Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་བརྒྱད་པ།


   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག།  རཏྣ་ཨ་ཀ་ར་ཤཱན་ཏི།
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག། རཏྣ་ཨ་ཀ་ར་ཤཱན་ཏི།next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག།
རཏྣ་ཨ་ཀ་ར་ཤཱན་ཏི།


DTG138_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་བྷཱ་བ་ན་ཨུ་པ་དེ་ཤ་།བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་བྲི་བར་བྱ་སྟེ། རྣལ་འབྱོར་དང་སྒོམ་པ་ནི་མིང་གི་རྣམ་གྲངས་དག་གོ །ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་སྟེ། ཐུན་མོང་གི་རྣལ་འབྱོར་གྱི་རབ་ཏུ་དབྱེ་བའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འདོད་པས་རྣལ་འབྱོར་གྱིས་བཞི་བཤད་པར་བྱ་སྟེ། དངོས་པོའི་མཐའ་ལ་དམིགས་པ་དང༌། སེམས་ཙམ་ཉིད་དུ་དམིགས་པ་དང༌། དེ་བཞིན་ཉིད་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །དེ་ལ་དང་པོ་རེ་ཞིག་བརྗོད་པར་བྱ་སྟེ། འདིར་ཐོས་པ་དང་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ། སྐྱིལ་མོ་ཀྲུང་དུ་བཅས་ཤིང་ལུས་དྲང་པོར་བྱས་ནས། ཧ་ཅང་ཞུམ་པར་ཡང་མ་ཡིན། ཧ་ཅང་རྒོད་པ་ཡང་མ་ཡིན་པར་དྲན་པ་དང་ཤེས་བཞིན་དང་ལྡན་པས། རང་བཞིན་གྱིས་གཡེང་བ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྤངས་ནས་མཉམ་པར་གཞག་སྟེ། ཡོངས་སུ་གསལ་ཞིང་དྲན་པའི་འདུ་ཤེས་ཀྱིས་སྣ་ཚོགས་ཡིད་ལ་བྱའོ། །འདི་ལྟ་སྟེ། གཟུགས་འདི་


DTG138_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྔོན་པོ་དང༌། སེར་པོ་ལ་སོགས་པའོ། །སྒྲ་འདི་ནི་སྙན་པ་དང༌། མི་སྙན་པ་ལ་སོགས་པའོ། །དྲི་འདི་ནི་ཞིམ་པ་དང་མི་ཞིམ་པ་ལ་སོགས་པའོ། །རོ་འདི་ནི་མངར་བ་དང་སྐྱུར་བ་ལ་སོགས་པའོ། །རེག་བྱ་འདི་ནི་གྲང་བ་དང་དྲོ་བ་ལ་སོགས་པའོ། །ཆོས་འདི་ནི་བདེ་བ་དང༌། སྡུག་བསྔལ་བ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། ནམ་མཁའ་དང༌། མྱ་ངན་ལས་འདས་པ་ལ་སོགས་པའོ། །དྲུག་པོ་འདི་དག་ནི་ཡུལ་གྱི་ཁམས་གཟུང་བ་ཉིད་ཀྱིས་སོ་སོར་སྣང་བའོ། །ནང་གི་གསལ་བའི་ངོ་བོ་རྣམ་པར་ཤེས་པའི་ཁམས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །ཁམས་དྲུག་པོ་འདི་དག་གི་རྟེན་དུ་གྱུར་པ་དབང་པོ་དྲུག་གི་ཁམས་ཏེ། དེ་ཡང་གཟུགས་དང་བའི་བདག་ཉིད་ལྔ་དང༌། གཅིག་ནི་གཟུགས་མེད་པའོ། །འདི་ལྟ་སྟེ། མིག་འབྲས་ཀྱི་ནང་གི་མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ཁ་བྱེ་བ་ལྟ་བུའོ། །རྣ་བའི་རྩ་བར་རྣ་བའི་དབང་པོ་ནི་གྲོ་གའི་མདུད་པ་གཅུས་ཏེ་