Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ།  བྱང་ཆུབ་བཟང་པོ།
   
   


 
previousབྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། བྱང་ཆུབ་བཟང་པོ།next

བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ།
བྱང་ཆུབ་བཟང་པོ།


DTG138_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སཏྭ་སམྦ་ར་བིཾ་ཤི་ཀ་པཉྩི་ཀཱ། བོད་སྐད་དུ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་སྡུག་བསྔལ་ལྡན་རྣམས་སྡུག་བསྔལ་ཞི་ཕྱིར་ཐུགས་རྗེས་སྨན་པའི་བློ། །བདག་ཉིད་མཐར་ནི་རྩྭ་ཡི་ཟིལ་པ་ལྟ་བུར་མ་ཉམས་གཟིགས་གནས་པས། །ཚོགས་རྫོགས་དོན་དུ་བརྩོན་འགྲུས་ཁྱད་པར་ཅན་གྱིས་ཡུན་རིང་དཀའ་སྤྱད་མཛད། །སྐྱེ་དགུ་རྣམས་ཀྱི་དཔལ་བསྒྲུབ་ཆེད་དུ་ས་སྟེངས་མགོན་གཅིག་བྱུང་བར་གྱུར། །གང་ཞིག་སྐུར་གནས་གྱུར་ཀྱང་རང་བཞིན་གྱིས་དག་ལོག་པར་སྒྲོ་བཏགས་པའི། །ས་བོན་ལས་བྱུང་ཀུན་ནས་ཉོན་མོངས་རྣམ་པ་དུ་མས་ནམ་ཡང་མ་གོས་ཤིང༌། །འཁྲུལ་པའི་ཚོགས་ཀྱི་དྲ་བ་མ་ལུས་དེ་ཉིད་འབྱེད་པས་འཇོམས་པར་མཛད། །དེས་ན་སྤྲོས་པ་མེད་ཅིང་ཟབ་པའི་ཆོས་ནི་ཉིད་ཀྱིས་ཤིན་ཏུ་ཐུགས་ཆུད་གྱུར། །ངོ་བོ་ཉིད་ཀྱིས་བདག་ཉིད་ཆེར་གྱུར་གང་དག་ལ་ནི་མ་ལུས་གསུངས། །དེ་རྟོགས་པ་ལས་ལྷག་པར་གྱུར་པའི་སྙིང་རྗེས་སྟོན་པའི་བཀའ་ཡི་ཚིག་རྣམས་ནི། །བྱང་ཆུབ་དོན་དུ་ལྟོས་པ་མེད་པས་སྤྱི་བོར་འཛིན་མཛད་བློ་བཟང་གང༌། །ཞི་བའི་སྤྱོད་ལྡན་ཐུབ་མཆོག་ལས་འཁྲུངས་གཅིག་ཏུ་སེམས་ཅན་དོན་མཛད་པ། །དེ་རྣམས་ཡུལ་དང་ཡུལ་ཅན་དག་ལ་ཞེན་


DTG138_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཙོན་ར་ཉིད་དུ་ནི། །སྣ་ཚོགས་བཅིངས་གྱུར་སྐྱབས་མེད་འདོད་པའི་ཁམས་ཀྱི་དབང་ཕྱུག་རྣམས། །གང་ཞིག་དྲན་པའི་རྗེས་སུ་ཞུགས་པས་རིག་པ་མེད་རྣམས་སྒྲོལ་མཛད་ཅིང༌། །ཀུན་དུ་དྲངས་ནས་འདོད་པ་ལས་རྒྱལ་གོ་ཆ་དག་གིས་འཆིང་མཛད་པ། །དེ་རྣམས་ཕྱག་འཚལ་ནས་ནི་གཞན་དོན་ཁུར། །བསྐུར་ཞིང་མི་ཤེས་མུན་པ་གཞོམ་པའི་ཕྱིར། །བདག་ཉིད་ཆེན་པོ་སྡོམ་པ་ཉི་ཤུ་པའི། །རྣམ་བཤད་ཚིག་གསལ་བ་ནི་བརྩམ་པར་བྱ། །འདིར་དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང་བ། ཚུལ་ཁྲིམས་དང་ལྡན་པ། དད་པ་དང་ལྡན་པ། སྙིང་རྗེ་དང་ལྡན་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་བཟུང་ཞིང་ནན་ཏན་དུ་བྱེད་པའི་བདག་ཉིད་ཅན་སྡོམ་པ་འཕེལ་བ་ལ་རབ་ཏུ་སྦྱོར་བ་ནི་རིང་པོ་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་པར་འགྱུར་པའི་ཕྱིར། སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བ་གཞན་གྱིན་དོན་ལ་གཅིག་ཏུ་སེམས་པ། མཆོག་ཏུ་འཇིགས་པ་མེད་པ། ས་ཆེན་པོ་ལ་ཞུགས་པ་དེས་སྡོམ་པ་ཡང་དག་པར་བླང་བ་སྔོན་དུ་འགྲོ་བ་ཅན་གྱི་བསླབ་པ་ནི་ལེགས་པར་ནན་ཏན་དུ་བྱ་བ་ཡིན་པར་ཡང་དག་པར་མཐོང་ནས། བྱང་ཆུབ་སེམས་དཔའི་འདུལ་བ་ཡང་དག་པར་བསྡུ་བར་འདོད་པས་བྱང་ཆུབ་སེམས་དཔའི་ཐ་སྙད་ཀྱི་རྒྱུར་གྱུར་པའི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་མངོན་པར་གཟུང་བ་བསྟན་པའི་ཕྱིར་རེ་ཞིག་འདི་ལྟར། སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་རྣམས་ཉིད་ཡེ་ཤེས་དང༌། ཐུགས་རྗེའི་སྦྱོར་བས་གཞན་གྱི་དོན་ལ་འཇུག་པ་ལ་དབང་དུ་གྱུར་པའི་ཕྱིར་རོ། །མང་པོའི་ཚིག་ཏུ་བསྟན་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཡོངས་སུ་བསྡུ་བའི་ཕྱིར་ཏེ། དེ་ལ་འདས་པ་ནི་སངས་རྒྱས་བཅོམ་ལྡན་འདས་གང་དག་གི་བསྟན་པ་ཡང་ནུབ་པར་འགྱུར་བའོ། །མ་འོངས་པ་ནི་གང་ཞིག་སངས་རྒྱས་པའི་ཆེད་དུ་ཚོགས་ཡོངས་སུ་རྫོགས་པ་འདུལ་བའི་དུས་ལ་གཞེས་པ་འབའ་ཞིག་ཙམ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དེ་ལྟར་གྱི་


DTG138_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་དག་གི་བསྟན་པ་འདི་ཡང་ནུབ་པར་མ་གྱུར་པའོ། །སྲས་དང་བཅས་ལ་ཞེས་བྱ་བ་ནི་སྲས་དང་བཅས་པ་སྟེ། སངས་རྒྱས་རྣམས་འབའ་ཞིག་ཁོ་ན་མ་ཡིན་གྱི་འོན་ཀྱང་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྲས་རྣམས་དང་བཅས་པ་ཡང་ངོ༌། །དེ་རྣམས་ཀྱང་འདིར་རྫོགས་པའི་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །དེ་རྣམས་ལ་གུས་པ་སྟེ། དེའི་ཡོན་ཏན་རྣམས་ལ་དགའ་བའི་སེམས་ཀྱིས་ཕྱག་འཚལ་འདུད་ཅེས་བརྗོད་ཅིང་ལུས་ཤིན་ཏུ་འདུད་པས་ཕྱག་འཚལ་བ་བྱས་ནས། ཅི་ནུས་ཞེས་བྱ་བ་ནི་འབྱོར་པ་དང་རྗེས་སུ་མཐུན་པས་སོ། །མཆོད་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས་གང་དེ་བླང་བར་བྱ་ཞེས་བྱ་བར་སྦྱོར་རོ། །བདག་དང་གཞན་རྗེས་སུ་བཟུང་བ་ལ་རབ་ཏུ་འཇུག་པ་དང༌། འགྱོད་པ་མེད་ཅིང་རབ་ཏུ་དགའ་བའི་སྦྱོར་བས་བསིལ་བའི་ཕྱིར་ཚུལ་ཁྲིམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ། བྱང་ཆུབ་ནི་རྣམ་པ་ཐམས་ཅད་དུ་ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་སོ། །སེམས་དཔའ་ནི་བསམ་པ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་དོན་གྱི་བསམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ཀྱི་ནི། ཕྱོགས་དུས་ཀུན་ན་བཞུགས་པའི་ཞེས་བྱ་བ་སྟེ། ཤར་ལ་སོགས་པའི་ཕྱོགས་བཅུ་པོ་ཐམས་ཅད་དང༌། དུས་གསུམ་པོ་ཐམས་ཅད་དུའོ། །བཞུགས་པ་ནི་ཀུན་དུ་འབྱུང་བ་སྟེ། གཅིག་ཏུ་ཕྱོགས་གཅིག་གི་ཁ་ཅིག་ཏུ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །གང་ཞེས་བྱ་བ་ནི་སྤྱིར་བསྟན་པས་ཚུལ་ཁྲིམས་རྣམ་པ་དགུ་པོ་ཉིད་ཡོངས་སུ་གཟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་རྣམ་པ་དགུར་བསྟན་ཏེ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཐམས་ཅད་དང༌། དཀའ་བ་སྤྱོད་པའི་ཚུལ་ཁྲིམས་དང༌། ཐམས་ཅད་ཀྱི་སྒོའི་ཚུལ་ཁྲིམས་དང༌། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང༌། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཕོངས་པ་འདེད་པའི་ཚུལ་ཁྲིམས་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་སོ། །དེ་


DTG138_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ནི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ཉིད་ཀྱི་རང་བཞིན་ནོ། །དེ་ཡང་ངོ་བོ་ཉིད་ནི་ཡོངས་སུ་འཛིན་པ་དང༌། རྗེས་སུ་སློབ་པའོ། །དེ་ཡང་རྣམ་པ་བཞི་དང་ལྡན་པར་རིག་པར་བྱ་སྟེ། ཕ་རོལ་ལས་ཡང་དག་པར་བླངས་པ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང༌། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །དེ་ལ་ཡང་དག་པར་བླངས་པ་དང༌། བསམ་པ་རྣམ་པར་དག་པ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་བསླབ་པ་ལས་རྣམ་པར་ཉམས་པར་གྱུར་ན། ཕ་རོལ་དང་བདག་ལ་བརྟེན་ནས། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་དག་སྐྱེ་བར་འགྱུར་རོ། །ལྟུང་བ་ལས་ཕྱིར་གསོ་བར་བྱེད་པ་དང༌། རྣམ་པར་ཉམས་པར་མ་གྱུར་པ་སྟེ། ཕྱི་མ་གཉིས་ཀྱིས་ནི་འདིའི་ཚུལ་ཁྲིམས་རྣམ་པར་དག་པས་འགྱོད་པ་མེད་པར་འགྱུར་རོ། །དེ་བཞིན་དུ་ཕ་རོལ་ལས་ཡང་དག་པར་བླངས་བ་དང༌། རྣམ་པར་ཉམས་པར་གྱུར་ན་སླར་གསོ་བས་ནི་ང་རྒྱལ་སྤངས་པ་དང༌། ཉམ་པར་མི་འགྱུར་བའི་ནན་ཏན་གྱིས་ནི་བསམ་པ་རྣམ་པར་དག་པའོ། །དེ་ཉིད་ཀྱིས་ན་འདི་ཕ་རོལ་དང་བདག་ཉིད་ལས་ཀྱང་ཁྲེལ་ཡོད་པ་དང་ངོ་ཚ་བར་འགྱུར་པས་ཚུལ་ཁྲིམས་ཀུན་དུ་སྲུང་བར་འགྱུར་རོ། །བསྲུངས་བས་ན་འགྱོད་པ་མེད་པར་འགྱུར་རོ། །དེ་ལ་ཆོས་གསུམ་པོ་དེ་རྣམས་ཀྱིས་ནི་ལྟུང་བ་མི་འབྱུང་བ་ཡིན་ལ། གསུམ་པས་ནི་ཚུལ་ཁྲིམས་ཉམས་པ་ལས་ལྡང་བར་རིག་པར་བྱའོ། །སེམས་ལས་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པ་དང༌། ནན་ཏན་དག་བསྟན་པ་ཡིན་ནོ། །དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཏེ། ཡང་དག་པར་བླངས་པ་དང༌། རྗེས་སུ་སློབ་པས་བདག་དང་གཞན་གྱི་དོན་དང༌། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་དགེ་བའོ། །བྱང་ཆུབ་སེམས་དཔའི་བསླབ་པ་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པའི་ཕྱིར་དཔག་ཏུ་མེད་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་མངོན་པར་གནས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའོ། །བླ་ན་མེད་


DTG138_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ལེན་པར་བྱེད་པའི་ཕྱིར་འབྲས་བུ་དང་ཕན་ཡོན་ཆེ་བར་རིག་པར་བྱའོ། །ཚུལ་ཁྲིམས་ཐམས་ཅད་ཅེས་བྱ་བ་ལ། ཐམས་ཅད་ཀྱི་ཚུལ་ཁྲིམས་ཐམས་ཅད་དེ། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་དག་ལ་བརྟེན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་རིས་བདུན་བླངས་པའོ། །དེ་ལ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མའི་དབྱེ་བས་རྣམ་པ་ལྔ་ཡིན་པའི་ཕྱིར། རབ་ཏུ་བྱུང་བའི་ཕྱོགས་རྣམ་པ་ལྔའོ། །ཁྱིམ་པའི་ཕྱོགས་ནི་རྣམ་པ་གཉིས་ཏེ། དགེ་བསྙེན་དང་དགེ་བསྙེན་མའི་དབྱེ་བས་རྣམ་པ་གཉིས་ནི་ཁྱིམ་པའི་ཕྱོགས་རྣམ་པ་གཉིས་སོ། །ཉིན་ཞག་གཅིག་པའི་ཡང་དག་པར་བླངས་པ་ནི་དཀའ་བ་སྤྱོད་པ་དང་འདོད་པ་ལས་དབེན་པ་མ་ཡིན་པའི་ཕྱིར་དང༌། ཡུན་རིང་པོར་རྗེས་སུ་འབྲེལ་བ་མེད་པའི་ཕྱིར་འདི་ལ་འོས་པ་མ་ཡིན་པས་མ་བསྟན་ཏོ། །འདི་ལྟར་བསྟན་པར་འགྱུར་ཏེ། སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ལ་བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་ན་མི་ཡིན་ཞིང༌། དེ་རྣམས་ལས་ཀྱང་ལྡོག་པ་མ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ཡང་ཡོད་པ་མ་ཡིན་ནོ། །བསམ་པ་རྣམ་པར་དག་པས་ནི་རྣམ་པར་འཇོམས་པར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ལ་དགོངས་ནས་ཚུལ་ཁྲིམས་དང་ལྡན་པ་ཞེས་དང་པོར་བསྟན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྡོམ་པ་འདི་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བསྟན་ཏོ། །དེ་ལྟ་བུའི་སྡོམ་པའི་ཚུལ་ཁྲིམས་འདི་ལ་གནས་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་


DTG138_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གང་གི་ཚེ་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ནས་རབ་ཏུ་བྱུང་བ་དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་རྩྭ་དང་མི་གཙང་བ་ལྟ་བུར་མི་བལྟ་བར་འགྱུར་བ་ནི་བསམ་པ་རྣམ་པར་དག་པས་ཡིན་གྱི་གཞན་ནི་དེ་ལྟ་མ་ཡིན་ཏེ། དམན་པ་དག་ནི་འདོད་པ་དང་འཚོ་བའི་དོན་དུ་རབ་ཏུ་འབྱུང་བའི་ཕྱིར་རོ། །མ་འོངས་པའི་དུས་ཡང་སྡོམ་པ་ལ་དབང་དུ་གྱུར་བར་ཡོངས་སུ་འཐོབ་པའི་འདོད་པ་རྣམས་ལ་ཡང་མངོན་པར་དགའ་བར་འགྱུར་བ་མ་ཡིན་ཞིང༌། དེའི་དོན་དུ་སྨོན་པས་ཚངས་པར་སྤྱད་པ་སྤྱོད་པར་མི་བྱེད་དེ། འདོད་པ་རྣམས་ལ་འཇིགས་པ་ཆེན་པོ་སྣ་ཚོགས་པ་དང་བཅས་པའི་ནགས་ཚལ་དུ་འཇུག་པ་ལྟ་བུར་ཡང་དག་པའི་ཤེས་རབ་ཀྱིས་ཀུན་དུ་མཐོང་ནས་མི་འཇུག་གོ །ད་ལྟར་གྱི་དུས་ཀྱི་འདོད་པ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་དག་ལ་ཡང་སྐྱུགས་པའི་ཟས་བཞིན་དུ་རོ་མྱོང་བར་མི་བྱེད་ན། དམན་པ་རྣམས་ཀྱིས་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས། གཅིག་པུ་རབ་ཏུ་དབེན་པ་ལ་མངོན་པར་དགའ་བ་ཡིན་ལ། ཚོགས་ཀྱི་ནང་དུ་ཡང་རུང་སེམས་དབེན་པས་གནས་པར་འགྱུར་ཏེ། ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་གྱི། འོན་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་མངོན་པར་བསྒྲུབ་པ་དང༌། དབང་དུ་གྱུར་བར་བྱ་བའི་ཕྱིར་འབད་པར་བྱེད་དོ། །འདུ་འཛིའི་ནང་དུ་འདུག་ཀྱང་གཏམ་ངན་པ་དང༌། ཚིག་ངན་པ་ཅུང་ཟད་ཀྱང་དང་དུ་ལེན་པར་མི་བྱེད་ལ། དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམས་སོ། །བརྗེད་ངས་པས་ཀུན་དུ་སྤྱོད་པར་གྱུར་ན་ཡང་དུས་དུས་སུ་ཤིན་ཏུ་འགྱོད་པ་དང༌། ཉེས་པ་མཐོང་བ་ཡང་སྐྱེད་པར་བྱེད་དེ། གང་གི་ཚེ་གཏམ་ངན་པ་དང༌། རྟོག་པ་ངན་པ་ཡང་སྐྱེས་མ་ཐག་ཏུ་མྱུར་བ་ཉིད་དུ་དྲན་པ་སྐྱེད་པར་བྱེད་ཅིང་མི་བྱ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་སྤོང་བར་འགྱུར་རོ། །སྤོང་བ་ལ་གོམས་པ་ལས་ནི་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་དུ་སྤྱོད་པ་ལ་དགའ་བར་འགྱུར་པ་དེ་ལྟར་དེ་ཀུན་དུ་མི་སྤྱོད་པ་ལ་དགའ་བ་དང༌། ཀུན་དུ་སྤྱོད་པ་དང་རྗེས་སུ་མི་མཐུན་པར་ཡང་གནས་སོ། །ས་ཆེན་


DTG138_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྒྱ་ཆེ་བ་རྣམས་དང༌། དཔག་ཏུ་མེད་པ་རྣམས་དང༌། བསམ་གྱིས་མི་ཁྱབ་པ་རྣམས་དང༌། ཡུན་རིང་བ་རྣམས་དང༌། ཤིན་ཏུ་བྱ་དཀའ་བ་རྣམས་དེ་ཐོས་ནས་སྐྲག་པའམ་ཞུམ་པར་མི་འགྱུར་གྱི། གཞན་དུ་ན་འདི་ལྟར་དེ་དག་ཀྱང་མིར་གྱུར་པ་ལས་རིམ་གྱིས་བསླབས་ནས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ལུས་དང་ངག་གི་སྡོམ་པ་དང་ལྡན་པར་འགྱུར་ལ། བདག་ཉིད་ཀྱང་མིར་གྱུར་པས་རིམ་གྱིས་བསླབས་ན། གདོན་མི་ཟ་བར་ལུས་དང༌། ངག་གི་སྡོམ་པ་ཕུན་སུམ་ཚོགས་པ་དག་ཐོབ་པར་འགྱུར་རོ་སྙམ་དུ་སེམས་སོ། །དེས་ན་བདག་ཉིད་ཀྱི་ཉེས་པ་དང་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི་གཞན་གྱི་ལམ་མ་ཡིན་ནོ། །སེམས་ཅན་གཞན་དག་གཏུམ་ཞིང་ཚུལ་ཁྲིམས་འཆལ་བ་རྣམས་ཉེ་བར་གནས་པ་ལ་ཀུན་ནས་མནར་སེམས་དང༌། ཁོང་ཁྲོ་བར་མི་འགྱུར་གྱི། དེ་དག་ལ་ལྷག་པར་རྗེས་སུ་བརྩེ་བའི་སེམས་དང༌། བྱེད་པར་འདོད་པའི་སེམས་ལ་ཉེ་བར་གནས་པར་འགྱུར་རོ། །ཕ་རོལ་པོ་དག་གི་ལག་པ་དང༌། བོང་བ་དང༌། དབྱུག་པ་དང༌། མཚོན་ཆས་བསྣུན་ཀྱང་སེམས་ཀྱིས་ཀྱང་འཁྲུག་པར་མི་བྱེད་ན། སྡིག་པ་ཅན་གྱིས་ཚིག་འབྱིན་པའམ་སླར་འཚོག་པ་ལྟ་ག་ལ་བྱེད། དེ་བཞིན་དུ་གཤེ་བ་དང༌། ཁྲོ་བ་ལ་སོགས་པའི་སྡུག་བསྔལ་གྱི་རེག་པ་ལས་བྱུང་བ་ཅུང་ཟད་ཙམ་གྱིས་ཀྱང་གནོད་པར་མི་བྱེད་དོ། །ཡན་ལག་ལྔ་དང་ལྡན་པའི་བག་ཡོད་པ་སྟེ། སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པ་ནི་གང་འདས་པའི་དུས་སུ་ཉེ་བར་བླངས་པ་ལས་ལྟུང་བ་འབྱུང་བར་གྱུར་པ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པར་འགྱུར་བའོ། །ཕྱི་མའི་མཐའ་དང་ལྡན་པ་ནི་མ་འོངས་པའི་དུས་ན་ལྟུང་བ་གང་འབྱུང་བར་འགྱུར་བ་དེ་དག་ཀྱང་ཆོས་བཞིན་དུ་ཕྱིར་འཆོས་པར་འགྱུར་བའོ། །དབུས་ཀྱི་མཐའ་དང་ལྡན་པ་ནི་ད་ལྟར་གྱི་དུས་སུ་ལྟུང་བ་གང་བྱུང་བ་དེ་དག་ཀྱང་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་པའོ། །དུས་སྔ་ནས་བྱ་བ་ནི་གང་འདི་ལྟུང་བའི་སྔོན་རོལ་ཉིད་ནས་ལྟུང་བ་མི་འབྱུང་བར་ཤིན་ཏུ་ནན་ཏན་བྱེད་པའོ། །ཁ་ཅིག་ནི་འདི་ལ་ནམ་ཡང་ལྟུང་བ་འབྱུང་བར་མི་འགྱུར་རོ་ཞེས་ཟེར་རོ། །ལྷན་ཅིག་རྗེས་སུ་


DTG138_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི་གང་དུས་སྔ་མར་བྱ་བའི་བདག་ཡོད་པར་འདི་ཉིད་ལ་གནས་ནས་ཅི་ནས་ཀྱང་འདི་ལ་ལྟུང་བ་འབྱུང་བར་མི་འགྱུར་བའོ། །དགེ་བ་མི་སྤྱོམས་པ་དང༌། སྡིག་པ་མི་འཆབ་པ་དང་འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། སྡུག་བསྔལ་བཟོད་པ་དང༌། སྐྱོ་བ་མེད་པའི་ངང་ཚུལ་ཅན་དང༌། རྒོད་པ་མེད་པ་དང༌། མི་གཡེང་བ་དང༌། སྤྱོད་ལམ་རབ་ཏུ་ཞི་བ་དང༌། ཁ་གསག་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་ཐམས་ཅད་རྣམ་པར་སྤང་བ་སྟེ། དེ་ལྟར་ན་ཡན་ལག་བཅུ་པོ་དེ་རྣམས་དང་ལྡན་པའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ལེགས་པར་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ཏེ། འདི་ལྟ་སྟེ་སྔ་མ་འདས་པའི་འདོད་པ་རྣམས་ལ་མི་ལྟ་བ་དང༌། མ་འོངས་པ་རྣམས་ལ་མངོན་པར་དགའ་བར་མི་བྱེད་པ་དང༌། ད་ལྟར་གྱི་རྣམས་ལ་མི་ཆགས་པ་དང༌། རབ་ཏུ་དབེན་པ་ལ་མངོན་པར་དགའ་བ་དང༌། ངག་དང་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་པ་དང༌། བདག་ཉིད་ལ་ཁྱད་དུ་མི་གསོད་པ་དང༌། དེས་པ་དང་བཟོད་པ་དང༌། བག་ཡོད་པ་དང༌། ཆོ་ག་དང་འཚོ་བ་རྣམ་པར་དག་པ་ཞེས་བྱ་བའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྡོམ་པ་ཡང་དག་པར་བླངས་པའི་འོག་ཏུ་ཡང་གང་ཅུང་ཟད་ལུས་དང༌། ངག་དང་ཡིད་དག་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བ་གང་ཅི་ཡང་རུང་བ་བསགས་པ་སྟེ། དེ་ཡང་ཁྱད་པར་དུ་ཐོས་པ་དང༌། བསམ་པ་དང༌། ཞི་གནས་དང་ལྷག་མཐོང་བསྒོམ་པ་རྣམས་ལ་གཅིག་ཏུ་དགའ་བས་མངོན་པར་སྦྱོར་བའོ། །དེ་བཞིན་དུ་དུས་དུས་སུ་བླ་མ་རྣམས་ལ་གསོད་པོར་སྨྲ་བ་དང༌། ཕྱག་བྱ་བ་དང༌། མངོན་པར་ལྡང་བ་དང༌། ཐལ་མོ་སྦྱོར་བ་དང༌། ཞེ་ས་དང་བཅས་པས་ཀུན་དུ་སྤྱོད་པ་དང༌། བསྙེན་བཀུར་བྱེད་པ་དང༌། ན་བ་རྣམས་ལ་བརྩེ་བས་རིམ་གྲོ་བྱེད་པ་དང༌། ལེགས་པར་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང༌། ཡོན་ཏན་དང་ལྡན་པ་ལ་ཇི་ལྟ་བ་ཉིད་ཀྱི་བསྔགས་པ་བརྗོད་པ་དང༌། ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་དགའ་བའི་སེམས་ཀྱིས་ཚིག་གིས་རྗེས་སུ་ཡི་རང་བ་དང༌། གཞན་རྣམས་ཀྱིས་ཉེས་པ་བྱས་པ་ཐམས་ཅད་ལ་སོ་སོར་


