Nitartha Digital Library
Tibetan
 
previousརབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ། no next

རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ།


DTG147_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཀ་ར་ཎ་ཨ་བྷི་དྷརྨྨ་ཨ་བ་ཏཱ་ར་ནཱ་མ། བོད་སྐད་དུ། རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ། འཇམ་དཔལ་


DTG147_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷ་མིའི་སྙིང་གི་མུན་པ་ངན་སོང་རྩ། །གསུང་གི་འོད་ཟེར་དག་གིས་གང་གིས་བཅོམ། །ཐམས་ཅད་མཁྱེན་ཉིད་དཀྱིལ་འཁོར་དྲི་མེད་པ། །སངས་རྒྱས་ཉི་མ་དེ་ལ་ཕྱག་འཚལ་ལོ། །གང་དག་ཆོས་མངོན་ཚུལ་གྱིས་ཆོས་རྣམས་ཀྱི། །མཚན་ཉིད་རྣམས་ལ་རྨོངས་པ་དྲུངས་ཕྱུང་ཞིང༌། །ཐམས་ཅད་མཁྱེན་པའི་བཀའ་ཡི་གནས་གྱུར་པ། །དེ་དག་ལ་ནི་མགོ་བོས་བདག་ཕྱག་འཚལ། །བློ་ཞན་རྣམས་ཀྱིས་མ་ལེགས་བཤད་པ་ཡི། །མུན་པས་ཐུབ་པའི་གསུང་ནི་ཁེབས་པ་ལ། །གང་གི་སྒྲོན་མས་གསལ་བར་མཛད་པ་ཡི། །སྒྲོན་མ་མཛད་པ་དེ་ལ་ཕྱག་འཚལ་ལོ། །ལ་ལ་དག་ནི་ཐུབ་པའི་དབང་པོའི་གསུང་རབ་མཐའ་དག་གི་དོན་དང༌། ཚིག་གཟུང་བའི་སྐལ་བ་ཡོད་པའི་ངང་ཚུལ་ཅན་དགེ་བ་དག་ཡིན་དུ་ཟིན་ཀྱང༌། འཕྲལ་གྱི་བྱ་བ་ལ་ཐོགས་པས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་དང༌། ཤེས་རབ་ཞན་པ་ལ་ལ་དག་ཆོས་མངོན་པ་ཀླགས་པའི་ཐོས་པ་ཙམ་གྱིས་སྐྲག་པར་འགྱུར་ལ། དེ་དག་རྟག་ཏུ་ཁོང་དུ་ཆུད་པར་འདོད་པ་ཡང་ཡོད་དེ། དེ་བས་ན་དེ་དག་དགའ་བར་བྱ་བའི་ཕྱིར། བདག་གིས་ཆོས་མངོན་པའི་མཚན་ཉིད་ཀྱི་རྒྱ་མཚོ་ལ་འཇུག་པ་འདི་བརྩམ་མོ། །འདི་ལྟར་བདེ་བར་གཤེགས་པ་རྣམས་ཀྱི་དངོས་པོ་བརྒྱད་དེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པའོ། །དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ། །འབྱུང་བ་དག་ནི་བཞི་སྟེ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །ཁམས་དག་ནི་རང་དང་སྤྱིའི་མཚན་འཛིན་པ་དང༌། རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་རོ། །དེ་དག་གི་རང་བཞིན་ནི་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ཉིད་དག་གོ ། ལས་ནི་རྟེན་པ་དང་སྦྱོར་བ་དང་སྨིན་པར་བྱེད་པ་དང་བསྐྱོད་པ་དག་སྟེ། གྲངས་ཇི་ལྟ་བ་བཞིན་ནོ། །དེ་དག་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བར་འགྱུར་བས་ན་འབྱུང་བ་ཆེན་པོ་དག་སྟེ། ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་དག་ནི་རྒྱུར་བྱས་པའི་གཟུགས་ལ་ཁྱབ་པའི་ཕྱིར་རོ། །མི་དགོས་པ་དང་མི་


DTG147_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཕྱིར་བཞི་ཁོ་ན་སྟེ་ཁྲིའི་རྐང་པ་བཞིན་ནོ། །འབྱུང་བ་ལས་གྱུར་པ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང༌། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །འབྱུང་བ་དག་ལས་འབྱུང་བས་ན་འབྱུང་བ་ལས་གྱུར་པ་སྟེ་འབྱུང་བ་ལ་བརྟེན་པའི་དོན་གང་ཡིན་བའོ། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་པའོ། །འདིས་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཀྱང་སོ་སོར་བསྟན་ཏོ། །གཟུགས་ནི་རྣམ་པ་གཉིས་ཏེ་ཁ་དོག་གི་བདག་ཉིད་དང༌། དབྱིབས་ཀྱི་བདག་ཉིད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཁ་དོག་ངན་པ་དང་དབྱིབས་ངན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཁ་དོག་གི་གཟུགས་ནི་རྣམ་པ་བཅུ་གཉིས་ཏེ། སྔོན་པོ་དང་སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སྤྲིན་དང་དུ་བ་དང༌། རྡུལ་དང༌། ཁུག་རྣ་དང། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང་མུན་པའོ། །དབྱིབས་ནི་རྣམ་པ་བརྒྱད་དེ་རིང་པོ་དང༌། ཐུང་ངུ་དང༌། ལྷམ་པ་དང༌། དཀྱིལ་འཁོར་དང༌། ཕྱ་ལེ་བ་དང༌། ཕྱ་ལེ་བ་མ་ཡིན་པ་དང༌། སྒང་དང་གཤོང་ངོ༌། །དེ་ལ་ཁུག་རྣ་ནི་ལྷོ་བུར་རོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དོ། །གྲིབ་མ་ནི་གང་ན་གཟུགས་དག་སྣང་བའོ། །དེ་ལས་བཟློག་པ་ནི་མུན་པའོ། །ལྷམ་པ་ནི་གྲུ་བཞིའོ། །དཀྱིལ་འཁོར་ནི་ཟླུམ་པོའོ། །ཕྱ་ལེ་བ་ནི་དབྱིབས་མཉམ་པའོ། །ཕྱ་ལེ་བ་མ་ཡིན་བ་ནི་དབྱིབས་མི་མཉམ་པའོ། །ལྷག་མ་ནི་བརྡ་ཕྲད་པར་བླ་བསམ་བཤད་དོ། །རྣམ་པ་ཉི་ཤུ་པོ་འདི་དག་མིག་གི་རྣམ་པར་ཤེས་པ་དང༌། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ །སྒྲ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ལུས་སུ་གཏོགས་པ་རྣམས་ནི་ཟིན་པ་དག་སྟེ་སེམས་པ་དང་བཅས་པའི་དོན་གང་ཡིན་པའོ། །བཟློག་པ་ནི་མ་ཟིན་པ་དག་གོ །གང་སྔ་མས་བསྐྱེད་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ། ལག་པ་དང་སྨྲ་བའི་སྒྲའོ། །གང་ཕྱི་མས་བསྐྱེད་པ་དེ་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་རླུང་དང་ནགས་ཚལ་དང་འབབ་ཆུའི་


DTG147_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྟེ། སེམས་ཅན་དུ་སྟོན་པ་དང༌། སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམ་པ་བཞིའོ། །འདི་ལྟ་སྟེ་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །གཞན་ཡང་སྤྲུལ་པའི་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །དེ་ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་འགྱུར་རོ། །རྣམ་པ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ །དྲི་ནི་རྣམ་པ་གསུམ་སྟེ་དྲི་ཞིམ་པ་དང་དྲི་ང་བ་དང་དྲི་མཉམ་པའོ། །དྲི་ཞིམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའོ། །དེ་ལས་བཟློག་པ་ནི་དྲི་ང་བའོ། །གཉི་ག་ལས་བཟློག་པ་ནི་དྲི་མཉམ་པ་སྟེ་རྣམ་པ་གསུམ་པོ་འདི་ཡང་སྣའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ །རོ་ནི་མངར་བ་དང་སྐྱུར་བ་དང༌། ལན་ཚ་དང་ཁ་བ་དང་ཚ་བ་དང་བསྐ་བའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ། དྲུག་པོ་དེ་དག་ཀྱང་ལྕེའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ །རེག་བྱའི་ཕྱོགས་གཅིག་ནི་རྣམ་པ་བདུན་ཏེ། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང་ལྕི་བ་ཉིད་དང་ཡང་བ་ཉིད་དང༌། གྲང་བ་དང་བསྐྲེས་པ་དང་སྐོམ་པའོ། །དེ་ལ་འཇམ་པ་ནི་མཉེན་པ་སྟེ་རེག་ཏུ་མི་བཟོད་པའི་དོན་གང་ཡིན་པའོ། །རྩུབ་པ་ནི་རུད་རུད་པོའོ། །ལྕི་བ་ནི་གང་གིས་སྲང་གི་མགོ་དམའ་བར་འགྱུར་བའོ། །ཡང་བ་ནི་དེ་ལས་བཟློག་པའོ། །གྲང་བ་ནི་གང་གིས་ཉན་པས་ཚ་བ་འདོད་པའོ། །བཀྲེས་པ་ནི་ཟས་འདོད་པའི་རྒྱུའོ། །སྐོམ་པ་ནི་འཐུང་འདོད་པའི་རྒྱུའོ། །རྒྱུ་ལ་འབྲས་བུ་གདགས་པར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྱུང་བ་ཆེན་པོ་འདུས་པ་མེ་དང་ཆུའི་ཤས་ཆེ་ན་འཇམ་པའོ། །ས་དང་རླུང་གི་ཤས་ཆེན་རྩུབ་པའོ། །ས་དང་ཆུའི་ཤས་ཆེན་ལྕི་བའོ། །མེ་དང་རླུང་གི་ཤས་ཆེན་ཡང་བའོ། །ཆུ་དང་རླུང་གི་ཤས་ཆེ་ན་གྲང་བའོ། །རླུང་གི་ཤས་ཆེན་བཀྲེས་པའོ། །མེའི་ཁམས་ཀྱི་ཤས་ཆེ་ན་སྐོམ་བའོ། །བདུན་པོ་དེ་དག་དང་འབྱུང་བ་ཆེན་པོ་བཞི་རྣམས་ནི་ལུས་ཀྱི་རྣམ་པར་ཤེས་པ་དང༌། དེས་དྲངས་པའི་ཡིད་


DTG147_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ །སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་ཐ་དད་པ་དག་གིས་གཞན་ལ་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ། །དེ་བཞིན་དུ་གཞན་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ་བྲམ་ཟེ་མ་ཡིན་ནོ་ཞེས་བྱ་བ་བཞིན་དུ་དེ་དང་འདྲ་བ་ལ་མ་ཡིན་བར་བརྗོད་དོ། །དེའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དང་སེམས་དང་འབྱུང་བ་ཆེན་པོའི་བྱེ་བྲག་གིས་འཕངས་པ་རྣམ་པར་མ་གཡེངས་པ་དང༌། དེ་མ་ཡིན་པའི་སེམས་དང་སེམས་མེད་པ་ཡང་རུང་སྟེ། གང་དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་དགེ་སློང་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་བསྩགས་པ་མ་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་བའོ། །དེ་མེད་དུ་ཟིན་ན་དགེ་སློང་ལ་སོགས་པར་གཞག་པ་མེད་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་ལས་བསོད་ནམས་རྟག་པར་རྒྱུན་དུ་མངོན་པར་འཕེལ་ལོ་ཞེས་གསུངས་སོ། །དེ་ཡང་སྡོམ་བ་དང་སྡོམ་བ་མ་ཡིན་པ་དང༌། གཉི་ག་ལས་བཟློག་པས་བསྡུས་པའི་ཕྱིར་རྣམ་པ་གསུམ་མོ། །སྡོམ་པ་ཡང་སོ་སོར་ཐར་པ་དང་བསམ་གཏན་དང༌། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །སོ་སོར་ཐར་པའི་སྡོམ་པ་ནི། དགེ་སློང་དང་དགེ་སློང་མ་དང༌། དགེ་ཚུལ་ཕ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་དང༌། དུས་ཁྲིམས་པའི་སྡོམ་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དེ། དེ་ནི་འདོད་པར་གཏོགས་པ་ཁོ་ནའོ། །བསམ་གཏན་གྱི་སྡོམ་པ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བའི་གཟུགས་ཏེ་གཟུགས་སུ་གཏོགས་པ་ཁོ་ནའོ། །ཟག་པ་མེད་པའི་སྡོམ་པ་ཡང་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བའི་གཟུགས་ཏེ་མི་ལྡན་པ་ཉིད་དོ། །སྡོམ་པ་མ་ཡིན་པ་ནི་རི་དགས་ཀྱི་རྔོན་པ་དང་བྱ་བ་དང་ཉ་བ་དང་བཙོན་སྲུང་དང༌། བ་གླང་འཛིན་པ་དང་གསོད་པའི་གཤེད་མ་ལ་སོགས་པའི་རྒྱུད་ལ་གང་མི་དགེ་བའི་གཟུགས་ཀྱི་རྒྱུན་ཡོད་པའོ། །སྡོམ་པ་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་ནི་གཙུག་ལག་ཁང་དང་མཆོད་རྟེན་དང་དགེ་འདུན་གྱི་ཀུན་དགའ་ར་བ་བྱེད་པ་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་བདུག་པ་གསོལ་བ་ལ་སོགས་པ་ཡི་དམ་དུ་འཛིན་པ་དང༌། ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་ལས་


DTG147_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་གང་ཡིན་པའོ། །རྣམ་པར་རིག་བྱེད་མ་ཡན་བ་སྐད་ཅིག་པ་ཡིན་ཡང་རིགས་སྨོས་པས་ན་དེ་སྐད་དུ་བརྗོད་དོ། །སོ་སོར་ཐར་པའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་སོ། །བདུན་པོ་ནི་ཇི་སྲིད་འཚོའི་བར་དུ་འོ། །བརྒྱད་པ་ནི་ཞག་གཅིག་པའོ། །བདུན་བོའི་བཏང་བ་ནི་བསླབ་པ་ཕུལ་བ་དང༌། ཤི་འཕོས་པ་དང༌། དགེ་བའི་རྩ་བ་ཆད་པ་དང༌། མཚན་གཉིས་སྐྱེས་པས་སོ། །བརྒྱད་པའི་ནི་དེ་རྣམས་ཉིད་དང༌། མཚན་མོ་འདས་པས་སོ། །གཟུགས་ན་སྤྱོད་པའི་སེམས་ཐོབ་པས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་སེམས་དང་འབྲེལ་བས་ན་དེ་ཉིད་བཏང་བས་དེ་གཏོང་ངོ༌། །ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ། །བྱེད་པ་དང་ཁས་བླངས་པས་རྔོན་པ་ཡིན་བ་འཐོབ་བོ། །རྒྱུན་ཆད་པ་ནི་སྡོམ་པ་ཡང་དག་པར་གཟུང་བ་དང༌། མཚན་གཉིས་སྐྱེས་པ་དང་ཤི་བ་དང༌། ཆོས་ཉིད་འཐོབ་པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་འཐོབ་པས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་སར་མ་འཐོབ་པ་ནི། ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་ཀྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པའི་བྱ་བ་བྱེད་པ་དང༌། གང་ཡང་བཅོམ་ལྡན་འདས་ལ་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའོ་ཞེས་བྱ་བ་ལ་སོགས་པའི་ཡི་དམ་འཛིན་པ་དང༌། གཙུག་ལག་ཁང་ལ་སོགས་པ་ཕུལ་བས་སོ། །རྒྱུན་ཆད་པ་ནི་སློང་བར་བྱད་པ་དེ་དག་ཉིད་བཏང་བས་སོ། །རྣམ་པར་རིག་བྱེད་མ་ཡིན་བ་རྣམ་པ་དུ་མ་པ་འདི་དང༌། མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཉིད་དེ་གཟུགས་ཀྱི་དངོས་པོ་འདི་སྙེད་དོ། །འདིའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། རང་གི་སྤྱི་དང་ཕྱོགས་ཀྱི་སྤྱི་དང་ཟད་པར་གྱི་སྤྱིའོ། །དེ་ལ་རང་གི་སྤྱི་ནི་གཟུགས་པའོ། །དེ་ལ་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་སྟེ་གཞིག་པར་འགྱུར་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཇི་སྐད་དུ་ཆོས་ཀྱི་རྗེས་ཀྱང་དགེ་སློང་དག་གཟུགས་པ་གཟུགས་སུ་རུང་བས། དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་གསུངས་པ་ལྟ་བུའོ། །ཅིས་གཟུགས་པར་འགྱུར་ཞེ་ན། ལག་པ་དང་བོང་པ་དང་དབྱིག་པས་རེག་པ་དག་གིས་སོ། །དཔེར་ན་མགྱོགས་པར་འགྲོ་བས་རྟའོ། །འགྲོ་བས་ན་བ་ལང་ངོ་ཞེས་བྱ་བ་ལྟ་བུ་ལ་སོགས་


