཀྱིས་ལོག་པ་དང༌། བརྒྱལ་བ་ལ་སོགས་པ་ལས་ལངས་པའི་ཚེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཕྱིས་ཅི་ལས་སྐྱེ་སྟེ་སྐྱེ་བར་མི་རུང་ངོ༌། །འགོག་པའི་སྙོམས་པར་འཇུག་པ་ལ་བརྒལ་བ་བཞིན་དུ་འདིར་ཡང་དང་པོ་གཉིད་ལྡོག་དུ་བྱེད་པའི་སེམས་དེའི་འོག་ཏུ་གཉིད་ཀྱི་རྫས་མི་འདྲ་བས་ཆོད་པས་དང་པོའི་སེམས་དེ་ལས་ལྡང་བའི་སེམས་སྐྱེའོ་ཞེན་ཡང་དང་པོའི་སེམས་དེ་ནི་འགགས་ཏེ་མེད་པ་ཡིན་ན་མེད་པ་ནི་ཆོས་གང་ཡང་སྐྱེ་བའི་རྒྱུར་མི་རུང་བས་ན་མི་རིགས་སོ། །གལ་ཏེ་མདོ་སྡེ་པ་ན་རེ་ལུས་དང་སེམས་གཉིས་གཅིག་ལ་གཅིག་ས་བོན་འཇོག་པས་དེའི་ཚེ་དབང་པོ་དང་བཅས་པའི་ལུས་ཡོད་པའི་ཕྱིར་ལུས་ལས་སེམས་སྐྱེའོ་ཞེ་ན་ཡང༌། དེ་ལྟར་ན་སེམས་ཅན་གཅིག་ལ་སེམས་ཀྱི་རྒྱུད་གཉིས་ཡོད་པར་འབྱུང་བར་འགྱུར་ཏེ། ལུས་ལས་སྐྱེ་བའི་སེམས་ཀྱི་རྒྱུད་དང་སེམས་ཉིད་ལས་སྐྱེ་བའི་སེམས་ཀྱི་རྒྱུད་དེ་གཉིས་ཡོད་པར་མི་རིགས་སོ། །གལ་ཏེ་ཨ་ཙཱཪྻ་བ་སུ་མི་ཏྲ་ན་རེ་བརྒྱལ་བ་ལ་སོགས་པའི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་གནས་པས་ལྡང་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བས་ན་ཀུན་གཞི་དགོས་སོ་ཞེ་ན། །ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་དང༌། གསུམ་འདུས་པ་ཡོད་པས་རེག་པ་འབྱུང་ངོ༌། །རེག་པ་འབྱུང་བ་དང༌། ཚོར་བ་དང་འདུ་ཤེས་དང་སེམས་


DTG137_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཡང་འབྱུང་བས་དེའི་ཚེ་སེམས་འགགས་ཞེས་བྱར་མི་རུང་ངོ༌། །ཡང་རིགས་པའི་གཏན་ཚིགས་གཞན་གྱིས་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་བསྟན་པའི་ཕྱིར། འཁོར་བར་འཇུག་པ་དང་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཁོར་བར་འཇུག་པ་ཡོད་པ་དང་འཁོར་བ་ལས་ལྡོག་པ་ཡོད་པས་ན་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་མངོན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྷ་ལ་སོགས་པའི་རིས་མཐུན་པའི་གནས་སུ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སྐད་ཅིག་མའི་རྒྱུན་དུ་རྒྱུན་མ་ཆད་པར་འབྱུང་ཞིང་སྐྱེ་བ་ནི་འཁོར་བའོ། །དེ་ཡང་ལྷ་ལ་སོགས་པའི་རིས་མཐུན་པ་ལས་ཤི་འཕོས་ནས་རིས་མི་མཐུན་པ་གཞན་དུ་ཚེའི་མཚམས་སྦྱོར་བ་ནི་འཁོར་བར་འཇུག་པ་ཞེས་བྱའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་དང་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་ནི་འཁོར་བ་ལས་ལྡོག་པ་ཞེས་བྱའོ། །དེ་ལ་འཁོར་བར་འཇུག་པ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཇུག་པ་ཡིན་ན། གལ་ཏེ་ཉན་ཐོས་རྣམ་པར་སྨྲ་བ་པ་ཁྱེད་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁས་མི་ལེན་ན་ནི་ཀུན་གཞི་ལས་མ་གཏོགས་པར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་པར་ཤེས་པ་གཞན་མེད་པས་འཁོར་བར་འཇུག་ཅིང་སྐྱེ་བར་མི་རུང་ངོ༌། །གལ་ཏེ་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ན་རེ་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁས་མ་བླངས་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་པས་འཁོར་བར་འཇུག་པ་མེད་དོ་ཞེས་དམ་བཅས་པ་དེ་ཀུན་གཞི་ཁས་མ་བླངས་ཀྱང་ཇི་ལྟར་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་པས་འཁོར་བར་འཇུག་པ་མེད་པར་འགྱུར་ཞེ་ན། ལན་དུ་ཀུན་གཞི་ཁས་མི་ལེན་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པ་གཉིས་ལྟར་བརྟག་གྲང་སྟེ། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པའི་ཡིད་


DTG137_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པ་གང་གི་ཚེ་མའི་མངལ་དུ་མཚམས་སྦྱོར་བ་དེའི་ཚེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བརྟག་གྲང་ངམ། ཡང་ན་ནི་མདོ་སྡེ་པས་སེམས་པ་ཞེས་བྱ་བ་སེམས་ལས་བྱུང་བས་བསྐྱོད་དེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་འདུ་བྱེད་བྱས་ནས་འཇུག་པའི་རྣམ་པར་ཤེས་པ་སྐད་ཅིག་མ་གཉིས་པ་འབྱུང་བ་ལ་བག་ཆགས་སྒོ་བར་བྱེད་དེ། དེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་བརྟགས་པ་ལྟར་བརྟག་གྲང་ན་ཕྱོགས་གཉི་ག་ལྟར་ཡང་རིགས་པ་མ་ཡིན་ནོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་དེ་ལ་འདུ་བྱེད་ཀྱིས་རྣམ་པར་ཤེས་པའོ་ཞེས་ལྟ་བའི་ཕྱོགས་དེ་ཇི་ལྟར་མི་རིགས་པར་སུན་འབྱིན་ཏོ། །འདི་ལྟར་ཚེ་རབས་སྔ་མའམ་ད་ལྟར་གྱི་ཚེ་ལ་ལས་དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་བྱས་པ་དེ་ནི་ཤི་ནས་ཚེ་ཕྱི་མར་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བར་བྱེད་པའི་རྐྱེན་དུ་མི་རུང་སྟེ། དེ་བས་ན་མཚམས་སྦྱོར་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱར་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན་ཚེ་རབས་སྔ་མ་དང༌། ད་ལྟར་གྱི་དུས་སུ་ལས་དགེ་བ་ལ་སོགས་པའི་འདུ་བྱེད་བྱས་པ་རྣམས་ནི་བྱས་ནས་དུས་རིང་ཞིག་ལོན་ཏེ་འདུ་བྱེད་དེ་དག་འགགས་པའི་འོག་ཏུ་གདོད་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བར་བྱེད་པས་ན་གང་འགགས་ནས་དུས་རིང་མོ་ཞིག་ལོན་པའི་འདུ་བྱེད་དེ་ནི་རྣམ་པར་ཤེས་པ་ཕྱི་མ་སྐྱེད་པའི་རྐྱེན་དུ་མི་རུང་ངོ༌། །གལ་ཏེ་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ན་རེ། བདག་ཅག་ནི་འདས་པ་ཡང་རྫས་སུ་ཡོད་པར་འདོད་པས་སྔོན་བྱས་ཏེ་འགགས་པའི་འདུ་བྱེད་དེ་དག་ཀྱང་རྫས་སུ་ཡོད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བའི་རྐྱེན་བྱེད་དོ་ཞེ་ན་ཡང་མི་རུང་སྟེ། དཔེར་ན་བྱ་སྔོན་ཤི་བ་དེ་ཕྱིས་སྒོ་ང་འབྱུང་བའི་རྐྱེན་དུ་མི་རུང་བ་དང༌། རྫ་མ་ཆག་སྟེ་མེད་པར་གྱུར་པ་ཆུ་སྣོད་ཀྱི་རྐྱེན་དུ་མི་རུང་བ་བཞིན་དུ་སྔར་འགགས་པར་ནི་མེད་པ་ཡིན་པས་རྫས་སུ་ཡོད་ཅེས་བྱ་བར་ཡང་མི་རུང་སྟེ། དེ་བས་ན་སྔོན་བསགས་ཏེ་འགགས་པའི་འདུ་བྱེད་དེ་དག་ཡིད་ཀྱི་རྣམ་པར་ཤེས་པ་ཕྱིས་མཚམས་སྦོར་བའི་རྐྱེན་དུ་མི་རུང་ངོ༌། །དེ་སྐད་བཤད་པ་དང༌།


DTG137_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་རྣམ་པར་སྨྲ་བ་པས་སྨྲས་པ། གལ་ཏེ་ཁྱེད་ཀྱི་ལྟར་བྱས་ཏེ་སྔོན་ལས་བྱས་ཏེ་འགགས་པ་རྣམས་རྐྱེན་དུ་མི་འདོད་ན་དེ་ལྟ་ན་ནི་ལས་བྱས་པ་རྣམས་དོན་མེད་ཅིང་འབྲས་བུ་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་ད་ལྟར་ལས་བྱས་པ་དེ་དག་ནི་འགགས་པས་ཚེ་རབས་གཞན་གྱི་དུས་ན་ལས་དེ་དག་མེད་པའི་ཕྱིར་ད་ལྟར་ལས་བྱས་པ་སྟེ་ཚེ་ཕྱི་མའི་འབྲས་བུ་སྐྱེ་བའི་རྐྱེན་དུ་མི་འགྱུར་རོ། །ལན་དུ། དེ་ལྟར་ནི་མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་མགོ་མཉམ་དུ་བྱུང་བ་ལས་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ལས་དགེ་བ་དང་མི་དགེ་བ་བྱས་ནས་ཀུན་གཞི་ལ་བག་ཆགས་བསགས་ཏེ། ཀུན་གཞིའི་བག་ཆགས་དེ་ཇེ་བརྟས་སུ་གྱུར་པ་དང༌། ཀུན་གཞི་རྣམ་པར་ཤེས་པ་ཉིད་མ་འོངས་པ་ན་ལས་ཀྱི་འབྲས་བུ་སྨིན་པར་འགྱུར་བས་ན་འབྲས་བུ་མེད་པར་ཡང་མི་འགྱུར་ལ། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་བརྟགས་པ་ལྟར་སྔོན་འགགས་པའི་ལས་ཀྱང་རྣམ་པར་སྨིན་པ་འབྲས་བུ་མྱོང་བར་མི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་དེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་སྨྲས་པའི་ཕྱོགས་འདི་ལ་ཉེས་པ་གཞན་ཡོད་དེ། འདི་ལྟར་མའི་མངལ་དུ་མཚམས་སྦྱོར་བ་ནི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པ་མ་ཡིན་གྱི། དེའི་ཚེ་ན་མིང་དང་གཟུགས་ཀྱང་ཡོད་པས་མཚམས་སྦྱོར་བའི་ཚེ་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཉིད་ཅེས་བྱ་བའི་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་མི་བྱ་བ་ལ་རིགས་པ་ཅི་ཡོད་དེ་རིགས་པ་མེད་དོ། །དེ་བས་ན་མཚམས་སྦྱོར་བའི་ཚེ་རྣམ་པར་ཤེས་པ་འབའ་ཞིག་ཏུ་མ་ཟད་དེ་མིང་དང་གཟུགས་ཀྱང་ཡོད་པས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བའི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ནི་མི་བྱའོ། །དེ་སྐད་དུ་བཤད་པ་དང༌། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ཅིའི་ཕྱིར་མི་བྱ་སྟེ། གང་གི་ཚེ་མའི་མངལ་དུ་ཡིད་ཀྱི་རྣམ་པར་ཤེས་པ་མཚམས་སྦྱོར་བ་དེ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་བྱའོ་ཞེ་ན། ལན་དུ་མཚམས་སྦྱོར་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་འདུ་


DTG137_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བར་འདོད་ན་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་ལས་མ་གཏོགས་པའི་མིང་དང་གཟུགས་གང་ཞིག་ཡོད་དེ། གང་གི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བའི་མིང་དང་གཟུགས་གང་ཡིན་པ་སྨྲོས་ཤིག །དེ་སྐད་དུ་བཤད་པ་དང༌། ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པ། འདི་ལྟར་སྐད་ཅིག་མ་དང་པོ་ལ་མའི་མངལ་དུ་རྣམ་པར་ཤེས་པ་མཚམས་སྦྱོར་བའི་ཚེ་མིང་དང་གཟུགས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སྐད་ཅིག་མ་གཉིས་པ་དང༌། གསུམ་པ་ཕན་ཆད་ཀྱིས་མིང་དང་གཟུགས་ལ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ་ཞེས་བྱ་བའི་ལན་དུ། འདི་ལྟར་གང་གི་ཚེ་མའི་མངལ་དུ་མཚམས་སྦྱོར་བའི་མིང་དང་གཟུགས་དེ་ཡང་མིང་དང་གཟུགས་ཡིན་ལ། སྐད་ཅིག་མ་གཉིས་པ་དང་གསུམ་པ་ཕན་ཆད་ཀྱི་མིང་དང་གཟུགས་ཀྱང་མིང་དང་གཟུགས་ཡིན་ཏེ། མིང་དང་གཟུགས་འདྲ་བ་ལས་ཁྱད་ཅི་ཞིག་ཞུགས་ན་སྐད་ཅིག་མ་ཕྱི་མ་ལ་འབྱུང་བའི་མིང་དང་གཟུགས་ལ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་ལ། སྔ་མ་མཚམས་སྦྱོར་བའི་མིང་དང་གཟུགས་ལ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཅིའི་ཕྱིར་མི་བྱ། གཞན་ཡང་སྔ་ཕྱི་གཉི་ག་མིང་དང་གཟུགས་འདྲ་བ་ལས་མཚམས་སྦྱོར་བའི་མིང་དང་གཟུགས་ལ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ན། ཕྱི་མ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལས་བྱུང་བའི་མིང་དང་གཟུགས་ལ་ཅིའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་མི་བྱ་སྟེ། འདི་ལ་རིགས་པ་ཅི་ཡོད། དེ་ལྟར་སྔ་ཕྱི་ཀུན་ཀྱང་མིང་དང་གཟུགས་ཙམ་དུ་ཟད་པས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བས་ཆོག་གི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་ལ་རྣམ་པར་ཤེས་པའི་ཡན་ལག་གཞན་བརྟག་མི་དགོས་སོ། །ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ཀྱིས་སྨྲས་པ། ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བར་མི་རིགས་ན། ཁྱེད་རྣམ་པར་རིག་པ་ཙམ་དུ་


DTG137_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་པ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་སྨྲོས་ཤིག །ལན་དུ་བདག་ཅག་གི་ལྟ་བ་ལྟར་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་དེ། འདི་ལྟར་ལས་དང་འབྲས་བུ་མི་ཤེས་པའི་མ་རིག་པའི་དབང་གིས་ལས་དགེ་བ་དང་མི་དགེ་བ་ལ་སོགས་པ་བྱས་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །ལས་བྱེད་པའི་ཚེ་ལས་ཀྱི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་བརླན་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་སྟེ། ཚུལ་འདི་ལྟར་ནི་སྐྱོན་མེད་དོ། །དེ་ལྟར་ཕྱོགས་སྔ་མ་སུན་ཕྱུང་བ་དང༌། མདོ་སྡེ་པས་སྨྲས་པ། ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་དེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་མི་རུང་ན་སེམས་ལས་བྱུང་བ་སེམས་པས་བསྐྱེད་ནས་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ལས་དགེ་བ་དང་མི་དགེ་བ་དང༌། མི་གཡོ་བ་བྱས་པའི་བག་ཆགས་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་བྱུང་བའི་འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་སྒོ་བར་བྱེད་དེ། དེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བས་ཀུན་གཞི་རྣམ་པར་ཤེས་པ་དགོས་པ་མེད་དོ་ཞེ་ན། ལན་དུ་སྐད་ཅིག་མ་སྔ་མ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ལས་དགེ་བ་ལ་སོགས་བ་བྱས་པ་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པ་དེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ཡང་མི་རུང་སྟེ། ཕྱོགས་འདི་ཡང་བསྒྲུབ་ཏུ་མ་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། འདི་ལ་ཡང་རྣམ་པ་གཉིས་སུ་བརྟག་དགོས་ཏེ། ཡང་ན་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་རང་ཉིད་ཀྱིས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་བྱས་ནས་བདག་ཉིད་ལ་བག་ཆགས་སྒོ་བར་བྱེད་པས་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བརྟག་གྲང༌། ཡང་ན་ནི་སྐད་ཅིག་མ་སྔ་མ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པས་ལས་བྱས་ནས། སྐད་ཅིག་མ་ཕྱི་མ་འཇུག་པའི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པས་ན་དེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་


DTG137_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་གྲང་ན། ཕྱོགས་གཉི་ག་ལྟར་ཡང་མི་འགྲུབ་པོ། །ཇི་ལྟ་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཀྱིས་དགེ་བ་ལ་སོགས་པའི་ལས་བྱས་ནས། བདག་ཉིད་ལ་བདག་ཉིད་ཀྱིས་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས་བསྒོ་བར་མི་ནུས་ཏེ། དཔེར་ན་བྲམ་ཟེའི་བུ་ཇི་ལྟར་མཉེན་ལ་གོམས་ཀྱང༌། རང་ཉིད་ཀྱི་ཕྲག་པ་ལ་ཡང་བཞོན་པར་མི་ནུས་པ་བཞིན་དུ་བདག་ལ་བདག་བྱེད་པར་མི་སྲིད་པས་བདག་ལ་བག་ཆགས་བསྒོ་བར་མི་རུང་ངོ༌། །དེ་ལྟར་བཤད་པ་དང༌། གལ་ཏེ་གཞན་ན་རེ་བདག་ལ་བདག་བག་ཆགས་བསྒོ་བར་མི་རུང་ན་སྐད་ཅིག་མ་སྔ་མའི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་བག་ཆགས་བསྒོའོ་ཞེ་ན་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་སྔ་མ་ལ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་ལ་སོགས་པ་བྱེད་པའི་ཚེ་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་ད་དུང་མ་སྐྱེས་ཏེ། མ་སྐྱེས་པ་ནི་མེད་པ་ཡིན་པས་ན་སྔ་མས་ཕྱི་མ་ལ་བསྒོ་བར་མི་རུང་ངོ༌། །གལ་ཏེ་གཞན་ན་རེ་དེ་ལྟ་ན་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་དེ་སྐྱེས་ནས་ད་ལྟར་གྱི་དུས་སུ་ཕྱིན་པ་དེ་ལ་སྐད་ཅིག་མ་སྔ་མ་ལས་བྱུང་བའི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་བག་ཆགས་སྒོ་བར་བྱེད་དོ་ཞེ་ན་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ནམ་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེས་ནས་ད་ལྟར་གྱི་དུས་སུ་ཕྱིན་པ་ན་སྐད་ཅིག་མ་སྔ་མའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེས་ནས་འགགས་ཏེ། མེད་པས་ན་སུས་བག་ཆགས་བསྒོ་སྟེ་མི་རིགས་སོ། །དེ་བས་ན་ཕྱོགས་འདི་ལྟར་འཛིན་པ་ཡང་རུང་བ་མ་ཡིན་ནོ། །འདི་དེ་ལྟར་ཐང་ཅིག་སྐད་ཅིག་མ་སྔ་མའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་མ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོ་བར་མི་རུང་བ་དང༌། འཇུག་པའི་རྣམ་པར་ཤེས་པ་དེ་དག་རང་ཉིད་ལ་རང་ཉིད་བག་ཆགས་བསྒོ་བར་མི་རུང་བར་སུན་ཕྱུང་ནས་ཕྱོགས་དེ་ཁས་བླངས་ཏེ། སྐད་ཅིག་མ་སྔ་མས་ཕྱི་མ་ལ་བསྒོ་བ་དང༌། དེ་ཉིད་ཀྱིས་དེ་ཉིད་ལ་བསྒོར་ཆུག་ན་ཡང་འདི་ལྟར་ལྟ་བའི་ཕྱོགས་འདི་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་མི་འགྲུབ་བོ། །ཇི་ལྟ་ཞེ་ན། སེམས་མེད་པའི་


DTG137_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དང་བརྒྱལ་བ་ལ་སོགས་པའི་ཚེ་རྣམ་པར་ཤེས་པ་དྲུག་གི་ཚོགས་རྣམས་མ་ལུས་པར་འགགས་ཏེ་མེད་པར་གྱུར་པས་སྔོན་འདུ་བྱེད་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་རྣམས་ཀྱང་དེའི་ཚེ་འགགས་ཏེ། མེད་པ་དེའི་ཚེ་ན་ཡང་རྣམ་པར་ཤེས་པ་དྲུག་འགགས་པས་རྣམ་པར་ཤེས་པ་ལ་འདུ་བྱེད་ཀྱི་བག་ཆགས་བསྒོར་མེད་པར་གྱུར་ཏོ། །སེམས་མེད་པའི་གཉིད་ལ་སོགས་པའི་ཚེ་འདུ་བྱེད་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་མེད་པས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་མེད་དོ། །རྣམ་པར་ཤེས་པ་མེད་པས་མིང་དང་གཟུགས་མེད་དོ། །མིང་དང་གཟུགས་མེད་པས་སྐྱེ་མཆེད་དྲུག་མེད་པ་ནས། རྒ་ཤིའི་བར་དུ་ཡང་མེད་པར་གྱུར་པས་ན་འཁོར་བར་འཇུག་པ་ཡང་མེད་པར་འགྱུར་བའི་ཕྱིར་འཁོར་བར་འཇུག་ཅེས་སྨྲ་བ་དང་ཡང་འགལ་ལོ། །འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཁོར་བ་ལས་ལྡོག་པར་ཡང་མི་རུང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཕུང་པོ་ལྔ་ཚེ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་སྐྱེ་བ་ནི་འཁོར་བ་སྟེ། འཁོར་བ་དེའི་རྒྱུ་ནི་གཉིས་ཏེ། ལས་དང་ཉོན་མོངས་པའོ། །དེ་གཉིས་ལས་ཀྱང་འཁོར་བའི་རྒྱུའི་གཙོ་བོ་ནི་ཉོན་མོངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པས་གྲོགས་བྱས་ཏེ། ཉོན་མོངས་པ་དང་ལྡན་ན་གདོད་ཉོན་མོངས་པའི་མཐའ་ལས་ཀྱི་སྲིད་པ་ཕྱི་མ་འཕེན་པར་ནུས་ཀྱི་ཉོན་མོངས་པ་མེད་ན་ལས་ཡོད་ཀྱང་ལས་དེས་སྲིད་པ་ཕྱི་མ་འཕེན་པར་མི་ནུས་པའི་ཕྱིར་རོ། །འཕགས་པ་དེ་དག་ཚེ་བདུན་གྱི་སྐྱེ་བ་དེ་ལྟར་ན་ཉོན་མོངས་པ་མེད་པའི་ལས་ཀྱིས་སྲིད་པ་ཕྱི་མ་འཕེན་པར་མི་ནུས་པས་ན་འཕགས་པའི་བདེན་པ་མཐོང་བ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་ལ་སོགས་པ་ཚེ་འདུན་གྱི་བར་དུ་སྐྱེ་བའི་ལས་དང་ཉོན་མོངས་པ་ཡོད་པས། འཕགས་པ་དེ་དག་ཚེ་བདུན་གྱི་བར་དུ་ནི་སྐྱེའི་ཚེ་བརྒྱད་དུ་སྐྱེ་བའི་ལས་མ་ངེས་པ་ཡོད་ཀྱང་ཚེ་བརྒྱད་དུ་སྐྱེ་བའི་ཉོན་མོངས་པ་མཐོང་བར་བྱ་བའི་ཕྱིར་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པས་ན་ཚེ་བརྒྱད་དུ་ནི་སྐྱེ་བས་ཉོན་མོངས་པ་ནི་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་ནོ། །ཡང་ན་འཕགས་པ་དེ་དག་ལ་ངན་སོང་དུ་སྐྱེ་བའི་ལས་མ་ངེས་པ་ཡོད་ཀྱང་ངན་སོང་དུ་སྐྱེ་བའི་ཉོན་མོངས་པ་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་སྤངས་


DTG137_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་འཕགས་པ་དེ་དག་ལས་དེས་ངན་སོང་དུ་མི་སྐྱེ་སྟེ། དེ་བས་ན་མདོ་ལས་ཀྱང༌། བཟོད་པ་ཐོབ་པ་ངན་སོང་མེད། །ཅེས་གསུངས་ཏེ། བཟོད་པ་ཐོབ་པ་ནི་སྡུག་བསྔལ་ལ་ཆོས་སུ་བཟོད་པ་ཐོབ་པའོ། །དེ་བས་ན་ཉོན་མོངས་པ་ནི་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་ནོ། །གཞན་ཡང་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་རྣམས་ཚེ་སྔ་མ་ལ་ལས་བྱས་པས་ཚེ་འདིར་སྐྱེས་ནས། ཚེ་འདིར་ཉོན་མོངས་པ་སྤངས་པ་དང༌། ཚེ་ཕྱི་མར་སྐྱེ་བའི་ལས་ཚེ་འདིར་བྱས་ཀྱང་ལས་དེས་འཕགས་པ་དེ་དག་ཚེ་ཕྱི་མར་འཕེན་མི་ནུས་ཏེ། ཚེ་ཕྱི་མར་མི་སྐྱེ་བས་ན་ཉོན་མོངས་པ་ནི་འཁོར་བར་སྐྱེ་བའི་རྩ་བ་ཡིན་ནོ། །དེ་ལྟ་བས་ན་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་སྤངས་པ་དང་འཁོར་བར་སྐྱེ་བ་ལས་ལྡོག་པར་འགྱུར་གྱི། ཉོན་མོངས་པ་མ་སྤངས་པར་ནི་འཁོར་བ་ལས་ལྡོག་པར་མི་འགྱུར་རོ། །དེ་ལ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ནི་ཉོན་མོངས་པ་སྤང་བར་མི་རུང་ངོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་རྣམ་པར་སྨྲ་བ་པ་ཁྱེད་ཅག་ཉོན་མོངས་པ་སྤོང་བར་འདོད་ན་རྣམ་པ་གཉིས་སུ་བརྟག་སྟེ། ཡང་ན་ནི་ཉོན་མོངས་པ་མངོན་དུ་གྱུར་ནས་འཇུག་པའི་རྣམ་པར་ཤེས་པ་རྣམས་ཉོན་མོངས་པ་ལ་མངོན་སུམ་དུ་སྤྱོད་པའི་ཉོན་མོངས་པ་དེ་སྤང་གྲང༌། ཡང་ན་ཉོན་མོངས་པ་བག་ཆགས་ས་བོན་དུ་གནས་ཏེ་མངོན་སུམ་དུ་མ་གྱུར་པ་ཡང་སྤང་གྲང་ན། ཀུན་གཞི་ཁས་མ་བླངས་པས་ཕྱོགས་གཉི་ག་ལྟར་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་མངོན་སུམ་དུ་གྱུར་པ་སྤོང་ཞེས་བྱ་བར་ཡང༌། གང་གི་ཚེ་ཉོན་མོངས་པ་མངོན་སུམ་དུ་གྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཉོན་མོངས་པ་ལ་སྤྱོད་ཅིང་ཉོན་མོངས་པའི་རང་བཞིན་དུ་གྱུར་པ་དེ་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ཟག་པ་ཅན་དུ་གྱུར་ཏེ། ཟག་པ་མེད་པའི་ལམ་གྱི་མཚན་ཉིད་དུ་མ་གྱུར་པས་དེའི་ཚེ་ཉོན་མོངས་པ་སྤོང་བའི་ལམ་མེད་པའི་ཕྱིར་ཉོན་མོངས་པ་སྤང་དུ་མི་རུང་ངོ༌། །དེ་སྐད་བཤད་པ་དང༌། གལ་ཏེ་གཞན་ན་རེ། ཉོན་མོངས་པ་མངོན་དུམ་བྱུང་གི་ས་བོན་གྱི་དུས་ན་གནས་པ་སྤོང་བར་བྱེད་དོ་ཞེ་ན་ཡང༌། ལན་དུ། ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁས་མི་ལེན་ན་ཉོན་མོངས་པ་ས་བོན་གྱི་དུས་ན་གནས་པ་ཡང་སྤང་དུ་


