Nitartha Digital Library
Tibetan
 
previousའདུལ་བ་བསྡུས་པ། ཁྱད་པར་བཤེས་གཉེན།no next

འདུལ་བ་བསྡུས་པ།
ཁྱད་པར་བཤེས་གཉེན།


DTG151_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ན་ཡ་སཾ་གྲ་ཧ། བོད་སྐད་དུ། འདུལ་བ་བསྡུས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་མཆོག་ཏུ་འདུལ་བ་མེད་རྒྱུ་སེམས་ཅན་འདུས་པ་སྨད་པ་ཡི། །སེམས་ཀྱི་ཐིབས་པོའི་ནང་དུ་རྣམ་པར་རྒྱུ་བ་ནུབ་པར་གྱུར་པ་ཡི། །མུན་པ་དེ་ཡི་སྟོབས་ཀྱིས་མ་ལུས་པ་ལ་ཁྱབ་པར་འཇུག་པ་དག །འདུལ་བ་ཉིད་མའི་འོད་ཟེར་ལག་པས་རྣམ་གསལ་དེ་ལ་ཕྱག་འཚལ་ལོ། །དོན་གང་གཞི་དང་ཕྲན་ཚོགས་གླེང་གཞི་སིལ་བུ་ལ་ཡོད་རྣམ་པར་འབྱེད་ལས་གང་གསུངས་དང། །གང་དག་ལྔ་པ་དང་ནི་བཅུ་དྲུག་པ་དང་ཉེ་བ་འཁོར་གྱིས་ཞུས་ལས་བཤད་པ་དང༌། །གང་དག་བྲམ་ཟེའི་བུ་མོ་དང་ནི་འདུལ་བྱེད་དེ་བཞིན་གང་དག་མ་མོ་ལས་བཤད་པ། །རིན་ཆེན་ཡོན་ཏན་འོད་འབར་བཞིན་དུ་ཡོན་ཏན་འབར་བ་དེ་དག་འདིར་ནི་རིམ་བཞིན་བཞག །སོ་སོར་ཐར་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཡོངས་སུ་མ་ཉམས་པ་ཆུང་ངུའི་ཡང་ཆུང་ངུ་ལ་སོགས་པའི་རྣམ་པ་ལས་ཤིན་ཏུ་ཐར་པར་བྱེད་པས་སོ་སོར་ཐར་པའོ། །ཐོས་པ་ཞེས་བྱ་བ་ནི་ཚིག་དང་དོན་རྣ་བའི་རྣམ་པར་ཤེས་པ་དང༌། དེའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་བཅད་པའོ། །རྙེད་པར་དཀའ་ཞེས་བྱ་བ་ནི་སངས་རྒྱས་བརྒྱ་ལམ་བརྒྱ་ལམ་ན་འབྱུང་བ་དང་བདེ་འགྲོ་ལ་སོགས་པ་རྙེད་པར་དཀའ་བའི་ཕྱིར་རོ། །བསྐལ་པ་བྱེ་བ་རྣམས་སུ་ཞེས་བྱ་བ་ནི་བསྐལ་བ་ཆེན་པོ་བྱེ་བར་ཡང་མི་རྙེད་ལ་བརྒྱ་ལམ་ན་ལྷག་པར་ཡང་མི་རྙེད་པས་མང་དུ་བསྟན་པའི་ཕྱིར་འདི་གསུངས་སོ། །གཟུང་བ་ཞེས་བྱ་བ་ནི་ཚིག་དང་དོན་ཤེས་རབ་ཀྱིས་རྟོགས་པའོ། །འཛིན་པ་འང་ཞེས་བྱ་བ་ནི་དྲན་པས་དེ་ཉིད་ཁ་ཏོན་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུན་རིང་དུ་མི་བརྗེད་པར་བྱེད་པའོ། །བསྒྲུབ་པ་ཞེས་བྱ་བ་ནི་དེའི་དོན་ལུས་དང་དག་དང་ཡིད་རྣམས་ཀྱི་ནན་ཏན་དུ་བྱེད་པའོ། །ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བ་ནི་ནན་ཏན་ཅན་གྱིས་ཀྱང་ཚོགས་ཆེན་པོས་རྙེད་པའི་ཕྱིར་རོ། །དེའི་ཕྱིར་ཚིགས་སུ་བཅད་པ་འདིས་ལུང་དང་རྟོགས་པ་ལས་སོ་སོར་ཐར་པའི་རྙེད་པར་དཀའ་བ་བསྟན་ཏེ། ཐོས་པ་དང་གཟུང་བ་དང་འཛིན་པ་ནི་ལུང་ལས་སོ། །སྒྲུབ་པ་ནི་རྟོགས་པ་ལས་སོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་


DTG151_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ལྷུམས་སུ་ཞུགས་པའི་དུས་སམ་བལྟམ་པའི་དུས་ན་སངས་རྒྱས་འབྱུང་བའོ། །ཕྱིས་འབྱུང་བའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཞེས་བྱའོ། །ཡང་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ན་སངས་རྒྱས་འབྱུང་བ་སྟེ། དེའི་ཚེ་སངས་རྒྱས་ཞེས་བྱ་བའི་རྒྱུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཕྱིར་རོ། །རྣམ་པར་གྲོལ་ན་དགའ་བ་དང་བདེ་བའི་རྒྱུར་འགྱུར་བའི་ཕྱིར་གཙོར་ནི་དེ་བདེ་བ་སྟེ། མི་བདེའོ་ཞེས་བྱ་བ་བཞིན་ནོ། །ཆོས་བསྟན་པ་ཞེས་བྱ་བ་ནི་མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་བཤད་པའོ། །དགེ་འདུན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་གང་ཟག་བརྒྱད་དོ། །མཐུན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཚོ་བ་མཚུངས་པ་སྟེ། བྱ་བ་གཅིག་པ་དང༌། ཐ་མི་དད་པ་ཞེས་བྱ་བའི་བར་དུའོ། །མཐུན་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་སྦྱོང་བའི་ཕྱིར་རོ། །དཀའ་ཐུབ་ཅེས་བྱ་བ་ནི་བསླབ་པ་གསུམ་བསྒྲུབ་པ་སྟེ་ཉོན་མོངས་པ་གདུང་བར་བྱེད་པས་དཀའ་ཐུབ་བོ། །དེ་བས་ན་ཚིགས་སུ་བཅད་པ་འདིས་དཀོན་མཆོག་གསུམ་འབྱུང་བ་དེ་ནི་བདེ་བའི་རྒྱུར་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པས་ནི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། མི་དགེ་བའི་གྲོགས་པོ་སྤོང་བ་བདེ་བའི་རྒྱུར་སྟོན་ཏོ། །ཕྱེད་གོང་མ་དང་ཕྱེད་འོག་མ་དང་གོ་རིམས་བཞིན་ནོ། །སྡིག་པ་རྣམས་ལས་རིང་དུ་སོང་བས་འཕགས་པ་ཞེས་བྱ་བའོ། །དམ་པ་དག་ཅེས་བྱ་བ་ནི་འཕགས་པ་དེ་ཉིད་དེ་ལེགས་སོ་ཞེས་སྟོན་པའོ། །བྱིས་པ་རྣམས་ཞེས་བྱ་བ་ནི་འཕགས་པ་མ་ཡིན་པ་སྟེ་སྡིག་པ་བྱེད་པ་རྣམས་སོ། །ཚིགས་སུ་བཅད་པ་བཞི་པས་ནི་དགེ་བའི་བཤེས་གཉེན་གྱི་རབ་ཏུ་དབྱེ་བ་སྟོན་ཏོ། །འཕགས་པ་ནི་རྣམ་པ་གཉིས་ཏེ་བརྡར་བཏགས་པ་དང་དོན་དམ་པའོ། །ཀུན་རྫོབ་ཀྱི་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང༌། ལྷག་མཐོང་གི་ཡན་ལག་ལ་གནས་པའོ།། དེ་ལ། ཚུལ་ཁྲིམས་ལྡན་པ་མཐོང་བས་བད། །ཞེས་བྱ་བ་ནི་ཞི་གནས་ཀྱི་ཡན་ལག་ལ་གནས་པ་སྟེ། ཀུན་འབྱུང་བ་སྤངས་པས་སྡིག་པ་རྣམས་ལས་རིང་དུ་སོང་བའི་ཕྱིར་ཀུན་རྫོབ་ཀྱི་འཕགས་པའོ། །མང་དུ་ཐོས་པ་མཐོང་བ་བདེ། །ཞེས་བྱ་བ་ནི་ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །ཕྱེད་འོག་


DTG151_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མས་ནི་ཞི་གནས་དང་ལྷག་མཐོང་གི་མཐའ་ལ་གནས་པ་དོན་དམ་པའི་འཕགས་པ་སྟེ་དགེ་བའི་བཤེས་གཉེན་དུ་སྟོན་ཏོ། །དགྲ་བཅོམ་པ་ནི་འཁོར་བར་མེ་འབྱུང་བའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྲིད་པ་ལས་རྣམ་པར་གྲལ་བར་སྟོན་ཏོ། །གཞན་ལས་རྣམ་པར་གྲོལ་བ་ནི་ཕུང་པོའི་ལྷག་མ་མེད་པའོ། །ཞེས་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཕུང་པོ་དང་བཅས་པས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ལོ་ཞེས་བྱ་བའི་བར་དུའོ། །འཇུག་དོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལ་རྣམ་པར་གྲོལ་བ་ནི། ཆུ་ཀླུང་སྟེ་དེ་མཐའ་གཉིས་རྣམ་པར་སྤངས་པའི་ལམ་གྱིས་ཐོབ་པའི་ཕྱིར། འཇུག་དོགས་བདེ་ཞེས་བྱ་བ་དཔེ་ཉེ་བར་བསྟན་པའི་ཚིག་འདི་བསྟན་ཏེ། ཇི་ལྟར་ཆུ་ཀླུང་བདེ་བའི་རྒྱུ་ཡིན་པས་བདེ་བ་དེ་བཞིན་དུ་སངས་རྒྱས་འབྱུང་བ་ལ་སོགས་པའོ། །དེ་བས་ན་འདིས་གོང་དུ་བཤད་པའི་དབང་གིས་ཐོབ་པར་བྱ་བ་ནི་བདེ་བའི་རྒྱུར་བསྟན་ཏོ། །ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ། །ཞེས་བྱ་བ་ནི་བསྒྲུབ་པ་དང་བདེན་པ་བདེ་བའི་རྒྱུར་བཤད་དེ་བསྒྲུབ་པའི་ཆོས་འདིས་མི་མཐུན་པའི་ཕྱོགས་ཕམ་པར་བྱས་པས་ཆོས་ཀྱིས་རྒྱལ་པ་ཞེས་བྱའོ། །དོན་འདི་ཉིད་ཕྱེད་འོག་མ་ལ་སྟོན་ཏེ། ཤེས་རབ་ཀྱི་རལ་གྲིས་ང་རྒྱལ་གྱི་རྒྱལ་མཚན་བཅད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་དྲུག་པ་ལས་ནི་སྒྲུབ་པ་དང་ལྡན་པ་དེ་ཉིད་སྦྱངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་བདེ་བའི་རྒྱུར་བསྟན་ཏོ། །ངེས་པར་བྱས་ཞེས་བྱ་བ་ནི་བསམ་པ་ངེས་པར་འཛིན་པའི་ཕྱིར་སྦྱངས་པའི་ཡོན་ཏན་གྱི་ཐོག་མའི་དག་པ་སྟོན་ཏོ། །མང་དུ་ཐོས་པ་ཞེས་བྱ་བ་འདིས་ནི་འབྲས་བུ་དང་བཅས་པར་སྟོན་ཏེ། མང་དུ་ཐོས་པ་ནི་དེའི་འབྲས་བུ་དང་ལྡན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དབང་པོ་དུལ་བ་དག་ཅེས་བྱ་བ་ནི་ཡོངས་སུ་སྤྱོད་པ་གཙང་བ་སྟེ། དབང་པོ་སྡོམ་པ་དང་ལྡན་པའི་ཕྱིར་རོ། །ཞི་བ་རྣམས་སུ་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་རྣམས་སོ། །དགོན་པ་རྣམས་སུ་ཞེས་བྱ་བ་ནི་གནས་པ་བདེ་ཞེས་བྱ་བ་དེ་དང་འབྲེལ་ཏོ། །རྒས་གྱུར་རྣམས་ཀྱིས་ཞེས་བྱ་བ་ནི། གང་དུ་ཞེ་ན་ནགས་རྣམས་སུ། །ཞེས་བྱ་བ་འདི་དང་འབྲེལ་ཏོ། །དེ་བས་ན་འདིས་ནི་ཡོངས་སུ་མ་ཉམས་པའི་དངོས་པོར་བསྟན་ཏོ། །རྒས་གྱུར་རྣམས་ཀྱིས་ཞེས་བྱ་བ་དེ་ཉིད་ཀྱི་དོན་ནི། །དར་ལ་བ་བས་པ་ཡོལ་རྣམས་ཀྱི། །


DTG151_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་བསྟན་ཏོ། །གླེང་གཞིའི་བསྡུས་པའི་དོན་ནི་ལུང་དཔོག་བ་དང་མི་འདུ་བ་དགག་པ་དང༌། མི་འདུར་གནང་བ་དང༌། མཆོད་པའི་ཆོ་ག་དང༌། ཡང་དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་འཛིན་པའི་ཕན་ཡོན་དང༌། ཡང་དག་པར་མི་འཛིན་པའི་ཉེས་དམིགས་དང༌། ཡང་དག་པར་བསྒོ་བ་དང༌། འཁོར་རྣམ་པར་དག་པའོ། །དེ་ལ་ལུང་དབོག་པའི་དབང་དུ་མཛད་ནས། འདས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐལ་བ་ཞེས་བྱ་བའི་ཐ་ཚིག་གོ །སོ་ག་རྣམས་ཀྱི་ཞེས་བྱ་བ་ནི་དུས་གསུམ་ལས་གང་ཡང་རུང་སྟེ་གཅིག་ཅིག་སོ་སོར་ཐར་པ་འདོན་པའི་ཆེ་བརྗོད་དོ། །གྲང་བ་དང༌། དྲོ་བ་དང༌། གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པ་ལས་དུས་གསུམ་དུ་རྣམ་པར་གཞག་གོ །ཇི་ཙམ་གྱི་སྒྲ་ནི་ཚད་ཙམ་སྟོན་ཏེ། དུས་དེ་དང་མཐུན་པར་བརྗོད་པར་བྱའོ། །ལྷག་མ་ཞེས་བྱ་བ་ནི་དུས་དེའི་ལྷག་མ་ཇི་ཙམ་དུ་ལུས་པ་དེའི་ཚད་བརྗོད་པར་བྱ་བ་སྟེ། ཐམས་ཅད་ཀྱི་མིང་སྤྱིའི་སྒྲས་ཚད་ཀྱི་སྤྱི་བརྗོད་དོ། །མངོན་པར་འོང་ཞེས་བྱ་བ་ནི་འོང་བའོ། །རྒ་བ་དང་འཆི་བ་ནི་རྒ་ཤིའོ། །ཅིའི་ཕྱིར་སྲིད་པའི་ཡན་ལག་གཅིག་པུ་གསུངས་ཀྱི་སྲིད་པའི་ཡན་ལག་མྱ་ངན་ལ་སོགས་པ་ཉེས་དམིགས་གཞན་རྣམས་ནི་མ་ཡིན་ཞེ་ན། ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུའི་གཙོ་བོ་ཡོངས་སུ་ཉམས་པ་བརྗོད་པའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །གཉིས་ཀྱིས་ན་ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། ལུས་དང་སྐྱེ་བའི་གནས་སོ། །དེ་ལ་རྒ་བ་དང་འཆི་བ་གཉིས་ཀྱིས་ནི་ལུས་ཡོངས་སུ་ཉམས་པ་སྟོན་ཏེ། སྦྱོར་བ་མི་བཟོད་པ་དང༌། རྒྱུན་ཆད་པ་གོ་རིམས་བཞིན་ནོ། །སྐྱེ་བའི་གནས་ཡོངས་སུ་ཉམས་པ་ནི་སྟོན་པའི་བསྟན་པ་འཇིག་པར་བསྟན་པའོ། །བསྟན་པ་འཇིག་པ་ཇི་ལྟ་བུ་ཞེ་ན། སྒྲུབ་པ་ལ་ཡོངས་སུ་ཉམས་པའོ། །དོན་ཕྱིན་ཅི་མ་ལོག་པར་སྟོན་པས་སྟོན་པ་སྟེ་དེ་བཞིན་གཤེགས་པའོ། །བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེས་བཅོམ་ལྡན་འདས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སྟོན་ཏོ། །གང་གི་ཕྱིར་དེ་ལྟར་གཉི་ག་ཡོངས་སུ་ཉམས་པ་དེའི་ཕྱིར་བག་ཡོད་པ་ལ་གཟུད་པར་བཞེད་པས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་གསུངས་སོ། །


DTG151_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཡོད་པར་ཞེས་གསུངས་པའི་དོན་ནི་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་བསྡུ་བའི་དོན་ཏོ། །རྣལ་འབྱོར་ཅེས་གསུངས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་བར་གཟུད་པའི་དོན་ཏེ། ཞི་གནས་དང༌། ལྷག་མཐོང་ཟུང་དུ་འབྲེལ་བར་འགྲོ་བའི་ལམ་ནི་རྣལ་འབྱོར་ཅེས་བྱའོ། །བག་ཡོད་པས་འཐོབ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་ནས་བསླབ་པའི་ཚོགས་བཅས་ཏེ་ཞེས་བྱ་བ་གཞན་ཡང་ཐུགས་སུ་ཆུད་ནས་བསྟན་ཏོ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བར་བྱ་བ་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པའོ། །གང་ཟག་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཀུན་ནས་ཐུགས་སུ་ཆུད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ནི་དེ་དག་ཀྱང་བག་ཡོད་པས་འཐོབ་བོ་ཞེས་བྱ་བ་དང་འབྲེལ་ཏོ། །བྱང་ཆུབ་སྐྱེད་པར་བྱེད་པའི་དགེ་བའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་འདིར་བྱང་ཆུབ་ཀྱི་ཕྱོགས་རྣམས་སུ་འདོད་དོ། །མི་འདུ་བ་དགག་པའི་དབང་དུ་མཛད་ནས། དགེ་འདུན་གྱི་ཇི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །སྔར་ཅི་ཞིག་བྱ་ཞེ་ན། གང་མ་བྱས་པ་དེས་མི་མཐུན་པས་མི་འདུའོ། །དེ་བས་ན་དོན་ཉུང་བ་ཞེས་བྱ་བ་གསུངས་སོ། །གཞན་དག་ན་རེ་གསོ་སྦྱིན་བྱེད་པས་ཐོག་མར་བྱ་དགོས་པའི་ཕྱིར་གསོ་སྦྱིན་བྱ་བའི་གནས་སུ་སྐྱང་ནུལ་དང་ཕྱག་དར་བྱ་བ་ལ་སོགས་པ་ནི་ཐོག་མར་བྱ་བའོ་ཞེའོ། །དོན་ཉུང་བ་བྱ་བ་ཉུང་བ་ཞེས་བྱ་བ་ལ་འདོད་པ་ཆུང་བའི་རྒྱུ་མཐུན་པ་ནི་དོན་ཉུང་བའོ། །དེ་ལ་ཡིད་ནི་དོན་ཉུང་བའོ། །ལུས་དང་ངག་ནི་བྱ་བ་ཉུང་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །གཞན་གྱི་སྒྲའི་རྗེས་སུ་འགྲོ་བས་གཞན་ལས་ཐོས་པ་ནི་ཉན་ཐོས་སོ། །དེ་དག་འདུས་པ་མི་ཕྱེད་པས་ཉན་ཐོས་ཀྱི་དགེ་འདུན་ནོ། །མི་འདུར་གནང་བའི་དབང་དུ་མཛད་ནས། མ་ལྷག་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོ་སྦྱིན་བྱ་བའི་གནས་སུ་མ་ཕྱིན་པ་རྣམས་སོ། །ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་ཡང་ན་གཞོན་པ་ཡང་ན་


DTG151_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པའོ། །བཅོམ་ལྡན་འདས་ཀྱིས་ནི་གཞོན་ནུས་དགེ་སློང་རྒན་པ་ལ་མིང་ངམ་རུས་ནས་དབྱུང་བར་མི་བྱའོ། །ཚེ་དང་ལྡན་པ་ཞེའམ། བཙུན་པ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ནི་ཡོན་ཏན་གྱི་ཚིག་ཏུ་བརྗོད་པར་བྱའོ། །འདུན་པ་ཞེས་བྱ་བ་ནི་དགེ་སློང་གང་ན་བར་འགྱུར་པའམ། དགེ་བའི་ཕྱོགས་ཁྱད་པར་ཅན་ལ་སྦྱོར་བ་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། མཆིལ་ལྷམ་གཉིས་ཕུད་ལ་ཅི་རིགས་སུ་བྱས་ནས་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ནི་ཞེས་བགྱི་བ་ནད་ཚབས་ཆེ་བ་འམ། དགེ་པའི་ཕྱོགས་ལ་སྦྱོར་ཏེ། དགེ་འདུན་ཆོས་བཞིན་དུ་མཛད་པ་འདུན་པ་དབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་ངོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ལུས་ཀྱིས་གོ་བར་བྱེད་པ་འམ། ངག་གིས་གོ་བར་བྱེད་པ་བྱིན་ན་འདུན་པ་ཕུལ་བ་ཡིན་ནོ། །ཇི་སྟེ་འདུན་པ་མ་ཕུལ་ན་དགེ་འདུན་དེར་འདོད་བར་བྱའོ། །ཡང་ན་དགེ་སློང་གི་དགེ་འདུན་གྱི་ནང་དུ་དགུག་པར་བྱའོ། །རྣམ་པ་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི་འདུན་པ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལ་བྱེ་བྲག་ནི་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆིའོ། །བདག་གིས་གསོ་སྦྱིན་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་དུ་བཟླ་བར་བྱའོ། །འདུན་པ་ཕུལ་བས་ནི་དགེ་འདུན་དང་མཐུན་པར་འགྱུར་རོ། །ཡོངས་སུ་དག་པ་ཕུལ་བས་ནི་གསོ་སྦྱིན་བྱ་བའི་ཚེ་བདག་ཉིད་སྣོད་དུ་གྱུར་པར་བསྟན་པ་ཡིན་ཏེ། གཉི་ག་དབུལ་བར་བྱའོ། །དྲིས་ཤིག་ཅེས་བྱ་བ་ནི་གང་གིས་འདུན་པ་དང་ཡོངས་སུ་དག་པ་དབུལ་བར་བྱ་བ་དེ་དབུལ་དུ་གཞུག་པ་སྟེ་དེ་སྦྱིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་གིས་འདུན་པ་དང་ཡོངས་སུ་དག་པ་བླངས་པ་དེ་ཟློས་སུ་གཞུག་པ་སྟེ། དེ་ཤེས་པར་བྱ་བའི་ཕྱིར་རོ། །འདུན་པ་དང་


DTG151_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་དགེ་སློང་དྲུང་དུ་འདུག་པ་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱིན་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆིའོ། །གསོ་སྦྱིན་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་ཅིའི་ཕྱིར་གང་ཟག་ལ་བཟླས་ཀྱི་དགེ་འདུན་ལ་མ་ཡིན་ཞེ་ན། རིང་དུ་ཐོགས་པ་ལ་སོགས་པའི་ཉེས་པ་སྤངས་པའི་ཕྱིར་རོ། །ལེ་ལོའི་ཕྱིར་རམ་ལས་ངན་པས་བྲེལ་ཏེ་འདུན་པ་ལ་ཕུལ་ན་ཉེས་བྱོས། །གནས་པར་གྱུར་ཏམ། ན་འམ། ནར་དོགས་སམ། ནད་སོས་ནས་རིང་པོར་མ་ལོན་ནམ། ནད་གཡོག་བྱེད་དམ། ངལ་ལམ། ཞིགས་སམ། བཀྲེས་སམ། སྐོམ་མམ། རླུང་དང་ཉི་མས་ཉེན་ཏམ། རྨུགས་པ་ཆེན་པོ་དང༌། གཉིད་སྟུག་པོས་ཀུན་ནས་དཀྲིས་པ་སེལ་ཅིང་དགེ་བའི་ཕྱོགས་བྱེད་ན་ལྟུང་བ་མེད་དོ། །སོ་སོར་ཐར་པའི་མདོ་གདོན་པ་ལ་ཞུགས་པར་གྱུར་ཏམ། དེ་ཉིད་ཀྱི་དོན་ཉན་ན་ལྟུང་བ་མེད་དོ། །དེ་མི་བརྗེད་པར་བྱ་བའི་ཕྱིར་ཚིག་གཙོར་བྱེད་པ་དང༌། དེའི་དོན་མི་བརྗེད་པར་བྱ་བའི་ཕྱིར་ཚུལ་བཞིན་སེམས་ན་ལྟུང་བ་མེད་དོ། །ཡིད་ལ་བྱེད་པ་གོམས་པ་ཐོབ་ནས་རིང་པོར་མ་ལོན་ཏེ། དེའི་རྗེས་སུ་བསྲུང་ན་ལྟུང་བ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་རྒྱུན་དུ་བརྩོན་འགྲུས་རྩོམ་པ་ལ་བརྩོན་པར་གྱུར་ན་ལྟུང་བ་མེད་དོ། །བདེན་པ་མཐོང་བར་གྱུར་ན་ལྟུང་བ་མེད་དོ། །གལ་ཏེ་འདུན་པ་དབུལ་བ་ནི་མང༌། འདུ་བ་ནི་ཉུང་ན་དེའི་ཚེ་དགེ་སློང་རྒན་པ་རྣམས་ཀྱིས་ཀྱང་དགེ་བའི་ཕྱོགས་གཞག་སྟེ་འདུ་བར་བྱའོ། །འདུན་པ་དང་པོ་ཡོངས་སུ་དག་པ་ལེན་པས་དེ་དག་བླངས་ནས་བརྒྱུག་པར་མི་བྱ། ངམ་གྲོག་དང༌། བང་རིམ་ལ་མཆོང་བར་མི་བྱ། ནམ་མཁའ་ལ་གནས་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་གདང་བུ་གཉིས་དང་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཇོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་


DTG151_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པར་མི་བྱའོ། །འདུན་བ་དང་ཡོངས་སུ་དག་པ་བླངས་ནས་གལ་ཏེ་ལམ་གྱི་དབུས་སུ་ཕྱིན་པ་འམ། དགེ་འདུན་གྱི་ནང་དུ་མ་ཕྱིན་བར་དུས་ལ་བབ་བམ། འཁྲུལ་ལམ། དགེ་ཚུལ་ལ་སོགས་པར་དམ་བཅས་ན་འདུན་པ་དང༌། ཡོངས་སུ་དག་པ་བླངས་པ་མ་ཡིན་ནོ། །བརྗོད་པ་དག་ནུས་ན་གཅིག་གིས་ཀྱང་དུ་མ་དག་གི་འདུན་པ་དང་ཡོངས་སུ་དག་པ་བླང་བར་བྱའོ། །ས་ལ་འདུག་པས་ནམ་མཁའ་ལ་འདུག་པ་ལ་འམ། བཟློག་པས་ཀྱང་སྦྱིན་པའམ་བླང་བར་མི་བྱའོ། །འདུན་པ་དང་ཡོངས་སུ་དག་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཕུལ་བ་མ་ཡིན་པར་བརྗོད་པར་བྱའོ།། བསླབ་པ་བྱིན་པས་འདུན་པ་བླང་བར་མི་བྱའོ། །དགེ་སློང་མ་ཡིན་པས་དབུལ་བར་མི་བྱའོ། །མཚམས་ཀྱི་ནང་ན་གནས་པས་མཚམས་ཀྱི་ནང་ན་གནས་པ་ལ་འདུན་པ་དབུལ་བར་བྱའོ། །དེ་ལ་མཚམས་རྣམ་པ་གཉིས་ཏེ། ཆེན་པོ་དང༌། ཆུང་དུའོ། །དེ་ལ་ཆེན་པོ་ནི་གལ་ཏེ་ཆུ་མེད་པ་ཞིག་ན་ནི་སྟེང་ལོགས་སུ་དཔག་ཚད་ཕྱེད་དང་གསུམ་མོ། །འོག་ལོགས་སུ་འང་དེ་ཙམ་ཁོ་ནའོ། །ཆུ་འཁྱིལ་བ་ཡོད་ཀྱང་སྟེང་ལོགས་སུ་འང་དེ་ཙམ་ཁོ་ནའོ། །གལ་ཏེ་དེའི་ཚད་ཙམ་གྱི་ཤིང་དང༌། རི་ཞིག་ཡོད་པར་གྱུར་ན་ཡང་ཡོད་དོ། །གལ་ཏེ་མེད་ན་ཤིང་དང་རིའི་རྩེ་མོའི་བར་དུའོ། །མཚམས་བུ་ཆུང་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུའོ། །དེ་ལ་མཚམས་ཆེན་པོ་གཅད་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས་སྔར་ཕྱོགས་བཞིའི་མཚན་མ་བཙུགས་ལ་དགེ་འདུན་ཐམས་ཅད་ལ་བརྗོད་པར་བྱའོ། །མཚམས་ཀྱི་ལས་ཀྱི་ཚེ་ནི་འདུན་པ་དབུལ་བ་མེད་དོ། །དེ་ནས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ནི་དགེ་སློང་རྣམས་གནས་པ་དང༌། གཉུག་མར་གནས་པ་རྣམས་ཀྱི་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་ཡོངས་སུ་བརྗོད་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱེས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མཚན་མ་བརྟན་པོ་འདི་རྣམས་ཀྱི་ནང་དུ་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པ་དགོན་པ་ལ་ཐུག་པ་ནས་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན་གྱིས་


DTG151_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཆེན་པོ་བཅད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདི་ན་ཞེས་བྱ་བ་ནས། གྲོང་དང་གྲོང་གི་ཉེན་འཁོར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེན་འཁོར་མ་གཏོགས་པ་དགོན་པ་ལ་ཐུག་པ་ནས་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན་གྱིས་མཚམས་ཆེན་པོར་གཅད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེན་འཁོར་མ་གཏོགས་པ། དགོན་པ་ལ་ཐུག་པ་ནས་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན་གྱི་མཚམས་ཆེན་པོ་བཅད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་འདོད་ན་ཆོས་གོས་དང་འབྲལ་བར་མི་འགྱུར་བའི་གནང་བ་ཡང་སྦྱིན་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་གྱི་མཚམས་ཆེན་པོ་བཅད་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མཚམས་ཆེན་པོ་བཅད་པའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས། གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱི་མཚམས་ཆེན་པོའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩོལ་ནས། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་པའི་སྡོམ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་མཚམས་ཆེན་པོའི་ནང་དུ་


DTG151_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་བཞིན་དུ་འཛིན་ཏོ། །མཚམས་བུ་ཆུང་ཇི་ལྟར་གཅད་པར་བྱ་ཞེ་ན། མཚམས་ཆེན་པོ་གཞིག་གོ །དེ་ཡང་འདི་ལྟར་གཞིག་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི་གནས་པའི་སྡོམ་པས་དགེ་འདུན་གྱིས་མཚམས་ཆེན་པོ་བཅད་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང༌། དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་གོ ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་གྱིས་མཚམས་ཆེན་པོ་བཅད་པ་དེའི་སླད་དུ་དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོ་གཞིག་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་མོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་ཆེན་པོ་བཤིག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་འཚམས་བུ་ཆུང་གཅད་པར་བྱ། ཡང་ན་ང་དཀྱིལ་འཁོར་བ་གཅད་པར་བྱ་སྟེ། གཞན་ནི་སྔ་མ་བཞིན་ནོ། །བྱེ་བྲག་ཏུ་ནི་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་བཅད་དོ་ཞེས་འབའ་ཞིག་བརྗོད་པར་བྱའོ། །དེའི་འོག་ཏུ་ཡང་སྔ་མ་བཞིན་དུ་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ནས་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་བར་བྱའོ། །མཚམས་བུ་ཆུང་དང་མཚམས་ཆེན་པོ་གཉི་གར་ཡང་མཚམས་གཉི་གར་ཚོགས་ཁ་གཉིས་སུ་བཞག་ནས་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་དང་ལས་གཅིག་གིས་གཅད་ཅིང་དགྲོལ་ཏེ། །མཚམས་གཉིས་ཀྱི་ཚིགས་སུ་རེ་ལྡེ་ལ་སོགས་པ་བཏིང་ལ་དེའི་སྟེང་དུ་ལས་བྱེད་པ་འདུག་སྟེ། གསོལ་བ་ལ་སོགས་པ་བརྗོད་པར་བྱའོ། །མཚམས་སྔ་མ་མ་བཤིག་པར་མཚམས་ཕྱི་མ་གཅོད་པར་ཉེས་བྱས་སོ། །སྔ་མའི་གནས་ཉིད་


DTG151_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཡིན་ཏེ། མཚམས་སུ་མཚམས་ཀྱིས་བསྐོར་བར་མི་བྱའོ། །ཁྲོན་པའི་ཆུ་དང༌། དཀྱིལ་འཁོར་བ་དང༌། དགེ་སློང་མའི་དབྱར་ཁང་རྣམས་མ་གཏོགས་པར་མཚམས་སུ་མཚམས་ཀྱིས་གཞན་བསྐོར་བར་མི་བྱའོ། །ཤིང་གི་མཚན་མ་བཟང་པོ་གཅིག་གིས་ཀྱང་གནས་མང་པོའི་མཚམས་གཅད་པར་བྱའོ། །མཚན་མ་རྣམས་བརྗོད་ནས་ལས་ཕལ་ཆེར་བྱས་པའི་འོག་ཏུ་གལ་ཏེ་ལས་བྱེད་པ་ཤིན་ཡང་མཚམས་བཅད་པ་ཉིད་ཡིན་པར་བརྗོད་པར་བྱའོ། །ཟླ་བ་དང་ཉི་མས་མཚམས་གཅད་པར་མི་བྱའོ། །སྒྱུ་མས་མཚམས་གཅད་པར་མི་བྱའོ། །རྫུ་འཕྲུལ་གྱིས་མ་ཡིན། སྐར་མ་རྣམས་ཀྱིས་མ་ཡིན། ཆུ་རླབས་རྣམས་ཀྱིས་མ་ཡིན་ནོ། །གནས་སྟོང་བར་དགེ་སློང་གློ་བུར་དུ་ལྷགས་པ་དག་གིས་ཉི་མ་བདུན་ནམ་བརྒྱད་གཉུག་མར་གནས་པ་ལམ་བསྡད་པར་མཚམས་གཅོད་ན་ཉེས་བྱས་སོ། །དེ་ལ་སྔ་མ་ཉིད་མཚམས་ཡིན་ཏེ། ཕྱི་མ་ནི་མ་ཡིན་ནོ། །ཀླུང་དང་ཡུར་བ་ཟམ་པ་དང་བཅས་པ་མ་གཏོགས་པར་ཀླུང་དང་ཡུར་བ་གཞན་གྱི་ཕ་རོལ་ནི་གཅད་པའི་མི་རིགས་སོ། །ཟམ་པ་ཆད་ན་ཟམ་བ་སླར་ཡང་གདགས་པར་འདོར་ན་ཞག་བདུན་གྱི་བར་དུ་མཚམས་གཅད་པ་བཞིན་དུ་གནས་སོ། །ཉི་མ་བརྒྱད་པ་ལ་ནི་ཞིག་པར་འགྱུར་རོ། །ཟམ་པ་གདགས་པར་མི་འདོད་ན་ནི་ཆད་མ་ཐག་ཏུ་ཞིག་པར་འགྱུར་རོ། །ལྔས་ནི་མཚམས་ཞིག་པར་འགྱུར་ཏེ། དགེ་འདུན་ཐམས་ཅད་མཚན་གྱུར་པ་དང༌། དགེ་འདུན་ཐམས་ཅད་དོང་བ་དང༌། རབ་ཏུ་བྱུང་བ་ལས་བབ་པ་དང༌། ཤི་བ་དང༌། གསོལ་བའི་ལས་ཉིད་ནི་ལྔ་པའོ། །མཚམས་ལས་མི་འདའ་བར་བྱ་བའི་གནས་ལྔ་སྟེ། དགེ་སློང་གི་མཚམས་དང་དཀྱིལ་འཁོར་བ་དང༌། ཆུའི་ལྟེང་ཀ་དང༌། མཚམས་གཞན་དང༌། དགེ་སློང་མའི་དབྱར་ཁང་ངོ༌། །དགོན་པའི་གནས་མཚམས་མ་བཅད་པ་ཞིག་ཡིན་ན་རྒྱང་གྲག་གཅིག་ཚུན་ཆད་མཚམས་ཡིན་ནོ། །གྲོང་ལ་ནི་རྩིག་པའི་ནང་ཚུན་ཆད་མཚམས་ཡིན་ནོ། །དེ་ལ་བལྟར་སྣང་བའི་གནས་ན་འཁོད་པ་རྣམས་གཅིག་ཏུ་འདུས་པ་ལས་རྣམས་བྱའོ། །ཇི་ལྟར་གོང་དུ་རྒྱས་པར་བཤད་པ་དེ་ལ་ཐམས་ཅད་དུ་ཇི་སྐད་བརྗོད་པ་བཞིན་དུ་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །མཆོད་པའི་ཆོ་གའི་དབང་དུ་མཛད་ནས། སེན་མོ་བཅུ་ཡི་ཐལ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་


DTG151_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལ་སྟོན་པ་ལ་བཀུར་སྟི་བྱ་བར་སྦྱོར་བ་དང༌། ཕྱག་འཚལ་བ་དང༌། བསྟོད་པའོ། །དེ་ལ་ཐལ་མོ་གཉི་ག་སྦྱར་བ་ནི་ཕྱག་འཚལ་བའོ། །ཤཱཀྱ་པེང་ག་ཞེས་བྱ་བ་ནི་བསྟོད་པའོ། །ཤཱཀྱ་ཞེས་བྱ་བས་ནི་ཁྱིམ་པའི་ཕྱོགས་སུ་རིགས་ཡོངས་སུ་དག་པར་བརྗོད་པ་ཡིན་ནོ། །སེང་གེ་ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་ཕྱོགས་སུ་མི་འཇིགས་པ་རྣམས་ཀྱི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའོ། །སོ་སོར་ཐར་པ་ཞེས་བྱ་བ་ལ་སོགས་པ་ནི་སྟོན་པ་ལ་བཀུར་སྟི་བྱ་བར་སྦྱོར་བའོ། །སོ་སོར་ཐར་པ་ཞེས་བྱ་བའི་སྒྲས་ཉོན་མོངས་པ་ལས་ཐར་པ་ཐོབ་པར་བྱེད་པའི་ཡོན་ཏན་བརྗོད་པ་ཡིན་ནོ། །འཕྲལ་དུ་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པ་འདུལ་བའི་ཕྱིར་འདུལ་བའོ། །ཡང་དག་པར་འཛིན་དུ་གཞུག་པའི་དབང་དུ་མཛད་ནས། དེ་ནི་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་པ་དང༌། ཕྱིན་ཅི་མ་ལོག་པར་བསྒྲུབ་པ་དང༌། མི་གཡེལ་བར་སྦྱོར་བ་དང༌། ལྟ་བ་ལ་ཆགས་སུ་མི་གཞུག་པར་སྦྱོར་བའོ། །ཉོན་ཞེས་བྱ་བ་ནི་འདིས་ཉན་དུ་གཞུག་པའོ། །ཐོས་ནས་ཀྱང་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལས་ཏེ། དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་དུ་སྒྲུབ་པའི་ཕྱིར་རོ། །དྲང་སྲོང་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་ཀྱི་དྲང་སྲོང་རྣམས་ལས་ཁྱད་པར་འཕགས་པས་ཆེན་པོའོ། །ཕྲ་རྣམས་ལས་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་སྟེ། དེ་དག་ལ་བརྟུན་ཅིང་བྱེད་པ་ཉིད་དུ་གྱིས་ཞེས་བྱ་བ་བསྟན་པས་རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ལ་ཡང་བསྟན་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པར་བལྟ་བར་བྱའོ། །དམ་པ་རྣམས་ཀྱིས་སྨད་པའི་ཕྱིར། ཁ་ན་མ་ཐོ་བ་ནི་སྡིག་པའོ། །བརྟུན་ཅིང་ཞེས་བྱ་བ་ནི་གུས་པར་བྱེད་པའོ། །གྱིས་ཞེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པའོ། །འདིས་ནི་མི་གཡེལ་བར་སྦྱོར་བ་ལ་གཟུད་པ་བསྟན་ཏོ། །འབད་པ་ཞེས་བྱ་བ་ནི་ངེས་དགེ་པའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་གང་ཡིན་པའོ། །དེ་ལྟ་བས་ན་འདའ་བ་ཞེས་བྱ་བ་ནི་འཇིགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཁ་བླ་ན་དཀའ་བ་ཞེས་བྱ་བ་འདི་


DTG151_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་ཏེ། དུས་ཐམས་ཅད་དུ་ཡུལ་ལ་རབ་ཏུ་ཆགས་པ་ལས་སྡུག་བསྔལ་གྱིས་བཟློག་དགོས་ཞེས་བྱ་བའི་བར་དུའོ། །འདིས་ནི་སེམས་གདུའ་དཀའ་བར་བསྟན་ཏོ། །སེམས་སྨོས་པས་ནི་སེམས་འབའ་ཞིག་འདུལ་བའི་དོན་ཏོ། །དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱིར་རྣམ་བར་སྦྱང་གི །བདག་ནི་མ་ཡིན་གྱི་དེ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་དག་པ་དང་མི་ལྡན་པའི་ཕྱིར་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའོ། །སྲབ་ཅེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བ་འདུལ་བ་མ་ཡིན་པ་ལ་ཞུགས་པས་ཁ་དེ་བླན་པར་བྱ་བའི་དོན་ཏོ། །མཐུན་པ་ཞེས་བྱ་བ་ནི་རིག་པའི་རྣམ་པ་སྟེ། ཧ་ཅང་དོག་པ་དང༌། ཧ་ཅང་ཡངས་པ་མ་ཡིན་པའོ། །བདག་དུབ་པ་ལ་སྦྱོར་བའི་མཐའ་ཡོངས་སུ་སྤང་བའི་ཕྱིར་ཧ་ཅང་དོག་པ་ཡང་མ་ཡིན་ནོ། །འདོད་པ་བསོད་ཉམས་ལ་སྦྱོར་བའི་མཐའ་ཡོངས་སུ་སྤང་བའི་ཕྱིར་ཧ་ཅང་ཡངས་པ་ཡང་མ་ཡིན་ནོ། །ཡང་ན་གང་ཟག་བླུན་པོའི་འཇུག་པ་ལ་སོགས་པ་དང་མཐུན་པར་བསྟན་པས་མཐུན་པའོ། །གཟེར་བུ་བརྒྱ་པ་ཞེས་བྱ་བ་ནི་དེ་ལས་འདའ་བ་རྣམས་མཐོང་བའི་ཆོས་འདི་ཉིད་ལ་སྒོ་མང་པོ་ནས་འགྱོད་ཅིང་མི་བདེ་བའི་ཕྱིར་རོ། །རྣོན་པོ་ཞེས་བྱ་བ་ནི། ཚེ་གཞན་ན་ཁ་ན་མ་ཐོ་བ་འབྱུང་བ་གཅོད་པའི་དོན་ཏེ། རྣམ་པ་འདི་ཉིད་ཀྱིས་དེ་ཉིད་སྲབ་ཏུ་བསྟན་ཏོ། །འདིས་ནི་ལྟ་བ་ལ་ཆགས་སུ་མི་གཞུག་པ་ཡང་བསྟན་ཏོ། །ཡང་དག་པར་འཛིན་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། གང་དག་མི་འདའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདའ་བར་མི་བྱེད་པའོ། །མཚམས་ཞེས་བྱ་བ་ནི་བསླབ་པའོ། །ངག་ཙམ་གྱིས་ལྡོག་ཅེས་བྱ་བ་ནི་དབྱིག་པ་དང་མཚོན་ཆས་མ་ཡིན་ནོ། །ཆེ་བ་ཞེས་བྱ་བ་ནི་བསླབ་པ་འདོད་པ་རྣམས་སོ། །དེ་ངག་ནི་རྟ་བཟང་པོ་ཞེས་བྱ་བ་ནི་སྐྱེས་བུ་ཅང་ཤེས་པ་རྣམས་སོ། །ཉོན་མོངས་པའི་གཡུལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་འཐབ་པའོ། །ངེས་རྒལ་འགྱུར་ཞེས་བྱ་བ་ནི་དགྲ་བཅོམ་པའི་དུས་ནའོ། །ཡང་དག་པར་མི་འཛིན་པའི་ཉེས་དམིགས་ཀྱི་དབང་དུ་མཛད་ནས། སུ་དག་ལ་འདི་མེད་དང་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཅན་རྣམས་དང༌། འདོད་པ་ལ་ལོངས་སྤྱོད་པ་རྣམས་སོ། །མི་འདོད་པའང་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་སོ། །ཉོན་མོངས་གཡུལ་གྱིས་


DTG151_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་ཞེས་བྱ་བ་ནི། ཉོན་མོངས་པའི་གཡུལ་ལས་ཕམ་པར་གྱུར་པའོ། །འཇོག་བྲལ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྲབ་རྣམ་པར་སྤངས་བའི་ཕྱིར་རོ། །རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་ནི་འགྲོ་བ་ལྔའི་འཁོར་བར་སྣ་ཚོགས་སུ་འཁྱམ་པའོ། །ཡང་དག་པར་བསྒོ་བའི་དབང་དུ་མཛད་ནས། གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་གཞན་ལས་ཉན་པ་མངོན་དུ་བྱེད་དུ་གཞུག་པའི་ཐ་ཚིག་གོ །གསན་དུ་གསོལ་ཞེས་བྱ་བ་ནི། གུས་པར་བྱེད་དུ་གཞུག་མའོ། །དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་རྣམ་པ་ལྔ་སྟེ། བཞི་འདུས་པ་དང༌། ལྔ་འདུས་པ་དང༌། བཅུ་འདུས་པ་དང༌། ཉི་ཤུ་འདུས་པ་དང༌། ཉི་ཤུ་ལས་ལྷག་པར་འདུས་པའོ། །དེ་ལ་བཞི་འདུས་པས་ནི་དགག་དབྱེ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། དབྱུང་བ་མ་གཏོགས་པའི་ལས་ཐམས་ཅད་བྱའོ། །ལྔ་འདུས་པས་ནི་བསྙེན་པར་རྫོགས་པར་བྱ་བ་དང༌། དབྱུང་བ་མ་གཏོགས་པའོ། །མཐའ་ཁོབ་ཏུ་ནི་བསྙེན་པར་རྫོགས་པ་ཡང་བྱའོ། །བཅུ་འདུས་པས་ནི་དབྱུང་བ་མ་གཏོགས་པའོ། །ཉི་ཤུ་འདུས་པ་དང༌། ཉི་ཤུ་ལས་ལྷག་པར་འདུས་པས་ནི་ལས་ཐམས་ཅད་བྱའོ། །བཅུ་བཞི་པ་ཞེས་བྱ་བ་ནི། གསོ་སྦྱིན་གྱི་དུས་ཤེས་པར་བྱེད་པའོ། །དེ་ལ་དགུན་དང་ཕྱིར་དང། དབྱར་རྣམས་ཀྱི་ཟླ་བ་ཕྱེད་པ་གསུམ་པ་དང༌། བདུན་པ་ནི་གསོ་སྦྱིན་བཅུ་བཞི་པའོ། །དེ་ལས་གཞན་པ་ནི་བཅོ་ལྔ་པའོ། །ལོ་གཅིག་ལ་གསོ་སྦྱིན་བཅུ་བཞི་པ་ནི་དྲུག་གོ །བཅོ་ལྔ་པ་ནི་བཅོ་བརྒྱད་དོ། །གསོ་སྦྱིན་གྱི་ཉི་མ་ཡོངས་སུ་ཤེས་པར་བྱ་བ་དང༌། འཇིག་རྟེན་ལས་བསྙད་པའི་ཕྱིར་དེང་ནི་ཟླ་བ་ཕྱེད་ཀྱི་ཚེས་འདི་ཡིན་ནོ་ཞེས་དགེ་འདུན་ལ་ཚེས་གྲངས་བརྗོད་ཅིང་གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་རེ་རེ་བརྗོད་ཅིག་ཅེས་བྱའོ། །ཉི་མ་དང་ཟླ་བ་དང་སྐར་མ་ནི་རྒྱལ་པོ་དང་མཐུན་པར་བྱའོ། །དུས་ལ་བབ་ཅེས་བྱ་བ་ནི་གསོ་སྦྱིན་གྱི་དུས་སོ། །བཟོད་ཅེས་བྱ་བ་ནི་འཁོར་དེར་གསོ་སྦྱིན་བྱ་བ་འདོན་པའོ། །གནང་བར་མཛོད་ཅིག་ཅེས་བྱ་བ་ནི་དགེ་འདུན་གྱིས་བདག་འདོན་དུ་གནང་བར་མཛོད་ཅིག་ཅེས་བྱ་བའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་དགེ་འདུན་ཐམས་ཅད་ཤེས་པར་བྱ་བའི་མཐའ་སྟོན་ཏོ། །ཅིའི་ཕྱིར་


DTG151_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་མི་འདོན་ཅེ་ན། ཐམས་ཅད་ཀྱིས་གདོན་པར་མི་བྱ་སྟེ། ཐམས་ཅད་མཐུན་པར་ཐོན་པ་མ་ཡིན་ལ་ཆོས་ཉན་པའི་ཚུལ་དུ་ཡང་མི་རུང་ངོ༌། །རང་རང་གི་གནས་སུ་སོ་སོ་ནས་འདོན་ན་ནི། དེ་ལྟ་ན་ཡང་གསོ་སྦྱིན་བྱས་པ་མ་ཡིན་པའི་ཉེས་པ་དང༌། དམ་པའི་ཆོས་མཉན་པའི་བྱ་བ་མ་ཡིན་པའི་ཉེས་པར་འགྱུར་རོ། །མ་ཞིབ་དུས་རིང་དུ་ཐོགས་པའི་ཉེས་པ་དག་ཏུ་ཡང་འགྱུར་རོ། །དགེ་སློང་ཡོད་པའི་གནས་ན་བསླབ་པ་བྱིན་པས་སོ་སོར་ཐར་པ་གདོན་པར་མི་བྱའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོས་བྱིན་བྱས་ཏེ་ཞེས་བྱ་བ་ལ། ཅིའི་ཕྱིར་གསོ་སྦྱིན་ཞེས་བྱ། དེ་བྱ་བ་ནི་ཅི་ལྟ་བུ་ཞེ་ན། སེམས་ལ་དགེ་བ་གསོ་བ་སྦྱིན་པས་གསོ་སྦྱིན་ནོ། །གང་དུ་ཐ་ན་བཞི་ཚོགས་པ་དེར་མཐུན་པ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་འདོན་པར་བྱ་བ་ནི་གསོ་སྦྱིན་བྱ་བའོ། །གང་ན་དགེ་སློང་བ་ཞིག་ནས་པ་དེར་ནི་འདུན་པ་མི་བླང་ངོ༌། །ཕྱོགས་གང་ན་མཆོད་རྟེན་བསྲུང་བ་མ་ཡིན་པ་དང༌། འཇིག་རྟེན་དང་ཧ་ཅང་སྣང་ཡལ་ཆེ་བ་དང༌། མི་གཙང་བའི་གནས་དང༌། དོག་པ་དེར་གསོ་སྦྱིན་བྱེད་ན་ཉེས་བྱས་སོ། །བཞི་པོ་དེ་དག་ལས་ཕྱོགས་གཞན་མེད་ན་ལྟུང་བ་མེད་དོ། །ཉལ་བ་དང་ནང་དུ་ཡང་དག་འཇོག་པ་དང༌། བསོད་སྙོམས་ལེན་པ་དང༌། ཟས་ཟོས་ནས་སྐོམ་པ་སེལ་བ་དང༌། དེ་ལྟ་བུ་བྱེད་པ་དང༌། བླ་མ་ལ་བསྙེན་བཀུར་བྱེད་པའི་དུས་ན་གསོ་སྦྱིན་བྱེད་ན་ཉེས་བྱས་སོ། །གལ་ཏེ་དུས་གཞན་ན་བར་ཆད་བྱུང་བ་ལྟ་ན་ཉེས་པ་མེད་དོ། །རྒྱལ་པོ་ལ་སོགས་པས་བཟུང་སྟེ། མཚམས་ཀྱི་ནང་ན་གནས་ན་མི་མཐུན་པས་གསོ་སྦྱིན་མི་བྱའོ། དེ་ཐར་པར་བྱ་བའི་ཕྱིར་མེ་སྦྱོར་ན་ཉེས་བྱས་སོ། །མི་མཐུན་པའི་ཉེས་པ་ཡོངས་སུ་སྤད་པའི་ཕྱིར་སྨྱོས་པ་ལ་སྨྱོས་པའི་སྡོམ་པ་སྦྱིན་ནོ། །གསོ་སྦྱིན་བྱེད་པའི་ཉིན་མོ་བདག་ལ་ཟླ་ཕྱེད་ཚུན་ཆད་ལྟུང་བ་བྱུང་ངམ་མ་བྱུང་སྙམ་དུ་སེམས་ལ་བརྟག་པར་བྱའོ། །གང་ཟླ་བ་ཕྱེད་ཀྱི་ནང་དུ་སུ་ཉེས་པ་བྱུང་པར་དྲན་པར་དེས་ཆོས་བཞིན་དུ་བྱ་སྟེ། སྟན་ལས་ལངས་ཏེ་མཆིལ་ལྷམ་དག་ཕུད་དེ། བློ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ཕྱག་འཚལ་ནས་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་བདག་དང་ལྟུང་བའི་མིང་ནས་སྨོས་ཏེ། ལྟུང་བ་བཤགས་པར་བྱའོ། །ཚེ་དང་ལྡན་པ་


DTG151_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞིང་བགྱི་བ་ལ་ལྟུང་བ་འདི་དང་འདི་ལྟ་བུ་བྱུང་སྟེ། དེ་བདག་གིས་ཚེ་དང་ལྡན་པའི་མདུན་དུ་དག་པའི་མཐའ་ནས་བཟུང་སྟེ། མཐོལ་ལོ་མོ། །འཆགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ནས་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །དེས་འདི་སྐད་དུ་ལྟུང་བར་མཐོང་ངམ། མཐོང་ངོ༌། །ཕྱིན་ཆད་སྡོམ་མམ། མི་བགྱིད་དོ་ཞེས་ལན་གཉིས་ལན་གསུམ་དུ་བཟླས་བར་བྱའོ། །ཡིད་གཉིས་ཟ་བས་ནི་འདུལ་བ་འཛིན་པ་ལ་སོགས་པ་རྣམས་ལ་ཡིད་གཉིས་བསལ་ཏེ་ཕྱིས་བཤགས་པར་བྱའོ། །དགེ་སློང་གི་མདུན་དུ་ལྟུང་བ་བཤགས་པར་བྱའོ། །དགེ་སློང་མ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འཆགས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལྟུང་བ་འདྲ་བའི་མདུན་དུ་བཤགས་པར་མི་བྱའོ། །ཕམ་པར་འགྱུར་བ་དང་ཕམ་བར་འགྱུར་པར་ནི་འདྲ་སྟེ་ཞེས་བྱ་བ་ནས་ཉེས་བྱས་དང་ཉེས་བྱས་ཞེས་བྱ་བའི་བར་དུའོ། །གལ་ཏེ་དགེ་འདུན་གྱི་ནང་དུ་དྲན་ན་དེས་བྱིན་གྱིས་བརླབ་པར་བྱ་སྟེ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་བདག་མིང་འདི་ཞེས་བགྱི་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་དེང་གསོ་སྦྱིན་བྱའོ། །ཕྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་བྱའོ་ཞེས་བྱས་ལ་དེའི་འོག་ཏུ་གསོ་སྦྱིན་པའོ། །དེ་བཞིན་དུ་སོ་སོར་ཐར་པའི་མདོ་འདོན་པས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཐེ་ཚོམ་ཟ་བས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། གང་གནས་གཞན་དུ་ཕྱིར་བཅོས་པ་བྱས་ནས་འོང་བར་དགེ་སློང་གཅིག་སྤྲོ་བར་བྱའོ། །ཅི་སྟེ་མ་གྲུབ་ན་དགྲོལ་བའི་གསོལ་འབའ་ཞིག་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་བགྱིད་པར་སྤྲོ་བ་སུ་ཡང་


DTG151_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་སོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་གསོ་སྦྱིན་བྱའོ། །དེ་བཞིན་དུ་ལྟུང་བ་ལ་ཡིད་གཉིས་ཟ་བས་ཀྱང་བྱའོ། །དག་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་མི་དྲན་ལ་གལ་ཏེ་དགེ་སློང་གཅིག་ཅིག་ལྟུང་བ་མེད་པར་གྱུར་ན། དེས་དགེ་སློང་བཤེས་པ་བསྐུལ་ཏེ་ཅི་ནས་ཀྱང་དེ་དག་ཐོས་ནས་འཆག་པར་འགྱུར་བ་དེ་ལྟ་བུར་དགེ་སློང་རྣམས་ཀྱི་མདུན་དུ་ལྟུང་བ་འཆགས་སུ་གཞུག་གོ །བཤེས་པ་མེད་ན་མི་སྨྲ་བར་འདུག་པར་བྱའོ། །དགེ་སློང་མི་འདོད་བཞིན་དུ་གླེང་ཞིང་དྲན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བརྟགས་པ་ཙམ་གྱིས་འདུ་ཤེས་སམ། མི་མཐུན་པའི་འདུ་ཤེས་སམ། ཡིད་གཉིས་ཟ་བཞིན་གསོ་སྦྱིན་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཐ་དད་དུ་བྱེད་འདོད་པས་བྱེད་ན་དགེ་འདུན་གྱི་དབྱེན་དུ་གཏོགས་པའི་ལྟུང་བ་སྦོམ་པོར་འགྱུར་རོ། །མ་ལྷགས་པ་རྣམས་དང་ཡང་ཡང་གསོལ་བ་བྱས་ལ་གསོ་སྦྱིན་བྱའོ། །མཐུན་པའི་འདུ་ཤེས་ཀྱིས་ན་ཉེས་པ་མེད་དོ། །གསོ་སྦྱིན་བྱེད་པའི་ཚེ་གལ་ཏེ་གང་དག་མ་འདུས་པ་དེ་ནི་ཉུང་ན་དེ་དག་དོང་ལ་གལ་ཏེ་དགེ་འདུན་ཚོགས་པར་གྱུར་ན་དེ་ཉིད་དུ་གསོ་སྦྱིན་བྱའོ། །གལ་ཏེ་དེ་ལྟར་མ་གྱུར་ན། དཀྱིལ་འཁོར་བར་འདོང་བར་བྱའོ།། ཇི་སྟེ་མང་བར་གྱུར་ན་དེ་དག་གིས་ཀྱང་གསོལ་བ་བྱས་ལ་ཡང་གསོ་སྦྱིན་བྱའོ། །དགག་དབྱེ་བའི་ཚེ་ནི་གསོ་སྦྱིན་བྱས་པར་འགྱུར་རོ། །དགེ་སློང་རྣམས་ཀྱང་ལོགས་ཤིག །དགེ་སློང་མ་རྣམས་ཀྱང་ལོགས་ཤིག་ཏུ་གསོ་སྦྱིན་བྱའོ། །དགེ་སློང་མ་རྣམས་སྟོན་པ་ལ་གསོལ་བ་འདེབས་ན་ལན་གདབ་ཀྱིས་འབྲོས་པར་མི་བྱའོ། །གསོ་སྦྱིན་བྱ་བའི་ཉིན་བར་དགེ་སློང་མ་ལ་སྟོན་པ་སྒོ་གང་དུ་འདུག་པར་བྱའོ། །གློ་བུར་དུ་ལྷགས་པ་རྣམས་ཀྱིས་གཉུག་མར་གནས་པ་རྣམས་དང་གྲངས་མཉམ་པ་དང༌། གློ་བུར་དུ་ལྷགས་པ་མང་པ་རྣམས་དང་ཉི་མ་མཐུན་པར་བྱའོ། །ཉུང་དུ་རྣམས་ཀྱིས་ནི་མ་ཡིན་ནོ། །གང་ན་ལས་ཐམས་ཅད་བྱ་བར་ཤེས་པ་ནི་གནས་ཡིན་ནོ། །གང་ན་མི་ཤེས་པ་ནི་གནས་མ་ཡིན་ནོ། །གང་ན་ཁ་ཅིག་ནི་ཤེས་ལ་ཁ་ཅིག་ནི་མི་ཤེས་པ་ནི་གནས་ཀྱང་ཡིན་ལ་གནས་ཀྱང་མ་ཡིན་པའོ། །དགེ་སློང་ཡོད་པ་དེ་ལྟ་བུ་ལས་དགེ་སློང་མཐུན་


DTG151_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པ་ཡོད་པ་དེར་གསོ་སྦྱིན་བྱ་བའི་ཉིན་པར་སོང་ཡང་ལྟུང་བ་མེད་དོ། །དགེ་སློང་རྩོད་པ་ཡོད་པར་སོང་ན་ཉེས་བྱས་སོ། །གལ་ཏེ་དེར་སོང་ན་བདེ་བ་ལ་རེག་པར་འགྱུར་བ་ལྟ་ན་དགེ་སློང་མེད་པར་སོང་ཡང་ལྟུང་བ་མེད་དོ། །ཇི་སྟེ་བདེ་བ་ལ་རེག་པར་མི་འགྱུར་ན་འགྲོ་བར་མི་བྱའོ། །དགེ་འདུན་ཐམས་ཅད་སོང་ངམ་བར་ཆད་ཉེ་བར་གནས་པར་འགྱུར་ན་ལྟུང་བ་མེད་དོ། །གནས་པར་བྱེད་པ་གསོ་སྦྱིན་གྱི་ཉིན་མོ་ཡུལ་གཞན་དུ་འགྲོ་ན་མི་གཏང་ངོ༌། །ཡང་ན་གསོ་སྦྱིན་བྱེད་པ་དང་བཅས་པའི་གནས་སུ་སོང་ཤིག་ཅེས་བསྒོ་བར་བྱའོ། །དེར་མ་སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གི་གསོ་སྦྱིན་བྱ་བའི་ཉིན་མོ་མདོ་འདོན་པ་མེད་པའི་གནས་སུ་བསྡད་ཅིང་འདུག་པར་མི་བྱའོ། །དབྱར་སྔ་མར་འཇུག་པར་མི་བྱའོ། །ཉེ་བར་ཞུགས་ན་ཡང་གཉིས་པར་ཉེ་བར་འཇུག་པར་མི་བྱའོ། །ཁྱིམ་པ་ལ་སོགས་པ་གནས་དང་གསོ་སྦྱིན་མི་བྱའོ། །མཐུན་པར་གནས་པ་ཡོངས་སུ་དག་པ་ལྟ་བ་མཚུངས་པ་རྣམས་དང་གསོ་སྦྱིན་བྱའོ། །འོན་པ་དང་མཐའ་འཁོབ་པ་གྲངས་ཚང་ཡང་གསོ་སྦྱིན་མི་བྱའོ། །གང་གཅིག་པུར་གྱུར་པ་དེས། སྐྱང་ནུལ་དང༌། ཕྱག་དར་བྱ་བ་དང་སྟན་བ་ཤམ་བ་ལ་སོགས་པ་ནས་བྱས་ཏེ། ཆོས་མཉན་པ་བྱིན་ལ། གློ་བུར་དུ་འོངས་པའི་དགེ་སློང་བལྟ་བར་བྱའོ། །གལ་ཏེ་མེད་ན་དེས་བདག་ཉིད་སྟན་ལ་འདུག་སྟེ། འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། དེ་ཡང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ཡང་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱིན་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་པར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་ཉིད་སྨྲ་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེང་གསོ་སྦྱིན་གྱིས་བྱིན་གྱིས་པ་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་ལ་རྙེད་པ་དེའི་ཚེ། དགེ་འདུན་མཐུན་པ་དང་གསོ་སྦྱིན་བྱའོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བ་ཟླས། དེ་བཞིན་དུ་གང་ན་གཉིས་སམ་གསུམ་འཁོད་པ་དེར་ཡང་ཚུལ་འདི་ལྟ་བུས་གཅིག་ལ་གཅིག་བརྗོད་པར་བྱའོ། །ལམ་དུ་ཞུགས་པ་ལས་ཁ་ཅིག་གྲོང་དུ་དོང༌། ཁ་ཅིག་ཕྱི་རོལ་ན་འཁོད་ལ་གསོ་སྦྱིན་བྱ་བའི་དུས་


DTG151_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ན་དེ་དག་གིས་སོ་སོར་གསོ་སྦྱིན་བྱའོ། །ཕྱི་རོལ་ན་གནས་པ་རྣམས་ཀྱིས་ནི་གྲོང་དང་ཉེ་བའི་གནས་སྤང་བར་བྱའོ། །གལ་ཏེ་མགྲོན་པོ་ཕལ་པོ་ཆེ་མི་སྡོད་པ་ལྟ་ན་འགྲོ་བཞིན་དུ་གསོ་སྦྱིན་བྱའོ། །ཅི་སྟེ་སྣོད་ན་ཡིད་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །སེམས་བསྐྱེད་པ་ཙམ་གྱིས་གྲུབ་པ་ནི་དྲུག་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་དང༌། ཆོས་གོས་དབྱུང་བ་དང༌། ཆོས་གོས་བརྟག་པ་དང༌། གང་ཟག་གིས་མགྲོན་དུ་བོས་པ་དང༌། གསོ་སྦྱིན་དང༌། དགག་དབྱེ་བྱའོ། །གསོ་སྦྱིན་བྱ་བའི་དུས་སུ་གསོ་སྦྱིན་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གསོ་སྦྱིན་བྱ་བའི་དུས་མ་ཡིན་པར་གསོ་སྦྱིན་བྱེད་ན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཀྲ་ཤིས་ཀྱི་གསོ་སྦྱིན་ནི་མ་གཏོགས་ཏེ། དགེ་འདུན་དབྱེ་བའི་སྡུམས་བྱ་བའི་དོན་ཏོ། །མཐུན་པར་བགྱི་བའི་གསོ་སྦྱིན་ཏེ། གནས་ནས་ཕྱུང་བའི་ལས་བྱས་པ་ལ་དག་པར་བྱ་ཞིང་མཐུན་པར་བྱ་བའི་གསོ་སྦྱིན་བྱ་བར་གསོལ་བ་འདེབས་པའོ། །སོ་སོར་ཐར་པའི་མདོ་གདོན་པ་ཞེས་བྱ་བ་ལ་སོ་སོར་ཐར་པའི་མདོ་གདོན་པ་ནི་རྣམ་པ་ལྔ་སྟེ། གླེང་གཞི་བརྗོད་ནས་ལྷག་མ་གསན་པ་ལགས་སོ་ཞེས་གོ་བར་བྱེད་པ་དང༌། ཇི་ལྟར་གླེང་གཞི་དང༌། ཕམ་པར་འགྱུར་བ་བརྗོད་པ་དང༌། དེ་བཞིན་དུ་དགེ་འདུན་ལྷག་མའི་བར་དང༌། དེ་བཞིན་དུ་མ་ངེས་པའི་བར་དུ་བརྗོད་ལ། ལྷག་མ་ནི་གསན་པ་ལགས་སོ་ཞེས་གོ་བར་བྱེད་པ་དང༌། བཞི་པོ་འདི་དག་དང་ཐམས་ཅད་གདོན་པ་ནི་ལྔ་པའོ། །སུས་གདོན་ཞེ་ན། དགེ་འདུན་གྱི་གནས་བརྟན་གྱིས་སོ། །དེས་མི་ནུས་ན་གནས་བརྟན་གཉིས་པ་ལ་སོགས་པ་སྟེ། རེས་ཀྱིས་གདོན་པར་བྱའོ། །ཡང་ན་གསོལ་བ་བཏབ་པས་སོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་གླེང་གཞི་ནི་ཐོན་ལ་ལྷག་མ་ནི་མ་ཐོན་ན་དེ་མ་ཡིན་པ་དག་གིས་ཕམ་པར་འགྱུར་བ་ལ་སོགས་པ་བརྗོད་པར་བྱའོ། །སྨྱོན་པས་བཏོན་པ་ཡང་སོ་སོར་ཐར་པ་བཏོན་པ་ཡིན་ནོ། །འཁོར་རྣམ་པར་དག་པའི་དབང་དུ་མཛད་ནས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟུང་བ་བྱུང་བ་གང་ཡིན་པ་དེ་ཕྱིར་བཅོས་པ་མ་བྱས་པ་ནི་ཡོད་པ་ཞེས་བྱའོ། །དགེ་སློང་གི་འཁོར་འདི་ལྟ་བུར་ཞེས་བྱ་བ་འདི་ནི་བསྟོད་པ་


DTG151_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའོ། །དྲན་ཞེས་བྱ་བ་ནི་ལྟུང་བ་ཡོད་ཀྱང་མི་དྲན་ན་བརྫུན་དུ་མི་འགྱུར་རོ། །ཚིག་གིས་གོ་བར་བྱ་བའི་དོན་མཚན་མས་གོ་བའི་ཕྱིར་ཅད་མི་སྨྲ་བས་ཀྱང་བརྫུན་དུ་འགྱུར་རོ། །བར་དུ་གཅོད་པ་ཞེས་བྱ་བ་ནི་དུས་གཉིས་སུ་སྟེ། མཐོང་བའི་ཆོས་འདི་ཉིད་ལ་དགེ་བའི་ཆོས་རྣམས་དང༌། ཚེ་རབས་གཞན་ན་བདེ་འགྲོར་འགྲོ་བ་ལའོ། །རྣམ་པར་དག་པར་འདོད་པས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འདོད་པས་སོ། །བསྐུལ་བ་དང༌། སྨ་དབབ་པ་དང༌། བསྐྲད་པ་འདོད་པས་ནི་མ་ཡིན་ནོ། །ལན་གསུམ་ཞེས་བྱ་བ་ནི་ཧ་ཅང་ཉུང་བ་ཡང་མ་ཡིན། ཧ་ཅང་མང་བ་ཡང་མ་ཡིན་ནོ། །ཧ་ཅང་ཉུང་ཆེས་ན་ནི་གཡེངས་པ་ཁ་ཅིག་གིས་ཉེ་བར་མཚོན་པར་མི་འགྱུར་རོ། །མང་ན་ནི་དུས་ཡུན་རིང་དུ་ཐོགས་པར་འགྱུར་རོ། །མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ལེ་ལོའི་གཉེན་པོར་བརྩོན་འགྲུས་རྩོམ་པ་དང༌། ཁ་ན་མ་ཐོ་བ་བྱུང་བའི་གཉེན་པོར་ཁ་ན་མ་ཐོ་བ་མེད་པ་སྐྱེད་པ་དང་བསླབ་པ་ཁྱད་དུ་གསོད་པའི་གཉེན་པོར་གུས་པ་དང་བཅས་པ་དང༌། འགྱོད་པའི་གཉེན་པོར་འགྱུར་པ་མེད་པ་དང༌། རྣམ་པར་མ་དག་པའི་གཉེན་པོར་ཏིང་ངེ་འཛིན་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམས་ཀྱིས་རྣམ་པར་དག་པའོ། །གླེང་གཞི་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པར་གྱུར་པའི་ཕྱིར་ཏེ། དེའི་འོག་ཏུ་དེའི་འདོན་པ་བྱུང་ངོ༌། །སོ་སོར་ཐར་པའི་མདོ་འདོན་པ་དང་པོ་རྫོགས་སོ།། །།དེའི་འོག་ཏུ་བསླབ་པའི་གཞི་རེ་རེ་ལ་འང་རྣམ་པ་ཉི་ཤུ་རྩ་གཅིག་གིས་བཤད་པར་བྱའོ། །རྣམ་པ་ཉི་ཤུ་རྩ་གཅིག་ནི་འདི་ལྟ་སྟེ། གླེང་གཞི་དང༌། གང་ཟག་དང༌། ཉེས་པ་དང༌། གཞི་དང༌། ཉོན་མོངས་པ་དང༌། ཚིག་གི་དོན་དང༌། ལྟུང་བར་འགྱུར་བ་དང༌། ལྟུང་བར་མི་འགྱུར་བ་དང༌། ཡན་ལག་རྣམས་དང༌། ཀུན་ནས་སློང་བ་དང༌། བརྡ་དང༌། རྒྱུན་ཆད་པ་དང༌། རྒྱུན་མ་ཆད་པ་དང༌། ཁ་ན་མ་ཐོ་བ་དང༌། བྱ་བ་དང། མི་བྱ་བ་དང༌། སྤྱད་པ་དང༌། མ་སྤྱད་པ་དང༌། ལྕི་བ་དང༌། ཡང་བ་ཉིད་དང༌། སྤྱིའི་མཚན་ཉིད་དང༌། ལྡང་བར་བྱེད་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། ལྟུང་བ་འབྱུང་བའི་རྒྱུའོ། །གྲོང་ཁྱེར་གང་དུ་བཅས་པ་དེ་ནི་གླེང་གཞིའོ། །གང་


DTG151_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ཏེ་བསླབ་པ་བཅས་པ་དེ་ནི་གང་ཟག་གོ །ཉེས་པ་ནི་གང་ཟག་གི་ལུས་དང་ངག་གིས་གང་ཡིན་པ་དེ་ནི་ཉེས་པའོ། །གཞི་ནི་རྣམ་པ་གཉིས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པར་བརྗོད་པའོ། །རྒྱས་པར་བྱས་ན་རྣམ་པ་དྲུག་ཅུ་རྩ་ལྔའོ། །འདི་ལྟ་སྟེ། འཁྲིག་པའི་གཞི་དང༌། ཡོངས་སུ་ལེན་པའི་གཞི་དང༌། མི་བཟོད་པའི་གཞི་དང༌། ཡིད་ཆེས་ཤིང་རྙེད་པ་དང་བཀུར་སྟིའི་གཞི་དང༌། གནས་ཀྱི་གཞི་དང༌། ཆངས་པ་མཚུངས་པར་སྤྱོད་པའི་གཞི་དང༌། དགེ་འདུན་གྱི་གཞི་དང༌། ཟང་ཟིང་ལ་ལོངས་སྤྱོད་པའི་གཞི་དང༌། ཆོས་ལ་ལོངས་སྤྱོད་པའི་གཞི་དང༌། དགེ་བསྙེན་མའི་གཞི་དང༌། ཀུན་དུ་དགབ་པའི་གཞི་དང༌། ཉེ་བར་དགབ་པའི་གཞི་དང༌། བསྐང་བའི་གཞི་དང༌། མཚན་མའི་གཞི་དང༌། ལྷུང་བཟེད་ཀྱི་གཞི་དང༌། ཆོས་གོས་ཀྱི་གཞི་དང༌། ལྡང་བར་བྱེད་པའི་གཞི་དང༌། སྦྱིན་པ་དང་མི་སྦྱིན་པའི་གཞི་དང༌། དུས་མ་ཡིན་པར་ལེན་པའི་གཞི་དང༌། ཉེས་པར་གཞག་པའི་གཞི་དང༌། བསྔོས་པ་སྒྱུར་བའི་གཞི་དང༌། ན་བའི་སྨན་གྱི་གཞི་དང༌། ལྟུང་བའི་གཞི་དང༌། རབ་ཏུ་བྱུང་བའི་གཞི་དང༌། འཁོར་བའི་གཞི་དང༌། རྩོད་པའི་གཞི་དང༌། སྟོན་པའི་གཞི་དང༌། གང་ཟག་བསྙེན་པར་རྫོགས་པའི་གཞི་དང༌། སོ་སོར་ཐར་པའི་གཞི་དང༌། སྡོམ་པའི་གཞི་དང༌། ས་བོན་དང་འབྱུང་པོའི་གནས་ཀྱི་གཞི་དང༌། ལྗིད་ཀྱི་གཞི་དང༌། མི་གུས་པའི་གཞི་དང༌། གནས་ལམ་གྱི་གཞི་དང༌། དགེ་སློང་མའི་གཞི་དང༌། བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པའི་གཞི་དང༌། ཆུ་ཡོངས་སུ་འཛིན་པའི་གཞི་དང༌། ཁྱིམ་དུ་ཉེ་བར་འགྲོ་བའི་གཞི་དང༌། མུ་སྟེགས་ཅན་གྱི་གཞི་དང༌། དམག་གི་གཞི་དང༌། གྲོགས་པོའི་གཞི་དང༌། མེའི་གཞི་དང༌། འདུན་པའི་གཞི་དང༌། ཉལ་བའི་གཞི་དང༌། ཚུལ་བཞིན་མ་ཡིན་པ་ལ་ཉེ་བར་རྟོག་པའི་གཞི་དང༌། མཚོན་གྱི་གཞི་དང༌། རུང་བ་མ་ཡིན་པ་ལེན་པའི་གཞི་དང༌། རང་དབང་མེད་པའི་གཞི་དང༌། དུད་འགྲོའི་སྐྱེ་གནས་ཀྱི་གཞི་དང༌། རྩེ་བའི་གཞི་དང༌། བུད་མེད་ཀྱི་ཡུལ་གྱི་གཞི་དང༌། ལམ་དུ་འཇུག་པའི་གཞི་དང༌། བསྙེན་པར་རྫོགས་པར་བྱེད་པའི་གཞི་དང༌། ས་ལེན་པའི་གཞི་དང༌། སྟོབས་


DTG151_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་དང༌། བསླབ་པའི་གཞི་དང༌། སྨོད་པའི་གཞི་དང༌། འཐབ་པའི་གཞི་དང༌། འབྲེལ་བའི་གཏམ་རྣམ་པར་ངེས་པའི་གཞི་དང༌། མགྲོན་དུ་བོས་པའི་གཞི་དང༌། གྲོང་དུ་འཇུག་པའི་གཞི་དང༌། ཁ་བ་རལ་གྱི་གཞི་དང༌། གནས་མལ་གྱི་ཚད་ཀྱི་གཞི་དང༌། ཆོས་གོས་ཀྱི་ཚད་ཀྱི་གཞི་དང༌། ཆོ་གའི་གཞི་དང༌། གླེང་བའི་གཞིའོ། །ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང༌། ཀུན་དུ་བརྟགས་པའོ། །རྒྱས་པར་བྱེད་ན་རྣམ་པ་ཉི་ཤུ་རྩ་ལྔའོ། །འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཁྲིག་པའི་ཉོན་མོངས་པ་དང༌། ཡོངས་སུ་ལེན་པའི་ཉོན་མོངས་པ་དང༌། མི་བཟོད་པའི་ཉོན་མོངས་པ་དང༌། ཡིད་ཆེས་ཤིང་རྙེད་པ་དང༌། བཀུར་སྟིའི་ཉོན་མོངས་པ་དང༌། རྩོད་པ་ལས་བྱུང་བའི་ཉོན་མོངས་པ་དང༌། ལས་ངན་པ་ལ་དགའ་བའི་ཉོན་མོངས་པ་དང༌། ཤེས་བྱ་ལ་རྟོག་པའི་ཉོན་མོངས་པ་དང༌། ཁྱིམ་ལ་སར་སྣ་བྱེད་པའི་ཉོན་མོངས་པ་དང༌། རང་དབང་མེད་པ་མི་བཟོད་པའི་ཉོན་མོངས་པ་དང༌། འགལ་ཚབས་ཅན་གྱི་ཉོན་མོངས་པ་དང༌། ཕོངས་པའི་ཉོན་མོངས་པ་དང༌། རྐྱེན་ལ་ལྟོས་པའི་ཉོན་མོངས་པ་དང༌། མ་དད་པའི་ཉོན་མོངས་པ་དང༌། འཆབ་པའི་ཉོན་མོངས་པ་དང༌། འཁོར་འཛིན་པའི་ཉོན་མོངས་པ་དང༌། ལྗིད་ཀྱི་ཉོན་མོངས་པ་དང༌། མི་གུས་པའི་ཉོན་མོངས་པ་དང༌། སྨོད་པའི་ཉོན་མོངས་པ་དང༌། སྙིང་རྗེ་མེད་པའི་ཉོན་མོངས་པ་དང༌། ལེ་ལོའི་ཉོན་མོངས་པ་དང༌། ཉེ་བར་མ་ཞི་བའི་ཉོན་མོངས་པ་དང༌། ཚོར་བ་མི་བཟོད་པའི་ཉོན་མོངས་པ་དང༌། ཚིག་གི་དོན་ནི་བསླབ་པའི་དངོས་པོ་རྣམས་ཀྱི་མཚན་ཉིད་བསྟན་པ་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་ལས་དང་པོ་ལ་ལྟུང་བ་མེད་པར་སྟོན་ཏོ་ཞེས་བཤད་པ་ལྟ་བུའོ། །ལྟུང་བར་འགྱུར་བ་འདི་ལྟར་བྱས་ན་ལྟུང་བར་འགྱུར་རོ་ཞེས་བསྟན་པའོ། །ལྟུང་བར་མི་འགྱུར་བ་ནི་འདི་ལྟར་བྱས་ན་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། །ཡན་ལག་ནི་ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བར་འགྱུར། འདི་རྣམས་དང་མི་ལྡན་ན་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། །ཀུན་ནས་སློང་བ་ནི་རྣམ་པ་དྲུག་སྟེ། ལུས་དང་ངག་དང༌། ལུས་དང་སེམས་དང༌། ངག་དང༌། ངག་དང་སེམས་དང༌། ལུས་དང་ངག་དང་སེམས་


DTG151_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བརྡ་ནི་ཕམ་པར་འགྱུར་བ་ལ་སོགས་པ་རྣམས་སོ། །རྒྱུན་ཆད་པ་དང༌། རྒྱུན་མ་ཆད་པ་ལ་གཉེན་པོ་ལ་བརྟེན་པ་ནི་ཉེས་པའི་རྒྱུན་ཆད་པའི་ཕྱིར་རྒྱུན་ཆད་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་རྒྱུན་མ་ཆད་པའོ། །ཁ་ན་མ་ཐོ་བ་ནི་འདིར་རང་བཞིན་གྱི་ཁ་ན་མ་ཐོ་བའམ་བཅས་པའི་ཁ་ན་མ་ཐོ་བ་འམ། ཅི་ཞིག་སྟེ། ཉོན་མོངས་པས་ལྷག་པར་སྤྱད་པ་གང་ཡིན་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའོ། །ཉོན་མོངས་པ་མ་ཡིན་པས་གང་ཡིན་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བའོ། །བྱ་བ་དང་མི་བྱ་བ་ནི་གང་ཅི་བྱས་ན་ལྟུང་བ་འབྱུང་བ་དང༌། སྦྱོར་བ་མ་བྱས་ཀྱང་འབྱུང་བའོ། །སྤྱད་པ་ནི་ཉེས་པར་མ་གྱུར་ནས་བཅས་པ་གང་ཡིན་པའོ། །མ་སྤྱད་པ་ནི་ཉེས་པར་མ་གྱུར་ཀྱང་བཅས་པ་གང་ཡིན་པའོ། །ལྕི་བ་དང་ཡང་བ་ཉིད་ནི་རྣམ་པ་དྲུག་སྟེ། བཅས་པ་དང་གཞི་དང༌། ཉོན་མོངས་པ་དང༌། བསྒྲུབ་པ་དང༌། གང་ཟག་དང༌། དུས་སོ། །དེ་ལ་བཅས་པ་ནི་བསླབ་པ་བཅས་ནས། རང་བཞིན་དང་སྤངས་པའི་ཁ་ན་མ་ཐོ་བ་བྱུང་བའོ། །གཞི་ནི་འདི་ལྟ་སྟེ། དཔེར་ན་དུད་འགྲོའི་སྲོག་བཅད་པའི་ལྟུང་བ་ནི་ལྕིའི། དགེ་འདུན་ལྷག་མ་ནི་དེ་ལྟ་མ་ཡིན་ནོ། །ཉོན་མོངས་པ་ནི་བརྟག་པ་མ་ཡིན་པའི་ཉོན་མོངས་པ་ལས་བྱུང་བའི་ལྕི་བའོ། །བསྒྲུབ་པ་ནི་རྒྱུན་དུ་བྱུང་བ་གང་ཡིན་པའོ། །གང་ཟག་ནི་དག་པའི་རྩ་བས་མ་བརྟན་པ་བླུན་པོའི་རྒྱུད་དེ་ལྕི་བའོ། །དེ་ཉིད་ལས་གཞན་པ་ནི་ཡང་བའོ། །འདི་ལྟ་སྟེ་དཔེར་ན་ཆུའི་རྒྱུན་ཆུད་དུའི་རྩྭས་ཀྱང་ཟློགས་སོ། །ཆེན་པོས་ནི་ཤིང་གི་ཕུང་པོ་ཆེན་པོ་ཡང་ཁྱེར་རོ། །དུས་ནི་ཡུན་རིང་པོར་བཅས་པ་ནི་ལྕི་བའོ། །དེ་དག་ལས་ལྡོག་པ་ནི་རྣམ་པ་དྲུག་སྟེ་ཡང་བའོ། །སྤྱིའི་མཚན་ཉིད་ནི་ཐམས་ཅད་ཀྱང་གང་ལུས་དང་ངག་གི་མཚན་ཉིད་དོ། །ལྡང་བ་ནི་རྣམ་པ་བཞི་སྟེ། ཆད་པའི་ལས་ཆེན་པོའི་ལྡང་བ་ནི་ཕམ་པར་འགྱུར་བའོ། །ཆད་པའི་ལས་འབྲིང་གིས་ལྡང་བ་ནི་དགེ་འདུན་ལྷག་མའོ།། ཆད་པའི་ལས་ཆུང་ངུའི་ལྡང་བ་ནི་སྤང་བའོ། །ཆད་པའི་ལས་མེད་པས་ལྡང་བ་ནི་དེ་མ་ཡིན་པ་གཞན་དག་གོ །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཅན་གྱི་ཀུན་ནས་བསླང་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །དེ་མ་ཡིན་པ་གཞན་དག་ནི་ཉོན་


DTG151_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་མ་ཡིན་པའོ། །རྣམ་པ་ལྔས་ལྟུང་བ་བྱུང་སྟེ། ངོ་ཚ་མི་ཤེས་པ་ཉིད་དང༌། མི་གུས་པ་དང༌། བག་མེད་པ་དང༌། གཏི་མུག་མི་ཆུང་བ་དང༌། དྲན་པ་ཉམས་པའོ། །དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་དགེ་སློང་དགེ་འདུན་སྐྱོན་མེད་པར་གྱུར་ཏོ། །ལོ་བཅུ་གསུམ་པ་ལ་བབ་པ་ན་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལན་ད་ཀའི་གྲོང་ན་བཞུགས་སོ། །ཀ་ལན་ད་ཀའི་བུ་བཟང་སྦྱིན་མས་ས་བོན་གྱི་ཕྱིར་ཉེས་པ་ཅི་ཡང་མད་དོ་ཞེས་བསླུས་ཏེ། འཁྲིག་པ་བསྟན་ཏོ། །འཁྲིག་པའི་གཞིའི་དབང་དུ་མཛད་དེ། ཕན་ཡོན་བཅུ་ཡང་དག་པར་གཟིག་ནས། འཁྲིག་པའི་ཉོན་མོངས་པས་ཕམ་པར་འགྱུར་བ་དང་པོ་བཅས་སོ། །འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་གྱི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཀྱང་གཟུད་པའོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞུགས་པ་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་པ་ཡོངས་སུ་སྤྱོད་པར་བྱེད་པའོ། །མ་དད་པ་རྣམས་དད་པར་བྱ་བར་བྱའོ། །དགེ་འདུན་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དགེ་བའི་ཆོས་རྣམས་ལ་བརྟེན་ནས་དད་པས་བྱིན་པ་ཡོངས་སུ་སྤྱོད་པར་བྱེད་པའོ། །མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁྱིམ་པ་དད་པ་མ་རྙེད་པ་རྣམས་དད་པ་རྙེད་པར་བྱ་བའོ། །དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དད་པ་རྙེད་པ་རྣམས་ཀྱི་སེམས་སྲུང་བར་བྱེད་པའོ། །གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བ་རྣམས་བསླབ་པ་ལ་རྗེས་སུ་མི་སློབ་པའི་གང་ཟག་རྣམས་ནན་ཏུར་གྱི་ལས་ཀྱིས་ཕྱིར་བསྐྲད་པར་བྱའོ། །ངོ་ཚ་ཤེས་པ་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་དགེ་བ་རྣམས་ཏེ། དེ་དག་མི་འཐབ་པ་དང༌། མཚང་མི་འདྲུ་བ་དང༌། མི་རྩོད་པ་དང༌། མི་འགྱེད་པར་བྱ་བའོ། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་སྟེ་དེ་སྤང་བར་བྱ་བའོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་ཚེ་རབས་ཕྱི་མའི་ཟག་པ་རྣམས་ཞེས་བྱ་བ་ནི་བག་ལ་ཉལ་


DTG151_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་སྤང་བར་བྱ་བའོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་གྱུར་པ་ཞེས་བྱ་བ་ནི། སྡེ་སྣོད་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་བསྟན་པ་ཡུན་རིང་དུ་གནས་པའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་རྣམ་པ་ལྔ་སྟེ། མིང་གི་དགེ་སློང་ནི་གང་ཐ་སྙད་དུ་དགེ་སློང་ཞེས་མིང་བཏགས་པའོ། །ཁས་མཆེ་བའི་དགེ་སློང་ནི་གང་དགེ་སློང་མ་ཡིན་པར་དགེ་སློང་ཞེས་ཁས་འཆེས་པའོ། །སློང་བའི་ཕྱིར་དགེ་སློང་ནི་གང་ཆོས་ཀྱིས་སློང་མོ་བྱེད་ཅིང་འཚོ་བའོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ནི་ལྔ་པའོ། །འདི་ནི་ལྔ་པར་འདོད་དེ། དགེ་སློང་དུ་འགྱུར་བའི་རྒྱུ་རྣམས་རྒྱས་པར་འཆད་དོ། །དེ་ནི་དགེ་སློང་དང་ལྡན་པ་ཐམས་ཅད་ལ་བརྗོད་པར་བྱ་སྟེ། ཡང་བརྗོད་པར་མི་བྱའོ། །བསླབ་པ་མཚུངས་པར་གྱུར་པ་ཞེས་བྱ་བ་ནི་བསླབ་པ་མཉམ་པ་ཐོབ་པ་སྟེ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལེན་པས་གང་ལ་བསླབ་པར་བྱ་བ་ད་ལ་དེའི་ཉིན་མོ་བསྙེན་པར་རྫོགས་པས་ཀྱང་བསླབ་པའོ། །བསླབ་པ་མ་ཕུལ་བ་ཞེས་བྱ་བ་ནི་སྐད་བརྡ་མི་ཕྲད་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དང༌། གླེན་པ་དང༌། ལྐུགས་པ་དང༌། འོན་པ་དང༌། གཉིད་ཀྱིས་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། མི་མ་ཡིན་པ་དང༌། ལྷ་དང༌། སྤྲུལ་པ་དང༌། དུད་འགྲོར་གཏོགས་པ་དང༌། གཟུགས་བརྙན་ལ་སོགས་པའི་མདུན་དུ་ཕུན་ན་བསླབ་པ་ཕུལ་བ་མ་ཡིན་ནོ། །ཁྲོས་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་དང༌། མི་དབེན་པ་ལ་དབེན་པར་འདུ་ཤེས་པ་དང༌། དབེན་པ་ལ་མི་དབེན་པར་འདུ་ཤེས་པ་དང༌། ཅ་ཅོ་འདོན་པའི་ཁྲོད་དང༌། རང་བཞིན་དུ་གནས་པ་གང་ལ་ཡང་གོ་བར་མ་བྱས་བ་ནི་ཕུལ་བ་མ་ཡིན་ནོ། །དགེ་སློང་དགེ་སློང་རྣམས་དང༌། ལྷན་ཅིག་ཏུ་བསླབ་པ་མཚུངས་པར་འགྱུར་བ་ལས་བསླབ་པ་མ་ཕུལ་ཞེས་བྱ་བ་ལ་མུ་བཞི་ཡོད་དེ། མུ་དང་པོ་ནི་མངོན་པར་དགའ་བའི་དགེ་སློང་ངོ༌། །གཉིས་པ་ནི་གསོ་སྦྱིན་དང་མུ་སྟེགས་ཅན་དང་རིགས་དྲུག་ལ་མངོན་པར་མི་དགའ་བའོ།


DTG151_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི་མངོན་པར་མི་དགའ་བའི་དགེ་སློང་ངོ༌། །བཞི་པ་ནི་རྣམ་པ་འདི་དག་མ་གཏོགས་པའོ། །བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ལ་བསླབ་པ་ཕུལ་ཡང་བསླབ་པ་ཉམས་པར་མ་བྱས་པ་ཡོད་དེ། མུ་བཞིའོ། །མུ་དང་པོ་ནི་གང་དབུལ་བར་འདོད་པས་སྐྱེས་བུ་བརྡ་ཕྲད་པའི་མདུན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ཏེ། དེ་བཞིན་དུ་དཀོན་མཆོག་རྣམས་དང༌། སྡེ་སྣོད་གསུམ་དང༌། སློབ་དཔོན་དང༌། མཁན་པོ་ཡང་ངོ་ཞེས་ཟེར་ན། གཅིག་གམ་ཐམས་ཅད་ཀྱང་རུང་སྟེ་བསླབ་པ་ཕུལ་བ་ཞེས་བྱ་བའོ། །དེ་བཞིན་དུ་བདག་ཁྱིམ་པ་དང༌། དགེ་ཚུལ་ལམ། ཟ་མ་འམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་འམ། མཚམས་མེད་པ་ལྔ་བྱེད་པ་འམ། མུ་སྟེགས་ཅན་ནམ། མུ་སྟགས་ཅན་ཞུགས་པ་འམ། རྐུ་ཐབས་སུ་གནས་པ་འམ། ཐ་དད་དུ་གནས་པ་འམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེ་འམ། ཐ་ན་འདི་སྐད་ཅེས་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ལྟ་བུ་མི་དགོས་སོ་ཞེས་ཟེར་ན་ཕུལ་བ་ཡིན་ནོ། །གང་ཁྲོས་སམ། གློ་བུར་དུ་གཟུགས་ལ་ཆགས་པའི་སེམས་ཀྱིས་བསླབ་པ་ཕུལ་བས། དེས་གལ་ཏེ་མི་ཚངས་པར་སྤྱོད་པ་མ་བསྟེན་གྱིས་རྟས་པར་གྱུར་ན་དགེ་སློང་ཉིད་དོ། །བསྟེན་ན་ནི་དགེ་སློང་ཡང་མ་ཡིན་ལ་ཕམ་པར་འགྱུར་བ་ཡང་མ་ཡིན་ནོ། །དབུལ་བའི་བསམ་པས་མི་ཚངས་པར་སྤྱོད་པ་བྱེད་པ་དང༌། མི་འཇིགས་པ་དང༌། རྐུ་བའི་སེམས་མེད་པའི་ཕྱིར་གོ་རིམས་བཞིན་ཏེ། བསླབ་པ་བྱིན་པ་བཞིན་ནོ། །མུ་གཉིས་པ་ནི་བབས་པ་འདོད་ནས་རྟགས་རྣམས་སྨྲ་ཞིང་དགེ་སློང་གི་བྱ་བ་ནི་བྱ་དཀའ་བའོ་ཞེས་ཟེར་ལ་བསླབ་པ་འབུལ་ལོ་ཞེས་ནི་མི་ཟེར་བའོ། །ལ་ལ་ན་རེ་སུ་བདག་ཉིད་ཀྱིས་བདག་བསླབ་པ་རྣམས་ཁོང་དུ་ཆུད་པར་བྱེད་མི་ནུས་ཏེ། དབུལ་བར་ཡང་འདོད་ལ། དེ་གལ་ཏེ་བསླབ་པ་མ་ཕུལ་བར་བག་མེད་པས་མི་ཚངས་པར་སྤྱོད་པ་བསྟེན་ན། བསླབ་པ་མ་ཕུལ་ཡང་ཕམ་པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་བསླབ་པ་ཕུལ་བ་བཞིན་དུ་དེ་ཡང་རབ་ཏུ་དབྱུང་དུ་རུང་ངོ༌། །ཅིའི་ཕྱིར་ཞེ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བསླབ་པ་དང༌། བསླབ་པར་བཅས་པ་ལ་ཀླན་ཀས་ཐ་སྙད་མ་བཏགས་པའི་ཕྱིར་རོ་ཞེའོ། །


DTG151_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི་གལ་ཏེ་གཉིག་བྱེད་པའོ། །བཞི་པ་ནི་དགེ་སློང་མངོན་པར་དགའ་བའོ། །བསྟན་ན་ཞེས་བྱ་བ་ནི་བསླབ་པ་ཡང་ཕུལ་ལ་ཉམས་པར་ཡང་བྱས་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཞེས་བྱ་བ་མུ་བཞི་སྟེ། དང་པོ་ནི་སློང་མོ་སྤྱོད་པ་དང༌། ངན་ངོན་ལ་སྤྱོད་པ་དང༌། རང་དབང་མེད་པར་སྤྱོད་པ་དང༌། མི་བཟོད་ཅིང་བསླབ་པའི་གནས་ལྔ་པ་ཚངས་པར་སྤྱོད་པ་དང་ཡང་དག་པར་འཛིན་འདོད་པས། མི་ཚངས་པར་སྤྱོད་པ་ནི་མི་བསྟེན་ལ་བསླབ་པ་ཕུལ་བའོ། །མུ་གཉིས་པ་ནི་འཇིགས་པ་མེད་པའི་སེམས་དང༌། རྐུ་བའི་སེམས་ཀྱིས་མི་ཚངས་བར་སྤྱོད་པ་བྱེད་པའོ། །གསུམ་པ་ནི་ཚུལ་བཞིན་དུ་བསླབ་པ་ཕུལ་ནས་མི་ཚངས་པར་སྤྱོད་པ་བྱེད་པའོ། །བཞི་པ་ནི་དགེ་སློང་མངོན་པར་དགའ་བའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཞེས་བྱ་བ་ནི་སྤྲ་མོ་དང༌། སྤྲ་མོ་དང་འདྲ་བར་གྱུར་པའོ། །ཕམ་པར་གྱུར་པ་ཞེས་བྱ་བ་ནི་གྲུབ་པར་བྱས་མ་ཐག་ཏུ་ལྟུང་བ་དང་སྨད་པ་སྟེ། དགེ་སློང་གི་དངོས་པོ་ཕམ་པར་འགྱུར་བའི་ཕྱིར་ཡང་ངོ༌། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་དགེ་སློང་དག་གསོ་སྦྱིན་ལ་སོགས་པའི་ནང་དུ་མི་གནས་པའོ། །ཕམ་པར་གྱུར་ན་ཡང་གནས་པར་མི་བྱ་བ་མ་ཡིན་པ་ཡང་ཡོད་དེ། མུ་བཞིའོ། །མུ་དང་པོ་ནི་ཕྱིར་མི་འོང་བ་དེ་ཕམ་པར་གྱུར་པ་ཡིན་ཏེ། གཞི་ཉོན་མོངས་པ་ཕམ་པར་བྱས་པས་ཕམ་པར་གྱུར་པའོ། །གཉིས་པ་ནི་གང་གནས་ནས་ཕྱུང་བའི་ལས་བྱས་པའོ། །གསུམ་པ་ནི་ལྟུང་བར་གྱུར་པའོ། །བཞི་པ་ནི་དགེ་སློང་རང་བཞིན་དུ་གནས་པའོ། །རྣམ་གྲངས་གཞན་དུ་ན་གང་ཞེས་བྱ་བ་སྤྱིའི་སྒྲས་ནི་དགེ་སློང་ལས་གཞན་པ་རྣམས་ལ་ཡང་རྗེས་སུ་འབྲེལ་པར་འཇུག་པ་ཡིན་མོད་ཀྱི་ཕམ་པར་འགྱུར་བ་ཉིད་སྟོན་ཏེ། དགེ་སློང་ཞེས་བྱ་བའི་སྒྲས་ནི་གཞི་མཐུན་པའི་དབང་དུ་མ་བྱས་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་དེ་ལས་གཞན་པ་སྟེ། འདིས་ནི་ལས་དང་པོ་ལ་ལྟུང་བ་མེད་པར་སྟོན་ཏེ། དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་སོ་སོར་ཐར་པའི་དབང་དུ་བྱས་པ་ཡིན་པས་དགེ་སློང་མ་ལ་སོགས་པ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་གང་དགེ་འདུན་དང༌། མཚམས་དང༌། ལས་དང༌། གང་ཟག་གི་ཉེས་པ་མེད་པར་དགེ་སློང་གི་ལམ་སམ། དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །རང་བྱུང་ལ་སོགས་པའི་རྒྱུ་དང་ལྡན་པས་བསྙེན་པར་རྫོགས་


DTG151_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནི་བསླབ་པ་བཅས་པའི་དབང་དུ་མ་བྱས་པའི་ཕྱིར་རོ། །འདུལ་བའི་རིགས་ཉོན་མོངས་པའི་དབང་དུ་སོང་ནས་བརྩམས་ཏེ་བཅས་སོ། །དགེ་སློང་ཞེས་བྱ་བའི་སྒྲས་ནི་སྔོན་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཡང་གྲགས་པས་དེ་རྣམ་པར་བཅད་པའི་ཕྱིར། དགེ་སློང་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་དགེ་སློང་མི་ཚངས་པར་སྤྱོད་པ་བགྱིས་ཀྱང་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་བ་མཆིས་སམ་ཞེས་གསོལ་པ་དང༌། ཡོང་དེ། སྔོན་ལྟུང་བ་བྱུང་བའོ་ཞེས་གསུངས་སོ། །དགེ་སློང་རྣམས་དང་ཞེས་བྱ་བ་ནི། དགེ་སློང་མ་ལ་སོགས་པ་གཞན་དང་ནི་མ་ཡིན་ཏེ། དེ་དག་དང་བསླབ་པ་མང་ཉུང་ཡོད་པའི་ཕྱིར་རོ། །དགེ་སློང་མ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་པ་དེ་ཅི་ལྟར་དེ་དག་དང་བསླབ་པ་མཚུངས་པ་མ་ཡིན་ཞེ་ན། གྱུར་ནས་ནི་བསླབ་པ་ཐུན་མོང་མ་ཡིན་པ་རྒྱུན་ཆད་པའི་ཕྱིར་རོ། །ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པའི་དོན་རྣམས་ལས་བཟློག་ནས་ལྷན་ཅིག་པའི་དོན་ནི་གསུམ་པའི་དོན་དུ་བསྟན་ཏོ། །བསླབ་པ་ཞེས་བྱ་བ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བོ། །འདིར་ནི་ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་ཞེས་གཟུང་ངོ༌། །གྱུར་ཅེས་བྱ་བ་ནི་སུ་ལྷུང་བ་བྱེད་པ་ནི་གསོལ་བའི་ལས་མ་རྫོགས་པ་སྟེ་ཕམ་པར་གྱུར་པ་ཞེས་མི་བརྗོད་དེ། གང་དགེ་ཚུལ་གྱི་དངོས་པོར་ཡང་མ་བྱས་པར་བསྙེན་པར་རྫོགས་པར་བྱེད་པའོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ནི། སྡོམ་པ་གཏོང་བར་འགྱུར་བའི་རྒྱུ་རྣམས་ཀྱིས་སྡོམ་པ་མ་གཏང་བ་ཞེས་བྱ་བའི་ཐ་ཚིག་གོ ། དེའི་རྒྱུ་ནི་བཞི་སྟེ། བསླབ་པ་ཕུལ་བ་དང༌། མཚན་གཉིས་བྱུང་བ་དང༌། དགེ་བའི་རྩ་བ་ཆད་པ་དང༌། ཤི་འཕོས་པའོ། །སྡོམ་པ་རྒྱུན་བཅད་པ་ནི་བསླབ་པ་མཚུངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནི་སྔར་ཡང་མ་བསྟན་ཏམ་ཞེ་ན། གྱུར་ཅེས་གསུངས་པས་གང་གིས་གྱུར་ནས་ཕུལ་བ་དེ་ནི་གྱུར་པ་ཉིད་དོ་ཞེས་བརྗོད་ནུས་ཏེ། འདི་ལ་ཉེས་པ་མེད་དོ། །བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ནི་བསླབ་པ་རྣམས་ལ་མི་ནུས་པར་ངེས་པར་མ་བྱས་པའོ། །འདི་ཡང་ཅིའི་ཕྱིར་ཞེ་ན། གཞན་དག་ལ་ནི་བསླབ་པ་འབུལ་བའི་རྒྱུ་རབ་ཏུ་བསྟན་པའི་ཕྱིར་རོ། །གང་བསླབ་པ་མ་ཕུལ་ཡང་བསླབ་པ་རྣམས་


DTG151_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ནུས་པར་ངེས་པར་བྱས་ལ་བསམ་པས་ཀྱང་གཏོང་འདོད་པས་བྱས་ན་དེ་ཕམ་པར་འགྱུར་བ་མ་ཡིན་པར་བསྟན་པའི་ཕྱིར་རོ་ཞེས་འཆད་དོ། །མི་ཚངས་པར་སྤྱོད་ཅེས་བྱ་བ་ལ་ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་མོ། །མྱ་ངན་ལས་འདས་པའི་མཚན་ཉིད་ནི་ཚངས་པ་སྟེ། དེས་ཚངས་པར་བྱེད་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པས་མི་ཚངས་པར་སྤྱོད་པ་སྟེ། བསོད་ནམས་མ་ཡིན་པ་དང༌། མི་སྙན་པ་བཞིན་ནོ། །འཁྲིག་པ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་སྦྱོར་བ་སྟེ། དེ་ལས་ལས་སུ་གྱུར་པ་དེ་ནི་འཁྲག་པའོ་ཞེས་ཕལ་ཆེར་སྨྲ་སྟེ། རང་གི་ཁ་ལ་སོགས་པར་ཡང་ཕམ་པར་འགྱུར་རོ། །ཚིག་འདི་གཉིས་ཀྱིས་ནི་གཉིས་ཀྱིས་གཉིས་ཕྲད་པ་ཉེས་དམིགས་དང་བཅས་པར་སྟོན་ཏོ། །ཡང་ན་བསླབ་པ་མ་བཟུང་བས་འཁྲིག་པ་བྱས་པ་ལས་བྱེ་བྲག་ཏུ་བསྟན་པའི་ཕྱིར་མི་ཚངས་པར་སྤྱོད་པའི་ཚིག་གཟུང་ངོ༌། །རྣམ་གྲངས་གཞན་དུ་རང་གི་ཁ་དང་བཤད་པའི་ལམ་དུ་བྱེད་པ་ནི་མི་ཚངས་པར་སྤྱོད་པའོ། །གཞན་ལ་བྱེད་པ་ནི་འཁྲིག་པའོ། །ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཏེ། འདིས་ནི་དངོས་པོ་མེད་པའི་རྨི་ལམ་གྱི་འཁྲིག་པ་རྣམ་པར་གཅོད་དོ། །བསྟེན་ན་ཞེས་བྱ་བ་ནི་མྱོང་བ་དང་བཅས་པར་བྱས་པའོ། །ཐ་ན་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་སོང་བ་དམན་པའི་ཕྱིར་རོ། །ཤ་ཟ་མོ་དང་སེམས་ཅན་དམྱལ་བའི་བུད་མེད་ནི་འབྲིང་ངོ༌། །ལྷ་དང་མིའི་བུད་མེད་ནི་མཆོག་གོ །དུང་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི་ཕལ་ཆེར་དུད་དེ་འགྲོ་བས་དུད་འགྲོའི་སྐྱེ་གནས་ཏེ་དེར་གཏོགས་པ་ལའོ། །མོ་རྟགས་ནི་འདིར་མངོན་པར་བརྗོད་པ་ཙམ་སྟེ། སྐྱེས་པ་ལ་ཡང་ཕམ་པར་འགྱུར་བའི་ཕྱིར་རོ། །ཀྱང་ཞེས་བྱ་བ་ནི་འབྲིང་དང་མཆོག་ཀྱང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་མངན་སུམ་དུ་གྱུར་པའི་ཕྱིར་རོ། །དགེ་སློང་ཞེས་བྱ་བ་ནི་སྔོན་གྱུར་པར་ཤེས་པ་འམ་གྲགས་པའོ། །ཕམ་པར་གྱུར་པ་ཞེས་བྱ་བ་ནི་བདུད་ཀྱི་སྡེས་དམ་པའི་ཆོས་ཀྱི་རྒྱལ་པོའི་སྲས་ལས་ཉམས་པར་བྱས་པའི་ཕྱིར་ཏེ། ཇི་ལྟར་དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་ཀྱིར་མི་རུང་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བསྐྲད་པའི་ཕྱིར་འདི་ནི་


DTG151_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཆོས་ཀྱི་ཉེས་དམིགས་སྟོན་ཏོ། །ཕྱོགས་འདིས་བསླབ་པའི་གཞི་ཐམས་ཅད་ཀྱི་ཚིག་གི་ནུས་པ་བརྗོད་པར་བྱའོ། །མངས་ཀྱིས་དོགས་ནས་ཐམས་ཅད་ལ་ནི་མ་བརྗོད་དོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བུད་མེད་དང་མ་ནིང་རྣམས་ཀྱི་ཟུག་བྱེད་དང༌། ཁ་དང། བཤང་བའི་ལམ་རྣམས་སུ་ཟག་བྱེད་བཅུག་ལ། བཅུག་ནས་ཉམས་སུ་མྱོང་ནས་དངོས་གཞིའི་ལྟུང་བའོ། །ཟག་བྱེད་དུ་པགས་པ་ལས་ནོར་བུ་འདས་ན་བཅུག་པ་ཞེས་བྱའོ། །ཁར་ནི་ནོར་བུ་སོ་ལས་འདས་ནའོ། །བཤང་བའི་ལམ་དུ་ནི་འཛུམ་པ་ལས་འདས་ནའོ། །ཉམས་སུ་མྱོང་བ་ནི་འདོད་ཆགས་སྐྱེས་ནས་ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པས་སོ། །མིའི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གསོན་པོ་འམ། ཤི་བ་འམ། གཉིད་ཀྱིས་ལོག་པ་འམ། གཉིད་ཀྱིས་མ་ལོག་པ་འམ། སྙོམས་པར་ཞུགས་པ་འམ། སྨྱོས་པ་འམ། སེམས་འཁྲུགས་པ་འམ། ཚོར་བས་ཉན་པ་འམ། རང་བཞིན་དུ་གནས་པ་རྣམས་ལ་བར་དང་བཅས་པས་བར་ཆད་དང་བཅས་པ་དང༌། བར་དང་བཅས་པས་བར་ཆད་མེད་པ་དང༌། བར་མེད་པས་བར་ཆད་དང་བཅས་པ་དང༌། བར་མེད་པས་བར་ཆད་མེད་པ་དང༌། རྨ་གསུམ་དང༌། རྨ་གཉིས་ཀྱང་རུང་སྟེ། རྣམ་པར་མ་ཉམས་པ་ལ་བཅུག་མ་ཐག་ཏུ་བསྟེན་པར་གཞོལ་བ་ལ་དངོས་གཞིར་འགྱུར་རོ། །རྣམ་པར་ཉམས་པ་ལ་ནི་ཉེས་པ་སྦོམ་པོའོ། །དེ་བཞིན་དུ་མི་མ་ཡིན་པའི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་རྣམས་དང༌། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ལའོ། །བུད་མེད་ཀྱི་དབང་པོ་གང་གཉི་ག་གཟུང་དུ་མཐུན་པ་དེ་རྣམ་པར་མ་ཉམས་པའོ། །ཕྱི་འམ་ནང་རུལ་པ་འམ། སྲིན་བུས་ཟོས་པ་གང་ཡིན་པ་དེ་ནི་རྣམ་པར་ཉམས་པའོ། །ཁ་དང་འོག་མ་ནི་ཀུན་དུ་ཞིག་ན་རྣམ་པར་ཉམས་སོ། །བཟློག་པ་ནི་རྣམ་པར་མ་ཉམས་པའོ། །དགེ་སློང་ལ་སོགས་པ་དང༌། དགེ་སློང་མ་ལ་སོགས་པ་ཉལ་བའམ། ཆང་གིས་མྱོས་པ་ལ་རྩོལ་བར་བྱེད་ན་བསྙིལ་བར་བྱའོ། །གལ་ཏེ་དང་པོ་དང༌། བར་མ་དང༌། ཐ་མར་མི་ཤེས་སམ། ཉམས་སུ་མ་མྱོང་ན་བསྙིལ་བར་མི་བྱའོ། །ཉམས་སུ་མྱོང་ན་བསྙིལ་བར་བྱའོ། །གྱ་ཚོམ་དུ་བཟུང་སྟེ་རྩོལ་བར་བྱེད་ན་ཡང་བསྙིལ་བར་བྱའོ།།


DTG151_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བར་བྱེད་ཅིང་གལ་ཏེ་འཇུག་པ་ན་བདག་གིས་བྱེད་དམ། འབྱིན་པ་ན་ཉམས་སུ་མྱོང་ན་བསྙིལ་བར་བྱའོ། །རིག་སྔགས་དང་གསང་སྔགས་ཀྱིས་བདག་དུད་འགྲོའི་སྐྱེ་གནས་སུ་བསྒྱུར་ཡང་རུང་མ་བསྒྱུར་ཡང་རུང་ལོག་པར་ཞུགས་པའོ། །གལ་ཏེ་དགེ་སློང་གི་འདུ་ཤེས་ཀྱིས་མི་བྱ་བ་བྱེད་དོ་སྙམ་ན་ཕམ་པར་འགྱུར་རོ། །ཟློག་པ་ནི་ཉེས་པ་སྤོམ་པོའོ། །རྐེད་དུ་བཅད་པ་འམ། མགོ་བཅད་པའི་བཤང་བའི་ལམ་དང༌། ཟག་བྱེད་ཀྱི་ལམ་དུ་ཡང་ཕམ་པར་འགྱུར་རོ། །ཁར་ནི་སྤོམ་པོའོ། །ལུས་ཀྱི་རྨ་འམ། སོའི་ཕྱི་རོལ་ལམ། མཆུའི་བར་རམ། སྒྱེའུ་འམ། མ་རེག་པའམ། གོས་སྟུག་པའམ། གྲོ་བའམ། པགས་པས་གཡོགས་པ་འམ་འདབ་མ་འམ། འོད་མའི་སྦུ་གུར་བཅུག་པའམ། ཉིས་ལྟབ་ཏུ་བྱས་པའམ། ནོར་བུའི་པགས་པ་བཅུག་ན་ཉེས་པ་སྦོམ་པོའོ། །བཀས་པའི་མཚམས་སྦྱར་ཏེ་བྱས་ན། གལ་ཏེ་མཚམས་མངོན་པ་ནི་སྦོམ་པོའོ།། མཚམས་མི་མངོན་ན་ནི་ཕམ་པར་འགྱུར་བའོ། །གཉིད་ཀྱིས་ལོག་པ་ལ་ཕན་ཚུན་ལོག་པར་འཇུག་ལ་དགེ་སློང་གི་འདུ་ཤེས་ཐོབ་ན་ཕམ་པར་འགྱུར་རོ། །གཞན་དུ་ན་ཉེས་པ་སྤོམ་པོའོ། །གླང་པོ་ཆེའི་ཕྲུ་གུ་མོ་འབྲངས་མ་ཐག་པ་ལ་མ་ཆུད་པ་ན་སྤོམ་པོའོ། །གླང་པོ་ཆེ་མོ་དང༌། ཝ་མོ་དང༌། རོ་དང། ཀླུའི་བུ་མོ་དང༌། གནོད་སྦྱིན་གྱི་བུ་མོ་ལ་བྱེད་པ་ན། འཇིགས་པ་སྐྱེས་པ་ན་སྦོམ་པོ་སྟེ། འཇིགས་ན་ཆགས་པ་མེད་དོ། །དེ་བཞིན་དུ་མ་ལ་ངོ་ཚ་བར་གྱུར་ན་སྦོམ་པོ་སྟེ། ངོ་ཚ་ན་ཆགས་པ་མེད་དོ། །ཤིང་ལ་སོགས་པ་ལས་བྱས་པའི་གཟུགས་བརྙན་གལ་ཏེ་མི་མ་ཡིན་པས་གཟུང་བ་ལ་ཡན་ལག་ཐམས་ཅད་ཀྱིས་རེག་པར་གྱུར་ནའོ། །ཅི་སྟེ་དབང་པོ་ཉི་ཚེ་སྤྲོད་ན་སྦོམ་པོའོ། །ལྷ་མ་ཡིན་གྱི་བུ་མོའི་ལམ་དུ་རྐང་པ་བཅུག་པ་དང༌། དེ་བཞིན་དུ་གཞན་དུ་ན་གཞན་གྱི་ཡན་ལག་གི་རྣམ་པ་བཅུག་པ་དང༌། དགེ་སློང་མི་ཚངས་པར་སྤྱོད་བ་ན་ལས་སུམ་རུང་ནས་ཡན་ལག་གི་རྣམ་པ་བཅུག་པ་དང༌། ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་རེག་པར་བྱས་པ་དང་རོའི་མཚན་བཅད་པ་དང༌། མཚན་སྲིན་བུས་གང་བར་ལོག་པར་འཇུད་ན་སྦོམ་པོའོ། །ཁ་གདངས་ཏེ་གླང་བའི་ཁར་གཞན་གྱི་ཡན་ལག་གི་རྣམ་པ་བཅུག་པ་དང༌། ནམ་མཁའ་གསལ་བ་ལ་སྒྲེན་མོར་