DTG138_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཏེ་བཟོད་པ་བྱེད་པ་དང༌། དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང༌། དུས་དུས་སུ་ཡང་དག་པའི་སྨོན་ལམ་སྣ་ཚོགས་གདབ་པ་དང༌། མཆོད་པའི་རྣམ་པ་རྒྱ་ཆེན་པོ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་དང་དགེ་བའི་ཕྱོགས་ལ་བརྩོན་འགྲུས་བརྩམ་པའི་ཕྱིར་རྟག་ཏུ་བག་མེད་པ་སྤོང་བ་དང༌། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསླབ་པའི་བཞི་རྣམས་ཀུན་དུ་བསྲུང་བ་དང༌། དབང་པོའི་སྒོ་བསྡམ་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་དང་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། ཉེས་པ་ཡོངས་སུ་ཤེས་ཤིང་མཐོང་ནས་ཀྱང་ཉེས་པ་རྣམས་ཡོངས་སུ་སྤོང་བ་དང༌། ཉེས་པ་རྣམས་ཆོས་བཞིན་དུ་འཆགས་པ་དང༌། དེ་ལྟ་བུའི་ཕྱོགས་དང་མཐུན་པའི་དགེ་བའི་ཆོས་རྣམས་སྒྲུབ་པ་དང༌། སྲུང་བ་དང༌། སྤེལ་བར་བྱེད་པ་སྟེ། དེ་ལྟར་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་འདི་ལ་རྣམ་པར་གནས་ན། དགེ་བའི་ཆོས་ཀྱི་ཚུལ་ཤིན་ཏུ་བསྡུས་པར་འགྱུར་ཏེ། གང་འདི་འདོད་པའི་ལོངས་སྤྱོད་ལ་ལྟ་བ་ཅུང་ཟད་ཙམ་སྐྱེས་པ་དང་དུ་ལེན་པར་མི་བྱེད་ན། མང་པོ་ལྟ་སྨོས་ཀྱང་ཅི་དགོས། །ཚུལ་ཁྲིམས་འཆལ་བའི་རྒྱུར་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་མོངས་པ་ཆགས་པ་དང་ཞེ་སྡང་ལ་སོགས་པ་དང༌། སེར་སྣ་དང༌། ཕྲག་དོག་དང༌། ཁོང་ཁྲོ་བ་དང༌། ཁོན་དུ་འཛིན་པ་ལ་སོགས་པ་བྱུང་བ་དང་དུ་ལེན་པར་མི་བྱེད་དོ། །ཕ་རོལ་པོ་དག་ཉེ་བར་གནས་པ་ན་ཁོང་ཁྲོ་བ་དང༌། ཀུན་ནས་མནར་སེམས་དང༌། ཤར་གཉེར་བའི་སེམས་བྱུང་བ་དང་དུ་ལེན་པའི་མི་བྱེད་དོ། །ལེ་ལོ་དང་སྙོམས་ལས་སྐྱེས་པ་ཡང་དང་དུ་ལེན་པར་མི་བྱེད་དོ། །སྙོམས་པར་ཞུགས་པའི་རོ་མྱང་བ་དང༌། སྙོམས་པར་འཇུག་པའི་ཉོན་མོངས་པ་བྱུང་བ་ཡང་དང་དུ་ལེན་པར་མི་བྱེད་དོ། །གནས་ལྔ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་དང༌། དགེ་བའི་རྒྱུ་དང༌། དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང༌། དགེ་བའི་འབྲས་བུ་ལ་ཕྱིན་ཅི་མ་ལོག་པ་དང༌། དགེ་བ་བསྡུ་བ་ལ་བར་དུ་གཅོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལ་


DTG138_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་འབྲས་བུ་ལ་ཡོན་ཏན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་དགེ་བ་བསྡུ་བའི་ཕྱིར་དགེ་བའི་རྒྱུ་ཡོངས་སུ་ཚོལ་བར་བྱེད་དོ། །ཕྱིན་ཅི་ལོག་དང༌། ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ་ཐོབ་ནས་མི་རྟག་པ་ལ་རྟག་པར་ལྟ་བར་མི་འགྱུར་བ་ནས། བདག་མེད་པ་ལ་ཡང་བདག་ཏུ་ལྟ་བར་མི་འགྱུར་བའི་བར་དུའོ། །བར་ཆད་དུ་གྱུར་པ་ཡང་རབ་ཏུ་ཤེས་ནས་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལྟར་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་དུ་བྱེད་པ་རྣམ་པ་བཅུ་པོ་དེ་དག་ཉིད་ཀྱིས་མྱུར་བ་ཉིད་དུ་རྣམ་པ་ཐམས་ཅད་དུ་དགེ་བ་སྡུད་པ་ཡིན་ནོ། །ཡང་སེམས་ཅན་གྱི་བྱེད་པའི་ཚུལ་ཁྲིམས་ནི་རྣམ་པ་བཅུ་གཅིག་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་གནས་པ་ནི་རེ་རེ་ཡང་རྣམ་པ་ཐམས་ཅད་ཀྱི་རྣམ་པ་དང་ལྡན་པ་ཡིན་ཏེ། འདི་ལ་སེམས་ཅན་གྱི་དོན་གྱི་བྱ་བ་ཉེ་བར་གྱུར་པ་སྟེ། ནད་ལ་སོགས་པའི་སྡུག་བསྔལ་བྱུང་ཞིང་སྐྱེས་པར་གྱུར་པ་རྣམས་ལ་ནད་གཡོག་ལ་སོགས་པའི་གྲོགས་བྱེད་པ་ཡིན་ཏེ། དེ་འདིར་དེ་ལ་སེམས་པས་གྲོགས་བྱེད་པའི་ཆེད་དུ་འགྲོ་བར་བྱེད། དེའི་ཆེད་དུ་ལམ་དུ་འགྲོ་ཞིང་འོང་བ་དང་ཡང་དག་པའི་ལས་ཀྱི་མཐའ་ལ་སྦྱོར་བ་དང༌། ལོངས་སྤྱོད་པ་རྣམས་ཀུན་དུ་བསྲུང་བ་དང༌། བྱེ་བ་རྣམས་སྡུམ་པ་དང༌། དགའ་སྟོན་དང༌། བསོད་ནམས་བྱེད་པ་དག་གི་གྲོགས་སུ་འགྲོ་བར་བྱེད་དོ། །ནད་ཀྱིས་བཏབ་པ་རྣམས་ཀྱི་ནད་གཡོག་དང༌། ལོང་བ་རྣམས་ནི་ཁྲིད་ཅིང་ལམ་སྟོན་པར་བྱེད་པ་དང༌། འོན་པ་རྣམས་ནི་གོ་བར་བྱ་བའི་ཕྱིར་ལག་བརྡའི་མཚན་མ་ཉེ་བར་བསྟན་པས་དོན་གོ་བར་བྱེད། རྐང་ལག་མེད་པ་རྣམས་ནི་མགོའམ་བཞོན་པས་འཁྱེར་བར་བྱེད། །འདོད་པའི་འདུན་པ་ལ་སོགས་པས་ཀུན་ནས་དཀྲིས་པ་རྣམས་ཀྱི་འདོད་པ་ལ་སོགས་པར་རྣམ་པར་རྟོག་པའི་སྡུག་བསྔལ་སེལ་བར་བྱེད། །གཞན་གྱིས་སྨ་ཕབ་ཅིང་ཕམ་པར་བྱས་པ་རྣམས་ཀྱི་ནི་སྨ་ཕབ་པ་དང་ཕམ་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད། །ལམ་གྱིས་ངལ་བར་གྱུར་པ་རྣམས་ལ་གནས་དང་བཟའ་བ་སྦྱིན་པ་ལ་སོགས་པ་དང༌། ལུས་མཉེ་བས་ཀྱང་ལམ་གྱིས་ངལ་བ་དང་


DTG138_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དུབ་པའི་སྡུག་བསྔལ་སེལ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་གྲོགས་བྱེད་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱི་ཐབས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བའི་རིགས་པ་སྟོན་པར་བྱེད་དེ། དེ་འདི་ལྟར་གཞན་རྣམས་ལ་རིགས་པ་སྟོན་པར་བྱེད་པ་ནི་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར་ཆོས་སྟོན་པར་བྱེད་པའམ། ཐབས་མཁས་པས་ཀྱང་སྟོན་པར་བྱེད་པ་དེ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤོང་བར་བྱེད་པ་དང༌། ཚེ་འདི་ལ་ཡང་ཡང་དག་པ་དང༌། ཚེགས་ཆུང་ངུས་ལོངས་སྤྱོད་རྣམས་བསྒྲུབ་པ་དང༌། བསྲུང་བ་དང༌། བསྟན་པ་འདི་ལ་སྡང་བ་རྣམས་དད་པ་ཐོབ་པར་བྱ་བ་དང༌། མཐོང་བ་ཐོབ་པར་བྱ་བ་དང༌། ལྟ་བ་རྣམ་པར་དག་པས་ངན་སོང་ལས་ཡང་དག་པར་འདའ་བར་བྱ་བ་དང༌། ཀུན་ཏུ་སྦྱོར་བ་ཐམས་ཅད་མཐར་ཐུག་པས་སྡུག་བསྔལ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པའམ་ཐབས་མཁས་པས་ཀྱང་སྟོན་པར་བྱེད་དོ། །འདི་ནི་རིགས་པའི་རྣམ་པ་ཐམས་ཅད་སྟོན་པའོ། །ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་རྗེས་སུ་འཛིན་པར་བྱེད་ཅིང་རྗེས་སུ་མཐུན་པའི་ལན་དུ་ཕན་འདོགས་པས་བསྙེན་བཀུར་བྱེད་དེ། དེ་འདི་ལྟར་བྱས་པ་གཟོ་བ་ལ་དགའ་བ་དང་ལྡན་པས་ལན་དུ་ཕན་འདོགས་པ་མཐོང་ནས་གུས་པར་བྱ་སྟེ། ཚུར་སྤྱོན་ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་དུ་སྨྲ་ལ་ཡང་དག་པར་དགའ་བར་བྱེད། གནས་དང་སྟན་བསྟབས་པས་ཀྱང་བསྡུ་བར་བྱེད་དེ། །རྙེད་པ་དང་བཀུར་སྟིའི་ལན་དེ་དང་མཉམ་པའམ་ལྷག་པས་ཉེ་བར་གནས་པར་བྱེད་དོ། །གཞན་ཡང་དེའི་བྱ་བ་རྣམས་ལ་མ་བཅོལ་བར་ཡང་གྲོགས་བྱེད་དུ་འགྲོ་ན་བཅོལ་བ་ལ་ལྟ་ཅི་སྨོས། །དེ་བཞིན་དུ་འདིར་རྣམས་པ་གཞན་ཡང་བྱ་བ་ཡིན་ནོ། །དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་དུ་བྱས་པ་གཟོ་བའོ། །སེམས་ཅན་འཇིགས་པ་རྣམས་འཇིགས་པའི་གནས་དག་ལས་སྲུང་བར་བྱེད་དོ། །སེམས་ཅན་རྣམས་གཅན་གཟན་གྱི་གནོད་པའི་འཇིགས་པ་ལས་ཀྱང་བསྲུང་ཞིང༌། །ཆུའི་གློང་དང་ཆུ་སྲིན་འཛིན་ཁྲིའི་འཇིགས་པ་དང༌། རྒྱལ་པོའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་


DTG138_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཕྱི་རོལ་པའི་འཇིགས་པ་དང༌། རྗེ་བོ་དང་བདག་པོའི་འཇིགས་པ་དང༌། འཚོ་བ་མེད་པའི་འཇིགས་པ་དང༌། མི་སྙན་པའི་འཇིགས་པ་དང༌། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དང༌། མི་མ་ཡིན་པ་དང་རོ་ལངས་ཀྱི་འཇིགས་པ་ལ་སོགས་པ་ལས་ཀྱང་ཡོངས་སུ་སྲུང་བར་བྱེད་དོ། །དེ་རྣམས་ནི་འཇིགས་པའི་གནས་ཀྱི་རྣམ་པ་ཐམས་ཅད་ལས་ཀུན་དུ་སྲུང་བའོ། །ཡང་གཉེན་བཤེས་དང་ལོངས་སྤྱོད་ཀྱིས་ཕོངས་པ་རྣམས་ཀྱི་མྱ་ངན་སེལ་བར་བྱེད་དེ། དེ་ཡང་འདི་ལྟར་སྡུག་བསྔལ་གྱི་གནས་རྣམས་ཀྱི་མྱ་ངན་སེལ་བར་བྱེད་པ་སྟེ། གཉེན་བཤེས་ཀྱི་སྡུག་བསྔལ་ལས་བརྩམས་ནས་མ་དང་ཕ་དང༌། བུ་དང༌། ཆུང་མ་དང༌། སྤུན་ཟླ་དང༌། སྲིང་མོ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ཤེ་བ་དང༌། སློབ་དཔོན་དང་མཁན་པོ་དང༌། བླ་མ་ལྟ་བུ་ཤིན་ན་ཡང་མྱ་ངན་སེལ་བར་བྱེད་དོ། །ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ་གཞན་དག་གི་ལོངས་སྤྱོད་རྒྱལ་པོ་དང༌། ཆོམ་རྐུན་ལ་སོགས་པས་ཚུལ་མ་ཡིན་པར་ཕྲོགས་པ་རྣམས་རྒྱུ་དེས་མྱ་ངན་དུ་གྱུར་སེལ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་ཀྱིས་མྱ་ངན་སེལ་བའོ། །ཕོངས་པ་རྣམས་ལ་ཚུལ་བཞིན་དུ་ཕན་གདགས་པས་ཉེ་བར་འཛིན་པ་སྟེ། འདི་ལྟར་ཕོངས་པ་རྣམས་ལ་ཕན་གདགས་པས་ཉེ་བར་འཛིན་པ་ནི་ཟས་འདོད་པ་ལ་ཟས་སྦྱིན་པ་དང༌། བཞོན་པ་འདོད་པ་ལ་བཞོན་པ་ནས་ཅི་སྲིད་གང་དོན་བྱེད་པ་དེ་ནི་དེའི་ཕྱིར་རིགས་པའི་རྗེས་སུ་འགྲོ་བར་སྦྱིན་པའི་བར་འདི་ནི་ཕན་གདགས་པའི་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་འཛིན་པའོ། །གནས་ཡང་དག་པར་སྦྱིན་པ་དང༌། ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པར་བྱེད་དེ། །ཀུན་དུ་སྨྲ་བ་དང༌། ལེགས་པར་སྨྲ་བ་དང༌། ཡང་དག་པར་དགའ་བར་བྱེད་པ་དག་གིས་དུས་འདའ་བ་དང༌། གཞན་དག་བཟའ་བ་དང་བཏུང་བ་སྦྱིན་པ་ལ་སོགས་པས་ཡོངས་སུ་བསྡུས་པ་ལས་འཇིག་རྟེན་པའི་དོན་གྱི་རྗེས་སུ་རྒྱུན་འཇུག་ཅིང་དོན་དུ་གཉེར་བ་རྣམས་ལ་འགྲོ་བ་དང་འོང་བ་བདག་གིར་བྱེད་དོ། །དེ་འདི་ལྟར་སེམས་ཅན་གྱི་ཚོགས་རྣམས་ཡོངས་སུ་བསྡུ་བའི་སྦྱོར་


DTG138_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡོངས་སུ་སྡུད་པར་བྱེད་དེ། །ཟང་ཟིང་མེད་པའི་སྙིང་བརྩེ་བའི་སེམས་ཉེ་བར་བཟུང་ནས། རེ་ཞིག་ཐོག་མར་གནས་སྦྱིན་པར་བྱེད་དོ། །དེ་ནས་ཕོངས་པ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལས་ཆོས་བཞིན་དུ་ཆོས་གོས་དང་ཟས་ལ་སོགས་པ་ཚོལ་བར་བྱེད་དོ། །རང་ཉིད་ཀྱི་གོས་དང་ཟས་ལ་སོགས་པ་ཆོས་དང་མཐུན་ཞིང་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོང་དུ་ལོངས་སྤྱོད་པར་བྱེད་དོ། །སྲེད་ཅིང་སྤྱོད་པ་མ་ཡིན་ནོ། །དུས་དུས་སུ་མཐུན་པའི་གདམས་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་གང་དག་ལ་གདམས་པ་འདོད་པར་གྱུར་ན། ཏིང་ངེ་འཛིན་ལ་བརྟེན་ནས་སམ། འགྲོགས་པའི་རྒྱུས་ཐོག་མ་ཉིད་དུ་དེ་རྣམས་ཀྱི་སེམས་འདོད་ཆགས་དང་བཅས་པའམ། གཞན་ཡིན་པ་བཙལ་ནས་མཁྱེན་ཏོ། །དེ་ནས་དབང་པོ་རྟུལ་བ་ལ་སོགས་པ་དང༌། དེ་ནས་ཁ་ཏོན་ལ་སོགས་པ་གང་ལ་དགའ་བའི་བསམ་པ་དང༌། དེ་ནས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་བག་ལ་ཉལ་བ་ཡོངས་སུ་བཙལ་ནས་མཁྱེན་ཏོ། །དེ་ནས་ཅི་རིགས་ཅི་འོས་སུ་འཇུག་པའི་སྒོ་སྣ་ཚོགས་པ་རྣམས་སུ་སྟེ། མི་སྡུག་པའམ། བྱམས་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའམ། ཁམས་ཀྱི་དབྱེ་བའམ། དབུགས་དབྱུང་བའམ། རྔུབ་པ་དྲན་པ་བདག་གིས་འཇུག་པར་མཛད་དོ། །དེ་བཞིན་དུ་རྟག་པ་དང་ཆད་པ་དག་ཏུ་ལྟ་བའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང༌། མ་བྱས་པ་ལ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པ་དང༌། དེ་བཞིན་དུ་མ་ཐོབ་པ་དང་མ་རེག་པ་དང་མངོན་སུམ་དུ་མ་བྱས་པ་ལ་མངོན་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པ་དག་གིས་ཀྱང་འཇུག་པར་མཛད་དོ། །གདམས་ང་རྣམ་པ་བརྒྱད་པོ་དེ་དག་ཀྱང་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །གནས་གསུམ་པོ་དག་གང་ཞེ་ན། སེམས་ཀྱི་གནས་པ་སླར་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལེགས་པར་གཏོད་པ་སྟེ། སེམས་དང་དབང་པོ་ལ་སོགས་པ་ཤེས་པས་འཇུག་པའི་སྒོར་འཇུག་པ་དང༌། སེམས་གནས་པར་ལ་རང་གི་དོན་ཐོབ་པར་ཕྱིར་ཡང་དག་པ་ཐབས་ཀྱིས་ལམ་སྟོན་པ་ནི་སྟོན་པའི་དབུ་


DTG138_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལམ་དང༌། རང་གི་དོན་མཐར་མ་ཕྱིན་པ་ལ་བར་མ་དོའི་གནས་འདོར་དུ་འཇུག་པ་སྟེ། མ་བྱས་པ་ལ་སོགས་པ་ལ་བྱས་པ་ལ་སོགས་པར་མངོན་པའི་ང་རྒྱལ་བྱེད་པ་འདོར་དུ་འཇུག་པར་རིག་པར་བྱ་སྟེ། གནས་པ་དང༌། རྣམ་པར་སྒྱུར་བ་དང༌། སྦྱོར་བ་འདོར་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་སྟོན་ཏེ། ཁ་ན་མ་ཐོ་བ་དང་བཅས་པའི་ཀུན་དུ་སྤྱོད་པ་དགག་པ་དང༌། ཁ་ན་མ་ཐོ་བ་མེད་པའི་ཀུན་དུ་སྤྱོད་པ་གནང་བ་དང༌། དགག་པ་དང་གནང་པའི་ཆོས་རྣམས་ལ་འཁྲུལ་པར་ཀུན་དུ་སྤྱོད་པ་དག་ལ་བསྐུལ་བ་དང༌། ཡང་དང་ཡང་དུ་མ་གུས་པར་གྱུར་པས་འཁྲུལ་པ་ལ་ཕན་པའི་བསམ་པས་སྨ་དབབ་པ་དྲན་པར་བྱེད་དུ་གཞུག་པ་དང༌། ཡང་དག་པར་ཞུགས་པ་ལ་དགག་པ་དང་གནང་བའི་ཆོས་རྣམས་ལས་ཡོན་ཏན་ཡང་དག་པ་དང་དགའ་བ་བསྙད་པས་ཡང་དག་པར་དགའ་བར་བྱའོ། །རྣམ་པ་འདི་དག་ཐམས་ཅད་ཀྱིས་ནི་ཚོགས་ཡོངས་སུ་སྡུད་པ་སྟེ། དོན་མ་ཡིན་པ་ཐམས་ཅད་ཉེ་བར་སྤོང་བ་དང༌། ཡིད་དུ་མི་འོང་བའི་ཀུན་དུ་སྤྱོད་པ་ཡོངས་སུ་སྤངས་བས་སོ། །གཞན་གྱི་སེམས་དང་རྗེས་སུ་མཐུན་པར་བྱ་སྟེ། དེ་འདི་ལྟར་གཞན་དག་གི་སེམས་དང་མཐུན་པར་བྱེད་པར་འདོད་པ་ན་ཐོག་མ་ཁོ་ནར་དེ་རྣམས་ཀྱི་ངོ་བོ་དང་རང་བཞིན་ཤེས་པར་བྱ་བ་ནས། གང་དག་དང་ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་དེ་ལྟར་དེ་དག་དང་གནས་སོ། །གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་ལ་སྒྲུབ་པར་བྱེད་དོ། །གང་གི་སེམས་དང་མཐུན་པར་བྱེད་འདོད་པར་གྱུར་པ་དེ་ལ་དེ་དང་མཐུན་པའི་ལུས་དང་ངག་གི་ཀུན་དུ་སྤྱོད་པས་དེའི་སྡུག་བསྔལ་དང༌། ཡིད་མི་བདེ་བ་སྐྱེས་པ་ལ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དེས་ཀྱང་མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ཏེ། དེ་བསྒྲིམས་ཏེ་ཡོངས་སུ་སྤོང་ཞིང་ཀུན་དུ་སྤྱོད་པར་མི་བྱེད་དོ། །གལ་ཏེ་སྡུག་བསྔལ་དང༌། ཡིད་མི་བདེ་བ་དེས་མི་དགེ་བའི་གནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པ་མཐོང་ན་ནི་དེ་ཀུན་དུ་སྤྱོད་པར་བྱེད་ཀྱི། དེ་ཉིད་ལ་སྙིང་བརྩེ་བས་ཉེ་བར་བཟུང་ནས་གཞན་གྱི་སེམས་དང་མཐུན་པར་ནི་མི་བྱེད་དོ། །ཕྱོགས་


DTG138_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ལུས་དང་ངག་གི་ཀུན་དུ་སྤྱོད་པ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་སྐྱེས་པར་འགྱུར་ལ། དེ་དག་དང་དེ་ལས་གཞན་པ་རྣམས་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནས། སྔ་མ་བཞིན་དུ་དེ་ལས་གཞན་པ་རྣམས་ཀྱི་སེམས་དང་མཐུན་པར་བྱ་བའི་ཕྱིར་ཀུན་དུ་སྤྱོད་པར་མི་བྱེད་དོ་ཞེས་བྱ་བའི་བར་དུའོ། །གལ་ཏེ་གཞན་པ་དེ་ལས་གཞན་པ་རྣམས་ཀྱང་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་ཀུན་དུ་སྤྱོད་པར་བྱེད་དེ། དེ་དག་ལས་སྙིང་བརྩེ་བའི་སེམས་ཉེ་བར་བཟུང་ནས་དེ་དག་གི་སེམས་དང་མཐུན་པར་མི་བྱེད་དོ། །བདག་ཉིད་ལ་ལུས་དང་ངག་གི་ཀུན་དུ་སྤྱོད་པ་གང་གིས་ཕ་རོལ་དག་ལ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་སྐྱེ་བར་མཐོང་ལ་ཀུན་དུ་སྤྱོད་པ་དེ་ཡང་བསླབ་པའི་གཞིར་གཏོགས་པ་ཡང་མ་ཡིན་ཞིང༌། བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མ་ཡིན་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྟེ། གཞན་གྱི་སེམས་དང་མཐུན་པར་བྱ་བའི་ཕྱིར་ཀུན་དུ་སྤྱོད་པར་ནི་མི་བྱེད་དོ། །གལ་ཏེ་ཀུན་དུ་སྤྱོད་པ་འདི་བསླབ་པའི་གཞིར་གཏོགས་པ་ཡིན་ཞིང་སྔོམ་པར་གཏོགས་པ་ཡང་ཡིན་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྟེ། གཞན་དག་ལ་སྙིང་བརྩེ་བ་ཉེ་བར་བཟུང་ནས་ཀུན་ཏུ་སྤྱོད་པར་ནི་མི་བྱེད་དེ། དེ་བཞིན་དུ་བདེ་བ་དང་ཡིད་བདེ་བ་ཡང་དེ་དང་འདྲ་སྟེ། རྒྱས་པར་ནི་ཅི་རིགས་པར་རིག་པར་བྱའོ། །འདི་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ན་ཕ་རོལ་པོ་ཁྲོ་བའི་ཀུན་ནས་དཀྲིས་པ་ཞི་བར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ལ། ཤད་ཀྱིས་སྦྱངས་པ་ཡང་མི་བྱེད་ན་བསྔགས་པ་ཡང་མ་ཡིན་པ་ལྟ་ཅི་སྨོས། གཞན་མི་སྨྲ་བ་ལ་ཡང་སྨྲ་ཞིང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བར་བྱེད་པ་ལ་ཡང་དག་པར་དགའ་བར་བྱེད་པ་ལྟ་ཅི་སྨོས། གཞན་དག་ལ་ནམ་ཡང་འཁྲུལ་པར་མི་བྱེད་ཀྱི། གཞན་དུ་ན་དེ་དག་ལ་སྙིང་བརྩེ་བའི་ཕྱིར་སྨ་དབབ་པར་འདོད་པར་ཟད་དེ། དབང་པོ་རྣམས་རབ་ཏུ་ཞི་བས་དེ་དག་སྨ་འབེབས་པར་བྱེད་དོ། །གཞན་