DTG137_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། མིག་ནས་ལུས་ཀྱི་བར་དུ་རྣམ་པར་ཤེས་པ་ལྔ་ལ་ནི་འཕགས་པའི་ལམ་དུ་འགྱུར་ང་མེད་ལ། འཕགས་པའི་ལམ་དུ་ནི་ཡིད་ཀྱི་རྣམ་པར་ཤེས་པར་འགྱུར་ཏེ། གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་འཕགས་པའི་ལམ་དུ་གྱུར་པ་དེ་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་ནི་འགགས་ཏེ་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ཡོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འཕགས་པའི་ལམ་དུ་གྱུར་པའི་ངོ་བོ་ཉིད་དེས་ཉོན་མོངས་པའི་ས་བོན་སྦོང་ཞེས་བྱ་གྲང་ན། ཡིད་ཀྱི་རྣམ་པར་ཤེས་བ་ཟག་པ་མེད་པ་འཕགས་པའི་ལམ་གཉེན་པོའི་མཚན་ཉིད་དུ་གྱུར་པ་དེ་ན་འཕགས་པའི་ལམ་དེས་སྤང་བར་བྱ་བའི་ཀུན་གཞི་ཞེའམ། ཆོས་གཞན་ཉོན་མོངས་པའི་ས་བོན་གྱི་རྟེན་དང་གཞིར་གྱུར་པ་ཡོད་པར་ཁྱེད་ཀྱིས་ཅུང་ཟད་ཀྱང་ཁམས་མ་བླངས་ཏེ། ཉོན་མོངས་པའི་ས་བོན་གྱི་གནས་ཡིད་ཀྱི་རྣམ་པར་ཤེས་པ་ལམ་དུ་གྱུར་བས་སྤང་བར་བྱ་བར་ཁས་མ་བླངས་པས་ཉོན་མོངས་པ་སྤངས་དུ་མེད་དེ། དེ་བས་ན་ས་བོན་གྱི་གནས་ཀྱང་སྤང་དུ་མི་རུང་ངོ༌། །དེ་སྐད་དུ་བཤད་པ་དང༌། གལ་ཏེ་གཞན་ན་རེ་གཉེན་པོའི་སེམས་ཡིད་དེ་ཉིད་ལ་ཉོན་མོངས་པའི་བག་ཆགས་གནས་པ་གཉེན་པོའི་སེམས་དེ་ཉིད་ཀྱིས་སྤོང་ངོ་ཞེ་ན་ཡང་མི་རིགས་ཏེ། དཔེར་ན་མེ་དང་ཆུ་གཉིས་འགལ་བས་གང་ན་མེ་གནས་པ་དེ་ན་ཆུ་མི་གནས་པ་དེ་བཞིན་དུ་གཉེན་པོ་དང་ཉོན་མོངས་པ་གཉིས་ནི་མི་མཐུན་པ་ཡིན་པས། གང་ཉོན་མོངས་པའི་བག་ཆགས་ཀྱིས་ཞེ་ན་པ་དེ་ཉིད་གཉེན་པོའི་སེམས་ཟག་པ་མེད་པ་ཡིན་པར་མི་རིགས་ལ། གང་གཉེན་པོའི་སེམས་ཟག་པ་མེད་པ་དེ་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་ཡང་མི་རིགས་པས་ཉོན་མོངས་པ་སྤངས་དུ་མི་རུང་ངོ༌། །དེ་སྐད་བཤད་པ་དང༌། གལ་ཏེ་གཞན་ན་རེ། སེམས་དང་ཉོན་མོངས་པའི་ས་བོན་དང་ལྡན་པ་དེ་ཉིད་ཀྱིས་ཉོན་མོངས་པའི་ས་བོན་མི་སྤོང་སྟེ་སྤོང་བར་མི་བྱེད་དོ་ཞེ་ན། ལན་དུ། དེ་ལྟར་ཁྱོད་ཀྱིས་ལྟ་བའི་ཚུལ་ལྟར་བྱས་ན་ཉོན་མོངས་པའི་ས་བོན་མ་སྤངས་པས་མྱ་ངན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་འཁོར་བ་ལས་ལྡོག་པར་ཡང་མི་རིགས་སོ། །དེ་ལྟ་བས་ན་འདི་ལྟར་རིགས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ལ་ཀུན་གཞི་ལས་གཞན་པ་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་


DTG137_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་འགྲོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་གཞི་ལ་ས་བོན་བསྒོས་ནས། ས་བོན་དེ་དག་བརྟས་པར་གྱུར་པ་དང་ཀུན་གཞི་ཉིད་ལས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་ངོ༌། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་ཀུན་གཞི་ལ་གནས་པ་དེ་ཡང་ཀུན་གཞི་དང་ལྷན་ཅིག་འབྱུང་བ་ཡིད་ཀྱི་རྣམ་པར་ཤེས་པ་འཕགས་པའི་ལམ་དུ་གྱུར་པ་དེས་ཀུན་གཞི་ལ་ཡོད་པའི་བག་ཆགས་སྤོང་ཞིང་སེལ་བར་བྱེད་དོ། །དེ་ལྟ་བས་ན་གཉེན་པོ་དང་ཉོན་མོངས་པ་གཉིས་གནས་སོ་སོ་ནས་འབྱུང་དགོས་ཏེ། ཀུན་གཞི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་གནས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་དེའི་ཚེ་ལམ་དུ་གྱུར་ནས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལམ་དུ་གྱུར་པ་དེ་དག་ཀུན་གཞི་ལ་ཉོན་མོངས་པའི་བག་ཆགས་སྤོང་ཞིང་སེལ་ཏོ་ཞེས་དེ་ལྟར་ཁས་བླང་བར་བྱའོ། །དེ་ལྟར་ཀུན་གཞི་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་འཕགས་པའི་ལམ་གྱིས་བསྩལ་ན་ཀུན་གཞི་རྣམ་པར་ཤེས་པ་དེ་ལས་ཕྱིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མི་སྐྱེ་སྟེ། དེ་བས་ན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོབ་པ་ཞེས་བྱའོ། །དེ་ལྟར་ཉོན་མོངས་པ་སྤངས་བས་ཚེ་རབས་གཞན་གྱིས་འཕངས་པའི་ཚེ་འདི་ཉིད་ཀྱང་འགགས་ལ་ཕུང་པོ་ཡང་སྤངས་པ་དང༌། ཚེ་རབས་གཞན་དུ་སྐྱེ་བའི་མཚམས་མི་སྦྱོར་ཞིང་ཕུང་པོ་མི་ལེན་པས་ན་ཕུང་བོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་ཞེས་བྱའོ། །དེ་ལྟར་ཀུན་གཞི་རྣམ་བར་ཤེས་པ་ཡོད་བས་འཁོར་བར་འཇུག་པ་དང་ལྡོག་པར་ཡང་རུང་གི །ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཁོར་བར་འཇུག་པ་དང་ལྡོག་པར་མི་རུང་བས་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁས་བླང་བར་བྱའོ། །ཀུན་གཞི་རྣམ་བར་ཤེས་པ་ཡོད་བར་ལུང་དང༌། རིགས་པས་བསྒྲུབས་ནས་རྩོད་པ་མེད་པར་བྱས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ཉིད་ནི་ས་བོན་ཐམས་ཅད་ཀྱི་ཀུན་གཞི་དང་ཞེས་བྱ་བ་སྨོས་ཏེ། རང་གི་ཡུལ་དམིགས་པར་བྱ་བའི་ཡུལ་ཤེས་པས་ན་རྣམ་པར་ཤེས་པའོ། །ཡུལ་ཤེས་པ་ཡང་ཀུན་


DTG137_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཉིད་ཀྱིས་ཤེས་པར་ཟད་ཀྱི་དེ་ལས་མ་གཏོགས་པར་ཤེས་པར་བྱེད་པའི་བྱེད་པ་པོ་དང༌། བྱེད་པ་པོ་ལ་སོགས་པ་བདག་མེད་པས་ན་ཀུན་གཞི་ཉིད་ཅེས་བྱའོ། །ས་བོན་ཐམས་ཅད་ཀྱི་ཀུན་གཞི་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་ཇི་སྙེད་ཡོད་པའི་གནས་དང་རྟེན་བྱེད་པས་ན་ཀུན་གཞི་ཞེས་བྱ་སྟེ། ཀུན་གཞི་ཞེས་བྱ་བ་དང༌། གནས་ཞེས་བྱ་བ་དང༌། རྟེན་ཞེས་བྱ་བ་ནི་དོན་གཅིག་སྟེ་མིང་གི་རྣམ་གྲངས་སུ་ཟད་དོ། །ཡང་ན་མ་བསྒྲིབས་ལ་ལུང་དུ་མི་སྟོན་པ་དང༌། བསྒྲིབས་ལ་ལུང་དུ་མི་སྟོན་པ་དང༌། དགེ་བ་དང། མི་དགེ་བ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་དང༌། ཀུན་གཞི་བྱེད་པས་ན་ཀུན་གཞི་ཞེས་བྱའོ། །ཡང་ན་ཀུན་གཞི་ཞེས་བྱ་བ་ནི་ཡུལ་ལ་བྱ་སྟེ། ཉོན་མོངས་པའི་ཡིད་ཀྱི་ཡུལ་བྱེད་པས་ན་ཀུན་གཞི་ཞེས་བྱའོ། །ཡང་ན་ཀུན་གཞི་ཞེས་བྱ་བའི་ཚིག་གི་དོན་ནི་འདྲེ་བའམ་འབྲེལ་བའམ་འཇུག་པ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཆོས་ཐམས་ཅད་ལ་འབྲས་བུའི་དངོས་པོའི་ངོ་བོར་འདྲེ་ཞིང་འབྲེལ་པས་ཀུན་གཞི་ཞེས་བྱ་བའམ་ཀུན་གཞི་དེ་ཆོས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འདྲེ་ཞིང་འབྲེལ་བས་ན་ཀུན་གཞི་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལ་འབྲས་བུའི་ངོ་བོར་འབྲེ་ཞིང་འབྲེལ་བ་ནི་ནམ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱིས་ཀུན་གཞི་ལ་བག་ཆགས་སོགས་པ་ན། ཀུན་གཞི་བག་ཆགས་དང་བཅས་པའི་མཚན་ཉིད་ཁྱད་པར་ཅན་དུ་བྱས་པ་ཡིན་པས་ཆོས་རྣམས་ནི་རྒྱུ་ཡིན་ལ་ཀུན་གཞི་ནི་འབྲས་བུ་ཡིན་ཏེ། དེ་ལྟར་ན་ཀུན་གཞི་དེ་ཆོས་རྣམས་ལ་འབྲས་བུའི་དངོས་པོར་འདྲེ་ཞིང་འབྲེལ་པ་ཞེས་བྱའོ། །ཀུན་གཞི་དེ་ཆོས་རྣམས་ལ་རྒྱུའི་དངོས་པོར་འདྲེ་ཞིང་འབྲེལ་པ་ནི་ནམ་ཀུན་གཞི་བག་ཆགས་དེ་ལས་ཆོས་རྣམས་བྱུང་བས་ན་ཀུན་གཞི་ནི་རྒྱུ་ལྟར་གནས་ལ་ཆོས་རྣམས་འབྲས་བུ་ལྟར་གནས་པས་ན་ཀུན་གཞི་དེ་ཆོས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འདྲེ་ཞིང་འབྲེལ་པ་ཞེས་བྱའོ། །ཀུན་གཞི་ཞེས་བྱ་བའི་ཚིག་གི་དོན་གཞན་ཡང་བསྟན་པའི་ཕྱིར། ལུས་ཀྱི་ཀུན་གཞི་དང་རྒྱུ་དང་ལུས་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ལུས་ཀྱི་ཀུན་གཞི་ཞེས་བྱ་བ་ལ་ཚོར་བ་དང༌། འདུ་


DTG137_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། མིང་གི་ཕུང་པོ་བཞི་དང༌། གཟུགས་ཀྱི་ཕུང་པོ་སྟེ་ཕུང་པོ་ལྔ་ལ་ལུས་ཞེས་བྱའོ། །ལུས་དེ་ཡང་ཀུན་གཞི་ལ་གནས་ཤིང་ཀུན་གཞི་ལ་བརྟེན་ལ་ཀུན་གཞིའི་མཐུས་རྒྱུན་མ་ཆད་པར་འབྱུང་སྟེ། ལུས་ཀྱི་གནས་དང་གཞི་བྱེད་པའི་ཕྱིར་ཡང་ཀུན་གཞི་ཞེས་བྱའོ། །ལུས་ཀྱི་རྒྱུ་དང་རྟེན་བྱེད་པས་ན་ཀུན་གཞི་ཞེས་བྱ་སྟེ། ཇི་ལྟ་ཞེ་ན། ཕུང་པོ་ལྔའི་ས་བོན་ཀུན་གཞི་ལ་ཡོད་པ་བརྟས་པར་གྱུར་པ་དང༌། མའི་མངལ་དུ་ཀུན་གཞི་རྣམ་པར་ཤེས་པས་མཚམས་སྦྱར་ནས། ལུས་དེ་མིང་དང་གཟུགས་འབྱུང་ཞིང་འགྲུབ་པར་ཀུན་གཞིས་བྱེད་པས་ན་ལུས་ཀྱི་རྒྱུ་བྱེད་པའི་ཕྱིར་ཡང་ཀུན་གཞི་ཞེས་བྱའོ། །ལུས་ལ་གནས་པའི་ཕྱིར་ཞེས་བྱ་བ་ལ་ལུས་ཀྱི་མིག་ལ་སོགས་པའི་དབང་པོ་དང་བཅས་པའི་གཟུགས་ལ་བྱའོ། །འདི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གིས་ནི་ལུས་མཐའ་དག་ལ་ཁྱབ་པར་གནས་པ་མ་ཡིན་གྱི་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་མཐའ་དག་ལ་ཁྱབ་པར་གནས་ཏེ། ཀུན་ལ་ཁྱབ་པའི་མཚན་ཉིད་དུ་ལུས་དང་ཀུན་གཞིར་འབྲེལ་པས་ན་ལུས་ཀུན་ལ་ཁྱབ་པར་གནས་པའི་ཕྱིར་ཡང་ཀུན་གཞི་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ལ་མིང་དུ་ཀུན་གཞི་ཞེས་བྱ་བར་ཡང་མ་ཟད་ཀྱི་མིང་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཀུན་གཞི་དེ་ལ་མིང་དུ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཀུན་གཞི་དེ་ལ་ཅིའི་ཕྱིར་མིང་དུ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་གཏན་ཚིགས་སུ། ལུས་ལེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཀུན་གཞི་འདིས་ལུས་ལེན་པ་དང༌། འཛིན་པ་དང༌། ལུས་མི་གཏོང་བར་བྱེད་པས་ན་ལེན་པའི་རྣམ་པར་ཤེས་བ་ཞེས་བྱའོ། །གལ་ཏེ་གཞན་ན་རེ། ལུས་ནི་སེམས་ཀྱིས་མ་བླངས་ཀྱི་མུ་སྟེགས་ཀྱིས་བརྟགས་པའི་བདག་གིས་ལུས་ལེན་ཏོ་ཞེ་ན། འཇིག་རྟེན་ན་ལུས་ནི་སེམས་ཀྱིས་ལེན་པར་གྲགས་ཀྱི་བདག་གིས་ལེན་པར་མ་གྲགས་པ་དང༌། བདག་ནི་རྟག་པ་ཡིན་པས་རྟག་པ་ལ་ནི་ལུས་ལེན་པ་དང་མི་ལེན་པ་གཉིས་སུ་མི་རིགས་ལ། བདག་དེ་ལུས་ལེན་པ་དང་མི་ལེན་པ་གཉིས་བྱེད་ན་ནི་མི་ལེན་པ་ལས་ལེན་པའི་མཚན་ཉིད་དུ་གཞན་དུ་གྱུར་པས་རྟག་པར་མི་རུང་སྟེ། དེ་བས་ན་བདག་གིས་


DTG137_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལེན་པར་མི་རིགས་སོ། །སེམས་ཀྱིས་ལུས་ལེན་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་ཚེ་རབས་སྔ་མའི་འདུ་བྱེད་ཀྱི་བག་ཆགས་བསགས་པས་བག་ཆགས་དེའི་རྒྱུས་མའི་མངལ་དུ་ཁུ་བ་དང་ཁྲག་གི་ནང་དུ་ཀུན་གཞི་རྣམ་པར་ཤེས་པ་བརྒྱལ་བའི་དུས་ན་སེམས་དེས་ལུས་བླངས་ཏེ། ཀུན་གཞིའི་མཐུས་མིང་དང་གཟུགས་ཡོད་པར་བྱས་ནས་སེམས་དེ་ཉིད་ཀྱིས་ནམ་མ་ཤི་བའི་བར་དུ་ལེན་ཅིང་འཛིན་པར་བྱེད་པས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་འདོད་དོ། །ཀུན་གཞིས་ལུས་ལེན་གྱི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔས་ནི་ཁྲག་དང་ཁུ་བའི་ཚེ་ལུས་ལེན་པར་མི་བྱེད་ལ་རྣམ་པར་ཤེས་པ་ལྔའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཀྱང་མའི་མངལ་དུ་ཁྲག་དང་ཁུ་བའི་ཚེ་ལུས་ལེན་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི། མའི་མངལ་དུ་ཁྲག་དང་ཁུ་བའི་དུས་ན་མེད་ཀྱི་ཁྲག་དང་ཁུ་བའི་མའི་མངལ་གྱི་དུས་འདས་ནས་མངལ་ནས་བྱུང་བ་དང༌། གདོད་སོ་སོའི་རྐྱེན་དང་ཕྲད་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འབྱུང་བས་ན་མངལ་གྱི་ཚེ་ན་དེ་དག་མེད་པའི་ཕྱིར་ལུས་མི་ལེན་ཏོ། །དེའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྐྱེན་གྱི་མཐུ་ལས་སྐྱེ་སྟེ། མིག་གི་རྣམ་པར་ཤེས་པའི་རྗེས་ལས་བྱུང་བས་ན་མའི་མངལ་གྱི་ཚེ་ན་ནི་མེད་ཀྱི་ཕྱིས་གདོད་འབྱུང་བས་ན་ལུས་མི་ལེན་ཏོ། །གཞན་དག་གིས་བརྒལ་བ་ལ། བདེན་ཏེ་ཁྲག་དང་ཁུ་བའི་དུས་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མེད་དེ། དེ་དག་སོ་སོའི་རྐྱེན་ལས་སྐྱེ་བ་ཡིན་པས་ན་ལུས་མི་ལེན་ཀྱང་དེ་དག་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་སྨིན་པའི་རང་བཞིན་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བ་དེ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ལ་བྱ་བས་དེས་ཁྲག་དང་ཁུ་བའི་དུས་ན་ལུས་ལེན་ཏོ་ཞེས་བྱ་བའི་ལན་དུ། འདི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང༌། དེའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་མ་གཏོགས་པར་གཞན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་འདུ་བྱེད་ཀྱི་རྐྱེན་གྱིས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཁྲག་དང་ཁུ་བའི་དུས་ན་ལུས་ལེན་པར་བྱེད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་ལ་སོགས་


DTG137_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན། ཡང་ན་ནི་དགེ་བའི་རང་བཞིན་ཞིག་ཡིན། ཡང་ན་ནི་མི་དགེ་བའི་རང་བཞིན་ཞིག་ཡིན་པར་འགྱུར་རོ། །གལ་ཏེ་གཞན་ན་རེ། ཡིད་དེ་དགེ་བ་དང་མི་དགེ་བའི་རང་བཞིན་ཡིན་ན་ནི་ཉེས་སྙམ་པ་དང༌། དེ་ལྟ་ན་ནི་མི་རུང་སྟེ། འདི་ལྟར་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བའི་རྣམ་པར་ཤེས་པ་དེ་རྟག་ཏུ་རྣམ་པར་སྨིན་པའི་རང་བཞིན་ཡིན་པས་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་ལ། རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པའི་ཡིད་དེ་ནི་དགེ་བ་དང༌། མི་དགེ་བའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རང་བཞིན་དུ་མི་རུང་བས་དེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བར་མི་རུང་ངོ༌། །དེ་བས་ན་དེས་ཁྲག་དང་ཁུ་བའི་དུས་ན་ལུས་ལེན་པར་ཡང་མི་རིགས་སོ། །གཞན་ཡང་ཁྱེད་ཀྱི་ལྟ་བ་ལྟར་ན་སེམས་ཅན་ཐམས་ཅད་ནི་སེམས་ཀྱི་རྒྱུད་གཅིག་སྟེ། དེ་བས་ན་རྣམ་པར་ཤེས་པ་དྲུག་གི་ཚོགས་ཀྱང་རིམ་གྱིས་འབྱུང་གི་ཅིག་ཅར་མི་འབྱུང་ངོ་ཞེས་ལྟའོ། །འདི་ལྟ་སྟེ། གང་གི་ཚེ་དགེ་བའི་ངོ་བོའི་རྣམ་པར་ཤེས་པ་བྱུང་བ་དེའི་ཚེ་མི་དགེ་བའི་ངོ་བོའི་རྣམ་པར་ཤེས་པ་མི་འབྱུང་བ་གང་གི་ཚེ་མི་དགེ་བའི་ཆོས་ངོ་བོའི་རྣམ་པར་ཤེས་པ་བྱུང་བ་དེའི་ཚེ་དགེ་བའི་ངོ་བོ་དང༌། ལུང་དུ་མ་བསྟན་པའི་ངོ་བོའི་རྣམ་པར་ཤེས་པ་མི་འབྱུང་སྟེ། དེ་དག་རིམ་གྱིས་འབྱུང་ངོ༌། །དེ་ལ་གང་རྣམ་པར་སྨིན་པའི་རང་བཞིན་དེ་དག་ནི་ལན་ཅིག་ཆད་ནས་སླར་མཚམས་མི་སྦྱོར་ཏེ། དཔེར་ན་མིག་གི་དབང་པོ་འདི་དག་རྣམ་པར་སྨིན་པའི་རང་བཞིན་ཡིན་པས་ན་ལན་ཅིག་ཆད་པ་དང༌། ཕྱིས་མི་འབྱུང་བ་བཞིན་དུ་གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་རྣམ་པར་སྨིན་པའི་རང་བཞིན་ཡོད་ན་རྣམ་པར་སྨིན་པའི་རང་བཞིན་དེ་ཆད་ནས་འབྱུང་བའི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་དེ་དགེ་བ་དང་མི་དགེ་བའི་རང་བཞིན་དུ་ཁས་བླངས་པས་ནམ་དགེ་བ་བྱུང་བའི་ཚེ་ན་མི་དགེ་བའི་སེམས་མ་བྱུང་ལ་མི་དགེ་བའི་ཚེ་ན་དགེ་བའི་སེམས་མ་བྱུང་སྟེ། དགེ་བ་དང་མི་དགེ་བའི་སེམས་ཀྱང་མི་དགེ་བའི་སེམས་སྔར་འབྱུང་བ་འགགས་ཏེ་ཆད་ནས་གདོད་དགེ་བའི་སེམས་འབྱུང་བའི་རྣམ་པར་སྨིན་པ་ལ་ཆད་པ་ཡོད་པའི་


DTG137_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དུ་འགྱུར་བས་མི་རིགས་སོ། །དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་སྨིན་བའི་རང་བཞིན་དང༌། གཅིག་ཏུ་ལུང་མ་བསྟན་པའི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ་མེད་དོ། །དེ་ལ་ལན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ལུས་ཐམས་ཅད་ཁྱབ་པར་ལེན་པ་ལ་དེའང་རྒྱུན་མི་འཆད་པར་ལུས་ལེན་པ་ལ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ན། འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ཆོགས་རྣམས་ནི་གནས་སོ་སོར་ངེས་པར་འཇུག་སྟེ། ལུས་ཀུན་ལ་ཁྱབ་པར་མི་འཇུག་པ་དང༌། རྟག་ཏུ་ལུས་མི་ལེན་གྱི་རྒྱུན་འཆད་ནས་འཇུག་པའི་ཕྱིར་ལུས་ཐམས་ཅད་ལ་ལེན་པ་མ་ཡིན་ནོ། །ཇི་ལྟར་གནས་སོ་སོར་ངེས་པར་འཇུག་ཅེ་ན། མིག་གི་རྣམ་པར་ཤེས་པས་ཀྱང་མིག་གི་དབང་པོའི་གནས་འབའ་ཞིག་བླངས་ཀྱི། གནས་གཞན་མ་བླངས་པ་ནས། ལུས་ཀྱི་རྣམ་པར་ཤེས་པས་ཀྱང་གང་དུ་རེག་བྱ་འབྱུང་བའི་ལུས་དེ་ཉིད་ཚེ་བླངས་ཀྱི། གཞན་མ་བླངས་པས་ན་ལུས་ཀུན་ལེན་པ་མ་ཡིན་ནོ། །རྒྱུན་ཆད་ནས་འཇུག་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་དེའི་རྒྱུན་ཆད་དེ་གདོད་སྣའི་རྣམ་པར་ཤེས་པ་སྐྱེ་བ་དང༌། སྣའི་རྣམ་པར་ཤེས་པ་སྐྱེས་ནས་ཆད་དེ་གདོད་མིག་གི་རྣམ་པར་ཤེས་པ་སྐྱེ་བས་ན་རྟག་ཏུ་ལུས་ལེན་པ་མ་ཡིན་ནོ། །གཞན་ཡང་སེམས་མེད་པའི་གཉིད་དང༌། བརྒྱལ་བ་ལ་སོགས་པའི་དུས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་རིལ་གྱིས་འགགས་པས་དེའི་ཚེ་ལུས་མ་བླངས་པས་རྟག་ཏུ་ལུས་ལེན་པ་མ་ཡིན་ནོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་མའི་མངལ་དུ་ཉིད་མཚམས་སྦྱོར་བའི་ཚེ་མིང་དང་གཟུགས་ཀྱི་མཚན་ཉིད་ཀྱི་ལུས་བླངས་ནས་ནམ་མ་ཤིའི་བར་དུ་ལུས་ལེན་ཅིང་འཛིན་པར་བྱེད་པས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་བཤད་པ་རྫོགས་སོ།། །།ད་ནི་ཉོན་མོངས་པ་ཅན་གྱི་ཡིད་བཤད་པར་བརྩམས་ཏེ། དེ་བས་ན་དེ་བཤད་དོ། །གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པའི་ཉོན་མོངས་པའི་ཡིད་ཅེས་བྱ་བ་ཡོད་ན་དམིགས་པའི་ཡུལ་མེད་པའི་རྣམ་པར་ཤེས་པས་ནི་མི་སྲིད་པས་ཉོན་མོངས་པས་ཡིད་དེ་ཅི་ལ་དམིགས་པ་བསྟན་པ་དང༌། གོང་དུ་སེམས་ཞེས་བྱ་བ་


DTG137_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་བྱའི་དངོས་སུ་ཀུན་གཞི་རྣམ་པར་ཤེས་པ་ལ་སེམས་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་དངོས་སུ་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྔ་མ་འགགས་པ་དྲུག་པོ་ལ་མི་བྱའི་ཡིད་ཅེས་བྱ་བ་ཡང་དངོས་སུ་ཉོན་མོངས་པའི་ཡིད་ལ་བྱའོ་ཞེས་བསྟན་པའི་ཕྱིར། དངོས་སུ་ན་ཡིད་ཅེས་བྱ་བ་སྨོས་ཏེ། དངོས་སམ་གཙོ་ན་ཉོན་མོངས་པའི་ཡིད་ལ་ཡིད་ཅེས་བྱ་བའི་རྣམ་པར་ཤེས་པ་སྔ་མ་འགགས་པ་དྲུག་པོ་ལ་ནི་དངོས་སུ་ནི་ཡིད་ཅེས་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ཡིད་དེ་ཅི་ལ་དམིགས་ཤེ་ན། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་ཡིད་ནི་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ། དེ་བས་ན་དེ་ཡུལ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ། །ཉོན་མོངས་པའི་ཡིད་ཀུན་གཞི་ལ་ཇི་ལྟར་དམིགས་ཤེ་ན། ཉོན་མོངས་པའི་ཡིད་དེས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཅེས་བྱ་བ་ནི་འདི་ཡིན་ནོ་ཞེས་ཀུན་གཞི་ལ་བདག་ཏུ་དམིགས་པའི་ཕྱིར་རོ། །ཡང་ན་ཉོན་མོངས་པའི་ཡིད་དེ་ཡུལ་གཞན་ན་ཡང་དམིགས་མོད་ཀྱི་ཡུལ་གཞན་པས་ཀུན་གཞི་ལ་གཅོར་བདག་ཏུ་དམིགས་པས་དངོས་སུ་ན་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་ཞེས་བྱའོ། །ཉོན་མོངས་པའི་ཡིད་དེ་ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པ་བསྟན་པ་དང༌། ཉོན་མོངས་པའི་ཡིད་དེ་སེམས་ཡིན་ན། སེམས་ལས་བྱུང་བའི་ཆོས་དང་མི་ལྡན་པའི་སེམས་ཡོད་མི་སྲིད་པས་ཉོན་མོངས་པའི་ཡིད་དེ་སེམས་ལས་བྱུང་བ་དུ་དང་ལྡན་པ་བསྟན་པར་བྱ་བའི་ཕྱིར། རྟག་ཏུ་བདག་ཏུ་གཏི་མུག་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ལ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་ཡིད་དེ་རྟག་ཏུ་སེམས་ལས་བྱུང་བས་ཉོན་མོངས་པ་ཅན་བདག་ཏུ་གཏི་མུག་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ལ་ཆགས་པ་སྟེ་སེམས་ལས་བྱུང་བ་བཞི་དང་ལྡན་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ནི་འདི་ཡིན་ནོ་སྙམ་དུ་དམིགས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་དུ་དགྲ་བཅོམ་པ་དང༌། འཕགས་པའི་ལམ་དང༌། འགོག་པའི་སྙོམས་པར་འཇུག་པའི་དུས་ལས་མ་གཏོགས་པ་དགེ་བ་དང་མི་དགེ་བ་དང་