DTG151_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ལས་བྱེད་པ་ལས་གཞན་གྱིས་རང་གི་ཁར་བཅུག་པའི་ཕྱིར་དགའ་བར་ཉམས་སུ་མྱོང་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །གླལ་ན་དེ་ལྟར་མི་བྱའི་ཆོས་གོས་ཀྱི་ཐ་མའམ། ལག་པས་དགབ་པར་བྱའོ། །ནམ་མཁའ་གསལ་བ་ལ་སྒྲེན་མོར་ལས་མི་བྱའོ། །རྒྱབ་མཉེན་དང་མཚན་རིངས་ཀྱིས་རང་གི་ཁ་འམ་བཤད་པའི་ལམ་ལ་ཡང་ངོ༌། །མཛེས་དགའི་ཕྱིར་ནང་དུ་སྨྱུགས་ཏེ་ཕྱི་རོལ་དུ་ཕོ་བ་དང༌། ཕྱི་རོལ་ཏུ་སྨྱུགས་ཏེ་ནང་དུ་ཕོ་ན་ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་བཅུག་མ་ཐག་ཏུ་ཕམ་པར་འགྱུར་བའོ། །མདུན་ལོགས་སུ་ལས་བྱས་ལ་རྒྱབ་ལོགས་སུ་པོ་བ་ཡང་དེ་བཞིན་ནོ། །ཕོའི་ནད་ཀྱིས་བཏབ་སྟེ། བུད་མེད་ཀྱི་ཁར་བཅུག་ན་ཕན་ནོ་ཞེས་བུད་མེད་ཀྱི་ཁར་བཅུག་ན་ཡང་ཕམ་པར་འགྱུར་བའོ། །ད་བཞིན་དུ་ཕམ་པར་འགྱུར་བ་མ་ཡན་པ་ཕམ་པར་འགྱུར་བར་འདུ་ཤེས་ནའོ། །སྒྲེན་མོར་ཉལ་བ་ལ་ཚོགས་ཅན་མོ་རྒན་མེས་མནན་པ་ལས་དེ་གཉིད་ཀྱིས་ནོན་པས་རེག་པས་ཉམས་སུ་མ་མྱོང་པས་ལྟུང་བ་མེད་དོ། །གལ་ཏེ་ཉམས་པར་གྱུར་ན་སྦོམ་པོའོ། །གྲོང་གི་མཐའ་ན་གནས་པ་གློས་ཕབ་སྟེ་ཉལ་ན་སྒོ་གཏན་གཞུག་པར་བྱའོ། །ཡང་ན་དགེ་སློང་གཞག་གོ །ཡང་ན་མདུད་པ་བོར་བར་བྱའོ། །དགོན་པ་པས་བསམ་གཏན་ཐོབ་པ་དབང་པོ་ལས་སུ་རུང་བ་ལ་ལྕི་ཐུན་མས་མནན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་སོ། །དགོན་པ་པ་སྒོ་མེད་པར་ཡལ་ག་ལ་སོགས་པས་ས་ཕྱོགས་དེ་དེའི་རིམ་པས་བསྐོ་བར་བྱའོ། །འདོད་ཆགས་དང་མ་བྲལ་བ་ནི་ལྔས་དབང་པོ་ལས་སུ་རུང་བར་འགྱུར་ཏེ། བཤད་བ་དང༌། གཅི་བ་དང༌། རླུང་གིས་ཉེ་བར་ནོན་པ་དང༌། སྲོག་ཆགས་ཨུ་ཅ་ཏིང་གས་ཟིན་པ་དང༌། འདོད་པའི་འདོད་ཆགས་སོ། །འདོད་ཆགས་དང་བྲལ་བས་ནི་རྣམ་པ་བཞིས་སོ། །དགེ་སློང་གིས་དགེ་སློང་མ་ལ་སོགས་པ་ལ་བཏུས་པ་ལ་ཁས་བླངས་ཀྱི་འོག་ཏུ་འགྱོད་དེ་མི་འདོད་བཞིན་དུ་ཁུ་བ་ཕྱུང་བ་དང༌། ཉམས་སུ་མ་མྱོང་ན་ཉེས་བྱས་སོ། །དགེ་སློང་གིས་ཁས་བླངས་པ་ལས་ཕྱིས་མི་འདོད་བཞིན་དུ་བྱས་ན་སྦོམ་པོའོ། །མི་འམ་ཅི་མོས་རང་གི་གནས་སུ་ཉེ་བར་ཁྲིད་དེ་མནན་པ་དང༌། འདུ་ཤེས་དང་བྲལ་བ་འགྱུར་ན་ལྟུང་བ་མེད་དོ། །དེ་འདྲ་བའི་ཕྱོགས་སུ་གནས་པར་མི་


DTG151_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གཅིག་གཅི་བའི་ཚེ་ཀྱིས་ཟིན་ན་སྐྲག་པས་ལྟུང་བ་མེད་དོ། །དེའི་མདུན་དུ་གཅི་བར་མི་བྱའོ། །ཆུ་འབོག་པའི་ཚེ་ཉས་ཟིན་པ་ཡང་དེ་བཞིན་ནོ། །གང་ན་དེ་ལྟ་བུའི་འཇིགས་པ་ཡོད་པ་དེར་སྒྲེན་མོར་ཆུ་འབོག་པར་མི་བྱའོ། །ལམ་ལ་ལམ་མ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་དང༌། ལམ་ཡིན་པ་ལ་ལམ་དུ་འདུ་ཤེས་པར་བྱས་ན་ཕམ་པར་འགྱུར་བའོ། །ལམ་མ་ཡིན་པ་ལ་ལམ་དང་ཡིད་གཉིས་ཟ་ན་སྦོམ་པོའོ། །མི་ཚངས་པར་སྤྱད་པར་སེམས་བསྐྱེད་ན་བསྡམ་པར་བྱ་བའི་ཉེས་བྱས་སོ། །ཤམ་ཐབས་གྱོན་ཏེ་འགྲོ་བ་ན་ལུས་ཀྱི་གནས་ངན་ལེན་རྣམ་པར་གྱུར་བའི་པར་དག་ལ་སོགས་པ་བྱེད་ན་བཤགས་པར་བྱ་བའོ། །བྱ་བར་བརྩམས་ཏེ་ནོར་བུས་ནོར་བུ་ལ་མ་རེག་པའི་བར་དུ་སྦོམ་པོའོ། །སྤུ་འམ་ཡོ་བྱད་འགའ་ཞིག་གམ་ཡན་ལག་གི་རྣམ་པའམ་ཡན་ལག་གམ་ཉིད་ལག་ལ་བྱུགས་པ་ལས་བགས་ཀྱིས་དགའ་བ་ཉམས་སུ་མྱོང་ན་ཡང་དེ་བཞིན་ནོ། །གལ་ཏེ་རག་པའི་བདེ་བར་ནི་མ་བསམས་ཀྱི་མི་ཚངས་པར་སྤྱོད་པའི་བསམ་པས་རེག་ན་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོའོ། །གལ་ཏེ་རེག་པའི་བདེ་བར་བསམས་ན་དགེ་འདུན་ལྷག་མའོ། །ལུས་ཀྱི་བུ་ག་འམ་དེ་ལས་གཞན་པར་མི་ཚངས་པར་སྤྱོད་པར་བསམས་ཏེ་གལ་ཏེ་ཁུ་བ་ཕྱུར་ན་ཡང་དགེ་འདུན་ལྷག་མའོ། །སྦོམ་པོ་ཉིད་དོ། །ནོར་བུས་ནོར་བུ་ལས་འདས་ན་ཕམ་པར་འགྱུར་རོ། །བསམས་ཏེ་གཉིད་ཀྱིས་ལོག་ནས་བུད་མེད་པར་མི་ཚངས་པར་སྤྱོད་པ་བསྟེན་ན་བསྡམ་པར་བྱ་བའི་ཉེས་བྱས་སོ། །གསང་སྔགས་དང༌། སྨན་དང༌། སྒྱུ་མས་སེམས་ཅན་གྱི་གཟུགས་བྱས་པ་རྣམས་ལ་ནི་སྦོམ་པོའོ། །གང་བསླབ་པ་རྣམས་དང་འགལ་བ་ལ་འཇིགས་པ་མེད་པ་དང༌། དད་པས་བྱིན་པ་ལ་རྐུ་བའི་སེམས་ཡོད་དེ། སེམས་རྣམ་པ་གཉིས་མ་རྙེད་པ་དེ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པར་བྱའོ། །ཁ་ཅིག་ན་རེ་དེ་བཞིན་དུ་བུད་མེད་ག་གེ་མོ་ཞེས་བྱ་བ་ལ་ལོག་པར་འཇུག་གོ་སྙམ་པ་ལས་གལ་ཏེ་སྐྱེས་པའམ། མ་ནིང་ངམ་བུད་མེད་གཞན་ཞིག་ལ་ལོག་པར་ཞུགས་ན་དེ་ལ་ཡང་བསླབ་པ་སྦྱིན་པར་བྱ་སྟེ། གལ་ཏེ་གཞན་མ་ཡིན་པ་ལ་ལོག་པར་འཇུག་གོ་སྙམ་དུ་བསམ་པའི་ཕྱིར་ན་ཕམ་པར་འགྱུར་བའི་ལྟུང་བ་སྦོམ་པོ་ལ་བསླབ་པ་བྱིན་པ་ཡིན་ནོ་ཞེས་


DTG151_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་དོ། །དེའི་ཆད་པའི་ལས་ནི་འདི་ཡིན་ཏེ། ཆད་པ་བྱེད་པས་བྱ་བ་ཐམས་ཅད་བྱ་སྟེ། ཇི་སྲིད་འཚོའི་བར་དུ་བྱིན་ལེན་སྦྱིན་པར་བྱ་བ་དང༌། དེས་ཀྱང་བྱིན་ལེན་བྱིན་ནས་བཟའ་བར་བྱ་སྟེ། དེ་ནི་བྱེ་བྲག་གོ །དགྲ་བཅོམ་ཐོབ་ན་གྲལ་རིམས་གང་དུ་བབ་པར་འདུག་པར་བྱ་སྟེ། གཞན་དག་ན་རེ་ཟླ་བ་དྲུག་གི་བར་དུ་གདོན་མི་ཟ་བར་དགེ་འདུན་ལ་བསྙེན་བཀུར་བྱའོ། །གནས་བརྟན་ལ་བསྙེན་བཀུར་བྱའོ། །ལྟུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པའི་གྲོགས་བྱའོ། །དེའི་འོག་ཏུ་གང་གི་ཚེ་དགེ་འདུན་མཉེས་པར་གྱུར་པ་ན་བསམ་པ་ཕུན་སུམ་ཚོགས་པར་རྟོགས་ནས་རྗེས་སུ་གཟུང་བར་བྱ་སྟེ། དེ་ལྟར་དེ་གསོ་བ་ཡིན་ནོ་ཞེས་འཆད་དོ། །སྔོན་ལྟུང་བ་བྱུང་བ་དང༌། རྐུ་ཐབས་སུ་གནས་པ་དང༌། དང་པོར་འཁྲུགས་པ་དང༌། ཟ་མ་དང༌། མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱེད་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་ན་ཡང་ཕམ་པར་འགྱུར་ཏེ། འདི་ལྟ་སྟེ། བསླབ་པ་བྱིན་པའོ། །སྨན་པས་ལུང་ཕོག་པས་སྨན་མས་གཏོང་བ་ན་ཉམས་སུ་མྱོང་ན་ལྟུང་བ་མེད་དོ། །ལས་དང་པོ་ལ་ལྟུང་བ་མེད་དོ། །དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་ཡོད་དོ། །སྨྱོས་པ་ལ་ལྟུང་པ་མེད་དོ། །ཉེ་དུ་ལ་སོགས་པ་ཟད་ལྔས་སྨྱོས་པའོ། །སེམས་འཁྲུགས་པ་ནི་མི་མ་ཡིན་པ་རྣམས་ཀྱིས་གང་གི་སེམས་དཀྲུགས་པའོ། །ཚོར་བས་ཉེན་པ་ནི་གལ་ཏེ་དགེ་སློང་གི་འདུ་ཤེས་མེད་པའོ། །དེ་དག་ལས་གླེང་གཞི་ལ་སོགས་པ་རྣམས་ལ་བརྒྱད་ནི་བཤད་ཟིན་ཏོ། །ལྷག་མ་རྣམས་བརྗོད་པར་བྱའོ། །བསླབ་པ་བླངས་པ་དང༌། དེ་མ་བཏང་བ་དང༌། ལམ་མ་ཉམས་པ་དང༌། དབང་པོ་འཇུག་པ་དང༌། ཉམས་སུ་མྱོང་བ་དང༌། སེམས་ཐ་མལ་པ་དང༌། སེམས་གཉིས་ཉེ་བར་མི་གནས་པ་སྟེ། ཡན་ལག་བདུན་ནོ། །ཀུན་ནས་སློང་བ་ནི་གཉིས་ཏེ། ལུས་དང་སེམས་དང༌། ལུས་དང་ངག་དང་སེམས་སོ། །གལ་ཏེ་ཚིག་བཞམས་ཏེ་བྱེད་ན་ཡང་ངོ༌། །དགེ་བའི་ཆོས་ཀྱི་ནུས་པ་ཕོངས་པར་བྱེད་པ་དང༌། ངན་སོང་བའི་ཁ་ན་མ་ཐོ་བ་བསྐྱེད་པའི་ཕྱིར་ཕམ་པར་འགྱུར་བ་ཡིན་ནོ། །དགེ་འདུན་གྱིས་བསྐྲད་པའི་ཕྱིར་དགེ་འདུན་ལྷག་མ་ཡང་ཡིན་ཏེ། དེ་ལྟར་ཉེས་པ་དེ་བྱུང་ན་དགེ་འདུན་གྱིས་བསྙིགས་ཏེ་བསྒོ་བའི་ཕྱིར་རོ། །ངན་སོང་རྣམས་སུ་སྲེག་པ་དང༌། འཆེད་


DTG151_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལྟུང་བར་བྱེད་པའི་ཕྱིར་ལྟུང་བྱེད་ཀྱང་ཡིན་ནོ། །མ་བཤགས་ན་ཁ་ན་མ་ཐོ་བ་ཤིན་ཏུ་མང་དུ་བསྐྱེད་དེ། བཤགས་པར་བྱ་བའི་ཕྱིར་སོ་སོར་བཤགས་པ་ཡང་ཡིན་ནོ། །ངན་པར་བྱས་པས་སྨད་པའི་ཕྱིར་ཉེས་བྱས་ཀྱང་ཡིན་ནོ། །རྒྱུན་མ་ཆད་པ་ཡང་ཡིན་ནོ། །བསླབ་པ་བྱིན་པའི་ལྟུང་བ་གྱུར་པ་གང་ཡིན་པ་ནི་རྒྱུན་ཆད་པའོ། །རང་བཞིན་གྱི་ཁ་ན་མ་ཐོ་བའོ། །གལ་ཏེ་ཆེད་དུ་བྱེད་པ་ནི་བྱ་བར་སྦྱོར་བའོ། །གལ་ཏེ་བརྩལ་བ་ན་བཏང་སྙོམས་སུ་འཇོག་པ་ནི་མི་བྱ་བར་སྦྱོར་བའོ། །སྤྱད་པ་དང་མ་སྤྱད་པ་དང༌། ལྕི་བ་དང༌། ཡང་བ་ནི་སྔ་མ་བཞིན་ནོ། །དངོས་སུ་ནམ་ལ་སོགས་པ་ལ་བྱེད་པ་ནི་ལྕི་བའོ། །ལུས་ཀྱི་ལས་སོ། །ལྡང་བ་ནི་བསླབ་པ་བྱིན་པ་ཇི་སྐད་བསྟན་པ་བཞིན་ནོ། །ཉེས་པ་སྦོམ་པོའི་ལྕི་བ་ནི་གང་དགེ་འདུན་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱ་བའོ། །ཡང་བ་གང་ཡིན་པ་ནི་ཐ་ན་བཞི་འདུས་པ་ལའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕམ་པར་འགྱུར་བདག་གིས་ཉེས་པ་སྦོམ་པོ་ཡང་བརྗོད་པར་བྱའོ། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་ནི་ཐ་ན་བཞི་འདུས་པ་ལའོ། །ཡང་བ་ནི་གང་ཟག་གཅིག་ལའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་ཉོན་མོངས་པ་ཅན་ཉིད་དོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་རྣམ་པ་གཉིས་སུ་འགྱུར་རོ། །རྣམ་པ་ལྔས་ལྟུང་བ་འབྱུང་སྟེ། འདིར་ཕྱོགས་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་སྦྱར་རོ། །དེ་ལས་གཞན་པའི་བསླབ་པའི་གཞི་རེ་རེ་ལ་ཡང་དང་པོའི་རྣམ་པ་བརྒྱད་བརྗོད་པར་བྱའོ། །ལྷག་མ་རྣམས་ཀྱང་སྦྱར་བར་བྱའོ། །གླེང་གཞི་གང་ཟག་ཉེས་པ་དང༌། །གཞི་དང་ཉོན་མོངས་དོན་ཉིད་དང༌། ལྟུང་བར་འགྱུར་དང་ལྟུང་མིན་དང༌། །ཡན་ལག་རྣམས་གཞན་ཀུན་སློང་དང༌། དེ་བཞིན་བརྡ་དང་རྒྱུན་ཆད་དང༌། །ཁ་ན་མ་ཐོ་མི་བྱ་དང༌། སྤྱད་དང་སྤྱད་མིན་ལྕི་ཡང་དང༌། །མཚན་ཉིད་དང་ནི་ལྡང་བ་དང༌། །ཉོན་མོངས་འགྱུར་དང་ཉོན་མོངས་མིན། །རྒྱུ་དང་རྣམ་པ་ཉི་ཤུ་གཅིག །བསླབ་པ་ཀུན་ལ་བརྗོད་པར་བྱ། །མཚན་ཉིད་བློ་ལྡན་རྣམ་པར་དབྱེ། །ཕམ་པར་འགྱུར་བ་དང་པོའོ།། །།འདུལ་བ་བསྡུས་པ་བམ་པོ་གཉིས་པ། རྒྱལ་པོའི་ཁབ་ན་ནོར་ཅན་གྱིས་མ་སྐྱེས་དགྲའི་ཤིང་ཁྱེར་བ་དང༌། དེས་དེ་ལ་


DTG151_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་རིགས་སོ་ཞེས་གྱོད་དུ་རྨས་སོ། །དེ་ནས་ཇི་ཙམ་གྱིས་རྒལ་པོས་རྐུན་པོ་ཆད་པས་གཅོད་ཅེས་འཕགས་པ་ཀུན་དགའ་བོས་སྨྲས་ཏེ། ཡོངས་སུ་ལེན་པའི་གཞིའི་དབང་དུ་མཛད་ནས་ཡོངས་སུ་ལེན་པའི་ཉོན་མོངས་པས་གཉིས་པ་བཅས་སོ། །གྲོང་དུ་འདུག་པའམ་ཞེས་བྱ་བ་ནི། མཐའ་རབས་བས་བསྐོར་བའོ། །དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ལོ། །གཞན་དག་གི་ཞེས་བྱ་བ་ནི། མི་ཡིད་གཅུགས་པ་མ་ཡིན་པ་རྣམས་ཀྱིའོ། །མ་བྱིན་པ་ཞེས་བྱ་བ་ནི་གང་དེས་གཞན་ལ་མ་བྱིན་པ་དང༌། གཞན་གྱིས་ཀྱང་དེ་ལ་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་རྐུ་བའི་སེམས་སོ། །ཡིད་གཅུགས་པ་མ་ཡིན་པའི་སེམས་སམ། ཕྱིར་སྦྱིན་པར་མི་འདོད་པའོ། །བླངས་ན་ཞེས་བྱ་བ་ནི་བདག་གམ་གཞན་གྱིས་བདག་གིར་བྱས་པའོ། །ཇི་ཙམ་ཞེས་བྱ་བ་ནི་མ་ཤ་ཀ་ལྔ་འམ་དེ་ལས་ལྷག་པའོ། །ན་ན་ཀ་ཅི་འདྲ་བས་ཤེ་ན། ཚིགས་ཉི་ཤུ་ཡོད་པའོ། །མ་ཤ་ཀ་ཅི་འདྲ་བས་ཤེ་ན། འགྲོན་བུ་ཉི་ཤུ་ཕྲག་བཞིའོ། །དེ་ལྟར་ན་ཀཱཪྵཱ་པ་ཎའི་བཞི་ཆ་གཅིག་ལ་ནི་མ་ཤ་ཀ་ལྔའོ། །ཡུལ་དང་དུས་གང་ན་ཀཱཪྵཱ་པ་ཎར་འགྱུར་བ་གང་ཡིན་པ་དེའི་གཞི་བཅས་ལྟུང་བར་འགྱུར་རོ། །གལ་ཏེ་ན་ན་ཀ་ཆིགས་བཅུ་གཉིས་སུ་འགྱུར་ན་མ་ཤ་ཀ་གསུམ་གྱི་ལྟུང་བར་འགྱུར་རོ། །གལ་ཏེ་ཚིགས་བཞི་བཅུར་འགྱུར་ན་མ་ཤ་ཀ་ལྔ་ལས་ལྷག་ཀྱང་དངོས་གཞིར་མི་འགྱུར་རོ། །རྒྱལ་པོ་འམ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་པ་སྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ། །བློན་པོ་ཞེས་བྱ་བ་ནི་རྒྱལ་པོ་དང༌། ལྷན་ཅིག་བློ་གྲོས་ཀྱིས་འཚོ་བའོ། །གསོད་དམ་ཞེས་བྱ་བ་ནི་མ་དད་པ་འམ་གཏུམ་པས་གསོད་པའོ། །འཆིང་ངམ་སྤྱུགས་ཀྱང་རུང་ཞེས་བྱ་བ་ནི་མ་དད་པ་དང་གཏུམ་པ་ཉིད་ཀྱིས་སོ། །དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་དད་པས་སོ། །ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བརྙས་པའི་ཚིག་གོ ། རྐུན་མའོ་ཞེས་བྱ་བ་ནི་བསྟན་པའོ། །དེ་ལས་གཞན་པ་རྣམས་ནི་དེའི་རྣམ་གྲངས་ཏེ། གླེང་གཞི་དང་བཅས་པའི་ལས་ཀྱིས་རྐུན་པོར་བསྟན་པའི་ཕྱིར་བཤད་པའོ། །གླེང་གཞི་ནི་མཐོང་བའི་ཆོས་ཀྱི་འཇིགས་པ་མ་མཐོང་བ་དང༌། ཚེ་ཕྱི་མའི་འཇིགས་པ་མ་མཐོང་བ་སྟེ། དེ་ནི་བྱིས་པ་ཞེས་བྱ་བ་དང༌། བླུན་


DTG151_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་གོ་རིམས་བཞིན་དུ་སྟོན་ཏོ། །རྐུབ་ནི་ལས་དེ་གང་གི་ཕྱིར་རྐུ་བའོ་ཞེས་ཟེར་ཞིང་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ནི། དེ་ཐམས་ཅད་བསླབ་པའི་གནས་རྣམས་སུ་རྗེས་སུ་འཇུག་པར་རིག་པར་བྱ་སྟེ། སྐབས་ཡིན་པས་བཅོམ་ལྡན་འདས་ཀྱིས་ཡང་མ་གསུངས་སོ། །དེ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། བདག་གམ། ཕོ་ཉ་གཏོང་བ་འམ། བྱིན་གྱིས་བརླབས་ཏེ་དང༌། རྐུ་སེམས་དང༌། དེར་སྦྱོར་བ་དང༌། གཞན་གྱིས་ཡོངས་སུ་གཟུང་བ་དང༌། དེར་འདུ་ཤེས་པ་དང༌། རིན་ཐང་ཚང་བ་དང༌། གནས་ནས་སྤོས་ན་ཕམ་པར་འགྱུར་རོ། །སེམས་བསྐྱེད་པ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ། །སོང་ནས་མ་རེག་གི་བར་དུ་ནི་བཤགས་པར་བྱས་པའི་ཉེས་བྱས་སོ། །རེག་ལ་གནས་ནས་མ་སྤགས་ན་ཉེས་པ་སྦོམ་པོའོ། །སྤགས་ན་ཕམ་པར་འགྱུར་བའོ། །མ་ཚང་བ་ནི་སྦོམ་པོའོ།། དེར་སྦྱོར་པ་ནི་ཉེས་བྱས་ཏེ། །ཉེས་པ་སྦོམ་པོ་མ་ཡིན་ནོ། །གནས་གང་ནས་བླངས་པའི་ས་དེའི་རིན་ཐང་གིས་སོ། །སྦྱོར་བའི་དབང་གིས་ཀྱང་འགྱུར་ཏེ། གལ་ཏེ་སྦྱོར་བ་གཅིག་གིས་ཚང་ནའོ། །ཅི་སྟེ་མང་པོ་ཞིག་གིས་ཚང་བ་ནི་སྦྱོར་བའི་གྲངས་སྙེད་ཀྱི་སྦོམ་པོའོ། །དངོས་པོ་དེ་ཡང་སྣོད་དུ་བཅུག་པ་ལ་སོགས་པ་ཐ་དད་པས་རྣམ་པ་དུ་མའོ། །དེ་ལ་ས་དང༌། སྣོད་དང༌། རྡོ་དང༌། སྤང་ལེབ་དང༌། རྩིག་རྨང་དང༌། རྩིག་པ་དང༌། སྟེང་དང༌། གཡོགས་མ་དང༌། རིམ་པ་དང༌། ཆོས་གོས་དང༌། གདང་དང༌། ཆོས་གོས་ཀྱི་གདང་ཁུང་དང༌། ཟུང་དང༌། ཁྲི་དང༌། ཁྲིའུ་དང༌། ཨན་ཁྲིའུ་དང༌། སྒོ་སྐྱེས་ལ་གཞག་པའོ། །གལ་ཏེ་ས་ལ་སོགས་པ་དེ་དག་འཇམ་ལ་མུ་གཅིག་པ་ཡིན་ན་གནས་གཅིག་པའོ། །གལ་ཏེ་གྱོང་གྲུགས་སམ། གས་པ་འམ་མཚམས་ཅན་ནམ། ཡི་གེ་བྲིས་པ་ཞིག་ན་གནས་ཐ་དད་པའོ། །གཡུལ་ན་ཡོད་པའི་འབྲས་བུ་ནི་ཁ་དོག་ཐད་དད་པས་གནས་ཐ་དད་པའོ། །དོང་དུ་བཅུག་པའི་ནི་གལ་ཏེ་ཁ་ད་ཆད་དུ་གང་ན་ཐམས་ཅད་ཀྱང་གནས་གཅིག་པའོ། །གལ་ཏེ་གང་ན་ཤིང་ངམ་ར་ལྡེ་འམ། སེག་ལ་སོགས་པ་བར་ཆད་བྱས་པ་ཞིག་ན་གནས་ཐ་དད་པའོ། །བཀྲམ་པའི་ས་ལ་ཡོད་པའི་ནི་རྩྭའི་ཁ་དོག་ཐ་དད་ནའོ། །བཞོན་


DTG151_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡོད་པ་ནི་གོས་ཀྱི་ཁ་དོག་ཐ་དད་ནའོ། །སྲང་གི་ཁར་བཟངས་ཀྱང་དེ་བཞིན་ནོ། །གླང་པོ་ཆེ་ལ་ཡོད་པ་ནི་གལ་ཏེ་གླང་པོ་ཆེ་ཆོན་པོ་ཞིག་ན་ནི་ཐམས་ཅད་ཀྱང་གནས་གཅིག་པའོ། །ཅི་སྟེ་རིད་པ་ཞིག་ན་ཕྱོགས་ཀྱི་དབང་གིས་གནས་ཐ་དད་པའོ། །དེ་ལ་གནས་པའི་ཁང་པ་བརྩེགས་པ་དང༌། རྟའི་བཞོན་པ་དང༌། ཤིང་རྟའི་བཞོན་པ་དང༌། རྐང་གིས་འགྲོ་བ་དང༌། ཟུང་ཁྱོགས་དང༌། ཤིང་རྟ་ཆུང་ངུ་དང༌། ཁྱོགས་སྤྱིལ་དང༌། བྱིས་པའི་བཞོན་པ་ལ་ཡོད་པ་རྣམས་ཀྱང་དེ་བཞིན་ཏེ། ཇི་སྐད་བསྟན་པ་བཞིན་དུ་མཐུན་མཐུན་དུ་བརྗོད་པར་བྱའོ། །གྲུ་ཕུར་པ་ལ་བརྟོད་པ་བསྐྱོད་ན་ཉེས་བྱས་སོ། །རྒྱུན་བཞིན་དུ་ཁྲིད་དམ་ཐང་ལ་ཡང་རུང་སྟེ་མི་སྣང་བར་གྱུར་ན་ལྟུང་བའོ། །རྒྱུན་ལས་བཟློག་ན་གྲུ་ཚུམས་འདས་ནའོ། །སློབ་དཔོན་དང་མཁན་པོས་ཆོས་གོས་གཏད་པ་རྣམས་རྐུ་སེམས་ཀྱིས་གཙུག་ལག་ཁང་ནས་གནས་ཁང་དུ་ཞུགས་སམ། །གནས་ཁང་ནས་ཁྱམས་སུ་འམ། ཁྱམས་ནས་སྒོ་ཁང་དུ་འམ། དེ་ནས་ཕྱི་རོལ་གྱི་བང་རིམ་དུ་འམ། དེ་ནས་གཤོང་དུ་འམ། གཤོང་ནས་ཐང་ལ་འམ། ཐང་ནས་ཐིབས་པོར་རམ། དེ་ནས་བླ་གབ་མེད་བར་རམ། ལམ་དུ་འགྲོ་ན་གོམ་པ་བསྲི་ཞིང་འགྲོ་འམ། གཏོད་དེ་འགྲོ་ཡང་རུང་སྟེ་མི་སྣང་བར་གྱུར་ན་ལྟུང་བའོ། །ཁང་སྟེང་ན་ཡོད་པ་འམ། བཙོ་བླག་མཁན་གྱི་གོས་རླུང་གིས་བརྡས་པ་ཁྱེར་ན་ལྟུང་བའོ། །ཁང་པ་བརྩེགས་པ་དང༌། དེའི་བ་གམ་ལ་ཡོད་པ་ཡང་ངོ༌། །གླ་སྒང་ལ་སོགས་པ་འམ། ཤིང་ལྗོན་པ་ཕྱུང་ན་ཡང་ངོ༌། །གླེགས་བམ་ཡང་ངོ༌། །དཔེ་བྲི་བའི་ཕྱིར་ནི་ལྟུང་བ་མེད་དོ། །སྐུ་གདུང་ཡོངས་སུ་གཟུང་བ་དང་བཅས་པ་ཞིག་འཚོ་བའི་ཕྱིར་རྐུས་ན་མཐར་འགྱུར་རོ། །ཞེ་སྡང་གི་ཕྱིར་ན་ཉེས་བ་སྡོམ་པོའོ། །མཆོད་པའི་དོན་དུ་འདི་ནི་བདག་གི་སྟོན་པ་ཡིན་ཏེ་མཆོད་དོ་སྙམ་པའི་འདུ་ཤེས་ཉིད་ཀྱིས་མཆོད་པར་བྱས་པའི་ཕྱིར་ན་ཉེས་བྱས་སོ། །ལྷ་ཁང་དང་མཆོད་རྟེན་དང༌། དྲི་གཙང་ཁང་རྣམས་ཀྱི་རྒྱན་མིའི་བསྲུངས་པ་ཞིག་རྐུན་ལྟུང་བའོ། །མི་མ་ཡིན་པས་བསྲུངས་ན་སྦོམ་པོའོ། །དེ་དག་གས་བསྲུངས་པ་མ་ཡིན་པ་ཞིག་ལ་ལྷ་འམ་གནོད་སྦྱིན་ལ་སོགས་པ་མེད་དོ་སྙམ་པའི་འདུ་ཤེས་ཀྱིས་ན་ཉེས་པ་མེད་དོ། །དུད་འགྲོའི་སྐྱེ་གནས་པས་ཡོངས་སུ་གཟུང་བ་ཞིག་ན་སྦོམ་པོའོ། །མིའི་རྫས་ཞིག་དེས་ཁྱེར་ཏེ་འོང་ལ། གལ་ཏེ་


DTG151_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ཡིན་པའི་འདུ་ཤེས་ཀྱིས་བརྐུས་ན་དངོས་བཞིའོ། །གལ་ཏེ་བྱའི་ཡིན་པའི་འདུ་ཤེས་ཀྱིས་ན་སྦོམ་པོའོ། །རྐང་པ་མེད་པ་དང༌། རྐང་གཉིས་པ་དང༌། རྐང་བཞི་པ་དང༌། རྐང་མངས་སོ། །རྐང་པ་མེད་པ་ནི་སྦྲུལ་དང་པད་པ་ལ་སོགས་པའོ། །རྐང་གཉིས་པ་ནི་མི་དང་བྱའོ། །དེ་ལ་མི་ནི་ཡུལ་ཕྱོགས་དང་བརྡ་དང་མཚན་མས་རྐུ་བའོ། །བྱ་རྐུ་བ་ལ་ནི་རྣམ་པ་གཉིས་ཏེ། བདག་དང་སྤུར་བ་སྟེ། དེ་དག་ཉིད་ཀྱང་འཆག་ས་ལ་སོགས་པར་འོངས་ཏེ་བབས་པའོ། །ཆོམ་རྐུན་པ་རྣམས་ཀྱིས་ལྷན་ཅིག་གནས་པ་དབང་དུ་བྱས་པ་བརྐུས་ན་དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ། །བདག་ལ་རྐུ་བ་མེད་དོ། །རྐང་བཞི་པ་ནི་གླང་པོ་ཆེ་ལ་སོགས་པ་སྟེ། དེ་དག་ཁྱུ་ལས་བཀར་ཏམ། བརྟོད་པ་ལས་རྐུ་བ་སྟེ་ད་ལྟར་སྣང་གི་བར་དུ་ཉེན་ཀོར་རོ། །རྐང་མངས་ནི་སྡིག་པ་ལ་སོགས་པ་སྟེ། དེ་དག་ཀྱང་གནོད་པ་བྱེད་པ་དག་དང༌། གྲོང་ཁྱེར་སྲུང་བའི་སྣ་ཆེན་པོ་ལ་གཏོགས་པ་དག་དང༌། གྱ་མཚོར་འཇུག་པའི་ཚོང་པ་དག་གིས་ཡོངས་སུ་གཟུང་བ་རྣམས་སོ། །བདག་པོ་དང་བཅས་པའི་གཏེར་ཞིག་གསང་སྔགས་ཀྱིས་བཀུག་ལ། གལ་ཏེ་དེ་ཉིད་ཐོབ་ལ་དངོས་གཞིའོ། །རྣམ་པ་གཞན་དུ་ན་སྦོམ་པོའོ། །བདག་པོ་མེད་པའི་ནོར་ཞིག་ལ་སྦྱོར་ལ་གཉིས་ཀ་ཐོབ་ན་ཡང་སྦོམ་པོའོ། །ལྟར་སྣང་བར་གྱུར་ན་བརྐུས་པ་ཞེས་བྱའོ། །ཆར་མི་འབབ་པའི་ཚེ་བདག་གི་ཞིང་དུ་ཆུ་བཏང་སྟེ། གཞན་གྱི་བཅད་ལ་ལོ་ལེགས་པར་གྱུར་ན་རིན་ཐང་བརྩི་བར་བྱའོ། །ཆར་ཆེན་པོའི་ཚེ་བསྣོལ་ཏེ་བྱས་ན་ཡང་དེ་བཞིན་དུ་བརྗོད་དོ། །གང་ན་ཆུ་བསྔོས་ཏེ་སྦྱིན་པ་དེར་གལ་ཏེ་མིའི་སྐལ་བ་བརྐུས་ན་དེ་ཉིད་ཀྱི་རིན་ཐང་གིས་དངོས་གཞིར་འགྱུར་རོ། །ཅི་སྟེ་མི་མ་ཡིན་པ་བཞིན་ན་སྦོམ་པོའོ། །ཆུ་བཅད་དེ་བརྐུས་ན་ཆུའི་ཕུང་པོ་དང་པོ་ཕབ་པ་ནས་བཟུང་སྟེ། ཐ་མའི་བར་དུ་རིན་ཐང་བརྩི་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཆུ་ལས་སྐྱེས་པ་དང༌། ཐང་ལས་སྐྱེས་པ་ཡང་ངོ༌། །ཀོག་ཙེ་དང༌། ཞགས་པ་དང། རྒྱ་དང་རྙེས་བཟུང་བའི་སྲོག་ཆགས་དང༌། ཆོམ་རྐུན་གྱིས་བཏགས་པའི་བ་ལང་ལ་སོགས་པ་བཀྲོལ་ན་དངོས་གཞིའོ། །གཉི་ག་ལ་ཕན་ན་ཡང་བླ་སྙམ་ན་སྦོམ་པོའོ། །སྙིང་རྗེས་ན་ཉེས་བྱས་སོ། །རྔོན་པས་འདས་པའི་རི་དགས་སྨས་ཀྱང་རུང་མ་སྨས་ཀྱང་རུང༌། གལ་ཏེ་གཙུག་ལག་


DTG151_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ་འོངས་ན་མ་བྱིན་ཡང་ཉེས་པ་མེད་དོ། །གལ་ཏེ་སྨས་པ་ཞིག་འོངས་ཏེ་ཤི་ན་དེ་དག་ལ་སྦྱིན་པར་བྱའོ། །ཀླུང་ལ་སོགས་པའི་ནང་དུ་བྱིང་བ་འམ། སྟེང་ན་འདུག་པ་འམ་གནས་བསྐྱོད་པ་དང༌། འདམ་བརྐོས་ན་བརྐུས་པ་ཞེས་བྱའོ། །གཞན་གྱི་ཞིང་གཅིག་གཙུག་ལག་ཁང་དང་བདག་གི་ཕྱིར་བརྐོས་པ་འདུ་བའི་སར་བཤགས་བཀྱེ་སྟེ། གལ་ཏེ་ཁྱིམ་པ་རྒྱལ་ན་སྦོམ་པོའོ། །གལ་ཏེ་དགེ་སློང་རྒྱལ་ན་ཁྱིམ་པས་སྦྱོར་བའི་རྒྱུན་མ་བཅད་ན་སྦོམ་པོའོ། །སྦྱོར་བའི་རྒྱུན་བཅད་ན་དངོས་གཞིའོ། །རྒྱལ་པོའི་ཕོ་བྲང་དུ་ཤགས་བཀྱེ་ན་རྒྱལ་མ་ཐག་ཏུ་ཕམ་པར་འགྱུར་བའི་ལྟུང་བར་འགྱུར་ཏེ། རྒྱལ་པོ་ནི་རྩོད་པ་ཐམས་ཅད་ལ་དབང་བའི་ཕྱིར་རོ། །ཡལ་ག་ལ་སོགས་པའི་རིབ་མས་བསྐོར་བ་འམ། ཕུར་བུ་བསྣུར་ན་མཚམས་ཀྱི་སྒོ་དང་སྒོར་མ་ཕྲད་ཀྱི་བར་དུ་སྦོམ་པོའོ། །སྣ་ཕྲད་ན་ཕམ་པར་འགྱུར་བའོ། །ཆོམ་རྐུན་པ་རྣམས་ལ་ཁྱིམ་བསྟན་ལ་བགོ་སྐལ་ལ་རེ་བས་ཀྱང་བགོ་སྐལ་བདག་གིར་བྱེད་ན་སོ་སོའི་སྐལ་པའི་ཚད་ཀྱིས་ལྟུང་བའོ། །གལ་ཏེ་འགྱོད་དེ་ཁྱིམ་དེར་སོང་ནས་བག་ཡོད་པར་སྒྲུབས་ཤིག་ཅེས་བསྒོ་འམ། དེ་དག་ཀྱང་བཟློག་ན་བརྐུས་ཀྱང་སྦོམ་པོའོ། །བསྒོ་སྐལ་བདག་གིར་མ་བྱས་ན་ཡང་དེ་བཞིན་ནོ། །རྐུན་པོ་ལ་ཆས་པ་ལས་ལམ་ནས་ཕྱིར་ལོག་ན་ཉེས་བྱས་སོ། །དོན་གཅིག་ལ་ལམ་བསྲུངས་ཏེ་དེ་དག་གིས་བརྐུས་ན་ཡང་ལྟུང་བའོ། །གལ་ཏེ་ལམ་དུ་འཇིགས་ཤིང་འགྲོ་ལ། བདག་གསོད་དུ་འོང་ངོ་སྙམ་ནས་རྐུ་སེམས་ཀྱང་མེད། བདག་གིར་བྱ་བའི་བསམ་པ་ཡང་མེད་ན་ལྟུང་བ་མེད་དོ། །གང་གིས་ཅི་རྙེད་པ་དེ་དབང་བར་བྱས་ཏེ་བརྐུས་ན་བདག་གིས་བླངས་པའི་དངོས་པོའི་ཚད་ཀྱིས་ལྟུང་བའོ། །རྣམ་པ་གཞན་དུ་ན་རྐུ་བའི་ཚེ་དེས་གྲོགས་པོ་རྣམས་ལས་དེ་ཙམ་མམ་ཆུང་བ་འམ་མ་ཐོབ་ཀྱང་རུང་སྟེ། བགོ་སྐལ་གྱི་དངོས་པོའི་དབང་གིས་ལྟུང་བའོ། །དགེ་སློང་རྣམས་ཀྱིས་བདག་གིས་གཞན་ལ་བཅོལ་ཏམ། གཞན་གྱི་སྣོད་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་གནས་ལས་བཟླས་ན་དེ་དག་ལ་ལྟུང་བ་མེད་དོ། །དེ་ལྟར་མི་བྱའོ། །གང་གིས་བྱས་པ་དེ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ཤོ་གམ་ལས་བྱོལ་བ་རྣམས་ལ་ཚེ་དང་ལྡན་པ་དག་ཚུར་ཤོག་འདོང་ཞེས་སྨྲས་ན་སྦོམ་པོའོ། །ཐབས་ཀྱིས་སྨྲས་ན་


DTG151_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པར་སྨྲས་པའི་ཉེས་བྱས་སོ། །གང་དག་གིས་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་སར། མ་ཕྱིན་པར་དེ་དག་གི་ཤོ་གམ་དེ་ལས་བྱོལ་བར་བྱ་བའི་ཕྱིར་ལམ་གཞན་བསྟན་ན་སྦོམ་པོའོ། །དེ་དག་གི་བདག་གིས་སྐལ་བ་མ་བླངས་པར་བཟླས་ན་སྦོམ་པོའོ། །སར་མ་ཕྱིན་ན་སྐལ་པ་འམ། སྐལ་པ་ཕྱེད་དམ་སྐལ་བ་ཚང་བར་བླངས་ཏེ་བཟླས་ན་སྦོམ་པོའོ། །སར་ཕྱིན་ན་ཤོ་གམ་ཕྱེད་དམ། ཤོ་གམ་ཐམས་ཅད་ཀྱང་རུང་སྟེ། གལ་ཏེ་དེ་སྐལ་བ་ཚང་བར་གྱུར་ན་ཕམ་པར་འགྱུར་བའོ། །བདག་གི་སྣོད་ཤོ་གམ་གཞལ་དགོས་པ་ཁྱེར་རམ་ཁྱེར་དུ་བཅུག་ན་དངོས་པོ་ཇི་ལྟ་བ་བཞིན་ནོ། །བདག་གི་འདི་ནི་མ་ལ་སོགས་པའི་ཡིན་ནོ་སྙམ་དུ་བསྔོས་ལམ་སྨྲས་པར་ནམ་མཁའ་འམ། ཁའི་ནང་ངམ། ཚེམ་བུའི་ཕྲག་པ་འམ། ལམ་གོལ་བ་ནས་བཟླས་ན་སྦོམ་པོའོ། །དེ་བཞིན་དུ་གང་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་བྱ་བར་མི་ནུས་པའོ། །གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་བྱ་བར་མི་ནུས་ཏེ། གཞལ་དུ་མེད་པ་ནི་དངོས་གཞིའོ། །སྣོད་ཤོ་གམ་གཞལ་དགོས་པ་ཚོང་པ་རྣམས་ཀྱིས་ལྐོག་ཏུ་གཏུར་བུ་ལ་སོགས་པའི་ནང་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ། །རྫས་ཀྱི་སྣོད་རྣམས་ཡལ་བར་གཞག་པར་མི་བྱའི། དགེ་སློང་གཉིས་བཞག་སྟེ་དེ་གཉིས་ལ་བསོད་སྙོམས་སྦྱིན་ནོ། །གལ་ཏེ་བཟློག་ཀྱང་བཅུག་ན་བསྙེན་པར་མ་རྫོགས་པ་མེད་ན་བདག་ཉིད་ཀྱིས་ཕུང་སྟེ་གཞག་པར་བྱའོ། །ཁྱེར་རང་གི་ནོར་ཤེས་པར་གྱིས་ཤིག་ཅེས་བྱའོ། །གཅིག་པུ་འགྲོ་ལ་བསོད་སྙོམས་ལ་སོགས་པའི་ཕྱིར་འགྲོ་དགོས་ན་མཚན་མ་གདབ་པར་བྱའོ། །སླར་འོངས་ནས་ཀྱང་དེ་བརྟག་པར་བྱའོ། །མ་དང་ཕ་དང༌། དཀོན་མཆོག་གསུམ་གྱི་ཕྱིར་ཁྱེར་ན་དེ་དག་གི་བསྔགས་པ་བརྗོད་པར་བྱའོ། །མི་འདོད་ན་བྱིན་ཏེ་འགྲོ་བར་བྱའོ། །གནོད་པ་འབྱུང་ངུ་དོགས་ན་དཀོན་མཆོག་གསུམ་གྱི་སྐུ་སྐལ་ལས་གཅིག་ལས་སྦྱིན་པར་བྱ་སྟེ། ཕྱིས་མཉམ་པར་བགོའོ། །ལམ་དུ་ཞུགས་པ་ན་དགེ་སློང་གཞན་ལ་སྣོད་ཤོ་གམ་གཞལ་དགོས་པ་མེད་གྲང་ཞེས་དྲིས་ཏེ་བླང་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །སྣོད་ཤོ་གམ་གཞལ་དགོས་པ་ལ་ལམ་དུ་བསྐུར་བར་མི་བྱའོ། །རས་སར་པ་ཞིག་ན་ནི་ཐ་ན་ཁ་ཆར་དང་ཕུན་ཚར་བཅད་དེ་བ་ལང་གི་ལྕི་བ་བཙིར་བས་ཁ་བསྒྱུར་ལ་བསྐུར་བར་བྱའོ།།


DTG151_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་གྱི་གོས་ནི་ལྟུང་བ་མེད་དོ། །དེ་ནི་ཁ་ཚར་དང་བཅས་སམ་ཁ་མ་བསྒྱུར་ཡང་ནད་པའི་སྨན་ཟོང་དུ་བསྐུར་བར་བྱ། བཙོང་བར་བྱའོ་ཞེས་གནང་དོ། །གལ་ཏེ་གཞན་ལ་རུང་བར་བྱེད་དུ་བཅོལ་ན་བྱས་སམ་མ་བྱས་ཞེས་དྲི་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །ཤོ་གམ་ལ་བྱོལ་བ་ཤོ་གམ་བ་ལ་གཏད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁྱིམ་པས་མ་བསྒོ་བར་དེའི་ཚིག་གིས་དེའི་ཆུང་མ་ལ་བསླངས་ན། དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ། །མང་པོ་ཞིག་གིས་ཆོས་གོས་གཅིག་བརྐུས་ན་རང་གི་སྐལ་པའི་ཚད་ཀྱིས་ལྟུང་བའོ། །ཆོས་གོས་ཀྱི་གཏུར་བུ་ལས་རྐུ་བར་འདོད་ན་འདམ་པའི་ཚེ་སྦོམ་པོའོ། །གང་འདོད་པ་དེ་ཕྱུང་བའི་ཚེ་དངོས་པོ་ཅི་ལྟ་བ་བཞིན་ནོ། །ཟུང་དང་བཅས་ཏེ་བརྐུས་ན་སྦོམ་པོའོ། །གང་གི་ཚེ་ཟུང་ང་དང་བྲལ་བར་གྱུར་པ་དེའི་ཚེ་དངོས་གཞིའོ། །ཆོས་གོས་ཀྱི་གདང་ལ་སོགས་པ་ལ་ཡང་དེ་ལྟར་བརྗོད་པར་བྱའོ། །གཞན་གྱིས་བསྒོ་བ་ལ་ཡང་རྐུ་སེམས་ཀྱིས་བླངས་ན་དངོས་པོ་ཇི་ལྟ་བ་བཞིན་ནོ། །འདི་ནི་དེའི་ཡིན་གྱིས་བདག་གི་མ་ཡིན་ནོ་སྙམ་ན་ལྟུང་བ་མེད་དོ། །མ་བསྒོ་བར་གཞན་གྱི་ཕྱིར་བརྐུས་ན་སྦོམ་པོའོ། །འདི་ནི་དེའི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་བརྐུ་ན་སྦོམ་པོའོ། །བསྙེན་པར་རྫོགས་པའི་ཕྱིར་སྦྱོར་བ་བྱེད་ལ་བསྙེན་པར་རྫོགས་པ་ན་རྐུ་ན་སྦོམ་པོའོ། །བཟློག་པ་ན་ཡང་སྦོམ་པོའོ། །གསུམ་པ་ནི་ཉེས་བྱས་སོ། །བཞི་པ་ནི་དངོས་གཞིའོ། །དེ་བཞིན་དུ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཡང་མུ་བཞི་སྟེ། བསྙེན་པར་རྫོགས་པའི་ཕྱིར་གཟུང་ལ། བསྙེན་པར་རྫོགས་པ་ན་གནས་ནས་སྤགས་ན་སྦོམ་པོའོ།། དེ་བཞིན་དུ་བཟློག་པ་ན་ཡང་ངོ༌། །གསུམ་པ་ནི་ཉེས་བྱས་སོ། །བཞི་པ་ནི་དངོས་གཞིའོ། །རྐུ་བ་ལྔས་ལྟུང་བར་འགྱུར་ཏེ། འདི་ལྟ་སྟེ། མཐུས་རྐུ་བ་དང༌། དོར་བྱས་ཏེ་རྐུ་བ་དང༌། གཏམས་པ་རྐུ་བ་འམ། སྒྱུས་རྐུ་བ་དང༌། ཕྱིར་སྦྱིན་པ་རྐུ་བའོ། །དྲུག་པ་ཆོས་རྐུ་བ་ལ་ནི་ལྟུང་བ་མེད་དོ། །ཤིང་ཏོག་ལ་གློག་ཅིང་རྐུ་ན་སྦྱོར་བ་གཅིག་གི་ཚད་དུ་གྱུར་ན་ལྟུང་བའོ། །ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་ཀྱང་ས་དེ་ཉིད་ཀྱི་ཀཱཪྵཱ་པ་ཎས་ལྟུང་བར་འགྱུར་རོ། །བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པས་མ་བྱིན་པར་ལེན་པ་མེད་དོ། །སྦྱོར་བ་ན་རྐུ་བའི་འདུ་


DTG151_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡོད་ན་སྦོམ་པོའོ། །རང་གི་འདུ་ཤེས་ཀྱིས་ལྟུང་བ་མེད་དོ། །རྐུ་སེམས་ཀྱིས་ན་དངོས་གཞིའོ། །བཟློག་པ་ནི་སྦོམ་པོའོ། །འབྲས་ཀྱི་ཕུང་པོ་ལ་འབྲུ་ཞིང་རྐུ་ན་སྦྱོར་བ་གཅིག་གིས་དངོས་གཞིའི་ཚད་དུ་གྱུར་ན་ལྟུང་བའོ། །སྐྱེ་བོ་མང་པོའི་ནོར་རྐུ་ན་གཅིག་གི་སྐལ་བ་གང་ཡིན་པ་དེའི་ཚད་ཀྱིས་སོ། །ཀཱཪྵཱ་པ་ཎ་ལྕགས་ལས་བྱས་ཀྱང་གལ་ཏེ་རིན་ཆེན་དངོས་གཞིའོ། །མ་ཤ་ཀ་བཞིའི་སྦྱོར་བས་བརྐུས་ན། ཀཱཪྵཱ་པ་ཎ་སྟོང་ཡང་དངོས་གཞིར་མི་འགྱུར་རོ། །ཉེས་པ་སྦོམ་པོ་ནི་མང་ངོ༌། །རྐུ་སེམས་ཀྱིས་གཟུང་ལ་བདག་གི་འདུ་ཤེས་ཀྱིས་སྤྱད་ན་སྦོམ་པོའོ། །། བཟློག་པ་ནི་དངོས་གཞིའོ། །རིན་པོ་ཆེ་ལ་སོགས་པ་སའི་འོག་ཏུ་བཅུག་པ་ཆུད་གཟོན་ན་སྦོམ་པོའོ། །འདི་ནི་ཐམས་ཅད་དུ་བརྗོད་པར་བྱའོ། །གློ་བུར་གྱི་ཐོབ་པ་མི་དབང་བར་དབང་ངོ་ཞེས་སྨྲས་ན་སྦོམ་པོའོ། །ཐོབ་ནས་དངོས་པོ་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ། །གཞི་མེད་པའི་བསོད་སྙོམས་ལེན་ན་སྦོམ་པོའོ། །མགྲོན་དུ་མ་བོས་པར་ཟ་ན་ཉེས་བྱས་སོ། །མཁན་པོ་གྲོང་གཞན་དུ་སོང་བའི་ཐོབ་པ་ལེན་ཀྱང་ལེན་པའི་ཚེ་གཞན་ལ་ཤེས་པར་བྱས་ན་ལྟུང་བ་མེད་དོ། །དེ་བཞིན་དུ་མཛའ་བོའི་ཡང་ངོ༌། །མ་བཅོལ་བར་མི་བླང་ངོ་ཞེས་གསུངས་སོ། །འདི་ནི་ངེས་པའོ། །ནད་པའི་ཕྱིར་བླངས་ལ་གལ་ཏེ་ནད་པ་ཤི་པའི་གནས་སྐབས་ན་ནི་སྦྱིན་བདག་ཉིད་ལ་སྦྱིན་པར་བྱའོ། །ཅི་སྟེ་འཚོ་བའི་གནས་སྐབས་ཀྱི་ནི་ཤི་བའི་ཡོ་བྱད་དོ། །ཆོམ་རྐུན་པ་འམ་མཛོད་ལ་སོགས་པའི་སྲུང་མས་གལ་ཏེ་བྱིན་ན། དེ་ལ་ནི་བདག་གི་སེམས་ཉེ་བར་གཞག་པར་བྱའོ། །ཆོམ་རྐུན་པ་དག་གནོད་པས་འཇིགས་ཏེ་བྲོས་པའི་ཚེ་བྱིན་ན་མི་བླང་ངོ༌། །བླངས་ཀྱང་བརྐུས་པའི་རྐྱེན་གྱི་ལྟུང་བ་མེད་དོ། །ཆོམ་རྐུན་གྱི་རྒྱལ་མཚན་ཅན་གྱི་ཡང་ལྟུང་བ་མེད་དོ། །མཚོན་གྱིས་དྲས་པ་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་ནོར་བདག་ཉིད་སློང་ན་སྦྱིན་པར་བྱའོ། །སྤྲིང་ཡིག་དང་ལག་ཡིག་དང་ལག་པའི་ཕྱག་རྒྱ་ལ་སོགས་པའི་ཐ་སྙད་རྣམས་ཀྱིས་ཀྱང་དངོས་པོ་ཇི་ལྟ་བ་བཞིན་ནོ། །ཀཱཪྵཱ་པ་ཎའི་ཐ་སྙད་དུ་མི་བྱེད་པ་ཞིག་བརྐུས་ན་རང་གི་དངོས་པོའི་རིན་ཐང་བཞིན་དུ་བྱའོ། །དེ་བཞིན་དུ་ཀཱཪྵཱ་པ་ཎ་རྔོ་རྔོ་དང༌། ཐ་སྙད་མི་


DTG151_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། ལྕགས་ལས་བྱས་པ་བརྐུས་ན་ཡང་རིན་ཐང་གི་དབང་གིས་ལྟུང་བའོ། །དེ་བཞིན་དུ་ཀཱཪྵཱ་པ་ཎ་བཟང་པོ་དང་མཐུན་པ་ཞིག་རྐུ་བར་སྦྱོར་བ་བྱེད་པ་ན་གལ་ཏེ་བདག་པོས་འདི་ནི་ངས་ཁྱོད་ལ་སྦྱིན་ནོ་ཞེས་སྨྲས་ལ། བཏང་བའི་འདུ་ཤེས་སུ་གྱུར་ན་སྦོམ་པོའོ། །གསེར་རམ་དངུལ་ལ་ལྕགས་སུ་བསྒྱུར་ཏེ་ཤོ་གམ་གྱི་གནས་ནས་འདས་ན་སྦོམ་པོའོ། །རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་ཆུད་གསན་ཏེ་བརྐུས་ན་རིན་ཐང་བརྩིས་ལ་དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བའོ། །གཏམས་པ་བརྣོགས་ཏེ་ངེས་པར་བྱས་པའི་དུས་སུ་གལ་ཏེ་དངོས་པོ་ཡོད་པ་གཞན་དག་གི་མཉམ་པ་མེད་ན་དེས་པ་སྟེ་དངོས་གཞིའོ། །གཏམས་པ་སྔར་ངེས་པ་བྱས་ལ་ཕྱིས་གནས་ནས་ན་སྤག་མ་སྦོམ་པོའོ། །གལ་ཏེ་ཐོག་མ་ནས་སྤགས་ན་དངོས་གཞིའོ། །འཚོ་བའི་ཕྱིར་གླང་པོ་ཆེ་ལ་སོགས་པ་བསད་ན་དངོས་གཞིའོ། །གཉིས་ཀ་ལ་མ་ཕན་ཡང་བླའོ་སྙམ་ན་སྦོམ་པོའོ། །རྒྱན་པོ་འགྱེད་པའི་ཚེ་གྲངས་བཏབ་ནས་སྦེད་པ་ལ་སོགས་པས་བརྐུས་ན་དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བའོ། །གཞན་རྐུའོ་སྙམ་པ་ལས་གཞན་དང་གཞན་གྱི་ན་སྦོམ་པོའོ། །སྦྱར་མའི་ནང་ནས་དར་རིན་ཐང་ཆེན་པོ་བྱུང་སྟེ། ཕྱིས་མཐོན་ན་སྦྱར་མའི་དངོས་པོ་ཁོ་ནས་ལྟུང་བའོ། །ཡན་ལག་གི་ཁྲུས་བྱེད་པ་ནི་རིན་པོ་ཆེའི་ཟ་མ་ཏོག་མཐོང་བ་ལ་ལྟུང་བ་མེད་དོ། །དེའི་བདག་པོ་འདོད་ན་སྦྱིན་པར་བྱའོ། །རྐུ་སེམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གནས་ནས་གནས་གཞན་དུ་སྦོད་ན་ཉེས་བྱས་སོ། །བྱ་ཚང་བཅས་ཏེ་ཡོངས་སུ་བཟུང་བ་སྲེག་གམ། བཙོ་བླག་ལ་སོགས་པའི་ཕྱིར་བླངས་ན་ཉེས་བྱས་སོ། །བྱི་བས་ཁྱེར་བ་བདག་གི་གང་ཡིན་པ་དེ་བླང་གི་དེའི་མ་ཡིན་ནོ། །བྱི་བས་ཁྱེར་ཏེ་འོངས་ན་དེས་བྱིན་པའི་དབང་གིས་སྤྱད་པར་བྱའོ། །ཅི་ཡང་རུང་བ་ཞིག་ལ་འདི་ནི་འདི་ལྟར་བརྐུའོ་སྙམ་སྟེ་ལུས་བསྒྱུར་ན་སྦོམ་པོའོ། །ནད་པས་ཀཱཪྵཱ་པ་ཎ་གཏད་དེ་འདི་དང་འདི་ལྟ་བུ་གྱིས་ལ་དགེ་འདུན་ལ་ཕུལ་ཅིག་ཅེས་བསྒོ་བ་ལ་དེ་ལྟར་མ་བྱས་པར་རང་དགར་བགོས་ན་སྦོམ་པོའོ། །ཤི་བའི་རྙེད་པ་མ་བགོས་པ་སངས་རྒྱས་ཀྱི་སློབ་མ་རྣམས་མཚམས་ཀྱི་ནང་ངུ་ལྷགས་པ་ཐམས་ཅད་དབང་བ་བརྐུས་ཏེ་ཡོངས་སུ་ཚང་ན་ཕམ་པར་འགྱུར་རོ། །དེའི་འདི་བགོ་བར་བྱ་བ་ནི་དུས་ལྔའི་ཚེ་མཚམས་ཀྱི་ནང་དུ་ལྷགས་ན་ཤི་བ་


DTG151_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྙེད་པ་དབང་བར་འགྱུར་ཏེ། ཤེ་བའི་གཎྜཱི་བརྡུང་བ་དང༌། རྒྱུན་ཆགས་གསུམ་པ་འདོན་པ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དང༌། ཚུལ་བཞིན་འདྲིམ་པ་དང༌། གསོལ་བ་བྱེད་པའི་ཚེའོ། །དེ་ཡང་འདི་ལྟར་བྱ་སྟེ། དགེ་མུན་བཙུན་པ་རྣམས་གསན་དུ་གསོལ། །གནས་འདི་ན་དགེ་སློང་མིང་འདི་ཞེས་བགྱི་བ་དུས་ལས་འདས་ཏེ་གུམ་པ་འདིའི་ཡོ་བྱད་སྣང་བ་དང་མི་སྣང་བ་ཡོད་པ་འདི་གལ་ཏེ་དགེ་འདུན་གྱི་དུས་ལ་བ་བཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་གུམ་པ་མིང་འདི་ཞེས་བྱ་བ་གུམ་པའི་ཡོ་བྱད་སྣང་བ་དང་མི་སྣང་བ་བྱིན་གྱིས་བརླབ་བོ། །འདི་ནི་གསོལ་བའོ། །གང་ན་དགེ་འདུན་བྲེལ་ཏམ་ལས་བྱེད་པ་མེད་པ་དེར་དང་པོ་དང་ཐ་མ་བྱ་སྟེ། དགེ་འདུན་ལ་རྒན་པ་ཅིག་དང་གཞོན་པ་ཅིག་ལ་ཅུང་ཟད་ཅིག་བྱིན་ལ་ལྟག་མ་ནི་ནམ་བདེ་བ་ན་བ་གོའོ། །དང་པོ་དང་ཐ་མ་འདས་ཟིན་པའི་འོག་ཏུ་འོངས་པ་ལ་ནི་མི་སྦྱིན་ནོ། །ཤི་བའི་རྙེད་པ་ཁྱིམ་གཞན་ན་ཡོད་པ་ནི་གང་སྔར་འོངས་པ་དེ་དབང་ངོ༌། །མཉམ་དུ་འོངས་ན་གང་དང་པོར་སློང་བ་དབང་ངོ༌། །དེ་ལ་མཉམ་ན་ཁྱིམ་པས་གང་ལ་སྦྱིན་པ་དེ་དབང་སྟེ། གང་ལ་དད་པས་བྱིན་པའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བའོ། །དགེ་སློང་གི་རྫས་དགེ་སློང་ཡོད་ན་དགེ་སློང་མ་དང་མི་བགོའོ། །དགེ་སློང་མའི་རྫས་ཀྱང་དེ་དེ་དག་ཡོད་ན་དགེ་སློང་རྣམས་དང་མི་བགོའོ། །མཚམས་ཀྱི་བར་དུ་ཤི་ན་མགོ་གང་དུ་བལྟས་པའི་མཚམས་ན་གནས་པ་རྣམས་དབང་ངོ༌། །གཉི་ག་ར་བལྟས་ན་གཉི་ག་དབང་ངོ༌། །གང་ན་བཅུ་ལ་སོགས་པའི་སྤྱིར་རྙེད་པ་སྤྱིན་པར་བྱས་ལ་དེར་གལ་ཏེ་མ་བགོས་པར་དགེ་སློང་ཤི་ན་སྡེ་ཚེན་དེ་དག་ཉིད་དོ། །གལ་ཏེ་བགོས་ན་དགེ་འདུན་ཐམས་ཅད་དབང་ངོ༌། །གནས་ནས་ཕྱུང་བ་འམ་རང་བཞིན་དུ་གནས་པ་རྣམས་ཀྱི་ཤི་བའི་རྫས་ནི་རང་བཞིན་དུ་གནས་པ་རྣམས་དབང་ངོ༌། །དེ་མེད་ན་གནས་ནས་ཕྱུང་བ་རྣམས་དབང་ངོ༌། །དེ་ན་ནི་སུས་སྔར་ལྟ་བ་བཏང་བ་དབང་ངོ༌། །ཁས་བླངས་པའི་གནས་སུ་དགེ་སློང་ཁས་མ་བླངས་པ་འམ། དགེ་ཚུལ་ལམ། སྐྲ་བྲེགས་པའི་ཤི་བའི་རྙེད་པ་ཁས་བླངས་པས་བགོས་ན་བགོས་པར་མི་ཆུད་དོ། །ཕྱོགས་བཞིའི་དགེ་འདུན་ལ་བསྔོས་ན་ནི་ལེགས་པར་བསྡོས་པ་ཡིན་ནོ། །ཁས་མ་


DTG151_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་གནས་སུ་ཁས་བླངས་པའི་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ལྷ་སྦྱིན་གྱིས་གཞི་ལྔ་པོ་བཅས་པ་ཁས་བླངས་པ་ནི་ཁས་བླངས་པ་ཞེས་བའོ། །ནད་གཡོག་བྱེད་པ་དགེ་སློང་ངམ་ཁྱིམ་པའི་བར་དུ་ཡང་རུང་སྟེ་གཞན་དུ་གཡར་གནས་པ་དེའི་ཆེད་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ན་ནི་འདི་ལྟ་སྟེ། ཡོ་བྱད་དྲུག་པོ་ཆོས་གོས་གསུམ་དང༌། ལྟུང་བཟེད་དང༌། ཆུ་ཚགས་དང༌། གདིང་བ་སྟེ་འབྲིང་ལས་སྦྱིན་པར་བྱའོ། །དགེ་སློང་གིས་ང་ཤི་ན་འདི་ནི་འདི་དབང་ཞེས་བྱིན་པ་དེ་ནི་བྱིན་པ་མ་ཡིན་ཏེ། ཤི་བའི་རྙེད་པ་ཡིན་གྱིས་བགོ་བར་བྱའོ། །ཁྱིམ་པས་དེ་ནི་བྱིན་པར་ཆུད་དེ། ཁྱིམ་པ་དེ་ནི་ལྟོས་པ་དང་བཅས་ཏེ་འཆིའོ། །རབ་ཏུ་བྱུང་བ་ནི་ལྟོས་པ་མེད་པའོ། །ཤི་བའི་རོ་ཕྱུང་སྟེ་མཆོད་ལ་ཆོས་བཤད་ནས་ཤི་བའི་རྙེད་པ་བགོ་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །དངོས་པོ་དང་འདྲ་བའི་དབང་གིས་བྱིན་གྱིས་བརླབ་བོ། །གང་ཟག་གང་རྫས་གཞག་པ་དེ་ནི་དངོས་པོ་དང་འདྲ་བ་ཞེས་བྱའོ། །ལག་གི་བླ་ཤི་བའི་རྫས་འཆོལ་བར་བྱས་པ་ཞིག་ན་དཀོན་མཆོག་གསུམ་བགོའོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་སམ། ཡིད་གཉིས་ཟ་བཞིན་དུ་བགོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཕྱིས་ཡང་མཚམས་ཀྱི་ནང་དུ་ལྷགས་པ་རྣམས་དང་ལྷན་ཅིག་བགོ་བར་བྱའོ། །སྐྱེས་བསྐུར་བ་གཉི་གས་མ་བསྐུར་བར་གཉི་ག་ཤི་བའི་དུས་བྱས་ན། གང་ལ་བསྐུར་བའི་ཤི་བའི་རྙེད་པར་བྱིན་གྱིས་བརླབ་བོ།།གཞན་གྱིས་ཡོངས་སུ་གཏང་ན་གང་གིས་འོངས་སུ་མ་བཏང་བ་དེའི་ཡིན་པར་བྱིན་གྱིས་བརླབ་བོ། །གཉི་ག་དག་གིས་ཡོངས་སུ་བཏང་ན་སྦྱིན་བདག་གི་ཡིན་ནོ། །སྦྱིན་བདག་ཤི་ཡང་དེའི་འཕྲིན་གྱི་དབང་གིས་ནོར་བླང་བར་བྱའོ། །དེང་ནོར་བདག་སློང་ན་ཡང་དེའི་ནང་ནས་དེ་ཉིད་སྦྱིན་པར་བྱའོ། །ཉུང་ན་ཡང་དགེ་འདུན་ལ་སོགས་པ་ལ་མངའ་བ་ལས་ནི་མི་སྦྱིན་ནོ། །དེའི་བདག་པོ་ཤི་ན་ཕ་རོལ་གྱིས་རས་ཅི་འདྲ་བ་བྱིན་ཀྱང་བླང་ངོ༌། །ལག་གི་བླས་དགེ་འདུན་གྱི་ཕྱིར་སྐྱིན་པོ་བྱས་པ་ལས་དེ་ཤི་ན་དགེ་འདུན་གྱིས་གཞལ་བར་བྱའོ། །རྒན་རིམས་རྒན་རིམས་སུ་དྲིས་ལ་དེ་བླང་བར་བྱ་སྟེ་འདབ་མ་ཡི་གེ་བྲི་བར་བྱའོ། །ཆོས་རྐུན་པས་ཕྲོགས་པ་ནན་ཁུགས་ཀྱིས་འགུགས་པར་བྱེད་ན་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བའོ། །འདི་ལྟ་སྟེ། དེ་གང་གིས་ཕྲོགས་པ་


DTG151_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འཕྲལ་དུ་ནན་ཁུགས་ཀྱིས་དགུག་པར་མི་བྱ་མོད་ཀྱི། འོན་ཀྱང་ཚིག་གིས་བསྡིགས་པར་བྱའོ། །ཆོམ་རྐུན་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་མི་དབུལ་ལོ། །སྔར་ཆོས་བཤད་པས་བསླང་བར་བྱའོ། །གལ་ཏེ་མི་སྟེར་ན་རིན་ཕྱེད་ཀྱིས་སོ། །ལྷུང་བཟེད་དང་ཆོས་གོས་བྱས་ཟིན་པ་ནི་རྙེད་པར་དཀའ་བའི་ཕྱིར་ཐ་ན་རི་བའི་རིན་གྱིས་སོ། །རྣམ་ཕྱུང་བར་བདག་གིས་རྨ་ཕྱུང་ངམ། གཞན་རྨ་འབྱིན་དུ་བཅུག་སྟེ་ཕྱག་དར་ཁྲོད་བླང་བར་མི་བྱ་མོད་ཀྱི་འོན་ཀྱང་གང་ཐ་ན་གྲོག་མས་རྨ་ཕྱུང་བ་ཡིན་ནོ། །ཡོངས་སུ་གཟུང་བ་དང་བཅས་པའི་དུར་ཁྲོད་ནས་ཕྱག་དར་ཁྲོད་བླངས་ན་སྦོམ་པོའོ། །ཆོམ་རྐུན་པས་ཁྱེར་བ་མ་ཐེག་ནས་ལམ་བར་དུ་བོར་བ་མི་བླང་ངོ༌། །གལ་ཏེ་ཅི་བདེར་བྱས་པ་ཡིན་ན་ནི་ལྷུང་བ་མེད་དོ། །ཕག་ཤ་དང༌། བུ་རམ་ཤིང་དང༌། ར་ལའི་འབྲས་བུ་ལ་སོགས་པ་ཆོམ་རྐུན་པས་ཁྱེར་པ་སྙིགས་ཏེ་བོར་པ་ཞིག་ན་སྐྱེ་བོའི་མངོན་སུམ་དུ་བླང་ངོ༌། །མདོར་ན་ཕྱག་དར་ཁྲོད་ཐམས་ཅད་ནི་ཤིན་ཏུ་བརྟགས་ཏེ་བླང་ངོ༌། །ཕྱག་དར་ཁྲོད་ཀྱི་འདུ་ཤེས་ཡོད་པའི་ཕྱིར་རེ་ཀུ་བའི་རྐྱེན་གྱིས་ལྟུང་བ་མེད་དོ། །ཕྱག་དར་ཁྲོད་ཀྱི་གོས་མི་གཙང་བས་རེག་པ་མི་འྦྶྲེལ་གྱི་ལེགས་པར་བཀུར་བ་དང༌། ལེགས་པར་འཚེད་པ་དང༌། ལེགས་པར་ཁ་དོག་བསྒྱུར་བར་བྱའོ། །རོའི་གོས་ནི་ཉི་མ་བདུན་ནམ་པ་དག་གིས་འགའ་ཞིག་འོངས་ན་སྦྱིན་པར་བྱའམ་ཞེས་དྲི་བར་བྱའོ། །བྱིན་ཅིག་ཅེས་ཟེར་བ་ལས་གལ་ཏེ་བྱིན་ནམ་ཁྱེར་ན་ལེགས་པར་ཁྱེར་བ་ཡིན་ནོ། །རྣམ་པ་གཞན་དུ་ཚང་བར་སྦྱིན་འགྱུར་རོ། །གལ་ཏེ་ཡང་བྱིན་ན་བླང་ངོ༌། །གློ་བུར་དུ་ལྷགས་པ་དང༌། གཉུག་མར་གནས་པ་དག་གིས་འགའ་ཞིག་འོངས་ན་སྦྱིན་པར་བྱའམ་ཞེས་དྲི་བར་བྱའོ། །བྱིན་ཅིག་ཅེས་ཟེར་བ་ལས་གལ་ཏེ་བྱིན་ནམ་ཁྱེར་ན་ལེགས་པར་ཁྱེར་བ་ཡིན་ནོ། །རྣམ་པ་གཞན་དུ་ཚང་བར་སྦྱིན་པར་བྱའོ། །དགེ་སློང་རྒྱུས་མི་ཤེས་པར་ངལ་སོར་གཞུག་པར་བྱའོ། །ཆུ་རྒལ་བ་ལ་སོགས་པའི་ཚེ། ལེགས་པར་གཟུང་ངམ་ཞེས་སྨྲས་ན། བྱིན་པ་ལ་ཤོར་བ་འགལ་ཚབས་ཅན་དུ་འགྱུར་རོ། །བཟློག་པ་ནི་ལྟུང་བ་མེད་དོ། །ཅི་སྲིད་གནམ་གཟེར་དང༌། སྒོ་ལྕགས་དང༌། སྒོ་ལྕགས་སྒྲིལ་མ་


DTG151_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཕྲེད་གཏན་དང༌། འཁོར་གཏན་ཡོད་ལ། གཙུག་ལག་ཁང་སྐྱོང་གིས་སྒོ་གཏན་མ་བཅུག་སྟེ། །སྟོར་ན་ནི་ཇི་སྙེད་པ་དེ་སྙེད་ཀྱི་སྐྱིན་པ་གཞལ་བར་བྱའོ། །སུ་འདི་ན་གནས་པ་དེ་ལ་ངས་སྦྱིན་ནོ་ཞེས་ངེས་པར་བྱས་པ་ལས་གཞན་དུ་ཁྱེར་ཏེ་ཟས་ལ་སོགས་པ་ལོངས་སྤྱོད་ན་རིན་ཐང་ཚང་བར་བྱས་ཏེ་སྦྱིན་པར་བྱའོ། །བདག་གི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རྐུ་སེམས་ཀྱིས་བླངས་ན་སྔོམ་པོའོ། །དགེ་སློང་ལ་སོགས་པའི་ཆོས་གོས་ལྷུང་བ་སུའི་ཡིན་པ་དེ་ལན་གྲང་ཞེས་ཀ་བའི་བར་དུ་བཀལ་ཏེ་གཞག་གོ །ནད་པ་ལ་མ་དྲིས་པར་དེའི་ཚིག་གིས་འགའ་ཞིག་ནས་སྨན་བླང་བར་མི་བྱའོ། །མཚན་བཟང་གིས་ནོར་གྱིས་བྱིན་ལ་ལྷུང་བཟེད་ཆུང་ངུ་སླར་སྦྱིན་པར་བྱས་པ་དེའི་ཚེ་ནི་དེའི་བྱ་བ་བྱ་བར་ཁས་མ་བླངས་ཀྱི་བདག་གི་དགོས་པའི་ཕྱིར་སོང་སྟེ། དེ་ཡང་བྱས་ནས་དེའི་ལྷུང་བཟེད་ཆུང་ངུ་བདག་གི་ཡིན་པའི་འདུ་ཤེས་ཀྱིས་བླངས་པས། བདག་གི་ཡིན་པའི་འདུ་ཤེས་ཀྱིས་ན་དེ་ལ་ལྟུང་བ་མེད་དོ་ཞེས་གསུངས་ཏེ། གླ་རྔན་གྱི་ཕྱིར་ལས་མི་བྱ་མོད་ཀྱི། འོན་ཀྱང་ལག་པོད་ཀྱི་ལས་བྱ་བ་འམ་ཡང་ན་བསོད་ནམས་ཀྱི་བློས་ཀྱང་ངོ༌། །མགོན་མེད་ཟས་སྦྱིན་གྱི་བུ་ཆོམ་རྐུན་གྱིས་ཁྱེར་བ་འཕགས་པ་མཽད་གལ་གྱི་བུས་བཏང་བ་དང༌། འཕགས་པ་པོ་ལིང་ད་བད་སའི་བུས་སྲིང་མོའི་བུ་དང་ལྷ་འབངས་བཏང་བ་ལྟ་བུའི་སྙིང་རྗེའི་བསམ་པས་རྫུ་འཕྲུལ་བསྟན་པ་ལ་ལྟུང་བ་མེད་དོ། །སྔགས་སད་དོ་སྙམ་པའི་བསམ་པས་ཀྱང་དེ་བཞིན་ནོ། །གཞན་གྱིས་ཡོངས་སུ་ཟིན་པ་ལ་གཞན་གྱིས་ཡོངས་སུ་ཟིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་ཕམ་པར་འགྱུར་རོ། །གཞན་གྱིས་ཡོངས་སུ་མ་བཟུང་བ་ལ་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་སམ་ཡིད་གཉིས་ཟ་བ་ཡང་སྦོམ་པོའོ། །གཞན་གྱིས་ཡོངས་སུ་མ་བཟུང་བ་ལ་གཞན་གྱིས་ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །བདག་གི་ཡིན་པའི་འདུ་ཤེས་དང་རེ་ཞིག་པའི་འདུ་ཤེས་དང༌། ཡིད་གཅུགས་པའི་འདུ་ཤེས་དང༌། ལེན་པ་ན་གཞན་ལ་ཤེས་པར་བྱེད་པ་དང༌། རྐུ་སེམས་མེད་པ་ལ་ནི་ལྟུང་བ་མེད་དོ། །ཡིད་གཅུགས་པ་ལྔའི་བླང་བར་བྱ་སྟེ། སྡུག་པ་དང་ཡིད་དུ་འཐད་པ་དང༌། མཆོད་པར་འོས་པ་དང༌། བསྟོད་པར་འོས་པ་དང༌། བླ་མའི་དང༌། བསྒྲུབ་པར་འོས་པ་དང༌། དྲན་པར་བྱ་བ་དང་


DTG151_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས་ཡང་དགའ་བར་འགྱུར་རོ། །གྲོགས་པོ་ནི་གསུམ་སྟེ། ཐ་མ་དང༌། འབྲིང་དང༌། རབ་པོ། །དེ་ལ་གོ་རིམས་བཞིན་དུ་ཐ་མ་དང༌། འབྲིང་དང་རབ་ཏུ་ཡིད་བརྟན་པར་བྱའོ། །རྣམ་པ་གཞན་དུ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །དེ་ནི་ཐམས་ཅད་ལ་ཡང་བརྗོད་པར་བྱ་སྟེ། ཡང་མི་འཆད་དོ། །སུ་གློ་བུར་དུ་འོངས་ཏེ་ངལ་སོར་བཅུག་པ་ལ་དེས་བ་ལང་གི་ལྕི་བ་དང༌། བདག་རྫས་དང༌། ཆུ་དང་སོ་ཤིང་དང་ས་ཅི་བདེར་བྱས་པ་ཡིན་པས་དེས་དེ་བླང་བ་ལ་ལྟུང་བ་མེད་དོ། །མི་གཞན་གྱི་ཡིན་པ་དང༌། རྐུ་བའི་བློ་དང༌། ཚང་བ་དང༌། སྦྱོར་བ་གཅིག་པ་དང༌། སྤགས་པ་དང༌། བདག་གི་མ་ཡིན་པ་དང༌། བསླབ་པ་བླངས་པ་ནི་ཕམ་པར་འགྱུར་བའི་རྒྱུ་ཡིན་ནོ། །ཕམ་པར་འགྱུར་བ་གཉིས་པའོ།། །།ཡུལ་སྤོང་བྱེད་དག་ན་དགེ་སློང་དག་གིས་མི་སྡུག་བཤད་པ་ཐོས་ནས། ལུས་རུལ་བས་ཤིན་ཏུ་ངོ་ཚ་སྟེ། རི་དགས་ཟློག་དགེ་སློང་སྦེད་ཀྱིས་བདག་དང་གཞན་གཅིག་གིས་གཅིག་བསད་པས་མི་བཟོད་པའི་གཞིའི་དབང་དུ་མཛད་ནས་མི་བཟོད་པའི་ཉོན་མོངས་པས་གསུམ་པ་བཅས་སོ། །གཞི་དང་སེམས་དང༌། སྦྱོར་བ་དང༌། མཐའ་དང༌། འདི་དག་ནི་ལྟུང་བ་ཞེས་བརྗོད་དོ། །དེ་ལ་གཞི་ནི་མི་འམ་མིར་ཆགས་པ་ཞེས་གསུངས་པ་སྟེ། མི་ནི་གང་སྐྱེ་མཆེད་དྲུག་ཡོངས་སུ་རྫོགས་པའོ། །མིར་ཆགས་པ་ནི་མའི་མངལ་ན་ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་ཐོབ་པ་རྣམས་སོ། །འདི་ལྟ་སྟེ་མིའི་རིགས་སུ་བསྡུས་པ་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་དབང་པོ་ཚང་བ་དང། མ་ཚང་བ་ཡང་རུང་སྟེ་འདི་དག་ནི་གཞིའོ། །སེམས་ནི་བསམས་བཞིན་དུ་ཞེས་བྱ་བ་གསུངས་པ་སྟེ་བསད་པའི་སེམས་སོ། །སྦྱོར་བ་ནི་རྣམ་པ་གཉིས་སུ་སྟེ་ལུས་དང་ངག་གོ །དེ་ལ་ལུས་ནི་རང་གི་ལག་དར་ཏེ་ཞེས་གསུངས་པ་ལ་སོགས་པའོ། །དེ་ལ་རང་གི་ལག་དར་བ་ནི་བདག་གིས་བསད་པའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་སུ་བདག་གིས་བདག་གསོད་པར་འདོད་པ་ལ་མཚོན་སྦྱིན་པར་བྱེད་པ་དང༌། བདག་ཉིད་མཚོན་འདེབས་མི་ནུས་ནས་མཚོན་ཡོད་པ་དེའི་ལག་པ་ནས་གཟུངས་ཏེ་འདེབས་པའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་


DTG151_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། གཞན་དེ་ལ་མཚོན་སྦྱིན་དུ་བཅུག་པའོ། །དེ་ལ་ངག་གི་སྦྱོར་བ་ནི་དེར་འཆིར་བཅུག་གམ་ཞེས་གསུངས་པ་ལ་སོགས་པ་སྟེ་དེ་ལ་མི་འདོད་བཞིན་དུ་འཆིར་བཅུག་པ་དང༌། འདོད་པ་ལ་བསྔགས་པ་བརྗོད་པའོ། །རྣམ་གྲངས་གང་གིས་ཤེ་ན། ཁྱོད་འདིས་ཅི་ཞིག་བྱ་ཞེས་བྱ་བ་གསུངས་པ་ལ་སོགས་པ་སྟེ། འཚོ་བའི་ཉེས་དམིགས་བསྟན་པ་དང༌། ཤི་བའི་ལེགས་པ་བསྟན་པའོ། །མི་གཙང་བ་ཞེས་བྱ་བ་ནི་ལུས་མི་གཙང་བ་དང་ལྡན་པའི་ཕྱིར་རོ། །རྣམ་གྲང་དུ་མས་ཞེས་བྱ་བ་ནི། རྣམ་གྲངས་འདིས་སམ་རྣམ་གྲངས་གཞན་གྱིས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཀྱི་འདོད་པ་ཞེས་བྱ་བ་ནི་ཤི་ཡང་བླ་སྙམ་དུ་དེ་ལྟར་མངོན་པར་འདུ་བྱེད་པའོ། །སེམས་ཀྱི་ཀུན་དུ་རྟོག་པ་ཞེས་བྱ་བ་ནི། འདི་ཤིན་བདག་གི་ཡོན་ཏན་འདིར་འགྱུར་བའོ། །སྙམ་དུ་མངོན་པར་འདུ་བྱེད་པའོ། །འདིས་ནི་གསོད་སེམས་གཞི་དང་བཅས་པ་སྟོན་ཏོ། །དེ་ལ་དགེ་སློང་གིས་ཡོད་བྱད་ཀྱི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པའམ། ནད་པ་གསད་པའི་ཕྱིར་ཇི་ལྟར་མཐུན་པར་བསྟན་ཏམ། འཆིར་བཅུག་གམ། བསྔགས་པ་བརྗོད་ཀྱང་རུང་སྟེ། ཤི་ན་ཕམ་པར་འགྱུར་རོ། །གལ་ཏེ་མ་ཤིན་སྦོམ་པོའོ། །གལ་ཏེ་འགྱོད་དེ་བཟློག་པ་ལས་ཤིན་ཡང་སྔར་སྦྱོར་བས་སྦོམ་པོའོ། །དེ་ལ་མཐའ་ནི་དེ་ཡང་རྩོམ་པ་དེས་དུས་བྱས་ན་ཞེས་གསུངས་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཟིན་པ་ཡན་ལག་དང༌། ཉིད་ལག་དང༌། མ་ཟིན་པ་འཕགས་པ་མདའ་ལ་སོགས་པ་དང༌། དེ་གཉི་ག་དང་ལྡན་པ་རལ་གྲི་ལ་སོགས་པ་དང་དུག་སྦྱོར་བ་དང། ས་ལ་འཆིང་བ་དང༌། ཤིང་ལ་འཆིང་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་དང༌། སྨན་དང༌། སེམས་འཁྲུགས་པ་དང༌། ས་མདའ་དང༌། འཁྲུལ་འཁོར་གྱི་ཕུང་པོ་དང༌། གསང་སྔགས་དང༌། སྦྱར་དུག་དང༌། གཡངས་དང༌། ཁང་ཐོག་ལ་སོགས་པ་ནས་ལྟུང་བར་བྱེད་པ་དང༌། ཆུ་དང་མེ་དང་འཇིགས་པ་དང་བཅས་པའི་ཕྱོགས་སུ་གཏོང་བ་དང༌། གྲང་བ་དང༌། ཚ་བའི་དུས་ནས་མཚན་མོ་བླ་བ་མེད་པ་དང༌། གཡོགས་པར་གཞག་པ་དང༌། མིའི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་ལ་སྲོག་ཆགས་སུ་འདུ་ཤེས་སམ། ཡིད་


DTG151_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཉིས་ཟ་འམ། དེས་ཀྱང་རུང་སྟེ་བསད་པའི་སེམས་ཀྱིས་དེ་གསད་པའི་ཕྱིར་བརྩམས་པ་ལས་གལ་ཏེ་རྩོམ་པ་དེས་དེའི་ཚེའམ། གཞན་གྱི་ཚེ་ཡང་རུང་སྟེ། ཤི་ན་ཕམ་པར་འགྱུར་བའོ། །གལ་ཏེ་མ་ཤི་ན་སྦོམ་པོའོ། །དེ་བཞིན་དུ་རོ་ལངས་དང༌། རོ་ལངས་ཕྱེད་པ་ཡང་བརྗོད་པར་བྱའོ། །འདི་ནི་བྱེ་བྲག་སྟེ་དེ་ལ་གལ་ཏེ་དེ་གཉིས་ཀྱིས་དགེ་སློང་བསད་ན་ཡང་སྔར་སྦྱོར་བས་སྦོམ་པོའོ། །ཅི་སྟེ་དགེ་སློང་གིས་རོ་ལངས་ནས་སྦྲུལ་པ་བསད་པ་དང༌། སྔར་སྦྱོར་བས་སྦོམ་པོ་གཉིས་སོ། །མངལ་ན་འདུག་པ་བསད་ཀྱི་བུད་མེད་ནི་མ་ཡིན་ནོ་སྙམ་པའི་སེམས་ཀྱིས་བུད་མེད་ཀྱི་ལྟོ་མཉེས་ན་གལ་ཏེ་མངལ་ན་འདུག་པ་ཤི་ལ་བུད་མེད་མ་ཤི་ན་དངོས་གཞིའོ། །བུད་མེད་ཤི་ལ་མངལ་ན་འདུག་པ་མ་ཤི་ན་སྦོམ་པོའོ། །གཉིས་ཀ་ཤི་ན་དངོས་གཞིའོ། །གཉིས་ཀ་མ་ཤི་ནས་སྦོམ་པོའོ། །དེ་བཞིན་དུ་བུད་མེད་གསད་པའི་སེམས་ཀྱིས་མངལ་ན་འདུག་པ་མ་ཡིན་པ་ཡང་བརྗོད་པར་བྱའོ། །མིའི་བུད་མེད་དང་དུད་འགྲོའི་སྐྱེ་གནས་མོའི་མངལ་ན་མི་མ་ཡིན་པ་ཡོད་པ་རླུགས་པར་བྱས་ན་སྦོམ་པོའོ། །དུད་འགྲོའི་སྐྱེ་གནས་མོའི་མངལ་ན་མི་ཡོད་པ་ནི་དངོས་གཞིའོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བསྒྱུར་བ་བསད་ན་དངོས་གཞིའོ། །བདག་དུད་འགྲོའི་སྐྱེ་གནས་སུ་གཏོགས་པར་བསྒྱུར་ན་གལ་ཏེ་དགེ་སློང་གི་འདུ་ཤེས་ཡོན་ན་ཡང་ངོ༌། །མང་ཞིག་ལ་གཞན་ཞིག་བསད་དོ་སྙམ་པ་ལས་གཞན་ཤི་ན་སྦོམ་པོའོ། །གཞན་བསད་པའི་སེམས་ཀྱིས་མ་དང་ཕ་དང་དགྲ་བཅོམ་པ་གསད་པ་དང༌། མ་ལ་སོགས་པ་གསད་པར་སྦྱོར་བ་ལས་གཞན་དང༌། དགྲ་བཅོམ་པ་མ་ཡིན་པ་ལ་དགྲ་བཅོམ་པར་འདུ་ཤེས་པ་དང༌། དགྲ་བཅོམ་པ་ལ་དགྲ་བཅོམ་པ་མ་ཡིན་པར་འདུ་ཤེས་པ་དང༌། མ་ལ་སོགས་པ་གསོད་དུ་བཅུག་པ་ལས་སྔར་ཤི་བ་དང༌། མ་ཡིན་ནམ་མ་ཡིན་སྙམ་པ་ནས། དགྲ་བཅོམ་པ་ཡིན་ནམ་མ་ཡིན་སྙམ་པའི་བར་དུ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ལ་སོགས་པ་གསད་པ་དང༌། མ་ལ་མ་མ་ཡིན་པར་འདུ་ཤེས་པ་དང༌། མ་མ་ཡིན་པ་ལ་མར་འདུ་ཤེས་པ་ལ་སྦོམ་པོ་སྟེ། མཚམས་མེད་པར་མི་འགྱུར་རོ། །རྩིག་པ་ལ་སོགས་པ་ལ་གདབ་པར་འདོད་པ་ལས་མ་ལ་སོགས་པ་ལ་ཕོག་པ་དང༌། ནད་པ་བསྐྱོད་པ་ལས་


DTG151_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཏེ་འགྱེལ་བ་དང༌། ནད་པ་དེ་དག་གི་སྟེང་དུ་འདྲེས་ཏེ་དེ་དག་ཀྱང་རྐྱེན་དེས་ཤི་བ་ནི་ལྟུང་བ་མེད་དོ། །བུད་མེད་གཞན་གྱི་མངལ་ནས་རླུགས་པ་གཞན་གྱིས་བཅུག་པ་ནི་གཞན་གྱི་མངལ་ན་རླུགས་པ་དེའི་མཚམས་མེད་པའོ། །གང་གིས་བཅུག་པ་དེ་བསད་ན་མཚམས་མེད་པ་མ་ཡིན་ནོ། །རབ་ཏུ་བྱུང་བའི་ཚེ་ནི་དེ་ཉིད་ལ་དྲིའོ། །མི་ཡིན་ནམ་མ་ཡིན་སྙམ་པ་དང༌། དེ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་ཟ་བས་མི་བསད་ན་སྦོམ་པོའོ། །ཇི་སྟེ་སུ་ཡང་རུང་སྙམ་ན་དངོས་གཞིའོ། །འདི་ལྟ་སྟེ་མི་ལ་མིར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་དངོས་གཞིའོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་སྦོམ་པོའོ། །མི་ལ་དུད་འགྲོའི་སྐྱེ་གནས་སུ་འདུ་ཤེས་པ་ལ་ཉེས་བྱས་སོ། །མི་མ་ཡིན་པར་འདུ་ཤེས་པ་ལ་སྦོམ་པོའོ་ཞེས་གསུངས་པ་ཡིན་ནོ། །གསང་བ་བྲོས་པ་ལ་གཤེད་མས་དྲིས་པ་ན་གསོད་པའི་སེམས་ཀྱིས་བསྟན་ན་གཞི་ཇི་ལྟ་བ་བཞིན་ནོ། །མང་པོའི་དང་ནས་གལ་ཏེ་གཅིག་བསད་པའི་སེམས་ཀྱིས་གཞན་སྟོན་ན་སྦོམ་པོའོ། །ལུང་དུ་མ་བསྟན་པའི་སེམས་ལ་ཉེས་བྱས་སོ། །བཞད་གད་བྱ་བར་བསམས་ཏེ་བསྣུན་པ་ལས་དེ་ཤི་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་སྦྱོར་ལ་བསྙེན་པར་རྫོགས་ནས་ཤི་ན་མུ་བཞི་པ་གཉིས་ཏེ། སྔ་མ་བཞིན་ནོ། །མི་མཁས་པ་ལས་དང་པོ་པ་མ་ཡིན་པ་ཞིག་གལ་ཏེ་ཁ་ན་མ་ཐོ་བ་ལ་མི་འཇིགས་པའི་སེམས་དང༌། དད་པས་བྱིན་པ་ལ་རྐུ་བའི་སེམས་དང་སེམས་རྣམ་པ་གཉིས་མ་བྱུང་ན་བསླབ་པ་སྦྱིན་པར་བྱའོ། །ཆུས་ཁྱེར་བའམ། ཤིན་ཏུ་སྐོམ་པ་ལ་གལ་ཏེ་ལག་གིས་མ་བསྙབས་སམ། ཤི་བར་དགའ་བས་ཤི་ལ་ཐུག་པ་བསྐྱབ་པའི་ཕྱིར། ཆུའམ། གཞན་ཡང་རུང་སྟེ་སྦྱོར་ནུས་བཞིན་དུ་མི་བྱེད་དམ། ཡལ་བར་འདོར་ལ་ལྟུང་བའོ། །གཞན་གྱིས་གསད་པར་བྱ་བ་གདོན་མི་ཟ་བར་འཆི་བར་བྱས་པ་གསད་ན་སྦོམ་པོའོ། །གདོན་མི་ཟ་བར་བྱས་པ་མ་ཡིན་ན་ནི་ཕམ་པར་འགྱུར་བའོ། །གནོད་པ་སྤང་པའི་ཕྱིར་གལ་ཏེ་བྱེ་བྲག་མེད་པར་བསྣུན་ཏེ། གསད་པའི་བསམ་པ་ནི་མེད་ལ་ཤི་ན་ནི་སྦོམ་པོའོ། །མ་ཤིན་ཉེས་བྱས་སོ། །གསད་པར་བསམ་པ་ལ་དངོས་གཞིའོ། །དགེ་སློང་བསད་པའི་སེམས་ནི་མེད་ལ་གང་གི་ཕྱིར་ནད་པ་


DTG151_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བར་སེམས་པ་ལ་དེ་དང་མཐུན་པའི་གཏམ་བྱེད་པ་དང་མ་བརྟགས་པར་གྲི་འམ་ཐག་པ་བྱིན་ན་ཉེས་བྱས་སོ། །དུག་ཉེ་བར་གཞག་ན་ཉེས་བྱས་སོ། །མི་མཁས་པ་ནད་པའི་རིམ་གྲོ་བར་མི་གཞག་གོ །དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཁོང་དུ་ཆུད་པར་བསྒོའོ། །ནད་པ་སློང་བ་ན་དེས་མ་བསླང་ཞིག་ཤིར་འོང་ངོ་ཞེས་སྨྲས་པ་ལ། དེས་ཀྱང་ལོངས་ཤིག་ཅེས་སྨྲས་ཏེ་དུས་བྱས་ན་སྦོམ་པོའོ། །དེ་བཞིན་དུ་སྤྱོད་ལམ་གཞན་ལ་ཡང་བརྗོད་པར་བྱའོ། །ནད་པ་ལ་ཁྲུས་བྱོས་ཤིག་ཅེས་སམ། ལོངས་ཤིག་ཅེས་དེ་ལ་སོགས་པ་བསྒོ་བ་ལས་དེས་ངལ་ཏེ་ཤི་ན་ལྟུང་བ་མེད་དོ། །སྤོང་བ་པ་ཡུར་བའི་ཚེ་དབྱི་གུས་རེག་པར་བྱས་པ་ལས་ཤི་བ་ཡང་དེ་བཞིན་ནོ། །ནད་ཚབས་ཆེ་བའི་ནད་གཡོག་ཤི་ན་ཡང་བླ་སྙམ་ནས་གྲོང་དུ་སོང་བ་དང༌། ནད་གཡོག་སྐྱོ་འམ། དེའི་ཡོ་བྱད་འདོད་པའི་ཕྱིར་ནད་གཡོག་མ་བྱས་ན་མྱུར་དུ་འཆིའོ་སྙམ་ནས་ནད་གཡོག་མ་བྱས་ཏེ་དེ་ཡང་ཤི་ན་སྦོམ་པོའོ། །ཁ་ཟས་ཕན་པ་ཡོད་བཞིན་དུ་མི་ཕན་པ་སྦྱིན་ན་སྦོམ་པོའོ། །མེད་དམ་ཕན་པས་ཀྱང་ཤི་ན་ལྟུང་བ་མེད་དོ། །འབྲུམ་བུ་མ་སྨིན་པ་བརྟོལ་ཏེ་ཤི་ན་སྦོམ་པོའོ། །སྨིན་པ་ལ་ལྟུང་བ་མེད་དོ། །གཏར་ག་བཏབ་པ་ལས་མཚོན་ཁ་ཟབས་པ་ལ་ལྟུང་བ་མེད་དོ། །མ་བསླབས་པར་གཏར་ག་གདབ་པར་མི་བྱའོ། །དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ཤིན་དེའི་ལྷུང་བཟེད་དམ་ཆོས་གོས་བདག་གིར་འགྱུར་རོ་ཞེས་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་མི་བྱེད་པའི་ཕྱིར་གདོལ་པ་ལྟ་བུའི་སེམས་བསྐྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་དགེ་སློང་གིས་ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ། །བསྲེག་པར་འོས་པ་མི་སྲེག་གམ། གླན་པར་འོས་པ་མི་གློན་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཆོས་གོས་ཀྱང་པགས་པ་བཞིན་དུ་བསྐྱང་བར་བྱའོ། །བཀྲུ་བ་དང་བཙེམ་པ་དང༌། ཁ་བསྒྱུར་བར་འོས་པ་དེ་ལྟར་མི་བྱེད་ན་ཉེས་བྱས་སོ། །གཞན་གྱི་མངལ་ལས་རླུགས་པར་འགྱུར་བ་བྱིན་པ་ལ་རྗེས་སུ་ཡི་རང་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྩིག་པ་རྩིག་པའི་ཚེ་སོ་ཕག་ལག་ནས་ལག་ཏུ་འཕངས་པ་ལས་དགེ་སློང་གིས་སོ་ཕག་བོར་བ་དགེ་སློང་གི་གླད་པར་ཕོག་ནས་དུས་འདས་པ་ལ་ལྟུང་བ་


DTG151_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མོད་ཀྱི་འོན་ཀྱང་སོ་ཕག་ལག་ནས་ལག་ཏུ་སྦྱིན་པར་བྱ་སྟེ། དོར་བར་ནི་མི་བྱའོ། །གལ་ཏེ་གས་པ་ཞིག་ཡོད་ན་བསྒོ་བར་བྱའོ། །སྐས་ལ་འཛེག་ན་མདུད་པ་དོར་བར་བྱའོ། །སྟེང་ན་ལས་བྱེད་ན་ཡང་ངོ༌། འོག་ཏུ་ནི་མི་དགོས་སོ། །རྩིག་པའི་གྲོགས་བྱེད་ན་དུས་གཅིག་ཅིག་བྱའི་ཉི་མ་རངས་པར་ནི་མི་བྱའོ། དགུན་ནི་ཕྱིར་དྲོའོ། །དཔྱིད་ནི་སྔ་དྲོའོ། །དུས་ཀྱང་ཤེས་པར་བྱ་སྟེ་བཏང་ངོ༌། །འདི་ལྟ་སྟེ་ལག་པ་དང་རྐང་པ་དག་བཀྲུས་ལ་བསོད་སྙོམས་པ་ནི་བསོད་སྙོམས་ལ་འགྲོའོ། །དགེ་འདུན་ལས་ཐོབ་པ་ནི་དགེ་འདུན་གྱི་ནང་དུའོ། །རྩིག་པའི་གྲོགས་བྱེད་པའི་ཀུན་དུ་སྤྱོད་པ་ནི་དགེ་འདུན་ལ་སྣུམ་བག་གི་རྙེད་པ་དང༌། ཞལ་སུས་དང༌། བཏུང་བ་དང༌། ལག་པ་དག་གི་སྐུད་དང༌། རྐང་པ་དག་གི་སྐུད་སྦྱིན་དུ་གཞུག་གོ །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །དགེ་སློང་གིས་གདུང་མ་ལྕི་ཆེས་པས་ཤོར་ཏེ་ཤིང་མཁན་ཤི་བ་ལ་ལྟུང་བ་མེད་དོ། །ཁུར་ལྕི་བ་མེ་བཏེག་གོ །དེ་ལྟ་བུའི་རྐྱེན་ཆིག་བྱུང་ན་བར་དུ་ཁྱིམ་པ་བཞག་སྟེ། དེ་ནས་མཉམ་དུ་གདེག་ཅིང་མཉམ་དུ་གཞག་ཅིང༌། ཁུར་མི་ཐེག་པ་བཏེག་ན་འགལ་ཚབས་ཅན་དུ་འགྱུར་རོ། །མི་ཐ་མལ་པའི་ཁུར་གཅིག་ལ་དགེ་སློང་གི་ཁུར་གཉིས་ཏེ། དེ་ལས་ལྷག་པ་མི་གདེག་པའོ། །དགེ་སློང་གི་མགོ་དང་ཕྲག་པ་དང༌། རྐེད་པ་ལ་ཁུར་མི་བསྐུར་རོ་དེ་བཞིན་དུ་དགེ་སློང་མ་ལ་ཡང་ངོ༌། །ཁྱེའུ་སྟན་ལ་འདུག་པའི་སྟེང་དུ་གནས་བརྟན་འཆར་ཀས་འདུག་སྟེ་ཤི་བ་ནི་མ་ཚོར་བས་ལྟུང་བ་མེད་དོ། །མ་བརྟགས་པར་སྟན་ལ་འདུག་ན་ཉེས་བྱས་སོ། །སྨན་པ་ལ་མ་དྲིས་པར་ནད་པ་ལ་སྨན་སྦྱིན་ན་ཉེས་བྱས་སོ། །སྨན་པ་ལ་དྲིའོ། །དེ་མེད་ན་སྨན་པ་ལས་རབ་ཏུ་བྱུང་བ་ལའོ། །དེ་མེད་ན་སྨན་པས་བཀོལ་བ་ལའོ། །དེ་ཡང་མེད་ན་ནད་ཀྱིས་བཀོལ་བ་ལའོ། །དེ་ཡང་མེད་ན་ནད་ཀྱིས་བཀོལ་བ་ལའོ། །དེ་ཡང་མེད་ན་གནས་བརྟན་གནས་བརྟན་ལ་དྲིའོ། །བཀྲུ་སྨན་བླུད་ནས་གཞན་དུ་འགྲོ་བར་མི་བྱའོ། །གཉེན་པོ་བསྟེན་ན་ལྟུང་བ་མེད་དོ། །གསད་པའི་བསམས་པས་ནད་པ་ལ་སྨན་གང་ཡང་སྦྱིན་པར་མི་བྱ་མོད་ཀྱི་འོན་ཀྱང་ཅི་ནས་ཀྱང་ནད་སོས་པར་བྱ་བར་བསམ་མོ། །བསྡིགས་པ་ན་མི་ཕོག་པར་བྱ་བའི་བསམ་པས་གཎྜཱི་ལ་སོགས་པ་འཕང་བར་བྱའོ། །ལོགས་དང་སྟེང་ནས་འདིར་འཕོངས་ཤིག་ཅེས་བསྒོ་


DTG151_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གལ་ཏེ་འགའ་ཞིག་པོག་ན་ལྟུང་བ་མེད་དོ། །བསྒོ་བ་ནི་ཉེས་བྱས་སོ། །དགེ་སློང་ལམ་དུ་ངལ་བ་ཕུལ་བར་མི་བྱ་མོད་ཀྱི་འོན་ཀྱང་ངལ་སོར་གཞུག་གོ །སྣོད་སྤྱད་ཀྱང་བླང་ངོ༌། །དུས་ཤེས་ནས་གལ་ཏེ་ནུས་ན་ནི་འགྲོགས་ཏེ་འགྲོ་བར་བྱའོ། །ཅི་སྟེ་མི་ནུས་ན་སྔོན་དུ་སྟེ་ལྷུང་བཟེད་བཀྲུས་ལ་བྱུག་རིས་གཞག་པར་བྱའོ། །ཡང་ན་ཟས་མ་ནོས་ཏེ་བསུ་བར་བྱའོ། །ཅི་སྟེ་རྣམ་པ་གཞན་དུ་ན་ཉེས་བྱས་སོ། །དགེ་འདུན་ལ་སྨན་རྩབས་ལན་ཚྭ་ཅན་བྲིམས་པ་དང༌། དེ་བཞིན་དུ་ནད་པ་དང༌། གསལ་ཤིང་བཙུགས་པ་ལ་ཡང་ལྟུང་བ་མེད་དོ། །བ་ལང་གིས་འཇིགས་ནས་ཁྱེའུ་ཞིག་གི་སྟེང་དུ་རྡེག་འཆོས་ཏེ་ཡང་ཤི་བ་ལས་ལྟུང་བ་མེད་དོ། །བ་ལང་གི་ནང་དུ་ཤེས་བཞིན་དུ་འགྲོ་བར་བྱའོ། །དེ་བཞིན་དུ་སྟོབས་དང་ལྡན་པ་དབྱུག་པ་ཐོགས་པ་ལངས་པ་ན་བྱ་བ་དེས་ཤི་བ་དང༌། ཆོས་གོས་ཀྱི་གྲས་གཏུན་ཤིང་འཕངས་ཏེ་མི་ཤི་བ་དང༌། དེ་བཞིན་དུ་ཐལ་མོད་དད། བརྣངས་པ་བསྣུན་པ་ཡང་ངོ༌། །ཤེས་བཞིན་དུ་བསྣུན་པར་བྱའོ། །སྟག་གི་འཇིགས་པ་དང་བཅས་པའི་ས་ཕྱོགས་སུ་འདུག་ཤིག་ཅེས་བློ་གྲོས་བྱིན་པས་ཟོས་པ་ལ་ལྟུང་བ་མེད་དོ། །ཤི་རི་ཀ་དེས་ལག་འགྲོས་བྱ་སྟེ། འགྲོ་བ་ན་ཤི་བ་ལ་ལྟུང་བ་མེད་དོ། །དེ་ལྟ་བུར་འགྲོ་བར་མི་བྱའོ། །དེ་བཞིན་དུ་ནད་སོས་ནས་རིང་པོ་མ་ལོན་པ་གྲོགས་སུ་ཁྲིད་ནས་ངལ་ཏེ་ཤི་བ་ཡང་ངོ༌། །དེ་ལྟ་བུད་དཀྲི་བར་མི་བྱའོ། །གནོད་པར་བྱ་བའི་བསམ་པས་མནན་ཏེ་ཤི་ན་ཉེས་པ་སྦོམ་པོ་སྟེ། དངོས་གཞི་ནི་མ་ཡིན་ནོ། །བདག་གསོད་བར་སེམས་ན་སྦོམ་པོའོ། །ཁྲོས་ནས་ཐག་པས་བཅིངས་པ་ལ་སོགས་པ་དང༌། གཞན་གྱི་ཡན་ལག་དང་ཉིང་ལག་བཅད་ན་སྦོམ་པོའོ། །སྨན་པ་མི་མཁས་པས་གདོང་དུ་མཚོན་གྱི་ལས་བྱེད་དུ་བཅུག་ན་སྦོམ་པོའོ། །སྨན་པ་ཆེན་པོ་མེད་ན་རྩར་བཏབ་པ་ལ་ལྷུང་བ་མེད་དོ། །བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་རྡེག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་གཞང་འབྲུམ་བཅད་པ་ཡང་ངོ༌། །འོན་ཀྱང་སྨན་དང་སྔགས་ཀྱིས་དེ་གསོད་པར་བྱའོ། །གསང་བར་སྦྱོར་བར་བྱས་བུད་མེད་བུ་མཚན་གྱུར་ཀྱང་ཕམ་པར་འགྱུར་རོ། །མཚན་གཉིས་པར་གྱུར་པ་དང༌། དགེ་ཚུལ་གྱི་སར་བབས་པ་ལ་ནི་སྦོམ་པོའོ། །བམ་


DTG151_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་གསུམ་པའོ།། །།གྲོང་ཁྱེར་ཡངས་པ་ཅན་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་གྱི་དགེ་སློང་དག་གིས་ཟང་ཞིང་ཅུང་ཟད་ཙམ་གྱི་ཕྱིར་ཉེ་དུ་རྣམས་ཀྱི་མདུན་དུ་མིའི་ཆོས་ལས་བླ་མར་གྱུར་པ་མེད་བཞིན་དུ་བརྗོད་དེ། ལྡན་པ་དང་རྙེད་པ་དང་བཀུར་སྟིའི་གཞིའི་དབང་དུ་མཛད་ནས་ཉོན་མོངས་པ་ད་དག་གིས་བཞི་པ་བཅས་སོ། །མངོན་པར་མི་ཤེས་ཞེས་བྱ་བ་ནི་ཤེས་བྱ་དེ་ཇི་ལྟར་རྟག་པ་ལ་སོགས་པར་མེད་ན། དེ་དང་བྲལ་བར་ཡོངས་སུ་མི་སྤྱོད་པའི་ཕྱིར་རོ། །ཡོངས་སུ་མི་ཤེས་ཞེས་བྱ་བ་ནི་ཤེས་བྱ་དེ་ཇི་ལྟར་མི་རྟག་པ་ལ་སོགས་པ་ཡོད་པ་དེ་ལྟར་ཡོངས་སུ་མི་གཅོད་པའི་ཕྱིར་ཏེ། །ཡོད་པ་ལ་ཡོད་པར་ཡང་དག་པ་ཅི་ལྟ་བ་བཞིན་དུ་མི་ཤེས་པ་དང༌། མེད་པ་ལ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལས་བཟློག་པར་བརྗོད་པ་ཡིན་ནོ། །མེད་ལ་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མར་གྱུར་པ་དེ་ཉིད་རང་གི་མཚན་ཉིད་ཀྱིས་མེད་པའོ། །མེད་བཞིན་དུ་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མར་གྱུར་པ་དེ་ཉིད་བདག་ལ་མེད་པའོ། །མིའི་ཆོས་ལས་བླ་མར་གྱུར་པ་ཞེས་བྱ་བ་ནི་མི་སྤྱིའི་སྒྲིབ་པ་ལྔ་པོ་དག་ལས་ཁྱད་པར་དུ་འཕགས་པའོ། །ཚིག་གི་ལྷག་མ་ནི་དེ་ཉིད་ཀྱིས་སྤྲོས་པའོ། །མཐའ་ཞེས་བྱ་བ་ནི་མཆོག་གོ །འཕགས་པ་ཞེས་བྱ་བ་ནི་བདག་ཉིད་སྡིག་པ་རྣམས་ལས་རིང་དུ་གྱུར་པའི་ཕྱིར་རོ། །ཡང་ན་འཕགས་པ་རྣམས་ཀྱི་ནི་འཕགས་པའོ། །འཕགས་པའི་བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི། སྟོབས་དང་ཡིད་གཞུངས་པ་ལ་སོགས་པ་ལ་ནི་མ་ཡིན་ནོ། །རྣམ་གྲངས་གཞན་དུ་མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་ཏེ། དེ་ལ་སྲེད་པ་ཐམས་ཅད་ཟད་པའི་ཕྱིར་རོ། །བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞིའོ། །ཤེས་པ་དང་མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་སོགས་པ་ལ་ཆོས་ཤེས་པའི་བཟོད་པ་སྟེ་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་དུ་ཤེས་པ་ནི་སྡུག་བསྔལ་ལ་སོགས་པ་ཤེས་པ་དང༌། མི་རྟག་པ་ལ་སོགས་པའི་འདུ་ཤེས་སོ། །མཐོང་བ་ཞེས་བྱ་བ་ནི་ལྷ་ལ་སོགས་པ་མཐོང་བ་ལ་སོགས་པའོ། །རེག་པར་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་ནས་བཟུང་སྟེ་མཉམ་པར་གཞག་པའི་སོ་སོའི་ཡོན་ཏན་ཐམས་ཅད་དོ། །འདི་ཤེས་སོ་ཞེས་བྱ་བ་


DTG151_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེན་པ་ལ་སོགས་པའོ། །འདི་མཐོང་ངོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའོ། །བདག་ཉིད་ཀྱིས་བརྫུན་དུ་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ལ་མ་སྨྲས་ན་ཕམ་པར་མི་འགྱུར་རམ་ཞེ་ན། གང་གི་ཕྱིར་དེ་དུས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཤེ་ན། བདེན་ཏེ་མ་སྨྲས་ཀྱང་ཕམ་པར་འགྱུར་བ་ཡིན་མོད་ཀྱི། དགོས་པ་ཙམ་གྱིས་གནས་པར་མི་བྱ་བར་མི་ནུས་ཏེ། དེའི་ཕྱིར་འདི་སྨོས་སོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་འགྱོད་པ་སྐྱེས་བར་གྱུར་པའོ། །སྨྲས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཀྱལ་པའི་ཚིག་ཉིད་དོ། །མངོན་པའི་ང་རྒྱལ་མ་གཏོགས་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་བཞག་སྟེའོ། །དེ་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གསོ་བ་ཅེས་བྱ་བ་ནི་དེའི་ཚིག་བརྗོད་པར་བྱ་བའི་དོན་གྱིས་སྟོད་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་དེའི་ཟང་ཟིང་ཙམ་གྱི་ཕྱིར་དགོས་པའི་སྙིང་པོ་མེད་པའོ།། བརྫུན་ཞེས་བྱ་བ་ནི་འདུ་ཤེས་བསྒྱུར་ཏེ་སྨྲས་སོ། །བྱུང་བ་ཞེས་བྱ་བ་ནི་དེའི་དངོས་པོའོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་ལྡང་བར་འདོད་པའོ། །འདི་སྐད་ཅེས་བྱ་བ་ནི་བརྗོད་པའོ། །ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པ་ཤེས་སོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ།། མ་མཐོང་བས་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ལུས་སྲུལ་པོ་དང༌། གྲུལ་བུམ་དང༌། ཡི་དགས་དང༌། ཤ་ཟ་མཐོང་ངོ༌། །བལྟ་བའི་ཕྱིར་འགྲོའོ། །དེ་དག་གི་སྒྲ་ཡང་ཐོས་སོ། །དེ་དག་ཀྱང་བདག་བལྟ་བའི་ཕྱིར་འོང་ངོ༌། །གཏམ་འདྲེའོ། །བདག་ཀྱང་དེ་དག་དང་གཏམ་འདྲེའོ་ཞེས་མི་དེ་འམ་གཞན་དག་ལ་གང་ལུང་བསྟན་པར་འདོད་དེ། འདུ་ཤེས་བསྒྱུར་ནས་ཕ་རོལ་ལ་གོ་བར་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །རྡུལ་ཁྲོད་ཀྱི་ཤ་ཟ་དང༌། རྣམ་པ་དེ་དང་དེ་ལྟ་བུའོ་ཞེ་ན་སྦོམ་པོའོ། །དེ་བཞིན་དུ་བདག་གིས་མི་རྟག་པ་ལ་སོགས་པའི་འདུ་ཤེས་ཉི་ཤུ་སྟེ། མི་རྟག་པའི་འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་


DTG151_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་དང༌། སྤོང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། འཆི་བ་དང༌། མི་སྡུག་པ་དང༌། རྣམ་པར་བསྔོས་པ་དང༌། རྣམ་པར་རྣགས་པ་དང༌། རྣམ་པར་བམ་པ་དང༌། རྣམ་པར་འབུས་གཞིག་པ་དང༌། རྣམ་པར་ཟོས་པ་དང༌། རྣམ་པར་དམར་བ་དང༌། རྣམ་པར་འཐོར་པ་དང༌། རུས་གོང་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་བོ་ཞེས་རེ་རེ་ལ་ཡང་བརྗོད་པར་བྱའོ། །བསམ་གཏན་བཞི་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པ་རྣམས་དང༌། འབྲས་བུ་རྣམས་དང༌། མངོན་བར་ཤེས་པ་དྲུག་པོ་རྣམས་བདག་གིས་ཐོབ་བོ་ཞེའམ་དགོན་པའི་གནས་ན་མི་མ་ཡིན་པ་རྣམས་ཀྱིས་དགེ་སློང་དག་གཙེས་ན། དེ་ན་འཕགས་པ་གང་ཡིན་པ་དེ་ལ་ནི་མི་འཚེ་སྟེ། དེར་བདག་ལ་ཡང་མི་འཚེའོ་ཞེ་འམ། དེ་བཞིན་དུ་འཕགས་པ་གང་ཡིན་པ་དེ་ནི་སྟན་ཁྲ་བོ་ཐོབ་སྟེ། བདག་གིས་ཀྱང་ཐོབ་བོ་ཞེས་སྨྲས་པ་ན་ཐམས་ཅད་ཀྱང་ཕམ་པར་འགྱུར་བའོ། །རང་གི་མཚན་ཉིད་འཛིན་པའི་ཡིད་ལ་བྱེད་པས་བདག་གི་ཉོན་མོངས་པ་བསྲབས་སོ་ཞེས་སྨྲས་ན་སྦོམ་པོའོ། །མ་ཐོབ་པའི་ཡོངས་སུ་ཉམས་པ་ལས་བསམས་ཏེ། ལན་ཅིག་ཕྱིར་འོང་བ་ལ་སོགས་པའི་འབྲས་བུ་གསུམ་ལས་བདག་ཡོངས་སུ་ཉམས་སོ་ཞེས་སྨྲས་སམ། དེ་བཞིན་དུ་སོ་སོར་ཐར་པའི་སྡོམ་པ་ལ་སློབ་པའོ། །འདུལ་བ་ལ་སོགས་པར་བསླབས་པས་མི་སློབ་པའོ། །ལྷུང་བཟེད་ལྷག་མ་ལ་སོགས་པ་ཅུང་ཟད་ལ་ཅུང་ཟད་མེད་པའོ། །འདས་པ་ལ་ལྟོས་ཏེ་སྐྱེ་བ་ཐ་མ་ལ་འདི་ནི་བདག་གི་ཐ་མའོ། །ཀླག་པ་དང་ཁ་དོན་བྱ་བ་ལ་སོགས་པའི་འབྲས་བུ་དང༌། ཤིང་ཨ་མྲ་ལ་སོགས་པའི་འབྲས་བུ་རྙེད་པ་ལས་རིམ་གྲོ་ལ་སོགས་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ། །དེ་བཞིན་དུ་འདས་པ་རྣམས་ལས་བདག་འཇིགས་པ་མེད་དོ། །འཇིགས་པ་ལྔ་སྤངས་པའོ། །དེ་བཞིན་དུ་འདས་པ་རྣམས་སྤངས་པ་ལས། བདག་ཀུན་དུ་སྦྱོར་བ་ལ་སོགས་པ་ལས་གྲོལ་བའོ། །ལུང་ཀུན་ཆུབ་པ་དང༌། དེ་བཞིན་དུ་དབང་པོའི་སྒོ་བསྡམས་པ་ལས་ཉན་ཐོས་ཀྱི་ཐོབ་པར་བྱ་བ་གང་ཡིན་པ་དེ་