DTG138_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འཕྱ་བར་ཡང་མི་བྱེད། བསྟིང་བར་ཡང་མི་བྱེད་ལ་བག་འཁུམས་པར་ཡང་མི་བྱེད་དོ། །བདེ་བ་ལ་རེག་པར་མི་གནས་པའི་ཕྱིར་འགྱོད་པ་སྐྱེད་པར་ཡང་མི་བྱེད་དོ། །ཆད་པས་བཅད་ཅིང་སྨ་ཕབ་ཟིན་པ་ལ་ཡང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད་དོ། །དགའ་བའི་ཤས་ཆུང་བ་ལ་ཡང་བདག་ཉིད་མཐོང་བར་མི་སྟོན་ཏོ། །གཞན་དག་ལ་མི་བསྟེན་པར་ཡང་མི་བྱེད། ཧ་ཅང་བསྟེན་པར་ཡང་མི་བྱེད། དུས་མ་ཡིན་པར་བསྟེན་པར་ཡང་མི་བྱེད། དེ་དག་གི་མདུན་དུ་མཛའ་བོ་ལ་སྨོད་པ་ཡང་མི་བྱེད། མི་མཛའ་བའི་བསྔགས་པ་ཡང་མི་བརྗོད། །མ་འདྲིས་པ་ལ་ཡིད་རྟོན་པར་ཡང་མི་བྱེད། རྒྱུན་དུ་སློང་བར་ཡང་མི་བྱེད། ལེན་པ་ལ་ཚོད་ཤེས་པར་ཡང་བྱེད། ཟས་དང་སྐོམ་ལ་སོགས་པ་མགྲོན་དུ་བོས་ན་ཡང་སྤོང་བར་ཡང་མི་བྱེད་དོ། །ཡང་ན་ཆོས་དང་མཐུན་པར་ཤད་ཀྱིས་སྦྱོང་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་སེམས་དང་མཐུན་པར་བྱེད་པའོ། །ཡང་དག་པའི་ཡོན་ཏན་གྱི་དབྱེ་བ་ཉེ་བར་བཟུང་ན་གཞན་དག་ཏུ་གསལ་བར་སྟོན་པས་ཡང་དག་པར་དགའ་བར་བྱེད་དེ། དེ་འདི་ལྟར་ཡང་དག་པའི་ཡོན་ཏན་གྱིས་གཞན་ཀུན་དུ་དགའ་བར་བྱེད་པ་ན། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ལ་སོགས་པ་ཡོན་ཏན་གང་དང་གང་ལྡན་པ་རྣམས་ལ་དེ་དང་འབྲེལ་པའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པར་དགའ་བར་བྱེད་པའོ། །གཞན་དག་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་ལ་དགོད་པའི་ཕྱིར་འཇམ་པ་དང་ཕན་པའི་བསམ་པས་སྨ་དབབ་པ་དང༌། ཆད་པས་བཅད་པའམ་བསྐྲད་པར་བྱ་བ་དག་གིས་ཚར་བཅད་པའི་ལས་བྱེད་དོ། །དེ་ཡང་ཉེས་པ་ཆུང་ངུ་ལ་ནི་སྨ་དབབ་པ་ཆུང་ངུས་སྨ་འབེབས་པར་བྱེད་དོ། །ཉེས་པ་འབྲིང་ལ་ནི་འབྲིང་གིས་སོ། །ཉེས་པ་ཆེན་པོ་ལ་ནི་ཆེན་པོས་སོ། །ཆད་པའི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །བསྐྲད་པའི་ལས་ལ་ཉེས་པ་ཆུང་ངུ་དང་འབྲིང་དག་ལ་ནི་དུས་རེ་ཞིག་ཏུ་བསྐྲད་ནས་སླར་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་དོ། །ཉེས་པ་ཆེན་པོ་ལ་ནི་དེ་དག་ལ་སྙིང་བརྩེ་བས། དེ་དག་ལ་བསོད་ནམས་མ་ཡིན་པ་ཆེས་མང་པོ་ཡོངས་སུ་འཛིན་པར་མི་འགྱུར་པར་བྱ་


DTG138_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དང༌། གཞན་དག་ལ་ཡང་ཕན་པར་འདོད་པས་རྗེས་སུ་བསྟན་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་ཡང་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་ཅིང་ལོངས་སྤྱོད་པར་མི་བྱེད་དོ། །འདི་དག་ནི་རྣམ་པ་ཐམས་ཅད་དུ་ཚར་གཅོད་པའོ། །རྫུ་འཕྲུལ་གྱི་སྟོབས་ཀྱིས་གཞན་དག་སྐྲག་བར་བྱེད་འདོད་པ་ན། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པར་འདོད་པ་རྣམས་ལ་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་རྣམས་དང༌། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང༌། གྲང་བའི་དམྱལ་བ་དང༌། ཉི་ཚེ་བའི་དམྱལ་བ་ལ་སོགས་པ་ངན་སོང་གི་འགྲོ་བ་དེ་དག་བསྟེན་ཅིང་བསྙེན་ལ་སྟོན་པར་བྱེད་ཅིང་མིར་གྱུར་པ་དག་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པ་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་མི་བཟད་ཅིང་མཆོག་ཏུ་ཚ་བ་སོ་སོར་ཉམས་སུ་མྱོང་བ་འདི་ལྟ་བུ་འདི་ལ་ཁྱོད་ལྟོས་ཤིག་ཅེས་བསྒོ་ནས། དེ་དག་གིས་ཀྱང་དེ་ལྟ་བུ་མཐོང་སྟེ། སྐྲག་ཅིང་སྐྱོ་བར་གྱུར་ནས་མི་དགེ་བ་ལས་བཟློག་ཅིང༌། བསྟན་པ་ལ་བཙུད་ནས་འདུན་པར་བྱེད། མགུ་བར་བྱེད། ཡང་དག་པར་དགའ་བར་བྱེད་དོ། །ཡང་ན་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། འགྲོ་བ་དུ་མའི་ལུས་ཀྱི་དབང་བྱེད་པའི་བར་གྱིས་འདུན་པར་བྱས། མགུ་བར་བྱས། ཡང་དག་པར་དགའ་བར་བྱས་ནས་མ་དད་པ་རྣམས་ནི་དད་པ་ཕུན་སུམ་ཚོགས་པ་ལ་དགོད་པར་བྱེད། ཚུལ་ཁྲིམས་འཆལ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ། ཐོས་པ་ཉུང་བ་ནི་ཐོས་པ་ཕུན་སུམ་ཚོགས་པ་ལ། སེར་སྣ་ཅན་ནི་གཏོང་བ་ཕུན་སུམ་ཚོགས་པ་ལ། ཤེས་རབ་འཆལ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་དགོད་པར་བྱེད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་སྐྲག་པར་བྱེད་པ་ལ་སོགས་པའོ། །དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་ཐམས་ཅད་དོ། །དཀའ་བ་སྤྱོད་པའི་ཚུལ་ཁྲིམས་ལ་སོགས་པ་ནི་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དཀའ་བ་སྤྱོད་པའི་ཚུལ་ཁྲིམས་གང་ཡིན་པ་ནི་ཚེགས་ཆེན་པོས་བྱ་བའོ། །དེ་ལ་ཡང་དག་པར་ལེན་པ་དང༌། སྲུང་བ་དང༌། འཁྲུལ་པ་མེད་པ་ལས་


DTG138_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་དུ་འགྱུར་ཏེ། གང་འདི་ལོངས་སྤྱོད་ཆེན་པོ་དང༌། དབང་ཕྱུག་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ལོངས་སྤྱོད་ཆེན་པོ་ད་དོང་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་དེ་རྩ་བ་དང་འདྲ་བར་སྤངས་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང༌། གང་ཡང་ཚུལ་ཁྲིམས་ཐམས་ཅད་བླངས་ནས་ཉམ་ཐག་སྟེ་སྲོག་ལ་ཐུགས་ཀྱང་ཚུལ་ཁྲིམས་དེ་ཉམས་པར་མི་བྱེད་ན་སླར་ཡག་མེད་པར་ལྟ་ག་ལ་བྱེད། གང་ཡང་ཇི་སྲིད་འཚོའི་བར་དུ་ཇི་ནས་ཀྱང་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང་འཁྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ་བུ་འབྱུང་བར་ག་ལ་འགྱུར་ཞེས་བྱའོ། །ཐམས་ཅད་ཀྱི་སྒོའི་ཚུལ་ཁྲིམས་ནི་ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་སྒོའོ། །དེ་ནི་རྣམ་པ་བཞི་སྟེ། ཡང་དག་པར་བླངས་པ་དང༌། གོམས་པ་དང་རང་བཞིན་དང༌། ཐབས་དང་ལྡན་པའི། །དེ་ལ་ཡང་དག་པར་བླངས་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བླང་བའི་ཕྱིར་རོ། །གོམས་པ་ནི་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཡང་དག་པར་བླངས་པ་ལ་གོམས་པའི་དབང་གིས་ཅི་ནས་ཀྱང་སྡིག་པ་ལ་མངོན་པར་མི་དགའ་ཞིང་དགེ་བ་ཉིད་ལ་མངོན་པར་དགའ་བའོ། །རང་བཞིན་ནི་གང་ཞིག་རང་བཞིན་གྱིས་ཀུན་དུ་སྐྲག་པར་གནས་པས་རྒྱུན་དུ་ཡང་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པའི་ཕྱིར། ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་པའོ། །ཐབས་དང་ལྡན་པ་ནི་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ལ་ལུས་དང་ངག་གི་ལས་དགེ་བ་ལ་འཇུག་པ་གང་ཡིན་པའོ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནི་དམ་པ་ཁོ་ནའི་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་ལྔ་སྟེ། བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང༌། གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་གཞུག་པ་དང༌། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ་དང༌། ཆོས་དང་མཐུན་པའི་གང་ཟག་མཐོང་ན་ཡིད་དགའ་བར་འགྱུར་བ་དང༌། ཉེས་པ་བྱུང་ན་མྱུར་བ་ཉིད་དུ་ཆོས་བཞིན་དུ་འཆོས་པའོ། །རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་དོན་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་བཅུ་གསུམ་སྟེ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར་བླ་ན་མེད་པ་དང༌། བསླབ་


DTG138_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་རྒྱ་ཆེན་པོ་ཡོངས་སུ་བཟུང་བའི་ཕྱིར་གསལ་བ་དང༌། འདོད་པའི་བསོད་ནམས་དང་བདག་དུབ་པར་བྱེད་པའི་མཐའ་གཉིས་སྤངས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་དང༌། རབ་ཏུ་དགའ་བའི་གནས་དང་མཐུན་པ་དང༌། ཇི་སྲིད་འཚོའི་བར་དུ་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་དང་ཕས་ཀྱི་རྒོལ་བ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཟིལ་གྱིས་མི་ནོན་ཅིང་མི་འཕྲོགས་པའི་ཕྱིར་བརྟན་པ་དང༌། དྲེགས་པའི་རང་བཞིན་གྱི་རྒྱན་དང་ལྡན་པ་མ་ཡིན་པའི་ཕྱིར་དང༌། གནས་སྐབས་ཐམས་ཅད་དུ་ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པའི་ཕྱིར་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་སྲོག་གཅོད་པ་ལ་སོགས་པ་སྤངས་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང༌། དགེ་བ་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་སྦྱོར་བའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང་རྗེས་སུ་སྲུང་བའི་ཕྱིར་ཀུན་ནས་སྲུང་བའི་ཚུལ་ཁྲིམས་དང༌། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པ་དང༌། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་བ་དང༌། སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པ་དང༌། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའོ། །ཕོངས་པ་འདོར་བའི་ཚུལ་ཁྲིམས་ནི་ཕོངས་པ་སེལ་བའི་དོན་ཡིན་པའི་ཕྱིར་རོ། །འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་སུ་ཡན་སྲོག་འཕྲོག་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང༌། བརྫུན་པའི་ཚིག་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་ཀྱལ་པ་སྨྲ་བ་དང༌། ལག་པ་དང་བོང་བ་ལ་སོགས་པས་བསྣུན་ཅིང་རྣམ་པར་འཚེ་བའི་རེག་པ་མི་འདོད་པ་དག་ཀུན་དུ་སྤྱོད་པར་མ་གྱུར་ཅིག་སྙམ་དུ་འདོད་ལ། བདག་དེ་ལྟ་བུ་འདོད་བཞིན་དུ་གལ་ཏེ་གཞན་གྱིས་ལོག་པར་ཀུན་དུ་སྤྱོད་པར་གྱུར་ན། དེས་བདག་གི་ཡིད་དུ་མི་འོང་བར་འགྱུར་བས་ན། གཞན་ཡང་དེ་ལྟར་འདོད་བཞིན་དུ་བདག་གིས་ལོག་པར་ཀུན་དུ་སྤྱད་པར་གྱུར་ན་དེས་དེ་དག་གི་ཡིད་དུ་མི་འོང་བར་འགྱུར་བའི་ཕྱིར། གང་བདག་དང་གཞན་དག་གི་ཡང་ཡིད་དུ་མི་འོང་བར་འགྱུར་བ་དེ་དག་གིས་གཞན་དག་ལ་ཅིའི་ཕྱིར་ཀུན་དུ་སྤྱོད་པར་བྱ་སྙམ་པ་དེ་


DTG138_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སོ་སོར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་དག་ལ་ཡིད་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་དུ་སྤྱོད་པར་མི་བྱེད་པའོ། །ཚེ་འདི་དང་ཕ་རོལ་དུ་བདེ་བར་འགྱུར་པའི་ཚུལ་ཁྲིམས་ནི་བདག་དང་གཞན་དག་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་བདེ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དེ་ཡང་རྣམ་པ་དགུ་སྟེ། གང་འདི་སེམས་ཅན་དགག་པར་བྱ་བ་རྣམས་ནི་འགོག་པར་བྱེད། གནང་བར་བྱ་བ་རྣམས་ནི་གནང་བར་བྱེད། སེམས་ཅན་བསྡུ་བ་རྣམས་ནི་སྡུད་པར་བྱེད། ཚར་གཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང་ལུས་དང་ངག་གི་ལས་ཡོངས་སུ་དག་པར་འགྱུར་ཏེ། གང་ཡང་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང་ལྡན་པ་འདི་དག་ཉིད་དང༌། གཞན་དག་ལ་ཚེ་འདི་དང་ཕྱི་མ་ལ་བདེ་བར་འགྱུར་པའོ། །རྣམ་པར་དག་པའི་ཚུལ་ཁྲིམས་ནི་ཐམས་ཅད་བཀྲུས་པས་རྣམ་པར་དག་པའི་ཕྱིར་རོ། །དེ་ནི་རྣམ་པ་བཅུ་སྟེ། དགེ་སྦྱོང་གི་ཚུལ་དང༌། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི། འཚོ་བ་འདོད་པའི་ཕྱིར་མ་ཡིན་གྱི་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བ་བྱས་པ་ཆུང་ངུ་ལ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་དང༌། གནས་མ་ཡིན་པར་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཡང་ཐལ་བ་མ་ཡིན་པ་དང༌། གཉིད་ཀྱི་བདེ་བ་དང༌། གློས་འབེབས་པའི་བདེ་བ་དང༌། ཉལ་བའི་བདེ་བ་ཉམས་སུ་མི་ལེན་པ་དང༌། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར་ལེ་ལོ་དང་མི་ལྡན་པ་དང༌། སྔར་བསྟན་པའི་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པའི་ཕྱིར་བག་ཡོད་པས་ཡོངས་སུ་ཟིན་པ་དང༌། རྙེད་པ་དང་བཀུར་སྟི་ལ་ཞེན་པ་མེད་པ་དང༌། ལྷ་ཉིད་དུ་སྨོན་པས་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ་དང༌། སྤྱོད་ལམ་དང་འཕྲལ་གྱི་བྱ་བ་དང༌། དགེ་བའི་ཕྱོགས་ལ་སྐྱོར་བ་རྣམས་ལ་ལུས་དང་ངག་གི་སྤྱོད་པ་ཤིན་ཏུ་ཕུན་སུམ་ཆོགས་ཤིང་འཚམ་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང༌། ཚུལ་འཆོས་པ་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པའི་


DTG138_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང་འདོད་པའི་བསོད་ནམས་དང༌། བདག་ཉིད་དུབ་པར་བྱེད་པའི་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཐའ་གཉིས་རྣམ་པར་སྤངས་པ་དང༌། མུ་སྟེགས་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར་དེས་པར་འབྱིན་པ་དང༌། ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་ཡང་དག་པར་བླངས་པ་མ་ཉམས་པའོ། །དེ་ལྟར་རྣམ་པ་དགུ་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་འབྲས་བུ་སྐྱེད་པའོ། །འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྲིད་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དེ་སྲིད་དུ་འདི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལ་སློབ་བཞིན་པ་ན། ཕན་ཡོན་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ལུས་ཞིག་ནས་ཀྱང་གང་ན་དེ་དང་ཚུལ་ཁྲིམས་མཚུངས་པའམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་བ་འདྲ་ཞིང་ཆོས་མཐུན་པའི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དེར་སྐྱེ་བར་འགྱུར་བ་དང་ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང༌། ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ། ཚུལ་ཁྲིམས་དེའི་བདག་ཉིད་འཐོབ་པར་འགྱུར་བ་ཞེས་བྱའོ། །དེ་ལྟར་ན་འདི་ནི་དེའི་མོད་ལ་ངན་སོངས་དུ་འགྲོ་བ་རྣམ་པར་བཅད་ཅིང་སྐྱེ་བར་འགྱུར་བ་མ་ཡིན་ནོ། །གཞན་དུ་ན་ཇི་ལྟར་འདི་ལ་འདི་འདྲ་བའི་ཕན་ཡོན་ཇི་ལྟར་འབྱུང་བར་འགྱུར། སེམས་བསྐྱེད་པ་ཡིན་སྙམ་ན། འདི་ནི་ངན་སོང་རྣམ་པར་གཅད་པར་འདོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་ངན་སོང་རྣམས་སུ་སྐྱེ་བར་ནི་མི་འགྱུར་ཏེ། གང་གི་ཕྱིར་ཡང་ངན་སོང་རྣམས་རྣམ་པར་མ་བཅད་ཀྱང་འདི་དེར་སྐྱེ་བར་མི་འདོད་དོ། །དེ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་སེམས་བསྐྱེད་པའི་ཕན་ཡོན་ཡིན་པར་རིགས་སོ། །གཞན་


DTG138_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་སྡིག་པ་དང་མི་ལྡན་པ་ཉིད་དེར་མི་སྐྱེ་ན་ནི་གང་ཞིག་གང་གི་ཕན་ཡོན་དུ་འགྱུར། གང་གིས་དེའི་མོད་ལ་ངན་སོང་རྣམ་པར་གཅད་པར་འདོད་པ་ཡང་འདི་ཐམས་ཅད་དུ་ངན་སོང་དུ་སྐྱེ་བར་མི་འདོད་པ་ཉིད་ཀྱང་མ་ཡིན་ཏེ། རིང་མོ་ཞིག་ནས་བརྒྱ་ལམ་ན་སྐྱེ་བར་འགྱུར་ན་ཡང་མྱུར་བ་ཉིད་དུ་དེ་ལས་ཐར་བར་འགྱུར་ཞིང་གནས་པ་ན་ཡང་དམན་པ་དག་ལྟ་བུར་མི་བཟད་པའི་ཚོར་བ་མྱོང་བར་མི་འགྱུར་ལ། ཤིན་ཏུ་སྐྱོ་བར་འགྱུར་བས་སྔ་རོལ་དུ་དེར་སྐྱེས་པའི་སེམས་ཅན་རྣམས་ནུས་པ་ཇི་ལྟ་བས་དགེ་བའི་ཆོས་རྣམས་ལ་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྐད་དུ་ཡང༌། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་བ་དང༌། །དེར་ཡང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་འདི་ལྟ་བུ་ངན་སོང་དུ་སྐྱེ་བར་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། གནོད་པར་བྱེད་པ་དང༌། གཞན་གྱི་དབང་ལ་སོགས་པ་མི་སྲིད་པས་མི་ཁོམ་པའི་མཚན་ཉིད་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་དེར་སྐྱེས་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ཏེ། བདག་དང་གཞན་གྱི་དོན་གྲུབ་པའི་ཚོགས་བསགས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་གཞན་གྱི་དོན་དུ་དེར་སྐྱེ་བར་འགྱུར་གྱི། བདེ་འགྲོར་ཡང་བདག་ཉིད་འདི་ལྟ་བུའི་སྲོག་འཕྲོག་པར་བྱེད་པར་འདོད་དེ། དེ་ལྟ་བུ་དམྱལ་བ་རྣམས་སུ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ། །གཞན་གྱི་དོན་དུ་མི་འགྱུར་བ་འབྱོར་པ་ཕུན་སུམ་ཚོགས་པའམ། །བདག་གི་དངོས་པོའི་ཕུན་སུམ་ཚོགས་པའམ། རྣམ་པར་ཐར་པ་འདོད་པ་ནི་མ་ཡིན་ནོ། །དེ་སྐད་དུ། སེམས་ཅན་ཆེད་དུ་དམྱལ་བའི་སྲེད་པར་གནས་པ་ཡིས། །སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཇི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་དམན་ཞུགས་པ་ཡི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན།། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་དུ། །བྱང་ཆུབ་དྲི་མེད་སྤངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བརྩོན་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །ཚུལ་ཁྲིམས་རྣམ་པ་


DTG138_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པོ་དེ་དག་ཐམས་ཅད་ནི་སྔོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །ཡང་ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཉིད་ཡང་དག་པར་བླངས་པས་བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། །སྔོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ་ཚེ་འདི་ལ་བདེ་བར་གནས་པའི་ཕྱིར་སེམས་གནས་པ་དང༌། ལུས་དང་སེམས་དུབ་པ་མེད་པར་སྣགས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད་དེ། དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱང་སློབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གནས་པ་དག་ཀྱང་སློབ་པོ། །དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་འདི་ལ་གཞན་ལས་ཁྱད་པར་དུ་གྱུར་པ་ཅི་ཞིག་ཡོད། གང་གིས་ནི་འདི་མནོད་པར་བྱ་ཞེ་ན། བསོད་ནམས་ཀུན་གྱི་གཏེར་གྱུར་གང༌། །ཞེས་བྱ་བ་སྨོས་ཏེ། འདི་བསོད་ནམས་ཀྱི་སྒྲས་ནི་འདི་ལས་གཞན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམས་ཡང་དག་པར་བླང་བར་མངོན་པར་སྟོན་ཏོ། །གཏེར་གྱུར་ཞེས་བྱ་བ་ནི་མཆོག་སྟེ། ཇི་ལྟར་ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་གྱུར་པའི་ནོར་ཅུང་ཟད་ཉིད་དགོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཟད་པ་མེད་པ་དང༌། དོན་ཆེ་བ་ཡིན་པའི་ཕྱིར་གཏེར་ཞེས་སྨྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་


DTG138_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་པ་འདི་ནི་རྟོག་པ་དམ་པའི་བསམ་པས་ཀུན་ནས་བླང་བ་དང༌། བདག་དང་གཞན་ལ་ཕན་པ་ལ་ནན་ཏན་དུ་བྱ་བའི་ཐབས་སུ་གྱུར་པ་དང༌། རྣམ་པ་ཐམས་ཅད་དུ་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་ཐམས་ཅད་ཡང་དག་པར་བླངས་པ་ལས་ཤིན་ཏུ་ཁྱད་པར་དུ་གྱུར་པ་ཉིད་ཀྱི་གཏེར་དང་འདྲ་བས་ན་གཏེར་དུ་གྱུར་པའོ། །དེའི་ཕྱིར་ཐམས་ཅད་ཁས་བླངས་པ་ནི་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མི་ཟད་པ་དང༌། སངས་རྒྱས་ཉིད་འཐོབ་པའི་ཡོན་ཏན་ལ་སྦྱོར་བས་ན་དོན་ཆེ་བ་དང༌། སེམས་ཅན་གྱི་ཁམས་མ་ལུས་པའི་དགོས་པ་ལ་འཇུག་པས་དོན་ཆེ་བའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང་ཞེས་བྱ་བ་ནས། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ནི་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱས་པར་བསྟན་ཏོ། །དེ་ཇི་ལྟར་མནོད་པར་བྱ་ཞེ་ན། དེ་ནི་བསམ་པ་དམ་པ་ཡིས། །ཞེས་བྱ་བ་སྨོས་ཏེ། བསམ་པ་དམ་པ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་སྟེ། སྙིང་རྗེར་རོ་གཅིག་པའི་དང་བ་ཆན་པོ་དང་ལྡན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་རེག་པར་འདོད་པའི་བསམ་པས་ཞེས་བྱ་བའི་དོན་ཏོ། །དེ་སུ་ཞིག་ལས་བླང་བར་བྱ་ཞེ་ན། བླ་མ་སྡོམ་པ་ལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་པ་ཆོས་མཐུན་པ་ལས་ཏེ། སྡོམ་པ་དེ་གཏོང་བའམ། ཚུལ་ཁྲིམས་འཆལ་པའམ། དབང་དུ་གྱུར་པ་མ་ཡིན་པའི་ཕྱིར་ཆོས་མཐུན་པ་མ་ཡིན་པ་གཞན་ལས་ནི་མ་ཡིན་ནོ། །སྡོམ་པ་ལ་གནས་ནས་ཀྱང་ཐམས་ཅད་ལས་མ་ཡིན་པས་མཁས་ཞེས་བྱ་བ་སྨོས་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པ་ཉིད་ལས་འདི་མནོད་པར་བྱ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མཁས་པ་མ་ཡིན་པ་ལས་ནི་ཆོ་ག་ཉམས་པས་སྡོམ་པ་འཐོབ་པར་མི་