DTG147_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཕྱོགས་ཀྱི་སྤྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ། །ཟད་པར་གྱི་སྤྱི་ནི་སྟོང་པ་དང་བདག་མེད་པ་ཉིད་དེ། ཕྱོགས་འདིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གསུམ་ཅི་རིགས་སུ་མངོན་པར་བརྟག་གོ །གཟུགས་ཀྱི་དངོས་པོའོ། །ཚོར་བ་ནི་མྱོང་བ་རྣམ་པ་གསུམ་སྟེ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྟེ། གསུམ་ཚོར་བར་གྱུར་བའི་དོན་གང་ཡིན་པའོ། །འདོད་པ་དང་མི་འདོད་པ་དང་གཉི་ག་ལས་བཟློག་པ་སྟེ་རེག་པའི་སྐྱེ་གནས་ཅན་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་སིམ་པ་དང་གདུང་བ་དང་གཉི་ག་ལས་ཟློག་པ་སྟེ། སྲིད་པའི་རྒྱུ་ནི་ཚོར་བ་ཞེས་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་ནི་ལུས་ཀྱིའོ། །ཅིག་ཤོས་ནི་སེམས་ཀྱིའོ། །དབང་པོའི་བྱེ་བྲག་གིས་རྣམ་པ་ལྔ་སྟེ། བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་དང༌། ཡིད་བདེ་བའི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོའོ། །དེ་ལ་ལུས་ཀྱི་སིམ་པ་གང་ཡིན་པ་དང༌། བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་སྟེ་ཕམ་པར་བྱེད་པའི་དོན་གང་ཡིན་པའོ། །གང་ལུས་ཀྱི་སིམ་པ་མ་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོ་སྟེ་གནོད་པར་བྱེད་པའི་དོན་གང་ཡིན་པའོ། །བསམ་གཏན་གསུམ་པ་མ་གཏོགས་པ་འོག་མའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོའོ། །དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའོ། །གང་ལུས་དང་སེམས་ཀྱི་སིམ་པ་ཡང་མ་ཡིན་མི་སིམ་པ་ཡང་མ་ཡིན་པ་དེ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཚོར་བའི་དབང་པོའོ། །མཚན་མ་དང་མིང་དང་དོན་དང་བརྡ་ཞེས་པའི་འདུ་ཤེས་ཏེ། སྔོན་པོ་དང༌། སེར་པོ་དང༌། རིང་པོ་དང༌། ཐུང་དུ་དང༌། དུང་དང༌། རྔ་དང༌། པདྨ་དང༌། སྣ་མའི་མེ་ཏོག་དང༌། ཨུཏྤ་ལའི་དྲི་དང༌།


DTG147_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བ་དང་ལན་ཚྭ་དང༌། འཇམ་པ་དང་རྩུབ་པ་དང༌། བུད་མེད་དང་སྐྱེས་པ་ལ་སོགས་པའི་མཚན་མ་དང༌། མིང་དང་དོན་གཅིག་ཏུ་ཤེས་པའི་ཆོས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་རྒྱུ་སྟེ། འདུ་ཤེས་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་ཚོར་བ་བཞིན་དུ་རྣམ་པ་དྲུག་གོ །ཡང་ཆུང་ངུ་དང་ཆེན་པོར་གྱུར་པ་དང་ཚད་མེད་པ་དང་རྣམ་པ་གསུམ་སྟེ། དེ་ལ་ཡུལ་ཆུང་ངུ་ལ་དམིགས་པ་ནི་ཆུང་ངུའོ། །རི་རབ་ལ་སོགས་པ་ལ་དམིགས་པ་ནི་ཆེན་པོར་གྱུར་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ལ་ནི་ཚད་མེད་པའོ། །འདུ་ཤེས་ཀྱི་དངོས་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ་མཚུངས་པར་ལྡན་པ་ཡིན་པའོ། །དེ་ལ་མཚུངས་པར་ལྡན་བ་ནི་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང༌། འདུན་པ་དང་མོས་པ་དང་དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་དང་རྟོག་པ་དང་དཔྱོད་པ་དང་བག་ཡོད་པ་དང་བག་མེད་པ་དང་སྐྱོ་བ་དང་རབ་ཏུ་དགའ་བ་དང། ཤིན་ཏུ་སྦྱངས་པ་དང་རྣམ་པར་མི་འཚེ་བ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བཏང་སྙོམས་དང་དགེ་བའི་རྩ་བ་རྣམས་དང༌། མི་དགེ་བའི་རྩ་བ་རྣམས་དང༌། ཀུན་དུ་སྦྱོར་བ་རྣམས་དང༌། འཆིང་བ་རྣམས་དང༌། ཕྲ་རྒྱས་རྣམས་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། ཀུན་ནས་དཀྲིས་ཏེ་འདུག་པ་རྣམས་དང༌། ཟག་པ་རྣམས་དང༌། ཆུ་བོ་རྣམས་དང༌། སྦྱོར་བ་རྣམས་དང༌། ལེན་པ་རྣམས་དང༌། སྡུད་པ་རྣམས་དང༌། སྒྲིབ་པ་རྣམས་དང༌། ཤེས་པ་རྣམས་དང་བཟོད་པ་རྣམས་སོ། །དེ་ལ་གནས་དང༌། དམིགས་པ་དང༌། རྣམ་པ་དང་དུས་དང་རྫས་མཚུངས་པ་ཉིད་དེ། མཚུངས་པ་ལྔ་དག་གིས་སེམས་དང་མཚུངས་པར་ལྡན་བས་དེ་བས་ན་མཚུངས་པར་ལྡན་པ་དག་ཅེས་བྱའོ། །བཟློག་པ་ནི་ལྡན་པ་མ་ཡིན་པ་དག་སྟེ། འདི་ལྟ་སྟེ། འཐོབ་བ་དང་འཐོབ་པ་མེད་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང། སྲོག་གི་དབང་པོ་དང༌། སྐལ་པ་འདྲ་བ་དང༌། སྐྱེ་བ་དང་རྒ་བ་དང༌། གནས་པ་དང་མི་རྟག་པ་ཉིད་དང༌། མིང་གི་ཚོགས་རྣམས་དང༌། ཚིག་གི་ཚོགས་རྣམས་དང༌། ཡི་གེའི་ཚོགས་རྣམས་ཏེ། དེ་གཉིས་བསྡུས་ནས་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་བས་ན་དྲང་སྲོང་ཆེན་པོས་ཀྱང་


DTG147_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཀྱི་ཕུང་པོ་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་སེམས་པ་ནི་སེམས་མངོན་བར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ་སེམས་ཀུན་དུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བའི་སེམས་ཡུལ་ལ་རེག་པར་བྱེད་པ་སྟེ་སེམས་ལས་བྱུང་བའི་ཆོས་འཚོ་བར་བྱེད་པའི་མཚན་ཉིད་དོ། །དེ་ཡང་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་གང་སེམས་ཡུལ་རྣམས་ལ་གཏོད་པ་སྟེ། སྔོན་མྱོང་བ་ལ་སོགས་པ་སེམས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སློབ་པའི་དང་མི་སློབ་པའི་དང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །དེ་ལ་འཕགས་པའི་གང་ཟག་བདུན་གྱི་རྒྱུད་ལས་བྱུང་བ་དྲི་མ་མེད་པ་ནི་སློབ་པའོ། །དགྲ་བཅོམ་པའི་རྒྱུད་ལས་བྱུང་བ་ནི་མི་སློབ་པའོ། །ཟག་པ་དང་བཅས་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །འདུན་པ་ནི་བྱེད་འདོད་པའི་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ། འདི་ཞེས་བྱ་བ་བྱའོ་སྙམ་པ་གང་ལས་བྱུང་བའོ། །མོས་པ་ནི་སེམས་ཡུལ་རྣམས་ལ་མོས་པ་སྟེ་ཡུལ་ལ་མ་ཞུམ་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །དད་པ་ནི་སེམས་དང་བ་སྟེ་དཀོན་མཆོག་གསུམ་དང་རྒྱུ་དང་འབྲས་བུར་འབྲེལ་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་སེམས་ཀྱི་རྙོག་པ་སེལ་བར་བྱེད་པའི་ཆོས་སྟོན་ཏེ། དཔེར་ན་ཆུ་དང་བར་བྱེད་པའི་ནོར་བུ་མཚོའི་ནང་དུ་བཅུག་ན། རྫབ་ཀྱི་རྙོག་པ་ཐམས་ཅད་བསྩལ་ནས་ཆུ་གསལ་བར་བྱེད་པ་དེ་བཞིན་དུ། དད་པའི་ནོར་བུ་སེམས་ཀྱི་མཚོ་ལས་བྱུང་བས་ཀྱང་སེམས་ཀྱི་རྙོག་པ་ཐམས་ཅད་བསལ་ནས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། ཆོས་ཀྱི་ལེགས་པར་གསུངས་པ་ཉིད་དང༌། དགེ་འདུན་གྱི་ལེགས་པར་སྒྲུབ་པ་ཉིད་དང༌། འདི་ལས་ཕྱི་རོལ་ཏུ་གྱུར་པ་ཐམས་ཅད་འཁྲུལ་པར་བྱེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མངོན་པར་དད་པའོ། །བརྩོན་འགྲུས་ནི་དགེ་བ་དང་མི་དགེ་བའི་ཆོས་སྐྱེད་པ་དང་འགོག་པ་སྤྲོ་བ་སྟེ། འཁོར་བའི་འདམ་དུ་བྱིང་བའི་སེམས་མངོན་པར་འབྱུང་བའི་དོན་གང་ཡིན་པའོ། །དྲན་པ་ནི་སེམས་ཀྱི་


DTG147_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བརྗོད་པ་ཉིད་དེ། བྱས་པ་དང༌། བྱ་བ་དང༌། བྱེད་པའི་ལས་མ་བརྗེད་ཅེས་བྱ་བའི་ཐ་ཚིག་གོ །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། སེམས་སྤྲེའུ་ལྟ་བུ་དམིགས་པ་གཅིག་ལ་འཇུག་ཅེས་བྱ་བའི་དོན་གང་ཡིན་པ་སྟེ། དཔེར་ན་སྦྲུལ་འོད་མའི་སྦུབས་སུ་བཅུག་ན་གྱ་གྱུར་མི་འགྱུར་བ་དེ་བཞིན་དུ། སེམས་ཏིང་ངེ་འཛིན་གྱི་སྦུབས་སུ་བཅུག་ནས་དྲང་སྲོང་འགྲོའོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཆོས་རྣམ་པ་བརྒྱད་པོ་དེ་དག་གི་སྡུད་པ་དང་མཚུངས་པར་ལྡན་པ་དང༌། རྒྱུ་དང་རྐྱེན་དང་འབྲས་བུ་དང་རང་དང་སྤྱིའི་མཚན་ཉིད་ལ་ཇི་ལྟར་མཐུན་མཐུན་དུ་རྟོག་པའི་དོན་གང་ཡིན་པའོ། །རྟོག་པ་ནི་སེམས་རྩིང་བའི་མཚན་ཉིད་དོ། །གཉིས་སུ་ན་རྟོག་པ་ཞེས་ཀྱང་བྱ་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱེད་ན། འཇུག་པ་རྣམ་པར་ཤེས་པ་རྩིང་བའི་ཚོགས་ལྔ་འཇུག་པའི་རྒྱུའི་ཆོས་སོ། །དཔྱོད་པ་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པའི་ཆོས་སོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ། མི་འཇུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ། བག་མེད་པ་ལས་ཕྱིར་འཇིལ་བའི་ཆོས་སོ། །སྐྱོ་བ་ནི་འཁོར་བའི་ཉེས་པ་ལ་རྟོག་པས་འདོད་ཆགས་དང་བྲལ་བ་དང༌། མཐུན་པའི་ཆོས་ཡིད་འབྱུང་བའི་མཚན་ཉིད་དེ། སེམས་ལས་བྱུང་བའི་ཆོས་གང་བྱུང་ན་འཁོར་བ་ལ་སེམས་སྐྱོ་བར་འགྱུར་བ་དང༌། གང་དང་ལྡན་པས་ཡིད་འབྱུང་བས་ཡིད་ལ་བྱེད་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་ནི་མགུ་བ་དང༌། རབ་ཏུ་དགའ་བ་སྟེ། དགེ་བའི་སེམས་ལ་གནོད་པ་ལས་འབྱུང་བར་གཉེན་པོ་ཚོལ་བ་ཅན་ནོ། །དེ་རྙེད་ནས་དེ་ལ་ཡིད་ཚིམ་པ་དེ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །རྣམ་པར་མི་འཚེ་བ་ནི། གཞན་ལ་གནོད་པ་བྱེད་པ་ལ་མངོན་པར་དགའ་བ་དང་མི་མཐུན་པའི་སེམས་བཟང་པོ་ཉིད་དེ། གང་གི་དབང་གིས་གཞན་ལ་རྣམ་པར་ཐོ་མི་འཚམས་པའོ། །ངོ་ཚ་ཤེས་པ་ནི་རིགས་པ་ལ་གཞོལ་བ། བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བ། སྲེད་པའི་རྒྱུ་མཐུན་པ་དང་མི་མཐུན་པའི་སེམས་ཀྱི་དབང་སྟེ། གང་གི་དབང་གིས་ཡོན་ཏན་རྣམས་དང༌། ཡོན་


DTG147_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཅན་རྣམས་ལ་གུས་པ་དང་བཅས་པར་གནས་པའོ། །ཁྲེལ་ཡོད་པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན་དུ་གཏོང་བ་གཏི་མུག་གི་རྒྱུ་མཐུན་པའི་དགྲར་གྱུར་པས་ཆོས་ངན་པ་ལ་སྨོད་པ་སྟེ། གང་ཡོད་ན་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་ཡིན་ནོ། །བཏང་སྙོམས་ནི་མི་རིགས་པ་སེལ་བ་དང༌། རིགས་པ་ལ་འཇུག་པར་བྱེད་པ་ལ་བཏང་སྙོམས་སུ་བྱེད་པ་སྟེ། དེ་ཡོད་པས་སེམས་དེ་མི་རིགས་པ་ཡང་མི་སེལ། རིགས་པ་ལ་ཡང་མི་འཇུག་པར་སྲང་འཛིན་པའི་རིགས་པས་མཉམ་པ་ཉིད་དུ་གནས་པའོ། །དགེ་བའི་རྩ་བ་ནི་གསུམ་སྟེ། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །དེ་ལ་མ་ཆགས་པ་ནི་ཆགས་པར་གྱུར་པའི་གཉེན་པོའི་ཆོས་སོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་བ་དང་མི་མཐུན་པའི་ཆོས་སོ། །གཏི་མུག་མེད་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ་མི་ཤེས་པ་དང་མི་མཐུན་པའི་ཆོས་སོ། །དེ་དག་ནི་བདག་ཉིད་ཀྱིས་ཀྱང་དགེ་ལ། དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ན། དེའི་ཕྱིར་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་འོང་བ་དང་ཐར་པའི་མྱུ་གུ་མངོན་པར་སྒྲུབ་པར་བྱེད་པས། བདེ་བའི་དོན་ནི་དགེ་བའི་དོན་ཏོ། །ཡང་ན་གཟུགས་བཟང་པོ་མངོན་པར་གྲུབ་པར་བྱེད་པས་ལེགས་པར་ལོབས་པའི་དོན་ཏེ། རི་མོ་མཁན་ལེགས་པར་ལོབས་པ་བཞིན་ནོ། །མི་དགེ་བའི་རྩ་བ་ནི་གསུམ་སྟེ། དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། ཆགས་པ་དང་ཞེ་སྡང་དང་གཏི་མུག་གོ །དེ་ལ་འདོད་པར་གཏོགས་པའི་སྲིད་པ་རྣམ་པ་ལྔ་ནི་ཆགས་པའོ། །ཁོང་ཁྲོ་བ་ལྔ་ནི་ཞེ་སྡང་ངོ༌། །འཇིག་ཚོགས་དང་མཐར་འཛིན་པ་དང་ལྡན་པའི་གཏི་མུག་མ་གཏོགས་པ་གཞན་འདོད་པར་གཏོགས་པའི་མ་རིག་པ་རྣམ་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ །དེ་དག་ནི་བདག་ཉིད་ཀྱིས་ཀྱང་མི་དགེ་ལ། མི་དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ན་དེའི་ཕྱིར་མི་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་མི་འོང་བའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པས་མི་བདེ་བའི་དོན་ནི་མི་དགེ་བའི་དོན་ཏོ། །ཡང་ན་གཟུགས་བཟང་པོ་མ་ཡིན་པ་མངོན་པར་འགྲུབ་པར་བྱེད་པས། མ་ལོབས་པའི་དོན་དེ་སྔ་མ་ལས་བཟློག་པའོ། །ལུང་དུ་མི་སྟོན་པའི་རྩ་བ་ནི་བཞི་སྟེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་ཞེས་བྱ་བ་རྣམས་སོ།།