བཅད་པ་ལྟ་བུའོ། །སྣའི་རྩ་བར་སྣའི་དབང་པོ་ནི་མོ་ཁབས་གཤིབས་པ་ལྟ་བུའོ། ལྕེའི་འདབ་མ་ལ་ལྕེའི་དབང་པོ་སྐྲའི་རྩེ་མོ་ཙམ་དོར་ནས་ཟླ་བ་ཕྱེད་པ་ལྟ་བུའོ། །ལུས་ཐམས་ཅད་ལ་ལུས་ཀྱི་དབང་པོ་ནི་ལུས་བཞིན་ནོ། །ཡིད་ནི་མཚུངས་པ་དེ་མ་ཐག་པའི་འདས་པའི་ཡིད་བཞིན་ནོ། །བདག་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཡུལ་དང༌། དབང་པོ་དང་རྣམ་པར་ཤེས་པ་དྲུག་གིས་གཟུང་བའི་ཁམས་བཅྭ་བརྒྱད་ཅན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་སྣ་ཚོགས་ཡིད་ལ་བྱ་བ་ནས། དེ་ཉིད་སྣ་ཚོགས་སོ་སོར་སྣང་བའི་སེམས་ལ་དམིགས་ཏེ་ཡིད་ཀྱིས་བརྗོད་པ་ཡང་སྤངས་ཏེ་ཞི་གནས་ལ་གོམས་པར་བྱའོ། །ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ནི་ཞི་གནས་གྲུབ་པའོ། །དེ་ནས་ཞི་གནས་གྲུབ་པ་ལ་བརྟེན་ནས་སྣ་ཚོགས་ཀྱི་གཟུགས་བརྙན་འདི་དག་ཙམ་ནི་ཆོས་ཐམས་ཅད་དོ། །འདི་ལྟ་སྟེ། ཇི་སྲིད་གཟུགས་ཀྱི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་ལ་མང་དུ་རྣམ་པར་དབྱེ་བར་བྱ། ཡོངས་སུ་རྣམ་པར་བརྟག་པར་བྱ། ཡོངས་སུ་དཔྱོད་པའི་ཡིད་ཀྱིས་ལྷག་མཐོང་རྫོགས་པར་བྱའོ། །དེའི་རྗེས་ལ་དེ་དག་ཉིད་རྣམ་


DTG138_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པའི་གཟུགས་བརྙན་དང༌། དེ་ལ་དམིགས་པ་དེ་ཉིད་ཀྱི་སེམས་གཉི་ག་མཉམ་པར་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དངོས་པོ་ཇི་སྲིད་པ་ལ་དམིགས་པ་དང་པོའི་རྣལ་འབྱོར་གྱི་སའོ།། །། དེ་ནས་གཉིས་པ་ལ་སྣ་ཚོགས་སུ་སྣང་བ་དེ་ཉིད་ལ་སེམས་བསྐྱེད་དེ་འདི་ལྟར་བརྟག་པར་བྱའོ། །མིང་ཙམ་སྟེ། གཟུགས་མིང་ཙམ་ནས་ཡིད་ཀྱི་བར་དུའོ། །དེ་བཞིན་དུ་ཆོས་ཐམས་ཅད་མིང་ཙམ་མོ། །མིང་ཉིད་ནི་དོན་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དོན་མངོན་པར་མི་ཤེས་པར་ཡང་མིང་ཙམ་སྣང་བ་དང༌། མིང་མངོན་པར་མི་ཤེས་པར་ཡང་དོན་སྣང་བས་སོ། །དེའི་ཕྱིར་མིང་ཇི་ལྟ་བ་བཞིན་དོན་མེད་དེ། གཟུགས་ནི་མིང་ཙམ་སྟེ་དོན་མེད་པའོ། །དེ་བཞིན་དུ་ཇི་སྲིད་ཆོས་ཐམས་ཅད་མིང་ཙམ་མོ། །ཡང་གང་ཞིག་འཇིག་རྟེན་དག་གི་གཟུགས་རྟོག་པའི་འདི་ལྟ་བུར་ཆོས་ཐམས་ཅད་ཀྱང་ཐ་སྙད་ཀྱི་ཕྱིར་གློ་བུར་དུ་མིང་དུ་བཏགས་པའོ། །དེ་ནས་གཟུགས་མེད་པ་ནས་ཇི་སྲིད་ཆོས་ཐམས་ཅད་དོ། །འདི་དག་ནི་སེམས་ཙམ་ཁོ་ན་སྟེ། དོན་བརྫུན་པ་ཡིན་ཡང་དོན་དུ་སྣང་བ་ནི་དོན་དུ་མངོན་པར་ཞེན་པའི་བག་ཆགས་ལས་སྐྱེ་བ་ཡིན་ཏེ། རྒྱན་པོ་ལ་གོམས་པའི་རྒྱན་པོ་ལ་སོགས་པའི་རྨི་ལམ་བཞིན་ནོ། །དེ་ལ་འདི་དག་ནི་གློ་བུར་དུ་མིང་དུ་བཏགས་པ་ཙམ་སྟེ། ཡང་སེམས་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཀྱི་གཟུང་བའི་དོན་ཅི་