DTG138_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་ན་ཡང་ཐམས་ཅད་ལས་མ་ཡིན་པས། ནུས་དང་ལྡན་ལ་ཞེས་བྱ་བ་སྨོས་ཏེ། ནུས་པ་ནི་སྟོབས་ཏེ། འབོགས་པར་འོས་ཤིང་འཆམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ནི་ཡོན་ཏན་དང་ལྡན་པ་མ་ཡིན་པ་དང༌། བླང་བར་འོས་པ་མ་ཡིན་པའི་ཕྱིར་གཞན་ལས་ནི་མ་ཡིན་ནོ། །དེ་ལ་བསམ་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་ནི་འོས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་དད་པ་ཉིད་དང༌། བསམ་པ་ཐག་པས་བྱེད་པ་ཉིད་དང༌། མ་ཆགས་པ་དང༌། སྙིང་རྗེ་དང་ལྡན་པ་ཉིད་དེ། གང་གིས་རེ་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་མནོད་པ་ལྷག་པར་མོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པ་ལ་སྐུར་པ་མི་འདེབས་ཤིང་དད་པ་དང་ལྡན་པ་དང༌། བསླབ་པ་རྣམས་ལ་གུས་ཤིང་འཇུག་པ་ལ་རྟོག་པ་དང་རང་བཞིན་གྱིས་འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ཟང་ཟིང་ལྟར་ལེན་པ་མ་ཡིན་པ་དང༌། སྙིང་རྗེ་དང་ལྡན་པར་གྱུར་པ་དང༌། སྐྱོ་བ་མེད་པ་དང༌། ཕ་རོལ་གྱི་ཉེས་པ་བཟོད་པ་དང༌། ཁྲོ་བ་མེད་པ་དང༌། ཁོན་དུ་འཛིན་པ་མེད་པ་ཞེས་བྱའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་དགེ་བའི་ཆོས་རྣམས་ཀྱི་ཕྱིར་རབ་ཏུ་སྤེལ་བ་དང༌། གུས་ཤིང་རབ་དུ་འཇུག་པ་དང༌། ཅི་ནས་ཀྱང་འདི་ལ་བསླབ་པའི་གཞི་གང་ཡང་རུང་བ་རྣམས་རྟོགས་པར་བྱ་བ་ལ་ཡང་རྨོངས་པར་མི་འགྱུར་བ་དང༌། སྤྲོ་བ་དང་བཅས་པ་ཡིན་ཞིང་སྙོམ་ལས་མི་བྱེད་པ་དང༌། འདོད་པའི་བདེ་བ་དང༌། འདུ་འཛི་ལ་མངོན་པར་མི་དགའ་བ་དང༌། སེམས་རྣམ་པར་མ་གཡེངས་པའོ། །ནུས་པ་དང་ལྡན་པ་ཡིན་ཡང༌། ཐམས་ཅད་ལ་མནོད་པར་བྱ་བ་མ་ཡིན་པས། བླ་མ་ཞེས་བྱ་བ་སྨོས་ཏེ། བླ་མར་བྱ་བའི་གནས་སུ་གྱུར་པ་ཉིད་ལས་མནོད་པར་བྱའི་གཞན་ལས་ནི་མ་ཡིན་ཏེ། མཉམ་པ་ཉིད་ཀྱིས་བླ་མར་མི་འཛིན་པས་འདི་དེའི་རྗེས་སུ་སློབ་པའི་ཚུལ་ཅན་དུ་མི་འགྱུར་ཏེ། དེས་བྱས་པ་རྣམས་ལ་གུས་པ་ཆེན་པོར་མི་བྱེད་པའི་ཕྱིར་རོ། །དེ་ལ་སྡོམ་ལ་གནས་ཞེས་བྱ་བ་འདིས་ནི་འདིའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏེ། མཁས་ཞེས་བྱ་བས་ནི་མཁས་ཤིང་བྱང་བའོ། །ནུས་དང་ལྡན་ཞེས་བྱ་བས་ནི་ཡོན་ཏན་


DTG138_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་སྟེ། གསུམ་པོ་དེ་དག་གི་ཁྱད་པར་རྟོགས་པར་བྱེད་པ་ཉིད་དོ། །བླ་མ་ཞེས་བྱ་བ་ནི་རྟེན་འཛིན་པ་ཉིད་དོ། །འདི་གཉིས་ལ་རྗེས་སུ་བསླབས་པ་ཉིད་གང་ཡིན་པ་དེའི་རྗེས་སུ་སློབ་པ་ནི་དགེ་བའི་ཆོས་རྣམས་ཀུན་དུ་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་འདིར་འདིའི་བསྡུས་པའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱང་བ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་ཅིང༌། ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་ལ་སློབ་པར་འདོད་པས་ཐོག་མར་རེ་ཞིག་འདི་ལྟ་བུའི་གང་ཟག་དམ་པ་ངེས་པར་བརྟགས་ཏེ། རྐང་པ་གཉིས་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མནོད་པར་འཚལ་ལོ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་གསོལ་བ་བཏབ་ནས་འདི་སྣོད་དུ་འགྱུར་བ་བརྟག་པའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཉན་དུ་གཞུག་པར་བྱ་ཞིང་ཁྱོད་འདི་ལ་བསླབ་པར་སྤྲོའམ་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་སྨྲ་བ་ན་གལ་ཏེ་རབ་ཏུ་སྤྲོའོ་ཞེས་བྱ་བའི་ཚིག་སྨྲ་ཞིང་གདོང་དང་མིག་འགྱུར་བ་དག་གིས་ཉིན་ཞག་དག་འདའ་བར་བྱེད་ན། དེ་ལྟར་ན་གང་གིས་འདི་དོན་དུ་གཉེར་བ་ཡིན་གྱི། ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན་ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། ལྷག་པར་གནས་པར་བྱའོ། །དེ་ནས་ཆོ་ག་འདིས་ནུས་པ་ཅི་ཡོད་པས་མཆོད་པ་བྱས་ལ། བླ་གོས་ཕྲག་པ་གཅིག་ལག་གཟར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་རྣམས་ལ་ལྷག་པའི་བསམ་པས་ཕྱག་བཙལ་བ་བྱས་ནས་དེ་དག་གི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱང་ལེགས་པར་མཆོད་པར་བྱས་ནས། དེས་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བདག་ལ་སྩལ་དུ་གསོལ་ཞེས་བྱ་བས་བླང་བར་བྱའོ། །དེའི་འོག་ཏུ་འདིས་ཁྱོད་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཁོ་བོ་ལས་བྱང་ཆུབ་སེམས་དཔའི་ཚུལ་


DTG138_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་བསླབ་པའི་གཞི་མནོད་པར་འདོད་དམ་ཞེས་བྱ་བས་ཁས་ལེན་པ་ལན་གསུམ་དུ་བཅུག་ནས། སྡིག་པ་བཤགས་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་བ་སྔོ་བ་རྣམས་སྔོན་དུ་འགྲོ་བས། འགྲོ་བ་ཐམས་ཅད་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྐྱབ་པའི་ཕྱིར། ཚོགས་བསགས་པ་དང༌། ཐེག་པ་ཆེན་པོ་དང་མཐུན་པར་རྗེས་སུ་འཇུག་པ་དག་བྱེད་དུ་བཅུག་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས། འདིས་བདག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྦོམ་པ་ཡང་དག་པར་བླངས་པར་བགྱིས་ལགས་སོ་ཞེས་མཁྱེན་པར་གསོལ་བར་བྱའོ། །ཕྱག་འཚལ་ཡང་དག་གསོལ་གདབ་དང༌། །སྨོན་ལམ་དག་དང་བླངས་པ་ནི། །བདག་གིར་བྱ་དང་སྡིག་བཤགས་པ། །བྱས་ནས་གསུམ་ལ་སྐྱབས་འགྲོ་དང༌། །བྱང་ཆུབ་སེམས་ནི་ཡང་དག་བསྐྱོད། །དགེ་བ་དེ་ཡི་ཡོངས་བསྔོ་དང༌། སངས་རྒྱས་སྲས་དང་བཅས་རྣམས་ལ། །གུས་པས་མཁྱེན་པར་གསོལ་བའོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་དག་པར་བླངས་པ་དེ་ཡང་མ་དད་པ་དང༌། སྡང་པ་རྣམས་ལ་ཁྲོམ་དུ་བསྒྲག་པར་མི་བྱ་སྟེ། གང་གི་ཕྱིར་མི་ཤེས་པའི་སྒྲིབ་པ་ཆེན་པོ་ཐམས་ཅད་དང༌། ཕྱོགས་གཅིག་གིས་བསྒྲིབས་པས་མི་མོས་པར་འགྱུར་རོ། །ཕྱི་རོལ་ལས་ཡང་དག་པར་བླང་བར་བསྟན་པ་བཞིན་དུ་བདག་ཉིད་ཀྱིས་ཡང་དག་པར་བླང་བར་ཡང་གསུངས་ཏེ། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན་དེའི་ཚེ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་རང་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ཡིན་གྱི། སྡོམ་པ་གཞན་ཞིག་ཏུ་ཕ་རོལ་ཁོ་ན་ལས་ཡང་དག་པར་བླང་པ་ནི་མ་ཡིན་ནོ། །དེ་ལྟར་སོ་སོར་ཐར་པའི་སྡོམ་པ་གཞན་དང་གཞན་དག་ལ་གནས་པ་ལས་ལྷག་པར་འདོད་ཅིང༌། དང་དུ་ལེན་པ་ལ་འཇུག་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པས་རང་ཉིད་ཀྱིས་བྱང་


DTG138_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བའོ། །དེ་ལས་གཞན་པ་ཉམས་པར་འགྱུར་བ་ལས་སླར་གསོ་བར་བྱེད་པ་དང༌། མ་གུས་པས་སྡོམ་པ་ལེན་པ་དག་ནི་སྣོད་མ་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་དུའོ། །ཚུལ་ཁྲིམས་འདི་དང་ལྡན་འགྱུར་ན། །རྣམ་དག་རྣམ་པར་དབེན་གནས་པ། །དེས་ནི་བླ་མ་མེད་གྱུར་ན། །རང་ཉིད་ཀྱིས་ཀྱང་བླང་བ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་རྫོགས་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཐུགས་ཀྱིས་བསོད་ནམས་མངོན་པར་སྤེལ་པའི་ཕྱིར་རྟག་པར་འདི་ལ་དགོངས་པར་མཛད་དོ། །གང་ཡང་འདིའི་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་ཡིན་ཏེ་ཉམས་པར་མི་འགྱུར་བ་མཐོང་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཚེ་སྟེ་ཡང་དག་པར་བླང་བ་རྫོགས་པའི་དུས་སུ་དུས་དེ་ལས་བརྩམས་ཏེ། དགེ་བའི་ཐུགས་རྣམས་ཀྱིས་དགེ་བར་འགྱུར་བ་ཁོ་ནའི་ཕྱིར་འདི་ལ་དགོངས་པར་མཛད་ཅེས་བྱ་བར་སྦྱར་རོ། །རྟག་པར་ཞེས་བྱ་བ་ནི་ནུས་པ་དང་ལྡན་ཞིང་དགེ་བ་མཚུངས་པ་རྣམས་ཀྱིས་བྱང་ཆུབ་ལ་ཐུག་གི་བར་དུ་རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ། །དུས་དེའི་ཚེ་བདག་དང་གཞན་ལ་ཕན་པ་ལ་གུས་པ་དང་ལྡན་པ་ཡིན་པའི་ཕྱིར་དེ་ལྟ་བུའི་བྱ་བ་དེ་ནི་དེང་དུ་བདག་ཅག་གི་བྱ་བ་འབྲས་བུ་དང་བཅས་པའོ་ཞེས་རབ་ཏུ་དགའ་བའི་སེམས་རྣམས་ཀྱིས་འདི་ཉིད་ལ་དགེ་བའི་ཕྱིར་ཏེ་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བའི་ཕྱིར་དགོངས་པར་མཛད་པ་སྟེ། དེ་ནི་རྗེས་སུ་གཟུང་བར་བྱ་བ་ཡིན་པའི་ཕྱིར་སླར་ཡང་དེ་ལྟ་བུའི་ཉམ་ཐག་པར་ལྷུང་བར་མ་གྱུར་ཅིག་ཅེས་པས་བུ་སྡུག་པ་དང་འདྲ་བར་སྤྱན་རས་ཀྱིས་འཚོ་བར་མཛད་པའོ། །དཔེར་ན་ཕ་མའི་བསམ་པ་དང་མཐུན་པར་སྤྱོད་ཅིང་ཡིད་དུ་འོང་བའི་བུ་ལ་འདི་ལ་གང་དུ་ཡང་ཡིད་དུ་མི་འོང་བ་འབྱུང་བར་མ་གྱུར་ཅིག་ཅེས་ཕན་པ་དང་བདེ་བའི་ཆེད་དུ་རྟག་ཏུ་འཚོ་བར་བྱེད་པ་བཞིན་དུ་བྱམས་པའི་ཐུགས་ཀྱིས་གཟིགས་པར་མཛད་པའི་ཡུལ་ཙམ་དུ་མངོན་པར་དགོངས་པའོ། །དེས་ན་འདི་ལ་བུ་སྡུག་ཉིད་དུ་སྟོན་པ་ནི་ཅུང་ཟད་ཀྱང་མེད་དོ། །གང་དེ་ལྟར་


DTG138_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་དམ་བཅའ་བ་བྱས་པས་བདག་དང་གཞན་དག་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཕན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བའོ། །བདེ་བ་ནི་ཕན་འདོགས་པར་བྱེད་པ་ཉིད་དུ་རིག་པར་བྱའོ། །གཉིས་པོ་འདི་དག་བདག་ཉིད་དང་གཞན་རྣམས་ལ་ཡང་བྱ་བ་སྟེ། འདི་གཉིས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །སྡུག་བསྔལ་ནི་ཉེ་བར་འཇོམས་པར་བྱེད་པར་རིག་པར་བྱའོ། །དེ་ཉིད་ཀྱང་ཕན་པ་སྟེ། ཕྱི་མར་བདེ་བར་འགྱུར་བ་ཡིན་ན་བྱ་དགོས་ཏེ། སྨན་ཚ་བ་བཞིན་དུ་མི་ཕན་པ་མ་ཡིན་ནོ། །གང་ཞིག་གང་ལ་ཕན་པར་བྱེད་པ་དེ་ནི་འདི་ལ་དོན་དམ་པ་ཉིད་ཀྱིས་བདེ་བ་ཉིད་དུ་བྱེད་པ་ཡིན་ཏེ། ཕན་པ་ནི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གང་མི་ཕན་པ་སྟེ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ནི་སྨན་མ་ཡིན་པ་བཞིན་དུ་ཉོན་མོངས་པ་ཅན་ཡིན་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་མི་ཕན་པ་ཡིན་པས་བདེ་བ་ཡིན་ཡང་མི་བྱ་སྟེ། དེ་ནི་ཕན་པ་དང་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་བ་ཡིན་ཡང་རང་བཞིན་གྱིས་རྗེས་སུ་མཐུན་པ་སྟེ། བཟའ་བ་དང་བཏུང་བ་མི་ཞིམ་པ་ལྟ་བུར་ཕན་པ་ཡང་ཡིན་ནོ། །བདེ་བ་ཡིན་ཡང་ཅུང་ཟད་མི་ཕན་པ་ཡིན་ལ་ཕན་པ་ཡང་ཡིན་ཏེ། །སྨན་མ་ཡིན་པ་དང༌། རང་བཞིན་གྱིས་མཐུན་པའི་བཟའ་བ་དང་བཏུང་བ་བཞིན་ནོ། །དེའི་ཕྱིར་བདག་དང་གཞན་ལ་ཕན་པར་འདོད་པས་འདོད་པ་རྣམས་སྡུག་བསྔལ་བ་ཡིན་ཡང་སོ་སོར་བརྟགས་ནས་ཕན་པ་ཉིད་ཡིན་ན་བྱའོ། །བདེ་བ་ཡིན་ཞིང་མི་ཕན་པ་ཡང་མ་ཡིན་ན་ཡང་ངོ༌། །ཡང་གང་ཞིག་ཕན་པ་ཡང་ཡིན་ཞིང་བདེ་བ་དང་སྡུག་བསྔལ་བ་ཡང་ཡིན་ལ་མི་ཕན་པ་ཡང་མ་ཡིན་པ་དེ་ལ་ནི་བརྗོད་དུ་ཡང་ཅི་ཡོད། འདི་ནི་རེ་ཞིག་འདི་མདོར་བསྡུས་པའི་བྱ་བའོ། །ཡང་འདིའི་ལྟུང་བ་དང་ཉམས་པ་གང་ཡིན་ཞེ་ན། ལྟུང་བའི་ལུས་ནི་གཉིས་ཏེ། ཕམ་པའི་གནས་ལྟ་བུའི་ཆོས་གང་ཀུན་དུ་སྤྱད་པ་ལས་འདི་སྡོམ་པ་གཏོང་ཞིང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བ་དང༌། ཉེས་པར་སྤྱད་པའི་ལྟུང་བ་བྱུང་བ་སྟེ། གང་གིས་ལྟུང་བ་དང་བཅས་པར་གྱུར་པའོ། །འདིར་


DTG138_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྟུང་བ་ཁ་ཅིག་གཞན་ལ་བཤགས་པར་བྱ་བ་སྟེ། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་འཆད་པར་འགྱུར་བའོ། །ཁ་ཅིག་ནི་རང་ཉིད་ལེགས་པར་སྡོམ་པ་སྟེ། །ཉོན་མོངས་མི་སྤོང་བདག་སེམས་བཞིན། །ཞེས་འཆད་པར་འགྱུར་བའོ། །ལྟུང་བ་དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་རྣམས་སུ་ཇི་ལྟར་ཉམས་པར་འགྱུར་བ་རྒྱུ་དང་བཅས་པར་བཅའ་བ་མཛད་པ་རྣམས་སོ། །དེ་ལ་ཕམ་པའི་གནས་ལྟ་བུའི་ལས་བསྟན་པར་འདོད་ནས། མིང་དང་དེས་པའི་ཚིག་དང་ལྡང་བ་རྣམས་བསྟན་པའི་ཕྱིར། ཉོན་མོངས་དྲག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པར་གྱུར་པ་འདི་ཉིད་ཀྱི་ཉེས་པ་བཞི་པོ་ཉིད་ནི་ཕམ་པ་འདྲ་བར་དགོངས་པ་ཡིན་ཏེ། གང་དེ་རྣམས་ནི་སྡོམ་པ་འཇིག་པར་བྱེད་པའོ། །ཕ་རོལ་རྒྱལ་ནས་འདི་དག་གིས་སྡོམ་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་ཕས་ཕམ་པའོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ །སྡོམ་པ་ཉམས་པའི་རྒྱུ་ཙམ་དུ་མཚུངས་པར་ཕས་ཕམ་པ་དང་འདྲ་བ་ཡིན་གྱི། ཐམས་ཅད་དུ་དགེ་སློང་གི་བཞིན་དུ་ནི་མ་ཡིན་ཏེ། འདི་ལྟར་དགེ་སློང་ལ་ཕས་ཕམ་པའི་ལྟུང་བ་བྱུང་བ་ནི་དགེ་སློང་མ་ཡིན་པར་འགྱུར་ཞིང་དགེ་སྦྱོང་མ་ཡིན་ལ། ཚེ་འདི་ལ་སླར་ཡང་དགེ་སློང་གི་དངོས་པོར་འགྱུར་བའི་སྐལ་པ་མེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ཏེ། འདི་ནི་སྡོམ་པ་གཏོང་བ་འབའ་ཞིག་ཙམ་མོ། །ཚེ་འདི་ཉིད་ལ་སླར་ཡང་སྡོམ་པ་ཡང་དག་པར་ལེན་པའི་སྐལ་བ་དང་ལྡན་པ་ཡིན་ཏེ། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་འཆད་པར་འགྱུར་བའོ། །ཡང་སྡོམ་པ་འཇིག་པར་བྱེད་པར་འགྱུར་བ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཉོན་མོངས་དྲག་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་དྲག་པོ་ལས་བྱུང་བ་ཡིན་ཞིང་སྐྱེས་པ་གང་དག་ཡིན་པ་དེ་རྣམས་ནི་དེ་ལྟ་བུ་སྟེ། གང་ཉོན་མོངས་པ་ཤས་ཆེན་པོ་མངོན་དུ་རྒྱུ་བའི་གནས་ལས་དེ་རྣམས་འབྱུང་བར་གྱུར་བ་དེའི་ཚེ་སྡོམ་པ་ཉམས་པར་འགྱུར་ཞིང་ཕས་ཕམ་པ་ཉིད་བྱུང་བར་གྱུར་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་འདི་དག་


DTG138_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ཡང་རུང་བ་ཞིག་བྱུང་ན་ཡང་ཚེ་འདི་ཉིད་ལ་སླར་ཡང་བྱང་ཆུབ་སེམས་དཔའི་ཚོགས་རྒྱ་ཆེན་པོ་སྩོགས་པ་དང༌། ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་ཐམས་ཅད་བྱས་ན་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པའི་སྐལ་བ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །ཉོན་མོངས་དྲག་པོ་ནི་ཟག་པ་རྣམས་ཕྱིར་ཞིང་རྒྱུན་མི་ཆད་པར་ཀུན་དུ་སྤྱོད་ཀྱང་གང་འདི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཆུང་དུ་ཙམ་ཡང་མི་སྐྱེད་པ་དང༌། དེ་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་དང༌། གསོལ་བ་བཏབ་ཀྱང་མི་ལྡོག་ཅིང་བསམ་པས་མི་གཏོང་བའོ། །གང་གི་ཚེ་སླར་ངོ་ཚ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་སྐྱེ་བ་དང༌། ཕ་རོལ་གྱིས་གསོལ་བ་བཏབ་པས་ལྡོག་པ་དེ་ནི་འབྲིང་ལ་གནས་པའོ། །གང་གི་ཚེ་ཡང་མྱུར་བ་ཉིད་དུ་ངོ་ཚ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ། སྐད་ཅིག་གིས་ལྡོག་པ་དེ་ནི་ཆུང་ངུ་ལ་གནས་པར་རིག་པར་བྱའོ། །དེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་པ་ཉིད་ཀྱིས་ནི་སྡོམ་པ་ཡང་དག་པར་བླངས་པའི་བྱང་ཆུབ་སེམས་དཔའ་ཉིད་ཕམ་པ་བྱུང་བར་གྱུར་པ་ཡིན་ཏེ། ཉིས་པའི་གནས་སུ་གྱུར་པ་ཡིན་པས་དབྱུང་བར་བྱ་ཞེས་བྱ་བའི་དོན་ཏོ། །གང་ཡང་སྡོམ་པ་མ་བླངས་པ་དང༌། སྡོམ་པ་ཕུལ་བ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཕྱིར་དེ་ལ་ནི་ཆོ་ག་འདི་མེད་དོ། །སྡོམ་པ་ཕུལ་བ་ཡང་དགེ་སློང་གིས་བསླབ་པ་ཕུལ་བ་ལྟ་བུར་རིག་པར་བྱའོ། །གང་གིས་བྱང་ཆུབ་ཀྱི་སེམས་མ་བཏང་ཞིང་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱང་མ་བྱུང་ལ་བརྗེད་ངས་པར་ཡང་མ་གྱུར་པ་དེ་ནི་འདུལ་བར་ཡོངས་སུ་མ་བཏང་བར་སྡོམ་པ་དྲན་པས་ཚེ་བརྗེས་ཀྱང་སྡོམ་པ་དེ་ནི་རྗེས་སུ་འབྲང་བར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཇི་སྲིད་འཚོ་བའི་བར་དུ་ཞེས་དུས་ཡོངས་སུ་གཅོད་པར་བྱེད་པ་ནི་མ་ཡིན་ནོ། །དྲན་པ་བརྗེད་ཀྱང་སྔོན་གོམས་པའི་དབང་དང༌། དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་པའམ། བྱང་ཆུབ་སེམས་པའི་ཡོན་ཏན་ཐོས་པས་མོས་པ་ཡང་དག་པར་སྐྱེད་པར་འགྱུར་གྱི། མི་ལེན་པར་བདེ་བར་འདུག་


DTG138_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་གྱི། གཞན་དུ་ན་ཡང་དག་པར་བླངས་པ་ལ་མངོན་པར་ཕྱོགས་པ་ཡིན་ཡང་རུང༌། མ་ཡིན་ཡང་རུང༌། གང་གིས་སྡོམ་པའི་རྒྱུན་གྱིས་རྗེས་སུ་བཅིངས་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ་འབད་པས་ཡང་དག་པར་ལེན་པར་བྱེད་དོ། །འོ་ན་འདིར་ནི་གང་དེ་ལྟར་ཕམ་པར་འགྱུར་བའི་ལྟུང་བ་བཞི་ཁོ་ནར་བསྟན་ལ། འཕགས་པ་ནམ་མཁའི་སྙིང་པོའོ་མདོ་ལས་ནི་ཕམ་པར་འགྱུར་བའི་ལྟུང་བ་གཞན་མང་དུ་ཡང་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྨྲས་པ། བདེན་མོད་ཀྱི་དེ་ནི་སྡོམ་པ་བླངས་པ་སྡོམ་པ་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་སྡོམ་པ་མ་བླངས་པའི་སྡོམ་བསྐྲུན་པའི་དགེ་བའི་རྟ་བ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་རྣམ་པར་གཅོད་པའི་རྒྱུ་ཡིན་ཏེ། གང་དེ་ཉིད་ལས་རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ནི་ལྔ་སྟེ། རྩ་བའི་ལྟུང་བ་དེ་དང་ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྔོན་བསྐྲུན་པའི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་ལྷ་དང་མིའི་བདེ་བ་རྣམས་ལས་འཕམ་པར་འགྱུར། ངན་སོང་འགྲོ་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྩ་བའི་ལྟུང་བ་ཆེས་ལྕི་བ་རྣམས་ནི་འཇིག་པར་བྱེད། འཚེ་བར་བྱེད། མེད་པར་བྱེད་ཅེས་བྱ་བའི་བར་དུའོ། །ཐལ་བར་བརླག་ནས་ཞེས་བྱ་བ་ནི་རྣམ་པར་འཚེ་བར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཕམ་པར་འགྱུར་བ་ནི་ཡོངས་སུ་ཉམས་པའོ། །གལ་ཏེ་སྡོམ་པ་བླངས་པ་འདི་ལ་ལྟུང་བ་འདི་རྣམས་སྡོམ་པ་འཇིག་པའི་རྒྱུ་ཉིད་ཡིན་པས་ཡང་ཕམ་པ་ཡིན་ནོ་ཞེས་དགོངས་པ་ཡིན་ན་ནི། །དེའི་ཚེ་སྡོམ་པ་ལ་གནས་པའི་རིས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་ཕམ་པར་འགྱུར་བའི་ལྟུང་བ་གང་ཡིན་པ་འདི་རྣམས་ལས་གང་ཡང་རུང་བའི་ལྟུང་བ་གཅིག་བྱུང་བས་སྡོམ་པ་གཏོང་བར་འགྱུར་བ་ཡིན་ན། ཐམས་ཅད་ཀྱིས་ལྟ་ཅི་སྨོས་ཞེས་བྱ་བ་རྒྱུ་དང་བཅས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུང་པར་འགྱུར་བ་ཞིག་ན། མ་གསུངས་པ་དང་གང་གི་ཕྱིར་རྒྱལ་རིགས་ལ་སོགས་པའི་སྡོམ་པ་བླངས་པ་ཉིད་ཀྱིས་གང་དུ་མ་ཉིད་ཡོད་པའི་དབྱེ་བས་ལྟུང་བ་སྟོན་པར་བྱེད་པ་ཡིན་ན་ནི་དེ་ལེགས་ན།