DTG137_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དུ་མ་བསྟན་པར་བྱེད་པའི་དུས་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་དང༌། སེམས་མེད་པའི་གཉིད་དང༌། བརྒྱལ་བ་ལ་སོགས་པའི་ཚེ་དུས་ཐམས་ཅད་དུ་ཀུན་གཞི་ལ་བདག་ཏུ་ལྟ་ཞིང་དམིགས་པ་རྒྱུན་མཆད་པར་བྱེད་པས་ན་རྟག་ཏུ་ཞེས་བྱའོ། །དེ་ལྟར་ན་ཉོན་མོངས་པའི་ཡིད་རྟག་ཏུ་ང་དང་བདག་གོ་ཞེས་རློམ་སེམས་པའི་རང་བཞིན་ཡིན་པས་ན་དངོས་སུ་ན་དེ་ལ་ཡིད་ཅེས་བྱའོ། །གཞན་དག་གིས་སྨྲས་པ། དེ་ལྟར་དངོས་སུ་ན་ཉོན་མོངས་པའི་ཡིད་ལ་ཡིད་ཅེས་བྱ་ན་རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པ་དེ་ལ་དོན་གང་གིས་ན་ཡིད་ཅེས་བྱ་ཞེས་བྱ་བའི་ལན་དུ། གང་ཡང་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དྲུག་པོ་འགགས་མ་ཐག་པ་ལ་ཡིད་ཅེས་བྱ་བ་ཡང་མིག་ནས་ལུས་ཀྱི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ཡིན་པར་གྲགས་ན། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཏམ་དབང་པོ་མ་གྲགས་པས་དེའི་རྟེན་གྲགས་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་སྔ་མ་འགགས་པ་ལ་ཡིད་ཅེས་བྱ་བར་བཏགས་པར་ཟད་དེ། གང་དག་དང་བདག་གིར་རློམ་སེམས་པ་དེ་ལ་དངོས་སུ་ཡིད་ཅེས་བྱ་བས་རྣམ་པར་ཤེས་པ་སྔ་མ་འགགས་པ་ནི་བདག་དང་བདག་གིར་རློམ་སེམས་པའི་རང་བཞིན་མ་ཡིན་པས་དངོས་སུ་དེ་ལ་ཡིད་ཅེས་མི་བྱའོ། །དེ་ལ་ཀུན་གཞི་བདག་མེད་པ་ལ་བདག་མེད་པར་ཁོང་དུ་མ་ཆུད་པ་ནི་བདག་ཏུ་གཏི་མུག་པ་ཞེས་བྱའོ། །དེ་ལྟར་བདག་མེད་པར་ཁོང་དུ་མ་ཆུད་པས་ཀུན་གཞི་ལ་བརྟག་པ་ནི་འདི་ཡིན་ནོ་སྙམ་དུ་འཛིན་པ་ནི་བདག་ཏུ་ལྟ་བ་ཞེས་བྱའོ། །བདག་ཏུ་བལྟས་པའི་རྒྱུ་དེས་སེམས་མཐོ་བ་དང་ཁེངས་པར་གྱུར་པ་ནི་བདག་ཏུ་ང་རྒྱལ་བ་ཞེས་བྱའོ། །བདག་ཏུ་གཏི་མུག་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་བ་གསུམ་ལས། བདག་དེ་ལ་ཆགས་ཤིང་ཕངས་པར་འཛིན་པ་ནི་བདག་ལ་ཆགས་པ་ཞེས་བྱ་སྟེ། ཉོན་མོངས་པའི་ཡིད་དེ་སེམས་ལས་བྱུང་བའི་ཉོན་མོངས་པ་ཅན་བཞི་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་སེམས་ལས་བྱུང་བ་བཞི་པོ་དེ་འབའ་ཞིག་འབྱུང་བར་མ་ཟད་ཀྱི་རིག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལྔ་ཀུན་ཏུ་


DTG137_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡང་ལྡན་པར་སྟོན་ཏོ། །དེ་བས་ན་ཉོན་མོངས་པའི་ཡིད་དེ་སེམས་ལས་འབྱུང་བའི་ཉོན་མོངས་པ་ཅན་བཞི་དང༌། ལྔ་ཀུན་ཏུ་འགྲོ་བས་བསྣན་ཏེ་སེམས་ལས་བྱུང་བས་དགུ་དང་ལྡན་ནོ། །ཉོན་མོངས་པའི་ཡིད་དེ་ཡོད་པར་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ལ་མ་གྲགས་ཏེ། དེ་བས་ན་དེ་དག་ལ་ཡོད་དོ་ཞེས་བསྟན་པ་དང༌། ཉོན་མོངས་པའི་ཡིད་དེ་ཡང་སེམས་ཀྱི་རང་བཞིན་གྱི་ཡིན་གྱི་སེམས་ལས་བྱུང་བའི་རང་བཞི་ན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་ཡིད་དེ་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་སེམས་ཀྱི་རང་བཞིན་ཡིན་གྱི་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ཡིད་དེ་སེམས་ཀྱི་རང་བཞིན་ཡིན་ན་ཆོས་རྣམ་པ་བཞི་ལ་དགེ་བ་དང༌། མི་དགེ་བ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ཆོས་དེ་བཞི་གང་གི་རང་བཞིན་ཡིན་ཞེ་ན། དེའི་ཕྱིར། རིགས་གཅིག་པ་དང་ཞེས་བྱ་བ་སྨོས་ཏེ། ཆོས་རྣམ་པ་བཞི་ལས་ཉོན་མོངས་པའི་ཡིད་དེ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡིན་གྱི་དགེ་བའི་རང་བཞིན་ཡང་མ་ཡིན། མི་དགེ་བའི་རང་བཞིན་ཡང་མ་ཡིན། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡང་མ་ཡིན་པས་རིགས་གཅིག་པ་ཞེས་བྱའོ། །ཉོན་མོངས་པའི་ཡིད་དེ་བདག་ཏུ་གཏི་མུག་པ་ལ་སོགས་པ་སེམས་ལས་བྱུང་བ་ཉོན་མོངས་པ་ཅན་བཞི་དང་ལྡན་པས་ན་བསྒྲིབས་པ་ཞེས་བྱའོ། །དགེ་བའི་རང་བཞིན་ཡང་མ་ཡིན་མི་དགེ་བའི་རང་བཞིན་ཡང་མ་ཡིན་པས་ན་ལུང་དུ་མ་བསྟན་པ་ཞེས་བྱའོ། །ཅིའི་ཕྱིར་དགེ་བ་དང་མི་དགེ་པའི་རང་བཞིན་མ་ཡིན་ཞེ་ན། གལ་ཏེ་ཉོན་མོངས་པའི་ཡིད་དེ་དགེ་བའི་རང་བཞིན་ཞིག་ཡིན་པར་གྱུར་ན་ནི་མི་དགེ་བའི་རང་བཞིན་བྱེད་པ་རྣམས་ལ་དགེ་བ་མེད་པས་ང་མི་དགེ་བ་བྱེད་དོ་སྙམ་དུ་ངར་འཛིན་པའི་ཉོན་མོངས་པའི་ཡིད་དེ་མེད་པར་འགྱུར་བའི་རིགས་ན། མི་དགེ་བ་བྱེད་པ་རྣམས་ལ་ཡང་ང་མི་དགེ་བ་བྱེད་དོ་སྙམ་དུ་འཛིན་པའི་རང་བཞིན་ཡོད་པས་ན་ཉོན་མོངས་པའི་ཡིད་དེ་དགེ་བའི་རང་བཞིན་ཡང་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པའི་ཡིད་དེ་མི་དགེ་བའི་རང་བཞིན་ཡིན་ན་ནི་དགེ་བ་བྱེད་པ་རྣམས་ལ་མི་དགེ་བ་བྱེད་པས་ཉོན་མོངས་པའི་ཡིད་མེད་པའི་ཕྱིར་བདག་དགེ་


DTG137_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱོད་དོ་སྙམ་དུ་བདག་ཏུ་སེམས་པ་མེད་པའི་རིགས་ན། དགེ་བ་བྱེད་པ་རྣམས་ཀྱང་བདག་དགེ་བ་བྱེད་དོ་སྙམ་དུ་བདག་ཏུ་འཛིན་པ་ཡོད་པས་ཉོན་མོངས་པའི་ཡིད་དེ་མི་དག་བའི་རང་བཞིན་ཡང་མ་ཡིན་ནོ། །ཡང་ན་ཉོན་མོངས་པའི་ཡིད་དེ་ཉོན་མོངས་པར་རིགས་གཅིག་པར་ཡིན་གྱི་དགེ་བ་དང་མི་དགེ་བ་དང༌། མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ནི་མ་ཡིན་ཏེ། ཅིའི་ཕྱིར་ཉོན་མོངས་པར་རིགས་གཅིག་ཅེ་ན། རྟག་པར་བདག་ཏུ་གཏི་མུག་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་ལྡན་པའི་ཕྱིར་ཉོན་མོངས་པ་རིགས་གཅིག་གོ །སྨྲས་པ། དེ་ལྟར་ན་ཉོན་མོངས་པའི་ཡིད་དེ་རྟག་གམ་མི་རྟག་པ་ཞིག་ཡིན་སྙམ་པ་ལ། རྒྱུན་ཏུ་འཇུག་པ་སྟེ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་འཇུག་པས་རྒྱུན་དུ་འཇུག་པ་ཞེས་བྱ་སྟེ། དེ་ནི་མི་རྟག་པར་བསྟན་ཏོ། །དེ་ལྟར་འཇུག་པ་བསྟན་ནས། དེ་འགོག་པ་སྟོན་ཏེ། ཉོན་མོངས་པའི་སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་འཇུག་ན། གང་གི་དུས་ཀྱི་ཚེ་ཉོན་མོངས་པའི་ཡིད་མེད་པར་འགྱུར་སྙམ་པ་ལ། དེའི་ཕྱིར་དགྲ་བཅོམ་པ་དང༌། འཕགས་པའི་ལམ་དང༌། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། དགྲ་བཅོམ་པས་ནི་ཁམས་གསུམ་གྱི་ཉོན་མོངས་པའི་ཆོས་ཀུན་མ་ལུས་པར་སྤངས་པས་ཉོན་མོངས་པའི་ཡིད་ཀྱང་སྤངས་པའི་ཕྱིར་དགྲ་བཅོམ་པའི་དུས་ན་ཉོན་མོངས་པའི་ཡིད་མེད་དོ། །འཕགས་པའི་ལམ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམས་པ་སྟེ། དོན་དམ་པར་བསྒོམ་པ་དེ་བདག་ཏུ་ལྟ་བ་དང་མི་མཐུན་པ་ཡིན་ལ། བདག་ཏུ་ལྟ་བའི་གཉེན་པོ་ཡིན་པས་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པའི་ཚེ་ཉོན་མོངས་པའི་ཡིད་མེད་དེ། ལམ་ལས་ལངས་ནས་ནི་ཉོན་མོངས་པའི་ཡིད་ཀྱང་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་སློབ་པའི་གང་ཟག་རྣམས་ལམ་ལ་སྙོམས་པར་འཇུག་སྟེ། སློབ་པ་རྣམས་ཀྱི་ནི་ཉོན་མོངས་པ་ཀུན་མ་ལུས་པར་མ་སྤངས་པའི་ཕྱིར་ཉོན་མོངས་པའི་ཡིད་ཀྱི་བག་ཆགས་ཀྱང་བག་ཆགས་ད་དུང་མ་བྱང་བས་ལངས་པའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱང་འབྱུང་ངོ༌། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ནི་ཉོན་མོངས་པའི་


DTG137_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཡོད་པས་ཞིབ་མ་ཡིན་གྱི་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཉོན་མོངས་པའི་ཡིད་མེད་པས་ཚེས་ཞི་བ་ཞེས་བྱ་སྟེ། འགོག་པའི་སྙོམས་པར་འཇུག་པ་དེ་ཆེས་ཞི་བར་གྱུར་པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཉོན་མོངས་པའི་ཡིད་མེད་དོ། །དེ་གསུམ་གྱི་དུས་ལས་མ་གཏོགས་པར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དུས་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་དང༌། སེམས་མེད་པའི་གཉིད་དང༌། བརྒྱལ་བ་ལ་སོགས་པའི་དུས་ན་རྟག་ཏུ་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །མདོར་ན་ཉོན་མོངས་པའི་ཡིད་ཀྱི་སྐབས་སུ་དོན་བཞི་ས་བསྟན་ཏེ། ཡིད་ཀྱི་ངེས་པའི་ཚིག་དང༌། དམིགས་པ་དང༌། ལྡན་པ་དང༌། དུས་ཇི་སྲིད་དུ་ཡོད་པའོ། །དེ་ལ་བདག་དང་བདག་གིར་སེམས་པ་ཞེས་བྱ་བས་ཡིད་ཀྱི་ངེས་པའི་ཚིག་བསྟན། ཀུན་གཞིལ་དམིགས་པ་ཞེས་བྱ་བས་དམིགས་པ་བསྟན། སེམས་ལས་བྱུང་བའི་ཉོན་མོངས་པ་བཞི་དང༌། ལྔ་ཀུན་ཏུ་འགྲོ་བ་དང་ལྡན་པས་ཞེས་བྱ་བས་ལྡན་པ་བསྟན། དགྲ་བཅོམ་པ་ལ་སོགས་པའི་དུས་གསུམ་ལས་མ་གཏོགས་པར་དུས་གཞན་དུ་འཇུག་ཅེས་བྱ་བས་དུས་ཅི་སྲིད་དུ་གནས་པ་བསྟན་ནོ། །ཉོན་མོངས་པའི་ཡིད་བསྟན་པ་རྫོགས་སོ།། །། གཟུགས་ལ་སོགས་པ་ལ་ཕུང་པོ་ཞེས་བཏགས་པ་ལ་ཕུང་པོ་ཞེས་བྱ་བའི་དོན་བསྟན་པ་ཡང༌། གོང་དུ་གཟུགས་ལ་སོགས་པ་ནི་ཇེ་བཤད་ཀྱི་ཕུང་པོའི་དོན་ཕྱིས་བསྟན་ཏོ་ཞེས་གླེངས་པ་དེ་ཡང་བསྟན་པའི་ཕྱིར། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན་ཞེས་དྲིས་ཏེ། གཟུགས་ལ་སོགས་པའི་ཆོས་ལ་ཅིའི་ཕྱིར་ཕུང་པོ་ཞེས་གདགས་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སྤུངས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། གང་ཅུང་ཟད་གཟུགས་སུ་བགྲང་བ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། ནང་གི་དང༌། ཕྱིའི་དང༌། ཆེན་པོ་དང༌། ཆུང་དུ་དང༌། ངན་པ་དང༌། བཟང་པོ་དང༌། ཉེ་བ་དང༌། རིང་པ་གང་ཡིན་པ་དེ་དག་ཐམས་ཅད་དངོས་པོར་བསྡུར་མི་རུང་ཡང་ཚིག་གིས་བསྡུས་ཏེ། ཆོས་མང་པོ་དེ་དག་གཅིག་ཏུ་བསྡུས་ཏེ་སྤུངས་པ་ལ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་དང༌། དེ་བཞིན་དུ་གང་ཅུང་ཟད་རྣམ་པར་ཤེས་པའི་མཚན་ཉིད་དུ་བགྲང་བ། འདས་པ་དང་མ་


DTG137_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་ཞེས་བྱ་བ་ནས། ཉེ་བ་དང་རིང་བ་གང་ཡིན་པ་དེ་དག་དངོས་པོར་བསྡུར་མི་རུང་ཡང་ཚིག་གིས་བསྡུས་ཏེ་སྤུངས་བ་ལ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ་ཞེས་པའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དུས་དང༌། རྒྱུད་དང༌། རྣམ་པ་དང༌། འགྲོ་བ་དང༌། ཡུལ་ཐ་དད་པའི་གཟུགས་ལ་སོགས་པའི་མདོར་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་ཞེས་བྱ་བའི་ཚིག་ཀུན་དང་ཡང་སྦྱར་ཏེ། དུས་ཐ་དད་པ་དང༌། རྒྱུད་ཐ་དད་པ་དང༌། རྣམ་པ་ཐ་དད་བ་དང༌། འགྲོ་བ་ཐ་དད་པ་དང༌། ཡུལ་ཐ་དད་པའི་གཟུགས་ཇི་སྙེད་ཡོད་པ་རྣམས་གཅིག་ཏུ་བསྡུས་ཏེ་སྤུངས་པ་ལ་ཕུང་པོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྷག་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བས་དུས་ཐ་དད་པའི་གཟུགས་བསྟན་ཏོ། །ཕྱི་དང་ནང་གི་ཞེས་བྱ་བས་རྒྱུད་ཐ་དད་པའི་གཟུགས་བསྟན་ཏེ། གང་གི་ཕྱིར་མིག་ལ་སོགས་པའི་དབང་པོའི་རང་གི་རྒྱུད་ལ་ཡོད་པ་ལ་ནི་ནང་གི་གཟུགས་ཞེས་བྱའོ། །གང་གི་ཕྱིར་རང་གི་རྒྱུད་ལས་གཞན་པ་རྩིག་པ་ལ་སོགས་པ་ལ་ནི་ཕྱིའི་གཟུགས་ཞེས་བྱའོ། །ཡང་ན་རང་གི་ལུས་ལ་ཡོད་པ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་ནི་ནང་གི་གཟུགས་ཞེས་བྱའོ། །སེམས་ཅན་གཞན་གྱི་རྒྱུད་ལ་ཡོད་པའི་སྐྱེ་མཆེད་རྣམས་ལ་ནི་ཕྱིའི་གཟུགས་ཞེས་བྱའོ། །ཆེན་པོ་དང་ཆུང་ངུ་ཞེས་བྱ་བས་རྣམ་པ་ཐ་དད་པ་ཕྱེ་བའི་གཟུགས་བསྟན་ཏེ། ཆེན་པོ་དང་ཆུང་ངུའི་གཟུགས་ནི་ཕན་ཚུན་དུ་ལྟོས་ན་ཆེན་པོ་དང་ཆུང་ངུར་གཞག་སྟེ། ཆེན་པོ་ལ་ལྟོས་ན་ཆུང་ངུ་ཞེས་བྱ། ཆུང་ངུ་ལ་ལྟོས་ན་ཆེན་པོ་ཞེས་བྱ། ཡང་ན་ཐོགས་པ་དང་བཅས་པའི་གཟུགས་རྣམས་ལ་ནི་ཆེན་པོ་ཞེས་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་ལྟ་བུ་ཐོགས་པ་མེད་པ་ལ་ནི་ཆུང་ངུ་ཞེས་བྱའོ། །ངན་པ་དང་བཟང་པོ་དང་ཞེས་བྱ་བས་འགྲོ་བ་ཐ་དད་པས་ཕྱེ་བའི་གཟུགས་བསྟན་ཏེ། ངན་སོང་གསུམ་གྱི་འགྲོ་བར་སྐྱེས་པའི་གཟུགས་ལ་ནི་ངན་པ་ཞེས་བྱའོ། །ལྷ་དང་མིར་སྐྱེས་པའི་གཟུགས་ལ་ནི་བཟང་པོ་ཞེས་བྱའོ། །ཉེ་བ་དང་རིང་བ་ཞེས་བྱ་བས་ཡུལ་ཐ་དད་པས་ཕྱེ་བའི་གཟུགས་བསྟན་ཏེ། གང་ལྟར་སྣང་བ་སྟེ། མངོན་སུམ་དུ་མཐོང་ངུ་རུང་བའི་ཡུལ་ན་གནས་པའི་གཟུགས་ལ་ནི་ཉེ་བ་ཞེས་


DTG137_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གཟུགས་ལ་སོགས་པ་ལྟར་མི་སྣང་བའི་ཡུལ་ན་གནས་པ་ལ་ནི་རིང་བ་ཞེས་བྱའོ། །ཆོར་བ་ལ་སོགས་པའི་ཕུང་པོ་ལྷག་མ་ལ་ཡང་གང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་ལ་སོགས་པའི་ཕུང་པོ་ལ་ནི་དུས་ཐ་དད་པ་ཞེས་བྱའོ། །བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚོར་བ་དང༌། འདུ་ཤེས་ལ་སོགས་པ་ནི་ནང་ཞེས་བྱའོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ཚོར་བ་དང༌། འདུ་ཤེས་ལ་ནི་ཕྱི་ཞེས་བྱ་སྟེ། འདི་ནི་རྒྱུད་ཐ་དད་པའོ། །མིག་གི་དབང་པོ་དང༌། ལུས་ཀྱི་དབང་པོ་ལ་བརྟེན་པའི་ཚོར་བ་དང༌། འདུ་ཤེས་ལ་སོགས་པ་ནི་ཆེན་པོ་ཞེས་བྱའོ། །ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཚོར་བ་དང༌། འདུ་ཤེས་ལ་སོགས་པ་ལ་ནི་ཆུང་ངུ་ཞེས་བྱ་སྟེ། འདི་ནི་རྣམ་པ་ཐ་དད་པའོ། །ངན་སོང་གསུམ་དུ་གཏོགས་པའི་ཚོར་བ་དང༌། འདུ་ཤེས་ལ་སོགས་པ་ནི་ངན་པ་ཞེས་བྱའོ། །ལྷ་དང་མིའི་རྒྱུད་དུ་གཏོགས་པའི་ཚོར་བ་དང༌། འདུ་ཤེས་ནི་བཟང་པོ་ཞེས་བྱ་སྟེ། འདི་ནི་རྒྱུད་ཐ་དད་པའོ། །ཚོར་བ་ལ་སོགས་པ་ལ་ཡང་ཉེ་བ་དང་རིང་བར་གཞག་པ་ནི་ཚོར་བ་ལ་སོགས་པའི་རྟེན་ལུས་ལྟར་སྣང་མི་སྣང་ལས་ཉེ་རིང་དུ་གཞག་སྟེ། ལུས་ལྟར་སྣང་བ་ལ་བརྟེན་པའི་ཚོར་བ་ནི་ཉེ་བ་ཞེས་བྱའོ། །ལུས་ལྟར་མི་སྣང་བ་ལ་བརྟེན་པའི་ཚོར་བ་ལ་ནི་རིང་བ་ཞེས་བྱ་སྟེ། འདི་ནི་ཡུལ་ཐ་དད་པའོ། །ཕུང་པོ་ལྔ་བཤད་པ་རྫོགས་སོ།། །།ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་འདུས་བྱས་ཐམས་ཅད་ནི་ཕུང་པོ་ལྡར་འདུས། ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔར་འདུས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དུ་འདུས་སོ་ཞེས་བསྟན་པ་དང༌། མདོ་སྡེ་ལས་ཕུང་པོའི་འོག་ཏུ་སྐྱེ་མཆེད་བཅུ་གཉིས་བཤད་དེ། དེ་བས་ན་མདོ་སྡེ་བཞིན་དུ་ཕུང་པོ་བཤད་པའི་འོག་ཏུ་སྐྱེ་མཆེད་བཤད་པར་བྱ་སྟེ། དེ་ལ་སྐྱེ་མཆེད་རྣམས་ལ་གྲངས་སུ་ནི་དུ་ཞིག་ཡོད་པ་དང༌། དེ་དག་དངོས་སུ་ནི་གང་དང་གང་ཡིན་པ་དང༌། སྐྱེ་མཆེད་ཅེས་བྱ་བའི་ཚིག་གི་དོན་ཅི་ཡིན་པ་བསྟན་པར་བྱ་བའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ནི་ཞེས་བྱ་བ་སྨོས་ཏེ། སྐྱེ་མཆེད་ལ་གྲངས་ནི་བཅུ་གཉིས་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་དངོས་པོ་གང་དང་གང་


DTG137_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་བསྟན་པར་བྱ་པའི་ཕྱིར། མིག་གི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བའི་བར་དུ་སྨོས་སོ། །ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོའི་སྐབས་སུ་རྒྱུར་བྱས་པའི་གཟུགས་ལས་བཅུ་གཅིག་ཏུ་བཤད་དོ། །དབང་པོ་ལྔ་དང་ཡུལ་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང་བཅུ་གཅིག་ཏུ་བཤད་པ་ལས། དབང་པོ་ལྔ་དང༌། ཡུལ་ལྔ་ལ་འདིར་སྐྱེ་མཆེད་བཅུ་ཞེས་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། མིག་ལ་སོགས་པ་དང༌། གཟུགས་དང་སྒྲ་དང་དྲི་དང་རོའི་སྐྱེ་མཆེད་རྣམས་ཀྱང་སྔ་མ་བཞིན་བཤད་དོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་ཕུང་པོ་བཤད་པའི་སྐབས་སུ་མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོའི་རང་བཞིན་ཇི་ལྟར་བཤད་པ་ལྔ་པོ་དེ་ཉིད་ལ་སྐྱེ་མཆེད་ཀྱི་སྐབས་སུ་ཡང་མིག་གི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་ཅེས་སྐྱེ་མཆེད་ལྡར་བཞག་ལ། སྐྱེ་མཆེད་དེ་དག་གི་རང་བཞིན་ཡང་དབང་པོའི་སྐབས་སུ་བཤད་པ་བཞིན་དུ་བཤད་པར་བྱའོ། །ཇི་ལྟ་ཞེ་ན། མིག་གི་སྐྱེ་མཆེད་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ། །རྣ་བའི་སྐྱེ་མཆེད་གང་ཞེ་ན། ཡུལ་སྒྲ་གཟུགས་དང་བའོ། །སྣའི་སྐྱེ་མཆེད་གང་ཞེ་ན། ཡུལ་དྲི་གཟུགས་དང་བའོ། །ལྕེའི་སྐྱེ་མཆེད་གང་ཞེན། ཡུལ་རོ་གཟུགས་དང་བའོ། །ལུས་ཀྱི་སྐྱེ་མཆེད་གང་ཞེན། ཡུལ་རེག་བྱ་གཟུགས་དང་བའོ། །གཟུགས་ཀྱི་ཕུང་པོའི་སྐབས་སུ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། བཞི་བཤད་པ་ལ། སྐྱེ་མཆེད་ཀྱི་སྐབས་སུ་གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་ཅེས་སྐྱེ་མཆེད་བཞིར་གཞག་ཅིང༌། དེ་དག་གི་རང་བཞིན་ཡང་གཟུགས་ཀྱི་ཕུང་པོའི་སྐབས་སུ་བཤད་པ་བཞིན་དུ་འདིར་ཡང་བཤད་པར་བྱ་སྟེ། ཇི་ལྟ་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་གང་ཞེ་ན། མིག་གི་ཡུལ་ཏེ། །བ་དོག་དང༌། དབྱིབས་དང༌། རྣམ་པར་རིག་བྱེད་པའོ། །སྒྲའི་སྐྱེ་མཆེད་གང་ཞེ་ན། རྣ་བའི་ཡུལ་ཏེ། ཟིན་པ་དང་མ་ཟིན་པ་དང༌། གཉི་གའི་སྟེ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ། །དྲིའི་སྐྱེ་མཆེད་གང་ཞེ་ན། སྣའི་ཡུལ་ཏེ། དྲི་ཞིམ་པ་དང༌། དྲི་མི་ཞིམ་པ་དང༌། དེ་ལས་གཞན་པའོ། །རོའི་སྐྱེ་མཆེད་གང་ཞེ་ན།