DTG147_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དང་པོ་ནི་གཟུགས་དང༌། གཟུགས་མེད་པར་གཏོགས་པའི་སྲེད་པ་རྣམ་པ་བཅུའོ། །གཉིས་པ་ནི་དེ་ན་ཡོད་པ་ཉིད་ཀྱི་ལྟ་བ་ཉི་ཤུ་རྩ་བཞི་དང་འདོད་པར་གཏོགས་པའི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་གཉིས་སོ། །གསུམ་པ་ནི་དེར་གཏོགས་པ་ཉིད་ཀྱི་ང་རྒྱལ་རྣམ་པ་བཅུའོ།། བཞི་པ་ནི་དེ་ན་ཡོད་པའི་མ་རིག་པ་ཉིད་དང༌། འདི་ན་ཡོད་པའི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་དང་ལྡན་པའི་མ་རིག་པ་གཉིས་སོ། །བཞི་པོ་དེ་དག་ནི་ལུང་དུ་མི་སྟོན་པའི་རྩ་བ་རྣམས་སུ་འདོད་དོ། །བསམ་གཏན་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་གསུམ་ནི། སྲེད་པ་དང་ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་སྟེ། དེ་དག་ནི་མ་རིག་པའི་དབང་གིས་འབྱུང་ངོ༌། །དགེ་བ་དང་མི་དགེ་བའི་དོན་དུ་ལུང་བསྟན་དུ་མེད་པ་དང༌། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་མངོན་པར་འགྲུབ་པར་མི་བྱེད་པ་སྟེ། དེ་དག་ནི་རྩ་བ་ཡང་ཡིན་ལ་ལུང་དུ་མི་སྟོན་པ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ལུང་དུ་མི་སྟོན་པ་རྣམས་སོ། །ཀུན་དུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང༌། ལྟ་བ་དང་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང་ཕྲག་དོག་དང༌། སེར་སྣ་ཞེས་བྱ་བ་རྣམས་སོ། །དེ་ལ་ཁམས་གསུམ་པའི་འདོད་ཆགས། ཆགས་པའི་མཚན་ཉིད་རྒྱ་སྐྱེགས་ཞུ་བ་འབྱར་བ་ལྟ་བུའི་ཆོས་ཀྱི་རྗེས་སུ་མ་ཆགས་པ་སྟེ། རྗེས་སུ་ཆགས་པ་ཉིད་ཀུན་དུ་སྦྱོར་བས་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བའོ། །སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས། གནོད་སེམས་ཀྱི་མཚན་ཉིད་རྩ་བའི་ས་བོན་ལྟ་བུའི་ཆོས་ནི་ཁོང་ཁྲོ་བ་སྟེ། ཁྲོ་བ་ཉིད་ཀུན་དུ་སྦྱོར་བས་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བའོ། །བདག་དང་གཞན་ལ་དམིགས་ནས་སེམས་ཁེངས་པའི་མཚན་ཉིད་སྐྱེས་བུ་རེངས་པ་ལྟ་བུའི་ཆོས་ནི་ང་རྒྱལ་ལོ། །དེ་ཡང་རྣམ་པ་བདུན་ཏེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །དེ་ལ་ང་རྒྱལ་ནི་ཆུང་ངུ་བས་བདག་རུས་དང་རིགས་དང་གཟུགས་དང༌། ནོར་དང་ཐོས་པ་དང༌། ཚུལ་ཁྲིམས་དང༌། བཟོ་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པ་འམ། རུས་ལ་


DTG147_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འདྲ་བ་དང་མཚུངས་སོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་དེ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་ནི་མཚུངས་པ་བས་བདག་རུས་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པ་འམ། ཆེ་བ་དང་མཚུངས་སོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པ་ནི་ཆེ་བའི་ང་རྒྱལ་ལོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་ཆེ་བ་བས་ཀྱང་བདག་ཆེས་ཆེ་ལོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་བདག་ཏུ་ལྟ་བའི་རྗེས་ལས་བྱུང་བའི་སེམས་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པ་བདག་གིས་ཐོབ་པོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་ཀྱི་རློམ་སེམས་སོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་ལ་སོགས་པ་ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་བར་ལྟ་ཞིང་དེས་རློམ་སེམས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་ཡང་བདག་ཡོན་ཏན་དང་ལྡན་པར་ལྟ་ཞིང་དེས་རློམ་སེམས་པའོ། །ང་རྒྱལ་བདུན་པོ་འདི་དག་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བ་ཞེས་བྱའོ། །མ་རིག་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་མི་ཤེས་པ་མི་རྟོགས་པའི་མཚན་ཉིད་ལོང་བ་ལྟ་བུ་སྟེ། རིག་པའི་གཉེན་པོ་ནི་མ་རིག་པ་ཞེས་བྱའོ། །དགག་པ་ནི་གཉེན་པོ་ལ་གཞག་པའི་ཕྱིར། །མི་མཛའ་བ་དང་མི་བདེན་པ་ལ་སོགས་པ་བཞིན་ནོ། །མ་རིག་པ་ཉིད་ཀུན་དུ་སྦྱོར་བས་ན་མ་རིག་པའི་ཀུན་དུ་སྦྱོར་བའོ། །འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་གསུམ་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་མེད་པ་བདག་གི་མེད་པ་རྣམས་ལ། བདག་དང་བདག་གི་ཚུལ་གྱིས་ཞུགས་པ། ཉོན་མོངས་པ་ཅན་གྱི་བློ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་སོ། །དེ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་མ་ཡིན་རྟག་པ་མ་ཡིན་པ་དེ་དག་ཉིད་ལ། ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་ནི་མཐར་འཛིན་པར་ལྟ་སྟེ། མཐའ་གཉིས་སུ་ཞུགས་པའི་ཕྱིར་རོ། །ལས་མེད་དོ་ལས་ཀྱི་འབྲས་བུ་མེད་དོ། །ཐར་པ་མེད་དོ། །དེ་ཐོབ་པར་བྱེད་པའི་ལམ་ཡང་མེད་དོ་སྙམ་དུ་དེ་ལྟར་དངོས་པོ་ཡང་ཡང་དག་པར་


DTG147_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་གང་ཡིན་པ་དེ་ནི་ལོག་པར་ལྟ་བའོ། །ལྟ་བ་གསུམ་པོ་དེ་དག་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །མཆོག་ཏུ་འཛིན་པ་གཉིས་སོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ།། དེ་ལ་ལྟ་བ་མཆོག་མ་ཡིན་པ་དེ་དག་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མཆོག་མ་ཡིན་པ་རྣམས་ལ། མཆོག་སྙམ་དུ་མཆོག་འཛིན་པའི་བློའི་བྱེ་བྲག་གང་ཡིན་པ་དེ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། རྟོགས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་སྤངས་པའོ། །བརྟུལ་ཞུགས་ནི་ཁྱི་དང་རི་དགས་དང༌། བ་ལང་གི་བརྟུལ་ཞུགས་དང༌། གཅེར་བུ་དང་ཐལ་བའི་ནང་ན་ཉལ་བ་དང༌། སྐྲ་འབལ་བ་དང་འབབ་སྟེགས་སུ་འཁྲུ་བ་དང༌། འབྲས་བུ་དང་རྩ་བ་ཟ་བ་དང་རལ་བ་ཐོགས་པ་ལ་སོགས་པ་སྟེ། དག་པའི་བདག་ཉིད་མ་ཡིན་པ། དེ་གཉི་ག་ལ་དག་པར་ཡིད་ཆེས་པའི་བློའི་བྱེ་བྲག །བྲམ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལྟ་བུའི་ཆོས་གང་ཡིན་པ་དེ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཆོག་ཏུ་འཛིན་པ་གཉིས་པོ་དེ་དག་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །ཐེ་ཚོམ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་དང་ལམ་ཞེས་བྱ་བ་བདེན་པ་རྣམས་ལ་ཡིད་གཉིས་ཟ་བ། ལམ་ཁ་བྲག་དང་རྩ་མི་འདྲ་བའི་ཆོས་ཡིན་ཏེ། འདི་སྡུག་བསྔལ་ཡིན་ནམ་འདི་སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའོ། །ཐེ་ཚོམ་ཉིད་ཀུན་དུ་སྦྱོར་བས། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བའོ། །ཕྲག་དོག་ནི་ཕ་རོལ་དུ་འབྱོར་བ་ལ་མི་བཟོད་པ་སྟེ། ཕ་རོལ་པོ་ནོར་དང་ལྡན་ནམ་མཁའ་ནས་བཀུར་བ་རྣམས་ལ། སེམས་ཁོང་ནས་འཁྲུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕྲག་དོག་ཉིད་ཀུན་དུ་སྦྱོར་བས་ཕྲག་དོག་གི་ཀུན་དུ་སྦྱོར་བའོ། །དངོས་པོ་འདི་བདག་ལས་གཞན་ལ་མི་གཏོང་ངོ་སྙམ་པའི་སེམས་ཀྱིས་ཀུན་དུ་འཛིན་པ་གང་ཡིན་པ་དེ་ན་སེར་སྣ་སྟེ། དེ་ཉིད་ཀུན་དུ་སྦྱོར་བས་སེར་སྣའི་ཀུན་དུ་སྦྱོར་བའོ། །ཀུན་དུ་སྦྱོར་བའི་དོན་ནི་འཆིང་བའི་དོན་ཏེ། ཇི་སྐད་དུ་འཇིག་རྟེན་མགོན་པོས་ཀྱང༌། མིག་གཟུགས་རྣམས་ལ་ཀུན་དུ་མི་སྦྱོར་ལ། གཟུགས་རྣམས་ཀྱང་མིག་ལ་མ་ཡིན་མོད་ཀྱི། དེ་ལ་འདོད་པ་ལ་


DTG147_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་དུ་སྦྱོར་བ་སྟེ། དཔེར་ན་བ་ལང་ནག་པོ་ཡང་བ་ལང་དཀར་པོ་ལ་ཀུན་དུ་མི་སྦྱོར་ལ། བ་ལང་དཀར་པོ་ཡང་བ་ལང་ནག་པོ་ལ་མ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཀུན་དུ་སྦྱོར་བ་རྣམས་ནི་འཆིང་བའི་དོན་ཡིན་ལ། ཀུན་དུ་སྦྱོར་བ་གང་དག་ཡིན་པ་དེ་དག་འཆིང་བ་ལ་ཡང་ཡིན་མོད་ཀྱི་འོན་ཀྱང་གཙོ་བོར་གྱུར་བའི་ཕྱིར། དེ་བཞིན་གཤེགས་པས་མདོ་ལས། འདོད་ཆགས་ནི་འཆིང་བ། ཞེ་སྡང་ནི་འཆིང་བ། གཏི་མུག་ནི་འཆིང་བ་ཞེས་འཆིང་བ་གསུམ་གསུངས་ཏེ། དེ་དག་གི་མཚན་ཉིད་ནི་བཤད་ཟིན་ཏོ། །ཕྲ་རྒྱས་ནི་བདུན་ཏེ། འདོད་པ་ལ་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། སྲེད་པའི་འདོད་ཆགས་དང༌། ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་གྱི་ཕྲ་རྒྱས་སོ། །དེ་རྣམས་ཀྱི་མཚན་ཉིད་ནི་ཀུན་དུ་སྦྱོར་པ་བསམ་པའི་སྐབས་སུ་བཤད་ཟིན་ཏོ། །ཁམས་དང་ཚུལ་དང་རྣམ་པའི་བྱེ་བྲག་དེ་དབྱེ་བར་བྱའོ། །དེ་ལ་འདོད་པ་རྣམས་ལ་འདོད་ཆགས་ནི་འདོད་པའི་འདོད་ཆགས་སོ། །དེ་ཉིད་ཕྲ་རྒྱས་ཡིན་པས་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །སྡུག་བསྔལ་ལ་སོགས་པ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་ལྔ་ནི་ཁོང་ཁྲོ་བའི་ཕྲ་རྒྱས་སོ། །གཟུགས་དང་གཟུགས་མེད་པའི་འདོད་ཆགས་བཅུ་པོ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་ནི་སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །ནང་དུ་བ་ལྟས་པར་གྱུར་པ་དང་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་ཁམས་གཉིས་ནས་སྐྱེད་པའི་འདོད་ཆགས་སོ་ཞེས་བདེ་བར་གཤེགས་པས་གསུངས་སོ། །དེ་བཞིན་དུ་ཁམས་གསུམ་པའི་ང་རྒྱལ་བཅོ་ལྔ། སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་ཕྲ་རྒྱས་སོ། །མ་རིག་པའི་ཕྲ་རྒྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ཁམས་གསུམ་པའི་ལྟ་བ་སུམ་ཅུ་རྩ་དྲུག་པོ་དག་ནི་ལྟ་བའི་ཕྲ་རྒྱས་ཏེ། དེ་ལས་འདོད་པར་གཏོགས་པའི་འཇིག་ཚོགས་


DTG147_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། རྒྱུ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ལམ་མཐོང་བས་སྤང་པར་བྱ་བའི་ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་དག་ནི་ལྟ་བ་བཅུ་གཉིས་སོ། །གཟུགས་དང་གཟུགས་མེད་པ་ཡང་དེ་བཞིན་ཏེ། ལྟ་བ་སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ལྟ་བའི་ཕྲ་རྒྱས་སོ། །ཁམས་ཀྱི་ཐེ་ཚོམ་བཅུ་གཉིས་ནི། ཐེ་ཚོམ་གྱི་ཕྲ་རྒྱས་ཏེ། དེ་ལ་འདོད་པར་གཏོགས་པ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་བཞི་དང༌། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་དག་གོ །འདོད་པ་ལ་འདོད་ཆགས་དང༌། ཁོང་ཁྲོ་བའི་ཕྲ་རྒྱས་དག་ནི་རྣམ་པ་ཐ་དད་པ་ཉིད་དེ། ཁམས་ཀྱིས་མ་ཡིན་ཚུལ་གྱིས་མ་ཡིན་ནོ། །སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ན། ཁམས་དང་རྣམ་པ་སྟེ་ཚུལ་གྱིས་མ་ཡིན་ནོ། །ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་གྱི་ཕྲ་རྒྱས་ཀྱང་ཁམས་དང་རྣམ་པ་སྟེ་ཚུལ་གྱིས་མ་ཡིན་ནོ། །ལྟ་བའི་ཕྲ་རྒྱས་ནི་ཁམས་དང་རྣམ་པ་དང་ཚུལ་གྱི་བྱེ་བྲག་གིས་ཐ་དད་དོ། །དེ་ལ་ལྟ་བ་རྣམས་ཀྱི་ཁམས་དང་རྣམ་པའི་བྱེ་བྲག་ནི་བཤད་ཟིན་ཏོ། །ཚུལ་གྱི་བྱེ་བྲག་ནི་མ་བཤད་དེ་དེ་བརྗོད་པར་བྱའོ། །དེ་ལ་བདག་དང་བདག་གི་ཚུལ་གྱིས་ཞུགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ནི་མཐར་འཛིན་པར་ལྟ་བའོ། །མེད་པའི་ཚུལ་གྱིས་ལྟ་བ་ནི་ལོག་པར་ལྟ་བའོ། །མཆོག་གི་ཚུལ་གྱིས་ཞུགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པའི་ཚུལ་གྱིས་ཞུགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཕྲ་རྒྱས་ནི་དོན་ནི་ཕྲ་བའི་དོན་ཏོ། །ཡང་ན་ལུས་དང་སེམས་ཀྱི་རྒྱུན་གྱི་རྗེས་སུ་བསྙགས་པ་སྟེ། ཆུ་ན་རྒྱུ་བས་ནམ་མཁའ་ལ་རྒྱུ་བའི་གྲིབ་མ་བསྙགས་པ་ལྟ་བུའི་ཕྱིར་ཕྲ་རྒྱས་སོ། །ཡང་ན་རྗེས་སུ་ཞུགས་པ་སྟེ་ཏིལ་རྣམས་ཏིལ་མར་ལྟ་བུའི་ཕྱིར་ཕྲ་རྒྱས་སོ།།


DTG147_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་དམིགས་པ་དང་ལྡན་པ་གཉིས་ཀྱིས་རྒྱས་པར་འགྱུར་བས་ཕྲ་རྒྱས་སོ། །ཅིའི་ཕྱིར་རྒྱས་པར་འགྱུར་ཞེས་བྱ་ཞེ་ན། དམིགས་པ་དང་ལྡན་པ་གཉིས་ཀྱིས་བརྟག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཕྲ་རྒྱས་བདུན་པོ། ཁམས་དང་ཚུལ་དང༌། རྣམ་པའི་བྱེ་བྲག་གིས་ཐ་དད་པ་དེ་དག་བརྒྱད་ཅུ་རྩ་བརྒྱད་དུ་འགྱུར་ཏེ། འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པའོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། དེ་དག་གི་ནང་ནས་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་རྣམས་སོ། །འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་ཏེ་དེ་དག་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དེ་བདུན་པོ་དེ་དག་ཉིད་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །བསྒོམ་པས་སྤང་བར་བྱ་བ་བཞི་སྟེ། ལྟ་བ་རྣམས་དང༌། ཐེ་ཚོམ་མ་གཏོགས་སོ། །དེ་ལྟར་དེ་དག་ནི་འདོད་པར་གཏོགས་པའི་ཕྲ་རྒྱས་སུམ་ཅུ་རྩ་དྲུག་གོ །གཟུགས་ཀྱི་ཁམས་རྣམས་ན་ནི་དེ་དག་ཉིད་ལས་ཁོང་ཁྲོ་བ་ལྔ་མ་གཏོགས་སོ། །གཟུགས་མེད་པ་རྣམས་ན་ཡང་དེ་བཞིན་ཏེ། དེ་དག་ནི་དགུ་བཅུ་རྩ་བརྒྱད་ཡིན་ནོ། །དེ་ལ་དེ་དག་གཅིག་ཏུ་བསྡུས་ན་བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱ་བའོ། །བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ། །ཁམས་ཁམས་ཀྱི་སྡུག་བསྔལ་དང་རྒྱུ་མཐོང་བས་སྤང་བར་ཕྱ་བའི་ལྟ་བ་དང༌། ཐེ་ཚོམ་དང་དགུ་དང་དེ་དང་ལྡན་པའི་མ་རིག་པ་དང༌། མ་འདྲེས་པའི་མ་རིག་པ་དང༌། དེ་དག་ནི་ཀུན་དུ་འགྲོ་བ་ཞེས་བྱའོ། །ལྷག་མ་རྣམས་ནི་ཀུན་དུ་འགྲོ་བ་མ་ཡིན་པ་ཞེས་བྱའོ། །དེ་བཞིན་དུ་འགོག་པ་དང༌། ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང༌། ཐེ་ཚོམ་དང༌། དེ་དང་ལྡན་པའི་མ་རིག་པ་དང༌། མ་འདྲེས་པའི་