DTG138_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་ལ་སོགས་པའི་དབྱེ་བས་ལྟུང་བ་བསྟན་པ་ཅུང་ཟད་མེད་པས་འདི་ལ་འགལ་བ་ཅི་ཞིག་ཡོད། ཡང་ཕམ་པར་འགྱུར་བའི་ལྟུང་བ་དེ་རྣམས་གང་ཡིན་ཞེ་ན། རྙེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྙེད་པར་བྱེད་པས་ན་རྙེད་པ་སྟེ། གོས་དང་ཟས་ལ་སོགས་པའོ། །བཀུར་སྟི་ནི་ལེགས་པར་རིམ་གྲོ་བྱེད་པ་སྟེ། དེ་དག་ལ་ཆགས་པ་ནི་དེ་ལ་ལྷག་པར་ཞེན་པའོ། །བདག་ནི་རང་ཉིད་དོ། །བསྟོད་པ་ནི་ཡང་དག་པ་དང༌། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་སྟོད་པར་བྱེད་པ་སྟེ། ལོག་པར་བསྟོད་ཅིང་གཞན་ཡོན་ཏན་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པར་གྲགས་པ་རྣམས་ལ་ཡང་སྨོད་པ་སྟེ། སྐྱོན་རྣམས་བརྗོད་ཅིང་སྨོད་པའོ། །འདི་སྐད་དུ་ཡོན་ཏན་དང་ལྡན་པར་གྲགས་པ་ནི་བདག་སྟེ། འགྲོ་བ་རྣམས་བདག་ལ་རྗེད་པར་བྱེད་བཀུར་སྟི་བྱེད་དོ། །གཏོང་བ་དང་ཡོངས་སུ་གཏོང་བ་དག་གིས་མཆོད་པར་བྱེད་ཅེས་བྱ་བའི་བར་དུའོ། །བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་ཡང་བྱེད་པས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ལས་ད་ལྟར་བའི་རྙེད་པ་དང་བཀུར་སྟི་ལ་མ་ཆགས་པ་ལས་ཉམས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་དག་ལ་ཤིན་ཏུ་ཆགས་པས་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔར་གྱུར་པ་ནི་བདག་ཉིད་ཀྱིས་ཐོབ་པའི་རྙེད་པ་ཡང་གཞན་རྣམས་ལ་སྦྱིན་པར་བྱེད་ཅིང༌། གསང་བའི་ཆོས་རྣམས་ཀྱང་གཞན་ལ་སྟོན་པར་བྱེད་པ་ཡིན་ན། དེ་ཇི་ལྟར་ཆགས་པ་སྐྱེ་བར་འགྱུར། དེས་ན་རྒྱུ་དེས་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། བསྟན་པ་གནས་པར་འདོད་པའི་ཕྱར་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་དང༌། ཐབས་དེས་འདུལ་བར་བྱེད་འདོད་ཅིང་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་འདོད་པ་དང༌། མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉིས་པ་


DTG138_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །དོན་འདི་ཉིད་ལ་དགོངས་ནས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་མཐར་འཆད་པར་འགྱུར་རོ། །སྡུག་བསྔལ་མགོན་མེད་ཅེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་བ་དང༌། ཕོངས་པ་དང༌། མགོན་མེད་པ་དང༌། སྐྱབས་མེད་པ་ལ་ནོར་འདོད་པ་དང༌། ཆོས་འདོད་པས་ལེགས་པར་སློང་ཞིང་འོངས་པ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོད་ཅིང་བདོག་བཞིན་བ་དང༌། ཆོས་ལ་ངེས་པ་ཐོབ་ཀྱང་རང་བཞིན་གྱིས་སེར་སྣ་དང་ལྡན་པས་གཞན་ཉེ་བར་འབྱོར་པ་ལ་མི་བཟོད་པ་ཉིད་ཀྱིས་ནོན་ཏེ་ཟད་ཟིང་དང་ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པར་འོས་པ་རྣམས་ལ་མི་སྟེར་བ་སྟེ། མི་གཏོང་བ་ནི་དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་གཉིས་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་དངོས་པོ་ཡོད་པ་དང༌། ཆོས་རྣམས་ངེས་པ་ཡིན་ཡང་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སེར་སྣ་ཆེན་པོས་ཟིལ་གྱིས་ནོན་པས་ནོར་དང་ཆོས་མི་སྟེར་བ་ན་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བའོ། །བྱང་ཆུབ་སེམས་དཔར་གྱུར་པ་ནི་གང་གིས་གཞན་བོངས་ཤིང་མངོན་པར་འདོད་པ་དག་ཉེ་བར་རིག་ནས་སློང་བར་མི་བྱེད་ཀྱང་བདག་ཉིད་ཀྱིས་ཕ་རོལ་དག་ནོར་ལེན་དུ་གཞུག་པར་བྱེད་ཅིང་ཀུན་དུ་བསྐུལ་བས་ཀྱང་ཆོས་ཉན་དུ་གཞུག་པར་བྱེད་པ་ཡིན་ནོ། །དེ་ཅི་ལྟར་དགོས་པ་ཡོད་ཅིང་ཆོས་ཀྱི་ངེས་པ་ཡོད་ཀྱང་སེར་སྣས་ཀུན་དུ་བཅིངས་པས་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སློང་བར་བྱེད་ན་མི་སྟེར་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །ལོངས་སྤྱོད་དེ་དག་མེད་པས་མ་བྱིན་པ་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བར་འདོད་པ་དང༌། ཐབས་ངེས་འདུལ་བར་བྱེད་འདོད་ཅིང༌། མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་བྱེད་པ་དང༌། མི་ཕན་ཞིང་མ་བརྟགས་པ་དང༌། མི་ཕན་ཞིང་མ་བསླང་བ་དང༌། དེ་རྒྱལ་པོ་ལ་གནད་པ་ཡིན་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་གླགས་ཚོལ་བ་དང༌། མ་གུས་ཤིང་ཞེས་མེད་པ་དང་སྤྱོད་ལམ་ངན་པས་གནོད་པ་དང༌།


DTG138_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མི་ལེན་པ་དང༌། དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་ན་སྐྲག་ཅིང་ལོག་པར་ལྟ་བ་དང༌། ལོག་པར་མངོན་པར་ཞེན་པ་དང༌། དེའི་འོག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་བ་ཉམས་པ་དང༌། གནོད་པར་འགྱུར་དུ་དོགས་པ་དང༌། བདག་ཉིད་སྨྲ་མི་ནུས་པར་གྱུར་ཅིང་སྟོབས་དང་མི་ལྡན་པ་དང༌། དེ་ཡང་ཆོས་འདི་ལ་མི་འཇུག་པ་ལ་ཐབས་དེས་འདུལ་བར་འགྱུར་འདོད་ན་ལྷུང་བ་མེད་དོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ལ་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པས་སྲོག་ཆགས་གཞན་ལ་འཚོག་པ་སྟེ། ལག་པའམ། བོང་བའམ། དབྱིག་པ་དག་གིས་རྡེག་པར་བྱེད། རྣམ་པར་འཚེ་བར་བྱེད་རྣམ་པར་ཐོ་འཚམས་པར་བྱེད་ལ། ཁྲོ་བའི་བསམ་པ་ཁོ་ན་ཞེ་ལ་བཟུང་སྟེ། གཞན་གནོད་པར་བྱེད་པ་རྣམས་ཀྱིས་བཤགས་ཀྱང་སྟེ་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་བཟོད་པར་མི་བྱེད་ལ་བསམ་པས་མི་གཏོང་བ་ནི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དག་ལ་གཞན་གྱིས་ཉེས་པ་བཟོད་པར་བྱེད་པ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །བྱང་ཆུབ་སེམས་དཔའ་ཁྲོ་བ་དྲག་པོས་ཟིལ་གྱིས་ནོན་པས་ཕ་རོལ་གྱིས་ལེགས་པར་བཤགས་ཤིང་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ་རྡེག་པར་བྱེད་པ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བའོ། །བྱང་ཆུབ་སེམས་དཔར་གྱུར་པ་ནི་གང་གིས་ཕ་རོལ་གྱི་ཉེས་པར་སྤྱད་པ་ཤིན་ཏུ་དྲག་ཅིང་མཆེད་པར་འགྱུར་ལ། མང་དུ་བྱ་བ་ལ་ཡང་བཟོད་པར་བྱ་ཞིང༌། རྙེད་པའི་གནས་དང་བྲལ་བར་རི་མོར་བྱ་བའི་སེམས་ཀྱིས་རབ་ཏུ་དགའ་བ་བསྐྱེད་པར་བྱ་བ་ཡིན་ན། འདི་ན་དེ་ཙམ་གྱིས་ཉེས་པར་སྤྱོད་པ་ལ་ཡང་ཅིའི་ཕྱིར་དེ་ལྟ་བུ་ཁྲོ་བ་ཡང་ཇི་ལྟར་དང་དུ་ལེན་པར་བྱེད། གང་གི་ཕྱིར་ཚིག་རྩུབ་མོ་མངོན་པར་བརྗོད་ཅིང་རྡེག་པར་བྱེད་ལ་ངོ་ཚ་མེད་པའི་སེམས་ཀྱིས་རང་ཉིད་ལྡོག་པར་ཡང་མི་བྱེད་དོ། །ཤད་ཀྱིས་སྦྱང་བ་བྱས་ཀྱང་བག་ལ་ཉལ་ལམ་འཆིང་བར་བཟོད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །ཐབས་དེས་འདུལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་དུ་ཉེས་པ་མེད་པ་ཡིན་ནོ། །ཐེག་པ་ཆེན་


DTG138_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པའོ། །སྤོང་བྱེད་ནི་སྐུར་བ་འདེབས་པའོ། །དམ་ཆོས་འདྲར་སྣང་ནི་དེའི་གཟུགས་བརྙན་གྱི་ཆོས་ལ་གཞན་གྱི་གཡམ་ལ་ཡང་རུང་སྟེ། སྟོན་པ་དང་འཇོག་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ལྟ་བ་ངན་པ་སྤོང་བ་ལ་སོགས་པའི་ཕྱིར་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོན་པོའི་ལྟ་བ་དྲག་པོ་ལ་ཀུན་དུ་གནས་པས་ཐེག་པོ་ཆེན་པོ་སྤོང་ཞིང་སྐུར་པ་བཏབ་ནས་ནི་དེའི་གཟུགས་བརྙན་གྱི་ཆོས་སྟོན་པར་བྱེད་པ་ནི་ཕམ་པར་འགྱུར་བའོ། །བྱང་ཆུབ་སེམས་དཔར་གྱུར་བ་ནི་གང་གི་ནུས་པ་ཇི་ལྟ་བ་ཐེག་པ་ཆེན་པོ་འདི་ཉིད་སེམས་ཅན་གྱི་ཚོགས་རྒྱ་ཆེན་པོ་ཕན་པ་དང་བདེ་བའི་ཐབས་ཡིན་ནོ་ཡིན་པའི་ཕྱིར་ནུས་པ་ཇི་ལྟ་བས་བསྟེན་པར་བྱ་ཞིང་རབ་ཏུ་བསྟན་པར་བྱ་བ་ཡིན་ལ། འདི་ཇི་ལྟར་རྨོངས་པའི་ལོ་མ་གཅོད་པ་བཞིན་དུ་སྐུར་བ་འདེབས་པ་ལ་འཇུག་པར་བྱེད་ཅེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །གང་ཡང་བྱང་ཆུབ་སེམས་དཔའ་འདི་བསླང་བའི་གཞི་རྣམས་ལ་མ་བྱང་བའམ། དྲན་པ་མེད་པ་དང༌། འཁྲུལ་པའམ། གུས་པ་མེད་པས་ཕམ་པའི་གནས་ལྟ་བུའི་ཆོས་གང་ཡང་རུང་བ་ཞིག་བྱུང་ན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བས། གལ་ཏེ་སླར་ཡང་ལེན་པར་འདོད་པ་ན་དེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཕམ་པ་བྱུང་བ་ཞེས་བྱ་བ་ལྷག་མ་སྟེ། གཞན་གྱི་དབང་དུ་བྱས་ནས་བསྟན་པ་མ་ཡིན་པའི་ཕྱིར་རོ། །ཕམ་པ་བྱུང་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ཉིད་ལ་སླར་ཡང་སྡོམ་པ་བླང་བར་བྱ་སྟེ། བཅས་པ་ཚང་མར་གྱུར་པས་སྣོད་དུ་རུང་བའི་ཕྱིར་རོ། །དགེ་སློང་བཞིན་དུ་ཡང་བླང་བར་བྱ་བ་ནི་མ་ཡིན་ནོ། །ཇི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་ན་དེས་བཏང་བའི་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་གསུངས་པ་ལྟ་བུའོ། །འོན་གང་ཀུན་ནས་དཀྲིས་པ་ཆེན་པོས་བླང་བའི་ཆོས་དག་གིས་ནི་སྡོམ་པ་གཏོང་བ་ཡིན་ན། གལ་ཏེ་


DTG138_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི་དག་ཀུན་ནས་དཀྲིས་པ་ནུས་ལ་འབྲིང་གིས་བསྐྱེད་པ་ཡིན་ན། དེ་གསོལ་བ་ལ་འདིས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཟག་པ་འབྲིང་ནི་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཟག་པ་འབྲིང་ནི་བདག་ལ་བསྟོད་པ་ལ་སོགས་པའི་རྒྱུར་གྱུར་པ་གང་ཡིན་པའི་ཉོན་མོངས་པ་ཉིད་དེ། ཀུན་ནས་དཀྲིས་པ་འབྲིང་གིས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །བཤགས་པ་ནི་བཤགས་པར་བྱ་བ་སྟེ། ཉེས་བྱས་སུ་ཀུན་དུ་བསྡུས་པ་ཉིད་ཡིན་གྱི། །སྟོབས་ཆུང་བའི་ཕྱིར་ཉམས་པར་བྱེད་པ་ནི་མ་ཡིན་ནོ། །ལྟུང་བ་དེ་དག་ནི་གསུམ་སྟེ། གང་ཟག་གསུམ། ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ལོངས་སྤྱོད་པའི་གང་ཟག་གསུམ་པོ་རྣམས་ཏེ། གང་ཟག་ཚིག་དེ་བརྡ་ཕྲད་ཅིང་འཛིན་ནུས་པ་རྣམས་ལ་བཤགས་པར་བྱ་བ་ཡིན་གྱི། བཅས་པ་ཚད་མ་ཡིན་པའི་ཕྱིར་གཉིས་སམ་གཅིག་གི་མདུན་དུ་ནི་མ་ཡིན་ནོ། །དེ་ཡང་དེ་རྣམས་ལ་ཐལ་མོ་སྦྱར་ཏེ་བྱ་བ། བྱས་ལ་དམའ་བའི་ཕྱོགས་སུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་ཐོག་མར་དངོས་པོ་བརྗོད་དེ། འདི་སྐད་ཅེས། ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགོལ་བའི་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ། དེ་དག་ཚེ་དང་ལྡན་པ་རྣམས་ཀྱི་མདུན་དུ་བདག་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་པ་ན་ནི་བདེ་བ་ལ་རེག་པར་གནས་པར་མི་འགྱུར་རོ། །དེ་རྣམས་ཀྱིས་དེ་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱེད་ཀྱིས་ལྟུང་བ་འདི་ལ་ལྟུང་བར་མཐོང་ངམ་ཞེས་པ་སྨྲ་ན། དེས་མཐོང་ངོ་ཞེས་སྨྲ་བར་བྱའོ། །དེ་རྣམས་ཀྱིས་ཀྱང་ཕྱིན་ཆད་སྡོམ་པར་བྱེད་དམ་ཞེས་སྨྲ་བར་བྱའོ། །དེས་ཀྱང་ཤེས་ཤིང་མཐོང་ལ་དྲན་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནད་པར་བགྱིའོ་ཞེས་སྨྲ་བར་བྱའོ། །དེ་ལྟར་ལན་གསུམ་དུ་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་བསྐྱེད་པའི་ལྟུང་བ་དེ་རྣམས་ཡང་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གཅིག་གི་མདུན་དུ་ལྷག་མ་རྣམས་ཞེས་བྱ་བ་སྨོས་སོ། །ལྷག་མ་ནི་ཟག་པ་འབྲིང་གིས་བསྐྱེད་པའི་ལྟུང་བ་དག་


DTG138_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་པ་དེ་རྣམས་ཉིད་དེ། ཟག་པ་ཆུང་ངུའི་ལྟུང་བ་རྣམས་ཇི་སྐད་དུ་བཤད་པའི་གང་ཟག་གཅིག་གི་མདུན་དུ་སྟེ། གན་དུ་བཤགས་པར་བྱ་བ་ཡིན་ཏེ། གསུམ་པོ་ཁོ་ན་ལ་བཤགས་པ་ཡང་མ་ཡིན་ལ། བདག་ཉིད་ཀྱིས་བསྡམ་པར་བྱ་བ་ཡང་མ་ཡིན་ནོ། །འོ་ན་ཉེས་བྱས་ཀྱི་ལྟུང་བ་ལས་གཞན་གང་ཡིན་པ་དེ་རྣམས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་སེམས་ལ་ཞེས་བྱ་བའི་ཚིག་ཏུ་ཡང་བལྟ་བར་བྱ་སྟེ། འཆད་པར་འགྱུར་བའི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་མ་ཡིན་པའི་ཉེས་བྱས་ཀྱི་ལྟུང་བ་དེ་རྣམས་ཉིད་བདག་གི་སེམས་ཀྱི་མདུན་དུ་ཡང་བཤགས་པར་བྱ་སྟེ། འདི་ནི་འདིར་སྡིག་པ་ཅན་མ་ཡིན་པའི་སྒྲའི་དོན་ཏོ། །དེ་ལྟར་བསྒྲུབ་པའི་གང་ཟག་མེད་ན་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ཀྱི་ཆོས་བྱུང་བ་ན་བཤམ་པ་ཐག་པ་ནས་ཕྱིས་ཡང་ཀུན་དུ་མི་སྤྱོད་པའི་སེམས་བསྐྱེད་པར་བྱ་ཞིང༌། ཕྱིས་ཡང་འདི་ལྟ་བུ་བདག་གིས་མི་བྱའོ་ཞེས་ཕྱིན་ཆད་སྡོམ་པར་ཡང་བྱེད་དོ། །དོན་ནི་འདི་ཡིན་ཏེ། ཟག་པ་འབྲིང་གི་ལྟུང་བ་རྣམས་གང་ཟག་གསུམ་ཉིད་ཀྱི་མདུན་དུ་བཤགས་པས་ལྡང་བར་འགྱུར་ཏེ། གཉིས་དང་གཅིག་གི་མདུན་ནི་མ་ཡིན་ནོ། །ཟག་པ་ཆུང་ངུ་ནི་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ། །དེ་བཞིན་དུ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ནི་རང་རང་གི་སེམས་ལ་བཤགས་པ་དང་ལེགས་པར་བསྡམས་པས་ཀྱང་ལྡང་བར་འགྱུར་ཏེ། འདི་རྣམས་བཤགས་པའི་ཕྱིར་ཇི་ལྟར་ཟག་པ་ཆུང་ངུ་དང༌། འབྲིང་གི་ལྟུང་བ་རྣམས་བཞིན་དུ་གཅིག་གམ་གསུམ་ངེས་པར་ཚོལ་བ་ནི་མ་ཡིན་ནོ། །ཡང་གང་ཞིག་བདག་སེམས་བཞིན་ཞེས་འདོན་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་མ་གསུངས་པའི་ཕྱིར་དང༌། བཞིན་ཞེས་བྱ་བ་ནི་མི་རིགས་པའི་ཕྱིར་ལོག་པར་བརྗོད་པ་ཉིད་ཡིན་ནོ། །བཞིན་ཞེས་བྱ་བ་ཡང་མཉམ་པའི་དོན་དུ་རབ་ཏུ་གྲགས་ཤིང་བརྗོད་པ་མ་ངེས་པར་བསྒྲུབ་པའི་དོན་སྦྱོར་བའོ། །དེ་ལ་རེ་ཞིག་བདག་གི་སེམས་ལ་ལྟུང་བ་ལས་ལྡང་བའི་ཆོ་ག་ནི་རབ་ཏུ་ངེས་པ་མ་ཡིན་ཏེ། ཇི་སྐད་བསྟན་པའི་གང་ཟག་ཉེ་བ་ན་མེད་ན་དེའི་འོག་ཏུ་ཆོ་ག་འདི་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་


DTG138_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ལ་བརྟེན་ནས་ལྟུང་བ་ལས་ལྡང་བའི་ཆོག་ནི་རབ་ཏུ་མ་ངེས་པ་མ་ཡིན་ནོ། །གང་གིས་ཇི་ལྟར་རང་གི་སེམས་ཀྱི་མདུན་དུ་བཤགས་པར་བྱ་བ་དེ་བཞིན་དུ་གང་ཟག་གཅིག་ཉིད་ཀྱི་མདུན་དུ་བཤགས་པར་བྱ་ཞེས་བསྟན་པ་ཡིན་ན་ནི་ལེགས་ན། དེའི་ཆོ་ག་ནི་སྔར་བསྟན་ཏོ། །དེ་ཡང་བདག་སེམས་བཞིན་ཞེས་བརྗོད་པ་འདི་ནི་བཅོས་མས་ལོག་པར་བཀོད་པ་སྟེ། ལྟུང་བ་ལས་ལྡང་བའི་ཆོག་གཞན་བསྟན་པ་ལ་ཞུགས་པས་ཡུལ་ཉེ་བར་སྤངས་པས་ཆོ་ག་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཕ་རོལ་ལ་བཤགས་པ་ཉིད་ཀྱིས་ལྟུང་བ་ལས་ལྡང་བའི་ཕྱིར་ཟག་པ་འབྲིང་དང་ཆུང་ངུའི་ལྟུང་བ་རྣམས་དང་འདི་ཚུལ་དང་མཐུན་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བཞིན་ཞེས་བྱ་བ་ནི་མ་གསུངས་ཏེ། དེ་ལས་ནི་འདི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་འབྲིང་གིས་ཕམ་པའི་གནས་ལྟ་བུའི་ཆོས་འབྱུང་བར་གྱུར་བས་ངེས་གང་ཟག་གསུམ་མམ་དེ་ལས་ལྷག་པར་ཡང་རུང་བའི་མདུན་དུ་བཤགས་པར་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུའི་ཆོས་ནི་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱའོ། །ལྟུང་བ་གཞིན་རྣམས་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་རྗེས་སུ་མཐུན་པའི་གང་ཟག་མེད་ན། བྱང་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱེད་པའི་སེམས་བསྐྱེད་པར་བྱ་ཞིང་ཕྱིས་སྡོམ་པར་བྱེད་པ་འདི་ནི་དེའི་ལྟུང་བ་རྣམས་ལས་ལྡང་བར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ལ་གསུམ་ལ་ཞེས་བསྟན་པ་ནི་ངེས་པར་གཟུང་བ་དང་བཅས་པར་བལྟ་བར་བྱ་སྟེ། གསུམ་ཁོ་ན་ཡིན་གྱི་གཉིས་སམ་གཅིག་གི་མདུན་དུ་ནི་མ་ཡིན་ཏེ། ཉུང་བ་ཉིད་ཀྱིས་ཐ་མལ་བ་ལ་སོགས་པ་བཞིན་དུ་ལྟུང་བ་ལས་ལྡང་བའི་ལས་བྱས་སུ་ཟིན་ཀྱང་མ་བྱས་པར་འགྱུར་རོ། །དེ་ལས་ལྷག་པར་ཡང་རུང་སྟེ་ཞེས་བྱ་བ་ནི་གསུམ་ལས་ལྷག་པ་སྟེ་བཞི་ལ་སོགས་པའི་མདུན་དུ་སྟེ། ལྷག་པ་ཉིད་ཀྱིས་ལེགས་པར་བྱས་པའི་ཕྱིར་རོ། །གཅིག་གི་མདུན་དུ་ཞེས་བྱ་བ་འདི་ལ་ཡང་གི་སྒྲེང་བལྟ་བར་བྱ་སྟེ། བཤགས་པར་བྱེ་ཞས་འདིར་ངེས་པར་གཟུང་བར་བྱའོ། །འདིའི་དོན་ནི་གཅིག་གི་མདུན་དུ་ཡང་སྟེ། གཉིས་ལ་སོགས་པ་འབའ་