DTG151_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའོ། །ཆོས་འཆད་པ་ལས་བདག་ནི་སྟོན་པའོ། །སྡིག་པའི་ཆོས་ནི་ཁོང་དུ་ཆུད་པ་ལས་བདག་ནི་སངས་རྒྱས་སོ། །སངས་རྒྱས་ཐམས་ཅད་ལས་སྐྱབས་སུ་སོང་བ་ལས་བསམས་ཏེ། བདག་ནི་རྣམ་པར་གཟིགས་ཀྱི་ཉན་ཐོས་སོ་ཞེས་སྨྲ་ན་ཐམས་ཅད་དུ་སྦོམ་པོའོ། །གལ་ཏེ་སྒྲ་ཇི་བཞིན་དུ་མིའི་ཆོས་ལས་བླ་མར་གྱུར་པ་ལས་བསམས་ན་ཐམས་ཅད་དུ་དངོས་གཞིའོ། །བདག་ནི་དགེ་སྦྱོང་གི་འབྲས་བུ་བཞི་ལས་ཡོངས་སུ་ཉམས་སོ་ཞེ་འམ། དེ་བཞིན་དུ་གཞན་དག་གིས་མདུན་ན་ང་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་སུ་ཟེར་ཞེའོ། །འབྲས་བུ་གཞན་ལུང་བསྟན་སྙམ་པ་ལས་གཞན་ལུང་སྟོན་པ་དང༌། འཕགས་པ་རྣམས་ཀྱི་ཁྱིམ་ཆེ་གེ་མོ་ཞེས་བྱ་བ་དེ་ནི་བདག་གི་ཁྱིམ་ཡང་ཡིན་ཏེ། བདག་ནི་འཕགས་པ་མ་ཡིན་ནོ་ཞེ་འམ། དེ་བཞིན་དུ་རྣམ་གྲངས་གཞན་དུ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཕྱིར་ཕུལ་བའི་ཆོས་གོས་ལ་སོགས་པ་བདག་ལེན་ཏེ། བདག་ནི་དེ་ལྟ་མ་ཡིན་ནོ་ཞེ་འམ། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུར་ལུང་སྟོན་པར་འགྱུར་མོད་ཀྱི། བདག་ནི་རྒྱུན་དུ་ཞུགས་པ་མ་ཡིན་ནོ་ཞེ་འམ། འབྲས་བུ་ཐམས་ཅད་ལ་ཡང་ངོ༌། །བདག་དེང་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་ཞུགས་སོ་ཞེ་འམ། ཕྱིན་ཆད་ཀྱང་ནམ་ཡང་སྙོམས་པར་མི་འཇུག་གོ་ཞེའམ། བདག་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བདེ་སྟེ། བདག་རྒྱུན་དུ་ཞུགས་པ་མ་ཡིན་ནོ་ཞེ་འམ། གནས་མ་ལ་ཆེ་གེ་མོ་ཞེས་བྱ་བར་བསམ་གཏན་དང་པོ་བསྐྱེད་དེ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ནི་མ་ཡིན་ནོ། །བདག་གིས་ཡི་གེ་བྲིས་ནས་ཡི་གེར་བྲིས་པ་འདི་ལས་བདག་ལ་ཁྱོད་ནི་རྒྱུན་དུ་ཞུགས་པའོ་ཞེས་འབྱུང་ཞེས་ཟེར་ན་ཐམས་ཅད་དུ་སྦོམ་པོའོ། །ཇི་སྐད་དུ་སྨྲས་པ་བཞིན་ནི་ཕམ་པར་འགྱུར་བའོ། །དངོས་པོ་དག་ལ་བདག་བསྟན་པའི་ཕྱིར་གང་འདི་དང་འདི་འདྲ་བའི་དགེ་སློང་ཡོད་དོ་ཞེས་སྨྲས་ལ། བདག་ནི་མ་ཡིན་ནོ་ཞེས་སྨྲས་ན་སྦོམ་པོའོ། །ཉེས་པ་སྦོམ་པོའི་དངོས་པོ་ནི་ཉེས་བྱས་སོ། །དེ་བཞིན་དུ་ཕ་རོལ་གོ་བར་མི་བྱེད་པ་ཡང་རྣམ་པ་གཉིས་སུ་དབྱེ་བར་བྱའོ། །ཁྱོད་ནི་དགྲ་བཅོམ་པ་སྟེ་མཆོག་རྣམས་འོས་སོ་ཞེས་སྨྲས་ན། མི་སྨྲ་བས་ཁས་ལེན་ན་སྦོམ་པོའོ། །དེ་བཞིན་དུ་ཁྱོད་ནི་ཚངས་པ་སྟེ། སྡིག་པ་བསལ་པའོ་ཞེ་འམ། ཁྱོད་


DTG151_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་པོ་དྲུག་པོ་སྦས་པ་ཡིན་ནོ་ཞེ་འམ། གལ་ཏེ་ཁྱོད་དགྲ་བཅོམ་པ་ཡིན་ན་བསོད་སྙོམས་ལོངས་ཤིག་ཅེས་བྱས་ན། ཅང་མི་སྨྲ་བར་གྱུར་ཏེ་ལེན་ན་སྦོམ་པོའོ། །དེ་བཞིན་དུ་གནས་མལ་ལ་སོགས་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །ཁ་ཅིག་ན་རེ་ཚིག་གིས་གོ་བར་བྱེད་པའི་དོན་ལས་ཀྱིས་གོ་བར་བྱེད་དམ། དྲིས་ན་ཅང་མི་སྨྲ་ན་ཕམ་པར་འགྱུར་བའོ་ཞེ་འམ། མི་ལ་མིར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་ལ་ཡང་དངོས་གཞིའོ། །མི་མ་ཡིན་པ་ལས་མིར་འདུ་ཤེས་པ་འམ། མིར་ཡིད་གཉིས་ཟ་བ་ལ་སྦོམ་པོའོ། །ཉན་པ་མེད་པ་ལ་ཡོད་པར་འདུ་ཤེས་པའམ། ཉལ་བ་འམ་མི་མཁས་པའམ། མ་བརྟགས་པའི་སེམས་ཀྱིས་གློ་བུར་དུ་སྨྲས་ན་སྦོམ་པོའོ། །མི་མཁས་པས་ལས་དང་པོ་པ་ཡིན་ན་ནི་སྔ་མ་བཞིན་དུ་བསླབ་པ་སྦྱིན་པར་བྱའོ། །འཕགས་པ་མཽད་གལ་གྱི་བུས་འདི་ལྟ་བུའི་འདུ་ཤེས་ཀྱིས་གྲོང་ཁྱེར་ཡངས་པ་ཅན་པ་རྣམས་རྒྱལ་ལོ་ཞེས་ལུང་བསྟན་པ་དང༌། ཆར་མི་འབབ་པར་འབབ་པ་དང༌། གཅེར་པུ་པའི་ཉན་ཐོས་ཀྱི་ཆུང་མ་ལས་བུ་བྱུང་བ་དང༌། དེ་བཞིན་དུ་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་མཚོ་ཆེན་པོ་མ་དྲོས་པ་ལས་འོངས་སོ་ཞེས་བྱ་བ་དང༌། བདག་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་ན་གླང་པོ་ཆེའི་སྒྲ་སྐད་ཐོས་སོ་ཞེས་ལུང་བསྟན་པ་ལ་དེ་ལྟ་བུའི་འདུ་ཤེས་ཀྱིས་ལུང་སྟོན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་སོ། །མིའི་ཆོས་ལས་བླ་མར་གྱུར་པ་དང༌། དེར་འདུ་ཤེས་པ་དང༌། སྨྲས་པ་དང༌། མི་དང་དེར་འདུ་ཤེས་པ་དང༌། དེ་ཁོང་དུ་ཆུད་པ་དང༌། དེ་དང་གཞན་ཡང་རུང་སྟེ་ཡན་ལག་བདུན་ནོ། །ཕམ་པར་འགྱུར་བ་བཞི་པའོ།། །།སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་འདི་ནི་གོ་རིམས་ཡིན་ན་ཅིའི་ཕྱིར་ན་ཕམ་པར་འགྱུར་བ་དང་པོ་གསུམ་མི་མཐུན་པར་བསྟན་ཏེ། དེ་བཞིན་དུ་བྱུང་བས་གོ་རིམས་སོ། །ཅིའི་ཕྱིར་དེ་བཞིན་དུ་བྱུང་ཞེ་ན། རབ་ཏུ་གནོད་པའི་ཉོན་མོངས་པ་གང་ཡིན་པ་དེ་ཐོག་མ་ཉིད་དུ་ཆུ་བུར་དུ་བྱུང་བས་ཀྱང་གནོད་པའོ། །སྔ་མས་ཕྱི་མ་བསྐྱེད་པའི་ཕྱིར་ཡང་གོ་རིམས་ཏེ། དེ་ལྟར་མི་ཚངས་པར་སྤྱོད་པའི་ཕྱིར་མ་བྱིན་པར་རྐུའོ། །རྐུ་བས་དེ་དང་མི་མཐུན་པ་གསོད་དོ། །གསོད་པས་བརྫུན་དུ་སྨྲའོ། །


DTG151_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་དང༌། མི་བཟོད་པ་དང༌། ཁོང་དུ་མི་ཆུད་པ་ནི་ཕམ་པར་འགྱུར་བ་རྣམས་ཀྱི་ལུས་ཡིན་ནོ། །ལྡོག་པ་དེ་ཡང་འཁྲིག་པ་གཙོ་བོ་དང༌། ཡོངས་སུ་ལེན་པ་ལས་སོ། །སོ་སོར་ཐར་པའི་མདོ་གདོན་པ་གཉིས་པ་རྫོགས་སོ།། །།འདུལ་བ་བསྡུས་པ་བམ་པོ་གསུམ་པ། མཉན་ཡོད་ན་འཆར་ཀས་འདོད་ཆགས་ཀྱི་དབང་གིས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། ཁུ་བ་ཕྱུང་བས་འཁྲིག་པའི་གཞིའི་དབང་དུ་མཛད་དེ། ཉོན་མོངས་པ་དེས་དགེ་འདུན་ལྷག་མ་དང་པོའོ། །གཞི་དང་ཉོན་མོངས་པ་དག་སྟེ། དེ་དག་ཉིད་ནི་དེ་མ་ཐག་པ་བཞི་པོ་རྣམས་ཀྱི་ནང་དུ་ཡང་འཆད་དོ། །འཁྲིག་པའི་ཉོན་མོངས་པ་ནི་རྣམ་པ་བཞི་ལས་ཏེ། འདི་ལྟ་སྟེ་དཔེར་ན་གཞི་མེད་པར་ཁུ་བ་འབྱིན་པ་ཡོངས་སུ་ལོངས་སྤྱོད་པའི་ཉོན་མོངས་པ་ནི་བུད་མེད་ཀྱི་གཞི་ལ་མི་ལྟོས་པས་དང་པོ་ཁོ་ན་ཡིན་ནོ། །ཁུ་བ་འབྱིན་པའི་གཞི་ལས་ཡོངས་སུ་ལོངས་སྤྱོད་པའི་ཉོན་མོངས་པ་གཉིས་པོ་ནི་བུད་མེད་དེ་དེའི་གཞི་དེ་ལ་ལུས་དང་ངག་གིས་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བའོ། །དེའི་གཞི་ལ་ཡོངས་སུ་ལོངས་སྤྱོད་པ་གླེང་གཞིའི་སྦྱོར་བའི་ཉོན་མོངས་པ་ནི་བཞི་སྟེ། དེ་ནི་ཁུ་བ་འབྱིན་པའི་གཞི་ཚོལ་བའོ། །ལྔ་པ་དེ་ནི་གཞན་གྱི་ཕྱིར་སྦྱོར་བའི་ཉོན་མོངས་པ་སྟེ། དེ་ནི་གཞན་འཁྲིག་པ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་སྦྱོར་བའོ། །ཁུ་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། འཁོར་ལོས་སྒྱུར་བ་དང་དེའི་བུ་དབང་བསྐུར་བའི་ནི་སྔོན་པོའོ། །དེའི་བུ་དེ་ལས་གཞན་པ་རྣམས་ཀྱི་ནི་སེར་པོའོ། །སྣ་ཆེན་པོ་ལ་གཏོགས་པའི་འཁོར་ལོའི་མཐའ་པ་རྣམས་ཀྱི་ནི་དམར་པོའོ། དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱི་ནི་བསྐ་བའོ། །དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ནི་སླ་བ་སྟེ། སྤྱིར་ཐ་མལ་པའི་དབང་དུ་བྱས་ནས་འདི་བརྗོད་དོ། །བུད་མེད་ཀྱིས་དུབ་པ་ལ་སོགས་པ་ལ་ཡང་ཁུ་བ་རྣམ་པ་ལྔ་ཡོད་དོ། །རྨི་ལམ་གྱི་མ་གཏོགས་པ་ཞེས་བྱ་བ་ནི། རྨི་ལམ་ལས་གཞན་པ་འདི་ནི་ཆོ་གའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ན་སེམས་པ་ཡོད་མོད་ཀྱི། ཐ་སྙད་མ་ཡིན་ཏེ། འདིས་ནི་འབྱིན་པའི་བསམ་པས་གཉིད་ཀྱིས་ལོག་ནས་བྱུང་བ་དེ་ལ་དངོས་གཞིའི་ཉེས་པ་མེད་པར་སྟོན་ཏོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལས་པ་དང༌། ལྷག་མ་དང་བཅས་པའི་ཕྱིར་རོ། །དེ་


DTG151_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བདེ་བར་བྱ་བའི་ཕྱིར་དང་ས་བོན་གྱི་ཕྱིར་དང༌། རིག་སྔགས་ཀྱི་ཕྱིར་དང༌། སྨན་གྱི་ཕྱིར་དང༌། བརྟག་པའི་ཕྱིར་ནང་གི་གཟུགས་ཉེ་བར་ལེན་ཅིང༌། ཕྱི་རོལ་སེམས་ཅན་དུ་བགྲང་པས་སོ། །ཁ་ཅིག་ན་རེ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་ཞེའོ། །སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆད་པར་བྱེད། དམ་དུ་འཆང་བར་བྱེད། འབྱུང་ལ་ཐུག་པའི་བདེ་བའམ། བྱེ་བྲག་ངེས་པར་མྱོང་བའི་བདེ་བ་མྱོང་བར་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ། །མ་ཕྱུང་ན་སྦོམ་པོའོ། །གཉིད་ཀྱིས་མ་ལོག་པ་ན་བརྩལ་ལ་གཉིད་ཀྱིས་ལོག་ནས་བྱུང་བ་དང༌། བཟློག་པ་ཡང་རུང་སྟེ། གལ་ཏེ་འགྱུར་བ་བསྟན་པ་དང༌། བརྩལ་མ་ཐག་ཏུ་བཏང་བ་དང༌། གནས་ནས་འཕགས་ནས་བཏང་བ་སྟེ། གནས་ནས་འཕགས་མ་ཐག་ཏུ་རྒྱུ་བ་དང༌། སྦུབས་སུ་ཞུགས་པ་འབྱིན་པ་དང༌། གར་བྱེད་པ་དང༌། རབ་ཏུ་གར་བྱེད་པ་དང༌། ནམ་མཁའ་ལ་རྐེད་པ་བསྐྱོད་པ་དང། ཤུགས་བཏང་བ་དང༌། ཀུན་དུ་ཉེད་པ་དང༌། བྱེ་བྲག་ངེས་པར་མྱོང་བ་དང༌། སྨན་དང༌། གཡན་པ་ཕྲུགས་པ་དང༌། ཕྱིས་པ་དང༌། མཚན་གཟུང་བ་དང༌། རྒྱུན་ལས་བཟློག་སྟེ་རྩོལ་བ་དང༌། ལ་བ་དང༌། ཕྱིད་པ་ལ་སོགས་པ་དང༌། རྔོ་བ་ལ་སོགས་པ་དང༌། བུམ་པའི་ཁ་ལ་སོགས་པ་དང༌། ཤའི་དུམ་བུས་ཕྱུང་ན་ཐམས་ཅད་དུ་སྦོམ་པོའོ། །མ་ཕྱུང་ན་ཉེས་བྱས་སོ། །གཉིད་ཀྱིས་ལོག་པ་ན་བརྩལ་ལ་སད་པ་ན་ཕྱུང་སྟེ་འགྱུར་བ་མི་བརྟེན་ན་ལྟུང་བ་མེད་དོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་ལ་བསྙེན་པར་རྫོགས་པ་ན་ཕྱུང་བ་ཡང་མུ་བཞི་སྟེ། གཅིག་ནི་དགེ་འདུན་ལྷག་མའོ། །གཉིས་ནི་སྦོམ་པོའོ། །གཅིག་ནི་ཉེས་བྱས་སོ། །བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཡང་དེ་བཞིན་དུ་མུ་བཞིར་བརྗོད་པར་བྱའོ། །མགོ་བོ་དང༌། ཕྲག་པ་དང༌། རྣ་བ་དང༌། སྣ་ལ་སོགས་པ་ཡན་ལག་དང༌། ཉིད་ལག་ཐམས་ཅད་ཀྱིས་ན་དངོས་གཞིའོ། །རྣམ་པར་བསྔོས་པ་དང་རྣམ་པར་རྣགས་པ་ཡང་དེ་བཞིན་ནོ། །ཇི་ཙམ་གྱིས་ཁུ་བ་ཕྱུང་བ་ཞེས་བྱ་ཞེ་ན། གང་གི་ཕྱིར་སྦུབས་སུ་འོངས་པའོ། །གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་པ་དང༌། རང་གི་ཡན་ལག་གི་རྣམ་པ་ལས་འཇལ་བ་དང༌། བཅངས་པས་སམ་མཉེས་སམ་བྱེ་བྲག་ངེས་པར་མྱོང་


DTG151_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ངམ། ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་ལག་པས་མནམས་ན་སྦོམ་པོའོ། །ཆགས་པའི་སེམས་ཀྱིས་ཡན་ལག་གི་རྣམ་པ་ལ་ལྟ་ན་ཉེས་བྱས་སོ། །གཡན་པ་ལ་སོགས་པ་ཕྲུགས་པ་དང༌། འོབས་ལ་མཆོང་བ་དང༌། བརྒྱུག་པ་ན་བརླ་དང༌། གོས་ལ་རེག་པ་དང༌། ཆགས་པར་འགྱུར་བའི་གཟུགས་རྣམས་མཐོང་བ་དང༌། སྔོན་སྤྱད་པའི་ཡུལ་རྗེས་སུ་དྲན་པ་དང༌། ཉེད་པའི་ལས་བདག་གིར་བྱེད་པ་དང༌། གློ་བུར་དུ་བུད་མེད་ལ་རེག་པས་བྱུང་བ་དགའ་བ་ལྟ་བུ་ལ་ལྟུང་བ་མེད་དོ། །ཉོན་མོངས་པ་དྲག་པ་དག་གིས་ར་དང་རི་དགས་དང་ཕག་རྣམས་ཀྱི་རྐྱལ་བུ་བཅང་བར་བྱའོ། །མཉེས་པ་སྐབས་ཞེན་པ་ལ་ཐལ་བ་འམ། བྱེ་མས་བླུགས་པར་བྱའོ། །དེ་ཐོགས་པའི་ཚེ་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱའོ། །མཆོད་རྟེན་ལ་ཡང་ཕྱག་མི་བྱ་མོད་ཀྱི་འོན་ཀྱང་ཆུས་བཀྲུ་བའི་བྱ་བ་ཉིད་ཀྱིས་སོ། །གཉིས་པ་བཅངས་ཏེ་དུས་དུས་སུ་བཀྲུ་བར་བྱ་བ་བསྐམ་པར་བྱའོ། གཉིད་ཀྱིས་ལོག་པ་ལ་རྩོལ་བ་དང༌། གཉིད་ཀྱིས་ལོག་པ་ན་ཕྱུང་བ་དང༌། མ་ལ་སོགས་པས་འཁྱུད་པ་དང༌། གློ་བུང་དུ་ཕྱུང་བ་ལ་ལྟུང་བ་མེད་དོ། །སྔོན་ལྟུང་བ་བྱུང་བ་ལ་སོགས་པའི་བསླབ་པའི་གནས་ཐམས་ཅད་ལ་ནི་ཉེས་བྱས་སུ་བརྗོད་པར་བྱའོ། །བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲའོ། དགེ་འདུན་ལྷག་མ་དང་པོའོ།། །།མཉན་ཡོད་ན་འཆར་ཀས་གཙུག་ལག་ཁང་བལྟར་འོངས་པའི་བུད་མེད་ཀྱི་ཡུལ་ལ་ཆོས་བཤད་པ་དང༌། ཀུན་དུ་ཆགས་པའི་སེམས་ཀྱིས་ཡན་ལག་དང་ཉིང་ལག་ནས་མནམས་པས་གཉིས་པ་བཅས་སོ། །དྲལ་ཅིང་གྱུར་པས་ཞེས་བྱ་བ་ནི་དྲལ་ཅིང་གྱུར་པ་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ། །མུ་དང་པོ་ནི་ཀུན་ནས་དཀྲི་པའི་སེམས་གང་ཡིན་པའོ། །གཉིས་བ་ནི་སེམས་ལྟོས་པ་དང་བཅས་པའོ། །གསུམ་པ་ནི་གཉི་ག་དང་ལྡན་པའོ། །བཞི་པ་ནི་དེ་དག་མ་གཏོགས་པའོ། །རྣམ་གྲངས་གཞན་དུ་ན་དྲལ་བ་ནི་ཚོལ་བར་བྱས་པའོ། །གྱུར་པ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་མིའི་བུད་མེད་འཁྲིག་པ་བསྟེན་པར་བཟོད་པ། ལུས་མ་ཉམས་པའོ། །ལག་པ་ནས་བཟུང་ཞེས་བྱ་བ་ནི་མ་ཁྲིག་མ་མན་ཆད་དོ། །དཔུང་བ་ནས་གཟུང་ཞེས་བྱ་བ་ནི་མ་ཁྲིག་མ་ཡན་ཆད་


DTG151_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལེན་བུ་ནས་གཟུང་ཞེས་བྱ་བ་ནི་ལེན་བུ་ནི་སྐྲ་དང་དེ་དང་འབྲེལ་པའི་གོས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་དགུའི་ལྟུང་བར་འགྱུར་ཏེ། ཆགས་པའི་སེམས་ཀྱིས་མིའི་བུད་མེད་བསྟན་བཟོད་པ་གང་ཡང་རུང་བའི་ཡན་ལག་དང༌། ཉིད་ལག་གོས་ཀྱིས་བར་དུ་མ་ཆོད་པ་ལ་ནོམ་པ་དང༌། རབ་ཏུ་ནོམ་པ་དང༌། སྤྲོད་པར་བྱེད་པ་དང༌། འཛིན་པར་བྱེད་པ་དང༌། འདྲེན་པར་བྱེད་པ་དང༌། ཀུན་དུ་འདྲེན་པར་བྱེད་པ་དང༌། འོག་ནས་འཁྱུད་པར་བྱེད་པ་དང༌། སྟེང་ནས་འཁྱུད་པར་བྱེད་པ་དང༌། དམ་དུ་སྦྱོར་བར་བྱེད་པས་སོ། །ནོམ་པ་ནི་ཐོག་མ་ལན་ཅིག་ལུས་ཀྱི་ཉོན་མོངས་པས་སོ། །རབ་ཏུ་ནོམ་པ་ནི་ཡང་དང་ཡང་ལུས་ཀྱིས་ཉོན་མོངས་པས་སོ། །སྤྲོད་པ་ནི་འཁྱུད་པའི་བསམ་པས་བར་དུ་ཆོད་པར་སྤྲོད་པའོ། །འཛིན་པ་ནི་འཁྱུད་ཅིང་ལག་པ་ནས་འཛིན་པའོ། །འདྲེན་པ་ནི་ཐག་རིང་པོ་ནས་འདྲེན་པ་སྟེ། བསྐལ་པའི་ཕྱོགས་ནས་འདྲེན་པའོ། །ཡོངས་སུ་འདྲེན་པ་ནི་ཉེ་བའི་ཕྱོགས་ནས་ཡོངས་སུ་འདྲེན་པའོ། །འོག་ནས་འཁྱུད་པར་བྱེད་པ་ནི་འོག་ནས་འདུག་པ་ལས་སྟེང་ལོགས་སུ་འདུག་པའོ། །སྟེང་ནས་འཁྱུད་པར་བྱེད་པ་ནི་གོང་ནས་འོག་ཏུ་འབེབས་པའོ། །དམ་དུ་སྦྱོར་བར་བྱེད་པ་ནི་དམ་དུ་འཁྱུད་པ་ལ་སོགས་པ་བྱེད་པའོ། །བུད་མེད་ཀྱིས་དགེ་སློང་ལ་གཞི་དགུ་པོ་འདི་དག་བྱེད་པ་ལ། དེ་ཡང་ཉམས་སུ་མྱོང་ཞིང་དེར་ལུས་བཏུད་ན་དགེ་འདུན་ལྷག་མའོ། །གོས་ཀྱིས་ཆོད་ན་སྦོམ་པོའོ། །མི་ཚངས་པར་སྤྱོད་པར་བསམས་པ་ལ་ཕམ་པར་འགྱུར་བའི་སྦོམ་པོའོ། །གཉིས་ཀ་འམ་གང་ཡང་རུང་བའི་ལུས་ཀྱི་དབང་ཉམས་པ་ཡིན་ཏེ། ཤུ་བ་དང་གཡན་པ་དང་ཁྱི་རྔོས་སོ། །གཞན་ལ་ཆགས་ལ་གཞན་ལ་རེག་པ་དང༌། སེན་མོ་དང༌། སོ་དང༌། སྤུ་རྣམས་ཀྱིས་སེན་མོ་དང་སོ་དང་སྤུ་དང༌། རུས་པ་སྐམ་པོ་རྣམས་དང༌། གང་ལ་ཆགས་པ་དེ་འདི་ཡིན་ནམ། མ་ཡིན་ཞེས་ཡིད་གཉིས་ཟ་བ་དང༌། དེ་བཞིན་དུ་གཉིས་ལ་ཆགས་ལ་གཞན་ལ་རེག་པར་བྱའོ་སྙམ་པ་ལས། གཞན་ལ་རེག་པ་དང༌། དགེ་སློང་མ་འགོག་པའི་སྙོམས་པར་ཞུགས་པ་དང༌། རྣམ་པར་བསྔོས་པ་ནས་ཀེང་རུས་ཀྱི་བར་དག་ལ་རེག་པ་དང༌། རེག་པར་བྱེད་པའི་ཚེ་བུད་མེད་དམ་དགེ་སློང་ངམ། གཉི་ག་ཡང་རུང་སྟེ་མཚན་གྱུར་ནས། སྐྱེས་པར་གྱུར་པ་དེ་ལ་རེག་པ་དང༌། བདག་བུད་མེད་དུ་གྱུར་ཀྱང་


DTG151_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། ཐམས་ཅད་དུ་སྦོམ་པོའོ། །དེ་བཞིན་དུ་བསྟན་པར་མི་ནུས་པ་ལ་བར་དུ་མ་ཆོད་པ་དང༌། སྐྱེས་པ་དང༌། མ་ནིང་བསྟེན་པར་ནུས་པ་ལ་བར་དུ་མ་ཆོད་པ་རྣམས་ལ་སྦོམ་པོའོ། །བར་དུ་ཆོད་པ་རྣམས་ལ་ནི་ཉེས་བྱས་སོ། །སྐྱེས་པ་དང་མ་ནིང་བསྟེན་པར་མི་ནུས་པ་ལ་ཡང་བར་དུ་ཆོད་པ་དང་བར་དུ་མ་ཆོད་པ་དང༌། དུད་འགྲོའི་སྐྱེ་གནས་སུ་སོང་བ་ཐམས་ཅད་ལ་ཡང་ཉེས་བྱས་ཉིད་དོ། །སྐྱེས་པ་དང་རེག་པ་ལས་དེ་མཚན་གྱུར་ཏེ། བུད་མེད་དུ་གྱུར་པ་ལ་རེག་ན་དགེ་འདུན་ལྷག་མའོ། །བདག་མཚན་གྱུར་ན་ཕམ་པར་འགྱུར་བའོ། །དགེ་སློང་མ་དེ་གཞན་དང་ལྷན་ཅིག་པ་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །མི་ལ་དེར་འདུ་ཤེས་པ་འམ་ཡིད་གཉིས་ཟ་ཡང་རུང་སྟེ། རེག་ན་དགེ་འདུན་ལྷག་མའོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་སམ་ཡིད་གཉིས་ཟ་འམ་མི་ཡིན་པར་འདུ་ཤེས་པ་ལ་ཡང་སྦོམ་པོའོ། །མཚན་གཉིས་ཡོད་པ་བུད་མེད་ཀྱི་ཤེས་ཆེ་བ་ལ་དགེ་འདུན་ལྷག་མའོ། །དེ་ལས་གཞན་དུ་ན་སྦོམ་པོའོ། །མ་དང་སྲིད་མོ་ལ་རེག་པའི་བདེ་བ་འདོད་དེ་རེག་ན་སྦོམ་པོའོ། །ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་པ་ལ་མི་ཤེས་པས་རེག་ན་ཉེས་པ་སྦོམ་པོའོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། གང་བསླབ་པ་བཅས་པ་མི་ཚོལ་བ་དེ་ལ་ཉེས་པར་གལ་འགྱུར། བསླབ་པ་ལ་གུས་པར་མི་བྱེད་པས་ཉེས་པ་ཆེན་པོ་མ་ཡིན་ནམ། དེ་ཤེས་པར་མ་བྱས་པས་དེའི་སློབ་དཔོན་དང་མཁན་པོ་ལ་བསྡམ་པར་བྱ་བའི་ཉེས་བྱས་སོ། །ལས་དང་པོ་པའི་ཡང་དེ་བཞིན་ནོ། །མུན་པའི་ནང་དུ་བུད་མེད་འདུག་པ་ལ་མེད་པར་འདུ་ཤེས་ཏེ་རེག་ན་སྦོམ་པོའོ། །ཆགས་པ་མེད་པའི་སེམས་ཀྱིས་མུན་པའི་ནང་དུ་རེག་པར་བྱའོ་སྙམ་པ་ལས། མ་རེག་ན་ཉེས་བྱས་སོ། །ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །བུད་མེད་ལ་རྐང་པ་འམ་ཕྲག་པས་བསྒུལ་ལམ་སོར་མོས་སམ། འགྱེལ་བ་སློང་ངམ། དེའི་སྟེན་ལ་ཡན་ལག་གིས་ཕུལ་ལ་ཆགས་པའི་སེམས་མེད་ན་ཉེས་བྱས་སོ། །བུད་མེད་ཀྱིས་དགེ་སློང་ལ་དེ་བྱེད་པ་ལ་ནི་ལྟུང་བ་མེད་དོ། །བུད་མེད་ཀྱི་ཡན་ལག་གི་རྣམ་པར་བོང་དུམ་མམ་མཐེ་བོ་བཅུག་ན་སྦོམ་པོའོ། །བུད་མེད་ཀྱི་རི་མོ་འདྲི་ན་ཉེས་བྱས་སོ། །སེམས་ཅན་གྱི་ཚུལ་གཞན་ཡང་དེ་བཞིན་ནོ། །རོའི་གཟུགས་སམ་མགོའི་ཐོད་པ་འདྲི་བ་དང༌། སྦོས་ལ་སོགས་


DTG151_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཉུག་ན་ལྟུང་བ་མེད་དོ། །མ་དང་སྲིད་མོ་དང་བུ་མོ་རྣམས་ལ་དེ་དག་ཏུ་འདུ་ཤེས་པ་དང༌། ས་ལྟ་བུའི་སེམས་ཀྱིས་དྲོ་བའམ། འཇམ་པ་འམ་མཉེན་སྙམ་སེམས་པ་དང༌། མེར་ལྟུང་བ་དང༌། དུག་ཟོས་པ་དང༌། མཚོན་གྱིས་འདེབས་པ་དང༌། གཡང་དུ་ལྟུང་བ་དང༌། ཆུས་ཁྱེར་བ་འཛིན་པ་ལ་ལྟུང་བ་མེད་དོ།། ཀུན་དུ་སྤྱད་པར་བྱ་བ་ནི་འདི་སྐད་དུ་ཐོང་ཤིག་ཅེས་ཟེར་ན། གལ་ཏེ་མཐུ་ཡོད་པ་ཡིན་ན་གཏང་བར་བྱའོ། །ཆགས་པ་མི་བསྐྱེད་དོ། །མ་ལ་སོགས་པའི་འདུ་ཤེས་བསྐྱེད་དེ་དབྱུང་བར་བྱའོ། །གལ་ཏེ་གཡོ་བ་མེད་པར་གྱུར་ན་བྱེ་མ་ལ་ཁ་སྦུབ་ཏུ་གཞག་གོ །བསྲུང་བར་ཡང་བྱའོ། །བོར་ཏེ་འགྲོ་བར་མི་བྱའོ། །ཧ་ཅང་ཉེ་བར་ཡང་འདུག་པར་མི་བྱའོ། །ཁ་ཏོན་བྱེད་པ་དག་གིས་ནི་ཁ་ཏོན་བྱའོ། །བསམ་གཏན་པ་དག་གིས་ནི་ཡིད་ལ་བྱ་ཞིང་འདུག་པར་བྱའོ། །བ་ལང་རྫི་བོ་ལ་སོགས་པ་ལ་བཅོལ་ཏེ་བསོང་སྙོམས་ལ་འགྲོ་བར་བྱའོ། །ཡང་འཆི་འམ་འཚོ་ཞེས་བལྟ་བར་བྱའོ། །བའི་མཇུག་མ་ལ་འཇུས་ཏེ་རྒལ་བར་མི་བྱའོ། །གླང་པོ་ཆེ་དང༌། རྟ་དང༌། ཁྱུ་མཆོག་དང༌། མ་ཧེ་དང༌། གཡག་དང་ལྔའི་མཇུག་མ་ལ་འཇུས་ཏེ་རྒལ་བར་བྱའོ། །ཡང་ན་བ་མ་གཏོགས་པ་སྲོག་ཆགས་ཐམས་ཅད་ཀྱིའོ། །རྒྱལ་བ་ཁ་དོག་དུར་སྨྲིག་གམ་མོན་སྲན་སྡེ་འུའི་ཁ་དོག་ལྟ་བུ་བཅད་པར་བྱ་སྟེ། ཁྲ་ཁྲ་བོར་ནི་མ་ཡིན་ནོ། །དེ་བཞིན་དུ་སྲོག་གི་བར་ཆད་དུ་འགྱུར་བ་ཐམས་ཅད་ལས་ཕྱུང་བ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མས་འཁྱུད་པ་དང༌། བུ་མོ་པང་ན་གཞག་པ་དང༌། འཁྲུལ་ཏེ་བུད་མེད་ཀྱི་སྟེང་དུ་འགྱེལ་བ་དང༌། ལམ་འདུ་འདམ་སྟེ་མཆུ་དང་མཆུར་ཕྲད་པ་ཡང་ངོ༌།། ཤེས་བཞིན་མེད་པར་བསོད་སྙོམས་ལ་འཇུག་པར་མི་བྱའོ། །བུད་མེད་ཆགས་པ་ལ་རང་གི་ལག་ནས་ཆུ་བླུད་ན་རྒྱུན་གཅད་ཅིང་གཅད་ཅིང་བླུད་དོ། །སྙིམ་པ་ཁོང་ལ་འཐུང་ཤིག་ཅེས་བསྒོ་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །ཆགས་པའི་སེམས་མེད་པ་ནི་ལྟུང་བ་མེད་དོ། །དགེ་འདུན་ལྷག་མ་གཉིས་པའོ།། །།མཉན་ཡོད་ན་འཆར་ཀས་བུད་མེད་གཙུག་ལག་ཁང་དུ་འོངས་པ་ལ་ཆགས་པའི་སེམས་ཀྱིས་གནས་ངན་ལེན་དང་ལྡན་པའི་ཚིག་སྨྲས་པས་གསུམ་པ་བཅས་སོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི། མིའི་བུད་མེད་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་


DTG151_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་དང༌། སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་དང་དཔེའི་ཚིག་ཡོངས་སུ་བརྗོད་པའོ། །དེ་ལ་ཉེས་པ་ནི་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཞེས་གསུངས་པ་སྟེ། ངོ་བོ་ཉིད་ལས་དང༌། ཀུན་ནས་སློང་བ་ལས་ཉོན་མོངས་པའི་ཕྱིར་གནས་ངན་ལེན་ཏོ། །ངན་འགྲོར་ལྟུང་བའི་ཕྱིར་སྡིག་པ་ཅན་ནོ། །དེ་ལྟར་ན་མཐོང་བའི་ཆོས་ཀྱི་དང༌། ཚེ་ཕྱི་མའི་ཉེས་དམིགས་ཡོངས་སུ་བརྗོད་པ་ཡིན་ནོ། །སྤྱིའི་མཚན་ཉིད་ནི་ཚོགས་པར་མི་འབྱུང་བ་ཞེས་བྱ་བ་གསུངས་པ་སྟེ། ཚུལ་དང་མི་མཐུན་པའི་ཚིག་ཐམས་ཅད་ནི་ཚོགས་པར་མི་འབྱུང་བ་ཞེས་བྱའོ། །རང་གི་མཚན་ཉིད་ནི་འཁྲིག་པ་དང་ལྡན་པ་ཞེས་གསུངས་སོ། །དཔེ་ནི་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་གསུངས་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། བཞི་དགུས་ལྟུང་བར་འགྱུར་ཏེ། དགེ་སློང་ཆགས་པའི་སེམས་ཀྱིས་མིའི་བུད་མེད་དོན་ཀུན་ཤེས་པར་ནུས་པ་ལ། བསྔགས་པ་དང་བསྔགས་པ་མ་ཡིན་པ་དང༌། གསོལ་པ་དང༌། ཉེ་བར་གསོལ་བ་དང༌། འདྲི་བ་དང་ཡོངས་སུ་འདྲི་བ་དང༌། བརྗོད་པ་དང༌། སྨོན་པ་དང༌། གཤེ་བའོ། །གཞི་དགུ་པོ་འདི་དག་ལས་གཞི་རེ་རེ་དང༌། རྒྱ་རྣ་རུ་ཞེས་བྱ་བ་སྨོས་ན་དགེ་འདུན་ལྷག་མའོ། །དེ་མ་སྨོས་ན་སྦོམ་པོའོ། །ཆེན་མོ་ཡིན་ཡང་དོན་ཀུན་ཤེས་པར་མི་ནུས་པ་དང༌། མི་ཉན་པ་ལ་སྦོམ་པོའོ། །དེ་བཞིན་དུ་བུད་མེད་ཀྱིས་དགེ་སློང་ལ་གཞི་དགུ་པོ་འདི་དག་གིས་ལྷག་པར་སྤྱད་ལ། དེ་ཡང་ཆགས་པའི་སེམས་ཀྱིས་དེ་ལྟ་དེ་ལྟ་བུར་ལན་འདེབས་ན་དགེ་འདུན་ལྷག་མའོ། །དེ་ལ་བསྔགས་པ་ཞེས་བྱ་བ་ནི་ཁྱོད་ཀྱིས་རྨའི་སྒོ་གསུམ་པོ་ནི་ལེགས་པར་དོད་པའོ་ཞེས་ཟེར་བའོ། །བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་ནི་ལེགས་པར་དོད་པ་མ་ཡིན་ནོ་ཞེས་ཟེར་བའོ། །གསོལ་བ་ཞེས་བྱ་བ་ནི་ཚུར་ཤོག་དང༌། ལྷན་ཅིག་དེ་དང་དེ་བྱའོ་ཞེས་ཟེར་བའོ། །ཉེ་བར་གསོལ་བ་ཞེས་བྱ་བ་ནི། བདག་གི་དགའ་བ་དང་ཡིད་དུ་འོང་ངམ་ཞེས་དགའ་བ་སྟོན་པ་སྟེ། བསྙེན་པར་ཉེ་བར་སྟོན་པའི་ཐ་ཚིག་གོ །འདྲི་བ་ནི་བུད་མེད་ལ་གང་འདི་བྱེད་པ་དེ་ལ་དེ་དགའ་སྟེ། བདག་ཀྱང་བྱས་ན་དགའ་བར་འགྱུར་བ་སྙམ་ཞེས་ཟེར་བའོ། །ཡོངས་སུ་འདྲི་བ་ཞེས་བྱ་བ་ནི་བུད་མེད་ལ་གང་


DTG151_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྱེད་པ་དེ་དགའ་བར་འགྱུར་ཏེ། བདག་གིས་ཀྱང་བྱས་ན་དགའ་བར་འགྱུར་རམ་མི་འགྱུར་ཞིག་གུ། འདི་ལ་ཁྱོད་ཅི་སྙམ་དུ་སེམས་ཞེས་ཟེར་བའོ། །ཡོངས་སུ་འདྲི་བ་ནི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འདྲི་བའོ། །འདིར་བ་སྔ་མ་ནི་ངེས་པའོ། །བརྗོད་པ་ནི་ག་གེ་མོ་ཞེས་བྱ་བ་ཞིག་བདག་དང་འདི་ལྟ་བུ་བྱས་སོ། །དེར་གལ་ཏེ་ཁྱོད་ཀྱང་འོང་བ་ལྟ་ན་ཁྱོད་དང་ཡང་བྱའོ་ཞེས་ཟེར་བའོ། །སྨོན་པ་ནི་སྲིང་མོ་དང་ལྷན་ཅིག་གལ་ཏེ་འདི་བྱས་ན་བདེ་བར་འགྱུར་ཞིང་མཐོ་རིས་ཐོབ་པར་འགྱུར་ཞེས་ཟེར་བའོ། །གཤེ་བ་ཞེས་བྱ་བ་ནི་མགལ་དུམ་དང་བོང་བུ་དང་རྟོལ་མོ་ཞེས་བྱ་བ་ལ་སོགས་པ་ནི་གཤེ་བའོ། །རྣམ་པ་འདི་དགུས་ཉེ་བར་སྟོན་པའི་ཕྱིར་རྣམ་པ་དགུས་སྨོས་སོ། །འཁྲིག་པ་དང་ལྡན་པའི་རྣམ་པ་གཞན་དག་གིས་ཀྱང་ལྟུང་བར་འགྱུར་རོ། །གཞན་གྱི་ཕྱིར་ཀུན་དུ་སྨྲ་བ་དང༌། ཕོ་ཉས་དང༌། གཅིག་ནས་གཅིག་ཏུ་བརྒྱུད་པས་དང༌། གཞན་གྱིས་ཉེ་བར་སྟོན་པ་དང༌། སྤྲིང་ཡིག་གིས་དང༌། ལག་ཡིག་གིས་དང༌། ལག་རྩིས་ཀྱིས་དང༌། ཁྱོད་ཀྱི་རྨའི་སྒོ་བཅད་པ་ཞེ་འམ། སྡིག་པ་ཅན་ནོ་ཞེ་འམ། ང་དང་ཕྲད་པར་གྱིས་ཤིག་ཅེ་འམ། ཉལ་ལོ་ཞེ་འམ། ང་ལ་བརྟེན་ཅིག་ཅེ་འམ། ནས་ཞེས་བྱ་བ་ལ་སྨོས་པ་དང༌། དགེ་སློང་མ་འགོག་པའི་སྙོམས་པར་འཇུག་པ་དང༌། དེ་བཞིན་དུ་སྲིང་མོ་ནས་བྱིན་ཅིག་ཅེས་བྱས་ལ་དེས་ཀྱང་བརྡ་ཕྲད་པ་དང༌། དགེ་སློང་མ་ལ་འདོད་པ་དང་རྗེས་སུ་མཐུན་པའི་ཆ་བྱད་ཅན་ཞིག་མཐོང་ནས་སྲིང་མོ་སྐྱེས་པ་རྣམས་ལ་བརྟེན་པའི་ཚུལ་དུ་སྤྱད་པ་སྤྱོད་དུ་སོང་ཞེས་ཟེར་བ་དང༌། བུ་མོ་ལོག་པར་སྤྱོད་པ་གལ་ཏེ་སྲུང་མི་ནུས་ན་མགལ་དུམ་གྱིས་བསྣུན་ན་ཅི་ཉེས་ཞེས་ཟེར་བ་དང༌། གསོལ་བ་འདེབས་པ་ན་ཁྱོད་བོང་བུ་དང༌། དེ་ལྟ་བུ་གྱིས་ཤིག་ཅེས་ཟེར་བ་དང༌། སྲིང་མོ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག་ཅེས་ཟེར་བ་དང༌། ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག་ཅེས་ཟེར་བ་དང༌། སྲིང་མོ་བྱིན་ཅེས་བྱས་པ་དང༌། དེས་ཀྱང་བརྡ་ཕྲད་དེ་སྟ་གོན་འཚལ་ལོ་ཞེས་ཟེར་བ་དང༌། བདག་ལ་ཆུ་བྱིན་ཅིག་ཁྱོད་ཉིད་བདག་གི་ཆུའོ་ཞེས་བྱ་བ་ནས་བཅའ་བའོ་ཞེས་བྱ་བའི་བར་དུ་དེ་བཞིན་ཏེ། དེས་ཀྱང་བརྡ་ཕྲད་པ་དང་བུད་མེད་ཀྱིས་ཁྱོད་ཀྱི་ཡིད་དུ་འོང་བ་ཅི་ཡིན་ཞེས་དྲིས་ན་ཁྱོད་ཉིད་ང་ལ་སྡུག་གོ་ཞེས་ཟེར་བ་དང༌། རང་བཞིན་གྱིས་གནས་ངན་ལེན་གྱི་


DTG151_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་སྨྲ་བ་དང༌། སྐྱེས་པ་དང༌། མ་ནིང་བསྟན་པར་ནུས་པ་དང༌། བུད་མེད་མེད་པར་བུད་མེད་དུ་འདུ་ཤེས་ཏེ་སྨྲ་བ་ནི་ཐམས་ཅད་དུ་སྦོམ་པོའོ། །སྐྱེས་པ་དང་མ་ནིང་བསྟེན་པར་མི་ནུས་པ་དང༌། དུད་འགྲོར་གྱུར་པ་ཐམས་ཅད་ལ་ནི་ཉེས་བྱས་སོ། །བུད་མེད་ཡོད་པ་ལ་མེད་པར་འདུ་ཤེས་པ་ལ་ཡང་ཉེས་བྱས་སོ། །འདི་ལ་སྨྲའོ་ཞེས་ངེས་པར་མ་བྱས་པར་གཞན་ལ་སྨྲ་ན་དངོས་གཞིའོ། །གཞན་ལ་སྨྲ་བར་བསམས་པ་ལས་གཞན་ལ་ན་སྦོམ་པོའོ། །གནས་ངན་ལེན་ལ་གནས་ངན་ལེན་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །གནས་ངན་ལེན་ལ་གནས་ངན་ལེན་དུ་འདུ་ཤེས་པ་ལ་དངོས་གཞིའོ། །གལ་ཏེ་དངོས་པོ་ཡོད་པ་ལ་རྟོགས་པ་དང༌། གནས་ངན་ལེན་ལ་གནས་ངན་ལེན་ཡིན་ནམ། མ་ཡན་སྙམ་དུ་ཡིད་གཉིས་ཟ་བའི་འདུ་ཤེས་པ་ལ་ཡང་དངོས་གཞིའོ། །མེད་ན་སྦོམ་པོའོ། །མི་མོ་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་བ་ལ་ཡང་དངོས་གཞིའོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་དང༌། དེར་འདུ་ཤེས་པ་ལ་སྦོམ་པོའོ། །ལ་ལ་ན་རེ་མི་བྱེད་པ་ལ་སྦྱོར་བ་ཡང་དངོས་གཞིའོ་ཞེའོ། །གལ་ཏེ་གཞན་ཟར་དུ་བཅུག་ལ་ལན་འདེབས་པ་ན་ཉམས་སུ་མྱོང་ནའོ། །ནས་དང་རྩྭའི་མིང་འཛིན་པ་དང༌། ལྗོངས་ཀྱི་ངེས་པའི་ཚིག་ལ་ནི་ལྟུང་བ་མེད་དོ། །དགེ་འདུན་ལྷག་མ་གསུམ་པའོ།། །།མཉན་ཡོད་ན་དེ་བཞིན་དུ་འཆར་ཀ་ལས་བརྩམས་ཏེ། དགེ་འདུན་ལྷག་མ་བཞི་པ་བཅས་སོ། །ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ལུས་ཀྱིས་རིམ་གྲོ་བྱ་བའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་སྟེ། དེ་ཡོངས་སུ་དག་པའི་ཕྱིར་ཡོན་ཏན་ཐམས་ཅད་སྒྱུར་བར་བྱེད་པ་སྟེ། གསེར་བཟང་པོ་བཞིན་དུ་དགེ་བའི་ཆོས་དང་ལྡན་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའོ། །དེས་ན་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱིས་ཚངས་པར་སྤྱོད་པ་སྟེ་འགྲོ་བའོ། །ཁ་ཅིག་ན་རེ་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་དགེ་བའི་ཆོས་ཅན་ནོ་ཞེའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་རྣམ་པ་བཅོ་བརྒྱད་ཀྱིས་ལྟུང་བར་འགྱུར་ཏེ། མཆོག་


DTG151_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕུལ་དང༌། ཁྱད་པར་དུ་འཕགས་པ་དང༌། བཟང་བ་དང༌། མཛེས་པ་དང༌། དགེ་བ་དང༌། མཆོད་པར་འོས་པ་དང༌། བསྟོད་པར་འོས་པ་དང་རྒྱ་ཆེ་བ་དང༌། ཆེས་མཆོག་དང༌། ཆེས་ཕུལ་དང༌། ཆེས་ཁྱད་པར་དུ་འཕགས་པ་དང༌། ཆེས་བཟང་བ་དང༌། ཆེས་མཛེས་པ་དང༌། ཆེས་དགེ་བ་དང༌། ཆེས་མཆོད་པར་འོས་པ་དང༌། ཆེས་བསྟོད་པར་འོས་པ་དང༌། ཆེས་རྒྱ་ཆེ་བ་སྟེ། དེ་ལ་རང་བཞིན་གྱིས་ཕུན་སུམ་ཚོགས་པའི་ཕྱིར་ཀུན་དུ་སྤྱད་པ་གཞན་དག་ལས་མཆོག་ཏུ་གྱུར་པ་དང༌། དེ་བཞིན་གཤེགས་པ་ལ་སོགས་པས་ཡོན་ཏན་ཀུན་དུ་བསྒྲག་པ་དང༌། དེ་མ་གཏོགས་པ་དགེ་སློང་གི་ཀུན་དུ་སྤྱོད་པ་ཐམས་ཅད་ལས་ཁྱད་ཞུགས་པ་དང༌། བསམ་པ་དྲག་པོས་བསྐྱེད་པ་དང༌། བསམ་པ་གསལ་བས་བསྐྱེད་པ་དང༌། ཆོས་འདོད་པས་ཀུན་ནས་བསླང་བ་དང༌། དེ་དང་ལྡན་པ་ནི་རྒྱལ་པོ་ལ་སོགས་པ་ལས་མཆོད་པ་ཐོབ་པ་དང༌། ཕྱོགས་སུ་གྲགས་པ་འབྱུང་བ་དང༌། ཡོན་ཏན་དང་ལྡན་པ་ནི་དངོས་པོ་གྱ་ནོམ་པའི་གནས་ཡིན་པའི་ཕྱིར་ཏེ། རྣམ་གྲངས་དགུ་དང་གོ་རིམས་བཞིན་ནོ། །དོན་དགུ་པོ་འདི་དག་ཉིད་ཤས་ཆེ་བའི་ཕྱིར། རྣམ་གྲངས་དགུར་རིག་པར་བྱའོ། །གཞི་རྣམ་པ་བཅོ་བརྒྱད་པོ་འདི་དག་ལས་རེ་རེ་དང༌། མདོ་ལས་གསུངས་པའི་སྒྲ་དང་ལྷན་ཅིག་སྨྲས་ན་དགེ་འདུན་ལྷག་མའོ། །ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་གསུམ་ལས་གང་ཡང་རུང་བ་དང༌། ཇི་སྐད་གསུངས་པའི་སྒྲ་དང་ལྷན་ཅིག་ཏུ་སྨྲས་ན་དངོས་གཞིའོ། །འཁྲིག་པ་དང་ལྡན་པ་ཞེས་བྱ་བའི་ཚིག་དེས་སྟོང་ན་ཐམས་ཅད་ཀྱང་སྦོམ་པོའོ། །ང་ལྟ་བུ་ཞེས་བྱ་བའི་ཚིག་གིས་སྟོང་ན་ཡང་སྦོམ་པོའོ། །འཁྲིག་པ་དང་ལྡན་པ་དང་ང་ལྟ་བུ་ཞེས་བྱ་བའི་ཚིག་དེ་གཉི་གས་སྟོང་ན་ཉེས་བྱས་སོ། །བསྟེན་པར་ནུས་པ་ལས་དངོས་གཞིར་འགྱུར་བ་གང་ཡིན་པ་དེ་ནི་བསྟེན་པར་མི་ནུས་པ་དང༌། སྐྱེས་པ་དང་མ་ནིང་བསྟན་པར་ནུས་པ་ལ་སྦོམ་པོའོ། །སྐྱེས་བུ་དང་མ་ནིང་བསྟེན་པར་མི་ནུས་པ་དང༌། དུད་འགྲོའི་སྐྱེ་གནས་སུ་སོང་བ་ཐམས་ཅད་ལ་ཡང་ཉེས་བྱས་སོ། །བསྟེན་པར་ནུས་པ་ལ་སྦོམ་པོར་འགྱུར་བ་གང་ཡིན་པ་དེ་མ་ཡིན་པ་གཞན་ཐམས་ཅད་ལ་ཉེས་བྱས་སོ། །བསྟེན་པར་ནུས་པ་ལ་ཉེས་བྱས་སུ་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་དུ་ཉེས་བྱས་


DTG151_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལྷག་མ་ནི་གསུམ་པ་དང་འདྲའོ། །དགེ་འདུན་ལྷག་མ་བཞི་པའོ།། །།མཉན་ཡོད་ན་རི་དགས་འཛིན་གྱི་བུ་ནག་པོ་སྔོན་འདྲིས་པས་སྨྱན་བྱེད་དེ། དེའི་ཚེ་དེ་ལ་སྙན་པ་དང་མི་སྙན་པ་ཅིག་ཅར་གྲགས་པས་མུ་སྟེགས་ཅན་རྣམས་འཕྱ་སྟེ། རྩོད་པ་བྱུང་བའི་ཉོན་མོངས་པ་ལྔ་པའོ། །བདག་པོ་ངེས་པ་དང༌། དངོས་པོ་ངེས་པ་དང༌། དུས་ངེས་པས་སྨྱན་དུ་གྱུར་པ་བརྗོད་ནའོ། །དེ་ལ་བུད་མེད་ལ་སྐྱེས་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཕྲིན་སྐྱེལ་བའི་བདག་པོར་གྱུར་པས་བདག་པོ་ངེས་པའོ། །ཆུང་མ་དང་མཛའ་ན་མོ་ཞེས་བྱ་བ་ནི་དངོས་པོ་ངེས་པའོ། །ཐང་འགའ་ཕྲད་པ་ལ་ཡང་ཞེས་པ་ནི་དུས་ངེས་པའོ། །སྨྱན་བྱེད་ཅེས་བྱ་བ་ནི་ཕྲིན་སྐྱེལ་པའོ། །ཆུང་མ་ནི་བདུན་ནོ། །མཛའ་ན་མོ་ནི་བཅུའོ། །ཆུང་མ་ནི་བདུན་གང་ཞེ་ན། ཆུ་ཚིགས་ཀྱིས་བྱིན་པ་སྟེ། གང་ཕ་མས་ཆུ་ཚིགས་ཀྱིས་བཏང་བ་དང། རིན་ཆས་ཉོས་པ་སྟེ། གང་ཕ་མས་རིན་ཆས་བཏང་བ་དང༌། རྒྱལ་མཚན་གྱིས་ཕྲོགས་པ་སྟེ། རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་གཞན་གྱི་ཡུལ་འཁོར་བཅོམ་སྟེ་ཁྱེར་བ་དང༌། ཆོམ་རྐུན་པ་དག་གིས་རང་གི་མགོ་རྒྱལ་མཚན་དུ་བྱས་ཏེ་གྲོང་བཅོམ་ནས་ཕྲོགས་པ་དང༌། དངངས་སམ་འདུས་པ་སྟེ། གང་བདག་ཉིད་དགའ་ནས་གཞན་ལ་བཏུད་པ་དང་གོས་ཟས་ཀྱིས་འཚོ་བ་སྟེ། གང་བཟའ་བ་དང་བགོ་པར་ཆུང་མར་ཁས་ལེན་པ་དང༌། ཁ་དུམ་པ་སྟེ། གང་བདག་ཅག་གཉིས་ཀྱིས་ནོར་གང་ཡིན་པ་དེས་ལྷན་ཅིག་འཚོའོ་ཞེས་ཁྱོར་ཁས་ལེན་པའོ། །ཐང་འགའ་ཕྲད་པ་ནི་གང་ཡུད་ཙམ་པའོ། །མཛའ་ན་མོ་བཅུ་གང་ཞེ་ན། མ་དང༌། ཕ་དང༌། མིང་པོ་དང༌། ཕུ་ནུ་མོ་དང༌། སྒྱུག་མོ་དང༌། གྱོས་པོས་བསྲུངས་པ་སྟེ་དྲུག་དང༌། དེ་མ་ཡིན་པ་མེད་དེ། རེ་རེས་བསྲུངས་པའོ། །ཉེ་དུས་བསྲུངས་པ་ནི་གོང་མ་ལ་སོགས་པ་མེད་དེ། ཉེ་དུ་ལྷག་མ་རྣམས་ཀྱིས་བསྲུངས་པའོ། །རིགས་ཀྱིས་བསྲུངས་པ་ནི་གང་རང་རང་གི་རིགས་གཅིག་པ་བྲམ་ཟེ་ལ་སོགས་པའོ། །རུས་ཀྱིས་བསྲུངས་པ་ནི་བྷ་ར་དྭ་ཛ་ལ་སོགས་པའི་རུས་རྣམས་སོ། །རྣམ་པར་འཁྲུག་པ་མེད་པ་ནི་དགེ་སློང་མ་དང༌། སྤྱོད་པ་ཅན་མོ་དང༌། ཀུན་དུ་རྒྱུ་མོ་དང༌། ཆོས་དང་མཐུན་པར་


DTG151_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྟེ། སྡོམ་པས་བསྡམས་པའི་ཕྱིར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བུད་མེད་དང་སྐྱེས་པའི་ཕྲིན་ནོད་པ་དང༌། སྐྱེལ་བ་དང༌། ཕྱིར་སྐྱེལ་བ་དང་གསུམ་གལ་ཏེ་བདག་ཉིད་བྱེད་དམ། ཕོ་ཉ་དང༌། ཕོ་ཉས་ཀྱང་ཕོ་ཉ་ཡང་རུང་སྟེ། གཅིག་བདག་གིས་བྱས་ལ། གཉིས་གཞན་གྱིས་བྱས་སམ། གཉིས་བདག་གིས་བྱས་ལ། གཅིག་གཞན་དུ་བྱེད་ཀྱང་རུང༌། ཐམས་ཅད་དུ་གསུམ་ཆར་བདག་གིས་བྱས་ན་དགེ་འདུན་ལྷག་མའོ། །གཅིག་བདག་གིས་བྱས་ཀྱང་རུང༌། གཞན་བྱེད་དུ་བཅུག་ཀྱང་རུང་སྟེ་སྦོམ་པོ་གཅིག་གོ །གཉིས་བྱེད་ཀྱང་རུང་བྱེད་དུ་བཅུག་ཀྱང་རུང་སྦོམ་པོ་གཉིས་སོ། །གལ་ཏེ་ཕོ་ཉ་དང་ཕོ་ཉས་ཡང་ཕོ་ཉ་བྱེད་པ་དགེ་སློང་ཡིན་ན་གཉིས་ཀ་ལ་ལྟུང་བའོ། །དབང་ཕྱུག་ནི་བུ་མོ་གང་གཏོང་བ་དང༌། མི་གཏོང་བའི་དབང་ཡོད་པ་ཕོ་བྲང་འཁོར་ལ་སོགས་པ་ན་ཡང་ཚིག་མཉན་པ་དང༌། དབང་པོ་མ་ཡིན་པ་ནི་བཟློག་པའོ། །གལ་ཏེ་གསུམ་ཆར་བདག་པོ་ལ་བྱེད་ན་དངོས་གཞིའོ། །ཅི་སྟེ་གཅིག་བདག་པོ་ལ་གཉིས་བདག་པོ་མ་ཡིན་པ་ལ་འམ། གཉིས་བདག་པོ་ལ་གཅིག་བདག་པོ་མ་ཡིན་པའམ། ཐམས་ཅད་ཀྱང་རུང་སྟེ། བདག་པོ་ལ་ཇི་སྙེད་བྱས་པ་སྦོམ་པོ་ཡང་དེ་སྙེད་དོ། །བདག་པོ་མ་ཡིན་པ་ལ་ཇི་སྙེད་བྱས་པ་ཉེས་བྱས་ཀྱང་དེ་སྙེད་དོ། །བདག་པོ་མ་ཡིན་པ་ལས་མ་ཐོབ་སྟེ། བདག་པོ་ལ་སྟོན་ན་སྦོམ་པོའོ། །འདི་ལྟ་སྟེ། དགེ་སློང་དང༌། ཁྱིམ་པ་དང༌། བུད་མེད་འགྲོགས་པ་ལས་དེ་གཉིས་ཀྱི་ཚིག་སྐྱེལ་ཏམ། ཕྱིར་སྐྱེལ་ན་དངོས་གཞིའོ། །གསུམ་གྱིས་ན་ཕྱིར་སྐྱེལ་བ་ཡིན་གྱི། སྐྱེལ་བ་མ་ཡིན་ཏེ། ཡུལ་ཕྱོགས་དང༌། བརྡ་དང༌། མཚན་མའོ། །གང་གི་ཚེ་བདག་ཡུལ་ཕྱོགས་དེ་ལྟ་བུ་ཞིག་ན་འདུག་པ་མཐོང་བ་དང༌། བྱ་བ་བྱས་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡུལ་ཕྱོགས་སོ། །དུས་ཇི་ཙམ་ན་ཞེས་བྱ་བ་ནི་བརྡའོ། །གང་གི་ཚེ་བདག་སྐྲ་བྲེགས་ཏེ་ལག་ན་ལྷུང་བཟེད་ཐོགས་པ་མཐོང་ཞེས་བྱ་བ་ནི་མཚན་མའོ། །ཚིག་དང༌། སྤྲིང་ཡིག་དང༌། ལག་རྩིས་རྣམས་ཀྱིས་ནོད་པ་དང༌། སྐྱེལ་བ་དང༌། ཕྱིར་སྐྱེལ་བ་སྟེ། གལ་ཏེ་རེ་རེས་གསུམ་ཆར་བྱེད་དམ་འདྲེན་མར་ཡང་རུང་སྟེ་ཐམས་ཅད་དུ་དངོས་གཞིའོ། །ཆུང་མ་དང་པོ་གསུམ་པོ་འཐབས་མ་ཐག་པ་རྡེའུ་གསུམ་མ་གཏོར་བ་དང༌། ཆོ་ག་མ་བཏང་


DTG151_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དུམ་པ་མ་བཅད་པ་དང༌། ཆུང་མ་མ་ཡིན་པར་མ་བསྒྲགས་པ་དང༌། དྲིལ་མ་བསྒྲགས་པ་དི་དག་གིས་བསྡུམས་བྱས་ན་ཉེས་བྱས་སོ། །དོར་བའི་རྒྱུ་དང་པོ་བྱས་པ་ལ་བྱས་ན་སྦོམ་པོ་གཅིག་གོ །གཉིས་པོ་དག་ལ་གཉིས་སོ། །གསུམ་པ་རྣམས་དང་བཞི་པ་རྣམས་ལ་དགེ་འདུན་ལྷག་མའོ། །དེ་ལས་གཞན་བཅུ་བཞི་ནི་འཐབས་མ་ཐག་ཏུ་བསྡུམས་བྱས་ན་དངོས་གཞིའོ། །མངལ་ན་འདུག་པའི་ཁྱེའུ་དང་བུ་མོའི་ཆེད་དང༌། གཉི་ག་བུད་མེད་དང༌། མ་ནིང་གཉིས་དང༌། མ་ནིང་གང་ཡང་རུང་བ་དང༌། གཉི་ག་མི་མ་ཡིན་པ་དང༌། གཅིག་ཀྱང་རུང་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། མིར་ཡང་རུང་བ་དང༌། དགེ་སློང་མ་དང༌། དེ་ལས་གཞན་པ་ཚངས་པར་སྤྱོད་པ་ཐམས་ཅད་དང༌། བདག་གི་ཕྱིར་སྨྱན་བྱེད་པ་དང༌། གཞོན་ནུ་མ་དང༌། གཉི་ག་ལ་བྱེད་པ་ན་གཉི་ག་འམ། གང་ཡང་རུང་བ་ཞིག་མཚན་གྱུར་པ་དང༌། ཕྲིན་ནོད་པ་ལ་སོགས་པ་གཅིག་གམ། གཉིས་བྱས་ནས་དགེ་སློང་མཚན་གྱུར་པ་དང༌། གཅིག་གི་ཚེ་རང་བཞིན་དུ་གནས་པ་དང༌། གཉིས་ཀྱི་ཚེ་སེམས་འཁྲུགས་པ་དང༌། གསུམ་ཆར་གྱི་ཚེ་རང་བཞིན་དུ་གནས་པ་མ་གཏོགས་པ་རྣམ་པ་ཐམས་ཅད་དུ་སྦོམ་པོའོ། །ཁྱིམ་པས་དགེ་འདུན་ཐམས་ཅད་ལ་གསོལ་པ་དང༌། དེ་རྣམས་ཀྱིས་ཀྱང་རང་ངམ་བསྐོས་བས་བསྒྲུབས་ཀྱང་རུང་སྟེ། དགེ་འདུན་ཐམས་ཅད་ལ་དངོས་གཞིའོ། །གལ་ཏེ་གཅིག་ཅིག་འདོད་དེ་བྱེད་ན་དེ་ཉིད་ལའོ། །བསྙེན་པར་རྫོགས་པ་དང༌། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཕྲིན་ནོད་པ་ལ་སོགས་པ་མུ་བཞིའོ།། གལ་ཏེ་གསུམ་ཆར་བསྙེན་པར་རྫོགས་པར་བྱེད་ན་དངོས་གཞིའོ། །གཞན་དག་ནི་གང་བསྙེན་པར་རྫོགས་པ་ན་བྱས་པ་དེ་ལ་སྦོམ་པོའོ། །གང་དེ་ལས་གཞན་པ་ལ་ཉེས་བྱས་སོ། །བུད་མེད་ཉོས་ཞེས་སྨྲ་ན་ཉེས་བྱས་སོ། །མིང་ནས་ཕྱུང་སྟེ་ཉོས་ཞེས་སམ། ཉོས་ཟིན་པའི་སྨྱན་བྱེད་ན་སྦོམ་པོའོ། །ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་ལ་མི་ཤེས་པ་ལ་ཉེས་པ་སྦོམ་པོའོ་ཞེའོ། །བུད་མེད་གསོལ་བ་བཏབ་པ་ལས་མ་གྲུབ་པ་དང༌། གཟུགས་འཚོད་མ་ལ་གསོལ་བ་བཏབ་པ་ལ་གཡོ་འགའ་ཞིག་བྱས་ཏེ་མ་འོངས་པ་དང༌། ཕ་མས་མངལ་དུ་འདུག་པའི་ཚེ་བྱིན་ལ་ཕྱིས་


DTG151_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྟེ་རབ་ལ་སྦྱོར་བ་དང༌། ཕྲིན་དང་ཕྲིན་ལན་སྐྱོལ་བའི་འོག་ཏུ་གཅིག་གམ་གཉི་གཤེ་པ་ལ་སོགས་པས་བག་མ་མ་བླངས་པ་དང༌། གནོད་པ་བྱས་པ་དང༌། དགེ་སློང་ལ་བཞུད་པ་འདི་ནི་ཁྱོད་ཀྱི་ཁྱིམ་མོ། །འདི་ནི་ཁྱོད་ཀྱི་མིའོ་ཞེས་གསུངས་ཤིག་ཅེས་བྱས་པ་དང༌། དེས་ཀྱང་དགེ་འདུན་ལ་ཆོས་སྟོན་གསོལ་བའི་ཕྱིར་སྨྲས་པ་དང༌། སྐྱེས་པས་དུས་བཏབ་པ་ཞིག་གིས་དྲིས་པ་དང༌། རྩིག་དྲུང་ཞིག་ན་འདུག་པ་མཐོང་ངོ་ཞེས་སྨྲས་ན་ཐམས་ཅད་དུ་སྦོམ་པོའོ། །སྔར་དུས་བཏབ་ཟིན་པ་ལས་བཅོལ་བ་ཞིག་གི་ཕྱིར་སྐྱེས་པ་ལ་ཁུ་ཚུར་བསྣུན་ན་ཉེས་བྱས་སོ། །ལས་དང་བོ་པ་ལ་བསྡམས་པར་བྱས་པའི་ཉེས་བྱས་སོ། །དེ་བཞིན་དུ་སློབ་དཔོན་དང་མཁན་པོ་ལ་ཡང་ངོ༌། །བུ་མོ་འདི་ཅིའི་ཕྱིར་བག་མར་མི་བཏང༌། ཁྱེའུ་འདི་ཅིའི་ཕྱིར་ཁྱིམ་མི་དབུབ་ཅེས་ཟེར་ན་ཉེས་བྱས་སོ། །བུ་མོ་དང་ཁྱེའུ་འདི་ཅིའི་ཕྱིར་གྱོས་པོའི་ཁྱིམ་དུ་མི་བཀྲི་ཞེས་བྱ་བ་ནས་ཅུང་ཟད་དེ་དང་རྗེས་སུ་མཐུན་པའི་བར་གྱི་ཚིག་ངེས་པར་སྤྱོད་དུ་འཇུག་པ་ཅི་སྨྲས་ན་ཐམས་ཅད་དུ་ཉེས་བྱས་སོ། །མི་བྱེད་པ་ལ་སྦྱོར་བ་འདི་ཡང་ལྟུང་བ་སྟེ། དེ་བོས་ནས་སློབ་མ་ལ་ཅང་མ་བྱས་པར་གཞག་པ་དང༌། མཁན་པོ་བཞུགས་ཤིག་བདག་མཆིས་ཏེ་བགྱིའོ་ཞེས་ཟེར་བ་ཡང་དེ་བཞིན་ནོ། །སྐྱེས་པ་དང་མ་ནིང་ལ་སོགས་པ་ལ་ནི་སྔ་མ་བཞིན་དུ་ལྟུང་བ་རྣམ་པར་དབྱེ་བར་བྱའོ། །བརྡ་བྱས་པར་མ་ཤེས་པ་ལ་ལྟུང་བ་མེད་དོ། །བུད་མེད་ཆེ་གེ་མོ་ཞེས་བྱ་བ་འབྲས་ཆན་འཚེད་དུ་ཁུག་ཅིག་ཅེས་ཟེར་བ་དང༌། དེ་བཞིན་དུ་དགེ་འདུན་ལ་སྔ་མ་བཞིན་དུ་བསྙེན་བཀུར་བྱེད་ན་བྱའོ་ཞེས་སྨྲས་ཏེ། ཕྲད་པར་གྱུར་ཀྱང་ལྟུང་བ་མེད་དོ། །བུད་མེད་ཀྱིས་ལས་བྱེད་པ་འགུགས་སུ་བཅོལ་པ་ཡང་དེ་བཞིན་ནོ། །བཞི་པོ་དག་གོ་རིམས་བཞིན་ཏེ་རེ་ཞིག་དང་པོ་ནི་གལ་ཏེ་བུད་མེད་སྐྱེས་པ་འདོད་པར་རྟོགས་ནས་ལག་པ་ནས་བཟུང་བ་དང་གལ་ཏེ་བཟོད་ནས་དཔུང་པ་ནས་འཛིན་པ་དང༌། དེ་ནས་ལག་པས་མགུལ་ནས་འཁྱུད་པ་དང༌། ལེན་བུ་ནས་འཛིན་པ་དང༌། དེ་ནས་མཆུ་དང་ནུ་མ་དང༌། རྐེད་པ་ལ་སོགས་པའི་ཡན་ལག་རྣམས་ལ་ནོམ་པ་དང༌། གལ་ཏེ་མི་བཟོད་ན་འཁྲིག་པ་དང་ལྡན་པའི་ཚིག་གིས་


DTG151_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་གད་བྱེད་པའོ། །བུད་མེད་ཀྱི་ཡུལ་མ་དད་པ་ལ་ཞེས་བྱ་བའི་བར་དུ་ཡང་དེ་བཞིན་ནོ། །དད་པ་ལ་ནི་བསོད་ནམས་འདོད་པར་རིག་ནས་ཀུན་དུ་སྤྱད་པའི་བསྔགས་པ་བརྗོད་པ་བདག་གི་དོན་དུ་ཞེས་བྱ་བའི་བར་དུ་ཡང་དེ་བཞིན་ནོ། །གཞན་གྱི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་གཞན་གྱི་དོན་དུ་འདུན་པར་བྱེད་པ་ཡང་དེ་བཞིན་ནོ། །དགེ་འདུན་ལྷག་མ་ལྔ་པའོ།། །།མཉན་ཡོད་ན་དགེ་སློང་དག་ཁང་པའི་ལས་ངན་པས་གཡེངས་ཏེ་དགེ་བའི་ཕྱོགས་བཏང་ནས་ཁྱིམ་པ་རྣམས་ཕྱིར་ཞིང་འཕྱ་བར་གྱུར་ནས་གནས་ཀྱི་གཞིའི་དབང་དུ་མཛད་དེ། ལས་ངན་པ་ལ་དགའ་བ་དང༌། རྩོད་པ་བྱུང་བའི་ཉོན་མོངས་པ་དག་གིས་དྲུག་པའོ། །བདག་གིས་བླངས་པ་ཞེས་བྱ་བ་ནི་འདོད་པས་ལ་ལ་ལས་ནི་ཤིང༌། ལ་ལ་ལས་ནི་རྩྭ་ལ་སོགས་པའོ། །དེས་ན་སྦྱིན་བདག་ལས་བླངས་པ་ཡིན་ནོ། །ཁ་ཅིག་ན་རེ་སྦྱིན་བདག་མ་ཡིན་ནོ་ཞེའོ། །གང་གི་ཕྱིར་རྒྱུ་དང་གཞི་རྙེད་པས་དེ་ཙམ་གྱིས་ན་བདག་གིས་བླངས་པ་ཡིན་ནོ་ཞེའོ། །རྩིག་ན་ཞེས་བྱ་བ་ནི་བདག་གམ་གཞན་གྱིས་སོ། །བདག་པོ་མེད་པ་ཞེས་བྱ་བ་ནི་གང་གི་བདག་པོ་མེད་པའོ། །ཁ་ཅིག་ན་རེ་བདག་པོ་གཞན་མེད་པ་ཞེའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྱིར་མ་ཡིན་པའོ། །ཚད་བཞིན་དུ་ཞེས་བྱ་བ་ནི་ལས་ངན་པ་ལ་དགའ་བ་སྤང་བའི་ཕྱིར་ལྷག་མ་ཡང་མ་ཡིན་ནོ། །ཉམ་ང་བ་སྤང་བའི་ཕྱིར་གང་གི་ཧ་ཅང་ཆུང་བ་ཡང་མ་ཡིན་ནོ། །བདེ་བར་གཤེགས་པའི་མཐོ་ཞེས་བྱ་བ་ནི་སུམ་འགྱུར་ཡིན་པས་ཁྲུ་ཚད་མ་བཅོ་བརྒྱད་དེ་དེ་ནི་ཚད་དོ། །ཞེང་དུ་མཐོ་བདུན་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་ཉིད་དེ། དེ་དག་ཀྱང་ཁྲུ་ཚད་མ་ཕྱེད་དང་བཅུ་གཅིག་གོ །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི་རྩོད་པ་འབྱུང་བ་སྤང་བའི་ཕྱིར་རོ། །ཁ་ཅིག་ན་རེ་དགེ་འདུན་གྱི་ཡིན་ནོ་ཞེས་རྩོད་པ་གང་ཡང་མི་འབྱུང་བར་བྱ་བའི་ཕྱིར་རོ་ཞེའོ། །ཇི་སྲིད་དུ་དངོས་པོ་དེ་བདག་གི་མིག་གིས་མ་བརྟགས་པ་དེ་སྲིད་དུ་བཀྲི་བར་མི་བྱའོ། །གལ་ཏེ་ཡང་སྦྲུལ་དང༌། སྡིག་པ་དང༌། རྩངས་བ་དང༌། གྲོག་མོའི་ཚད་ཡོད་ན་རུང་བ་མ་ཡིན་པས་བསྟན་པར་མི་བྱའོ། །ཡང་བརྟག་པར་བྱ་སྟེ། གལ་ཏེ་རྒྱལ་པོ་དང༌། ཁྱིམ་བདག་དང༌། མུ་སྟེགས་ཅན་གྱི་གཞི་དང༌། དགེ་སློང་མའི་དབྱར་ཁང་ཡོད་ངམ། དེར་ཤིང་ལྗོན་པ་བཅད་དུ་མི་རུང་བ་ཞིག་ན། རྩོད་པ་དང་བཅས་པ་


DTG151_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བསྟན་པར་མི་བྱའོ། །ཡང་བརྟག་པར་བྱ་སྟེ། གལ་ཏེ་འདོམ་གང་ཚུན་ཆད་ན་ཁྲོན་པ་ཡོད་དམ། ལམ་མམ། ངན་གྲོག་ཡོད་ན་རྩོམ་དུ་རུང་བ་མ་ཡིན་པས་བསྟན་པར་མི་བྱའོ། །དེ་ནས་གཙུག་ལག་ཁང་དུ་སོང་སྟེ་གསོལ་བ་བྱའོ། །ཡང་ན་དགེ་འདུན་ཐམས་ཅད་འདོང་བར་བྱའོ། །ཡང་ན་བསྐོས་པ་རྣམས་སོ། །དེ་ལ་དད་པས་འགྲོ་བར་མི་བྱའོ། །དེ་ནས་མཐོང་ནས་གལ་ཏེ་དག་པ་ཡིན་ན་རྒན་རབས་ཀྱི་མདུན་དུ་འདུག་སྟེ། གནས་བརྟན་དག་གཞི་དེ་ནི་རུང་བ་ལགས་ཀྱིས། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་གསོལ་བ་བྱས་ཏེ་ལས་བྱའོ། །རྩོད་པ་མེད་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བརྩམས་པ་མ་བྱས་པའོ། །དེ་ཉིད་རྣམ་པར་སྤྲོས་པ་སྟེ། བརྩམ་དུ་རུང་བ་ཞེས་བྱ་བ་ནི་རྩིག་པ་མ་བརྩིགས་པའོ། །རྩིག་པ་བརྩིགས་པ་ན་ཕ་རོལ་དུ་འགྲོར་མི་རུང་བས་བརྩམ་དུ་མི་རུང་བ་ཡིན་ནོ་ཞེའོ། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཐམས་ཅད་ལས་འདས་པར་བྱས་སམ། གང་གི་ཚེ་གནས་ཀྱི་འོས་པ་མ་ཡིན་པ་དེའི་ཚེ་དགེ་འདུན་ལྷག་མའོ། །རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་དང༌། མ་བསྟན་པ་དང༌། ཚད་ལས་འདས་པར་བྱས་པ་ཉེས་པ་རྣམ་པ་བཞི་ལས་གང་ཡང་རུང་བ་གཅིག་ལས་འདས་པར་བྱེད་ན་སྦོམ་པོའོ། །གཞི་བསླངས་ལ་མི་བྱེད་པ་དང༌། བསྟན་པ་དང༌། བརྩམས་ནས་འཕྲོ་བོར་བ་དང༌། གཞན་ལ་ཕྲོགས་ཏེ་འཕྲོ་ནས་བྱེད་པ་དང༌། ཐོག་མ་ཕུབ་པ་དང༌། བརྩམས་ནས་བདག་ཤི་བ་དང༌། འཁྲུལ་པ་དང༌། དགེ་ཚུལ་ལ་སོགས་པར་དམ་བཅས་པ་དང༌། གཉིས་ཀྱིས་གཅིག་བྱེད་པ་དང༌། བར་མ་གཟུང་སྟེ་བྱེད་པ་དང༌། གཞི་གང་ཟག་གི་ཡིན་པ་སྟེ། ཐམས་ཅད་དུ་སྦོམ་པོའོ། །དགེ་སློང་གིས་དགེ་སློང་ལ་བདག་ནི་སྐྱོན་བཞི་སྤངས་པའི་ཁང་པ་བརྩིག་གོ་ཞེས་སྨྲས་ལ། སྐྱོན་དང་བཅས་པ་བྱེད་པ་ལ་ལྟུང་བར་འགྱུར་གྱི། བྱེད་དུ་བཅུག་པ་ལ་ནི་མ་ཡིན་ནོ། །གལ་ཏེ་བྱེད་དུ་བཅུག་པས་འདི་སྐད་དུ་ངས་བསྐོས་པ་བཞིན་དུ་ཁྱོད་ཀྱིས་ལེགས་པར་བྱས་སོ་ཞེས་སྨྲས་པ་དང༌། དེར་ཤིང་ལ་སོགས་བྱིན་ན་གཉི་ག་ལ་ལྟུང་བར་འགྱུར་རོ། །སྦྱོར་བ་གཅིག་པུས་བཅུ་བྱེད་ན་ལྟུང་བ་བཅུའོ། །བྱེད་དུ་གཞུག་གམ་མི་གཞུག་སྙམ་དུ་སོམ་ཉི་ཟ་བཞིན་དུ་བསྐོས་པ་ལས་གཞན་


DTG151_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱས་ན་སྦོམ་པོའོ། །བྱས་ཟིན་པ་རྙེད་པ་དང༌། ལོངས་སྤྱོད་པ་དང༌། སྦྲང་བུ་མཆུ་རིངས་ཀྱི་ཕྱིར་ཁང་པ་རྩིག་པ་ལ་ལྟུང་བ་མེད་དོ། །དགེ་འདུན་ལྷག་མ་དྲུག་པའོ།། །།གྲོང་ཁྱེར་ཀཽ་ཤཱམྦྷཱི་ན་དྲུག་སྡེ་རྣམས་ཀྱིས་འདུག་པའི་ཤིང་ལྗོན་པ་གཅོད་དུ་བཅུག་སྟེ། དེར་གཙུག་ལག་ཁང་རྩིག་ཏུ་བཅུག་པས་གནས་ཀྱི་གཞིའི་དབང་དུ་མཛད་དེ། རྩོད་པ་བྱུང་བའི་ཉོན་མོངས་པས་བདུན་པའོ། །ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་ནི་གཉིས་ཏེ། སྦྱིན་པར་བྱ་བ་དང་ཚད་ཀྱིས་སོ། །ལ་ལ་ན་རེ་འདིར་ནི་སྦྱིན་པར་བྱ་བས་ཆེ་བ་ལ་བྱའི། །ཚད་ཀྱིས་ནི་མ་ཡིན་ནོ་ཞེའོ། །ཅིའི་ཕྱིར་འདི་ཆེན་པོར་གནང་ཞེ་ན། འདི་ལ་ནི་ལས་ངན་པ་ལ་དགའ་བའི་ཉེས་པ་མེད་དེ། དེ་ཉིད་དེའི་དགེ་བའི་ཕྱོགས་ཡིན་ནོ། །གཙུག་ལག་ཁང་ཞེས་བྱ་བ་ནི་སྔོན་གྱིས་སངས་རྒྱས་རྣམས་ཀྱི་ཉན་ཐོས་རྣམས་ཀྱང་གཙུག་ལག་ཁང་རྣམས་སུ་གནས་པར་གྱུར་བས་སངས་རྒྱས་ཀྱིས་རྗེས་སུ་གནང་སྟེ། དགེ་བ་བཟང་པོས་ཐོག་མར་གཙུག་ལག་ཁང་བྱས་སོ། །དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་སུམ་རྩེག་གོ །དྲི་གཙང་ཁང་དང་སྒོ་ཁང་ནི་ལྔ་རྩེག་གོ །དགེ་སློང་མའི་གཙུག་ལག་ཁང་ནི་ཉིས་རྩེག་གོ །དེ་ལས་གཞན་པ་ནི་སུམ་རྩེག་གོ་ཞེས་དེ་སྐད་བཀའ་སྩལ་ཏོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ལས་རྒྱལ་བྱེད་ཀྱི་ཚལ་བྱེ་བ་བཀྲ་བ་ཉོས་ཏེ། དགེ་འདུན་ལ་ཕུལ་ལོ། །སྦྱིན་བདག་གཞན་གྱིས་དགེ་འདུན་གྱི་ཕྱིར་བྱེད་དུ་བཅུག་ན་ཁང་པ་ལ་སོགས་པའི་ས་སྦྱིན་ནོ། །གང་ཟག་གི་དོན་དུ་ནི་སྦྱིན་བདག་ལ་དྲིའོ། །མ་འདྲིས་པ་གློ་བུར་དུ་འོངས་པ་ཕོངས་པའི་ཕྱིར་གཙུག་ལག་ཁང་གི་ནང་དུ་གནས་ཤིག་མི་བསྒོ་བར་གཞག་གོ །གནས་པ་གོས་ཟིན་པའི་འོག་ཏུ་འོངས་ན་དབྱར་ཕྱི་མར་དབྱར་ཉེ་བར་གནས་པར་བྱའོ། །གསུམ་པར་མ་ཡིན་ནོ། །གང་དག་གཉིས་པར་ཞུགས་པའི་འོག་ཏུ་ལྷགས་པ་དེ་དག་ནི་འདྲིས་པ་རྣམས་ཀྱིས་ངལ་སོར་གཞུག་པར་བྱའོ། །དེ་དག་ལ་ཁ་ཟས་ཀྱི་རྙེད་པ་སྦྱིན་གྱི། ནོར་གྱི་རྙེད་པ་ནི་མ་ཡིན་ནོ། །དེ་དག་ལས་སུ་བསྐོ་བར་མི་བྱའོ། །གཞན་ཡང་ལས་སུ་བསྐོ་བར་མི་བྱ་བ་ལྔ་སྟེ། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་དང༌། དགེ་འདུན་གྱི་གནས་བརྟན་དང༌། འདུས་ཤིང་ཀློག་པའོ། །གང་ན་གནས་ཁང་མང་པ་དེར་གྲངས་ཀྱིས་བཅད་དེ། རེ་


DTG151_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་ཡང་ཚད་ཇི་ལྟ་བ་བཞིན་དུ་གཉིས་གཉིས་སམ་གསུམ་གསུམ་བགོས་པ་ཐམས་ཅད་གཅད་པར་བྱ་སྟེ། ཁ་ཅིག་ཏུ་སྔ་དྲོ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །བྱེད་དུ་བཅུག་གམ། དགེ་འདུན་གྱི་ཡང་རུང་སྟེ། ཅི་ནུས་ཀྱིས་བཅོས་པར་བྱའོ། །ཡལ་བར་མི་དོར་རོ། །གང་ན་གནས་ཉུང་བར་དེར་ནི་ཆུ་སྣོད་བུམ་པ་དང༌། བ་ལང་གི་ལྕི་བ་དང༌། སྨན་དང་ལྷུང་བཟེད་དང༌། སོ་ཤིང་གཞག་པའི་གནས་མ་གཏོགས་པར་གདིང་བའི་ཚད་ཀྱིས་བགོ་བར་བྱའོ། །འདུ་བའི་གནས་སུ་ནི་བགོ་བར་མི་བྱའོ། །དགོན་པ་པ་རྣམས་ཀྱི་སྣོད་སྤྱད་གཞག་པ་གསལ་བའི་ཕྱོགས་སུ་གནས་དཔོག་གོ །གང་ཟག་གི་གཙུག་ལག་ཁང་གི་རྙེད་པ་གང་གིས་བླངས་པ་དེ་ཉིད་ཀྱིས་བཅོས་པར་བྱའོ། །དགེ་འདུན་ནམ་མཆོད་རྟེན་གྱི་བྱ་བ་ལ་སོང་བ་ལ་ནི་གནས་རྒན་རིམས་བཞིན་དུ་སྦྱིན་ནོ། །གཞན་ནི་གང་ཇི་ལྟར་འོངས་པའི་གྲལ་རིམས་བཞིན་ནོ། །སྦྱིན་བདག་གིས་རྙེད་པ་ངེས་པར་བྱས་པ་གཙུག་ལག་ཁང་གི་དབྱར་གྱི་རྙེད་པ་ནི་གང་གི་གནས་སུ་བསྐོས་པ་དེ་དབང་ངོ༌། །དེ་ན་གནས་པ་དེ་ལ་སྦྱིན་བདག་དད་དེ་བྱིན་པ་གང་ཡིན་པ་དེ་ཡང་དེ་དབང་ངོ༌། །གང་ཟག་གི་ཕྱིར་ཁང་པ་བྱས་པའི་རྙེད་པ་ཡང་དེ་ཉིད་དབང་ངོ༌། །དགེ་འདུན་གྱི་རྙེད་པ་ཡང་སྦྱིན་པར་བྱའོ། །དེ་བཞིན་དུ་སྦྱིན་བདག་གིས་བྱས་པའི་གནས་ཁང་གི་རྙེད་པ་ནི་དེ་ན་གནས་པ་དག་དབང་ངོ༌། །རྒན་རིམས་བཞིན་དུ་ཐམས་ཅད་ཀྱིས་གནས་ཁང་བགོ་བར་བྱའོ། །དགོན་པ་པ་རྣམས་ཀྱིས་ནི་གཙུག་ལག་ཁང་སྲུང་བའི་དགེ་སློང་གཞག་ལ་བསོད་སྙོམས་ལ་འཇུག་པར་བྱའོ། །དེ་ལ་ཡང་བསོད་སྙོམས་སྦྱིན་ནོ། །བརྡས་སྒོ་དབྱེ་བར་བྱའོ། །ཁྱི་ཡང་གསོ་བར་བྱའོ། །ཁྱི་གསོ་བའི་ཀུན་དུ་སྤྱད་པ་ནི། མཆོད་རྟེན་གྱི་འཁོར་ས་དང༌། གཙུག་ལག་ཁང་ལ་སེན་མོའི་རྗེས་ཕྱུང་བ་དེས་མཉམ་པར་བྱའོ། །གཅིན་དང་རྟུག་པ་ཡང་ཕྱག་པར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །གཅན་གཟན་ཁྲོ་བོ་དང་གནོད་སྦྱིན་མང་བའི་གནས་སུ་གནས་པར་མི་བྱའོ། །གཙུག་ལག་ཁང་གཉིས་སུ་ཉེ་བར་གནས་པར་མི་བྱའོ། །གལ་ཏེ་དབྱར་ཉེ་བར་གནས་པ་གཉི་ག་བསྡམས་ཏེ། དེ་ལས་གཞན་པའི་དགེ་སློང་དང་རྙེད་པ་མཉམ་པར་སྦྱིན་ནོ། །རྙེད་པ་ལ་ལྷག་པར་ཆགས་པར་མི་བྱའོ། །ཐབ་ཀྲོལ་བྱེད་


DTG151_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོང་བར་རིག་ན་གནས་མལ་བསྐོ་བར་བྱ་བ་ནི་གསུམ་སྟེ། དགུན་གྱི་དང༌། དཔྱིད་ཀྱི་དང༌། དབྱར་གྱིའོ། །གནས་མལ་གཟུང་བ་ནི་དྲུག་སྟེ། གཙུག་ལག་ཁང་ཐམས་ཅད་དང༌། དེའི་ཉེ་འཁོར་དང༌། ཁང་ཕྲན་དང༌། དེའི་ཉེ་འཁོར་དང༌། ཀུན་དགའ་ར་བ་དང༌། དེའི་ཉེ་འཁོར་རོ། །གལ་ཏེ་ཐབ་ཀྲོལ་བྱེད་པ་ན་རེ་གཙུག་ལག་ཁང་བསྐོས་ཤིག་ཅེས་ཟེར་ན། ཐམས་ཅད་བསྒོས་ཟིན་ཏོ་ཞེས་སོ། །དེ་སླར་སོང་བ་དང༌། དེ་དག་རྒན་རིམས་བཞིན་དུ་བགོ་བར་བྱའོ། །ཐབ་ཀྲོལ་བྱེད་པ་མ་ཡིན་པ་ལ་དེ་ལྟར་བྱེད་ན་ཉས་བྱས་སོ། །དེ་བཞིན་དུ་གནས་བསྔོས་ཏེ། འདི་ནི་དེང་གི་འདི་ནི་སང་གི་ཞེས་བྱ་བ་ནས། འདི་ནི་སྔ་དྲོ་པ་ཞེས་བྱ་བ་ལ་སོགས་པ་སྐད་ཅིག་པ་དང༌། འདུ་བའི་དུས་ཀྱི་འདི་ནི་སློབ་དཔོན་གྱིའོ་ཞེས་བགོས་ན་ཉེས་བྱས་སོ། །གཙུག་ལག་ཁང་དུ་དགེ་སློང་ནད་པའི་གནས་མི་དབྲོག་པར་སྦྱིན་ནོ། སྒྱུ་བྱེད་པ་ལ་ནི་མ་ཡིན་ནོ། །རྒན་རིམས་ཀྱིས་དེའི་གནས་མི་དབྲོག་གོ་ཞེས་བྱ་བའི་ཐ་ཚིག་གོ །གཙུག་ལག་ཁང་དུ་མཚན་མོ་གནས་མལ་བགོ་བར་མི་བྱའོ། །གང་གི་ཕྱིར་བགོ་བ་དང༌། གང་དག་འགོད་པ་གཉི་ག་ལ་ཡང་ཉེས་བྱས་སོ། །གལ་ཏེ་མཚན་མོ་ལྷགས་ན་འདྲིས་པའི་འདྲིས་པ་དག་གིས་ངལ་གསོ་བར་བྱའོ། །དེ་བཞིན་དུ་ནུ་བ་གཅིག་གནས་པའི་ཕྱིར་ན་གཉི་ག་ལ་ཉེས་པའོ། །མགོན་མེད་ཟས་སྦྱིན་གྱིས་ངལ་བསོ་བའི་གནས་བྱས་པ་རྣམས་སུ་བསོད་སྙོམས་པའི་ཕྱིར་བྱིན་པ་རྙེད་པའི་ནང་དུ་དྲུག་སྡེ་ཞུགས་པས་གཞན་གྱི་རྙེད་པའི་ནང་དུ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དོན་གཞན་ཞིག་གི་ཕྱིར་གཙུག་ལག་ཁང་གཞན་དུ་སོང་བ་ལས་གལ་ཏེ་དུས་ལ་བབ་ན་ཟས་བཟའ་བར་བྱའོ། །ཟོས་ཏེ་འོངས་ནས་ཡང་འདོད་ལ་གལ་ཏེ་ཚད་ལས་ལྷག་པར་འདྲི་མ་ནི་སྔར་མ་བླངས་པ་གང་ཡིན་པ་དེ་བཟའ་བར་བྱའོ། །ཅི་སྟེ་དགེ་སློང་དག་གི་ཚད་ཀྱིས་བྱས་པ་ཡིན་པ་དེ་བཟའ་བར་མི་བྱའོ། །ཇི་ལྟར་གཙུག་ལག་ཁང་རྒན་རིམས་སུ་བསྐོ་བ་བཞིན་དུ་འགྱེད་པས་ཤིང་ལྗོན་པ་དང༌། སྒང་པུ་དང་གསིང་མ་ཡོད་པའི་ཕྱོགས་ཀྱང་དེ་བཞིན་ནོ། །དེ་ཡང་ཆོས་ལྔ་དང་ལྡན་པ་གསོལ་བ་དང་གཉིས་ཀྱིས་བསྐོ་བར་བྱའོ། །གནས་ཁང་བསྐོ་བ་དང་དེ་བཞིན་དུ་ཟས་ལ་བསྐོ་བ་དང༌། ནས་ཐུག་འདྲིམ་པ་དང༌།


DTG151_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བ་འདྲི་མ་པ་དང༌། ཕྲན་ཚོགས་འདྲིམ་པ་དང༌། སྣོད་སྤྱད་སྦེད་པ་དང༌། གོས་སྦེད་པ་དང༌། གོས་འགེད་པ་དང༌། དབྱར་གྱི་གོས་རས་ཆེན་སྦེད་པ་དང༌། དབྱར་གྱི་གོས་རས་ཆེན་འགེད་པ་དང༌། མངག་གཞུག་པ་དང༌། མཛེས་ཆོས་པ་དང༌། གང་ཟག་བཅུ་གཉིས་པོ་འདི་དག་ཀྱང་ངོ༌། །ཟས་མེད་པའི་ཕྱིར་གཙུག་ལག་ཁང་སྟོང་པར་བོར་ཏེ་ཐམས་ཅད་འདོང་བར་མི་བྱའོ། །བསོད་སྙོམས་ལ་སོགས་པས་ལོ་ལྔའི་བར་དུ་འདུག་པར་བྱའོ། །གལ་ཏེ་ཡང་མ་འོངས་ན་མཚམས་ཐ་དད་པའི་གཙུག་ལག་ཁང་རྣམས་དང་རྙེད་པ་གཅིག་ཏུ་བྱའོ། །གསོ་སྦྱོང་ནི་ཐ་དད་པར་རོ། །འོང་ན་ནི་སྦྱིན་བདག་ཅི་དགར་བྱའོ། །གཙུག་ལག་ཁང་བཤིགས་ནས་སྔ་མཁོ་ཙམ་མམ་ཆེ་བར་བྱའི་ཆུང་བ་ནི་མ་ཡིན་ནོ། །སྦྱིན་བདག་ནུས་པ་མེད་ན་ཆུང་དུ་བྱའོ། །མཆོད་རྟེན་དང༌། དྲི་གཙང་ཁང་ལ་སོགས་པ་ནི་མཉམ་པའམ་ཆེ་བར་བྱའི་ཆུང་བར་ནི་མ་ཡིན་ནོ། །རི་མོ་བྱེད་པར་འདུས་བྱས་པར་འདོད་པས་སྐྱེས་པའི་རབས་དེ་ཉིད་ལ་སོགས་པ་བྲི་བར་བྱའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་གླེགས་བམ་བྲི་བ་ཡང་ངོ༌། །དུས་དེ་སྲིད་ཁང་པ་བྱས་པ་འགྲོ་ཁར་མི་གཞིག་གོ །གཙུག་ལག་ཁང་དུ་ནི་རུང་བའི་ཁང་པ་བསྐོ་བར་བྱའོ། །དེ་ཡང་ལྔ་སྟེ། བཏེག་པའི་མཐའ་ལས་བྱུང་བ་དང༌། སེམས་བསྡུས་པའི་མཐའ་ལས་བྱུང་བ་དང༌། བ་ལང་གི་ལྷས་ལྟ་བུ་དང༌། འཕྲལ་ལ་བྱུང་བ་དང༌། བསྐོས་པ་སྟེ་ལྔ་པའོ། །བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱ་བ་ནི། གང་དུ་དགེ་སློང་ལག་གི་བླ་འམ་ཁྱིམ་བདག་ཀྱང་རུང་སྟེ། ཐོག་མར་སོ་ཕག་བཏེག་པ་ན། སེམས་བསྐྱེད་ནས་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་བྱ་བས་སོ། །སེམས་བསྡུས་བའི་མཐའ་ལས་བྱུང་བ་ནི་གང་དུ་དེ་ཉིད་ཀྱིས་གཞན་ལ་སེམས་བསྡུས་ཤིག་ཅེས་བྱ་བར་བྱིན་གྱིས་བརླབ་པར་བྱའོ། །བ་ལང་གི་གནས་ལྟ་བུ་ནི་གང་སྒོ་ཐ་དད་དུ་གནས་པའོ། །འཕྲལ་ལ་བྱུང་པ་ནི་གནས་གང་སྤངས་པའོ། །བསྐོས་པ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་སྟེ། གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་བཅས་པ་འདི་ཞེས་དེ་སྐད་བརྗོད་པས་ལས་བྱས་པའོ། །གང་འོག་མ་བསྐོས་པ་དེའི་སྟེང་མ་དང་ངོས་ཀྱང་ངོ༌། །གང་ལག་


DTG151_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གི་བླ་འམ་དགེ་འདུན་གྱིས་བྱིན་གྱིས་མ་བརླབས་པར་དེ་དང་པོར་གནས་པ་རྣམས་ཀྱིས་བརྗོད་པར་བྱའོ། །དེ་དག་གིས་མ་བརྗོད་ན་གཉུག་མར་གནས་པ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་མ་བརྗོད་ན་གློ་བུར་དུ་ལྷགས་པ་རྣམས་ཀྱིས་སོ། །དགེ་འདུན་མེད་ན་གང་ཟག་གིས་ཤེས་པ་ཆུང་དུས་རུང་བར་བྱ་བ་དང༌། འཇུག་པ་མི་ཞན་པས་རུང་བར་བྱ་བ་ཉེ་བར་གཟུང་སྟེ་སྤྱད་པར་བྱའོ། །དེ་ལ་ཤེས་པ་ཉུང་ངུས་རུང་བར་བྱ་བ་ནི་འདི་ཡིན་ཏེ། སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དག་གིས་རུང་བའི་ཁང་པ་དང༌། ཟས་ཀྱི་ཁང་པ་ཡོངས་སུ་སྤྱོད་པ་ན་མཁྱེན་ཅིང་གཟིགས་པ་དེ་ལྟར་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ །ད་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་གྱུར་ཅིག་ཅེས་བྱ་བས་སོ། །དེས་འཇུག་པ་མི་ཞན་བས་རུང་བར་བྱ་བ་ནི་འདི་ཡིན་ཏེ། བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འཇུག་པ་མི་ཞན་པ་རང་དབང་མེད་པ་རྣམས་ཀྱིས་རྗེས་སུ་མཐུན་པ་དང་བསླབ་པ་རྗེས་སུ་བསྲུང་བར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་བསླབ་བ་རུང་བ་གང་ཅུང་ཟད་བཅས་སོ། །བདག་ནི་རང་དབང་མེད་པ་སྟེ། ཅི་ལྟར་སངས་རྒྱས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །རུང་བའི་གནས་ཀྱི་ནང་དུ་བཙོས་པ་དང༌། ཞག་ལོན་པ་ཡང་ཅི་བདེར་སྤྱད་པར་བྱ་སྟེ། རུང་བ་མ་ཡིན་པའི་དངོས་པོ་བསྒྲུབས་པའི་ཉེས་པར་མི་འགྱུར་རོ། །རུང་བ་མ་ཡིན་པའི་གཞི་བཅུ་སྟེ། བླག་བ་མེད་པ་དང༌། སྒོ་ཁང་དང༌། ཁྱམས་དང་བསྲོ་ཁང་དང༌། ཁྲུས་ཁང་དང༌། རྒྱལ་པོའི་གཞི་དང༌། མཆོད་རྟེན་གྱི་གཞི་དང༌། མུ་སྟེགས་ཅན་གྱི་གཞི་དང༌། ཁྱིམ་བདག་གི་གཞི་དང༌། དགེ་སློང་མའི་དབྱར་ཁང་དང༌། འདི་རྣམས་སུ་ཟས་བཅོས་ན་ཉེས་བྱས་སོ། །གཙུག་ལག་ཁང་གི་སྐབས་སུ་རྒྱ་ཆེར་བརྗོད་པ་དག་ཇི་སྐད་བརྗོད་པ་བཞིན་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱས་སོ། །ཞར་ལ་བརྗོད་པ་རྣམས་ནི་རྫོགས་ཏེ། དཀྱུས་མ་བརྗོད་པར་བྱའོ། །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི་འདི་གང་ཟག་གི་ཡིན་གྱི་ངག་འདུན་གྱི་ནི་མ་ཡིན་ཞེས་དུས་


DTG151_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ན་རྩོད་པའི་ཉོན་མོངས་འབྱུང་བ་སྤང་བའི་ཕྱིར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཚད་མ་གཏོགས་པར་ལྟུང་བ་གཞན་ནི་སྔ་མ་བཞིན་དུ་ནི་རྣམ་པར་དབྱེའོ། །སོ་སོར་ངེས་པའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་རྩིག་པའི་ཡོ་བྱད་སྤྱར་བ་དང་དགེ་སློང་དག་བཀྲི་བར་བྱའོ། །མ་ཁྲིད་ན་སྤོམ་པོའོ། །སྦྱིན་བདག་གིས་དགེ་སློང་འཐབ་ཀྲོལ་ཅན་དང༌། ཁྱིམ་སུན་ཕྱུང་བ་དང༌། བྱ་བ་དང་མི་ལྡན་པའི་དགེ་སློང་རྣམས་རང་གི་གཙུག་ལག་ཁང་ནས་བསྐྲད་པར་བྱའོ། །བྱ་བ་དང་ལྡན་པ་གཞན་དགུག་པར་བྱའོ། །གལ་ཏེ་མི་འོང་ན་གང་ན་གནས་པ་དེ་ཉིད་དུ་དེ་དག་གིས་ཡོ་བྱད་སྦྱར་བར་བྱའོ། །གལ་ཏེ་དགེ་བ་དག་བཀྲིར་མེད་ན་དེར་མི་སྲིད་པར་བརྟག་པའི་རྣམ་གྲངས་ཀྱིས་མ་བསྟན་པར་བྱས་ན་ལྟུང་བ་མེད་དེ། ཤེས་པ་ཆུང་བ་དང༌། བླུན་པོའི་རྒྱུད་ཀྱིས་རུང་བར་བྱ་བ་ནི་དགེ་འདུན་ལ་བསྟན་པ་མ་བྱས་ཀྱང་ལྟུང་བ་མེད་དོ། །ཁ་ཅིག་ན་རེ་དགེ་སློང་དག་བཀྲི་བར་འདོད་ལ། གལ་ཏེ་བག་མེད་པ་དང༌། བརྗེད་དེ་མ་ཁྲིད་ན་བསྡམ་པར་བྱ་བའི་ཉེས་བྱས་སོ་ཞེའོ། དགེ་འདུན་ལྷག་མ་བདུན་པའོ།། །།རྒྱལ་པོའི་ཁབ་ན་མཛའ་པོ་དང་ས་ལས་སྐྱེས་དག་གྱད་བུ་ནོར་དང་ཚེ་རབས་ནས་ཚེ་རབས་ཀྱི་ཁོན་ཡོད་པས་དགེ་སློང་མ་མཛའ་མོས་དགེ་སློང་གྱད་བུ་ནོར་ལ་ཕམ་པར་འགྱུར་བས་གླེངས་ཏེ། རང་གི་ཆེ་བཞི་ཕུལ་ནས་ཚངས་བ་མཚུངས་པར་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་བརྒྱད་པའོ། །ཞེ་སྡང་པར་ཞེས་བྱ་བ་ནི་ཞེ་སྡང་མ་སྤངས་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་ཞེ་སྡང་གིས་ཀུན་ནས་དཀྲིས་པའོ། །གྱུར་ནས་ཞེས་བྱ་བ་ནི་དེ་གཞན་ལ་གནོད་པར་བྱ་པར་བསམས་པའོ། །གཞི་མེད་པར་ཞེས་བྱ་བ་ལ་གཞི་ནི་རྣམ་པ་གསུམ་ཏེ། མཐོང་བ་དང༌། ཐོས་པ་དང༌། དོགས་པའོ། །དེ་མེད་པ་ནི་གཞི་མེད་པའོ། །སྐུར་ཅེས་བྱ་བ་ནི་སྐུར་པ་བཏབ་པའོ། །རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི། གལ་ཏེ་གཞི་དང་བཅས་པར་གྱུར་ན་ནི་དད་འདུན་ལྷག་མར་མི་འགྱུར་རོ། །རྩོད་པ་ཞེས་བྱ་བ་ནི་འདིར་ལྟུང་བའི་རྩོད་པར་གཟུང་ངོ༌། །དགེ་སློང་ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་འདུ་ཤེས་དེ་བཞིན་དུ་མ་ཡིན་པའོ། །འདུ་ཤེས་དེ་བཞིན་དུ་གྱུར་བ་ལ་ནི་ཁྲོས་ཏེ་སྨྲས་སོ་ཞེས་བྱ་བར་མི་འགྱུར་རོ། །དེ་ལ་ལྟུང་བ་ཇི་ལྟར་


DTG151_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། གང་ཟག་རྣམ་པ་བཞི་སྟེ། དག་པ་དང༌། དག་པ་ལ་མ་དག་པ་ལྟ་བུའི་གཞི་དང༌། མ་དག་པ་དང་མ་དག་པ་ལས་དག་པ་ལྟ་བུའི་གཞིའོ། །དེ་ལ་དང་པོ་གཉིས་ལ་སྐུར་པ་བཏབ་ན་བཞི་བཅུས་ལྟུང་བར་འགྱུར་ཏེ་མ་མཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པལ་མ་མཐོང་བ་ལ་སོགས་པར་འདུ་ཤེས་ཀྱང་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཚིག་དང་ཚིག་གིས་དགེ་འདུན་ལྷག་མའོ། །འདི་དག་ནི་གཞི་གསུམ་མོ། །ཐོས་ཀྱང་བརྗེད་པ་དང༌། དོགས་ཀྱང་བརྗེད་ལ། བརྗེད་པར་འདུ་ཤེས་བཞིན་དུ་མ་བརྗེད་དོ་ཞེས་ཟེར་བ་དེ་དག་ནི་གཉིས་སོ། །ཐོས་པ་ལ་ཡིད་ཆེས་པ་དང་ཐོས་པ་ལ་ཡིད་མ་ཆེས་ཀྱང་མཐོང་ངོ་ཞེས་ཟེར་བ་དེ་དག་ནི་གཞི་གཉིས་སོ། །ཐོས་པ་ལ་དོགས་པ་དང༌། ཐོས་པ་ལ་མི་དོགས་པ་དང༌། དེ་བཞིན་དུ་དོགས་པ་ལ་མཐོང་ངོ་ཞེས་ཟེར་ན་ཚིག་དང་ཚིག་གི་དངོས་གཞི་སྟེ། དེ་དག་ནི་གཞི་གསུམ་མོ། །གཞི་ལྔས་ལྟུང་བ་མེད་དེ། མ་མེ་ཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པ་ལ་མི་མཐོང་བ་ལ་སོགས་པར་འདུ་ཤེས་པས་གོ་རིམས་བཞིན་དུ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་ན་ལྟུང་བ་མེད་དོ། །དེ་དག་ནི་གཞི་གསུམ་མོ། །ཐོས་ལ་བརྗེད་པ་དང༌། དོགས་ལ་བརྗོད་པ་ལས་མ་རྗོད་པར་འདུ་ཤེས་ཏེ། མ་བརྗོད་དོ་ཞེས་ཟེར་བ་འདི་དག་ནི་གཞི་གཉིས་སོ། །གཞན་ཡང་གང་ཟག་གཉིས་སྐུར་པ་བཏབ་ན། བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ། །ལྟུང་བར་མི་འགྱུར་བ་ནི་གཞི་དྲུག་གོ །མཐོང་བ་ལ་བརྗེད་པ་ཞེས་བྱ་བ་འདི་ནི་བཞི་པའི་འོག་ཏུ་བརྗོད་པར་བྱའོ། །གཞན་ནི་དེ་དག་ཉིད་དོ། །གང་ཟག་དང་པོ་གཉིས་ལ་ནི་ལྟུང་བ་མེད་བས་མཐོང་བ་མེད་དོ། །ཁ་ཅིག་ན་རེ་མ་སྨྲས་ཀྱང་འདི་ལྟུང་བར་འགྱུར་ཏེ། འདི་ལྟ་སྟེ། ཆེ་བཞི་ལ་སྨྲས་པར་ཞེ་སྡང་གིས་ཅང་མི་སྨྲ་བར་དོན་དེ་སྟོན་པ་ལྟ་བུའོ་ཞེའོ། །སྤྲིང་ཡིག་གིས་དང་ལག་ཡིག་རྣམས་ཀྱིས་དང༌། ལག་རྩིས་ཀྱིས་དང༌། ཕོ་ཉ་དང༌། གཅིག་ནས་གཅིག་ཏུ་བརྒྱུད་པ་དང༌། གཞན་གྱིས་ཉེ་བར་སྟོན་པ་དང༌། ཡི་གེར་བྲིས་ལ་ཡི་གེར་བྲིས་པ་འདི་ལས་འདི་སྐད་འབྱུང་ངོ་ཞེས་ཟེར་བ་དང༌། སྨྱོན་པ་ལ་སོགས་པ་དང༌། གླེན་པ་ལ་སོགས་པ་དང༌། གཉིད་ཀྱིས་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། སྔོན་དུ་ལྟུང་བ་བྱུང་བ་ལ་སོགས་པ་དང༌། བསླབ་པ་བྱིན་པ་དང༌། དགེ་སློང་མ་


DTG151_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐུར་པ་བཏབ་པ་དང༌། དགེ་འདུན་གྱི་དབུས་སུ་ཕམ་པའི་ཆོས་སུ་གྱུར་ཏོ་ཞེས་སྨྲས་ལ། གང་ཟག་གི་མིང་མ་ཕྱུང་བ་དང༌། སྐུར་པ་བཏབ་ལ་སྐུར་པ་མ་བཏབ་པར་འདུ་ཤེས་སམ། ཐེ་ཚོམ་ཟ་བ་དང༌། འདི་ལྟ་སྟེ། ཁྲོས་ནས་འདི་སྐད་ཅེས་ཁྱོད་ཕྱོགས་འདི་ལྟ་བུ་ཞིག་ན་འདི་ཞེས་བྱ་བ་ཞིག་དང་ལོག་པར་ཞུགས་ཏེ་མི་ཚངས་པར་སྤྱད་དོ་ཞེས་ཇི་ང་སྨྲའམ་ཞེས་ཟེར་བ་ལྟ་བུ་དང༌། སྐུར་པ་མ་བཏབ་པར་སྐུར་པའི་འདུ་ཤེས་སམ། ཐེ་ཚོམ་ཟ་འམ། འདི་ལྟ་སྟེ་ཁྲོས་ནས་ཁྱོད་ཚངས་པར་སྤྱོད་པའོ། །ཁྱོད་དགེ་སློང་ལས་ཡོངས་སུ་མ་ཉམས་སོ་ཞེས་བྱ་བ་ལྟ་བུ་དང༌། མ་ནིང་གིས་སམ། མ་ནིང་ལའམ། མ་ནིང་མོས་སོ་ཞེས་ལྷན་ཅིག་སྐུར་པ་བཏབ་ན་ཐམས་ཅད་དུ་སྦོམ་པོའོ། །དགེ་སློང་མ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །དགེ་སློང་མ་ལ་དངོས་གཞིའོ། །ཁ་ཅིག་ན་རེ་དགེ་སློང་མ་ལ་སོགས་པ་ལ་ནི་ཉེས་པ་སྦོམ་པོའོ་ཞེའོ། །དགེ་སློང་གིས་མཚམས་མེད་པ་ལྡས་སྐུར་པ་བཏབ་ན་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་དངོས་གཞིའོ། །དེ་བཞིན་དུ་ཉེས་པ་སྦོམ་པོའི་ལྟུང་བས་ན་ཡང་དགེ་སློང་མ་ཡིན་པས་གླེངས་ན་དགེ་འདུན་ན་ལྷག་མའོ། །དགེ་སློང་མ་ལ་ཡང་དགེ་སློང་བཞིན་དུ་ལྟུང་བར་འགྱུར་རོ། །དགེ་སློབ་མ་ལ་སོགས་པ་ལ་ནི་ཐམས་ཅད་དུ་ཉེས་བྱས་སོ། །དགེ་བསྙེན་གྱིས་སྐུར་པ་བཏབ་ན་གསོལ་བའི་ལས་ཀྱིས་ལྷུང་བཟེད་ཁས་སྦུབ་པར་བྱའོ། །དེ་བཞིན་དུ་གཤེ་ཞིང་སྐྱོབ་ལ་ཡང་ངོ༌། །དེ་དག་གི་ཁྱིམ་དུ་འགྲོ་བར་མི་བྱའོ། །སྟན་ལ་ལོངས་སྤྱད་པར་མི་བྱའོ། །བསོད་སྙོམས་ལ་ལོངས་སྤྱད་པར་མི་བྱའོ། །ཆོས་བཤད་པར་མི་བྱའོ། །གསོལ་བ་བཏབ་སྟེ་སེམས་མགུ་བར་བྱས་ན། གསོལ་བའི་ལས་ཀྱིས་ལྷུང་བཟེད་སླར་བཟློག་པར་བྱའོ། །ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་དུ་ལྷུང་བཟེད་ཁས་བུབ་པ་ནི་ཁས་ཕུབ་པར་མི་ཆུད་དེ། དེ་བཞིན་དུ་བཟློག་པ་ལ་ཡང་ངོ༌། །དེ་བཞིན་དུ་གནས་ནས་ཕྱུང་བ་ལ་སོགས་པ་ཐ་དད་པར་གནས་པའི་ཁྱིམ་རྣམས་སུ་ཁས་ཕུབ་པ་ཡང་ངོ༌། །མཚམས་སུ་ཁྲི་ལ་སོགས་པ་གཞག་སྟེ། གསོལ་བ་གཅིག་གིས་ཀྱང་ཁས་ཕུབ་པ་མང་དུ་བྱའོ། །དགེ་འདུན་ལྷག་མ་བརྒྱད་པའོ།། །།རྒྱལ་པོའི་ཁབ་ཏུ་མཛའ་པོ་དང་ས་ལས་སྐྱེས་དག་གིས་རི་དགས་གཉིས་འཁྲིག་པ་བྱེད་པ་མཐོང་ནས་བག་