DTG147_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་དང༌། དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་སྟེ། འགོག་པ་དང༌། ལམ་ལ་དམིགས་པ་དང༌། དེ་གཉིས་ཀྱང་ཟག་པ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པའོ། །དེ་ལ་གང་དག་ཟག་པ་དང་བཅས་པ་ལ་དམིགས་པ་དེ་དག་ནི་དམིགས་པ་དང་ལྡན་པ་གཉིས་ཀྱིས་རྒྱས་པར་འགྱུར་རོ། །གང་ཟག་པ་མེད་པ་ལ་དམིགས་པ་དེ་དག་ནི་ལྡན་པ་སྟེ་རང་གི་ཚོགས་རྣམས་སོ། །དེ་བཞིན་དུ་ཁམས་ཁམས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང༌། ཐེ་ཚོམ་དང་དེ་དང་ལྡན་པའི་མ་རིག་པ་དང༌། མ་རིག་པ་འབའ་ཞིག་དང༌། དེ་དག་ནི་འདུས་མ་བྱས་ལ་དམིགས་པའོ། །ལྷག་མ་རྣམས་ནི་འདུས་བྱས་ལ་དམིགས་པའོ། །དེ་དག་བྱུང་བའི་གོ་རིམས་ནི་དང་པོ་ཁོ་ནར། མ་རིག་པ་དང་ལྡན་པས་སེམས་ཅན་བདེན་པ་རྣམས་རྨོངས་ཏེ། དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དག་མི་འདོད་དོ། །དེ་གླེན་པ་རྣམས་ཡང་དག་པ་དང༌། ལོག་པའི་ཕྱོགས་གཉིས་ཐོས་ནས་འདི་སྡུག་བསྔལ་ཡིན་ནམ། །སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་སྐྱེའོ། །དེ་ནས་དམ་པའི་བློས་དམ་པ་མ་ཡིན་པ་དང༌། བསྙེན་ནས་ལོག་པར་ཐོས་པ་དང༌། ལོག་པར་སེམས་པས་ལོག་པར་ངེས་པར་འབྱུང་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་སྙམ་པ་ལ་སོགས་པའོ། །དེ་ནས་ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ་དེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྡུག་བསྔལ་བསལ་བར་བདག་ཏུ་མངོན་བར་ཞེན་ཏོ། །དེ་ལས་མཐར་འཛིན་བར་ལྟ་བ་འབྱུང་སྟེ། དེས་བདག་ཆད་པ་འམ་རྟག་པར་མཐའ་གཉིས་བཟུང་བའི་ཕྱིར་རོ། །མཐར་འཛིན་པ་ལས་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་འབྱུང་ངོ༌། །མཐར་འཛིན་པ་གང་ཡིན་པ་དེ་ཉིད་ཀྱིས་དག་པར་ཡིད་ཆེས་སོ། །དེ་ལས་ཀྱང་ལྟ་བ་མཆོག་ཏུ་འཛིན་པ་འབྱུང་ངོ༌། །གང་གིས་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་ཏོ། །དེའི་འོག་ཏུ་རང་གི་ལྟ་བ་ལ་འདོད་ཆགས་སྐྱེའོ། །ལྟ་བ་དེ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཕ་རོལ་གྱི་ལྟ་བ་ལ་འམ། རང་གི་རྒྱུད་ཀྱིས་སྔོན་བཟུང་བ་ལས་བཏང་བ་དག་ལ་ཞེ་སྡང་སྐྱེས་ཏེ། དེ་དག་གི་གོ་རིམས་ནི་དེ་


DTG147_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའོ། །ཉོན་མོངས་པ་རེ་རེ་ཡང་རྒྱུ་གསུམ་གསུམ་ལས་སྐྱེས་ཏེ། གལ་ཏེ་ཕྲ་རྒྱས་མ་སྤངས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཡུལ་ཉེ་བར་གནས་པར་གྱུར་ན། རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་དེ་དག་ལས་ཉོན་མོངས་པ་སྐྱེའོ། །དེ་དག་ནི་ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་རྣམས་ཞེས་བྱ་སྟེ། ཉོན་མོངས་པ་རྣམས་གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ནོ། །གང་དག་དེ་རྣམས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདུ་བྱེད་ཀྱི་ཕུང་པོར་བསྡུས་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཉིད་དོ། །དེ་དག་ཀྱང་གང་ཞེ་ན་སྒྱུ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། དུས་ཆེ་བ་དང༌། ཁོན་དུ་འཛིན་པ་དང༌། གཡོ་ལ་སོགས་པ་རྣམ་པ་དུ་མ་རྒྱུད་ལས་འབྱུང་བ་རྣམས་སོ། །དེ་ལ་སྒྱུ་ནི་ཕ་རོལ་ལ་སླུ་བའོ། །རྒྱགས་པ་ནི་གཟུགས་དང་ལང་ཚོ་དང༌། རིགས་དང་ཚུལ་ཁྲིམས་དང་མང་དུ་ཐོས་པ་ལ་སོགས་པ་རང་གི་ཆོས་རྣམས་ལ་ཆགས་ཏེ། གཞན་ལ་མི་ལྟོས་པར་སེམས་ཡོངས་སུ་གཏུགས་པའོ། །རྣམ་པར་འཚེ་བ་ནི་ལག་པ་དང་བོང་པ་དང་དབྱིག་པས་བརྡེག་པ་དང༌། ཚིག་རྩུབ་པོས་ཕ་རོལ་ལ་རྣམ་པར་ཐོ་འཚམས་པའོ། །དུས་ཆེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་མང་དུ་འཛིན་པ་སྟེ། དེའི་དབང་གིས་རིགས་པར་བསྒོ་བ་མི་འཛིན་པའོ། །ཁོན་དུ་འཛིན་པ་ནི་ཀུན་དུ་མནར་སེམས་ཀྱི་དངོས་པོ་མང་དུ་བྱེད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ། དེའི་དབང་གིས་གཞན་ནས་གཞན་བརྒྱུད་ཅིང་གུང་དུ་འདྲེན་ཏེ་གསལ་བར་མི་རྟོགས་པར་བྱེད་པའོ། །དེ་ལ་དེ་དག་གི་ནང་ནས་སྒྱུ་དང་རྒྱགས་པ་གཉིས་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པས་འདོད་ཆགས་ཀྱི་རྗེས་སུ་འགྲོ་བ་སྟེ། འདོད་ཆགས་ཀྱི་རིགས་ལ་རྟེན་ཅེས་བྱ་བའི་ཐ་ཚིག་གོ །ཁོན་དུ་འཛིན་པ་དང་རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་རྗེས་སུ་འགྲོ་བའོ། །དུས་ཆེ་བ་ནི་ལྟ་བ་བསྙེམས་པའི་རྒྱུ་མཐུན་པའོ། །གཡོ་ནི་ལོག་པར་ལྟ་བའི་རྒྱུ་མཐུན་པ་སྟེ་གྱ་གྱུ་བ་ཇི་ལྟ་བུ་ཞེ་ན། སྡིག་པ་ཅན་གྱི་ལྟ་བའོ་ཞེས་ཚིགས་སུ་བཅད་པ་ལས་འབྱུང་ངོ༌། །ཀུན་ནས་དཀྲིས་ཏེ་འདུག་པ་ནི་བཅུ་སྟེ། རྨུགས་པ་དང༌། གཉིད་


DTG147_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང་འཆབ་པའོ། །དེ་ལ་རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་སྟེ། སློང་བ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་ནི་ལུས་དང་སེམས་འཛིན་མི་ནུས་པ་དང༌། སེམས་སྡུད་པ་སྟེ་དེ་ཡང་ཉོན་མོངས་པ་ཅན་ཉིད་ཡིན་པས་ཀུན་ནས་དཀྲིས་ཏེ་འདུག་པའོ། །རྒོད་པ་ནི་སེམས་མ་ཞི་བའོ། །ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ། །འདིར་ནི་དེ་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ་ཡིད་ལ་གཅགས་ཞེས་བྱ་བའི་ཐ་ཚིག་གོ ། རྒྱུ་ལ་འབྲས་བུ་བཏགས་ཏེ་དཔེར་ན་མི་སྡུག་པ་ལ་དམིགས་པའི་ཆོས་ལ་མི་སྡུག་ཅེས་བྱ་བ་ལྟ་བུའོ། །འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ། དཔེར་ན་གྲོང་ཐམས་ཅད་ལྷགས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཉོན་མོངས་པ་ཅན་ཉིད་ཀུན་ནས་དཀྲིས་ཏེ་འདུག་པའོ། །ཕྲག་དོག་དང་སེར་སྣའི་མཚན་ཉིད་ནི་བཤད་ཟིན་ཏོ། །ངོ་ཚ་མེད་པ་ནི་ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་མི་གུས་པ་སྟེ། གུས་པའི་གཉེན་པོའི་ཆོས་སོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ། །ཁ་ན་མ་ཐོ་བ་ནི་གང་དམ་པ་རྣམས་ཀྱིས་སྨད་པ་ངན་སོང་དུ་འགྲོ་བའོ། །ཁྲོ་བ་ནི་ཞེ་སྡང་དང་རྣམ་པར་འཚེ་བ་མ་གཏོགས་ཏེ། སེམས་ཅན་དང༌། སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བས་མཁྱུད་པའོ། །སེམས་ལས་ཀུན་ནས་དཀྲིས་ཏེ་གནས་པས་ཀུན་ནས་དཀྲིས་ཏེ་འདུག་པ་རྣམས་སོ། །དེ་དག་ལ་རྨུགས་པ་དང་གཉིད་དང་ཁྲེལ་མེད་པ་ནི་མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་ལས་བྱུང་བའོ། །ངོ་ཚ་མེད་པ་དང༌། རྒོད་པ་དང༌། སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁྲོ་བ་དང་ཕྲག་དོག་ནི་ཁོང་ཁྲོ་བ་ལས་བྱུང་བའོ། །འཆབ་པ་ནི་སྲེད་པ་དང་མ་རིག་པའི་རྒྱུ་མཐུན་པའོ། །དྲི་མ་རྣམ་པ་བཅུ་པོ་དེ་དག་རྣམས་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཕྲ་སྟེ། དེ་རྒྱུན་དུ་འབབ་པ་ཡང་བྱེ་བྲག་ཕྱེད་པར་མི་ནུས་ན་སྐད་ཅིག་རྣམས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་


DTG147_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ནི་དེའི་འབྲས་བུའི་ཁྱད་པར་མཐོང་བས། དེ་དག་གི་རིགས་གཞན་སྐྱོན་མེད་པས་རྟོགས་ཀྱི། བདེ་བར་གཤེགས་པའི་གསུང་རབ་འཆད་པའི་སློབ་དཔོན་ལ་བསྙེན་བཀུར་མ་བྱས་པ་འཁྲུལ་པའི་བློ་གྲོས་ཅན་དག་གིས་ནི་མ་ཡིན་ནོ། །ཟག་པ་ནི་གསུམ་སྟེ་འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །དེ་ལ་འདོད་པ་ན་སྤྱོད་པའི་མ་རིག་པ་མ་གཏོགས་པ་གཞན་འདོད་པར་གཏོགས་པའི། ཉོན་མོངས་པ་ཀུན་ནས་དཀྲིས་ཏེ་འདུག་པ་དང་བཅས་པ་རྫས་བཞི་བཅུ་རྩ་གཅིག་པོ་གང་ཡིན་པ་འདི་ནི་འདོད་པའི་ཟག་པ་སྟེ་མ་རིག་པ་ལྔ་མ་གཏོགས་པ། ཕྲ་རྒྱས་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་ཏེ་འདུག་པ་བཅུའོ། །གཟུགས་དང་གཟུགས་མེད་པའི་མ་རིག་པ་མ་གཏོགས་པའི་ཕྲ་རྒྱས་ཀུན་ནས་དཀྲིས་ཏེ་འདུག་པ་དང་བཅས་པས་རྫས་ལྔ་བཅུ་རྩ་བཞི་ནི། སྲིད་པའི་ཟག་པ་སྟེ། གཟུགས་སུ་གཏོགས་པའི་ཕྲ་རྒྱས་ཉི་ཤུ་རྩ་དྲུག་དང༌། དེ་བཞིན་དུ་གཟུགས་མེད་པའི་དང༌། རྨུགས་པ་དང་རྒོད་པའོ། །ལུང་དུ་མི་སྟོན་པར་མཚུངས་པ་དང་ནང་དུ་བལྟས་པར་གྱུར་པ་དང༌། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་ཁམས་གཉིས་ནས་སྐྱེས་པ་གཅིག་ཏུ་བསྡུས་སོ། །ཁམས་གསུམ་པའི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པའོ། །ཁམས་གསུམ་དུ་འཇོག་སྟེ་མྱ་ངན་ལས་འདའ་བའི་བར་ཆད་བྱེད་པའི་ཕྱིར་ཟག་པ་དང༌། སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དག་ཏུ་སྐྱེ་མཆེད་དྲུག་གི་སྒོ་ནས་ཟག་པས་ཟག་པའོ། །ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོའོ། །དེ་ལ་འདོད་པའི་ཟག་པ་ཉིད་ལས་ལྟ་བའི་རྣམས་བཏོན་ཏེ། རྫས་ཉི་ཤུ་རྩ་དགུ་ནི་འདོད་པའི་ཆུ་བོའོ། །སྲིད་པའི་ཟག་པ་ཉིད་ལས་ལྟ་བ་རྣམས་མ་གཏོགས་པ་རྫས་སུམ་ཅུ་ནི་སྲེད་པའི་ཆུ་བོའོ། ཁམས་གསུམ་པའི་ལྟ་བ་རྫས་སུམ་ཅུ་རྩ་དྲུག་ནི་ལྟ་བའི་ཆུ་བོའོ། །དེ་དག་མ་ཡིན་པའི་ལྟ་བ་ཉོན་མོངས་པ་གཞན་དང་ལྡན་པ་རྣམས་དང༌། ཁམས་གསུམ་པའི་མ་རིག་པ་མ་འདྲེས་པ་རྫས་བརྒྱ་རྩ་བརྒྱད་པོ་དེ་དག་ནི་མ་རིག་པའི་ཆུ་བོའོ། །དགེ་བ་ལས་སེམས་ཅན་རྣམས་དེད་པས་


DTG147_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་སྟེ་ཆུའི་ཆུ་བོ་ལྟ་བུའོ། །སྦྱོར་བ་རྣམས་ཀྱང་ཚུལ་འདི་དང་འདྲ་སྟེ། ངེས་པའི་ཚིག་ཏུ་ན་སེམས་ཅན་ཆུ་བོས་བདས་པ་རྣམས། ཁམས་དང་འགྲོ་བ་དང༌། སྐྱེ་གནས་དང༌། ས་རྣམས་སུ་སྦྱོར་བར་བྱེད་པས་སྦྱོར་བ་སྟེ་སྡུག་བསྔལ་རྣམ་པ་སྣ་ཚོགས་དག་ལ་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ལེན་པ་ནི་བཞི་སྟེ། འདོད་པའི་ལེན་པ་དང༌། ལྟ་བའི་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང༌། བདག་ཏུ་སྨྲ་བའི་ལེན་པའོ། །དེ་ལ་འདོད་པའི་ཆུ་བོ་ཉིད་ཀྱི་སྟེང་དུ། མ་རིག་པ་བསྣན་ཏེ་རྫས་སུམ་ཅུ་རྩ་བཞི་ནི་འདོད་པའི་ལེན་པ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་ཉི་ཤུ་དང༌། ཐེ་ཚོམ་བཞི་དང༌། ཀུན་ནས་དཀྲིས་ཏེ་འདུག་པ་བཅུའོ། །སྲིད་པའི་ཆུ་བོ་ཉིད་ཀྱི་སྟེང་དུ་མ་རིག་པས་བསྣན་ཏེ། རྫས་བཞི་བཅུ་ནི་བདག་ཏུ་སྨྲ་བའི་ལེན་པ་སྟེ། ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་དང༌། ང་རྒྱལ་དང་མ་རིག་པ་སུམ་ཅུ་དང༌། ཐེ་ཚོམ་བརྒྱད་དང༌། རྨུགས་པ་དང༌། རྒོད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་ཁམས་གསུམ་པའི་ལྟ་བའི་རྫས་སུམ་ཅུ་ནི་ལྟ་བའི་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པའོ། །དེ་ནི་ལམ་གྱི་དགྲར་གྱུར་པ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་སླུ་བའི་ཕྱིར་ལྟ་བ་རྣམས་ལས་ལོགས་ཤིག་ཏུ་བཤད་དོ། །འདི་ལྟར་ཁྱིམ་པ་རྣམས་ལ་འདིས་སླུ་བ་ནི་ཟས་མི་ཟ་བ་དང་འབབ་སྟེགས་སུ་འཁྲུ་བ་དང། རི་ཁ་ནས་གཡང་དུ་མཆོང་བ་ལ་སོགས་པས་མཐོ་རིས་སུ་ར་བའོ། །རབ་ཏུ་བྱུང་བ་རྣམས་ནི་ཡིད་དུ་འོང་བའི་ཡུལ་ཡོངས་སུ་སྤོང་བ་དང༌། ཆོས་འདི་ལ་ཞུགས་པ་ཡང་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པས་དག་པར་རྟོགས་པའོ། །ལེན་པའི་དོན་ནི་ཤིང་གི་དོན་ཏེ་ལས་ཀྱི་མེ་འབར་བའི་རྒྱུན་སྐྱེད་པའི་ཕྱིར་རོ། །དཔེར་ན་ཤིང་གི་རྒྱུས་མེ་འབར་བ་དེ་བཞིན་དུ་ཉོན་མོངས་པའི་ཤིང་གི་རྒྱུས་ལས་ཀྱི་མེ་འབར་རོ། །ཡང་ན་འཁྲི་བའི་དོན་ཏེ་དར་གྱི་སྲིན་བུས་དཀྲིས་པ་བཞིན་ནོ། །མདུད་པ་ནི་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང༌། གནོད་སེམས་ལུས་ཀྱི་མདུད་


