Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་བརྒྱད་པ།


   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག།  རིན་ཆེན་འབྱུང་གནས་ཞི་བ།
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག། རིན་ཆེན་འབྱུང་གནས་ཞི་བ།next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག།
རིན་ཆེན་འབྱུང་གནས་ཞི་བ།


DTG138_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒོམ་པའི་མན་ངག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ལྟར་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བཤད་ཟིན་ཏོ། །དེ་དག་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་སྔར་བསྟན་པས། དེ་ནས་འདིའི་བསྒོམ་པ་བརྗོད་པར་བྱའོ། །ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང༌། རྒྱུན་ཏུ་སྦྱོར་བའོ། །རབ་ཏུ་སྦྱོར་བ་ནི་གོམས་པར་སྦྱོར་བའོ། །གུས་པ་དང་དགའ་བ་དང་སྤྲོ་བས་སྦྱོར་བ་ནི་གུས་པར་སྦྱོར་བ་ཡིན་ལ། བར་མ་ཆད་པར་སྦྱོར་བ་ནི་རྒྱུན་དུ་སྦྱོར་བའོ། །བསྒོམ་པ་ལ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དང་ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་བསྒོམ་པའོ། །དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང༌། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་ཡོད་པར་གྱུར་པ་དང༌། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །འདེ་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ། ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལན་མང་དུ་ཡིད་ལ་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཡིན་ལ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟགས་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་


DTG138_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་དང༌། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་ཞེས་བརྗོད་དེ། །དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། །འབྲེལ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ནས་འཇུག་པའོ། །འདིར་སྒྲིབ་པ་ལྔ་རྣམས་ཀྱི་ནང་ནས། རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གནས་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་ལ་སྒྲིབ་པའོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉིས་ཀ་ལ་སྒྲིབ་པའོ། །གང་གི་ཚེ་རྨུགས་པ་དང་གཉིད་ཡང་དག་པར་བསལ་བར་འགྱུར་བ་དེའི་ཚེ་ཞི་གནས་ཡོངས་སུ་དག་པར་གྱུར་པ་ཡིན་ལ། གང་གི་ཚེ་རྒོད་པ་དང་འགྱོད་པ་ཤིན་ཏུ་བསལ་བར་གྱུར་པ་དེའི་ཚེ་ལྷག་མཐོང་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་གནས་ནི་རྣམ་པ་དགུར་བཀའ་སྩལ་ཏེ། ཇི་ལྟ་བ་བཞིན་དུ་སེམས་དེ་ནང་དུ་འཇོག་པར་བྱེད། །ཀུན་དུ་འཇོག་པར་བྱེད། །ཡོངས་སུ་འཇོག་པར་བྱེད། །ཉེ་བར་འཇོག་པར་བྱེད། །འདུལ་བར་བྱེད། །ཞི་བར་བྱེད། །ཉེ་བར་ཞི་བར་བྱེད། །རྒྱུད་གཅིག་པར་བྱེད། །སེམས་མཉམ་པར་འཇོག་པར་བྱེད་ཅེས་གསུངས་སོ། །དེ་ལ་དང་པོ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་སེམས་བླན་ཏེ་ནང་དུ་རབ་ཏུ་བསྡུས་ནས་སེམས་དང་པོར་བརྟག་པ་ནི་ནང་དུ་འཇོག་པའོ། །དེ་ནས་རང་བཞིན་གྱིས་གཡོ་བའི་སེམས་དེ་ཉིད་རྒྱུན་དུ་གཏོད་ཅིང་འཇོག་པ་ནི་ཀུན་ཏུ་འཇོག་པའོ། །དེ་ནས་དྲན་པ་ཉམས་པས་ཕྱི་རོལ་དུ་རྣམ་པར་གཡེང་བ་ཤེས་པར་བྱས་ལ་སླར་བླན་ནས་སེམས་དེ་ལ་འཇོག་པ་ནི་ཡོངས་སུ་འཇོག་པའོ། །དེ་ནས་སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་རགས་བྱས་ནས་གོང་ནས་གོང་དུ་འཇུག་པ་ནི་ཉེ་བར་འཇོག་པའོ། །དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་དགའ་བ་ནི་འདུལ་བའོ། །དེ་ནས་རྣམ་པར་གཡོ་བའི་སྐྱོན་བལྟས་ནས་ཡིད་ཕྱིར་ཕྱོགས་པ་རབ་ཏུ་ཞི་བར་བྱེད་པ་དེ་ནི་ཞི་བའོ། །ཆགས་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་རྣམས་ཞི་བར་བྱེད་པ་དེ་ནི་ཉེ་བར་ཞི་བའོ། །དེ་ནས་དམིགས་པ་གཅིག་ལ་རང་གི་དང་གིས་འཇུག་