DTG151_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་དགེ་སློང་གྱད་བུ་ནོར་ལ་སྐུར་པ་བཏབ་སྟེ། ཚངས་པ་མཚུངས་པར་སྤྱོད་པའི་གཞིའི་དབང་དུ་མཛད་ནས་མི་བཟོད་པའི་ཉོན་མོངས་པས་དགུ་པའོ། །གཞན་གྱི་ཚམ་ཡིན་པ་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་མ་ཡིན་པ་ནི་ཕམ་པར་འགྱུར་བ་བཞིའོ། །འདིས་ནི་གང་གི་ཕྱིར་རྣམ་པ་གཞན་གྱི་རྩོད་པ་དེ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་གཞན་དུ་འགྱུར་བའི་ཕྱིར་རོ། །དགེ་སློང་གིས་དགེ་སློང་ཕམ་པའི་ལྟུང་བ་བྱུང་བ་མཐོང་ལ་དེས་དེ་ལྟུང་བ་མེད་པར་མཐོང་བ་དང༌། དེ་ལས་གཞན་པའི་ལྟུང་བ་མཐོང་བ་དང་དེ་བཞིན་དུ་དགེ་འདུན་ལྷག་མ་ལ་དེས་དེ་ལ་ལྟུང་བ་མེད་པར་མཐོང་བ་དང༌། ལྟུང་བ་དེར་མཐོང་བ་དང༌། ལྟུང་བ་དེ་མ་ཡིན་པར་མཐོང་བ་དང༌། དེ་བཞིན་དུ་ལྟུང་བ་དང་སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་རྣམས་དང༌། ཐམས་ཅད་ལ་འདུ་ཤེས་བསྒྱུར་ཏེ། བདག་གིས་དགེ་སློང་ཕམ་པའི་ལྟུང་བ་མཐོང་དོ་ཞེས་སྨྲས་ན་ཐམས་ཅད་དུ་དགེ་འདུན་ལྷག་མའོ། །ཕམ་པ་བྱུང་བ་བདེན་པ་ལ་ནི་ལྟུང་བ་མེད་དོ། །དགེ་འདུན་ལྷག་མ་དགུ་པའོ།། །།རྒྱལ་པོའི་ཁབ་ཏུ་ལྷ་སྦྱིན་གྱིས་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་རྫུ་འཕྲུལ་མངོན་པར་བསྒྲུབས་ནས་མ་སྐྱེས་དགྲ་མགུ་བར་བྱ་སྟེ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གསོལ་པ་དང་མ་ཐོབ་བོ། །གྲོགས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང་ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དང་བསྡོངས་ན་བཟློག་ཀྱང་དགེ་འདུན་གྱི་དབྱེན་བྱེད་པར་བརྩམས་པས་དགེ་འདུན་གྱི་གཞིའི་དབང་དུ་མཛད་དེ་ཞེས་བྱ་བ་ལོག་པར་རྟོགས་པའི་ཉོན་མོངས་པ་བཅུ་དང་བཅུ་གཅིག་པ་བཅས་སོ། །མཐུན་པ་ཞེས་བྱ་བ་ནི་རྟགས་དང༌། ལས་དང༌། ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཚོ་བ་དང༌། རྣམ་པ་དྲུག་མཐུན་པས་རོ་གཅིག་ཏུ་གྱུར་པའོ། །དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་དགུ་སྟེ་ངོ་ཚ་མེད་པའི་དགེ་འདུན་དང༌། ངོ་ཚ་ཤེས་པའི་དགེ་འདུན་དང༌། ངོ་ཚ་མེད་པ་པ་དང་ངོ་ཚ་ཤེས་པའི་དགེ་འདུན་དང༌། རིགས་པའི་དགེ་འདུན་དང༌། མི་རིགས་པའི་དགེ་འདུན་དང༌། རིགས་པ་དང་མི་རིགས་པའི་དགེ་འདུན་དང༌། མ་གྲོལ་བའི་དགེ་འདུན་དང༌། གྲོལ་བའི་དགེ་འདུན་དང༌། གྲོལ་བ་དང་མ་གྲོལ་བའི་དགེ་འདུན་ནོ། །གང་དབྱེ་བའི་ཕྱིར་ཞེ་ན། དང་པོ་དང་ཐ་མ་


DTG151_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མ་གཏོགས་ཏེ། ལྷག་མ་རྣམས་སོ། །དང་པོ་པ་ནི་བྱེ་ཟིན་པ་ཉིད་དོ། །ཐ་མ་གཉིས་ནི་མི་ཕྱེད་དོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི་རྟགས་དང་འཚོ་བའི་བར་དུ་ཐ་དད་དུ་བྱ་བའི་ཕྱིར་རོ། །འདི་ལྟར་དེས་འབྱེད་པར་བྱེད་པའི་བསླབ་པའི་གཞི་ལྔ་བཅས་ཏེ། ཞོ་དང་འོ་མ་མི་བཏུང་སྟེ་བེའུ་ལ་གནོད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཤ་མི་བཟའ་སྟེ། དེའི་གཞི་ལས་སྲོག་ཆགས་གསད་དོགས་པའི་ཕྱིར་རོ། །ལན་ཚྭ་མི་བཟའ་སྟེ། ཁུ་བ་ལས་གྱུར་པའི་ཕྱིར་རོ། །རས་ཁ་ཚར་བཅད་པ་མི་བགོ་སྟེ། སྐྱེས་བུའི་རྩལ་བཅོམ་པའི་ཕྱིར་རོ། །དགོན་པར་གནས་པར་མི་བྱ་སྟེ། དེ་ལྟར་བྱས་ན་སྦྱིན་པའི་ཆོས་ལ་ལོངས་སྤྱོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །རྟུལ་བ་ཞེས་བྱ་བ་ནི་དབྱེ་བར་བྱ་བའི་ཕྱིར་བརྩོན་པའོ། །འབྱེད་བར་གྱུར་པའི་རྩོད་པ་ཞེས་བྱ་བ་ནི་གང་གི་ཚེ་དབྱེ་བར་གྲོས་བྱེད་པ་དང༌། གྲོགས་ཀྱང་སྡུད་པའོ། །དེས་ནི་དགེ་འདུན་ཅི་འདྲ་བ་བྱེ་བ་དང༌། ཇི་ལྟར་བྱེ་བའི་ལྟུང་བ་དེ་ཡོངས་སུ་བསྟན་ཏོ། །ཅི་འདྲ་བ་ཞེས་བྱ་བ་ནི་མཐུན་པའོ། །ཇི་ལྟར་ཞེས་བྱ་བ་ནི་དབྱེ་བར་བྱ་བའི་ཕྱིར་རྩོད་པ་ལ་ཞུགས་པ་རྣམས་སོ། །འདི་སྐད་ཅེས་བགོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱ་བ་སྟེ། དགེ་འདུན་ནམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་ཐམས་ཅད་ཀྱིས་གསོལ་བའི་ལས་མི་དགོས་པར་གཅིག་གིས་གཅིག་བསྟན་པའི་ཚིག་གིས་བཟློག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་མཐུན་པ་ཞེས་བྱ་བ་ནི་མཐུན་པ་རྣམ་པ་དྲུག་གིས་སོ། །མི་ཕྱེད་ཅེས་བྱ་བ་ནི་ཟང་ཟིང་ལ་ལོངས་སྤྱོད་མཐུན་པའོ། །ཀུན་དུ་དགའ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་མངོན་པར་འཕེལ་བ་ལ་དགའ་བའོ། །མི་རྩོད་ཅེས་བྱ་བ་ནི་ཕན་ཚུན་ལྟ་བ་དང༌། འདོད་པ་མི་མཐུན་པའི་རྩོད་པ་ཡོངས་སུ་སྤངས་པའོ། །མཆོག་གཅིག་ཅེས་བྱ་བ་ནི་སེམས་མཉམ་པར་མ་བཞག་པ་ལ་མཉམ་པར་གཞག་པར་བྱ་བ་དང༌། མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱ་བར་སྦྱོར་བའོ། །འདོན་པ་གཅིག་ཅེས་བྱ་བ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་ལ་སོགས་པ་ཡན་ལག་བཅུ་གཉིས་འདོན་པ་མཐུན་པ་དང༌། གཅིག་ལ་གཅིག་འདམས་པའོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ཞེས་བྱ་བ་ནི་གཞན་དུ་བཀྲིར་མི་བཏུབ་པའོ། །སྟོན་པའི་བསྟན་པ་གསལ་བར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་


DTG151_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་རབ་ཏུ་སྟོན་པའོ། །བདེ་བ་ལ་རེག་པར་གནས་པར་འགྱུར་ཞེས་བྱ་བ་ལ། དེ་ལ་བདེ་བ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམ་པ་བཞིས་སོ། །རེག་པ་ཞེས་བྱ་བ་ནི་དེ་ལ་བརྟེན་པའི་ཡོན་ཏན་འབྲས་བུ་ལ་སོགས་པའོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་སོ། །དུས་གཞན་ཀྱི་ཚེ་བྱའི་དུས་དེ་ཉིད་ཀྱི་ཚེ་ནི་མ་ཡིན་ནོ། །ཧ་ཅང་བསྡུས་པ་དང་རྒྱས་པ་མ་ཡིན་པའི་ཕྱིར་ལན་གཉིས་ལན་གསུམ་མོ། །ཡང་དག་པར་བསྒོ་བར་བྱ་ཞེས་བྱ་བ་ནི་ཀུན་འདྲི་བའོ། །ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་བཟློག་པར་བྱ་བའོ། །དགེ་འདུན་ལྷག་མ་བཅུ་པའོ། །གཉིས་པ་ལ་ནི་ཡི་གེའི་དོན་ཉི་ཚེའོ། །དགེ་ཡང་རུང་ཞེས་བྱ་བ་ནི་འདི་ཕན་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་འདི་མི་ཕན་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་ཡི་གེ་ཕུན་སུམ་ཚོགས་པ་སྨྲ་བའོ། །འདུལ་བ་སྨྲ་བ་ཞེས་བྱ་བ་ནི་དོན་ཕུན་སུམ་ཚོགས་པར་སྨྲ་བའོ། །རྣམ་གྲངས་གཞན་དུ་ན་ཡང་དག་པའི་དོན་དང་ལྡན་བར་སྨྲ་བས་ན། ཆོས་སྨྲ་བའོ། །འཇམ་ཞིང་མཛའ་བ་ལྟར་སྨྲ་བའི་ཕྱིར་འདུལ་བ་སྨྲ་བའོ། །འདི་ནི་ཤེས་བཞིན་དུ་སྨྲ་ཞེས་བྱ་བ་ནི་རྟོགས་ནས་ཡིན་གྱིས་མ་རྟོགས་པར་མ་ཡིན་ནོ། །དེ་ལ་བདག་ཅག་འདོད་ཅིང་ཞེས་བྱ་བའི་བར་གྱིས་ནི་དགག་པ་དང༌། གཞག་པ་དང། བློ་གཅིག་པ་ཡང་བསྟན་ཏོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་མ་སྨྲ་ཅིག་ཅེས་བྱ་བ་ནི་དགག་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་གཞག་པའོ། །བདག་ཅག་ཀྱང་ཞེས་བྱ་བ་ནི་བློ་གཅིག་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་རྟུལ་བ་ཐམས་ཅད་དུ་ཉེས་བྱས་སོ། །བཞམས་ཏེ་བགོ་བའི་ཚེ་མི་གཏོང་ན་ཉེས་བྱས་སོ། །གསོལ་བ་བྱེད་པ་དང༌། ལས་བརྗོད་པ་དང་པོ་དང་གཉིས་པའི་ཚིག་རྫོགས་ནས་སྦོམ་པོ་སྟེ་རེ་རེའོ། །གསུམ་པོ་རྣམས་རྫོགས་ཏེ་ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་དུ་བསྒོ་ན་དངོས་གཞིའོ། །གལ་ཏེ་མཐུན་པ་རྣམས་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་བ་རྣམས་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་མ་ཡིན་པས་མི་མཐུན་པ་རྣམས་དང༌། ཆོས་མ་ཡིན་པ་ལྟར་བཅོས་པས་མཐུན་པ་རྣམས་དང༌། ཆོས་ལྟར་བཅོས་པས་མི་མཐུན་པ་རྣམས་དང༌། བཞམས་ཏེ་བསྒོ་བས་བསྒོ་བར་མི་


DTG151_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །དེས་དེ་ཉིད་དུ་ལྟུང་བ་དེ་མཐོལ་བར་བྱའོ། །རྣམ་པ་གཞན་ན་དེའི་འོག་ཏུ་གསོལ་བ་ལ་སོགས་པའི་ལས་ཉམས་སུ་མྱོང་ན་ཐམས་ཅད་དུ་ཉེས་བྱས་སོ། །ཚིག་ཏུ་མི་སྨྲ་ན་ཡང་འདི་ལྟུང་བ་སྟེ། གལ་ཏེ་ཐམས་ཅད་འདོད་དོ་ཞེས་སྨྲས་ན་ཁས་ལེན་པའོ། །དབྱེ་བར་མ་ཞུགས་པ་ལས་དབྱེ་བར་འདུ་ཤེས་པ་ལ་སྦོམ་པོའོ། །འདི་ལྟ་སྟེ་དཔེར་ན་དབྱེ་བར་འདོད་ལ་དབྱེ་བ་དང་རྗེས་སུ་མཐུན་པར་སྨྲས་པ་ལྟ་བུའོ། །དབྱེ་བར་ཞུགས་པ་ལ་དབྱེ་བར་ཞུགས་པར་འདུ་ཤེས་པ་ལ་དངོས་གཞིའོ། །དབྱེ་བར་ཞུགས་པ་ལ་དབྱེ་བར་མི་ཞུགས་པར་འདུ་ཤེས་པ་ལ་ལྟུང་བ་མེད་དེ། །འདི་ལྟ་སྟེ་དཔེར་ན་དབྱེ་བར་མི་འདོད་ལ། དབྱེ་བ་དང་རྗེས་སུ་མཐུན་པར་སྨྲས་པ་ལྟ་བུའོ། །དབྱེ་བར་མ་ཞུགས་པ་ལ་དབྱེ་བར་མ་ཞུགས་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །ཐེ་ཚོམ་ཟ་བ་ལ་སྦོམ་པོའོ། །ཅིའི་ཕྱིར་སྦྱོར་བ་མ་བཏང་བར་ལྟུང་བར་བཞག་ལ། དགེ་འདུན་བྱེ་ཟིན་ནས་མ་ཡིན། དགེ་འདུན་དབྱེ་ཟིན་ནས་ནི་གང་ཟག་དེ་མཚམས་མེད་པ་བྱེད་པ་ཡིན་པས་བསྙིལ་བར་འོས་པ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་དུས་དེ་ལ་དགེ་འདུན་ལྷག་མར་མི་གཞག་གོ །ལྟུང་བ་བྱུང་གི་འོག་ཏུ་གཟུགས་ཅན་སྙིང་པོ་གསོད་དུ་བཅུག་ཅེས་གྲག་གོ །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་མ་ཡིན་པ་ཡང་ཡོད་ད་མུ་བཞིའོ། །དབྱེ་བར་བྱེད་པའི་གཞི་ཉེ་བར་གཞག་པ་ནི་ཐ་དད་པའོ། །དགེ་འདུན་བྱེ་བ་ལ་དགེ་འདུན་རྣམ་པར་གནས་པ་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ། །མཚམས་ཐ་དད་དུ་གནས་པའི་ཕྱིར་དགེ་འདུན་རྣམ་པར་གནས་པའོ། །དགེ་འདུན་བྱེ་བ་ལ་དགེ་འདུན་གནས་ཐ་དད་པ་ཡང་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ། །གནས་ཐ་དད་པ་ནི་ཐ་དད་པའོ། །གང་ན་རང་བཞིན་དུ་གནས་པའི་དགེ་སློང་དགུ་ཡོད་པ་དེར་དགེ་འདུན་གྱི་དབྱེ་ན་འབྱུང་ངོ༌། །གང་ན་གཅིག་ཡོད་པ་ནས་བརྒྱད་ཀྱི་བར་དུ་འཁོད་པ་དེར་ནི་མི་འབྱུང་ངོ༌། །ཇི་ཙམ་གྱིས་དགེ་འདུན་དབྱེ་བར་འགྱུར་ཞེ་ན། གང་གི་ཕྱིར་དགེ་སློང་བཞི་དགེ་འདུན་གྱིས་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པའོ། །བསླབ་པ་བྱིན་པ་ལ་སོགས་པས་ཚུལ་ཤིང་བྲིམས་པ་དང༌། དང་པོ་འཁྲུགས་


DTG151_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །བཞད་གད་དབྱེ་བའི་ཕྱིར་ཚུལ་ཤིང་ལེན་དུ་བཅུག་གམ་གསོལ་བ་བྱེད་ན་སྦོམ་པོའོ། །གལ་ཏེ་དགེ་འདུན་ཐམས་ཅད་ཀྱི་ལས་བྱེད་པ་ལ་གནང་བ་བྱིན་ན་ཐམས་ཅད་དུ་སྦོམ་པོ་སྟེ། དགེ་འདུན་བྱེ་བ་ནི་མ་ཡིན་ནོ། །དགེ་འདུན་བྱེ་བ་གཞན་གྱི་ཕྱོགས་རྣམས་མཚམས་ན་གནས་ཀྱང་མི་མཐུན་པ་མེད་དོ། གསོ་སྦྱོང་བྱ་བ་ལ་སོགས་པ་གཞན་དང་ཐ་དད་དུ་གནས་པའི་ཕྱིར་ཆོས་སྨ་བས་མཚམས་བཤིག་ན་བཤིག་པ་ཡིན་ནོ། །སྐམ་ལ་གནས་པ་རྣམས་ནི་བདག་ཉིད་ཀྱི་ཕྱོགས་རྣམས་སུ་ཡང་འགྲོ་བར་མི་བྱ། ཆོས་མ་ཡིན་པའི་ཕྱོགས་སུ་ཡང་མ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ་གསོ་སྦྱོང་ལ་སོགས་པ་བྱའོ། །ཆོས་སྨྲ་པ་རྣམས་ཀྱིས་དགེ་སློང་མ་རྣམས་ལ་གདམས་པར་བྱའོ། །དེ་མེད་ན་གཟུ་བོ་སྐམ་ལ་གནས་པ་རྣམས་ཀྱིས་མཚམས་ཀྱི་ཕྱི་རོལ་དུ་དོང་སྟེའོ། །གཟུ་བོ་སྟེ་ཕྱོགས་གཉི་གར་མ་ལྷུང་བ་ནི་སྐམ་ལ་གནས་པ་ཞེས་བྱའོ། །དགེ་སློང་མའི་དགེ་འདུན་བྱེ་ན་རྗེས་སུ་བསྟན་པར་མི་བྱ་སྟེ། སྲིང་མོ་དག་རེ་ཞིག་མཐུན་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ལོགས་ཤིག་ཏུ་འཁོར་ལོ་འཛུགས་ན་སྦོམ་པའོ། །དགེ་ཚུལ་ལ་སོགས་པ་སྨ་ཕབ་པ་ལ་ཕན་འདོགས་སམ་སྡུད་ན་འཁོར་འབྱེད་པས་སྦོམ་པོའོ། །གྲོང་ཁྱེར་ཀཽ་ཤཱམྦཱི་པ་རྣམས་ཕྱོགས་གཉིས་སུ་གནས་ཀྱང་དེ་ལ་མི་གནས་པས་དགེ་འདུན་བྱེ་བ་མ་ཡིན་ནོ། །དགེ་འདུན་ལྷག་མ་བཅུ་གཅིག་པའོ།། །།འདུལ་བ་བསྡུས་པ། བམ་པོ་བཞི་པ། གླེང་གཞི་ནི་མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དང་དགེ་སློང་མ་ཁྱིམ་སུན་ཕྱུང་བ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྲད་པའི་ལས་བྱའོ་ཞེས་གསུངས་སོ། །མི་གནས་པ་ནི་བསྐྲད་པའོ། །དགེ་སློང་དང་དགེ་སློང་མ་འཐབ་ཀྲོལ་བྱེད་པ་འདིས་བསྡིགས་པས་གལ་ཏེ་ཕྱིར་མི་ལྡོག་ན་ཁྱོད་ད་དགེ་འདུན་གྱིས་རྟོག་ཏུ་གཞུག་སྟེ། དེ་ལྟར་བསྡིགས་པར་བྱའོ། །གང་ལྟུང་བ་བྱེད་པ་དེ་ལ་ཁྱོད་ནི་དགེ་འདུན་གྱིས་ཆོས་ཇི་ལྟ་བ་བཞིན་དུ་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་གཏན་ལ་འབེབས་པར་བྱེད་པས་བྱུང་བའི་རྩོད་པ་རྣམས་ལ་ནི་མི་བྱ་སྟེ། སློབ་དཔོན་ལ་སོགས་པས་བཟློག་པར་བྱའོ། །ཡང་ན་རྩོད་པ་ཞི་བར་བྱ་བས་ཞི་བར་བྱའོ། །དགེ་སློང་ལྟུང་བ་རྒྱུན་དུ་འབྱུང་བ་


DTG151_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་ལས་གཞན་པ་དག་ལ་ཡང་འདིས་སྨད་པའི་ཕྱིར་ཇི་སྲིད་དུ་མི་ལྡོག་པ་དེ་སྲིད་དུ་གནས་བཅའ་བར་བྱའོ་ཞེས་སྨད་པར་བྱའོ། །དགེ་སློང་ཁྱིམ་བདག་ལ་བརྙས་ཐབས་བྱེད་པ་དང༌། དགེ་སློང་དང༌། དེ་ལས་གཞན་པ་དག་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པར་བྱའོ། །དེས་ཁྱིམ་བདག་གམ་གཞན་ཡང་རུང་བ་བཟོད་པར་གསོལ་བར་བྱའོ། །དེ་ཉིད་ཕྱིར་འགྱེད་པ་བྱས་ནས་དེ་ཉིད་ཀྱི་ཚེའོ། །ལྟུང་བ་མ་མཐོང་བ་དང༌། ཕྱིར་བཅོས་པའི་ལས་མི་བྱེད་པ་དང༌། ལྟ་བ་མི་སྟོང་བ་ནི་དགེ་འདུན་གྱི་ནང་ནས་ཐ་དད་དུ་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ། །གནས་ནས་ཕྱུང་བས་གནས་ནས་འབྱིན་པར་བྱེད་པའི་མཐུ་དང་གྲོགས་ཀྱི་མཐུ་ཤེས་ནས་དགེ་འདུན་དང་འཐབ་པར་གྱུར་པ་སྤང་བའི་ཕྱིར་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་པར་བྱའོ། །གནས་ནས་འབྱིན་པར་བྱེད་པས་གནས་ནས་ཕྱུང་བའི་རྣམ་པ་དེ་ལྟ་བུར་རིག་ནས་མི་འདོད་ན་གླེང་བར་མི་བྱ། དྲན་པར་མི་བྱའོ། །དེ་ལྟ་བུ་གནས་ནས་འབྱིན་བར་བྱེད་ན་སྦོམ་པོའོ། །དེ་དག་ཀྱང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། མང་དུ་ཐོས་པ་དང༌། ཕྱོགས་མང་བ་དང༌། གཡོག་འཁོར་མང་བ་ཤེས་པ་དང༌། བསོད་ནམས་ཆེ་བའོ། །རྒོལ་བ་དང༌། ཕྱིར་རྒོལ་བ་ཁྱིམ་གྱི་ནང་དུ་སྟན་པར་མ་བཞག་པ་ལ་འདུག་པར་བྱའོ། །བར་མ་ལ་གཟུ་བོ་གཞག་པར་བྱའོ། །དེའི་ཚེ་གཟུ་བོས་མཚམས་ཀྱི་ཕྱི་རོལ་དུ་གསོ་སྦྱོང་བྱའོ། །ཕྱོགས་གཞན་དང་གལ་ཏེ་གསོ་སྦྱོང་བྱས་ན་བྱས་པ་ཉིད་དེ། དེ་ལ་ཉེས་བྱས་ཀྱི་ལྟུང་བ་ཡོད་དོ། །ཕྱོགས་གཞན་གྱིས་ཕྱོགས་གཞན་ལ་བྱས་ན་བྱས་པ་མ་ཡིན་ནོ། །ལས་འདི་དག་ནི་གླེང་བར་མ་བྱས་པ་དང། དྲན་པར་མ་བྱས་པ་དང༌། གཞི་མེད་པ་དང༌། ལྟུང་བ་མ་བྱུང་བ་དང༌། ཁས་མི་ལེན་པ་དང༌། དགེ་འདུན་གྱི་ནང་དུ་ཁས་མི་ལེན་པ་དང༌། མངོན་སུམ་དུ་མ་གྱུར་བར་བྱས་ན་ཆོས་མ་ཡིན་པ་སྟེ། དགེ་འདུན་ལ་ཉེས་བྱས་སོ། །བཟློག་པ་ནི་ཆོས་དང་ལྡན་པའོ། །དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་ཁས་ལེན་ན་ཁས་བླངས་པར་བལྟ་བར་བྱའོ། །ཇི་སྐད་བསྟན་པའི་ལས་བྱས་པ་རྣམས་ཀྱིས་ཀུན་དུ་སྤྱོད་པ་ནི་རབ་ཏུ་དབྱུང་བར་མི་བྱའོ། །བསྙེན་པར་རྫོགས་པར་མི་བྱའོ། །གནས་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །དགེ་སློང་མ་ལ་གདམས་ངག་དཔོག་པར་མི་


DTG151_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འོ། །དེས་གདམས་ངག་དབོག་པ་བསྐོ་བར་མི་བྱའོ། །དགེ་སློང་མ་ལ་གླེང་བར་མི་བྱའོ། །གདམས་ངག་ལ་སོགས་པ་གཞག་པར་མི་བྱའོ། །དེ་ཆོས་ཉི་ཤུ་དང་ལྡན་ན་མི་གཏོང་སྟེ། ང་རྒྱལ་མི་གཏོང་བས་དགེ་འདུན་ལ་སྤུ་མི་སྙོལ་པ་དང༌། ཆད་པའི་ལས་ཇི་སྐད་བསྟན་པ་རྣམས་མི་གཏོང་བས་འབྱུང་བར་མི་བསྐྱོད་པ་དང༌། ཅི་ལྟར་འོས་པ་བཞིན་དུ་མཆོད་པའི་ཆོ་གས་སྡུད་པར་མི་སྟོན་པ་དང༌།། མཚམས་ཀྱི་ནང་དུ་གནས་ལ་དབྱུང་བར་གསོལ་བ་མི་འདེབས་པ་དང༌། ཇི་ལྟར་བྱས་པའི་ཉེས་པ་ལས་མི་ལྡོག་པ་དང༌། རྒྱལ་པོ་དང༌། བསྐོས་པ་འདུ་བའི་ས་དང༌། མུ་སྟེགས་ཅན་དང༌། གང་ཟག་ལ་རྟོན་པ་དང༌། དགེ་འདུན་ལ་མི་རྟོན་པ་དང༌། ཁྱིམ་པ་དང༌། མུ་སྟེགས་ཅན་གྱི་རྒྱལ་མཚན་ཐོགས་པ་དང༌། མུ་སྟེགས་ཅན་ལ་བརྟེན་པ་དང༌། ལྟུང་བ་ཀུན་དུ་སྤྱོད་པ་དང༌། དགེ་སློང་གི་བསླབ་པ་ལ་མི་སློབ་པ་དང༌། དགེ་སློང་རྣམས་ལ་གཤེ་བ་དང༌། ཁྲོ་བ་དང༌། མཚང་འདྲུ་བ་དང༌། དགེ་འདུན་གྱི་རྙེད་པ་མེད་པར་བྱེད་པ་དང༌། གནས་མེད་པར་བྱེད་པ་སེམས་ཏེ། འདི་དག་ལས་བཟློག་པ་ཉི་ཤུ་དང་ལྡན་ན་བཟོད་པ་གསོལ་བར་བྱ་སྟེ། འདི་ལྟར་རྣམ་པར་གནས་སོ། །དེ་བཞིན་གཤེགས་པའི་བཀས་འཕགས་པ་ཀུན་དགའ་བོ་དང༌། གྲོགས་དགེ་སློང་གནས་བརྟན་གྱིས་ལམ་གྱི་བར་དུ་གླེང་བ་པོ་ཆོས་ལྔ་དང་ལྡན་པ་བསྐོས་ཏེ། རེ་ལྡེ་རི་ལ་འགྲོ་མགྱོགས་དང༌། ནབས་སོ་ཁྱིམ་སུན་ཕྱུང་སྟེ་བསྐྲད་པའི་ལས་བྱས་པ་དང༌། དེ་དག་དང་མཉམ་དུ་སྤྱོད་པ་དམར་སེར་ཅན་དག་གིས་ལམ་དུ་ཐོས་ནས་མཉན་ཡོད་དུ་དང་སྟེ་ལྟུང་བ་ཆོས་བཞིན་དུ་བྱས་སོ། །དེ་དག་གིས་དེ་དག་མཐོན་ནས་ཚེ་དང་ལྡན་པ་ལས་བྱེད་པ་ནི་འདུན་པས་འགྲོ་བ་སྟེ། ལྟུང་བ་འདྲ་བ་ལས་ངེད་ལ་ནི་བྱས། འདི་དག་ལ་ནི་མ་བྱས་སོ་ཞེས་ཟེར་རོ། །དེ་དག་ལ་དགེ་སློང་རྣམས་ཀྱིས་བཟློག་པའི་ཕྱིར་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་ནི་མ་བཟློག་པས་ཟང་ཟིང་ལ་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་ནས་ཁྱིམ་ལ་སེར་སྣ་བྱེད་པའི་ཉོན་མོངས་པས་བཅུ་གཉིས་པ་བཅས་སོ། །གྲོང་ཞེས་བྱ་བ་ནི་གང་ན་ཚོང་ཁང་དང་ར་བས་བསྐོར་བ་ལ་སོགས་པ་མེད་པའོ། །གང་ན་ར་བ་ལ་སོགས་པ་མེད་པ་དེ་ནི་གྲོང་རྡལ་ལོ། །རྣམ་པའི་དོན་གྱིས་སམ་ཞེས་བྱ་བའི་སྒྲས་ནི་གྲོང་


DTG151_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཡང་གཟུང་སྟེ། གང་ན་ར་བ་ལ་སོགས་པ་ཡོད་པའོ། །ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ནི་གཉིས་ཀྱི་ཕྱིར་ཁྱིམ་རྣམས་སུན་འབྱིན་སྟེ། བདག་ཀྱང་སྡིག་པ་ལ་སྤྱོད་པ་དང༌། གཞན་དག་ལ་ཡང་མི་སྙན་པར་བརྗོད་པའི་ཕྱིར་རོ། །སྡིག་པ་ཀུན་དུ་སྤྱོད་པ་ཇི་ལྟ་བུ་ཞེ་ན་བུད་མེད་ཀྱི་ཡུལ་དང༌། ལྷན་ཅིག་སྟན་གཅིག་ལ་སོགས་པ་ལ་བརྟེན་པ་སྟེ་འདྲ་བ་དང༌། མེ་ཏོག་དང་འབྲས་བུ་ལ་སོགས་པ་སྦྱིན་པ་སྟེ། ལོངས་སྤྱོད་པས་སོ། །མི་སྙན་པ་སྒྲོགས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་རྣམས་ཀྱི་ཚུལ་ཁྲིམས་ལ་སོགས་པ་ལོག་པར་ཞུགས་པ་རྣམ་པ་བཞི་པོ་ཐམས་ཅད་ཀྱིས་ཏེ་མི་སྙན་པར་སྒྲོགས་པའོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་ཁྱིམ་སུ་འབྱིན་པར་བྱེད་པས་ཁ་ན་མ་ཐོ་བ་འཕེལ་བའོ། །མཐོང་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དེ་ལས་གཞན་པ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་ནི་མཐོང་བ་དང་ཐོས་པ་དང༌། དོགས་པ་བསྟན་ཏོ། །དེད་ཤིག་ཅེས་བྱ་བ་ནི་བསྐྲད་བར་བྱ་བའི་ལས་སྟོན་ཏོ། །འདུན་པས་འགྲོ་ཞེས་བྱ་བ་ནི་གང་དག་མ་བསྐྲད་པ་དེ་དག་ལ་ཆགས་པས་འགྲོ་བའི་ཕྱིར་རོ། །ཞེ་སྡང་གིས་འགྲོ་བ་ཞེས་བྱ་བ་ནི་གང་དག་བསྐྲད་པ་དེ་དག་ལ་ཞེ་སྡང་གིས་ཀུན་ནས་དཀྲིས་པའི་ཕྱིར་རོ། །གཏི་མུག་གིས་འགྲོ་བ་ཞེས་བྱ་བ་ནི་གང་དག་མ་བསྐྲད་པ་དེ་དག་ལ་ཁྱིམ་སུན་ཕྱུང་བར་མི་ཤེས་པ་སྟེ་རྨོངས་པའི་ཕྱིར་རོ། །འཇིགས་པས་འགྲོ་བ་ཞེས་བྱ་བ་ནི་མ་དོང་པ་དེ་དག་ཉིད་ལ་འཇིགས་པས་ལན་མི་བྱེད་པའི་ཕྱིར་རོ། །ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་བྱ་བ་ནི་དམར་སེར་ཅན་ལ་སོགས་པའོ། །བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱའོ། །ལན་གཉིས་ལན་གསུམ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ས་ལ་འདུག་པས་ནམ་མཁའ་ལ་འདུག་པའམ། །བཟློག་པའམ། མཚམས་ཀྱི་ཕྱི་རོལ་ན་འདུག་སྟེ་བསྒོ་ན་བསྒོ་བ་མ་ཡིན་པའོ་ཞེས་བརྗོད་པར་བྱའོ། །གསོལ་བ་མ་བྱས་པར་ལས་བྱེད་ན་བསྒོ་བ་མ་ཡིན་ནོ། །ཐོག་མ་ཉིད་དུ་འདུན་པས་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཉེས་བྱས་སོ། །བཞམས་ཏེ་བསྒོ་བའི་ཚེ་མ་བཏང་ན་ཡང་ཉེས་བྱས་ཉིད་དོ། །གསོལ་བའི་ཚེ་སྦོམ་པོའོ། །དེ་བཞིན་དུ་ལས་བརྗོད་བ་དང་པོ་རྫོགས་


DTG151_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གཉིས་པ་དག་དང༌། གསུམ་པ་རྣམས་རྫོགས་ལ་གལ་ཏེ་ཆོས་བཞིན་དུ་བསྒོ་ན་དགེ་འདུན་ལྷག་མའོ། །རྣམ་པ་གཞན་དུ་དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་རོ། །འདུན་པས་འགྲོ་བ་རྣམས་ལ་འདུན་པས་འགྲོ་བ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་བའི་འདུ་ཤེས་ན་ཡང་སྦོམ་པོའོ། །འདུན་པས་འགྲོ་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །འདུན་པས་འགྲོ་བ་མ་ཡིན་པ་རྣམས་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་དགེ་འདུན་ལྷག་མའོ། །འདུན་པས་འགྲོ་བར་འདུ་ཤེས་པ་ལ་ཉེས་བྱས་སོ། །བསྐྲད་པའི་ལས་མ་བྱས་པར་འདུན་པས་འགྲོ་བ་ཞེས་སྨྲས་ན་ཉེས་བྱས་སོ། །དགེ་འདུན་སུན་འབྱིན་པ་ལ་ལྟུང་བ་འདི་རྣམ་པར་གཞག་གི །རིགས་སུན་འབྱིན་པ་ལས་མི་ལྡོག་པ་ལས་ནི་མ་ཡིན་ནོ། །ཁྱིམ་སུན་ཕྱུང་བ་ཞེས་བྱ་བ་ནི་འདིར་རྣམ་པ་གཅིག་ལ་ཡང་ལྟུང་བ་གཞི་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་ནི་ཡང་དག་པར་འདུ་ཤེས་ནའོ། །ཉོན་མོངས་པའི་སེམས་ཀྱིས་དགེ་སློང་ཕྲ་མ་བྱེད་ན་ལྟུང་བའོ། །ཡང་དག་པ་མ་ཡིན་པར་འདུ་ཤེས་པ་ལ་ནི་བརྫུན་དང་ཕྲ་མའོ། །དགེ་འདུན་ལྷག་མ་བཅུ་གཉིས་པའོ།། །།གྲོང་ཁྱེར་ཀཽ་ཤཱམྦཱིར་འདུན་པའི་ཕྱིར་ཆོས་ལ་ལོངས་སྤྱོད་པར་གཞིའི་དབང་དུ་མཛད་ནས། རང་དབང་མེད་པར་མི་བཟོད་པའི་ཉོན་མོངས་པས་བཅུ་གསུམ་པ་བཅས་སོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཞེས་བྱ་བ་ནི་ཚིག་མི་བཟོད་པའོ། །གདོན་པར་གཏོགས་པ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིད་བརྗོད་པའོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཅས་པ་རྣམས་ཀྱིས་སོ། །ཆོས་དང་མཐུན་བ་ཞེས་བྱ་བ་ནི་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་ཚིག་གི་ལམ་གསུམ་གྱིས་སོ། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་དུས་དང༌། ཡང་དག་པ་དང༌། དོན་དང་ལྡན་པ་དང༌། འཇམ་པོ་དང༌། མཛའ་བ་ལྟ་བུས་སོ། དགེ་ཡང་རུང༌། སྡིག་ཀྱང་རུང་ཞེས་བྱ་བ་ནི་འདི་ཕན་པ་དང་མི་ཕན་པ་སྟེ་གོ་རིམས་བཞིན་ནོ། །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་ཚིག་གི་ལམ་བྱུང་བ་བཟློག་པའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཞིག་ཅེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་ཚིག་འགོག་པར་བྱེད་པའོ། །བདག་ལ་མ་སྨྲ་ཤིག་ཅེས་བྱ་བ་ནི་སྨྲས་པ་ཙམ་གང་ཡིན་པ་དེ་བཟོད་དོ་ཞེས་


DTG151_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སྟོན་ཏོ། །གཅིག་ལ་གཅིག་བརྗོད་པར་བྱ་བ་ཞེས་བྱ་བ་ནི་སྐབས་དབྱེ་བའི་ཕྱིར་ཏེ། དེ་ལྟར་ན་སྨྲ་བར་འོས་པ་ཡིན་ནོ། །གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་ཅེས་བྱ་བ་ནི་ལྟུང་བ་ལས་གླེང་བའོ། །དེ་ཡང་ལྷའི་མིག་དང་རྣ་བས་མཐོང་ངམ་ཐོས་ནས་གླེང་བར་བྱ་བ་ནི་མ་ཡིན་ནོ། །མ་བསྐོས་པར་མ་ཡིན་ནོ། །དགེ་འདུན་གྱི་དབུས་སུ་མ་ཡིན་ནོ། །དགེ་འདུན་གྱི་དབུས་སུ་ལྟུང་བ་བྱེད་པ་ལ་གླེང་བ་ནི་ལྟུང་བ་མེད་དོ། །སུ་ལ་དབེན་པར་གླེངས་པ་ནི་མི་དྲན་ན་དེ་དྲན་པར་བྱའོ། །དྲན་ན་འཁྲུགས་པ་ལྟ་ན་སྐབས་ཕྱེ་ཤིག་ཅེས་བྱའོ། །གལ་ཏེ་མི་ཕྱེད་ན་མི་སྨྲ་བར་བྱའོ། །དེ་བཞིན་དུ་ཡང་གཞན་ནས་གཞན་དུ་བྱེད་ན་གདམས་ངག་གཞན་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་བྱ་བ་ཡང་ངོ༌། །དེང་གི་ཉི་མ་ལ་བདག་གིས་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་དགག་པར་བགྱི་སྟེ། མིང་འདི་ཞེས་བྱ་བ་མཆིས་ན་དགེ་འདུན་གསོ་སྦྱོང་མི་མཛད་དོ་ཞེས་བྱ་བའོ། །དེ་བཞིན་དུ་དགག་དབྱེ་བྱ་བ་ལ་ཡང་ངོ༌། །གལ་ཏེ་གཞི་མེད་པའི་ལྟུང་བའི་གནས་བྱས་ཀྱང་རུང༌། མ་བྱས་ཀྱང་རུང༌། གཉི་ག་ཡང་རུང༌། ལྷག་མ་དང་བཅས་པ་ཡང་རུང༌། ལྷག་མ་མེད་པ་ཡང་རུང་སྟེ། བཞག་ན་ཆོས་མ་ཡིན་པས་གཞག་པ་ཡིན་ནོ། །ལྷའི་མིག་གིས་སམ། རྣ་བས་སམ། འོན་པ་ལ་འམ། མཐའ་འཁོབ་པ་ལ་འམ། ཁས་བླངས་པས་ཁས་མ་བླངས་པའམ། བཟློག་པ་འམ། ས་ལ་འདུག་པས་ནམ་མཁའ་ལ་འདུག་པ་ལ་འམ། བཟློག་པ་ལ་བཞག་ན་བཞག་པ་མ་ཡིན་པའོ། །ལྷག་མ་མེད་པའི་བར་དུ་གཞི་དང་བཅས་བས་ན་ཆོས་བཞིན་ནོ། །ལེགས་པར་མ་མཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པར་བཞག་ན་ཉེས་བྱས་སོ། །མཚམས་མནན་ཏེ་གནས་མང་པོ་ཞིག་ཏུ་གཅིག་གིས་མང་པོ་བཞག་ནའོ། །དགེ་འདུན་གྱིས་བསྐོས་པའི་གླེང་བ་པོའི་ཆོ་ག་ནི་དེས་གནས་ལྔ་ལ་གནས་པར་བྱའོ། །སྟན་ལས་ལངས་ལ་མཆིལ་ལྷམ་དག་ཕུད་དེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ། རྒན་རིམས་བཞིན་དུ་ཕྱག་འཚལ་ཏེ། དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་ནས་རྣམ་པ་ལྔས་བརྟག་པར་བྱ་སྟེ། ཅི་བདག་ཚུལ་ཁྲིམས་དང་ལྡན་ནམ། ངོ་ཚར་ཤེས་སམ། འགྱོད་པ་དང་ལྡན་ནམ། བསྡམས་སམ། བསླབ་པ་འདོད་དམ་སྙམ་དུ་རྣམ་པ་ལྔས་སོ། །ཡང་དག་པ་ཡིན་ནམ་ཡང་དག་པ་མ་ཡིན་སྙམ་པ་ལ་


DTG151_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམ་པ་ལྔ་དྲན་བར་བྱའོ། །ད་ནས་ཁྱོད་ལ་འདི་ལྟ་བུ་གླེང་ན་སྐབས་ཕྱེ་ཤིག་ཅེས་བརྗོད་པར་བྱའོ། །དེས་ཀྱང་བདག་ལ་གང་གིས་གླེང་ཞེས་ལྟུང་བའི་དབྱེ་བ་རྒྱ་ཆེར་བརྗོད་པར་བྱའོ། །གླེང་བར་བྱ་བས་ཀྱང་གནས་ལྔ་ལ་གནས་ནས་ཚུལ་ཁྲིམས་ལ་སོགས་པ་ལ་བརྟགས་ཏེ་སྐབས་དབྱེ་བར་བྱའོ། །གཞན་ལས་ཡང་དག་པས་གླེངས་པ་ལ་སོགས་པ་འདི་དག་ག་ལ་རྙེད་སྙམ་དུ་དེ་ལྟར་དྲན་པར་བྱའོ། །དེ་ནས་བདག་ལ་གང་གིས་གླེངས། རྣམ་པ་ཅི་ལྟ་བུ་ཞེས་དབྱེ་བ་དུ་མ་སྨྲས་ལ། ཁྱོད་ལ་སྐབས་དབྱེའོ་ཞེས་བྱའོ། །དེ་ནས་གླེང་པ་པོས་ཁྱོད་ཀྱིས་འཁྲུལ་པ་འམ། ལྐོག་ནས་སྨྲས་པའམ། གློ་བུར་དུ་སྨྲ་བའམ། རྟབས་ཏེ་སྨྲ་བ་མི་གཟུང་གི །ཁྱོད་ཀྱིས་སྨྲས་གང་ཡིན་པ་དེ་དག་གིས་ཁྱོད་ལ་ལན་གསུམ་བཟླས་སོ་ཞེས་དེའི་བག་ཕབ་སྟེ། དེའི་འོག་ཏུ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་བདག་ནི་དགེ་འདུན་གྱིས་ཁྱོད་ལ་བསྒོ་བར་བསྐོས་ཏེ། ལས་གང་བྱ་བར་འོས་པའི་ལས་དེ་བྱེད་དུ་གཞུག་གོ །ཇི་ལྟར་བདག་ལ་གནོད་པར་མི་འགྱུར་བ་དང༌། གཞན་ལ་གནོད་པར་མི་འགྱུར་པ་དང༌། དག་པ་རྣམས་ལ་སྐུར་པ་མི་གདབ་པ་དང༌། སོ་སོར་ཐར་པ་ལ་གནས་པའི་དགེ་སློང་རྣམས་མི་སྦང་བ་དང༌། གནས་བརྟན་རྣམས་ལ་བརྙས་ཐབས་མི་བྱ་བ་དེ་ལྟར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ཆོ་ག་བཞིན་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱས་སོ། །གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཞེས་བྱ་བ་ནི་ལྟུང་བ་རྟོགས་ནས་འབྱིན་པར་འདོད་པ་རྣམས་སོ། །དེ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཅི་ཙམ་དུ་བདག་གིས་མི་སྨྲ་བར་ཆུང་ཟད་བྱས་ན་ཉེས་བྱས་སོ། །དེ་བཞིན་དུ་བཞམས་ཏེ་བསྒོ་བའི་ཚེ་མི་གཏོང་ན་ཡང་དོ། །གསོལ་བ་འམ། ལས་བརྗོད་པ་དང་པོ་འམ་གཉིས་པ་དག་རྫོགས་ན་སྦོམ་པོའོ། །གསུམ་པ་རྣམས་རྫོགས་ན་དགེ་འདུན་ལྷག་མའོ། །མ་གླེངས་པར་བཀའ་བློ་མི་བདེ་བས་བདག་གིས་འཇོག་ན་ཉེས་བྱས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་ཉན་པ་རྣམས་དབུགས་དབྱུང་བའི་ཕྱིར་ཡོངས་སུ་རྫོགས་པར་སྟོན་ཏོ། །དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ་ཞེས་བྱ་བ་ནི་བཟློག་ཀྱང་རུང༌། མ་བཟློག་ཀྱང་རུང་བྱས་པ་ཙམ་ཉིད་ཀྱིས་ལྟུང་བ་རྣམ་པར་གནས་པའོ། །གཞི་ནི་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱན་ནས་བརྩམས་ཏེའོ། །ལན་གསུམ་གྱི་


DTG151_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཞེས་བྱ་བ་བཟློག་སྟེ་མི་ལྡོག་ན་ལས་བརྗོད་པ་གསུམ་རྫོགས་ན་ལྟུང་བ་རྣམ་པར་གནས་སོ། །དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ལྔས་ལྟུང་བ་ལས་ལྡང་བར་ཡོངས་སུ་སྟོན་ཏེ་ཉེས་པ་སྟེ། ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཞེས་བཀའ་སྩལ་པ་གང་ཡིན་པའོ། །བསམས་པ་སྟེ་ཅི་སྲིད་དུ་ཤེས་བཞིན་དུ་འཆབ་པ་ཞེས་བཀའ་སྩལ་པ་གང་ཡིན་པའོ། །ཉེས་པའི་ཆད་པའི་ལས་ནི། ཞག་དྲུག་གི་བར་དུ་ཞེས་བཀའ་སྩལ་པ་གང་ཡིན་པའོ། །སྤྱད་པ་སྟེ་དགེ་འདུན་གྱི་སེམས་མགུ་བར་བྱས་ཞེས་བཀའ་སྩལ་པ་གང་ཡིན་པའོ། །གང་ཟག་སྟེ། གང་ན་ཉི་ཤུའི་ཚོགས་ཡོད་པ་ཞེས་བཀའ་སྩལ་པ་གང་ཡིན་པ་སྟེ། །ཚུན་ཆད་ཀྱི་གྲངས་བཅད་པའི་ཕྱིར་གྲངས་ཉི་ཤུ་གཟུང་ངོ༌། །དེ་ལ་ཡོངས་སུ་སྤོ་བ་ནི་བཅབས་པའི་ལྟུང་བ་ལས་མཚན་མོའི་མཐའ་དང་སེམས་ཀྱིས་བཅབས་པ་སྟེ། བཅབས་པར་སེམས་བསྐྱེད་ནས་སྐྱ་རེངས་ཤར་ན་མཚན་མོ་གཅིག་བཅབས་པར་འགྱུར་རོ། །གང་འདི་ལྟུང་བར་མི་ཤེས་སམ་བརྗེད་པར་ཡང་རུང་སྟེ། བཅབས་པའི་སེམས་མེད་པས་དེ་ལ་མཚན་མོ་འདས་པའི་བཅབས་པའི་ལྟུང་བ་མེད་དོ། །འཆགས་པར་འདོད་པ་ལས་བརྗོད་དེ་མ་བཤགས་ན་ཉེས་བྱས་མང་པོ་བཤགས་པར་བྱའོ། །འོན་པ་དང་སྐད་བརྡ་མི་ཕྲད་པ་དང༌། རང་བཞིན་དུ་གནས་པ་མ་ཡིན་པ་ལ་ནི་བརྗོད་པ་མ་ཡིན་ཏེ་ཉེས་བྱས་ཀྱང་ངོ༌། །ནམ་མཁའ་ལ་གནས་པས་ས་ལ་འདུག་པ་ལ་བརྗོད་ན་བརྗོད་པ་མ་ཡིན་ཏེ་ཉེས་བྱས་ཀྱང་ངོ༌། །རང་བཞིན་དུ་གནས་པ་མཚམས་ཀྱི་ནང་དུ་འདུག་པ་ལས་བཅབས་པར་འབྱུང་ངོ༌། །འོན་པ་ལ་སོགས་པ་དང་སྐད་མི་ཤེས་པ་དང༌། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང༌། འཁྲུགས་པ་དང༌། གནས་པར་མི་བྱ་བ་ལ་སོགས་པ་དང༌། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཉིན་མོ་དགེ་སློང་དང་ལྷན་ཅིག་གནས་ལ། མཚན་མོ་དགེ་སློང་མེད་པའི་གནས་སུ་གནས་པ་དེ་ཇི་སྲིད་འཚོའི་བར་དུ་གནས་ཀྱང་བཅབས་པར་མི་འགྱུར་རོ། །ལྟུང་བ་གཉིས་བྱུང་བ་ལ་ཟླ་བ་གཉིས་བཅབས་ཏེ་གཅིག་སྤོ་བ་བྱེད་པ་ན་གཉིས་པ་བཅབས་པ་ཁས་ལེན་ན་ནི་ཟླ་བ་དེ་གཉིས་ཀྱིས་སྤོ་བ་སྦྱིན་པར་བྱའོ། །བཅབས་པ་ལས་བཅབས་པར་ཁས་ལེན་ན་དེ་ལྷག་པར་ཟླ་བ་གཉིས་སོ། །བཅབས་པའི་ཆགས་པར་འདོད་པ་དྲན་པ་ཉམས་ནས་དུས་


DTG151_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཆོད་དེ་དྲན་པ་ལས་ཡང་བཅབས་ན་དྲན་པ་ཉམས་པ་མ་གཏོགས་པ་རྒྱུན་གཉི་གའི་སྤོ་བ་བྱེད་དུ་གཞུག་གོ །མ་བཅབས་པ་ལ་བཅབས་པ་ནི་རྒྱུད་ཕྱི་མའོ། །བཅབས་པ་ལ་མི་འཆབ་པ་ནི་རྒྱུད་སྔ་མའོ། །བཅབས་པ་ལ་མི་འཆབ་པ་ནི་མགུ་བར་བྱ་བར་ཟད་དེ་སྤོ་བ་མེད་དོ། །དེ་ལྟར་དཔག་ཏུ་ཡོད་པ་དང་ལྡན་ནམ། དཔག་ཏུ་མེད་པ་དང་ལྡན་པ་སྟེ། ལྟུང་བ་གཅིག་གམ། གཉིས་སམ། མང་པོ་ཡང་རུང་བཅབས་སམ་མ་བཅབས་ཀྱང་རུང་སྟེ། བབས་སམ་དགེ་ཚུལ་ལ་སོགས་པའི་དངོས་པོར་ཁས་བླངས་ནས་ཡང་བསྙེན་པར་རྫོགས་པ་དང༌། བཟོད་པ་གསོལ་བ་ཡང་རུང་སྟེ། བཅབས་པ་དང་མ་བཅབས་པ་བརྗོད་ཅེས་བྱ་བ་ནི་མུ་བཞིར་བརྗོད་པར་བྱའོ། །གང་མཚན་མོའི་མཐའ་དང་ལྟུང་བའི་མཐའ་མི་ཤེས་པ་དེ་ནི་དཔག་ཏུ་མེད་པ་དང་ལྡན་པའོ། །གང་སྤོ་བ་སྤྱོད་པ་དང༌། མགུ་བར་བྱ་བར་སྤྱོད་པ་དང༌། མགུ་བ་བྱས་ཟིན་ནས་དགེ་འདུན་ལྷག་མ་ལས་དབྱུང་བ་དང་བབ་པ་དང༌། དགེ་ཚུལ་ལ་སོགས་པའི་དངོས་པོར་ཁས་བླང་བ་ནི་མ་བྱས་པ་བྱེད་དུ་གཞུག་གོ །གང་མཚན་མོའི་མཐའ་མི་ཤེས་པ་དེ་ནི་དག་པའི་མཐའ་ནས་ཉེ་བར་བཟུང་སྟེ་སྤོ་བ་བྱེད་དུ་གཞུག་སྟེ་གཞི་ནས་བརྩམ་ཞེས་བྱ་བའི་ཐ་ཚིག་གོ །གཞན་ནི་ཇི་ལྟར་བཅབས་པ་བཞིན་ནོ། །གང་སྤོ་བ་བྱེད་པ་ལས་ལྟུང་བ་སྔ་མ་དང་འདྲ་བ་གཉིས་པ་བྱུང་བ་དེ་ཚར་བཅད་པའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་གཞི་ནས་བསླང་སྟེ་སྤོ་བ་བྱེད་དུ་གཞུག་གོ །གཞི་ནས་བརྩམས་ཏེ་ཡང་གནས་པར་བྱ་བ་ནི་གཞི་ནས་བསླང་སྟེ་སྤོ་བ་ཞེས་བྱའོ། །ལན་གཉིས་གསུམ་དུ་བཟླས་པ་དེ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྟེ། གཞི་ནས་བྱེད་པ་ལ་ཡང་གཞི་ནས་བསླངས་ཏེ་བྱེད་པའོ། །གང་ཟག་སྤོབས་པ་དྲུག་སྟེ། ཐམས་ཅད་གནག་པ་ནི་གང་ཐམས་ཅད་ཆོས་མ་ཡིན་པ་བྱས་པའོ། །ཕལ་ཆེར་གནག་པ་ནི་གང་སྤོ་བ་ནི་ཆོས་བཞིན་ལ། གཞན་ཐམས་ཅད་ནི་ཆོས་མ་ཡིན་པའོ། །ཕྱེད་གནག་པ་ནི་གང་གཞི་ནས་བསླང་བའི་སྤོ་བ་ནི་ཆོས་བཞིན་ལ་གཞན་ཐམས་ཅད་ནི་ཆོས་མ་ཡིན་པའོ། །ཕྱོགས་གཅིག་གནག་པ་ནི་གང་ཡང་གཞི་ནས་བསླང་བ་ཡང་ཆོས་བཞིན་ལ། གཞན་ཆོས་མ་ཡིན་པའོ། །ཕྱོགས་གནག་པ་ནི་མགུ་བར་བྱ་བ་ཡང་ཆོས་


DTG151_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ། ཕྱོགས་གཅིག་ཆོས་མ་ཡིན་པའོ། །ནག་པོ་མེད་པ་ནི་དབྱུང་བ་ཡང་ཆོས་བཞིན་པ་སྟེ། འདི་ནི་ལྟུང་བ་ལས་བྱུང་བ་ཡིན་གྱི། སྔ་མ་ནི་མ་ཡིན་ནོ། །སྤོ་བ་སྤྱད་ཟིན་པ་ནི་མགུ་བར་བྱ་བ་བྱེད་དུ་གཞུག་པར་བྱའོ། །གང་མ་བཅབས་པ་དེ་ནི་ཐོག་མ་ཉིད་ནས་མགུ་བར་བྱ་བ་བྱེད་དུ་གཞུག་སྟེ། དེས་དགེ་སློང་རྣམས་ཀྱི་ཡིད་དགའ་པར་བྱེད་པས་མགུ་བར་བྱ་བའོ། །གང་དེ་ནས་གནས་པ་ལས་གཉིས་པ་དེ་དང་རིགས་མཐུན་པ་ཡང་བྱུང་ན་དེ་གཞི་ནས་མགུ་བར་བྱ་བ་བྱེད་དུ་གཞུག་གོ །གང་ལན་གསུམ་བྱུང་བ་དེ་ནི་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བྱེད་དུ་གཞུག་གོ།། སྤོང་བ་དང༌། མགུ་བར་བྱ་བ་སྤྱད་པ་གལ་ཏེ་དགེ་འདུན་ལྷག་མ་བྱུང་ཡང༌། མི་འདྲ་བ་ཡིན་ན་ནི་དངོས་པོ་སྦྱངས་ལ་ཉེས་བྱས་བཤགས་པར་བྱ་སྟེ། དེ་དག་ནི་སྤོ་བ་བྱེད་པ་དང་མགུ་བ་བྱེད་པ་ཉིད་དོ། །དགེ་འདུན་ལྷག་མ་དང་པོ་གལ་ཏེ་ཞག་གཅིག་བཅབས་པ་ལས་ཞག་བཅུ་གསུམ་པ་བཅབས་པའི་བར་དུ་གྱུར་ན་དེ་ལ་གང་མ་རུངས་པ་དང༌། ལྕི་བ་དང༌། དྲག་པོ་དང༌། མི་བཟད་པས་བྱས་པ་དེའི་དབང་གིས་སྤོ་བའོ། །སྤོ་བ་སྤྱོད་པ་དང༌། མགུ་བར་བྱ་བ་སྤྱོད་པའི་ཀུན་དུ་སྤྱད་པ་ནི། རང་བཞིན་དུ་གནས་པ་ལས་ཕྱག་བྱ་བ་བདག་གིར་མི་བྱའོ། །སྟན་གཅིག་ལ་འདུག་པར་མི་བྱའོ།། སྟན་མཐོ་བ་འམ་མཉམ་པ་ལ་མ་ཡིན་ནོ། །ལྷན་ཅིག་གམ་མདུན་དུ་འཆགས་པར་མི་བྱའོ། །ཕྱི་བཞིན་འབྲང་པའི་དགེ་སློང་གི་ཚུལ་གྱིས་འགྲོ་བར་བྱའོ། །གཡོགས་པ་གཅིག་གི་ནང་དུ་གནས་པར་མི་བྱའོ། །རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། གནས་བཅའ་བ་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་བསྡུ་བའི་ལས་རྣམས་མི་བྱའོ། །ལས་བྱེད་པར་བསྐོ་བར་མི་བྱའོ། །བསྐོས་ཀྱང་དགེ་སློང་མ་ལ་གདམས་ངག་དབོག་པར་མི་བྱའོ། །དེ་གདམས་ངག་དབོག་པར་བསྐོ་བར་མི་བྱའོ། །དགེ་སློང་ལ་གླེང་བར་མི་བྱའོ། །གདམས་ངག་ལ་སོགས་པར་གཞག་པར་མི་བྱའོ། །སྒོ་དབྱེ་བ་དང་མར་མེ་དབྱུང་བ་དང༌། གཙུག་ལག་ཁང་སྐྱང་ནུལ་བྱ་བ་དང༌། ཕྱག་དར་བྱ་བ་དང༌། བཤང་གཅི་སའི་ཝ་བཀྲུ་བ་དང༌། ས་དང་ལོ་མ་དང༌། གྲང་བ་དང༌། དྲོ་བ་བསལ་བ་དང༌། བདུག་པ་དབུལ་བ་དང༌། བསྟོད་པ་དང༌། གཎྜཱི་


DTG151_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་བ་དང༌། རླུང་གཡབ་ཀྱིས་གཡབ་པ་ལ་སོགས་པ་བྱའོ། །བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་འོག །བསྙེན་པར་མ་རྫོགས་པ་རྣམས་ཀྱི་ནི་གང་དུ་བཟའ་བར་བྱའོ། །མལ་ཆ་དང་སྟན་བླག་བ་ཡོད་པར་སྤོ་བར་བྱའོ། །ལྷུང་བཟེད་ཀྱི་གཞི་བསལ་བར་བྱའོ། །མཆོད་རྟེན་དང་དྲི་གཙང་ཁང་གི་ཕྱག་དར་ཕྱགས་པ་ལ་སོགས་པ་ཚོགས་པར་བྱའོ། །ཉི་མ་བརྗོད་པར་བྱའོ། །དེ་ནས་ཇི་ལྟར་འདུས་པ་རྣམས་ཀྱི་ནང་དུ་སྤོ་བ་དང༌། མགུ་བར་བྱ་བ་བྱས་པ་བརྗོད་པར་བྱའོ། །རེ་རེའི་དྲུང་དུ་ནི་མ་ཡིན་ནོ། །གློ་བུར་དུ་ལྷགས་པ་ལྷུང་བཟེད་དང་ཆོས་གོས་མཁོས་སུ་མ་ཕབ་པ་ལ་ནི་མ་ཡིན་ནོ། །དགེ་སློང་མེད་པའི་གཙུག་ལག་ཁང་དུ་འགྲོ་བར་མི་བྱའོ། །འགྲོ་ན་ཡང་གནས་པར་མི་བྱའོ། །དུས་ཤེས་ནས་ཆུ་གྲང་མོའམ། དྲོན་མོས་དགེ་སློང་རྣམས་ཀྱི་རྐང་བ་རྣམས་བཀྲུ་བར་བྱའོ། །འདོད་ན་འབྲུ་མར་ཡང་སྦྱིན་པར་བྱའོ། །གཙུག་ལག་ཁང་དང་རྙེད་པ་ཐ་མར་བསྐོ་བར་བྱའོ། །སྤོ་བ་སྤྱོད་པ་འམ། མགུ་བར་བྱ་བ་སྤྱོད་པ་འམ། སྤོ་བ་བྱས་ཟིན་པ་འམ། ཡིད་མགུ་བར་བྱ་བ་བྱས་ཟིན་པ་འམ། བསླབ་པ་བྱི་ན་པ་ལ་སོགས་པའི་ཚོགས་སམ། དེས་ཚངས་པར་མི་འགྱུར་བའི་ཚོགས་ཀྱི་ནང་དུ་གནས་པར་མི་བྱའོ། །མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཙུག་ལག་ཁང་སྟོང་པ་དང༌། གཅིག་དང་གཉིས་དང༌། གསུམ་ལ་མ་ཡིན་གྱི། ཡོངས་སུ་དག་པ་བཞིའི་མདུན་དུ་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཉེས་བྱས་སོ། །གང་ན་ལས་མ་བྱས་ཀྱང་འཐབ་ཀྲོལ་བྱེད་པ་འོང་བ་ཐོས་ན་དགེ་སློང་གི་མདུན་དུ་གཏང་བར་བྱའོ། །རང་བཞིན་དུ་གནས་པ་ཉིད་དུ་གནས་པར་བྱའོ། །སོང་བའི་འོག་ཏུ་དགེ་སློང་གི་མདུན་དུ་བླང་བར་བྱའོ། །མགུ་བར་བྱ་བ་བྱས་ཟིན་པས་ནི་སྤོ་བ་ལ་སོགས་པ་བྱེད་དུ་མི་གཞུག་སྟེ། མགུ་བར་བྱ་བ་བྱས་པའི་འོག་ཏུ་དབྱུང་བར་བྱའོ། །དེ་ཉིད་སྤོ་བ་སྤྱོད་པ་དང༌། སྤོ་བ་སྤྱད་ལགས་པ་དང༌། མགུ་བར་བགྱི་བ་སྤྱོད་པ་དང༌། མགུ་བར་བགྱི་བ་སྤྱད་ལགས་པ་མཆིས་སམ། ཡོད་དེ། དཔེར་ན་མགུ་བར་བྱ་བ་སྤྱད་ལ་ལྟུང་བ་མ་བཅབས་པའི་མགུ་བར་བྱ་བ་སྤྱོད་པ་དང༌། མགུ་བར་བྱ་བ་སྤྱོད་པ་ཕལ་ཆེར་སྤྱད་ལ། ལྟུང་བ་བྱུང་བ་གཅིག་


DTG151_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་བཅབས་པ་དང༌། གཉིས་པ་ཞག་གཉིས་བཅབས་པ་དེ་གཉིས་ཀའི་སྤོ་བ་མནོས་ནས་ཞག་གཅིག་འདས་པ་ལ་བཞི་ཅར་རྣམ་པར་གཞག་གོ །གང་ཟག་རྣམ་པ་དྲུག་གིས་ནི་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱ་སྟེ། མདོ་སྡེ་ཟད་པར་འཛིན་པ་དང༌། འདུལ་བ་ཟད་པར་འཛིན་པ་དང༌། མ་མོ་ཟད་པར་འཛིན་པ་དང༌། ཤིན་ཏུ་ངོ་ཚ་བ་ཡོད་པ་སྟེ། གང་རྐྱེན་དེས་འཆི་བར་འགྱུར་བ་དང༌། དགེ་འདུན་གྱི་གནས་བརྟན་དང༌། ཤེས་པ་དང༌། བསོད་ནམས་ཆེ་བའོ། །བསམ་པས་ལྟུང་བ་ལ་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །དགེ་འདུན་ལྷག་མ་ཐུན་མོངས་མ་ཡིན་པ་ནི་མཚན་གྱུར་པས་ཀྱང་ལྡང་ངོ༌། །སོ་སོར་ཐར་པའི་མདོ་གདོན་པ་གསུམ་པ་རྫོགས་སོ།། །།མཉན་ཡོད་ན་འཆར་ཀས་སྤེད་མ་དང༌། སྐྱབས་ཡོད་པར་བརླ་དང་བརླ་དག་སྤྲད་དེ་འདུག་ནས་ཆོས་སྟོན་པ་ས་གས་མཐོང་སྟེ། སྨྲས་ནས་དགེ་བསྙེན་མའི་དབང་དུ་མཛད་དེ། འཁྲིག་པའི་ཉོན་མོངས་པས་མ་ངེས་པ་དང་པོ་བཅས་སོ། །དངོས་པོ་དང༌། ཕྱོགས་དང༌། བསམ་པ་དང༌། ཆེ་བཞིའི་ཕྱེ་བ་ལས་ལུས་རྣམ་པར་གཞག་གོ །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་འདུག་ཅེས་བྱ་བ་ནི་དངོས་པོའོ། །གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པན་ཞེས་བྱ་བ་ནི་ཕྱོགས་སོ། །འདོད་པ་བྱར་རུང་བ་ཞེས་བྱ་བ་ནི་བསམས་པའོ། །དེ་ལ་གལ་ཏེ་ཡིད་ཆེས་པའི་ཚིག་གིས་ཞེས་བྱ་བ་ནི་ཆེ་བཞི་བསྟན་པའོ། །དགེ་སློང་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་མིའི་བུད་མེད་འཁྲིག་པ་བསྟེན་པར་ནུས་པའོ། །གཅིག་པུ་ཞེས་བྱ་བ་ནི་དགེ་སློང་མ་འམ། སྐྱེས་པ་འམ་ཁྱེའུ་མེད་པའོ། །གཅིག་དང་ཞེས་བྱ་བ་ནི་བུད་མེད་གཞན་ནམ་བུ་མོ་མེད་པའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོའི་རྒྱུན་ལུགས་མེད་པའི་ཕྱོགས་སོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་བསྐོར་བ་དང་བཅས་པའོ། །དེ་ཡང་རྣམ་པ་གསུམ་སྟེ། རྩིག་པ་དང༌། སབ་མོ་དང་ཡོལ་བས་བསྐྱབས་པའོ། །དེ་བཞིན་དུ་སྒྲིབ་པ་བསྟན་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །དེ་ཡང་དེ་དང་ཉེ་བར་འགྲོ་ལ། དེ་ཡང་དེའི་མདུན་དུ་འོངས་པ་ཡིན་ནོ། །སྟན་ལ་འདུག་པ་ལས་ཞེས་བྱ་བ་ནི་འདོམ་གང་གི་ནང་ལོགས་སུ་རྐུབ་བཅོས་


DTG151_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའོ། །ཁ་ཅིག་ན་རེ་དོན་ཡོད་པ་དང༌། དོན་མེད་པ་དང༌། དོན་མེད་པ་མི་འདོད་བཞིན་དུ་སྟན་ཅིག་ལ་ལྷན་ཅིག་འདུག་པའོ་ཞེའོ། །ཡིད་ཆེས་པའི་ཚིག་ཅེས་བྱ་བ་ནི་བདེན་པ་མཐོང་བའོ། །སོ་སོའི་སྐྱེ་བོར་གྱུར་ཀྱང་དགེ་ཞིང་སྤྱོད་པ་ལས་མ་ཉམས་པ་གང་ཡིན་པ་དེས་ཀྱང་མཐོང་ནས་སྨྲས་པའོ། །གང་དེ་དང་ལྷན་ཅིག་འདུག་པར་བྱེད་པ་དེ་ཉིད་ཁ་ཅིག་ན་རེ་དེ་ནི་ལྷན་ཅིག་མི་བཟོད་བས་མ་དྲིས་ཀྱང་བདག་ཉིད་སྨྲ་བའི་ཕྱིར་རོ་ཞེའོ། །ལ་ལ་ནི་དག་སློང་ལ་རྗེས་སུ་བསྲུང་བས་དྲིས་ན་བདག་ཉིད་མི་སྨྲ་ཡང་ཆེ་བཞི་དྲིས་ན་སྨྲའོ། །ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་རྣམས་ལས་གང་ཡང་རུང་བ་སྟེ། གལ་ཏེ་གཉིས་དག་གམ། གསུམ་རྣམས་སམ། བཞི་པོ་རྣམས་ཀྱིས་ཀྱང་རུང་སྨྲ་ན་བྱེད་དུ་གཞུག་པར་མི་བྱའོ། །ཁ་ཅིག་ན་རེ་གལ་ཏེ་ནན་གྱིས་སུན་ཕྱུང་བ་ཡིན་ནོ་ཞེའོ། །དགེ་འདུན་ལྷག་མ་འམ་ཞེས་བྱ་བ་ནི་གལ་ཏེ་ཀུན་དུ་ནོམ་པ་དང༌། མི་ཚངས་པར་སྤྱོད་པ་བྱ་བར་བསམས་པ་དང་བཅུ་གསུམ་ལས་གང་ཡང་རུང་བ་སྟེ། གལ་ཏེ་གཉིས་ནས་བཅུ་གསུམ་གྱི་པར་དུ་སྨྲ་ན་བྱེད་དུ་གཞུག་གོ །ལྟུང་བྱེད་དམ་ཞེས་བྱ་བ་ནི་སྤང་བ་དང༌། ལྟུང་བ་འབའ་ཞིག་ལས་གང་ཡང་རུང་བའོ། །ཁ་ཅིག་ན་རེ་གཅིག་པོ་གཅིག་དང་གནས་དབེན་པ་ན་གལ་ཏེ་སྟན་གཅིག་ལ་དེ་ནི་འདུག་ལ་དེ་ནི་ལངས་སོ་ཞེའོ། །འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་བསྒོམ་པས་སོ། །གང་ཡང་རུང་ཞེས་བྱ་བ་ནི་ལྷག་པར་ཉེས་པ་སྦོམ་པོའི་ཆོས་ཀྱིས་སམ། སོ་སོར་བཤགས་པར་བྱ་བའི་ཆོས་ཀྱིས་སམ། ཉེས་བྱས་ཀྱི་ཆོས་ཀྱིས་སོ། །འམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏོ། །གལ་ཏེ་རིས་འོག་མ་བཞི་པོ་རྣམས་སྨྲ་ན་བྱེད་དུ་གཞུག་གོ །མི་ཚངས་པར་སྤྱོད་པར་བྱ་བར་སྦྱོར་བ་དང་ལྷན་ཅིག་འདུག་པར་ཡང་སྦྱོར་བ་ནི་སྤོམ་པོའོ། །ལྷན་ཅིག་ཏུ་འདུག་བཅམ་དུ་སྤྱོར་བ་ནི་ཉེས་བྱས་སོ། །ཆགས་པ་མེད་པའི་སེམས་ཀྱིས་བསྙེན་པར་མ་རྫོགས་པ་དང་སྟན་གཅིག་པ་ལ་ལྷན་ཅིག་ན་ཉེས་བྱས་ཉིད་དོ། །ཡང་ན་ཆོས་གང་ཡང་རུང་བ་ཞེས་བྱ་བ་ནི་གལ་ཏེ་དགེ་བསྙེན་མ་ལྟུང་བའི་ངོ་བོ་ཉིད་དང༌། གླེང་གཞི་ལ་མཁས་པ་མ་ཡིན་ན་ཡང་དགེ་སློང་སྟན་གཅིག་ལ་འདུག་པ་དང༌། སྣོད་གཅིག་གི་ནད་


DTG151_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟ་བ་དང༌། ཕོར་བུ་གཅིག་གི་ནང་དུ་ཆང་འཐུང་བ་ལ་སོགས་པ་མཐོང་བ་སྟེ། དེ་དང་དེས་བྱེད་དུ་གཞུག་གོ །དེ་ནི་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་གནས་སྐབས་ཏེ། འདིར་ལྟུང་བ་འདི་ཉིད་དོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འགྲོ་བ་དང་འགྲེང་བ་དང༌། འདུག་པ་གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ །གསུམ་ཆར་ཁས་མི་ལེན་ན་གསོལ་བ་དང༌། བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་བྱའོ། །དེས་རབ་ཏུ་དབྱུང་བར་མི་བྱ་བ་ནས་གདམས་ངག་ལ་སོགས་པར་གཞག་པའི་བར་དུ་མི་བྱའོ། །འདུལ་བ་འཛིན་པ་ཡོད་པའི་དགེ་འདུན་གྱི་དབུས་སུ་འདུལ་བ་བསྟན་པར་མི་བྱའོ། །ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱས་སོ། །ཁ་དོག་དང༌། དབྱིབས་དང༌། སྤྱོད་ལམ་དང་ལམ་ཐ་དད་པས་སྨྲ་ན་དེ་ན་གཉིས་པ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་གཉི་ག་མཐུན་ན་དེའི་ཚིག་གིས་བྱེད་དུ་གཞུག་གོ །རྣམ་པ་གཞན་དུ་ཁས་ལེན་ན་ཁས་ལེན་པ་བྱེད་དུ་གཞུག་གོ །ལྟུང་བ་གཞན་ནམ། ལྟུང་བ་མེད་པ་ལ་ལྟུང་བ་གཞན་དུ་འདུ་ཤེས་ན་རང་གི་ཁས་བླངས་པ་བྱེད་དུ་གཞུག་གོ །མ་ངེས་པ་དང་པོའོ། །མ་ངེས་པ་གཉིས་པའི་བྱེ་བྲག་ནི་རྒྱལ་པོའི་ཁབ་ཏུ་དགེ་སློང་ཤི་རི་ཀ་གསོ་སྦྱོང་འཕགས་དང་ལྷན་ཅིག་ཏུ་འདུག་པ་ལེགས་སྐྱེས་མས་མཐོང་སྟེ། ཕྱོགས་དེར་འདོད་པ་བྱར་རུང་བ་མ་ཡིན་པས་ཕམ་པར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །མ་ངེས་པ་གཉིས་པའོ། །སོ་སོར་ཐར་པའི་མདོ་གདོན་པ་བཞི་པ་རྫོགས་སོ།། །།མཉན་ཡོད་ན་དགེ་སློང་མང་པོ་ལ་བརྟེན་ཏེ། ཆོས་གོས་མང་པོས་དགེ་བའི་ཕྱོགས་གཏང་བས་དགབ་པ་བཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དང༌། ཕོངས་པའི་ཉོན་མོངས་པ་དག་གིས་ཆོས་གོས་ཀྱི་ཚོགས་སྤང་བ་དང་པོ་བཅས་སོ། །ཆོས་གོས་ཟིན་པ་ཞེས་བྱ་བ་ནི་འཚོ་བྱེད་ལ་བརྟེན་ཏེ་ཁྱིམ་བདག་གི་གོས་རྣམས་རྗེས་སུ་གནང་ངོ༌། །ང་མཆོག་ཏུ་རབ་ཏུ་གཞོན་ན་ཡང་ཆོས་གོས་གསུམ་གྱིས་ཆོག་ན་ངའི་ཉན་ཐོས་རྣམས་ལ་ཅིའི་ཕྱིར་མི་ཆོག་ཅེས་ཆོས་གོས་གསུམ་ཁོ་ནར་བཅས་སོ། །རུང་བ་མ་ཡིན་པ་ཡང་བཀག་སྟེ། འདི་ལྟ་སྟེ། གསོ་མའི་ཆོས་གོས་དང༌། རྔ་བལ་གྱི་དང༌། ལ་བ་དང་ལོ་མའི་ཆོས་གོས་


DTG151_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང། རེ་དགས་ཀྱི་བགས་པ་དང༌། གསོ་རས་སེང་བ་སྟེ། ཨ་ས་པ་ཏྲའི་རྣམ་གྲངས་སུ་གཏོགས་པ་དང༌། ཡན་ལག་གི་སྦུབས་དང༌། ཐམས་ཅད་སྔོན་པོ་དང༌། མུ་སྟེགས་ཅན་གྱི་རྒྱལ་མཚན་སྒྲེན་མོ་དང༌། སྐྲ་འབལ་བ་དང༌། འུག་པའི་གཤོག་པ་དང༌། སྒྲའི་ལ་བ་དང༌། མི་སྨྲ་བ་ཡང་དག་པར་ལེན་ན་སྦོམ་པོའོ། །འདིར་མུ་སྟེགས་ཅན་གྱི་རྒྱལ་མཚན་གཞན་ནི་ཉེས་བྱས་སོ། །ཁ་ཚར་རིང་པོ་དང༌། གདེངས་ཀ་དང༌། རལ་ཀ་དང༌། གཙུག་ཏོར་དང༌། ཐོད་དང༌། སྟོད་གཡོགས་དང༌། སྨད་གཡོགས་ནི་ཁྱིམ་པའི་རྒྱལ་མཚན་ཡིན་པས་ཉེས་བྱས་སོ། །གོས་ཁྲ་བོ་དང༌། རྒྱན་ཐོགས་པ་དང༌། མཆོད་སྦྱིན་གྱི་དག་བྱེད་ཐོགས་པ་དང༌། ལག་པ་ལ་སྲད་བུ་འཆིང་བ་ཡང་དེ་བཞིན་ནོ། །སྨན་པས་ལུང་ཕོག་པས་སྔགས་རྣམས་ཀྱིས་བཏབ་པ་ནི་མི་མངོན་པའི་ཕྱོགས་སུ་བཏགས་ཏེ། སོས་ནས་ཀྱང་གར་བབ་བབ་ཏུ་མི་དོར་གྱིས། ག་བ་དང་རྩིག་པའི་གསེབ་ཏུ་གཞག་གོ །ཅིའི་ཕྱིར་ཆོས་གོས་གསུམ་ཁོ་ན་ཞེན། གཅིག་ནི་གཙུག་ལག་ཁང་དུ་སྤྱད་པའོ། །གཅིག་ནི་གྲོང་དུ་ཀུན་དུ་སྤྱད་པའོ། །སྣམ་སྦྱར་ནི་གཉི་གར་ཀུན་དུ་སྤྱད་པའོ། །ཆོས་གོས་གསུམ་པས་ནི་ཐ་མ་གཉིས་གདོན་མི་ཟ་བར་དྲས་ནས་བཅང་བར་བྱའོ། །གཞན་གྱིས་ནི་གདོན་མི་ཟ་བར་ཐ་མའོ། །གཅིག་ནི་སྣམ་ཕྲན་ལྔ་པ་དང༌། གླེགས་བུ་ཕྱེད་དང་གཉིས་པའོ། །གཉིས་པ་ནི་སྣམ་ཕྲན་འདུན་པ་དང༌། གླེགས་བུ་ཕྱེད་དང་གསུམ་པའོ། །གསུམ་པ་ནི་སྣམ་ཕྲན་དགུ་པ་སྟེ། དེ་ཡན་ཆད་ཇི་སྙེད་བྱས་ཀྱང་མཉམ་པར་འགྱུར་རོ། །གླེགས་བུའི་ཚད་ངེས་པ་ནི་ཕྱིས་བརྗོད་པར་བྱའོ། །ཅིའི་ཕྱིར་མ་དྲས་པར་གྲོང་དུ་ཀུན་དུ་སྤྱད་པ་མ་ཡིན་ཞེ་ན། རབ་ཏུ་བྱུང་བ་དང་ཁྱིམ་པའི་ཆ་ལུགས་མི་འདྲ་བའི་ཆོས་རྣམ་པ་གཉིས་ཀྱིས་དགེ་སློང་དུ་རྣམ་པར་གནས་ཏེ། ཁ་དོག་དང་དབྱིབས་ཀྱིས་སོ། །དེ་དག་གིས་གོས་དཀར་བ་དང༌། འཇམ་པའོ། །དེ་ལས་བཟློག་པ་ནི་དགེ་སློང་རྣམས་གྱི་ཆོས་གོས་དྲས་པ་དང༌། ཁ་དོག་ངན་པ་བྱས་པ་དང་བཅས་ཏེ། ཆོས་གོས་ནི་དེ་སྐད་གསུངས་སོ། །དེ་ཟིན་པ་ནི་བཀྲུ་བ་དང༌། ཁ་བསྒྱུར་བ་དང༌། བཙེམ་པས་སོ། །དེ་ལ་བཀྲུ་པའི་ཀུན་དུ་སྤྱད་པ་ནི་བཙོ་བླག་མཁན་ལ་གོས་རྣམས་འཁྲུར་གཞུག་པར་མི་བྱའོ།།


DTG151_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཙོ་བླག་མཁན་གྱི་འཆག་སར་སོང་སྟེ་རང་གིས་ཤིང་དང་རྩིག་པ་ལ་སོགས་པ་ལ་གདབ་པར་མི་བྱ་སྟེ། གཞོང་པའི་ནང་དུ་ཆུ་བདེ་བས་ལག་པ་རྣམས་ཀྱིས་དང་རྐང་པ་རྣམས་ཀྱིས་མཐར་གྱིས་དལ་བུས་བཀྲུ་བར་བྱའོ། །གང་སྤོས་དང་ཕྱེ་མ་རྣམས་བསྐུས་པ་དེ་སྤྲུགས་པ་སྟེ་སྤྱད་པར་བྱའོ། །གང་མཆན་ཁུང་གི་སྣུམ་གྱིས་གོས་པ་དེ་ནི་སྲན་ཕྱེ་ལ་སོགས་པས་དབྱུང་ངོ༌། །བཙོ་བླག་བྱ་བའི་ཀུན་དུ་སྤྱད་པ་ནི། གཏུན་ལ་སོགས་པར་ནམ་མཆོ་མ་དུ་བརྡུངས་ལ་བསྐམས་ཏེ་བསྐོལ་ན་ཚོན་འབྱུང་གི་གཤེར་བ་ལས་ནི་མ་ཡིན་ནོ། །ཚོན་ཡང་བུམ་པ་ལ་སོགས་པར་དང་པོ་དང༌། འབྲིང་དང་ཐ་མ་སོ་སོར་གཞག་གོ ། ཐོག་མར་ནི་དང་པོའི་ནང་དུ་གཞུག་གོ །བར་དུ་ནི་འབྲིང་པོའོ། །ཐ་མ་ནི་ཐ་མའི་ནང་དུའོ། །གཞོང་པར་བྱས་པའི་ནང་དུ་ཚོན་མི་མང་པར་རན་ཙམ་གྱི་ནང་དུ་གཞུག་པར་བྱ་སྟེ། ཚོན་ཐམས་ཅད་ཀྱི་ནང་དུ་ནི་གཞུག་པར་མི་བྱའོ། །སྲད་བུ་བྲེས་པ་ལ་དབང་དུ་གཞུག་པར་བྱའོ། །ཡང་དང་ཡང་དུ་བཟློག་པར་བྱའོ། །སྣམ་སྦྱར་ཆེན་པོ་ནི་ཤིང་བཀྲམ་པའི་སྟེང་དུ་བཟློག་ཅིང་བསྐམ་པར་བྱའོ། །གོས་སར་པ་ནི་ཚོན་སར་པའི་ནང་དུ་བཙོ་བར་བྱ་སྟེ། ཉི་མ་ལ་བསྐམ་པར་བྱའོ། །རྙིང་པ་ནི་རྙིང་པའི་ནང་དུ་སྟེ། གྲིབ་མ་ལ་བསྐམ་མོ། །ཐ་མང་ཆུའི་ནད་དུ་གཞུག་པར་བྱའོ། །གཙུག་ལག་ཁང་དུ་བཙོ་བླག་བྱ་སྟེ། ས་ཚོན་གྱིས་མ་རུང་བར་འགྱུར་བ་ནི་སྐྱང་ནུལ་བྱའོ། །རྔོ་ཐལ་ཅན་གྱི་ཕྱོགས་ནི་བཀྲུ་བར་བྱའོ། །བཙེམ་པའི་ཀུན་དུ་སྤྱད་པ་ནི་ཞིང་གི་སྣང་བཞིན་དུ་དྲ་བར་བྱའོ། །སྣོལ་མའི་ཐོག་མ་ནི་ངོས་གཉིས་ཀྱི་མཐའ་སྐོར་གྱི་འོག་ཏུ་གཞུག་གོ །མཐའ་སྐོར་ནི་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་དུའོ། །ཆེན་པོ་ནི་སོར་བཞི་འམ། བྱ་རོག་གི་མཐོ་གང་ངོ༌། །ཆུང་དུ་ནི་སོར་གཉིས་སོ། །འབྲིང་ནི་དེའི་བར་མའོ། །གང་གི་མཆོག་པ་ངེས་ཚལ་བུས་གླན་པར་བྱའོ། །གླེགས་བུ་ཕྱེད་པ་དང༌། གླེགས་བུ་ཆེན་པོ་རྣམས་མཉམ་པར་གཅད་པར་བྱའོ། །མི་མཉམ་པར་མ་ཡིན་ནོ། །དེའི་ཚད་ནི་ཤིང་བུས་གཞལ་ལོ། །མཐའ་རྣམས་ཀྱང་བསྐོར་བར་བྱ་སྟེ། རླུང་དང་རྗེས་སུ་མཐུན་པའི་རྣམ་གྲངས་སུ་གཏོགས་སོ། །མཐའ་སྐོར་སོར་བཞིའི་འོག་ཏུ་སྒྲོག་རྟེན་གླན་ཏེ་ངོས་གཉིས་ཀར་སྒྲོག་གཟུངས་གདགས་པར་བྱའོ། །མཐའ་སྒོང་གྱི་དྲུང་དུ་སྒྲོག་


DTG151_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གླན་ཏེ་ངོས་གཉི་གར་སྒྲོ་གུ་གདགས་སོ། །སྒྲོ་གུའི་མདུད་པ་གསུམ་སྟེ། ཤིང་ཏོག་ཀ་ཏ་གའི་འབྲས་བུ་ལྟ་བུ་དང༌། ལྕམ་པའི་འབྲས་བུ་ལྟ་བུ་དང༌། ཀ་ཏམ་པའི་མེ་ཏོག་ལྟ་བུའོ། །མི་དྲ་བ་ལྔ་སྟེ། བེའུ་རས་ཐམས་ཅད་དང༌། ལ་བ་ཐམས་ཅད་དང༌། ཕྱིང་པ་ཐམས་ཅད་དང༌། ལྷམ་ཐམས་ཅད་དང༌། སེང་བ་ཐམས་ཅད་དོ། །ཚལ་བུས་གླན་ཏེ་བཅང་བར་བྱའོ། །ཤིང་ལེབ་མེད་པའི་སར་ནི་བ་ལང་གི་ལྕི་བས་བྱུག་གམ་ལོ་མས་བསྐུའོ། །དེ་མེད་ན་ཆག་ཆག་བཏབ་སྟེ། ཕྱག་དར་བྱས་ལ་དྲ་བ་དང་དྲུབ་པར་བྱའོ། །སྣམ་སྦྱར་ནི་ཤིང་ངམ་འོད་མའི་གྲུ་བཞི་བརྟན་པོ་ལ་བརྒྱངས་ཏེ་ཉི་རིམ་ལ་སོགས་པ་དྲུབ་བོ། །གཏན་པ་དེ་ཡང་ཆོས་གོས་གསུམ་དང་མཐུན་པར་རྣམ་པ་གསུམ་དུ་བྱའོ། །ཇི་སྐད་བསྟན་པ་རྣམས་མ་བྱས་ན་ཐམས་ཅད་དུ་ཉེས་བྱས་སོ། །ལྷག་མ་བརྗོད་པར་བྱ་སྟེ། སྲ་བརྐྱང་བྱུང་ན་ཞེས་བྱ་བ་ནི་ཅི་ལྟར་གདིང་བ་དང༌། ཆོས་གོས་ཅི་འདྲ་བ་དང༌། གང་ཟག་གང་ཡིན་པ་དང༌། ཕན་ཡོན་གང་ཡིན་པ་དང༌། ཅི་ལྟར་ཕྱུང་བ་དེ་ཙམ་ཞིག་སྲ་བརྐྱང་ལ་བརྗོད་པར་བྱའོ། །དེ་ལ་ཅི་ལྟར་གདིང་ཞེ་ན། ཐོག་མར་འདུས་པ་ན་བརྗོད་པར་བྱའོ། །ཉི་མ་གཞན་ལ་དགེ་འདུན་ཐམས་ཅད་འདུས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱའོ། །དེའི་འོག་ཏུ་སྲ་བརྐྱང་གདིང་བ་ཆོས་ལྔ་དང་ལྡན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་ལ་ཡང་སྲ་བརྐྱང་གསོལ་བ་བྱ་སྟེ། གཏང་བར་བྱའོ། །དེས་ཐམས་ཅད་དུ་བཀྲུ་བ་ལ་སོགས་པ་སྔོན་དུ་འགྲོ་བར་བྱའོ། །ཐ་ན་ཁབ་སྲུབས་གཉིས་སམ་གསུམ་ཞིག་ཀྱང་དྲུབ་པར་བྱའོ། །སེམས་གཉིས་སམ་གསུམ་བསྐྱེད་པར་བྱ་སྟེ། ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་བར་འགྱུར་རོ། །འདིང་ངོ་བཏིང་ངོ༌། །སྙམ་དུ་སེམས་གསུམ་མོ། །ཐ་མ་གཉིས་ཀྱིས་ཀྱང་བཏིང་བ་ཡིན་ཏེ། འདིང་བ་ལ་ཉེས་བྱས་སོ། །དབྱར་གཞན་དུ་གནས་ལ་བཏིང་ན་བཏིང་བ་ཡིན་ནོ། །དེ་ནས་སྲ་བརྐྱང་འདིང་བས་སྟོན་ཟླ་འབྲིང་པོ་ཡར་གྱི་ངོའི་ཚེ་བཅོ་ལྔ་ལ། ཚེ་དང་ལྡན་པ་དག་སང་བདག་སྲ་བརྐྱང་འདིང་བར་འགྱུར་གྱིས། །དིར་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་སོ་སོར་ཕྱུང་ལ། དགེ་འདུན་གྱི་ནང་དུ་གཤེགས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་སྤོས་


DTG151_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཏོག་དང༌། བདུག་བས་སྲ་བརྐྱང་མཆོད་དེ་རྒན་པའི་མཐར་ཁྱེར་ལ་གཟུང་སྟེ། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བཞེད་དེ། བདག་མིང་འདི་ཞེས་བགྱི་བ་ཡང་སྲ་བརྐྱང་འདིང་བར་བསྐོས་ལགས་ཏེ། སྲ་བརྐྱང་འདིང་བ་བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་བར་འགྱུར་རོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་འདུན་གྱིས་གནས་བརྟན་གྱི་མདུན་དུ་བཏིང་ལགས་སོ་ཞེས་བརྗོད་པར་བྱའོ། །དེས་ཀྱང་ལེགས་པར་བཏིང་ངོ༌། །ཤིན་ཏུ་བཏིང་ངོ༌། འདི་ལ་རྙེད་མ་དང་ཕན་ཡོན་གང་ཡིན་པ་དེ་བདག་གི་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུའོ། །སྲ་བརྐྱང་འདིང་བས་སྲ་བརྐྱང་ཐོགས་ཏེ། བཤང་གཅི་ས་དང༌། ཁྱིམ་དུ་བ་ཅན་དུ་འཇུག་པར་མི་བྱའོ། །བླ་གབ་མེད་པ་ལ་གཞག་པར་མི་བྱའོ།། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་ཡང་གནས་པར་མི་བྱའོ། །དགག་དབྱེ་བྱས་པའི་འོག་ཏུ་གལ་ཏེ་རྒྱལ་པོས་དབྱར་ཤོལ་བོར་ན། དབྱར་ཇི་ལྟར་གནས་པ་བཞིན་སྲ་བརྐྱང་འདིང་བར་བྱའོ། །དགེ་འདུན་བྱེ་ན་ཆོས་སྨྲ་བ་རྣམས་ཀྱིས་སོ། །གལ་ཏེ་གཉི་གས་བཏིང་ན་གནས་ཀྱིས་རྙེད་པ་ནི་ཆོས་སྨྲ་བ་རྣམས་དབང་ངོ༌། །ཆོག་གོས་ཅི་འདྲ་བ་གདིང་བར་བྱ་ཞེ་ན། དགེ་འདུན་གྱི་དབྱར་གྱི་ནང་ལོགས་ཀྱི་རྙེད་པ་གང་ཡིན་པའོ། །གལ་ཏེ་གོས་མང་ཞིག་རྙེད་ན། གཅིག་གདིང་བར་བྱའོ། །ལྷག་མ་ནི་དགེ་འདུན་གྱི་རྙེད་པར་འགྱུར་བའོ། །གོས་མ་སྤྱད་པ་སྟེ་སར་བ་གང་ཡིན་པའོ། །མ་སྤྱད་པ་རུང་བ་སྟེ། ཁ་དོག་ངན་པར་བྱས་པ་གང་ཡིན་པའོ། །སར་པ་ཐོག་མར་བཏིང་བ་ནི་ཕྱིས་མི་གདིང་ངོ༌། །གོས་གང་ཞག་བཅུ་མ་འདས་པའོ། །སྣམ་སྦྱར་དང༌། བླ་གོས་དང་མཐང་གོས་རྣམ་པ་ཐམས་ཅད་དུ་ཟིན་པའོ། །མ་ཟིན་པ་ནི་བཏིང་བ་ཉིད་མ་ཡིན་ནོ། །ལྔའམ་ལྡ་ལས་ལྷག་པ་ནི་རུང་ངོ༌། །ཚད་པས་ཆུང་བ་ནི་བཏིང་བ་ཉིད་མ་ཡིན་ནོ། །བྲལ་ཕྲད་དང་ལྷན་པ་ཅན་མི་རུང་ངོ༌། །སོང་ནས་འོངས་པ་མི་རུང་སྟེ། །དུར་ཁྲོད་དུ་ཁྱེར་ནས་སླར་བླངས་པ་གང་ཡིན་པའོ། །མཐུད་མ་ཅན་མི་རུང་སྟེ། གོས་རིགས་མི་མཐུན་པ་ལས་བྱས་པ་གང་ཡིན་པའོ། །གོས་ལྷན་པ་ཆུ་བུར་ཅན་མི་རུང་སྟེ། གོས་ལྷུང་བཟེད་ཀྱི་སྣོད་ལྟ་བུ་གང་ཡིན་བའོ། །གོས་སྣམ་ཕྲན་


DTG151_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མི་རུང་སྟེ། གོས་སྣམ་ཕྲན་དུ་བྱས་པ་ལ་གླེགས་བུ་མེད་པ་གང་ཡིན་པའོ། །གོས་མཐའ་མ་བསྐོར་བ་མི་རུང་སྟེ། གང་རངས་པར་མ་བསྐོར་བའོ། །རྙིང་པ་མི་རུང་སྟེ། གང་སྔོན་བཏིང་བའོ། །བཞག་པ་མི་རུང་སྟེ། ཞག་བཅུ་ལས་འདས་པའམ། ཞག་གཅིག་བྲལ་བའམ། སྤང་བའི་གོས་ཐམས་ཅད་དོ། །ཤི་བའི་ཆོས་གོས་མི་རུང་སྟེ། ཤི་བའི་བྱིན་པ་གང་ཡིན་པའོ། །བླིངས་པ་མི་རུང་ངོ༌། །ཆོས་གོས་ལྔ་པོ་རྣམས་རྙེད་པ་དང༌། ཕན་ཡོན་མེད་དོ། །དུས་མ་ཡིན་པའི་གོས་མི་རུང་སྟེ་ཟླ་བ་གསུམ་ཚུན་ཆད་ཀྱིའོ། །གང་ཟག་གི་སྣམ་སྦྱར་དང༌། བླ་གོས་དང༌། མཐོང་གོས་མི་རུང་ངོ༌། །དགེ་འདུན་ལ་མ་ཕུལ་བ་གཞན་ཡང་མི་རུང་ངོ༌། །རུང་བ་མ་ཡིན་པ་མི་རུང་སྟེ། གང་རང་བཞིན་གྱིས་མི་འོས་པའོ། །མ་བསྡོས་པ་མི་རུང་ངོ༌། །མཚམས་ཀྱི་ཕྱི་རོལ་དུ་བསྡོས་པ་མི་རུང་ངོ༌། །སེང་བ་མི་རུང་ངོ༌། །དབྱར་འདས་ནས་རྙེད་པ་མི་རུང་ངོ༌། །གལ་ཏེ་ཚེས་བཅོ་ལྔ་ལ་རྙེད་པ་གློ་བུར་དུ་མང་ཞིག་ལྷགས་པ་དེ་དག་ཚེས་བཅུ་བཞིར་བརྩི་བ་ལ་རྙེད་པ་གདིང་དུ་རུང་ངོ༌། །དུ་མ་རྙེད་པ་ཡང་རུང་སྟེ། ཟླ་བ་ལྷག་མ་ལ་རྙེད་པའོ། །གང་གི་གདིང་བ་ཡིན་ཞེ་ན། གང་སྲ་བརྐྱང་བཏིང་བ་ན་འདུག་པ་འམ། འདུན་པ་ཕུལ་བའོ། །རང་བཞིན་དུ་གནས་པ་དེ་དག་གིས་བཏིང་བ་ལ་རྗེས་སུ་ཡི་རང་བར་བྱའི། གནས་ནས་ཕུང་བས་ནི་མ་ཡིན་ནོ། །གལ་ཏེ་རྗེས་སུ་ཡི་རང་ན་ཡང་རྗེས་སུ་ཡི་རང་བ་མ་ཡིན་ནོ། །སྤངས་པ་རྣམས་ཀྱིས་རང་བཞིན་དུ་གནས་པའི་གནས་སུ་གདིང་བ་བཏིང་བ་མ་ཡིན་ནོ། །གང་ཟག་བཅུ་པོ་རྣམས་ཀྱིས་བཏིང་པ་མ་ཡིན་ཏེ། དབྱར་མེད་པ་དང༌། དབྱར་རལ་བ་དང༌། དབྱར་ཕྱི་མར་ཞུགས་པ་དང༌། དབྱར་གཞན་དུ་གནས་པ་དང༌། སྲ་བརྐྱང་བཏིང་བ་ན་མེད་པ་དང༌། སྤོ་བ་སྤྱོད་པ་དང༌། སྤོ་བ་སྤྱད་ཟིན་པ་དང༌། མགུ་བར་བྱ་བ་བྱེད་པ་དང༌། མགུ་བར་བྱ་བ་བྱས་པ་དང༌། བསླབ་པ་བྱིན་པའོ། །དབྱར་གཞན་དུ་གནས་པའི་གནས་སུ་དགེ་ཚུལ་བཅུག་སྟེ། བཅུ་པོ་འདི་དག་ཡོད་ཀྱི་ཕན་ཡོན་མེད་དོ། །ལྔ་པོ་ནི་རྙེད་པ་ཡང་མེད་ཕན་ཡོན་ཡང་མེད་དོ། །གནས་ནས་ཕུང་བ་གསུམ་དང༌། དབྱར་གཞན་དུ་གནས་པ་དང༌། དགེ་འདུན་བྱེ་ནས་ཆོས་མ་ཡིན་པའི་ཕྱོགས་སོ། །ཕན་ཡོན་ཅི་ཡོད་ཅེ་ན། ཞག་བཅུ་ལས་འདས་པ་མེད་དོ། །ཟླ་བ་གཅིག་ལས་འདས་པ་མེད་དོ། །མཚན་མོ་འབྲལ་བ་མེད་དོ། །སྟོད་གཡོགས་དང་སྨད་གཡོགས་ཉི་ཚེས་ལྗོངས་རྒྱུ་ཞིང་


DTG151_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དང༌། གོས་རྣམས་མ་བརྟགས་པ་ཅི་ཙམ་རྙེད་པ་འཆང་བ་དང་འདུས་ཤིང་ཟ་བ་མེད་དོ། །ཡང་ཡང་ཟ་བ་མེད་དོ། །ཁྱིམ་གྱི་གནས་སུ་འགྲོ་བ་ཉིད་དང༌། རྒྱུ་བ་ལ་ལྟུང་བ་མེད་དོ། །གོས་ཇི་ཙམ་དུ་རྙེད་བ་བཙལ་དུ་རུང་ངོ༌། །སྟོན་ཟླ་ཐ་ཆུངས་ནས་བརྩམས་ཏེ། དཔྱིད་ཟླ་ར་བའི་བར་གྱི་རྙེད་པ་ནི་སྲ་བརྐྱང་བཏིང་བ་རྣམས་ཀྱིའོ། །འདིར་བསླབ་པར་གཞག་པ་ནི་མ་ཡིན་གྱི་འདི་ནི་གནང་བའོ། །དབྱུང་བ་ཇི་ལྟ་བུ་ཞེ་ན། ཐོག་མར་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་སྲ་བརྐྱང་འདིང་བས་ཚེ་དང་ལྡན་པ་དག །སང་སྲ་བརྐྱང་འབྱིན་པར་འགྱུར་གྱི། ཁྱེད་ཅག་གིས་ཆོས་གོས་རྣམས་བྱིན་གྱིས་རློབས་ཤིག་ཅེས་བསྒོ་བར་བྱའོ། །ཉི་མ་གཞན་ལ་དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དབྱུང་བར་བྱའོ། །ཆོམ་རྐུན་གྱིས་བཅོམ་པ་རྣམས་ཀྱི་ཕྱིར་ནི་སྔར་དབྱུང་བར་བྱའོ། །རྙེད་པ་ཡང་བགོས་ལ་བདག་གི་སྐལ་བ་ལས་ཅི་དགར་བགོ་བར་བྱའོ། །མ་མོ་བརྒྱད་ཀྱི་བཞིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། སོང་བ་དང༌། རྫོགས་པ་དང༌། ངེས་པ་དང༌། ཉམས་པ་དང༌། ཐོས་པ་དང༌། མཚམས་ལས་འདས་པ་དང༌། རེ་ཐག་ཆད་པ་དང༌། ཕྱུང་བའོ། །དེ་ལ་སོང་བའི་མཐའ་ཅན་གང་ཞེ་ན། ཆོས་གོས་ཟིན་པ་དང༌། ལྟོས་པ་མེད་པ་དང༌། ཡུལ་རྗེས་སུ་ལྟ་བའམ། གནས་གཞན་ལྟར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའོ། །རྫོགས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་བྱས་པ་འམ། ཆོས་གོས་མ་ཟིན་པར་ཆོས་གོས་ཀྱི་རྙེད་པ་ཆགས་པའི་རྒྱུད་དུ་གནས་པས་ཆགས་པས་སམ། ཆགས་པ་མེད་པའི་རྒྱུད་ཀྱང་རུང༌། རེ་བ་ཡོད་དམ་རེ་བ་མེད་པའི་བྱ་བ་ཞིག་གི་ཕྱིར་རམ། ཚོལ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་སླར་མི་འོང་ངོ༌། །ཆོས་གོས་བྱའོ་སྙམ་དུ་ངེས་སམ་ཐེ་ཚོམ་ཟ་ཡང་རུང་སྟེ་འདི་ན་འམ། དེར་སོན་པ་ན་འདི་སྙམ་དུ་སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ་སྙམ་པའོ། །ངེས་པའི་མཐའ་ཅན་གང་ཞེ་ན། འདས་མ་ཐག་པ་བཞིན་དུ་ཐམས་ཅད་སྨོས་ལ་དེ་འདི་སྙམ་དུ་སླར་ཡང་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་སུ་སེམས་པའོ། །ཉམས་པའི་མཐའ་ཅན་གང་ཞེ་ན། །ཐམས་ཅད་སྨོས་ལ་དེའི་དུས་སུ་རྩོམ་ཞིང་སྟེ་བརྩམས་པ་ཡང་ཉམས་པའོ། །ཐོས་པའི་མཐའ་ཅན་གང་ཞེ་ན། ཐམས་ཅད་སྨོས་ལ་དགེ་འདུན་གྱིས་བརྐྱང་ཕུང་བ་ཐོས་ནས་རྗེས་སུ་ཡི་རང་བའོ། །


DTG151_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ལས་འདས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་ཟིན་པ་ལས་སླར་འོང་བ་ལ་སོམ་ཉི་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་མཚམས་དེ་མཚམས་ལས་འདས་པ་ཉིད་ནི་ཕུང་བའོ། །རེ་ཐག་ཆད་པ་གང་ཞེ་ན། སླར་མི་འོང་ཞིང་ཆོས་གོས་བྱའོ་སྙམ་སྟེ་སོང་བ་ལས་ཆོས་གོས་ཀྱི་རེ་བ་ཐམས་ཅད་དུ་ཆད་པའོ། །སྲ་བརྐྱང་ཕྱུང་བ་ཉིད་ནི་བརྒྱད་པ་སྟེ། གལ་ཏེ་འོངས་ནས་སྲ་བརྐྱང་ཕྱུང་བ་ན་ཉམས་སུ་མྱོང་བའོ། །དགེ་འདུན་བ་ན་ཕྱོགས་གང་གིས་ཕྱུང་བ་དེ་ཉིད་ཀྱི་སྲ་བརྐྱང་ཕྱུང་གིས་གཉིས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཚེ་བཏང་བ་དེ་ཉིད་ཀྱི་ཚེ་གསོལ་བ་དང༌། ལས་མ་བགྱིས་པར་ཕྱུང་བ་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ་གལ་ཏེ་ཚེས་གཅིག་ལ་གློ་བུར་དུ་མང་ཞིང་ལྷགས་པ་རྣམས་ཀྱིས་ཚེས་གྲངས་བརྩན་པར་གསོ་སྤྱོང་བྱེད་ན་སྲ་བརྐྱང་ཕུང་བར་བརྗོད་པར་བྱའོ། །ཐོས་པའི་མཐའ་ཅན་ནི་གལ་ཏེ་ཆག་པ་མེད་ན་དེ་ལྟང་དབྱུང་ངོ༌། །གལ་ཏེ་རེ་བ་ཡོད་དེ་ཆོས་གོས་ཀྱང་བྱེད་པའི་འཕྲོ་ཡིན་ན་རྒྱུན་ཆགས་པ་ཡོད་པ་ཞེས་བྱ་སྟེ། དེ་ཉིད་དེ་ལ་གནང་བའོ། །ཅིའི་ཕྱིར་སྲ་བརྐྱང་ཞེས་བྱ་ཞེ་ན། སྙིང་པོ་ཡོད་པ་དང༌། བརྟེན་པའི་ཕྱིར་ཏེ། དེ་ལྟར་ཆོས་གོས་དེ་དགེ་འདུན་གྱིས་ཆོས་གོས་བྱིན་གྱིས་བརླབ་པ་འཛིན་པར་ནུས་པའོ། །ཞར་ལ་བྱུང་བ་རྫོགས་སོ།། །།ཞག་བཅུའི་བར་དུ་ཞེས་བྱ་བ་དི་ཞག་བཅུའི་མཐའོ། །གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་དང༌། དེ་མ་ཡིན་པ་རྗེས་སུ་གནང་བ་ལས་གཞན་པ་རུང་བ་བརྟག་པར་འོངས་པ་གང་ཡིན་པའོ། །རུང་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་པའོ། །དེ་ལ་ཡོ་བྱད་བཅུ་གསུམ་ནི་བྱིན་གྱིས་བརླབས་པ་སྟེ། སྣམ་སྦྱར་དང༌། བློ་གོས་དང༌། མཐོང་གིས་དང༌། གདིང་བ་དང༌། ཤམ་ཐབས་དང༌། ཤམ་ཐམས་ཀྱི་གཟན་དང༌། རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་དང༌། གཡན་པ་དགབ་པ་དང༌། དབྱར་གྱི་གོས་རས་ཆེན་དང༌། ཡོ་བྱད་ཀྱི་གོས་སོ། །དེ་དག་ནི་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱ་སྟེ། ཆོས་གོས་བགྱིས་ལགས་པ་རུང་བ་ཀུན་དུ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེ་བཞིན་ཡོ་བྱད་ཀྱི་གོས་ཀྱི་བར་དུ་བརྗོད་པར་བྱའོ། །མ་དྲས་པ་ནི་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། མིང་འདི་ཞེ་


DTG151_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འདི་ཆོས་གོས་ཆེན་པོར་བྱིན་གྱིས་བརླབས་ཏེ། འཚལ་ན་སྣམ་ཕྲན་དགུ་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །དྲའོ། །བརྡེབ་བོ། །ཁ་བསྒྱུར་རོ། །གཟུངས་གདབ་པོ། །བསྐྱང་ངོ། །དྲུབ་པོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་རུང་བ་ཀུན་དུ་སྤྱད་པར་འོས་པའོ་ཞེས་ལན་གྱིས་ལན་གསུམ་དུ་བཟླས་སོ། །ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབས་ཏེ་འཚལ་ན་སྣམ་ཕྲན་བདུན་པ་དང༌། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་ཞེས་བྱ་བ་ནས་ཆོས་གོས་འདི་རུང་བ་ཀུན་དུ་སྤྱད་པར་འོས་པའོ་ཞེས་བྱ་བའི་བར་དུ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་སོ། །ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབ་ཏེ། འཚལ་ན་སྣམ་ཕྲན་ལྔ་པ་དང༌། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བྱ་བ་ནས་ལྷག་མ་ནི་སྔ་མ་བཞིན་ནོ། །རིགས་ལྔ་དང་ལྷན་ཅིག་བྱིན་གྱིས་བརླབ་པར་བྱའོ། །སྤུ་ཅན་དང་སྟུག་པོ་བྱིན་གྱིས་བརླབ་པར་མི་བྱའོ། །སྤུ་ཆུང་བ་གང་ཡིན་པ་དེ་དག་བྱིན་གྱིས་བརླབ་པར་བྱའོ། །སྟུག་པོ་གང་ཡིན་པ་དེ་དག་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་པར་བྱའོ། །དེ་ལས་གཞན་པ་རྗེས་སུ་གནང་བ་གང་ཞེ་ན། འདི་ལྟ་སྟེ། རྔུལ་བསལ་བའི་ཕྱིར་བལ་དང༌། ཟར་མ་དང༌། རྩྭ་དུ་གུ་ལ་དང༌། རས་བལ་ལས་བྱས་པ་རྗེས་སུ་གནང་ངོ༌། །པར་ཏང་ཁྲ་བོ་ནི་སྐུད་པ་སྣ་བདུན་པའོ། །དེ་བཞིན་དུ་སྤུས་འཁྱུད་དང་རྣག་ཟག་པའི་ལུས་ཕྱི་པ་སྟེ། དེ་ཡང་དུས་དུས་སུ་བཀྲུ་བར་བྱ། ཁ་བསྒྱུར་བར་བྱའོ། །གཏུར་བུ་ནི་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་ཕྱེད་དང་དོ་པ་ལས་ཉིས་བལྟབ་ཏུ་བྱས་ཏེ་མཐའ་གཉིས་ནས་བཙེམས་ལ། དབུས་སུ་ཁ་བཏོད་དེ་མིག་ཁར་རྐུད་པས་དྲ་བར་བརྒྱུའོ། །གོས་གང་ཡོངས་སུ་སྤྱད་དགོས་པ་དེ་དག་ནི་ཁ་ལོགས་སུ་གཞག་གོ །གཞན་ནི་ཞབས་སུ་གཞག་གོ །སྡས་ནང་ཚངས་ཅན་ནི་སྲིད་དུ་ཁྲུ་བཞི་ཞིང་དུ་ཁྲུ་དོ་པ་ལས་ཉི་ས་བལྟབ་ཏུ་བྱས་ཏེ་བཙེམས་ལ་ཤིང་བལ་རུང་བས་དགོང་ངོ༌། །ཆོས་གོས་ཕྲག་པའི་ཕྱོགས་སུ་དྲི་མ་ཆགས་པར་གྱུར་ན་ཕྲག་པའི་ངོས་ལྟོས་ཉི་གར་ལྷན་


DTG151_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་སྲིད་དུ་ཁྲུ་ཕྱེད་དང་དོ་ཞེང་དུ་མཐོ་གང་གི་ཚད་ཙམ་སྐུད་པའི་གཟུངས་ཀྱིས་སྦྱར་བར་བྱའོ། །དེ་ཡང་དུས་དུས་སུ་བཀྲུ་བར་བྱའོ། །ཁ་བསྒྱུར་བར་བྱའོ། །སྦྲང་སྐྱབས་ཀྱི་རས་ནི་བཞི་དང་གཉིས་པའོ། །ངོས་ཐུང་དུ་གཉིས་ཤིང་ལས་བརྒྱངས་ཏེ། རས་ཁྲུ་བཅུ་གཉིས་པས་ཀུན་དུས་དཀྲི་བར་བྱའོ། །ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་རྗེས་སུ་གནང་ངོ༌། །འདི་དག་ལས་གཞན་པ་ནི་ཟིན་ཀྱང་རུང༌། མ་ཟིན་ཀྱང་རུང་བརྟག་པར་འོས་པ་སྟེ་དེ་ནི་སློབ་དཔོན་དང་བླ་མ་དང་མཁན་པོ་སྟེ། དེ་དག་གི་བླ་མ་གང་ཡིན་པ་དང༌། བླ་མའི་གནས་ལྟ་བུ་སྟེ། བསྐུར་སྟེ་བྱ་བ་གང་ཡིན་པ་རྣམས་ཀྱིའོ། །གལ་ཏེ་དེའི་ཚུལ་ཁྲིམས་དང༌། ཐོས་པ་དང༌། དང་བ་ལ་སོགས་པ་ཡོན་ཏན་ཆུང་བར་མ་གྱུར་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་མིང་གིས་བརྟག་པར་བྱའོ། །མ་མོ་ལས་ཀྱང་རིས་བདུན་ལ་ཡང་བརྟག་པར་བྱའོ་ཞེས་གསུངས་སོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་སོ། །ཡིད་བརྟན་པ་ནི་རྒྱ་མཚོའི་ཕ་རོལ་ན་འདུག་པ་ལ་ཡང་བརྟག་པར་བྱའོ། །གང་ལ་གསོ་བརྟག་པ་དེས་མི་བསྐུར་རོ། །ཡིད་བརྟན་པ་ཤི་ན་ཤི་བའི་ཡོ་བྱད་ཅེས་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་མི་བྱའོ། །རུང་བར་བྱ་བའི་ཕྱིར་བརྟག་གི་སྦྱིན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །ཡིད་བརྟན་པ་ཤི་ན་ཇི་སྲིད་མ་ཐོས་པ་དེ་སྲིད་དུ་བརྟག་པ་དེ་ཉིད་དོ། །ཐོས་ནས་གཞན་ལ་བརྟག་པར་བྱའོ། །ལྔ་པ་དང་བདུན་པ་ཡང་བརྟག་པར་བྱའོ། །སྣམ་སྦྱར་ནི་མ་ཡིན་ཏེ། གཞན་གྱི་ཕྱིར་ནི་ཅང་བར་བྱའོ། །བརྟག་པ་ཡང་ཉོན་མོངས་པ་གཉིས་ཀྱི་གཉེན་པོར་སྣང་སྟེ། མ་བརྟགས་པ་བསྲེལ་ན་འགལ་ཚབས་ཅན་གྱི་ཉོན་མོངས་པར་འགྱུར་བ་དང༌། མི་འཆང་ན་ཕོངས་པའི་ཉོན་མོངས་པར་འགྱུར་བའི། །དེ་གཉིས་ཀྱིས་འདོད་པའི་བདེ་བ་དང༌། བདག་དུབ་པ་ལ་སྦྱོར་བས་ལྟུང་བར་འགྱུར་རོ། །ཆོས་གོས་ཀྱི་ཀུན་དུ་སྤྱོད་པ་ནི་གང་ཟག་དང་བླང་བ་དང༌། སྤང་བ་དང༌།


DTG151_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་སུ་སྤང་བ་དང༌། དྲན་པ་ཉེ་བར་གཞག་པའོ། །གང་ཟག་ཅིང་འདྲ་བས་ཆོས་གོས་ལྷག་པ་བཅང་བར་བྱ་ཞེ་ན། འཐོབ་པ་ཉུང་བ་དང༌། བདེ་བ་བསྐྱེད་པ་དང༌། ལྷ་ལས་འཆི་འཕོས་པས་ཡིད་དུ་འོང་བ་འདོད་པ་དང༌། ན་བ་དང༌། དྲི་མ་དང༌། ཤིག་དང༌། སྲོ་མ་མང་བ་དང༌། འཁྲུག་པ་མང་བའི་ཡུལ་ན་གནས་པ་དང༌། ཞག་ཏ་བྱེད་པ་ལས་ཀྱི་མཐའ་མང་བ་དང༌། ཆོས་གོས་དེ་ལ་ཉོན་མོངས་པ་ཆུང་བ་དང༌། ཉོན་མོངས་པ་འབྲིང་དང༌། ཆེ་བ་སོ་སོར་རྟོག་པའི་སྟོབས་ཅན་གྱིས་སོ། །གང་ལ་བླང་བར་བྱ་ཞེ་ན། དབུལ་པོ་གཏོང་ཕོད་པས་ནི་བསྟབས་ཀྱང་བླང་བར་མི་བྱ་སྟེ། གང་བྱིན་པ་དེས་དེ་ཕོངས་པར་འགྱུར་རོ། །བྱིན་ཡང་རྟེན་ཡོད་ན་མི་བླང་ངོ༌། །ཁྱིམ་པ་ལ་ཅི་ལྟ་བ་བཞིན་དུ་དགེ་སློང་རྙེད་པ་ཆུད་དུ་ལས་ཀྱང་དེ་བཞིན་ནོ། །སྨྱོས་པ་གང་མ་ལ་སོགས་པས་ནི་ཤེས་པ་ལས་ཀྱང་མི་བླང་ངོ༌། །གོང་མ་ལ་སོགས་པས་ཤེས་པ་འམ། རང་གི་ཁྱིམ་ནས་བྱིན་པ་ལས་ནི་བླང་ངོ༌། །ཆོམ་རྐུན་པ་གཡོན་ཅན་དང༌། རབ་ཏུ་ཆགས་པ་དང༌། འཐབ་མོ་ལ་སྲིད་པ་དང༌། འཐབ་མོ་སེམས་པ་དང༌། རྟག་ཏུ་གནོད་པའི་ལས་བྱེད་པ་དང༌། རྟག་ཏུ་གནོད་པའི་ལས་སེམས་པ་དང༌། རྐུན་མ་དང༌། གཤེད་མ་དང༌། འཇིག་རྟེན་ན་ཤིན་ཏུ་སྨད་པ་གདོལ་བ་དང༌། གཡུང་པོ་ལ་སོགས་པ་ལས་བླང་བར་མི་བྱ་སྟེ། དེ་ལས་གནོད་པའི་ཉེས་པ་འབྱུང་ཞིང་མ་དད་པའི་ཉེས་པར་ཡང་འགྱུར་རོ། །དགེ་འདུན་ལ་སོགས་པས་བདག་གིར་བྱས་པ་ཞིག་ན་ཞལ་ཏ་བྱེད་པ་ལས་བླང་བར་མི་བྱའོ། །ཅི་འདྲ་བ་བླང་བར་བྱ་ཞེ་ན། པར་སིག་གི་ཡུལ་གྱི་ལ་བ་ནི་དགེ་འདུན་གྱིས་བླང་གི །གང་ཟག་གིས་ནི་མ་ཡིན་ནོ། །ལ་བ་དང་བེའུ་རས་ནི་གཉི་གས་སོ། །རས་བལ་གྱི་གོས་མི་བླང་ངོ༌། །དེ་བཞིན་དུ་བ་ལང་གི་སྤུ་དང༌། ཀོ་ལྤགས་ཀྱི་གོས་ཀྱང་མི་བླང་ངོ༌། །དོམ་ལ་སོགས་པའི་པགས་པ་འཆང་བ་ལ་ལྟུང་བ་མེད་དོ། །གཞན་གྱི་ལ་སྤྱོད་པ་ལ་ནི་ལྟུང་བ་མེད་དོ། །ཁ་ཅིག་ན་རེ་གནས་མལ་རྗེས་སུ་བསྲུང་བ་མི་སྤང་བའི་ཕྱིར་པགས་པའི་གོས་དང༌། རྐེད་ཆིངས་བཅང་བ་ཅི་བདེར་ལོངས་སྤྱད་པར་བྱའོ་ཞེའོ། །མཐའ་འཁོབ་ཏུ་ཀོ་ལྤགས་བཅང་སྟེ། མཆིལ་ལྷ་མ་རིམ་པ་གཅིག་པ་བྱའི། ཉིས་རིམ་དང་སུམ་རིམ་