DTG137_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེའི་ཡུལ་ཏེ། མངར་བ་དང༌། སྐྱུར་བ་དང། ལན་ཚྭ་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བའོ་ཞེས་བཤད་པར་བྱའོ། །རེག་བྱའི་སྐྱེ་མཆེད་ཀྱང་གཟུགས་ཀྱི་ཕུང་པོ་བཤད་པའི་སྐབས་སུ་རེག་བྱའི་བཤད་པ་ཉིད་ལ་ནི་རེག་བྱའི་སྐྱེ་མཆེད་ཅེས་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་དག་དང༌། གང་རེག་བྱའི་ཕྱོགས་གཅིག་བཤད་པའོ་ཞེས་བྱ་བ་སྨོས་ཏེ། གོང་དུ་གཟུགས་ཀྱི་ཕུང་པོ་བཤད་པའི་སྐབས་སུ་ལུས་ཀྱི་རེག་བྱའི་རྒྱུ་འབྱུང་བ་ཆེན་པོ་བཞིའི་སྟེང་དུ་རྒྱུར་བྱས་པའི་གཟུགས་འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་དང་བདུན་གྱིས་བསྣན་ཏེ། བཅུ་གཅིག་པོ་དེ་ཉིད་ལ་རེག་བྱའི་སྐྱེ་མཆེད་ཅེས་བྱའོ། །སྐྱེ་མཆེད་བཅུའི་མཚན་ཉིད་བཤད་ནས། ཡིད་ཀྱི་སྐྱེ་མཆེད་གང་ལ་བྱ་བ་བཤད་པར་བྱ་བའི་ཕྱིར། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོའོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པའི་ཕུང་པོ་བཤད་པའི་སྐབས་སུ་རྣམ་པར་ཤེས་པ་བརྒྱད་ལ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ་ཞེས་བཤད་པའི་རྣམ་པར་ཤེས་པ་བརྒྱད་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ། །རྣམ་པར་ཤེས་པ་བརྒྱད་ཀྱང་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་སྟེང་དུ་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པའི་ཡིད་ཀྱིས་བསྣན་ཏེ་བརྒྱད་དོ། །དེ་བས་ན་སྐྱེ་མཆེད་བཤད་པའི་སྐབས་སུ་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཆོས་རྣམ་པ་བརྒྱད་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ་ཞེས་བསྟན་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་ནི་གང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་སོ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་རྣམ་པ་བརྒྱད་ཡོད་དེ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་བཞི་སྟེ་བརྒྱད་དོ། །དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ལ་སོགས་པའི་རང་བཞིན་ནི་གོང་དུ་ཕུང་པོ་བཤད་པའི་སྐབས་སུ་བཤད་ཟིན་པས་ད་མི་བཤད་ཀྱི་ཕུང་པོའི་སྐབས་སུ་འདུས་མ་བྱས་མ་བཤད་པས་ད་འདུས་མ་བྱས་ཀྱི་རང་བཞིན་བསྟན་པར་བྱ་བ་དང༌། འདུས་མ་བྱས་བཞི་པོ་གང་དང་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། འདུས་མ་བྱས་


DTG137_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན་ཞེས་དྲིས་ནས། ནམ་མཁའ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། དེ་བཞིན་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེ་ལ་ལས་དང་ཉོན་མོངས་པའི་རྒྱུ་དང་རྐྱེན་གྱི་མཐུ་ལས་སྐྱས་པའི་རང་བཞིན་ནི་འདུས་བྱས་ཞེས་བྱའི་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་རང་བཞིན་མ་ཡིན་པ་ལ་ནི་འདུས་མ་བྱས་ཞེས་བྱ་སྟེ། དེ་ཡང་ནམ་མཁའ་ལ་སོགས་པ་བཞིའོ། །དེ་ལ་ནམ་མཁའི་རང་བཞིན་ཇི་ལྟ་བུ་ཡིན་པ་མི་ཤེས་ནས་དེའི་རང་བཞིན་ཤེས་པར་འདོད་ནས། ནམ་མཁའ་གང་ཞེ་ན་ཞེས་དྲིས་ཏེ། ནམ་མཁའི་རང་བཞིན་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། གཟུགས་ཀྱི་གོ་འབྱེད་པའོ་ཞེས་བྱ་བ་སྨོས་ཏེ། ཐོགས་པ་དང་བཅས་པའི་གཟུགས་རྣམས་གནས་པ་དང༌། ཡུལ་གང་དུ་ཐོགས་པར་མི་བྱེད་པའི་གནས་དང༌། ཡུལ་དེ་ནི་ཐོགས་པ་དང་བཅས་པའི་གཟུགས་གཞན་གྱི་གོ་འབྱེད་པ་ཡིན་ཏེ། དེ་བས་ན་གཟུགས་རྣམས་ཕན་ཚུན་འགྲོ་བའི་གོ་འབྱེད་པ་ལ་ནམ་མཁའ་ཞེས་བྱའོ། །ཡང་ན་གཟུགས་རྣམས་སྐྱེ་བ་ལ་བགེགས་མི་བྱེད་པ་ནི་ནམ་མཁའ་ཞས་བྱའོ། །ཡང་ན་ནམ་མཁའ་འདིའི་བར་ན་དངོས་པོ་རྣམས་ཤིན་ཏུ་སྣང་བས་ན་ནམ་མཁའ་ཞེས་བྱའོ། །ནམ་མཁའི་འོག་ཏུ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྨོས་ན་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་རང་བཞིན་རྟོགས་པར་འདོད་ནས། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གང་ཞེ་ན་ཞེས་དྲིས་ཏེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་རང་བཞིན་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་སོ་སོར་བརྟགས་པ་ཞེས་བྱ་བ་ལ་བརྟགས་པ་ཞེས་བྱ་བ་དང༌། འཇལ་བ་ཞེས་བྱ་བ་དང༌། རྣམ་པར་འབྱེད་པ་ཞེས་བྱ་བ་དང༌། ཤེས་རབ་ཅེས་བྱ་བ་དག་ནི་ཚིག་གི་རྣམ་གྲངས་སུ་ཟད་ཀྱི་དོན་གཅིག་གོ །སོ་སོར་ཞེས་བྱ་བ་ནི་འདི་ལྟར་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་པོ་སོ་སོ་ལ་ནི་སྡུག་བསྔལ་གྱི་བདེན་པ་ལ་ནི་ཤེས་རབ་ཀྱིས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ཡིན་ནོ་ཞེས་བརྟགས་ཤིང་ཤེས་པར་བྱས། ཀུན་འབྱུང་གི་བདེན་པ་ལ་ནི་རྒྱུ་དང༌། རྐྱེན་དང༌། ཀུན་འབྱུང་བ་དང༌། རབ་ཏུ་འབྱུང་བ་ཞེས་བརྟགས་ཤིང་ཤེས་པར་བྱས། འགོག་པའི་


DTG137_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ལ་ནི་འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། བྱུང་བ་ཞེས་བརྟགས་ཤིང་ཤེས་པར་བྱས། ལམ་གྱི་བདེན་པ་ལ་ནི་ལམ་དང༌། རིགས་པ་དང༌། བསྒྲུབ་པར་བྱ་བ་དང་འབྱུང་བར་བྱེད་པར་བརྟགས་ཤིང་ཤེས་པར་བྱས་ཏེ། བདེན་པ་བཞི་པོ་སོ་སོ་ལ་བརྟགས་གཞལ་ནས་ཉོན་མོངས་པ་སྤངས་ཏེ་ཕུང་པོ་མི་སྐྱེ་པར་འགག་པ་ནི་སོ་སོར་བརྟགས་ཏེ་འགོག་པ་ཞེས་བྱ་སྟེ། དོན་དུ་ན། བདེན་པ་བཞི་ཤེས་པའི་ཤེས་རབ་ཀྱི་ཁྱད་པར་ལ་སོ་སོར་བརྟགས་པ་ཞེས་བྱ་བའོ། །སོ་སོར་བརྟགས་པ་མེད་པར་འགག་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་སྟེ། དོན་དུ་ན་ཤེས་རབ་མེད་པར་ཕུང་པོ་ལ་སོགས་པའི་ཆོས་མི་སྐྱེ་བར་གྱུར་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགག་པ་ཞས་བྱའོ། །དེ་ཡང་རྐྱེན་དང་མི་ལྡན་པ་སྟེ། གང་མ་འོངས་པའི་ཆོས་སྐྱེ་བར་འགྱུར་བ་དེ་སྐྱེ་བར་འགྱུར་བའི་ཆོས་རྒྱུ་དང་རྐྱེན་དང་མི་ལྡན་ཞིང་རྐྱེན་མེད་པས་མ་སྐྱེས་ཏེ་མ་འོངས་པའི་དུས་སུ་ལུས་ནས་ནམས་ཀྱང་མི་སྐྱེ་བར་འགྱུར་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགག་པ་ཞེས་བྱའོ། །དེའི་ལན་དུ། གང་འགོག་པ་མི་འབྲལ་བ་སྟེ་ཞེས་བྱ་བ་སྨོས་ཏེ། ཡང་ཉོན་མོངས་པ་མ་སྐྱེས་ལ་མི་འབྲལ་བ་དང༌། ཉོན་མོངས་པ་སྐྱེས་ལ་འབྲལ་བ་གཉིས་ཡོད་པ་ལས། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་ཕུང་པོ་མི་སྐྱེ་བར་འདོད་པ་ནི་ཡིན་གྱི་རྣམ་པར་བྲལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དུ་ན་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེ་ཕུང་པོ་ཤིན་ཏུ་མི་སྐྱེ་བའི་རང་བཞིན་ཡིན་གྱི་ཉོན་མོངས་པ་སྤངས་པའི་རང་བཞིན་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འགོག་པའི་སྒྲ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འབའ་ཞིག་ལ་འགོག་པ་ཞེས་བྱ་བར་མ་ཟད་ཀྱི་གསུང་རབ་ལ་སོ་སོར་བརྟགས་ཏེ་འགོག་པ་ལ་ཡང་འགོག་པ་ཞེས་བྱའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་འགོག་པ་ཞེས་བྱ། འདུ་ཤེས་མེད་པ་ལ་ཡང་འགོག་པ་ཞེས་བྱ། ཆོས་རྣམས་མི་རྟག་སྟེ་སྐྱེས་ནས་འགགས་པ་མི་རྟག་པ་ལ་ཡང་འགོག་པ་ཞེས་བྱ་བ་གསུངས་ཏེ། དེ་ལས་ཀྱང་འདིར་སོ་སོར་བརྟགས་ཏེ་འགོག་པ་མི་འཆད་དོ་ཞེས་བསལ་བར་བྱ་བའི་ཕྱིར་མི་འབྲལ་བ་ཞེས་བྱ་བ་སྨོས་ཏེ། སོ་སོར་བརྟགས་ཏེ་འགོག་པ་ནི་འབྲལ་བའི་རང་བཞིན་ཡིན་ལ་སོ་སོར་མ་བརྟགས་པའི་རང་བཞིན་ནི་མི་


DTG137_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་ཡིན་པས་མི་འབྲལ་བ་ཞེས་བྱ་བའི་ཚིག་གིས་སོ་སོར་བརྟགས་ཏེ་འགོག་པ་བསལ་བ་ཡིན་ནོ། །དེ་ལ་མི་འབྲལ་བ་ཞེས་བྱ་བ་ལ་འབྲལ་བའི་དོན་ཇེ་བསྟན་ཏོ། །ཉོན་མོངས་པའི་གཉེན་པོ་ཤེས་རབ་ཀྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པའི་ས་བོན་རྩ་བ་ནས་བཏོན་པས་ཉོན་མོངས་པ་དང་ཕུང་པོ་ཕྱིས་རབ་ཏུ་མི་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་འབྲལ་བ་ཞེས་བྱའོ། །སེམས་ཀྱི་རྒྱུད་ལ་ཉོན་མོངས་པའི་ས་བོན་ཡོད་པ་དེ་དག་ཤེས་རབ་ཀྱིས་མ་བཏོན་མ་བསལ་ཀྱང་ཆོས་དེ་དག་སྐྱེ་བའི་རྐྱེན་དང་མི་ལྡན་ཏེ། རྐྱེན་མེད་པས་མ་འོངས་པའི་ཆོས་རྣམས་རབ་ཏུ་མི་སྐྱེ་སྟེ་དེ་རྣམས་ཀྱང་སྐྱེ་བར་མི་འགྱུར་བ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱའོ། །དེ་ལྟར་བཤད་པ་དང༌། བརྒལ་བ། འདི་ལྟར་འཕགས་པ་དགྲ་བཅོམ་པ་དག་ལ་ལྷའམ་མིའམ་སེམས་ཅན་དམྱལ་བ་ལ་སོགས་པའི་རིས་མཐུན་པའི་གནས་སུ་ཕུང་པོ་སྐྱེ་བར་འགྱུར་བའི་ལས་མ་ངེས་པའི་ས་བོན་སེམས་ཀྱི་རྒྱུད་ལ་ཡོད་པ་འཕགས་པ་དགྲ་བཅོམ་པ་དེ་དག་གི་ཕུང་པོ་དེ་མ་འོངས་པ་ནི་མི་སྐྱེ་སྟེ། ནམས་ཀྱང་མི་སྐྱེ་བ་ཐོབ་པ་དེ་ཡང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་པའི་སྐྱོན་དུ་འགྱུར་བར་དོགས་པ་བསལ་བའི་ཕྱིར། དེ་ལ་གང་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་རབ་ཏུ་མི་སྐྱེད་པའོ་ཞེས་བྱ་བ་སྨོས་ཏེ། འཕགས་པ་དགྲ་བཅོམ་པའི་ཕུང་པོ་མི་སྐྱེ་བ་དེ་ལས་དགེ་བ་བྱས་པས་ལས་དེས་མ་འོངས་པའི་ཕུང་པོ་འཕེན་པར་འགྱུར་བའི་ལས་ཀྱི་ས་བོན་ཡོད་པ་དང༌། ལས་ལུང་དུ་མ་བསྟན་པ་བྱས་པས་མ་འོངས་པ་ན་བཟོ་ཤེས་པའི་ལུས་སྐྱེ་བར་འགྱུར་བའི་རྒྱུ་མཐུན་པའི་ལས་ཀྱི་ས་བོན་ཡོད་པ་འཕགས་པ་དགྲ་བཅོམ་པ་དེས་ས་བོན་མ་སྤངས་ཏེ། ཡོད་ཀྱང་མ་འོངས་པ་ན་ཕུང་པོ་མི་སྐྱེ་བ་དང༌། ཉོན་མོངས་པ་མི་སྐྱེ་བ་དེ་ཉོན་མོངས་པའི་གཉེན་པོ་མེད་པར་མི་སྐྱེ་བ་མི་འགྲུབ་སྟེ། གཉེན་པོ་དགོས་པས་གང་ཕུང་པོའི་ས་བོན་ཡོད་ཀྱང་ས་བོན་ཡོད་པ་དེ་ཉོན་མོངས་པའི་གཉེན་པོས་ཕུང་པོ་མི་སྐྱེ་བར་བྱས་པ་ནི་སོ་སོར་བརྟགས་ཏེ་འགོག་པ་དེ་ཉིད་དེ། དེ་བས་ན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང༌། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་སོ་སོར་བརྟགས་པས་འགོག་པ་ཡིན་པར་བཤད་དོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱིས་ཉོན་མོངས་པ་སྤངས་པ་ལས་གདོད་


DTG137_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་གཉིས་ཐོབ་པས་ན་སོ་སོར་བརྟགས་པས་འགོག་པར་གཞག་གོ །ཉོན་མོངས་པའི་གཉེན་པོ་ཞེས་བྱ་བ་ནི་འདིའི་སྐབས་སུ་ཟག་པ་མེད་པ་འཕགས་པའི་ལམ་ལ་ནི་མི་བྱ་སྟེ། ཉོན་མོངས་པའི་གཉེན་པོའི་འཕགས་པའི་ལམ་གྱིས་ཉོན་མོངས་པ་སྤངས་ནས་ཕུང་པོ་མི་སྐྱེ་བར་བྱས་པ་ལྟ་བུ་ནི་མ་ཡིན་གྱི། ཉོན་མོངས་པའི་གཉེན་པོ་མེད་པར་མ་འོངས་པའི་ཆོས་རྒྱུ་རྐྱེན་དང་མི་ལྡན་པས་ཕུང་པོ་དེ་རབ་ཏུ་མི་སྐྱེད་དེ། ནམས་ཀྱང་སྐྱེ་བར་མི་འགྱུར་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱའོ། །དེ་ལ་ཤིན་ཏུ་ཞེས་བྱ་བའི་སྒྲ་སྨོས་པ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འགོག་པ་དང༌། འདུ་ཤེས་མེད་པའི་འགོག་པ་ལས་དབྱེ་བར་བྱེད་དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཚེ་དུས་ཇི་སྲིད་ཅིག་ཏུ་ཆོས་མི་སྐྱེ་བར་བྱེད་པ་ཡིན་གྱི་ཤིན་ཏུ་མི་སྐྱེ་བར་བྱེད་པ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པའི་ཚེ་སེམས་དང་སེམས་ལས་བྱུང་བ་འགགས་ནས་དེ་ལས་ལངས་པ་དང༌། ཡང་ཕྱིས་སེམས་དང་སེམས་ལས་བྱུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །མ་འོངས་པའི་ཆོས་མི་སྐྱེད་ཅེས་བྱ་བས་མི་རྟག་པའི་འགོག་པ་ལས་འབྱེད་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། མི་རྟག་པའི་འགོག་པ་ནི་ད་ལྟར་གྱི་དུས་ཀྱི་ཆོས་སྐྱེས་པ་ལ་འགོག་པར་བྱེད་ཀྱི་མ་འོངས་པའི་ཆོས་མི་སྐྱེད་ཅིང་འགོག་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་དངོས་སུ་འདི་ལྟར་གཟུགས་ཀྱི་རྣམ་པ་གཅིག་ལ་མིག་གི་རྣམ་པར་ཤེས་པ་ཞེན་ནས་ཡེངས་པ་ན་གཟུགས་ཀྱི་རྣམ་པ་དཀར་པོ་དང་དམར་པོ་དང་སེར་པོ་ལ་སོགས་པ་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་ལ་སོགས་པའི་ཆོས་རྣམས་དུས་གཅིག་ཏུ་བྱུང་བ་ལས་གཟུགས་ཀྱི་རྣམ་པ་སྔོན་པོ་ལ་མིག་གི་རྣམ་པར་ཤེས་པ་ཞེན་ནས་ཡེངས་པ་དང༌། གཟུགས་ཀྱི་རྣམ་པ་དཀར་པོ་དང་དམར་པོ་ལ་སོགས་པ་ནི་སྐད་ཅིག་མ་ཡིན་པས་འགགས་ཏེ་འདས་པའི་དུས་ས་སོང་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་ལྔ་པོ་རྣམས་ནི་རྐྱེན་མེད་པས་མ་སྐྱེས་ཏེ། མ་འོངས་པའི་དུས་སུ་ལུས་ནས་ནམ་ཡང་མི་སྐྱེ་བར་འགྱུར་བ་དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགག་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་དེ་མ་ཐག་པའི་རྐྱེན་དེ་ནི་རྣམ་པ་གཅིག་ལ་ཞེན་པའི་རྣམ་པར་ཤེས་པའི་དེ་མ་ཐག་པའི་རྐྱེན་བྱས་ཀྱི་རྣམ་པར་ཤེས་པ་གཞན་གྱི་དེ་མ་ཐག་པའི་རྐྱེན་མ་


DTG137_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་དེ་མ་ཐག་པའི་རྐྱེན་མེད་པ་དང༌། དེ་དག་གི་དམིགས་པའི་ཡུལ་ལྔ་ཡང་འདས་པའི་དུས་སུ་སོང་བས་དམིགས་པའི་རྐྱེན་མེད་དེ་རྐྱེན་གཉིས་དང་མི་ལྡན་པས་ན་རྣམ་པར་ཤེས་པད་དག་མ་སྐྱེས་ཏེ་མ་འོངས་པའི་དུས་སུ་ལུས་སོ། །སོ་སོར་བརྟགས་པ་མ་ཡིན་པའི་འོག་ཏུ་སོ་སོར་བརྟགས་པ་སྨོས་ཏེ། དེ་བས་ན་སོ་སོར་བརྟགས་པས་འགོག་པའི་རང་བཞིན་ཤེས་པར་འདོད་ནས། སོ་སོར་བརྟགས་པས་འགོག་པ་གང་ཞེ་ན་ཞེས་དྲིས་ཏེ། སོ་སོར་བརྟགས་པས་འགོག་པའི་རང་བཞིན་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་སོ་སོར་བརྟགས་པ་ཞེས་པ་ལ་བརྟགས་པ་དང་འབྱེད་པ་དང་ཤེས་རབ་ཅེས་བྱ་བ་དག་དོན་གཅིག་སྟེ། གང་དེ་མ་ཐག་པའི་ལམ་དུ་གཏོགས་པའི་ཤེས་རབ་ཀྱི་ཁྱད་པར་ལ་བརྟགས་པ་ཞེས་བྱ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་སྟེ། བདེན་པ་བཞི་ལ་ཤེས་རབ་དེས་སོ་སོར་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པར་ཤེས་པར་བྱས་ནས་ཉོན་མོངས་པ་སྤངས་པས་ཐོབ་སྟེ། ཉོན་མོངས་པ་སྤངས་པས་ཕུང་པོ་མི་སྐྱེ་བར་འགག་པ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །དེའི་ལན་དུ། གང་འགོག་ལ་དེ་ནི་བྲལ་བའོ་ཞེས་བྱ་བ་སྨོས་ཏེ། སོ་སོར་བརྟགས་པས་འགོག་པ་དེ་ཕུང་པོ་མི་སྐྱེ་བར་འགོག་པས་ན་འགོག་པ་ཞེས་བྱ་ལ། དེ་ཡང་ཉོན་མོངས་པའི་མཚན་ཉིད་ཡིན་པས་དེ་ནི་བྲལ་བ་ཞེས་བྱའོ། །དེ་ལ་འགོག་པའི་ཚིག་འབའ་ཞིག་སྨོས་ཀྱི་འབྲལ་བའི་ཚིག་མ་སྨོས་ན་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འགོག་པ་དང༌། འདུ་ཤེས་མེད་པ་དང༌། མི་རྟག་པའི་འགོག་པ་ཡང་བྱ་བའི་སྐྱོན་དུ་འགྱུར་བས་དེའི་ཕྱིར། དེ་ནི་བྲལ་བའོ་ཞེས་བྱ་བ་སྨོས་ཏེ། སོ་སོར་བརྟགས་པ་མ་ཡིན་པ་ལ་སོགས་པའི་འགོག་པ་བཞི་ནི་འགོག་པ་ཡིན་ཀྱང་ཉོན་མོངས་པ་དང་བྲལ་བའི་རང་བཞིན་མ་ཡིན་ཏེ། དེ་བས་འབྲལ་བའི་ཚིག་གིས་འགོག་པ་ལྷག་མ་བཞི་བཀར་བ་ཡིན་ནོ། །གང་འགོག་ལ་བྲལ་བ་ཞེས་བྱ་བའི་དོན་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། དེ་ཡང་གང་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་རབ་ཏུ་མི་སྐྱེད་པའོ་ཞེས་བྱ་བ་སྨོས་སོ། །ཡང་ན་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱིས་ཉོན་མོངས་པ་རྣམས་མེད་པར་བཀག་པ་ནི་གང་འགོག་པ་ཞེས་བྱའོ། །ཉོན་མོངས་པ་སྔར་འགགས་པས་ཕྱིས་ཉོན་མོངས་པ་དང་


DTG137_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་སེམས་ཀྱི་རྒྱུད་ཐོབ་པ་ནི་འབྲལ་བ་ཞེས་བྱ་སྟེ། འབྲས་བུ་དང་བྲལ་བ་བསྟན་པའི་ཕྱིར་དེ་ཡང་གང་ཉོན་མོངས་པ་རྣམས་སྤངས་པས་ཉོན་མོངས་པ་མེད་པའི་ཕྱིར་ཕུང་པོ་ལྔ་ཚེ་རབས་གཞན་དུ་མི་སྐྱེ་བར་འགྱུར་བ་ནི་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་རབ་ཏུ་མི་སྐྱེད་པ་ཞེས་བྱ་སྟེ། དོན་དུ་ཀུན་འབྱུང་བ་དང༌། སྡུག་བསྔལ་གྱི་བདེན་པ་གཉིས་སྤངས་ཏེ། བཀག་པ་ལ་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །དེའི་དོན་ཞིབ་ཏུ་དཔྱད་པར་བྱའོ། །ཡོང་ནི་ལུས་ལ་གནས་པ་ཞེས་བྱ་བ་མེད་ཀྱི། ལུས་དང་ལོངས་སྤྱོད་དང༌། གནས་ཀུན་ཀྱང་ཀུན་གཞི་ལ་སྣང་བས་ཀུན་གཞི་ལ་གནས་ཞེས་བྱ། དེ་ལ་འདོད་པའི་ཁམས་ཀྱི་གནས་འདི་ནི། ཁམས་གསུམ་གྱི་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པ་ཡིན་ནོ། །གཟུགས་ཀྱི་གནས་ནི་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པའི་ས་བོན་དང་ལྡན་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ནི་ཁམས་གཅིག་གི་ཉོན་མོངས་པའི་ས་བོན་དང་ལྡན་ཏེ། གཟུགས་མེད་པའི་ཁམས་ཀྱི་ས་བོན་དང་ལྡན་ནོ། །ཁམས་གསུམ་ལས་འདོད་པའི་ཁམས་ན་ཉོན་མོངས་པའི་གཉེན་པོས་ཉོན་མོངས་པ་སྤངས་པས་ཕུང་པོ་མི་སྐྱེད་པ་ཇེ་དཔྱད་པར་བྱའོ། །དེ་ལ་འདོད་པའི་ཁམས་ན་བདེན་པ་བཞི་ལས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་སྟེ། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བསྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པའོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་ཏེ། སྔ་མ་བཅུ་ལས་འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་གསུམ་བཀོལ་ནས། ལོག་བར་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བདུན་ནོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ཕྱིར་སྤང་བར་བྱ་བའི་ཉོན་མོངས་པ་བདུན་ཏེ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་པོ་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་དེ། སྔ་མ་བདུན་གྱི་སྟེང་


DTG137_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཚུལ་ཁྲིམས་དང༌། བརྟུལ་ཞུགས་སྙེམས་པས་བསྣན་ནས་བརྒྱད་དོ། །དེ་ལྟར་འདོད་པའི་ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་བསྡོམས་ན་ཉོན་མོངས་བ་སུམ་ཅུ་རྩ་གཉིས་སོ། །འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་བཞི་ལ་ནི་དགུར་དབྱེ་སྟེ། ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆུང་དུ་དང༌། འབྲིང་བོའི་ཆེན་པོ་དང༌། འབྲིང་བོའི་འབྲིང་པོ་དང༌། འབྲིང་བོའི་ཆུང་དུ་དང༌། ཆུང་དུའི་ཆེན་པོ་དང༌། ཆུང་དུའི་འབྲིང་བོ་དང༌། ཆུང་དུའི་ཆུང་དུའོ། །འདོད་པའི་ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ལ་ཡང་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སྡུག་བསྔལ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིར་ཤེས་པ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ་ཞེས་བྱའོ། །ཀུན་འབྱུང་བ་ལ་ཀུན་འབྱུང་བ་ལ་སོགས་པ་རྣམ་པ་བཞིར་ཤེས་པའི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །འགོག་པ་ལ་འགོག་པ་ལ་སོགས་པ་རྣམ་བ་བཞིར་ཤེས་པ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ལམ་ལ་ལམ་ལ་སོགས་པ་རྣམ་པ་བཞིར་ཤེས་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུར་ཕྱེ་བའི་གཉེན་པོར་ཡེ་ཤེས་ཀྱང་དགུ་ཡོད་དེ། ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་དང༌། ཡེ་ཤེས་ཆེན་པོའི་འབྲིང་པོ་དང༌། ཡེ་ཤེས་ཆེན་པོའི་ཆུང་དུ་དང༌། ཡེ་ཤེས་འབྲིང་པོའི་ཆེན་པོ་དང༌། ཡེ་ཤེས་འབྲིང་པོའི་འབྲིང་བོ་དང༌། ཡེ་ཤེས་འབྲིང་པོའི་ཆུང་དུ་དང༌། ཡེ་ཤེས་ཆུང་དུའི་ཆེན་པོ་དང༌། ཡེ་ཤེས་ཆུང་དུའི་འབྲིང་པོ་དང༌། ཡེ་ཤེས་ཆུང་དུའི་ཆུང་དུའོ། །དེ་ལ་མཐོང་བ་དང་བསྒོམ་པའི་ལམ་དེ་དག་ལ་མིང་དུ་དེ་མ་ཐག་པའི་ལམ་ཞེས་བྱའོ། །དེ་ལ་འདོད་པའི་ཁམས་ཀྱི་གནས་ལ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གང་དང་གང་ཡོད་པ་དེ་དག་དེའི་གཉེན་པོ་དེ་མ་ཐག་པའི་ལམ་གྱི་སྐད་ཅིག་མ་གང་དང་གང་སྐྱེས་ཤིང་བྱུང་བར་གྱུར་ན་གཉེན་པོ་དེས་ཉོན་མོངས་པ་དེ་དང་དེ་


DTG137_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྤང་ཞིང་དེ་དང་བྲལ་བར་བྱེད་དོ། ཇི་ལྟ་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་སྤངས་ཤིང་དེ་དང་བྲལ་བར་འགྱུར་རོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་དང་བྲལ་བར་འགྱུར་རོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་དང་བྲལ་བར་འགྱུར་རོ། ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་དང་བྲལ་བར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་དང༌། ཡེ་ཤེས་དགུ་ཡང་དེ་མ་ཐག་པའི་ལམ་ཡེ་ཤེས་ཆུང་ངུའི་ཆུང་དུས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་བར་བྱེད་པས་ན་དེ་མ་ཐག་པའི་ལམ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོས་ནི་ཉོན་མོངས་པ་ཆུང་ངུའི་ཡང་ཆུང་ངུ་སྤོང་བར་བྱེད་དོ། །དེ་ལྟར་སྐད་ཅིག་མ་དང་པོ་ལ་ཉོན་མོངས་པའི་གཉེན་པོ་ལམ་དང་བཅས་པའི་ལུས་སྐྱེས་པས་ཉོན་མོངས་པ་སྤངས་ནས་སྐད་ཅིག་མ་ཕྱི་མ་ཕན་ཆད་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པས་བོན་འབྲེལ་བའི་ལུས་གཞན་སྐྱེད་པར་བྱེད་པར་མི་ནུས་ཏེ། གཉེན་པོ་དང་བཅས་པའི་ལུས་སྐད་ཅིག་མ་ཕྱི་མ་མི་སྐྱེད་ཅིང་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མའི་རྒྱུ་མི་བྱེད་པས་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་རབ་ཏུ་མི་སྐྱེད་པ་ཞེས་བྱའོ། །འཕགས་པའི་ལམ་དང་བཅས་པའི་ལུས་ཉོན་མོངས་པ་མེད་པ་སྔ་མ་དེས་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མ་ཅིའི་ཕྱིར་མི་སྐྱེད་ཅེ་ན། འཕགས་པའི་ལམ་དང་འགྲོགས་པའི་ལུས་ཉོན་མོངས་པ་མེད་པ་ལུས་སྐད་ཅིག་མ་སྔ་མ་ལ་བྱུང་བ་དེ་ལུས་ཉོན་མོངས་པ་དང་བཅས་པ་ཕྱིས་འབྱུང་བ་དང་འགལ་བ་ཡིན་ཏེ། དེ་བས་ན་ལུས་སྔ་མ་དེ་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མ་སྐྱེ་བའི་རྒྱུ་མི་བྱེད་ཅིང་ཕྱི་མ་སྐྱེད་པར་མི་བྱེད་དོ། །ལུས་ཉོན་མོངས་པ་མེད་པ་སྔ་མ་དེ་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མ་སྐྱེད་པའི་རྒྱུ་མི་བྱེད་ན། ལུས་གང་གིས་རྐྱེན་བྱེད་ཅེ་ན། དེ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་བྲལ་བའི་ལུས་ཕྱི་མ་སྐྱེ་བའི་རྒྱུ་ནི་མེད་དོ། ཉོན་མོངས་པ་མེད་པའི་ལུས་སྔ་མ་དེ་ཉོན་མོངས་པ་མེད་པའི་ལུས་ཕྱི་མ་དེ་སྐྱེད་པ་དང་མཐུན་པའི་རྐྱེན་ཡིན་པས་ན་ཉོན་


DTG137_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་མེད་པའི་ལུས་ཕྱི་མ་ནི་སྐྱེད་པའོ། །དེ་བས་ན་གཉེན་པོས་ཉོན་མོངས་པ་བསལ་ན་ཉོན་མོངས་པ་མེད་པའི་ལུས་ཕྱི་མ་ནི་སྐྱེད་ཀྱི་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མ་ནི་མི་སྐྱེད་པས་ན་གཉེན་པོས་ཕུང་པོ་རབ་ཏུ་མི་སྐྱེད་པ་ཞེས་བྱ་བ་སྟེ། དེ་ལ་སོ་སོར་བརྟགས་པས་འགོག་པ་ཞེས་གདགས་སོ། །ད་ནི་གཟུགས་དང་གཟུགས་མེད་པའི་ཁམས་ན་ཉོན་མོངས་པའི་གཉེན་པོས་ཉོན་མོངས་པ་སྤངས་ནས་ཕུང་པོ་མི་སྐྱེད་པར་བཤད་པར་བྱའོ། །དེ་ལ་སྔ་མ་གཟུགས་ཀྱི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་སྟེ། སྔ་མ་བཅུ་ལས་ཁོང་ཁྲོ་བ་ཕྲི་ནས་འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པའོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དྲུག་སྟེ། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཁོང་ཁྲོ་བ་བཞི་བཀོལ་ཏེ། ལོག་པར་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པའོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་སྟེ་སྔར་བཤད་པའི་དྲུག་པོ་ཉིད་དོ། །ལམ་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་བདུན་ཏེ། ལོག་པར་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པའོ། །གཟུགས་ཀྱི་ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བསྡོམས་ནས་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་ཡོད་དོ། །གཟུགས་ཀྱི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པ་གསུམ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུར་དབྱེའོ། །གཟུགས་མེད་པའི་ཁམས་ན་ཡང་བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ཡང་གཟུགས་ཀྱི་ཁམས་དང་འདྲ་སྟེ་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་དོ། །གཟུགས་མེད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་གཟུགས་ཀྱི་ཁམས་དང་འདྲ་སྟེ། འདོད་ཆགས་དང༌། ང་རྒྱལ་དང༌།


DTG137_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་གསུམ་ལས་རྣམ་པ་དགུར་དབྱེའོ། །ཁམས་གཉིས་ཀྱི་བསྒོམ་པས་སྤད་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་གཉེན་པོ་ཡང་བཞི་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་ལ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མི་རྟག་པ་ལ་སོགས་པ་བཞིར་ཤེས་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཁམས་གོང་མ་གཉིས་ཀྱི་ཀུན་འབྱུང་རྣམ་པ་བཞི་ལྟར་ཤེས་པ་ནི་ཀུན་འབྱུང་བ་རྗེས་སུ་ཤེས་པའི་བཟོད་པ་ཉོན་མོངས་པ་རྣམ་པ་དགུ་འགོག་པ་ལ་རྣམ་པ་བཞི་ལྟར་ཤེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཁམས་གོང་མ་གཉིས་ཀྱི་ལམ་ལ་རྣམ་པ་བཞི་ལྟ་བུར་ཤེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཁམས་གོང་མ་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་དགུར་ཕྱེ་བའི་གཉེན་པོ་ཡེ་ཤེས་ཀྱང་དགུ་དགུ་ཡོད་དོ། །ཆེན་པོའི་ཆེན་པོ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ལམ་དེ་དག་ལ་མིང་དུ་དེ་མ་ཐག་པའི་ལམ་ཞེས་བྱའོ། །དེ་ལ་ཁམས་གཉིས་ཀྱི་གནས་སམ་ལུས་ལ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གང་དང་གང་ཡོད་པ་དེ་དང་དེ་དག་དེའི་གཉེན་པོ་དེ་མ་ཐག་པའི་ལམ་གྱི་སྐད་ཅིག་མ་གང་དང་གང་སྐྱེས་ཤིང་བྱུང་བར་གྱུར་ན་གཉེན་པོ་དེས་ཉོན་མོངས་པ་དེ་དང་དེ་དག་སྤོང་ཞིང་དེ་དག་བྲལ་བར་བྱེད་དོ། །ཇི་ལྟ་ཞེ་ན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་ནས་ཁམས་གཉིས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་དགུ་ཡོད་པ་སྤང་བར་འགྱུར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་ནས་ཁམས་གཉིས་ཀྱི་ཀུན་འབྱུང་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་དྲུག་དྲུག་ཡོད་པ་དང་བྲལ་བར་འགྱུར་རོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་ནས་ཁམས་གཉིས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་དྲུག་ཡོད་པ་དང་བྲལ་བར་འགྱུར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་ནས་ཁམས་གཉིས་ཀྱི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་བདུན་ཡོད་པ་སྤོང་བར་འགྱུར་


DTG137_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་ཡང་དེ་མ་ཐག་པའི་ལམ་ཡེ་ཤེས་ཆུང་ངུའི་ཡང་ཆུང་དུས་ནི་ཉོན་མོངས་པ་ཆེན་པོའི་ཡང་ཆེན་པོ་སྤོང་བར་བྱེད་པས་ན་ཡེ་ཤེས་ཆེན་པོའི་ཡང་ཆེན་པོས་ནི་ཉོན་མོངས་པ་ཆུང་དུའི་ཡང་ཆུང་དུ་སྤོང་བར་བྱེད་དོ། །དེ་ལྟར་སྐད་ཅིག་མ་དང་པོ་ལ་ཉོན་མོངས་པའི་གཉེན་པོའི་ལམ་དང་བཅས་པའི་ལུས་སྐྱེས་པས་ཉོན་མོངས་པ་སྤངས་ན་སྐད་ཅིག་མ་ཕྱི་མ་ཕན་ཆད་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་འབྲེལ་པའི་ལུས་གཞན་སྐྱེད་པར་མི་ནུས་ཏེ། ཉོན་མོངས་པ་མེད་པའི་ལུས་ཀྱི་སྐད་ཅིག་མ་སྔ་མ་དེས་ཉོན་མོངས་པ་མེད་པའི་ལུས་ཕྱི་མའི་སྐད་ཅིག་མ་ནི་སྐྱེད་ཀྱི་ཉོན་མོངས་པ་དང་བཅས་པའི་ལུས་ཕྱི་མ་ནི་མི་སྐྱེད་པས་ན་ཉོན་མོངས་པའི་གཉེན་པོས་ཕུང་པོ་རབ་ཏུ་མི་སྐྱེད་པ་ཞེས་བྱ་སྟེ། དེ་ལ་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །སོ་སོར་བརྟགས་པས་འགོག་པའི་འགོག་ཏུ་དེ་བཞིན་ཉིད་སྨོས་ཏེ། དེ་བས་ན་དེ་བཞིན་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་བཞིན་ཉིད་གང་ཞེ་ན་ཞེས་དྲིས་ཏེ། དེ་བཞིན་ཉིད་ཀྱང་རང་བཞིན་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །རྟག་ཏུ་སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་དུ་གནས་ཏེ། རང་བཞིན་གཞན་དུ་མི་འགྱུར་བས་ན་དེ་བཞིན་ཉིད་ཅེས་བྱའོ། །དེའི་ལན་དུ། གང་ཆོས་རྣམས་ཀྱི་ཆོས་ཉིད་དང་ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་ཞེས་བྱ་བ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ལ་བྱའོ། །ཆོས་དེ་དག་གི་ཆོས་ཉིད་ནི་ཆོས་དེ་དག་གི་རང་བཞིན་ན་མ་ཆོས་དེ་དག་གི་ངོ་བོ་ཉིད་ལ་བྱ་སྟེ། ཆོས་དེ་དག་གི་ངོ་བོ་ཉིད་ནི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དེ། གཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་ལ་ཆོས་ཉིད་ཅེས་བྱའོ། །དེ་ལ་ཆོས་ཉིད་ནི་གཞན་ཡང་ཡོད་དོ། མི་རྟག་པ་དང༌། སྡུག་བསྔལ་བ་ལ་ཡང་ཆོས་ཉིད་ཅེས་བྱ་བས་མི་རྟག་པ་སྡུག་བསྔལ་བའི་ཆོས་ཉིད་ལ་བྱའོ་སྙམ་དུ་འཛིན་པ་བཟློག་པའི་ཕྱིར། གང་ཆོས་བདག་མེད་པའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གཟུགས་དང་སྒྲ་ལ་སོགས་པའི་ཆོས་རྣམས་ནི་གཟུང་བ་དང༌། འཛིན་པའི་རང་བཞིན་ཡིན་པས་ཤིས་པ་དང་བརྗོད་པའི་ཡུལ་དུ་གྱུར་པ་སྟེ། གཟུང་བ་དང་འཛིན་པའི་ངོ་བོར་ཤེས་པ་དང་བརྗོད་པའི་ཡུལ་དུ་གྱུར་པ་ལ་ཆོས་ཞེས་བྱའོ། །


DTG137_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་མེད་པ་ནི་གཟུང་འཛིན་གྱི་དངོས་པོ་དང་བྲལ་བ་ཤེས་པ་དང་བརྗོད་པའི་ཡུལ་དུ་མ་གྱུར་པའི་སྟོང་པ་ཉིད་ལ་ཆོས་བདག་མེད་པ་ཞེས་བྱའོ། །དོན་དུ་ཀུན་བརྟགས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་ཆོས་བདག་མེད་པ་ཞེས་བྱ་སྟེ། དེ་ལ་ཆོས་ཞེས་བྱ་བའི་མི་རྟག་པ་ལ་སོགས་པ་ལ་ནི་ཆོས་ཉིད་ཅེས་མི་བྱའོ། །ཡང་ན་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་གཉིས་སུ་འདུས་ལ། དེ་དག་ཀྱང་མཚན་ཉིད་གསུམ་དུ་གཞག་སྟེ། ཀུན་ཏུ་བརྟགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །གཟུང་བ་དང་འཛིན་པའི་ཆོས་རྣམས་ལ་གཟུང་འཛིན་གྱི་དངོས་པོ་ཡོད་པར་བརྟགས་པ་ནི་ཀུན་བརྟགས་པའི་མཚན་ཉིད་དོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གཞན་དབང་གི་མཚན་ཉིད་དོ། །ཀུན་གཞི་གཟུང་འཛིན་གྱི་དྲི་མ་དག་ནས་ཆོས་ཀྱི་སྐུར་གྲུབ་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་གཟུང་འཛིན་གྱི་དྲི་མ་དག་སྟེ། མེད་པར་གྱུར་ནས་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་གྱུར་ཏེ། ཆོས་ཀྱི་སྐུ་ཐོབ་པ་ལ་ཆོས་བདག་མེད་པ་ཞེས་ཀྱང་དེ་ལ་བྱ་བ་དེ་བཞིན་ཉིད་ཅེས་ཀྱང་དེ་ལ་བྱའོ། །སྐྱེ་མཆེད་ཀྱི་གྲངས་དང་དངོས་པོ་གང་ཡིན་པ་བསྟན་ནས། མིག་དང་རྣ་བ་ལ་སོགས་པ་དང་གཟུགས་དང་སྒྲ་ལ་སོགས་པ་ལ་མིང་དུ་སྐྱེ་མཆེད་ཅེས་བཏགས་པ་ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་བ་མི་ཤེས་ནས། ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན་ཞེས་དྲིས་ཏེ། མིག་དང་རྣ་བ་ལ་སོགས་པ་ལ་མིང་དུ་སྐྱེ་མཆེད་ཅེས་བཏགས་པ་དོན་གང་གིས་སྐྱེ་མཆེད་ཅེས་བཏགས་ཤེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པའི་སྒོ་ནི་རྣམ་པར་ཤེས་པ་སྐྱེ་ཞིང་འབྱུང་བའི་བདག་ཉིད་དུ་གྱུར་པའོ། །རྣམ་པར་ཤེས་པ་སྐྱེ་བའི་སྒོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བ་རྣམས་སྐྱེ་བའི་རྒྱུ་དང་རྐྱེན་དང་གནས་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་རྣམས་སྐྱེ་བར་བྱ་བའི་ཕྱིར་མིག་ལ་སོགས་པ་དེ་དག་རྒྱུ་དང་རྐྱེན་དང་གནས་སུ་གྱུར་བས་ནི་མིག་ལ་སོགས་པ་ལ་སྐྱེ་མཆེད་ཅེས་བྱའོ། །དེ་ལྟར་ཡང་ཅི་མངོན་ཞེ་ན། མདོ་ལས་སྐྱེ་མཆེད་ཀྱི་ངེས་པའི་ཚིག་ཏུ་བཤད་པ་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འཕེལ་བར་བྱེད་པའི་ཕྱིར་སྐྱེ་མཆེད་


DTG137_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ་ཞེས་གསུངས་སོ། །དེ་བས་ན་མིག་དང་གཟུགས་ནི་མིག་གི་རྣམ་པར་ཤེས་པ་སེམས་ལས་བྱུང་པའི་འཁོར་དང་བཅས་པ་སྐྱེ་བའི་སྒོ་དང༌། རྒྱུ་བྱེད་པའི་ཕྱིར་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ནས། ཡིད་དང་ཆོས་ནི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པའི་སྐྱེ་བའི་སྒོ་དང་རྒྱུ་བྱེད་པའི་ཕྱིར་ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བའི་བར་དུའོ། །སྐྱེ་མཆེད་བཅུ་གཉིས་བཤད་པ་རྫོགས་སོ།། །།མདོ་སྡེ་ལས་སྐྱེ་མཆེད་བཅུ་གཉིས་ཀྱི་འོག་ཏུ་ཁམས་བཅོ་བརྒྱད་བཤད་དེ། དེ་བས་ན་མདོ་དང་མཐུན་པར་འདིར་ཡང་སྐྱེ་མཆེད་ཀྱི་འོག་ཏུ་ཁམས་བཤད་པར་བྱའོ། །དེ་ལ་ཁམས་ལ་གྲངས་ནི་དུ་ཡོད། དེ་དག་དངོས་སུ་གང་དང་གང་ཡིན་པ་བསྟན་པ་དང༌། ཅིའི་ཕྱིར་ཁམས་ཞེས་པའི་དོན་བསྟན་པའི་ཕྱིར། ཁམས་བཅོ་བརྒྱད་ནི་ཞེས་བྱ་བ་སྨོས་ཏེ། ཁམས་ལ་གྲངས་ནི་བཅོ་བརྒྱད་ཡོད། །ཅེས་བྱ་བའི་དོན་ཏོ། །དེ་དག་དངོས་གད་ཡིན་པ་བསྟན་པའི་ཕྱིར། མིག་གི་ཁམས་དང་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་བྱ་བའི་བར་དུ་སྨོས་སོ། །དེ་ལ་མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་ལྔ་དང༌། གཟུགས་ཀྱི་ཁམས་དང། སྒྲའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་ཏེ། ཁམས་བཅུ་པོ་དེ་དག་གང་ལ་བྱ་དངོས་གང་ཡིན་བསྟན་པའི་ཕྱིར། མིག་ལ་སོགས་པའི་ཁམས་དང༌། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་ཕུང་པོ་བཤད་བའི་སྐབས་སུ་རྒྱུར་བྱས་པའི་གཟུགས་བཅུ་གཅིག་ལས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་རྣམས་ནི་དབང་པོ་ཡིན་པར་བཤད་ལ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ནི་ཡུལ་ལྔ་ཡིན་པར་བཤད་པ་ལས་སྐྱེ་མཆེད་བཤད་པའི་སྐབས་སུ་ཡང་མིག་ལ་སོགས་པའི་དབང་པོ་ཉིད་ལ་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྐྱེ་མཆེད་ལྡར་བཤད་ལ། གཟུགས་ལ་སོགས་པའི་ཡུལ་ལྔ་ནི་སྐྱེ་མཆེད་ཀྱི་སྐབས་སུ་གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཅེས་སྐྱེ་མཆེད་ལྔ་བཤད་དོ། །ཁམས་བཤད་པའི་སྐབས་སུ་ཡང་སྐྱེ་མཆེད་བཅུ་པོ་ཉིད་ལ་ཁམས་བཅུ་ཞེས་བྱ་


DTG137_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མིག་གི་སྐྱེ་མཆེད་ལ་མིག་གི་ཁམས་ཞེས་བྱ་བ་དང༌། རྣ་བའི་སྐྱེ་མཆེད་ལ་རྣ་བའི་ཁམས་ཞེས་བྱ་བ་དང༌། སྣའི་སྐྱེ་མཆེད་ལ་སྣའི་ཁམས་ཞེས་བྱ་བ་དང༌། ལྕེའི་སྐྱེ་མཆེད་ལ་ལྕེའི་ཁམས་ཞེས་བྱ་བ་དང༌། ལུས་ཀྱི་སྐྱེ་མཆེད་ལ་ལུས་ཀྱི་ཁམས་ཞེས་བྱ་བ་དང༌། གཟུགས་ཀྱི་སྐྱེ་མཆེད་ལ་གཟུགས་ཀྱི་ཁམས་ཞེས་བྱ་བ་དང༌། སྒྲའི་སྐྱེ་མཆེད་ལ་སྒྲའི་ཁམས་ཞེས་བྱ་བ་ནས་རེག་བྱའི་སྐྱེ་མཆེད་ལ་རེག་བྱའི་ཁམས་ཞེས་བྱ་བར་ཟད་པས་ན། མིག་ལ་སོགས་པའི་ཁམས་དང༌། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ཆོས་ཀྱི་ཁམས་ཞེས་བྱ་བ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱི་སྐབས་སུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དེ་ཕུང་པོ་གསུམ་གྱི་སྟེང་དུ་རྣམ་པར་རིག་བྱེད་མ་ཡིན་པས་བསྣན་ཏེ་བཞི་དང༌། འདུས་མ་བྱས་བཞི་དང་བརྒྱད་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བ་བཤད་པའི་ཆོས་བརྒྱད་པོ་དེ་ཉིད་ལ་ཆོས་ཀྱི་ཁམས་ཞེས་བྱའོ། །སྐྱེ་མཆེད་བཤད་པའི་སྐབས་སུ་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པ་བརྒྱད་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་པ། ཁམས་བཤད་པའི་སྐབས་སུ་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའི་ཆོས་བརྒྱད་ལ་ཡིད་ཀྱི་ཁམས་ཞེས་མི་བྱའི་ཁམས་བཤད་པའི་ཚེ་སེམས་ཀྱི་ཁམས་བདུན་ཞེས་བྱ་སྟེ། དེ་བས་ན་དེའི་དོན་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཤེས་པ་དྲུག་གི་ཁམས་ནི་མིག་ལ་སོགས་པ་ལ་གནས་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་མིག་ལ་སོགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དྲུག་པོ་དེ་དག་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྐྱེ་མཆེད་དྲུག་ལ་བརྟེན་ཏེ། མིག་གི་རྣམ་པར་ཤེས་པ་ནི་མིག་གི་སྐྱེ་མཆེད་ལ་བརྟེན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་སྐྱེ་མཆེད་ལ་བརྟེན་པས་ན་རྣམ་པར་ཤེས་པ་དྲུག་གི་ཁམས་ནི་མིག་ལ་སོགས་པ་གནས་པ་ཞེས་བྱའོ། །གཞུག་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པ་ཞེས་བྱ་བ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་ཡུལ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་སོ། །དམིགས་པ་


DTG137_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཡུལ་དེ་དག་གི་རང་བཞིན་ཤེས་པར་བྱེད་པ་ལ་བྱ་སྟེ། གཟུགས་ཀྱི་རང་བཞིན་ཤེས་པར་བྱེད་པའི་མིག་གི་རྣམ་པར་ཤེས་པ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ནས། ཆོས་ཀྱི་རང་བཞིན་ཤེས་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བར་ཟད་དོ། །དེ་ལྟར་ཁམས་བཅུ་བདུན་བཤད་ནས། ཡིད་ཀྱི་ཁམས་ཞེས་བྱ་བ་རྣམ་པར་ཤེས་པ་དྲུག་པོ་ཉིད་ལ་བྱའམ་འོན་ཏེ་དེ་ལས་མ་གཏོགས་པའི་ཡིད་ཀྱི་ཁམས་གཞན་ཞིག་ཡོད་སྙམ་པ་ལ། རྣམ་པར་ཤེས་པ་དྲུག་པོ་ཉིད་ལ་ཡིད་ཀྱི་ཁམས་ཞེས་བྱ་བར་ཟད་ཀྱི་དེ་ལས་མ་གཏོགས་པར་ཡིད་ཀྱི་ཁམས་ཞེས་བྱ་བ་མེད་དོ། །ཡིད་ཀྱི་ཁམས་ནི་དེ་དག་འགགས་མ་ཐག་པ་སྟེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དྲུག་གི་ཁམས་དེ་དག་སྔར་འགགས་མ་ཐག་པ་ལ་ཡིད་ཀྱི་ཁམས་ཞེས་བྱ་བར་ཟད་ཀྱི་དེ་མ་གཏོགས་པར་ཡིད་ཀྱི་ཁམས་ཞེས་བྱ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །བརྒལ་བ། རྣམ་པར་ཤེས་པ་སྔ་མ་འགགས་པ་ལ་ཡིད་ཀྱི་ཁམས་ཞེས་བྱ་བ་ནི་ཡང་ན་ཁམས་བཅུ་བདུན་དུ་འགྱུར། ཡང་ན་ཁམས་བཅུ་གཉིས་སུ་འགྱུར་གྱི་དེ་ལྟ་ན་ཁམས་བཅོ་བརྒྱད་དུ་མི་འགྱུར་རོ། །ཇི་ལྟ་ཞེ་ན། རྣམ་པར་ཤེས་པ་དྲུག་པོ་སྔ་ཕྱི་འགགས་བ་རྣམས་ཕན་ཚུན་བསྡུས་པའི་ཕྱིར་ཏེ། རྣམ་པར་ཤེས་པ་སྔ་མ་དྲུག་པོ་ཡིད་དུ་བཏགས་པ་རྣམ་པར་ཤེས་པའི་ཁམས་དྲུག་གི་རང་བཞིན་ལས་ལྷག་པར་བྱེད་པས་དེའི་ནང་དུ་འདུས་པའི་ཕྱིར་ཁམས་བཅུ་བདུན་དུ་འགྱུར་རོ། །ཡང་ན་རྣམ་པར་ཤེས་པའི་ཁམས་དྲུག་ཡིད་ཀྱི་ཁམས་སུ་བསྡུས་ན་ནི་ཁམས་བཅུ་གཉིས་སུ་འགྱུར་ཏེ། ཁམས་བཅོ་བརྒྱད་དུ་མེད་དོ་ཞེས་དོགས་པ་བསལ་བའི་ཕྱིར། རྣམ་བར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར་དེ་ལྟར་བཅོ་བརྒྱད་དུ་རྣམ་པར་གཞག་གོ་ཞེས་བྱ་བ་སྨོས་ཏེ། མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་ནམ་གནས་ནི་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྐྱེ་མཆེད་ལྔ་ལ་བྱ་བར་གྲགས་ན་ཡིད་ཀྱི་རྣམ་པར་ཤེས་པའི་གནས་དང་རྟེན་གྲགས་བས་དེའི་ཕྱིར་གནས་དང་རྟེན་བསྟན་པར་བྱ་བའི་ཕྱིར་རྣམ་བར་ཤེས་པ་དྲུག་པོ་འགགས་མ་ཐག་པ་ལ་ཡིད་ཀྱི་ཁམས་ཞེས་བཤད་པ་དང་