DTG147_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང༌། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པའོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་ལྔ་ནི་དང་པོའོ། །ཁོང་ཁྲོ་བ་ལྔ་ནི་གཉིས་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་གསུམ་པའོ། །ལྟ་བ་མཆོག་ཏུ་འཛིན་པ་རྫས་བཅུ་གཉིས་ནི་བཞི་པའོ། །བཞི་པོ་དེ་དག་ནི་རྫས་ཉི་ཤུ་བརྒྱད་དོ། །ལུས་ཐ་དད་པ་སྣ་ཚོགས་སུ་མདུད་པར་བྱེད་པས་མདུད་པ་སྟེ། འཆིང་ངོ་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །སྒྲིབ་པ་ནི་ལྔ་སྟེ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་མོ། །འདོད་པ་ན་སྤྱོད་པའི་སྲེད་པ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་ལྔ་ནི་དང་པོའོ། །ཁོང་ཁྲོ་བ་ལྔ་ནི་གཉིས་པའོ། །རྨུགས་པ་དང་གཉིད་གཅིག་ཏུ་བསྡུས་པ་ནི་གསུམ་པ་སྟེ། དེ་དག་གི་མཚན་ཉིད་ནི་བཤད་ཟིན་ཏོ། །རྒོད་པ་དང་འགྱོད་པ་གཅིག་ཏུ་བསྡུས་པ་ནི་བཞི་པ་སྟེ། དེ་དག་གི་མཚན་ཉིད་ཀྱང་བཤད་ཟིན་ཏོ། །འདོད་པ་ན་སྤྱོད་པའི་ཐེ་ཚོམ་ནི་ལྔ་པའོ། །དེ་ལྟར་སྤྱིར་བསྡོམས་ན་རྫས་བཅོ་བརྒྱད་དོ། །འཕགས་པའི་ལམ་དང༌། གནས་དང༌། འདོད་ཆགས་དང་བྲལ་བ་དང༌། དེ་ལ་སྦྱོར་བ་དགེ་བའི་རྩ་བ་རྣམས་ལ་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་ཏེ་བར་དུ་གཅོད་པའི་ཐ་ཚིག་གོ །དེ་དང་དེ་ནས་ཁམས་དང༌། འགྲོ་བ་དང་སྐྱེ་གནས་དང༌། སའི་བྱེ་བྲག་བཤད་པའི་ཁམས་དེ་གང་ཡིན་པ་དང༌། འགྲོ་བ་དང་སྐྱེ་གནས་དང་ས་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །དེ་ལ་ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སོ། །འདོད་པའི་ཁམས་ན་གནས་རྣམ་པ་ཉི་ཤུ་ལ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དེ། །ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། དུ་འབོད་དང༌། དུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པའོ།།


DTG147_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འགྲོ་དང༌། ཡི་དགས་དང༌། གླིང་བཞི་སྟེ། འཛམ་བུ་གླིང་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་ནོ། །འདོད་པ་ལ་སྤྱོད་པའི་ལྷ་དྲུག་སྟེ། རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་སོ། །དེ་ཡན་ཆད་གཟུགས་ཀྱི་ཁམས་ཏེ། གནས་རྣམ་པ་བཅུ་དྲུག་གོ །དེ་ལ་བསམ་གཏན་དང་པོ་ལ་གནས་རྣམ་པ་གཉིས་ཏེ། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་ནོ། །གཉིས་པ་ལ་གསུམ་སྟེ། འོད་ཆུང་དང། ཚད་མེད་འོད་དང༌། འོད་གསལ་ལོ། །གསུམ་པ་ལ་ཡང་གསུམ་སྟེ། དགེ་ཆུང༌། ཚད་མེད་དགེ་དང༌། དགེ་རྒྱས་སོ། །བཞི་པ་ལ་གནས་པ་བརྒྱད་དེ། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། མི་ཆེ་དང༌། མི་གདུང་དང༌། གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང༌། འོག་མིན་རྣམས་སོ། །ཚངས་ཆེན་ནི་འདུ་ཤེས་མེད་པའི་སེམས་ཅན་བཞིན་དུ་ས་གཞན་མེད་དོ། །གཟུགས་མེད་པའི་ཁམས་ནི་ལྟག་འོག་གི་རིམ་པ་མེད་དེ། དེ་བས་ན་འདི་དག་གནས་མེད་པ་ཉིད་དོ། །སྐྱེ་བ་ནི་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །ཁམས་གསུམ་པོ་འདི་རྣམས་ལ། འགྲོ་བ་ལྔ་དག་རྣམ་པར་གཞག་སྟེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང་མི་ཞེས་བྱ་བ་རྣམས་སོ། །སྐྱེ་གནས་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་ཞེས་བྱ་བ་རྣམས་སོ། །ས་ནི་བཅུ་གཅིག་སྟེ། འདོད་པའི་ཁམས་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་དང་པོ་དང༌། བསམ་གཏན་ཁྱད་པར་ཅན་དང༌། གཉིས་པ་དང༌། གསུམ་པ་དང༌། བསམ་གཏན་བཞི་པ་རྣམས་དང༌། གཟུགས་མེད་པ་བཞི་རྣམས་སོ། །དེ་ལ་འདོད་པའི་ཁམས་དང༌། སྲིད་པའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའོ། །ལྷག་མ་རྣམས་ནི་


DTG147_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །སྐབས་སུ་བཤད་པ་རྫོགས་ཏེ་དཀྱུས་མ་ལ་བབ་པོ། །ཤེས་པ་རྣམས་ཞེས་བྱ་བ་ནི་ཤེས་པ་བཅུ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པའི་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟག་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །དེ་ལ་འདོད་པར་གཏོགས་པའི་འདུ་བྱེད་རྣམས་དང༌། དེའི་རྒྱུ་དང༌། འགོག་པ་དང༌། སྤོང་བ་དང༌། སྦྱོར་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་རྣམས་དང༌། ཆོས་ཤེས་པའི་ས་ལ་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་ཆོས་ཤེས་པ་སྟེ། ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ན། རྟག་ཏུ་བདག་གི་ཆུ་སྲིན་འཛིན་ཁྲིས་ཟིན་པའི་རྒྱུད་ཅན་གྱིས་དེ་ཐོག་མ་ཁོ་ནར་ཆོས་ཙམ་དུ་མཐོང་བའི་ཕྱིར་ཆོས་ཤེས་པ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པར་གཏོགས་པའི་འདུ་བྱེད་རྣམས་དང༌། དེའི་རྒྱུ་དང༌། འགོག་པ་དང༌། སྤོང་བ་དང༌། སྦྱོར་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་རྣམས་དང༌། རྗེས་སུ་རྟོགས་པའི་ཤེས་པའི་ས་ལ་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་རྗེས་སུ་རྟོགས་པའི་ཤེས་པ་སྟེ། ཆོས་ཤེས་པའི་རྗེས་ལས་སྐྱེ་བས་རྗེས་སུ་རྟོགས་པའི་ཤེས་པའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་པ་གང་གིས་གཞན་དག་སེམས་དང་སེམས་ལས་བྱུང་བ་ད་ལྟར་བྱུང་བ་ཤེས་པ་དང་འདྲ་བ་འདོད་པ་དང༌། གཟུགས་སུ་གཏོགས་པ་རྣམས་དང༌། ཟག་པ་མེད་པ་ཁ་ཅིག་ཤེས་པ་གང་ཡིན་པ་དེ་ནི་ཕ་རོལ་གྱི་སེམས་ཤེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པས་ནི་འདོད་པ་དང་གཟུགས་སུ་གཏོགས་པ་རྣམས་ཤེས་སོ། །ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ། ཆོས་ཤེས་པའི་ཕྱོགས་དང༌། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་སོ། །དེ་ལ་དང་པོ་ནི་ཆོས་ཤེས་པ་དང༌། ལྷན་ཅིག་རྒྱུ་བ་ཤེས་སོ། །འོག་མས་ནི་རྗེས་སུ་རྟོགས་པ་ཤེས་པ་དང་ལྷན་ཅིག་རྒྱུ་བ་ཤེས་སོ། །གཟུགས་དང་མི་ལྡན་པ་རྣམས་དང༌། འདུས་མ་བྱས་དང༌།


DTG147_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་མ་བྱོན་པ་དང་གཟུགས་མེད་པར་གཏོགས་པ་རྣམས་དང༌། ས་དང་དབང་པོ་དང༌། གང་ཟག་མཆོག་རྣམས་ཀྱི་ནི་མི་ཤེས་སོ། །ཀུན་རྫོབ་ཤེས་པ་ནི་ཤེས་རབ་ཟག་པ་དང་བཅས་པ་སྟེ། ཀུན་རྫོབ་ནི་ཕལ་ཆེར་བུམ་པ་དང༌། སྣམ་བུ་ལ་སོགས་པ་ལ་འཇུག་པས་ཀུན་རྫོབ་ཤེས་པའོ། །དེ་ཡང་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ། །ཉོན་མོངས་པ་ཅན་དེ་ཡང་རྣམ་པ་གཉིས་ཏེ། ལྟ་བའི་བདག་ཉིད་དང༌། ལྟ་བའི་བདག་ཉིད་མ་ཡིན་པའོ། །ལྟ་བའི་བདག་ཉིད་ནི་ལྟ་བ་ལྔ་པོ་རྣམས་ཏེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་རྣམས་སོ། །ལྟ་བའི་བདག་ཉིད་མ་ཡིན་པ་ནི། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཁྲོ་བ་ལ་སོགས་པའི་ཚོགས་དང་ལྡན་པའི་ཤེས་རབ་པོ། །ཉོན་མོངས་པ་ཅན་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའོ། །དེ་ལ་ལུང་དུ་མི་སྟོན་པ་ནི་ལྟ་བ་མ་ཡིན་གྱི་ཤེས་རབ་ཉིད་དོ། །དགེ་བ་ནི་གང་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་རྒྱུ་བ་དེ་ནི་ཤེས་རབ་ཀྱི་ཡིན་གྱི་ལྟ་བ་མ་ཡིན་ཏེ་མི་རྟོགས་པའི་ཕྱིར་རོ། །ཡིད་ཀྱི་ས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འབྲས་བུར་གྱུར་པ་རྣམས་ལ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པའི་རྣམ་པས་ཞུགས་པའི་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཤེས་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྒྱུར་གྱུར་པ། ལས་དང་ཉོན་མོངས་པ་ལྷན་ཅིག་རྒྱུ་བ་དེ་དག་ཉིད་ལ། རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པར་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཞེས་པའོ། །དེ་དག་འགོག་པ་ལ་འགོག་པ་དང༌། ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་ཤེས་པའོ། །དེ་དག་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ལ། ལམ་དང་རིགས་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པའི་རྣམ་པར་ཤེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་ལམ་ཤེས་


DTG147_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་བ་སྤངས་སོ། །འགོག་པ་མངོན་སུམ་དུ་བྱས་སོ། །བདག་གིས་ལམ་བསྒོམས་སོ་སྙམ་དུ་དེ་ལྟར་ཟད་པའི་ཚུལ་གྱིས་ཞུགས་པའི་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པའོ། །དེ་དག་ཉིད་གོ་རིམས་བཞིན་སྦྱར་ཏེ། ཡང་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བ་མེད་དོ་སྙམ་དུ་དེ་ལྟར་མི་སྐྱེ་བའི་ཚུལ་གྱིས་ཞུགས་ཞེས་པ་དྲི་མ་མེད་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པའོ། །ཤེས་པ་འདི་གཉིས་རྟོགས་པ་མ་ཡིན་པས་ལྟ་བའི་བདག་ཉིད་མ་ཡིན་ནོ། །ལྷག་མ་གཞན་ནི་ལྟ་བའི་བདག་ཉིད་དུ་འགྲུབ་པོ། །དེ་རྣམས་ཀྱི་ནང་ནས་ཀུན་རྫོབ་ཤེས་པ་ནི་གཅིག་ཏུ་ཟབ་པ་དང་བཅས་པའོ། །གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །ལྷག་མ་རྣམས་ནི་ཟག་པ་མེད་པ་ཁོ་ནའོ། །ཕ་རོལ་གྱི་སེམས་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། ལམ་ཤེས་པ་བཞི་པོ་འདི་དག་ནི་འདུས་བྱས་ལ་དམིགས་པའོ། །འགོག་པ་ཤེས་པ་ནི་འདུས་མ་བྱས་ལ་དམིགས་པའོ། །ལྷག་མ་རྣམས་ནི་གཉི་ག་ལ་དམིགས་པའོ། །དེ་དག་ནི་ནང་ནས་སྡུག་བསྔལ་དང༌། ཀུན་འབྱུང་བ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་དང་བཅས་པའོ། །འགོག་པ་དང་ལམ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་མེད་པའོ། །ལྷག་མ་རྣམས་ཀྱི་སྤྱོད་ཡུལ་ནི་གཉི་གའོ། །ཆོས་ཤེས་པ་ས་དྲུག་ལ་སྟེ། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་པོ་རྣམས་ལའོ།། རྗེས་སུ་རྟོགས་པའི་ཤེས་པ་ནི་ས་དགུ་ལ་སྟེ། ས་དྲུག་པོ་དག་ཉིད་དང༌། གཟུགས་མེད་པ་གསུམ་ལའོ། །ཕ་རོལ་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་བོ་རྣམས་ལའོ། །ལྷག་མའི་ནང་ནས་ཆོས་ཤེས་པའི་ཕྱོགས་གང་ཡིན་པ་དེ་ནི་ས་དྲུག་ལའོ། །རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་གང་ཡིན་པ་དེ་ནི་ས་དགུ་ལའོ། །ཀུན་རྫོབ་ཤེས་པ་ནི་ས་ཐམས་ཅད་ལའོ། །བཟོད་པ་ནི་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་


DTG147_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ། །དེ་ནི་ངེས་པའི་ཤེས་པ་བསྐྱེད་པའི་བློའི་བྱེ་བྲག་གོ །བདེན་པ་བཞི་ལ་བཟོད་པས་དེའི་ཕྱིར་བཟོད་པ་ཞེས་བྱའོ། །རྣམ་པ་བརྒྱད་པོ་དེ་དག་གི་ལྟ་བ་ཉིད་དེ་ཤེས་པ་ནི་མ་ཡིན་ནོ། །ངེས་པའི་དོན་ནི་ཤེས་པའི་དོན་ཏོ། །བསམ་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་དག་ཀྱང་བཟོད་པའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ནས། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པར་གཏོགས་པ་བཅུའི་རྙེད་པ་ནས་བཟུང་སྟེ་འགག་གོ །ཆོས་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །བཟོད་པ་ནི་འདིར་བར་ཆད་མེད་པའི་ལམ་མོ། །ཤེས་པ་ནི་ལམ་གྱི་རྣམ་པར་གྲོལ་བའི་ལམ་སྟེ། དཔེར་ན་མི་གཉིས་ལས་གཅིག་གིས་ནི་ཁྱིམ་ནས་རྐུན་པོ་བཟུང་སྟེ་ཕྱུང་གཅིག་གིས་ནི་སྒོ་བཅད་པ་དང་འདྲའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེས་ནས། གཟུགས་དང་གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀྱི་རྙེད་པ་ནས་བཟུང་སྟེ་འགག་གོ །རྗེས་སུ་རྟོགས་པའི་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །སེམས་བཞི་པོ་དེ་དག་གིས། ཁམས་གསུམ་པོའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་སེམས་བཞིས་མངོན་པར་རྟོགས་པ་དེ་བཞིན་དུ་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་རྣམས་ཀྱང༌། སེམས་བཞི་བཞིར་ཁོང་དུ་ཆུད་པར་བྱའོ། །སེམས་བཅུ་དྲུག་གིས་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ནས། བདེན་པ་བཞི་མངོན་པར་རྟོགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་འགྱུར་རོ། །བསྒོམ་པས་སྤོང་བར་བྱ་བ་བཅུ་ཞིག་ལུས་ཏེ། འདོད་པར་གཏོགས་པ་བཞི་དང༌། གཟུགས་སུ་གཏོགས་པ་གསུམ་དང༌། གཟུགས་མེད་པར་གཏོགས་པ་གསུམ་མོ། །དེ་ལ་རེ་ཞིག་འདོད་པར་གཏོགས་པའི་འདོད་ཆགས་དང༌། །