DTG151_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ། །གལ་ཏེ་རྡུལ་ན་རྡོགས་པས་གླན་ཏེ་བཅང་བར་བྱའོ། །ལི་ཁར་ཚང་ཚིང་ཨུ་ཤི་ར། །དེ་བཞིན་གྲོང་དང་ཉེ་བའི་གྲོང༌། །ཆུ་ཀླུང་འདམ་བུ་མདའ་རྒྱུ་སྟེ། །ཤར་དང་བྱང་ཕྱོགས་སོགས་རྣམས་སུ། །འདི་ནི་མཐའ་འཁོབ་མཆན་ཉིད་དོ། །ཡུལ་གྱི་དབུས་སུ་ནི་ཀོ་ལྤགས་མིག་ནང་སྟེ། ཉེ་བར་གཞག་པར་མི་བྱ། བྱིན་གྱིས་བརླབ་པར་མི་བྱ། བརྟག་པར་མི་བྱའོ། །རྔོན་པ་ལས་དོམ་ལྤགས་བླང་བ་ལ་ལྟུང་བ་མེད་དོ། །བླངས་ནས་ཀྱང་དྲི་གཙང་ཁང་གི་སྒོར་བཅའ་པའམ། རྐང་པའི་མཐར་རོ། །དོམ་ལྤགས་ཐམས་ཅད་ནི་མིག་ལ་ཕན་ནོ། །ཁྱིམ་པའི་ཁྱིམ་དུ་བཏིང་པ་ལ་འདུག་པར་བྱའོ། །ཉལ་བར་ནི་མི་བྱའོ། །གཙུག་ལག་ཁང་དུ་ནི་གཉི་ག་མི་བྱའོ། །གཞན་འབྲུམ་ན་བ་དོམ་ལྤགས་སྤུ་གྱེན་དུ་བསྟན་ཏེ་འདུག་པ་ལ་ལྟུང་བ་མེད་དོ། །གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་བརྟེན་ཏེ། ཡུལ་གྱི་དབུས་སུ་མཆིལ་ལྷམ་རིམ་པ་གཅིག་པ་འཆང་དུ་གནང་ངོ༌། །རྒན་ཞུགས་ཀྱི་ཕྱིར་མ་གནང་སྟེ། མལ་ཆ་དང་སྟན་རྗེས་སུ་བསྲུང་བའི་ཕྱིར་ཕྱིས་ཡང་རྗེས་སུ་གནང་ངོ༌། །རིམ་པ་མང་ཡང་ཁྱིམ་པས་ལོངས་སྤྱད་པ་ཡིན་ན་བཅང་བར་བྱ་སྟེ། གང་གོམ་པ་བདུན་ནམ་བརྒྱད་བོར་བ་ནི་ཁྱིམ་པས་ལོངས་སྤྱད་པ་ཡིན་ནོ། །ཀྲོག་ཀྲོག་དང༌། ཁྲིག་ཁྲིག་ཟེར་བ་དང༌། ལུག་དུ་ལྟ་བུ་དང༌། བྱང་ཆུབ་ཤིང་དང༌། ཤིང་པ་ཏ་ལའི་ལོ་མ་ལྟ་བུ་དང༌། གཞན་ཡང་ཁྲ་ཁྲ་བོ་དང༌། ཉེ་བར་བཀྲ་བ་བཅང་བར་མི་བྱའོ། །གླང་པོ་ཆེ་ཐམས་ཅད་དང༌། རྟ་ཐམས་ཅད་དང༌། མཆེ་བ་ཅན་ཐམས་ཅད་དང༌། སེང་གི་དང༌། སྟག་དང༌། གཟིག་གི་པགས་པ་བཅང་བར་མི་བྱའོ། །དེ་དག་གི་རྒྱུས་པས་བཅོམ་པར་མི་བྱའོ། །གོང་གཟུངས་སུ་གཏང་བར་ནི་བྱའོ། །སྣ་སྦུབས་ཅན་དང༌། རྟིང་སྦུབས་ཅན་མ་ཡིན་ནོ། །མགུལ་ཆད་དུ་མ་ཡིན། ཡུའུ་ཐུང་དུ་མ་ཡིན། སྒྲོ་གུ་ཅན་དུ་མི་བྱའོ། །མིག་བརྟུལ་བའི་ཕྱིར་དོམ་ལྤགས་ཀྱི་མཆིལ་ལྷམ་རྗེས་སུ་གནང་སྟེ། སྤུ་གྱེན་དུ་བསྟན་པར་བྱའོ། །གསེགས་སུ་བཅིང་པ་རྗེས་སུ་གནང་སྟེ། སྣ་སྦུབས་ཅན་དང༌། རྟིང་སྦུབས་ཅན་དང༌། མགུལ་ཆད་དང༌། ཡུའུ་ཐུང་ཡང་དེ་བཞིན་ནོ། །ཡུལ་ཁ་བ་ཅན་དུ་ནི་ལྷམ་སྒྲོ་གུ་ཅན་རྗེས་སུ་གནང་སྟེ། གང་ན་ཆུ་སྣོད་དུ་ཆུ་འཁྱག་པ་དེ་ཡུལ་ཁ་བ་ཅན་ཞེས་


DTG151_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ། །རྙེད་པ་བླངས་ཏེ་བཤང་བ་དང༌། གཅི་བའི་སར་གཞག་པར་བྱའོ། །ཁྱིམ་གཞན་དུ་ནི་ལྟུང་བ་མེད་དོ། །འོད་མའི་ལོ་མ་དང༌། །རྩྭ་མུཉྫའི་མཆིལ་ལྷམ་བཅང་བར་མི་བྱའོ། །ཐ་གུའི་མཆིལ་ལྷམ་མ་ཡིན་ནོ། །དྲེག་ནང་ཅན་ལ་ནི་ལྟུང་བ་མེད་དོ། །མཆིལ་ལྷམ་ལ་མཁས་ན་ཡང་དེ་དབེན་པའི་ཕྱོགས་སུ་བྱའོ། །བསྙུང་དང༌། གྲི་གུ་བཅང་བར་བྱའོ། །ཞར་ལ་འོངས་པ་རྫོགས་ཏེ་བླང་བ་ནི་དེ་ལྟ་བུའོ། །སྤང་བ་ནི་ཅི་ལྟ་བུ་ཞེ་ན། གོང་ན་སྲོག་ཆགས་རྣམས་སྲིལ་རྣམས་སམ། བེའུས་ནི་ཟ་བ་དང༌། གཡང་དུ་མི་ལྟུང་བ་དང༌། མེ་དང་ཆུ་དང༌། རླུང་གི་མ་རུང་བར་མི་འགྱུར་བ་དང༌། ཆོམ་རྐུན་པས་མི་རྐུ་བ་དེར་གོས་གཞག་པར་བྱའོ། །ཇི་སྐད་དུ་བ་ལ་རིན་པོ་ཆེ་བགོས་ཏེ། དགོན་པར་འགྲོ་བར་མི་བྱའོ། །གྲོང་དུ་ཉེ་བར་གཞག་གོ་ཞེས་གསུངས་པ་ལྟ་བུའོ། །བ་ཤ་ཀའི་ལོ་མ་ལ་སོགས་པ་བཏིང་སྟེ་གདབ་བར་བྱའོ། །དུས་དུས་སུ་བསྐམ་པར་བྱའོ། །སྒོ་གླེགས་མེད་པ་དང༌། དགེ་སློང་མེད་པའི་གནས་སུ་དབྱར་ཉེ་བར་གནས་པར་མི་བྱའོ། །ཉེ་བར་གནས་ན་སྣམ་སྦྱར་མེད་པར་གོང་དུ་ཡང་འགྲོ་བར་མི་བྱའོ། །སྣམ་སྦྱར་ཉེ་བར་གཞག་པར་རུང་བ་རྣམ་པ་ལྔ་སྟེ། དགེ་སློང་དང་བཅས་ཤིང་སྒོ་གླེགས་དང་བཅས་པའི་གནས་དང༌། ཆར་འབབ་བམ། བབ་ཏུ་དོགས་པ་དང༌། ཆུ་ཀླུང་རྒལ་བ་དང༌། སྲ་བརྐྱང་བཏིང་བའི་གནས་དང༌། སྣམ་སྦྱར་གྱི་གནང་བ་ཐོབ་པའོ། །མཐའ་ཟེགས་ན་མཐའ་སྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ། །བསྙུང་ཚེམས་ལྟ་བུ་དག་གིས་གཟུངས་གདབ་བོ། །འདུག་པའི་ཚེ་ཤིང་དང༌། རྡོ་རྩུབ་པོ་དང༌། ས་རྡུལ་ཅན་གྱི་ཕྱོགས་སུ་ཟོན་ཡོད་པར་འདུག་ཅིང་བསྲུང་བར་བྱའོ། །གཞི་མེད་པར་ས་ལ་འདུག་པར་མི་བྱའོ། །སྟན་ཡང་བྱའོ། །རྩྭ་ལ་སོགས་པའི་ཆུན་པོ་བྱས་ཏེ་རས་ཀྱི་དུམ་བུས་དཀྲི་བར་བྱའོ། །ལས་བྱེད་པ་ན་རྫབ་དང་རྡུལ་གྱིས་མི་ཕོག་པར་བསྲུང་ངོ༌། །འགྲོ་བ་ན་ཚེར་མ་དང༌། ཚང་ཚིང་ལས་བག་བྱ་ཞིང་ཤམ་ཐབས་ཀྱང་ཧ་ཅང་མི་འཇོལ། །ཧ་ཅང་མི་དཀྲི་བར་བསྲུང་བར་བྱའོ། །དྲི་མ་ཆགས་སམ། སྣུམ་གྱིས་ཕོག་གམ། མི་གཙང་བས་ཕོག་བཀྲུ་བར་འོས་ན་བཀྲུའོ། །དྲུབ་བམ་ཁ་བསྒྱུར་བར་འོས་ན་དྲུབ་བོ། །ཁ་བསྒྱུར་


DTG151_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལས་བྱེད་པའི་ཚེ་སྣམ་སྦྱར་མི་བགོའོ། །རྩྭ་ལ་སོགས་པ་མི་གཞུག་གོ །ཉེ་བར་མནན་ནས་འདུག་པར་མི་བྱའོ། །ཉལ་བར་མི་བྱའོ། །ཤ་མཐའ་ལ་རེག་པར་མི་བྱའོ། །དུས་གསུམ་དུ་བགོ་བར་བྱ་སྟེ། བསོད་སྙོམས་ལ་འཇུག་པ་དང༌། ཟན་ཟ་བའི་གནས་དང༌། མཆོད་རྟེན་ལ་ཕྱག་འཚལ་བའི་དུས་སུའོ། །བླ་གོས་ནི་ཅི་བདེར་སྤྱད་དེ། །འོན་ཀྱང་དེའི་སྟེང་དུ་འདུག་པར་མི་བྱ། ཉལ་བར་ནི་བྱའོ། །སོ་སོར་གདིང་བ་མེད་ན་ཡུན་རིང་དུ་མི་ཉལ་བར་བྱ་སྟེ། ཅུང་ཞིག་ཉལ་བར་བྱའོ། །གར་བབ་ཏུ་ཉལ་བར་མི་བྱའོ། །གང་རྨི་ལམ་གནོད་པ་མང་བ་དེས་ནི་རས་ཀྱི་འོག་ཏུ་རས་མས་དཀྲི་པར་བྱའོ། །ཆོས་གོས་རྣམས་མི་གཙང་བའི་ཕྱོགས་སུ་གཞག་པར་མི་བྱའོ། །ཐབས་གཞན་ཡོད་ན་ཁུར་ལྕི་བ་མནན་པར་མི་བྱའོ། །བེའུ་རས་དང༌། ལ་བ་སྤུ་ཅན་ནང་དུ་བསྟན་ཏེ་བགོ་བར་བྱའོ། །གཞན་དུ་ན་དེ་བཞིན་དུ་སྤྱད་དོ། །དེ་བཞིན་དུ་ཤིག་ལ་སོགས་པའི་ཉེ་བར་འཚེ་བ་སྤང་བའི་ཕྱིར་ནི་རུང་ངོ༌། །སྤྱད་པ་མ་ཡིན་པས་ཅུང་ཟད་ཀྱང་སྤྱད་པར་མི་བྱའོ། །ཆོས་གོས་གསུམ་ནི་དེའི་རང་གིས་སྤྱད་པས་སྤྱད་པར་བྱའོ། །དུས་དུས་སུ་ཆོས་གོས་བལྟ་བར་བྱའོ། །གང་ཡིན་བརྟན་པ་དེ་ལ་གཞག་པར་བྱའོ། །སྤང་བ་ནི་དེ་ལྟ་བུའོ། །ཡོངས་སུ་སྤང་བར་བྱ་བ་མི་ལྟ་བུ་ཞེ་ན། དེའི་ངོ་བོས་ཆོག་གོས་ལ་ཆགས་པས་སེམས་གཡེངས་པར་འགྱུར་བས། ཆོག་སོ་མང་པོ་ལ་ཆགས་པས་གོས་ལྷག་པ་སྤང་བར་བྱའོ། །ཆོས་གོས་བཟང་པོ་ལ་ཆགས་པས་ཕྱག་དར་ཁྲོད་བགོ་བར་བྱ་སྟེ། གཞན་ནི་དོར་བར་བྱའོ། །གོས་འཇམ་པོ་རེག་པ་ལ་ཆགས་པས་བལ་གོས་བགོ་བར་བྱའོ། །གཞན་དོར་བར་བྱའོ། །ཕྱག་དང་ཁྲོད་པ་དང༌། དུར་ཁྲོད་པས་ཀྱང་གོས་དགེ་འདུན་གྱི་དངོས་པོ་བཟང་པོ་སྤང་བར་བྱ་སྟེ། དར་དང་ཟ་འོག་གི་སྟན་ལ་སོགས་པ་སྤྱད་པར་མི་བྱའོ། །དུར་ཁྲོད་ཀྱི་གོས་གྱོན་ཏེ་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །མཆོད་རྟེན་ལ་ཕྱག་མི་བྱའོ། །གལ་ཏེ་ཕྱག་འཚལ་ན་འདོམ་གང་ཁོར་ཡུག་ཕ་ཟད་ནས་བྱའོ། །དགེ་འདུན་གྱི་གཙུག་ལག་ཁང་གི་མལ་ཆ་དང་སྟན་ལ་སྤྱད་པར་མི་བྱའོ། །དགེ་འདུན་གྱི་ནང་དུ་འདུག་པར་མི་བྱའོ། །ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་རྣམས་སུ་འགྲོ་བར་མི་


DTG151_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གལ་ཏེ་འགྲོ་ན་སྒོ་ཁར་བསྡད་པར་བྱའོ། །གལ་ཏེ་ནང་དུ་ཞུགས་ཤིག་ཅེས་ཟེར་ན་བདག་ནི་དུར་ཁྲོད་པའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ནང་དུ་སོང་ཞེས་ཟེར་ན་འགྲོ་བར་བྱའོ། །མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །དོན་གྱི་དབང་གསུམ་མཐོང་ནས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླང་བར་བྱ་སྟེ། གང་ཉོན་མོངས་པ་དེས་གནོད་པས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར་དང༌། ཡོ་བྱད་བསྙུངས་པའི་དོན་དང༌། སྐྱེ་བོ་ཕྱི་མ་རྣམས་ལ་སྣང་བ་བྱས་པར་འགྱུར་བའོ། །དང་པོ་ནི་གདོན་མི་ཟ་བར་བྱའོ། །ཆོས་གོམས་མ་དྲས་པར་གྲོང་དུ་འཇུག་པར་མི་བྱའོ། །མ་མདུད་པར་མ་ཡིན་ནོ། །དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོགས་སོ། །མ་དྲས་པར་ཁྱིམ་གྱི་ནང་དུ་འདུག་པར་མི་བྱའོ། །དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོགས་སོ། །དེ་བཞིན་དུ་ཀུན་དུ་རྒྱུ་བའི་ཁྱིམ་དུ་ཡང་ངོ༌། །ཀུན་དུ་རྒྱུ་རྣམས་ཕྱི་རོལ་དུ་བྱུང་ཟིན་པ་ལ་ནི་ལྟུང་བ་མེད་དོ། །ཤམ་ཐབས་སྐ་རགས་ཀྱིས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །ཡོངས་སུ་སྤང་བར་བྱ་བ་ནི་དེ་ལྟ་བུའོ། །དྲན་པ་ཉེ་བར་གཞག་པ་ཅི་ལྟ་བུ་ཞེ་ན། ཉེ་བར་གཞག་པ་དང༌། ཡོངས་སུ་སྤྱད་པ་དང༌། དྲན་པས་གཞན་གྱི་ལ་ཡོངས་སུ་སྤྱད་དེ། བདག་གོས་རྣམས་ལ་ཡོ་བྱད་བསྙུངས་པར་བྱའོ་སྙམ་དུ། དུས་དུས་དེ་ལྟར་དྲན་པ་ཉེ་བར་གཞག་པར་བྱའོ། །ཐམས་ཅད་དུ་ཅི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་ལ་ཉེས་བྱས་སོ། །དེ་ལས་འདས་པར་ཞེས་བྱ་བས་ནི་ཞག་བཅུའི་སྐྱ་རེངས་ཤར་བའི་དུས་ལས་གཞན་དུའོ། །འཆང་ན་ཞེས་བྱ་བ་ནི་མ་བརྟགས་པ་འམ། བྱིན་གྱིས་མ་བརླབས་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བ་བཤགས་པར་བྱ་བའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཚེ་གཅིག་ལ་གོས་གཅིག་གམ་མང་པོ་ཞིག་རྙེད་ཀྱང་རུང་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ། གཏད་པར་བྱ། རྣམ་པར་བརྟག་པར་བྱའོ། །གཞན་དུ་ཞག་བཅུ་གཅིག་བའི་ཉིན་པར་སྤང་བར་འགྱུར་རོ། །ཆོས་གཅིག་ལ་རྙེད་ལ། ཚེས་བཅུའི་བར་དུ་དུས་ཀྱིས་ཆོད་ནས་གཞན་ཡང་གཅིག་གམ་མང་པོ་ཞིག་རྙེད་ཀྱང་རུང༌། སྔ་མ་འམ། ཕྱི་མ་གཅིག་ནི་བྱིན་གྱིས་བརླབ་པར་བྱའོ། །གཞན་དུ་ནི་རྐྱེན་ཇི་ལྟ་


DTG151_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་དུ་བྱའོ། །རྣམ་པ་གཞན་དུ་ཞག་བཅུ་གཅིག་པའི་ཉིན་པར་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་ན་ལྟུང་བར་འགྱུར་རོ། །སྤང་བར་ནི་མ་ཡིན་ཏེ། ཆད་པའི་ལས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་གྱི་ལ་བདག་གིར་འདུ་ཤེས་ཏེ་མ་བརྟགས་པ་ཡང་དེ་བཞིན་ནོ། །མ་བརྟགས་པ་ལ་བརྟགས་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་བརྟགས་པ་ལ་བརྟགས་པར་འདུ་ཤེས་པ་ལ་ཡང་ངོ༌། །མ་བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་སྤང་བར་འགྱུར་རོ། །བརྟགས་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །མེད་པ་ལ་ཡོད་པར་འདུ་ཤེས་ན་ཉེས་བྱས་སོ། །ཡོད་པ་ལ་མེད་པར་འདུ་ཤེས་ན་ལྟུང་བ་མེད་དོ། །དཀོན་མཆོག་གསུམ་ལ་སོགས་པའི་རྒྱུ་མཚན་དུ་འཆང་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་འདི་ངའི་ཡིན་གྱིས་ཅི་དགར་གྱིས་ཞེས་བསྒོ་སྟེ་མ་བརྟགས་པ་དང༌། ཞག་འདི་སྙེད་ཅིག་ན་བྱིན་གྱིས་བརླབ་བོ་སྙམ་དུ་བསམས་ན་དེ་ཚུན་ཆད་དུ་ལྟུང་བ་མེད་དོ། །མ་བསམས་ན་ཉིན་རེ་ཉིན་རེར་ཉེས་བྱས་རེ་རེའོ། །བརྗེད་དེ་ཞག་བཅུར་མ་ལོན་པར་བཅངས་པ་དང༌། རྐྱེན་ཇི་ལྟ་བ་བཞིན་དུ་བྱའོ་སྙམ་དུ་མངོན་པར་འདུས་བྱས་ནས་ཞག་བཅུ་ཚུན་ཆད་དུ་འཆང་བ་ལ་ལྟུང་བ་མེད་དོ། །འགའ་ཞིག་ལ་བསྔོས་པ་ལས་བདག་གིར་བྱས་ལ། ཉིན་མོངས་པ་མང་བ་ཆགས་པ་འམ་ཞེ་སྡང་བ་འམ། འགའ་ཞིག་ལ་གཏི་མུག་པ་འམ། བསྟན་བཅོས་ངན་པ་ལ་སོགས་པ་སེམས་པའི་སྐྱོན་དང༌། ཉོན་མོངས་པས་དྲངས་པས་བརྗོད་དེ། མ་བརྟགས་ན་དངོས་གཞིའོ། །ད་བཞིན་དུ་ཉོན་མོངས་པས་ཟིལ་གྱིས་ནོན་པས་དྲངས་པའི་མ་གུས་པ་ལ་ཡང་ངོ༌། །ཁ་ཅིག་ན་རེ་ལས་དང་པོ་མ་ཡིན་པའི་མི་ཤེས་པ་ལ་ཉེས་བྱས་སོ། །བླ་མ་ལ་ནི་བསྡམ་པར་བྱའོ། །དེ་བཞིན་དུ་དེ་ལས་གཞན་པའི་བག་མེད་པ་ལ་ཡང་ངོ་ཞེའོ། །གང་ཟག་བརྟགས་པར་མི་འོས་པ་དང༌། དང་བ་དང་ལྡན་པའི་སེམས་ཉེ་བར་མ་བཞག་པ་ལ་ཉེས་བྱས་སོ། །གང་ཅིག་ཁོ་ནར་བསླབ་པ་ལ་མི་གུས་པ་ལ་སོགས་པའི་ལྟུང་བ་སུ་ལ་ཡོད་པ་ད་ལ་གནང་བ་མེད་དོ། །རྒྱུའམ་


DTG151_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་ནམ་གཉི་ག་འམ། རྔ་མོའི་བལ་ལ་སོགས་པ་དང་བསྲེས་པ་དང༌། རུང་བ་མ་ཡིན་པ་འམ། ཐགས་སུ་མ་བཏགས་པ་ནི་ཞག་བཅུ་ལས་འདས་ན་ཉེས་བྱས་སོ། །དེ་ཐམས་ཅད་ནི་ཆོས་གོས་དང༌། མལ་ཆ་དང༌། སྟན་དང་ལྡན་པ་རྣམས་ལ་ཡང་བརྗོད་པར་བྱའོ། །གང་གིས་སྤང་བ་སྲིལ་ལ་སོགས་པས་ཟོས་སམ་ཚིག་གམ་བརླག་པ་དེས་ལྟུང་བ་འབའ་ཞིག་བཤགས་པར་བྱའོ། །དེའི་དུམ་བུ་གང་ཡིན་པ་དེ་དག་ནི་སྤང་བ་མི་འཐོབ་པའོ། །དེ་ཉིད་དེ་དག་གིས་བྱིན་གྱིས་བརླབ་པའོ། །འདི་ཐམས་ཅད་ནི་སྤང་བ་རྣམས་ལ་བརྗོད་པར་བྱའོ། །གལ་ཏེ་ཞག་བཅུ་མ་ལོན་པ་ཚུན་ཆད་དུ་བརླག་གམ་ཆུད་ཟོས་ན་སྤང་བ་མེད་དོ། །དེ་བཞིན་དུ་ཆུང་བ་ཡང་ངོ༌། །ལོང་བས་ཐོས་སམ། །ལག་པའམ། པང་བར་གཞག་ལ་འདི་བདག་གི་ཡིན་ནོ་སྙམ་པའི་འདུ་ཤེས་བྱུང་ན་རྙེད་པ་ཞེས་བྱ་སྟེ། དེ་ནས་བགྲང་བར་བྱའོ། །འོན་པ་ནི་མཐོང་ནས་ཏེ། དེ་ནི་བྱེ་བྲག་གོ ། སྨྱོས་པ་ནི་ནམ་རང་གི་སེམས་རྙེད་པ་ནས་སོ། །རྙེད་ན་ཞག་ལྔ་ལོན་ཏེ། སེམས་འཁྲུགས་ན་རང་གི་སེམས་རྙེད་པ་ནས་ཞག་བཅུར་བགྲང་ངོ༌། །གོས་ལྷག་པ་ཞག་བཅུ་ལས་འདས་པར་འཆང་ཡང་སྤང་བའི་ལྟུང་བར་མི་འགྱུར་བ་ཡོད་དམ། །ཡོད་དེ་མུ་བཞིའོ། །མུ་དང་པོ་ནི་བརྟགས་པར་འདུ་ཤེས་པའོ། །མུ་གཉིས་པ་ནི་དེ་མ་ཡིན་པ་ཡང་སྤང་བ་ཐོབ་པའོ། །གསུམ་པ་ནི་ཉོན་མོངས་པས་དྲངས་པའི་མ་གུས་པ་དང༌། དྲན་པ་ཉམས་པས་སོ། །བཞི་པ་ནི་ཞག་བཅུ་ཉིད་ན་བརྟག་པར་བྱེད་པའོ། །མུ་བཞི་པོ་དེ་དག་ནི་བསླབ་པའི་གཞི་ཐམས་ཅད་ལ་མཚན་ཉིད་བརྟག་ཅིང་བརྗོད་པར་བྱའོ། །སྤང་བ་དང་པོའོ།། །།འདུལ་བ་བསྡུས་པ། བམ་པོ་ལྔ་པ། མཉན་ཡོད་ན་དགེ་སློང་མང་པོ་ལ་བརྟེན་ཏེ་སྟོད་གཡོགས་དང༌། སྨད་གཡོགས་དང་བཅས་པས་འགྲོ་ཞིང་མ་སྦས་ལ། སུ་དག་ལ་གཞག་པ་དེ་དག་ཀྱང་བྱ་བ་མང་དུ་གྱུར་བས་དགབ་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དང་ཕོངས་པའི་ཉོན་མོངས་པ་དག་གིས་གཉིས་པ་བཅས་པའོ། །གཞི་དང་ཉོན་མོངས་པ་འདི་དག་ནི་བརྒྱད་པོ་རྣམས་ལ་ཡང་བལྟ་བར་བྱའོ། །དགེ་སློང་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ནི་དགེ་སློང་ཆོས་གོས་ཟིན་ལ་


DTG151_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་བརྐྱང་མ་ཕྱུང་བ་ཡོད་དེ་ཞེས་མུ་བཞིའོ། ཆོས་གོས་ཟིན་ལ་གོས་བྱིན་གྱིས་བརླབས་པ་ལས་སོ། །དེ་ལས་གཞན་པ་བྱིན་གྱིས་བརླབས་པ་བདག་ལ་ནི་འབྲལ་བ་མེད་དོ། །གདིང་བ་ལ་འབྲལ་བ་མེད་དུ་ཟིན་ཀྱང་དེ་མེད་པར་གཙུག་ལག་ཁང་གཞན་དུ་འགྲོ་བར་མི་བྱའོ། །ཉིན་མོ་གནས་པ་དང༌། སྤྱོད་ཡུལ་ལ་ནི་ལྟུང་བ་མེད་དོ། །དེ་ཉིད་སླར་ལྡོག་གོ་སྙམ་སྟེ་སོང་བ་ལས་གལ་ཏེ་སོན་པ་དང༌། བྱ་བ་ཞིག་གིས་ཐོགས་ཀར་གྱུར་ན་བརྙས་ཏེ་ཉལ་བར་བྱའོ། །བླ་གོས་གདིང་བ་ནི་ཆོ་ག་ཇི་ལྟ་བ་བཞིན་ནོ། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི་གཞན་དུ་སྐྱ་རེངས་ཤར་སྟེ། དེ་སོང་ངམ་ཆོས་གོས་གཞན་དུ་ཁྱེར་བའོ། །འབྲལ་བ་ནི་རྣམ་པ་གསུམ་སྟེ། བཞག་པ་དང་འབྲལ་བ་དང༌། བརྗེད་དེ་འབྲལ་བ་དང༌། སྤྱད་པ་དང་བྲལ་བའོ། །དེ་ལ་དང་པོ་ནི་ཕྱོགས་དེ་ལྟ་བུ་ཞིག་ཏུ་བཞག་པ་ལས་ནི་སྣང་བར་གྱུར་པ་འམ། དེ་ནས་རྐུན་པོས་ཁྱེར་བའོ། །གཉིས་པ་ནི་དེར་བཞག་པ་ལས་བསམས་ཀྱང་གར་བཞག་མི་དྲན་པའོ། །གསུམ་པ་ནི་ཕྱོགས་དེ་ལྟ་བུ་ཞིག་ཏུ་སོང་བ་ལས་གང་དུ་སྐྱ་རེངས་ཀྱིས་ཆོད་དེ་དེའི་ཉིན་མོ་གོས་སྤྱད་མ་ནུས་པའོ། །ཕྱོགས་དེ་ལྟ་བུ་ཞིག་ཏུ་འགྲོ་ལ། དེར་ཆོས་གོས་རྙེད་གྲང་སྙམ་དུ་བསམས་ནས་བྲལ་བ་ལ་ནི་ལྟུང་བ་མེད་དོ། །དེ་ནས་རྙེད་དུ་ཟིན་ཀྱང་ཆོས་གོས་དྲས་པ་གཅིག་ངེས་པར་ཁྱེར་བར་བྱའོ། །གལ་ཏེ་གྲོང་དུ་མི་འཇུག་ན་མ་ཁྱེར་ན་ཡང་ལྟུང་བ་མེད་དོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་དང༌། འོད་སྲུངས་ཆེན་པོ་ལས་བརྩམས་ཏེ། སྣམ་སྦྱར་གྱི་གནང་བ་རྗེས་སུ་གནང་བའོ། །རྒན་པོ་རྒས་སམ་རིད་པ་དང༌། ནད་པ་སྦྱོར་མི་ནུས་པ་ལའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཆོས་གོས་ཀྱི་གནས་ཁྱིམ་གཅིག་པ་ལ་སོགས་པ་ལྔ་བཅུ་རྩ་བརྒྱད་དོ། །བར་སྡོམ་ནི། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང༌། ཚོགས་དང་རྩིག་པ་རིབ་མ་དང༌། འོབས་ཀྱི་ཉེར་ཀོར་དག་དང་ནི། །གྲོང་ཁྱིམ་ཚོང་ཁང་ཚོང་རྡལ་དང༌། །དགྲ་གང་གཡུལ་དང་གཡུལ་ཚོམས་དང༌། །མུ་སྟེགས་འཁོར་ལོ་ཤིང་རྟ་དང༌། །གྲུ་དང་ཀུན་དགའ་ཤིང་


DTG151_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་དང༌། །ཉེ་བ་འཁོར་གྱིས་ཞུས་པའོ། །དེ་རེ་རེ་ཡང་རྣམ་པ་བཞིར་སྦྱར་བར་བྱ་སྟེ། དེ་ལས་ཉེ་བ་འཁོར་གྱིས་ཞུས་པའི་གནས་གསུམ་ནི་མ་གཏོགས་སོ། །དེ་ལ་ཁྱིམ་གཅིག་པའི་གྲོང་ནི་རི་ཁྲོད་པ་ལ་སོགས་ཏེ། དེའི་ཉེན་ཀོར་ནི་ནང་ཐམས་ཅད་དང༌། ཕྱི་རོལ་འདོམ་གང་དང་གང་དུ་ངེས་པར་རྟག་ཏུ་བྱ་བ་རྣམས་བྱེད་པའོ། །ཐམས་ཅད་དུ་ཡང་ཁྱད་པར་མེད་དེ་ཚུལ་དེ་བཞིན་ནོ། །གང་ལ་ཁྱད་པར་ཡོད་པ་དེ་ནི་བརྗོད་པར་བྱའོ། །དེ་བཞིན་དུ་ཁྱིམ་གཉིས་དང༌། ཁྱིམ་གྱི་ཚོགས་ཀྱང་ངོ༌། །གང་སྒོ་ཐ་དད་དུ་འདུག་པ་དེ་ཉེ་འཁོར་སོ་སོ་བ་སྟེ། ཐུན་མོང་བ་ཅི་ཡང་མེད་པའོ། །རྩིག་པས་བསྐོར་བའི་ཉེ་འཁོར་ནི་བྱ་གག་སྦུར་བ་ལས་གང་དུ་བབས་པ་འམ། །སྐྱེས་བུ་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་ཕྱི་རོལ་དུ་བཤང་བའི་སར་འགོ་བའོ། །རིབ་མས་བསྐོར་བ་ནི་སྐས་ཁྲུ་བཅུ་གཉིས་པས་གང་དུ་ཕྱིན་ཅིང་སླེབས་པ་འམ། སྨྱིག་མའི་ཤར་བས་བཀང་བའི་ཤིང་རྟས་བསྐོར་བའོ། །འོབས་ཀྱིས་བསྐོར་བ་ལ་ནི་གང་དུ་བ་ལང་དང༌། ར་ལུག་གི་རྨིག་པས་བསླང་བའི་རྡུལ་གང་དུ་བབས་པ་འམ། ཕྱག་དར་གྱི་ཕུང་པོའི་སྟེང་དུ་ཕོ་བ་ལས་བད་པ་རགས་པ་འདྲིལ་བ་གང་དུ་ཆགས་པའོ། །གྲོང་ཉེ་འཁོར་གཅིག་པ་ནི་གང་ན་སྐྱེད་མོས་ཚལ་གཅིག་པ་དང༌། འདུན་ས་དང༌། ལྷའི་གནས་ཐ་མི་དད་པའོ། །དེ་བཞིན་དུ་གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་ཡང་ངོ༌། །གྲོང་ཉེ་འཁོར་ཐ་དད་པ་ནི་གང་ན་སྐྱེད་མོས་ཚལ་མང་པོ་ཡོད་ལ་སྒོ་ཐུན་མོང་པའོ། །དེ་བཞིན་དུ་གྲོང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་ཡང་ངོ༌། །དེ་ལ་ཐུན་མོང་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཁྱིམ་གྱི་སྦྱར་བ་ཡང་ངོ༌། །དེ་བཞིན་དུ་ཚོང་ཁང་དང༌། ཚོལ་རྡལ་དང༌། དགྲ་གང་དང༌། གཡུལ་དང་གཡུལ་ཚོམས་དང༌། མུ་སྟེགས་ཅན་གྱི་ཁྱིམ་དང། འཁོར་ལོ་བྱེད་པའི་ཁྱིམ་སྟེ། གང་དུ་གདུགས་ལ་སོགས་པ་བྱེད་པའོ། །ཤིང་རྟ་དང༌། གྲུ་དང༌། ཀུན་དགའ་ར་བ་དང༌། ཤིང་ལྗོན་པ་ཡང་ངོ༌། །མུ་བཞིར་བརྗོད་པར་བྱ་སྟེ། སྒོ་དང༌། སྟན་བཟང་པོ་དང༌། ཡ་གད་དང༌། གཡུལ་གྱི་ལྟེ་བ་དང༌།


DTG151_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དང༌། ལྷའི་གནས་དང༌། རྒྱལ་མཚན་དང༌། ཁ་ལོ་བསྒྱུར་བའི་སྟན་དང༌། གྲུ་གདོང་དང༌། ཁྲོན་པ་དང༌། རྩ་བ་ཡང་ཐུན་མོང་བ་སྟེ། གོ་རིམས་བཞིན་དུ་བརྗོད་པར་བྱའོ། །གང་མི་གཅིག་གི་འམ། སྤུན་རྣམས་ནོར་མ་བགོས་པ་ནི་ཉེ་འཁོར་གཅིག་པའོ། །བཟློག་པ་ནི་ཉེ་འཁོར་ཐ་དད་པའོ། །མུ་སྟེགས་ཅན་གྱི་ཁྱིམ་ན་གང་ལྟ་བ་ཐ་དད་པ་དང༌། སླར་བཟློག་པའོ། །ཤིང་ལྗོན་པ་ཡལ་ག་དང༌། འདབ་མ་འབྲེལ་བ་དང༌། བཟློག་པའོ། །གཡུལ་དང་ཤིང་ལྗོན་པའི་ཉེ་འཁོར་གྱི་ཁྱད་པར་ནི་གང་དུ་འབྲུ་འཕྱར་བ་ལས་རླུང་གིས་ཁྱེད་པའི་ཕུབ་མ་གར་ལྷུང་བའོ། །དཔྱིད་ཀྱི་ཟླ་བ་ཐ་མའི་ཉི་མ་ཕྱེད་པའི་གྲིབ་མ་དང༌། རླུང་གིས་མ་བསྐྱོད་པའི་འདབ་མ་དང༌། ཆར་པ་ཆད་ནས་ཐིགས་པ་ཆེན་པོ་ས་ལ་གར་ལྷུང་བའོ། །སྤོས་ཀྱི་ཚོང་ཁང་མ་གཏོགས་པ་གཞན་ཐམས་ཅད་ནི་ཚོང་ཁང་དུ་བལྟ་བར་བྱའོ། །གནས་དེ་དག་ལས་དགེ་སློང་གི་ནང་ངམ། ཉེ་འཁོར་དུ་ཆོས་གོས་བཞག་ལ། གཉི་ག་ལས་གཞན་དུ་སྐྱ་རེངས་ཤར་ན་སྤང་བའོ། །སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སོ། །གཉི་ག་ལས་གང་དུ་ཡང་རུང་སྐྱ་རེངས་ཤར་ན་ཉེས་པ་མེད་དོ། །མཚམས་མ་བཅད་པ་ལ་འགྲོ་ན་འདོམ་བཞི་བཅུ་རྩ་དགུའི་བར་དུ་ཉེ་འཁོར་རོ། །འགྲེང་བ་དང༌། འདུག་པ་དང༌། ཉལ་བ་ལ་ནི་འདོམ་གང་ངོ༌། །མཚམས་གཉིས་ཀྱིས་མཚམས་སུ་ཉལ་བར་བྱེད་ན་ཆོས་གོས་ཀྱི་མཐའ་ལུས་ལས་མ་བྲལ་བའོ། །ཆོས་གོས་དང་མི་འབྲལ་བའི་མཚམས་སམ། ཕྱི་རོལ་གྱི་ས་ལ་བཞག་སྟེ་ནམ་མཁའ་ལ་འདུག་གམ། །གོ་བཟློག་ཀྱང་རུང་སྟེ་བྲལ་བ་ཞེས་བྱའོ། །མཚམས་མ་བཅད་པའི་གནས་སུ་རྩིག་པས་བསྐོར་བ་དང༌། འོབས་ཀྱིས་བསྐོར་བ་ལས་འདས་ན་འབྲལ་བའོ། །རྣམ་པར་ངེས་པ་ནི་ཉོན་མོངས་པ་མང་ཞིང་དེས་མ་གུས་པ་ལས་སྤང་བའོ། །མི་ཤེས་ན་ཉེས་བྱས་སོ། །དེའི་མཁན་པོ་ལ་སོགས་པ་རྣམས་ཀྱི་འང་ཉེས་བྱས་སོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་བག་མེད་པར་བྱས་པ་ནི་ཉེས་བྱས་ཉིད་དོ། །དགེ་བ་ལ་སྦྱོར་བས་བྲེལ་བས་བྲེལ་ཏེ་བྱུང་ན་ལྟུང་བ་མེད་དོ། །མེད་པ་དང་


DTG151_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོགས་པ་ཡིན་པ་ལ་བྲལ་ལོ་སྙམ་དུ་ཤེས་ན་ཉེས་བྱས་སོ། །ཡོད་པ་ལ་མ་བྲལ་བར་འདུ་ཤེས་ན་ལྟུང་བ་མེད་དོ། །གཞན་བསྐུར་རོ་སྙམ་པ་ལས་གཞན་ཁྱེར་ན་ལྟུང་བ་མེད་དོ། །རང་གི་སྙམ་པ་ལས་གཞན་གྱི་ཁྱེར་བ་ལ་ལྟུང་བ་མེད་དོ། །མ་ཁྱེར་བ་ལས་ཁྱེར་རོ་སྙམ་པ་དང། བྲལ་བ་ལས་མ་བྲལ་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །མ་བྲལ་བ་ལ་བྲལ་བར་འདུ་ཤེས་པ་དང༌། བླངས་པ་ལས་མ་བླངས་པར་འདུ་ཤེས་ན་ལྟུང་བ་སྟེ། སྤང་པ་ནི་མ་ཡིན་ནོ། །མ་བླངས་པ་ལ་མ་བླངས་པར་འདུ་ཤེས་པ་དང༌། བྲལ་བ་ལ་བྲལ་བར་འདུ་ཤེས་ན་སྤང་བའོ། །མ་བྲལ་བ་ལས་ཡིད་གཉིས་ཟ་ན་ཉེས་བྱས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང་བླ་མ་དང༌། བླ་མའི་གནས་ལྟ་བུ་རྣམས་ཀྱི་དོན་ལྷག་པ་ཞིག་གི་ཕྱིར་བྲེལ་ཏེ། བྲལ་བ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་ཁ་ཅིག་ལ་སྙིང་རྗེ་སྟེ། སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱེད་དམ། ཁ་ཅིག་ལ་ཉོན་མོངས་པ་ཆེན་པོ་ལས་བྲལ་བར་བྱེད་པ་འང་དེ་བཞིན་ཏེ། དེ་དག་ནི་ཁ་ཅིག་གིས་འདོད་དོ། །འཕྲོག་པར་རིག་གམ་བར་ཆད་བརྒྱད་པོ་རྣམས་ལ་བྲལ་བ་ལ་ལྟུང་བ་མེད་དོ། །གང་དུ་དེང་ཉིད་དུ་ཕྱིར་ལྡོག་གོ་སྙམ་སྟེ་སོང་ན་གལ་ཏེ་སོང་བ་ལས་དེ་འདྲ་བའི་དོན་ཞིག་བྱུང་ན་སྔ་མ་སེམས་ཀྱིས་བཏང་ལ་བརྙས་ཏེ་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་པོ། །ཅི་སྟེ་ཁ་དོག་བསྒྱུར་བ་འམ་དྲས་པ་མེད་ན་ཡང་དེ་ལས་གཞན་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །གང་ཕོངས་པའི་རྗེས་སུ་གནང་བ་དེ་བདེ་བར་གནས་སྐབས་སུ་མི་བྱའོ། །དགེ་འདུན་གྱི་ཡང་བྱིན་གྱིས་བརླབ་ཏུ་རུང་སྟེ་གལ་ཏེ་དེ་དང་བྲལ་ན་ལྟུང་བ་འབའ་ཞིག་བཤགས་པར་བྱའོ། །ལམ་གྱི་མཚམས་ནོན་ཏེ་སྐྱ་རེངས་ཤར་བ་ལ་ལྟུང་བ་མེད་དོ། །དེ་ཉིད་ཞག་བཅུ་འདས་ལ་དེ་ཉིད་མཚན་མོ་འབྲལ་བར་འགྱུར་བ་མཆིས་སམ། ཡོད་དེ་རྒྱུན་རྗེས་སུ་འབྲལ་བ་ཡོད་པ་དང༌། ཞག་བཅུ་པའི་ཉིན་པར་རྙེད་པ་བྱིན་གྱིས་བརླབས་པ་ནི་བྲལ་བའོ། །དགེ་སློང་མ་ལ་ནི་ཆོས་གོས་ལྔའི་འབྲལ་བའོ། །གལ་ཏེ་ཤིང་ཡལ་ག་རྣམས་འདབ་འབྲེལ་ན་རྒྱང་གྲགས་གཅིག་གི་བར་དུ་ཡང་ལྟུང་བ་མེད་དོ། །སྤང་བ་གཉིས་བའོ།། །།


DTG151_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་དུ་དགེ་སློང་མང་པོ་ལ་བརྟེན་ཏེ་ཟླ་བ་གཅིག་ལས་འདས་ཀྱང་ཆོས་གོས་རྣམས་འཆང་བས་ན་གསུམ་པ་བཅས་སོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་སྲ་བརྐྱང་བཏིང་བའི་གནས་ན་སྟོན་ཟླ་ཐ་ཆུངས་ནས་བརྩམས་ཏེ་དཔྱིད་ཟླ་ར་བའི་བར་དང༌། སྲ་བརྐྱང་མ་བཏིང་བ་ནི་སྟོན་ཟླ་ཐ་ཆུངས་ཉིད་གོས་ཀྱི་དུས་སོ། །དེ་ལས་གཞན་པ་དུས་མ་ཡིན་ནོ། །ཆོས་གོས་ལྷག་པ་ཡོངས་སུ་ཁ་མི་ལངས་པ་འགའ་ཞིག་རྙེད་པ་དེ་ནི་དུས་མ་ཡིན་པའི་གོས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལས་བླང་ངོ་སྙམ་དུ་སེམས་པའོ། །གཞག་པར་བྱའོ་ཞེས་བྱ་བ་ནི་བཅང་བར་བྱའོ། །གོས་ལ་རེ་བ་ཡོད་ན་ཞེས་བྱ་བ་ནི་མ་ལ་སོགས་པ་འམ། སློབ་དཔོན་ལ་སོགས་པ་འམ། ལོ་ལྔ་པ་ལ་སོགས་པ་ལས་རྙེད་དུ་རེ་བའོ། །ཁ་ཅིག་ནི་མི་ལངས་བ་འདིས་ལངས་པར་བརྗེའོ་ཞེས་སེམས་སོ། །མི་ལངས་ལ་ཁ་མ་ལངས་པ་ཞེས་བྱ་བ་ནི་ལྷག་མ་བསྒྲུབས་ནས་ལངས་པར་བྱའོ་སྙམ་པའོ། །དགེ་སློང་གིས་གོས་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། སྟུག་པོ་འམ་སྲབ་མོ་འང་རུང་ཚེས་གཅིག་ལ་རྙེད་ལ། དེས་དེའི་མི་ལངས་ཏེ། རེ་བ་མེད་ཀྱང་རུང་སྟེ། འདི་དང་འདྲ་བ་ཞིག་རྙེད་ན་བྱའོ་སྙམ་ནས་དེས་དེ་གཞག་གོ །ཚེས་བཅུ་ཚུན་ཆད་རེ་བ་ལས་གལ་ཏེ་རྙེད་དེ་བཅུ་ལས་ན་སྤང་བའོ། །ཟླ་བ་གཅིག་ཚུན་ཆད་རྙད་པའི་ཉི་མ་ལས་འདས་ན་སྤང་བའོ། །གཞག་པར་བསམས་པ་དེའི་བསམ་པ་དེ་ཉམས་པར་གྱུར་བ་དང༌། འགྱངས་པ་དང༌། ཉམ་ཆུང་བར་གྱུར་ཏམ། མ་ཐོབ་བམ། མེད་པར་གྱུར་བ་ཡང་མ་ཡིན་ཏེ། ཟླ་བ་གཅིག་ཚུན་ཆད་དུ་རྙེད་པ་འདས་ན་སྤང་བའོ། །གལ་ཏེ་རེ་བ་དེ་ཡོངས་སུ་ཆད་ན་ཞག་བཅུ་ལས་འདས་པ་དང་ལྟུང་བའོ། །མ་ཆད་ན་ཡང་གལ་ཏེ་ཟླ་བ་གཅིག་ཚུན་ཆད་དུ་རྙེད་ནའོ། །གལ་ཏེ་ཟླ་བ་གཅིག་ཚུན་ཆད་མ་རྙེད་ལ། རྙེད་ན་ཡང་ཟླ་བ་གཅིག་ལས་འདས་ན་སྤང་བའོ། །གང་ལ་ཆོས་གོས་གསུམ་ཡོངས་སུ་རྫོགས་པར་མེད་པ་དེས་ནི་རིང་ན་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །གཞན་གྱིས་ནི་


DTG151_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །གོས་ལ་རྣམ་པ་གཉིས་ཏེ་གང་རྒྱུད་བརྟགས་པ་མ་བགོས་པ་སར་པ་དང༌། གང་དུས་གསུམ་དུ་གང་ཡང་རུང་བའི་ཟླ་བ་དེ་དག་ཏུ་གཞན་ལོངས་སྤྱད་པའོ། །གོས་ལ་རྣམ་པ་ལྔ་སྟེ། སྦྱིན་བདག་ཡོད་པ་སྟེ། གང་གིས་སྦྱིན་བདག་ཏུ་ཤེས་པ་དང༌། སྦྱིན་བདག་མེད་པ་དང། གང་གིས་མི་ཤེས་པ་དང༌། ཁྱེར་ནས་སླར་འོངས་པ་སྟེ། གོང་ངུར་ཁྲོད་དུ་ཁྱེར་ནས་སླར་ཁྱེར་ཏེ་འོངས་པ་དང༌། དུར་ཁྲོད་ཀྱི་སྟེང་གང་དུར་ཁྲོད་དུ་བོར་བ་ཡོངས་སུ་འཛིན་པ་མེད་པ་དང༌། ཕྱག་དར་ཁྲོད་དང་ལྔ་སྟེ། དེ་ལ་ཡང་རྣམ་པ་ལྔའོ། །ལམ་པོ་ཆེའི་ཕྱག་དར་ཁྲོད་དང༌། ཆུ་དོགས་ཀྱི་དང༌། དགོན་པར་བོར་བ་དང༌། མི་གཙང་པའི་ཕྱག་དར་ཁྲོད་དང༌། ཞིགས་པ་དང་ལྔ་སྟེ་ཞིགས་པ་ནི་གང་ཤིན་ཏུ་རྙིངས་པའོ། །གཞན་ཡང་ལྔ་སྟེ། བེའུ་དང༌། བྱི་བ་དང༌། སྲིལ་གྱིས་ཟོས་པ་དང༌། མེས་ཚིག་པ་དང༌། མ་མའི་གོས་དང་ལྔའོ། །ཅི་སྟེ་མ་བགོས་པ་རྙེད་ལ་ནུས་ན་བཀྲུ་པ་ལ་སོགས་པ་བྱས་ཏེ་སྣམ་སྦྱར་ནི་ཉིས་རིམ་དང་གདིང་བ་འདེ་ཉིས་རིམ་དུ་བྱའོ། །བླ་གོས་ནི་ཆིག་རྐྱང་དང༌། མཐང་གོས་ཀྱང་ཆིག་རྐྱང་དུ་བྱའོ། །མ་བགོས་པ་ལས་སྣམ་སྦྱར་དང༌། གདིང་བ་སུམ་རིམ་དང༌། བླ་གོས་དང༌། མཐང་གོས་ཉིས་རིམ་དུ་བྱའོ་སྙམ་ན་ཉེས་བྱས་སོ། །ཞག་བཅུ་གཅིག་ལོན་ན་སྤང་བའོ། །གཞན་དུ་སྦྱར་རོ་སྙམ་ནས་རིམ་པ་གཉིས་པ་ཕྱིན་ཉེས་བྱས་སོ། །ཞག་བཅུ་གཅིག་འདས་ན་སྤང་བའོ། །ཅི་སྟེ་བསྐྲུས་ཤིང་བཙོས་ཏེ་འདི་ཉིད་དུ་སླར་སྦྱར་རོ་སྙམ་དུ་བསམས་ནས་ཕྱེ་ན་ནི་ལྟུང་བ་མེད་དོ། །ཕྱེ་བས་དེ་ཞག་བཅུ་གཅིག་པ་ལས་འདས་ན་སྤང་བའོ། །དེས་དགོས་པ་ཞིག་རྙེད་ན་སྣམ་སྦྱར་དང་གདིང་བ་ནི་བཞི་རིམ་དུ་བྱའོ། །བླ་གོས་ནི་ཉིས་རིམ་དང༌། མཐང་གོས་ཀྱང་ཉིས་རིམ་སྟེ། དེ་ལ་ཡང་སྦྱར་བ་དང༌། ཕྱེ་བ་ཡང་སྔ་མ་བཞིན་ཏེ། ཅི་ལྟར་རིགས་པ་བཞིན་དུ་སྦྱར་རོ། །ཆོས་གོས་ལ་ངེས་པར་བྱས་པ་རྣམ་དེ་བཞིའོ། །ཕྱག་དར་ཁྲོད་ཀྱི་ནི་ཅི་ཙམ་ཆོག་པར་བྱའོ། །ཆོས་གོས་ངན་པ་དང༌། ཆུང་བ་ལ་ནི་ལྷག་པར་གླན་ནོ། །སྣམ་སྦྱར་གྱི་རྣམ་པ་ནི་དགུ་སྟེ། དགུ་པ་དང༌། བཅུ་གཅིག་པ་དང༌། བཅུ་གསུམ་པ་དང༌། བཅོ་


DTG151_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དང༌། བཅུ་བདུན་པ་དང༌། བཅུ་དགུ་པ་དང༌། ཉི་ཤུ་རྩ་གཅིག་པ་དང༌། ཉི་ཤུ་རྩ་གསུམ་པ་དང༌། ཉི་ཤུ་རྩ་ལྔ་པའོ། །དང་པོ་གསུམ་ནི་གླེགས་བུ་ཕྱེད་དང་གསུམ་པའོ། །གཉིས་པའི་གསུམ་ནི་གླེགས་བུ་ཕྱེད་དང་བཞི་བའོ། །གསུམ་པའི་གསུམ་ནི་གླེགས་བུ་ཕྱེད་དང་ལྔ་པར་བྱའོ། །སྣམ་སྦྱར་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ཕན་ཆད་ནི་ཚེམ་བུའོ། །ཆོས་གོས་སྣམ་སྦྱར་ལ་རྣམ་པ་གསུམ་སྟེ། ཆེན་པོ་ནི་ལྔ་དང་གསུམ་པའོ། །ཆུང་ངུ་ནི་ཕྱེད་དང་ལྔ་དང་ཕྱེད་དང་གསུམ་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །བླ་གོས་ནི་རྣམ་པ་གསུམ་སྟེ། ཆེན་པོ་ལ་ནི་ལྔ་དང་གསུམ་པའོ། །ཆུང་ངུ་ནི་ཕྱེད་དང་ལྔ་དང་གསུམ་པའོ། །ཆུང་ངུ་ནི་ཕྱེད་དང་ལྔ་དང་གསུམ་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །དེ་བཞིན་དུ་མཐང་གོས་ལ་ཡང་རྣམ་པ་གཉིས་ཏེ། ལྔ་དང་གཉིས་དང་བཞི་དང་གཉིས་སོ། །བྱིན་གྱིས་བརླབས་པའི་ནང་ན་ཐ་མ་གང་ཞེ་ན། གང་འཁོར་གསུམ་ཁེབས་པའོ། །སྤང་བའི་ནང་ན་ཐ་མ་གང་ཞེ་ན། གང་ཁྲུ་གང་ཁོར་ཡུག་པའོ། །ལུས་ཆེ་ལ་ཁྲུ་ཐུང་ན་ལུས་ཀྱི་ཚད་དུ་ཆོས་གོས་བྱའི། ཁྲུའི་ཚད་དུ་མི་མ་ཡིན་ནོ། །སླར་བཟློག་པ་ཡང་དེ་བཞིན་ནོ། །གང་ལ་ཚད་བཞིན་གྱིས་མི་ལང་ན། དེས་རལ་ཁ་དཔུང་ཆད་དུ་བྱས་ལ་བཅང་བར་བྱའོ། །ཇི་སྐད་གསུངས་པའི་ཚད་ལས་ཆེ་འམ་ཆུང་ངུས་བྱས་ཏེ་འཆང་ན་ཉེས་བྱས་སོ། །ཚད་ལས་ཆུང་པ་ཞིག་ཟླ་བ་གཅིག་ལས་འདས་པར་བཞག་ན་ཉེས་བྱས་སོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་ཁུ་བས་མ་རུང་པའི་གོས་རྙིང་པ་དགེ་སློང་མ་སྦེད་མ་ལ་འཁྲུར་བཅུག་པའི་ཕྱིར་ཕྱིན་པ་དང༌། དེས་ཀྱང་ཁུ་བ་དེ་བླུགས་པ་ན་འགལ་ཚབས་ཅན་གྱི་ཉོན་མོངས་པ་དག་ཡོངས་སུ་སྤང་བའི་ཕྱིར་དང༌། འདི་ལྟར་སྒོ་དེ་ནས་ཤིན་ཏུ་འཇུག་པར་མཐོང་བ་དང༌། ཕོངས་པའི་ཉོན་མོངས་པ་ཡོངས་སུ་སྤང་བའི་ཕྱིར་ཡང་འདི་ལྟར་ཉེ་དུ་ལ་རྗེས་སུ་གནང་བ་དང༌། གཞན་དག་མ་དད་པའི་ཉོན་མོངས་པས་ཉེས་པར་འགྱུར་བ་ཡོངས་སུ་སྤང་བ་དང༌། རྐྱེན་ལ་བརྟན་པའི་ཉོན་མོངས་པ་དག་ལ་ཡོངས་སུ་སྤང་བའི་ཕྱིར་དང༌། ཕྱི་ཕྱིར་


DTG151_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པའི་རྐྱེན་གྱིས་འདོད་ཆགས་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཕྱིར་བཞི་པ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་མའི་ཕ་དང༌། མའི་ཕ་ཟུང་རྒྱུད་ལས་བདུན་པ་ཚུན་ཆད་ནི་ཉེ་དུའོ། །ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མ་དང༌། བུ་མོ་དང༌། མ་དང༌། ཕའི་རྒྱུད་དམ། སྲུ་མོ་འམ། སྲིང་མོ་འམ། ཚ་མོ་འམ། ནེ་ནེ་མོ་འམ། གང་ཁྱོད་ངའི་མའོ་ཞེས་མར་གཟུང་བ་དང༌། ཁྱོད་ངའི་སྲིང་མོའོ་ཞེས་བྱ་བ་ལ་སོགས་པ་དང༌། གང་རྒན་པའམ། ནད་ཀྱི་ཡུན་རིང་དུ་ཉེན་ཏེ་རིད་ཅིང་ཁ་དོག་གྱུར་པ་འམ་ཤེས་པའམ་ཡོན་ཏན་དུ་ལྡན་པ་ཡང་རུང་དེས་ཀྱང་དགེ་སློང་དེ་ཡོན་ཏན་ལྡན་པ་འམ། སློབ་དཔོན་ནམ། དེའི་མཁན་པོ་འམ། བླ་མའི་གནས་ལྟ་བུ་འམ། ལྷན་ཅིག་གནས་པའི་ཉེ་དུ་མ་འམ། སློབ་མར་གྱུར་བའམ། དགེ་འདུན་གྱིས་དེ་ལ་ཁྱེད་ཅག་གི་འདི་ལྟར་བྱའོ་ཞེས་ཆད་པའི་ལས་བྱེད་དུ་བཅུག་ཀྱང་རུང་བ་དེ་ཉིད་དེ་འདྲ་བའི་བཟོ་བསླབ་པར་གྱུར་ཏམ། རྒན་པ་ནས་བརྩམས་ནས་ཅི་ལྟར་འདི་དག་གིས་ཀྱང་ཉེ་དུ་བཞིན་དུ་དེ་ལ་ལྟུང་བ་མེད་དོ། །དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ། །དགེ་སློང་མར་གཏོགས་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །གོས་རྙིང་པ་ཞེས་བྱ་བ་ནི་བདག་གི་སྟེ། རུང་བ་དུས་སུ་བྱིན་གྱིས་བརླབས་པ་སྟེ། བལ་དང༌། ཟར་མ་དང༌། ལྡུམ་བུ་ཤ་ན་དང༌། རས་བལ་དང༌། རྩྭ་དུ་གུལ་དང༌། རྩྭ་ཀོ་ཏམ་པ་དང༌། ཉི་འོག་གི་གོས་ཏེ། སོ་སོར་ཕྱེ་བའོ། །ཁྲ་ཁྲ་བོ་ལ་སོགས་པ་ཡང་དེ་བཞིན་ཏེ་ཉེས་བྱས་སོ། །འཁུར་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་བཅལ་པའོ། །དེ་བཞིན་དུ་འཇི་བ་ལ་སོགས་པས་རེག་པ་བཀྲུས་ན་ཡོང་ངོ༌། །འཚེད་ཅེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་ལྷན་ཅིག་བཅལ་བའོ། །བཅག་ཅེས་བྱ་བ་ནི་ཐ་ན་ལག་མཐིལ་དུ་བརྡབས་པའོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་འཁྲུ་བ་ལ་སོགས་པ་གང་ཡང་རུང་བ་བྱེད་དུ་བཅུག་ན་སྤང་བའི་ལྟུང་བྱེད་དོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་འང་རུང་བྱེད་དུ་བཅུག་ན་ཉེས་བྱས་སོ། །ཅི་སྟར་འཁྲུར་བཅུག་པའི་ལྟུང་བ་དེ་བཞིན་དུ་བརྐྱང་དུ་བཅུག་པ་དང༌། འདྲུབ་ཏུ་བཅུག་པའོ། །ཁ་ཅིག་ན་རེ་ཆོས་གོས་སྣོད་དང་མཛོད་པ་ལ་གཞག་པ་


DTG151_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་ལ་བཅོལ་བ་ལས་གལ་ཏེ་མཚན་གྱུར་ཏམ། རྣམ་པར་འཁྱམས་ནས་བྱེད་པ་འམ། དགེ་སློང་དེ་ལྟ་བུར་གྱུར་ན་ཡང་སྦྱོར་བའི་ཕྱིར་ཉེས་བྱས་ཏེ་སྤང་བ་ནི་མ་ཡིན་ཏོ། །ཉེ་དུ་མ་ཡིན་པ་ལ་བཅོལ་བ་ལས་ཉེ་དུས་བྱས་སམ། གཞན་འཁྲུ་བ་ལ་སོགས་པ་འཁུར་བཅུག་ན་ལྟུང་བ་སྟེ་སྤང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་ཡང་ངོ་ཞེའོ། །སྦྱོར་བ་ནས་ཅི་སྲིད་འཁྲུ་བ་ལ་སོགས་པ་མ་ཟིན་གྱི་བར་དེ་སྲིད་དུ་ནི་ཉེས་བྱས་སོ། །སློབ་མ་ལ་བཅོལ་ན་མཁན་པོས་དེ་ཡང་བཏང་སྙོམས་བྱས་ན་བསྒོ་བ་མ་བྱས་པར་སྦྱར་བས་ན་ལྟུང་བའོ། །བདག་དང་གཞན་གྱི་འམ་དགེ་འདུན་གྱི་འང་རུང་བཀྲུས་ཟིན་པ་འམ། སྤང་བ་བྱུང་བའམ། སེང་རས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་བཅོལ་ན་ཐམས་ཅད་ལ་ཡང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་དང༌། རྐུ་ཐབས་སུ་གནས་པ་དང༌། དབང་པོ་འཁྲུགས་པ་དང༌། མ་ནིང་མོ་དང༌། དགེ་སློང་མ་སུན་ཕྱུང་བ་ལ་བཅོལ་ན་ཉེས་བྱས་སོ། །ལྔ་པོ་དེ་དག་ནི་དགེ་སློང་མ་དང་ལྡན་པར་བརྗོད་པ་ཐམས་ཅད་ལ་ཡང་ཉེས་བྱས་སོ་བརྗོད་པར་བྱའོ། །སངས་རྒྱས་ལ་སོགས་པའི་ཕྱིར་རམ་ཅད་པའི་ལས་སུ་བྱེད་དམ། མཚུངས་པར་བྱེད་པ་ཞིག་ན་ནི་ལྟུང་བ་མེད་དོ། །བདག་གི་ཉེ་དུ་འམ། མཁན་པོ་ལ་སོགས་པ་འམ། ལྷན་ཅིག་གནས་བ་འམ། དགེ་འདུན་གྱིས་རུང་བར་གནང་བ་བྱིན་ནམ་དགེ་སློང་མའམ། དག་ཚུལ་མ་འམ། དགེ་བསྙེན་མ་ཡང་རུང༌། འཁྲུ་བ་ལ་སོགས་པའི་ཕྱིར་བཅོལ་བ་ལས་དེ་དག་ཀྱང་བསྙེན་པར་རྫོགས་ཏེ་བྱས་པ་དང༌། དགེ་ཚུལ་ལམ། དགེ་བསྙེན་ལ་བཅོལ་བ་ལས་དེ་གཉིས་མཚན་གྱུར་ཏེ་བསྙེན་པར་རྫོགས་ནས་བྱས་པ་དང༌། དགེ་སློང་གཞོན་ནུ་ལ་བཅོལ་ཏེ། དེ་ཡང་མཚན་གྱུར་ཏེ་བྱས་པ་དང༌། ཉེ་དུ་ལ་བཅོལ་བ་ལས་ཉེ་དུ་མ་ཡིན་པས་བྱས་ཀྱང་རུང་སྟེ། ལྟུང་བ་མེད་དོ། །བཀྲུ་བ་ལ་སོགས་པའི་ལྷག་མ་ཀུན་དུ་སྤྱད་པ་ནི་གོས་ལ་རྣམ་པ་བཞི་སྟེ། མ་བཀྲུས་པ་དང༌། ཅུང་ཟད་ཅིག་བཀྲུས་པ་དང༌། ལགས་པར་བཀྲུས་པ་དང༌། ཤིན་ཏུ་ལེགས་པར་བཀྲུས་པའོ། །དེ་བཞིན་དུ་འཚེད་པ་དང༌། བཅགས་པ་ཡང་ངོ༌། །ཚོན་ལ་རྣམ་པ་ལྔ་སྟེ། རྩ་བ་དང༌། ཤུན་ལྤགས་དང་ལོ་མ་དང༌། མེ་ཏོག་དང༌། འབྲས་བུའི་ཚོན་ནོ། །དེ་ལ་


DTG151_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་མ་བསྒྱུར་བ་ནི་མི་རུང་བའོ། །སྒེག་པའི་ཕྱིར་ཅུང་ཟད་ཅིག་ཁ་བསྒྱུར་བ་ཡང་མི་བྱའོ། །ཚོན་མེད་ན་ནི་རུང་བའོ། །ཤིན་ཏུ་ཁ་བསྒྱུར་བ་ལ་རྣམ་པ་གཉིས་སོ། །ཚོན་ཆེན་པོ་རྣམ་པ་བརྒྱད་ཀྱིས་ཏེ། མཐིང་ཤིང་དང་སྤང་ལི་ཁྲི་དང༌། །ལེ་བརྒན་རྩི་དང་གུར་གུམ་དང༌། །རྒྱ་སྐྱེགས་དང་ནི་རྨ་ཤིང་བཙོད། །མཚལ་དང་འདི་དག་མི་རུང་བའོ། །ཚོན་ཤིན་ཏུ་མང་བས་ལན་བཅུ་ལས་ལྷག་པར་བསྙུགས་པས་ཁེངས་ཤིང་ཁ་དོག་ནག་པོར་གྱུར་པའོ། །གཉིས་ཀས་ཀྱང་ལྷག་བར་ཁ་བསྒྱུར་ན་ཉེས་བྱས་སོ། །གལ་ཏེ་སྦྱིན་བདག་དགའ་བའི་ཕྱིར་དུར་སྨྲིག་གི་ཚོན་མང་དུ་བྱས་ལ་ཚོན་ཆེན་པོ་བསྲེས་ཏེ་ཁ་བསྒྱུར་བ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མ་བཀྲུས་པ་དང༌། ཅུང་ཟད་བཀྲུས་པ་དང༌། ཤིན་ཏུ་བཀྲུས་པ་ལྟུང་བའོ། །གཞན་ཡང་བཅགས་པ་ཡང་ངོ༌། །བཀྲུ་བ་ལ་སོགས་པ་ཐམས་ཅད་ལ་སེམས་རྣམ་པ་གསུམ་སྤང་བར་བྱ་སྟེ། སྒེག་པའི་སེམས་དང༌། ཤིན་ཏུ་བཀྲུས་པ་དང༌། ཤིན་ཏུ་ཁ་བསྒྱུར་ཏེ། ཅི་ཞིག་བྱ་ཞེས་མ་གུས་པའི་སེམས་དང༌། ཆོས་གོས་ཁ་དོག་མི་བཟང་ན་བདག་ལ་དུལ་ཞིང་ཡོན་ཏན་དུ་ལྡན་པར་འཛིན་ཏོ་སྙམ་དུ་ཚུལ་འཆོས་པར་སེམས་པའོ། །དེ་ལ་གོས་བདག་ཉིད་ཀྱིས་བཀྲུ་བ་ཞེས་བྱ་བ་ནས་བཅག་པའི་བར་དུའོ། །ལྷན་ཅིག་གནས་པ་འམ། ཉེ་གནས་སམ་ཚངས་པ་མཚུངས་པར་སྤྱོད་པ་འམ། ཁྱིམ་བདག་གམ། ཁྲུས་མཁན་གལ་ཏེ་དགེ་བསྙན་ཡིན་ནམ། སྦྱིན་བདག་གིས་བསྒོ་བ་འམ། ཡིད་གཅུགས་པ་སྟེ། གང་ཤིན་ཏུ་ཞིགས་པར་མི་བྱེད་པ་དང༌། ཤིན་ཏུ་མི་རྡོབ་བ་དང༌། མི་གྱོན་པ་ལའོ། །རྔན་པས་མ་ཡིན། གལ་ཏེ་བེའུ་ཕྲུག་དང༌། ལ་བ་ལ་སོགས་པ་ལྕི་བ་ཞིག་ཡིན་ན་རྔན་བས་ཀྱང་ལྟུང་བ་མེད་དོ། །མཁན་པོ་འམ་སློབ་དཔོན་བདག་ཉིད་བཀྲུ་བ་ལ་སོགས་པ་བྱེད་པ་ལ་གལ་ཏེ། ལྷན་ཅིག་གནས་པ་འམ། ཉེ་གནས་ཀྱང་རུང་ཐ་དད་དུ་སོང་ནས་སྐབས་མ་འབྱེད་ན་ཉེས་བྱས་སོ། །དེ་ཉིད་མི་དགོས་སོ་ཞེས་ཟེར་རམ་སྦྱོར་མི་ནུས་པ་ལ་ལྟུང་བ་མེད་དོ། །བཀྲུས་པ་ལ་ཡོན་ཏན་ལྔ་སྟེ། དྲི་མི་ཞིམ་པ་མེད་པར་འགྱུར་བ་དང༌། ཤིག་དང་སྲོ་མའི་ཉེས་པ་དད། དྲི་མ་དང་གཡན་བའི་ཉེས་པ་མེད་པ་དང༌། ཚོན་འཇེན་པར་འགྱུར་བ་དང༌། ལོངས་སྤྱད་དུ་བཟོད་པའོ། །ཁ་བསྒྱུར་བ་ལ་ཡོན་ཏན་ལྔ་སྟེ། འཕགས་པ་དང་མཐུན་པའི་ཆ་ལུགས་སུ་བྱས་པ་ཡིན། རྒོད་ཅིང་དྲེགས་པ་འདུལ་བའི་


DTG151_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་བྱས་པ་ཡིན། དྲི་མ་མི་འགོ་བར་འགྱུར་བ་དང༌། ཤིག་དང་སྲོ་མ་མི་ཆགས་ཤིང་བདེ་བར་རེག་པ་དང༌། བདེ་བར་སྤྱད་པའོ། །ཤིན་ཏུ་བཀྲུས་པ་ལ་ཉེས་དམིགས་ལྔ་སྟེ། མྱུར་དུ་དེངས་པའི་ཆོས་སུ་འགྱུར་བ་དང༌། བསྲུབ་ཏུ་མི་བཟོད་པར་འགྱུར་བ་དང༌། ལོངས་སྦྱད་དུ་མི་བཟོད་པ་དང༌། ངལ་ཞེང་སྡུག་བསྔལ་པ་དོན་མེད་པར་འགྱུར་བ་དང༌། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བའོ། །ཤིན་ཏུ་ཁ་བསྒྱུར་ན་ཡང་ཉེས་དམིགས་ལྔ་སྟེ། ནང་གི་རྒོད་ཅིང་དྲེགས་པའི་རྒྱུར་འགྱུར་བ་ཡིན། ཕྱིའི་རྟོག་པ་བྱུང་བར་འགྱུར་བ་དང༌། དགོས་པའི་དོན་མེད་ཅིང་ངལ་བས་སྡུག་བསྔལ་བར་འགྱུར་བ་དང༌། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་གཅོད་པར་བྱེད་པ་དང༌། ཚོན་གྱིས་ཟོས་པས་གསོ་སྤྱད་དུ་མི་བཟོད་པར་འགྱུར་བའོ། །ཤིན་ཏུ་བཅགས་པ་ལ་ཡང་ཉེས་པ་རྣམ་པ་ལྔ་སྟེ། ཁ་བསྒྱུར་བའི་དང་པོ་བཞི་བཞིན་ནོ། །ལྔ་པ་ནི་ལོངས་སྤྱད་དུ་མི་བཟོད་པ་ཡིན་ནོ།། ཁ་ཅིག་ན་རེ་ཤིན་ཏུ་བཅགས་པ་སོ་སོར་བཀག་པར་འགྱུར་ཏེ། དགའ་པོའི་དབང་དུ་མཛད་དེ་གོས་བཅགས་པ་བཟློག་ཅིང་བཅགས་པ་བཅང་པར་མི་བྱའོ་ཞེས་གསུངས་སོ། །གལ་ཏེ་སྦྱིན་པ་པོ་ལས་རྙེད་ན་འཚོར་བ་མེད་པར་བྱའོ། །དེར་མི་ནུས་ན་ཟིལ་པ་ལ་བཞག་སྟེ་མེད་པར་བྱའོ། །དེར་ཡང་མི་ནུས་ན་ཆུའི་ནང་དུ་བཅུག་ལ་མེད་པར་བྱའོ། །དགེ་འདུན་གྱིས་རྙེད་ཀྱང་རིམ་པ་དེ་བཞིན་དུ་བྱའོ། །དེ་ནས་རིན་བསྐྱེད་པར་བྱའོ། །རྣམ་པ་གཞན་དུ་ན་གལ་ཏེ་འདིར་བཅགས་པ་ཙམ་བཀག་ན། བཟློག་ཅིང་བཅགས་པར་གསུངས་པའི་འབྲས་བུ་ཅིར་འགྱུར། གལ་ཏེ་སྦྱིན་པ་པོ་ལས་རྙེད་ལ། དེ་ཡང་གལ་ཏེ་འཚེར་བ་མ་ཡིན་ན། བགོ་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། གྱི་ན་ཐོག་མ་ཉིད་དུ་འཚེར་བ་མེད་པར་བྱའོ་ཞེས་གསུང་བ་མི་རིགས་སོ། །ཤིན་ཏུ་བཅགས་པ་ཉིད་དགག་པ་དེ་ལ་གོ་རིམས་དེ་བཞིན་དུ་བརྟག་པ་བསྟན་ཏོ་ཞེས་གདོན་ཏོ། །ཁ་ཅིག་ན་རེ་མ་བཅགས་པ་ཉིད་ཇི་སྐད་བྱས་པའི་གཞུང་ཚད་མ་ཡིན་ཏེ། གང་ནས་ཀྱང་བཅགས་པ་རྗེས་སུ་གནང་བར་མི་འབྱུང་ངོ་ཞེས་ཟེར་རོ། །ཀུན་དུ་སྤྱད་པ་ཇི་ལྟར་གསུངས་པ་བཞིན་མ་བྱས་ན། ཉོན་མོངས་པས་ཞེན་པས་ཐམས་ཅད་ཉེས་བྱས་སུ་འགྱུར་ཏེ་བཤགས་པར་བྱའོ། །གཞན་


DTG151_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་བསྡམ་པར་བྱའོ། །བཞི་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་དགེ་སློང་མ་ཨུཏྤལའི་མདོག་ལ་ཆོམ་རྐུན་པ་རྣམས་ཀྱིས་བྱིན་པའི་རས་བླངས་པ་ན་དེའི་རྐྱེན་ལ་བརྟེན་པ་དང༌། མ་དད་པ་དག་གིས་ཉོན་མོངས་པའི་ཕྱིར་ལྔ་པ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ལ་ཉེ་དུ་མ་ཡིན་པ་ནི་དགེ་སློང་མ་ལས་གོས་ཚང་བར་ཡོད་དམ་ཞེས་མི་རྟོག་གི །ཉེ་དུ་ནི་བྱིན་ཡང་མི་ལེན་ཏོ། །བརྗེས་པ་མ་གཏོགས་ཏེ་ཞེས་བྱ་བ་ལ། དེ་བརྗེས་པ་ནི་ཅི་སྙེད་བླངས་བ་དེ་སྙེད་བྱིན་པ་དང༌། དངོས་པོ་འམ། རི་ན་ནམ། འདྲ་བ་འམ། མི་འདྲ་བ་འམ། མི་ལངས་བ་འམ། ལངས་པའམ། ཉུང་དུའམ། མང་དུ་འམ། ངན་པའམ། བར་མ་འམ། གྱ་ནོམ་པ་འམ་གོ་བཟློག་པ་ཡང་རུང༌། གལ་ཏེ་དགེ་སློང་མའི་སེམས་ཅི་ཙམ་གྱིས་མགུ་བ་འམ། ཕན་བཏགས་པ་འམ། ཆོས་ཀྱིས་སམ། བྱ་བ་བསྒྲུབ་པའི་ཕྱིར་བླངས་པ་དེ་ཡང་བརྗེས་པའོ། །དེའི་ཚེ་ཉིད་ངེས་པར་ལན་བྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་ལན་བྱའོ་ཞེས་པ་ཡང་བརྗེས་པའོ། །སྒེག་པ་དང༌། མ་གུས་པ་དང༌། སླུ་བའི་སེམས་ཀྱིས་བརྗེས་ཏེ་བླངས་སམ་མ་བླངས་ཀྱང་རུང་ཉེས་བྱས་སོ། །སྟོད་གཡོགས་དང་སྨད་གཡོགས་མི་བླང་གི་ལྷག་པར་བླངས་ན་སྤང་བའོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟན་ཡང་རུང་སྟེ། བླངས་ན་སྤང་བའི་ལྟུང་བྱེད་དོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་བླངས་ན་ཉེས་བྱས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ་གྲོང་འདི་ཞེས་བྱ་བ་ན་གོས་ཡོད་པ་དེ་སྦྱིན་ནོ་ཞེས་ཟེར་ཏེ་མངོན་སུམ་དུ་མ་གྱུར་ཀྱང་ཉེས་བྱས་སོ། །དགེ་སློབ་མའམ། དགེ་ཚུལ་མས་དགེ་འདུན་ལ་རས་ཡུག་ཆེན་ཕུལ་བ་དང༌། རྗེས་སུ་མཐུན་པར་སྦྱིན་པ་དང༌། ལེགས་པར་སྨྲ་བ་དང༌། བསྙེན་པར་རྫོགས་པར་བྱེད་པ་དང༌། རིན་ནམ་བརྗེས་པ་ཡང་རུང་བྱིན་ན་ལྟུང་བ་མེད་དོ། །དགེ་སློང་མ་བསོད་ནམས་ཆེ་བ་འམ། ཤེས་པ་ཡང་རུང་སྟེ། མདུན་དུ་བཞག་ནས་འདི་སྐད་དུ་བདག་ལ་དངོས་པོ་འདི་ལྟ་བུ་ཞིག་མཆིས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་ནས་བཞེས་ཤིག་ཅེས་སྨྲས་ནས་ལྟོས་པ་མེད་པར་སོང་ན་ལྟུང་བ་མེད་དོ། །དེ་བཞིན་དུ་ཡིད་གཅུགས་པ་ལ་རེ་ཞིག་གི་དུས་སུ་བླངས་པ་ལ་ལྟུང་བ་མེད་དོ། །ལྔ་པའོ།། །།


DTG151_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་ན་སྟེ། ཉེ་དགས་ཆོས་ལེགས་པར་མཉན་དུ་བཅུག་པ་ལས་ཁྱིམ་བདག་གི་ཆུང་མས་རས་ཟུང་དུ་བྱིན་པའི་ཡ་གཅིག་སྟོབས་ཀྱིས་ཕྲོགས་པས་ན་ཉོན་མོངས་པ་གསུམ་གྱི་ཕྱིར་དྲུག་པ་བཅས་སོ། །རྐྱེན་ལ་བརྟེན་པའི་ཉོན་མོངས་པ་མ་གཏོགས་ཏེ། ཉོན་མོངས་པ་གཞན་ནི་གང་བཞི་པ་ལས་ཁུ་བས་མ་རུང་བ་འཁྲུ་བའི་བསླབ་པའི་གཞིའི་ལྟུང་བ་ལས་འབྱུང་སྟེ། འགལ་ཚབས་ཅན་དང༌། ཕོངས་པ་དང༌། མ་དང་པའི་ཉོན་མོངས་པའོ། །ལྟུང་བ་འདི་ཡང་སློང་བར་མི་རིགས་པ་ལས་སློང་པ་དང༌། གློ་བུར་དུ་སློང་བའི་ཕྱིར་བཅས་སོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །མ་ནིང་ངམ། མཚན་གཉིས་པ་ནི་ཉེས་བྱས་སོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དེ། མ་ནིང་མོ་དང༌། མཚན་གཉིས་མོ་ནི་ཉེས་བྱས་སོ། །མུ་སྟེགས་ཅན་གྱི་སྐྱེས་བ་དང༌། བུད་མེད་ནི་མི་གཟུང་སྟེ། དེ་ལ་ཡང་ཉེས་བྱས་སོ། །ཚུལ་འདི་ལྟ་བུ་ནི་གཞན་དུ་ཡང་རིག་པར་བྱ་སྟེ། ཡང་མི་བརྗོད་དོ། །བླངས་ན་ཞེས་བྱ་བ་ནི་བདག་གིས་སམ་གཞན་གྱིས་སོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་པའམ། གང་གིས་བྱིན་པ་དེ་ཉིད་ཀྱིས་ཕྲོགས་པའོ། །གོས་བརླག་ཅེས་བྱ་བ་ནི་གང་གིས་བརྗེད་ནས་ལྟུང་བ་འམ། སྲིལ་ལ་སོགས་པས་ཟོས་པའོ། །གོས་ཚིག་ཅེས་བྱ་བ་ནི་མེས་སོ། །གོས་རླུང་གིས་ཁྱེར་ཞེས་བྱ་བ་ནི་རླུང་གིས་ཁྱེར་བའོ། །གོས་ཆུས་ཁྱེར་ཞེས་བྱ་བ་ནི་ཆུས་ཁྱེར་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང༌། ཁ་དོག་དང་ཁྲུ་ཚད་དོ། །ཀཱཪྵཱ་པ་ཎ་ལྔ་ལ་སོགས་པ་རི་བ་འམ་སྔོན་པོ་འམ། སེར་པོའམ། ད་མར་པོའམ། དཀར་པོ་འམ། སྟུག་པོ་དང༌། སྲབ་མོ་ལས་གང་ཡང་རུང་བ་དང༌། ཁྲུ་ལྔ་ལ་སོགས་པ་གང་ཡང་རུང་བ་སླང་བ་ལས་གལ་ཏེ་དེ་ཉིད་ཐོབ་ན་སློང་བའི་ཚེ་ཉེས་བྱས་སོ། །མ་ཐོབ་ན་སྤང་བའོ། །འོན་ཏེ་གཞན་ཐོབ་བམ་ཉུང་བ་འམ་ལྷག་པར་ཡང་རུང་སྟེ། སློང་བའི་ཚེ་ཉེས་བྱས་སོ། །ཐོབ་པ་ལ་ལྟུང་བ་མེད་དོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་ཡིན་པར་འདུ་ཤེས་པ་ལ་སོགས་པ་སྔ་མ་བཞིན་ཏེ། མུ་བཞིར་བརྗོད་པར་བྱའོ། །


DTG151_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྣམ་པར་ཤེས་པར་བྱེད་དམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ཚད་ལས་ཆུང་པའམ། རྒྱུ་འམ་སྤུན་ཞིག་བསླང་སམ། ལེན་པ་ལས་དེའི་མཚན་གྱུར་ན་ཉེས་བྱས་སོ། །བསྙེན་པར་རྫོགས་པས་བསླངས་པ་ལ་མུ་བཞི་སྟེ། གཅིག་ནི་སྤང་བའོ། །གཉིས་ནི་ཉེས་བྱས་སོ། །གཅིག་ནི་ལྟུང་བ་མེད་དོ། །དེ་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་བརྗེད་པར་བྱའོ། །དུས་སུ་སློང་བ་ནི་ལྟུང་བ་མེད་དོ། །དེ་ཚུལ་འཆོས་དང་ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་གྱིས་སློང་ན་ཉེས་བྱས་སོ། །གལ་ཏེ་དགེ་སློང་རྣམས་ལ་གོས་སྦྱིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ། །ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་དང༌། རས་མ་བསླངས་པ་ལས་རས་སམ། རས་ཡུག་ཆེན་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །སྤྲང་སྐྱབས་ཀྱི་གོས་སམ། དབྱར་གྱི་གོས་རས་ཆེན་ནམ། དགེ་འདུན་གྱི་ཕྱིར་བསླངས་སམ། མི་མ་ཡིན་པ་དང༌། དུད་འགྲོ་ལས་བསླངས་ན་ལྟུང་བ་མེད་དོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཀྱིས་གྲོང་ཁྱེར་ཕྲེང་བ་ཅན་པའི་བཞི་བཅུ་བཅོས་པའི་ཕྱིར་སྟོད་གཡོགས་དང་སྨད་གཡོགས་ལས་ལྷག་པར་བསླངས་པས་ན། དེའི་ཉོན་མོངས་པས་སྤང་པ་བདུན་པ་བཅས་ཏེ། ཚད་མི་འཛིན་པར་ལེན་པས་སོ། །སྤང་པ་ལྟག་མ་རྣམས་ལ་ཡང་ཉོན་མོངས་བ་དེ་ཉིད་དོ། །སྟོབས་པ་ཞེས་བྱ་བ་ནི་ཡང་ཡང་དུ་སྟོབས་པ་དང༌། ཤིན་ཏུ་སྟོབས་པ་དང༌། ཆུང་དུ་སྟོབས་པ་དང༌། སྙིང་ནས་སྟོབས་པ་དང༌། སྙིད་ནས་མི་སྟོབས་པ་དང༌། མཆོག་ཏུ་ཁྱད་པར་མེད་པར་སྟོབས་པ་དང་ཁྱད་པར་དུ་སྟོབས་པ་དང༌། རྗེས་སུ་མཐུན་པར་སྟོབས་པ་དང༌། འཇིག་རྟེན་གྱི་ཐ་སྙད་དུ་སྟོབས་པ་དང༌། བཏུད་དེ་སྟོབས་པ་དང༌། མ་བཏུད་བར་སྟོབས་པ་དང༌། རང་གི་རྫས་ལ་སྟོབས་པ་དང༌། གཞན་གྱིས་བསྟན་པ་ལས་སྟོབས་པ་དང༌། སོང་བ་ལས་སྟོབས་པ་དང༌། འོངས་པ་ལས་སྟོབས་པ་དང༌། ཚིག་མང་པོས་སྟོབས་པ་དང༌། ཚིག་གཅིག་གིས་སྟོབས་པ་དང༌། ཁྲོས་ནས་སྟོབས་པ་དང༌། དགའ་ནས་སྟོབས་པ་དང༌། རྒྱུན་དུ་སྟོབས་པ་དང༌། རྒྱུན་


DTG151_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཡིན་པར་སྟོབས་པ་དང༌། མཚན་མ་ཙམ་དུ་སྟོབས་པ་དང༌། རང་གི་སྒྲས་སྟོབས་པའོ། །རྗེས་སུ་མཐུན་པ་དང༌། འཇིག་རྟེན་གྱི་ཐ་སྙད་དང༌། ཁྲོས་པ་དང༌། སྙིང་ནས་མི་སྟོབས་པ་ལས་མི་བླང་བ་སྟེ། བླངས་ན་ཡང་ཉེས་བྱས་སོ། །སྟོད་གཡོགས་དང༌། སྨད་གཡོགས་ཞེས་བྱ་བ་ནི་སྟོད་གཡོགས་དང་སྨད་གཡོགས་ལ་རྣམ་པ་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་ནི་མ་བགོས་པ་ཞིག་ན་སྣམ་སྦྱར་ཉིས་རིམ་དང༌། རས་ལྔ་དང་གཉིས་པའོ། །ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ནི་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང༌། རས་བདུན་པ་དང༌། གཉིས་པའོ། །ཁ་ཅིག་ན་རེ་མཐང་གོས་ཞེས་བརྗོད་པ་ནི་ཤམ་ཐབས་དང་རྡུལ་གཟན་ནོ། །བླ་གོས་ཞེས་བྱ་བ་ནི་ཆོས་གོས་ལ་བྱ་བ་སྟེ། བླ་གོས་དང་མཐང་གོས་ནི་གསུམ་པ་དང་ལྡན་པའི་བསྡུ་བ་སྟེ། བླ་གོས་དང་མཐང་གོས་ཞེས་བྱའོ་ཞེས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྟོད་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད་ཐོབ་བམ། ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཀྱང་རུང་ལྷག་པར་བླངས་ན་ཉེས་བྱས་སོ། །ཐོབ་ན་སྤང་བའོ། །དེ་བཞིན་དུ་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཐོབ་པ་ལ་ཡང་བརྗོད་པར་བྱའོ། །ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད་དེ་མ་ལངས་ན་ཡང་བསླང་བར་མི་བྱའོ། །གལ་ཏེ་བླངས་ན་སྤང་བའོ། །ལྷག་མ་སྦྱིན་པར་མི་བྱའོ། །དགེ་སློང་གིས་སྟོད་གཡོགས་དང་སྨད་གཡོགས་བསླངས་པ་ལས་དེ་ཉིད་ཐོབ་སྟེ། མ་བླངས་ན་བསླང་བར་བྱའོ། །ལྷག་པ་སྦྱིན་པར་བྱའོ། །སླར་མ་བྱིན་ན་སྤང་པའོ། །བདུན་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་ནན་གྱིས་སྐྱིན་པོ་བྱེད་དུ་བཅུག་སྟེ། གོས་རིན་ཐང་ཆེན་པོ་ཁྱེར་བའི་ཕྱིར་ཁྱིམ་བདག་ལ་ཕབ་སྟེ། དེ་ཡང་དེའི་ཕྱིར་གཟུང་བས་ན། དེ་ན་འཇིག་རྟེན་པ་རྣམས་མ་དད་པ་དང༌། ཁྱད་པར་ཅན་མ་ཡིན་པ་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་བརྒྱད་པ་བཅས་སོ། །གོས་ཀྱི་རིན་དག་ཅེས་བྱ་བ་ལ་ནི་གོས་ཀྱི་རིན་དབྱིག་གམ་གསེར་རོ། །འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་ཀཱཪྵཱ་པ་ཎ་ལྔ་རི་བའམ།


DTG151_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱཪྵཱ་པ་ཎ་ལྔ་བཅུ་རི་བ་ཡང་རུང༌། སྔོན་པོ་ལ་སོགས་པ་ཁྲུ་ལྔ་པ་ནས། ཁྲུ་ལྔ་བཅུ་པའི་བར་དུའོ། །ཉོས་ལ་ཞེས་བྱ་བ་ནི་ཉོ་བའོ། །དུས་སུ་ཞེས་བྱ་བ་ནི་གང་གིས་ཚེ་འདོད་པ་དང༌། ལེན་དུ་གནང་བའི་དུས་གང་ཡིན་པའོ། །རུང་བ་ཞེས་བྱ་བ་ནི་རྔ་མོའི་བལ་གྱི་སྣམ་བུ་ལ་སོགས་པ་མ་གཏོགས་པ་ལོངས་སྤྱོད་དུ་བཟོད་པའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་གཉེར་དུ་གཉེར་བ་མ་བྱས་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི། ཚོལ་བ་འམ། ཁྱད་པར་དུ་རྟོགས་པ་ནི་རྣམ་པར་རྟོག་པའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། ཡང་ལྷག་པར་འདོད་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང༌། ནན་གྱིས་དང༌། མཉམ་པ་དང༌། ཁ་དོག་དང༌། ཁྲུ་ཚད་ཀྱང་རུང༌། ཇི་ལྟ་བུ་ཐོབ་པ་དེ་ལས་ལྷག་པར་བླངས་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །གཞན་སུ་ཡང་རུང་བའི་ཕྱིར་རམ། གཉིས་ལ་བསམས་ཏེ་གཞག་པ་འམ། ཡོ་བྱད་གཞན་ཡང་རུང་སྟེ། ཁྱིམ་པ་དང་བསྙེན་པར་མ་རྫོགས་པའི་ཕྱིར་མངོན་པར་འདུས་བྱས་པ་ལས་རབ་ཏུ་འབྱུང་ངམ། བསྙེན་པར་རྫོགས་པར་སློང་བར་བསམས་ན་ཉེས་བྱས་སོ། །ལྷ་ལ་སོགས་པ་རྣམས་ཀྱི་ཕྱིར་ནི་ལྟུང་བ་མེད་དོ།། ཁ་ཚར་ལ་སོགས་པ་བསླངས་པ་ལས། རས་མ་ལ་སོགས་པ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །བརྒྱད་པའོ།། །།དགུ་པ་གླེང་གཞི་ཡང་དེ་ཉིད་དེ། ལྟུང་བའི་རྣམ་པར་དབྱེ་བ་ཡང་དེ་བཞིན་ཏེ། ཁྱད་པར་ནི་གོས་ཀྱི་རིན་གཉིས་ཀྱིས་སོ་སོ་ནས་སྤགས་པའོ།། །།དགུ་བའོ། །མཉན་ཡོད་ན་སྟེ། ཉེ་དགས། དབྱར་ཚུལ་གྱིས་གོས་ཀྱི་རིན་བྱིན་པ། ཚོང་པའི་ལག་ཏུ་བཞག་ནས། ཚོང་པ་དེས་མྱུར་དུ་མ་ཕྱིན་པའི་ཕྱིར། ཀཱཪྵཱ་བ་ཎ་དྲུག་ཅུ་ཆད་པས་བཅད་པ་ན། མི་རུང་བའི་གཞི་ལེན་ལ། གཞན་གྱི་སེམས་རྗེས་སུ་མི་བསྲུང་ཞིང༌། རྙེད་པ་ཐོབ་ན་ཡང་བཏང་སྙོམས་བྱེད་པ་སྤང་བའི་ཕྱིར་བཅུ་བ་བཅས་སོ། །རྒྱལ་པོ་ཞེས་བྱ་བ་ནི། གང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བའོ། །རྒྱལ་པོའི་བློན་པོ་ཞེས་བྱ་བ་ནི། དེ་དང་ལྷན་ཅིག་གྲོས་ཀྱིས་འཚོ་བའོ། །བྲམ་ཟེ་ཞེས་བྱ་བ་ནི། གཙང་སྦྲ་ཅན་ནོ། །ཁྱིམ་བདག་ཅེས་བྱ་བ་ནི་ཕྱུག་པོའོ། །གྲོང་རྡལ་གྱི་མི་འདི་ཞེས་བྱ་


DTG151_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གྲོང་ཁྱེར་གྱི་མིའོ། །ཡུལ་མི་ཞེས་བྱ་བ་ནི་ཡུལ་གྱི་མིའོ། །ནོར་ཅན་ཞེས་བྱ་བ་ནི་ནོར་བྱེ་བས་ཕྱུག་པའོ། །ཚོང་དབོན་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ། །དེད་དཔོན་ཞེས་བྱ་བ་ནི་གང་གིས་ལན་གཉིས་ལན་གསུམ་ཡང་རུང་འདྲོན་པ་མང་པོ་བསྒྲལ་བའོ། །ཚེ་དང་ལྡན་པ་དགེ་སློང་དག་ལ་ནི་ཆོས་གོས་ཀྱི་རིན་དག་མི་རུང་སྟེ་ཞེས་བྱ་བ་ནི་གང་བླང་དུ་རུང༌། གང་བླང་དུ་མི་རུང་ཞེ་ན། ས་ལེ་སྦྲམ་དང༌། དངུལ་ནི་མི་རུང་ངོ༌། །རྒྱལ་སྲིད་དང༌། རྒྱལ་སྲིད་ཀྱི་ཕྱེད་དང་ཉེ་བ་དང༌། འདོད་པ་དང་ལྡན་པ་ཐམས་ཅད་མི་བླང་ངོ༌། །དགེ་འདུན་གྱི་ཕྱིར་ཡང་མི་རུང་ངོ༌། །འབྲུ་རྗེན་པ་ལེན་པ་དང༌། ཞིང་བླང་བ་དང༌། གྲོང་བླང་བ་དང༌། བ་ལང་ལ་སོགས་པ་བླང་བ་བདག་གི་ཕྱིར་ནི་མི་རུང་གི །དགེ་འདུན་གྱི་ཕྱིར་ནི་རུང་ངོ༌། །ཞིང་བླངས་ན་ནི་ཐོག་ཤས་སུ་རྗེས་སུ་སྦྱིན་པར་བྱའོ། །བྲན་མོ་དང༌། བྲན་ཕོ་གང་ཟག་གི་ཕྱིར་ནི་མི་བླང་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་ཕྱིར་ནི་བླང་ངོ༌། །སྣོད་སྤྱད་རྣམས་ནི་དགེ་འདུན་ལ་རུང་གི་གང་ཟག་ལ་ནི་མ་ཡིན་ནོ། །དེ་ལ་ཀུན་དུ་སྤྱད་པར་བྱ་བ་ནི་སྣོད་སྤྱད་སྦེད་པ་བསྐོ་བར་བྱ་སྟེ། གང་མ་འབགས་པ་དེ་དག་བཀྲུ་བ་དང༌། འཕྱི་བར་བྱེད་པའོ། །འབགས་པ་ནི་ཉེ་གནས་ཀྱིས་སོ། །འཁོར་མེད་པ་ནི་དགེ་བསྐོས་ཉིད་ཀྱིས་སོ། །དགེ་སློང་ཁར་བའི་སྣོད་འཆང་ན་ཉེས་བྱས་སོ། །ལྟུང་བ་མེད་པ་ནི་ཁ་གཟར་དང༌། ཕུལ་བའི་བཏུང་ཕོར་དང༌། ཚྭ་ཁུག་འཆང་བའོ། །རུང་བའི་ལྷུང་བཟེད་དང༌། ཆོས་གོས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་སྨན་རྣམས་ནི་བླང་བར་བྱའོ། །ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་བསྟན་པའི་ཆིག་སྟེ། དེ་གང་ཞེ་ན། སྨྲས་པ། ཀུན་དགའ་ར་བ་པ་སྟེ། གང་རུང་བར་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བའམ། བསླབ་པའི་གཞི་ལྔ་ལ་གནས་པའོ། །ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་བཞི་དང༌། བསྐུལ་བའི་སྒོ་དྲུག་གོ །ཕྱོགས་བཞི་པོ་དག་གང་ཞེ་ན། འབོད་གནས་ནི་རྫ་མཁན་གྱི་གནས་སམ། འདྲེག་མཁན་གྱི་གནས་སོ། །ཁྱིམ་གནས་ནི་ཁྱིམ་ཉིད་དམ། ཆུའི་གནས་སོ། །ལས་ཀྱི་མཐའ་ནི་བུ་རམ་ཤིང་གི་ལས་ཀྱི་མཐའ་དང༌། སཱ་ལུའི་


DTG151_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལན་ཚྭའི་ལས་ཀྱི་མཐའོ། །ལས་ཀྱི་གནས་ནི་ཚོང་ཁང་དང༌། ཚོང་རྡལ་ལོ། །བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འདོས་སམ། ལེགས་པར་འོངས་སམ། ཁྱོད་སྟན་འདི་ལ་འདུག་ཤིག །བཅའ་བ་འཆོ་ཤིག །བཟའ་བ་ཟོ་ཤིག །བཏུང་བ་འཐུང་ཤིག་ཅེས་ཟེར་ན་ཐམས་ཅད་དུ་ཡང་དོན་དེའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་ནི་བསྐུལ་བའི་སྒོ་དྲུག་གོ །གལ་ཏེ་ཧ་ཅང་མྱུར་དུ་སྨྲས་པས་ཕ་རོལ་པོའི་ཚིག་གི་སྐབས་མེད་པར་བྱེད་ན་མ་རྫོགས་པ་ཞེས་བྱ་སྟེ། གོ་བཟློག་པ་ནི་རྫོགས་པའོ། །ཡིད་བརྟན་པའི་ཕོ་ཉ་ཞེས་བྱ་བ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་སྟེ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། བསྐུལ་བར་འདོད་དེ་འགྲོ་བ་ལ་སོགས་པའི་ཉེས་བྱས་སོ། །བསྐུལ་བ་རྣམ་པ་དྲུག་ལས་འདས་ནས་ལྟུང་བའོ། །གྲུབ་ན་སྤང་བའོ། །ཁ་ཅིག་ན་རེ་མི་བྱེད་པར་སྦྱོར་ན་ཡང་ལྟུང་བ་སྟེ། དེ་འདི་སྐད་ཟེར་རོ་ཞེས་གཞན་ཞིག་སྨྲས་པ་དེས་བཏང་སྙོམས་སུ་བཞག་ན་ལྟུང་བར་འགྱུར་རོ་ཞེའོ། །ཞལ་ཏ་བྱེད་པས་འཕགས་པ་གོས་སྣོམས་ཤིག་ཅེས་ཟེར་ན་དེ་ལ་དེས་ངས་ནི་བཏང་ཟིན་གྱིས་དེ་ཉིད་ལ་བྱིན་ཅིག་ཅེས་བསྒོའོ། །དེ་ཡང་བདག་གིས་དེའི་སེམས་བསྡུ་བར་གྱིས། སྣོམས་ཤིག་ཅེས་ཟེར་ན་ཡང་གོ་རིམས་དེ་ལྟ་བུ་མ་བྱས་པར་གོས་ཀྱི་རིན་བླངས་ན་ཐམས་ཅད་དུ་ཡང་སྤང་བའི་ལྟུང་བའོ། །བརྫུན་པ་ལ་སོགས་པའི་ཚིག་གི་ལམ་གྱིས་བསྐུལ་ན་ཉེས་བྱས་སོ། །སྦྱིན་བདག་ལ་མ་སྦྲན་ན་ཡང་ཉེས་བྱས་སོ། །མིས་བྱིན་ལ། ཕོ་ཉ་ཡང་མི་རུང་པར་བྱེད་པས་ཀྱང་མིས་ཏེ་འདི་ལྟ་བུ་ལ་སོགས་པ་རྣམས་དྲུག་གི་བར་དུ་བསྐུལ་བ་ལ་ནི་ཐམས་ཅད་དུ་ལྟུང་བ་མེད་དོ། །རྣམ་པ་གཞན་དུ་དགེ་སློང་གིས་མི་ལ་དགོས་ཀྱི་རིན་རྣམ་པར་ཤེས་པར་བྱེད་དམ། མི་མ་ཡིན་པ་དང༌། ཀླུ་ཡང་རུང་སྟེ། རྣམ་པར་ཤེས་པར་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་པའོ་ཕོ་ཉ་དང༌། ལག་རྩིས་དང༌། སྤྲིང་ཡིག་གིས་རྣམ་པར་རྟོགས་པར་བྱེད་ན་ལྟུང་བ་སྟེ། ཉེས་བྱས་སོ། །ཐོབ་ན་སྤང་བའོ། །སྦྱིན་པ་མི་མ་ཡིན། ཕོ་ཉ་ཡང་མི་མ་ཡིན་ལ། མི་མ་ཡིན་པས་རུང་བར་བྱེད་ན་ཉེས་བྱས་གསུམ་མོ། །སྦྱིན་པ་ཡང་མི་མ་ཡིན། ཕོ་ཉ་ཡང་མ་


DTG151_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ། རུང་བར་བྱེད་པ་མི་ཡིན་ན་ཉེས་བྱས་གཉིས་སོ། །སྦྱིན་པ་མི་ཡིན། ཕོ་ཉ་ཡང་མི་ཡིན། རུང་བར་བྱེད་པ་མི་མ་ཡིན་ན་ནི་ཉེས་བྱས་གཅིག་པའོ། །ཁྱིམ་པས་མི་མ་ཡིན་པའམ། མུ་སྟེགས་ཅན་ལ་བཅོལ་ལམ་མུ་སྟེགས་ཅན་ནམ། མི་མ་ཡིན་པས་ཁྱིམ་པ་ལས་བཅོལ་བ་ལས་དེ་ལས་དེ་ལས་ལྷག་པར་སྦྱོར་ན་ཉེས་བྱས་སོ། །ཁ་ཅིག་ན་རེ་གལ་ཏེ་གཞན་ཞིག་གིས་དེའི་ཕྱིར་བླངས་པ་དང༌། དེ་ན་རེ་ཡང་སྦྱིན་ནོ་ཞེས་ཟེར་བ་ལས། དེས་ཀྱང་ང་ཕོངས་ཀྱིས་ཕྱིན་ཅིག་ཅེས་སྨྲས་ཀྱང་བྱས་ཟིན་པའི་རྗེས་སུ་བྱེད་པར་ཟད་པས་ལྟུང་བ་མེད་དོ་ཞེའོ། །གོས་ཀྱི་ཚོགས་དང་པོ་རྫོགས་སོ།། །།བཅུ་པ་གཉིས་པ་ལ་ཉེ་བར་དག་པའི་གཞིའི་དབང་དུ་མཛད་པ་ལྔ་དང༌། གཉིས་ནི་མངོན་པར་འདུས་བྱས་པ་གཞིའི་དབང་དུ་མཛད་དེ། ཉེ་བར་འཇོག་པ་དང༌། མངོན་པར་འདུས་བྱས་པའོ། །གསུམ་ནི་དེ་དག་གི་མཚན་མའི་གཞིའི་དབང་དུ་མཛད་དེ། རྙེད་པ་དང༌། སྦྱོར་བ་དང༌། ཉོ་ཞིང་འཚོང་བ་དང་གསུམ་ཏེ། ཐམས་ཅད་ཀྱང་འགལ་ཚབས་ཅན་ལ་སོགས་པའི་ཉོན་མོངས་པ་གསུམ་པོ་རྣམས་ཡོངས་སུ་སྤང་བའི་ཕྱིར་རོ། །བདུན་པ་ནི་རྐྱེན་ལ་བརྟེན་པའི་ཉོན་མོངས་པ་སྤང་པའི་ཕྱིར། མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ཏེ། སྲོག་ཆགས་མང་པོ་གསོད་ངོ་ཞེས་མུ་སྟེགས་ཅན་དག་སྨོད་ཅིང་མི་སྙན་པར་ཟེར་བ་དང༌། བཟང་པོ་ལ་ཆགས་ཤིང་ཚོལ་པའི་ཉེས་པ་སྤང་བའི་ཕྱིར་སྟན་གྱི་ཚོགས་དང་པོ་བཅས་སོ། །སར་པ་ཞེས་བྱ་བ་ནི་སར་པ་ལ་གཉིས་ཏེ། བྱས་པ་དང་རྙེད་པའོ། །དེ་ལ་འདིར་བྱས་པ་ལ་བྱའོ། །སྲིན་བལ་གྱི་སྟན་ཞེས་བྱ་བ་ནི་སྲིན་བལ་འབའ་ཞིག་ལས་བྱས་པའི་སྟན་ཏེ་སོ་སོར་གདིང་བ་ཞེས་བྱ་བའི་ཐ་ཚིག་གོ །སྟན་ལ་རྣམ་པ་གཉིས་ཏེ། བཏགས་པ་དང་བླངས་པའོ། །དེ་ལ་འདིར་ནི་བཏགས་པ་ལས་བྱ་བར་འདོད་དེ་རྒྱུ་ལས་བཏགས་པའི་ཞེས་བྱ་བའི་བར་དུའོ། །དེ་ལས་གཞན་པ་བསླབ་པའི་གཞི་བཞི་པོ་ནི་བླིངས་པ་སྟེ། ཕྱིང་བའི་རྣམ་གྲངས་སོ། །བྱེད་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་ཀྱང་རུང་སྟེ། བཟང་པོ་ལ་ཆགས་པ་འམ། ཇི་ལྟ་བུ་རྙེད་པ་འམ་རུང་བ་འམ། ཡོད་བྱེད་ཀྱི་མཆོག་གི་ཕྱིར་རམ།


DTG151_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་བའི་ཕྱིར་རམ། རྙེད་པའི་ཕྱིར་རམ། ཆུན་པོ་འམ། འདའ་བ་འམ་ཕུང་པོ་ལས་ཏེ། འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཅི་སྲིད་མ་ཟིན་གྱི་བར་དུ་ནི་ཉེས་བྱས་སོ། །ཟིན་ན་སྤང་བའོ། །སྲིན་བལ་ལ་སྲིན་བལ་དུ་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་སྟེ་སྤང་བའོ། །སྲིན་བལ་མ་ཡིན་པ་ལ་སྲིན་བལ་དུ་འདུ་ཤེས་སམ། ཡིད་གཉིས་ཟ་ན་ལྟུང་བ་སྟེ། སྤང་བ་ནི་མ་ཡིན་ནོ། །སྲིན་བལ་ལ་སྲིན་བལ་མ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །མ་ཟིན་བ་ཟིན་པར་བྱས་སམ། མ་ཟིན་པར་བོར་རམ། གཞན་གྱི་ཕྱིར་རམ། ཆེད་དུ་འམ། བལ་དང༌། གསོ་མ་དང༌། ཟར་མ་དང༌། ཤིང་བལ་དང༌། རྩྭ་དུ་གུ་ལ་དང་བསྲེས་སམ། མི་རུང་བ་དང་བསྲེས་སམ། བདེ་བར་གཤེགས་པའི་ཚད་བཞིན་བྱས་ན་ཉེས་བྱས་སོ། །བྱས་ཟིན་པ་རྙེད་དམ། བྱས་ཟིན་པ་ལ་ཡོངས་སུ་ལོངས་སྤྱོད་དམ། རྙིད་པ་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །གོས་ཀྱི་རིན་དུ་སྲིན་བལ་རྙེད་པ་དེ་ལས་བྱས་ན་ཡང་ལྟུང་བ་མེད་དོ། །གལ་ཏེ་ཡུལ་གྱི་མིའི་བསམ་པས་དེ་ལ་དེར་དགོས་པ་ཡོད་པ་ལས་རིན་ཐང་ཆེ་ཆུང་ཞིག་ཏུ་རྟོག་པར་འགྱུར་ཏེ། སྲིན་བལ་རྙེད་སླ་ལ། གཞན་རྙེད་དཀའ་ན་ལྟུང་བ་མེད་དོ། །བཏང་སྙོམས་སུ་འཇོག་པས་ལྟུང་བའོ། །གལ་ཏེ་གཞན་ཞིག་དེའི་ཕྱིར་འདི་ལྟ་བུ་འདོད་དོ་ཞེས་སློང་བ་ལས། དེ་ཡང་འདོད་པའི་ཕྱིར་བཏང་སྙོམས་སུ་འཇོག་པར་བྱེད་ན་ཡང་ངོ༌། །དང་པོའོ།། །།མཉན་ཡོད་དུ་དགེ་སློང་མང་པོ་ལ་བརྟེན་ཏེ། བྱ་བ་མང་པོ་ལས་བཟློག་པ་དང༌། བཟང་པོ་ལ་ཆགས་ཤིང་ཚོལ་བའི་ཉེས་པ་སྤང་བའི་ཕྱིར་སྤང་བ་གཉིས་པའོ། །ནག་པོ་འབའ་ཞིག་ཅེས་བྱ་བ་ནི་འཚེར་བ་དང༌། འཇམ་པའི་ཕྱིར་རོ། །ནག་པོ་འབའ་ཞིག་ཅེས་བྱ་བ་ནི་ནག་པོ་ལ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྔོན་པོ་དང༌། འདམ་ཁ་དང༌། ཁམ་པའོ། །སར་པ་ཞེས་བྱ་བ་ནི་བྱེད་པ་ལས་བྱའི། རྙེད་བ་ལས་ནི་མ་ཡིན་ནོ། །སྟན་ཞེས་བྱ་བ་ནི་བླིངས་པ་སྟེ། ཕྱིད་པའི་རྣམས་གྲངས་སོ། །བྱེད་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བལ་ནག་པོ་འབའ་ཞིག་གི་ཆུན་པོ་འམ། འདབ་མ་འམ། ཕུང་


DTG151_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཅི་སྲིད་མ་ཟིན་གྱི་བར་དུ་ནི་ཉེས་བྱས་སོ། །ཟིན་ན་སྤང་བའོ། །ལྷག་མ་རྣམས་ནི་ལྟུང་བ་སྔ་མ་བཞིན་ནོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ཏེ། བཟང་པོ་ལ་ཆགས་ཤིང་ཚོལ་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་གསུམ་པ་བཅས་སོ། །དཀར་པོ་ཞེས་བྱ་བ་ནི་རྩི་བ་ལོགས་ཀྱི་བལ་དང༌། རྒྱབ་ཀྱི་བལ་དང༌། གཉའ་བའི་བལ་ཏེ། ཁ་དོག་གི་རྣམ་གྲངས་སུ་ནི་འདྲ་མོད་ཀྱི། གསུང་རབ་ལ་མིང་གཞན་དུ་བྱས་སོ། །ཁོབ་བལ་ཞེས་བྱ་བ་ནི་མགོ་དང༌། རྐང་པ་དང༌། ལྟོ་བའི་བལ་ཏེ། ཡུལ་ན་སྤྱོད་པའི་ཕྱིར་དེ་སྐད་དུ་བྱའོ། །མ་བཅུག་ན་ཞེས་བྱ་བ་ནི་མ་བྱིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྟན་སྲང་བཅུ་པ་ཞིག་བྱེད་ན་བལ་ནག་པོ་འབའ་ཞིག་ལས་སྲང་ལྔ་ལས་གཞུག་པར་བྱའོ། །དཀར་པོ་ལས་སྲང་ཕྱེད་དང་གསུམ་དང༌། འཁོབ་བལ་ལས་སྲང་ཕྱེད་དང་གསུམ་དང༌། ཚད་རྣམ་པར་དབྱེ་བ་ནི་ཕྱོགས་འདིས་རིག་པར་བྱའོ། །དེ་ཇི་ཙམ་དུ་བྱེད་ཀྱང་ཆ་བཞིར་བརྗོད་པར་བྱའོ། །ཆ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་ཅུང་ཟད་དཀར་པོ་དང༌། འཁོབ་བལ་སྲང་གཅིག་གམ། སྲང་ཕྱེད་ཀྱང་རུང༌། བསྐྱངས་སམ། ནག་པོ་འབའ་ཞིག་ལས་སྟན་དུ་བྱས་ན་སྤང་བའོ། །སྦྱོར་བའི་ཚེ་ཉེས་བྱས་སོ། །གལ་ཏེ་ནག་པོ་འབའ་ཞིག་བྱེད་ན་དེ་ལ་ནི་ཚད་འདི་ངེས་པ་ཡིན་གྱི། དཀར་པོ་དང་འཁོབ་བལ་ལས་བྱེད་ན་ནི་ཚད་འདི་ངེས་པ་ནི་མ་ཡིན་ནོ། །གཞན་གྱི་ཕྱིར་ནི་ཐམས་ཅད་གོང་མ་བཞིན་ནོ། །ནག་པོ་འབའ་ཞིག་རྙེད་པར་སླ་ལ་གཞན་ནི་རྙེད་པར་དཀའ་ན་ལྟུང་བ་མེད་དོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ཏེ། བྱ་བ་མང་བ་ལས་འབྲལ་བྲ་དང༌། མི་འདོད་བཞིན་ཡོངས་སུ་ལོངས་སྤྱད་པའི་ཉེས་པ་སྤང་བའི་ཕྱིར་བཞི་པ་བཅས་སོ། །མི་འདོད་བཞིན་ཞེས་བྱ་བ་ནི་མི་འདོད་ཀྱང་ངོ༌། །ལོ་གང་ལ་སྟན་བྱས་པ་ནས་གཉིས་པ་ཡང་དེ་ནས་ལོ་ལྔའི་བར་དུ་བྱེད་ན་བརྩམས་སམ། ཟིན་ཡང་རུང་སྟེ། རྩོམ་པའི་ཚེ་ན་ཉེས་བྱས་སོ། །ཟིན་ན་སྤང་བའོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ལོ་ལྡ་ཚུན་ཆད་དུ་གཉིས་པ་ཞིག་བྱས་ན་སྔ་མ་ཤོས་བྱིན་གྱིས་