DTG138_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་བཤགས་པར་བྱ་བ་ནི་མ་ཡིན་ནོ། །རང་གི་སེམས་ཀྱི་སྡོམ་པ་ཡང་ལྟུང་བ་གཞན་རྣམས་ཀྱང་ཞེས་གསུངས་པའི་ཀྱང་གི་སྒྲ་ནི་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱའོ་ཞེས་བྱ་བ་འདི་འདྲེན་པ་ཡིན་ཏེ། ཐུབ་པའི་བཀའ་ནི་རིམ་པ་དང་བྲལ་བ་མ་ཡིན་པར་བལྟ་བར་བྱའོ། །འོ་ན་བཤགས་པར་རིག་པར་བྱའོ་ཞེས་བྱ་བ་ཡང་ཟག་པ་ཆུང་ངུའི་ལྟུང་བ་དག་ལས་གཞན་པའི་ཉེས་བྱས་ཀྱི་ལྟུང་བ་རྣམས་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱའོ་ཞེས་བྱ་བ་མ་ཡིན་ནམ་ཞེ་ན་ཅི་འདི་རྣམས་བཤགས་པ་ཁོ་ནར་རིག་པར་བྱ་བ་མ་ཡིན་པར་བསྟན་པའི་ཕྱིར་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་འདི་ཡིན་ཏེ། ལྟུང་བ་གཞན་རྣམས་ནི་བཤགས་པར་ཡང་བྱ་ཞེས་བྱ་བར་རིག་པར་བྱ་ལ། བཤགས་པའི་གནས་ཀྱི་གང་ཟག་མེད་ན་ཕྱིས་ཀྱང་ལྷག་པར་མི་སྤྱོད་པའི་སེམས་བསྐྱེད་པར་རིག་པར་བྱའོ། །གཞན་དུ་ན་གང་ཟག་གི་གྲངས་ཀྱིས་ཀྱང་སོ་སོར་བསྟན་པ་ལས་དོན་ཅི་ཞིག་ཡོད། གལ་ཏེ་ཡང་ཟག་པ་ཆུང་ངུའི་ལྟུང་བ་རྣམས་ཀྱང་ལེགས་པར་སྡོམ་པར་འགྱུར་བ་ཉིད་དུ་དགོངས་པ་ཡིན་ན་ནི་དེའི་ཚེ་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུའི་ཆོས་ཞེས་ལོགས་ཤིག་ཏུ་བསྟན་པ་ལ་དོན་མེད་དོ། །དེ་ལྟར་ཡང་ཟག་པ་འབྲིང་གི་ལྟུང་བ་རྣམས་ནི་བཤགས་པར་བྱ་བ་ཉིད་དུ་བསྟན་ལ། གཞན་རྣམས་ཀྱང་ཁྱད་པར་མེད་པ་ཡིན་པས་བཤགས་པ་དང༌། ལེགས་པར་སྡོམ་པ་ཞེས་བསྟན་པ་ཡང་མི་རིགས་པར་འགྱུར་རོ། །གལ་ཏེ་ཟག་པ་འབྲིང་ཡང་བསྡམས་པར་གྱུར་ན་དེའི་ཚེ་གསུམ་མམ། དེ་ལས་ལྟག་པའི་གང་ཟག་གི་གྲངས་དགོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་བཤགས་པར་བསྟན་པ་ཉིད་དུ་གྲུབ་བོ། །གང་ཟག་མེད་ན་ཡིད་ཀྱིས་བསྡམ་པར་བྱ་དགོས་པ་ཡིན་པའི་ཕྱིར་འདིར་གཅིག་ལ་བཤགས་པའམ། དུ་མ་ལ་བཤགས་པའང་རུང་སྟེ། འདི་ལ་ངེས་པ་མེད་པར་འགྱུར་རོ། །དེ་ལྟར་ན་གང་ཟག་གི་གྲངས་ནི་རིགས་པ་ཡིན་ནོ། །གལ་ཏེ་དེ་ལས་ཉུང་བའི་བཤགས་པར་བྱ་བའི་ལྟུང་བ་རྣམས་ཀྱང་མ་བྱུང་བ་དེ་ལྟར་ན་རང་གི་སེམས་ཀྱིས་བསྡམས་པའི་གོ་སྐབས་ཡོད་པར་ག་ལ་འགྱུར།


DTG138_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཇི་སྐད་བསྟན་པ་ཉིད་ནི་རིགས་པ་ཡིན་ནོ། །དེ་ལྟ་བུ་ཉིད་དུ་མཐོང་ནས་མདོ་མཛད་པས། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་ལ། །ཞེས་མདོ་གསུམ་པོ་སོ་སོར་བསྟན་པ་ཡིན་ནོ། །གཞན་དུ་ན་བདག་ཉིད་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བློ་གྲོས་རྣམ་པར་དག་པས་དེ་ཇི་སྲིད་ཀུན་དུ་རྨོངས་པའམ། ཆི་ག་ལ་མི་མཁས་པས་དེ་ལྟ་བུའི་དོན་བསྟན་པ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ །དེས་ན་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་བྱ་བའི་ལྟུང་བ་འདི་གང་ཡིན་ཞེ་ན། ཆགས་པ་དང༌། ཀུན་ནས་མནར་སེམས་དང༌། ཁོང་ཁྲོ་བ་དང༌། ཕྲག་དོག་དང༌། ང་རྒྱལ་དང་མ་དད་པ་དང༌། མ་གུས་པ་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་སེམས་པས་ཀུན་ནས་བསླང་བའི་ལྟུང་བ་ནི་ཉོན་མོངས་པ་ཡིན་ནོ། །ལེ་ལོ་དང༌། སྙོམ་ལས་དང༌། བག་མེད་པ་དང༌། བརྗེད་ངས་པ་ལ་སོགས་པས་བྱུང་བ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དཀོན་མཆོག་གསུམ་ལ་མཆོད་པ་ལས་གཞན་པ་ལ་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཡིན་ལ། འདི་ལ་སྙོམ་ལས་དང་ལེ་ལོ་ལ་སོགས་པ་བྱེད་པ་ནི་ཉོན་མོངས་པ་ཅན་དུ་དགོངས་པའོ། །དེ་ལ་ཀུན་ནས་མནར་སེམས་ནི་འཁྲུག་པའོ། །ཁོང་ཁྲོ་བ་ནི་ཞེ་སྡང་ངོ༌། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །སྙོམ་ལས་ནི་བྱེད་པར་མི་འདོད་པས་ལུས་དང་སེམས་སྙོམ་པའོ། །ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས། །ཉོན་མོངས་ལྟུང་བར་འདིར་བསྟན་ཏེ། །ལེ་ལོ་བརྗེད་ངས་ལ་སོགས་པ། །མཆོད་ལས་གཞན་དུ་ཉོན་མོངས་མིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་དེ་ལས་གཞན་པའི་ལྡང་བའི་ཆོ་ག་རྣམ་པ་གཉིས་བསྟན་པའི་ལྟུང་བ་དེ་རྣམས་གང་ཡིན་ཞེས་འདྲི་བ་ལ། ཉེས་བྱས་ཀྱི་ལྟུང་བ་བཞི་བཅུ་རྩ་དྲུག་རྒྱུ་ཇི་ལྟ་བའི་རིམ་པས་བསྟན་པར་འདོད་ནས། དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀོན་མཆོག་གསུམ་ལ་ཞེས་བྱ་བ་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཏེ། དཀོན་མཆོག་གསུམ་པོ་རྣམས་ལ་གསུམ་སྟེ།


DTG138_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་དང་ཡིད་དག་གིས་མཆོད་པར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་དུས་དུས་སུ་རྒྱ་ཆེ་བའི་རྣམ་པ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ལས་ཉམས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་དང༌། སྐུ་གཟུགས་དང༌། དོན་དམ་པའི་ཆོས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པའི་གླེགས་བམ་དང༌། ཕྱོགས་བཅུའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་དགེ་འདུན་གང་ཡིན་པ་ལ་ཅི་འབྱོར་བའི་མེ་ཏོག་ལ་སོགས་པས་མཆོད་པར་བྱ་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང༌། ངག་གིས་དེ་རྣམས་ཀྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འདོན་པ་དང༌། སེམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དད་པ་གཅིག་ཙམ་ཡང་མ་བྱས་པར་མ་གུས་པ་དང༌། སྙོམ་ལས་དང་ལེ་ལོས་ཉིན་མཚན་འདའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བསམ་པ་རྣམ་པར་དག་པའི་སར་ཆུད་པས་མཆོད་པའི་མཆོག་གིས་མཆོད་པར་བྱེད་ན་ཉེས་པ་མེད་དོ། །འདོད་པའི་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་སེམས་ནི་རྙེད་པ་དང༌། བཀུར་སྟི་ལ་འཆུམས་པ་དང༌། མ་ཐོབ་པ་ལ་ཆགས་པའོ། །དེའི་རྗེས་སུ་འཇུག་པ་ནི་རྗེས་སུ་འབྲང་བ་སྟེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ཤིན་ཏུ་བསྡམས་པའི་ཚུལ་ཁྲིམས་ལས་རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་ཅིང་འདོད་པ་ཆུང་བ་དང༌། ཆོག་ཤེས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའི་འདོད་པའི་སེམས་བསྐྱེད་པ་དང་དུ་ལེན་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །རང་བཞིན་གྱིས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་འདོད་པའི་སེམས་པ་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་མེད་དོ། །སྤང་བར་འདོད་ཀྱང་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཟོལ་གྱིས་མནན་ནས་འཇུག་པ་ལ་ཉེས་པ་མེད་དོ། །རྒན་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། །ཆེས་རྒན་པ་ལ་གུས་པར་མི་བྱེད་པ་ནི་སྡོམ་པའི་ཚུལ་


DTG138_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱིས་ཤིན་དུ་བསྡམས་པའི་ཚུལ་ཁྲིམས་ལས་སྤྱོད་པ་དག་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའི་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་པ་ལ་བཀུར་སྟི་བྱ་བར་འོས་པའི་ཆོས་དང་མཐུན་པའི་ཆོས་གང་ཟག་མཐོང་ན་ང་རྒྱལ་གྱིས་སམ། ཁོང་ཁྲོ་བ་ལ་སོགས་པས་གུས་པར་མི་བྱེད་ཅིང་སྟན་ལས་མི་ལྡང་ལ་སྟན་མི་སྟོབས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ནད་ཚབས་ཆེ་བས་ནུས་པ་ཆུང་བ་དང༌། ཐ་མལ་པ་མ་ཡིན་པ་དང་སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །དྲིས་པ་ཞེས་བྱ་བ་ལ་སོགས་པ་ལ། །དྲིས་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཀུན་དུ་སྨྲ་བ་དང་ཡང་དག་པར་དགའ་བར་བྱེད་པ་ལ་བལྟ་བར་བྱའོ། །ལན་འདེབས་པ་ནི་རྗེས་སུ་མཐུན་པའི་ལན་མི་འདེབས་པའོ། །འདི་ཡང་ཉེ་བར་མཚོན་པ་སྟེ། ཀུན་དུ་སྨྲ་བར་མི་བྱེད་པ་དང༌། སླར་ཡང་དག་པར་དགའ་བར་མི་བྱེད་པ་ལ་ཡང་བལྟ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་གཞན་གྱི་སེམས་སྲུང་བ་ལས་ཉམས་པའི་ཕྱིར་ལན་མི་འདེབས་པ་ལ་སོགས་པའི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཕ་རོལ་པོ་དག་འདྲི་བ་དང༌། ཀུན་དུ་སྨྲ་བ་དང༌། ཡང་དག་པར་དགའ་བར་བྱེད་པ་ལ་ང་རྒྱལ་ལ་སོགས་པས་ཡང་དག་པར་ལན་མི་འདེབས་པ་དང༌། ཀུན་དུ་མི་སྨྲ་བ་དང༌། ཡང་དག་པར་དགའ་བར་མི་བྱེད་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་གཉིད་ཀྱིས་ལོག་པ་ལས་གཞན་དག་གིས་འདི་སད་པར་འགྱུར་བའི་འདུ་ཤེས་ཀྱིས་འདྲི་བ་དང༌། ཀུན་དུ་སྨྲ་བ་དང༌། ཡང་དག་པར་དགའ་བར་བྱེད་པ་དང༌། ཆོས་སྟོན་པ་དང༌། གཞན་ཆོས་དང་འབྲེལ་བའི་གཏམ་སྟོན་པ་ལ་ཉན་པ་དང༌། ཆོས་ཀྱི་གཏམ་ལ་མི་དགའ་བར་འགྱུར་བ་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང༌། གཞན་ཆེས་མང་བ་རྣམས་ཀྱི་སེམས་རྗེས་སུ་སྲུང་བ་དང༌། ཐབས་དེས་འདུལ་བར་འདོད་པ་ལ་ནི་ཉེས་པ་མེད་དོ། །མགྲོན་དུ་བོས་ཞེས་བྱ་བ་ལ་སོགས་པ་ལ་མགྲོན་དུ་བོས་པ་བདག་


DTG138_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གིར་མི་བྱེད་པ་ནི་འདས་མ་ཐག་པའི་ལྟ་བུའི་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་གྱི་ཁྱིམ་དང་གཙུག་ལག་ཁང་ངམ། ཁྱིམ་དང་གཙུག་ལག་ཁང་གཞན་དུ་ཟས་དང་སྐོམ་དང༌། གོས་ལ་སོགས་པ་རྣམས་ལ་ཉེ་བར་བོས་པ་ལས་ང་རྒྱལ་ལ་སོགས་པས་བདག་གིར་མི་བྱེད་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང༌། ཐབས་དེས་འདུལ་བར་འདོད་པ་དང་བསོད་སྙོམས་པ་ཡིན་པ་དང༌། སྔར་གཞན་ལ་ཁས་བླངས་པ་དང༌། ཐོ་འཚམས་པའི་བསམ་པས་མ་བོས་པ་དང༌། ཡུལ་ཐག་རིང་བ་དང༌། ལམ་ན་འཇིགས་པ་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའ་དེ་དོན་དུ་གཉེར་བ་མ་ཡིན་ཏེ་བརྫུན་པ་དང༌། རྒྱུན་མ་ཆད་པར་དགེ་བའི་ཕྱོགས་ལ་བརྩོན་པ་ལ་རྒྱུ་དེས་བར་ཆད་དུ་འགྱུར་བ་དང༌། སྔོན་མ་ཐོས་པའི་དོན་དང་ལྡན་པའི་ཆོས་ཀྱི་དོན་ལ་སོགས་པ་མཉན་པ་ལས་ཉམས་པར་འགྱུར་བར་མཐོང་བ་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང༌། གཞན་གྱི་སེམས་སྲུང་བ་རྣམས་ལ་ནི་ཉེས་པ་མེད་དོ། །གསེར་ལ་སོགས་པ་ཞེས་བྱ་བ་ལ། གསེར་ལ་སོགས་པ་སྟོབས་པ་ན། ལེན་པར་མི་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་གྲོགས་སུ་འགྲོ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་ཏེ། ཡང་དག་པར་ལེན་པ་ནི་གྲོགས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་གསེར་ལ་སོགས་པ་བསྟབས་པ་ནང་རྒྱལ་ལ་སོགས་པས་ལེན་པར་མི་བྱེད་ན་སེམས་ཅན་ཡལ་བར་འདོར་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་བླངས་པས་བདག་ཉིད་ཆགས་པར་འགྱུར་བར་མཐོང་བ་དང༌། སྦྱིན་པ་འཁྲུལ་དུ་དོགས་པ་དང༌། འགྱོད་པར་འགྱུར་བར་དོགས་པ་དང༌། དེ་དབུལ་ཞིང་ཕོངས་པར་འགྱུར་བར་དོགས་པ་དང༌། སྦྱིན་པའི་དངོས་པོ་དེ་དགེ་འདུན་ནམ་མཆོད་རྟེན་གྱི་ཡིན་དུ་དོགས་པ་དང༌། གཞན་ལ་མི་རིགས་པར་འཕྲོག་པ་ཡིན་དུ་དོགས་པ་དང༌། རྒྱུ་དེས་


DTG138_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གནོད་པར་འགྱུར་བ་ཞིག་ན་ཉེས་པ་མེད་དོ། །ཆོས་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དོན་དུ་གཉེར་བ་ལ་སྦྱིན་པར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་བས་ཡང་དག་པར་ཉེ་བར་གནས་པ་ལ་ཁོང་ཁྲོ་བ་དང༌། ཕྲག་དོག་ལ་སོགས་པས་ནི་ཆོས་སྦྱིན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་དང་འདྲའོ། །གང་ཡང་ཕམ་པར་འགྱུར་བའི་ཕྱོགས་དེ་ལས་ཉེས་བྱས་ཀྱི་ལྟུང་བ་འདི་དབྱེ་སྟེ། དེ་སེར་སྣས་ཀུན་ནས་བླང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཉོན་མོངས་པ་དེ་དང་དེས་དབྱེ་བ་བྱས་པས་ཕམ་པར་འགྱུར་བའི་ལྟུང་བའི་ཕྱོགས་རྣམས་རྗེས་སུ་དྲན་པར་བྱའོ། །ཕམ་པར་འགྱུར་བའི་སྒོ་ནས་མི་འདྲ་བར་བཤད་པ་ཡིན་ཏེ། རང་བཞིན་ཤེས་པར་མི་འགྱུར་བ་དང༌། གཞན་མ་ཡིན་པ་དང༌། ལྟུང་བ་གསུམ་པ་མི་འགྲུབ་པའི་ཕྱིར་ཉེས་བྱས་ཀྱི་ཆོས་ཀྱིས་བསྡུས་པར་གྲུབ་པོ། །ཚུལ་ཁྲིམས་འཆལ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་འཆལ་བ་རྣམས་ཡལ་བར་འདོར་བ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་དེས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཚུལ་ཁྲིམས་འཆལ་ཞིང་ལོག་པར་སྤྱོད་པ་རྣམས་ལ་ཀུན་ནས་མནར་སེམས་ལ་སོགས་བས་ཡལ་བར་འདོར་ཞིང་ཚུལ་ཁྲིམས་འཆལ་བ་ཉིད་ཀྱི་རྐྱེན་གྱིས་དེ་རྣམས་ལ་ཁྱད་དུ་གསོད་ཅིང་དེ་རྣམས་ལ་ཕན་པ་དང་བདེ་བ་ལ་གནོད་པར་མི་བྱེད་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་ཏེ། སྙོམ་ལས་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེ་རྣམས་ཉིད་ལ་རྗེས་སུ་བརྩེ་བར་འགྱུར་བའི་ཕྱིར་རོ། །དེ་རྣམས་འདུལ་བར་འདོད་པ་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང༌། གཞན་མང་པོ་དག་གི་སེམས་བསྲུངས་ན་ཉེས་པ་མེད་དོ། །ཕ་རོལ་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་ལ་སོགས་པ་གཞན་དག་དད་པར་བྱ་བའི་ཕྱིར་བསླབ་པ་བཅས་པ་རྣམས་ལ་སློབ་པར་


DTG138_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔས་གཞན་མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་སྤངས་བར་བྱ་བའི་ཕྱིར་བསླབ་པའི་གཞི་བཅས་པ་དེ་རྣམས་ལ། མ་དད་པ་དང་མ་གུས་པས་མི་སློབ་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཆོས་གང་དང་གང་ལ་ཀུན་དུ་སྤྱོད་པར་བྱེད་པ་དེ་ནི་ཉེས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔས་ནི་གཞན་རྣམས་ཀྱི་ལས་ལ་ཆེས་ལྷག་པར་བྱ་བ་ཡིན་པ་དང༌། རབ་ཏུ་བྱུང་བར་གྱུར་པས་ནི་རང་གི་བསླབ་པ་རྣམས་ངེས་པར་བསྲུང་དགོས་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་ནི་ཉན་ཐོས་ཀྱི་བསླབ་པ་རྣམས་ལ་ཡང་བསླབ་པར་བྱ་བ་ཉིད་ཡིན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔས་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་ལ་གོམས་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། བདག་གི་དོན་ལྷུར་ལེན་པས་ནི་གོམས་པར་བྱ་བ་ཡིན་གྱི། གཞན་གྱི་དོན་ལྷུར་ལེན་པའི་ཕྱིར་འདི་ནི་དེ་ལྟམ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ལྷུར་བླང་བ་ལ་བྱ་བ་ཆུང་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་ལྷུར་ལེན་པ་ལ་ཁོང་ཁྲོ་པ་ལ་སོགས་པས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྤྲོ་བ་ཆུང་བས་གནས་པར་གྱུར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔས་གཞན་གྱི་དོན་དུ་ཉེ་དུ་མ་ཡིན་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལས་གོས་བརྒྱ་སྟོང་རྙེད་ཀྱང་བཙལ་བར་བྱ་སྟེ། དེས་ཀྱང་བརྟགས་ནས་ཇི་ཙམ་དགོས་པ་བླང་བར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་བསྒྲུབ་པར་བྱའོ། །ཉེས་པར་མི་འགྱུར་བ་ནི་ཡལ་བར་དོར་བ་དང་མཐུན་ནོ། །སྙིང་བརྩེར་བཅས་ན་ཞེས་བྱ་བ་ལ་སོགས་པ་ནི། ཕ་རོལ་དང་ཕྱིར་སློབ་མི་


DTG138_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཅེས་བྱ་བ་ལས་དམིགས་ཀྱིས་བསལ་བའོ། །སྙིང་བརྩེར་བཅས་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་ཞིང་རྗེས་སུ་བརྩེ་བ་དང་ལྡན་པ་སྟེ། དེ་ལྟ་བུའི་རང་བཞིན་ཅན་གྱི་ཐབས་ལ་མཁས་པས་མིའི་སྲོག་གཅོད་པ་དང༌། གཞན་གྱིས་བདག་གིར་བྱེ་བ་མཁྱེན་པར་ལེན་པ་དང༌། འདོད་པ་ལ་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། མཛའ་བོ་དབྱེ་བ་དང༌། ཚིག་རྩུབ་པས་གཤེ་བ་དང༌། ངག་འཁྱལ་བ་སྨྲ་བ་དང༌། དེ་ལྟ་བུའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་ལ་བུ་ཀུན་དུ་སྤྱད་ན་ཉེས་པ་བྱས་པར་མི་འགྱུར་ལ་ཉེས་པ་མེད་པར་འགྱུར་ཞིང༌། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་བ་ཡིན་ན། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམས་ལྟ་ཅི་སྨོས། དེ་ལྟ་བས་ན་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་བྱིས་པ་རྣམས་རྗེས་སུ་བསྲུང་བའི་ཕྱིར་འཁྲིག་པའི་ཆོས་ཀྱང་རབ་ཏུ་བསྟེན་པར་བྱ་བ་ཡིན་ན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། །གང་གི་ཕྱིར་བྱིས་པ་རྣམས་ནི་རེ་ཞིག་རང་ཉིད་ཀྱི་བག་ལ་ཉལ་བ་མ་སྤངས་ཤིང༌། །རྒྱུན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པས་ཇི་ལྟར་འདོད་པའི་ཡུལ་ཡང་ལེན་པར་བྱེད་དེ། །དམན་པ་ལ་རིང་མོ་ཞེས་ཤིན་ཏུ་ཞེན་པའོ། །ལས་འདི་ཡང་ཤིན་ཏུ་རིང་མོ་ནས་གོམས་པའི་ཕྱིར་རང་གི་དང་གིས་འདོད་པར་འགྱུར་བ་དང༌། ཤིན་ཏུ་ཡིད་ལ་འདོད་པ་དང༌། མྱུར་དུ་རྐྱེན་ཉེ་བར་གནས་པ་ལ་ཡང་ཕ་རོལ་ལ་སྙིང་བརྩེ་བས་འཇུག་ཀྱང་ཉེས་པ་མེད་དོ་ཞེས་བྱའོ། །རྟོག་པ་ལས་ཉེ་བར་གནས་པའི་སེམས་སུ་བྱས་ནས་འཁྲིག་པ་ཀུན་དུ་སྤྱོད་པ་ནི་ལྟུང་བར་འགྱུར་ཞིང་བར་མ་ཆོད་པར་དམྱལ་བར་འགྲོ་བར་འགྱུར་བ་དང༌། འདུལ་བར་འོས་པ་མང་པོ་ཡང་བསྟན་པ་ལ་མི་དད་པར་འགྱུར་བ་དང༌། འཇིག་རྟེན་པ་རྣམས་ཀྱང་དེའི་གནས་སྐབས་ཁོ་ན་ལ་གནས་པར་འགྱུར་བའི་ཕྱིར་རྗེས་སུ་འཇུག་པར་གཟིགས་ནས་བདག་ཉིད་ཆེན་པོ་ཡང་འཁྲིག་པ་ལ་བརྟེན་པས་སྦྱོར་བར་མི་མཛད་དོ། །དེ་བཞིན་དུ་མིའི་སྲོག་གཅོད་པ་ལ་སོགས་པ་ཡང་དེ་རྣམས་བྱེད་པ་མ་ཡིན་ཏེ། དེ་ལྟ་བུའི་རྟོགས་པ་ལས་ཉེ་བར་གནས་པས་འཇུག་པར་འགྱུར་བ་མ་ཡིན་པའི་


DTG138_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ཆོམ་རྐུན་པ། །རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་མང་པོ་དག་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་གསོད་པར་བྱ་སྟེ། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ་བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཀྱིས་མངོན་པར་འདུ་བྱེད་དེ། གལ་ཏེ་ཡང་བདག་གིས་སྲོག་ཆགས་དེ་བསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་ཀྱི། བདག་སེམས་ཅན་དམྱལ་བར་སྐྱེ་བ་ནི་བླའི། སེམས་ཅན་འདིས་མི་མང་པོའི་སྲོག་བཅད་ཅིང་མཚམས་མེད་པའི་ལས་ཀྱང་བྱས་ནས་དམྱལ་བར་འགྲོ་བ་ནི་མི་རུང་ངོ་སྙམ་པའི་བསམ་པས་འཛེམ་བཞིན་དུ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་དང་བྲལ་བར་བྱས་ན་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །རྐུན་པོ་གཞན་གྱི་ནོར་འཕྲོག་པ་གང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་དཀོར་འཕྲོགས་ནས་བདག་གིར་བྱས་ཏེ་ལོངས་སྤྱོད་པར་འདོད་པ་དེ་དག་ལས་ནོར་དེ་བྱང་ཆུབ་སེམས་དཔས་ཕྱིར་ཕྲོགས་ཏེ། ནོར་ལོངས་སྤྱོད་པ་དེས་དེ་དག་ལ་ཡུན་རིང་པོར་དོན་མ་ཡིན་པ་དང༌། ཕན་པ་མ་ཡིན་པ་དང༌། བདེ་བ་མ་ཡིན་པར་འགྱུར་ན་མི་རུང་ངོ་སྙམ་ནས་སླར་ཕྲོགས་ཏེ། དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་བར་བྱེད་ལ། མཆོད་རྟེན་གྱི་ནི་མཆོད་རྟེན་ལ་འབུལ་བར་བྱེད་དོ། །དེ་ལྟ་བུས་ནི་མ་བྱིན་པར་ལེན་བཞིན་དུ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་པོའམ་རྒྱལ་པོའི་བློན་པོ་དྲག་ཤུལ་ཆེན་པོས་གཞན་ལ་འཚེ་བར་བྱེད་པ་རྣམས་སམ། དགེ་འདུན་དང་མཆོད་རྟེན་གྱི་ཞལ་ཏ་བྱེད་པའམ། ཀུན་དགའ་ར་བ་སྲུང་བ་གང་དག་གིས་དགེ་འདུན་ནམ། མཆོད་རྟེན་གྱི་དཀོར་མི་རིགས་པར་ཆུད་གཟོན་པར་བྱེད་པ་དག་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་ལས་འབྱིན་པར་བྱེད་པར་ཡང་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཡང་བདག་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་གྱི་བརྫུན་གྱི་ཚིག་མི་སྨྲ་ན་ཡང༌། གཞན་རྣམས་ཀྱི་སྲོག་ཐར་བར་བྱ་བ་དང༌། ཆད་པས་གཅོད་པ་ལས་