DTG147_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་འདམ་བུ་སྦམས་པའི་ཚུལ་དུ་བསྡུས་ནས་རིམ་པ་དགུར་ཕྱེ་སྟེ། ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆུང་ངུ་དང༌། འབྲིང་པོའི་ཆེན་པོ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆུང་ངུའོ། །དེ་དག་གི་གཉེན་པོ་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་ཡང་དེ་བཞིན་དུ་རིག་པ་དགུ་དགུར་རིག་པར་བྱའོ། །དེ་ལ་ཉེས་པའི་རྣམ་པ་ཆེན་པོའི་ཆེན་པོའི་གཉེན་པོ་ནི་འཕགས་པའི་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུ་སྟེ། དེ་བཞིན་དུ་ཉེས་པའི་རྣམ་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་ནི་ཆེན་པོའི་ཆེན་པོའི་བར་དུའོ། །དེ་ལ་ཉོན་མོངས་པའི་རྣམ་པ་དྲུག་སྤངས་ན། ལན་ཅིག་ཕྱིར་འོང་བར་འགྱུར་རོ། །དགུ་ཆར་སྤངས་ན་ཕྱིར་མི་འོང་བར་འགྱུར་རོ། །ཇི་ལྟར་འདོད་པར་གཏོགས་པའི་ཉོན་མོངས་པ་བཞི་ལ་རྣམ་པ་དགུ་སྟེ། དེ་དག་གི་གཉེན་པོ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ཡང༌། རྣམ་པ་དགུ་དགུར་འགྱུར་བ་དེ་ལྟར། སོ་སོའི་ཉེས་པ་ཡང་རྣམ་པ་དགུ་དགུ་སྟེ། དེ་དག་གི་གཉེན་པོ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཉོན་མོངས་པ་རྣམས་མཐར་གྱིས་སྤངས་པར་གནས་ཏེ། སྲིད་པའི་རྩེ་མོ་པའི་ཉེས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤངས་ན་དགྲ་བཅོམ་པར་འགྱུར་རོ། །འབྲས་བུ་བཞི་པོ་རྣམས་ཀྱི་བར་གྱི་ལམ་ལ་གནས་པ་རྣམས་ནི་ཞུགས་པ་ཞེས་བྱ་སྟེ། འབྲས་བུ་གང་དང་གང་གི་ཚུ་རོལ་གྱི་ལམ་ལ་གནས་པ་དེ་ནི་འབྲས་བུ་དེ་ལ་ཞུགས་པའོ། །དེ་ལྟར་དེ་དག་ནི་འཕགས་པའི་གང་ཟག་བརྒྱད་ཡིན་ཏེ། བཞི་ནི་ཞུགས་པའོ། །བཞི་ནི་འབྲས་བུ་ལ་གནས་པའོ། །འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པའོ། །རིགས་ཀྱི་ས་དྲུག་ཏུ་འགྱུར་ཏེ།


DTG147_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྟུལ་པོ་དང༌། རྣོན་པོའི་རིགས་ཅན་གྱི་སོ་སོའི་སྐྱེ་བ་གང་ཡིན་པ་དེ་གཉིས་མཐོང་བའི་ལམ་ལ་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་དད་པས་རྗེས་སུ་འབྲང་བ་ཅན་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་ཅན་ཞེས་བྱ་བ་གཉིས་དང༌། དེ་ཉིད་བསྒོམ་པའི་ལམ་ལ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་ཉེས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་དང༌། བར་ཆད་མེད་པའི་ལམ་གྱི་བར་དུ་སྟེ། བར་དེར་དད་པས་མོས་པ་དང༌། ལྟ་བ་ཐོབ་པ་ཞེས་བྱ་བ་གཉིས་དང༌། དེ་དག་ཉིད་ཡང་མི་སློབ་པའི་ལམ་ལ་ཟད་པ་ཤེས་པ་ནས་བཟུང་སྟེ་སེམས་ཀྱི་སྐད་ཅིག་པ་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་སྟེ། བར་དེར་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་དག་གོ །ཆོས་འདི་དང་ལྡན་པ་ཉིད་དུ་ཞེས་ངེས་པར་བསྙད་པའི་རྒྱུ་ནི་འཐོབ་པའོ། །འདི་ན་ནི་གདོན་མི་ཟ་བར་ཆོས་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པའོ། །མི་དགེ་བ་ནི་འདོད་ཆགས་ལ་སོགས་པའོ། །ལུང་དུ་མི་བསྟན་པ་ནི་སྤྲུལ་པའི་སེམས་ལ་སོགས་པའོ། །དེ་རྣམས་གང་དག་ལ་ཡོད་པ་དེ་དག་ནི་ཆོས་འདི་དང་ལྡན་པའོ། །དེའི་དངོས་པོ་ནི་ཆོས་འདི་དང་ལྡན་པ་ཉིད་དོ། །དེའི་ངེས་པར་བསྙད་པའི་རྒྱུའི་ཆོས་གང་ཡིན་པ་དེ་ནི་འཐོབ་པ་སྟེ། རྙེད་པ་དང་ལྡན་པ་ཞེས་ཀྱང་བྱའོ། །དེ་མེད་དུ་ཟིན་ན་འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་ཏེ་འདུག་པའི་འཕགས་པ་རྣམས་ལ་ཟག་པ་མེད་པའི་སེམས་མེད་པས་འཕགས་པ་ཉིད་མ་ཡིན་པར་འགྱུར་རོ། །བྱིས་པ་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ་གནས་པ་རྣམས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །མྱ་ངན་ལས་འདས་པའི་འཐོབ་པ་མེད་པར་འདྲ་ན་ནི་བྱིས་པ་རྣམས་ཀྱང་མ་འདྲེས་པར་ཐལ་བར་འགྱུར་རོ། །ཆོས་ཀྱི་རྗེས་ཀྱང་དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་པ་དང་འཐོབ་པ་དང་ལྡན་པས་འཕགས་པར་འགྱུར་ཏེ། ཡན་ལག་ལྔ་སྤངས་པའོ་ཞེས་རྒྱ་ཆེར་གསུངས་སོ། །ཡང་དགེ་སློང་དག་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་ཡང་ལྡན་ནོ་ཞེས་གསུངས་ཏེ། སེམས་ཅན་དག་གི་སེམས་ཀྱི་རྒྱུན་ལ་དགེ་བ་དང་མི་དགེ་བའི་ཐོབ་པ་བསགས་པ་དཔག་ཏུ་མེད་པ་དག་གཟིགས་ནས། གཙོ་


DTG147_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཆོག་གིས་དགེ་སློང་དག་གང་ཟག་གིས་ཚོད་མ་བཟུང་ཞིག །གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག་ཅེས་རྒྱ་ཆེར་གསུངས་སོ། །དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། མ་ཐོབ་པ་དང༌། རྣམ་པར་ཉམས་པ་ལས་ཐོབ་པ་དང༌། ཐོབ་ནས་ལྡན་པའོ། །དེ་ལས་བཟློག་པ་ནི་འཐོབ་པ་མེད་པར་རིག་པར་བྱའོ། །འཐོབ་པ་དང༌། འཐོབ་པ་མེད་པ་དེ་གཉིས་ཀྱང༌། རང་གི་རྒྱུད་ལ་གནས་པའི་ཆོས་རྣམས་ཉིད་ཀྱིའོ། །སོ་སོ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གཉིས་ཀྱི་ཡང་ཡོད་དེ། །སུ་ཡང་གཞན་གྱི་རྒྱུ་ལ་གནས་པ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཆོས་དེ་དག་དང་ལྡན་པ་མ་ཡིན་ནོ། །ནམ་མཁའ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ཀྱི་ཐོབ་པ་དང་མ་ཐོབ་པ་མེད་དོ། །དེ་ལ་འཐོབ་པ་རྣམ་པ་གསུམ་སྟེ། གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་དང༌། ཁྱུ་མཆོག་རྗེས་སུ་འབྲང་བ་ལྟ་བུ་དང༌། བེའུ་རྗེས་སུ་འབྲང་བ་ལྟ་བུའོ། །དེ་ལ་དང་པོ་ནི་འདི་ལྟ་སྟེ་ལུང་དུ་མ་བསྟན་པ་རྣམས་ཀྱིའོ། །གཉིས་པ་ནི་འདི་ལྟ་སྟེ། གང་ནས་ཤི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བའི་མཚམས་སྦྱོར་བའི་དུས་དང༌། འདོད་པར་གཏོགས་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱིའོ། །གསུམ་པ་ནི་འདི་ལྟ་སྟེ། ཐོས་པ་དང་བསམ་པ་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་སྟེ། ལྷན་ཅིག་སྐྱེས་པ་མ་གཏོགས་སོ། །དེ་ལ་མདོར་བསྟན་ན། འདོད་པར་གཏོགས་པའི་དགེ་བ་དང་མི་དགེ་བའི་གཟུགས་ཀྱི་འཐོབ་པ་ནི་སྔར་སྐྱེས་པ་མེད་དོ། །ལྷན་ཅིག་སྐྱེས་པ་དང༌། ཕྱི་ནས་སྐྱེས་པ་ནི་ཡོད་དོ། །མངོན་པར་ཤེས་པ་དང༌། སྤྲུལ་པའི་སེམས་མ་གཏོགས་སོ། །བཟོའི་གནས་དང༌། སྤྱོད་ལམ་ལས་ཀྱང་ཅུང་ཟད་མ་གཏོགས་ཀྱི། གཞན་མ་བསྒྲིབས་ལ་ལུང་དུ་མི་སྟོན་པ་དང༌། བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཐམས་ཅད་ཀྱི་འཐོབ་པ་ནི། མཐུ་ཆུང་བའི་ཕྱིར་ལྷན་ཅིག་སྐྱེས་པ་ཉིད་དེ། སྔར་རམ་ཕྱི་ནས་སྐྱེ་བ་མ་ཡིན་ནོ། །ལྷག་མ་དུས་གསུམ་པ་རྣམས་ཀྱི་ནི་སོ་སོར་དུས་གསུམ་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པ་རྣམས་ཀྱི་ཡང༌། དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པ་ཉིད་དེ་གོ་རིམས་བཞིན་ནོ། །འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ནི། རང་རང་


DTG147_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁམས་སུ་གཏོགས་པ་ཉིད་དོ། །དྲི་མ་མེད་པ་ནི་ཁམས་གསུམ་པ་དང༌། ཟག་པ་མེད་པ་སྟེ་ལམ་གྱི་བདེན་པ་དང༌། འདུས་མ་བྱས་ནི་དྲི་མ་མེད་པའི་རྣམས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འཐོབ་པ་ནི་ཁམས་གསུམ་པའོ། །སོ་སོར་བརྟགས་པས་འགོག་པ་གཟུགས་དང་གཟུགས་མེད་པའི་ལམ་གྱིས་ཐོབ་པ་ནི་དེར་གཏོགས་པ་ཉིད་དོ། །ཟག་པ་མེད་པའི་ལམ་གྱིས་ཐོབ་པ་དང༌། ལམ་གྱི་བདེན་པ་ནི་ཟག་པ་མེད་པའོ། །དེ་ཡང་བསྡུ་ན་རྣམ་པ་བཞིར་འགྱུར་ཏེ། ཁམས་གསུམ་དང་ཟག་པ་མེད་པའོ། །སློབ་པ་དང་མི་སློབ་པ་རྣམས་ཀྱི་ནི་སློབ་པ་དང་མི་སློབ་པའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་རྣམ་པ་གསུམ་མོ། །ཟག་པ་དང་བཅས་པ་དང་འདུས་མ་བྱས་དག་ནི། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་སོ། །དེ་ལ་ཟག་པ་དང་བཅས་པ་རྣམས་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པ་འཇིག་རྟེན་པའི་ལམ་གྱིས་འཐོབ་པ་ནི་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །སློབ་པ་དང་མི་སློབ་པའི་ལམ་གྱིས་ཐོབ་པ་ནི་སློབ་པ་དང་མི་སློབ་པའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱའོ། །སྤང་བར་བྱ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། བསྒོམ་པས་སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པའོ། །སྤང་བར་བྱ་བ་མ་ཡིན་པའི་ཆོས་རྣམས་ནི་ལམ་གྱི་བདེན་པ་དང་འདུས་མ་བྱས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ཅིག་ཤོས་ཀྱི་ནི་བསྒོམ་པས་སྤང་བར་བྱ་བའོ། །དྲི་མ་མེད་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་པས་འགོག་པ་དང༌། ལམ་གྱི་བདེན་པའི་སྤང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །འཐོབ་པ་མེད་པ་ནི་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་མ་ཡིན་ལ། ལུང་དུ་མི་སྟོན་པ་སྟེ་དེ་བས་ན་འདི་ནི་འཐོབ་པ་བཞིན་དུ་བྱེ་བྲག་མང་དུ་མེད་དོ། །ཞིག་པ་དང་མ་སྐྱེས་པ་རྣམས་ཀྱི་ནི་དུས་གསུམ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་དུས་གཉིས་པ་སྟེ། ལྷན་ཅིག་སྐྱེས་པ་མེད་དོ། །འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ནི་སོ་སོར་ཁམས་གསུམ་པའོ། །འཐོབ་པ་མེད་པ་ལ་ནི་དྲི་མ་མེད་པ་གང་ཡང་མེད་དོ། །


DTG147_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། གང་འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་ཆོས་མངོན་པ་ལ་འབྱུང་ངོ༌། །བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ། བསམ་གཏན་བཞི་པའི་ས་པ། སེམས་དང་སེམས་ལས་བྱུང་བ། འཇུག་པ་དང་མི་མཐུན་པ་མི་ལྡན་པའི་ཆོས་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགགས་ཀྱང་འདུ་ཤེས་འཇིག་པའི་སྒོ་ནས་དེ་བསྐྱེད་པས་འདུ་ཤེས་ཉིད་དུ་སྟོན་ཏེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་ཡང་དགེ་བ་བསམ་གཏན་བཞི་པས་བསྡུས་པ། སོ་སོའི་སྐྱེ་བོའི་རྒྱུད་དེ་འཕགས་པའི་རྒྱུད་མ་ཡིན་ནོ། །འཕགས་པ་མ་ཡིན་པ་ཐར་པའི་འདུ་ཤེས་ཅན་དག་དེ་སྐྱེད་དོ། །འཕགས་པ་རྣམས་ཀྱིས་ནི་ངན་སོང་གི་གནས་ལྟ་བུར་དགོངས་སོ། །མྱོང་བར་འགྱུར་བ་ངེས་པ་དང༌། སྐྱེས་ནས་མྱོང་བར་འགྱུར་བ་ཡང་ཡིན་ནོ། །དེ་ནི་འབད་པས་འཐོབ་ཀྱི། འདོད་ཆགས་དང་བྲལ་བས་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོའི་སེམས་དང་སེམས་ལས་བྱུང་བ་འཇུག་པ་དང་མི་མཐུན་པའི་ཆོས་སོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བྱེད་པས་སྙོམས་པར་འཇུག་པའོ། །འདི་ནི་སྲིད་པའི་རྩེ་མོ་སྟེ། དགེ་བ་དང་སྐྱེས་ནས་པ་དང༌། ལན་གྲངས་གཞན་ན་མྱོང་བར་འགྱུར་བ་དང༌། མྱོང་བར་འགྱུར་བར་མ་ངེས་པ་སྟེ། འདི་ནི་བསྐྱེད་ནས་མྱ་ངན་ལས་འདའ་བར་བྱེད་ན། དེས་དེའི་རྣམ་པར་སྨིན་པ་མྱོང་བར་མི་འགྱུར་རོ། །དེའི་རྣམ་པར་སྨིན་པ་སྲིད་པའི་རྩེ་མོའི་ཕུང་པོ་བཞིར་ཡང་འགྱུར་ཏེ། དེ་ནི་འཕགས་པ་ཉིད་ཀྱི་ཡིན་གྱི། བྱིས་པ་ཡི་ནི་མ་ཡིན་ནོ། །འཕགས་པས་ནི་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་འཕགས་པའི་ལམ་གྱི་སྟོབས་ཀྱིས་འདི་བསྐྱེད་དོ། །བྱིས་པ་ལ་ནི་དེ་མེད་པ་དང་ཆད་ཀྱིས་འཇིགས་པའི་དེ་མི་སྲིད་དེ། །འཕགས་པ་ཡང་སྦྱོར་བར་འགྱུར་ཏེ། འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་འདོད་ཆགས་དང་བྲལ་བས་བརྙེས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཟག་པ་ཤེས་པ་དང་དུས་མཉམ་དུ་འདི་བརྙེས་སོ། །སངས་རྒྱས་