DTG151_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ན་ཕྱི་མ་ཤོས་གཏང་བར་བྱའོ། །ཕྱི་མ་ཤོས་བྱིན་གྱིས་བརླབས་ན་སྔ་མ་ཤོས་གཏང་བར་བྱའོ། །གཉིས་པ་དེ་བྱེད་པའི་ཚེ་ནི་ཉེས་བྱས་སོ། །ཟིན་ན་སྤང་བའོ། །སྔ་མ་ལ་ལྟུང་བ་མེད་དོ། །ལོ་གང་གི་ཚེ་སྟན་བྱས་པ་དེའི་ཚེ་གཉིས་པ་བྱས་བ་ལས་མ་ཟིན་ཏེ་བོར་བ་དང༌། དེ་བཞིན་དུ་ལྔའི་བར་དུ་ཡང་ཉེས་བྱས་སྔ་སྟེ། སྔ་མ་ལ་ལྟུང་བ་མེད་དོ། །གཞན་ཀྱི་ཕྱིར་བྱེད་པ་ལ་སོགས་པ་སྔ་མ་བཞིན་ནོ། །བརྩམས་པ་ལས་བབས་ཏེ། སླར་ཡང་བསྙེན་པར་རྫོགས་པར་བྱེད་དམ། མཚན་གྱུར་པ་ལས་སླར་ཡང་གྱུར་ཏམ། དེའི་གནས་སྐབས་སུ་ལས་བྱས་ཏེ། ཟིན་ན་ཉེས་བྱས་སོ། །ལོ་དྲུག་པའི་ངོ་ལས་བྱེད་པ་དང༌། ལག་གི་བླ་ལ་དགེ་འདུན་གྱིས་གནང་བ་བྱིན་པ་དང༌། དེ་ཡང་ལན་གསུམ་གྱི་བར་དུ་གསོལ་ན་དད་པས་འགྲོ་བར་མི་བྱའི་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱའོ། །ཡང་ན་སྟན་དེ་དགེ་འདུན་གྱི་ནང་དུ་བླངས་ལ་གལ་ཏེ་ཤིན་ཏུ་རིང་ངམ་ཞིང་ཆེ་བ་ཞིག་ཏུ་གྱུར་ན་གཅད་པར་བྱའོ། །གལ་ཏེ་ཤིན་ཏུ་ཞེང་ཆུད་དམ། ཐུང་ངམ། ཆད་དམ། རྡོལ་ན་བལ་སྦྱིན་པར་བྱའོ། །གལ་ཏེ་ཞིགས་སམ། སླར་འདུས་བྱ་བར་མི་བཟོད་ན་ལྟུང་བ་མེད་དོ། །གསོལ་པ་དང་གཉིས་ཀྱི་ལས་ཀྱིས་བྱའོ།། བཞི་པའོ།། །།མཉན་ཡོད་དུ་གནས་བརྟན་རྣམས་ལ་བྱང་ལམ་ནས་ལྷགས་པའི་ཚོད་བ་རྣམས་ཀྱིས་གདིང་བའི་ཕྱིར་རས་ཡུག་ལྔ་བརྒྱ་བྱིན་པ་དང༌། གདིང་བ་རྙིང་བ་རྣམས་བོར་བ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་མ་གུས་པའི་ཉེས་པ་སྤང་བ་དང༌། སླར་འདུས་བྱ་བའི་ཕྱིར་ལྔ་བ་བཅས་སོ། །གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་བའོ། །གདིང་བ་རྙིད་བ་ཀུན་ནས་འཁོར་བར་ཞེས་བྱ་བ་ནི་གལ་ཏེ་དེ་ལ་གཉིས་པ་ཡོད་ནའོ། །ཀུན་ནས་ཞེས་བྱ་བ་ནི་མཐའ་འཁོར་བར་ཏེ། དེ་ལ་ནི་སྲ་བར་བྱ་བ་ཡིན་ཏེ། དེ་ཡང་དེ་བཞིན་དུ་དྲས་ལ་སྦྱར་བར་བྱའོ། །བདེ་བར་གཤེགས་པའི་མཐོ་གང་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་ཕྱེད་དང་དོའོ། །གླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱའོ། །སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྲ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ན་དེ་སྲ་ཞིང་བརྟན་ལ་ལོངས་སྤྱོད་བཟོད་པར་འགྱུར་རོ། །དགེ་སློང་གིས་གལ་ཏེ་རྙིད་


DTG151_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁ་དོག་ངན་པར་མ་བྱས་སམ། བདེ་བར་གཤེགས་བའི་མཐོ་གང་ལས་ཅི་ཙམ་ཅུང་ཟད་སོར་གཅིག་གམ། སོར་ཕྱེད་ལས་ཆུང་དུ་གླན་ནམ་མ་གླན་ཀྱང་རུང༌། དེ་ཐམས་ཅད་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །རྙིང་པ་ལ་རྙིང་པར་འདུ་ཤེས་པ་སྔ་མ་བཞིན་ཏེ། མ་བཞིར་སྦྱར་རོ། །གདིང་བ་རྙིང་པ་ཅི་ནས་སླར་ཐམས་ཅད་དུ་འདུས་བྱར་མི་བཏུབ་བམ། དེ་ཙམ་ཞིག་ལས་མེད་དམ། གལ་ཏེ་མེད་ན་ལྟུང་བ་མེད་དོ། །གདིང་བའི་ཀུན་དུ་སྤྱད་པ་ནི་གདིང་བ་ལ་ཉི་ས་རིམ་དུ་བྱས་ཏེ། སྔོན་པོ་འམ། བཙག་གམ། དུར་སྨྲིག་ཏུ་བྱའོ། །ཁྲ་བོ་ཉེ་བར་བཀྲ་བར་མི་བྱའོ། །འོག་ཕྱོགས་སུ་སུམ་ཆ་གཅིག་ལ་གླེགས་བུའི་འཕྲོ་བྱའོ། །རྣམ་པ་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་བལ་ཡུལ་གྱི་ལམ་དུ་ཤིང་རྟའི་སྲོག་ཤིང་ཆག་པའི་བལ་དག་རྙེད་དེ། བལ་ཁུར་ཆེན་པོ་བྱས་ཏེ་ཁྱེར་བས་མཆོད་འོས་རྣམས་སོ་ཞེས་འཇིག་རྟེན་པ་རྣམས་མ་དད་པར་གྱུར་པས་ན་དྲུག་པ་བཅས་སོ། །ལམ་དུ་ཞུགས་པས་ཞེས་བྱ་བ་ནི་དགོན་པའི་ལམ་དུ་ཞུགས་པའོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་རྙེད་པའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དགོས་པར་གྱུར་པའོ།། བླང་བར་བྱའོ་ཞེས་བྱ་བ་ནི་བླང་བར་བྱ་བའོ། །བཀུར་བར་བྱའོ་ཞེས་བྱ་བ་ནི་བཀུར་བའོ། །ཁྱེར་བ་མེད་ན་ཞེས་བྱ་བ་ནི་རུང་བར་བྱེད་པ་མེད་ནའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོའོ། །དེ་དྲུག་ལ་ཆུ་རྡུལ་ལོ། །དེ་དྲུག་ལ་ལྕགས་རྡུལ་ལོ། །དེ་དྲུག་ལ་རི་བོང་གི་རྡུལ་ལོ། །དེ་དྲུག་ལ་ལུག་གི་རྡུལ་ལོ། །དེ་དྲུག་ལ་བ་ལང་གི་རྡུལ་ལོ། །དེ་དྲུག་ལ་སྐར་ཁུང་གི་ཉི་ཟེར་གྱི་རྔུལ་ལོ། །དེ་དྲུག་ལ་སྲོ་མའོ། །དེ་དྲུག་ལ་ཤིག་གོ །དེ་དྲུག་ལ་ནས་སོ། །དེ་དྲུག་ལ་སོང་གཅིག་གོ །སོར་བཞི་པ་དྲུག་ལ་ཁྲུ་གང་ངོ༌། །ཁྲུ་བཞི་ལ་གཞུ་གང་ངོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ། དེ་ནི་དགོན་པའོ། །དགེ་སློང་ལུག་གི་བལ་ཁྱོར་ནས་ལམ་དུ་ཞུགས་ཤིང་འགྲོ་ན། རྒྱང་གྲགས་རེ་རེས་བར་དུ་ཆོད་པའི་གྲོང་བདུན་ཏེ། གྲོང་བར་བྱེད་ཕྱེད་ཅིང་ཉེས་བྱས་སོ། །གྲོང་རེ་རེ་ཞིང་སྤང་བའི་ལྟུང་བའོ། །གྲོང་ནས་དགོན་པའི་ལམ་


DTG151_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུགས་ན་རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སོ། །རྒྱང་གྲགས་རེ་རེ་ཞིང་ལྟུང་བའོ། །ནམ་མཁའ་ལས་སམ། སྤྲུལ་པ་ཞིག་གིས་ཁྱེར་ན་ཉེས་བྱས་སོ། །ཞྭ་དང་ལྷམ་སྒྲོག་གུ་ཅན་དང༌། སྟོད་ཀོར་ནང་ཚངས་ཅན་དང༌། ལྕག་པོད་དང༌། ཤུར་བུ་ཕྲའུ་ལ་སོགས་པའི་ཕྱིར་སྦས་ཏེ། ཁྱེར་བ་ལ་ལྟུང་བ་མེད་དོ། །དྲུག་པའོ། །མཉན་ཡོད་ན་སྟེ། འཆར་ཀས་སྐྱེ་དགུའི་བདག་མི་ཆེན་མོ་གཽ་ཏ་མ་ལ་བལ་གྱི་ལས་བྱེད་དུ་བཅུག་པ་ན་བདུན་བདུན་པའོ། །འཁྲུ་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་ལན་ཅིག་བཅལ་བའོ། །འཚེད་ཅེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་ལན་ཅིག་བཅུག་པའོ། །རྨེལ་ཞེས་བྱ་བ་ནི་ཐ་ན་འདབ་མ་གཅིག་གོ །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། གསུམ་ལས་གང་ཡང་རུང་བྱེད་དུ་བཅུག་ན་སྤང་བར་འགྱུར་ལ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་སྟེ། བྱེད་དུ་བཅུག་ན་ཉེས་བྱས་སོ། །ཉེ་དུ་འམ་ཉེ་དུ་མ་ཡིན་པར་ཡང་རུང་ཉེ་དུ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །བཀྲུས་པ་འམ་འཁྲུ་བ་འམ། སྤྲིང་ཡི་ག་ལ་སོགས་པ་རྣམས་ཀྱིས་སམ། གཞན་གྱི་ཕྱིར་རམ། བདག་དང་གཞན་གྱི་ཡང་རུང༌། དགེ་འདུན་གྱི་འམ། སྤང་བ་བྱུང་བ་འམ། རྔ་མོའི་བལ་ལམ། རི་དགས་ཀྱི་བལ་ལམ། འདྲེས་པ་ཡང་རུང༌། འཁྲུར་བཅུག་ན་ཉེས་བྱས་སོ། །ལྷག་མ་རྣམས་ནི་ཇི་ལྟར་ཆོས་གོས་རྙིང་པ་འཁྲུར་བཅུག་པའི་བསླབ་པའི་གཞིའི་བཞིན་ནོ། །བདུན་པའི།། །།རྒྱལ་པོའི་ཁབ་ན་སྟེ། གྲོང་དཔོན་གཙུག་ན་ནོར་བུ་ཞེས་བྱ་བས་གསོལ་བ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ས་ལེ་སྦྲམ་དང༌། དངུལ་ལེན་ཏེ་གང་དེ་ལ་རུང་བ་དེ་དག་ལ་འདོད་པའི་ཡོན་ཏན་ལྡ་ཡང་རུང་བར་འགྱུར་རོ། །ཤིང་དང༌། རྩྭ་དང༌། ཤིང་རྟའི་ལས་དང༌། མི་བླས་ལ་སོགས་པས་འདོད་བ་རྣམས་ཀྱིས་རྩྭ་ལ་སོགས་པ་ཉིད་ཡོངས་སུ་བཙལ་བར་བྱའོ་ཞེས་སྨྲའི། འདི་སྐད་ཅེས་རྣམ་གྲངས་གང་གིས་ཀྱང་ས་ལེ་བྲམ་དང༌། དངུལ་ལ་སོགས་པ་བདག་གིར་བྱ་བར་ནི་མི་སྨྲའོ་ཞེས་སོ་སོར་བཀག་པ་དང༌། མཉན་ཡོད་དུ་དྲུག་སྡེ་རྣམས་ཀྱིས་རང་གི་ལག་གིས་གཞན་ལེན་དུ་བཅུག་བས་


DTG151_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ཅན་མི་སྙན་པ་ཟེར་བའི་ཕྱིར་བརྒྱད་བ་བཅས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་ཏེ། བདག་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །ལེན་པ་ཞེས་བྱ་བ་ནི་ཁྱད་པར་ཡིན་གྱི་འདིར་ལེན་དུ་བཅུག་པ་ནི་མ་ཡིན་ནོ། །དེ་ལ་གསེར་རམ། དངུལ་ཞེས་བྱ་བ་ནི་གསེར་དང་དབྱིག་གོ །གལ་ཏེ་མཚན་མ་བཏབ་ན་དེ་ཡང་དོན་འདིར་ནི་ས་ལེ་སྦྲམ་དང་དངུལ་ཞེས་བྱའོ། །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་བཅུག་ན་ཞེས་བྱ་བ་ནི་གཞན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གསེར་དང་དངུལ་གཏེར་རམ། ལྟུང་བ་འམ། སྔ་ནས་རྙེད་པ་འམ། སྦྱིན་བདག་ལས་ཐོབ་ཀྱང་རུང་བ་མ་བྱས་བར་རང་གིས་བླངས་སམ། གཞན་ལེན་དུ་བཅུག་ན་སྤང་བའོ། །གཞན་གྱིས་བཞག་པ་ལས་བདག་གིར་བྱས་ཀྱང་རང་གིས་མ་བླངས་ཀྱི་བར་དུ་སྤང་བར་མི་འགྱུར་རོ། །ལུས་ཀྱི་ལས་ཏེ་ཕ་རོལ་ཕོ་ལེན་དུ་བཅུག་ན་ལྟུང་བའི་གཞི་བཅོ་བརྒྱད་དུ་འགྱུར་ཏེ། འདི་ལོངས་ཤིག་འདི་ཙམ་ལོངས་ཤིག །འདི་ཁྱེར་ཤོག །འདི་ནི་ཁྱེར་ཤོག །འདི་ཙམ་ཁྱེར་ཤོག །འདི་ཞོག་ཤིག །འདིར་ཞོག་ཤིག །འདི་ཙམ་ཞོག་ཤིག །འདི་དག་ནི་མངོན་སུམ་དུ་འགྱུར་བའི་དོན་སྒྲས་ཐོག་མར་བྱེད་པའི་གཞི་དགུ་སྟེ། བྱ་བ་རྣམ་པ་གསུམ་ལས་བྱ་བ་རེ་རེ་ལ་ཡང་དངོས་པོ་དང༌། སྣོད་དང༌། ཚད་ཀྱིས་ཕྱེ་བའོ། །ཡང་མངོན་སུམ་དུ་མ་ཡིན་པ་རྣམ་པ་གསུམ་དང༌། སྒྲོག་ལ་དེ་ཞེས་བྱ་བའི་སྒྲ་ཐོག་མར་བྱས་ན་དེ་ལས་གཞན་ཡང་དོན་རྣམས་པ་དགུར་འགྱུར་ཏེ། དེ་ལྟར་ན་གཞི་བཅོ་བརྒྱད་དུ་འགྱུར་རོ། །གཞི་བཅོ་བརྒྱད་པོ་དེ་དག་མངོན་སུམ་དུ་གྱུར་པའི་ཕྱོགས་ཤིག་ཏུ་བསྒོ་ན་ཉེས་བྱས་སོ། །བླངས་ན་སྤང་བར་འགྱུར་རོ། །མངོན་སུམ་དུ་མི་འགྱུར་བ་ཞིག་ན་གཉི་ག་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །དགེ་སློང་གིས་གསེར་རམ། དབྱིག་གམ། དེ་གཉིས་གའམ། བརྡུངས་བ་འམ། མ་བརྡུང་པ་ཡང་རུང༌། གསེར་དང༌། དབྱིག་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌྰྸུཪྻ་སྟེ་གསུམ་ལ་རེག་ན་སྤང་བའོ། །ཡུལ་གྱི་ཐ་སྙད་ཅན་ལ་རེག་ན་སྤང་བའོ། །སྙད་གདགས་སུ་རུང་བ་སྟེ། གས་པ་དང༌། ཆགས་པ་དང༌། དུམ་བུ་དང༌། ཚིག་པ་དང༌། བཅོས་


DTG151_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གཡུལ་གྱི་ཐ་སྙད་ཅན་མ་ཡིན་པ་དང༌། མཚན་དང་མི་ལྡན་པ་ཉེ་བར་ལེན་ན་ཉེས་བྱས་སོ།། །ར་གན་རྣམ། རྣོ་བའི་ར་གན་ན། ཟངས་སམ། རྣོ་ཟངས་སམ། ལྕགས་སམ། རོ་ཉེ་འམ། ཚོན་མོ་སྟེང་ངམ། ཁྲོ་ཆུ་ལ་རེག་ན་ལྟུང་བ་མེད་དོ། །རུང་བའི་དངོས་པོར་མ་བསྔོས་པར་ངེས་བར་ཁྱིམ་པ་ལེན་དུ་བཅུག་ན་འང་སྤང་བའོ། །བདག་གིས་བླངས་སམ། དགེ་སློང་གཞན་ལེན་དུ་བཅུག་ན་ངེས་ཀྱང་རུང་མ་ངེས་ཀྱང་རུང་ཐམས་ཅད་སྤང་བའོ། །གཞན་གྱི་ཕྱིར་ནི་ལྟུང་བར་འགྱུར་གྱི། སྤང་བ་ནི་མ་ཡིན་ནོ། །གལ་ཏེ་རིམ་གྲོ་བྱེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་གཞན་གྱི་ཕྱིར་བསྐོས་པ་དེས་བླངས་ན་གཉིས་ཀ་ལ་ཡང་ལྟུང་བ་མེད་དོ། །ཐང་ངམ། ཆུ་ལ་གསེར་དང་དངུལ་ལྷུང་བ་གང་གི་ཡིན་པ་དེ་ཉིད་ཁྱེར་གྲང་སྙམ་དུ་དེ་ལྟ་བུར་བསུམས་ལ་བླང་བར་བྱའོ། །བདག་པོ་མེད་པའི་གཏེར་བླངས་ན་དཀོན་མཆོག་གསུམ་ལ་དབུལ་བར་བྱའོ། །ཇི་སྟེ་བདག་པོ་ཡོད་པའི་གཏེར་རམ། གཞན་ཅི་ཡང་རུང་བ་ལྷུང་བ་ཞིག་རྙེད་ན་དེ་གཞན་ལ་རྣམ་གྲངས་ཀྱིས་གྲགས་པར་བྱའོ། །གལ་ཏེ་དན་རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་མེད་ན་དཀོན་མཆོག་གསུམ་གྱིར་ཉེ་བར་སྦྱར་བར་བྱའོ། །མ་གུས་པའི་སེམས་ཀྱིས་བླངས་ན་ཉེས་བྱས་སོ། །ས་ལེ་སྦྲམ་ལས་ས་ལེ་སྦྲམ་དུ་འདུ་ཤེས་སམ་ཡིད་གཉིས་ཟ་འང་རུང་སྟེ་སྤང་པའོ། །ཁ་ཅིག་ན་རེ་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ་ཞེའོ། །ས་ལེ་སྦྲམ་མ་ཡིན་པ་ལས་ལེ་སྦྲམ་དུ་འདུ་ཤེས་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ་ཡིན་ནོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །ས་ལེ་སྦྲམ་དང་ས་ལེ་སྦྲམ་མ་ཡིན་ཡང་ས་ལེ་སྦྲམ་མ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །བདག་གི་ལ་ནི་ལྟུང་བ་འདིར་འགྱུར་གྱི། །གཞན་གྱི་ལ་ནི་མ་ཡིན་ནོ། །བདག་དང་ཞན་གྱི་ལ་ཡང་མ་ཡིན་ཏེ། དེ་ལ་ལྟུང་བར་འགྱུར། སྤང་བར་མ་ཡིན་ནོ། །རྣམ་གྲངས་ཀྱིས་རྣམ་གྲངས་སུ་གྱུར་པ་དང༌། གང་བདག་གི་གཞན་གྱིས་ཕྲོགས་པ་ལས་སླར་ཕྲོགས་པ་དང༌། བྱིན་གྱིས་བརླབས་པར་བརྟགས་པ་སྟེ། གལ་ཏེ་བསྟེན་པར་མ་རྫོགས་པ་གཞན་གྱིས་བརླབས་པ་དང༌། རྟག་ཏུ་སྤྱོད་བའི་ཡོ་བྱད་དུ་ཉེ་བར་སྦྱར་བར་གཞག་པ་ལ་བརྟགས་པ་དང༌། གལ་ཏེ་གླེགས་བམ་ལ་སོགས་པར་སྦྱར་བར་གྱུར་


DTG151_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལྕི་པ་ཡང་ཡང་པ་ལྟར་རུང་བར་བྱས་རུང་སྟེ། ལྟུང་བ་མེད་དོ། །རུང་བར་བྱ་བ་འདི་ནི་ཀུན་ཏུ་ཁྱབ་པ་ཡིན་ཏེ། གང་དུ་མ་བརྗོད་པར་དེར་ཡང་རིག་པར་བྱའོ། །ཐབས་མེད་པ་ན་རུང་བར་བྱ་བ་ཡིན་ཏེ། གལ་ཏེ་རིངས་པ་ཞིག་ཡིན་ན། གཞན་ཁྱེར་དུ་བཅུག་པ་མེད་ན་ལྟུང་བ་མེད་དེ། ཅི་སྐད་དུ་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡང་རུང་སྟེ། གསེར་དང༌། དབྱིག་ཆོམ་རྐུན་གྱི་འཇིགས་པའི་རྐྱེན་གྱིས་བསྙེན་པར་མ་རྫོགས་པ་མེད་ན་བདག་ཉིད་ཀྱིས་ཁུང་བརྐོས་ལ་སྦས་ཏེ་འགྲོ་བར་བྱའོ། །ཕྱིར་འོངས་ནས་སྔར་བཞིན་དུ་སླར་དབྱུང་བར་བྱའོ། །ཕོངས་པའི་རྗེས་སུ་གནང་བ་གཞན་དུ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ལྟུང་བ་མེད་པ་ནི་སྦྱིན་བདག་གིས་རུང་བ་སྟེ། ཅི་ལྟར་དབྱར་གནས་པའི་དགེ་སློང་གི་དགེ་འདུན་རྣམས་ལ་ཆོས་གོས་ལ་སོགས་པའི་རིན་བྱིན་ན་དེ་བླང་བར་བྱའོ། །བླངས་ནས་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །གཞན་ཡང་དགེ་སློང་གིས་ཀུན་དགའ་རབ་པ་འམ། དགེ་བསྙེན་ཡང་རུང་ཐམས་ཅད་སྤྲོ་བར་བྱའོ།། དེ་ལ་བརྟེན་ནས་མི་རུང་བ་ཐམས་ཅད་ཀྱང་བླང་བར་བྱའོ། །དགེ་སློང་གིས་འདིར་དེ་རིང་དུ་སོང་ཡང་མི་རུང་བ་གང་ཅི་སྙེད་ཀྱང་དེ་ལ་ཡིད་བརྟེན་ཏེ། དེ་ཅི་སྲིད་འཚོའི་བར་དུ་བླང་ཞིང་བཅང་བར་བྱའོ། །གལ་ཏེ་སྦྱོར་མི་བཏུབ་ནས་ལེ་སྦྲམ་དང་དངུལ་བླང་བ་ཉིད་ཀྱིས་དགེ་སློང་གི་མདུན་དུ་འདུག་སྟེ་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། དངོས་པོ་རུང་བ་མ་ལགས་པ་འདིས་བདག་གིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུའོ། །ས་ལེ་སྦྲམ་རྙེད་ལ་གལ་ཏེ་དགོས་པར་གྱུར་ན་བཞག་པའི་རུང་བར་བྱའོ། །དེ་ཡང་རྣམ་པ་གཉིས་ཀྱི་ཕྱིར་ཡོངས་སུ་དག་པ་མ་ཡིན་ཏེ། གང་ཟག་མ་བརྟགས་པ་ལ་གཞག་པ་དང༌། མི་རུང་བའི་དངོས་པོ་ལ་སེམས་ཆགས་པའོ། །དང་པོ་ལ་ནི་ཉེས་བྱས་སོ། །གཉིས་པ་ལ་ནི་སྤང་བའོ། །གལ་ཏེ་ས་ལེ་སྦྲ་མ་དེ་ཉིད་ལ་སེམས་ཆགས་པར་གྱུར་ཏ་མ། གཞན་དུ་ན་རུང་བ་མ་ཡིན་པ་སྟེ། རུང་བའི་དངོས་པོ་


DTG151_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ཏུ་མ་ངེས་ན་འོན་ཀྱང་རུང་བའི་དངོས་པོར་དེས་བར་བྱའོ། །ཇི་སྐད་དུ་ས་ལེ་སྦྲམ་དང༌། དངུལ་ཅི་ལྟ་བུར་རུང་བར་བྱ་ཞེ་ན། མེ་རུང་བའི་དངོས་པོ་འདིས་གང་ཡང་རུང་བ་རྙིད་པར་འགྱུར་བ་དེ་བདག་གིར་བྱ་སྟེ། མིང་འདི་ཞེས་བྱ་བའི་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དགེ་སློང་གི་དགེ་འདུན་ལ་སྨན་རྣམས་བསྟབས་ཏེ། སྦྱིན་པ་པོས་ཀཱ་རཥཱ་པ་ཎ་ཚོང་དུས་སུ་བཞག་པ་དང༌། ངེས་ཚོང་བ་དེ་ཉིད་ལ་ཡིད་བརྟན་ཏེ། གང་འདོད་པ་དེ་སྦྱར་བ་ལ་ལོངས་སྤྱད་པར་བྱའོ། །ལམ་བུ་ཞུགས་པ་ལས་དབྱིག་ལ་སོགས་པ་ལམ་བརྒྱགས་རྙེད་པ་བླང་བར་བྱའོ། །རུང་བར་བྱེད་པས་ཁྱེར་བར་བྱའོ། །དེ་མིན་ན་དགེ་ཚུལ་གྱིས་སོ། དེ་ལ་ས་ལེ་སྦྲམ་བདག་གིར་བྱེད་པ་སྤང་གི །ལེན་པ་ནི་མ་ཡིན་ནོ། །བརྒྱད་པའོ།། །།མཉན་ཡོད་ན་སྟེ། ཉེད་གས་གཅིར་བུ་པ་ལས་ལ་བ་བཟང་པོ་བླངས་པ་དང༌། དྲུག་སྡེ་དག་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་སྒྲུབ་པས་དགུ་པ་བཅས་སོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བར་བྱེད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་སོ། །མངོན་མཚན་ཅན་གྱི་སྤྱོད་པ་ཞེས་བྱ་བ་ནི་སྒྱུར་བར་བྱེད་པ་སྟེ། མངོན་མཚན་གྱི་སྤྱོད་པས་ཡོངས་སུ་སྒྱུར་བར་བྱེད་པའོ། །བྱེད་ཅེས་བྱ་བ་ནི་ལྷག་པར་སྒྲུབ་པའོ། །འགྲོན་བུ་འམ། བ་ན་འམ། དི་ན་ར་འམ། རས་བ་ལ་ལམ། སྐུད་པའམ། འབྲས་སམ། དངོས་པོ་ཅི་དང་ཅིས་ཀྱང་རུང༌། རྙེད་པ་ཀུན་དུ་སྦྱོར་བར་བྱེད་པ་འདི་ནི་མངོན་མཚན་ཅན་གྱི་སྤྱོད་པ་བྱེད་པ་ཡི་ནོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་རྙེད་པའི་ཕྱིར་ཡུལ་གྱི་ཐ་སྙད་གདགས་སུ་རུང་བ་ཀུན་ཏུ་སྦྱོར་བའོ། །ཤིང་རྟ་ལ་སོགས་པ་ཚོལ་བ་དང་དབྱིག་དང་གསེར་སྦྱོར་བ་དང༌། དབང་པོ་ལ་སོགས་པ་ཚོལ་བ་དང༌། ནས་སམ་འབྲས་སྐྱེད་དུ་གཏོང་བ་སྟེ། བྱེ་དང་བྲེའུ་ཆུང་ལ་སོགས་པ་ཚོལ་བ་དང༌། དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་དང༌། ནོར་བུའི་ཚོགས་ཀྱི་ཕྱིར་མི་ཚིག་གི་ཚོགས་གཏོང་བར་བྱེད་ཅིང་དབང་པོ་ལ་སོགས་པ་ཚོལ་བ་དང༌། དབྱིག་དང༌། གསེར་མ་བརྡུངས་པས་བརྡུངས་པ་དང༌། བརྡུངས་པས་མ་བརྡུངས་པ་གཏོང་བར་བྱེད་པ་དང༌། བརྡུངས་པས་བརྡུངས་པ་དང༌། མ་བརྡུངས་པས་མ་བརྡུངས་པ་ལེན་ན་སྟེ། ཇི་སྲིད་རྙེད་


DTG151_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདག་གིར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ། །རྙེད་ན་སྤང་བའོ། །དགེ་སློང་སྐྱེད་ཀྱི་ཕྱིར་དབྱིག་ལ་སོགས་པ་གཏོང་བར་བྱེད་ན་ཇི་སྲིད་སྐྱེད་དམ། རྩ་བ་མ་རྙེད་ཀྱི་བར་དུ་ནི་ཉེས་བྱས་སོ། །རྙེད་ན་གཉི་ག་ཡང་སྤང་བའོ། །དེ་མ་རྟོགས་ཀྱང་རྙེད་པ་སྤང་བའོ། །གལ་ཏེ་དངོས་པོ་ཕྱིར་བྱིན་ནས་སྐྱེད་ཕྱིས་སྦྱིན་ནོ་ཞེས་ཁས་ལེན་པ་ལ་དེར་མི་འགྱུར་རོ། །དགེ་སློང་གི་ཕྱིར་མིང་གིས་གཞན་སྤེལ་བར་བྱེད་ལ། དེ་ཉིད་བཏང་སྙོམས་བྱེད་ཅིང༌། དེ་ཡང་འདོད་ལ་རྙེད་པ་དེ་ཡང་བདག་གིར་བྱེད་ན་སྤང་བའོ། །ང་ལ་ཕན་པར་འགྱུར་གྲང་སྙམ་ཏེ་སྐྱིན་པོར་བྱིན་པ་དང༌། །གཞན་དུ་སྤེལ་བ་དང༌། གཞན་དུ་སྤེལ་བ་ལས་གཞན་དུ་སྤེལ་བ་དང༌། གཞན་གྱི་ཡང་རུང་སྟེ། ལྟུང་བའི་དངོས་གཞིར་ནི་མི་འགྱུར་རོ། །མངོན་མཚན་ཅན་གྱི་སྤྱོད་པ་ལ་དེའི་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་སྤང་བའོ། །ཁ་ཅིག་ན་རེ་ཡིད་གཉིས་ཟ་བ་ལ་ཉེས་བྱས་ཤེའོ། །དེར་འདུ་ཤེས་མེད་ན་ལྟུང་བ་མེད་དོ། །མངོན་མཚན་ཅན་གྱི་སྤྱོད་པ་མ་ཡིན་པ་ལ་མངོན་མཚན་གྱི་སྤྱོད་པར་འདུ་ཤེས་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ་ཡིན་ནོ། །དེར་འདུ་ཤེས་ན་ལྟུང་བ་མེད་དོ། །སྔོན་མ་སྤྱད་པ་འམ་མི་མ་ཡིན་པ་འམ་དུད་འགྲོར་གྱུར་པ་འམ་ཉེ་དུ་འམ། སྨྱོས་པ་ལ་སོགས་པ་འམ། སྔོན་ལྟུང་བ་བྱུང་བ་འམ། གཡོ་བྱེད་པ་ལ་ཡང་རུང༌། དེ་དག་དང་ལྷན་ཅིག་བྱེད་དམ། མཚན་གཞན་པ་ལས་བརྩམས་ཏེ། མཚན་གཞན་དུ་གྱུར་བ་ན་གྲུབ་ན་ཉེས་བྱས་སོ། །ཉོ་ཞིང་འཚོང་བ་ལ་ཡང་དེ་སྐད་བརྗོད་པར་བྱ་སྟེ། ཡང་ནི་མི་སྟོན་ཏོ། །དཀོན་མཆོག་གསུམ་ལ་སྦྱིན་བདག་གིས་མི་ཟད་པར་བྱ་བའི་ཕྱིར་བྱིན་པ་དེའི་ཚིག་གིས་སྤེལ་ཡང་ལྟུང་བ་མེད་དོ། །དེ་ཡང་དེའི་གཏའ་ཉི་རིར་བླང་བར་བྱའོ། །དབང་རྒྱ་བྲི་བར་བྱའོ། །དེ་ལ་ལོ་ཚིགས་ཀྱི་རིམ་པ་དང༌། ཉི་མ་དང༌། དགེ་འདུན་གྱི་གནས་བརྟན་དང༌། དགེ་སློང་གི་མིང་ཡང་བྲིའོ། །དགེ་བསྙེན་ལ་ཡང་དེ་བཞིན་དུ་བྱའོ། །གལ་ཏེ་ཁྱིམ་པའི་ལག་ཏུ་འདི་ཁྱོད་ལ་གཏམས་སོ་ཞེས་བྱས་པ་ལས་དེ་ཡང་དེའི་ཕྱིར་རང་ཉམ་སྤེལ་བ་ལ་ལྟུང་བ་མེད་དོ། །གལ་ཏེ་སྤེལ་བ་ལས་ཕྱིར་འགྱོད་པར་གྱུར་ན་རྙེད་པ་ནི་མི་བླང་གི་རྩ་བ་ནི་མ་ཡིན་ནོ། །འགའ་ཞིག་གི་ཕྱིར་བླངས་ཏེ་ཐོབ་པ་དེ་དགེ་སློང་ངམ་ཁྱིམ་བ་བཅུགས་པའི་ལག་གཏན་དུ་སྦྱིན་པར་ནི་མ་ཡིན་གྱི། རུང་བར་བྱ་བའི་ཕྱིར་སྤང་


DTG151_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །གལ་ཏེ་ཡིད་གཅུགས་པར་གྱུར་ན་གང་ལས་བླངས་པ་དེ་ཉིད་ལ་སྤང་བར་བྱའོ། །བརྗེད་དེ་མ་བྱིན་ན་བསྐུལ་བར་བྱའོ། །གང་གིས་ཀྱང་རྙེད་པ་ཉིད་ནི་མི་བླང་ངོ༌། །གལ་ཏེ་བླངས་ན་རྩ་བ་ཉིད་ཀྱང་གཅུགས་པ་ལ་སྤང་བར་བྱའོ། །དགུ་པའོ།། །།འདུལ་བ་བསྡུས་པ། བམ་པོ་དྲུག་པ། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཉོ་ཚོང་བྱེད་པས་ན་བཅུ་པ་བཅས་སོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི། རྣམ་པ་དུ་མ་སྟེ། འདི་ལྟ་སྟེ། ཡུལ་གང་ན་རིན་ཆུང་བ་ལས་ཁྱེར་ཏེ་འོང་བ་ལ་གནས་རིན་ཐང་ཆུང་ངུ་ནས་འབྱིན་པར་བྱེད། ལོ་ལེགས་པ་ན་ཉོལ། ལོ་ཉེས་པ་ན་འཚོང་ངོ༌། །ཉོ་ཚོང་ཞེས་བྱ་བ་ཅི་ཞེ་ན། རས་བལ་དང་སྐུད་པ་དང༌། གོས་དང༌། མར་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་གྱི་དབུ་བལ་སོགས་པའི་ཁུ་བ་རྣམས་དང༌། འབྲས་དང༌། ལྕགས་དང༌། དངུལ་དང༌། གསེར་དང༌། ནོར་བུ་དང༌། རིན་པོ་ཆེ་ལ་སོགས་པའོ། །མཚོན་དང༌། དུག་དང༌། ཆང་དང༌། སེམས་ཅན་དང༌། རྒྱ་སྐྱེགས་ལ་སོགས་པ་རྣམས་འཚོང་ན་ཁ་ན་མ་ཐོ་བ་བཅས་པ་ཆེན་པོར་འགྱུར་བ་སྟེ། དེའི་དངོས་པོ་ནི་གཏན་དུ་སྤང་བར་བྱའི། རུང་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །བྱེད་ན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །གང་རྙེད་པའི་ཕྱིར་ཉོ་ཞིང་འཚོང་ན་དེ་ཉོ་བའི་ཚེ་ཉེས་བྱས་སོ། །འཚོང་བ་ན་སྤང་བའོ། །དེ་རྙེད་པའི་ཕྱིར་ཉོས་ལ་རྙེད་པ་མེད་པར་ཉོས་ལ་རྙེད་པའི་ཕྱིར་འཚོང་ན། ཉོ་བ་ལ་ལྟུང་བ་མེད་དེ། བཙོངས་ན་སྤང་བའོ། །རྙེད་པའི་ཕྱིར་མ་ཡིན་ན་གཉིག་བྱས་ཀྱང་ལྟུང་བ་མེད་དོ། །རྣམ་པ་གཞན་དུ་ན་ཉོ་པར་སྦྱོར་བ་དང༌། འཚོང་བར་སྦྱོར་བ་ཡང་ཉེས་བྱས་ཏེ། དེ་ཉོ་བའི་དུས་ཉིད་ན་ལྟུང་བའི་མཐར་འགྱུར་རོ། །དངོས་པོ་དེ་ཡང་སྤང་བར་བྱ་བ་ཡིན་ཏེ། ལྟུང་བྱེད་ཀྱི་ལྟུང་བའོ། །བཙོངས་ན་རྙེད་པ་དང་དངོས་པོ་གཉི་ག་སྤང་བར་བྱ་སྟེ། ལྟུང་བྱེད་ནི་དེ་ཉིད་དེ་ཉོས་པ་ལས་ལྷག་པ་ནི་མེད་དོ། །ཉོ་ཚོང་ལ་ཉོ་ཚོང་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སོ། །ཉོ་ཚང་མ་ཡིན་པ་ལ་ཉོ་ཚོང་དུ་འདུ་ཤེས་ན་ལྟུང་བར་འགྱུར་གྱི་སྤང་བར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བདག་གི་ཡིན་ལ་གཞན་གྱིར་འདུ་ཤེས་ཤིང་འཚོང་བའོ། །ཉོ་ཚོང་ལ་ཉོ་ཚོང་དུ་འདུ་ཤེས་ན་སྤང་བའི་ལྟུང་བྱེད་དོ། །ཉོ་ཚོང་མ་ཡིན་པ་ལ་ཉོ་ཚོང་མ་ཡིན་པར་


DTG151_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་པ་ལ་ལྟུང་བ་མེད་དོ། །གལ་ཏེ་དེའི་མིང་ནས་སྨོས་ཤིང་དེ་འདི་སྐད་ཟེར་རོ་ཞེས་ཏེ། ཉོ་ཚོང་ནི་གཞན་བྱེད་ལ་དེ་ཡང་དེ་ལ་འདོད་པས་བཏང་སྙོམས་སུ་བྱས་ན་སྦྱོར་བར་མི་བྱེད་ཀྱང་ལྟུང་བའོ། །ཉོ་བ་འམ་འཚོང་བ་ཡང་རུང་གལ་ཏེ་བྲེ་དང༌། སྲང་ཡང་རུང་གཞལ་བ་ལ་གཡོ་བྱེད་ན་རིན་ཐང་བརྩི་བར་བྱའོ། །གལ་ཏེ་ཚང་ན་ཕམ་པར་འགྱུར་བའོ། །མཚང་ན་སྦོམ་པའོ། །ད་བཞིན་དུ་བརྫུན་དུ་སྨྲ་བས་བརྐུས་ན་བརྫུན་དུ་སྨྲ་བའི་ལྟུང་བ་ལག་པར་ཡང་འགྱུར་ཏེ། རྙེད་པའི་དངོས་པོའི་རིན་ཐང་ཚང་ན་ཕམ་པར་འགྱུར་བའོ། །མ་ཐོབ་ན་ཡང་བརྫུན་དུ་སྨྲ་བ་དང༌། གཡོ་བྱས་པས་སྦྱོར་བ་སྦོམ་པོའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གལ་ཏེ་རྙེད་པའི་ཕྱིར་མ་ཡིན་པར་ཉོས་ཏེ་རིན་ཐང་ཆེར་བཙོངས་ལ། རིན་དེས་རིན་གྱི་དགོས་པ་རྣམས་སུ་སྦྱར་གྱི། རྙེད་པའི་ཕྱིར་མ་ཡིན་ན་ལྟུང་བ་མེད་དོ། །ཡུལ་གཞན་དུ་སྦྱོར་ཞིང་སྔོན་གྱི་ཆགས་པ་གཞལ་ལོ་སྙམ་པ་ལ་ཉེས་པ་མེད་དོ། །དགེ་སློང་གིས་བྱེད་པའི་ཕྱིར་མ་ཡིན་ཡང་གོས་ལ་སོགས་པའི་རིན་ཐང་གཅད་པར་མི་བྱའོ། །ཁྱིམ་པའི་ཐ་སྙད་ཀྱི་ནང་དུ་ལག་གཞུག་པར་མི་བྱའོ། །གལ་ཏེ་བདག་གི་ཕྱིར་ཉོ་པ་ཞིག་ཡིན་ན། ཁྱིམ་པ་དད་པ་ཅན་ནམ། དགེ་ཚུལ་ལས་ཉོ་བར་བྱའོ། །དེ་ལྟ་བུ་ཡང་མེད་ན། ལན་གཉིས་ལན་གསུམ་དུ་ཚིག་ངེས་པར་སྨྲ་བར་བྱའོ། །རང་ཉོ་ཞིང་འཚོང་ལ་རིན་ཐང་ཆེ་ཆུང་དུ་གཅད་ན་ཉེས་བྱས་སོ། །དགེ་འདུན་གྱི་ནི་བསྐྱེད་པར་བྱ་སྟེ། ཐོག་མར་དགེ་འདུན་གྱི་གནས་བརྟན་གྱིས་བསྐྱེད་པར་བྱའི། དེ་ལ་དབབ་པར་ནི་མི་བྱའོ། །གཞན་དག་གིས་བསྐྱེད་པ་ལ་ནི་དབབ་མོད་ཀྱི། འོན་ཀྱང་ཉོ་བར་མི་འདོད་པ་ལ་བསྐྱེད་ན་ཉེས་བྱས་སོ། །བསྐྱེད་པའི་དངོས་པོ་རིན་མ་བྱིན་པར་སྤྱད་ན་ཉེས་བྱས་སོ། །སྦྱིན་བདག་གི་བུ་དང་ཆུང་མ་ཕུལ་ན་ཅི་ལྟར་བྱ་བའི་རིགས་ཞེས་དེ་ཉིད་ལ་དྲི་བར་བྱའོ། །གལ་ཏེ་སྐྱེད་ཅིག་དང་རིན་ཐང་བདག་གིས་དབུལ་ལོ་ཞེས་ཟེར་ན། བསྐྱེད་པར་བྱའོ། །དེ་ལ་དགེ་སློང་གིས་བསྐྱེད་ན་ཉེས་བྱས་སོ། །དགེ་འདུན་གྱིས་ཀྱང་རིན་ཐང་བཞིན་དུ་བདའ་བར་མི་བྱ་མོད་ཀྱི། འོན་ཀྱང་དེ་དགའ་ནས་ཅི་བྱིན་པ་དེ་བླང་བར་བྱའོ། །མ་ལ་སོགས་པས་བུ་དང་བུ་མོ་བྱིན་ན་བླང་ངོ༌། །སླར་སློང་ན་སྦྱིན་བར་བྱའོ། །གལ་ཏེ་གོད་པ་རྣམས་ཀྱི་རིན་


DTG151_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ན་ཡང་བླང་བར་བྱའོ། །གོད་པ་བཞིན་དུ་བླང་བར་མི་བྱ་མོད་ཀྱི་འོན་ཀྱང་དགའ་ནས་ཅི་བྱིན་པ་དེ་བླང་བར་བྱའོ། །བྱིས་པ་དེ་ཡང་དགེ་སློང་གིས་ཆོས་གོས་ཀྱི་ཚལ་བུས་རྐེད་པ་དང་མགུལ་བར་བཅིངས་ལ་བསྐྱང་བར་བྱའོ། །དེ་དག་ཆེར་གྱུར་ཏེ་བྱས་པ་ཤེས་པའི་ཕྱིར་འབུལ་ན་ཉེ་གནས་ལྟ་བུ་ཡིན་པས་ན་བླང་བར་བྱའོ། །བཅུ་པའོ། །གདིང་བའི་ཚོགས་རྫོགས་སོ།། །།ལྷུང་བཟེད་ཀྱི་གཞི་ལས་བརྩམས་ནས་ལྟུང་བ་གཉིས་པ་སྟེ། འགལ་ཚབས་ཅན་དུ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངས་སུ་སྤང་བའི་ཕྱིར་རིག་པར་བྱ་སྟེ། དེ་ལ་མཉན་ཡོད་དུ་ཉེ་དགས་འདུན་པ་དྲུག་ཅུ་ལ་སོ་སོར་ཀཱཪྵཱ་པ་ཎ་དྲུག་ཅུ་ཕབ་པ་དང༌། དྲུག་སྡེ་རྣམས་ཀྱང་ལྷུང་བཟེད་ཐོབ་ཅིང་རྙེད་པ་རྣམས་བསགས། བདག་ཉིད་ཀྱང་མི་སྤྱོད་གཞན་ལ་ཡང་མི་སྟེར་ཏེ། སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་ལྷུང་བཟེད་ཀྱི་སྤང་བ་དང་པོ་བཅས་སོ། །ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ཡོད་བཞིན་དུ་བྱིན་གྱིས་བརླབས་པ་གཅིག་ལས་ལྷག་པའོ། །མེད་ན་ཡང་བྱིན་གྱིས་མ་བརླབས་སམ་རུང་བར་མ་བྱས་པ་གང་ཡིན་པ་དེ་ནི་དེར་མ་གཏོགས་པའི་ཕྱིར་ལྷག་པ་ཞེས་བྱའོ། ལྷུང་བཟེད་རྣམ་བ་གཉིས་ཏེ། ལྕགས་ལས་བྱུང་བ་དང༌། ས་ལས་བྱུང་བ་དག་ཀྱང་ངོ༌། །རྡོ་ལས་བྱུང་བ་ནི་ས་ལས་བྱུང་བའི་ནང་དུ་བསྡུའོ། །མ་བསྡུས་ཏེ་རྣམ་པ་གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མི་རུང་བ་འཆང༌། ཡང་ལྷུང་བཟེད་རྣམ་པ་བཞི་སྟེ། གསེར་དང༌། དངུལ་དང༌། བཻཌཱུ་ཪྻ་དང༌། ཤེལ་གྱིའོ། །དེ་རྣམས་མ་བླངས་པ་ནི་བླང་བར་མི་བྱ། བླངས་པ་ནི་སྤང་བར་བྱའོ། །ཡང་རྣམ་པ་བཞི་སྟེ། ར་གན་དང༌། ཟངས་དང༌། འཁར་བ་དང༌། ཤིང་གིའོ། །དེ་དག་མ་བླངས་པ་ནི་བླང་བར་མི་བྱའོ། །བླངས་པ་ནི་སྨན་པོར་དུ་བྱས་ལ་ལོངས་སྤྱད་པར་བྱའོ། །གཞན་ཡང་ལྷུང་བཟེད་ལ་རྣམ་པ་ཉི་ཤུ་རྩ་གཅིག་ཏེ། མངོན་པར་སར་པ་དང་རྙིང་པ་དང༌། རྡོལ་བ་དང་བཅས་པ་དང༌། མ་རྡོལ་བ་དང༌། མ་གླན་པ་དང༌། ཕྱེད་གླན་པ་དང༌། མང་དུ་གླན་པ་དང༌། དྲི་མ་མི་ཆགས་པ་དང༌། ཆུང་བ་དང༌། རན་པ་དང༌། ཆེ་བའོ། །ཆུང་བ་དང༌། ཆེ་བ་ནི་བྱིན་གྱིས་བརླབ་པར་མི་བྱའོ། །དགེ་འདུན་གྱིས་བགོས་པ་དང༌། དགེ་འདུན་གྱི་ནང་ནས་ཉོས་པ་དང༌།


DTG151_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རིན་གྱིས་ཉོས་པ་དང༌། སྔར་བླངས་པ་སྟེ། གང་ཁྱིམ་པ་ཉིད་ཀྱི་ཚེ་རབ་ཏུ་བྱུང་བའི་ཕྱིར་ཉེ་བར་གཞག་པའོ། །སྦྱིན་བདག་ལས་རྙེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་ལས་ཐོབ་པ་དང༌། ལྷུང་བ་རྙེད་པ་སྟེ། དེ་ཡང་བསྟན་ལ་གལ་ཏེ་བདག་པོར་ཉེ་བར་མ་རྙེད་ན། ཕྱག་དར་ཁྲོད་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཆོམ་རྐུན་པས་བརྐུས་པ་དེ་མི་བླང་ངོ༌། །གལ་ཏེ་ཕ་རོལ་པོ་ཕམ་པར་གྲགས་པར་གྱུར་ན་ཕ་རོལ་གྱི་སྡེ་ལས་རྙེད་པ་བླང་བར་བྱའོ། །བཅད་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལ་ལྟུང་བའི་རྣམ་པར་དབྱེ་བ་ནི་ཡང་འདིར་ཅི་ལྟར་གོས་ཀྱི་དང་པོའི་བསླབ་པའི་གཞི་ལ་རུང་བར་མ་བྱས་པ་བྱའོ་ཞེས་བྱ་བ་འདི་ཉེ་ཚེ་ནི་བརྗོད་པར་མི་བྱའོ། དེ་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ལྷུང་བཟེད་ལག་པ་གཡོན་པའི་སྟེང་དུ་བཞག་ལ། ལག་པ་གཡས་པས་སྟེང་ནས་བཀབ་སྟེ། འདི་སྐད་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །ཆེ་བ་འམ་ཆུང་བ་ལ་ནི་ལྟུང་བ་མེད་དོ། །ལྷུང་བཟེད་ཀྱི་ཚད་ནི་ལྷུང་བཟེད་བཀང་བའི་གཞི་ལས་བརྗོད་པར་བྱའོ། །དགེ་སློང་གི་ལྷུང་བཟེད་གང་ཆུང་བ་དེ་ནི་དགེ་སློང་མའི་ཐམས་ཅད་ཀྱི་ནང་ན་ཚ་བའོ། །རབ་ཏུ་བྱུང་བའི་ཕྱིར་དང༌། །ལྷུང་བཟེད་སྐྱ་བོ་འཆང་བ་ལ་ལྟུང་བ་མེད་དོ། །ཞུས་པ་ལས་གསུངས་པ། ལྷུང་བཟེད་སོ་མ་བཏང་བ་དང༌། དཀར་པོ་ལྷག་པར་འཆང་ན་ཉེས་བྱས་སོ། །དེ་ནི་དངོས་གཞི་ལས་བརྩམས་ཏེ། ལྟུང་བ་མེད་དོ་ཞེས་གསུངས་པར་རིག་པར་བྱའོ། །ཕོ་ཉས་ཁྱེར་ཏེ་འོངས་པ་ཇི་སྲིད་འཚོའི་བར་དུ་བཅང་བའམ། ཕོ་ཉ་བཏང་བ་ལས་དེའི་ཕོ་ཉ་ཡང་རིང་ཞིག་ལོན་ཏེ། ཁྱེར་ཏེ་འོངས་ན་ཡང་ལྟུང་བ་མེད་དོ། །མི་གང་ཉོན་མོངས་པ་ཅུང་ཞིག་ལོངས་སྤྱད་པར་བཟོད་དམ་ཞེས་བརྟག་པའི་ཕྱིར་ཞག་བཅུ་ཚུན་ཆད་དུ་བཞག་པ་ལ་ལྟུང་བ་མེད་དོ། །གང་མངོན་པར་འདོད་པ་དེ་ནི་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ནི་བརྟག་པའི་ཕྱིར་བཅང་བར་བྱའོ། །དེ་རུང་བར་བྱ་བའི་ཕྱིར་བརྟག་པ་མ་ཡིན་གྱི་དེ་ལྟ་མོད་ཀྱི་འོན་ཀྱང་གཞན་གྱི་ཕྱིར་ཉིད་དུའོ།།


DTG151_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཞན་དུ་བཅངས་ན་ཉིན་རེ་ཉིན་རེ་ཞིང་ཉེས་བྱས་སོ། །ཞག་བཅུ་ལོན་ན་སྤང་བའོ། །ཚོད་མ་དང་བཏུང་བ་ཉེ་བར་དགོས་པའི་ཕྱིར་ལྷུང་བཟེད་ཆུང་དུ་གཉིས་བཅད་པར་བྱའོ། །དེ་བཞིན་དུ་ཚྭ་སྣོད་དང༌། ཁ་གཟར་ཡང་ངོ༌། །བསོད་སྙོམས་པས་ནི་ལྷུང་བཟེད་ཀྱི་ནང་དུ་ཅི་སྙེད་ཤོང་བ་དེ་སྙེད་དུ་སྣོད་དགོས་པ་ལྷག་པར་བཅད་བར་བྱའོ། །གཞན་གྱིས་ནི་མིང་ཡང་བླ། ཐམས་ཅད་བདག་གིར་མི་བྱེད་ན་ལོངས་སྤྱོད་པར་རྗེས་སུ་གནང་ངོ༌། །ཀུན་གྱིས་ཀྱང་ལྷུང་བཟེད་གཅིག་བཅང་བར་བྱ་སྟེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ཡང་མི་ཕོངས་པ་དང༌། གཞན་མུ་སྟེགས་ཅན་གྱི་ཆོ་ག་སྤང་བའི་ཕྱིར་ཏེ། དེ་དག་ནི་ལོ་མ་དང༌། ལག་བའི་སྙིམ་པར་ཟ་སྟེ། དེ་ལས་བཟློག་པའི་ཕྱིར་རོ། །གསོ་དཀའ་བ་དང་དགང་དཀའ་བར་མི་གྱུར་ཅིག་ཅེས་གཅིག་པུ་བཅང་བར་བྱའོ། །ཕོངས་པས་རུང་བ་ནི་གལ་ཏེ་དེ་འདྲ་བའི་ཕོངས་པ་ཞིག་གིས་མ་བརྟགས་ན་ཡང་ལྟུང་བ་མེད་དོ། །བརྟགས་པ་གཞན་ནི་གོས་ལྷག་པའི་ལས་རིག་བར་བྱའོ། །ཞག་གཅིག་ལས་འདས་པར་བཅངས་ན་སྤང་བར་འགྱུར་བ་མཆིས་སམ། ཡོད་དེ་ཐམས་ཅད་དུ་གང་རྙེད་མ་ཐག་ཏུ་མཚན་གྱུར་ནས་དགེ་སློང་མས་བཅངས་པའོ་ཞེས་གསུངས་སོ། །ལྷུང་བཟེད་ཀྱི་ཀུན་དུ་སྤྱད་བ་ནི་བསྙེན་པར་མ་རྫོགས་པས་ལྷུང་བཟེད་བཀྲུ་བར་མི་བྱ་སྟེ། དྲན་པ་བརྟན་པ་ཡིན་ན་ལྟུང་བ་མེད་དོ། །ལྷུང་བཟེད་ལ་མིང་བྲི་བར་མི་བྱའོ། །མཚན་མ་བྱེད་པ་ལ་ནི་ལྟུང་བ་མེད་དོ། །འདི་ནི་གང་ཟག་གི་དངོས་པོ་གཞན་ལ་ཡང་ངོ༌། །དཀོན་མཆོག་གསུམ་གྱི་ནི་ཆེ་གེ་མོ་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་བྱ་བར་བྲི་བར་བྱའོ། །གང་ཟག་གི་མལ་ཆ་དང༌། སྟན་ལ་ཡང་བྱེ་བྲག་བྱའོ། །འགྲེང་བཞིན་དུ་ལྷུང་བཟེད་སྣོད་དུ་གཞུག་པར་མི་བྱེད་ནས་འགྲེང་བཞིན་དུ་དབྱུང་བར་མི་བྱ། ལྷུང་བཟེད་ཀྱིས་ཕྱག་དར་དོར་བར་མི་བྱའོ། །མི་གཙང་བའི་ཕྱོགས་སུ་གཞག་པར་མི་བྱ། བྱེ་མ་དང་བཅས་པའི་ལྕི་བས་བཀྲུ་བར་མི་བྱ། ཤིན་ཏུ་གཤེར་བར་མི་གཞུག །ཤིན་ཏུ་བསྐམས་པར་ཡང་བཏང་སྙོམས་སུ་མི་བྱ། བགས་ཀྱིས་རན་པར་སྤྱད་པར་བྱའོ། །ལམ་དུ་ཞུགས་ན་ལག་པ་དང༌། ཆོས་གོས་ཀྱི་གྲྭར་ཐུམ་པོར་བྱས་ཏེ། བསྐུར་བར་མི་བྱ་མོད་ཀྱི་འོན་ཀྱང་ལྷུང་བཟེད་ཀྱི་སྣོད་དུ་གཞུག་པར་བྱའོ། །དེ་ཡང་ལག་པས་བསྐུར་བར་མི་བྱ་མོད་ཀྱི། འོན་ཀྱང་བྲག་པ་ལ་གདགས་སོ། །སྣོད་


DTG151_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསུམ་སྟེ། ལྷུང་བཟེད་ཀྱི་སྣོད་དང༌། སྨན་གྱི་སྣོད་དང༌། བར་བུར་གྱི་སྣོད་དོ། །དེའི་ལུང་ཐག་ཀྱང་མཉམ་པར་མི་བྱའོ། །གཞན་དུ་ན་འོན་ཀྱང་རིང་ཐུང་སྤེལ་ཏེ་ཅི་ལྟར་རྫ་རྫ་ལྟ་བུར་མི་འགྱུར་བར་བྱའོ། །ལུང་ཐག་དེ་ཅིའི་ལྟ་བུ་བྱ་ཞེ་ན། སྣམ་བུའི་ནང་དུ་ཕྱིད་པ་བཅུག་ལ་དྲུབ་པར་བྱའོ། །ལྷུང་བཟེད་གང་དུ་གཞག་པར་བྱ་ཞེ་ན། ལྷུང་བཟེད་ཀྱི་ངོས་ཁུང་དུ་སྟེ། དེ་ཡང་གཙུག་ལག་ཁང་བརྩིག་པའི་ཚེ་བྱའོ། །དགོན་པ་པ་དག་གིས་ནི་ལྕུག་མ་ལས་སྐོན་བུར་བྱས་ཏེ་བ་ལང་གི་ལྕི་བ་དང་སས་བྱུགས་ལ་དེར་ལྷུང་བཟེད་གཞག་པར་བྱའོ། །གཉིས་པ་ཁ་གབ་ཀྱང་དེ་འདྲ་བར་བྱའོ། །གཞན་དུ་འགྲོ་ན་དེ་ཁྱེར་ཏེ་འགྲོ་བར་མི་བྱ་མོད་ཀྱི། འོན་ཀྱང་གཞན་བྱའོ། །མཁས་པས་ས་ཕྱོགས་དབེན་པར་འདུག་སྟེ། ལྷུང་བཟེད་ཀྱི་ལས་བྱའོ། །ལྷུང་བཟེད་ཀྱི་ལས་མི་དབེན་པར་མི་བྱའོ། །ལས་ཅི་ལྟར་བྱ་ཞེ་ན། རྫ་བོ་གཉིས་ཏེ། རང་གིས་བྱས་པ་དང༌། སློབ་དཔོན་གྱིས་བྱས་པའོ། །རང་གིས་བྱས་པ་ནི་འདི་ལྟ་སྟེ། བུམ་པ་ཐལ་བས་བཀང་སྟེ་རྫ་གཟོང་གིས་གཙབ་པར་བྱའོ། །སློབ་དཔོན་གྱིས་བྱས་པ་ནི་རྫ་མཁན་གྱིས་བྱས་སོ། །རྫ་བོ་དེའི་ཕྱི་རོ་ལས་དང་ཕུབ་མས་བསྲེས་པའི་འཇིམ་པས་བྱུག་པར་བྱའོ། །ནང་ནི་ཏིལ་གྱི་ཚིགས་མ་དང༌། བ་ལང་གི་ལྕིབས་སོ། །བསྐམ་པར་བྱའོ། །འོག་གི་གཞིར་ཕུབ་མ་གདིང་བར་བྱའོ། །དེར་བོང་རྡོག་རྣམས་ལ་ལྷུང་བཟེད་གཞག་པར་བྱའོ། །རྫ་བོའི་སྟེང་ནས་མེ་བཏང་བར་བྱའོ། །དུ་བ་མི་འཆོར་བར་བྱའོ། །སྲོག་ཆགས་སྤང་པའི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པ་དང༌། ཆུས་ཆག་ཆག་གདབ་པར་བྱའོ། །བར་དུ་ཆོད་ལ་ལྷུང་བཟེད་གཉིས་པ་ཡང་དེར་གཞག་པར་བྱའོ། །ལྷུང་བཟེད་ཆུང་ངུ་ནི་བར་དུ་ཤིང་ལེབ་གཅིག་གིས་གཅད་པར་བྱའོ། །བསྲེག་པ་ཡང་ཤིན་ཏུ་མི་དྲག །ཤིན་ཏུ་ཡང་མི་ཆུང་བར་རན་པར་བྱའོ། །ལྷུང་བཟེད་ཀྱི་ལས་བྱེད་པ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར། གཞན་དུ་འགྲོ་བར་མི་བྱའོ། །ཚོགས་གསུམ་པའི་སྤང་བའི་ལྟུང་བ་དང་པོའོ།། །།མཉན་ཡོད་ན་སྟེ། ཉེ་དགས་བསོད་སྙོམས་པ་ལས་ཐོས་ནས་ཚོང་བའི་ཐད་ནས་སྦྱིན་པ་པོ་སྦྱིན་དུ་བཅུག་ནས་ལྷུང་བཟེད་གཉིས་པ་བཟང་པོ་ཞེས་ཏེ། བཙལ་བ་དེའི་ཕྱིར་སྤང་བ་གཉིས་པ་བཅས་སོ། ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི། ལྷན་པ་ལྔར་


DTG151_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ་ཡིན་ཏེ། གང་ལྷན་པ་མེད་པ་དེ་ཡང་ཐམས་ཅད་དུ་ལྷན་པ་མེད་པ་ནས། ལྷན་པ་ལྔ་མེད་པ་ཞེས་བྱ་བ་སྟེ། དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །དགེ་སློང་གིས་ལྷུང་བཟེད་དུམ་བུ་རྣམ་པ་ལྔ་པ་བཙེམས་ཤིང་བསོད་སྙོམས་ལ་བརྒྱུས་ཏེ། དེ་ཡང་ཁས་ཟས་མེད་པར་བྱེད་པས་ལས་སུ་གྱུར་ཏེ། ལྷན་པ་ལྡར་ཚང་ངམ་ལྷན་པ་ལྔ་ལས་ལྷག་པ་ཡང་རུང་སྟེ། ལྷུང་བཟེད་གཞན་བྱའོ་ཞེས་རྗེས་སུ་གནང་ངོ༌། །ལྷན་པ་འཇུ་བ་ལྔ་སྤངས་ཏེ། ཐང་ཆུ་དང༌། སྤྲ་ཚིལ་དང༌། ཚོན་མོ་སྟིང་དང༌། རོ་ཉེ་དང༌། སརྫ་ར་ས་རྣམས་སོ། །གླན་པ་སྐམ་པོ་ལྔས་ལྷན་པར་བྱ་སྟེ། ལྔ་པོ་དག་གང་ཞེ་ན། ལྷན་རིངས་དང༌། ཐམ་ཕྲན་དང༌། ལྷན་པ་དང༌། ཆུ་སྲིན་གྱི་སོ་ལྟ་བུ་དང༌། ཕྱེ་མའོ། །ཕྱེ་མ་ལ་རྣམ་པ་གཉིས་ཏེ། ལྕགས་ཀྱི་ཕྱེ་མ་དང༌། རྡོའི་ཕྱེ་མའོ། །དང་པོ་ནི་ལྕགས་ཀྱི་ལྷུང་བཟེད་ལའོ། །གཉིས་པ་ནི་སའི་ལྷུང་བཟེད་ལ་སྟེ། འབྲུ་མར་གྱིས་བདར་བར་བྱ་ཞིང་ཅི་རན་དུ་བསྲེག་པར་བྱའོ། །གལ་ཏེ་རྩུབ་པར་གྱུར་ན་འབྲུ་མར་གྱིས་བསྐུས་ལ་བདར་བར་བྱའོ། །ལྷུང་བཟེད་ནག་པོ་ལ་བུ་ག་བྱུང་ན། ས་དང་བུ་རམ་དུ་བསྲེས་ལ་གླན་ཏེ་བསྲེག་པར་བྱའོ། །ཡོངས་སུ་ལོངས་སྤྱོད་པ་ཅན་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་དུ་བཟོད་པའོ། །གང་བུ་ག་གཅིག་པོ་ཤིན་ཏུ་ཆེ་སྟེ། ཡོངས་སུ་ལོངས་སྤྱད་དུ་མི་བཟོད་ན་དེས་ཡོད་ཀྱང་གཞན་ཚོལ་དུ་གནང་ངོ༌། །བཟང་པོ་འདོད་པ་ཉེ་བར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པ་སྟེ། ཉེ་བར་བཟུང་བ་བརྩེ་བའི་དངོས་པོའི་སེམས་ཀྱིས་བཟང་པོའི་ཕྱིར་རོ། །ཉོན་མོངས་པ་མ་ཡིན་པའི་ཕྱིར་ཚོགས་པ་ནི་ཆེན་པོ་ཡིན་ནོ། །ལ་སོགས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི། ལྷུང་བཟེད་བཟང་པོ་ཞེས་བྱ་སྟེ། དེ་ལ་རིགས་ཕུན་སུམ་ཚོགས་པ་ནི་ལྕགས་ཡིན་ནོ། །མཚན་ཕུན་སུམ་ཚོགས་པ་ནི་རྙིང་པ་དང༌། །རྡོལ་བ་མ་ཡིན་པ་དང༌། གླན་པ་མེད་པར་དྲི་མ་མི་ཆགས་པ་ཡིན་ནོ། །ཚད་ཕུན་སུམ་ཚོགས་པ་ནི་ཆེན་པོ་ཡིན་ནོ། །ཐོབ་པ་ཕུན་སུམ་ཚོགས་པ་ནི་དགེ་འདུན་ལས་བགོས་པ་དང་སྔར་བླངས་པ་དང༌། སྦྱིན་བདག་ལས་ཐོས་པ་ཡིན་ནོ། །ལྷུང་བཟེད་གྲུབ་ན་སྤང་བའོ་ཞེས་བྱ་བ་ནི་ལྷུང་བཟེད་བཟང་པོ་ཐོབ་མ་ཐག་ཏུ་སྤང་བའོ། །གཞན་དག་ན་རེ་བྱིན་གྱིས་བརླབས་ཀྱང་སྤང་བར་འགྱུར་རོ་ཞེའོ། ལྷུང་བཟེད་དེ་ཞེས་བྱ་བ་ནི་གང་ལྷུང་


DTG151_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་བཟང་པོ་དེའོ། །དགེ་སློང་གི་འཁོར་ཞེས་བྱ་བ་ནི་དགེ་འདུན་ལའོ། །དབུལ་བར་བྱའོ་ཞེས་བྱ་བ་ནི་སྔར་ལྷུང་བཟེད་འབྲེལ་པ་མེད་པ་དེ་འདྲིམ་པའི་དགེ་སློང་སྤྲོ་བར་བྱས་ལ། ཆོས་ལྔ་དང་ལྡན་པ་བསྐོ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བྱ་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོ་སྟེ། ལྷུང་བཟེད་འབྲེལ་པ་མེད་པར་འདྲིམ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་མོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་འདུན་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་སྤྲོ་ཏེ། དེའི་སླང་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པར་འདྲིམ་པར་བསྐོ་ན་ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོ་བར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤི་།དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པར་འདྲིམ་པར་བསྐོ་སྟེ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་མིང་འདི་ཞེས་བགྱི་བ་ནི། དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེས་ཀུན་དུ་སྤྱད་པ་ནི་དགེ་འདུན་རྣམས་ཚོགས་པའི་དུས་སུ་དེས་དགེ་འདུན་བཙུན་པ་རྣམས་བདག་སང་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་འགྱུར་གྱི་ཚེ་དང་ལྡན་པ་དག་ཁྱེད་ཅག་རང་རང་གི་ལྷུང་བཟེད་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཉི་མ་གཞན་ལ་དགེ་འདུན་ཚོགས་པ་དང༌། དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་བཞག་སྟེ། ལྷུང་བཟེད་ཀྱི་ཡོན་ཏན་བརྗོད་པར་བྱས་ལ། གལ་ཏེ་གནས་བརྟན་བཞེད་ན་སྙོམས་ཤིག་ཅེས་བྱས་ལ་གལ་ཏེ་དེས། བྱེར་ན་དེའི་ལྷུང་བཟེད་གནས་བརྟན་གཉིས་པ་ལ་སྦྱིན་ནོ། །དེ་བཞིན་དུ་དགེ་འདུན་


DTG151_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསར་བུའི་བར་དུའོ། །གསུམ་པའི་ཐད་དུ་སོན་པ་ལས་དང་པོ་སློང་ན་ཚིག་གཉིས་ཀྱི་བར་དུ་སྦྱིན་པར་མི་བྱའོ། །ཚིག་གསུམ་པ་ལ་སྦྱིན་ཏེ་དེ་ལྟུང་བ་ཡང་བཤགས་པ་ཐོབ་བོ། །དེ་དག་ཐམས་ཅད་ཀྱིས་གང་སྤངས་པ་དགེ་སློང་དེ་ལ་བྱིན་ལ་འདི་སྐད་ཅེས་བསྒོ་བར་བྱའོ། །ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏད་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ། ཐ་མ་ཆག་པ་ལ་ཐུག་གི་བར་དུ་བགས་ཀྱིས་ཡོངས་སུ་ལོངས་སྤྱད་པར་བྱའོ། །ཀུན་དུ་སྤྱད་བ་ཇི་སྐད་བསྟན་པ་བཞིན་མ་བྱས་ན། ཐམས་ཅད་དུ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྷུང་བཟེད་འབྲེལ་པ་མེད་པ་འཆང་བས་ཀུན་དུ་སྤྱད་པ་ནི་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་གཞག་པར་བྱའོ། །བཟང་པོ་ནི་དེར་གཞུག་པར་བྱའོ། །གཞན་ལ་ནི་བྱིན་གྱིས་བརླབ་པའོ། །གཉི་ག་ཡང་ཁྱེར་ཏེ་བསོད་སྙོམས་ལ་འཇུག་པར་བྱའོ། །འབྲས་ཆན་སྐམ་བོ་ནི་དེར་གཞུག་པར་བྱའོ། །གཤེར་བ་ནི་བདག་གི་ལའོ། །དེ་བཞག་ལ་བདག་གི་ལ་བཟའ་བར་བྱའོ། །བ་ལང་གི་ལྕི་བསྐམ་པོས་བཀྲུ་ཞིང་སྐབས་པ་ཡང་དེ་ལ་ཐོག་མར་བྱས་ཏེ། དེའི་འོག་ཏུ་བདག་གི་ལའོ། །སྤ་བའི་ཚེ་ན་གནས་བཟང་པོར་ནི་དེ་གཞག་བར་བྱའོ། །གཞན་དུ་ནི་གཞན་ནོ། །གལ་ཏེ་ལྷུང་བཟེད་ཀྱི་གནས་གཅིག་ཏུ་ཟད་ན། སྟེང་ངམ་འོག་ཇི་ལྟ་བ་ལེགས་པར་འདུག་པ་དེར་གཞག་པར་བྱའོ། །བསྲེག་པའི་རྫ་བོ་བཟང་པོ་ནི་དེ་བསྲེག་པར་བྱའོ། །གལ་ཏེ་རྫ་བོ་ཅིག་པུར་ཟད་ན་ཇི་ལྟར་ཁ་དོག་བཟང་པོར་འགྱུར་བ་དེར་གཞག་བར་བྱའོ། །འགྲོ་ན་ཡང་ལྷུང་བཟེད་ཀྱི་སྣོད་བཟང་པོར་དེ་གཞུག་པར་བྱའོ། །ཁྱེར་བ་ཡོད་ན་བྱིན་གྱིས་བརླབ་པ་དེ་ལ་བསྐུར་བར་བྱའོ། །དེ་ནི་བདག་གིས་བསྐུར་བར་བྱའོ། །དེ་མེད་ན་ཕྲག་པ་གཡོན་པར་ནི་དེ་གདགས་པར་བྱའོ། །གཡས་པར་ནི་བྱིན་གྱིས་བརླབས་པའོ། །དེ་དག་ཅི་སྐད་བསྟན་པ་བཞིན་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བྱིན་གྱིས་བརླབ་ར་མི་བྱ་བ་ཞེས་བྱ་བ་ནི་དེ་ལ་གང་སྔ་ན་ཡོད་པ་དེ་ཉིད་བྱིན་གྱིས་བརླབ་པའོ། །འདི་ནི་ཆད་པའི་ལས་ཀྱི་ཕྱིར་རོ། །གཞན་དག་ན་རེ་ནི་དེ་གཉིས་པ་བྱིན་གྱིས་བརླབས་ན་སྔ་མ་སྤངས་པར་འགྱུར་ལ། རྣམ་པ་གཞན་དུ་ན་ལྷག་པ་འཆང་བས་སྔ་མའི་ལྟུང་བས་ཀྱང་ལྷག་པར་འགྱུར་བས་ན། དེས་དེ་ཉིད་བྱིན་གྱིས་བརླབ་པར་བྱའོ། །མི་ཕོངས་པར་བྱ་བའི་


DTG151_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་དེ་ལ་སྦྱིན་ནོ་ཞེས་ཟེར་རོ། །གཏང་བར་མི་བྱ་ཞེས་བྱ་བ་ནི་གཞན་གྱི་ཕྱིར་བརྟགས་ཏེ་བཅང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་ལ་སྦྱིན་པར་མི་བྱ་ཞེས་བྱ་བ་ནི་གཞན་གྱི་དབང་དུ་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ །ཁད་ཀྱིས་དལ་བུས་ཞེས་བྱ་བ་ནི་དེའི་ཆད་བའི་ལས་འདི་ཡིན་ཏེ། སྐྱོ་སྟེ་ཅི་ནས་མྱུར་དུ་ཆག་པར་འགྱུར་བ་དེ་ལྟར་མི་བྱའོ། །དེ་ལྟར་བྱས་ན་ཉེས་བྱས་སོ། །གལ་ཏེ་མང་དུ་ཚོལ་ན་ལྟུང་བ་ཡང་དེ་སྙེད་དུ་འགྱུར་ཏེ། ཅི་ལྟར་མངོན་པར་འདོད་པ་གཅིག་ནི་དགེ་འདུན་ལ་དབུལ་བར་བྱའོ། །གཞན་དག་ནི་མཛའ་བོ་རྣམས་ལ་བགོ་ས་སྟེ་སྦྱིན་པར་བྱའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ལྷུང་བཟེད་རྡོལ་པར་འགྱུར་ལ། དེས་དེ་ལྷན་པ་གཅིག་གམ། གཉིས་སམ། གསུམ་མམ། བཞི་གླན་པར་འོས་པ་ལས་གླན་ཏམ་མ་གླན་ཀྱང་རུང་ཡོངས་སུ་ལོངས་སྤྱད་པར་བཟོད་ན་བཟང་པོ་འདོད་པའི་ཕྱིར་གཉིས་པ་ཚོལ་ན་སྦྱོར་བའི་ཚེ་ཉེས་བྱས་སོ། །ཐོབ་ན་སྤང་བའོ། །དེ་བཞིན་དུ་ལྔས་གླན་པར་འོས་པ་ལས་མ་གླན་ཅིང་ཡོངས་སུ་ལོངས་སྤྱད་དུ་བཟོད་པ་ལ་ཡང་བརྗོད་པར་བྱའོ། །ལྔས་གླན་པར་འོས་པ་ལས་གླན་ཏམ། མ་གླན་ཏམ་ཆོལ་ན་ལོངས་སྤྱད་དུ་མི་བཟོད་ན་ལྟུང་བ་མེད་དོ། །བཟང་པོ་ལ་བཟང་པོར་འདུ་ཤེས་ན་སྤང་བའོ། །མི་བཟང་བ་ལ་བཟང་པོར་འདུ་ཤེས་ན་ལྟུང་བར་འགྱུར་གྱི། སྤང་བར་མ་ཡིན་ནོ། །བཟང་པོ་འམ་མི་བཟང་བ་ཡང་རུང༌། མི་བཟང་བར་འདུ་ཤེས་ན་ལྟུང་བ་མེད་དོ། །གཉིས་ཡོད་པ་ལ་གཅིག་འདུ་ཞིང་ཆོལ་ལན། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། གཞན་གྱི་ཕྱིར་རམ་རང་གི་ཡོ་བྱད་ཀྱིས་སམ། མུ་སྟེགས་ཅན་ལས་བཙལ་ན་ཉེས་བྱས་སོ། །རང་གི་རིན་གྱིས་ཉེས་སམ། གཞན་ལས་མ་བླངས་སམ། བརྗེས་ཏེ་བླངས་ན་ལྟུང་བ་མེད་དོ། །གཉིས་པའོ།། །།གསུམ་པ་དང་བཞི་པ་ལ་ནི་ཆོས་གོས་ཀྱི་རྒྱུས་ཀུན་ནས་བསླང་བ་ཡོངས་སུ་ལེན་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་དང༌། ཕོངས་པ་ངང་མ་དད་པའི་ཉོན་མོངས་པ་སྤོང་བ་དང༌། ཉེ་དུ་ལ་རྗེས་སུ་གནང་བ་དང༌། ཐག་པ་དང༌། ཡོན་བདག་གི་སེམས་རྗེས་སུ་མ་བསྲུངས་པའི་ཕྱིར་རོ། །དེ་ལ་མཉན་ཡོད་ན་སྟེ་ཉེ་དགས་དོག་པ་འཁལ་བ་རྣམས་ལས་དོག་པ་བསླངས་ཏེ། ཐག་པ་སྤྱི་ཅེར་ལ་ཆོས་ཀྱི་སྒོ་ནས་རས་ཡུག་ཅིག་འཐག་ཏུ་བཅུག་གོ །གཉིས་པ་རྒྱལ་


DTG151_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྐྱེས་བུ་ལ་བརྟེན་པས་ནི་གསུམ་པ་བཅས་སོ། །རང་གིས་བསླངས་ཞེས་བྱ་བ་ནི་ཁ་ཅིག་ལས་སྲང་གཅིག་ཁ་ཅིག་ལས་སྲང་ཕྱེད་དོ། །དོག་པ་ཞེས་བྱ་བ་ནི་སྲིན་བལ་ཀྱི་དོག་པ་ཡང་རུང་སྟེ། དེ་གཟུང་བས་དར་གྱི་ཡང་གཟུང་བར་འགྱུར་རོ། །བལ་ལམ་རྟུལ་བུམ་ཤན་ཀའི་འམ། ཟར་མའི་འམ། གསོ་མའི་འམ། རྩྭ་དུ་གུ་ལའི་དོག་པ་འམ། རྩྭ་ཀོ་ཏམ་བའི་འམ། རས་བལ་གྱི་འམ། ཉི་འོག་གི་དོག་པའོ། །དེ་ལ་སྲིན་བལ་གྱི་དོག་པ་འཐག་ཏུ་བཅུག་ན་ལྟུང་བ་གཉིས་ཏེ། གདིང་བ་སྲིན་བལ་སར་པ་ལས་བྱས་པ་དང༌། ཐ་ག་པ་ཉེ་དུ་མ་ཡིན་པ་ལས་འཐག་ཏུ་བཅུག་པའི་ཕྱིར་ཏེ། དངོས་པོ་གཅིག་ཡིན་པས་ན་སྤངས་ན་གཅིག་ཏེ། དངོས་པོ་གཅིག་པོ་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཉེ་དུ་མ་ཡིན་པ་ལས་གོས་ཀྱི་ཕྱིར་དོག་པ་བསླངས་ན་ཉེས་བྱས་སོ། །བུས་འཁྱུད་ཀྱི་ཕྱིར་ནི་ལྟུང་བ་མེད་དོ། །དོག་པ་གང་ཡང་རུང་བ་བདག་ཉིད་ཀྱིས་བཏགས་ན་ཉེས་བྱས་སོ། །ཉེ་དུ་ལས་བསླངས་པ་འམ། ཉེ་དུ་མ་ཡིན་པ་ལས་བསླངས་པ་འམ་བདག་གི་རིན་གྱིས་ཉོས་པ་ཡང་རུང་སྟེ། མདོར་ན་དོག་པ་གང་ཡང་རུང༌། ཐ་ག་པ་ཉེ་དུ་མ་ཡིན་པ་གཅིག་གམ། གཉིས་སམ། མང་པོ་ཡང་རུང༌། ཐག་པ་ཉེ་དུས་གྲོགས་བྱས་སམ། བདག་ཉིད་ཀྱིས་གྲོགས་བྱས་ཏེ། བཏགས་ཀྱང་རུང་སྟེ་སྤང་བའོ། །ཉེ་དུ་ལས་བསླངས་སམ། ཉེ་དུ་ལ་འཐག་ཏུ་བཅུག་བ་ལ་སྤང་བ་མེད་དོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་སོགས་པ་མུ་བཞིར་སྦྱར་བ་ནི་དགེ་སློང་མའི་བསླབ་པའི་གཞི་བཞིན་དུ་རིག་པར་བྱའོ། །རང་དགའ་འམ་རྔན་པས་འཐག་ཏུ་བཅུག་པ་ལ་ལྟུང་བ་མེད་དོ། །མཐུས་འཐག་ཏུ་བཅུག་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ་ཡིན་ནོ། །གལ་ཏེ་བདག་ཉིད་ལ་ཡང་དག་བ་མ་ཡིན་པའི་ཡོན་ཏན་བསྔགས་པ་བརྗོད་ཅིར་དོག་པ་བསླངས་ན་ཉེས་བྱས་དང་ཕམ་པར་འགྱུར་བ་སྟེ། རྣམ་པ་གཉིས་སུ་འགྱུར་རོ། །གལ་ཏེ་བདེན་ན་ཉེས་བྱས་དང་ལྟུང་བྱེད་འབའ་ཞིག་གོ །ཡང་དག་པ་མ་ཡིན་པའི་ཡོན་ཏན་བསྔགས་པ་བརྗོད་ཅིང་འཐག་ཏུ་བཅུག་ན་ཕམ་པར་འགྱུར་བ་དང་སྤང་བའོ། །གལ་ཏེ་བདེན་ན་ལྟུང་བྱེད་འབའ་ཞིག་དང་སྤང་བའོ། །དེ་ལ་དུས་མ་ཡིན་པར་ཉེ་དུ་ལ་ཡང་ཉེས་བྱས་སོ། །དེ་ལ་དུས་མ་ཡིན་པ་ནི་གང་རུང་བ་མ་ཡིན་པར་འགྱུར་བ་དང༌། དེ་ལ་ཚུལ་འཆོས་པ་ལ་སོགས་པ་རྣམས་ཏེ། །དོན་མ་ཡིན་པ་སྒྲུབ་པ་དང༌། དེ་ལ་ཞེ་སྡང་གིས་ཁྱིམ་དུ་ཉེ་བར་འགྲོ་བ་གཞན་ལ་


DTG151_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགའ་བར་བྱ་བའི་ཕྱིར་དང༌། སྦྱིན་བདག་ཉེ་དུ་མ་ཡིན་པར་གྱུར་ན་ཉེས་བྱས་སོ། །རྒྱུའམ་སྦུན་ནམ། གཉི་ག་ཡང་རུང༌། མི་རུང་བ་རྔ་མོ་ལ་སོགས་པའི་བལ་དང༌། བསྲེག་པའམ། སྣམ་བུ་མ་བྱས་པའམ། བལ་ཡང་རུང་བ། རས་བ་ལ་ཡང་རུང༌། བསླངས་ས་མཚན་ལས་ཆུང་ངམ། བར་མ་འམ། གཞན་གྱི་ཕྱིར་ཡང་འཐག་ཏུ་བཅུག་ན་ཉེས་བྱས་སོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། །ཉེ་དགས་བདག་ཉིད་ཀྱི་ཕྱིར་རས་འཐག་ཏུ་བཅུག་པ་ཐ་ག་བལ་ཧྭགས་ཀྱི་ལ་དུས་ལྷུང་བཟེད་བཀང་སྟེ་བྱིན་བས་ན་དེའི་ཕྱིར་དེ་བཞི་པ་བཅས་སོ། །དེ་ན་ཞེས་བྱ་བ་ནི་ཐ་ག་པ་དེ་གྲོང་ངམ་གྲོང་ཁྱེར་གང་ན་བའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི། ཅི་ལྟ་བུར་འདོད་བ་དེ་ལྟ་བུར་འཐག་ཏུ་ཆུག་ཅིག་ཅེས་གོས་ཀྱི་བདག་པོས་སྔར་མགྲོན་དུ་མ་གཉེར་བའོ། །རྣམ་པར་རྟོག་པ་འགའ་ཞིག་ཅེས་བྱ་བ་ནི་རྣམ་པར་རྟོག་པ་རྣམ་པ་བཞི་སྟེ། སྟུག་པོ་ཉིད་དུ་རྣམ་པར་རྟོག་ནས། གང་ལེགས་པ་བརྟགས་པར་གྱིས་ཤིག་ཅེས་སྨྲ་བ་དང༌། དཀར་པོ་རྣམ་པར་རྟོག་ནས་ཤིན་ཏུ་དཀར་བ་གང་ཞེང་ཆེ་བ་དང༌། ཁྲུན་རིང་བར་བྱོས་ཤིག་ཅེས་སྨྲ་བ་དང༌། ཕྲ་མོར་རྣམ་པར་རྟོག་ནས་ཐར་གྱིས་ཞག་པར་བྱོས་ཤིག་ཅེས་སྨྲས་པ་དང༌། འཇམ་པོར་རྣམ་པར་རྟོག་ནས་ཐགས་རན་བཟང་བར་གྱིས་ཤིག་ཅེས་སྨྲས་པའོ། །ལེགས་པར་བརྟགས་པར་ཞེས་བྱ་བ་འདིས་ཚད་རྣམ་པར་རྟོག་པར་ཡང་བལྟ་བར་བྱའོ། །གཞན་དག་ནི་ཞེང་ཆེ་བ་དང་ཁྲུན་རིང་བ་ལ་སྨྱིག་གུས་ལེགས་པར་སྦྱངས་པ་འམ། ཕྲུག་ཤད་ཀྱིས་ཤིན་ཏུ་བཤད་པ་ལ་ཡང་བྱའོ་ཞེའོ། །བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའོ། །བཟའ་བ་ཙམ་ཞེས་བྱ་བ་ནི་འབྲས་རྗེན་པའོ། །བཟའ་བའི་རིན་ཞེས་བྱ་བ་ནི་ཟས་ཀྱི་རིན་ནོ། །བཟའ་བ་བྱིན་པ་ཙམ་གྱིས་འདིར་ལྟུང་བ་མེད་མོད་ཀྱི་ཅི་ལྟ་བུར་རྣམ་པར་རྟོག་པ་སྨྲ་བའི་ཕྱིར་རོ། །དགེ་སློང་དེ་ལ་སྦྱོར་ཞིང་ཁྲི་ལ་ལྡང་བ་ནས་དེ་ལ་སྟོབས་པ་དང༌། གོས་མ་ཐོབ་པའི་བར་དེ་སྲིད་དུ་ཉེས་བྱས་སོ། །ཐོབ་ན་སྤད་བའོ། །གོས་རུང་བ་མ་མ་ཡིན་ནམ། མ་ནིང་ཕོ་འམ། མ་ནིང་མོ་འམ། མཚན་གཉིས་པ་འམ། མཚན་གཉིས་མ་ལ་ཡང་རུང༌། གོས་ཀྱི་ཕྱིར་རྣམ་པར་རྟོག་པར་བྱེད་ན་ཉེས་བྱས་སོ། །བཞི་པའོ།། །།མཉན་ཡོད་ན་སྟེ། དགའ་བོས་ལྷན་ཅིག་གནས་པ་ཆོས་ལ་སྣམ་སྦྱར་བྱིན་པ་ལས་ཁྲོས་ཏེ། སླར་ཕྲོགས་པ་ན་སྦྱིན་པ་


DTG151_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་སྦྱིན་པ་ཡོངས་སུ་ལེན་པའི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་མོངས་པ་དང༌། འགལ་ཚབས་ཅན་དུ་འགྱུར་བ་དང༌། མ་དད་པའི་ཉོན་མོངས་པ་སྤང་བའི་ཕྱིར་ལྔ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང༌། བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །དེ་བཞིན་དུ་དགེ་སློང་མ་ལ་སོགས་པ་ལ་ལྟུང་བ་མེད་དོ། །བྱིན་ནས་ཞེས་བྱ་བ་ནི་གཏན་དུ་བྱིན་པའོ། །གལ་ཏེ་སྐད་ཅིག་གཅིག་བྱིན་ནམ། ཁྱོད་ལ་ངས་འདི་བྱིན་གྱིས་ཁྱོད་ཀྱིས་ངའི་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་བ་ལ་སྤང་བ་མེད་དོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །ཁྲོས་ཞེས་བྱ་བ་ལ་སོགས་པ་དེ་འགྲོས་ཞེས་བྱ་བ་ནི། ལུས་ཀྱིས་ཁྲོས་པར་སྟོན་ཏོ། །འཁྲུགས་ཞེས་བྱ་བ་ནི་ཡིད་ལ་ཁྲོས་པར་མངོན་པར་འདུ་བྱེད་པའོ། །རྔམས་ཏེ་ཞེས་བྱ་བ་ནི་ཁྲོས་པའི་ཚིག་ཏུ་བརྗོད་པའོ། །ཡི་མ་རངས་པར་གྱུར་ཅེས་བྱ་བ་ནི་ཁྲོས་པའི་མཚན་མ་གནོད་པའི་དངོས་པོར་སྟོན་པའོ། །འཕྲོགས་ཞེས་བྱ་བ་ནི་གྲོགས་ལ་སོགས་པ་བྱེད་དུ་རེ་བར་བསམས་ནས་བྱིན་པ་ལས་དེ་མ་བྱས་ཏེ་རང་གི་འདུ་ཤེས་ཀྱིས་ཕྲོགས་པའོ། །རྣམ་པ་གཞན་དུ་ནི་ཕམ་པར་འགྱུར་རོ། །དེའི་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གང་དེར་ཡོངས་སུ་ལོངས་སྤྱོད་པའི་ལྷག་མ་ལུས་པར་གྱུར་ན་དགེ་སློང་དེ་ཉིད་ལ་ཕྱིར་སྦྱིན་བར་བྱའོ། །སྤྱོད་ན་སྤང་བའོ་ཞེས་བྱ་བ་ནི་བདག་གིར་བྱས་པ་དང༌། ཡོངས་སུ་ལོངས་སྤྱད་པའོ། །གཞན་དག་ནི་ཉེ་བར་ལོངས་སྤྱོད་པ་དང༌། ཡོངས་སུ་ལོངས་སྤྱོད་པ་ཁོ་ནའོ་ཞེའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་ལུས་ཀྱིས་སམ་དག་གམ་དེ་གཉིས་ཀས་ཀྱང་རུང་ངོ༌། །དགེ་སློང་ལ་སོགས་པ་གཞན་རྣམས་ཀྱིས་ཀྱང་རུང༌། གཞན་ལ་གནོད་པར་ཆོས་གོས་ཕྲོགས་སམ། ཕྲོག་ཏུ་བཅུག་ཀྱང་རུང་སྟེ། གོས་ཀྱི་གྲྭ་ལུས་དང་མ་བྲལ་གྱི་བར་དུ་ནི་ཉེས་བྱས་སོ། །ལུས་དང་བྲལ་ན་དགེ་སློང་ལ་སྤང་བའོ། །དགེ་སློང་གཞན་དང༌། དགེ་སློང་མ་ལ་ནི་ལྟུང་བའོ། །དགེ་ཚུལ་ལ་སོགས་པ་ནི་ཉེས་བྱས་སོ། །ཁྱིམ་པའམ་ཁྱིམ་པ་མོས་ནི་བསོད་ནམས་མ་ཡིན་པ་ཆེན་པོར་འགྱུར་རོ། །ཡོངས་སུ་སྤྱད་པ་ལ་ཡོངས་སུ་མ་སྤྱད་པར་འདུ་ཤེས་སམ། ཡོངས་སུ་མ་སྤྱད་པ་ལ་ཡོངས་སུ་མ་སྤྱད་པར་འདུ་ཤེས་ན་ལྟུང་བར་འགྱུར་གྱི་སྤང་བར་ནི་མ་ཡིན་ནོ། །ཡོངས་སུ་སྤྱད་པ་ལ་ཡོངས་སུ་སྤྱད་པར་


DTG151_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ན་ལང་པ་དང་སྤང་བའོ། །ཁས་བླངས་པས་ཁས་མ་བདས་པ་དང༌། གོ་བཟློག་པ་དང༌། སྔོན་ཉམས་པ་ལ་སོགས་པ་འམ་ཚད་ལས་ཆུང་བ་བྱིན་དེ། འཕྲོག་གམ། སྦྱིན་པ་འམ། ཕྲོགས་པ་ཡང་རུང༌། གཞན་ཡང་རུང༌། གཉི་ག་ཡང་མཚན་གྱུར་ན་ཉེས་བྱས་སོ། དོན་གཞན་ལས་ནི་ལྟུང་བ་མེད་དེ། དེ་ཇི་ལྟར་འཇིགས་པ་དང་བཅས་པའི་ཡུལ་ཕྱོགས་སུ་འགྲོ་བ་དང༌། དུས་མ་ཡིན་པ་འགྲོ་བ་ལས་བླ་མས་གོས་ཕྲོགས་པ་དང༌། འདི་ལ་གནོད་པའི་དོན་དུ་མ་གྱུར་ཅིག་ཅེས་བྱ་བ་དང༌། འདུལ་བའི་ཡོ་བྱང་དུ་གྱུར་པ་དང༌། ཅི་ལྟར་ཡང་སྡིག་པའི་གྲོགས་པོ་དང་བྲལ་བའི་ཕྱིར། ཕྲོགས་པ་དང༌། ད་བཞིན་དུ་གཞན་ཡང་ཁྲོས་པ་མེད་ཅིང་ཕྲོགས་པ་ལ་ལྟུང་བ་མེད་པར་བརྗོད་པར་བྱའོ། །གལ་ཏེ་རེ་ཞིག་པའི་དུས་ཀྱི་འདུ་ཤེས་སམ། ཕོངས་པ་འམ། སྙན་པའི་ཆོས་ཀྱིས་བླངས་པ་ནི་ལྟུང་བ་མེད་དོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་དག་གིས་དབྱར་གྱི་རྙེད་པ། དབྱར་གྱི་ནང་ལོགས་སུ་བགོས་པས་ན། བཅོམ་ལྡན་འདས་ཀྱིས་འགོད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །གསལ་རྒྱལ་གྱིས་རལ་གྲི་མཐུ་ཅན་གྱི་ཁྲོམ་ལ་འཐབ་མོ་ལ་སོང་ཤིག་ཅེས་བཀའ་སྩལ་པ་དང༌། དེ་ཤི་བར་དོགས་ཏེ་དབྱར་གྱི་དོ། ས་དབྱར་གྱི་ནང་དུ་ཕུལ་བ་དེ་དག་དགེ་སློང་དག་གིས་ཉམས་སུ་མ་བླངས་པས་སྲིལ་ལ་སོགས་པས་ཟོས་པས་ན་ཆོས་ལྡ་དང་ལྡན་པ་གསོལ་བ་དང༌། གཉིས་ཀྱི་ལས་ཀྱིས་གོས་སྦེད་པ་བསྐོ་བར་བྱའོ་ཞེས་གསུངས་སོ། །བསླབ་པ་འདོད་པའི་ཡོན་ཏན་བསྔགས་ཏེ། དྲུག་པ་བཅས་སོ། འདི་ཡང་དུས་མ་ཡིན་པར་ལེན་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དུ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངས་སུ་སྤང་བའི་ཕྱིར་རིག་པར་བྱའོ། །ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ཞེས་བྱ་བ་ནི། ཉི་མ་བཅུ་པོ་ལ་ཞག་བཅུ་ཞེས་བྱ་བ་སྟེ། ཞག་བཅུ་མ་ལོན་པ་ལས་ཞག་བཅུ་ཚུན་ཆད་ཅེས་བྱའོ། །སྟོན་ཟླ་ཐ་ཆུངས་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུངས་ཉལ་རྣམ་པ་གཉིས་ཏེ། དང་པོ་ནི་སྟོན་ཟླ་འབྲིང་བོ་ཉལ་ཡང་བྱ་སྟེ། དེ་དང་ཉེ་བར་གྱུར་བས་བརྗོད་དེ། ཅི་ལྟར་དབྱར་ཟླ་འབྲིང་པོ་ཉ་ལ་དབྱར་ཉེ་བར་འཇུག་གི་ཞེས་བྱ་བ་བཞིན་ནོ། །ཕྱི་མ་ནི་སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཉིད་ལ་སྟེ། འདིར་ནི་དང་པོར་གཟུང་


DTG151_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ལ་བརྟད་པ་ལས་བྱུང་བའི་གོས་ནི་ལྔ་སྟེ། ནད་པ་ལ་སྦྱིན་པ་དང༌། ནད་པའི་ཕྱིར་སྦྱིན་པ་དང༌། འཆི་བ་ལ་སྦྱིན་པ་དང༌། ཤི་བའི་ཕྱིར་སྦྱིན་པ་དང༌། འགྲོ་བར་ཆས་པ་ལ་སྦྱིན་པའོ། །གཞན་དག་ན་རེ་དུས་མ་ཡིན་པའི་གོས་སོ་ཞེས་ཀྱང་བརྗོད་དེ། གང་དགག་དབྱེའི་དུས་སུ་འཐོབ་པའི་རིག་པ་ལས་དབྱར་གྱི་ནང་ལོགས་ཉིད་དུ་ཐོབ་པའོ། །བླང་བར་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིར་བྱ་བའོ། །གོས་སྦྱིན་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི་སྲབ་རྐྱང་མ་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཀྱི་བར་དུའོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་དཔྱིད་ཟླར་བའི་བར་དུའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་དབྱར་གྱི་ནང་ལོགས་སུ་གོས་རྙེད་པ་ལ་རྗེས་སུ་གཟུང་བར་མཛད་ནས་གསུངས་པའོ། །ཟླ་བ་དེ་ལས་འདས་ཀྱང་བཅང་བར་བྱ་སྟེ། རྙེད་པ་གཞན་ནི་རིང་ན་ཟླ་བ་གཅིག་གི་བར་དུའོ། །དབྱར་གྱི་རྙེད་པ་ཅུང་ཟད་ཅི་ཡང་རུང་སྟེ། དབྱར་གྱི་ནང་ལོགས་སུ་བགོས་པ་དང༌། གོས་བགོ་བའི་དུས་ལས་འདས་བ་འཆང་ན་ཐམས་ཅད་ལ་ཡང་སྤང་བར་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ལྔ་པོ་བགོས་པ་དང༌། སྦྱིན་བདག་གིས་རང་གི་ལག་ནས་བྱིན་པ་ནི་འདི་ལྟར་དེ་ཚུན་ཆད་བགོས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་སོ། །གོས་སྦེད་བའི་དགེ་སློང་བསྐོས་པ་ཡོད་པ་ལ་ཡང་ལྟུང་བ་མེད་དོ། །སྦྱིན་བདག་གིས་བདག་ཉིད་མཆིས་ལ། ལག་ནས་དབུལ་གྱིས་དེའི་བར་དུ་གཞེས་ཤིག་ཅེས་ཟེར་ན། དེ་ལས་རིང་དུ་གཞག་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་སོ། །རུང་བར་མ་བྱས་བ་ལ་རུང་བར་མ་བྱས་བར་འདུ་ཤེས་ན་སྔ་མ་བཞིན་ཏེ། །མུ་བཞིར་སྦྱར་རོ། །དགག་དབྱེ་ནི་རྒྱལ་པོས་ཤོལ་བོར་ན་ཅི་ལྟར་དབྱར་ཉེ་བར་གནས་པའི་དུས་བཞིན་དུ་སྦྱར་བར་བྱའོ། །དྲུག་པའོ།། །།མཉན་ཡོད་ན་སྟེ་དགོན་པའི་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་རྐུན་པོས་བཅོམ་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་དགོན་བ་པ་ལ་ཆོས་གོས་གསུམ་ལས་གཅིག་ཁྱིམ་གཞན་དུ་གཞག་པར་བྱའོ། །ཁྱིམ་དེར་དང་ལ་ཉལ་བར་མི་བྱ། སྐྱ་རེངས་འཆར་བར་མི་བྱ། གྲོང་གི་ཉེ་འཁོར་དུ་ཡང་འདུག་པར་མི་བྱ་མོད་ཀྱི། འོན་ཀྱང་གཙུག་ལག་ཁང་ཉིད་དུའོ་ཞེས་གསུངས་སོ། །གལ་ཏེ་དགེ་འདུན་གྱི་འམ་མཆོད་རྟེན་གྱི་འམ། གང་ཟག་གི་དོན་ཅིག་ལ་དགོན་


DTG151_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་མལ་དེ་ནས་ཕྱི་རོལ་དུ་འགྲོ་ན་ཞག་དྲུག་ཏུ་འབྲལ་བར་བྱའོ། །དེ་ལས་རིང་དུ་མ་གནས་ཤིག་ཅེས་གསུངས་ན། དྲུག་སྡེ་དག་ཞག་བདུན་དུ་གནས་ཏེ་བདུན་བ་བཅས་སོ། །ཉེ་བར་གཞག་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངས་སུ་སྤང་བའི་ཕྱིར་ཡང་ངོ༌། །དགོན་པ་ཞེས་བྱ་བ་ནི། གྲོང་ནས་རྒྱང་གྲགས་གཅིག་ན་གཙུག་ལག་ཁང་ཡོད་པའོ། །དབྱར་ཕྱི་མ་ཞེས་བྱ་བ་ནི་དབྱར་ཕྱི་མར་ཉེ་བར་གནས་པ་སྟེ། དེ་དག་དབྱར་དང་པོ་ཉེ་བར་གནས་པའི་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་དུ་གནོད་པ་སྤང་བའི་ཕྱིར་དགོན་པར་དབྱར་ཕྱི་མར་ཉེ་བར་གནས་པའོ། །དོགས་པ་དང་བཅས་པ་ཞེས་བྱ་བ་ནི་དེ་ནི་དོགས་པ་དང་བཅས་པར་ཤེས་པ་སྟེ། གང་ཆོམ་རྐུན་པས་འཇིགས་པས་མ་བྱུང་ཡང་དོགས་པ་དང་གནས་པ་དང༌། ཟ་བའི་སྐབས་དག་སྣང་བའི་ཕྱིར་རོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། གང་དུ་ཆོམ་རྐུན་པས་འཇིགས་པ་ལན་ཅིག་བྱུང་བ་དེ་ཡང་ཤེས་ལ་མི་རྣམས་སྟབས་ཤིང་བྲོས་པར་སྣང་བའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་ཞེས་བྱ་བ་ནི། གང་ཆོམ་རྐུན་པའི་འཇིགས་པ་ལན་མང་དུ་བྱུང་བ་དང༌། སེང་གེ་དང༌། སྟག་དང༌། མི་མ་ཡིན་པས་འཇིགས་པ་དང༌། ད་གཉིས་དང་པོ་ནས་གོ་རིམས་ཅི་ལྟ་བ་བཞིན་དུ་འཇིགས་པ་དང༌། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པའོ། །རྣམ་གྲངས་གཞན་དུ་ན་ཆོམ་རྐུན་པས་འཇིགས་པ་དང༌། སེང་གེ་དང༌། སྟག་གིས་འཇིགས་པ་དང༌། སྦྲང་རྒོད་དང༌། སྤྲད་བུ་མཆུ་རིངས་དང༌། རླུང་དང་ཚ་བ་དང༌། སྡིག་སྤྲུལ་གྱི་འཇིགས་པ་སྟེ། ཚིག་གསུམ་དང་གོ་རིམས་ཅི་ལྟ་བ་བཞིན་དུའོ། །སྟག་ལ་སོགས་པས་འཇིགས་པ་ན་ཆོམ་རྐུན་པས་གནས་པར་ཡང་རིག་པར་བྱའོ། །ཆོས་གོས་གསུམ་ལས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་རྣམས་ཏེ། གང་དང་བྲལ་ཡང་ལྟུང་བར་འགྱུར་རོ། །ཁྱིམ་གཞན་དུ་ཞེས་བྱ་བར་ནི་གང་ན་སྲང་དང་བཞི་མདོ་དང༌། སུམ་མདོ་ཡོད་པའོ། །གཞག་པར་བྱའོ་ཞེས་བྱ་བ་ནི་ཉེ་བར་གཞག་པར་བྱའོ། །དེ་ལྟ་བུའི་རྐྱེན་ཅེས་བྱ་བ་ནི་དགེ་འདུན་གྱིའམ། མཆོད་རྟེན་གྱིའམ། གང་ཟག་གི་བྱ་བ་ལའོ། །མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་


DTG151_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགོན་པའི་གཙུག་ལག་ཁང་དེའི་ཉ་འཁོར་དུ་སྤྱད་པ་ལས་འདའ་བའོ། །དགོན་པའི་གནས་མ་ལན་འདུག་པ་དེ་ལ་ནི་དེ་ལྟར་སྣང་གི་མཚམས་གྱི་ཕྱི་རོལ་དུ་སོང་བ་དེ་ལ་ནི་མ་ཡིན་ནོ། །ཕྱིས་ཀྱང་བྱ་བ་ལ་ནི་རྗེས་སུ་གནང་ངོ༌། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཞག་དྲུག་ལས་འདས་པར་གནས་ན་སྤང་བའོ། །ཞག་བདུན་པའི་མཚན་མོ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སོ། །ཤར་ན་སྤང་བའོ། །དེ་ཉིད་སླར་འོང་ངོ་ཞེས་བྱ་བ་ལ་སོགས་པ་ལས་བར་ཆད་ཀྱི་སླར་མ་འོངས་པ་ལ་འབྲལ་བའི་ལྟུང་བ་མེད་དོ། །མི་རུང་བ་དང་ཐགས་སུ་མ་བཏགས་པ་ནི་ཞག་དྲུག་འདས་ཀྱང་ཉེས་བྱས་སོ། །སོང་བ་ལས་བར་བརྒྱད་པོ་དག་བྱུང་སྟེ། མ་འོངས་པ་དང༌། དེ་བཞིན་དུ་དགེ་འདུན་གྱི་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །ཞག་དྲུག་ལ་ཞག་དྲུག་ཏུ་འདུ་ཤེས་པ་མུ་བཞིར་སྦྱར་རོ། །བདུན་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ནས་དུས་མ་ཡིན་པར་ལེན་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་དང༌། ཕོངས་པ་དང༌། མ་དད་པའི་ཉོན་མོངས་པས་བརྒྱད་པ་བཅས་སོ། །སོ་ག་རྣམས་གྱི་ཟླ་བ་གཅིག་ལུས་པ་ན་ཞེས་བྱ་བ་ནི་ཟླ་བ་གཅིག་ན་དབྱར་ཉེ་བར་སྒྲུབ་པར་འགྱུར་བ་ཞེས་བྱའོ། །གང་དབྱར་ཉེ་བར་གནས་པ་ཞེས་བྱ་བ་དེའི་ཀུན་དུ་སྤྱད་པ་ནི་གང་ཞེ་ན། ཚེས་བཅོ་ལྔ་ལ་གཙུག་ལག་ཁང་རྣམས་ཆག་ཆག་གདབ་པ་དང༌། སྐྱང་ནུལ་གྱིས་བྱུག་པ་དང༌། མལ་ཆ་དང༌། སྟན་རྣམས་མི་སྦ་བར་ཐ་ན་རྐང་བའི་ཆོལ་ཟངས་ཀྱང་དགེ་འདུན་ལ་བགོ་བར་བྱའོ། །ཐོག་མར་མལ་ཆ་དང༌། སྟན་རྣམས་སྡུད་པ་ཆོས་ལྔ་དང་ལྡན་པར་སྤྲོ་བར་བྱས་ལ་གསོལ་བ་དང༌། གཉེས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེས་ཀྱང་དྲི་དང་མེ་ཏོག་གིས་བརྒྱན་པའི་ཚུལ་ཤིང་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་གཏིང་བས་དཀྲིས་པར་བཞག་སྟེ། གནས་མལ་བཤམ་པར་བྱས་ཏེ། གཎྜཱི་བརྡུངས་ཏེ། དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང༌། རྒན་པའི་མཐའ་ལོགས་སུ་བཞག་ལ་དེ་ནས་ཁྲིམས་སུ་བྱ་བ་བསྒྲག་པར་བྱ་སྟེ། ཁྲིམས་སུ་བྱ་བར་བཅས་པ་ནི་འདི་ཡིན་ཏེ། གང་སྤྲོ་བ་དེ་ནི་དབྱར་ཉེ་བར་གནས་ནས་འདི་ལྟ་སྟེ། དབྱར་གྱི་ནང་དུད་གེ་སློང་ལ་གླེང་བར་མི་བྱའོ། །དགེ་འདུན་


DTG151_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དགེ་སློང་ལ་བདེ་བ་ལ་རེག་པར་གནས་པར་མི་འགྱུར་བའི་བྱ་བ་བཅས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་ཚུལ་ཤིང་བྲིམས་ཏེ། ཐོག་མར་སྟོན་པའི་ཕྱིར་བླངས་ལ་དེའི་འོག་ཏུ་དགེ་འདུན་གྱི་གནས་བརྟན་གྱིས་སྟན་ལས་ཕྱེད་འཕགས་ཏེ་བླངས་ནས་ཡང་དལ་གྱིས་བཞག་གོ །དགེ་ཚུལ་རྣམས་ཀྱི་སློབ་དཔོན་དང་མཁན་པོས་བླང་ངོ༌། །དེ་ནས་གཉུག་མར་གནས་པ་རྣམས་ཀྱི་བླང་ངོ༌། །དེའི་འོག་ཏུ་བགྲངས་ལ་བསྒྲག་པར་བྱའོ། །དེ་ནས་གནས་ཁང་པ་སྒོ་སྟེ། གནས་ཁང་འདི་ནི་རྙེད་པ་དང་བཅས་པ་གོས་སུ་བཅས་པ་ལགས་ན། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་བྱའོ། །གསུམ་པའི་ཐང་དུ་སོན་པ་ལས་སློང་ན་ཚིག་གསུམ་པ་བརྗོད་པ་ན། གཟོད་སྦྱིན་པར་བྱའོ། །ཉེས་བྱས་ཀྱང་བཤགས་པར་བྱའོ། །སྒོ་གང་དང༌། ཁྱམས་དང༌། ཐེམ་སྐས་ཀྱི་ཁང་པ་བསྒོ་བར་མི་བྱའོ། །དབྱུག་གུ་ཐོགས་པ་ཡང་བསྒོ་བར་བྱའོ། །དེས་བྱིའུ་ལ་སོགས་པའི་ཚང་སྒོ་ང་དང་བཅས་པ་མ་ཡིན་གྱི་སྒོ་ང་མེད་པར་ཡིན་ན་བསལ་ཞིང་བསྐྲད་པར་བྱའོ། །ཏྭམ་བུ་ཀའི་ཚང་སྒོ་ཚང་སྒོ་ང་དང་བཅས་ན་འཕེལ་ཞིང་སྐྱེ་བར་མི་འགྱུར་བའི་ཕྱིར་སྐུད་པས་དཀྲི་བར་བྱའོ། །དེ་ནས་མལ་ཆ་དང༌། སྟན་རྣམས་བསྒོ་སྟེ་ཉུང་ནས་དངོས་པོ་རེ་རེའོ། །མང་ན་མང་དུའོ། །ལྕི་ཞིང་ལས་ཡོངས་སུ་དཀའ་བ་རྣམས་ནི་གནས་པ་རྣམས་ལ་སྦྱིན་པར་བྱའོ། །རྒན་པ་རྣམས་ལ་ནི་ཁྲིའུ་དང༌། སྟན་བཟང་པོ་རྣམས་སོ། །ཡང་རྒན་རིམས་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །བཟང་པོ་རྣམས་ནི་དགེ་སླང་ལ་བྲིམས་ནས། ལྷག་མ་དགེ་སློང་མ་རྣམས་ལ་བྲིམ་པར་བྱའོ། །དེ་ནས་གང་རུང་པ་ཙམ་མམ། གདིང་བ་དྲི་མ་ཅན་གྱིས་གནས་མལ་ལ་སྤྱོད་པར་བྱེད་ན་དེ་ལ་དགེ་འདུན་གྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་བརྗོད་པར་བྱའོ། ཟླ་བ་ཕྱེད་ཕྱེད་ཅིང་མལ་ཆ་དང༌། སྟན་རྣམས་བརྟག་པར་བྱའོ། །རྒན་པོ་དང་གནས་པ་རྣམས་ཀྱིས་ཡོངས་སུ་ལོངས་སྤྱད་པ་དེ་གང་ངན་པར་སྤྱོད་པར་མཐོང་ནས། དགེ་འདུན་དང༌། སློབ་དཔོན་དང༌། མཁན་པོ་ལ་བརྗོད་དེ། སླར་དཔོག་པར་བྱའོ། །འདི་ནི་གནས་མལ་སྡུད་པར་བྱེད་པས་ཀུན་དུ་སྤྱད་པ་རྣམས་སོ། །གཙུག་ལག་ཁང་སྐྱོང་གིས་དགོངས་ཀར་ཚོགས་པའི་དུས་སུ་དགེ་སློང་གི་དགེ་


DTG151_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྣམས་ལ་སྦྱིན་བདག་འདི་ཞེས་བྱ་བ་དང༌། ཞལ་ཏ་འདི་ཞེས་བྱ་བ་དང༌། སྤྱོད་ཡུལ་གྱི་གྲོང་འདི་དག་གིས་སང་དབྱར་ཉེ་བར་གནས་པར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་ཚེས་བཅུ་དྲུག་ལ་སོ་སོ་ནས་གནས་ཁང་དང་སྤྱོད་ཡུལ་རྣམས་བལྟས་ཏེ། གནས་འདི་ན་བདག་ལ་སྡུག་བསྔལ་མི་སྐྱེད་པ་དང༌། སྐྱེས་ན་མེད་པར་བྱེད་པ་འམ། ན་ན་ནད་གཡོག་བྱེད་པ་ལྟ་ཡོད་དམ། སྤྱོད་ཡུལ་འདི་ན་བསོད་སྙོམས་དང༌། སྨན་སྦྱོར་བའི་སྦྱིན་པ་པོ་ལྟ་ཡོད་དམ་ཞེས་བརྟགས་ཏེ་གཡོགས་པར་ནང་དུ་ཞུགས་ལ། དགེ་སློང་གི་མདུན་དུ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །དེང་ནི་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་མཚམས་ཀྱི་ནང་དང་བཅས་པའི་གནས་འདི་ལྟ་སྟེ། གནས་རལ་བ་དང༌། འདྲུམ་པ་བཅོས་པའི་སླད་དུ་སྦྱིན་བདག་ཆེ་གེ་མོ་ཞེས་བགྱི་བ་དང༌། ཞལ་ཏ་བྱེད་པ་ཆེ་གེ་མོ་ཞེས་བགྱི་བ་དང༌། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང༌། བྲོ་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟ་བ་གསུམ་གནས་པར་ཁབས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །གང་ཡང་དེ་བཞིན་དུ་གཉིས་པར་སྒྲུབ་པས་ཀྱང་བྱའོ། །རྣམ་པ་གཉིས་སུ་ནི་མ་ཡིན་ནོ། །འདོད་ན་སྔ་མའམ། ཕྱི་མར་ངེས་པར་དབྱར་ཉེ་བར་གནས་པར་བྱའོ། །ཕྱི་མར་དབྱར་ཉེ་བར་གནས་ན། སྟོན་ཟླ་ཐ་ཆུངས་ཀྱི་བར་དུ་གནས་པར་བྱའོ། །ཤིང་ལ་སོགས་པས་གནས་གཞིའི་མཚམས་ཀྱི་མདོར་མནན་ཏེ། དབྱར་གནས་པར་ཁས་བླངས་ན་བཞི་ཆར་དུ་ཡང་དབྱར་གནས་པར་ཁས་བླངས་པ་ཞེས་བྱ་བ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པས་མཚམས་ཀྱི་ཕྱི་རོལ་དུ་གནས་པར་མི་བྱའོ། །དགེ་སློང་ནས་དགེ་བསྙེན་གྱི་བར་དུ་སྟེ། ཉེ་དུའི་དོན་ནམ། མུ་སྟེགས་ཅན་ནམ་ལྟ་བ་ངན་པ་དང་དཔྲལ་བ་འམ། བདག་ཉིད་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་རམ། མདོ་སྡེ་ལ་སོགས་པ་ལ་ཐེ་ཚོམ་སྤང་བའི་ཕྱིར་


DTG151_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་སྟེ། ཞག་བདུན་བྱིན་གྱིས་བརླབས་ལ་འགྲོ་བར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདི་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་བགྱི་བ་ཞིག་གི་སླད་དུ་བདུན་ཚུན་ཆད་ཚང་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། བར་ཆད་མ་བྱུང་ན་ཚུན་ཆད་ཀྱི་སླར་མར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཉེ་བར་གནས་པ་ལ་བདག་ཉེ་བར་གནས་སུ་གནས་ཞེས་ཡིད་གཉིས་ཟ་བ་མཚམས་གྱི་སུ་རིལ་དུ་གནས་ཀྱང་དབྱར་རལ་པ་མ་ཡིན་ནོ། །དབྱར་གྱི་ནང་དུ་སྤངས་པ་དང༌། ཡང་ཟླ་བ་གསུམ་དུ་ལྷན་ཅིག་འདུག་པར་བྱའོ། །དགག་དབྱེ་ནས་ནི་མ་ཡིན་ནོ། ནམ་མཁའ་ལ་འདུག་སྟེ་སྐྱ་རེངས་ཤར་ན་དབྱར་རལ་བའོ། །དབྱར་གྱི་ནང་དུ་གྲུ་བསྐྱོད་པར་ཤེས་བཞིན་དུ་དེའང་དབྱར་གནས་དེ་དཔྱད་པར་བྱའོ། །མི་ཤེས་ཙམ་ཡིན་ནོ། །སྡེ་ལྔ་ཆར་གྱི་ཞག་བདུན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་དག་གིས་གྱུར་ཀྱང་ཉེ་བར་གནས་པར་བྱའོ། །དགེ་འདུན་གྱིས་གནས་བ་མེད་ཀྱང་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཅི་ལྟར་བདུན་པ་དེ་བཞིན་དུ་གཅིག་ནས་དྲུག་གི་དབང་དུའོ། །དགེ་འདུན་གྱི་དོན་གྱི་ཕྱིར་ནི་བརྒྱང་ནས་ཞག་བཞི་བཅུའི་བར་དུ་སྟེ། དགེ་འདུན་ལ་གསོལ་ལ། གཅིག་གི་མདུན་དུ་དེ་བྱིན་གྱིས་བརླབ་པར་བྱའོ། །དེ་ལས་འདས་བ་ནི་མ་ཡིན་ནོ། །མཚམས་ཀྱི་ནང་དུ་ཡུན་རིང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་དུ་ནི་ཡུན་ཐུང་དུ་གནས་པར་བྱའོ། །དེར་སྔར་སྤྲོ་བར་བྱོས་ལ་གསོལ་བ་བྱས་ནས་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཚམས་གྱི་ནང་དང་བཅས་པའི་གནས་འདིར་དབྱར་སྡེ་མ་འམ་ཕྱི་མ་ཡང་རུང༌། ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ། ཞག་བྷི་བཅུ་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་ལ་


DTG151_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི་ལེགས་པས་དེ་སློང་མིང་འདི་ཞེས་བགྱི་བ་བཞག་བཞི་བཅུའི་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་དུ་མཚམས་གྱི་སླད་རོལ་དུ་མཆི་བ་དང༌། འདི་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་ལ་བཞག་བཞི་བཅུའི་གནང་བ་སྩོལ་སྟེ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དབྱར་གནས་པར་ཁས་བླངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེའི་སླད་དུའི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས་དགེ་སློང་མི་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མའི་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་ཚེ་དང་ལྡན་པ་གང་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནང་བ་བསྩལ་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་བསྐོས་པ་དེ་དགེ་སློང་གཅིག་གི་མདུན་དུ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དུ་བཅས་པའི་གནས་འདིར་དབྱར་སྔ་མའམ། ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་ཞག་བཞི་བཅུ་གནང་བ་སྩལ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བའི་དགེ་འདུན་གྱི་བགྱི་བ་ཞིག་གི་སླད་དུ་དགུང་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་ན་འདི་ལགས་སོ། །དེ་བཞིན་དུ་ལན་གཉིས་གསུམ་དུའོ། །བླ་མ་ཞག་བཅུའི་བར་