DTG137_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅོ་བརྒྱད་དུ་འགྱུར་རོ། །གོང་དུ་ཕུང་པོ་ལྔར་བཤད་པའི་ཆོས་དེ་ཉིད་སྐྱེ་མཆེད་བཅུ་གཉིས་སུ་བཤད་པ་དང༌། སྐྱེ་མཆེད་བཅུ་གཉིས་སུ་བཤད་པའི་ཆོས་དེ་ཉིད་ཁམས་བཅོ་བརྒྱད་དུ་བཤད་པའི་དོན་བསྡུས་པའི་ཕྱིར། གཟུགས་ཀྱི་ཕུང་པོ་གང་ཡིན་པ་ནི་སྐྱེ་མཆེད་དང༌། ཁམས་བཅུ་དང། ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་ཕུང་པོ་བཤད་པའི་སྐབས་སུ་རྒྱུར་བྱས་པའི་གཟུགས་རྫས་བཅུ་གཅིག་ཏུ་བཤད་དེ། མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་ལྔ་དང༌། རྣམ་བར་རིག་བྱེད་མ་ཡིན་པ་དང༌། བཅུ་གཅིག་ལས་དབང་པོ་ལྔ་དང༌། ཡུལ་ལྔ་སྟེ་བཅུ་ལ་སྐྱེ་མཆེད་བཤད་པའི་སྐབས་སུ་སྐྱེ་མཆེད་བཅུར་བཤད་དོ། །མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ལྔ་སྟེ་བཅུའོ། །ཁམས་བཤད་པའི་སྐབས་སུ་ཡང་ཁམས་བཅུར་བཤད་དེ། མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ལྔ་སྟེ་བཅུའོ། །རྒྱུར་བྱས་པའི་གཟུགས་སུ་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པ་ནི་སྐྱེ་མཆེད་ཀྱི་སྐབས་སུ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཅེས་བྱའོ། །ཁམས་བཤད་པའི་སྐབས་སུ་ཡང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱ་སྟེ། ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ལ་རྫས་བརྒྱད་ཡོད་པ་ལས་རྣམ་པར་རིག་བྱེད་མ་ཡིན་པ་རྫས་གཅིག་ཡིན་པས་ན་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱའོ། །གང་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ཡིད་ཀྱི་སྐྱེ་མཆེད་དང་སེམས་ཀྱི་ཁམས་བདུན་ནོ་ཞེས་བྱ་ལ། ཕུང་པོ་ལྔ་ལས་རྣམ་པར་ཤེས་པ་བརྒྱད་ལ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བཤད་པའི་རྣམ་པར་ཤེས་བའི་ཕུང་པོ་ལ་སྐྱེ་མཆེད་བཤད་པའི་སྐབས་སུ་རྣམ་པར་ཤེས་བ་བརྒྱད་ཅར་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ། །རྣམ་པར་ཤེས་པ་བརྒྱད་ལས་ཁམས་བཤད་པའི་སྐབས་སུ་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པའི་ཡིད་གཉིས་བཀོལ་ཏེ། ཕྱི་ན་རྣམ་པར་ཤེས་པ་དྲུག་ལ་སེམས་ཀྱི་ཁམས་


DTG137_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤས་པའི་ཁམས་ཀྱི་བར་དུ་སེམས་དྲུག་དང་རྣམ་པར་ཤེས་པ་དྲུག་པོ་སྔ་མ་འགགས་པ་ཉིད་ལ་ཡིད་ཀྱི་ཁམས་ཞེས་བཏགས་ཏེ། ཡིད་ཀྱི་ཁམས་དང་སེམས་ཀྱི་ཁམས་བདུན་ནོ། །གང་དག་ཕུང་པོ་གསུམ་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་པོ་དེ་དག་དང་འདུས་མ་བྱས་དང་བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་སོ་ཞེས་བྱ་བ་ལ། ཕུང་པོའི་སྐབས་སུ་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ཕུང་པོ་རེ་རེར་བཤད་པའི་ཕུང་པོ་དེ་དང༌། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་རྣམ་པར་རིག་བྱེད་མ་ཡིན་པས་བསྣན་ཏེ་དེ་དང་བཞིའི་སྟེང་དུ་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་བཞི་དང་བརྒྱད་ལ་སྐྱེ་མཆེད་ཀྱི་སྐབས་སུ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་ལ། ཁམས་ཀྱི་སྐབས་སུ་ནི་བརྒྱད་པོ་དེ་ཉིད་ལ་ཆོས་ཀྱི་ཁམས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །མིག་དང་གཟུགས་ལ་སོགས་པ་ལ་ཁམས་ཞེས་བཏགས་པ་དོན་གང་དང་གང་གིས་ཁམས་ཞེས་བཏགས་ཞེས་བྱ་བའི་དོན་ཏོ། །དེའི་ལན་དུ། མི་བྱེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་ཅི་ཡང་བྱེད་པ་མེད་པས་ན་མི་བྱེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་རྣམས་ནི་སྐད་ཅིག་མ་ཡིན་ཏེ་སྐྱེས་མ་ཐག་ཏུ་ཞིག་པས་ཅི་ཡང་བྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་མི་བྱེད་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བྱ་སྟེ། དཔེར་ནས་སྲ་བའི་རང་གི་མཚན་ཉིད་འཛིན་པས་སའི་ཁམས་ཞེས་བྱ་བ་དང་འདྲ་བར་ཆོས་དེ་དག་ཀྱང་སོ་སོ་རང་གི་མཚན་ཉིད་འཛིན་པས་ན་ཁམས་ཞེས་བྱའོ། །འདི་ལྟར་ཕུང་པོར་བཤད་པའི་ཆོས་གང་ཡིན་པ་དེ་ཉིད་སྐྱེ་མཆེད་དང་ཁམས་ཀྱི་སྐབས་སུ་ཡང་ཆོས་དེ་དག་བཤད་དེ། ཕུང་པོ་བཤད་པའི་སྐབས་སུ་སྐྱེ་མཆེད་ཀྱི་ཆོས་ཀྱང་བཤད་པས་སྐྱེ་མཆེད་འདས་ཏེ་བཤད་མི་དགོས་ལ། སྐྱེ་མཆེད་བཤད་པའི་སྐབས་སུ་ཁམས་ཀྱི་ཆོས་ཀུན་ཀྱང་བཤད་ཟིན་པས་ཁམས་ལོགས་ཤིག་བཤད་མི་དགོས་ན་ཆོས་དེ་དག་ཡང་ནས་ཡང་དུ་བཟླས་ཏེ་བཤད་པ་ལ་དགོས་པ་ཅི་ཡོད་པ་འདྲི་བའི་ཕྱིར། ཅིའི་ཕྱིར་ཞེ་ན། ཕུང་པོ་ལ་སོགས་པ་བཤད་ཅེ་ན་


DTG137_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་དང༌། ཉོན་མོངས་པའི་གཉེན་པོ་ཡིན་པས་དགོས་པ་དང་བཅས་པ་ཡིན་ན་ཕུང་བོར་བཤད་པའི་ཆོས་དེ་དག་ཉིད་ཡང་ནས་ཡང་དུ་མིང་སྐྱེ་མཆེད་དང༌། ཁམས་ཞེས་གཞན་དང་གཞན་དུ་བརྗེས་ཏེ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དགོས་པ་ཡོད་པར་བསྟན་པའི་ཕྱིར། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། མུ་སྟེགས་པ་བདག་ཏུ་འཛིན་པ་རྣམ་པ་གསུམ་ཡོད་དེ། བདག་ཏུ་འཛིན་པ་རྣམ་པ་གསུམ་སྤང་བར་བྱ་བའི་གཉེན་པོ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རིམ་བཞིན་དུ་བཤད་དེ་དེ་ནི་དགོས་པའོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་པོ་ཡང་གང་ཡིན་མི་ཤེས་ནས་གསུམ་པོ་དེ་གང་ཡིན་བསྟན་པར་བྱ་བའི་ཕྱིར། བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་ཏུ་འཛིན་པ་དང༌། ཟ་བར་བྱེད་པ་དང་བྱེད་པར་འཛིན་པའོ་ཞེས་བྱ་བ་སྨོས་སོ། །དེ་གཅིག་ཏུ་འཛིན་པར་བྱེད་པའི་གཉེན་པོར་ནི་ཕུང་པོ་ལྔ་བཤད་དེ། ཕུང་པོ་ལྔའི་རང་བཞིན་བཤེས་ན་གཅིག་ཏུ་འཛིན་པ་མེད་པར་འགྱུར་རོ། །བྲ་བར་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བཤད་དེ། སྐྱེ་མཆེད་བཅུ་གཉིས་ཀྱི་རང་བཞིན་ཤེས་ན་ཟ་བར་འཛིན་པ་མེད་པར་འགྱུར་རོ། །བྱེད་པར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་དེ། ཁམས་བཅོ་བརྒྱད་ཀྱི་རང་བཞིན་ཤེས་ན་བྱེད་པར་འཛིན་པ་མེད་པར་འགྱུར་རོ། །དེ་ལ་བདག་ཏུ་སྨྲ་བ་བྱེ་བྲག་པ་དང་གྲངས་ཅན་ལ་སོགས་པ་ནི་ཆོས་མང་པོ་འདུས་པ་མི་རྟག་པའི་ཕུང་པོ་འདི་ལ་བདག་གཅིག་པུར་འཛིན་ཏོ། །ཡང་ན་བདག་ཏུ་སྨྲ་བ་དེ་དག་ཕུང་པོ་ལྔ་ལས་མ་གཏོགས་པའི་བདག་ཅེས་བྱ་བ་གཅིག་པུ་ཞིག་ལོགས་ཤིག་ན་གཟུགས་ཀྱང་བདག་དེས་མཐོང་བར་བྱེད་ལ། སྒྲ་ཡང་བདག་དེས་ཐོས་བར་བྱེད། དྲི་ཡང་བདག་དེས་སྣོམ། རོ་ཡང་བདག་དེས་མྱོང་བ་ནས། ཚོར་བ་ཡང་བདག་དེས་ཚོར་ཞིང་མྱོང་བར་བྱེད། ཡུལ་ལ་མཚན་མར་འཛིན་བ་ཡང་བདག་དེས་འཛིན་ཅིང་ཤེས་བར་བྱེད། དགེ་བ་ལ་སོགས་པའི་ལས་ཀྱང་བདག་དེས་མངོན་པར་འདུ་བྱེད། གཟུགས་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པ་ཡང་བདག་དེས་ཤེས་པར་


DTG137_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། བདག་དེ་ནི་གཅིག་བུ་རྟག་པའོ་ཞེས་གཅིག་ཏུ་འཛིན་ཏོ། །དེའི་ལན་དུ་སེམས་ཅན་རྣམས་ཀྱི་ལུས་ཀྱི་དངོས་པོ་ལྔ་ལས་མ་གཏོགས་པར་གཟུགས་ལ་སོགས་པ་ལ་མཐོང་བར་བྱ་བའི་བདག་གཅིག་བུ་བའི་རང་བཞིན་ནི་གང་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། གཟུགས་ནི་མིག་ཉིད་ཀྱིས་མཐོང་བར་བྱེད་པར་ཟད་ཀྱི་མིག་ལས་མ་གཏོགས་པར་མཐོང་བར་བྱེད་པའི་བདག་གཞན་ནི་མེད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་རྣ་བ་ལ་སོགས་པ་ཉིད་ཀྱིས་ཐོས་པར་བྱེད་དོ་ཞེས་བྱ་བར་སྦྱོར་རོ། །གཞན་གྱིས་བརྒལ་བ། མིག་ལས་མ་གཏོགས་པའི་བདག་མཐོང་བར་བྱེད་བ་མེད་ཀྱི་མིག་ཉིད་ཀྱིས་མཐོང་བར་འགྱུར་རོ་ཞེས་བཤད་ན་མིག་ནི་རྡུལ་ཕྲན་ལས་གྱུར་བ་ཡིན་ཏེ། བླུན་པོའི་རང་བཞིན་ཡིན་ན་དེས་ཇི་ལྟར་གཟུགས་མཐོང་བར་བྱེད། ལན་དུ། གཟུགས་ནི་མིག་གི་རྣམ་པར་ཤེས་པས་མཐོང་བ་སྟེ། མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་བའི་རྒྱུ་ཐུན་མོང་མ་ཡིན་པ་མིག་གི་དབང་པོས་བྱེད་པས་མིག་གི་རྣམ་པར་ཤེས་པས་མཐོང་ཡང་མིག་གིས་མཐོང་ངོ་ཞེས་བཏགས་སོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་ཉིད་མྱོང་བར་བྱེད་པའི་རང་བཞིན་ཡིན་པས་ཚོར་བའི་ཕུང་པོ་ཉིད་ཀྱིས་ཚོར་ཞིང་མྱོང་བར་བྱེད་པར་ཟད་ཀྱི་ཚོར་བ་མྱོང་བར་བྱེད་པའི་བདག་གཞན་མེད་དོ། །འདུ་ཤེས་ཀྱང་ཡུལ་ལ་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་ཡུལ་གྱི་མཚན་མ་ཡང་འདུ་ཤེས་ཉིད་ཀྱིས་འཛིན་གྱི་བདག་གཅིག་པུ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་སྦྱོར་རོ། །དེ་བཞིན་དུ་འདུ་བྱེད་ཀྱང་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་ཡིན་པས་ལས་དགེ་བ་དང་མི་དགེ་བ་ཡང་འདུ་བྱེད་ཀྱིས་བྱེད་པར་ཟད་ཀྱི་བདག་གཅིག་པུ་དེས་ལས་དགེ་བ་དང་མི་དགེ་བ་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཡང་གཟུགས་དང༌། སྒྲ་ལ་སོགས་པའི་ཡུལ་ཤེས་པར་བྱེད་པའི་རང་བཞིན་ཡིན་པས་གཟུགས་མིག་གི་རྣམ་པར་ཤེས་པས་ཤེས་བར་བྱེད་བས་ན་ཆོས་ནི་ཡིད་ཀྱི་རྣམ་བར་ཤེས་བས་ཤེས་བར་བྱེད་ཀྱི་བདག་གཅིག་པུ་དེས་ཤེས་པར་བྱེད་བ་ནི་མ་ཡིན་ནོ་ཞེས་དེ་ལྟར་སྦྱར་བར་བྱའོ། །དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལུས་ཀྱི་དངོས་པོ་ནི་ཕུང་པོ་ལྔའི་བདག་ཉིད་ཡིན་པས་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་


DTG137_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྣམ་པར་ཤེས་པ་སྟེ་དངོས་པོ་དུ་མའི་རང་བཞིན་ཡིན་ལ། ལྟ་བ་ལ་སོགས་པ་ཡང་ཕུང་པོ་ལྔ་ཉིད་བྱེད་པར་ཟད་ཀྱི་ཕུང་པོ་རྣམས་མ་གཏོགས་པར་བདག་གཅིག་པུ་ཞེས་བྱ་བ་མེད་དེ་ཞེས་ཁོང་དུ་ཆུད་ན་བདག་གཅིག་པུར་འཛིན་པ་ལས་རྣམ་པར་ལྡོག་པར་འགྱུར་རོ། །གཅིག་པུར་འཛིན་པ་ལས་ལོག་པར་གྱུར་ན་གཅིག་པུར་འཛིན་པའི་རྒྱུ་ལས་བྱུང་བ་བདག་ཏུ་འཛིན་པ་ལས་ཀྱང་ལོག་པར་འགྱུར་ཏེ། དེ་བས་ན་གཅིག་པུར་འཛིན་པའི་གཉེན་པོར་ཕུང་པོ་ལྔ་བཤད་དོ། །ཟ་བར་འཛིན་པ་ཡང་བདག་ཏུ་སྨྲ་བ་རྣམས་ནི་གང་ལས་དགེ་བའི་འབྲས་བུ་བདེ་བ་དང༌། ལས་མི་དགེ་བའི་འབྲས་བུར་སྡུག་བསྔལ་ཡང་བདག་དེས་མྱོང་ཞིང་ལས་ཀྱི་འབྲས་བུ་ལ་བདག་ཟ་བར་བྱེད་བ་དང༌། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ཡང་བདག་དེས་མྱོང་ཞིང་ཡུལ་ལ་བདག་ཅེས་ཟ་བར་བྱེད་དོ་ཞེས་འཛིན་ཏོ། །དེ་ལྟར་བདག་ལ་ཟ་བ་པོར་འཛིན་པའི་གཉེན་པོར་སྐྱེ་མཆེད་རྣམས་བཤད་པ་ཡིན་ཏེ། ལས་དགེ་བ་དང་མི་དགེ་བའི་འབྲས་བུར་བདེ་བའམ། སྡུག་བསྔལ་བ་དང༌། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་ཟ་བར་བྱེད་ཅེས་བྱ་བ་ནི་ལས་ཀྱི་འབྲས་བུ་དང་ཡུལ་དུ་དམིགས་པར་བྱེད་པ་སྟེ། ལས་ཀྱི་འབྲས་བུ་ལ་དམིགས་པར་བྱེད་པ་ཡང་ལས་གང་གིས་བྱས་པ་དེ་ཉིད་ཀྱི་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་སྤྱོད་ཅིང་དམིགས་པར་བྱེད་དེ། ལས་དགེ་བ་དང་མི་དགེ་བ་ཡང་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་ཤེས་པས་བྱས་པས་དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དག་གིས་མྱོང་ཞིང་དམིགས་པར་བྱེད་བར་ཟད་ཀྱི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་བྱེད་པའི་བདག་ནི་མེད་པ་དང༌། གཟུགས་ལ་སོགས་པའི་ཡུལ་ལ་དམིགས་ཤིང་ཟ་བར་བྱེད་བ་ཡང་སྐྱེ་མཆེད་ཉིད་ཀྱིས་ཟ་བར་བྱེད་དེ། འདི་ལྟར་གཟུགས་མིག་གི་སྐྱེ་མཆེད་ཀྱིས་མྱོང་ཞིང་དམིགས་པར་བྱེད་པ་ནས། ཆོས་ཀྱང་ཡིད་ཀྱི་སྐྱེ་མཆེད་ཀྱིས་མྱོང་ཞིང་དམིགས་པར་བྱེད་པར་ཟད་ཀྱིས་དེ་ལས་མ་གཏོགས་པའི་ལས་ཀྱི་འབྲས་བུ་དང༌། ཡུལ་མྱོང་ཞིང་ཟ་བར་བྱེད་པའི་བདག་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་ལས་ཀྱི་འབྲས་བུ་དང༌། གཟུགས་ལ་སོགས་པའི་ཡུལ་མྱོང་ཞིང་ཟ་བར་བྱེད་པ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ཡིན་གྱི་དེ་ལས་


DTG137_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་བདག་ཅེས་བྱ་བའི་འབྲས་བུ་དང༌། ཡུལ་ཟ་བར་བྱེད་པ་མེད་དོ་ཞེས་ཁོང་དུ་ཆུད་ན་ཟ་བར་འཛིན་པ་ལས་ལོག་པར་འགྱུར་ཏེ། དེའི་ཕྱིར་ཟ་བར་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བཤད་པ་ཡིན་ནོ། །བྱེད་པར་འཛིན་པ་ཡང་བདག་ཏུ་སྨྲ་བ་རྣམས་ལས་དགེ་བ་དང་མི་དགེ་བ་ཡང་བདག་དེས་བྱས་ལ་མཆོད་པ་དང་འགྲོ་བ་ལ་སོགས་པའི་ལས་ཀྱང་བདག་བྱེད་དོ། །བདག་དེ་ནི་ཕུང་པོ་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་པར་འཛིན་ཏོ། །དེ་ལྟར་བདག་དེ་ལ་བྱེད་པ་པོར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་པ་ཡིན་ཏེ། དེ་ལས་དགེ་བ་དང་མི་དགེ་བ་ཡང་མིག་ལ་སོགས་པའི་ཁམས་ཀྱིས་བྱེད་པར་ཟད་ཀྱི་དེ་ལས་མ་གཏོགས་པའི་ལས་བྱེད་པ་པོའི་བདག་མེད་ལ། ཁམས་ཉིད་ཀྱང་བྱེད་པ་པོའི་རང་བཞིན་མ་ཡིན་ཏེ། དེའི་ཕྱིར་བྱེད་པ་མེད་ཅིང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བཤད་པ་ཡིན་ནོ། །དེ་ལྟར་བདག་བྱེད་པ་པོ་ཡང་མེད་ལ་ཁམས་ཉིད་བྱེད་པ་པོ་མ་ཡིན་ཡང་རྒྱུ་དང་འབྲས་བུ་གཅིག་ལ་གཅིག་སྐྱེ་བ་ནི་རྒྱུ་ཡོད་པ་འབྲས་བུ་སྐྱེད་པར་བྱེད་པ་པོ་དང༌། འབྲས་བུ་སྐྱེ་བ་ཡང་རྒྱུ་ཡོད་པ་ཙམ་ལ་ལྟོས་པར་ཟད་ཀྱི་འབྲས་བུ་དང་རྒྱུའི་རང་བཞིན་ལས་མ་གཏོགས་པར་བདག་བྱེད་པ་པོའོ་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་ལས་ཀྱང་ཁམས་བཅོ་བརྒྱད་ཀྱིས་བྱེད་པར་ཟད་ཀྱི་དེ་ལས་གཞན་པའི་བདག་བྱེད་པ་པོ་མེད་དོ་ཞེས་ཁོང་དུ་ཆུང་ན་བྱེད་པ་པོར་འཛིན་པ་ལས་ལོག་པར་འཛིན་པར་འགྱུར་ཏེ། དེ་བས་ན་བྱེད་པ་པོར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་པ་ཡིན་ནོ། །དེ་ལྟར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རང་བཞིན་བཤད་ནས། ད་ནི་སློབ་མ་རྣམས་ཆོས་ཀྱི་མཚན་ཉིད་རབ་ཏུ་དབྱེ་བས་ཕན་གདགས་པར་བྱ་བའི་ཕྱིར་ཁམས་བཅོ་བརྒྱད་ཉིད་ནས་བརྩམས་ནས་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ཀྱི་སྐབས་སུ་བཤད་པའི་ཆོས་རྣམས་ལ་གཟུགས་ཅན་དུ། གཟུགས་མེད་པ་དུ། བལྟར་ཡོད་པ་དུ། བལྟར་མེད་པ་དུ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བ་བརྩམས་ཤིང་བསམ་པར་བྱའོ། །དེ་ལྟར་རབ་ཏུ་དབྱེ་བ་བསམ་པ་ཡང་ཁམས་བཅོ་བརྒྱད་ཀྱི་ཆོས་ཉིད་ལ་གཟུགས་ཅན་དུ། གཟུགས་མེད་པ་དུ་ཞེས་བྱ་བ་དབྱེ་བ་བརྩམ་གྱི་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་


DTG137_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ལས་བརྩམས་ཏེ་ནི་རབ་ཏུ་དབྱེ་བ་མི་བརྩམ་མོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཕུང་བོ་ལྔ་བཤད་པའི་སྐབས་སུ་ཕུང་པོ་ལྔ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བསྟན་པ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པར་སེམས་རྣམ་པ་བཞིར་ཕྱེ་སྟེ་བསྟན་ཀྱང་གཟུགས་ལ་སྤྱིར་གཟུགས་ཀྱི་ཕུང་པོ་ཞེས་བསྡུས་ཏེ་བསྟན་གྱི་གཟུགས་རྣམ་པར་མ་ཕྱེ་བས་གཟུགས་ཅན་དུ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དབྱེ་བ་རྟོགས་པར་བྱ་བ་དཀའ་བ་དང༌། སྐྱེ་མཆེད་བཅུ་གཉིས་སུ་ཡང་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ལྔ་སྟེ། གཟུགས་བཅུར་ཕྱེ་ཡང་སེམས་རྣམ་པར་མ་ཕྱེ་སྟེ། རྣམ་པར་ཤེས་པ་བརྒྱད་ཅར་ཡིད་ཀྱི་ཁམས་སུ་བསྡུས་པས་གཟུགས་ཅན་དུ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དབྱེ་བ་རྟོགས་པར་དཀའི། ཁམས་ཀྱི་སྐབས་སུ་ནི་གཟུགས་དང༌། སེམས་གཉིས་རྣམ་པར་ཕྱེ་སྟེ། གཟུགས་ལ་ཡང་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་ཁམས་ན་རེག་བྱའི་ཁམས་ཀྱི་བར་དུ་བཅུར་ཕྱེ་ལ། སེམས་ལ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དྲུག་དང༌། ཡིད་ཀྱི་ཁམས་ཀྱིས་བསྣན་ཏེ་སེམས་ཀྱི་ཁམས་བདུན་དུ་ཕྱེ་བས་གཟུགས་ཅན་དུ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་ནས་བརྩམས་པ་བདེ་བླག་ཏུ་རྟོག་པར་འགྱུར་བས་ན་ཁམས་ཉིད་ལས་བརྩམས་ཏེ་རབ་ཏུ་དབྱེ་བ་བསམ་པར་བྱའི། ཕུང་པོ་དང་སྐྱེ་མཆེད་ལས་བརྩམས་ནས་རབ་ཏུ་དབྱེ་བ་བསམ་པར་མི་བྱ་སྟེ། དེའི་ཕྱིར། གཞུང་ལས་ཀྱང་ཁམས་བཅོ་བརྒྱད་ལ་གཟུགས་ཅན་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁམས་བཅོ་བརྒྱད་ལ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་ནང་ན་གཟུགས་དང་བཅས་པ་ནི་དུ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལ་གཞིག་ཏུ་རུང་བའམ། གནོད་པར་བྱར་རུང་བས་ན་གཟུགས་ཞེས་བྱ་སྟེ། རང་གི་གནས་སུ་གཞན་སྐྱེ་བའི་བར་ཆད་དང་བགེགས་བྱེད་པའི་མཚན་ཉིད་ཀྱིས་གནོད་པར་བྱེད་པས་གཟུགས་


DTG137_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཡང་ན་གནས་པ་དང་གནས་ཀྱི་མཚན་ཉིད་ཀྱི་གཟུགས་གང་ལ་ཡོད་པས་བདག་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་པ་གཟུགས་ཅན་ཞེས་བྱ་སྟེ། མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ནི་གནས་པའོ། །བརྒལ་བ། གནས་དང་གནས་པའི་སྒོ་ནས་བདག་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་པ་ལ་གཟུགས་ཅན་ཞེས་བྱ་ན་དེ་ལྟ་ན་ནི་མིག་གི་རྣམ་པར་ཤེས་པ་ཡང་མིག་གེ་དབང་པོ་ལ་གནས་ན་བདག་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་བས་མིག་གི་རྣམ་པར་ཤེས་པ་ཡང་གཟུགས་ཅན་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ་ཞེ་ན། ལན་དུ། མིག་གི་རྣམ་བར་ཤེས་པ་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་ཏེ། འདི་ལྟར་གཞོང་པའི་སྟེང་ན་ཤིང་ཐོག་གནས་ཏེ། རང་གི་གནས་སུ་གཞན་འོང་བའི་བགེགས་བྱེད་པ་ལྟ་བུར་མིག་གི་དབང་པོ་ལ་མིག་གི་རྣམ་པར་ཤེས་པ་གནས་པ་ན་རང་གི་གནས་སུ་སྐྱེ་བའི་བགེགས་མི་བྱེད་པས་ན་རྣམ་པར་ཤེས་པ་རྣམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་རོ། །ལན་དུ། གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་གཟུགས་ཀྱི་ཕུང་པོར་བཤད་པ་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ལྔ་སྟེ། བཅུ་ནི་རང་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་པས་ན་གཟུགས་ཅན་ཞེས་བྱའོ། །བརྒལ་བ། གལ་ཏེ་གཟུགས་ཀྱི་ཕུང་པོར་གཏོགས་པ་ལ་གཟུགས་ཅན་ཞེས་བྱ་ན། ཁམས་བཅོ་བརྒྱད་ཀྱི་ནང་ན་གཟུགས་ཀྱི་ཕུང་པོར་གཏོགས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གནས་ལྟ་བུ་ཆོས་ཀྱི་ཁམས་སུ་བསྡུས་པས་ཆོས་ཀྱི་ཁམས་ཀུན་ཀྱང་གཟུགས་ཅན་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ་ཞེ་ན། ཆོས་ཀྱི་ཁམས་ཀྱི་ནང་ན་གཟུགས་ཅན་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཀྱང་ཆོས་ཀྱི་ཁམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རིག་བྱེད་མ་ཡིན་བ་དེ་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་སྐྱེ་བའི་བགེགས་ཅན་གྱི་གཟུགས་མ་ཡིན་པས་ན་གཟུགས་ཅན་ཞེས་མི་བྱ་ལ། ཚོར་བ་ལ་སོགས་པ་གཞན་ཡང་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་