DTG147_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་ཐོབ་པར་བྱ་བ་ནི་སྦྱོར་བ་ཅུང་ཟད་ཀྱང་མི་དགོས་ཏེ། བཞེད་པ་ཙམ་གྱིས་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་མངོན་དུ་འགྱུར་རོ། །འདུ་ཤེས་མེད་པའི་སེམས་ཀྱི་ཁྲོད། །ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་གཅོད་པའི་ཆོས་གཞན་རྣམ་པར་སྨིན་པ་ལས་བྱུང་བ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་ནི་འདུ་ཤེས་མེད་པ་སྟེ། ལྷ་འབྲས་བུ་ཆེ་བ་ཞེས་བྱ་བ་གང་ཡིན་པ་དེ་དག་གི་ཕྱོགས་གཅིག་པ་ནི་འདུ་ཤེས་མེད་པ་སྟེ། དཔེར་ན་བསམ་གཏན་དང་པོའི་ཕྱོགས་གཅིག་ནི་བསམ་གཏན་ཁྱད་པར་ཅན་ལྟ་བུའོ། །དེར་སྐྱེས་པ་དེ་དག་ཀྱང་འཆི་འཕོ་བ་དང་སྐྱེ་བའི་དུས་ན་ནི་འདུ་ཤེས་ཡོད་དོ། །གཞན་གྱི་ཚེ་ནི་སེམས་མེད་པར་གནས་སོ། །ནམ་འཆི་འཕོ་བ་དེའི་ཚེ་ན་ཡང་ཡུན་རིང་དུ་གཉིད་ཀྱིས་ལོག་ལོག་པ་ལས་སད་པ་བཞིན་དུ། དེ་ནས་ཤི་འཕོས་ནས་འདོད་པའི་ཁམས་ཁོ་ནར་སྐྱེས་ཏེ། གཞན་དུ་ནི་མ་ཡིན་ནོ། །དེར་སྐྱེས་པ་རྣམས་ལ་འདོད་པར་གཏོགས་པའི་ལན་གྲངས་གཞན་ན་མྱོང་བར་འགྱུར་བའི་ལས་གདོན་མི་ཟ་བར་ཡོད་པའི་ཕྱིར་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་པ་རྣམས་ལ་ལྷར་སྐྱེ་བ་མྱོང་བར་འགྱུར་བའི་ལས་ཡོད་པ་ལྟ་བུའོ།། ཁམས་གསུམ་པའི་ཚེ་སྔོན་གྱི་ལས་ཀྱིས་འཕོངས་པ་སྐྱེ་མཆེད་དྲུག་གི་རྒྱུན་འབྲེལ་པ་གནས་པའི་རྒྱུར་གྱུར་པ། འགྲོ་བར་གདགས་པའི་རྒྱུ་གང་ཡིན་པ་དེ་ནི་སྲོག་གི་དབང་པོ་ཞེས་བྱའོ། །ཆོས་མངོན་པ་ལས་ཀྱང་སྲོག་གི་དབང་པོ་གང་ཞེ་ན་ཁམས་གསུམ་པའི་ཚེ་ཡིན་ནོ། །ཚིགས་སུ་བཅད་པ་ལས་ཀྱང༌། །ཚེ་དང་དྲོད་དང་རྣམ་པར་ཤེས། །དེ་དག་ནམ་ཞིག་ལུས་བོར་བ། །དེ་ཚེ་སྤངས་ནས་ཤི་བ་ནི། །དཔེར་ན་ཤིང་ལ་སེམས་མེད་བཞིན། །ཞེས་འབྱུང་ངོ༌། །མདོ་ལས་ཀྱང་རྣམ་པར་སྨིན་པ་མངོན་པར་གྲུབ་ན་སེམས་ཅན་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བའི་བར་གྱི་གྲངས་སུ་འགྲོའོ་ཞེས་འབྱུང་ངོ༌། །སྲོག་གི་དབང་པོ་མ་གཏོགས་པར་གང་སྐྱེ་བའི་རྒྱུན་མི་འཆད་པར་འགྱུར་བ་འགྲོ་བར་གདགས་པའི་རྒྱུ་ཁམས་གསུམ་ལ་ཁྱབ་པའི་དབང་པོ་གཞན་མེད་དོ། །འགྲོ་བར་གདགས་པའི་རྒྱུའི་ཆོས་མེད་


DTG147_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟིན་ན་གཟུགས་མེད་པར་སྐྱེས་པ་རྣམས། དགེ་བ་དང་བསྒྲིབས་པ་དང༌། ས་འོག་མ་པའི་ཟག་པ་མེད་པའི་སེམས་མངོན་དུ་བྱེད་པ་ན་འཆི་འཕོ་དང་སྐྱེ་བར་ཐར་བར་འགྱུར་རོ། །སྐལ་བ་མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་དོན་གཅིག་ལ་འདོད་པའི་རྒྱུའོ། །དེ་ཡང་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པའོ། །དེ་ལ་ཐ་དད་པ་མ་ཡིན་པ་ནི། སེམས་ཅན་ཐམས་ཅད་བདག་ལ་ཆགས་པ་དང༌། ཁ་ཟས་འདོད་པར་སེམས་ཅན་སོ་སོར་མཐུན་པ་གང་ཡིན་པའོ། །ཐ་དད་པ་ནི་ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང༌། རིགས་དང་བུད་མེད་དང་སྐྱེས་པ་དང༌། དགེ་སློང་དང་དགེ་བསྙེན་དང༌། སློབ་པ་དང་མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་དེ་རྣམས་ཀྱི་དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའོ། །དེ་མེད་དུ་ཟིན་ན་འཕགས་པ་དང་འཕགས་པ་མ་ཡིན་པ་དང༌། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འདྲེས་པའི་སྐྱོན་དུ་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་དང༌། །སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ལ་ཐ་དད་དུ་དབྱེ་བ་ཅི་ཡོད། འདོད་པ་མཐུན་པའི་རྒྱུ་ནི་སྐལ་བ་མཉམ་པ་ཉིད་ཅེས་བཤད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་གནོད་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །འདི་ལྟ་སྟེ་འགྲོ་བའི་གཙོ་བོས་ཀྱང༌། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་སྡིག་པ་མི་དགེ་བའི་ལས་མི་བྱེད་པ་ཅི་ཡང་མེད་དོ་ཞེས་ང་སྨྲའོ་ཞེས་གསུངས་སོ། །གཞན་ནས་ཀྱང་གལ་ཏེ་འདིར་འོང་ན་ནི། མི་རྣམས་དང་སྐལ་བ་མཉམ་པ་ཉིད་རབ་ཏུ་འཐོབ་པོ་ཞེས་རྒྱ་ཆེར་གསུངས་སོ། །སོ་སོའི་སྐྱེ་བོ་ཉིད་ལ་ནི་དེ་ལྟར་ཐོབ་པ་དང་འདོར་བ་མེད་དེ། དེ་བས་ན་དེ་བྱེ་བྲག་ཤིན་ཏུ་ཆེའོ། །སྐྱེ་བ་ནི་ཆོས་སྐྱེ་བའི་ནང་གི་ཡན་ལག་སྟེ། རང་གི་ནུས་པ་འཐོབ་པའི་རྒྱུའོ། །ཆོས་སྐྱེ་བའི་རྒྱུ་གཉིས་ཏེ། ནང་གི་ཡན་ལག་དང༌། ཕྱིའི་ཡན་ལག་གོ །དེ་ལ་ནང་གི་ཡན་ལག་ནི་སྐྱེ་བའོ། །ཕྱིའི་ཡན་ལག་ནི་རྒྱུ་དང་རྐྱེན་རྣམས་སོ། །དེ་མེད་དུ་ཟིན་ན་ཕྱིའི་ཡན་ལག་རྣམས་བསྐྱོད་ཀྱང༌། ནམ་མཁའ་བཞིན་དུ་ཆོས་སྐྱེ་བར་མི་འགྱུར་བ་ངང༌། ནམ་མཁའ་ལ་སོགས་པ་ཡང་འདུས་བྱས་སུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །གནས་པ་ནི་འབྲས་བུ་གཞན་འཕེན་པའི་དུས་ཀྱི་གནས་ཀྱི་རྒྱུ་སྟེ། ཆོས་གནས་ན་འབྲས་བུ་གཞན་འཕེན་ནུས་པར་འགྱུར་རོ། །


DTG147_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་གང་གི་དབང་གིས་འབྲས་བུ་འཕེན་པའི་ཆོས་དེ་ནི་གནས་པ་ཞེས་བྱའོ། །དེ་མེད་དུ་ཟིན་ན་འཕེན་པར་མི་འགྱུར་རོ། །དགའ་བ་ནི་འབྲས་བུ་གཉིས་པ་འཕེན་ནུས་པ་ལ་གནོད་པའི་རྒྱུའོ། །གལ་ཏེ་ཆོས་གང་འབྲས་བུ་འཕེན་ནུས་པ་དེ་ལ་གནོད་པའི་རྒྱུ་མེད་དུ་ཟིན་ན་ཆོས་དེ་འབྲས་བུ་དུ་མ་འཕེན་ནུས་པར་འགྱུར་ཏེ། དེ་ལྟ་ན་ནི་སྐད་ཅིག་པར་མི་འགྱུར་རོ། །མི་རྟག་པ་ཉིད་ནི་གནོད་པར་བྱེད་ནུས་པ་འདས་པར་བྱེད་པའི་རྒྱུ་སྟེ། ཆོས་གང་གིས་ད་ལྟར་ལས་སྤོས་ནས་འདས་པར་བྱེད་པའི་ཆོས་དེ་ནི་མི་རྟག་པ་དེ་ཉིད་ཅེས་བྱའོ། །དེ་མེད་དུ་ཟིན་ན་ཆོས་འཇིག་པ་མེད་པ་ཉིད་དུ་འགྱུར་བ་དང༌། ནམ་མཁའ་ལ་སོགས་པ་ཡང་འཇིག་པར་འགྱུར་རོ། །བཞི་པོ་དེ་དག་ནི་འདུས་བྱས་དག་གི་འདུས་བྱས་ཀྱི་མཚན་ཉིད་དོ། །ཆོས་གང་ལ་འདི་བཞི་ཡོད་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་འདུས་བྱས་ཞེས་བྱའོ། །ཇི་སྐད་དུ་འཇིག་རྟེན་གྱི་མགོན་པོས་ཀྱང༌། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་དག་གི་འདུས་བྱས་ཀྱི་མཚན་ཉིད་དེ། འདུས་བྱས་ལ་སྐྱེ་བ་དང༌། འཇིག་པ་དང༌། གནས་པ་གཞན་དུ་འགྱུར་བ་ཡང་སྣང་ངོ་ཞེས་གསུངས་པ་ལྟ་བུའོ། །གནས་པ་ནི་འདིར་འདུལ་བའི་དབང་གི་ཕྱིར་ཏེ། སྐྱེ་བ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཔལ་ཅན་མ་དང་སྣ་ནག་མ་འགྲོགས་པ་བཞིན་དུ་གནས་པ་དང༌། དགའ་བ་འགྲོགས་པར་གཅིག་ཏུ་བསྡུས་ཏེ་གནས་པ་གཞན་དུ་འགྱུར་བ་ཞེས་གསུངས་སོ། །དེ་དག་ནི་ཆོས་ཀྱི་བདག་ཉིད་དུ་གྱུར་པ་མ་ཡིན་ནོ། །གལ་ཏེ་བདག་ཉིད་དུ་གྱུར་ན་ནི། དེས་ན་ཇི་ལྟར་མཚན་ཉིད་ཀྱི་གཞི་དང༌། མཚན་ཉིད་རྣམས་ཐ་དད་པ་མ་ཡིན་པ་དེ་བཞིན་དུ། མཚན་ཉིད་རྣམས་ཀྱང་ཕན་ཚུན་ཐ་དད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་ཡང་སྐྱེ་བ་གང་ཡིན་པ་དེ་ཉིད་འཇིག་པར་འགྱུར། འཇིག་པ་གང་ཡིན་པ་དེ་ཉིད་སྐྱེ་བར་འགྱུར་བ་དང༌། ཆོས་མི་སྐྱེ་བ་ཁོ་ནར་འགྱུར་རོ། །མཚན་ཉིད་རྣམས་ཀྱི་རྗེས་སུ་མཐུན་པའི་མཚན་ཉིད་ཀྱང་བཞི་སྟེ། སྐྱེ་བའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པར་རིག་པར་བྱའོ། །འདི་ལས་ཐུག་པ་མེད་པར་ཡང་མི་འགྱུར་ཏེ། འདི་ལྟར་རྩ་བའི་མཚན་ཉིད་དག་ནི་ཆོས་བརྒྱད་པོ་དག་ལ་འཇུག་གོ །རྗེས་སུ་


DTG147_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་མཚན་ཉིད་རྣམས་ནི་རེ་རེ་ལའོ། །དེ་ལ་སྐྱེ་བ་ནི་བདག་ལ་གཏོགས་པ་ཆོས་བརྒྱད་པོ་དག་གི་ནང་གི་ཡན་ལག་རང་གི་ནུས་པའི་འཐོབ་པའི་རྒྱུ་ཡིན་ཏེ། རྩ་བའི་ཆོས་དང་མཚན་ཉིད་གསུམ་པོ་རྣམས་དང༌། རྗེས་སུ་མཐུན་པའི་མཚན་དན་མཚན་ཉིད་གསུམ་པོ་རྣམས་དང༌། རྗེས་སུ་མཐུན་པའི་མཚན་ཉིད་བཞི་པོ་རྣམས་ལའོ། །མི་རྟག་པ་ཉིད་ཀྱི་བར་དུ་དེ་བཞིན་ཏེ། བདག་མ་གཏོགས་པ་ཆོས་བརྒྱད་པོ་རྣམས་ཀྱི་རྣམ་པར་འཇིག་པའི་རྒྱུའོ། །སྐྱེ་བའི་སྐྱེ་བ་ནི་སྐྱེ་བ་ཉིད་ཀྱི་ཡིན་པ་ནས། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་ཀྱང་མི་རྟག་པ་ཉིད་ཀྱི་ཡིན་པའི་བར་དུའོ། །མཚན་ཉིད་རྣམས་ནི་རྩ་བའི་ཆོས་ལ་གནས་པའོ། །རྗེས་སུ་མཐུན་པའི་མཚན་ཉིད་དག་ནི་མཚན་ཉིད་རྣམས་ལ་གནས་སོ། །མཚན་ཉིད་རྣམས་ནི་བཤད་ཟིན་ཏོ། །ད་ནི་མིང་གི་ཚོགས་ལ་སོགས་པ་བརྗོད་པར་བྱའོ། །དེ་ལ་གང་དག་ངག་རྣམས་ལ་རག་ལས་ཏེ་སྐྱེ་བ། ཤེས་པ་བཞིན་དུ་དོན་གྱི་ཚུལ་གྱིས་གནས་ལྟ་བུའི་རྣམ་པར་རང་གི་དོན་ཁོང་དུ་ཆུད་པར་བྱེད་པ། འདུ་ཤེས་དང༌། ངག་དང༌། ཡི་གེའི་འབྲུ་ཞེས་རྣམ་གྲངས་གཞན་གྱིས་བརྗོད་པར་བྱ་བ་དེ་དག་ནི། གོ་རིམས་བཞིན་དུ་མིང་དང༌། ཚིག་དང༌། ཡི་གེ་རྣམས་ཤེས་པར་བྱའོ། །དཔེར་ན་མིག་ལ་སོགས་པ་ལ་རག་ལས་ཏེ། སྐྱེ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ། གཟུགས་ལ་སོགས་པའི་དོན་གྱི་ཚུལ་གྱིས་གནས་ལྟ་བུའི་རྣམ་པར་རང་གི་དོན་ཁོང་དུ་ཆུད་པར་བྱེད་པ་རྣམས་བཞིན་ནོ། །ངག་གི་སྒྲས་ནི་དོན་བརྗོད་པར་མི་འགྱུར་ཏེ། མེ་ཞེས་བརྗོད་པས་ཚིག་པར་གྱུར་ཏ་རེ། ངག་ཏུ་བརྗོད་པས་ནི་མེའི་མིང་བརྗོད་པ་ཡིན་ནོ། །མིག་གིས་ནི་མེའི་དོན་ཁོང་དུ་ཆུད་པར་བྱེད་དེ། དེའི་བློ་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྒྲ་ནི་ཐོགས་པ་དང་བཅས་པ་དང༌། དེ་ལས་གཞན་དུ་བརྡ་སྤྲོད་པ་པས་བརྟག་གོ་ཞེས་ཡོངས་སུ་བརྟགས་པ་ཡང་མ་གྲུབ་པའི་ཕྱིར། དེ་ལས་དོན་ཁོང་དུ་ཆུད་པ་བརྟག་པ་མི་རིགས་སོ། །སྒྲ་དང་མིང་དང་དོན་དང༌། ཤེས་པ་ཆོས་བཞི་པོ་འདི་དག་ནི་ངོ་བོ་གཅིག་པ་འདྲ་བར་སྣང་ངོ༌། །དེ་ལ་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ཚིག་ནི་ཡི་གེའི་འབྲུ་ཇི་སྙེད་ཀྱིས། འདོད་པའི་དོན་ཡོངས་སུ་རྫོགས་པར་འགྱུར་བ་སྟེ།


DTG147_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། སྡིག་པ་ཐམས་ཅད་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དང༌། འཇིག་རྟེན་ན་ཡང་ལྷ་སྦྱིན་བ་དཀར་མོ་ཁྲིད་དེ་ཤོག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེ་ནི་འདི་ལྟ་སྟེ། ཨ་ཞེས་བྱ་བ་ཡི་གེ་འབྲུ་གཅིག་གོ །མིང་དང་ཚིག་དང་ཡི་གེ་སོ་སོ་ན་མང་བ་ནི། མིང་དང༌། ཚིག་དང༌། ཡི་གེའི་ཚོགས་རྣམས་ཤེས་པའོ། །དྲང་སྲོང་ཆེན་པོས་ཀྱང་དགེ་སློང་དག་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས། མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཤེས་སོ་ཞེས་གསུངས་ཏེ། ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་དང༌། བདེན་པ་དང༌། དགེ་སྦྱོང་གི་འབྲས་བུ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཞེས་བྱ་བར་དགོངས་སོ། །ཡང་དེ་བཞིན་གཤེགས་པས། མིང་དང༌། ཚིག་དང༌། ཡི་གེའི་ཚོགས་དེ་དང༌། དེ་དག་བརྙེས་སོ་ཞེས་ཀྱང་གསུངས་སོ། །དེ་བས་ན་མིང་གི་ཚོགས་ལ་སོགས་པ་ཡོད་པ་ཉིད་དོ། །འདུ་བྱེད་ཀྱི་དངོས་པོ་ནི་འདི་སྙེད་དོ། །ད་ནི་རྣམ་པར་ཤེས་པ་བརྗོད་པར་བྱའོ། །གཟུགས་ལ་སོགས་པ་ཡུལ་གྱི་དངོས་པོ་ཙམ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུས་ཡོངས་སུ་ཟིན་ན་འབྱུང་ནུས་པ། གཟུགས་ལ་སོགས་པ་ཡུལ་དྲུག་པོ་རྣམས་ལ། དངོས་པོ་ཙམ་ཁོང་དུ་ཆུད་པའི་ཆོས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ། །དེ་བྱེ་བྲག་ཁོང་དུ་ཆུད་པ་ནི་མ་ཡིན་གྱི། བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་ར་བ་ལ་སོགས་པའི་ཆོས་རྣམས་ཀྱི་གནས་སུ་གྱུར་པ་སྟེ། ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ། ཡིད་དང་སེམས་ཀྱི་རྣམ་གྲངས་སུ་བརྗོད་པའོ། །དང་པོའི་སེམས་ཅན་གྱི་རྫས་གདགས་པའི་རྒྱུ་དང་གཟུགས་ལ་སོགས་པ། ཡུལ་སོ་སོར་རྣམ་པར་རིག་པ་ཡང་བྱེད་པའོ། །དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དག་གོ །དེའི་མཚན་ཉིད་ནི་བཅོམ་ལྡན་འདས་ཉིད་ཀྱི་སྟེ། སྣ་ཚོགས་ཤེས་པས་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་དངོས་པོའོ། །མཚན་ཉིད་བསམ་པའི་སྐབས་སུ་ཕྱིའི་ཡན་ལག་གི་བྱེད་པ་ནི་རྒྱུ་དང་རྐྱེན་རྣམས་སོ་ཞེས་སྨོས་པ་དེ་ལ་རྒྱུ་དེ་དག་ནི་གང༌།