DTG151_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སྟོན་ཟླ་ཐ་ཆུངས་ལ་ཡང་ཞག་གཅིག་ལ་སོགས་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་ན། དབྱར་ན་རལ་པ་ལྟུང་བ་མེད་དོ། །འདི་ལྟ་སྟེ། བསོད་སྙོམས་བྱིན་པ་དང༌། སྨན་དང༌། ནང་གྱོག་མེད་པ་དང༌། བུད་མེད་དང༌། སྐྱེས་པ་དང༌། མ་ནིང་དང༌། ཉེ་དུ་ཡང་རུང༌། མི་རིགས་པ་ལས་མགྲོན་དུ་གཉེར་བ་དང༌། གཏེར་གྱི་སྒོ་མཐོང་བ་དང༌། བུད་མེད་ཀྱི་ཡུལ་ཆགས་པར་བྱེད་པས། ཚུལ་བཞིན་མ་ཡིན་པའི་མཚན་མར་འཛིན་པའོ། །དགེ་སློང་ད། སྦྱིན་བདག་ལ་ཡང་རུང་བར་བར་ཆད་བརྒྱད་པོ་དག་ཏུ་གྱུར་པ་སྟེ། འདི་ལྟ་སྟེ། འདི་ལྟ་སྟེ། ཆོམ་རྐུན་གྱིས་འཇིག་པ་དང༌། རྒྱལ་པོས་འཇིག་པ་དང༌། མིས་འཇིག་པ་དང༌། རྒྱལ་པོ་དང༌། ཆོམ་རྐུན་མ་གཏོགས་པའི་མི་ལས་གང་བྱུང་བའོ། །མི་མ་ཡིན་པས་འཇིག་པ་དང་ཀླུས་འཇིགས་པ་དང༌། གཅན་གཟན་གྱིས་འཇིགས་པ་དང༌། གླུ་དང་མི་མ་ཡིན་པ་དག་མ་གཏོགས་པའི་འཚེ་བར་བྱེད་པ་རྣམས་སོ། །མེས་འཇིགས་པ་དང༌། ཆུས་འཇིགས་པ་དང༌། གནས་དེ་ནི་དགེ་འདུན་འདུབ་བྱེ་བར་འགྱུར་བ་ལ་ལྟུང་བ་མེད་དོ། །ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པ་ཕྱོགས་སུ་སྐྱ་རེངས་ཤར་བར་བྱེད་ན་དབྱར་རལ་བའོ། །གཙུག་ལག་ཁང་གཞན་ཞིག་ན་དགེ་སློང་མཛའ་བོ་ཞིག་དགེ་འདུན་ལ་དབྱེན་བྱེད་དུ་འདོད་པ་དེ་བཟློག་པའི་ཕྱིར་སོང་བ་དང་ཞག་བདུན་འདས་ཀྱང་ལྟུང་བ་མེད་དོ། །དེར་མི་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཙུག་ལག་ཁང་དུ་དབྱར་གནས་པ་དེར་ཕྱག་དར་དང༌། ཆག་ཆག་ལ་སོགས་པར་བྱའོ། །དབྱར་གནས་བར་ཁས་བླངས་པས་རྣམ་པ་གསུམ་སྟེ། མཁར་ལེན་དང༌། གོས་བགོ་བ་དང༌། སྲ་རྐྱང་གི་གོས་སོ། །དགེ་འདུན་གྱིས་གནས་བརྟན་ལ་དགེ་སློང་རྣམས་མཁར་ལེན་བྱེད་དུ་གཞུག་པར་བྱའོ། །གནས་འདིར་དབྱར་གནས་པར་བྱའོ་ཞེས་དམ་བཅས་པ་ལ། དེར་དབྱར་ཉེ་བར་མ་གནས་ན་ཉེས་བྱས་སོ། །ཞར་ལ་འོངས་པ་རྣམས་བརྗོད་ནས་དཀྱུས་ཉིད་བརྗོད་པར་བྱའོ། དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི། དབྱར་གནས་པར་འཁྲུས་


DTG151_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་ནི་གོས་རས་ཆེན་པོ། །ཡུལ་གང་ན་ཁྲོན་པའི་ཆུ་ལས་ཁྲུས་བྱེད་བདེན་དབྱར་ཁྲུས་བྱེད་པའི་ཕྱིར་ནི་གནང་བའོ། །བཙལ་བར་བྱའོ།ཞེས་བྱ་བ་ལ། གང་ནས་བཙལ་བར་བྱ་ཞེ་ན། ཉེ་དུའམ། ཉེ་དུ་མ་ཡིན་པར་བསྟབས་པའམ། བདག་གི་རིན་གྱིས་ཉོལ་བ་དང་།ལུས་སམ་ངག་གིས་བསྒྱུར་ཅིང་ཚོལ་བའོ། །དེ་ཚུན་ཆད་རྙེད་ན་རུང་བར་བྱས་ལ་བཅང་བར་བྱའོ། །དབྱར་ཟླ་འབྲིང་པོ་ལ་བྱིན་གྱིས་བརླབ་པར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །བདག་དབྱེ་བྱ་བ་ཅི་ལྟ་ཞེ་ན། ཉི་མ་བདུན་ནམ་བརྒྱད་ན་དགག་བྱེད་པ་ན་སྤྱོད་ཡུལ་གྱི་གྲོང་རྣམས་སུ་བརྗོད་པར་བྱའོ། །འཁོར་མེད་ན་གཞོན་ནུ་དང་།རྒན་པ་རྣམས་ཀྱིས་མཆོད་པའི་ཆོ་ག་ལེགས་པར་བྱའོ། །མདོ་སྡེ་ལ་སོགས་པ་འཛིན་པས་མཚན་ཐོག་ཐེག་ཆེན་ཆོས་མཉན་པ་སྦྱིན་པར་བྱའོ། །དུས་ཤེས་པར་བྱས་ནས་དགག་བྱེད་བྱེད་པ་བསྐོ་བར་བྱའོ། །དེ་ཡང་སྔར་སྐྱེ་བར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱིས་བ་དགག་དབྱེ་བགྱིད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསལ་བའོ། །ལས་ནི་འདི་ལྟར་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དག་སློང་མིང་འདི་ཞེས་བགྱི་བ་དགག་བྱེད་བགྱིད་པར་བྱེད་པར་བསྐོན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་ཞེས་བགྱི་བ་དགག་བྱེད་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་


DTG151_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཏོ། །དེས་རྩ་ཀུ་ཤ་རྣམས་ཁྱེར་ཏེ་བྲིམ་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱི་གསོལ་བ་འབའ་ཞིག་གིས་ལས་བྱ་སྟེ། དགེ་འདུན་བཙུན་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །དགག་དབྱེ་བྱེད་པ་གནས་བརྟན་ནི་མ་དུར་ཆུབ་མ་ལ་དེས་ཀྱང་ཀུ་ཤ་ཅུང་ཟད་ལག་པས་གསག་བྱུང་བར་བྱའོ། །ཁ་ཤར་ཕྱོགས་དང་བྱང་ཕྱོགས་སུ་བསྟན་ཏོ། བཏིང་ལ་རྐང་བས་མནན་ཏེ་འདི་སྐད་དུ་སྨྲ་བར་བྱའོ། །དེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བཅིང་བའི་ཡང༌། དགག་དབྱེ་བཅོ་ལྔ་པ་ལུགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསལ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་ཚོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུག་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་ཚོལ། །ལྟུང་བ་ཤེས་ཤིང་མཐོང་ན། ཆོས་བཞིན་དུ་འདུལ་བ་བཞིན་དུ་སླར་བགྱིའོ། །དེ་བཞིན་དུ་ལ་ན་གཉིས་ལན་གསུམ་དུའོ། །དེ་བཞིན་དུག་སར་བུའི་བར་དུ་ཀུན་གྱིས་བྱའོ། །དགག་དབྱེ་བྱེད་པ་གཅིག་ཡོད་ན། དེས་དགེ་འདུན་གྱི་མདུན་དུའོ། །གལ་ཏེ་གཉིས་གསུམ་ན། གཅིག་ལ་གཅིག་དགག་དབྱེ་བྱའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་རྣམས་ཀྱི་དགག་དབྱེ་བྱའོ། །དེ་ནས་དགག་དབྱེ་བྱེད་པ་རྒན་རིམས་ཀྱི་མདུན་དུ་འགྲེང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་དགག་དབྱེ་མཛད་པ་ལགས་སོ་ཞེས་བརྗོད་པར་བྱའོ། །ཐམས་ཅད་ཀྱིས་ཀྱང་དགག་དབྱེ་མཛད་དོ། །ལེགས་པར་དགག་དབྱེ་མཛད་དོ་ཞེས་བརྗོད་པར་བྱའོ། །རྣམ་པ་གཞན་དུ་


DTG151_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་དགག་དབྱེ་བྱེད་པ་ཁབ་བམ་གྱི་གྲིའུ་ཐོགས་ལ་འདི་སྐད་དུ་བརྗོད་པར་བྱའོ། །བཙུན་པ་རྣམས་རྙེད་པའི་དངོས་པོའི་འདི་ལྟ་བུ་ལ་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་རྣམས་དགག་དབྱེ་བྱ་ཞིང༌། འདིར་གང་ཅི་རྙེད་པ་དགེ་འདུན་ཚོགས་ནག་བགོ་བར་བྱའོ། །ཐམས་ཅད་ཀྱིས་རྙེད་དེ་ཞེས་བརྗོད་པར་བྱའོ། །རྣམ་པ་གཞན་དུ་ན་དགག་དབྱེ་བྱེད་པ་དང༌། དེ་དག་ཀྱང་འགལ་ཆབས་ཅན་དུ་འགྱུར་རོ། གཅིག་ཏུ་ཞིག་འདུག་ན་ཆོས་མཉན་པ་ཅི་ནུས་སུ་སྦྱིན་པར་བྱའོ། །གསོ་སྦྱོང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། གསོ་སྦྱོང་གི་སྐབས་སུ་དགག་དབྱེའི་སྨྲས་བརྗོད་པར་བྱའོ། །དེ་བཞིན་དུ་གཉིས་དག་གམ། གསུམ་པོ་རྣམས་ཀྱིས་ཀྱང་ངོ༌། །གང་ན་གཞི་འཁོད་པ་དེ་དག་གིས་དགག་དབྱེ་ནི་བྱའོ། །དགག་དབྱེ་བྱེད་པར་བསྐོ་ནར་ནི་མི་བྱའོ། །གང་ན་ལྔ་འཁོད་པ་དེར་ནི་དགག་དབྱེ་བྱེ་པ་བསྐོ་བར་བྱའོ། །བདུན་པ་བླང་བར་མི་བྱའོ། །དགག་དབྱེ་བྱ་བ་རྣམས་པ་བཞི་སྟེ། ཚིག་གཅིག་པ་དང༌། ཚིག་གསུམ་པ་དང༌། མང་པོའི་དགག་དབྱེ་བྱའོ། །དེ་ལ་ཚིག་གཅིག་པ་ནི་གལ་ཏེ་གཞུང་འབུམ་གྱི་ནང་ཡོད་པའམ། བླ་གང་མེད་པ་ན་མལ་ཆེ་དང་སྟན་རྣམས་བཞག་པ་ལས་ཆར་བབ་བམ། ཆར་བབ་ཏུ་དགོས་པའམ། རྒྱལ་པོའམ། ཁྱིམ་པས་རྙེད་པ་ཞིག་ཁྱེར་ཏེ་འོངས་སམ། ཆོས་མཉན་པ་སྒྲོགས་སམ། ཆོས་མཉན་པ་བསྒྲོགས་པའི་གཏམ་གཏན་ལ་འབེབས་སམ་རྩོད་བཞི་བར་བྱེད་དམ། མཚན་མོ་ཉུང་དུ་ཙམ་ལུས་སམ། རྒྱལ་པོ་ལ་སོགས་པ་འཇིགས་པ་བརྒྱད་པ་དང་ལྡན་པའོ། །དེ་ལ་ཚིག་གཉིས་པ་ནི་ཚིག་གང་གསུམ་བོའི་སྐབས་མེད་པའོ། །ཚིག་གསུམ་པོ་ནི་མཉམ་པའི་གནས་སྐབས་སོ། །དེ་ལ་ཚོགས་ཀྱི་དགག་དབྱེ་བྱ་བ་ནི་འཇིགས་པ་ཆེན་པོ་བྱུང་ན་རྣམ་པར་བལྟས་ལ། ཕན་ཚུན་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་སྟེ། འདི་དང་འདི་ལྟ་བུའི་འཇིག་པ་བྱུང་སྟེ། གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དག་དེའི་ཚེ་དགེ་འདུན་དང་ལྷན་ཅིག་དགག་དབྱེ་བརྒྱའོ། །ལྟུང་བ་ལེན་ཏེ་གལ་ཏེ་བ་མངར་ལེན་ཏེ་གལ་ཏེ་འགྱུར་བར་ཁས་ལེན་བྱུང་བར་ཁས་ལེན་བྱུང་ལ་དགག་དབྱེ་བྱའོ། །གལ་ཏེ་


DTG151_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་པ་ནུ་ལྟ་བ་མཐུན་པའི་མཐུན་དུ་བཤགས་པར་བྱའོ། །ལྟ་བས་མཐུན་པ་ཇི་སྲིད་ལྟ་བུ་ཞེ་ན། གང་ལྟུང་འབྱུང་བ་དེ་དང་དེའི་དངོས་པོ་ལ་ལྟ་བ་མཚུངས་པར་གྱུར་པའོ། །ཁས་བླངས་བས་ཁས་མ་བླངས་བ་མང་པོའི་ཚོགས་སུ་ཁ་བསྐང་བ་དང༌། གོ་བཟློག་པ་དང༌། དགག་དབྱེ་བྱེད་པ་མཚན་གྱུར་ན་དགག་དབྱེ་མ་བྱས་པའོ། །ཐེ་ཚོམ་ཟོས་པ་ནི་གང་ཅི་ལྟ་བུར་འདུ་ཤེས་པ་དེ་དག་གིས་དེ་ལྟར་དགག་དབྱེ་བྱའོ། །གང་ལྟུང་བའི་ཕྱིར་རྩོད་པ་ནི་ལྟུང་བ་ཅི་ལྟ་བུ་གང་བརྗོད་པ་དེ་དག་གི་དེ་ལྟར་དགག་དབྱེ་བྱའོ། །གླེང་བར་བྱེད་པ་གང་ལུས་མི་སྡོམ་པ་དང༌། དག་མི་སྡོམ་པར་ཚང་གཅོད་ལ་གཉི་ག་སྡོམ་པ་བསྐོར་བར་བྱའོ། །དེ་བཞིན་དུ་མདོ་སྡེ་ལ་སོགས་པ་འཛིན་པ་ལ་ཡང་ངོ༌། །དེ་ལ་གསལ་པ་དང༌། དེ་ལ་མཁས་པའོ།།གཞི་དང་མདོ་སྡེ་ལ་སོགས་པ་ལ་མཁས་སུ་ཟིན་ཀྱང་གང་ཆོས་མ་ཡིན་པའི་ཆོས་སུ་སྒྲོག་པ་དང༌། དེ་ལ་བདག་གིས་དྲི་བར་བྱའོ། །ལྟུང་བའི་རིས་ནི་གང་ཡིན། སྤྱོད་ལམ་ནི་གང་ཡིན། མཚན་མོ་འམ། དེ་བཞིན་དུ་ཉིན་མོའམ། མིང་གིས་ཕྱེ་ན་གནག་ཉེས་པའི་ཡན་ལག་ཐམས་ཅད་དུ་རྣམ་པར་འཁྲུངས་པའམ། གནས་དང་གནས་མ་ཡིན་པའམ། འགྲོ་བའམ། མི་འགྲོའམ་ཕོ་ཉའམ། དགག་དབྱེ་འཇོག་ཅིང་དེར་མི་འགྲོ་ན་ཡང་གླེང་བར་བྱེད་པ་མ་ཡིན་ཏེ། དེ་ལ་གླེང་བར་མི་འཆགས་ཏེ། །གལ་ཏེ་འགྱུར་བ་བྱེད་པ་ཡིན་ནམ། དེས་ཁས་ལེན་ལ་ཆོས་བཞིན་བྱེད་དུ་གཞུག་པར་བྱའོ། །འཐབ་གྲོལ་ཅན་རྣམས་སྟགས་ཤིང་དེ་མི་འགྱུར་མགུ་བར་བྱས་ལ་དགག་དབྱེ་བྱའོ། །ཡང་ན་དཀྱིལ་འཁོར་བ་གཉིས་སམ། གསུམ་དུ་འདོང་བར་བྱའོ། །དགག་དབྱེའི་ལས་མ་ཟིན་པར་དགག་དབྱེ་བཞག་ན་ཆོས་དང་མཐུན་པར་དགག་དབྱེ་བཞག་བའོ། །ཟིན་ན་ཆོས་དང་མཐུན་པ་མ་ཡིན་པའོ། །ནད་པ་བདག་ཉིད་དམ་ཕོ་ཉ་དགག་དབྱེ་གཞག་པར་མི་བྱའོ། །ནད་པ་ལ་ཡང་མི་བྱའོ། །སྣག་མ་གཞན་ཞིག་གསོ་སྦྱོང་བཞིན་ཏེ་དགག་དབྱེ་ནི་ལྟ་བུའོ། །ཞར་ལོངས་པ་རྣམས་སྔོས་ཏེ། དཀྱུས་མ་བརྗོད་པར་བྱའོ། །སྔོན་རོལ་དུ་ཞེས་བྱ་བ་ནི་བདག་དབྱར་ཟླ་འབྲིང་པོ་ལས་སྔ་མའི་འདུས་ལའོ། །དེ་ཉིད་བསྟན་པ་ནི། སོགས་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ཞེས་བྱ་བ་བདེའི་སྔོན་རོལ་དུ་


DTG151_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་མངོན་པར་བསམས་པའོ། །འདས་པར་ཞེས་བྱ་བ་ནི། འཆང་ན་ཞེས་བྱ་བ་འདིར་འབྲེལ་ཏོ། །གང་ལས་འདས་ཤེས་ན། སྨྲ་པ། དབྱར་འདས་ན་ཟླ་བ་ཕྱེད་ལུས་པའོ། །དེ་བས་ན་འདི་ལྟར་བཙལ་ན་ལྟུང་བ་གཅིག་གོ །དེ་ཉིད་མ་བཏང་ན་སྟེ། འདས་པར་བཅང་ན་ལྟུང་བྱེད་གཉིས་དང༌། སྤང་བའི་དངོས་པོ་གཅིག་གོ །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྔ་མ་དང་ཕྱི་མ་སྟེ། གང་དབྱར་སྔ་མ་ལ་ཁས་ལེན་པར་འདོད་ན། དེ་དག་རང་གི་དུས་སུ་བྱས་ནས་ཚོལ་བ་ལ་ལྟུང་བ་མེད་དོ། །གང་ཕྱིར་ལ་ཁས་ལེན་པར་འདོད་པ་དེ་དག་ལ་བལྟས་ཏེ། བཙལ་ན་འཆང་ན་སྔ་མ་ལ་ཉེས་བྱས་སུ་འགྱུར་ཏེ། སྤང་བར་ནི་མི་འགྱུར་རོ། །སྔོན་རོལ་དུ་འཆད་པ་ལ་ལྟུང་བ་མེད་དོ། །སྟོན་ཟླ་ཐ་ཆུངས་ཉའི་ཟླ་བ་ཕྱེད་ལ་གཉིས་པའི་བར་དུ་འཆང་བ་ལའོ། །ཕྱི་མ་ནི་ལྟུང་བ་མེད་དོ། །དུས་མ་ཡིན་པ་ལ་ནི་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟན་སྤང་པའོ། །དུས་ལས་དུས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟན་ཉེས་བྱས་སོ། །དུས་མ་ཡིན་ནམ་དུས་ལ་བབ་ཀྱང་རུང་དུས་སུ་འདུ་ཤེས་ན་ལྟུང་བ་མེད་དོ། །མི་རུང་བ་དང༌། ཐགས་གསུམ་མ་བཏགས་པ་དང༌། ཐུག་རྡོལ་དུ་གྱུར་པ་དང༌། རྙང་རྙིང་དུ་གྱུར་པ་ཡང་རུང༌། ཚོལ་བ་དང་འཆང་ཉེས་བྱས་སོ། །ཁས་ལེན་པར་འདོད་ན་ཞེས་བྱ་བའི་ཚིག་ནི་གལ་ཏེ་དབྱར་ཟླ་འབྲིང་པོ་ལ་ཆོས་གོས་བཙལ་བ་ལས། དབྱར་ཟླ་འབྲིང་པོ་གཉིས་སུ་གྱུར་ན་སྔ་མའི་འདིར་ལྟུང་བ་མེད་དོ། །བརྒྱད་པའོ། །འདུལ་བ་བསྡུས་པ་བམ་པོས་བདུན་པ། མཉན་ཡོད་ན་སྟེ། ཉེ་དགག་དགེ་འདུན་པ་དབུལ་བ་ལས་རས་ཡུག་བདག་ཉིད་ལ་བསྔོས་པས་ན། ལོག་པར་བསྔོས་པ་ཡོངས་སུ་ལེན་པའི་གཞིའི་དབང་དུ་མཛད་དེ་འགལ་ཚབས་ཅན་དུ་འགྱུར་བ་དང༌། མ་དད་པ་ལ་སོགས་པས་ཉོན་མོངས་པ་དག་གི་ཕྱིར་སྤང་བ་དགུ་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རིགས་རིག་གནས་རིག་གམ་ཕ་རོལ་པོས་བརྗོད་པའོ། །དེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །དགེ་འདུན་གྱི་ལག་ཏུ་མ་ཐོབ་ཀྱང་བསྔོས་པའི་དབང་གིས་ནི་དགེ་འདུན་གྱི་ཞེས་གསུངས་སོ། །དགེ་འདུན་དེ་ཡང་རྣམ་པ་ལྔ་སྟེ། ངོ་ཚ་མེད་པའི་དགེ་འདུན་ཏེ། གང་ཐམས་ཅད་ཀྱང་ཚུལ་ཁྲིམས་འཆལ་པ་


DTG151_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། ལུག་ལྟར་ལྐུགས་པའི་དགེ་འདུན་ཏེ། གང་མདོ་སྡེ་དང་འདུལ་བ་དང༌། མ་མོ་མི་འཛིན་པ་དང༌། ཚོགས་ཀྱི་དེ་འདུན་ཏེ། གང་ལས་རྣམས་བྱེད་པ་དང༌། ཀུན་རྫོབ་ཀྱི་དགེ་འདུན་ཏེ། གང་ན་སོ་སོའི་སྐྱེ་བོ་དགེ་བ་ཅན་ཐམས་ཅད་དང༌། དོན་དམ་པའི་དགེ་འདུན་ཏེ། གང་ན་སློབ་པ་དང༌། མི་སློབ་པ་རྣམས་སོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་ལ་རྣམ་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང༌། ཟས་ཀྱི་རྙེད་པའོ། །དོན་འདི་ལ་ནི་གོས་ཀྱི་རྙེད་པ་བྱ་བར་དགོངས་སོ། །ཁ་ཅིག་ནི་གོས་དང༌། ཟས་དང༌། མལ་ཆུ་དང༌། སྟན་དང༌། ནད་ཀྱི་རྐྱེན་སྙན་དང༌། གོས་ཀྱི་རིན་ལ་སྒོས་པ་རྙེད་པ་དང༌། གཞན་ཅི་རྙེད་ཀྱང་རུང་སྟེ། རྙེད་པ་ཞེས་བྱའོ་ཞེའོ། །བསྔོས་པ་ཞེས་བྱ་བ་ནི་ཐུབ་པ་སྟེ། དགེ་འདུན་ལ་འབུལ་ལོ་ཞེས་བྱ་བ་དང་ངེས་པར་ཞེས་བྱ་བའི་བར་དུའོ། །གཞན་དག་ནི་དགེ་འདུན་ལ་འབུལ་ལོ་ཞེས་ལུས་རྣམ་པར་འགྱུར་བའམ། དག་གིས་བྱེ་འམ། དེ་ལ་མངོན་དུ་བྱེད་པ་ཞེ་འོ། །ཕུལ་བ་ནི་ཡང་མི་བསྐུར་བར་དགེ་འདུན་ཉིད་ལ་དབུལ་བར་བྱའོ། །གང་ཟག་བདག་ཉིད་ལ་ཞེས་བྱ་བ་ནི་བདག་ཉིད་ལ་བརྟེན་ནས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེས་ན། གང་ཟག་གཞིར་གཟིག་གིས། གཉིས་དག་ལའམ། མང་པོ་རྣམས་ལའམ། དགེ་འདུན་ལ་བསྡོས་ཀྱང་རུང༌། བདག་གི་བསྔོས་ཀྱང་སྦྱོར་བ་ནུ་ཉེས་བྱས་སོ། །རྙེད་ན་སྤང་བའོ། །ཁ་ཅིག་ན་རེ་གང་ཟག་གཞན་གཅིག་ལ་བསྔོས་པ་ལས་བདག་ཉིད་ལ་བསྒྱུར་ན་ཉེས་བྱས་སོ་ཞེའོ། །གང་ཟག་གཅིག་ལ་འདིར་བསྔོས་པ་ལས། གང་ཟག་གཞན་གཅིག་གམ། གཉིས་དག་ལའམ། མང་པོ་རྣམས་ལའམ། དགེ་འདུན་ལ་བསྔོས་གྱུར་རུང༌། སྦྱོར་བ་དང༌། རྙེད་པ་ཡང་ཉེས་བྱས་སོ། །དེ་བཞིན་དུ་གཉིས་སམ། མང་པོ་ལམ། དགེ་འདུན་ལ་བསྔོས་པ་བདག་མ་གཏོགས་པ་གཞན་ལ་བསྔོས་པ་དག་བསྒྱུར་ན། སྦྱོར་བ་དང༌། རྙེད་པ་ན་ཡང་ཉེས་བྱས་སོ། །དགེ་སློང་འདུན་གཅིག་ལ་བསྣོགས་པ་ལས་དགེ་སློང་གི་དགེ་འདུན་གཞན་ནམ།དགེ་སློང་མའི་དགེ་འདུན་ལ་བསྔོས་པ་བསྒྱུར་རམ། དེ་བཞིན་དུ་དགེ་སློང་མའི་དགེ་འདུན་ལ་བསྔོས་པ་ལས། དགེ་སློང་གི་དགེ་འདུན་ལ་འམ། གཉིས་གའི་དགེ་འདུན་ལ་བསྔོས་པ་དང༌། གཅིག་


DTG151_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལའམ། དགེ་འདུན་བྱེ་བ་ལས་ཕྱོགས་གཅིག་ལ་བསྡོས་པ་ཕྱོགས་གཅིག་ལ་བསྒྱུར་བ་ཡང་རུང་སྐྱེ། ཐམས་ཅད་ལ་ཡང་ཉེས་བྱས་སོ། །གནས་ཁང་དང༌། ཁུང་བཟངས་དང༌། ཁུང་བཟངས་དང༌། ཀ་བའི་བར་དང༌། སྒོ་ཁང་དང༌། ཁྱམས་གཞན་ལ་བསྔོས་པ་ལས་གཞན་ལེ་དག་ཉིད་དུའམ། གཞན་དུ་བསྔོས་པ་ལས་བསྒྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་སྐུ་གཟུགས་ཀྱི་ལས་སྐུ་གཟུགས་གཞན་ཏེ་གྱར་པོའི་ཆོས་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མཆོད་རྟེན་ལ་ཡང་ངོ༌། །དེ་བཞིན་དུ་མཆོད་རྟེན་གྱི་ཐིམ་སྐས་རིམ་པ་དང་པོ་དང༌། གཉིས་པ་ལ་སོགས་པའམ། མེ་ཏོག་ལ་ཁང་ངམ། བགམ་བཞིན་འམ། བུམ་པའམ། བུ་དུའམ། གདུགས་དང་པོའམ། ཐམས་ཅད་ཀྱི་བར་དང༌། ཆར་ཁབ་ཀྱང་རུང་སྟེ། ཕན་ཚུན་དུ་བརྗོད་པར་བྱའོ། །མུ་ཏོ་པའམ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་གཞན་ལ་བསྔོས་པ་ལས། གཞན་ལ་བསྔོས་པ་བསྒྱུར་ན་ཉེས་བྱ་བ་སོ། བཙལ་དེ་མ་རྙེད་པ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མི་དང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ཀྱང་ཕན་ཚུན་ཆད་དུ་བརྗོད་པར་བྱའོ། །བསྔོས་པ་ལས་བསྔོས་པར་འདུ་ཤེས་སམ་ཡོད་གཉིས་ཟོན་སྤང་བའོ། །མ་བསྔོས་པ་ལ་བསྔོས་པ་ལ་བསྔོས་པར་འདུ་ཤེས་ཉེས་བྱས་སོ། །ཁ་གཅིག་ན་ན་རེ་ལྟུང་བར་འགྱུར་གྱི། སྤང་བར་ནི་མ་ཡིན་ཏེ། དེ་བཞིན་དུ་ཡིད་གཉིས་ཟ་བ་ཡང་ངོ་ཞེའོ། །མེ་བསྔོས་སམ། བསྔོས་ཀྱང་རུང་མ་བསྔོས་ཀྱང་འདུས་ཤེས་ན་ལྟུང་བ་མེད་དོ། །དགེ་འདུན་ལ་བསྔོས་པ་བདག་ཉིད་ལ་བསྔོས་པར་བསྒྱུར་ན། ཆོས་གོས་གང་ལ་དེས་ལྟ་ན་བ་ཙམ་དུ་བཏབ་ཀྱང་ཆོས་གོས་དེ་མཐའ་དག་གཏང་བར་བྱའོ། །ཁ་ཅིག་ན་རེ་ངོ་ཚ་མེད་པའི་དགེ་འདུན་ལ་བསྔོས་པ་བདག་ཉིད་ལ་སྦྱིན་གནས་སུ་བསམས་ཤིང་སྙིང་རྗེའི་ཕྱིར་བསྔོས་པ་སྒྱུར་ན་ལྟུང་བ་མེད་ཅེའོ། །དེ་ཡང་དེ་འདུན་ལ་བསྔོས་པར་བསམས་པ་ལ་བྱའོ། །ཁྱིམ་ན་མ་དང་ཕའི་གོས་དང༌། ཡེ་བྱེད་བདག་ཉིད་ལ་བསྔོས་པ་བསྒྱུར་ན་ཉེས་བྱས་སོ། །དགེ་འདུན་གྱི་རྙེད་པ་ལ་གཅིག་གམ། མང་པོ་ཡང་རུང༌། མཚམས་ཀྱི་ཕྱི་རོལ་ཏུ་ལོང་སྟེ། བདག་གིར་བྱས་ནི་ཉེས་བྱས་སོ། །རྙེད་པའི་ཀུན་དུ་སྤྱད་པ་ནི་རྙེད་པ་ཞིག་འོངས་དང༌། དགེ་འདུན་ལ་བསྒོ་སྟེ། གཎྡྷི་བརྡུངས་


DTG151_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཚུལ་ཤིང་བྲིམས་ལ་དེ་ནས་བགོ་བར་བྱའོ། །བདག་གིར་མ་ཁྱེར་བ་དེ་ཡང༌། ཁྱེར་ཅིག་ཅེས་དེའི་བགོ་སྐལ་བསྐྱལ་བར་བྱའོ། །སྐལ་བ་འང་བསྐྱལ་བའི་འོག་ཏུ་གཞན་འོངས་ན་དེ་ལ་རྙེད་པ་མི་སྦྱིན་ནོ། །དབྱར་གནས་པས་རྙེད་པ་གཞན་ལ་བཅོལ་ཏེ་འགྲོ་བར་བྱའོ། །མ་བཅོལ་ན་བླང་བར་མི་བྱའོ། །བཅོལ་བ་མ་བླངས་ན་རིན་ཐང་བཞིན་དུ་བྱས་ནས་སྦྱིན་པར་བྱའོ། །རྙེད་པ་ཆུང་ངུ་ལ་ཡང་གཎྜཱི་བརྡུངས་ལ་བར་བྱའོ། །དེ་ལ་ཡང་བཅོལ་བས་མ་བླངས་པ་ན་ལྔ་ཡན་ཆད་བླང་བར་བྱའོ། །རྙེད་པ་ནི་རྣམ་པ་བརྒྱད་དེ། མཚམས་ཀྱིས་ཐོབ་པ་ལ་སོགས་པའོ། །དེ་ལ་མཚམས་ཀྱིས་ཐོབ་པ་གང་ཞེ་ན། གཙུག་ལག་ཁང་གཉིས་གསོ་སྦྱོང་གཅིག་པ་ལས་སོ་སོར་གསོ་སྦྱོང་བྱས་ཏེ། ཉེ་བར་ཞུགས་ན་གཙུག་ལག་ཁང་གང་དུ་རྙེད་པ་འོངས་པ་དེ་ཉིད་དུའོ། །ཁྲིམས་ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། གང་ཁྲིམས་སུ་བྱས་ནས་ཉེ་བར་ཞུགས་ཏེ་ཁྱིམ་འདི་དག་ནི་ཁྱེད་ཀྱིའོ། །འདི་དག་ནི་ངེད་ཀྱིའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ལམ་པོ་ཆེ་དང༌། ཚོང་དུས་དང༌། བཞི་མདོ་དང༌། སུམ་མདོ་ཡོད་པ་དེ་ལ་དེ་གལ་ཏེ་ཁས་བླངས་པ་རྣམས་ཀྱི་ཁས་བླངས་པ་རྣམས་དང༌། ཁས་མ་བླངས་པ་རྣམས་ཟན་བྱིན་ཏེ་གང་དུ་དེ་ལ་རྙེད་པ་དང༌། ཆུ་སྦྲེངས་ཏེ་སྦྱིན་པ་རྣམས་ནི་རྙེད་པ་དེ་ཁས་བླངས་པ་རྣམས་ཁོ་ནའོ། །ཇི་སྟེ་ཁས་མ་བླངས་པ་རྣམས་ཀྱི་གནས་སུ་རྙེད་པ་ཁས་མ་བླངས་པ་རྣམས་ཁོ་ནའོ། །ལམ་པོ་ཆེ་ལ་སོགས་པ་རྣམས་ལ་ནི་གཉི་ག་ཟན་བྱིན་ཏེ། གང་དུ་དེ་ལ་རྙེད་པ་དང༌། ཆུ་སྦྲེངས་ཏེ་བྱིན་པ་རྣམས་ནི་གཉི་གའི་རྙེད་པའོ། །རྟེན་གྱིས་ཐོབ་པའི་རྙེད་པ་གང་ཞེ་ན། གང་ལ་བརྟེན་ཏེ། དབྱར་ཉེ་བར་གནས་པ་དེས་བྱིན་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ། །དགེ་འདུན་གྱིས་མ་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་བ་གང་ཞིག་ངེས་ལ་དམིགས་ཀྱིས་མ་ཕྱེ་བ་རྣམས་ཀྱང་ངོ༌། །དགེ་སློང་གིས་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་ནས་གནས་ཁང་ལ་སོགས་པ་རྣམས་ལ་དེ་ན་གནས་པ་གང་ཡིན་པའོ། །དེ་ཁོ་ནའོ། །དབྱར་གྱི་རྙེད་པ་གང་ཞེ་ན། གང་ཞིག་དབྱར་གནས་པའི་དགེ་འདུན་ལ་སྦྱིན་པ་པོ་རྣམས་ཀྱིས་བསྔོས་


DTG151_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མངོན་སུམ་གྱིས་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་མ་ངེས་པ་རྣམས་ལ་དམིགས་ཀྱིས་མ་ཕྱེ་བའོ། །སོ་སོར་བསྟན་པའི་རྙེད་པ་གང་ཞེ་ན། གང་ཡང་མཆོད་རྟེན་ཆེན་པོ་བཞི་པོ་རྣམ་པ་ལ་བསྔོས་པ་ཡིན་ཏེ། གང་ལ་དངོས་བོ་དེ་ཉིད་ལ་དབུལ་བར་བྱའོ། །ཇི་སྟེ་སོ་སོར་སྐྱེལ་མི་ནུས་ན་དེ་དག་གི་ནང་ནས་གང་ཡང་རུང་བ་གཅིག་ལ་དབུལ་བར་བྱའོ། །དེ་ལས་མཆོད་རྟེན་གཞན་དག་གི་རྙེད་པ་ནི་གང་དུ་སོན་པ་དེ་དག་ཉིད་དུ་དབུལ་བར་བྱའོ། །གལ་ཏེ་དབྱར་གྱི་ནང་དུ་དགེ་འདུན་རྣམས་བྱེ་ན། ཆོས་ཀྱི་ཕྱོགས་པའི་དགེ་འདུན་རྣམས་ལ་རྙེད་བ་སྦྱིན་གྱི། ཆོས་མ་ཡིན་པའི་ཕྱོགས་པ་རྣམས་ལ་ནི་མ་ཡིན་ནོ། །གང་དབྱར་གྱི་ནང་དུ་ཡུན་རིང་དུ་གནས་པ་ལས་བསླབ་པ་ཕུལ་ཡང་རྙེད་ན་སྦྱིན་གྱི་གཞན་ལ་མ་ཡིན་ནོ། །དེ་བཞིན་དུ་དུས་ལས་འདས་ན་ཡང་ངོ༌། །ཟས་ཀྱི་རྙེད་པ་ཞིག་གྲུབ་ན། ཆུང་ངུ་ན་ཤིང་བུ་ལ་སའི་ལོ་མ་ཙམ་དུ་ཡང་སྙོམས་པར་བྱས་ལ་བགོ་བར་བྱའོ། །དེ་བཞིན་དུ་གོས་ཤིག་རྙེད་ན་ཡང་ཐ་ན་མར་མེའི་སྙིང་པོ་ཙམ་དུའང་བྱའོ། །གང་རིན་ཐང་ཆེན་པོའི་གོས་ཤིག་རྙེད་ན་མི་དྲ་བར་ཀཱཪྵཱ་པ་ཎར་བསྒྱུར་ཏེ། དེ་ཉིད་ལ་ཡིད་བརྟེན་ཏེ་བཅང་བར་བྱའོ། །གཉི་གའི་དགེ་འདུན་གྱིས་གོས་ཤིག་རྙེད་ན། དགེ་སློང་དང་དགེ་སློང་མའི་གས་ཀྱི་རྙེད་པ་དེ་མཉམ་པར་བྱའོ། །དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་སུམ་ཆའོ། །དགེ་སློབ་མ་ལ་ནི་སུམ་གཉིས་སོ། །དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པ་ཞིག་ན་ཡང་ངོ༌། །ཟས་ཀྱི་རྙེད་པ་ནི་ཐམས་ཅད་ལ་མཉམ་པར་བྱའོ། །གང་ལ་དགེ་སློང་མངལ་དགེ་སློང་མ་ཉུང་ན་དེ་ནི་མགོ་གྲངས་བཞིན་དུ་བགོ་བར་བྱའོ། །སླར་བཟློག་པ་ལ་ནི་ཕྱེད་ཕྱེད་དུ་བྱའོ། །སངས་རྒྱས་ཀྱི་དུས་སྟོན་ཆེན་པོ་ལ་སོགས་པའི་ཚེ། རྙེད་པ་ནི་སྡེ་ལྔ་ཆར་ལ་བགོ་བར་བྱའོ། །དགེ་སློང་གཅིག་པུ་ཞིག་ཉེ་བར་གནས་ན་ཡང་དགེ་འདུན་གྱི་དབྱར་གྱི་རྙེད་པ་བདག་གིར་བྱས་ཏེ་འགྱོད་པར་མི་བྱའོ། །རྙེད་པ་མངོན་སུམ་དུ་རྙེད་པར་འགྱུར་ན། དགེ་འདུན་ལ་གོས་འདི་བྱུང་བས་བགོ་བར་བྱ་བ་མངོན་སུམ་དུ་གྱུར་པའི་དགེ་འདུན་གྱིས་བགོ་བར་བྱ་བ་འདི་དག་གཅིག་པུས་ཐོབ་སྟེ། བདག་གིར་བྱའོ་ཞེས་ཚིག་ཏུ་ཡང་བརྗོད་དེ། བྱིན་གྱིས་བརླབ་པ་ཡིན་ནོ། །གཞན་དག་ལྷགས་ན་ཡང་སྐལ་བ་སྦྱིན་


DTG151_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པར། བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །མཚམས་ཀྱི་ཕྱི་རོལ་དུ་ཁྱེར་ཏེ་འགོད་ན་ཉེས་བྱས་སོ། །རྐུ་སེམས་དང་ལྡན་ན་འགལ་ཚབས་ཅན་དུ་འགྱུར་རོ། །དབྱར་གནས་པའི་རྙེད་པ་དབྱར་འདས་པ་དང༌། མ་འོངས་པ་དང༌། རལ་བས་བླང་བར་མི་བྱའོ། །གོས་བགོས་པའི་དུས་ལས་འདས་ཀྱང་དབྱར་གནས་པས་རྙེད་པ་བླང་བར་བྱའོ། །གལ་ཏེ་གོས་ཀྱི་རྙེད་པ་འགོད་པའི་ཚེ་མངོན་སུམ་དུ་གྱུར་ན། དབྱར་མ་གནས་ཀྱང་བླང་བར་བྱའོ། །གཉི་གའི་དགེ་འདུན་བཤོས་གསོལ་ཏེ། རྙེད་པ་ཞིག་ཕུལ་ན། སྦྱིན་བདག་ལ་དྲིས་ཏེ་བགོ་བར་བྱའོ། །དགེ་སློང་གི་ཕྱིར་བཞག་ལ། གཉི་གའི་དགེ་འདུན་གྱི་ཟས་ཟོས་ཏེ། རྒན་པའི་མཐར་བཞག་ན་ཕྱེད་ཕྱེད་དུ་བགོ་བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཐ་ན་ལན་ཚྭ་འདྲིམ་པ་ལ་ཡང་སྙོམས་པར་བྲིམས་ཤིག་ཅེས་བརྗོད་བར་བྱའོ། །གང་དགེ་འདུན་གྱི་བྱ་བའི་ཕྱིར་དབྱར་གྱི་ནང་དུ་སོང་ངམ། གང་གི་དོན་གྱི་ཕྱིར་སོང་ཡང་རུང་དེ་ལ་དབྱར་གྱི་རྙེད་པ་སྦྱིན་པར་བྱའོ། །གང་ལ་དབྱར་སྔ་མ་འམ། ཕྱི་མར་ཉེ་བར་གནས་པར་ཤེས་ན་གང་ཡུན་རིང་དུ་གནས་པ་དེ་ལ་སྦྱིན་པར་བྱའོ། །གཞན་ལ་ནི་མ་ཡིན་ནོ། །ཀཽ་ཤཱམཱིའི་ཕྱོགས་གཉིས་སུ་འདུས་ཏེ་འཁོད་ན་གང་གི་གནས་བརྟན་ཡིན་པ་དེ་དག་རྙེད་པ་དབང་ངོ། །གལ་ཏེ་གཅིག་གི་གནས་བརྟན་དང་གཉིས་པའི་གནས་བརྟན་གཉི་ག་ལ་ཡང་ཕུལ་ན་གཉི་གས་ཐོབ་བོ། །འཁྲུག་པའི་ཕྱིར་ཚིག་གིས་དྲིས་ལ་ར་གོ་བར་བྱའོ། །སྦྱིན་བདག་གིས་གལ་ཏེ་ཀུན་དགའ་ར་བའི་རྒྱན་དུ་བྱེད་ན་དེ་ནི་ཤིང་ལྗོན་པའི་རྒྱན་རྣམས་ཏེ། དེ་ནི་ཐུམ་པོར་བཅིངས་ལ་བཞག་སྟེ་མཆོད་པའི་ཚེ་བརྒྱན་པར་བྱའོ། །གང་རྩིག་པ་ལ་ན་དེས་ནི་རི་མོར་བྲི་བར་བྱའོ། །གང་མེ་གང་ལ་ན་དེས་ནི་བསྲོ་གང་གིར་བྱའོ། །གང་ཆུ་གང་ལ་ནི་དེས་ནི་ལྟུང་བར་བྱའོ། །གང་བཀད་ས་ལ་ན་དེས་ནི་སྣུམ་བག་གི་ཉེད་པར་རོ། །གང་འཁོར་གྱི་ཁྱམས་དང༌། དཔོང་སའི་ར་བ་དང། འཆགས་དང༌། ཁང་བཟངས་དང༌། སྒོ་གང་ལ་ན་དེ་ནི་དགེ་སློད་རྣམས་ཀྱིས་བགོ་བར་བྱའོ། །གང་གཙུག་ལག་ཁང་གི་རྫིང་བུ་ལ་སོགས་བཞི་པའི་དགེ་སློང་གི་དགེ་འདུན་ལའོ། །མི་བགོ་བ་རྣམ་པ་ལྔ་སྟེ། ཕྱོགས་བཞི་བའི་དགེ་འདུན་ཐམས་ཅད་ཀྱི་དང༌། མཆོད་རྟེན་གྱི་དང༌།


DTG151_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པའི་རུང་བའི་ཁང་པའི་འམ། རྩ་བ་ལས་བྱུང་བ་ཐམས་ཅད་དང༌། ཁའི་སྒོར་འདུ་བའོ། །རྩ་བ་དང་འབྲས་བུ་དང༌། བུ་རམ་ཤིང་གི་སྡོང་བུ་ལ་སོགས་པ་ཁའི་སྒོར་འདུ་བ་ནི་བགོ་སྟེ། ཇི་སྐད་དུ་ཤིང་ཏོག་ཨ་མྲ་དགེ་འདུན་ལ་བྲིམ་པར་བྱའོ། །དེ་བསྲུང་བ་ཡང་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཅང་མི་སྨྲ་བས་རུང་བར་བྱས་ཏེ། སྲོག་ཆགས་བརྟགས་ལ་བསྙེན་པར་མ་རྫོགས་པ་མེད་ན་བྱིན་ལེན་བྱས་ཏེ་དགེ་སློང་རྣམས་ཉིད་ཀྱིས་བྲི་མ་བར་བྱའོ། །ཅ་ཅོ་དང་ག་ཞ་བྱས་ནས་སོ། །ཉན་ཐོས་ཀྱི་མཆོད་རྟེན་རྣམས་ལ་སྟེ། ཉན་ཐོས་ཀྱི་མཆོད་རྟེན་གྱི་རྙེད་པ་ནི་ལས་སར་བའི་རིན་ཙམ་གཞག་ལ་འདུས་པའི་དགེ་འདུན་གྱིས་བགོ་བར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ཆར་ཁབ་མེད་པར་བྱའོ། །དགྲ་བཅོམ་པའི་ནི་གདུགས་བཞི་པ་རྣམས་ཀྱིས་བྱའོ་ཞེས་བྱ་བའོ། །ཕྱིར་མི་འོང་བ་རྣམས་ཀྱི་གསུམ་བའོ། །ལན་ཅིག་ཕྱིར་འོང་བ་དག་གི་ནི་གཉིས་པའོ། །རྒྱུན་དུ་ཞུགས་པ་ཡི་ནི་གཅིག་གོ །སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ཀྱི་ནི་བྱི་བོར་བྱའོ། །གཙུག་ལག་ཁང་བྱ་བའི་ཕྱིར་ཕུལ་བ་རྣམས་ཀྱི་ཀཱཪྵཱ་པ་ཎི་རྣམས་ལ་སྦྱིན་བདག་གིས་རྗེས་སུ་གནང་བ་མཁར་ལེན་གྱི་ཆ་སྤྱད་དང༌། མཁར་ལེན་བྱེད་པའི་ཟན་དང༌། རྐང་པ་བསྐུ་བ་དང༌། མར་མེ་ལ་སོགས་པ་ཀུན་དུ་སྦྱར་བར་བྱའོ། །གང་ཟག་གཅིག་ལ་བྱིན་པ་ལས་གང་ཟག་གཞན་ལ་འམ། གཉིས་སམ། གསུམ་མམ། ཚོགས་ལ་འམ། དགེ་འདུན་ལ་ཕུལ་ན་ཆོས་བཞིན་བྱིན་པ་མ་ཡིན་ལ། ལེན་པ་དང་སྤྱོད་པ་ཡང་རུང་བ་མ་ཡིན་ནོ། །དེ་བཞིན་དུ་ཅི་སྲིད་དུ་དགེ་འདུན་ལ་ཕུལ་བ་དགེ་འདུན་གཞན་ལ་ཕུལ་ལམ། དགེ་སློང་གི་དགེ་འདུན་ནམ། དགེ་སློང་མའི་དགེ་འདུན་ལ་ཕུལ་བ་དགེ་འདུན་གཞན་ལ་ཕུལ་ན་སྔར་ཕུལ་བར་ཟད་ཀྱི་ཕྱི་མ་ལ་ནི་བྱིན་པ་མ་ཡིན་ནོ། །སྦྱིན་བདག་ནི་རང་གི་གཙུག་ལག་ཁང་འཆོས་པ་ལ་དབང་གི་སྦྱིན་པ་ལ་མ་ཡིན་ནོ། །ལྕགས་ཀྱི་སྤྱད་རྣམས་ལས་ལྷུང་བཟེད་དང༌། ལྷུང་བཟེད་ཆུང་ངུ་དང༌། ཁར་ཕོར་དང༌། ལྡེ་མིག་ཀྱོག་པོ་དང༌། གྲིའུ་དང༌། ཁབ་དང༌། སེན་མོ་གཅོད་པ་དང༌། པོག་ཕོར་དང༌། ཞུགས་ལིངས་དང་སྟ་རེ་དང༌། བུམ་ཚགས་


DTG151_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གཅེའུ་ཅན་དང༌། བཏུང་བོར་རྣམས་ནི་བགོའོ། །དེ་ལས་གཞན་པ་ནི་མི་བགོའོ། །སའི་སྣོད་ལས་ལྷུང་བཟེད་དང༌། ལྷུང་བཟེད་ཆུང་ངུ་དང༌། ཆུ་ཚོད་ཀྱི་སྣོད་དང༌། རིལ་བ་སྤྱི་བླུགས་དང༌། བྱ་མ་བུམ་དང༌། ཆུ་སྣོད་རྣམས་ནི་བགོའོ། །དེ་ལས་གཞན་པ་ནི་མི་བགོའོ། །ཚོན་བསྐོལ་བ་ནི་མི་བགོའོ། །དེ་ལས་གཞན་པ་ནི་བགོའོ། །རིན་པོ་ཆེ་ལ་སོགས་པ་ལས་བྱུང་བའི་ཁྲི་ནི་བཙོངས་ལ་བགོའོ། །ཤིང་གི་རང་བཞིན་ལ་སོགས་པ་ནི་ཕྱོགས་བཞི་པའི་ཕྱིར་བཞག་གོ །ཀུན་དགའ་ར་བའི་གཞི་དང༌། གཙུག་ལག་ཁང་གི་གཞི་དང༌། དེའི་མལ་ཆ་དང༌། སྟན་རྣམས་མི་བགོའོ། །གཏར་མི་གཞག །མི་བཙོང་ངོ༌། །ཡོངས་སུ་ལོངས་སྤྱོད་པ་ལྔ་སྟེ། བདག་པོ་ཡོངས་སུ་ལོངས་སྤྱོད་པ་ནི་མི་སློབ་པ་རྣམས་ཀྱིའོ། །བྱིན་པ་ཡོངས་སུ་ལོངས་སྤྱོད་པ་ནི་སློབ་པ་རྣམས་ཀྱིའོ། །རྗེས་སུ་གནང་བ་ཡོངས་སུ་ལོངས་སྤྱོད་པ་ནི་བསླབ་པ་འདོད་པ་རྣམས་ཀྱིའོ། །སྐྱིན་པོ་ཡོངས་སུ་ལོངས་སྤྱོད་བ་ནི་ལེ་ལོ་ཅན་རྣམས་ཀྱིའོ། །རྐུན་པོ་ཡོངས་སུ་ལོངས་སྤྱོད་པ་ནི་ཚུལ་ཁྲིམས་འཆལ་བ་རྣམས་ཀྱིའོ། །ཁ་ཅིག་ཀྱང་རྗེས་སུ་གནང་བ་མེད་དོ། །ཀུན་དུ་སྤྱད་པ་ཇི་སྐད་བསྟན་པ་བཞིན་ཐམས་ཅད་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགུ་པའོ།། །།རྒྱལ་པོའི་ཁབ་ན་སྟེ། བི་ལིན་ད་བད་སས་གནས་པར་བྱེད་པ་རྣམས་དེ་ནས་ཉེ་བར་བླངས་པ་དང༌། དེ་ལས་སོ་སོར་བླངས་པ་དང༌། ཟས་ཀྱི་ཕྱེ་མ་དང་འདྲེ་བ་དང༌། ཕན་ཚུན་འདྲེས་པ་དང༌། རང་གི་རྒྱུད་ཀྱིས་མྱངས་པ་གང་རྣམ་པར་དབྱེར་ཡང་མི་མངོན་པའི་སྨན་དེ་ལྟ་བུ་དུས་དང་དུས་མ་ཡིན་པར་ཡང་ཟ་བས་ན་སྨན་གྱི་གཞིའི་དབང་དུ་མཛད་དེ་འགལ་ཚབས་ཅན་དུ་འགྱུར་བའི་ཉོན་མོངས་པ་ལ་སོགས་པ་གསུམ་པོ་རྣམས་ཡོངས་སུ་སྤང་བའི་ཕྱིར་བཅུ་པ་བཅས་སོ། །གང་དག་དེ་དག་ལ་ས་ཞེས་བྱ་བ་ནི་ཡུལ་དེ་དང་དེར་གསུངས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཚན་ཡོན་ཏན་ལས་བརྗོད་པའོ། །ན་བ་རྣམས་ལ་ཞེས་བྱ་བ་ནི་ནད་ཀྱིས་བཏབ་པ་རྣམས་སོ། །ནད་པའི་ཀུན་དུ་སྤྱོད་པ་ནི་མཁན་པོ་དང་སློབ་དཔོན་གྱིས་དང༌། སློབ་མ་དང༌། ཉེ་གནས་ཀྱིས་དང༌། སློབ་དཔོན་དང་མཁན་པོ་དག་གཅིག་པ་


DTG151_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཏམ་འདྲེས་པ་དག་གིས་ནད་པ་ལ་ནད་པའི་རིམ་གྲོ་བྱའོ། །མགོན་མེད་པ་ལ་དགེ་འདུན་དང་བསྐོས་པས་བྱའོ། །མཚམས་ཀྱི་ནང་དུ་འཁོད་པ་ཐམས་ཅད་ཀྱིས་དུས་གསུམ་དུ་ནད་པ་བལྟ་བར་བྱའོ། །ནད་གཡོག་གིས་ནི་དེ་དག་གི་ཕྱིར་སྟན་རྣམས་བཤམ་པར་བྱའོ། །དེ་དག་ཀྱང་ཡུན་རིང་དུ་གནས་པར་མི་བྱའོ། །གལ་ཏེ་སྨན་གྱི་རིན་མེད་ན་སྦྱིན་པ་པོ་ལས་བཙལ་ཞིང་སྦྱིན་པར་བྱའོ། །ཡང་ན་དགེ་འདུན་གྱིས་སྦྱིན་པར་བྱའོ། །ཡང་ན་མཆོད་རྟེན་གྱི་བ་དན་ལ་སོགས་པ་བཙོངས་ལ་སྨན་དུ་སྦྱར་བར་བྱའོ། །ནད་སོས་ནས་སླར་དབུལ་བར་བྱའོ། །གལ་ཏེ་མི་འབྱོར་ན་ཕའི་ནོར་བུ་ལ་འོས་པས་ན་ཉེས་པ་ཡོད་པ་མ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་ཐམས་ཅད་ཀྱིས་རིམ་གྲོ་བྱའོ། །ཤིར་ཉེ་བ་ལ་མངོན་དུ་ཕྱོགས་ན་ནད་གཡོག་གིས་ཐབས་ཀྱིས་ཅི་ལྟར་མི་འཁྲུགས་པའོ་ཞེས་བྱ་སྟེ། གང་ཟག་གི་མལ་དང༌། སྟན་གྱི་སྟེང་དུ་གཞག་པར་བྱའོ། །ལྷུང་བཟེད་ལ་སོགས་པ་སློང་ན་མྱུར་དུ་ཉེ་བར་བསྟེན་པར་བྱའོ། །མཆོད་པར་བྱེད་པ་ན་ཐན་དགེ་འདུན་གྱི་ལས་ཀྱང་བྱའོ། །ནད་གཡོག་གིས་སྦྱིན་པར་བྱ་བ་བསྐུལ་བར་བྱའོ། །ཆོས་གོས་གསུམ་ཙམ་དུ་ཟད་ན་དགེ་འདུན་ལ་དབུལ་བར་བསྐུལ་བར་མི་བྱའོ། །ཕུལ་ན་ཡང་མ་ཤིའི་བར་དུ་མི་བ་གོའོ། །ནད་པ་དང་ནད་གཡོག་གཅིག་ལ་གཅིག་གིས་མཉན་པར་བྱའོ། །ཇི་སྐད་བསྟན་པ་བཞིན་མ་བྱས་ན་ཐམས་ཅད་དུ་ཡང་ཉེས་བྱས་སོ། །ཕན་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ། །སོ་སོར་བསྟེན་པ་ཞེས་བྱ་བ་ནི་ཁའི་ཐ་སྙད་དོ། །གང་ཡང་ཐ་སྙད་དུ་བྱ་བར་མི་འོས་པ་དེ་འདས་ཀྱང་ལྟུང་བ་མེད་དོ། །སྨན་ཞེས་བྱ་བ་ནི་སྨན་ལ་རྣམ་པ་བཞི་སྟེ། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། ཇི་སྲིད་འཚོའི་བར་དུ་བཅང་བ་སྟེ། སྨན་གྱི་བྱེ་བྲག་བྱེད་དུ་མི་བྱེད་ཀྱང་རུང་ཐ་སྙད་ཀྱི་ཚིག་ཏུ་ནི་འདི་དག་ནད་པ་ཉིད་ལ་རུང་གི་གཞན་ནི་མ་ཡིན་ནོ། །སྨན་བཞི་པོ་ཡང་ནད་པར་འདུ་ཤེས་ཉེ་བར་གཞག་ལ་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི་སྐྱོ་མ་དང༌། འབྲས་ཆན་དང༌། ཟན་དྲོན་དང༌། ཤ་དང་ཁུར་བའོ། །ཐུན་ཚོད་དུ་རུང་བ་ནི་བཏུང་བ་བརྒྱད་དེ། ཤིང་ཏོག་ཙོ་ཙ་དང༌། ཆུ་ཤིང་གི་


DTG151_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དང༌། གོ་ལ་དང༌། ཨ་ཤྭད་ཐ་དང༌། ཨུ་དུམ་བཱ་ར་དང༌། རྩུབ་འགྱུར་དང༌། རྒུན་འབྲུ་དང༌། འབྲ་གོ་ལ་སོགས་པ་ལས་བྱས་པའི་བཏུང་བའོ། །ཤིང་ཏོག་པི་ཛ་པཱུ་ར་ཀ་ལ་སོགས་པའི་བཏུང་བའང་རྗེས་སུ་གནང་ངོ༌། །འདི་ཇི་སྐད་དུ་གསུངས་པ་གལ་ཏེ་གང་ཤིན་ཏུ་དང་བ་དེ་པི་ཛ་པཱུ་ར་ཀ་ལ་སོགས་པ་དང་བསྲེ་བར་བྱའོ། །དེ་བཞིན་དུ་རྒུན་འབྲུའི་ཁུ་བ་དང༌། དྲོ་འཛའ་དང༌། བུ་རམ་གྱི་བཏུང་བ་དང་དེ་བཞིན་དུ་བུ་རམ་ཤིང་གི་ཁུ་བའི་བཏུང་བ་ཡང་ངོ༌། །ཞག་བདུན་པ་ནི། ཇི་ལྟར་མདོ་ལས་བྱུང་བ་བཞིན་ནོ། །ཇི་སྲིད་འཚོའི་བར་དུ་ཡང་བཅང་བ་ནི་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུའི་སྨན་ནོ། །དེ་ལ་རྩ་བའི་སྨན་ནི་ཤུ་དག་དང༌། ཡུང་བ་དང༌། སྒེའུ་གཤེར་དང༌། བོང་ང་ལ་སོགས་པ་སྟེ། གང་རྩ་བའི་སྨན་དུ་ནི་འགྱུར་གྱི་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལའང་བརྗོད་པར་བྱའོ། །སྡོང་བུའི་སྨན་ནི་ཙན་དན་དང༌། དབྱི་མོ་དང༌། ཤུག་པ་དང༌། ཐང་ཤིང་དང༌། སླེ་ཏྲེས་དང༌། སྐྱེར་བ་ལ་སོགས་པའོ། །ལོ་མའི་སྨན་ནི་ཤིང་པ་ཏོ་ལའི་ལོ་མ་དང༌། བ་ཤ་ཀའི་ལོ་མ་དང༌། ནིམ་པའི་དང༌། ཀོ་ཤ་ཏ་ཀའི་དང༌། འདབ་མ་བདུན་པོའི་ལོ་མ་ལ་སོགས་པའོ། །མེ་ཏོག་གི་སྨན་ནི་ད་ཏ་ཀི་དང༌། ན་ག་པུཥྤ་དང༌། པདྨའི་གེ་སར་ལ་སོགས་པའོ། །འབྲས་བུའི་སྨན་ནི་སྐྱུ་རུ་ར་དང༌། ཨ་རུ་ར་དང༌། ན་ལེ་ཤམ་དང༌། པི་པི་ལིང་ལ་སོགས་པའོ། །འདི་ལྟར་ཐང་ཆུ་ལྡ་སྟེ། ཤིང་ཀུན་དང༌། ས་རྫར་ས་དང༌། རྒྱ་སྐྱེགས་དང། སྤྲ་ཚིལ་དང༌། དེ་དག་ལས་གཞན་པའི་ཡང་ཤིང་ལས་ཐང་ཆུ་འབྱུང་བ་རྣམས་སོ། །འགྱུར་བྱེད་ནི་ཏིལ་གྱི་འགྱུར་བྱེད་དང༌། ནས་ཀྱི་འགྱུར་བྱེད་དང༌། ནས་ཀྱི་འགྱུར་བྱེད་ཀྱི་གྲ་མ་དང༌། ས་རྫི་ཀའི་འགྱུར་བྱེད་དང༌། ཤིང་བ་ཤ་ཀ་དང་རྣམས་ཀྱི་ཡང་ངོ༌། །ལན་ཚྭ་ལྔ་སྟེ། མིན་དྷ་དང༌། རྩལ་དུ་ཚ་དང༌། ཁ་རུ་ཚ་དང༌། བ་ཚ་དང༌། རྒྱ་མཚོའི་ཚའོ། བསྐ་བ་ལྔ་སྟེ། ཤིང་ཨ་མྲ་དང༌། ནིམ་པ་དང༌། འཛམ་བུ་དང༌། ཤི་རི་ཤའི་དང༌། ལོ་ཤམ་པའི་བསྐ་བའོ། །འདིར་ནི་རིགས་ཙམ་ཉེ་བར་མཚོན་པའི་དོན་དུ་བསྟན་པ་ཡིན་གྱི་ངེས་པར་གཟུང་བའི་དོན་དུ་ནི་མ་ཡིན་ནོ། །དེ་ལ་


DTG151_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་རུང་བ་རྣམ་པར་ངེས་པ་ནི་དུས་མ་ཡིན་པ་སྤང་བའི་ཕྱིར་དུས་སུ་རུང་བ་ཉིད་དུ་རྗེས་སུ་གནང་བས་ན་དུས་སུ་རུང་བའོ། །ནད་ཚབས་ཆེ་ན་ནི་གལ་ཏེ་དེ་མེད་ན་ནད་དབྱུང་དུ་མི་བཏུབ་ན་དུས་མ་ཡིན་པར་རུང་བ་སྟེ། ཡང་རྗེས་སུ་གནང་ངོ༌། །ཐུན་ཚོད་དུ་རུང་བ་ལ་སོགས་པ་ལ་ཡང་དེ་དང་འདྲེས་ན་དུས་སུ་རུང་བ་ཉིད་ཅེས་བྱའོ། །བྱ་རོག་དང༌། བྱ་གར་དང༌། སྦལ་བ་དང༌། སྲིན་བུ་པདྨ་དང༌། བྱ་རྒོད་དང༌། ཆུ་སྐྱར་དང༌། བྱ་འོལ་བ་དང༌། འུག་པ་རྣམས་ཀྱི་སྟེ། གང་གི་པགས་པ་མི་རུང་བ་དེའི་ཤ་དང༌། རུས་པ་དང༌། རྒྱུས་པ་ཡང་མི་རུང་ངོ༌། །དེ་བཞིན་དུ་གླང་པོ་ཆེ་དང༌། རྟ་དང༌། ཝ་དང༌། སྤྲེའུ་དང༌། ཀླུ་དང༌། བྱ་གང་མི་ཤ་ཟ་བ་རྣམས་ཀྱི་ཡང་ངོ༌། །སྟག་གི་གོང་ཀྱི་ཤ་མི་ཟའོ། །མིའི་ཤ་ནི་སྦོམ་པོའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཤ་འདྲིམ་པའི་ཚེ་འདི་ཅིའི་ཤ་ཡིན་ཞེས་དྲི་བར་བྱའོ། །དེས་མ་དྲིས་ན་འོག་མ་གཉིས་པ་ལ་སོགས་པས་ཀྱང་སྟེ། མ་དྲིས་ན་ལྟུང་བའོ། །བདག་གི་ཆེད་དུ་བྱས་པ་མཐོང་ངམ། ཡིད་ཆེས་པ་དང་ལས་ཐོས་སམ། དེའི་བྱེད་པ་ལས་ཡོངས་སུ་རྣམ་པར་བརྟགས་ནས་ཀྱང་ཤེས་པ་ཉིད་ཀྱི་ཆེད་དུ་བྱས་པ་མི་བཟའོ། །སྨན་པས་ལུང་ཕོག་ན་ནད་པ་ལ་ཤ་རྗེན་ཡང་རུང་རྗེས་སུ་གནང་སྟེ། རས་ཀྱིས་མིག་དག་བཀབ་ལ་ཟས་སྦྱིན་ནོ། །ཟས་གྱ་ནོམ་པ་རྣམས་མདུན་དུ་གཞག་པ་ཉིད་ཀྱིས་རས་དགྲོལ་ལོ། །དེ་ལ་ཤ་འཚོང་བའི་གནས་ཆེན་པོ་ལྔ་རྣམས་ལས་དད་པ་ཅན་ཉིད་ཀྱིས་བླངས་ནས་ཁྱེར་བར་བྱའོ། །མིའི་འོ་མ་བཏུང་བར་མི་བྱ་སྟེ། མིག་ལ་སྐུད་པ་ལ་ནི་ལྟུང་བ་མེད་དོ། །བརྟད་པའི་བསོད་སྙོམས་ལྔ་ཟ་བར་རྗེས་སུ་གནང་སྟེ། ནད་པ་དང་ནད་གཡོག་དང་གློ་བུར་དུ་འོངས་པ་དང༌། ལམ་དུ་ཞུགས་པ་དང༌། དགེ་སྐོས་སོ། །ནང་དུ་བཙོད་པ་དང༌། ནང་དུ་ཞག་ལོན་པ་དང༌། དེ་གཉི་གའང་བཟའ་བར་མི་བྱའོ། །ནང་དུ་ཞག་ལོན་པ་ནི་ཀུན་དགའ་ར་བའི་ནང་དུ་ས་མ་བརྐོས་པ་རུང་བ་མ་ཡིན་པར་གང་ཞག་ལོན་པའོ། །ཐམས་ཅད་དུ་དགེ་སློང་གིས་བཙོས་པ་བཟའ་བར་མི་བྱ་སྟེ། མུ་གེ་བྱུང་བ་མ་གཏོགས་སོ། །འབྲས་སུམ་ཆ་ཚོས་པ་དང༌། ལྡམ་ལྡུམ་དང་མེ་ཏོག་དང་འབྲས་བུ་དང་ཤ་དང་ཉ་ཁ་དོག་ཡོངས་སུ་གྱུར་པ་དང༌། འོ་མ་ལ་


DTG151_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལན་གསུམ་ཁོལ་བ་དེ་དག་རང་གིས་བཙོས་ཏེ་ཟོས་ཀྱང་ལྟུང་བ་མེད་དོ། །ཟ་བའི་ཚེ་ཐོག་མར་མུ་ཏོ་བ་རྣམས་ལ་མི་སྦྱིན་ནོ། །གཞན་གྱི་དེ་ཟ་བ་ལས་སྦྱིན་བདག་གཞན་ཞིག་གིས་བཅའ་བ་ལ་སོགས་པ་བསྐུར་བ་ན་སྦྱིན་བདག་ལ་སྔར་ཀུན་དུ་བལྟས་ཏེ་བླང་ངོ༌། །དཀོན་མཆོག་གསུམ་གྱི་མཚན་ནས་བོས་ཏེ་བྱིན་ན་གང་རྐང་གཉིས་རྣམས་ཀྱི་མཆོག་དེ་ལ་སོགས་པ་ལ་འམ་ཞེས་དྲིས་ཏེ་གལ་ཏེ་དེ་ལ་ཞེས་ཟེར་ན་མི་བླང་ངོ༌། །ཇི་སྟེ་ཁྱོད་ཉིད་བདག་ཅག་གི་སངས་རྒྱས་སོ་ཞེས་ཟེར་ན་བླང་བར་བྱའོ། །ནད་པའི་ཕྱིར་ནི་ནས་ཐུག་ཐམས་ཅད་ཀྱང་རྗེས་སུ་གནང་ངོ༌། །ཁ་ཟས་འཕོ་བའི་སར་རྡོག་པས་བརྫི་བར་མི་བྱའོ། །ཆུ་མེད་ན་བ་བཞོན་མང་པོའི་སར་ནི་ཞོ་ག་ཆུ་དང་དར་བའི་དངས་མ་རྣམས་ཀྱིས་རྐང་པ་བཀྲུས་ཀྱང་ལྟུང་བ་མེད་དོ། །མུ་གེ་བྱུང་བའི་ཚེ་ཁྱེའུ་སུས་རྗེས་སུ་གནང་ངོ༌། །དེ་ལྟར་བསོད་སྙོམས་རྙེད་དེ་བླངས་ལ་ཁྱིམ་གཞན་དུ་ཟོས་ཏེ་སྦང་བར་བྱས་ཀྱང་ཕྱིས་འདོད་ན་སྔར་བླངས་པ་བྱས་པ་བཟའ་བར་བྱའོ། །དེ་བཞིན་དུ་རང་གིས་མ་ནོས་ཏེ་ཟོས་པའི་ལྷག་མ་དང༌། སྤྱི་བུངས་སུ་འོངས་པའི་ལྷག་མ་ཁྱིམ་པ་དག་གིས་ཁྱེར་ཏེ་འོངས་ནས་བྱིན་ན་སྔར་བཏང་བ་ཡིན་ནོ་ཞེས་བྱ་སྟེ། ལོངས་སྤྱད་པར་བྱའོ། །ཤིང་ཏོག་ཨ་མྲ་བཟའ་བར་མི་བྱ་སྟེ། ཚི་གུ་ཆགས་སམ་ཤ་ཞུགས་བ་ཟོས་ན་ལྟུང་བ་མེད་དོ། །ཐུན་ཚོད་དུ་རུང་བའི་རྣམ་པར་ངེས་པ་ནི་བཞི་ཆར་ཡང་རུང་གི་དུས་ཀྱི་དབང་གིས་བཟའ་བར་བྱའོ། །ཕྱི་དྲོ་བྱིན་ལེན་བྱས་ནས་མཚན་མོའི་ཐུན་དང་པོའི་བར་དུ་རུང་བས་ན་ཐུན་ཚོད་དུ་རུང་བ་ཞེས་མཆོག་ཏུའོ། །ཞག་བདུན་པའམ། ཇི་སྲིད་འཚོའི་བར་དུ་བཅང་བ་ཡང་ཐུན་ཚོད་དུ་རུང་བ་དང༌། འདྲེས་ན་ཐུན་ཚོད་དུ་རུང་བ་ཉིད་དོ། །དེ་བཞིན་དུ་ཚྭ་དང༌། དགུན་ཆང་གི་ཚྭ་དང༌། སྐྱུར་བོའི་ཁུ་བ་དང༌། རྩ་བ་མོ་དང༌། །ཞོ་ག་དང་དྲ་བའི་དངས་མ་དང་འདི་རྣམས་ཆུས་བཏབ་སྟེ་རས་ཚགས་ཀྱིས་བཙགས་པ་འདམ་བུའི་ཉག་མའི་ཁ་དོག་ལྟ་བུ་ནི་དུས་ཡིན་ཡང་རུང༌། དུས་མ་ཡིན་ཡང་རུང༌། ན་ཡང་མའི་ཁ་དོག་ལྟ་བུ་ནི་དུས་ཡིན་ཡང་རུང་མིན་ཡང་རུང༌། དེ་ལྟ་བུ་ནི་བཏུང་བར་བྱའོ། །དེ་ལ་ཚྭ་ནི་རྫས་བཏགས་པ་དང་ཆུ་དང་ཡང་སྦྱར་བའོ། །སྐྱུར་པོའི་ཁུ་བ་ཞེས་བྱ་བ་ནི་རྒྱུ་ཤུག་དང་ཆུ་དང་ཡང་སྦྱར་བའོ། །གཞན་དག་ནི་སྐྱུར་པོའི་ཁུ་བ་ཞེས་


DTG151_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རྩ་བའི་སྨན་ལ་སོགས་པ་ལས་གྱུར་པའོ་ཞེའོ། །རྩབ་མོ་ཞེས་བྱ་བ་ནི་འབྲུ་རྣམས་བརྔོས་པ་དང༌། ཆུ་དང་ཡང་སྦྱར་བའོ། །རྣམ་པ་གཞན་དུ་ན་འབྲས་ཐུག་པོ་ཆེའི་བཙོས་པའི་ཁུ་ལེ་དང༌། འབྲས་ཐུག་པོ་ཆེའི་བཀྲུས་པའི་ཁུ་ལེའམ་ཆུ་དྲོན་པོའི་ནང་དུ་འབྲས་ཆན་ཚིག་པ་རྣམས་བླུགས་ཏེ་ནམ་སྐྱུར་བར་གྱུར་པ་དེ་ནི་བཏུང་བའོ། །ཞོ་ག་ཆུས་ཞེས་བྱ་བ་ནི་ཞོ་ལས་འཁུས་པའི་ཁུ་བའོ། །ཇི་ལྟར་བུ་རམ་གྱི་བཏུང་བ་བརྗོད་པ་དེ་བཞིན་དུ་ཤ་ཁ་ར་ལ་སོགས་པ་ལ་ཡང་སྦྱར་ཏེ། རྒྱ་ཤུག་ལ་སོགས་པའི་འབྲས་བུའི་ཁུ་བ་དང་འདྲེས་པར་བྱའོ། །བུ་རམ་འབའ་ཞིག་གི་ཁུ་བ་ནི་ནམ་མྱོས་པར་མི་འགྱུར་བ་དང༌། ཟས་སུ་མ་གྱུར་པ་དང༌། སྐྱུར་བར་མ་གྱུར་པ་དང༌། བསྐ་བར་མ་གྱུར་པ་དང༌། དང་བ་དང་རང་བཞིན་མི་གཏོང་བའི་བར་དུ་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་ཚུན་ཆད་དུ་བཏུང་ངོ༌། །བཏུང་བ་བརྒྱད་པོ་དག་ནི་འབྲས་བུ་དུས་སུ་བླངས་ནས་མཉེས་ཏེ་བཙགས་ལ་དུས་ཉིད་དུ་བྱིན་ལེན་བྱས་ཏེ་དུས་ཉིད་དུ་ལོངས་སྤྱད་པར་བྱའོ། །ཁྱིམ་པས་བྱས་ཟིན་པ་ཞིག་ལ་གང་དུས་སམ་དུས་མ་ཡིན་ཡང་རུང་བྱིན་ལེན་བྱས་ལ་བྱིན་གྱིས་བརླབས་ནས་ཕྱིས་ལོངས་སྤྱད་པར་བརྗོད་པར་བྱ་སྟེ། མཆན་མོའི་ཐུན་དང་པོའི་ཐུན་ཚོད་ལས་མ་འདས་པ་ཚུན་ཆད་དུའོ། །དུས་མ་ཡིན་ཡང་བཏུང་བར་རུང་བ་ཡོད་དེ་གང་ཆུས་བཏབ་ཅིང་རས་ཀྱི་ཚགས་ཀྱིས་བཙགས་པའོ། །དུས་སུ་རུང་བ་ཡང་ཡོད་དེ་སླར་བཟློག་པའོ། །ཞག་བདུན་པའི་རྣམ་པར་ངེས་པ་ནི་ལྷན་ཅིག་བླངས་ཏེ་བྱིན་གྱིས་བརླབས་ནས་ཞག་བདུན་དུ་བཟོད་པ་དེ་ནི་ཞག་བདུན་པའོ། །ཇི་སྲིད་འཚོའི་བར་དུ་བཅང་བ་ཡང་འདྲེས་ན་ཞག་བདུན་པར་འགྱུར་རོ། །དུས་མ་ཡིན་པའི་བཟའ་བ་བུར་མ་དང་མར་ལ་སོགས་པ་བསྙེན་པར་མ་རྫོགས་པ་མེད་ན་ཞག་བདུན་དུ་བྱིན་གྱིས་བརླབས་ལ་ལམ་དུ་འགྲོ་ན་དགེ་སློང་ཉིད་ཀྱིས་ཁྱེར་པར་བྱའོ། །ཞག་བདུན་དུ་བྱིན་གྱིས་བརླབས་པ་ལ་ལྔ་པོ་རྣམས་ཀྱིས་ལོངས་སྤྱད་པར་བྱ་སྟེ། ལམ་ལས་འོངས་པ་དང༌། ཟན་ཆད་པ་དང༌། ན་བ་དང༌། དགེ་སྐོས་ཀྱིས་དང༌། ལག་གི་བླས་སོ། །བུ་རམ་གྱི་གཟུངས་སུ་བྱ་བའི་ཕྱིར་བག་ཕྱེ་དང༌། འབྲས་ཀྱི་ཚིགས་མ་ལ་སོགས་པ་དུས་སུ་རུང་བ་བླུགས་ཀྱང་གཞི་ཡོངས་སུ་དག་པའི་ཕྱིར་དུས་


DTG151_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཡང་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་ལམ་དུ་གང་འབྲས་ཐུག་པོ་ཆེའི་ནང་དུ་བཅུག་ན་དེ་ཡང་སྤྲུག་པར་བྱའོ། །གང་ཕྱིའི་ནང་དུ་བཅུག་པ་དེ་ནི་བཀྲུའོ། །གལ་ཏེ་ཞུ་བ་ཞིག་ན་འོད་མའི་ཚལ་བས་བཞར་ལ་ཆུས་བཀྲུའོ། །གལ་ཏེ་ཁ་ཟས་དང་དབྱེར་མི་ནུས་ན་དག་པར་བྱས་ཏེ། ཆུ་དང་ལྷན་ཅིག་མཉེས་ལ་རས་ཀྱིས་བཙགས་ཏེ་བཏུང་བར་བྱའོ། །དེ་ཟས་ཀྱི་བྱ་བ་བྱེད་མི་ནུས་སོ་ཞེས་བྱའོ། །བུ་རམ་ལ་སོགས་པ་ནི་ནའམ་མི་ན་ཡང་རུང༌། དུས་སམ་དུས་མ་ཡིན་པར་ཡང་རུང་བཟའ་བར་བྱ་སྟེ། དེ་བཞིན་དུ་ཐུན་ཚོད་དུ་རུང་བ་དང༌། ཇི་སྲིད་འཚོའི་བར་དུ་བཅང་བར་ཡང་ངོ༌། །ཞག་ལྔ་པོ་དུས་མ་ཡིན་པར་བཙོས་ཤིང་བཙགས་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབས་པ་གང་ཟག་གིས་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །ཉ་དང་ཆུ་སྲིན་དང༌། ཆུ་སྲིན་བྱིས་པ་གསོད་དང༌། དོམ་དང༌། ཕག་རྣམས་ཀྱི་དུས་སུ་བཙོས་ཤིང་བརྩགས་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབས་པ་འབྲུ་མར་ཡོངས་སུ་ལོངས་སྤྱོད་པ་བཞིན་དུ་ཡོངས་སུ་ལོངས་སྤྱད་པར་བྱའོ། །སླར་བཟློག་པ་ནི་མ་ཡིན་ནོ། །ནད་ལས་སོས་ནས་ཡང་གཞན་གྱི་ཕྱིར་བཅང་བར་བྱའོ། །སློང་བ་ཡོད་ན་ཡང་སློང་མོར་སྦྱིན་ནོ། །ཡང་ནད་པའི་རུང་བའི་ཁང་པར་གཞག་ལ། གང་ལ་ཅི་དགོས་པ་དེ་བསྐུར་གྲང་ཞེས་སོ། །རྣམ་པ་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །མི་རུང་བའི་སྨན་དང༌། ལྷན་ཅིག་བཙོགས་པའི་འབྲུ་མར་ཐ་སྙད་དུ་མི་བྱའོ། །ཡན་ལག་གི་རྨ་སྐུད་པ་དང༌། སྣའི་ལས་བྱེད་པ་ལ་ལྟུང་བ་མེད་དོ། །འབྲུ་མར་ཤིང་དང༌། འོ་མ་དང༌། ཏིལ་དང༌། ཤ་དུས་མ་ཡིན་པར་བྱིན་ལེན་བྱ་སྟེ། བཙིར་ཏེ་བཙགས་ནས་བྱིན་གྱིས་བརླབས་པ་ལ་སོགས་ལོངས་སྤྱད་པར་མི་བྱའོ། །སྦྲང་རྩི་ཆུས་བཏབ་ན་དུས་མ་ཡིན་པར་ཡང་རུང་བཟའ་བར་བྱ་སྟེ། འདིར་ཤེས་པར་བྱེད་པ་ནི་སྦྲེའུ་ཅང་ཤེས་ཀྱི་དཔེ་ལས་སོ། །གླང་པོ་ཆེ་དང༌། རྟ་ཅང་ཤེས་དང༌། སེང་གེ་དང༌། སྟག་དང༌། གཟིག་རྣམས་ཀྱི་ཞག་གིས་རྐང་པ་བྱུག་ན་ཉེས་བྱས་སོ། །ཇི་སྲིད་འཚོའི་བར་དུ་བཅང་བའི་རྣམ་པར་དེས་པ་ནི་ཤུ་བའི་ནད་ཀྱིས་བཏབ་པ་ལ་བསྐ་བ་རྣམ་པ་ལྔ་ཉི་གྲིབ་ལ་བསྐམས་ཏེ་ཕྱེ་མའི་མིག་སྨན་


DTG151_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་ལག་པས་དྲིལ་ནས་ཡང་བསྐབས་བཏབ་སྟེ་གཞག་པར་བྱའོ་ཞེས་བྱ་བར་རྗེས་སུ་གནང་ངོ༌། །ནད་སོས་ནས་ཡང་བཞག་བཞིན་ཏེ། དོར་བར་མི་བྱའོ། །མི་རུང་བའི་ཞག་ལས་བཙོས་པའི་ལན་ཚ་མི་བཟའོ། །སྨན་པས་ལུང་ཕོག་པས་མིག་སྨན་ལྡ་བསྟེན་པར་བྱ་སྟེ། མེ་ཏོག་གི་མིག་སྨན་དང། ཁུ་བའི་མིག་སྨན་དང༌། ཕྱེ་མའི་མིག་སྨན་དང༌། རི་ལུའི་མིག་སྨན་དང༌། རྒྱ་ཤུག་གི་མིག་སྨན་ནོ། །ནད་སོས་ན་ཡང་གཞན་གྱི་ཕྱིར་མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུ་གཞག་གོ །ཁུ་བའི་མིག་སྨན་ནི་ཟ་མ་ཏོག་ཆུང་ངུའི་ནང་དུའོ། །ཕྱེ་མའི་མིག་སྨན་ནི་སྦུ་གུའི་ནང་དུའོ། །རི་ལུའི་མིག་སྨན་དང༌། སེའུ་བི་རའི་མིག་སྨན་ནི་སྒྱེའུའམ་ཐུམ་པོར་བཅིང་ངོ༌། །རྣམ་པ་གཞན་དུན་འགལ་ཚབས་ཅན་དུ་འགྱུར་རོ། །རྒྱན་དུ་བྱས་པའི་མིག་སྨན་གྱིས་མིག་སྨན་མི་བྱ་མོད་ཀྱི་འོན་ཀྱང་སྨན་གྱི་མིག་སྨན་གྱིས་སོ། །མིག་སྨན་བསྐུ་བའི་ཐུར་མ་ནི་གཉིས་ཏེ། ལྕགས་དང༌། ཟངས་ཀྱི་རང་བཞིན་ནོ། །སྨན་རྣམས་ཉི་གྲིབ་ལ་སྐམས་སུ་བཅུག་པ་ལས་ཆར་འབབ་བམ་དུ་དོགས་ཀྱང་རུང༌། བསྙེན་པར་མ་རྫོགས་པ་མེད་ན་བདག་ཡིད་ཀྱིས་ནང་དུ་བཅུག་ལ་ལག་ཉར་བླངས་པའི་ལྟུང་བ་མེད་དོ། །འདྲེས་ན་ཡང་བཏུས་ལ་བཟའོ། །གང་ན་བའི་དུས་སུ་རྗེས་སུ་གནང་བ་བདེ་བར་གནས་པའི་གནས་སྐབས་སུ་མི་བྱའོ། །དུས་སུ་རུང་བ་དང་ལྷན་ཅིག་འདྲེས་པའི་ཅི་སྲིད་འཚོའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་རྙེད་ན་མི་བཟའོ། །དེ་བཞིན་དུ་ཐམས་ཅད་ཀྱང་ཕན་ཚུན་འདྲེས་ལ། དེ་ཉིན་མོ་བྱིན་ལེན་བྱས་ལ་སྨན་རྣམ་པ་བཞི་པོ་རང་གི་རིགས་དང་མཐུན་པ་འམ། རང་གི་རིགས་དང་མཐུན་པ་མ་ཡིན་པ་དང་འདྲེས་ཀྱང་བཟའ་བར་བྱའོ། །དེའི་ཉིན་མོ་བྱིན་ལེན་བྱས་ལ། ཕན་ཚུན་འདྲེས་ན་དུས་སུ་བཟའ་བར་བྱའོ་ཞེས་མ་མོ་ལས་འབྱུང་ངོ༌། །སྨན་བཞི་པོ་གསོག་འཇོག་དང༌། ལག་ཉར་བླངས་པ་དང༌། ནང་དུ་ཞག་ལོན་ཕ་བྱིན་གྱིས་བརླབ་པར་མི་བྱའོ། །སྨན་པས་ལུང་ཕོག་ན་རྣམ་པར་གྱུར་པ་བཟའ་བར་བྱའོ། །དད་པ་ཅན་གྱིས་དེ་བྱིན་ལེན་བྱས་པ་ཡང་ངོ༌། །དེ་ཡང་རྣམ་པ་བཞི་སྟེ། བེའུ་འབྲངས་ནས་རིང་པོ་མ་ལོན་པའི་ལྕི་བ་དང༌། དེ་ཉིད་ཀྱི་གཅིན་དང༌། ཤིང་ཀན་ཚ་ན་དང༌། ཀ་བི་ཏ་པ་དང༌། ཨ་ཤྭད་ཐ་དང༌། ཨུ་དུམ་བཱ་ར་དང༌།


DTG151_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ནྱ་གྲོ་དྷའི་ཤིང་དེ་རྣམས་ཀྱི་ཐལ་བ་དང༌། སའི་སྟེང་ནས་སོ་སོར་བཞིའི་འོག་ནས་བླངས་བའི་སའོ། །སྒྲོག་སྐྱ་དང༌། བཙོང་དང༌། ཀེའུ་བཟའ་བར་མི་བྱའོ། །ན་བ་ལ་ནི་ལྟུང་བ་མེད་དོ། །དེ་ལ་ཀུན་དུ་སྤྱད་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དང༌། མལ་ཆ་དང་སྟན་དང༌། སྣམ་ཕྱིས་དང༌། ཆབ་ཀུང་སར་འདུག་པར་མི་བྱའོ། །དགེ་འདུན་གྱི་ནང་དུ་ཡང་འཇུག་པར་མི་བྱའོ། །མཆོད་རྟེན་ལ་ཡང་ཕྱག་མི་བྱའོ། །ཁྱིམ་པ་ལྷགས་པ་རྣམས་ལ་ཡང་ཆོས་མི་བཤད་དོ། །ཁྱིམ་པའི་ཁྱིམ་དུ་ཡང་འགྲོ་བར་མི་བྱའོ། །དེ་ལ་ཡོངས་སུ་ལོངས་སྤྱད་ན་ཞག་བདུན་གྱི་བར་དུ་ཆོ་ག་བཞིན་དུ་འདུག་ལ། དྲི་མེད་པར་བྱས་ཏེ། དེའི་ཕྱོགས་ཀྱང་སྐྱང་ནུལ་གྱིས་བྱུགས་ལ། ཁྲུས་བྱས་ནས་ཆོས་གོས་རྣམས་བཀྲུ་བར་བྱའོ། །བཙོང་གི་བྱ་བ་ནི་ཞག་གསུམ་གྱི་བར་དུ་འདུག་པ་བྱའོ། །ཀེའུ་ནི་ཉིན་ཞག་གཅིག་ཏུའོ། །ནད་པས་སེ་དྷ་བ་ནི་རྭའི་ནང་དུ་བཅུག་ལ། རྭ་གཉིས་པས་ཁ་བཅད་དེ་གཞག་པར་བྱའོ། །དངོས་པོ་གཅིག་གིས་སྨན་རྣམ་པ་བཞིར་འགྱུར་བ་མཆིས་སམ་ཡོད་དེ། འདི་ལྟ་སྟེ་བུ་རམ་ཤིང་ནི་དུས་སུ་རུང་བའོ། །ཁུ་བ་ནི་ཐུན་ཚོད་དུ་རུང་བའོ། །བུ་རམ་ལ་སོགས་པ་ནི་ཞག་བདུན་པའོ། །བསྲེགས་པ་ནི་ཇི་སྲིད་འཚོའི་བར་དུ་བཅང་བའོ། །དེ་བཞིན་དུ་གཞན་དག་ཀྱང་རྗེས་སུ་དཔག་པར་བྱའོ། །སྨན་རྣམ་པ་བཞི་པོ་བྱིན་ལེན་མ་བྱས་པར་བྱིན་གྱིས་བརླབས་པའམ། བྱིན་ལེན་བྱས་ལ་བྱིན་གྱིས་མ་བརླབས་པ་ཡང་རུང་སྟེ། བཟར་མི་རུང་ངོ༌། །བྱིན་ལེན་བྱས་ལ་བྱིན་གྱིས་བརླབས་པ་ནི་ན་བ་ལ་ཡང་རུང་མིན་པ་ལ་ཡང་རུང་ངོ༌། །ནད་པ་ལ་རྣམ་པ་གཉིས་ཏེ་ལྷན་ཅིག་སྐྱེས་པ་དང༌། གློ་བུར་དུ་འོངས་པའོ། །དེ་ལྟ་བས་ན་ན་བར་འདུ་ཤེས་ཉེ་བར་བཞག་སྟེ་ཐམས་ཅད་ཀྱང་བཟའ་བར་བྱའོ། །མི་རུང་བའི་སར་སྐྱེས་པའི་ཤིང་གི་འབྲས་བུ་ལ་སོགས་པ་ཐམས་ཅད་དུ་བཟའ་བར་མི་བྱའོ། །རུང་བའི་སར་སྐྱེས་ཀྱང༌། གལ་ཏེ་མི་རུང་བའི་སར་ལྷུང་བ་ནི་ཞག་ལོན་པ་ཡིན་ན་བཟའ་བར་མི་བྱའོ། །རུང་བའི་ཟར་ལྷུང་བ་ནི་ཞག་ལོན་ཀྱང་བྱིན་ན་བཟའ་བར་བྱའོ། །ཐམས་ཅད་ཀྱང་ཆོ་ག་བཞིན་དུ་མི་བྱས་ན་ཅི་ལྟར་རིགས་པར་སྦྱར་ཏེ། ཉེས་བྱས་ཀྱི་ལྟུང་བར་རིག་བར་བྱའོ། །ཡོ་བྱས་ཀྱི་


DTG151_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་དབང་གིས་དེའི་ཡོངས་སུ་བསྲུང་བ་རྣམས་ཀྱང་རྗེས་སུ་གནང་ངོ༌། །འདི་ལྟ་སྟེ། མཚན་ཁུག་དང་སྨན་གྱིས་ན་ལ་ཟེ་དང༌། སྨན་གྱི་ཕོར་བུ་དང༌། དུད་བ་བཏང་བའི་སྦུ་གུ་ལྕགས་ལས་བྱས་པ་སྲིད་སོར་བཅུ་གཉིས་ཀྱི་ཚད་དང༌། སྣར་བླུགས་པ་མཆུ་གཉིས་པ་དང༌། ཕུལ་བའི་བཏུང་ཕོར་དང༌། ཟ་མ་ཏོག་དང༌། རྐང་རྟེན་དང༌། རྐང་བརྙན་དང༌། འདི་དག་རིན་པོ་ཆེའི་རང་བཞིན་ལས་བྱས་པ་སྤང་ཞིང་བཅང་བར་མི་བྱའོ། །ལྕགས་ཀྱི་གར་བུ་ལྕགས་ཐག་བཏགས་པ་བཅང་བར་བྱའོ། །དེས་ཐོག་མར་རུང་བའི་ཆུ་བསྲོས་ལ་དེའི་འོག་ཏུ་སྤྱད་པའི་ཆུ་བསྲོའོ། །ནད་པ་ལ་ལྕགས་ཀྱི་གཞོང་རིང་རྗེས་སུ་གནང་ངོ༌། །སྨན་བཙོ་བའི་ལྕགས་ཀྱི་གཞོང་པ་དང༌། ལྕགས་སྐྱེད་དང༌། འཇོར་དང༌། སྟ་རེ་དང༌། སྟེའུ་དང༌། མཆིག་མཆིག་གུ་དང་བཅས་པ་རྗེས་སུ་གནང་ངོ༌། །རྐང་བ་ལ་སོགས་པ་བཀྲུ་བའི་དོན་དུ་ཏིལ་མར་བླང་པའི་སྣོད་དང༌། ཏིལ་མར་གྱི་སྣོད་དེ་ཡང་རྣམ་པ་གསུམ་སྟེ། ཆེན་པོ་ནི་ཕུལ་གང་ཤོང་བའོ། །ཆུང་ངུ་ནི་ཕུལ་ཕྱེད་ཤོང་བའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །དེ་ཉིད་ཀྱི་རིགས་ཀྱི་ཆ་སྤྱད་བཅང་བར་མི་བྱའོ། །སྔོན་སྨན་པ་བྱས་པས་ཚོན་ལ་སོགས་པའི་སྣོད་འཆང་བ་དང༌། སྔོན་ཡི་གེ་བྱེད་པར་རམ་ཕྱིས་འཆང་བ་དང༌། བཟོ་མཁན་ཁབ་འཆང་བ་ནི་མ་གཏོགས་པ་སྟེ། རང་གི་བཟོ་ཉེ་བར་བསྟན་པར་མི་བྱའོ། །ཆར་པ་དང་ཉི་མ་ཚ་བ་བསྐྱབ་པའི་ཕྱིར་གདུགས་རྗེས་སུ་གནང་སྟེ། དེ་ཡང་སྨྱིག་མ་དང༌། རྩྭ་དང༌། ལོ་མ་དང་གོས་ཀྱི་རང་བཞིན་ལས་བྱའོ། །དཀར་པོ་མ་ཡིན། ཁྲའོ་ཉེ་བར་བཀྲ་བ་མ་ཡིན། རྨ་བྱའི་སྒྲོ་རྩ་སྦུ་མེད་པ་བཅང་བར་མི་བྱའོ། །ཡུ་བ་ཡང་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་གྱི་རང་བཞིན་ལས་བྱས་པ་ཡང་མི་བྱ་བས་རྩིས་མི་བྱུག །ཤིན་ཏུ་རིང་པོ་ཡང་ངོ༌། །གདུགས་ཀྱི་ཚད་དུའོ། །གདུགས་སར་བ་ཐོགས་བཞིན་གྲོང་དུ་འཇུག་པར་མི་བྱའོ། །གལ་ཏེ་དེའི་དབུས་སུ་ལམ་བྱུང་ན་ཡང་ལོགས་བསྙལ་ཏེ་འགྲོ་བར་བྱའོ། །བསོད་སྙོམས་པས་ཀྱང་གོས་བསྲུང་བའི་ཕྱིར་ཡུ་བ་རུང་བར་བྱས་པའི་གདུགས་ཐོགས་ཏེ། བསོད་སྙོམས་ལ་འཇུག་པར་བྱའོ། །ཁྱིམ་དང་པོར་ནི་དེ་བཞག་ལ་སླར་འགྲོ་བའི་ཚེ་ཁྱེར་བར་བྱའོ། །གྲང་བ་དང༌།


DTG151_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་དང༌། ཚེར་མ་དང༌། ས་རྡུལ་ཅན་སྤང་བ་དང༌། སེར་ག་སྤངས་པ་དང་རྐང་པ་འཇམ་པོ་ལ་གནོད་པ་སྤང་བར་བྱ་བའི་ཕྱིར་མཆིལ་ལྷམ་རིམ་པ་དྲུག་པའི་བར་དུའོ། །དེ་ལས་འདའ་བར་མི་བྱའོ། །ལྷམ་སྒྲོ་གུ་ཅན་ཡང་བཅང་བར་བྱའོ། །གྲང་བས་གནོད་པ་སྤང་བའི་ཕྱིར་ཞྭ་དང་སྟོད་ཁོར་ནང་ཚངས་ཅན་དང༌། གདིང་བ་དང༌། སྟན་ཏེ་དེ་རྣམས་ཀྱང་ངོ༌། །གྲང་བས་གནོད་པ་སྤང་བའི་ཕྱིར་བགོ་བར་བྱའོ། །སྟེར་གཡོགས་སྟན་ཁྲ་བོ་ཡིན་ལ་དེའི་སྟེང་ཁྲ་བོ་མ་ཡིན་ན་བཅང་བར་བྱའོ། །ཚ་བ་སྤང་བའི་ཕྱིར་བསིལ་ཡབ་རྣམ་པ་གཉིས་རྗེས་སུ་གནང་སྟེ། ཏ་ལའི་ལོ་མ་དང༌། གོས་ལས་བྱས་པའོ། །དེའི་ཡུ་བ་གསེར་དང༌། དངུལ་དང༌། བཻཌཱུཪྻ་དང༌། ཤེལ་དང༌། ཁྲ་བོ་ཉེ་བར་བཀྲ་བ་དང༌། བསེ་རྩིས་བྱུག་པ་མི་བྱའོ། །དེ་བཞིན་དུ་སྦྲང་ཡབ་ཀྱང་ངོ༌། །དེ་ཡང་བལ་དང༌། ལྡུམ་བུ་ཤ་ན་ཀ་དང༌། རས་བ་ལ་ལམ། རས་མའམ། འདབ་མ་ནི་ཆང་དུ་ལས་བྱའི། །རྟའི་རྔ་མ་ལ་སོགས་པའི་རང་བཞིན་ལས་བྱས་པ་ནི་མ་ཡིན་ནོ། །ཡུ་བ་དང༌། བསིལ་ཡབ་ལ་སོགས་པ་དགེ་འདུན་གྱི་ཕྱིར་བླང་པར་བྱའོ། །བདག་གི་ཕྱིར་ནི་མ་ཡིན་ནོ། །རིལ་བསྐུར་དཀའ་བ་སྤང་བའི་ཕྱིར་དྲ་བ་དང་ཁར་བ་ཡང་བཅང་བར་བྱའོ། །བཞོན་པས་འགྲོ་བར་རྗེས་སུ་གནང་སྟེ། ཤིང་རྟ་དང༌། ཤིང་རྟག་ཆུང་དུ་དང༌། ཁྱོགས་སྤྱིལ་དང༌། ཟུང་ཁྱོགས་དང༌། གླང་པོ་ཆེ་དང༌། རྟ་དང༌། རྔ་མོ་དང༌། བ་ལང་དང༌། ཐ་ན་བོང་བུ་ལ་ཡང་རུང་སྟེ། གླང་པོ་ཆེ་མོ་ནས་བོང་མོའི་བར་དུ་ཡང་མོ་ལ་རེག་པའི་ཉེས་བར་མི་འགྱུར་རོ། །དེ་ཡང་གང་ལ་རྗེས་སུ་གནང་ཞེ་ན་བའམ། ནར་དོགས་པའམ། ན་བའི་མཚན་མ་བྱུང་བའམ། དེ་སྟོབས་ཆུང་བའམ། བཀྲུ་སྨན་གསང་བུ་རྩོམ་པའམ། བཀྲུ་སྨན་བཏང་ན་རིང་པོ་མ་ལོན་པའམ། །ཤིན་ཏུ་གཞོན་ཤ་ཅན་གྱི་རིགས་སམ། གང་ལམ་གྱིས་ངལ་བ་ལྟ་བུ་འམ། རིང་པོར་འགྲོ་བ་འམ། ཅི་ལྟར་བྱང་ཕྱོགས་ནས་ཤར་ཕྱོགས་སུ་འགྲོ་བ་འམ། ཤར་ཕྱོགས་ནས་ཏ་ལའི་ཡུལ་དུ་འམ། འདྲོན་པའི་དབང་གིས་ཀྱང་ལམ་དུ་འགྲོ་བའམ། ཤིན་ཏུ་རིང་བར་འགྲོ་བའམ། དགེ་བའི་ཕྱོགས་མངོན་པར་འཕེལ་བར་བྱེད་པ་དེ་ལས་མི་ཉམས་པའི་ཕྱིར་དགེ་བའི་ཕྱོགས་


DTG151_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བཞིན་འགྲོ་སྙམ་པ་འམ། སྦྱིན་བདག་གལ་གྱིས་འཆུ་ན་དེའི་སེམས་བསྲུང་བར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚིག་དོར་གྱི་ཐ་སྙད་བྱ་བའི་ཕྱིར་བསླབ་པར་བཅས་པ་ནི་མ་ཡིན་ནོ། །མདོ་སྡེ་ལས་ཀྱང་འདི་གཉིས་ཀྱིས་ཁྱོགས་ལ་འགྲོ་བར་བྱ་སྟེ། རྒས་ཤིང་འཁོགས་པས་སྟོབས་ཆུང་བ་འམ། ན་བས་སྦྱོར་མི་བཟོད་པ་ཞེས་གསུངས་སོ། །ནད་པ་ལ་སྤོས་ཀྱང་རྗེས་སུ་གནང་སྟེ། དེས་སྤོས་ཀྱིས་བྱུགས་བཞིན་དུ་དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །ཁྱིམ་པ་རྣམས་ལ་ཆོས་བཤད་པར་མི་བྱའོ། །ཁྱིམ་གཞན་དུ་འགྲོ་བ་སྤང་བར་བྱའོ། །ནས་སོས་ནས་ཁྲུས་བྱས་ལ་ཆོས་གོས་རྣམས་ལ་ཡང་སྤོས་མེད་པར་བྱའོ། །མིན་པར་སྤོས་ཀྱིས་བྱུག་ན་ཉེས་བྱས་སོ། །གལ་ཏེ་དད་པ་ཅན་རྣམས་ཀྱིས་བྱིན་ན་ལོང་ལ་མགོ་དང༌། རྐང་བའི་མཐའ་ལོགས་སུ་ལག་མཐིལ་གྱིས་བྱུག་པར་བྱའོ། །དེ་མིག་ལ་ཕན་པའི་ཕྱིར་དུས་དུས་སུ་བསྣམ་པར་བྱའོ། །མེ་ཏོག་ཀྱང་དེ་བཞིན་ནོ་།ཟན་ཟོས་ནས་དད་པ་ཅན་དག་གིས་རྐང་པ་ལ་སྤོས་ཉུག་པ་སྤང་བར་མི་བྱའོ། །དེ་དག་ལྐོག་ཏུ་དོར་བར་བྱའོ། །སེང་གེའི་ཁྲིའི་རྐང་རྟེན་ལ་སྤོས་ཀྱིས་བྱུགས་སམ། སྤོས་ཀྱིས་ཡན་ལག་བྱིན་བྱས་བ་དང༌། རྡོ་ལེབ་བམ་པོ་མ་གཞག་པ་ལ་རྐང་པ་གཞག་པར་བྱའོ། །གི་ཝང་གིས་ཐིག་ལེ་བྱས་ན་ཉེས་བྱས་སོ། །རྨའི་མཐའ་འཁོར་དུ་བྱུག་པ་ལ་ལྟུང་བ་མེད་དོ། །སྨན་དེ་ལྟ་བུ་རྣམ་པ་དུ་མ་སྟེ། སྐབས་འདིར་ནི་ཞག་བདུན་པ་ལ་བྱ་སྟེ། ཞུན་མར་ལ་སོགས་པ་བསྟན་པའི་ཕྱིར་རོ། བཀའ་སྩལ་པ་ཞེས་བྱ་བ་ནི་རྒྱས་པར་བསྟན་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་གྱི་ཚིག་གི་ཕྲད་དོ། །ཞུན་མར་ཞེས་བྱ་བ་ནི་བ་ལ་སོགས་པ་སྟེ། གང་དག་གི་ཤ་རུང་བའོ། །འབྲུ་མར་ཞེས་བྱ་བ་ནི་ཡུངས་ཀར་དང་ཏིལ་དང༌། ཤིང་མ་དུ་ཀའི་འབྲས་བུ་ལ་སོགས་པའིའོ། །དེ་བཞིན་དུ་ཚིལ་བུ་ཡང་འབྲུ་མར་དང་འདྲ་སྟེ། ཚིལ་བུ་ལས་བཙོས་ཤིང་གང་ཟང་ཟིང་མེད་པའོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་མའིའོ། །བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་སྟེ། ཁ་ཅིག་ན་རེ་བུ་རམ་ཤིང་གི་ཁ་བ་དཀར་པོ་ལ་ཡང་བྱའོ་ཞེའོ། །ཞུན་མར་བཟུང་


DTG151_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནི་མར་སར་ཤིན་ཏུ་བཀྲུས་པ་དེ་ཡང་བཟུང་བའོ། །བུ་རམ་གྱི་དབུ་བ་བཟུང་བས་ནི་ལི་ཁ་ར་ལ་སོགས་པའི་ཁུ་བ་སྤང་སྟེ་བུ་རམ་ཤིང་ལས་བྱུང་བའི་རྣམ་པ་ཐམས་ཅད་ལ་ཡང་བྱའོ། །ཞུ་མར་ལ་སོགས་པ་བཟུང་བས་ནི་བཟའ་བ་དང་བཏུང་བ་ཉེ་བར་སྤྱད་པར་བྱའོ། །མཁྲིས་པ་དང༌། རླུང་དང༌། བད་ཀན་གསུམ་ཞི་བར་བྱ་བའི་ཕྱིར་ཏེ། སྦྲང་རྩི་རྙིང་པ་དང༌། བུ་རམ་རྙིང་བས་ནི་བད་ཀན་ཞི་བར་འགྱུར་རོ། །ཞུན་མར་དང༌། ལི་ཁ་རས་ནི་མཁྲིས་པ་ཞི་བར་འགྱུར་རོ། །འབྲུ་མར་གྱིས་ནི་རླུང་ཞི་བར་བྱེད་དོ། །བུ་རམ་གྱི་དབུ་བས་ནི་གསུམ་ཀ་ཞི་བར་འགྱུར་རོ། །དེ་དག་ལས་ཞེས་བྱ་བ་ནི་ཞོ་ལ་བ་སོགས་པའི་དངོས་པོ་དེ་དག་མ་ཡིན་ནོ། །ཞག་བདུན་པ་ཞེས་བྱ་བ་ནི་མང་པ་ངེས་པར་གཅད་པའོ། །དེ་ཚུན་ཆད་དུ་འཆང་བ་ལ་ལྟུང་བ་མེད་དོ། །རང་གི་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ལག་པ་དག་བཀྲུས་ཏེ། བྱིན་ལེན་བྱས་ནས་དགེ་སློང་གི་མདུན་དུ་འདུག་ནས་ལག་བ་གཡོན་པའི་སྟེང་དུ་གཞག་ལ་ལག་པ་གཡས་པས་བཀབ་སྟེ། འདི་སྐད་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བའི་སྨན་ཞག་བདུན་པ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཞག་བདུན་པར་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཇི་སྲིད་འཚོའི་བར་དུ་བཅང་བད་དང༌། དེ་བཞིན་དུ་ཐུན་ཚོད་དུ་རུང་བ་ཡང་བྱིན་གྱིས་བརླབ་པར་བྱའོ། །གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ལོང་སྤྱད་པར་བྱའོ་ཞེས་བྱ་བ་ནི་རང་གིས་བླངས་ལ་བཟའ་བར་བྱ་སྟེ། ཕྱིས་བྱིན་ལེན་བྱ་བ་ནི་མི་དགོས་སོ། །ཇི་སྲིད་འཚོའི་བར་དུ་སྤྱད་པ་ནི་ཇི་སྲིད་འཚོའི་བར་དུའོ། །དུས་སུ་རུང་བ་ཡང་དུས་སུ་རུང་བའོ། །ཐུན་ཚོད་དུ་རུང་བ་ཡང་ཐུན་ཚོད་དུ་རུང་བ་སྟེ། གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །མདོར་ན་སྨན་རྣམ་པ་གཉིས་ཏེ། དུས་སུ་རུང་བ་དང༌། དུས་མ་ཡིན་པར་རུང་བའོ། །གང་དུས་མ་ཡིན་པར་བཀག་པ་མེད་པ་དེ་ནི་དུས་མ་ཡིན་པ་བྱིན་ལེན་བྱས་ལ་དུས་དང་དུས་མ་ཡིན་པར་ཡང་རུང་བ་ཡོངས་སུ་ལོངས་སྤྱད་པར་བྱའོ།།


DTG151_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱད་པར་བྱའོ་ཞེས་བྱ་བ་ནི་བཟའ་ཞིང་མིད་པའོ། །རྐང་པ་ལ་བསྐུ་བ་ལ་སོགས་པའི་རྒྱུ་མཚན་ལ་ནི་གཞན་གྱིས་ཀྱང་རྙེད་པ་འཆང་དུ་མི་རུང་ངོ་ཞེས་བྱ་བར་བསྟན་ཏོ། །དེ་ལས་འདས་ན་ཞེས་བྱ་བ་ནི་ཞག་བརྒྱད་པ་ལ་སོགས་པར་བསྟན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྨན་གཅིག་གམ་མང་དུ་ཡང་རུང་སྟེ། ཚེས་གཅིག་གམ། གཞན་དུ་རྙེད་ཀྱང་རུང༌། ཞག་བདུན་ཚུན་ཆད་དུ་བྱིན་གྱིས་བརླབས་ལ་བཟའ་བར་བྱའོ། །ཡང་ན་གཞན་དུ་གཏང་བར་བྱའོ། །རྐང་པ་ལ་སོགས་པའི་བསྐུ་མཉེའི་རྒྱུ་མཚན་ལ་ཡང་དག་པར་རྟགས་ནས་སོ། །གཞན་ལ་སྦྱིན་བར་བྱའོ། །རྣམ་པ་གཞན་དུ་ན་གང་ཅུང་ཟད་ཅིག་ལུས་ཀྱང་ཞག་བརྒྱད་ལོན་ན་སྤང་པའོ། །གཅིག་གམ་མང་དུ་ཡང་རུང་ཚེས་གཅིག་ལ་བྱིན་གྱིས་བརླབས་པ་ལས། གཅིག་གམ་མང་ཞིག་ཚེས་གཉིས་ལ་རྙེད་པ་དེས་གཞན་ནི་བཟའ་བར་བྱའོ། །གཞན་ནི་གཏང་བ་བྱའོ། །ཡང་ན་སྦྱིན་པར་བྱའོ། །རྣམ་པ་གཞན་དུ་ན་སྔ་མའི་དབང་གིས་ཉི་མ་བརྒྱད་པ་སྟེ་སྤང་བའོ། །དེ་བཞིན་དུ་ཞག་དྲུག་གམ་བདུན་གྱི་བར་དུ་ཡང་ངོ༌། །གལ་ཏེ་ཕྱིས་བྱིན་གྱིས་བརླབས་པ་ལྷན་ཅིག་འདྲེས་ན་སྔ་མའི་ཉི་མ་ནས་བཟུང་སྟེ། ཞག་བདུན་དུ་ཡོངས་སུ་ལོངས་སྤྱད་པར་བྱའོ། །ཞག་བདུན་གྱི་བར་དུ་ཡོངས་སུ་ལོངས་སྤྱད་པར་བྱའི་ཞེས་མ་བསམས་པར་ཡོངས་སུ་ལོངས་སྤྱད་ན་ཉི་མ་རེ་རེ་ལ་ཁམ་རེ་རེ་ཡང་ཉེས་བྱས་སོ། །ཉི་མ་སྔ་མ་ལ་བྱིན་ལེན་བྱས་ལ་ཕྱི་དེ་ཉིན་བར་བྱིན་གྱིས་རློབ་པར་བྱེད་ན་ལྟུང་བ་མ་ཡིན་ཏེ། ཉི་མ་སྔ་མ་ནས་ཞག་བདུན་དུ་བགྲང་ངོ༌། །ཞག་གྲངས་ཉུང་དུ་བྱིན་གྱིས་རློབ་པ་ནི་ལྟུང་བ་མེད་དོ། །ཚད་ལས་མི་འདའ་བར་བྱ་བའི་ཕྱིར་མཚམས་སུ་ངེས་པར་བྱ་བ་ནི་བདུན་དུའོ། །ཞག་བདུན་ལོན་པ་ལ་ལོན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་སྤང་བའོ། །མ་ལོན་པ་ལ་ལོན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་ཉེས་བྱས་སོ། །མ་ལོན་པ་ལ་མ་ལོན་པར་འདུ་ཤེས་སམ་ལོན་པ་ལ་ལོན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །སྒེག་པའི་སེམས་ཀྱིས་སམ། རོ་མྱང་བའི་སེམས་ཀྱིས་སམ། རྒྱས་པའམ། ཁ་དོག་གི་བྱེ་བྲག་གམ་གཡོ་དང་ཚུལ་འཆོས་པར་བསམས་ཏེ། ཟ་ན་ཐམས་ཅད་ལ་ཡང་ཉེས་བྱས་སོ། །ཞག་བདུན་བྱིན་གྱིས་


DTG151_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ཤིང་ཟ་ན་ཚངས་པ་མཚུངས་པར་སྤྱོད་པ་ལ་ཉི་མ་བརྗོད་པར་བྱ་སྟེ། དེང་བདག་གིས་ཉི་མ་གཅིག་ཟོས་ཏེ། དེ་བཞིན་དུ་ལྷག་མ་ཡང་བཟའོ་ཞེས་བྱ་བས་སོ། །ཞག་བདུན་ཚང་གི་བར་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཅི་ལྷག་པ་དེ་ཀུན་དགའ་ར་བ་པའམ། དགེ་ཚུལ་ལ་སྦྱིན་པར་བྱའོ། །ཞག་བདུན་པ་གང་ད་ནས་ཉེ་བར་བླངས་པ་དང༌། དེ་ལས་སོ་སོ་བླངས་པ་ཞེས་བྱ་བ་ནི་ལག་ཉར་བླངས་པ་དང༌། བྱིན་ལེན་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །ཟས་ཀྱི་ཕྱེ་མ་དང་འདྲེས་པ་ཞེས་བྱ་བ་ནི་དུས་སུ་རུང་བ་དང་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཕན་ཚུན་འདྲེས་པ་ཞེས་བྱ་བ་ནི་ཉི་མ་གཞན་དུ་བྱིན་གྱིས་བརླབས་པ་དང༌། དུས་ཕྱི་མའི་དབང་དུ་བཅངས་པ་ནི་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་རྒྱུད་ཀྱིས་མྱགས་པ་ཞེས་བྱ་བ་ནི་གང་མཚམས་མེད་པ་སྟེ། ཞག་ལོན་པར་མ་བྱས་ཤིང་རྙེད་པའོ། །དེ་ཐམས་ཅད་ཀྱི་ཀུན་དགའ་ར་བ་པ་དང། དགེ་ཚུལ་ལ་ཡང་སྤང་བར་བྱའོ། །ལྷུང་བཟེད་ཀྱི་སྡེ་ཚན་རྫོགས་སོ།། །།སྤང་བ་ཐམས་ཅད་ལས་བཙམས་ཏེ། རྣམ་པར་ངེས་པར་བྱ་བ་ནི། དགེ་སློང་གིས་སྤང་བའི་དངོས་པོ་མ་སྤངས་ལ། ཞག་ལོན་པར་མ་བྱས་སམ། ལྟུང་བ་མ་བཤགས་སམ། སྤངས་ཀྱང་ཞག་ལོན་པར་མ་བྱས་སམ། ལྟུང་བ་བཤགས་སམ་སྤང་བ་ཐམས་ཅད་ལས་ཞག་ལོན་པར་བྱས་ཀྱང་ལྟུང་བ་མ་བཤགས་པར་དེ་དང་རིགས་མཐུན་པའམ། རིགས་མི་མཐུན་པའང་རུང༌། གཞན་ཞིག་རྙེད་པ་འདི་ལྟ། ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང་སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཅིག་རྙེད་ན། དེ་དག་ཀྱང་སྔ་མའི་རྒྱུད་ཀྱིས་སྤང་བའོ། །སྤངས་པར་གྱུར་པ་ལ་ཞག་ལོན་པར་བྱས་ནས། ལྟུང་བ་བཤགས་པ་ལ་ལྟུང་བ་མེད་དོ། །ཞག་ལོན་པར་ཞེས་བྱ་བ་ནི། གང་གི་ཉིན་མོ་སྤངས་པ་དེའི་ཉི་མ་གཉིས་པའི་ཞག་གིས་བར་དུ་བཅད་དེ། ཉི་མ་གསུམ་པ་ལ་ལྟུང་བ་བཤགས་ནས་བླང་ངོ༌། །སྤང་བ་ཐམས་ཅད་ཀྱང་གང་ཟག་ལ་སྤང་གི །དགེ་འདུན་མ་ཡིན་ནོ། །སྤངས་པའི་དངོས་པོ་དགེ་འདུན་གྱིས་བགོ་བར་མི་བྱའོ། །ལྷུང་བཟེད་གཉིས་པ་སྤང་བ་ནི་མ་གཏོགས་ཏེ། དེ་ནི་དགེ་འདུན་ལ་སྤང་ངོ་ཞེས་གསུངས་