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ནས་གཟུང་བ་དང་འཛིན་པ་སྟོང་པ་ཉིད་བརྗོད་པ་མེད་པ་འདི་དག་སེམས་ཙམ་ཉིད་དུ་སྣ་ཚོགས་ངེས་པར་བྱས་ནས། ཡིད་ཀྱིས་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། ཆོས་ཐམས་ཅད་སེམས་ཙམ་ཉིད་ཡིན་པ་དེ་ཉིད་ལ་སེམས་ཉེ་བར་བཅིངས་ཏེ། གཡོ་བ་མེད་པར་བྱས་ནས་བསྡུས་ཏེ་ཞི་གནས་བསྐྱེད་པར་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པའི་བར་དུའོ། །ཤིན་ཏུ་སྦྱངས་པ་ཐོབ་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་སོ་སོར་སྣ་ཚོགས་ཡང་དང་ཡང་དུ་རྣམ་པར་དཔྱད་པར་བྱ་སྟེ། ཁམས་བཅྭ་བརྒྱད་པོ་འདི་དག་ཐམས་ཅད་སྣ་ཚོགས་རང་བཞིན་མེད་པ་སེམས་ཙམ་སྟེ། གཟུང་བ་དང་འཛིན་པ་མེད་པའོ། །དེ་བཞིན་དུ་འདི་ཡང་དང་ཡང་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྣམ་པར་རྟོག་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པ་ན། གང་གི་ཚེ་ལུས་དང་


DTG138_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཤིན་ཏུ་སྦྱངས་པ་དེའི་ཚེ་ལྷག་མཐོང་ངོ༌། །དེའི་རྗེས་ལ་རྣམ་པར་རྟོག་པ་མེད་པ་དེ་ཉིད་ཀྱི་གཟུགས་བརྙན་དང༌། དེ་ལ་དམིགས་པ་དེའི་སེམས་གཉི་ག་མཉམ་པ་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཇི་ལྟ་བ་ལ་དམིགས་པ་གཉིས་པའི་སའོ།། །།དེ་ནས་གསུམ་པ་ལ་དེ་བཞིན་དུ་སྣ་ཚོགས་སོ་སོར་སྣང་བ་ལ་སེམས་བསྐྱེད་ཅིང་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། ཁམས་བཅྭ་བརྒྱད་པོ་འདི་དག་ཐམས་ཅད་སྣ་ཚོགས་རང་བཞིན་མེད་ལ་སེམས་ཙམ་གཟུང་བ་དང་འཛིན་པས་སྟོང་པའོ། །ཡང་གང་ཞིག་མིང་སོ་སོར་སྣང་བ་གཟུགས་ཞེས་བྱ་བ་དང༌། སྒྲ་ཞེས་བྱ་བ་དང༌། དྲི་ཞེས་བྱ་བ་ནས་ཇི་སྲིད་ཆོས་ཐམས་ཅད་ཅེས་བྱ་བའོ། །གང་ཡང་དོན་སོ་སོར་སྣང་བ་འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་སོ་སོར་སྣང་བ་ནས། ཇི་སྲིད་ཆོས་ཐམས་ཅད་དུ་སོ་སོར་སྣང་བ་འདི་ཐམས་ཅད་ནི་ཆོས་ཀྱི་མཚན་མ་སྟེ། ཆོས་ཀྱི་གཟུགས་བརྙན་ཉིད་ཡིན་པའི་ཕྱིར་རོ། །འདི་ཐམས་ཅད་ནི་འཁྲུལ་པའི་རྒྱུ་མཚན་སྤྲོས་པའི་མཚན་མ་ཕྱིན་ཅི་ལོག་གི་རྒྱུ་མཚན་ཏེ། འཁྲུལ་པའི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །དེར་སྣང་བ་ལ་སོགས་པའི་བློ་ཡང་དག་པ་མ་ཡིན་པའི་རྣམ་པ་དེས་བསླད་པས་སྣང་བ་དེ་ལ་དམིགས་པས་ཀུན་ཏུ་སྣང་བ་ཉིད་ཅེས་བྱ་བ་དེ་འཁྲུལ་པ་ལ་དམིགས་པ་ཡིན་པར་བརྗོད་དོ། །དེའི་ཕྱིར་འདི་དག་ཇི་སྲིད་སྣང་བ་དེ་སྲིད་འཁྲུལ་པ་སྟེ། ཡང་དག་པ་མ་ཡིན་པའི་དོན་མཐོང་བས་དོན་དམ་པ་མི་མཐོང་བ་ཡིན་ནོ། །དེ་ནས་ཆོས་འདི་དག་ཐམས་ཅད་ཀྱི་དོན་དམ་པ་མཐོང་བར་འདོད་པས་དེ་བཞིན་དུ་ཞི་གནས་ལ་བརྟེན་ནས་འཁྲུལ་པའི་རྒྱུ་མཚན་ཐམས་ཅད་མངོན་སུམ་དུ་སྣང་བ་ཡིད་ལ་མི་བྱེད་པས་ཡོངས་སུ་སྤང་བར་བྱའོ། །འདི་ལྟ་སྟེ། གང་ཞིག་གཅིག་པུ་དབེན་པར་འདུག་ནས་བསམ་གཏན་ལ་གནས་ཏེ། གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ཤིང༌། འདི་ལྟར་ཐམས་ཅད་ནམ་མཁའོ་ཞེས་འདུ་ཤེས་ལ་གནས་ནས་ནམ་མཁའ་མཐའ་ཡས་ལ་སྙོམས་པར་ཞུགས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཁམས་བཅྭ་


DTG138_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་སྣ་ཚོགས་སོ་སོར་སྣང་བ་འདི་སེམས་ཙམ་དུ་བྱེད་དེ། ཡིད་ཀྱིས་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ནས་འཁྲུལ་པ་དང་རྟོག་པའི་རྒྱུ་མཚན་ཐམས་ཅད་སྤངས་ཤིང་གཟུང་བའི་མཚན་མ་ཐམས་ཅད་ནུབ་ནས་ཞི་གནས་ལ་བརྩོན་པར་བྱའོ། །ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བར་དུའོ། །དེ་ནས་ཞི་གནས་དེ་ཉིད་ལ་གནས་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྣམ་པར་འབྱེད་དོ། །ཆོས་འདི་དག་ཐམས་ཅད་ལྡན་པ་དང༌། བྲལ་བ་དང༌། གཟུགས་ཅན་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་མེད་པ་དང༌། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །དེ་ལྟར་རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྣམ་པར་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་ན། གང་གི་ཚེ་སེམས་དང་ལུས་ཤིན་ཏུ་སྦྱངས་པ་དེའི་ཚེ་ལྷག་མཐོང་ངེས་པར་གྲུབ་པ་ཡིན་ནོ། །དེའི་རྗེས་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་བརྙན་དང༌། དེ་ལ་དམིགས་པའི་སེམས་དེ་ཉིད་བར་མེད་ཅིང་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་བར་འཇུག་པའི་ལམ་སྟེ། འདི་ནི་རྣལ་འབྱོར་གསུམ་པའི་སའོ། །གང་གི་ཚེ་འདི་དག་ཉིད་ཡོངས་སུ་གྲུབ་པ་ན་མཉམ་པར་གཞག་པ་སྔ་མ་བསྒོམ་པའི་སྟོབས་ཀྱིས་འཇུག་པ་ལྷུན་གྱིས་གྲུབ་པ་འདུ་བྱེད་པ་མེད་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་བ་མངོན་དུ་བྱེད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པ། འཁྲུལ་པ་མེད་པ། ཆོས་དང་ཆོས་ཉིད་ཀྱི་མཚན་མ་ཤིན་ཏུ་ནུབ་པ། སྣང་བ་མེད་པ། དམིགས་པ་མེད་པ། རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཅན་མཆོག་ཏུ་གསལ་བར་སྤྱོད་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཡང་དག་པའི་ཡེ་ཤེས་མངོན་དུ་འགྱུར་ཏེ། དེ་ནི་རྣལ་འབྱོར་བཞི་པའི་སའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཆེན་པོ་རཏྣ་ཨ་ཀ་ར་ཤཱན་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག། རཏྣ་ཨ་ཀ་ར་ཤཱན་ཏི།next