DTG138_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་པའི་ཕྱིར་ཟང་ཟིང་མེད་པའི་སེམས་དང༌། སྙིང་བརྩེ་བའི་སེམས་ཁོ་ནས་བརྫུན་དུ་སྨྲ་བར་བྱེད་ལ། དེ་ལྟ་སྨྲ་བཞིན་དུ་ཉེས་པར་ཡང་མི་འགྱུར་ཞིང༌། །བསོད་ནམས་མང་པོ་འཕེལ་བར་ཡང་འགྱུར་རོ། །སེམས་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ལ་སྙིང་བརྩེ་བའི་སེམས་ཁོ་ནས་འདི་དག་སྡིག་པའི་གྲོགས་པོ་དང་བསྟེན་པས་ཡུན་རིང་པོར་གནོད་པ་དང་དོན་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་དག་དང་དབྱེ་བའི་ཕྱིར་ཅི་ནུས་ཀྱིས་ཅི་ནས་ཀྱང་དེ་དག་དང་དབྱེ་བར་འགྱུར་ཞིང་མི་མཐུན་པར་བྱེད་པའི་ཚིག་སྨྲ་བར་བྱེད་དེ། དེ་ལྟ་བུས་མཛའ་བོའི་དབྱེན་བྱས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །ཡང་སེམས་ཅན་གང་ལམ་ལོག་པར་ཞུགས་ཤིང་མི་རིགས་པར་བྱེད་པ་དག་ལ་དེ་དག་དེ་ལས་སླར་བཟློག་པའི་ཕྱིར་ཅི་ནས་ཀྱང་འདི་རིམ་གྱིས་ཉེས་པ་ལས་ལྡོག་པར་གྱུར་གྱི་བར་དུ་རྟག་ཏུ་ཚིག་རྩུབ་པོས་སྨ་འབེབས་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔས་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །ཡང་སེམས་ཅན་གང་གར་དང་གླུ་དང༌། རོལ་མོའི་སྒྲ་དང༌། རྒྱལ་པོ་དང་ཆོམ་རྐུན་དང༌། ཟས་དང༌། སྐོམ་དང༌། སྨད་འཚོང་མ་དང༌། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ་དེ་དག་གི་གཏམ་རྣམས་ཀྱིས་ཅི་ནས་ཀྱང་དེ་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ་དབང་དུ་བྱས་ཤིང་ཉན་དུ་བཅུག་ནས། མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་ལ་འགོད་པར་བྱེད་དོ། །དེ་ལྟར་སྣ་ཚོགས་པའི་ཚིག་ཀྱལ་པ་སྨྲ་ཡང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་རྟོག་པ་དང་བཅས་པས་སྲོག་གཅོད་པ་ལ་སོགས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འཁྲིག་པ་ནི་ཡོད་པ་ཡིན་ཏེ། ལེགས་པར་བསམས་ནས་རྐྱེན་གཞན་ཡང་ཉེ་བར་མཐོང་བ་ཡོད་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གཞན་གྱི་བུད་མེད་མི་ཚངས་པར་སྤྱོད་པས་གཟིར་བའི་སེམས་ཀྱིས་བཅིངས་པ་འཁྲིག་པ་འདོད་པ་འདི་སྐད་དུ་བདག་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཡིན་ན་ཁྱེད་ཀྱི་དབང་དུ་འགྱུར་


DTG138_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། གཞན་དུ་ན་ངེས་པར་བདག་སྲོག་ཀྱང་ཡོངས་སུ་འདོར་བར་བྱེད་དོ་ཞེས་ཟེར་ན། འདི་སྙམ་དུ་འདི་ཁོ་བོ་ལ་ཀུན་ནས་མནར་སེམས་སྐྱེ་བར་གྱུར་ནས་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་གྱུར་ན་མི་རུང་ལ། འདོད་པ་ཐོབ་པར་གྱུར་པ་ལས་ནི་ཇི་ལྟར་འདོད་པ་བཞིན་དུ་དགེ་བ་ལ་ཡང་དག་པར་སྦྱར་བ་དང༌། མི་དགེ་བ་ཡོངས་སུ་འདོར་བ་ལ་དབང་དུ་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ནས་དེ་ལོག་པར་གཡེམ་པ་བསྟེན་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་ལྟ་བུའོ། །འདི་ལྟ་བུ་ཉིད་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་པས་ཞེ་སྡང་གིས་ཀུན་ནས་བསླང་བའི་ལྟུང་བ་སྤང་བར་བྱའི། །ཆགས་པས་ཀུན་ནས་བསླང་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་གསུངས་སོ། །དེ་ལ་ཆགས་པ་ལས་བྱུང་བའི་ལྟུང་བ་བསྟན་པའི་ཕྱིར་ཆགས་པའི་སྒྲ་ནི་འདིར་བྱམས་པའི་དོན་ཏེ། བྱམས་པ་དེ་ཡང་གད་འདི་གཅིག་ཏུ་འདི་རྣམས་ལ་ཕན་པ་ཉིད་ཀྱིས་འཇུག་པས་རྗེས་སུ་ཞུགས་པ་སྟེ། གང་ཡང་འདི་ཉིད་བརྩེ་བ་དང་བཅས་པ་ཡིན་པའི་ཕྱིར་རྣམ་པར་སྡང་བ་ནི་མ་ཡིན་ནོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟར་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལྟར་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ནི་ཞེ་སྡང་རྣམ་ཀུན་དུ། །སེམས་ཅན་ཀུན་དང་འགལ་བར་འགྱུར། །ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །ཞེས་གསུངས་པ་ལྟ་བུའོ། །སྙིང་བརྩེ་ལས་གཞན་པ་ནི་གཞན་དང་འདྲ་བར་རིག་པར་བྱའོ། །འཚོ་བ་ལོག་པར་ཞེས་བྱ་བ་ལ་སོགས་པ་ལ། འཚོ་བ་ནི་འཚོ་བར་འགྱུར་བའི་ཐབས་སྤེལ་བར་བྱེད་པ་ཞེས་བྱེ་བའི་དོན་ཏོ། །ལོག་པའི་སྒྲས་ནི་ལོག་པར་སྤྱོད་པ་ཡིན་པའི་ཕྱིར་སྨད་པའི་ཚིག་གོ །དམན་པས་ཀུན་དུ་འཚོ་བ་ནི་ལོག་པར་འཚོ་བ་སྟེ། འཚོ་བ་ལོག་པར་བྱེད་པའི་ཆོས་ནི་འཚོ་བ་ལོག་པའོ་ཞེས་བྱ་བར་ཉེ་བར་བཏགས་ནས་བསྟན་


DTG138_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཡང་ཆགས་པ་ལས་བྱུང་བའི་ལུས་དང་ངག་གི་ལས་སོ། །དེ་ཡང་ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་དང༌། ཆང་དང་མཚོན་ཆ་དང་དུག་དང༌། སྲོག་ཆགས་དང༌། རྒྱ་སྐྱེགས་དང་འབྲུ་མར་ལ་སོགས་པ་འཚོང་བ་དང༌། མ་བརྟགས་པའི་ཏིལ་དང་ཉུངས་ཀར་འཚིར་བའོ། །གང་ཡང་ཞིང་ལ་སོགས་པ་ནི་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ལོག་པར་འཚོ་བ་དང་དུ་ལེན་པར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་འཚོ་བ་དག་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ལོག་པས་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་ཅིང་མི་འཛེམ་ལ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་དེས་སླར་ཟིལ་གྱིས་མནན་པས་ཀུན་དུ་སྤྱད་པ་ལ་ནི་ཉེས་པ་མེད་དོ། །འཕྱར་གནས་ཞེས་བྱ་བ་ལ་སོགས་པ་ལ། འཕྱར་བ་ནི་ཀུན་དུ་རྒོད་པའོ། །སྩོགས་པའི་སྒྲས་ནི་ཀུན་དུ་རྩེ་བ་དང་ཀུན་དུ་ཅ་ཅོ་འདོན་པ་དག་བསྡུའོ། །རྒོད་པ་སྟེ་རྣམ་པར་མ་ཞི་བའི་སེམས་ཀྱིས་རབ་ཏུ་རྒོད་པ་ལ་སོགས་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་རྒོད་པ་མ་ཡིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྒོད་པས་གཞན་དག་རྒོད་དུ་གཞུག་པར་འདོད་ཅིང༌། ཆེས་རྒོད་པར་བྱེད་རྩེ་བར་བྱེད་ཅ་ཅོ་འདོན་པར་བྱེད་དུ་གཞུག་པར་འདོད་ཅིང༌། རྣམ་པ་སྣ་ཚོགས་པས་སྨྲ་བར་བྱེད་འདོད་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་རོ། །བརྗེད་ངས་པས་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་བསལ་བར་འདོད་ཀྱང་ཟིལ་གྱིས་ནོན་པས་ཀུན་དུ་སྤྱོད་པ་ནི་ཉེས་པ་མེད་དོ། །གཞན་དག་གིས་ཀུན་ནས་མནར་སེམས་སམ་མྱ་ངན་སྐྱེས་པ་བསལ་བར་འདོད་པ་དང༌། རྩེད་མོ་ལ་དགའ་བའི་རང་བཞིན་ཅན་རྣམས་བསྡུ་བ་དང༌། འདུན་པར་བྱེད་པ་རྣམས་ཀྱི་སེམས་བསྲུང་བ་དང༌། རྗེས་སུ་འབྲང་བ་རྣམས་མི་དགའ་བ་དང༌། ཀུན་ནས་མནར་སེམས་པ་དང༌། རྒྱབ་ཀྱིས་ཕྱོགས་པར་འགྱུར་དུ་དོགས་པ་རྣམས་བདག་ཉིད་ལ་མངོན་དུ་ཕྱོགས་པ་དང༌། བསམ་པ་དག་པས་ཀུན་དུ་སྨྲ་བ་ལ་ཉེས་པ་མེད་དོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་ལ། །འཁོར་བ་ལ་སེམས་མངོན་པར་དགའ་བ་ཉིད་


DTG138_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་གཅིག་ཏུ་རབ་ཏུ་དབེན་པར་གནས་པ་ལ་མངོན་པར་དགའ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པར་མངོན་པར་དགའ་བས་གནས་པར་མི་བྱའི། །མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལ་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་ཡང་དག་པར་བསྒྲུབ་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉན་ཐོས་ཀྱང་རེ་ཞིག་བདག་གཅིག་པུའི་དོན་དུ་མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་པར་དགའ་བར་ཀུན་ཏུ་སྟོན་པར་བྱེད་ཅིང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་ཀྱང་སྐྱོ་བར་བྱེད་པ་ཡིན་ན། གང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བྱུང་བ་འདི་ལྟ་སྨོས་ཀྱང་ཅི་དགོས། འདིས་དེ་ལྟ་བུའི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་ཡང་དག་པར་བསྒྲུབ་དགོས་ཏེ། དེ་ནི་འདི་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང་དེ་ལས་ཁྱད་པར་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས་ཟག་པ་དང་བཅས་པའི་དངོས་པོ་གཅོད་པའི་ཕྱིར་རོ། །ཇི་སྐད་དུ། །མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་གསུངས་པ་ལྟ་བུའོ། །གྲགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གྲགས་པ་མ་ཡིན་པ་ནི་བསྔགས་པ་མ་ཡིན་བསྒྲོགས་པའོ། །དེ་མི་སྤོང་བ་སྟེ། རྗེས་སུ་འཛིན་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དྲན་པ་དང་ཤེས་བཞིན་དུ་སྤྱོད་པ་ལས་ཉམས་པ་དང༌། བདག་གི་འཁྲུལ་པ་རྣམས་ཡོངས་སུ་ཤེས་ཤིང་ངེས་པར་མཐོང་བ་དང༌། ངེས་པར་བསྟན་པ་རྣམ་པ་ལྔ་ལས་ཡང་དང་ཡང་དུ་མ་གུས་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་


DTG138_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བདག་གི་ཚིག་མི་བཙུན་པར་འགྱུར་བའི་གཏམ་ངན་པ་བདེན་པའི་དངོས་པོ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བདེན་པའི་དངོས་པོ་མ་ཡིན་པ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའོ། །རབ་ཏུ་བྱུང་བ་དང༌། སློང་མོ་སྤྱོད་པའི་རྒྱུས་མི་སྙན་པར་བརྗོད་པ་དང༌། གཞན་མུ་སྟེགས་ཅན་མངོན་པར་ཞེན་པའམ། །ཁྲོ་བས་ཟིལ་གྱིས་ནོན་ཅིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་མི་སྙན་པར་བརྗོད་ན་ཉེས་པ་མེད་དོ། །ཉོན་མོངས་པ་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་དང་བཅས་པ་ནི་དྲག་པོའི་སྦྱོར་བའོ། །དེ་འབའ་ཞིག་གིས་མ་ཡིན་གྱི་འཇམ་པའི་སྦྱོར་བས་ཀྱང་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཏོ། །འཆོས་པར་མི་བྱེད་པ་ནི་ཉེས་པར་སྣང་བར་བྱ་བའི་དོན་ཏོ། །རིགས་པས་སྟོན་པར་མི་བྱེད་ཅིང་སྨ་འབེབས་པར་མི་བྱེད་ན་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་བསྟན་པ་རྣམ་པ་ལྔ་ལས་ཡང་དང་ཡང་དུ་མ་གུས་པར་གྱུར་པས་འཁྲུལ་པ་ལ་ཕན་པའི་བསམ་པས་སྨ་དབབ་པས་དྲན་པར་བྱེད་དུ་གཞུག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ཡིད་མི་བདེ་བར་འགྱུར་བ་བསྲུང་བའི་ཕྱིར་འཇམ་པ་དང་དྲག་པའི་ཐབས་དག་གིས་སྟོན་པར་མི་བྱེད་ཅིང་ཡལ་བར་དོར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཐབས་དྲག་པོ་དག་གིས་ཀྱང་གཞན་དག་ལ་བསྟན་པར་བྱའོ། །གལ་ཏེ་དེ་ལྟར་དོན་འདི་དག་བསྟན་པས་ན་འདི་རྣམས་ཡིད་མི་བདེ་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་པར་མི་འགྱུར་རོ། །བསྟན་པའི་དོན་ཟབ་པའི་རྒྱུས་ཡིད་མི་བདེ་བ་ཆེན་པོར་གྱུར་ན་ཡང་ཉེས་པ་མེད་དོ། །གཤེ་ལ་ལན་དུ་ཞེས་བྱ་བ་ལ་སོགས་པ་ལ། གཤེ་བར་བྱེད་པ་ལ་སླར་གཤེ་བ་ནི་ལན་དུ་གཤེ་བའོ། །སྩོགས་པའི་སྒྲ་ནི་སླར་ཁྲོ་བ་དང་སླར་བརྡེག་པ་དང་སླར་མཆད་འདྲུ་བ་དང་རྣམ་པ་དྲུག་སྟེ། སླར་གཤེ་བ་བཞིན་དུ་སླར་ཁྲོ་བ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །གང་སླར་ཁྲོ་བ་ལ་སོགས་པ་དེ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དག་གིས་གཞན་ལ་ཕན་པ་དོན་དུ་གཉེར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ལ་


DTG138_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་གཤེ་བ་དང༌། ཁྲོ་བ་དང༌། བརྡེགས་པ་དང༌། མཚང་འདྲུ་བར་བྱེད་པ་དག་ལ་ཁྲོ་བས་ཟིལ་གྱིས་ནོན་པས་སླར་བརྙས་པར་འདོད་པས་སླར་གཤེ་བར་བྱེད། སླར་ཁྲོ་བར་བྱེད། སླར་རྡེག་པར་བྱེད། སླར་མཚང་འདྲུ་བར་བྱེད་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཁྲོས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གཞན་དག་ཁྲོས་ཤིང་འཁྲུགས་པ་རྣམས་ཀྱང་ཡལ་བར་འཇོག་ཅིང་བཟོད་པ་གསོལ་བར་མི་བྱེད་ལ། ཤད་ཀྱིས་སྦྱོང་བར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཆལ་བའི་གཞིར་གྱུར་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར། །ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཉེས་པ་བྱས་སམ། ཉེས་པ་བྱས་སུ་དོགས་ཀྱང་རུང༌། ཀུན་ནས་མནར་སེམས་ཀྱིས་སམ་ང་རྒྱལ་གྱིས་ནོན་པས་མཐུན་པར་ཤད་ཀྱིས་སྦྱོང་བར་མི་བྱེད་དེ་ཡལ་བར་འདོར་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཐབས་དེས་འདུལ་བར་བྱ་བར་འདོད་པ་དང༌། གཞན་མུ་སྟེགས་ཅན་ཡིན་པ་དང༌། རང་བཞིན་གྱིས་འཐབ་ཀྲོལ་ཅན་ཡིན་པ་དང༌། རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་དུ་སྤྱོད་པས་ཤད་ཀྱིས་སྦྱོང་བར་བྱེད་དུ་འཇུག་པར་འདོད་པ་དང༌། ཤད་ཀྱིས་སྦྱང་བར་བྱས་ན་ཤས་ཆེར་འཁྲུགས་ཏེ་ཤེད་སྐྱེ་བར་འགྱུར་བ་དང༌། ཕ་རོལ་བཟོད་པའི་དང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རེ་ལ། གཞན་ཤད་ཀྱིས་སྦྱོང་བར་བྱེད་པས་ཤིན་ཏུ་ངོ་ཚ་བར་བྱེད་པ་ཞིག་ན་ཉེས་པ་མེད་དོ། །ཕ་རོལ་ཤད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞིག་ལ་ཡིད་དུ་མི་འོང་བའི་རྒྱུས་གཞན་དག་གིས་སྦྱོང་བར་བྱེད་པ་སྤོང་བ་ནི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྩོད་པ་བྱུང་བ་འགའ་ཞིག་ལས་གཞན་དག་ལ་འཁྲུགས་པས་དེ་རྣམས་དུས་སུ་ཆོས་བཞིན་དུ་ཤད་ཀྱིས་སྦྱོང་བར་བྱེད་ཀྱང་ཀུན་ནས་མནར་སེམས་སམ། ཐོ་འཚམས་པའི་བསམ་པས་ཤད་ཀྱིས་སྦྱོང་བ་མི་ཉན་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །མི་བཟོད་པའི་


DTG138_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ཚུལ་ཅན་ཡིན་ཞིང་ཉོན་མོངས་པ་ཅན་མ་ཡིན་པའོ། །ཐབས་དེས་འདུལ་བར་འདོད་པ་དང༌། གཞན་མུ་སྟེགས་ཅན་ཡིན་པ་དང༌། རང་བཞིན་གྱིས་འཐབ་ཀྲོལ་ཅན་ཡིན་པ་དང༌། ཆོས་བཞིན་མ་ཡིན་པ་དང༌། དུས་མ་ཡིན་པར་ཤད་ཀྱིས་སྦྱོང་བར་བྱེད་ན་ཉེས་པ་མེད་དོ། །ཁྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག་པ་སྟེ། ཀུན་དུ་འཛིན་ན་འདས་མ་ཐག་པ་བཞིན་དུ་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམ་པ་བྱུང་བ་དང་དུ་ལེན་པར་བྱེད། འཛིན་པར་བྱེད་རྗེས་སུ་འཇུག་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བར་འདོད་ཀྱང་ཟིལ་གྱིས་ནོན་པས་མངོན་དུ་རྒྱུ་བ་ལ་ནི་ཉེས་པ་མེད་དོ། །བསྙེན་བཀུར་འདོད་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བསྙེན་བཀུར་གྱི་ཆེད་དུ་འཁོར་རྣམས་སྡུད་པ་སྟེ། ཚོགས་སྡུད་པར་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་ཆོས་བཞིན་དུ་ཚོགས་ཡོངས་སུ་སྡུད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རིམ་གྲོ་དང༌། བསྙེན་བཀུར་ལ་ཡོངས་སུ་ཞེན་པས་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙིང་བརྩེ་བས་སྡུད་པར་བྱེད་པ་དང༌། རིགས་པ་དང་ལྡན་པའི་རིམ་གྲོ་དང་བསྙེན་བཀུར་བདག་གིར་བྱེད་པ་ལ་ནི་ཉེས་པ་མེད་དོ། །ལེ་ལོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ལེ་ལོ་ནི་ལུས་དང་སེམས་ཀྱི་སྙོམ་པའོ། །སྩོགས་པའི་སྒྲས་ནི་སྙོམ་ལས་དང་གཉིད་ཀྱི་བདེ་བ་དང༌། ཉལ་བའི་བདེ་བ་དང༌། གློས་འབེབས་པའི་བདེ་བ་རྣམས་བསྡུ་སྟེ། དེ་དག་སེལ་བར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ལེ་ལོ་དང་སྙོམ་ལས་སྐྱེས་ཏེ། གཉིད་ཀྱི་བདེ་བའམ། ཉལ་བའི་བདེ་བའམ། གློས་འབེབས་པའི་བདེ་བ་དག་དུས་མ་ཡིན་པ་དང༌། ཚོད་མི་འཛིན་པར་ཉམས་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་པ་དང༌། ལམ་གྱིས་དུབ་པ་དང༌། དུས་སུ་དང་ཚོད་ཟིན་པས་ཉམས་སུ་མྱོང་


DTG138_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་དང༌། དེ་སྤང་བར་འདོད་ཀྱང་ཟིལ་གྱིས་ནོན་པས་ཀུན་དུ་སྤྱོད་པ་ལ་ནི་ཉེས་པ་མེད་དོ། །ཆགས་པས་ཞེས་བྱ་བ་ལ་སོགས་པ་ལ། འདུ་འཛིའི་གཏམ་གྱིས་དུས་འདའ་བར་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱིས་འདུ་འཛིའི་ནང་ན་གནས་ཀྱང་གཏམ་ངན་པ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་དུ་ཆགས་པས་བྲེ་མོའི་གཏམ་ལ་བརྟེན་པས་དུས་འདའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་ངས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཕ་རོལ་པོའི་ངོར་སྐད་ཅིག་ཙམ་ཉན་པ་དང༌། ཡ་མཚན་དུ་འཛིན་ཏེ་འདྲི་བ་དང༌། དྲིས་པའི་ལན་འདེབས་པ་ཙམ་ལ་ནི་ཉེས་པ་མེད་དོ། །ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གདམས་ངག་ཅེས་བྱ་བ་ལྷག་མའོ། །ཏིང་ངེ་འཛིན་གྱི་དོན་མི་ཚོལ་བ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་དོན་ལ་སེམས་གནས་པར་འདོད་ལ། ཁོང་ཁྲོ་བ་དང་ང་རྒྱལ་གྱིས་ནོན་པས་དགེ་བའི་བཤེས་གཉེན་གྱི་ཐད་དུ་གདམས་ངག་ཚོལ་དུ་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང༌། གདམས་ངག་ལོག་པར་བྱུང་དུ་དོགས་པ་དང༌། བདག་ཉིད་མང་དུ་ཐོས་པ་ཡིན་ཏེ་སེམས་མཉམ་པར་འཇོག་ནུས་སམ། །གདམས་ངག་གིས་གདམས་པར་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ། །བསམ་གཏན་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལ་སྦྱོར་བའི་སྒྲིབ་པ་དང་དུ་ལེན་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་རྟོག་པ་ངན་པ་དང་དུ་མི་ལེན་པ་ལས་ཉམས་པ་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་སྙོམས་པར་འཇུག་པའི་ཉོན་མོངས་པ་དང་དུ་ལེན་པར་མི་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སྦྱོར་བས་བསམ་གཏན་གྱི་སྒྲིབ་པ་སྟེ་བར་དུ་གཅོད་པར་འགྱུར་བའི་ཆོས་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་


DTG138_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཐེ་ཚོམ་སྟེ། དེ་རྣམས་བྱུང་བ་ཉམས་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བར་འདོད་ཀྱང་ཉོན་མོངས་པ་དྲག་པོས་ཟིལ་གྱིས་ནོན་ཏེ་ཀུན་དུ་སྤྱོད་ན་ཉེས་པ་མེད་དོ། །བསམ་གཏན་རོ་ལ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གྱི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་དེ་ལ་ཡོན་ཏན་དུ་ལྟ་བ་ནི་དགེ་བ་ཆོས་དང་སྡུད་པའི་ཚུལ་ཁྲིམས་ཀྱི་སྙོམས་པར་འཇུག་པའི་རོ་མྱང་བ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་བདེ་བའི་རོ་མྱོང་བར་བྱེད་ཅིང༌། །དེ་ལ་ཡོན་ཏན་དུ་ལྟ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉེས་པ་མེད་པ་ནི་འདས་མ་ཐག་པ་བཞིན་ནོ། །ཉན་ཐོས་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཀྱི་ཐེག་པ་ལྷག་པར་སྤོང་བར་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ལོག་པར་ལྟ་བ་རྣམ་པར་སྤངས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་དང་ལྡན་པའི་ཆོས་མཉན་པར་མི་བྱ། །གཟུང་བར་མི་བྱ། །དེ་ལ་བསླབ་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང༌། འཛིན་པ་དང༌། དེ་ལ་བསླབ་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་རེ་ཞིག་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་བཀའ་ལྟ་ཅི་སྨོས། །གཅིག་ཏུ་དེ་ལ་འདུན་པ་བཟློག་པའི་ཕྱིར་ན་ཉེས་པ་མེད་དོ། །རང་ཚུལ་ཡོད་བཞིན་ཞེས་བྱ་བ་ལ་སོགས་པ་ལ། །དེ་ལ་བརྩོན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཞེས་བྱ་བར་སྦྱོར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མི་སློབ་པར་ཉན་ཐོས་ཀྱི་ཐེག་པ་ལ་བརྩོན་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ཐོས་པ་དང་བསམ་པ་ལ་མངོན་པར་སྦྱོར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་བཞིན་དུ་དེ་ལ་བརྩོན་