DTG137_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་བགེགས་བྱེད་པ་མ་ཡིན་པས་གཟུགས་ཅན་ཞེས་མི་བྱ་སྟེ། དེ་བས་ན་གཟུགས་ཀྱི་ཁམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་རོ། །གཟུགས་མེད་པ་དུ་ཞེས་བྱ་བ་ནི་དེ་ལྟར་ན་ཁམས་བཅུ་གཟུགས་ཅན་ན་གཟུགས་མེད་པའི་ཁམས་སུ་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་སོ་ཞེས་བྱ་བ་ལ། ཁམས་བཅུ་བཤད་པའི་ལྷག་མ་ནི་ཁམས་བརྒྱད་དུ་ལུས་པ་སྟེ། ཁམས་བརྒྱད་ལ་གཟུགས་མེད་པ་ཞེས་བྱའོ་ཞེས་པའི་དོན་ཏོ། །ཁམས་བརྒྱད་པོ་དེ་ཡང་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ། དྲུག་དང་ཡིད་ཀྱི་ཁམས་ཏེ་བདུན་དང༌། ཆོས་ཀྱི་ཁམས་ཀྱིས་བསྣན་ནས་བརྒྱད་དེ། དེ་དག་ནི་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་པ་མ་ཡིན་པས་གཟུགས་མེད་པ་ཞེས་བྱའོ། །བལྟར་ཡོད་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ན། ཁམས་བཅོ་བརྒྱད་ཀྱི་ནང་ནས་ཁམས་དུ་ཞིག་ནི་བལྟར་ཡོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་བལྟར་ཡོད་པ་དུ་ཞིག་བྱ་བ་ནི་གནས་འདི་ན་གཟུགས་འདི་ལྟ་བུ་ཞིག་ཡོད་དོ་ཞེས་མིག་གིས་བལྟར་ཡོད་པ་དང་བཅས་པ་ལ་ཡོད་དོ། །ལན་དུ། གཟུགས་ཀྱི་ཁམས་གཅིག་སྟེ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་ཁམས་ནི་དབང་པོ་ལྔ་དང༌། ཡུལ་ལྔ་དང་བཅུ་ལས་ཁམས་གཅིག་སྟེ། མིག་གི་ཡུལ་གཟུགས་ཀྱི་ཁམས་གཅིག་པུ་ནི་བལྟར་ཡོད་པ་ཞེས་བྱའོ། །བལྟར་ཡོད་པའི་དོན་ཉིད་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། ཡུལ་བལྟར་ཡོད་པའི་ཞེས་བྱ་བ་སྨོས་ཏེ། ཡུལ་ལམ་གནས་གང་ན་དངོས་པོ་གང་ཡིན་བ་མིག་གིས་བལྟར་རུང་བ་ནི་བལྟར་ཡོད་པ་ཞེས་བྱ་སྟེ། མིག་གི་ཁམས་ཀྱི་ཡུལ་གཟུགས་ཀྱི་ཁམས་ནི་གཟུགས་འདི་གནས་འདི་ན་གནས་སོ། །མིག་གིས་བལྟར་རུང་བས་ན་བལྟར་ཡོད་པ་ཞེས་བྱའོ། །བལྟར་མེད་པ་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་ནང་ནས་མིག་གིས་བལྟར་མི་རུང་བ་ནི་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་སོ་ཞེས་བྱ་བ་ནི་མིག་གི་ཡུལ་གཟུགས་གཅིག་པོ་བལྟར་ཡོད་པར་བཤད་པ་དང༌། ཕྱིན་ལྷག་མ་ཁམས་བཅུ་བདུན་ལུས་པ་ནི་བལྟར་མེད་པའོ་ཞེས་བྱ་བར་གྲུབ་སྟེ།


DTG137_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་པོ་གང་ཞེ་ན། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དགུའི་སྟེང་དུ། ཆོས་ཀྱི་ཁམས་ཀྱིས་བསྣན་ཏེ་བཅུ་དང༌། སེམས་ཀྱི་ཁམས་བདུན་གྱིས་བསྣན་ཏེ་བཅུ་བདུན་ནོ། །དེ་དག་ནི་གནས་འདི་ན་གཟུགས་འདི་འདྲ་བ་ཞིག་གནས་ཞེས་མིག་གིས་བལྟར་མི་རུང་བས་བལྟར་མེད་པའོ་ཞེས་བྱའོ། །ཐོགས་པ་དང་བཅས་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐོགས་པ་དང་བཅས་པ་དུ་ཡོད་ཅེས་བྱ་བའི་དོན་ཏོ། །བདག་གང་ན་གནས་པའི་གནས་སུ་གཞན་གནས་པའི་གོ་གཅོད་ཅིང་བགེགས་བྱེད་པ་ལ་ཐོགས་པ་དང་བཅས་པ་ཞེས་བྱའོ། །དམིགས་པ་ཐོགས་པ་དང་བཅས་པ་ནི་མིག་གི་རྣམ་བར་ཤེས་པ་གཟུགས་ལ་དམིགས་ཏེ་ཐོགས་པ་མེད་ཀྱང་སྒྲལ་མི་དམིགས་ཏེ་ཐོགས་པ་དང༌། རྣ་བའི་རྣམ་པར་ཤེས་པ་སྒྲ་ལ་དམིགས་ཏེ་ཐོགས་པ་མེད་ཀྱང་གཟུགས་ལ་མི་དམིགས་ཏེ་ཐོགས་པ་ལྟ་བུའོ། །བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ནི་རང་གནས་པའི་གནས་སུ་གཞན་སྐྱེ་ཞིང་འབྱུང་བའི་བགེགས་བྱེད་ཅིང་གོ་གཅོད་པའོ། །དེ་ལྟར་ཐོགས་པ་དང་བཅས་པ་རྣམ་པ་གསུམ་ལས་འདིའི་སྐབས་སུ་ཡུལ་ཐོགས་པ་དང་བཅས་པ་དང༌། དམིགས་པ་ཐོགས་པ་དང་བཅས་པ་ལ་ནི་མི་བྱའི། བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ལ་ནི་བྱ་བར་བསྟན་པའི་ཕྱིར་ཏེ། གང་ལ་གང་ཐོགས་པའོ་ཞེས་བྱ་བ་སྨོས་ཏེ། བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ནི་རང་གི་ཕྱོགས་སུ་གཞན་འབྱུང་བ་ལ་བགེགས་བྱེད་པ་སྟེ། དངོས་པོ་གང་རང་གི་གནས་པ་ལས་རང་གི་ཕྱོགས་སུ་དངོས་པོ་གཞན་འབྱུང་བ་ལ་བར་ཆད་བྱེད་པ་དང༌། དངོས་པོ་གཞན་དེར་འོངས་པ་ཡང་དེ་ལ་བར་དུ་གཅོད་པ་གཉི་ག་ལ་ཐོགས་པ་དང་བཅས་པ་ཞེས་བྱའོ། །མིག་ལ་སོགས་པའི་ཁམས་བཅུ་པོ་ཡང་དེ་དག་གཅིག་ལ་གཅིག་རང་གི་ཕྱོགས་སུ་བྱུང་བ་ལ་བགེགས་བྱེད་ཅིང་བར་དུ་གཅོད་པར་བྱེད་པས་ན་ཐོགས་པ་དང་བཅས་པ་ཞེས་བྱའོ། །ཁམས་བཅུ་ཐོགས་པ་དང་བཅས་སོ་ཞེས་བཤད་ན་གཞུང་ལས་མ་བྱུང་ཡང་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ཀྱིས་བསྣན་ཏེ་བརྒྱད་


DTG137_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཐོགས་པ་མེད་པ་ཡིན་པར་ཞར་གྱིས་གྲུབ་བོ། །ཅིའི་ཕྱིར་ཞེ་ན། དེ་དག་རང་གི་ཕྱོགས་སུ་གཞན་འོང་བའི་བགེགས་དང་བར་ཆད་དུ་མི་བྱེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བྱའོ། །ཟག་པ་དང་བཅས་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་བས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཟག་པ་དང་བཅས་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ཉོན་མོངས་པ་དང་བཅས་པ་ནི་ཟག་པ་དང་བཅས་པ་ཞེས་བྱའོ། །བཅོ་ལྔ་དང་ཐ་མ་གསུམ་གྱི་ཆའོ་ཞེས་བྱ་བ་ལ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔའི་ཁམས་དང༌། གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔའི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཁམས་ཏེ། བཅོ་ལྔ་པོ་འདི་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཞེས་བྱ་སྟེ། དེ་དག་ལ་ནམ་དུ་ཡང་ཟག་པ་མེད་པའི་རང་བཞིན་མི་སྲིད་ཀྱི། དུས་ཐམས་ཅད་དུ་ཟག་པ་དང་བཅས་པ་འབའ་ཞིག་གི་རང་བཞིན་ནོ། །གཞན་ཡང་ཐ་མ་གསུམ་གྱི་ཆ་ནི་ཟག་པ་དང་བཅས་པ་སྟེ། གསུམ་ཉི་ཚེའི་ཚིག་སྨོས་ཀྱི། ཐ་མའི་ཚིག་མ་སྨོས་ན་ནི་ཐོག་མ་གསུམ་ཡང་ཡོད་དེ། མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཐོག་མ་གསུམ་ཡང་ཡོད་པས་དེའི་ཕྱིར་ཐ་མ་གསུམ་གྱི་ཚིག་སྨོས་སོ། །ཁམས་བཅོ་བརྒྱད་ལ་མིག་ལ་སོགས་པ་རྟེན་དྲུག་གི་ཐ་མ་ནི་ཡིད་ཀྱི་ཁམས་ཡིན་ལ། གཟུགས་ལ་སོགས་པ་དམིགས་པ་དྲུག་གི་ཐ་མ་ནི་ཆོས་ཀྱི་ཁམས་ཡིན་པ་དང༌། བརྟེན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གི་ཐ་མ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། དེ་བས་ན་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ལ་ཐ་མ་གསུམ་ཞེས་བྱའོ། །མིག་ལ་སོགས་པའི་ཁམས་བཅོ་ལྔ་ཇི་ལྟར་གཅིག་ཏུ་ཟག་པ་ཅན་འབའ་ཞིག་ཡིན་གྱི། ཟག་པ་མེད་པའི་རང་བཞིན་ནམ་ཡང་མི་སྲིད་པ་ལྟར་ཐ་མ་གསུམ་གྱི་ཆ་ལ་ཟག་པ་ཅན་འབའ་ཞིག་ཏུ་གཞག་པར་མ་ཟད་ཀྱི། ཟག་པ་མེད་པའི་རང་བཞིན་ཡང་ཡོད་དེ། དེ་བས་ན་ཟག་པ་དང་བཅས་པའི་ཤས་ཀྱི་ཐ་མ་གསུམ་ལ་ནི་ཟག་པ་དང་བཅས་པ་ཞེས་བྱའོ། །དེ་ལ་འཕགས་པའི་ལམ་ལ་དམིགས་པའམ། འཕགས་པའི་ལམ་དུ་གཏོགས་པའི་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་འདུས་མ་བྱས་པ་རྣམ་པ་བཞི་ནི་


DTG137_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པ་སྟེ། དེ་ལས་མ་གཏོགས་པའི་སོ་སོ་སྐྱེ་བོའི་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་ལ་འདུས་མ་བྱས་བཞི་བཀོལ་བའི་ཕྱིར་ན་ཚོར་བ་ལ་སོགས་པའི་སོ་སོ་སྐྱེ་བོའི་ཆོས་ཀྱི་ཁམས་དང༌། སོ་སོ་སྐྱེ་བོའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཆ་རྣམས་ནི་ཟག་པ་དང་བཅས་པ་ཞེས་བྱ་སྟེ། ཆོས་དེ་དག་རྟག་ཏུ་ཟག་པ་དང་ལྷན་ཅིག་གནས་པས་ན་ཟག་པ་དང་བཅས་པ་ཞེས་བྱའོ། །དེ་བས་ན་དེ་དག་ལས་ཉོན་མོངས་པ་སྐྱེ་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པའི་ཁམས་བཅོ་ལྔ་དང༌། ཐ་མ་གསུམ་གྱི་ཆ་ལས་རྟག་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཕྱིར་དེ་དག་ལ་ཟག་པ་དང་བཅས་པ་ཞེས་བྱའོ། །བརྒལ་བ། མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་ལྔ་དང༌། མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ལྔ་སྟེ། བཅོ་ལྔ་ནི་བླུན་པོའི་རང་བཞིན་ཡིན་པས་གཟུགས་བཟང་ངན་ལ་རྟོག་པར་མི་ནུས་ན་དེ་དག་གིས་གཟུགས་ལ་དམིགས་ནས་ཇི་ལྟར་ཉོན་མོངས་པ་སྐྱེ་བར་འགྱུར་ཞེས་པའི་ལན་དུ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་མིག་གི་དབང་པོ་དང་བཅས་པའི་གཟུགས་ལ་དམིགས་པ་ཙམ་གྱིས་ནི་ཉོན་མོངས་པ་སྐྱེ་ཞེས་མི་སྨྲའི། གཞན་དུ་ན། མངོན་སུམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མིག་གི་རྣམ་པར་ཤེས་པ་མིག་གི་ཁམས་ལ་བརྟེན་ནས་གཟུགས་ལ་མངོན་སུམ་དུ་དམིགས་ཏེ། མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །མིག་གི་རྣམ་པར་ཤེས་པས་ཡུལ་མྱོང་བའི་རྗེས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་ནས་གཟུགས་བཟང་ངན་དུ་བརྟགས་པས་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་དག་ལ་ཟག་པ་དང་བཅས་པ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཟག་པ་མེད་པ་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ལས་ཟག་པ་མེད་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ཐ་མ་གསུམ་གྱི་ཆའོ་ཞེས་བྱ་བ་ལ་ཐ་མ་གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་སྟེ། གང་འཕགས་པ་སློབ་པ་དང་མི་སློབ་པ་རྣམས་ཀྱི་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འཕགས་པའི་ལམ་དུ་གཏོགས་པ་དང༌། འདུས་མ་བྱས་བཞི་ནི་ཟག་པ་མེད་པ་ཞེས་བྱའོ། །འདོད་པ་དང་ལྡན་པ་དུ་ཞེས་བྱ་བ་ཁམས་བཅོ་བརྒྱད་བཤད་པ་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་འདོད་པའི་ཁམས་སུ་གཏོགས་པ་ནི་


DTG137_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་སྟེ། ཡུལ་ལ་འདོད་པ་ཞེས་བྱ་ལ། འདོད་པ་དེ་ལ་གཙོ་བོར་འཛིན་ཅིང་སྤྱོད་པའི་ཁམས་ལ་འདོད་པའི་ཁམས་ཞེས་བྱའོ། །ལན་དུ། ཐམས་ཅད་དོ་ཞེས་བྱ་བ་སྨོས་ཏེ། ཁམས་བཅོ་བརྒྱད་ལ་མིག་གི་ཁམས་ནས། ཡིད་ཀྱི་ཁམས་ཀྱི་བར་དུ་དབང་པོ་དྲུག་གི་ཁམས་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཡུལ་དྲུག་གི་ཁམས་དང༌། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ཁམས་དྲུག་སྟེ། འདོད་པའི་ཁམས་ན་ནི་ཁམས་བཅོ་བརྒྱད་ཀུན་ཡོད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་ལྡན་བ་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་ནང་ནས་གཟུགས་ཀྱི་ཁམས་སུ་གཏོགས་པའམ་གཟུགས་ཀྱི་ཁམས་དང་ལྡན་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །བཅུ་བཞི་སྟེ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ན་ནི། མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་དང༌། ཡིད་ཀྱི་ཁམས་ཏེ། དབང་པོ་དྲུག་གི་ཁམས་དང༌། གཟུགས་དང༌། སྒྲ་དང༌། རེག་དང༌། ཆོས་ཏེ་ཡུལ་བཞིའི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ་བཅུ་བཞི་ནི་གཟུགས་ཀྱི་ཁམས་དང་ཡང་ལྡན་ཏེ། གཟུགས་ཀྱི་ཁམས་ན་ཡང་དེ་དག་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དྲི་དང་རོ་དང་སྣ་དང་ལྕེའི་རྣམ་པར་ཤེས་པ་མ་གཏོགས་སོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ན་དྲིའི་ཁམས་དང༌། རོའི་ཁམས་ཏེ་ཡུལ་གྱི་ཁམས་གཉིས་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་གཉིས་ཏེ་ཁམས་བཞི་ནི་གཟུགས་ཀྱི་ཁམས་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ན་ནི་དྲི་དང༌། རོ་གཉིས་དང༌། སྣ་དང་ལྕེའི་རྣམ་པར་ཤེས་པའི་ཁམས་གཉིས་མེད་ཅེ་ན། འདི་ལྟར་དྲི་དང་རོ་གཉིས་ནི་ཟ་བའི་རང་བཞིན་ཡིན་ཏེ། རོ་ཡང་ཟས་དུམ་བུ་དུམ་བུར་བཅད་དེ་ཁམ་གྱིས་ཟ་བ་དང༌། དྲི་ཡང་ནང་ནས་དབུགས་ཀྱིས་དྲངས་ནས་ཁོང་དུ་དུམ་བུ་དུམ་བུར་བཅུག་པའི་རང་བཞིན་ཡིན་པས། ཁམ་གྱིས་ཟ་བའི་རང་བཞིན་ཡིན་ལ་ཁམ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བ་རྣམས་གཟུགས་ཀྱི་ཁམས་སུ་སྐྱེ་བས་གང་གི་འདོད་ཆགས་དང་བྲལ་བ་གནས་གང་དུ་སྐྱེས་པ་དེས་ཡུལ་དེ་དང༌། རྣམ་པར་ཤེས་


DTG137_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གནས་དེ་ན་མེད་དོ། །དཔེར་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་རྣམས་གཟུགས་མེད་པའི་ཁམས་སུ་སྐྱེས་ན་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་དབང་པོ་ལྔ་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཡུལ་ལྔ་མེད་པས་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་པ་དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཟས་ཁམ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བའི་དྲི་དང་རོ་གཉིས་མེད་དེ། ཡུལ་གཉིས་མེད་པས་ན་དེ་ལ་དམིགས་པའི་སྣ་དང་ལྕེའི་རྣམ་པར་ཤེས་པའི་ཁམས་གཉིས་ཀྱང་མེད་དོ། །གཟུགས་མེད་པ་དང་ལྡན་པ་དུ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་དང་ལྡན་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ཐ་མ་གསུམ་སྟེ་ཞེས་བྱ་བ་ལ་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ནི་གཟུགས་མེད་པའི་ཁམས་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམས་གཟུགས་མེད་པའི་ཁམས་སུ་སྐྱེ་སྟེ། དེ་བས་ན་གཟུགས་མེད་པའི་ཁམས་སུ་མིག་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ལྔ་དང༌། གཟུགས་ནས་རེག་བྱའི་ཁམས་ཀྱི་བར་དུ་ལྔ་སྟེ། གཟུགས་ཀྱི་རང་བཞིན་གྱི་ཁམས་བཅུ་དང༌། དེ་དག་ལ་བརྟེན་ཅིང་དམིགས་པའི་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལྔའི་བར་དུ་སྟེ། བཅོ་ལྔ་ནི་གཟུགས་མེད་པའི་ཁམས་ན་མེད་དོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ལ་ཟག་པ་དང་བཅས་པའི་རང་བཞིན་ཡང་ཡོད། ཟག་པ་མེད་པའི་རང་བཞིན་ཡང་ཡོད་པ་ལས་གཟུགས་མེད་པའི་ཁམས་ན་ཕུང་པོ་ཟག་པ་དང་བཅས་པའི་ཡིད་དང་ལྡན་ན་ཟག་པ་མེད་པ་དང་ཡང་ལྡན་ནམ་སྙམ་པ་ལ་གང་ཟག་པ་དང་བཅས་པའོ་ཞེས་བྱ་བ་སྨོས་ཏེ། གཟུགས་མེད་པའི་ཁམས་ན་ནི་སོ་སོ་སྐྱེ་བོའི་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་གསུམ་པོ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །མི་ལྡན་པ་དུ་ཞེས་བྱ་བ་ལ། ཁམས་གསུམ་དུ་མ་གཏོགས་པའམ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་ཀྱི་སྲེད་


DTG137_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ཟིན་སྲེད་པས་མ་དམིགས་པ་ནི་མི་ལྡན་པ་ཞེས་བྱ་སྟེ། ཁམས་བཅོ་བརྒྱད་ལས་ཁམས་གསུམ་གང་དང་ཡང་མི་ལྡན་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཟག་པ་མེད་པའོ་ཞེས་བྱ་བ་ལ། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཐ་མ་གསུམ་པོ་དག་ཉིད་གང་འཕགས་པའི་ལམ་དུ་གཏོགས་པའི་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཟག་པ་མེད་པ་དང༌། ཆོས་ཀྱི་ཁམས་ལས་འདུས་མ་བྱས་བཞི་ཟག་པ་མེད་པའི་རང་བཞིན་དེ་གསུམ་ནི་ཁམས་གསུམ་དང་མི་ལྡན་པ་ཞེས་བྱའོ། །ཕུང་པོར་བསྡུས་བ་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཕུང་པོ་ལྔར་ཁམས་དུ་བསྡུས་ཞེས་བྱ་བའི་དོན་ཏོ། །འདུས་མ་བྱས་མ་གཏོགས་སོ་ཞེས་བྱ་བ་ནི་འདུས་མ་བྱས་བཞི་ཕུང་པོའི་ནང་དུ་མ་བཤད་པས་འདུས་མ་བྱས་བཞི་བཀོལ་ཏེ། མིག་གི་ཁམས་ནས་ཡིད་ཀྱི་བར་དུ་དྲུག་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དྲུག་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ལྔ་དང༌། ཆོས་ཀྱི་ཁམས་ལ་འདུས་མ་བྱས་བཞི་གཞག་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང་བཞི་སྟེ། དེ་རྣམས་ནི་ཕུང་པོ་ལྔར་འདུས་སོ། །ཉེ་བར་ལེན་པའི་ཕུང་པོར་བསྡུས་པ་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཟག་པ་དང་བཅས་པའི་ཕུང་པོར་བསྡུས་པའི་ཁམས་སུ་ཡོད་ཅེས་བྱ་བའི་དོན་ཏོ། །གང་དག་ཟག་པ་དང་བཅས་པའི་རྣམས་སོ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་ལས་གང་ཟག་པ་དང་བཅས་པའི་ཁམས་ནི་ཉེ་བར་ལེན་པའི་ཕུང་པོར་བསྡུས་སོ། །གང་ཞེ་ན། དབང་པོ་ལྔ་དང༌། ཡུལ་ལྔ་དང༌། རྣམ་པར་ཤེས་པ་ལྔ་དང༌། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཐ་མ་གསུམ་ལ་གང་ཟག་པ་དང་བཅས་པའི་རང་བཞིན་དང༌། ཟག་པ་མེད་པའི་རང་བཞིན་ཡོད་པ་ལས་གང་ཟག་པ་དང་བཅས་པའི་རང་བཞིན་གསུམ་སྟེ། དེ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོར་བསྡུས་སོ། །དགེ་བ་དུ་མི་དགེ་བ་དུ་ལུང་དུ་མ་བསྟན་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་


DTG137_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡིན་པས་ཁམས་དུ་ཞིག་ནི་དགེ་བ་ཡིན། ཁམས་དུ་ཞིག་ནི་མི་དགེ་བ་ཡིན། ཁམས་དུ་ཞིག་ནི་ལུང་དུ་མ་བསྟན་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་སྤངས་པ་ནི་དགེ་བའོ། །སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་མ་སྤངས་པ་ནི་མི་དགེ་བའོ།། །།དགེ་བའི་རང་བཞིན་ཡང་མ་ཡིན་མི་དགེ་བའི་རང་བཞིན་ཡང་མ་ཡིན་པ་ནི་ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ལ་རྣམ་པ་བཞི་ཡོད་དེ། རང་བཞིན་གྱིས་དགེ་བ་དང༌། ལྡན་པའི་དགེ་བ་དང༌། བསྐྱེད་པའི་དགེ་བ་དང༌། དོན་དམ་པའི་དགེ་བའོ། །འདི་ལྟར་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང༌། གཏི་མི་མུག་པའི་དགེ་བའི་རྩ་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། ལྔ་ནི་རང་བཞིན་གྱིས་དགེ་བའོ་ཞེས་བྱའོ། །དགེ་བ་དེ་ལྔ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ལྡན་པའི་དགེ་བ་ཞེས་བྱའོ། །དགེ་བ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བས་བསྐྱེད་པའི་ལུས་ཀྱི་སྒོ་ནས་ཐལ་མོ་སྦྱར་བ་དང༌། ངག་གི་སྒོ་ནས་བསྟོད་པ་དང༌། ཁ་ཏོན་ཀློག་པ་ནི་བསྐྱེད་པའི་དགེ་བ་ཞེས་བྱའོ། །སོ་སོར་བརྟགས་པས་འགོག་པ་དང༌། དེ་བཞིན་ཉིད་ནི་དོན་དམ་པར་དགེ་བ་ཞེས་བྱའོ། མི་དགེ་བ་ལ་ཡང་རྣམ་པ་བཞི་ཡོད་དེ། རང་བཞིན་གྱིས་མི་དགེ་བ་དང༌། ལྡན་པས་མི་དགེ་བ་དང༌། བསྐྱེད་པས་མི་དགེ་བ་དང༌། དོན་དམ་པར་མི་དགེ་བའོ། །དེ་ལ་རང་བཞིན་གྱིས་མི་དགེ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་མི་དགེ་བའི་རྩ་བ་དང༌། ངོ་ཚ་མི་ཤེས་པ་དང༌། ཁྲེལ་མེད་པ་དང་ལྔའོ། །ཆོས་དེ་ལྔ་དང་ལྡན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ལྡན་པའི་མི་དགེ་བའོ། །མི་དགེ་བ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བས་བསྐྱེད་པའི་ལུས་ཀྱི་སྒོ་ནས་གཞན་ལ་བརྡེག་པ་དང༌། ངག་གི་སྒོ་ནས་ཚིག་རྩུབ་མོ་སྨྲ་བ་ལ་སོགས་པ་ནི་བསྐྱེད་པའི་མི་དགེ་བ་ཞེས་བྱའོ། །འཁོར་བ་ནི་དོན་དམ་པར་མི་དགེ་བ་ཞེས་བྱའོ། །ལུང་དུ་མ་བསྟན་པ་ཡང་རྣམ་པ་བཞི་ཡོད་དེ། རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང༌། ལྡན་པའི་ལུང་དུ་མ་བསྟན་པ་དང༌། བསྐྱེད་པའི་ལུང་དུ་མ་བསྟན་པ་དང༌། དོན་དམ་པའི་ལུང་དུ་མ་བསྟན་པའོ། །དེ་ལ་མིག་ནས་ལུས་ཀྱི་བར་དུ་དབང་པོ་ལྔ་དང༌། དྲི་དང༌།


DTG137_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང༌། རེག་བྱ་སྟེ། ཆོས་བརྒྱད་རྣམས་ནི་རང་བཞིན་གྱིས་ལུང་དུ་མ་བསྟན་པའོ། །སྤྱོད་ལམ་དང་བཟོའི་གནས་ལ་སོགས་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ལྡན་པའི་ལུང་དུ་མ་བསྟན་པའོ། །ལུང་དུ་མ་བསྟན་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བས་བསྐྱེད་པའི་ལུས་ཀྱི་སྒོ་ནས་ཚེམ་དྲུབ་བྱེད་པ་དང༌། ངག་གི་སྒོ་ནས་ཚེམ་དྲུབ་ཀྱི་གཏམ་སྨྲ་བ་ནི་བསྐྱེད་པའི་ལུང་དུ་མ་བསྟན་པ་ཞེས་བྱའོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའ་ནི་དོན་དམ་པར་ལུང་དུ་མ་བསྟན་པ་ཞེས་བྱའོ། །བཅུ་ནི་རྣམ་པ་གསུམ་ཆར་ཏེ་ཞེས་བྱ་བ་ལ་ཁམས་བཅོ་བརྒྱད་ལས་ཁམས་བཅུ་ལ་ནི་གསུམ་ཆར་གྱི་རང་བཞིན་ཡོད་དེ། བཅུ་པོ་དེ་དག་ལ་དགེ་བ་ཡང་ཡོད། མི་དགེ་བ་ཡང་ཡོད། ལུང་དུ་མ་བསྟན་པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཁམས་བཅོ་བརྒྱད་ཀྱི་ནང་ནས་བཅུ་ཞེས་བྱ་བ་གང་ལ་བྱ་མི་ཤེས་ནས། དེ་བས་ན་བཅུ་པོ་གང་ཡིན་པ་བསྟན་པའི་ཕྱིར། སེམས་ཀྱི་ཁམས་བདུན་དང༌། གཟུགས་དང༌། སྒྲ་དང༌། ཆོས་ཀྱི་ཁམས་རྣམས་སོ་ཞེས་བྱ་བ་སྨོས་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སེམས་ཀྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་ཀྱིས་བསྣན་ཏེ་བདུན་དང༌། གཟུགས་ཀྱི་ཁམས་ཏེ་བརྒྱད་སྒྲའི་ཁམས་ཏེ་དགུ་དང༌། ཆོས་ཀྱི་ཁམས་ཀྱིས་བསྣན་ཏེ་བཅུ་ལ་ནི་དགེ་བ་ཡང་ཡོད་མི་དགེ་བ་ཡང་ཡོད་ལུང་དུ་མ་བསྟན་པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇེ་སེམས་ཀྱི་ཁམས་བདུན་ལ་རྣམ་པ་གསུམ་ཇི་ལྟར་ཡོད་པ་བསྟན་ཏེ། སེམས་ཀྱི་ཁམས་བདུན་ནི་དགེ་བ་དང་མི་དགེ་བ་དང་ལྡན་པའི་སྒོ་ནས་དགེ་བ་དང་མི་དགེ་བར་གཞག་གི་དགེ་བ་དང་མི་དགེ་བའི་རང་བཞིན་ནི་མ་ཡིན་ནོ། །དེ་ལ་འདོད་མ་ཆགས་པ་ལ་སོགས་པའི་དགེ་བ་དང་ལྡན་པའི་སེམས་ཀྱི་ཁམས་བདུན་ལ་ནི་དགེ་བ་ཞེས་བྱའོ། །འདོད་ཆགས་ལ་སོགས་པ་མི་དགེ་བ་དང་ལྡན་པའི་སེམས་ཀྱི་ཁམས་བདུན་ནི་མི་དགེ་བ་ཞེས་བྱའོ། །བཟོ་ལ་སོགས་པའི་ལས་དང་ལྡན་པའི་སེམས་ཀྱི་ཁམས་བདུན་ནི་ལུང་དུ་མ་བསྟན་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་དང༌། སྒྲའི་ཁམས་ལ་རྣམ་པ་གསུམ་དུ་གཞག་པ་ཡང་དགེ་བ་ལྔ་དང་ལྡན་པའི་སེམས་ཀྱིས་བསྐྱེད་པའི་སངས་རྒྱས་ལ་སོགས་