DTG138_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྒྱུད་གཅིག་པ་སྟེ། ཡང་དག་པ་མ་ཡིན་པར་གྱུར་པ་ལས་འབད་པས་ཡང་དག་པར་འབྱེད་པ་ནི་རྒྱུད་གཅིག་ཏུ་བྱེད་པའོ། །དེ་ནས་རྒྱུད་གཅིག་ཏུ་བྱེད་པ་གོམས་པ་ལྷུན་གྱིས་གྲུབ་པས་རང་གི་ངང་གིས་འཇུག་པ་ཡང་དག་པར་རང་དབང་ཐོབ་པས་འཛིན་པ་ནི་སེམས་མཉམ་པར་འཇོག་པའོ། །དེ་སྐད་དུ་མདོ་སྡེ་རྒྱན་ལས། སེམས་ནི་དམིགས་པ་སྦྱར་ཏེ། །རྒྱུན་དེ་ལས་ནི་གཡེངས་མི་བྱེད། །རྣམ་པར་གཡེང་བ་ཤེས་ནས་སུ། །དེར་ནི་སླར་ཡང་མྱུར་བླན་ནས། །ནང་དུ་སེམས་ནི་བསྡུ་བར་བྱ། །བློ་ལྡན་གོང་ནས་གོང་དུ་སྦྱོར། །ཏིང་འཛིན་ཡོན་ཏན་ལ་བལྟས་ནས། །དེ་ཉིད་ལ་ནི་དགའ་བར་བྱ། །རྣམ་པར་གཡེངས་པའི་སྐྱོན་བལྟས་ནས། །ཕྱིར་ཕྱོགས་པ་ནི་ཞི་བར་བྱ། །ཆགས་སེམས་ཡིད་མི་བདེ་བ་ལ་སོགས། །ལངས་པ་དེ་བཞིན་དུ་ནི་འདུལ། །དེ་ནས་མངོན་པར་འདུ་བྱེད་པས། །སེམས་ནི་རྣལ་དུ་འཇུག་པར་བྱ། །སྡོམ་བརྩོན་ཅན་གྱིས་གུས་བྱས་ནས། །འབད་དེ་འཇུག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྷག་མཐོང་ཡང་བཞིར་གསུངས་ཏེ། ཇི་ལྟར་ཡང་དེའི་ཆོས་རྣམས་རྣམ་པར་འབྱེད་དོ། །རབ་ཏུ་རྣམ་པར་འབྱེད་དོ། །ཡོངས་སུ་རྟོག་གོ །ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་གསུངས་སོ། །དེ་ལ་ཇི་སྙེད་ཡོད་པར་གྱུར་པ་ལ་སོ་སོར་རྟོག་པ་ནི་རྣམ་པར་འབྱེད་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པ་ལ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ། །རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མའི་རྣམ་པ་བཟུང་བ་ནི་ཡོངས་སུ་རྟོག་པའོ། །ཀུན་ཏུ་དཔྱོད་པ་ནི་ཡོངས་སུ་དཔྱོད་པའོ། །འདི་དག་གི་བཤད་པ་ནི་འཕགས་པ་བྱམས་པས་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཇི་ལྟ་བ་ཡང་དེ་ཆོས་རྣམས་རྣམ་པར་འབྱེད། །རབ་ཏུ་རྣམ་པར་འབྱེད། །ཡོངས་སུ་རྟོགས་པར་བྱེད། །ཡོངས་སུ་སྤྱོད་པར་བྱེད། །གནས་ངན་ལེན་གྱི་མཚན་མའི་གཉེན་པོར་བླང་བ་དང༌། ཕྱིན་ཅི་ལོག་ངེས་པར་བསལ་བ་དང༌། ཕྱིན་ཅི་མ་ལོག་པ་ལ་སེམས་མཉམ་པར་གཞག་པ་དག་ཉེ་བར་བླངས་ནས་སོ་ཞེས་གསུངས་ཏེ། འདིར་ཚིག་འདི་དག་གི་དོན་ནི་གནས་ངན་ལེན་ནི་ཕྱིན་ཅི་ལོག་གི་བག་ཆགས་ཏེ། །དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་སྐྱེད་


DTG138_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དེ། །དེའི་མཚན་མ་ནི་གང་གི་ཕྱིར་དེ་ཡོངས་སུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ །དེ་ཟད་པས་གནས་ངན་ལེན་ཟད་དོ། ཕྱིན་ཅི་ལོག་སྐྱེ་བར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་ཏེ། གཉེན་པོ་དེ་ནི་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་ན་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླངས་ཏེ་བསྟན་ཏོ། །ཡོངས་སུ་རྟོག་པ་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླངས་ནས་བསྟན་ཏོ། །གང་གི་ཕྱིར་དེ་ནི་ཇི་ལྟར་བཞིན་དུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གི་དོགས་པ་གཅིག་ཏུ་བསལ་ནས། བརྗིད་པ་མེད་པ་ཡིད་ལ་བྱེད་པས་ཡོངས་སུ་བསྩལ་ནས་ལྷག་པར་དམིགས་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་ལོག་ངས་པར་བསལ་བ་ཞེས་བྱའོ།། དེ་ལྟར་འདིས་ཕྱིན་ཅི་ལོག་ངེས་པར་བསལ་བས་ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པར་དེར་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་བཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བསྟན་པའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ལྷག་མཐོང་རྣམ་པ་བཞིའི་བསྒོམ་པ་ཡོངས་སུ་རྫོགས་པས་ལྷག་མཐོང་གིས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ནོ། །ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཕྱིན་ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱི་རྣམ་པ་འགག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། །ཞི་གནས་ངང་ནི་ལྷག་མཐོང་དག །བསྒོམས་པས་གནས་ངན་ལེན་དང་ནི། །མཚན་མ་ཡི་ནི་འཆིང་བ་ལས། རྣལ་འབྱོར་བ་ནི་གྲོལ་བར་འགྱུར། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིའི་དོན་ནི་ཅི་རིགས་པར་སྦྱར་ལ། །གོ་རིམས་བཞིན་དུ་མ་ཡིན་ནོ། །དེ་བས་ན་རྣལ་འབྱོར་དང་བསྒོམ་པ་ནི་རྣམ་གྲངས་ཡིན་ལ། ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ། །ཤེས་


DTG138_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །སློབ་དཔོན་མཁས་པ་རིན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱན་ཏི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག། རིན་ཆེན་འབྱུང་གནས་ཞི་བ།next