DTG138_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱེད་པར་དེ་ཐམས་ཅད་དུ་ཡལ་བར་བོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་བརྩོན་པར་སྦྱོར་ཞིང་གོམས་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མེད་པ་དང༌། དེ་ལ་གོམས་པ་ཉིད་དུ་བྱས་པ་དང༌། རྒྱུན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཟུང་བ་ཡིན་ན་ཉེས་པ་མེད་དོ། །བརྩོན་མིན་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་པར་བྱེད་པ་ཞེས་བྱ་བ་རྗེས་སུ་འཇུག་པའོ། །བརྩོན་པ་ནི་གོམས་པའོ། །བརྩོན་མིན་ཞེས་བྱ་བ་ལ་ནི་བརྩོན་པར་བྱ་བ་མ་ཡིན་པ་སྟེ། དེའི་གཞུང་མངོན་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱི་རོལ་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་པ་ནི་འདས་མ་ཐག་པ་ལྟ་བུ་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉིད་མེད་ཀྱང་སངས་རྒྱས་ཀྱི་བཀའ་བཞིན་ཡོད་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་ཏེ་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་བརྩོན་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཤིན་ཏུ་ཡིད་གཞུངས་པ་དང་ལྡོབ་སྐྱེན་པ་དང༌། ཡུན་རིང་པོར་ཡང་ཡིད་མི་བརྗེད་པ་དང༌། དོན་སེམས་པ་དང་རྟོག་པར་བྱེད་ནུས་པ་དང༌། སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་ཉེ་བར་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཞིང་ཉིན་གཅིག་བཞིན་དུ་ཆེས་ལྷག་པར་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་པ་ཡིན་ན་ཉེས་པ་མེད་དོ། །བརྩོན་པ་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་པར་བྱ་བ་ལ་གོམས་པ་དེས་ཀྱང་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན་དེ་ལ་མངོན་པར་དགའ་བའི་ཚུལ་གྱིས་ཕ་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་ཅིང་དེས་དགའ་བར་འཛིན་དེས་རངས་པར་བྱེད་དེ། །སྨན་ཚ་བ་ལ་བརྟེན་པ་བཞིན་དུ་ཉེས་པར་མི་འཛིན་ལ། བདག་ཉིད་འདོར་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐེག་པ་ཆེན་པོའི་ཕྱོགས་འབའ་ཞིག་ལ་འཇུག་པ་ནི་འདིར་ཐེག་པ་ཆེན་པོའི་སྒྲའོ། །ཐེག་པ་ཆེན་པོ་དང་ལྡན་པ་གང་ལ་ལ་ཞིག་ཟབ་པའི་གནས་དག་སྤོང་བ་ནི་འདས་མ་ཐག་པ་ལྟ་བུ་དང༌། ལྟ་བ་ངན་པ་སྤོང་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་


DTG138_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ནམ། །བྱང་ཆུབ་སེམས་དཔའི་མཐུ་ལས་བརྩམས་ཏེ་ཟབ་པ་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས་བདག་ཉིད་མ་མོས་ཤིང་གཞན་གྱི་རྗེས་སུ་འབྲང་ནས་སྐུར་བ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་པ་མ་ཡིན་ནོ་ཞེས་ཟེར་ཞིང་སྤོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གང་ཡང་ལས་དང་པོ་པ་ལ་ལ་ཞིག་ཟབ་པའི་གནས་དག་ལ་སེམས་མོས་པར་མ་གྱུར་པ་དེ་ལྟ་ན་ཡང་དེ་ལ་དད་པ་གཙོ་བོར་གྱུར་པ་ཉིད་ཀྱིས་འདི་ནི་བདག་དང་མི་མཐུན་པ་མ་ཡིན་ནོ་ཞེས་བསླབ་པར་བྱ་སྟེ། འདི་ལྟར་བདག་ནི་ལོང་བར་གྱུར་པ་སྟེ། མིག་མེད་པས་ཆོས་ཡོངས་སུ་སྤོང་བ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བརྟག་པར་བྱའོ། །བདག་ལ་ཞེས་བྱ་བ་ལ་སོགས་པ་ལ་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཆལ་བའི་རྒྱུའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་དམ་པ་ཡིན་པའི་རློམ་སེམས་ཀྱིས་བདག་ལ་ཆགས་པ་དང༌། གཞན་ལ་ཁོང་ཁྲོ་བས་བརྙས་པ་དང་བཅས་པ་དང༌། གཤེ་བ་དང་བཅས་པས་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་བཞིན་ནོ། །ཆོས་ཀྱི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཉན་པའི་དོན་འགྲོ་བར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཐོས་པ་ལ་མངོན་པར་སྦྱོར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྒྲོགས་པ་དང༌། ཆོས་དང་འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ནང་རྒྱལ་ལམ་ཁོང་ཁྲོ་བའི་སེམས་ཀྱིས་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །མ་ཚོར་བ་དང་ལོག་པར་སྟོན་དུ་དོགས་པ་དང༌། ཆོས་


DTG138_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་སེམས་སྲུང་བར་འདོད་པ་དང༌། ན་སྟེ་མི་ནུས་པ་དང༌། ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་པ་དང༌། མང་དུ་ཐོས་པ་དང༌། ཐོས་པ་འཛིན་པ་དང༌། ཐོས་པ་བསགས་པ་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པ་དང་ཤིན་ཏུ་ཤེས་རབ་རྟུལ་ཏེ་ལེན་པ་ལ་ཞན། འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་རྣམ་པར་འཇོག་པ་ལ་ཞན་པ་ཞིག་ན་ཉེས་པ་མེད་དོ། །དེ་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་ཆོས་སྟོན་པའི་གང་ཟག་ལའོ། །སྨད་པ་ནི་བརྙས་པའོ། །ཡི་གེ་དང་ཚིག་འབྲུ་ལ་བརྟེན་ནས་ཚིག་འབྲུ་ལ་རྟོན་པ་ཉིད་དོ་ཞེས་དེ་ལ་སྨོད་པའི་དོན་དུ་ཡི་གེ་ལ་བརྟེན་པ་ནི་དེ་ལ་སྨོད་པ་དང་ཡི་གེ་རྟེན་ནོ། །ཡང་དག་པ་ཇི་ལྟ་བའི་དོན་ནི་བཟུང་ལ་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པའི་ཆེད་དུ་ཚིག་འབྲུ་ལ་ཀུན་དུ་བཟུང་ནས་ཞེས་བྱ་བའི་དོན་ཏེ། །ཆོས་སྨྲ་བ་ལ་ཁྱད་དུ་གསད་པའི་ཆེད་དུ་ཚིག་འབྲུ་ལ་བརྟེན་པ་ཉིད་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་བླ་མ་ལ་རིམ་གྲོ་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི་མི་བྱེད་ལ་འཕྱ་བར་བྱེད་ཅིང་ཚིག་འབྲུ་ལ་རྟོན་གྱི་དོན་ལ་རྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་ལྟ་རེ་ཞིག་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། བསླབ་པའི་གཞི་རྣམས་བསྟན་ནས། དེའི་འོག་ཏུ་ཡོངས་སུ་རྫོགས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དགོས་པའི་གྲོགས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། དགོས་པའི་གྲོགས་ནི་གྲོགས་བྱེད་པ་སྟེ། དེར་འགྲོ་བར་མི་བྱེད་པའོ། །ཇི་སྐད་སྨྲས་པའི་བྱ་བར་ཉེ་བར་གནས་པ་ལ་གཞན་གྱི་གྲོགས་མི་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བ་རྣམས་ཀྱི་གྲོགས་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་དོན་གཉེར་བར་གནས་ཤིང་བཅོལ་བ་ལ་ཁོང་ཁྲོ་བའམ། ང་རྒྱལ་གྱི་གྲོགས་བྱེད་དུ་མི་འགྲོ་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །


DTG138_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང་གཞན་ལ་སྔར་ཁས་བླངས་ཟིན་པ་དང༌། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་བརྩོན་པ་དང༌། ཡིད་རྟུལ་པོ་ཞིག་སྟེ་མི་མཁས་པ་ཡིན་པ་དང༌། ཐབས་དེས་འདུལ་བར་འདོད་པ་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བར་འདོད་པ་དང༌། གཞན་མང་པོ་དག་གིས་སེམས་སྲུང་བར་འདོད་པ་དང་མ་བཅོལ་བ་དང༌། བཅོལ་བར་གྱུར་ཀྱང་གཞན་ཞིག་ལ་ཡང་བཅོལ་བ་དང༌། གནོད་པ་དང་ལྡན་པའམ། ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ཡིན་པ་དང༌། ཕ་རོལ་པོ་རང་ཉིད་བྱེད་ནུས་པ་དང༌། རྟེན་ཡོད་པ་ཉིད་ཡིན་ན་ཉེས་པ་མེད་དོ། །ནད་པའི་ཞེས་བྱ་བ་ལ་སོགས་པ་ལ། ནད་པའི་རིམ་གྲོ་མི་བྱེད་པ་ནི་ནད་པའི་རིམ་གྲོ་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ནད་ཀྱིས་ཐེབས་པའི་སེམས་ཅན་དང་ཕྲད་པ་ན་ཁོང་ཁྲོ་བའམ། ང་རྒྱལ་གྱིས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ནད་ཡུན་རིངས་ཀྱིས་ཐེབས་ཏེ་སོ་ཙམ་དུ་འདུག་པ་ནི་ཉེས་པ་མེད་དོ། །ལྷག་མ་རྣམས་ཀྱང་གྲོགས་སུ་འགྲོ་བ་བཞིན་དུ་ཅི་རིགས་སུ་སྦྱར་རོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་བར་གྱུར་པ་རྣམས་ཀྱི་ཞེས་ལྷག་མའོ། །གཞན་སྡུག་བསྔལ་རྣམས་ཇི་སྐད་བསྟན་པས་སྡུག་བསྔལ་སེལ་བར་མི་བྱེད་པ་ནི་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སྡུག་བསྔལ་བར་གྱུར་བའི་སེམས་ཅན་དང་ཕྲད་ན་ང་རྒྱལ་གྱིས་སམ་ཁོང་ཁྲོ་བས་སྡུག་བསྔལ་དེ་སེལ་བར་མི་བྱེད་ཅིང་ཡལ་བར་འཇོག་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་འདས་མ་ཐག་པ་བཞིན་ནོ། །བག་མེད་ཅེས་བྱ་བ་ལ་སོགས་པ་ལ། བག་མེད་པ་རྣམས་ལ་ཇི་སྐད་བསྟན་པའི་རིགས་པ་མི་སྟོན་པ་ནི་རིགས་པ་སྟོན་པ་ལས་ཉམས་པའི་ཕྱིར་ཉེས་པ་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པའི་


DTG138_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དག་མཐོང་ན་ཀུན་ནས་མནར་སེམས་ཀྱིས་རིག་པ་སྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །བདག་ཉིད་མི་ཤེས་པ་དང་གཞན་དག་ལ་བཅོལ་ན་ཉེས་པ་མེད་དོ། །བྱས་ཞེས་བྱ་བ་ལ་སོགས་པ་ལ། བྱས་པ་ནི་ཕ་རོལ་གྱིས་ཕན་གདགས་པའོ། །དེའི་ཕྱིར་དེ་ལ་ཕན་གདགས་པས་སླར་ཕན་འདོགས་པར་བྱེད་པ་ཉིད་ནི་ལན་དུ་ཕན་འདོགས་པ་ཉིད་དོ། །གཞན་ཕན་འདོགས་པར་མི་བྱེད་པ་ལ་རྗེས་སུ་མཐུན་པས་སླར་ཕན་འདོགས་པར་མི་བྱེད་པ་ནི་བྱས་པ་ལ་གཟོ་བ་རྗེས་སུ་སྲུང་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་དེ་རང་ཉིད་ནུས་པ་དང་ལྡན་ནམ་མི་ལྡན་ཡང་རུང༌། །ཀུན་ནས་མནར་སེམས་དང་ལྡན་པ་དང༌། སྙིང་བརྩེ་བ་དང་ཞེས་དང་བྲལ་བས་ཡོན་ཏན་ལེན་པར་མི་བྱེད་པ་དང༌། དམུ་རྒོད་ཀྱི་རང་བཞིན་ཅན་དང༌། དགེ་བའི་བཤེས་གཉེན་གཞན་གྱིས་ཡོངས་སུ་ཟིན་པ་དང༌། གཞན་གྱིས་ཕན་བཏགས་པ་བྱས་པའང་རུང༌། །སེམས་ཅན་ཕན་འདོགས་པ་དེ་མཐོང་ན་བྱས་པ་མི་གཟོ་སྟེ། ང་རྒྱལ་དང་ཁོང་ཁྲོ་བས་མཉམ་པའམ་དེ་བས་ལྷག་པའི་མཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ཉོན་མོངས་པ་ཅན་མ་ཡིན་པའོ། །ལན་དུ་ཕན་གདགས་པའི་ཕྱིར་འབད་ཀྱང་མ་ནུས་པ་དང༌། དེ་ཉིད་ལན་དུ་ཕན་གདགས་པར་མི་འདོད་པ་དང༌། ཐབས་དེས་འདུལ་བར་འདོད་པ་ལ་ནི་ཉེས་པ་མེད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གཞན་རྣམས་ཀྱི་མྱ་ངན་བསང་བར་མི་བྱེད་པ་ནི་མྱ་ངན་བསང་བར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་བའི་སྡུག་བསྔལ་གྱིས་ཉམ་ཐག་ཅིང་མྱ་ངན་བྱུང་བ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་མྱ་ངན་བསང་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་གྲོགས་སུ་འགྲོ་བ་བཞིན་ནོ། །ནོར་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། ནོར་འདོད་པ་རྣམས་ལ་


DTG138_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྦྱིན་པར་མི་བྱེད་པ་ནི་ཕན་འདོགས་པ་སྦྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཕོངས་པ་རྣམས་ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་ཟས་དང་སྐོམ་ལ་སོགས་པ་སྦྱིན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་བཞིན་ནོ། །འཁོར་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། འཁོར་རྣམས་ཀྱི་དོན་མི་བྱེད་པ་ནི་ཆོས་དང་ཟང་ཟིང་གིས་བསྡུས་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་འཁོར་འདུས་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱི་ཆོས་ཀྱི་དུས་དུས་སུ་ལེགས་པར་མི་འདོམས་ཤིང་ལེགས་པར་རྗེས་སུ་མི་སྟོན་པ་དང༌། ཟང་ཟིང་གི་སྒོ་ནས་ཕོངས་པ་རྣམས་ལ་གོས་དང་ཟས་ལ་སོགས་པ་ཡོངས་སུ་བརྩལ་བ་དོན་གྱི་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མི་ནུས་པ་དང༌། ཐབས་དེས་འདུལ་བར་འདོད་པ་ཉིད་དང༌། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང༌། གཞན་གང་ཡང་རུང་བ་ལ་བཅོལ་བ་དང༌། འཁོར་ཡང་བསོད་ནམས་ཆེན་པོ་དང་ལྡན་པར་ཤེས་པ་དང༌། རང་ཉིད་གོས་ལ་སོགས་པ་ཚོལ་བའི་ནུས་པ་བསྟན་པ་དག །གདམས་ངག་དང་རྗེས་སུ་བསྟན་པའི་བྱ་བ་དག་རང་ཉིད་ཀྱིས་བྱས་ཟིན་པ་དང༌། མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེ་ཡང་འདུལ་བའི་སྐལ་བ་མེད་པ་ཞིག་ཡིན་ན་ཉེས་པ་མེད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་བློ་དང་མཐུན་པར་མི་འཇུག་པ་ནི་གཞན་གྱི་བློ་དང་མཐུན་པར་འཇུག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་གཞན་གྱི་སེམས་དང་མཐུན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ན་སྟེ་མ་ནུས་པ་དང༌། འདུལ་བར་འདོད་པ་དང༌། བྱ་བ་དེ་གནོད་པ་དང་ལྡན་པ་ཡིན་པ་དང༌།


DTG138_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང༌། གཞན་མང་པོ་དག་གི་སེམས་སྲུང་བར་འདོད་པ་དང༌། མུ་སྟེགས་ཅན་ཚར་གཅད་པའི་ཕྱིར་ནི་ཉེས་པ་མེད་དོ། །ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ལ། གཞན་དག་གི་ཡོན་ཏན་གྱི་བསྔགས་པ་སྨྲ་བར་མི་བྱེད་པ་ནི་ཡོན་ཏན་གྱི་བསྔགས་པ་སྨྲ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་ཡང་དག་པའི་ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་ལ་སོགས་པ་ཡང་དག་པའི་ཡོན་ཏན་རྗོད་པར་མི་བྱེད་ཅིང་ཡང་དག་པའི་བསྔགས་པ་མི་བརྗོད་པ་དང༌། ལེགས་པར་སྨྲས་བ་ལ་ལེགས་སོ་ཞེས་བྱ་བ་མ་བྱིན་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །ཕ་རོལ་པོ་རང་བཞིན་གྱིས་འདོད་པ་ཆུང་ངུ་ཡིན་པར་དཔག་སྟེ། ཡོན་ཏན་གྱི་བསྔགས་པ་བརྗོད་པའི་རྒྱུ་དེས་འདི་ཀུན་ནས་ཉོན་མོངས་པར་འགྱུར་དུ་དོགས་པ་དང༌། གཏམ་རྫོགས་སྡོང་སུ་སྡོང་བ་དང༌། དེའི་ཡོན་ཏན་རྣམས་ཡོན་ཏན་ལྟར་བཅོས་པ་ཡིན་ཏེ་ཡང་དག་པ་མ་ཡིན་པ་དང༌། ལེགས་པར་སྨྲ་བ་ཡང་ལེགས་པར་སྨྲ་བ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང༌། འདུལ་བར་འདོད་པ་དང༌། གཞན་གྱི་སེམས་སྲུང་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །རྐྱེན་དུ་འཚམ་པ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་དག་ལ་ཇི་ལྟར་འཚམ་པར་ཚར་མི་གཅོད་པ་ནི་ཚར་གཅོད་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྨྲ་དབབ་པར་རིགས་པ་དང༌། ཆད་པས་གཅད་པར་རིགས་པ་དང༌། བསྐྲད་པར་རིགས་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨྲ་འབེབས་པར་མི་བྱེད་དམ། ཆང་པས་གཅོད་པས་ཕྱིར་འཆོས་པར་མི་བྱེད་དམ། སྐྲོད་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱར་མི་རུང་ལ་བཀའ་བློ་མི་བདེ་ཞིང་མནར་སེམས་ཀྱི་ཤས་ཆེ་བ་ཡལ་བར་བོར་བ་དང༌། དུས་ལ་གཞེས་པ་དང༌། གཞི་དེ་ལས་འཐབ་


DTG138_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མཚང་འདྲུ་བ་དང༌། འགྱེད་པ་དང༌། རྩོད་པར་འགྱུར་བ་མཐོང་བ་དང༌། དགེ་འདུན་བྱེ་བར་དོགས་པས་ཡལ་བར་བོར་བ་དང༌། སེམས་ཅན་དེ་དག་རང་བཞིན་གྱིས་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་ཉིད་དུ་རང་ཉིད་ཕྱིར་འཆོས་པ་ཞིག་ཡིན་ན་ནི་ཉེས་པ་མེད་དོ། །རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་སྣ་ཚོགས་པ་དང་ལྡན་ཞིང་བསྡིགས་པར་འོས་པ་རྣམས་ལ་བསྡིགས་པ་ལ་སོགས་པ་མི་བྱེད་པ་ནི་བསྡིགས་པ་ལ་སོགས་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་རྣམ་པ་མང་པོའི་ནུས་མཐུ་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བར་རིགས་པ་རྣམས་རྫུ་འཕྲུལ་རྣམ་པ་དུ་མས་སྐྲག་པར་མི་བྱེད་པ་དང༌། སེམས་ཅན་འདུན་པར་བྱ་བའི་རིགས་པ་རྣམས་འདུན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སེམས་ཅན་རྣམས་གང་དུ་ཤས་ཆེར་མངོན་པར་ཞེན་པར་གྱུར་པ་མུ་སྟེགས་ཅན་འཕགས་པ་རྣམས་ལ་སྐུར་བ་འདེབས་པ་དང༌། ལོག་པར་ལྟ་བ་དང་ལྡན་པ་ཞིག་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །དེ་ལྟར་རེ་ཞིག་ཉེས་བྱས་ཀྱི་རབ་ཏུ་དབྱེ་བ་བསྟན་ནས་ཡང་ཉེས་པར་མི་འགྱུར་བ་ཇི་ལྟར་རིག་པར་བྱ་ཞེ་ན། སྙིང་རྗེར་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྒྲུབ་པའི་སྒོ་དང༌། དགག་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་བྱ་བ་གང་ཅུང་ཟད་བསྟན་པ་དེ་ལས་མི་འདའ་བས་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་འདི་ནི་ལྟུང་བར་མི་འགྱུར་བ་གསལ་བར་བསྟན་པའོ། །འདས་པའི་རང་བཞིན་ཡིན་ན་ཡང་ཉེས་པ་མེད་པ་ཉིད་ནི་འདི་ལྟར་སེམས་དགེ་བ་སྟེ། དགེ་བའི་བསམ་པ་དང༌། བསམ་པ་མ་ཉམས་པ་དང༌། འབྲས་བུ་གཅིག་པའི་དབང་གིས་རྗེས་སུ་མཐུན་པའི་འབྲས་བུ་ལས་དེ་དང་འདིར་ཇི་སྐད་དུ་བསྟན་པ་ལས་མ་ཉམས་པར་བརྩེ་བ་དང་ལྡན་པ་སྙིང་རྗེ་དང་ལྡན་པ་སེམས་ཅན་རྣམས་ལ་བྱམས་པ་སྟེ། ཕན་པར་འདོད་པ་དང༌། དུལ་བར་འདོད་པ་དད་གདུལ་བར་བྱ་བར་འདོད་པས་འདའ་བར་བྱས་པ་ནི་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངང་གི་སྒྲས་ནི་སེམས་ཤིན་ཏུ་འཁྲུགས་པ་དང༌། ཚོར་བ་དྲག་པོས་ཉེན་པ་དང༌། གཉིད་ལོག་པ་དང༌། ཐ་མལ་པ་མ་ཡིན་པ་དང༌། སྤོང་བར་འདོད་ཀྱང་


DTG138_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དྲག་པོས་ཀུན་ནས་དཀྲིས་པ་ལ་སོགས་པ་དག་གིས་སླར་ཡང་འཇུག་པ་དག་གིས་འདས་པ་ལས་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སེམས་ནི་ཤིན་ཏུ་ཉོན་མོངས་དང༌། །སྡུག་བསྔལ་ཚོར་བས་ཉེན་པ་དང༌། །གཉིད་དང་སྨྱོས་པ་དག་ལ་ནི། །བྱུང་བ་ལ་ཡང་ཉེས་པ་མེད། །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་གཞན་ནོ། །དོན་ནི་འདི་ལྟར་བསྟན་པར་འགྱུར་ཏེ། ཆགས་པ་དང༌། ཁོང་ཁྲོ་བ་དང༌། ཕྲག་དོག་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། ང་རྒྱལ་དང༌། རྒྱགས་པ་ལ་སོགས་པས་འདས་པར་གྱུར་པ་ནི་ཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེས་ན་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྣམས་དངོས་སུ་བྱུང་བ་འདི་དག་ནི་མདོར་བསྡུས་པ་སྟེ། གཞན་བྱང་ཆུབ་སེམས་དཔའ་དག་གི་སྤྱོད་པ་རྣམས་ནི་དཔག་ཏུ་མེད་ཅིང་མཐར་ཐུག་པ་མེད་པའི་ཕྱིར་ཏེ། དེ་རྣམས་སུ་བསྟན་པའི་རྗེས་སུ་འབྲངས་ནས་ཉེས་པར་འགྱུར་བ་དང་ཉེས་པར་མི་འགྱུར་བ་དག་རིག་པར་བྱའོ། །དེ་ལྟར་ན་རང་གི་འདུལ་བའི་བསླབ་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་འདི་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དག་བྲལ་བར་མི་བྱེད་ཅིང༌། ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་དང༌། ཉེས་པར་རྒྱུན་དུ་མི་བྱེད་པ་དང༌། སྡིག་པ་འཆགས་པའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་གང་ཡང་འདི་ནི་ཆོས་ཀྱི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི་འཚོ་བའི་བསམ་པས་མ་ཡིན་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ཡིན་གྱི་དོན་དུ་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཡིན་གྱི་དོན་དུ་མི་གཉེར་བ་མ་ཡིན་པ་དང༌། དེ་དེ་ལྟར་དོན་དུ་གཉེར་བས་ལེ་ལོས་གནས་པ་མ་ཡིན། བརྩོན་འགྲུས་མི་ཞེན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། ཡང་འབྱུང་བ་དང༌། རིམས་ནད་དང་བཅས་པ་དང༌། རྣམ་པར་སྨིན་པ་སྡུག་བསྔལ་བ་དང༌། ཕྱི་མ་ལ་སྐྱེ་བ་དང་རྒྱ་ཤིར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པའོ། །སྔོན་


DTG138_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་ཕུན་སུམ་ཚོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སྔོན་གྱི་ཚེ་རབས་གཞན་དག་ཏུ་བསོད་ནམས་བྱས་ཤིང་དགེ་བ་བྱས་ཏེ། དེས་ད་ལྟར་བདག་ཉིད་གོས་དང་ཟས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་ཕོངས་པར་མི་འགྱུར་ལ། གཞན་དག་ལ་ཡང་བགོ་བཤའ་བྱེད་ནུས་པ་སྟེ། ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །རྫོགས་སངས་རྒྱས་སྲས་མཆོག་རྣམས་ཀྱི་སྡོམ་པ་ཉི་ཤུ་པ། །བཤད་པའི་བསོད་ནམས་རྡོ་རྗེས་སྒྲིབ་པའི་རི་བོའི་ཚོགས། །ཕུག་ནས་བསལ་ཏེ་རྒྱལ་དང་ལྷན་ཅིག་རྣམ་དག་ཅིང༌། །དྲི་མེད་མིག་གིས་དངོས་པོའི་དེ་ཉིད་མཐོང་བར་ཤོག །འདི་ལྟར་འདིས་ནི་བྱིས་པའི་སེམས་ཉིད་རང་བཞིན་གཡོ་བ་འདི། །རྣམ་འཕྲུལ་ཉོན་མོངས་སྣ་ཚོགས་ལས་བརྒལ་བྱང་ཆུབ་མཆོག་བཟུང་ནས། །གཅད་པར་དཀའ་བ་གཉིས་སུ་ཀུན་སྤྱོད་གཉིས་འཛིན་གཅད་མཁས་ཤིང༌། །འཇིག་རྟེན་འདི་ཡི་ཕོངས་པ་ཞི་བྱེད་བྱང་ཆུབ་བཟང་པོར་བདག་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྵེ་མ་ག་ག་ན་དང༌། ལོ་ཙཱ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousབྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། བྱང་ཆུབ་བཟང་པོ།next