DTG147_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་ནི་གང་ཞེ་ན། རྒྱུ་ནི་དྲུག་སྟེ་མཚུངས་པར་ལྡན་པའི་རྒྱུ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དང༌། སྐལ་བ་མཉམ་པའི་རྒྱུ་དང༌། ཀུན་དུ་འགྲོ་བའི་རྒྱུ་དང༌། རྣམ་པར་སྨིན་པའི་རྒྱུ་དང་བྱེད་པའི་རྒྱུའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི། ཕན་ཚུན་དུ་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདི་ལྟ་སྟེ། སེམས་ནི་ཚོར་བ་ནས་ཤེས་རབ་ཀྱི་བར་དག་གིའོ། །ཤེས་རབ་ཀྱང་སེམས་ཀྱིའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་འབྲས་བུ་ཆོས་རྣམས་ཏེ། འདི་ལྟ་སྟེ། འབྱུང་བ་རྣམས་གཅིག་གི་གཅིག་ཡིན་པ་དང༌། མཚན་གྱི་གཞི་ཡང་མཚན་ཉིད་རྣམས་ཀྱི་མ་ཡིན་ལ། དེ་དག་ཀྱང་དེའི་ཡིན་པ་ལྟར། སེམས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །དེ་དག་ཀྱང་དེའི་འོ། །དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་གྱི་སྟོབས་ཀྱིས། ལམ་གྱི་དགོན་པ་ལས་བྱུང་བའི་ཚུལ་དུའོ། །མཚུངས་པར་ལྡན་པའི་རྒྱུ་ནི་གཅིག་ལ་གཅིག་ལམ་བརྒྱགས་ཀྱིས་མཐུད་པའི་ཚུལ་དུའོ། །སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ནི། སེམས་ལས་བྱུང་བ་ཐམས་ཅད་དང༌། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་དང༌། འདུས་བྱས་ཀྱི་མཚན་ཉིད་གང་དག་སེམས་དེའི་ཡིན་པ་དག་གོ །དེ་དག་ནི་སེམས་དང་ལྷན་ཅིག་ཏུ། དུས་དང་སྐྱེ་བ་དང་གནས་དང་འགག་པ་གཅིག་དང༌། འབྲས་བུ་དང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་གཅིག་དང༌། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མི་སྟོན་པའི་སེམས་སུ་གྱུར་ན་དགེ་བ་ལ་སོགས་པ་སྟེ། དེ་ལྟར་རྒྱུ་བཅུ་པོ་དེ་དག་གི་སེམས་ཀྱི་རྗེས་སུ་གཟུང་བ་རྣམས་ཞེས་བྱའོ། །རང་གི་ས་དང་རང་གི་རིས་པའི་ཆོས་འདྲ་བ་སྔར་སྐྱེས་པ་རྣམས་ནི། ཆོས་འདྲ་བ་ཕྱིས་སྐྱེ་བ་རྣམས་ཀྱི། ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །རང་གི་ས་པ་ཀུན་དུ་འགྲོ་བ་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཕྱིས་སྐྱེས་པ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུའོ། །མི་དགེ་བ་རྣམས་དང༌། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་སྟེ། དེ་དག་རྣམ་པར་སྨིན་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཆོས་སྐྱེ་བ་ནི་རང་བཞིན་མ་གཏོགས་པ་ཆོས་ཐམས་ཅད་ནི་སྐྱེ་བ་ལ་བགེགས་མི་བྱེད་ཅིང་མི་སྒྲིབ་པའི་དངོས་པོས་བྱེད་


DTG147_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཡིན་ནོ། །དེ་དག་གི་འབྲས་བུ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་འདུས་མ་བྱས་ལ་གཅིག་གོ །དེ་དག་ཀྱང་ལྔ་སྟེ། སྐྱེས་བུའི་བྱེད་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་པར་སྨིན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །དེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །གང་གི་སྟོབས་ཀྱིས་ན་གང་འབྱུང་བ་དེའི་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །སྐལ་བ་མཉམ་པ་དང༌། ཀུན་དུ་འགྲོ་བའི་རྒྱུ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་དང་འདྲ་བའི་ཆོས་ནི་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་དང་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། སེམས་ཞེས་བྱ་བ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ནོ། །བྱེད་པའི་རྒྱུ་ནི་འབྲས་བུ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པ་མིང་དང་གཟུགས་ལ་སོགས་པའི་ཡིན་པ་དང༌། ཞིང་པ་ལ་སོགས་པའི་ལོ་ཏོག་ལ་སོགས་པ་ལྟ་བུར་དེའི་དབང་གིས་དེ་སྐྱེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་བྲལ་བའི་འབྲས་བུ་ཞེས་བྱ་སྟེ། དེ་ནི་ཐོབ་པར་བྱ་བ་ཡིན་གྱི་བསྐྱེད་པར་བྱ་བ་མ་ཡིན་ནོ། །རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ནོ། །དེ་ལ་བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་པོ་དག་ནི་རྒྱུའི་རྐྱེན་ཏོ། །འདས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཐ་མ་མ་གཏོགས་པ་ནི་འབྲས་བུའི་དེ་མ་ཐག་པའི་རྐྱེན་ནོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུའི་རང་བཞིན་ནོ། །ནམ་མཁའ་ནི་བསགས་པའི་རྫས་སྐྱེ་བ་དེའི་སྐབས་འབྱེད་པ་དེའི་བདག་ཉིད་ནི་ནམ་མཁའོ། །དེ་མེད་དུ་ཟིན་ན་བསགས་པའི་རྫས་མི་སྐྱེ་བ་ཁོ་ནར་འགྱུར་རོ། །ཀྱེ་གཽ་ཏ་མ་ས་ཅི་ལ་བརྟེན། བྲམ་ཟེ་གསེར་གྱི་དཀྱིལ་འཁོར་ལའོ། །གསེར་གྱི་དཀྱིལ་འཁོར་ཅི་ལ་བརྟེན་ཆུ་ལའོ། །ཆུ་ཅི་ལ་བརྟེན་རླུང་ལའོ། །རླུང་ཅི་ལ་བརྟེན། རླུང་ནམ་མཁའ་ལའོ། །ཀྱེ་གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན། བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ། དྲི་བ་རྣམས་ཀྱི་མཐའ་རྟོགས་པར་མི་ནུས་པར་འགྱུར་རོ། །འོན་ཀྱང་སྣང་བ་ཡོད་པས་ནམ་མཁའ་མངོན་ནོ།


DTG147_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཡིན་ན། དེ་ཅི་ལ་བརྟེན་པར་འགྱུར་འོན་ཀྱང་སྣང་བ་ཡོད་པས་ནམ་མཁར་ཤེས་སོ་ཞེས་བདེ་བར་གཤེགས་པས་ཀྱང་གསུངས་སོ། །ནམ་མཁའི་དངོས་པོའོ། །སོ་སོར་བརྟགས་པས་འགོག་པ་ནི་སྡུག་བསྔལ་སྤོང་བའོ། །སྡུག་བསྔལ་གང་ཞེ་ན། མདོར་བསྡུ་ན། སྐྱེ་བ་ནི་སྡུག་བསྔལ་ལོ། །འདི་ལྟ་སྟེ། དགེ་སློང་དག་སྡུག་བསྔལ་ནི་སྲིད་པ་མངོན་པར་འགྲུབ་པའོ་ཞེས་རྒྱ་ཆེར་གསུངས་སོ། །སྲིད་པ་མངོན་པར་འགྲུབ་པའི་འཇུག་པ་དེའི་འཇུག་པ་མེད་པ་ནི་སྤོང་བ་ཞེས་བྱ་སྟེ། རླུང་རྒྱུ་བ་ཐོགས་པར་བྱེད་པ་བྲག་ལྟ་བུར་གནས་པ་གང་ཡིན་པ་དེ་ནི། སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །འདིས་བདེན་པ་བཞི་པོ་དག་ལ་སོ་སོར་བརྟགས་པས། སོ་སོར་བརྟགས་པ་སྟེ། བློའི་བྱེ་བྲག་དགེ་བའོ། །དེས་འགོག་པ་ཐོབ་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པའོ། །དེ་ནི་སྤང་བར་བྱ་བ་མཐའ་ཡས་པ་བཞིན་དུ་མཐའ་ཡས་ཏེ་གཅིག་པ་མ་ཡིན་ནོ། །གལ་ཏེ་གཅིག་པ་ཞིག་ཡིན་ན་ནི་འཕགས་པའི་ལམ་གྱི་སྐད་ཅིག་སྔ་མ་ཉིད་ཀྱིས་དེས་མངོན་སུམ་དུ་བྱས་པའི་ཕྱིར། ལམ་བསྒོམ་པ་ཕྱི་མ་དོན་དམ་པར་འགྱུར་རོ། །ཅུང་ཟད་མངོན་སུམ་དུ་བྱེད་པར་རྟོགས་ན་ནི་ཡན་ལག་དང་བཅས་པར་འགྱུར་རོ། །དེ་བས་ན་ཟག་པའི་རྫས་ཇི་ལྟར་སྙེད་པར། སྤོང་བའི་རྫས་ཀྱང་དེ་སྙེད་ཁོ་ནར་རྟོགས་པ་འདི་ནི་ལེགས་སོ། །འདི་ནི་འབྲས་བུའི་བྱེ་བྲག་གིས་རྣམ་པ་བཞིར་གཞག་སྟེ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་བའི་འབྲས་བུའོ། །སྤོང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའི་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་པོའི་སྤོང་བའི་བྱེ་བྲག་གམ། ཕུང་པོ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་དབྱིངས་ཀྱི་བྱེ་བྲག་གིས་ཡང་རྣམ་པ་གཉིས་


DTG147_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཚམས་སྦྱོར་བ་མེད་པ་སྐྱེ་བ་འགོག་པར་རྣམ་པར་གཞག་པས་ན་གཅིག་གོ །དེའི་རྣམ་གྲངས་ནི་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ་མིའི་མདོ་ལས་ཀྱང༌། དགེ་སློང་དག་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་འདི་དག་དང༌། མིག་གི་དབང་པོ་གཟུགས་ཅན་དང༌། དེ་དག་ནི་མི་ཉིད་དེ་འདི་ལ་སེམས་ཅན་དང༌། མི་དང༌། ཤེད་ལས་སྐྱེས་ཏེ། ཤེད་བུ་ཞེས་བྱ་བ་འདི་ནི་མིང་ངོ༌། །འདི་ལ་བདག་གིས་གཟུགས་རྣམས་མཐོང་ངོ་སྙམ་པ་འདི་ནི་དམ་འཆའ་བའོ། །འདི་ལ་ཚེ་དང་ལྡན་པ་དེའི་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་འདི་ནི་ཐ་སྙད་དོ་ཞེས་རྒྱ་ཆེར་བརྗོད་ཅིང༌། དགེ་སློང་དག་དེ་ལྟར་ན། འདི་ནི་མིང་ཙམ་མོ། །འདི་ནི་ཐ་སྙད་ཙམ་མོ། །དགེ་སློང་དག་ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ་དང༌། སེམས་པས་འཕགས་པ་དང༌། འདུས་བྱས་དང༌། སེམས་པ་ལས་བྱུང་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དག་སྟེ། མི་རྟག་པ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུ་གང་ཡིན་པ་དེ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་དེ་སྐྱེ་བ་ཡང་སྡུག་བསྔལ་ལོ། །གནས་པ་དང༌། མངོན་པར་འགྲུབ་པ་དང༌། འབྱུང་བ་ཡང་སྡུག་བསྔལ་ཏེ། སྡུག་བསྔལ་འདི་མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང༌། བྱང་པར་གྱུར་པ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། རྣམ་པར་ཞི་བ་དང༌། ནུབ་པ་དང༌། སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་བ་དང༌། ལེན་པ་མེད་པ་དང༌། མི་འབྱུང་པ་གང་ཡིན་པ་དེ་ཞི་བ། དེ་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་ངེས་པར་སྤངས་པ་དང༌། སྲེད་པ་ཟད་པ་དང། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །དེ་ལ་འདིས་ཕུང་པོ་ཐམས་ཅད་རབ་ཏུ་འདོར་བས་ཕུང་པོ་ཐམས་ཅད་དང་བྲལ་བའོ། །འདི་མཐོང་ངམ། ཐོས་ན་སྲེད་པ་ཟད་པར་འགྱུར་བས་སྲེད་པ་ཟད་པའོ། །


DTG147_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐོབ་ནས་འདོད་ཆགས་མེད་པར་འགྱུར་བས་འདོད་ཆགས་དང་བྲལ་བའོ། །འདི་མངོན་སུམ་དུ་བྱས་ན་སྡུག་བསྔལ་འགག་པས་འགོག་པའོ། །འདི་ཐོབ་ན་གནོད་པ་ཐམས་ཅད་དང༌། འཚེ་བ་ཐམས་ཅད་དང༌། ཉོན་མོངས་པ་ཐམས་ཅད་ལས་འདས་པས་མྱ་ངན་ལས་འདས་པའོ། །སོ་སོར་བརྟགས་པའི་དངོས་པོའོ། །སོ་སོར་བརྟགས་པས་འགོག་པ་ལས་གཞན་པ། མ་འོངས་པའི་ཆོས་སྐྱེ་བ་ལ་གཏན་དུ་བགེགས་སུ་གྱུར་པའི་ཆོས་སོ་སོར་བརྟགས་པས་འགོག་པ་མེད་པར་རྐྱེན་མ་ཚང་བ་ཉིད་ཀྱིས་ཐོབ་པ་གང་ཡིན་བ་དེ་ནི། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་སྟེ། དཔེར་ན་མིག་གིས་ཡིད་གཟུགས་ཤིག་ལ་ཡེངས་ནས། དེ་མ་ཡིན་པའི་གཟུགས་གཞན་དག་དང༌། སྒྲ་དང་དྲི་དང༌། རོ་དང༌། རེག་བྱ་རྣམས་དང༌། ཆོས་རྣམས་ལས་ཁ་ཅིག་འགག་པ་ནི། དེ་ལ་དམིགས་པའི་སེམས་དང༌། སེམས་ལས་བྱུང་བ་གང་དག་སྐྱེ་བར་འགྱུར་བ་དེ་དག་གིས་ཐོས་ན་མི་སྐྱེ་སྟེ། དེས་དེ་དག་འགག་པར་འགྱུར་བ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཚེ་བདེ་བ་ཚོར་བ་མངོན་དུ་གྱུར་པ་དེའི་ཚེ། འདི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགོག་གོ་ཞེས་གསུངས་སོ། །ཡང་དགེ་སློང་འདིའི་སེམས་ཅན་དམྱལ་བ་རྣམས་ཟད་དོ། །དུད་འགྲོ་རྣམས་ཟད་དོ། །ཡི་དགས་རྣམས་ཟད་དོ་ཞེས་གསུངས་སོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་དངོས་པོའོ། །འདི་ནི་ལས་དང་པོ་པ་དགའ་བར་བྱ་བའི་ཕྱིར། དཔྱད་པ་མང་པོ་མེད་པར་བཀོད་པ་ཡིན་ཏེ། གང་དག་ཆོས་མངོན་པའི་མཚན་ཉིད་ལ་མཁས་པར་མི་ཤེས་བཞིན་དུ། རང་གི་བློ་གྲོས་ཀྱིས་མཚན་དུ་བརྗོད་པ་མང་པོ་རྣམ་པར་བསྒྲུབས་ནས། མདུན་དུ་གཞག་སྟེ། ཀླན་ཀ་ངན་པའི་མདའ་རྣམས་ཀྱིས་འབིགས་པར་འདོད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པ་ཡིན་ཏེ། འགྲོ་བའི་བདག་པོས་ཀྱང་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པའི་གང་ཟག་གཉིས་ཏེ། མ་དད་པ་ནི་ཞེ་སྡང་གིས་སོ། །དད་པ་ནི་ལོག་པར་ཟིན་པས་སོ་ཞེས་གསུངས་སོ། །རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ་རྫོགས་སོ།། །།


previousརབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ། no next