DTG137_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་འཚལ་བའི་ལུས་ཀྱི་ལས་ནི་དགེ་བ་ཞེས་བྱའོ། །མི་དགེ་བ་ལྔ་དང་ལྡན་པའི་སེམས་ཀྱིས་བསྐྱེད་པའི་གཞན་ལ་བརྡེག་པ་དང༌། སྲེག་གཅོད་པ་ལ་སོགས་པའི་ལུས་ཀྱི་ལས་ནི་མི་དགེ་བ་ཞེས་བྱའོ། །སྤྱོད་ལམ་དང་བཟོའི་གནས་བྱེད་པའི་ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་པ་ཞེས་བྱའོ། །སྒྲ་ཡང་དགེ་བའི་ལས་ཀྱིས་བསྐྱེད་ནས་སངས་རྒྱས་ལ་བསྟོད་པ་ལ་སོགས་པ་སྨྲ་བ་ནི་དགེ་བ་ཞེས་བྱའོ། །མི་དགེ་བའི་སེམས་ཀྱིས་བསྐྱེད་པའི་གཤེ་པ་ལ་སོགས་པ་དག་གི་ལས་ལ་ནི་མི་དགེ་བ་ཞེས་བྱའོ། །ཐ་མལ་པའི་གཏམ་དང་བཟོའི་གཏམ་སྨྲ་བ་ལ་ནི་ལུང་དུ་མ་བསྟན་པ་ཞེས་བྱའོ། །ཆོས་ཀྱི་ཁམས་ལ་རྣམ་པ་གསུམ་དུ་གཞག་པ་ཡང་ཆོས་ཀྱི་ཁམས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་བཞི་སྟེ་བརྒྱད་ཡོད་པ་ལས་འདུ་བྱེད་ཀྱི་ཕུང་པོ་ལ་དགེ་བ་བཅུ་གཅིག་གི་ནང་ནས་འདོད་མ་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ནི་རང་བཞིན་གྱིས་དགེ་བ་ཞེས་བྱའོ། །ཚོར་བ་དང༌། འདུ་ཤེས་དགེ་བ་དང་ལྡན་པ་དང༌། བརྩོན་པ་ལ་སོགས་པ་དགེ་བ་གཞན་ཡོད་པ་ནི་ལྡན་པའི་དགེ་བ་ཞེས་བྱའོ། །འདུ་བྱེད་སེམས་དང་མི་ལྡན་པ་སྐྱེ་བ་དང༌། རྒ་བ་ལ་སོགས་པ་དགེ་བ་དང་ལྡན་པའི་སེམས་ཀྱིས་བསྐྱེད་པ་ནི་བསྐྱེད་པའི་དགེ་བ་ཞེས་བྱའོ། །སོ་སོར་བརྟགས་པས་འགོག་པ་དང༌། དེ་ཁོ་ན་ཉིད་ནི་དོན་དམ་པའི་དགེ་བ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ལ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ངོ་ཚ་མི་ཤེས་པ་དང༌། ཁྲེལ་མེད་པ་དང་ལྔ་ནི་རང་བཞིན་གྱིས་མི་དགེ་བ་ཞེས་བྱའོ། །ཚོར་བ་དང་འདུ་ཤེས་མི་དགེ་བའི་ཆོས་དང་ལྡན་པ་དང༌། རྣམ་པར་འཚེ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཡོད་པ་རྣམས་ནི་ལྡན་པའི་མི་དགེ་བ་ཞེས་བྱའོ། །མི་དགེ་བའི་སེམས་ཀྱིས་བསྐྱེད་པའི་སྐྱེ་བ་དང༌། རྒ་བ་ལ་སོགས་པའི་འདུ་བྱེད་སེམས་དང་མི་ལྡན་པ་ནི་བསྐྱེད་པའི་མི་དགེ་བ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ལ་བཞི་གཞན་དུ་ཡང་ཞེས་བྱ་བ་ལས་ལུང་དུ་མ་བསྟན་པའི་ཆར་བཤད་པ་


DTG137_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ལྡན་པའི་ལུང་དུ་མ་བསྟན་པ་ཞེས་བྱའོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའ་ནི་དོན་དམ་པར་ལུང་དུ་མ་བསྟན་པ་ཞེས་བྱའོ། །ལྷག་མ་བརྒྱད་ནི་ལུང་དུ་མ་བསྟན་པའོ་ཞེས་བྱ་བ་ཁམས་བཅོ་བརྒྱད་ཀྱི་ནང་ནས་བཅུ་རྣམ་པ་གསུམ་ཆར་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་ལྷག་མ་བརྒྱད་ལུས་ཏེ། དེ་ཡང་གང་ཞེ་ན། དྲི་དང༌། རོ་དང༌། རེག་བྱ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་ཁམས་ཏེ་བརྒྱད་དོ། །བརྒྱད་པོ་དེ་དག་ནི་ལུང་དུ་མ་བསྟན་པ་ཉིད་ཡིན་གྱི་དེ་དག་ལ། རང་བཞིན་དང་ལྡན་པ་དང༌། བསྐྱེད་པ་དང༌། དོན་དམ་པར་དགེ་བ་ཡང་མེད་ལ། རང་བཞིན་དང་ལྡན་པ་དང༌། བསྐྱེད་པ་དང༌། དོན་དམ་པར་མི་དགེ་བ་ཡང་མེད་པ་ནི་ལུང་དུ་མ་བསྟན་པ་གཅིག་པུར་གཞག་གོ །ནང་གི་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ནང་གི་ཁམས་སུ་གཏོགས་པ་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ནང་ཞེས་བྱ་བ་ནི་བདག་གི་ལུས་སུ་གཏོགས་པ་ལ་བྱའོ། །བཅུ་གཉིས་ཏེ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ལས་ཁམས་བཅུ་གཉིས་ནི་ནང་གིར་ཞེས་བྱ་བའི་དོན་ཏོ། །ནང་གིར་གཏོགས་པའི་ཁམས་བཅུ་གཉིས་པོ་དེ་ཡང་གང་ཡིན་མི་ཤེས་པས་དེའི་ཕྱིར། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་ཁམས་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཏེ་ཕྱིའི་ཡུལ་གྱི་ཆོས་བཀོལ་ནས། དེའི་ཕྱིར་ན། མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དུ་དབང་པོ་དྲུག་གི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་རྣམ་པར་ཤེས་པ་དྲུག་གི་ཁམས་བཅུ་གཉིས་ལ་ནང་གི་ཞེས་བྱའོ། །ཕྱི་རོལ་གྱི་དུ་ཞེས་བྱ་བ་ལ། ལུས་ལས་མ་གཏོགས་པ་ནི་ཕྱི་རོལ་ཞེས་བྱ་སྟེ། ཁམས་བཅོ་བརྒྱད་ལས་ཕྱི་རོལ་དུ་གཏོགས་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །གང་དག་མ་གཏོགས་པ་དྲུག་གོ་ཞེས་བྱ་བ་ལ། གང་དུ་ནང་གིར་མ་གཏོགས་ཏེ་བཀོལ་བའི་གཟུགས་དང༌། སྒྲ་


DTG137_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དང། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཏེ་ཕྱིའི་ཡུལ་དྲུག་པོ་དེ་ལ་ཕྱི་རོལ་གྱི་ཞེས་བྱའོ། །དམིགས་པ་དང་བཅས་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས། ཁམས་བཅོ་བརྒྱད་ཀྱི་ནང་ནས་བདུན་ནི་དམིགས་པ་དང་བཅས་པ་ཡིན་ནོ། །ཁམས་བདུན་པོ་དེ་ཡང་གང་ཡིན་པ་མི་ཤེས་ནས། དེ་གང་ཡིན་པ་བསྟན་པའི་ཕྱིར། སེམས་ཀྱི་ཁམས་བདུན་དང་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་ཁམས་བདུན་ནི་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཅི་སེམས་ཀྱི་ཁམས་བདུན་ཉི་ཚེ་ལ་དམིགས་པ་དང་བཅས་པ་ཞེས་བྱ་བ། དམིགས་པ་དང་བཅས་པ་གཞན་མེད་དམ་སྙམ་པ་ལ། དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་དུ་མ་ཟད་ཀྱི། གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སྟེ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་ཁམས་ཀྱི་རྫས་བརྒྱད་ཡོད་པ་ལས་ཀུན་ནི་དམིགས་པ་དང་བཅས་པ་ཡིན་གྱི། དེ་ལ་ཕྱོགས་གཅིག་ནི་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དུ་ན་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི། དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པ་དང་བཅས་པའི་ཞེས་བྱ་བ་ནི་ཡུལ་དང་བཅས་སྤྱོད་ཡུལ་དང་བཅས་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་པོ་དེ་ཡང་གང་ཡིན་མི་ཤེས་པས་བསྟན་པའི་ཕྱིར། གང་སེམས་ལས་བྱུང་བའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་ཁམས་ལ་ཆ་གཉིས་སུ་གཞག་སྟེ། སེམས་ལས་བྱུང་བའི་རང་བཞིན་དང༌། སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་ནོ། །དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་ནི་སེམས་ལས་བྱུང་བའི་རང་བཞིན་ཞེས་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་བཞི་དང༌། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་ནི་སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་ནོ། །དེ་ལ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་


DTG137_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྣམས་ནི་དམིགས་པ་དང་བཅས་པ་རྣམས་ཞེས་བྱའོ། །དོན་དུ་ན་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་སེམས་ཀྱི་ཁམས་དྲུག་དང༌། ཡིད་ཀྱི་ཁམས་ཀྱིས་བསྣན་ཏེ་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་རྣམས་ནི་དམིགས་པ་དང་བཅས་པར་བཤད་དོ། །དམིགས་པ་མེད་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་ལས་དམིགས་པ་མེད་པའི་ཁམས་དུ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །ལྷག་མ་བཅུ་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་ལས་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་དམིགས་པ་དང་བཅས་པར་བཤད་པའི་ལྷག་མ་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་དབང་པོ་ལྔ་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཡུལ་ལྔ་སྟེ་བཅུ་དང༌། ཆོས་ཀྱི་ཁམས་ལས་སེམས་ལས་བྱུང་བའི་རང་བཞིན་དང༌། སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་གཉིས་ཡོད་པ་ལས་ནི་གང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པ་འདུ་བྱེད་སེམས་དང་མི་ལྡན་པ་ཐམས་ཅད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་བཞི་ནི་དམིགས་པ་མེད་པ་ཞེས་བྱའོ། །དོན་དུ་ན་སེམས་དང་སེམས་ལས་བྱུང་བ་ལ་ནི་དམིགས་པའི་ཡུལ་ཡོད་པར་བཤད་ཀྱི། སེམས་དང་སེམས་ལས་བྱུང་བ་མ་ཡིན་པ་རྣམས་ལ་ནི། དམིགས་པའི་ཡུལ་མེད་པར་བཤད་དོ། །རྟོག་པ་དང་བཅས་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་རྟོག་པ་དང་བཅས་པའི་ཁམས་དུ་ཡོང་ཅེས་བྱ་བའི་དོན་ཏོ། །ཡིད་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་ཀྱི་ནང་ནས་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ལ་ཆ་གཉིས་ཏེ། སེམས་ལས་བྱུང་བའི་རང་བཞིན་


DTG137_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང། སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་གཉིས་ཡོད་པ་ལས། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་རྣམས་ནི་རྟོག་པ་དང་བཅས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ། རྟོག་པ་དང་བཅས་པ་ཞེས་བྱ་ཞེ་ན། འདི་ལྟར་རྟོག་པ་རྣམ་པ་གསུམ་ཡོད་དེ། རང་བཞིན་གྱིས་རྟོག་པ་དང༌། རྗེས་སུ་དྲན་པའི་རྟོག་པ་དང༌། གཏན་ལ་འབེབས་པའི་རྟོག་པའོ། །དེ་ལ་རང་བཞིན་གྱིས་རྟོག་པ་ནི་མིག་གི་རྣམ་པར་ཤེས་པས་གཟུགས་ལ་གཟུགས་ཙམ་དུ་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པས་སྒྲ་ལ་སྒྲ་ཙམ་དུ་ཤེས་པའོ། །རྗེས་སུ་དྲན་པའི་རྟོག་པ་ནི་སྔོན་མཐོང་བ་དང༌། ཐོས་པ་ལ་སོགས་པ་ཕྱིས་མ་བརྗེད་ཅིང༌། དྲན་པ་མ་ཉམས་པའོ། །གཏན་ལ་འབེབས་པའི་རྟོག་པ་ནི་ཁམས་གསུམ་དང་དུས་གསུམ་གྱི་དངོས་པོ་རྣམས་ལས་ཁ་ཅིག་མིག་གིས་མངོན་སུམ་དུ་མཐོང་བ་དང༌། ཁ་ཅིག་མིག་གིས་མངོན་སུམ་དུ་མཐོང་བ་ཡང་རྣ་བས་ཐོས་པ་ལ་སོགས་པ་ལས་ཤེས་རབ་དང་སེམས་པའི་ཁྱད་པར་གྱིས་འདི་ནི་ཡིན་འདི་ནི་མ་ཡིན་ཞེས་རྟོག་པ་ནི་གཏན་ལ་འབེབས་པའི་རྟོག་པ་ཞེས་བྱའོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་གཙུག་ལག་ལས་ཀྱང་རྗེས་སུ་དྲན་པའི་རྟོག་པ་གང་ཞེ་ན། སྔོན་རྗེས་སུ་མྱོང་བའི་འདུ་བྱེད་རྣམས་འཛིན་པ་གང་ཡིན་པའོ། །གཏན་ལ་འབེབས་པའི་རྟོག་པ་གང་ཞེ་ན། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་ལ་མངོན་སུམ་དུ་མ་གྱུར་པར་རྟོག་པའི་རྣམ་པར་རྟོག་པའོ་ཞེས་གསུངས་སོ། །དེ་ལ་ཁྲི་རྐང་པ་གཅིག་ཡོད་ཀྱང་གསུམ་མེད་ན་ཁྲི་རྐང་པ་མེད་པ་ཞེས་བྱ་བ་དང་འདྲ་བར་རང་བཞིན་གྱིས་རྣམ་པར་རྟོག་པ་ཡོད་ཀྱང་རྗེས་སུ་དྲན་པའི་རྟོག་པ་དང༌། གཏན་ལ་འབེབས་པའི་རྟོག་པ་གཉིས་མེད་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེ་བས་ན་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་རྣམས་ནི་རྗེས་སུ་དྲན་པའི་


DTG137_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དང༌། གཏན་ལ་འབེབས་པའི་རྟོག་པ་གཉིས་དང་ལྡན་པས་རྟོག་པ་དང་བཅས་པ་ཞེས་བྱའོ། །གཞུང་ལས་མ་སྨོས་ཀྱང་ཁམས་ལྷག་མ་རྣམས་ནི་རྣམ་པར་མི་རྟོག་པར་གྲུབ་སྟེ། དེ་དག་ཀྱང་གང་ཞེ་ན། མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་དབང་པོ་ལྔ་དང༌། གཟུགས་དང་རེག་བྱའི་བར་དུ་ཡུལ་ལྔ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ལྔ་སྟེ། བཅོ་ལྔ་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བ་མ་ཡིན་པ་རྣམས་ནི་རྣམ་པར་མི་རྟོག་པ་ཉིད་དུ་གཞག་གོ།། ཟིན་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཟིན་པའི་ཁམས་ནི་དུ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་དང་འབྲེལ་པའམ། སེམས་དང་སེམས་ལས་བྱུང་བས་ཟིན་པའི་གཟུགས་ལ་ཟིན་པ་ཞེས་བྱའོ། །ནང་གི་ལྔ་དང་ཞེས་བྱ་བ་ལ། ནང་གི་དབང་པོ་ལྔ་ནི་ཟིན་པ་ཞེས་བྱ་སྟེ། དེ་ཡང་གང་ཞེ་ན། མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་སོ། །ཅིའི་ཕྱིར་མིག་ལ་སོགས་པའི་ལྔ་ཉི་ཚེ་ལ་ཟིན་པ་ཞེས་བྱ་བར་ཟད་ཀྱི་ཟིན་པ་གཞན་ཡང་མེད་སྙམ་པ་ལ་ཡོད་པར་བསྟན་པའི་ཕྱིར། བཞིའི་ཕྱོགས་ཏེ། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་སྟེ་བཞི་པོ་དེ་རྣམས་ལ་རྣམ་པ་གཉིས་ཡོད་དེ་ཟིན་པ་དང་མ་ཟིན་པའོ། །དེ་ལ་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་ཟིན་པའི་ཕྱོགས་གང་ཡིན་པ་ནི་ཟིན་པ་ཞེས་བྱའོ། །དེ་ཡང་གང་ཞེ་ན། མིག་ལ་སོགས་བའི་དབང་པོ་དང༌། ཐ་མི་དད་ཅིང་མིག་ལ་སོགས་པའི་དབང་པོ་དང༌། ལྷན་ཅིག་ཏུ་གནས་པའི་གཟུགས་དང། དྲི་དང༌། རོ་དང༌། རེག་བྱ་རྣམས་དབང་པོ་སེམས་དང༌། སེམས་ལས་བྱུང་བ་ཟིན་པ་བཞིན་དུ། དབང་པོ་ལ་ཡོད་པའི་བཞི་པོའི་ཕྱོགས་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བས་གཟུང་བས་ན་ཟིན་པ་ཞེས་བྱའོ། །འདི་ལྟར་ལུས་ལ་ཡོད་པའི་གཟུགས་ལ་སོགས་པ་ཡང་


DTG137_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོའི་རྩ་བ་མ་གཏོགས་པ་གཞན་སྐྲ་དང༌། སྤུ་དང༌། སེན་མོ་དང༌། བཤད་བ་དང༌། གཅི་བ་དང༌། མཆིལ་མ་དང༌། སྣབས་དང༌། ཁྲག་ལ་སོགས་པ་ནི་མ་ཟིན་པ་ཞེས་བྱའོ། །ཟིན་པ་ཞེས་བྱ་བའི་དོན་ཇི་ལྟ་བུར་སེམས་དང་སེམས་ལས་བྱུང་བས་འདི་ནི་བདག་གི་ཡུལ་ས་ཡིན་ནོ་ཞེས་བྱ་བའི་ཚུལ་དུ་བཟུང་ལ། ལུས་དང་སེམས་གཉིས་ཀྱང་གཅིག་ལ་གཅིག་ཕན་པ་དང༌། གནོད་པས་རྗེས་སུ་འབྲེལ་བར་བྱེད་དེ། ལུས་ལ་ཕན་ན་ཡང་སེམས་ལ་ཕན་པ་དང༌། སེམས་ལ་ཕན་ན་ཡང་ལུས་ལ་ཕན་པ་དང༌། ལུས་ལ་གནོད་ན་ཡང་སེམས་ལ་གནོད་པ་དང༌། སེམས་ལ་གནོད་ན་ཡང་ལུས་ལ་གནོད་པར་བྱེད་པ་ནི་ཟིན་པ་ཞེས་བྱའོ། །མ་ཟིན་པ་དུ་ཞེས་བྱ་བ་ལ། ཁམས་བཅོ་བརྒྱད་ཀྱི་ནང་ནས་མ་ཟིན་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ལྷག་མ་དགུ་དང་བཞི་པོའི་ཕྱོགས་སོ་ཞེས་བྱ་བ་ལ། དབང་པོ་ལྔ་དང་ལྷན་ཅིག་འགྲོགས་པའི་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཟིན་པར་བཤད་པའི་ལྷག་མ་ནི་སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་དང༌། སྒྲའི་ཁམས་ཏེ་དགུ་ཡང་མ་ཟིན་པ་ཞེས་བྱའོ། །བཞིའི་ཕྱོགས་ཏེ། མིག་ལ་སོགས་པའི་དབང་པོ་ལྔ་དང༌། ཐ་མི་དད་པར་གནས་པ་མ་ཡིན་པའི་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་ཀྱང་མ་ཟིན་ཞེས་བྱ་ལ། རྩ་བ་ལས་མ་གཏོགས་པའི་སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། བཤད་བ་དང༌། གཅི་བ་དང༌། མཆིལ་མ་དང༌། སྣབས་དང༌། ཁྲག་ལ་སོགས་པ་ནི་མ་ཟིན་པ་ཞེས་བྱའོ། །ཆ་མཚུངས་པ་དུ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་དང་དབང་པོ་ལྷན་ཅིག་ཏུ་འགྲོགས་པ་ལས་དབང་པོ་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་པ་ལ་ནི་ཆ་མཚུངས་པ་ཞེས་བྱ་སྟེ། ཁམས་བཅོ་བརྒྱད་བཤད་པའི་སྐབས་ཡིན་པས་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཆ་མཚུངས་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །ནང་གི་གཟུགས་ཅན་ལྔ་སྟེ་ཞེས་བྱ་བ་ལ། ནང་གི་གཟུགས་ཅན་གྱི་ཁམས་ལྔ་ནི་ཆ་མཚུངས་པ་ཞེས་བྱའོ། །དེ་ལ་ནང་གི་ཁམས་ནི་བཅུ་གཉིས་སུ་བཤད་དེ། མིག་


DTG137_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དུ་དྲུག་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དྲུག་སྟེ། ནང་གི་ལྔ་པོ་གང་ལ་བྱ་མི་ཤེས་ཏེ། དེ་བས་ན་བསྟན་པའི་ཕྱིར། གཟུགས་ཅན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ནང་གི་དབང་པོ་ནི་མིག་དང། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་ཁམས་དང་ལྔ་སྟེ། དེ་ལྔ་ནི་ཆ་མཚུངས་བ་ཞེས་བྱའོ། །ཆོས་གང་དང་ཆ་མཚུངས་པ་དང༌། ཆ་མཚུངས་པ་ཞེས་བྱ་བའི་དོན་ཇི་ལྟ་བུ་ཡིན་པ་མི་ཤེས་ནས་བསྟན་པར་བྱ་བའི་ཕྱིར། རང་གི་རྣམ་པར་ཤེས་པ་དག་ཡུལ་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མིག་གི་ཁམས་ཀྱི་རང་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་གི་དབང་པོའི་ཡུལ་གཟུགས་ཡིན་པ་དེ་ཉིད་རྣམ་པར་ཤེས་པའི་ཡུལ་ཡང་གཟུགས་དེ་ཉིད་ཡིན་ཏེ། མིག་གི་དབང་པོ་དང༌། མིག་གི་རྣམ་པར་ཤེས་པ་གཟུགས་ལ་མཚུངས་པར་འཇུག་པ་ནི། ཆ་མཚུངས་པ་ཞེས་བྱའོ། །ཡང་ན་མིག་གི་རྣམ་པར་ཤེས་པའི་ཡུལ་གཟུགས་ཡིན་པ་བཞིན་དུ་དབང་པོའི་ཡུལ་ཡང་གཟུགས་ཡིན་པར་ཆ་མཚུངས་ཏེ། ཇི་ལྟར་གཟུགས་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་པ་བཞིན་དུ་མིག་གི་དབང་པོས་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དེ། གཟུགས་དང་མིག་གི་དབང་པོ་གཉི་ག་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་རྗེས་སུ་མཐུན་པར་གནས་པ་ནི་ཆ་མཚུངས་པ་ཞེས་བྱའོ། །དོན་དུ་མིག་ལ་སོགས་པའི་དབང་པོ་རྣམས་མིག་གི་རྣམ་པར་ཤེས་པ་དང་འགྲོགས་ཤིང་ལྡན་པའི་ཚེ་ན་ཆ་མཚུངས་པ་ཞེས་བྱའོ། །དེ་དང་མཚུངས་པ་དུ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོ་རྣམས་ལ་དེ་དང་མཚུངས་པ་ཞེས་བྱའོ། །ཁམས་བཅོ་བརྒྱད་ཀྱི་ནང་ནས་དེ་དང་མཚུངས་པའི་ཁམས་དུ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་དང་མཚུངས་པ་ཞེས་བྱ་བ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། དེ་ཉིད་རྣམ་པར་ཤེས་པས་སྟོང་པ་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པའི་དབང་པོ་དེ་དག་ཉིད་ནམ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སྟོང་སྟེ། དབང་པོ་དེ་དག་གིས་རང་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མི་བྱེད་ཅིང་བརྒྱལ་བ་དང་ཉལ་བ་ལ་སོགས་པའི་དུས་ན་དབང་པོ་འབའ་ཞིག་ཡོད་པ་དེ་དང་མཚུངས་པ་ཞེས་བྱའོ། །རང་གི་རྣམ་པར་ཤེས་


DTG137_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོང་པའི་དབང་པོ་དེ་དག་ལ་ཅིའི་ཕྱིར་དེ་དང་མཚུངས་པ་བྱ་ཞེ་ན། དེའི་ཕྱིར། རང་གི་རིགས་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པའི་དབང་པོ་རང་གི་རྣམ་པར་ཤེས་པས་སྟོང་པ་དེ་དག་མིག་ལ་སོགས་པའི་དབང་པོ་རང་གི་རྣམ་པར་ཤེས་པས་སྟོང་པ་གཞན་དག་དང༌། རིགས་མཐུན་པས་དེ་དང་མཐུན་པ་ཞེས་བྱའོ། །ཡང་ན་རང་གི་རྣམ་པར་ཤེས་པས་སྟོང་པའི་མིག་ལ་སོགས་པའི་དབང་པོ་དེ་དག་རང་གི་རྣམ་པར་ཤེས་པ་དང་ལྡན་པའི་མིག་ལ་སོགས་པའི་དབང་པོ་དང་མིག་གི་དབང་པོར་གཉི་ག་རིགས་འདྲ་བས་ན་དེ་དང་མཚུངས་པ་ཞེས་བྱ་སྟེ། ནམ་ལྷ་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དང༌། ནམ་ལྷ་སྦྱིན་གྱི་མིག་གི་དབང་པོས་མིག་གི་རྣམ་པར་ཤེས་པ་མི་སྐྱེད་པའི་མིག་གཉི་ག་ཡང་མིག་གི་དབང་པོར་རིགས་འདྲ་བས་ན་དེ་དང་མཚུངས་པ་ཞེས་བྱའོ། །མིག་གི་དབང་པོ་མིག་གི་རྣམ་པར་ཤེས་པས་སྟོང་སྟེ་དེ་དང་མཚུངས་པ་གཉི་ག་ཡང༌། མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས་ན། ཆ་མཚུངས་པ་དང་མཚུངས་པ་ཞེས་བྱའི། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ནི་མཚུངས་པ་དང་དེ་དང་མཚུངས་པ་ཞེས་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ནམ་གཟུགས་དེས་ལྷ་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་པས་ཆ་མཚུངས་པ་ཞེས་བྱ་ལ། དེ་ཉིད་ཀྱི་དུས་ན་མཆོད་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་སྐྱེད་པས་དེ་དང་ཆ་མཚུངས་པར་འགྱུར་བས་ན། དུས་གཅིག་ཏུ་ཆ་མཚུངས་པ་དང༌། དེ་དང་མཚུངས་པ་གཉིས་སུ་འགྱུར་བའི་ཕྱིར་ཆ་མཚུངས་པ་ཞེའམ། དེ་དང་མཚུངས་པ་ཞེས་གཞག་ཏུ་མེད་ལ། གཟུགས་ལ་སོགས་པ་ནི་ལྷ་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་སྐྱེད་པ་བཞིན་དུ་མཆོད་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་ཡང་སྐྱེད་པས་ཐུན་མོང་དུ་གྱུར་པ་ཡིན་པའི་ཕྱིར། དེ་དང་ཆ་མཚུངས་པ་ཞེས་བྱའོ། །ཕུང་པོ་ལྔ་བཤད་པ་སློབ་དཔོན་སའི་རྩ་ལག་གིས་མཛད་པ་རྫོགས་ཤོ།། །།རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།