DTG151_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཆོས་གོས་དང་གདིང་བ་ནི་བསྙེན་པར་རྫོགས་པ་ལ་སྤང་ངོ༌། །དབྱིག་ལ་སོགས་པ་ནི་བསྙེན་པར་རྫོགས་པའམ། མ་རྫོགས་པའམ། རབ་ཏུ་བྱུང་བའམ་མ་བྱུང་བ་ལ་ཡང་རུང་ངོ༌། །ཞག་བདུན་པ་ནི་བསྙེན་པར་མ་རྫོགས་པ་ལ་སྤང་ངོ༌། །ཁྲོས་ནས་ཆོས་གོས་ཕྲོགས་པ་ནི་གང་ཁོ་ན་ཕྲོགས་པ་ཉིད་ལ་སྤང་བ་བྱ་སྟེ། སྦྱིན་པར་བྱ་བའི་ཕྱིར་ཡིན་གྱི། རུང་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། གང་ཟག་གསལ་ཞིང་ཡིད་གཅུགས་པ་ལ་སྤང་བར་བྱ་བའི་མི་གསལ་བ་དང༌། །ཡིད་མི་གཅུགས་པ་ལ་མ་ཡིན་ནོ། །མི་གསལ་བ་ལ་སྤངས་པ་ལས་གལ་ཏེ་མི་གསལ་བ་སྟེ་སླར་མི་སྟེར་ན་མཐུས་ཀྱང་དབྲོག་པར་བྱའོ། །སྤང་བར་འགྱུར་བ་རུང་བར་བྱ་བའི་ཕྱིར་སྤང་གི །གཏན་དུ་སྦྱིན་པའི་ཕྱིར་མ་ཡིན་ནོ། །དེ་བཞིན་དུ་རེ་བ་དང་བཅས་པའི་སེམས་ཀྱིས་ཀྱང་སྤང་བ་ནི་སྤངས་པ་མ་ཡིན་ནོ། །སྤངས་པ་སུམ་ཅུ་རྫོགས་སོ།། །།འདུལ་བ་བསྡུས་པ་བམ་པོ་བརྒྱད་པ། རྒྱལ་པོའི་ཁབ་ན་སྟེ། སྒྲ་གཅན་འཛིན་ལ་དྲིས་ན་ཐོ་འཚམས་པའི་ཕྱིར་དེ་བཞིན་གཤེགས་པ་གཞན་ན་བཞུགས་ན་གཞན་དུ་བསྟན་པ་དང༌། མཉན་ཡོད་ན་དགེ་སློང་ལག་རྒྱུད་ཀྱིས་ལྷོ་ལམ་ནས་འོངས་པའི་རྒོལ་བ་དང༌། དུས་བྱས་པ་ལས་བརྫུན་གྱིས་བསླུས་པས་ན་ལྟུང་བའི་གཞིའི་དབང་དུ་མཛད་དེ། བཅབ་པའི་ཉོན་མོངས་པའི་ཕྱིར། བརྫུན་དུ་སྨྲས་པའི་ཚོགས་ཀྱི་ལྟུང་བྱེད་དང་པོར་བཅས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་འདུས་ཤེས་སྦས་ཞེས་བྱ་བའི་ཐ་ཚིག་གོ །བརྫུན་དུ་སྨྲ་ན་ཞེས་བྱ་བ་ནི་དོན་གཞན་དུ་འདུག་པ་ལས་ཤེས་པའི་སྐྱེས་བུ་ལ་སླུ་བའི་ཕྱིར་གཞན་དུ་སྨྲ་བ་ནི་བརྫུན་དུ་སྨྲའོ། །དེ་ཡང་རྣམ་པ་དགུ་ནས་རྣམ་པ་གཉིས་ཀྱི་བར་དུ་སྟེ་དེ་ལ་རྣམ་པ་དགུ་ནི་ལྟུང་བ་སྡེ་ལྔ་དང༌། ཉམས་བཞིའོ། །རྣམ་པ་བརྒྱད་ནི་ལྟུང་བ་སྡེ་ལྔ་དང༌། གཞི་མེད་པ་གསུམ་མོ། །རྣམ་པ་བདུན་ནི་ཉམས་པ་བཞི་དང༌། གཞི་མེད་པ་གསུམ་མོ། །རྣམ་པ་དྲུག་ནི་སྦྱོར་བ་དང༌། དངོས་གཞི་དང་མཇུག་སྟེ། བརྫུན་དུ་སྨྲ་བར་བསམས་པ་གསུམ་དང༌། གཞི་མེད་པ་གསུམ་མོ། །རྣམ་པ་ལྔ་ནི་ལྟུང་བ་སྡེ་ལྔའོ། །རྣམ་པ་བཞི་ནི་ཉམས་པ་བཞིའོ། །རྣམ་པ་གསུམ་ནི་གཞི་མེད་པ་གསུམ་མོ། །ཡང་རྣམ་པ་གསུམ་སྟེ། བརྫུ་ན་


DTG151_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲ་བར་འདོད་ནས། བརྫུན་དུ་སྨྲའོ་སྙམ་དུ་བསམས་པ་དང༌། དེ་བཞིན་དུ་སྨྲ་བ་དང༌། དེ་བཞིན་དུ་སྨྲས་ཟིན་པའོ། །རྣམ་པ་གཉིས་ནི་བརྫུན་དུ་སྨྲ་བར་བསམས་པ་གཉིས་ཏེ། སྨྲ་བ་དང༌། སྨྲས་ཟིན་པའོ། །བརྫུན་དུ་སྨྲ་བ་རྣམ་པ་གཅིག་ནི་མེད་དོ། །ལྟུང་བའི་དབྱེ་བ་ནི་རྣམ་པ་ལྔ་སྟེ། དེ་ལ་ནི་མིའི་ཆོས་ལས་བླ་མར་གྱུར་པ་སྨྲས་པས་ཕམ་པར་འགྱུར་བ་དང༌། སྐུར་བ་བཏབ་པས་དགེ་འདུན་ལྷག་མར་འགྱུར་བ་དང༌། དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པས་ན་སྦོམ་པོར་འགྱུར་བ་དང༌། སོ་སོར་ཐར་པ་འདོན་པའི་ཚེ་ལྟུང་བ་ཅང་མི་སྨྲ་བར་བཅབས་པས་ན་ཉེས་བྱས་སུ་འགྱུར་བ་དང༌། ཇི་སྐད་བསྟན་པ་རྣམ་པ་བཞི་པོ་དེ་དག་མ་གཏོགས་པའི་བརྫུན་དུ་སྨྲས་པ་གཞན་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྲེག་པ་དང༌། འཚེད་པ་དང༌། ངན་སོང་རྣམས་སུ་ལྟུང་བར་བྱེད་པས་ན་ལྟུང་བྱེད་དོ། །ངེས་པའི་ཚིག་གི་ཚུལ་གྱིས་ན་ལྟུང་བར་བྱེད་པའི་སྒྲས་ནི་ངེས་པའི་ཚིག་གི་དོན་བསྟན་པ་ཡིན་ནོ། །སྲེག་པ་དང་འཚེད་པ་ཞེས་བྱ་བ་ནི། ལྟུང་བར་བྱེད་ཅེས་བྱ་བའི་སྒྲའི་དོན་དུ་བསྟན་ཏོ། །ལྟུང་བ་གཞན་ཡང་ལྟུང་བར་བྱེད་མོད་ཀྱི། འོན་ཀྱང་མིང་དུ་ཆགས་པའི་སྒྲས་འགྲོ་བས་ན་བ་ལང་ཞེས་བྱ་བ་བཞིན་ཏེ། ཡུལ་ཉེ་བར་འཕྲོག་པར་བྱེད་པས་ཉེས་པ་མེད་དོ། །སྦྱོར་བས་ནི་ཐམས་ཅད་ཀྱང་ལྟུང་བྱེད་དུ་འདོད་མོད་ཀྱི། སྔར་སྨྲས་པ་བཞིན་ཏེ་ཉེས་པ་མེད་དོ། །མ་མཐོང་བ་ལ་སོགས་པ་ལ་མཐོང་ངོ་ཞེས་བྱ་བ་ལ་སོགས་པར་སྨྲས་ན། ཚིག་རེ་རེ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་མ་བརྗེད་པ་འམ། བརྗེད་ཀྱང་རུང༌། གོ་བཟློག་སྟེ་སྨྲས་པ་དང༌། ཡིད་གཉིས་ཟའམ་ཡིད་གཉིས་མི་ཟ་ན་ཡང་རུང༌། མ་མཐོང་བ་ལ་སོགས་པ་ཡང་རུང་སྟེ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་འདུ་ཤེས་དང༌། མཐོང་བ་ལ་སོགས་པ་ཡང་རུང་སྟེ། མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་འདུ་ཤེས་དང༌། འདུ་ཤེས་བཅབས་ནས་ཅི་ལྟར་བསམས་པ་བཞིན་གོ་བཟློག་པར་སྨྲས་པ་དང༌། མཐོང་བ་ལ་སོགས་པ་རྣམ་པ་བཞི་པོ་ཕན་ཚུན་གོ་བཟློག་པར་སྨྲས་ཀྱང་རུང༌། དེ་བཞིན་དུ་གཅིག་བརྗེད་ལ། གཞན་མ་བརྗེད་དམ། གཅིག་ལ་ཡིད་གཉིས་ཟ་སྟེ། གཞན་


DTG151_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་གཉིས་མི་ཟ་ན་ཡང་རུང༌། རྣམ་པ་དེ་ལྟ་བུར་ཕན་ཚུན་སྤེལ་ཞིང་སྨྲས་ན། ཚིག་རེ་རེ་ཡང་ལྟུང་བྱེད་དུ་འགྱུར་རོ། །སེམས་བསྐྱེད་པ་དེ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཕ་རོལ་པོ་ལ་ཇི་སྲིད་དུ་གོ་བར་མ་གྱུར་པ་དེ་སྲིད་དུ་བཤགས་པར་བྱ་བའི་ཉེས་བྱས་སོ། །ཕ་རོལ་པོ་བརྡ་མ་ཕྲད་པར་བརྫུན་དུ་སྨྲས་ན་ཉེས་བྱས་སོ། །ཁ་ཅིག་ན་རེ་ངག་གི་རིག་པར་བྱ་བའི་དོན་ལུས་ཀྱི་རིག་པར་བྱས་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་ཟེར་རོ། །མཐོང་བ་ལ་མཐོང་བར་འདུ་ཤེས་བཞིན་དུ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ། །མཐོང་བ་ལ་ཡིད་གཉིས་ཟ་སྟེ། མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ། །མ་མཐོང་ངོ་ཞེས་སྨྲས་ན་ཉེས་བྱས་སོ། །མ་མཐོང་བ་ལ་མཐོང་བར་འདུ་ཤེས་ཏེ། མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །མ་མཐོང་བ་ལ་ཡིད་གཉིས་ཟ་སྟེ། མ་མཐོང་ངོ་ཞེས་སྨྲས་སམ་མ་མཐོང་བ་ཞེས་ཀྱང་རུང་སྟེ། སྨྲས་ན་ཉེས་བྱས་སོ། །དེ་ལྟ་བས་ན་འདི་ལ་ནི་འདུ་ཤེས་ཀྱི་དབྱེ་བ་འབའ་ཞིག་ལས་ལྟུང་བར་འགྱུར་གྱི། དངོས་པོ་ནི་དེ་བཞིན་ཡིན་ཡང་རུང་མ་ཡིན་ཡང་རུང་ངོ༌། །ཁྱིམ་པའི་ཆ་ལུགས་སམ་མུ་སྟེགས་ཅན་གྱི་ཆ་ལུགས་སུ་བྱས་ཏེ། སོང་བ་ལ་དྲིས་ན་ང་ཁྱིམ་པའམ་མུ་སྟེགས་ཅན་ནོ་ཞེས་སྨྲས་ན་ལྟུང་བྱེད་དོ། །ཁྱིམ་པའམ་གཞན་མུ་སྟེགས་ཅན་གྱི་ཆ་ལུགས་སུ་བསྒྱུར་ན་ཉེས་བྱས་སོ། །ཀུན་དུ་འཚོ་བའི་ཆ་ལུགས་སུ་བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་བྱས་ཀྱང་བསླབ་པ་ཕུལ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་ལ་སོགས་པ་རབ་ཏུ་བྱུང་བ་ལ་ཁྱོད་འདྲེན་མཁན་ཡིན་ནོ་ཞེས་སྨྲས་པ་དང༌། དེ་བཞིན་དུ་བཟོ་ལ་སོགས་པ་ཡང་ངོ༌། །བསླབ་པ་མ་ཉམས་པ་ལ་དགེ་འདུན་ན་རེ་ཁྱོད་བསླབ་པ་ཉམས་པའོ་ཞེས་སྨྲས་པ་དང༌། མཁན་པོ་གཞན་ཡིན་ལ་གཞན་དུ་བསྟན་པས་ནི་བསླབ་པ་ཕུལ་བར་མི་འགྱུར་རོ། །མ་ཆགས་པ་ལ་ཁྱོད་ལ་ངའི་བུ་ལོན་ཆགས་སོ་ཞེས་སྨྲས་པ་དང༌། བསླབ་པ་ཕུལ་ལོ་ཞེས་སྨྲས་པ་དང༌། ཁྱོད་ལོ་མ་ལོན་ནོ་ཞེས་བྱ་བ་དང༌། བསླབ་པ་བྱིན་པའོ་ཞེས་སྨྲས་པ་དང༌། དགེ་སློང་ལ་ཁྱོད་སུ་ཡིན་ཞེས་དྲིས་པ་དང༌། དགེ་སློང་མ་དང་ལྷ་ལ་སོགས་པ་ཡིན་ནོ་ཞེས་སྨྲས་པ་དང༌། དགེ་ཚུལ་ལ་སོགས་


DTG151_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་ལེན་པ་ཙམ་གྱིས་ནི་དེ་ལྟར་མི་སེམས་པའི་ཕྱིར། བསླབ་པ་ཕུལ་བར་མི་འགྱུར་ཏེ། ཐམས་ཅད་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །བྲམ་ཟེ་ལ་སོགས་པ་རབ་ཏུ་བྱུང་བ་ལ་ཁྱོད་འདྲེག་མཁན་གྱི་ལས་བྱེད་དམ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ། །མི་ཤེན་པར་སྨྲས་པ་དང༌། འདུ་ཤེས་གཞན་དུ་མ་ཡིན་པ་དང༌། བསྐལ་བའི་རྣམ་གྲངས་དང༌། སྟོང་པ་ཉིད་དུ་དང༌། འདས་པ་མ་མཐོང་བ་ལས་བསམས་ནས་སྨྲས་ན་ལྟུང་བ་མེད་དོ། །བསམས་པ་མེད་པར་ཁས་བླངས་ནས་མ་བྱས་ན། ཐམས་ཅད་ལ་ཡང་ཉེས་བྱས་སུ་འགྱུར་རོ། །རྣམ་པ་གཞན་དུ་འདུ་ཤེས་པ་དང༌། དེ་ནས་སྨྲས་པ་དང༌། ཕ་རོལ་པོས་བརྡ་ཕྲད་པར་གྱུར་ན་འདི་གསུམ་ནི་ཡན་ལག་ཏུ་འགྱུར་ཏེ། ངག་གིས་དང༌། སེམས་ཀྱིས་ཀུན་ནས་བསླང་བའོ། །དེ་བཞིན་དུ་ངག་ལས་བྱུང་བ་ཐམས་ཅད་ལ་ཡང་རིག་པར་བྱའོ་དང་པོའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་དགེ་སློང་རྣམས་ལ་ཐེང་པོ་ལ་སོགས་པར་སྨྲས་ཤིང་ཀུན་དུ་སྤྱོ་བ་དང༌། རབ་ཏུ་སྤྱོ་བ་དང༌། རབ་ཏུ་བྱུང་བའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་གཉིས་པ་བཅས་སོ། །མིའི་སྐྱོན་ནས་སྨྲ་ན་ཞེས་བྱ་བ་ནི་ཉེས་པར་སྨྲ་བ་ཡིན་ཏེ། རྒྱུའི་དོན་གྱི་ལྔ་པ་སྟེ། དེ་ཉིད་རྒྱུར་གྱུར་པས་ན་ལྟུང་བྱེད་དུ་འགྱུར་ཏེ་དེ་བཞིན་དུ་གཞན་ཡང་ངོ༌། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བར་བསམས་ཏེ། ཁྲོས་སམ་ང་རྒྱལ་གྱིས་ཀྱང་རུང༌། དགེ་སློང་ལ་རིགས་ལ་སོགས་པ་གཞི་བརྒྱད་པོ་རྣམས་ཀྱིས་སྨྲས་ན་དགེ་སློང་མི་དགའ་བར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་སྟེ། ལྟུང་བྱེད་དུ་འགྱུར་རོ། །དེ་ལ་རིགས་ནི་བྲམ་ཟེ་ལ་སོགས་པ་སྟེ། སྐུད་རིས་མཁན་ལ་སོགས་པར་དབྱེ་ན་རྣམ་པ་དུ་མའོ། །བྲམ་ཟེ་དང་རྒྱལ་རིགས་དག་ལ་ནི་ཉེས་བྱས་སོ། །དེ་ལ་མིའི་སྐྱོན་ནས་སྨྲ་བར་ནི་བསམས་མོད་ཀྱི་སྐྱོན་ནས་སྨྲས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་དང༌། རྒྱལ་རིགས་ལ་བཟོ་དང་ལས་ཀྱང་བརྗོད་པར་བྱའོ། །བཟོ་ནི་བྲམ་ཟེ་ལ་སོགས་པ་དང༌། ཁ་བ་རིས་མཁན་དང༌། ཟངས་མཁན་དང༌། ལྕགས་མགར་དང༌། ཁར་བ་མཁན་དང༌། ལྷ་མ་མཁན་དང༌། རྫ་མཁན་དང༌། འདྲེག་


DTG151_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དང༌། ཤིང་མཁན་དང༌། རེ་ལྡེ་མཁན་དང༌། བྲན་ལ་སྟེ། བཟོ་ལ་སོགས་པ་རྣམ་པ་དུ་མར་དབྱེའོ། །ལས་ནི་བྲམ་ཟེའི་ལས་སུ་བྱ་བ་ལ་སོགས་པ་རྣམ་པ་དུ་མར་དབྱེ་བ་ཡིན་ནོ། །བཟོ་མ་བསླབས་པ་ལས་བརྩམས་ཏེ། བསླབ་པར་བྱའོ་ཞེས་སྨྲས་པའོ། །བསླབས་པ་ལས་བརྩམས་ཏེ་ཁྱོད་ཀྱིས་ལས་འདི་བྱའོ་ཞེས་སྨྲ་བ་ཡིན་ཏེ། ཁྱད་པར་ནི་དེ་ཡོད་དོ། །རྟགས་ཏེ་ཐེང་པོ་དང༌། ལག་པ་ཞ་བ་དང༌། མེའུ་ཐུང་ལ་སོགས་པར་དབྱེ་བར་བྱའོ། །ནད་དེ་མཛེ་ལ་སོགས་པར་དབྱེ་བའོ། །ལྟུང་བ་སྟེ་ལྟུང་བ་སྡེ་ལྔའོ། །ལྟུང་བ་སྦོམ་པོ་ཡང་དེའི་ཕྱོགས་ཉིད་དོ། །ཉེ་བའི་ཉོན་མོངས་པ་སྟེ་ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། གཡོ་དང༌། སྒྱུ་ལ་སོགས་པ་རྣམ་པ་དུ་མར་དབྱེའོ། །སྤྱོ་བ་སྟེ་ཁྱོད་ནི་ཚོགས་ཆེན་མའི་བུའོ་ཞེས་སྨྲ་བ་ལ་སོགས་པ་ལྟ་བུ་སྟེ། གང་དང་གང་ལ་བརྟེན་ནས་བདེན་ནམ་མི་བདེན་པས་ཀྱང་རུང་སྟེ། ཁྲོས་སམ་ང་རྒྱལ་གྱིས་ཀུན་དུ་དཀྲིས་ནས་སྨྲས་ན། ཐམས་ཅད་ཀྱང་ལྟུང་བར་འགྱུར་རོ། །མི་བདེན་ན་ལྟུང་བྱེད་གཉིས་སུ་འགྱུར་རོ། །སྔོན་ལྟུང་བ་བྱུང་བ་དང༌། དང་པོ་འཁྲུགས་པ་དང༌། རྐུ་ཐབས་སུ་གནས་པ་དང༌། ཟ་མ་དང༌། མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། མི་མ་ཡིན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་དང༌། གླེན་པ་དང༌། ལྐུགས་པ་དང༌། འོན་བ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་ལ་སྨྲས་ན་ཉེས་བྱས་སོ། །དགེ་སློང་མས་དགེ་སློང་མ་ལ་སྨྲས་ན་ལྟུང་བྱེད་དོ། །དགེ་སློང་ལ་སོགས་པ་ལ་སྨྲས་ན་ཉེས་བྱས་སོ། །ཚུལ་དེ་བཞིན་དུ་དགེ་སློང་གི་བསླབ་པའི་གཞིར་གཏོགས་པ་ཐམས་ཅད་ལའོ། །དགེ་ཚུལ་ལ་སོགས་པས་ཉོན་མོངས་པའི་སེམས་ཀྱིས་ལྷག་མ་དང་བཅས་པ་ཐམས་ཅད་ཀྱང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་ལ་སོགས་པ་བཅུ་པོ་རྣམས་ཀྱིས་ཀྱང་དགེ་སློང་ལ་སྨྲས་ན་ཉེས་བྱས་ཉིད་ཀྱི་ལྟུང་བའོ། །དེ་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་ངོ༌། །འཕགས་པས་མཐའ་འཁོབ་པ་ལའམ། འཐབ་འཁོབ་པས་


DTG151_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལ་ཡང་རུང༌། སྐད་གཞན་གྱིས་སྨྲས་ཏེ་དེས་ཀྱང་བརྡ་མ་ཕྲད་ན་ཉེས་བྱས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཉེས་བྱས་སོ། །དེ་བཞིན་དུ་ངག་དང་ལྡན་པར་ཕྱིས་འབྱུང་བ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཁྱིམ་པ་ལ་སྨྲས་ན་ཉེས་བྱས་སོ།། དེའི་རང་བཞིན་ཉིད་ལ་དེའི་རང་བཞིན་ཉིད་དུ་འདུ་ཤེས་པ་དྲུག་ཏུ་སྦྱར་ཏེ། ལྔ་ལ་ནི་ལྟུང་བར་འགྱུར་ལ། གཅིག་ལ་ནི་ལྟུང་བ་མེད་དོ། །མིང་མཐུན་པ་མང་བ་ལ་ནི་དེར་རྣམ་གྲངས་སུ་བརྗོད་ན་ལྟུང་བ་མེད་དོ། །སངས་རྒྱས་སྐྱོང་གང་ཡིན་པ་ཞེས་ཟེར་བ་ལ། བྲམ་ཟེ་ལས་རབ་ཏུ་བྱུང་བ་གང་ཡིན་པ་དེའི་ཞེས་བྱ་བ་རྒྱས་པར་རོ། །སྔར་མ་བསམས་པར་སྨྲས་སམ། སྟོན་ནམ། ཆོས་བཤད་པར་བསམས་སམ། ཕན་པར་བསམས་ན་ལྟུང་བ་མེད་དོ། །ཡན་ལག་བཞི་སྟེ། གཞན་དགེ་སློང་དང༌། སྐྱོན་ནས་སྨྲ་བར་བསམས་པ་དང༌། དེ་ནས་སྨྲས་པ་དང༌། ཕ་རོལ་པོས་ཁོང་དུ་ཆུད་པའོ། །རིགས་དང༌། བཟོ་དང༌། ལས་རྣམས་དང༌། རྟགས་དང༌། ནད་ཀྱིས་ཉེན་པ་དང༌། ལྟུང་བ་སྡེ་ལྔ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང་ནི་སྤྱོ་བར་བྱེད་པ་ཐ་མར་དྲན་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ལས་བརྩམས་ཏེ། འཁོར་གྱི་གཞིའི་དབང་དུ་མཛད་ནས། འཁོར་འཛིན་པའི་ཉོན་མོངས་པས་ན་གསུམ་པ་བཅས་སོ། །དགེ་སློང་ཕྲ་མ་བྱེད་ན་ཞེས་བྱ་བ་ནི་དགེ་སློང་གཉིས་ལ་ཕྲ་མ་བྱེད་ཅེས་ཚིག་རྣམ་པར་སྦྱར་རོ། །དགེ་སློང་བཟུང་བས་ནི། དགེ་སློང་མ་རྣམས་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །དབྱེ་བར་བསམས་ཤིང་ཉོན་མོངས་པའི་སེམས་ཀྱིས་སྨྲ་བ་ནི་ཕྲ་མའོ། །ཡོ་བྱད་ཀྱི་ཕྱིར་རམ། གནོད་པར་བྱེད་པའི་མཚན་མ་དྲན་པའི་ཕྱིར་རམ། ཕྲག་དོག་ཏུ་གྱུར་པ་འམ། ཐ་ན་ཆོས་ཀྱི་ཕྱིར་རམ། སྟོན་པའམ། ཁ་ཏོན་དུ་བྱེད་པ་འམ། གནས་འཆའ་བ་ལ་སོགས་པའི་ཕྱིར་ཡང་རུང་སྟེ། གཅིག་གིས་གཅིག་ལའམ། གཉིས་དག་ལ་འམ། མང་པོ་རྣམས་ལའམ། དགེ་འདུན་ལའམ། དེ་བཞིན་དུ་གཉིས་ཀྱིས་གཅིག་ལའམ། དགེ་འདུན་ལ་བྱེད་པའི་བར་དུ་སྟེ། དེ་བཞིན་དུ་


DTG151_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་སམ། དེ་བཞིན་དུ་དགེ་འདུན་གྱིས་གཅིག་ལ་འམ། དགེ་འདུན་ལ་བྱེད་པའི་བར་དུའོ། །དེ་ལ་ལྟུང་བ་བྱེད་པའི་ཁྱད་པར་ནི་ཡོད་ཀྱི་ལྟུང་བའི་ཁྱད་པར་ནི་མེད་དོ། །དགེ་སློང་དབྱེ་བར་བསམས་ནས་དགེ་སློང་གཞན་གྱི་མིའི་སྐྱོན་དུ་སྨྲས་པ་དེ་དག་གཞན་ལ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ལ་འདི་སྐད་ཅེས་ཟེར་རོ་ཞེས་སྨྲ་བའོ། །དེ་ལ་དེས་གང་སྨྲས་པའི་མིང་ཉི་ཚེ་སྨོས་ན་ཐམས་ཅད་ལ་ཡང་ཉེས་བྱས་སུ་འགྱུར་རོ། །རིགས་ལ་སོགས་པ་རྣམ་པ་བརྒྱད་ཀྱི་གཞི་མ་སྨོས་ན་ཉེས་བྱས་སུ་འགྱུར་གྱི་ལྟུང་བྱེད་ནི་མ་ཡིན་ནོ། །གཞི་སྨོས་ན་ལྟུང་བྱེད་དོ། །ཕ་རོལ་པོ་བྱེ་ཡང་རུང་མ་བྱེ་ཡང་རུང་ཚིག་ཏུ་སྨྲས་པ་ཙམ་གྱིས་ལྟུང་བར་འགྱུར་རོ། །ས་ལ་འདུག་པས་ནམ་མཁའ་ལ་འདུག་པ་ལ་བྱེད་དམ། ནམ་མཁའ་ལ་འདུག་པས་ས་ལ་འདུག་པ་དང༌། མཚམས་ཀྱི་ནང་དུ་འདུག་པས་མཚམས་ཀྱི་ཕྱི་རོལ་ན་དུག་པ་ལ་འམ། གོ་བཟློག་པའམ། གཉི་ག་མཚུངས་པའམ། མཚམས་མ་ནན་ཏེ་འམ། རྒལ་ཀྱང་ངོ༌། །བསླབ་པ་བྱིན་པ་ལ་ཡང་ལྟུང་བ་དགེ་སློང་དང་འདྲ་བར་ཐམས་ཅད་དུ་རིག་པར་བྱའོ། །སྔོན་ལྟུང་བ་བྱུང་བ་ལ་སོགས་པ་ནས། དགེ་ཚུལ་མ་རྣམས་ཀྱི་མཐའི་བར་དུ་འབྱེད་པ་དང༌། དེ་དག་གི་དགེ་སློང་ཕྱེ་ན་ཡང་ཉེས་བྱས་སུ་འགྱུར་རོ། །དབྱེ་བར་གྱུར་པའི་ཚིག་ཏུ་སྨྲས་ལ་ཕ་རོལ་པོས་ཁོང་དུ་ཆུད་པར་མི་བྱེད་ན་ཉེས་བྱས་སོ། །དེ་ལ་འང་དེའི་རང་བཞིན་ཉིད་ཡིན་ལ། དེའི་རང་བཞིན་ཉིད་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ་སྔ་མ་བཞིན་ཏེ། ཐམས་ཅད་ཀྱང་ལྟུང་བྱེད་དོ། །ཕན་པར་བསམས་པ་དང་སྡིག་པའི་གྲོགས་པོ་ལས་ཕྱེ་ན་ལྟུང་བ་མེད་དོ། །དབྱེ་བར་བསམས་པ་དང༌། དེ་སྐད་དུ་སྨྲས་པ་དང༌། ཕ་རོལ་པོས་ཁོང་དུ་ཆུད་པ་སྟེ། ཡན་ལག་གསུམ་གྱིས་སོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཆོས་བཞིན་དུ་ལས་བྱས་པ་ལས་སྐྱོ་སྡོགས་བྱེད་པས་ན། རྩོད་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་བཞི་པ་བཅས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་རིག་པའམ། གཞན་གྱིས་བསྟན་པར་གྱུར་པ་སྟེ། གསལ་བ་རྣམས་ཀྱིས་ལས་དེ་ཚུལ་བཞིན་དུ་བྱས་པར་རོ། །ཅི་སྟེ་ཆོས་བཞིན་མ་ཡིན་པར་བྱས་པར་ཤེས་པ་ལ་ཉེས་པ་


DTG151_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །མཐུན་པ་ཞེས་བྱ་བ་ནི། ཐམས་ཅད་མཚམས་ཀྱི་ནང་དུ་ཕྱིན་པ་ལ་བྱ་བའང་ཐོབ། །མངོན་སུམ་དུའང་གྱུར། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་བླངས་པའམ། དེ་དག་མངོན་སུམ་དུ་གྱུར་ཀྱང་སླར་བཟློག་པ་མི་འཆགས་པ་ནི། གང་དག་གིས་སླར་བཟློག་ཀྱང་བརྟན་པ་རྣམས་ཀྱིའོ། །བྱ་བའང་ཐོབ་ཅེས་བྱ་བ་ནི། གང་གི་ལས་བྱ་བར་འོས་པའམ། ཇི་སྙེད་ཀྱི་ལས་གང་བྱ་བ་དེ་སྙེད་རྣམས་བྱ་བ་ཐོབ་པའོ། །གང་གིས་མི་འཆགས་ཤེ་ན། གང་ཟག་བཅུ་བཞི་རྣམས་ཀྱིའོ། །འདི་ལྟ་སྟེ། བུས་པའི་སྟེ། ཉེས་པར་བསམས་པ་སེམས་པ་དང། ཉེས་པར་སྨྲ་བ་སྨྲས་པ་དང༌། ཉེས་པར་བྱ་བ་བྱེད་པ་དང༌། གླེན་པའི་སྟེ། གང་མདོ་སྡེ་ལ་སོགས་པ་མི་འཛིན་པ་དང༌། མི་གསལ་བའི་སྟེ། གང་དེའི་དོན་ཁོང་དུ་མ་ཆུད་པ་དང༌། མི་མཁས་པའི་སྟེ། གང་དེའི་ཚིག་གི་དོན་ངེས་པར་མི་མཁས་པ་དང༌། ངོ་ཚ་མེད་པའི་སྟེ། གང་ཕམ་པར་འགྱུར་བ་བྱུང་བ་དང༌། ནང་དང་བཅས་པའི་སྟེ། གང་འཐབ་མོ་བྱེད་པ་དང༌། མཚམས་ཀྱི་ཕྱི་རོལ་ན་འདུག་པའི་སྟེ། གང་ཐོས་པའི་ཉེ་འཁོར་སྤངས་པ་དང༌། མཚམས་ཀྱི་ནང་ན་འདུག་པའི་སྟེ། གང་ནམ་མཁའ་ལ་གནས་པ་དང༌། མཚམས་ཀྱི་ནང་ན་འདུག་ཀྱང་གནས་ནས་ཕྱུང་བ་དང༌། ངག་ཡང་དག་པར་མི་སྡོམ་པའི་སྟེ། གང་བརྫུན་དུ་སྨྲ་བ་ནས་ཚིག་འཁྱལ་པ་སྨྲ་བའི་བར་དུ་དང༌། །སྤྱོད་ལམ་ལས་ཉམས་པའི་སྟེ། གང་སྟན་གང་ལ་འདུག་པ་དེ་ལས་ལངས་པར་གྱུར་པ་དང༌། རང་བཞིན་དུ་མི་གནས་པའི་སྟེ། གང་སྤྱད་པར་བྱ་བ་ཡིན་པ་ཀུན་དུ་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་དང༌། བསླབ་པ་བྱིན་པའི་དང༌། གང་ལ་ཆོས་བཞིན་དུ་ལས་བྱེད་པའོ། །གང་ལ་མ་དག་པའོ་ཞེས་གསུངས་པ་འང་མི་འཆགས་སོ་ཞེས་བྱ་བ་ནི་དེ་ཡང་ངོ་ཚ་མེད་པ་ཞེས་བྱ་བ་ལས་ལྷག་པ་མ་ཡིན་ནོ། །གང་གིས་འཆགས་ཤེ་ན། རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་སྔོམ་པ་དང༌། མཚམས་ཀྱི་ནང་དུ་འདུག་པར་གྱུར་པ་དང༌། སྤྱོད་ལམ་ལས་མ་ཉམས་པ་དང༌། དེ་བཞིན་དུ་གང་ལ་ཆོས་བཞིན་དུ་ལས་མ་བྱས་པ་དང༌། རང་བཞིན་དུ་གནས་པ་མ་ཡིན་པ་ལས་རང་བཞིན་དུ་གནས་པར་འགྱུར་བའིའོ། །ལས་བྱེད་པའི་ཚེ་ཡང་གང་གིས་འཆགས་ཤེ་ན།


DTG151_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། གང་ཟག་བཅུ་གཉིས་བསྐོ་བའི་ཚེ་མི་འདོད་པ་དང༌། དེ་བཞིན་དུ་དགེ་ཚུལ་དང༌། དགེ་སློང་མ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་དང༌། དགེ་ཚུལ་མ་ལ་བསླབ་པ་བྱིན་པའི་ཚེ་ཡང་ངོ༌། །སྤོ་བར་བྱེད་པར་འོས་པ་ལ་སོགས་པ་ལ་སྤོ་བ་བྱེད་དུ་གཞུག་པ་སྦྱིན་པའི་ཚེའོ། །འདིས་ནི་འདི་ལྟར་མི་མཐུན་པའི་ལས་ནི་སྤང་བ་དང༌། མཐུན་པའི་ལས་བསྟན་པར་འགྱུར་རོ། །དགེ་འདུན་ཞེས་བྱ་བ་ནི་གཞི་ཚོགས་པ་ལ་སོགས་པ་སྟེ། དེ་ལས་ཉུང་བས་བྱས་ན་བྱས་པ་མ་ཡིན་ཏེ། དེ་ལྟར་འདུ་ཤེས་ཤིང་དེ་ལ་སྐྱོ་སྡོགས་བྱས་ན་ལྟུང་བ་མེད་དོ། །དེ་བཞིན་བསླབ་པ་བྱིན་པས་གྲངས་སུ་བསྐང་བ་དང༌། ཁྱིམ་པ་དང༌། ཟ་མ་དང༌། མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། མཚམས་མེད་པ་བྱས་པ་དང༌། མུ་སྟེགས་ཅན་དང༌། མུ་སྟེགས་ཅན་ཞུགས་པ་དང༌། རྐུ་ཐབས་སུ་གནས་པ་དང༌། ཐ་དད་དུ་གནས་པ་དང༌། གནས་པར་མི་བྱ་བ་དང༌། སྤོ་བ་བྱེད་པ་དང། འོན་པ་གང་གིས་གསོལ་བ་མི་ཐོས་པ་དང༌། སྐད་མི་ཤེས་པ་དང༌། ཁས་བླངས་པས་ཁས་མ་བླངས་པའམ། གོ་བཟློག་པའང་རུང༌། ས་ལ་འདུག་པས་ནམ་མཁའ་ལ་གནས་པའམ། གོ་བཟློག་པ་ཡང་རུང་སྟེ། གྲངས་སུ་བསྐང་ཞིང་ལས་བྱས་ན་བྱས་པ་མ་ཡིན་ནོ།། དེ་ལྟར་བྱས་ན་ཉེས་བྱས་སོ། །གཅིག་གིས་གཅིག་ལ་བྱེད་པ་དང༌། གཉིས་སམ་མང་པོ་ལ་འམ། བཞི་ལ་འམ། གཉིས་ཀྱིས་གཅིག་ལ་འམ། གཉིས་སམ། མང་པོ་འམ། བཞི་ལ་ལས་བྱས་ན་ཉེས་བྱས་སོ། །མང་པོས་གཅིག་ལའམ། གཉིས་ལའམ། མང་པོ་ལ་འམ། བཞི་ལ་ལས་བྱས་ན་ཉེས་བྱས་སོ། །ཚོགས་ཀྱིས་ཚོགས་ལ་ལས་བྱས་ན་དབྱེན་དུ་གཏོགས་པའི་སྦོམ་པོར་འགྱུར་རོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་བཅོམ་ལྡན་འདས་ཀྱིས་ལས་བྱས་པའི་ཆོ་ག་གསུངས་པ་ལྟར་ཏེ། འདི་ལྟ་སྟེ། དབྱུང་བར་མི་འོས་པ་ལ་དབྱུང་བའི་ལས་བྱེད་ན་ཆོས་བཞིན་གྱི་ལས་མ་ཡིན་ཏེ། དེ་བཞིན་དུ་ལས་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །གསོལ་བའི་ལས་དང༌། གསོལ་བ་དང༌། གཉིས་སམ། གསོལ་བ་དང་བཞི་ལ། གསོལ་པ་མ་བྱས་སམ། ལས་ཀྱི་ཚིག་མ་བརྗོད་ཀྱང་རུང་སྟེ། བྱས་ན་


DTG151_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཞིན་གྱི་ལས་མ་ཡིན་ནོ། །ལྷག་པ་ལ་ནི་ཉེས་པ་མེད་དེ་མ་ཚང་ན་མ་བྱས་པའོ། །གལ་ཏེ་ལས་བྱེད་པའི་ཚེ་དགེ་འདུན་རྣམས་དོན་གཅིག་གི་ཕྱིར་ལངས་ན། གཅིག་གིས་དཀྲུགས་པ་ཡང་གསོལ་བ་བགྱིའོ་ཞེས་བརྗོད་ལ་ཡང་གསོལ་བ་བྱའོ། །གལ་ཏེ་ཐམས་ཅད་ཀྱིས་ཕྱེད་བྱས་པ་ལས་ལངས་ན་དེ་བཞིན་དུ་དཀྲུག་གོ །དེ་ལྟར་ལས་གཞན་གྱི་གསོལ་བ་བྱས་ལ། ལས་གཞན་དུ་འོས་པ་ལས་གཞན་བྱེད་ན་ཆོས་མ་ཡིན་པའི་ལས་ཡིན་ཏེ། སླར་བཟློག་པ་ནི་ཆོས་ཀྱི་ལས་སོ། །ཆོས་དང་ལྡན་པ་མ་ཡིན་པའི་ལས་རྣམ་པ་ལྔ་སྟེ། ཆོས་མ་ཡིན་པས་མི་མཐུན་པར་བྱེད་པ་རྣམས་དང༌། ཆོས་མ་ཡིན་པས་མཐུན་པར་བྱེད་པ་རྣམས་དང༌། ཆོས་ཀྱིས་མི་མཐུན་པར་བྱེད་པ་རྣམས་དང༌། ཆོས་ལྟར་བཅོས་པས་མི་མཐུན་པར་བྱེད་པ་རྣམས་སོ། །ལས་བྱ་བར་འོས་པ་ལས་བྱས་ན་ཆོས་བཞིན་ནོ། །ལས་བྱ་བར་མི་འོས་པ་བསྒོ་སྟེ། གསོལ་བ་བྱས་ན་ལས་བྱེད་པ་ནི་ཆོས་ལྟར་བཅོས་པའོ། །དེ་བཞིན་དུ་གང་ཆོས་ཀྱིས་མཐུན་པར་བྱེད་པ་རྣམས་ནི་ཆོས་དང་ལྡན་པའོ། །བསླབ་པ་འབྱིན་པ་ལ་སོགས་པས་ཚུལ་ཤིང་བྲིམས་ཏེ། ལས་བྱས་ན་མ་བྱས་པར་བལྟ་བར་བྱའོ། །གཉིད་ཀྱིས་ལོག་པ་ལ་གནས་ནས་འབྱིན་པར་བྱེད་ན་གལ་ཏེ་གསོལ་བ་བྱས་ནས་གནས་ནས་དབྱུང་བ་ཡིན་ཏེ། དེ་བཞིན་དུ་སྙོམས་པར་ཞུགས་པ་ལ་ཡང་ངོ༌། །གྲངས་སུ་བསྐང་བ་འམ། དགེ་འདུན་ཐམས་ཅད་ཀྱང་རུང་གསོལ་བ་ཐོས་ནས་གཉིད་ལོག་ན་གནས་ནས་ཕྱུང་བ་ཡིན་ནོ། །ཇི་སྟེ་ཉལ་བའི་འོག་ཏུ་གསོལ་བ་བྱས་ན་གནས་ནས་ཕྱུང་བ་མ་ཡིན་ནོ། །གནས་ནས་འབྱིན་པའི་ཚེ་གལ་ཏེ་ཅ་ཅོ་མང་པོ་འཛེར་བར་བྱེད་པས་ཐ་ན་གཅིག་གིས་ཁོང་དུ་ཆུད་ན་ཡང་གནས་ནས་ཕྱུང་བ་ཡིན་ནོ། །ལས་གཞན་གྱིས་གླེངས་ལ་གནས་ནས་འབྱིན་པར་བྱེད་ན་དེ་ཡང་གནས་ནས་ཕྱུང་བ་མ་ཡིན་ལ། ལས་བྱེད་པ་ལ་སྦོམ་པོའོ། །དགེ་འདུན་གྱི་དབུས་སུ་ལས་བྱེད་པས་ཆོ་བཞིན་མ་ཡིན་པ་ལ་ཆོས་སུ་སྟོན་ན་སྦོམ་པོའོ། །དགེ་འདུན་ཐམས་ཅད་ཀྱིས་རྗེས་སུ་གནང་ན། དགེ་འདུན་ཐམས་ཅད་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་འདུན་བྱེ་བ་ལས་ཕན་ཚུན་གྱི་ཕྱོགས་སུ་གནས་ནས་འབྱིན་པར་བྱེད་ན་གནས་ནས་ཕྱུང་བ་མ་ཡིན་ནོ། །སྐམ་ལ་གནས་པས་


DTG151_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་བསྐང་སྟེ། གནས་ནས་འབྱིན་པར་བྱེད་ལ། གལ་ཏེ་དེས་ཀྱང་རྗེས་སུ་གནང་ན་གནས་ནས་ཕྱུང་བ་ཡིན་ནོ། །མ་བསྒོ་བར་གནས་ནས་འབྱིན་པར་བྱེད་ལ། གལ་ཏེ་དགེ་འདུན་གྱིས་ཀྱང་རྗེས་སུ་གནང་བར་མ་གྱུར་ན། ལས་བྱེད་པ་ལ་སྦོམ་པོའོ། །ཇི་སྟེ་དགེ་འདུན་ཐམས་ཅད་ཀྱིས་རྗེས་སུ་གནང་ན་ལྟུང་བ་མེད་དེ། དགེ་འདུན་ལ་ནི་ཉེས་བྱས་ཏེ། དེ་ཡང་གནས་ནས་ཕྱུང་བ་ཡིན་ནོ། །རྣམ་པ་གཉིས་ཀར་ཡང་ཚུལ་ཤིང་འདྲིམ་པ་དང་བཞིས་གནས་ནས་འབྱིན་པར་བྱེད་ན། གནས་ནས་ཕྱུང་བ་མ་ཡིན་ནོ། །གནས་ནས་འབྱིན་པའི་ལས་ཀྱི་ཆོ་ག་ཇི་སྙེད་བསྟན་པ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བལྟ་བར་བྱའོ། །བསྡིགས་པའི་ལས་བྱས་པ་ལ་སྨད་པའི་ལས་བྱས་ན་བྱས་པ་ཞེས་བྱ་སྟེ། སྔ་མ་ནི་ཉམས་སོ། །དེ་བཞིན་དུ་ཕྱིར་འགྱེད་པ་དང༌། བསྐྲད་པ་ལས་གནས་ནས་ཕྱུང་བའི་ལས་བྱས་པ་ལ། ཕྱིར་འགྱེད་པ་ལ་སོགས་པའི་ལས་བྱས་པ་ཡང་ངོ། །གནས་ནས་དབྱུང་བར་བྱ་བ་ལ། བསྡིགས་པའི་ལས་བྱས་ན། དེ་མཚུངས་པར་སྤྱོད་པའི་འོས་མ་ཡིན་པས་ན། བྱས་པ་མ་ཡིན་པར་བརྗོད་པར་བྱའོ། །ལས་ཀྱི་ཚིག་གཅིག་གིས་གནས་གཉིས་སམ་གནས་མང་པོ་འམ། བཞི་ལ་ཡང་རུང་སྟེ། རེ་ལྡེ་ལ་སོགས་པས་མཚམས་མནན་ནས་ལས་བྱས་ན་ལྟུང་བ་མེད་དོ། །ས་ལ་འདུག་བ་དང༌། ནམ་མཁའ་ལ་གནས་པ་ལ་ལས་བྱས་ན་མ་བྱས་པའོ། །དེ་བཞིན་དུ་སླར་ལྡོག་པ་ཡང་ངོ༌། །དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་དེ་ཐུན་མོང་བ་ནི་མ་གཏོགས་སོ། །རྣམ་པར་ངེས་པ་ལྷག་མ་ཁ་ཅིག་ནི་སྨྲས་ཟིན་ཏོ། །ཁ་ཅིག་ནི་གདོད་སྨྲའོ། །དེ་ལྟ་བས་ན་ཆོས་བཞིན་དུ་བྱས་པ་ལས་དང་ཆོས་བཞིན་དུ་བྱ་བ་མ་ཡིན་པའི་ལས་སྤང་བར་བྱ་བ་བརྗོད་པའོ། །རྩོད་པ་ཞེས་བྱ་བ་ནི། འཁྲུག་པའི་དངོས་པོ་འམ་གཞི་ཞེས་བྱ་བའི་བར་དུའོ། །དེའི་དབང་དུ་བྱས་ནས་འདི་རྣམས་འབྱུང་བར་འགྱུར་རོ། ཞེས་ཀྱང་བྱའོ། །དེ་ཡང་མདོར་ན་རྣམ་པ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །དེ་དག་ཀྱང་རྣམ་པར་དབྱེ་བའོ། །རྒྱ་ཆེར་ནི་རྣམ་པ་མང་དུའོ། །སྦྱངས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའོ། །ཡང་


DTG151_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཞེས་བྱ་བ་ནི་དེ་ཡང་ལས་བྱེད་པའོ། །སྐྱོ་སྔོགས་ཞེས་བྱ་བ་ནི་མི་ལྟོས་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་འགྱེད་པའི་ཕྱིར་རྩོད་པ་ལ་རྩོད་པ་དེ་ཉིད་དུ་འདུ་ཤེས་སམ་རྩོད་པ་གཞན་དུ་འདུ་ཤེས་ཀྱང་རུང༌། ཆོས་བཞིན་དུ་ཉེ་བར་ཞི་བར་བྱས་པ་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཆོས་མ་ཡིན་པས་ཉེ་བར་ཞི་བར་བྱས་པ་ལ། ཆོས་བཞིན་དུ་ཉེ་བར་ཞི་བར་བྱས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་བས་སྐྱོ་སྔོགས་བྱས་ན་ཉེ་བྱས་སོ། །རྩོད་པ་བཞི་པོ་རེ་རེར་སྦྱར་བར་བྱའོ། །ཆོས་བཞིན་དུ་བྱས་པ་ལ་ཆོས་བཞིན་མ་ཡིན་པར་འདུ་ཤེས་པ་དང༌། ཆོས་བཞིན་མ་ཡིན་པ་ལ་ཆོས་བཞིན་དུ་མ་ཡིན་པར་འདུ་ཤེས་ཏེ། སྐྱོ་སྔོགས་བྱས་ན་གཉི་ག་ལ་ཡང་ལྟུང་བ་མེད་དོ། །གང་ཟག་ལྔ་སྟེ། གཉུག་མར་གནས་པ་སྟེ། གང་རྩོད་པའི་ཐོག་མ་དང༌། བར་དང༌། ཐ་མ་ཤེས་པ་དང༌། ལས་བྱེད་པ་སྟེ། གང་གིས་རྩོད་པ་དེའི་ལས་བྱེད་པ་དང༌། འདུན་པ་ཕུལ་བ་སྟེ། གང་གིས་མཚམས་སུ་ཕྱིན་ལ་མངོན་སུམ་དུ་མ་གྱུར་པས་རྗེས་སུ་གནང་བ་བྱིན་པ་དང༌། ལྟ་བ་སྨྲ་བ་སྟེ། གང་གིས་དེར་རང་གི་ལྟ་བ་མངོན་དུ་བྱེད་པ་དང༌། ལྟ་བ་སྨྲ་བ་ལ་ཆོས་བཞིན་མ་ཡིན་པ་ལྔ་སྟེ། ཐ་དད་པར་གནས་པ་དང༌། བསྙེན་པར་མ་རྫོགས་པ་དང༌། གནས་པར་མི་བྱ་བ་དང༌། ཚོགས་ཀྱི་དང༌། དངོས་པོ་ལྷག་མ་མ་ལུས་པས་ལྟ་བ་སྨྲ་བའོ། །གོ་བཟློག་པ་ནི་ཆོས་བཞིན་དུའོ། །གློ་བུར་དུ་འོངས་པ་སྟེ། གང་ཐོག་མ་དང༌། བར་མ་དང༌། ཐ་མ་མི་ཤེས་པའོ། །སྔ་མ་གསུམ་པོས་སྐྱོ་སྔོགས་བྱས་ན་ལྟུང་བྱེད་དོ། །ཕྱི་མ་གཉིས་པོས་ནི་ཉེས་བྱས་སོ། །གཉི་ག་ལ་ཡང་དགེ་སློང་ཡིན་ལ་རྩོད་པ་ལ་སྐྱོ་སྔོགས་བྱས་ན་ལྟུང་བྱེད་དོ། །དགེ་སློང་གིས་དགེ་སློང་བྱས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ཀྱི་ལྷན་ཅིག་པས་རྒྱུན་ཆགས་སུ་སྦྱར་རོ། །དགེ་སློང་གཉིས་ཀྱིས་རྩོད་པ་མ་གཏོགས་པར་དེ་ལས་གཞན་པའི་རྩོད་པ་ཐམས་ཅད་ལ་སྐྱོ་སྔོགས་བྱས་ན་ཉེས་བྱས་སོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དགེ་སློང་གིས་བསླབ་པ་བྱིན་པ་ལ་ཁྱོད་བསླབ་པ་བྱིན་པ་མ་ཡིན་ནོ་ཞེས་སྨྲས་ན་ཉེས་བྱས་སོ། །ཁྱོད་བསླབ་པ་བྱིན་པ་མ་ཡིན་ནོ་ཞེས་སྨྲས་ན། ཡན་ལག་ལྔ་སྟེ། ཕ་རོལ་པོ་དགེ་སློང་


DTG151_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩོད་པ་ཡིན་པ་དང༌། ཆོས་བཞིན་དུ་ཞི་བར་གྱུར་པ་དང༌། དེར་འདུ་ཤེས་སམ། ཐེ་ཚོམ་ཟའང་རུང་བ་དང༌། དེས་སྨྲས་པ་དང༌། ཕ་རོལ་པོས་གོ་བའོ། །བཞི་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་ཡན་ལག་གི་ནོར་བུ་ཞེས་བྱ་བའི་རིག་པས་བུད་མེད་ཀྱི་ཡུལ་ལ་བུད་མེད་ཀྱི་མཚན་ཉིད་གསང་བའི་གནས་ལ་སོགས་པ་སྟོན་པས་ན། བུད་མེད་ཀྱི་ཡུལ་ལ་ཆོས་བཤད་པ་བཀག་སྟེ། ཕྱིས་ཀྱང་སྐྱེ་བོ་རྣམས་ལ་དགོངས་པའི་ཕྱིར་ཚིག་ལྔ་དང་དྲུག་ཏུ་རྗེས་སུ་གནང་བ་ལས། དྲུག་སྡེ་བསམས་བཞིན་དུ་ཚིག་ལྷག་པར་སྟོན་ཅིང༌། སྤྲེའུ་ལ་སོགས་པས་རིག་པའི་སྐྱེས་པར་བྱས་པ་ན། སྟོན་པའི་གང་གཞིའི་དབང་དུ་མཛད་དེ། འཁྲིག་པ་དང༌། འགལ་ཚབས་ཅན་དང༌། མ་གུས་པ་དང༌། རྐྱེན་ལ་ལྟོས་པའི་ཉོན་མོངས་པ་རྣམས་ཡོངས་སུ་སྤང་བའི་ཕྱིར་ལྔ་པ་བཅས་སོ། །བུད་མེད་ཀྱི་ཡུལ་ལ་ཞེས་བྱ་བ་ནི། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་མངོན་པར་ཤེས་པའོ། །ལྷག་པར་ཞེས་བྱ་བ་ནི་ཆོས་སྟོན་ནའོ་ཞེས་བྱ་བ་དང་འབྲེལ་ཏོ། །གང་ལས་ལྷག་པ་ཞེས་བྱ་ཞེ་ན། ཉེ་བ་ན་འདུག་པའི་ཚིག་ལྔ་འམ། དྲུག་ལས་ཞེས་བྱ་བར་རིག་པར་བྱའོ། །ཚིག་ལྔ་འམ་དྲུག་ལས་ཞེས་བྱ་བ་ལ། ཆོས་སྟོན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཚེས་ཞེས་བྱ་བའི་སྒྲ་ནི་གཉི་ག་དང་འབྲེལ་ཏེ། བྱ་བའི་སྒྲ་ཡང་མེད་ན་མི་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་ཚིག་ལྔ་འམ་དྲུག་ཏུ་སྟོན་ཅིང༌། དེ་ལས་ལྷག་པར་སྟོན་ནའོ་ཞེས་བསྟན་པར་འགྱུར་རོ། །ཆོས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་གསུངས་པ་འམ། ཉན་ཐོས་ཀྱིས་བཤད་པའོ། །ཚིག་ལྔ་འམ་དྲུག་ཅེས་བྱ་བ་ནི་གང་ལ་ཚིག་ལྔ་འམ་དྲུག་ཏུ་འགྱུར་བ་སྟེ། གཟུགས་མི་རྟག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བ་ནི་ཚིག་ལྔའོ། །མིག་མི་རྟག་ཏོ་ཞེས་བྱ་བ་ནས་ཡིད་མི་རྟག་གོ་ཞེས་བྱ་བའི་བར་དུ་ནི་ཚིག་དྲུག་པའོ། །ཚིག་ལྔ་འམ། དྲུག་གི་ཐབས་ནི་ཚིག་ལྔ་འམ་དྲུག་ཅེས་བྱ་བའོ་།གཞན་དག་ནི་ལྷག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཆོས་ལས་ལྷག་པར་གལ་ཏེ་སྟེག་པའི་ཚིག་དྲུག་རྣམས་སམ་ཉེ་བར་འཇལ་བའི་དངོས་པོའི་ཚིག་ལྔ་རྣམས་དང་ལྡན་པར་ཆོས་སྟོན་པ་ལ་བྱའོ་ཞེས་ཟེར་ཏེ་རུས་དང་ཤིན་ཏུ་


DTG151_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་དང༌། ཆ་ལུགས་གཞོན་ནུ་ལས་རྣམས་དང༌། །མཉམ་པར་ཕྲད་པའི་སྟེག་ཚིག་སྟེ། །ཚིག་དྲུག་ཅེས་བྱ་དེ་ལ་འདོད། །གང་གིས་བུད་མེད་ལ་རུས་དང༌། ཤིན་ཏུ་མཛེས་པ་དང༌། ཆ་ལུགས་དང༌། གཞོན་པ་དང༌། ལས་རྣམས་ལ་བྱ་སྟེ། བསྙེན་བཀུར་བྱེད་པ་དང་བཟོ་འམ། བརྩོན་ནོ་ཞེས་བྱ་བའམ། སྐྱེས་པ་དང༌། བུད་མེད་མཉམ་པར་ཕྲད་པ་ལ་སྟེ། དེས་འདི་ལྟ་བུར་ལྐུགས་པ་མོ་ཡང་འདི་ལྟ་བུར་འདོད་དེ། དེ་བཞིན་དུ་སོང་ངོ་ཞེས་བྱ་བ་ལ་སོགས་པ་བུད་མེད་དེ་ལ་འམ། གཞན་ལ་ཡང་རུང་བསྔགས་ན་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ། །གལ་ཏེ་མདོ་སྡེ་ལ་སོགས་པའི་ནང་དུ་གཏོགས་པ་ཁ་ཏོན་དུ་བྱས་པ་བརྗོད་པ་ནི་མ་གཏོགས་སོ། །རིག་པའི་སྐྱེས་པ་མེད་པར་ཚུལ་བཞིན་དུ་ཆོས་སྟོན་ཀྱང་ལྟུང་བྱེད་དོ། །ཉེ་བར་འཇལ་བའི་དངོས་པོའི་ཚིག་ལྔ་ཞེས་བྱ་བ་ནི་སྐྱེས་པའི་རབས་དང༌། བྱུང་བ་དང༌། འདྲ་པ་དང༌། སྦྱར་བ་དང༌། རྟོགས་པ་བརྗོད་པའོ་ཞེས་སོ། །རིག་པའི་སྐྱེས་པ་མ་གཏོགས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་རིག་པའི་སྐྱེས་པ་མེད་པ་སྟེ། མིའི་རིགས་སྐྱེས་པ་ཡིན་ལ། གནས་ངན་ལེན་གྱི་ཚིག་རྟོགས་པ་ནི་རིག་པའི་སྐྱེས་པ་ཞེས་བརྗོད་པར་བྱའོ། །ཡང་ན་རུང་བའི་སྐྱེས་པ་ལ་ཡང་རིག་པའི་སྐྱེས་པ་ཞེས་བྱ་སྟེ། ཁྱིམ་པ་འམ་རབ་ཏུ་བྱུང་བ་ལ་ཡང་རུང༌། གང་རྣམ་པར་འགྱུར་བ་མི་བསྟེན་པའོ། །ཁ་ཅིག་ན་རེ་བུད་མེད་ཀྱི་ཡུལ་ཡང་རིག་པའི་སྐྱེས་པ་སྟེ། བསླབ་པ་འབུལ་བ་ལ་རིག་པའི་སྐྱེས་པ་བཞིན་དུ། དེའི་མདུན་དུ་ངོ་ཚ་དང་བཅས་པས་ན་མི་སྨྲ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྟེང་གི་ཡང་ཏོག་ཏུ་ཆོས་ཚིག་ལྔར་སྟོན་པ་ལས་བསམས་བཞིན་དུ་ཚིག་དྲུག་ཏུ་འདས་སམ། ཚིག་དྲུག་ཏུ་སྟོན་པ་ལས་ཚིག་བདུན་དུ་འདས་ན་ལྟུང་བྱེད་དོ། །བར་ཁང་དུ་བབས་ནས་དེར་ཚིག་ལྔ་འམ་དྲུག་ཏུ་སྟོན་ན་ལྟུང་བ་མེད་དོ། །དེ་བཞིན་དུ་འོག་གཞིའི་སར་བབས་པ་དང༌། སྒྲོ་ཁང་དང༌། ཕྱི་རོལ་གྱི་བད་རིམ་དུ་ཡང་ལྟུང་བ་མེད་པར་བརྗོད་པར་བྱའོ། །གསོ་སྦྱིན་སྦྱིན་པ་དང༌། སྟོང་བ་དང༌། ཁ་ཏོན་ཞུ་བ་དང༌། དམིགས་ཀྱིས་འདྲི་བ་དང༌། བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་གྱིས་གོང་


DTG151_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་དུ་དྲིས་པ་དེ་ཇི་སྲིད་གཏན་ལ་དབབ་པར་བྱས་པ་ལ་ལྟུང་བ་མེད་དོ། །ལྡབ་ལྡིབ་ཅན་དང༌། མྱུར་དུ་སྨྲ་བ་དང༌། རིག་པའི་སྐྱེས་པ་ཡོད་པ་ལ་ཡང་ལྟུང་བ་མེད་དོ། །རིག་པའི་སྐྱེས་པ་མེད་ལ་མེད་པར་ཡང་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་ལྟུང་བྱེད་དོ། །ཡོད་པ་ལ་མེད་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཉེས་བྱས་སོ། །དེ་བཞིན་དུ་བུད་མེད་ཡིན་ལ་བུད་མེད་དུ་འདུ་ཤེས་པ་མུ་བཞིར་བརྗོད་པར་བྱའོ། །དེ་བཞིན་དུ་ཚིག་ལྔ་འམ། དྲུག་ལ་ཚིག་ལྔ་འམ་དྲུག་ཏུ་འདུ་ཤེས་པ་ཡང་ངོ༌། །རིག་པའི་སྐྱེས་པ་མ་ནིང་ངམ། མཐའ་འཁོབ་པ་འམ། ཀླ་ཀློ་འམ། ཉལ་བ་འམ། ར་རོ་བ་འམ། སྨྱོས་པ་འམ། སྙོམས་པར་ཞུགས་པ་འམ། གླེན་པ་འམ། མི་མ་ཡིན་པ་འམ། བུད་མེད་རུང་བ་མ་ཡིན་ལ་རིག་པའི་སྐྱེས་པ་རུང་བ་ཡིན་ལ། རིག་པའི་སྐྱེས་པ་རུང་བ་མ་ཡིན་པ་ཡང་རུང་སྟེ་སྟོན་ན་ཉེས་བྱས་སོ། །རུང་བ་མ་ཡིན་པ་རུང་བའི་ཐད་དུ་ན་ཡང་ཉེས་བྱས་སོ། །མ་ནིང་མོ་ལ་སྟོན་ན་ཡང་ཉེས་བྱས་སོ། །དེ་བཞིན་དུ་མཚན་གཉིས་མ་ལ་ཡང་ངོ༌། །དེ་བཞིན་དུ་ཉལ་བུ་ཡང་ངོ༌། །ཡན་ལག་བཞི་སྟེ། གང་ལ་བསྟན་པ་དེ་ཡང་བུད་མེད་ཡིན་པ་དང༌། ཚིག་ལྷག་མར་སྨྲས་པ་དང༌། རིག་པའི་སྐྱེས་པ་མེད་པ་དང༌། ཉེ་འཁོར་གྱི་ཁྱད་པར་མེད་པ་སྟེ། ངག་དང་སེམས་ཀྱིས་ཀུན་ནས་བསླང་བའོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། བྲམ་ཟེ་བཞིན་དྲུག་སྡེ་རྣམས་བསྙེན་པར་མ་རྫོགས་པ་ལ་ཀློག་ཏུ་འཇུག་ཅིང་ཅ་ཅོ་དང་གཞན་དག་བྱས་པས་ན། སྟེན་པས་གཞིའི་དབང་དུ་མཛད་དེ། མགུས་པའི་ཉོན་མོངས་པའི་ཕྱིར་དྲུག་པ་བཅས་སོ། །བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་མ་གཏོགས་པ་ཐམས་ཅད་བསྙེན་པར་མ་རྫོགས་པའོ། །གང་ཟག་ཅེས་བྱ་བ་ནི་དོན་དམ་པར་གང་ཟག་མེད་མོད་ཀྱི་རྣམ་པ་བཞིའི་ཕྱིར་གང་ཟག་རྣམ་པར་གཞག་སྟེ། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཕྱིར་དང༌། ཡང་དག་པའི་ཐ་སྙད་དུ་བདེ་བའི་ཕྱིར་དང༌། ཐམས་ཅད་དུ་སེམས་ཅན་མེད་ན་སྐྲག་པར་འགྱུར་བའི་ཕྱིར་དང༌། བདག་དང་ཕ་རོལ་པོའི་ཡོན་ཏན་དང་ཉེས་པ་ཐར་པ་དང༌། བཅིངས་པ་བརྗོད་པའི་ཕྱིར་རོ། །ཚིག་དང་ཚིག་ཅེས་བྱ་བ་ནི་ཚིག་མཉམ་པ་དང༌། ཚིག་


DTG151_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་དང༌། ཡི་གེ་མཉམ་པ་དང༌། ཡི་གེ་ལྷག་པའོ། །ཚིག་ཅེས་བྱ་བ་ནི་ཚིགས་སུ་བཅད་པའི་བཞི་ཆའོ། །མཉམ་པ་ཞེས་བྱ་བ་ནི་ཅིག་ཅར་བརྗོད་པའོ། །ཚིག་ལྷག་པ་ཞེས་བྱ་བ་ནི་སློབ་དཔོན་གྱིས་མ་སྨྲས་པར་ཉེ་གནས་ཀྱིས་སྔོན་དུ་བརྗོད་པ་ནི་ཚིག་ལྷག་པའོ། །ཆོས་ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པའོ། །ཁ་ཅིག་ན་རེ་འདིར་འདུལ་བ་དང་རབ་ཏུ་ལྡན་པའི་ཆོས་ཀྱི་དོན་ལ་བྱ་བར་འདོད་དོ་ཞེས་ཟེར་རོ། །འདོད་ན་ཞེས་བྱ་བ་ནི་བསྟན་པ་སྦྱིན་པའི་ཚུལ་གྱིས་ལེན་དུ་བཅུག་པ་ཡིན་ཏེ། དེས་ནི་འདི་ལྟར་བསྙེན་པར་རྫོགས་པ་དང་ལྷན་ཅིག་ཏུ་འདོན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བར་སྟོན་ཏོ། །དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་སམ། བསྙེན་པར་མ་རྫོགས་པར་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཚིག་མཉམ་པ་དང༌། ཚིག་ལྷག་པ་དང༌། ཡི་གེ་མཉམ་པ་དང༌། ཡི་གེ་ལྷག་པས་འདོན་ན་ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་འང་རུང་སྟེ། འདོན་ན་ཉེས་བྱས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། མི་མ་ཡིན་པ་དང། གླེན་པ་དང༌། ལྐུགས་པ་དང༌། འོན་པ་དང༌། ཚིག་གིས་ཆོས་འདོན་ན་ཉེས་བྱས་སོ། །ཇི་ལྟར་བསྙེན་པར་མ་རྫོགས་པ་དང༌། མུ་བཞིར་སྦྱར་བ་ལྟར་ཚིག་མཉམ་པ་ལ་སོགས་པ་དང༌། དེ་བཞིན་དུ་ཆོས་ལ་ཆོས་སུ་འདུ་ཤེས་པ་ཡང་ངོ་ཞེས་བྱ་བའི་བར་རོ། །ཁྱིམ་པ་གླགས་ཚོལ་བ་འམ། ཆོས་རྐུ་བར་འདོད་པ་འམ། མ་དད་པ་འམ། རྒྱུས་མི་ཤེས་པ་འམ། མུ་སྟེགས་ཅན་ཡང་རུང་སྟེ། དེར་མ་བཀླགས་ཀྱང་འདུལ་བ་དང་ལྡན་པའི་ཆོས་བཤད་པ་ཙམ་གྱིས་ཀྱང་ལྟུང་བྱེད་དོ། །ཇི་སྐད་བསྟན་པ་གོ་བཟློག་སྟེ། ཁྱིམ་པ་རྣམས་དང་ཚིག་དང་ཚིག་གིས་གླག་ན་ལྟུང་བྱེད་དོ། །དགེ་ཚུལ་ལ་ཉེས་བྱས་སོ། །ཆོམ་རྐུན་པ་རྣམས་ལ་ལྟུང་བ་སྟོན་པ་དང༌། དེ་བཞིན་དུ་སོ་སོར་ཐར་པར་བསྟན་པ་ལ་ནི་ལྟུང་བ་མེད་དོ། །ཇི་ལྟར་རྒྱལ་པོ་དང༌། དད་པ་ཅན་དང༌། གཙོ་བོ་རྣམས་ལ་སོ་སོར་ཐར་པ་བསྒྲགས་ན་འང་ལྟུང་བ་མེད་དོ། །གང་མ་དད་པ་འམ། ཕུལ་


DTG151_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་ནི་བསྒྲགས་པར་མི་བྱའོ། །རྣམ་པ་ལྔ་ལ་འདུལ་བ་བརྗོད་པར་མི་བྱའོ། །ཤེས་པར་འདུན་དུ་བྱས་ནས་མི་འདྲི་བ་དང༌། འགྱོད་པ་མེད་པ་འཕེལ་བར་མི་འདྲི་བ་དང༌། བརྟག་གོ་སྙམ་དུ་བསམས་ཤིང་འདྲི་བ་དང༌། དབྱས་བྱའོ་སྙམ་པ་དང༌། ཀླན་ཀར་སྦྱར་རོ་སྙམ་ནས་འདྲི་བའོ། །སླར་བཟློག་པ་རྣམས་ལ་ནི་བརྗོད་པར་བྱའོ། །ལྡབ་ལྡིབ་ཅན་དང་མྱུར་དུ་སྨྲ་བ་ལ་ནི་ལྟུང་བ་མེད་དོ། །ཁ་ཏོན་དུ་བྱ་བ་འམ། དམིགས་ཀྱིས་འདྲི་བ་སྦྱིན་པ་ལ་ནི་ལྟུང་བ་མེད་དོ། །རྗེས་སུ་ཉམ་པ་སྟེ། ཁྱོད་ཁོ་བོ་དང་མཉམ་པ་འམ། སྔོན་དུ་མ་ཀློག་ཅིག་ཅེས་བསྒོ་བ་ལས་ཀློག་པ་ནི་ལྟུང་བ་མེད་དོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པ་དང༌། ཚིག་ཉུང་བར་འདུ་ཤེས་པ་དང༌། ཆོས་མ་ཡིན་པར་འདུ་ཤེས་པ་ལྟུང་བ་མེད་དོ། །སྟོན་པ་དང་ལེན་པས་ཀུན་དུ་སྤྱད་པར་བྱ་བ་ནི་སྤྱོད་ལ། བཞི་པོ་དག་གིས་སྦྱིན་པར་བྱ་སྟེ། ཉལ་བ་མ་གཏོགས་ཏེ་གསུམ་པོས་ནོད་པར་བྱའོ། །རྒན་ནམ་གཞོན་ཡང་རུང་ཁམས་མཉམ་མ་ཞེས་དྲིས་ལ་ལུས་བཏུད་དེ་དྲང་པོར་གུས་པ་དང་བཅས་པས་ལེགས་པར་ཡོངས་སུ་དྲིས་ཏེ། ལེགས་པར་གཟུང་བ་དང༌། སོམ་ཉི་མེད་པར་ཡང་བྱས་ནས་བསྟན་པ་བརྗོད་པར་བྱའོ། །འཆག་པའི་ཚེ་ནི་གོམ་པ་བསྲི་བར་བྱའོ། །ལུས་ཀྱིས་འདུག་ན་ཙོག་ཙོག་པོ་འམ། སྟན་དམའ་བ་བྱས་ལ་ཁྱད་པར་དུ་ཕྱག་བྱའོ། །སྟོན་པས་ཀྱང་ལེགས་པར་དྲིས་ཏེ་ལེགས་པར་ཟིན་པ་དང༌། སོམ་ཉི་མེད་པར་བྱས་ནས་ཀྱང་སྦྱིན་པར་བྱའོ། །བསྟན་པར་བསྙེན་བཀུར་བྱེད་པ་རྣམས་དྲུང་ན་འདུག་པའམ། དྲུང་ན་འདུག་པ་མ་ཡིན་པ་ལ་བསྟན་པ་སྦྱིན་པར་བྱ་སྟེ། གྲལ་རིམས་སུ་བརྟག་པར་མི་བྱ་བར་ལོགས་ཤིག་ཏུ་བསྟན་པ་སྦྱིན་པར་བྱའོ། །དེ་བཞིན་དུ་འཛིན་མི་ནུས་པ་རྣམས་ལའོ། །ཚིག་ལ་སོགས་པའི་དབང་དུ་བྱས་ནས་འདི་ཡང་བརྗོད་དེ། དབྱངས་ཀྱིས་སྟོན་ཏམ། ཀློག་གམ། ཁ་ཏོན་དུ་བྱེད་པ་དང༌། འདྲི་བའི་ལེན་བྱིན་ན་ཉེས་བྱས་སོ། །ཆོས་འཆད་པ་དང༌། བསྟོད་པ་བརྗོད་པ་ལ་ལྟུང་བ་མེད་དོ། །དབེན་པའི་ཕྱོགས་སུ་དབྱངས་གོམས་པར་བྱེད་པ་ལ་ལྟུང་བ་མེད་དོ། །ཕྱི་རོལ་པོའི་བསྟན་བཅོས་བཀླག་པར་མི་བྱའོ། །ཕས་ཀྱི་རྒོལ་


DTG151_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཚར་བཅད་པར་ནུས་ན་དེས་ནི་ཉིན་གཅིག་ལ་དུས་གསུམ་དུ་བགོས་ཏེ་གྱ་ནོམ་པའི་ཆ་གཉིས་སུ་ནི་སངས་རྒྱས་ཀྱི་གསུང་བཀླག་པར་བྱའོ། །གསུམ་པ་ལ་ནི་ཕྱི་རོལ་བའི་བསྟེན་བཅོས་བཀླག་པར་བྱའོ། །ལོ་གྲངས་ལས་ཆར་དབྱེ་བར་མི་བྱའོ། །དེ་བཞིན་དུ་ཁ་ཏོན་བྱ་བ་ཡང་ངོ༌། །མཚན་མོ་ལ་ཡང་རྣམ་པ་གསུམ་དུ་བྱའོ། །སངས་རྒྱས་ཀྱི་བཀའ་སྡེབ་སྦྱོར་དང༌། ཚིག་དང༌། རིམ་པ་དེ་ལ་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་བཀླགས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ངེས་པའི་ཚིག་སྨྲ་བ་འམ། ཡུལ་གྱི་ངེས་པའི་ཚིག་སྨྲ་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་དགེ་སློང་མའི་འདུལ་བ་བཟུང་བ་བྱས་ལ་དགེ་སློང་མ་ལ་ཀླག་པ་དང༌། ཁ་ཏོན་བྱ་བ་དང༌། དམིགས་ཀྱིས་འདྲི་བ་སྦྱིན་པར་རྗེས་སུ་གནང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གླེང་གཞི་བརྗེད་ན་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ལས་གང་ཡང་རུང་བ་བརྗོད་པར་བྱའོ། །རྒྱལ་པོ་དང༌། ཁྱིམ་བདག་དང༌། དགེ་བསྙེན་མ་བརྗེད་ན་གསལ་རྒྱལ་དང༌། མགོན་མེད་ཟས་སྦྱིན་དང༌། ས་ག་ཞེས་བརྗོད་པར་བྱའོ། །སྔོན་གྱི་བྱུང་བ་བརྗེད་ན་གོ་རིམས་བཞིན་དུ་སྟེ། ཡུལ་བཱ་རཱ་ཎ་སཱིར་ན་རྒྱལ་པོ་ཚངས་བྱིན་དང། ཁྱིམ་བདག་སྡུམས་བྱེད་དང༌། དགེ་བསྙེན་མ་གསོ་སྦྱོང་འཕགས་ཞེས་བརྗོད་པར་བྱའོ། །ཚེས་བརྒྱད་དང་བཅུ་བཞི་ལ་ཀུན་འདུས་ཤིང་ཆོས་བསྒྲག་པར་བྱའོ། །མུ་སྟེགས་ཅན་འོངས་ན་ཚར་གཅད་པར་བྱའོ། །བཀུར་སྟི་དང་བཅས་པ་དང༌། སྤྱོད་ལམ་ཞི་བ་དང༌། སེམས་ཟང་ཟིང་མེད་པར་བྱས་ན་ཆོས་བསྟན་པར་བྱའོ། །གལ་ཏེ་ཆོས་མ་ཡིན་པ་ཞིག་ཏུ་སྨྲ་ན་གནས་བརྟན་གྱིས་དགག་པར་བྱའོ། །ཆོས་སྨྲ་བས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ། །བདག་ཉིད་འོང་བ་ལ་ནི་ལྟུང་བ་མེད་དོ། །ཆོས་བཙོངས་པས་འཚོ་བར་མི་བྱའོ། །ཆོས་སྨྲ་བ་བདག་ཉིད་མི་འཆད་དམ་གཞན་ལ་མ་བཅོལ་ན་ཉེས་བྱས་སོ། །གཎྜཱི་བརྡུངས་ན་ཐམས་ཅད་ཀྱིས་ཀུན་དུ་མྱུར་དུ་འདུ་བར་བྱའོ། །གར་དང་གླུ་དང་རོལ་མོ་སློབ་པ་དང་ཐབས་སྟོན་ཏམ། བལྟར་འགྲོ་ན་ཉེས་བྱས་སོ། །སྨན་པ་མཁན་པས་སྙིང་བརྩེ་བའི་ཕྱིར་ཁྱིམ་པ་འདྲིར་འོངས་པ་ལ་སྨན་གྱི་


DTG151_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྟོན་པར་རྗེས་སུ་གནང་ངོ༌། །ཟང་ཟིང་གི་སེམས་ཀྱིས་ནི་མ་གནང་སྟེ། དེ་བཞིན་དུ་ཐ་ན་དགེ་སློང་ལ་ཡང་ངོ༌། །མས་གཏོང་བའི་དཔྱད་ནི་ཕྱོགས་དབེན་པར་གཞག་པར་བྱའོ། །མནའ་དོར་ན་ཉེས་བྱས་སོ། །ཡལ་འཛུགས་འཁྲན་ཉེས་བྱས་སོ། །དྲུག་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་གནས་བརྟན་གྱི་དགེ་འདུན་ལྷག་མའི་ལྟུང་བ་བསྙེན་པར་མ་རྫོགས་པ་རྣམས་ལ་བརྗོད་དེ། དེ་དག་ཀྱང་དེ་དག་ལ་འཕྱ་བར་འགྱུར་པས་ན། བསྙེན་པར་མ་རྫོགས་པའི་གང་ཟག་གི་གཞི་ལས་བརྩམས་ཏེ། མི་བཟོད་པའི་ཉོན་མོངས་པས་བདུན་པ་བཅས་སོ། །བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ནི་ཇི་ལྟར་འདོན་པའི་བསླབ་པའི་གཞི་བཞིན་ནོ། །གནས་ངན་ལེན་ཅེས་བྱ་བ་ནི་ཕམ་པར་འགྱུར་བས་ཀུན་ནས་བསླང་བ་དང༌། དགེ་འདུན་ལྷག་མས་ཀུན་ནས་བསླང་བའོ། །དོན་འདི་ནི་འཁྲིག་པ་དང་ལྡན་པ་ལ་བྱ་སྟེ། ངོ་བོ་ཉིད་དང་ཀུན་ནས་བསླང་བས་ཉོན་མོངས་པས་ན་གནས་ངན་ལེན་ཅེས་ནི་མི་བྱའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། དགེ་སློང་འཕྲལ་བ་དང༌། དགེ་སློང་མ་གསལ་མའི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་ཚིག་འདི་ཁོལ་དུ་ཕྱུང་བའོ། །ཁྱིམ་པ་རྣམས་ལ་སོ་སོར་རིག་པར་བྱེད་པ་གཅིག་ལ་སྦྲོ་བར་བྱ་སྟེ། གསོལ་བ་བྱས་ལ་ལས་བྱའོ། །དེ་ནས་དེས་སོ་སོར་རིག་པར་བྱའོ། །ཇི་སྟེ་དེ་འཇིགས་པས་སོ་སོར་རིག་པར་བྱེད་མི་ནུས་ན། དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་འབའ་ཞིག་གི་ལས་བྱས་ལ་སོ་སོར་རིག་པར་བྱ་སྟེ། དེ་གང་ཐག་ལ་གནོད་པར་ནུས་ཀྱི་དགེ་འདུན་ལ་མ་ཡིན་པའི་ཕྱིར་རོ། །སོ་སོར་རིག་པར་བྱེད་དུ་གནང་བ་ནི་དཀོན་མཆོག་གསུམ་ལ་གནོད་པ་དང༌། ཉེ་བར་འཕྲོག་པ་ལ་སྤང་བར་བྱ་བ་དང༌། ཚུལ་ཁྲིམས་ལ་སོགས་པ་ཉམས་པའི་ཕྱོགས་འཕེལ་བར་འགྱུར་བ་སྤང་བར་བྱ་བ་དང༌། ཚུལ་ཁྲིམས་ལ་སོགས་པ་ཉམས་པ་རྣམས་མི་དགེ་བའི་གནས་ནས་ཕྱུང་སྟེ། དགེ་བ་ལ་གཞག་པར་བྱ་བ་དང༌། དགེ་སློང་རྣམས་གཅིག་ལ་གཅིག་ཚུལ་ཁྲིམས་ལ་སོགས་པ་ཉམས་པ་འཆབ་པོ་ཞེས་གཞན་གྱིས་དེ་ལྟར་ཤེས་པར་མི་འགྱུར་ཞིང་ཕ་རོལ་པོ་དག་གི་སེམས་བསྲུང་བ་དང་


DTG151_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པའི་ཁྱིམ་དུ་འཇུག་པ་ལ་གནོད་པ་བྱུང་བ་སྤང་བར་བྱ་བའི་ཕྱིར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སོ་སོར་རིག་པར་མ་གྱུར་པ་ལ་རིག་པར་མ་གྱུར་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། དགེ་སློང་གིས་གནས་ངན་ལེན་སོ་སོར་རིག་པར་བྱས་ན་ལྟུང་བྱེད་ངོ༌། །སོ་སོར་རིག་པར་གྱུར་པ་ལ་སོ་སོར་རིག་པར་མ་གྱུར་ཏོ་སྙམ་དུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། སོ་སོར་རིག་པར་བྱས་ན་ཉེས་བྱས་སོ། །སོ་སོར་རིག་པར་བྱེད་པའི་གནང་བ་བྱིན་པའི་དབང་དུ་བྱས་ཏེ་མུ་བཞིར་སྦྱར་རོ། །གཞན་གྱིས་ནི་རིག་པར་གྱུར་ཏམ། རིག་པར་མ་གྱུར་ཀྱང་རུང་སྟེ་ལྟུང་བ་འདྲའོ། །འཁྲིག་པ་དང་ལྡན་པ་མ་གཏོགས་པ་གཞན་ཚུལ་ཁྲིམས་དང་ལྟ་བ་ཉམས་པ་ལ་ནི་གོ་བར་བྱས་ན་ཉེས་བྱས་སོ། །བདག་ཉིད་ཀྱི་གནས་ངན་ལེན་བསྙེན་པར་མ་རྫོགས་པ་ལ་བརྗོད་ན་ཉེས་བྱས་སོ། །བརྗོད་པ་ལས་ཕ་རོལ་པོས་མ་རིག་ན་ཡང་ཉེས་བྱས་སོ། །དགེ་སློང་མས་བདག་གི་གནས་ངན་ལེན་བརྗོད་ན་ཉེས་བྱས་སོ། །གང་ལ་བརྗོད་པ་དེའི་རིམ་པར་དབྱེ་བའི་རྒྱུད་ཆག་པའི་ཉེས་པ་ནི། བསླབ་པའི་གཞི་གོང་དུ་སྨོས་པ་བཞིན་ནོ། །དགེ་འདུན་གྱིས་སོ་སོར་རིག་པར་བྱེད་པའི་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །དེ་ཡང་གནོད་སེམས་དང་ལྡན་ན་ཉེས་བྱས་སོ། །དྲིལ་བསྒྲགས་པ་འམ། རི་མོ་ལ་སོགས་པ་བྲིས་པ་ཅི་ལར་བདག་གིས་ཤེས་པ་བཞིན་དུ་འཇིག་རྟེན་ཀུན་གྱིས་ཀྱང་ཤེས་སོ་སྙམ་པ་ལ་ལྟུང་བ་མེད་དོ། །སོ་སོར་རིག་པར་མ་གྱུར་པ་ལ་རིག་གོ་སྙམ་དུ་འདུ་ཤེས་པ་ནི་ལྟུང་བ་མེད་དོ། །བདེན་པ་མཐོང་བ་ལ་བརྗོད་པ་ལ་ཡང་ལྟུང་བ་མེད་དོ། །བདུན་པའོ།། །།ཡངས་པ་ཅན་ན་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་འཁོད་པ་དག་གིས་སྔོན་མུ་གེ་བྱུང་བའི་ཚེ་ནི་མི་བདེན་ལ་ད་ནི་བདེན་ཏེ། མིའི་ཆོས་ལས་བླ་མར་གྱུར་པ་བརྗོད་པས་ན། བསྙེན་པར་མ་རྫོགས་པའི་གང་ཟག་གི་གཞིའི་དབང་དུ་མཛད་དེ། ཡིད་ཆེས་པ་དང༌། རྙེད་པ་དང༌། བཀུར་སྟིས་ཉོན་མོངས་པའི་ཕྱིར་ལྟུང་བྱེད་བརྒྱད་པ་བཅས་སོ། །མིའི་ཆོས་ལས་བླ་མར་གྱུར་པ་ནི་ཕམ་པར་འགྱུར་བའི་གཞི་ལ་རྣམ་


DTG151_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱེ་བའོ། །དེར་ནི་མི་བདེན་གྱི་འདིར་ནི་བདེན་ཏེ། ཁྱད་པར་དུ་ཡོད་པའོ། །དེར་ནི་ཕམ་པར་འགྱུར་བར་སྨོས་ཀྱི་འདིར་ནི་ལྟུང་བྱེད་དོ། །གང་དུ་ཉེས་པ་སྦོམ་པར་སྨོས་པ་འདིར་ནི་ཉེས་བྱས་སུ་རིག་པར་བྱའོ། །གང་དུ་ཉེས་བྱས་དེར་ནི་ཉེས་བྱས་ཉིད་དོ། །མི་མ་ཡིན་པ་དང༌། སྨྱོས་པ་ལ་སོགས་པ་དང༌། གླེན་པ་ལ་སོགས་པ་དང༌། སྔར་ལྟུང་བ་བྱུང་བ་ལ་སོས་པ་རྣམས་ལ་བརྗོད་ན་ཉེས་བྱས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེས་བྱས་སོ། །འབྲས་བུ་ཐོབ་པ་ལས། ལག་ཏུ་ཤིང་ཐོག་ཨ་མྲའི་འབྲས་བུ་ལ་སོགས་པ་བཞག་སྟེ། ཁྱོད་ཀྱིས་འབྲས་བུ་ཐོབ་བམ་ཞེས་དྲིས་པ་ལས་འབྲས་བུ་ལས་བསམས་ཏེ་ཅང་མི་སྨྲ་བ་ན་ཉེས་བྱས་སོ། །ཅི་སྟེ་མིའི་ཆོས་ལས་བླ་མར་གྱུར་པ་བཞིན་དུ་ན་ནི་ལྟུང་བྱེད་དོ། །དེ་བཞིན་དུ་ལྷག་མའི་རྣམ་གྲངས་ཀྱང་བརྗོད་པར་བྱའོ། །བསྟན་པ་ལ་མང་པོ་ཡིད་ཆེས་པར་གྱུར་པ་ཞིག་གི་ཕྱིར་སྨྲས་ན་ལྟུང་བ་མེད་དོ། །ཁྱིམ་པའི་མདུན་དུ་རྫུ་འཕྲུལ་བསྟན་ན་ཉས་བྱས་སོ། །གདུལ་བར་བསམས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བྱེད་ན་ཉེས་བྱས་སོ། །བརྒྱད་པའོ།། །།རྒྱལ་པོའི་ཁབ་ན་སྟེ། གྱད་བུ་ནོར་གྱི་ཆོས་གོས་གསུམ་ངན་ཏེ། དགེ་འདུན་གྱིས་མི་འཁྲུག་པར་འགྱུར་བའི་ཕྱིར་གསོལ་བ་བྱས་ཏེ། རས་བྱིན་པ་དང༌། མཛའ་བོ་དང༌། ས་ལས་སྐྱེས་པ་དག་ཕྱིས་དགེ་སློང་དག་ལ་སྨོས་པས་ན། རྩོད་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་ལྟུང་བྱེད་དགུ་པ་བཅས་སོ། །སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་འདུན་པ་བྱིན་པའོ། །འདི་ལྟར་བཤེས་དོར་བྱས་ཏེ་ཞེས་བྱ་བ་ནི་དགེ་སློང་གི་བཤེས་པ་གང་ཞེ་ན་མཁན་པོ་ཡི་ནི་ལྷན་ཅིག་གནས་པ་ནས་འགྲོགས་བཤེས་ཀྱི་བར་དུའོ། །རྙེད་པ་ཞེས་བྱ་བ་ནི་འདིར་ནི་གོས་ཀྱི་རྙེད་པ་ལ་བྱ་བར་དགོངས་སོ། །དེ་ཡང་འདི་ལྟར་དོན་གྱི་བྱུང་བའི་དབང་གིས་བརྗོད་ཀྱི། ཐམས་ཅད་ལ་ཡང་རྙེད་པ་ཞེས་བྱ་བར་གཟུང་ངོ༌། །བདག་གི་གང་ཟག་ཅེས་བྱ་བ་ནི་བདག་གི་གང་ཟག་ལ་སྟེ། བདག་ཉིད་ཀྱི་དེ་དག་ལའོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ལས་ནི་བདག་གི་རྣམས་ཀྱི་ཕྱིར་རོ་


DTG151_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་འབྱུང་ངོ༌། །རྣམ་པ་གཞན་དུ་ན་སྔར་ལེགས་པར་རུང་བར་གྱུར་པ་ཞེས་བྱ་བ་ནི་དགེ་འདུན་གྱི་རྙེད་པ་འདི་ཡིན་ཏེ། འདིའི་ཆ་ཤས་བདག་ཅག་དབང་ངོ་སྙམ་པའོ། །ཕྱི་ཞིག་ནས་ཁྲུས་བྱས་ནས་འོངས་པ་དང༌། སྦྱིན་བདག་གིས་གང་ཟག་གང་གི་ཕྱིར་འོངས་ཏེ་འོངས་པ་གང་ཟག་དེ་ལ་བྱིན་པ་དང༌། ཁྱེད་ཀྱིས་འདི་རང་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་བ་དེ་ལ་ལྟུང་བའོ། །མ་བསྔོས་པ་ལ་མ་བསྔོས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ལྟུང་བྱེད་དོ་།བསྔོས་པ་ལས་མ་བསྔོས་པར་དུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །བསྔོས་སམ་མ་བསྔོས་ཀྱང་རུང་སྟེ། བསྔོས་པར་འདུ་ཤེས་ལ་གལ་ཏེ་ཉོན་མོངས་པའི་སེམས་མེད་ན་ལྟུང་བ་མེད་དོ། །ཉོན་མོངས་པའི་བསམ་པས་ནི་ཉེ་བས་སོ། །གེ་སློང་མའི་དགེ་འདུན་གྱི་རྙེད་པར་གྱུར་པ་ལ་དེ་སྨྲས་ན་ཉེས་བྱས་སོ། །དེ་བཞིན་དུ་མི་མ་ཡིན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང༌། སྨྱོས་པ་ལ་སོགས་པ་རྣམས་དང༌། གླེན་པ་ལ་སོགས་པ་རྣམས་དང༌། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་རྣམས་ཀྱི་རྙེད་དཔར་གྱུར་པ་དེ་ཡང་ངོ༌། །དེ་བཞིན་དུ་གང་ལ་བྱིན་པ་དེ་དགེ་སློང་མ་ལ་སོགས་པ་རྣམས་ལས་གང་ཡང་རུང་བར་གྱུར་པ་ལ་དེ་སྐད་དུ་བརྗོད་པར་བྱའོ། །སྨྲས་པ་ལས་ཕ་རོལ་བོས་མ་ཤེས་ན་ཉེས་བྱས་སོ། །གང་ཟག་གིར་བསྔོས་པ་ཉིད་ན་ལུང་བ་མེད་དོ། །དགུ་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཕམ་པར་འགྱུར་བ་རྣམས་འདོན་པའི་ཚེ་ནི་ཅང་མི་སྨྲ་བར་དགེ་འདུན་ལྷག་མ་ལ་སོགས་པ་འདོན་པའི་ཚེ་འགོག་པར་བྱེད་དེ། སོ་སོར་ཐར་པའི་གཞི་ལ་མ་གུས་པའི་ཉོན་མོངས་པའི་ཕྱིར་བཅུ་པ་བཅས་སོ། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ལ་བྱའོ། །སོ་སོར་ཐར་པའི་མདོ་འདོན་པ་ན་ཞེས་བྱ་བ་ནི་ཕམ་པར་གྱུར་པ་གཞི་ནས་རྩོད་པ་ཞི་བར་བྱ་བ་བདུན་གྱི་བར་དུ་ནི་སོ་སོར་ཐར་པའོ། །གཞི་དང་ཕྲན་ཚེགས་ལ་སོགས་པའི་བསླབ་པའི་གཞི་འདི་རྣམས་ཀྱང་དེར་འདུས་པའོ། །ཡང་འདི་དག་གིས་ཅི་བྱ་ཞེས་བྱ་བ་ནི་ཁྱད་དུ་གསོད་པའི་མཚན་ཉིད་དོ། །གང་ཟག་ལྟུང་བ་རྒྱུན་མཆད་པར་བྱུང་ལ་ལྟུང་བ་རྣམས་ཐོས་ནས་ཡིད་མི་བདེ་བས་ན་ཁྱད་དུ་


DTG151_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པ་ཞེས་བྱའོ། །ཕྲན་ཚེགས་རབ་ཏུ་ཕྲ་བ་ཞེས་བྱ་བ་ནི་ལྟུང་བའི་ཚོགས་ཕྱི་མ་གསུམ་སྟེ། ཕྲན་ཚེགས་རབ་ཏུ་ཕྲ་བ་ནི་རྗེས་སུ་ཕྲ་བ་ཞེས་བྱ་བའི་ཐ་ཚིག་གོ །བསླབ་པའི་གཞི་ཞེས་བྱ་བ་ནི་བསླབ་གསུམ་གྱི་གཞིའི་དོན་ཏོ། །འགྱོད་པ་ཞེས་བྱ་བ་ནི་མངོན་པར་དགའ་བ་དང། མངོན་པར་མི་དགའ་བ་དང༌། བྱ་བ་དང༌། མི་བྱ་བའི་ལམ་ལ་ཁྱད་པར་རྗེས་སུ་སེམས་རྣམ་པར་འགྱུར་བ་ནི་འགྱོད་པའོ། །དེ་ཉིད་ཡིད་ལ་གཅགས་པ་སྟེ། སྡུག་བསྔལ་བའི་དོན་དུ་འགྱུར་བའོ། །གནོད་པར་གྱུར་པ་ཞེས་བྱ་བ་ནི་ཡིད་གཉིས་ཀུན་ནས་སློང་བའི་ཕྱིར་རོ། །གཞན་དག་ནི་གནོད་པར་གྱུར་པ་ཞེས་བྱ་བའི་གནས་སུ་རྣམ་པར་འགྱུར་བ་ཞེས་འདོན་ཏེ། དེ་དག་གི་དོན་ནི་དེའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་ཕམ་པར་གྱུར་པ་གཞི་ནས་རྩོད་པ་ཞི་བ་བདུན་གྱི་བར་དུ་འདོན་པའི་ཚེ་གནོད་པར་འགྱུར་བ་དེ་དག་གིས་སམ། དུས་རིང་པོ་མ་ཡིན་པར་གཞན་དག་གིས་ཀྱང་དེ་ལྟ་བུའི་རིགས་ཀྱི་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཞི་དང་ཕྲན་ཚེགས་དང༌། གླེང་གཞི་དང༌། སིལ་བུ་དང༌། འདུལ་བ་ལྔ་པ་དང༌། འདུལ་བ་བཅུ་དྲུག་པ་དང༌། འདུལ་བ་བྲམ་ཟེའི་བུ་མོ་དང༌། དེ་དག་ལས་གཞན་པ་ལས་འདུལ་བ་དང་ལྡན་པའི་མདོ་སྡེ་རྣམས་ལ་ཡང་ལྟུང་བྱེད་དོ། །དེ་ལྡན་པ་མ་ཡིན་པའི་མདོ་སྡེ་རྣམས་ལ་ནི་ཉེས་བྱས་སོ། །དགེ་སློང་མ་ལ་སོགས་པ་རྣམས་ལ་འགྱོད་པ་ལ་སོགས་པའི་ཚུལ་ནི་སྔ་མ་བཞིན་ཏེ་ཉེས་བྱས་སོ། །འགྱོད་པ་བྱེད་པ་ལ་འགྱོད་པར་འདུ་ཤེས་པ་རྣམས་དྲུག་ཏུ་སྦྱར་ཏེ་ཐམས་ཅད་ལ་ཡང་ལྟུང་བར་འགྱུར་རོ། །ལམ་ངན་པ་འཕེལ་བ་དང༌། ཡང་དག་པ་མ་ཡིན་པ་ཉིད་དུ་ཤེས་ན་ལྟུང་བ་མེད་དོ། །བཅུ་པའོ། །ཚོགས་དང་པོ་རྫོགས་སོ།། །།མཉན་ཡོད་ན་སྟེ། སྔོན་ཤིང་མཁན་དགེ་སློང་ཞིག་གིས་ལྷའི་གནས་ཀྱི་ཤིང་ལྗོན་པ་ཞིག་བཅད་པ་དང༌། དེས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་གང་གིས་ཤིང་ལྗོན་པ་བཅད་པ་དེ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ལག་གི་བླས་ནི་ཡང་ཉི་མ་བདུན་ནམ་བརྒྱད་རྣམས་ན་བཅད་དོ་སྙམ་པ་དང༌། ཤིང་དེའི་དྲུང་དུ་དཀྱིལ་འཁོར་


DTG151_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། དྲི་ལ་སོགས་པ་ལས་གཏོར་མ་བྱས་ཏེ། རྒྱུན་ཆགས་གསུམ་པ་ཀླག་པ་དང༌། ཡོན་བཤད་པ་ཡང་བྱའོ། །དགེ་བ་བཅུའི་ལས་ཀྱི་ལམ་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་བཤད་པར་བྱའོ། །དེའི་འོག་ཏུ་ཤིང་ལྗོན་པ་འདི་ན་ལྷ་གང་དག་གནས་པ་དེ་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་དགེ་འདུན་གྱི་འམ། མཆོད་རྟེན་གྱི་བྱ་བ་བྱེད་པར་འགྱུར་ཞེས་བརྗོད་ལ། དེ་ནས་གདོད་བཅད་པར་བྱའོ། །གལ་ཏེ་འགྱུར་བ་བསྟན་ན། སྦྱིན་པའི་བསྔགས་པ་དང༌། །སེར་སྣའི་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ།། གལ་ཏེ་ཡང་འགྱུར་བ་བསྟན་ན་གཅད་པར་མི་བྱའོ། །དེ་ནི་བྱུང་བ་ཡིན་ཏེ། དྲུག་སྡེ་ཡང་རང་གི་ལག་གིས་རྩྭ་སྔོན་པོ་གཅོད་དེ། མུ་སྟེགས་ཅན་ལ་སོགས་པ་རྣམས་ཀྱང་སྨོད་པར་བྱེད་ནས། ས་བོན་དང༌། འབྱུང་པོའི་གཞིའི་དབང་དུ་མཛད་དེ། མ་དད་པ་དང་རྐྱེན་གྱིས་བཏང་སྙོམས་པའི་ཉོན་མོངས་པ་དག་དང༌། སྙིང་རྗེ་མེད་པའི་ཉོན་མོངས་པའི་ཕྱིར་ཡང༌། ས་བོན་གྱི་ཚོགས་ཀྱི་བསླབ་པའི་གཞི་དང་པོར་བཅས་སོ། །ས་བོན་གྱི་ཚོགས་ཞེས་བྱ་བ་ནི་ས་བོན་གྱི་རང་བཞིན་ལྔ་སྟེ། ས་བོན་རྣམས་ཀྱི་ཚོགས་ནི་ས་བོན་གྱི་ཚོགས་ཞེས་བྱ་སྟེ། ཀུན་ནས་བསྡུས་པས་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རྩ་བའི་ས་བོན་ནི་གླ་སྒང་ལ་སོགས་པ་གང་རྩ་བ་བཏབ་པ་ལས་སྐྱེ་བའོ། །སྡོང་བུའི་ས་བོན་ནི་ཤིང་ཨ་ཤྭད་ཐ་ལ་སོགས་པ་སྟེ། སྡོང་བུ་ལས་སྐྱེས་པའོ། །ཐོ་གུའི་ས་བོན་ནི་གང་ཐོ་གུ་ལས་སྐྱེ་བ་ཡིན་ཏེ། བུ་རམ་ཤིང་དང་འོད་མ་ལ་སོགས་པའོ། །འགས་པའི་ས་བོན་ནི་ཤིང་ཏོག་ཨརྫ་ཀ་ལ་སོགས་པའི་ལོ་མ་ནི་འགས་པ་ཞེས་བྱའོ། །ས་བོན་གྱི་ས་བོན་ནི་ནས་ལ་སོགས་པའི་ས་བོན་ཡིན་ཞིང་དེར་བགྲང་བའོ། །ཁ་ཅིག་ན་རེ་དགས་པའི་ས་བོན་ནི་གང་བཀས་པས་སྐྱེ་བའོ། །འབྲུ་ནི་ས་བོན་གྱི་ས་བོན་ཏེ་ནས་ལ་སོགས་པ་སྟེ། ཁ་ཅིག་གང་མི་འདྲ་བ་ལས་མི་འདྲ་བ་སྐྱེ་བ་ཡིན་ཏེ། རྭ་ལས་སྨྱིག་མ་དང༌། བ་ལང་གི་སྤུ་དང༌། ལུག་གི་བལ་ལས་རྩྭ་དཱུར་བ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ་ཞེས་ཟེར་རོ། །འབྱུང་པོའི་གནས་ཞེས་བྱ་བ་ལ། འབྱུང་པོ་ནི་སྲིན་བུ་དང༌། ཕྱི་བྱི་


DTG151_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞོལ་ལ་སོགས་པའི་གནས་ཡིན་པས་ན་ཤིང་ལ་གནས་ཞེས་བྱའོ། །གཞན་དག་ནི་མིའི་གྲོང་བཞིན་དུ་འབྱུང་པོའི་གནས་ཞེས་བྱ་སྟེ། རྣམ་པ་ལྔ་པོ་ཞེས་ཀྱང་ཟེར་ཏེ། རྩྭ་ལ་སོགས་པ་ནི་དེ་ལྟ་བུའི་རྒྱུ་ཡིན་པས་ན་ས་བོན་ལྟ་བུ་ཞེས་བྱ་སྟེ། གཅན་གཟན་གྱི་གནས་དང༌། རི་དགས་ཀྱི་གནས་དང༌། བྱའི་གནས་དང༌། རྗེས་སུ་འབྲང་བའི་གནས་དང༌། ཤ་སྦྲང་གི་གནས་སོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི་བྱི་བ་དང༌། ནེའུ་ལེ་དང༌། སྦྲུལ་ལ་སོགས་པའོ། །འཇིག་གམ་འཇིག་ཏུ་བཅུག་ཅེས་བྱ་བ་ནི་འབྱིན་པ་དང༌། བཀས་པ་དང༌། གཅོད་པ་དང༌། འབིགས་པ་ལ་སོགས་པའི་ཚིག་བླ་དགས་སོ། །གཅིག་ནི་རང་གི་དོན་ཏེ། ནི་ཀ་ཙའི་རྐྱེན་ཏོ་།གཉིས་པ་ནི་རྒྱུའི་བྱེད་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ས་བོན་ནམ་རྩྭ་ལ་སོགས་པ་ལ་ས་བོན་དེ་ཉིད་དུ་འདུ་ཤེས་སམ། ས་བོན་གཞན་དུ་འདུ་ཤེས་སམ། སྔོན་པོ་ལ་སོགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང༌། སེན་མོ་འམ། མཚོན་ནམ། བོང་བ་ལ་སོགས་པ་རྣམས་ཀྱིས་དང༌། མེ་དང༌། ཆུ་དང་གཏུན་ཤིང་གིས་བསྣུན་ཏམ། ས་སྐམ་པོ་ལ་གཞག་གམ། འགྱུར་བྱེད་དང༌། ཚ་སྒོ་ལ་སོགས་པས་སྦགས་སམ། འུ་ཤ་ལ་སོགས་པ་དང༌། འཆག་པ་དང༌། རེ་ལྡེ་ལ་སོགས་བཤལ་ཏམ་ཐབས་ཅི་དང་ཅིར་ཡང་རུང་སྟེ། ཉམས་པར་བྱ་བར་བསམས་ནས་བདག་རང་ངམ། ཕ་རོལ་པོས་ཉམས་པར་བྱས་པ་ལས་རྣམ་པར་ཉམས་བར་གྱུར་ན་ལྟུང་བྱེད་དོ། །དེ་ལྟར་མ་གྱུར་ན་ཉེས་བྱས་སོ། །ས་བོན་མ་ཡིན་པ་ལ་ས་བོན་དུ་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་ཉེས་བྱས་སོ། །དེ་ཡང་དངོས་པོ་ཇེ་སྙེད་པ་དེ་སྙིད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ཅི་སྙེད་པ་དེ་སྙེད་ལས་ཉེས་བྱས་སོ། །གལ་ཏེ་སྦྱོར་བ་གཅིག་གིས་མང་པོ་ཉམས་པར་གྱུར་ན་ཉེས་བྱས་གཅིག་དང༌། ལྟུང་བྱེད་མང་པོར་འགྱུར་རོ། །གལ་ཏེ་སྦྱོར་བ་མང་པོས་གཅིག་ཉམས་པར་གྱུར་ན་ལྟུང་བྱེད་གཅིག་སྟེ། ཉེས་བྱས་མང་པོར་འགྱུར་རོ། །སྦྱོར་བ་དང་དངོས་གཞིའི་གྲངས་ཀྱི་ལྟུང་བའི་གྲངས་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་རིག་པར་བྱའོ། །ཤིང་ལྗོན་པའི་སྤུ་བུ་དང༌། ཤུན་ཕྲགས་དང༌། ཕིར་དང༌། འདབ་མ་སྐྱ་བོ་དང༌།


DTG151_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་རྒྱས་ཟིན་པ་དང༌། འབྲས་བུ་སྨིན་ཟིན་པ་བཤུས་སམ་བླགས་ན་ཉེས་བྱས་སོ། །རྩ་བ་དང༌། སྙིང་པོ་དང༌། འདབ་མ་སྔོན་པོ་དང༌། མེ་ཏོག་ཁ་མ་བྱེ་བ་དང༌། འབྲས་བུ་མ་སྨིན་པ་ཉམས་པར་བྱས་ན་ལྟུང་བྱེད་དོ། །ཉ་ལྕིབས་དང༌། ཉ་ཚང་ཆུ་ལས་ཇི་སྲིད་ཕྱིར་མ་བྱུང་མ་བསྐྱོད་པ་དེ་སྲིད་དུ་ཉེས་བྱས་སོ། །ཕྱུང་ན་ལྟུང་བྱེད་དོ། །ཕ་བོང་གི་དྲེགས་པ་དང༌། ཕ་བ་དགོ་དགོ་དང༌། ཤ་མོ་ཉམས་པར་བྱས་སམ་ཕྱུང་བ་དང༌། དེ་བཞིན་དུ་བུམ་པ་དང་གོས་ཀྱི་གདང་ལ་སོགས་པ་གླམ་ཅན་བཅད་ན་ཉེས་བྱས་སོ། །རུང་བར་བྱས་པ་ལ་ནི་ལྟུང་བ་མེད་དོ། །ཤིང་ཏོག་ཀོ་ལའི་ཚི་གུ་རིལ་མིད་བྱས་ན་ཉེས་བྱས་སོ། །སྦྲིད་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ལུས་ཀྱི་རྣམ་པར་རིག་བྱེད་དམ། རྫུ་འཕྲུལ་གྱིས་སམ། རྣམ་པར་ཐར་པས་ཤིང་ལྗོན་པ་བཅད་ན་ལེགས་སོ་ཞེས་སྨྲས་པ་ལས་གལ་ཏེ་བཅད་ན་ཉེས་བྱས་སོ། །པདྨའི་སྡོང་བུ་དང༌། རྡོའི་ཟར་བུ་བཅད་ན་ཉེས་བྱས་སོ། །ཁ་ཅིག་གི་འདོད་པ་ནི་ལྟུང་བའི་རྣམ་པར་དབྱེ་བ་ལ། སྦྲང་ཚད་དགེ་སློང་གིས་འཆར་མི་གཞུག་པར་འབད་པར་བྱའོ། །མ་བྱས་ན་ཉེས་བྱས་སོ། །འབྱུང་པོའི་གནས་སྲོག་ཆགས་ཀྱིས་ཟིན་པ་བཤིག་ན་ལྟུང་བྱེད་དོ། །སེམས་ཅན་གྱི་མ་ཟིན་པ་འམ། སྒོ་ང་མེད་པའི་ཚང་བ་ཤིག་གམ། སྒོ་ང་རུལ་པ་བཅག་ན་ལྟུང་བ་མེད་དོ། །བརྒྱ་གང་སྲོག་ཆགས་ལ་གནོད་པར་མི་འགྱུར་བ་ཐམས་ཅད་གཞིག་པར་བྱའོ་ཞེའོ་།ཐམས་ཅད་དུ་ཉམས་པར་བྱ་བར་མ་བསམས་ན་འཆག་གམ། ཁུ་བ་ལ་སོགས་པ་ཕོ་འམ། སྐྱང་ནུལ་ལམ་བཤལ་ཀྱང་རུང་ལྟུང་བ་མེད་མོད་ཀྱི་འོན་ཀྱང་རྩ་བ་དང་འབྲས་བུ་དག་རུང་བར་བྱ་བ་བྱོས་ལ་བཟའ་བར་བྱའོ། །རུང་བར་བྱ་བ་ལྔ་སྟེ་མེས་རུང་བ་དང༌། མཚོན་གྱིས་རུང་བ་དང༌། རྙིངས་པས་རུང་བ་དང༌། ནེ་ཚོས་རྨ་ཕྱུང་བས་རུང་བ་དང༌། སེན་མོས་རུང་བའོ་།ཡང་ལྔ་སྟེ། ཕྱུང་བ་དང༌། བཅད་པ་དང༌། བཀས་པ་དང༌། ཕུག་པ་དང༌། ས་བོན་གྱི་ཆོས་མེད་པ་ཉིད་དོ། །རྒུན་ལ་སོགས་པའི་འབྲས་བུ་ནི་ཕུང་པོར་བྱས་ཏེ་གནས་གསུམ་མམ་བཞིར་མེས་རེག་པར་བྱས་ཏེ་ཐམས་ཅད་ཀྱང་རུང་བའོ། །མཚོན་དང༌།


DTG151_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སེན་མོ་རྣམས་ཀྱིས་རེ་རེ་ནས་སོ། །རྣམ་པ་གཞན་དུ་གང་ཅི་དང་ཅིས་ཀྱང་རུང་སྣད་པ་དང༌། ཐ་ན་ཁ་འཕྲོ་དང༌། ཞག་ལོན་པའམ། སྣད་པར་གྱུར་པའང་རུང་བ་ཞེས་བརྗོད་པར་བྱའོ། །འབྲུའི་རིགས་མི་ཚོས་པ་ཞེས་བྱ་བ་ཡོད་དེ། རླངས་པས་རླན་པའོ་ཞེས་བྱས་ལ་ལོངས་སྤྱད་ན་ལྟུང་བ་མེད་དོ། །དགེ་སློང་གིས་མཚོན་གྱིས་རུང་བར་བྱས་པ་ཡིན་ཏེ་བཟའ་བར་བྱའོ། །མེས་རུང་བར་བྱས་པ་ནི་རང་གིས་བཙོས་པར་གྱུར་པས་ན་བཟའ་བར་མི་བྱའོ། །ས་བོན་ཉམས་པར་བྱས་པས་ན་ལྟུང་བྱེད་དུ་ཡང་འགྱུར་རོ། །ས་རུང་བ་འམ། མི་རུང་བ་ན་རུང་བར་བྱེད་པ་འདུག་སྟེ་རུང་བར་བྱེད་ན་བྱས་པ་ཡིན་ཏེ། མེས་རུང་བ་བྱས་པ་མ་གཏོགས་ཏེ་བཟའ་བར་བྱའོ། །དགོན་པར་ལམ་དུ་ཞུགས་པ་ལས་བསྙེན་པར་མ་རྫོགས་པ་མེད་དམ་མུ་གེའི་ཚེ་ནི་ལྟུང་བ་མེད་དོ། །དང་པོའོ།། །།མཉན་ཡོད་ན་སྟེ། མཛའ་བོ་དང་ས་ལས་སྐྱེས་དག་གྲངས་སུ་བཅུག་ཀྱང་གྱད་བུ་ནོར་ལ་མངོན་སུམ་དུ་འཕྱ་ཞིང་ཁ་ཅིག་ཅེས་བྱ་བའི་ཚིག་གིས་གཞོགས་འཕྱས་བྱེད་དེ་མ་གུས་པའི་གཞིའི་དབང་དུ་མཛད་དེ། སྨོད་པའི་ཉོན་མོངས་པས་ན་གཉིས་པ་བཅས་སོ། །འཕྱ་འམ། གཞོགས་འཕྱས་བྱེད་ཅེས་བྱ་བ་ནི་འཕྱ་བ་དེས་གཞོགས་འཕྱས་བྱེད་ཅེས་བྱ་བའི་ཚིག་དང་འབྲེལ་ཏོ། །དེ་ལ་འཕྱ་བ་ནི་ཚེ་དང་ལྡན་པ་འདིས་བསམས་བཞིན་དུ་མནར་ཏོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་དུ་སྨྲ་བའོ། །གཞོགས་འཕྱས་ནི་མངོན་སུམ་དུ་འམ། མངོན་སུམ་མ་ཡིན་ཡང་རུང་མིང་མི་སྨོས་ཤིང་ཁ་ཅིག་གོ་ཞེས་སྨྲ་བའོ། །འདི་གཉིས་གཅིག་གམ་གཉིས་ཀ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །དེ་ལ་གང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་དེ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གྲངས་སུ་གཞུག་པར་བྱའོ། །གྲངས་སུ་བཅུག་པའི་དགེ་སློང་གིས་གང་ཟག་བཅུ་གཉིས་མཉམ་དུ་སྦྱོར་བ་བཏང་བ་འམ། སྦྱོར་བ་མ་གཏང་བ་འམ། མ་བསྐོས་པ་འམ། རྣམ་པ་གཉིས་ཀ་ལ་ཅི་ལྟར་ཡང་རུང་སྟེ། མངོན་སུམ་མམ་མངོན་སུམ་མ་ཡིན་པ་ཡང་རུང༌། རང་བཞིན་དུ་གནས་པ་གཞན་གྱིས་མདུན་དུ་གཞོགས་འཕྱས་སམ། འཕྱ་བ་གཉི་ག་ཡང་བྱེད་ན་ལྟུང་བྱེད་དོ། །གལ་ཏེ་


DTG151_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་མ་བཅུག་པ་ནི་ཉེས་བྱས་སོ། །གང་ཟག་བཅུ་གཉིས་ནི་ཁང་ཆེན་ཏེ། གཙུག་ལག་ཁང་གི་བསླབ་པའི་གཞི་ལས་བསྟན་ཏོ། །གནས་ཡིན་པ་ལ་གནས་ཡིན་པར་འདུ་ཤེས་ཤིང་འཕྱ་ན་ལྟུང་བ་མེད་དོ། །གནས་ཡིན་པ་ལ་གནས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ནའང་རུང་སྟེ་འཕྱ་བ་ན་ཉེས་བྱས་སོ། །གནས་མ་ཡིན་པ་གནས་མ་ཡིན་པར་འདུ་ཤེས་སམ། ཡིག་གཉིས་ཟ་ན་ཡང་རུང་འཕྱ་ན་ལྟུང་བྱེད་དོ། །གནས་མ་ཡིན་པ་ལ་ཡང་གནས་སུ་འདུ་ཤེས་ན་ཡང་ལྟུང་བ་མེད་དོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང༌། གཞན་གྱིས་བསྒོ་བ་འམ། དེའི་སྐད་བརྡ་མི་ཕྲད་པ་དང༌། མི་དབེན་པ་ལ་དབེན་པར་འདུ་ཤེས་ནས་འཕྱ་འམ། གོ་བཟློག་པ་ལ་ཡང་རུང་སྟེ། ཐམས་ཅད་དུ་ཅི་ནས་རང་བཞིན་དུ་གནས་པ་གང་ལ་ཡང་གོ་བར་མི་བྱེད་ན། ཐམས་ཅད་ལ་ཡང་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །འཕྱ་བ་དེ་ལ་སླར་ལེན་གདབ་པར་བྱ་བ་ཡོད་དེ། གང་མ་དད་པས་གནས་ཡིན་པ་ལ་འཕྱ་བའོ། །དེ་ལ་བཏང་སྙོམས་སུ་བཞག་པ་ཡང་ཡོད་དེ། གང་དད་པས་གནས་མ་ཡིན་པ་ལ་ཁྲོས་ནས་འཕྱ་བ་ཡིན་ཏེ། འཁྲུགས་པའི་འདུ་ཤེས་ཀྱིས་ལན་གདབ་པར་མི་རིགས་སོ། །དེར་འདུ་ཤེས་ནས་ལན་གདབ་པར་སྦྱིན་པར་བྱ་བ་ཡོད་དེ། གནག་དད་པས་གནས་མ་ཡིན་པ་ལ་སྟེ། ཡང་དག་པ་མ་ཡིན་པ་ལ་སོགས་པ་རྣམས་སུ་འཕྱ་བའོ། །དེ་ལ་ཅི་ལྟར་ཆོས་བཞིན་དུ་སླར་བྱ་བ་ཡང་ཡོད་དེ། གང་དད་པས་གནས་ཡིན་ལ་ཡང་དག་པ་ལ་སོགས་པས་འཕྱ་བའོ། །དེ་ལ་ཁས་བླང་བར་བྱ་བ་ཡང་ཡོད་དེ། གནག་ནད་པ་ལ་ནད་གཡོག་བྱ་བ་དང་སྦྱིན་པ་ལ་སོགས་པར་ཁས་བླངས་པ་ལ་མ་བྱས་པ་སྟེ། གང་ལས་ཁས་བླངས་པ་དེ་ལ་འཕྱ་བའོ། །གཉིས་པའོ།། །།ཀཽ་ཤཱམྦཱི་ན་སྟེ། འདུན་པ་ལྟུང་བ་ཕྱིར་གྱིས་ཤིག་ཅེས་བསྒོ་ན། གཞན་ནས་གཞན་དུ་རྗེས་སུ་འཇུག་པ་དགེ་སློང་དག་གིས་བསྒོ་བ་རྣལ་ལ་གཟོན་པ་ཡིན་ནོ། །གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་བཅུག་གོ །ཕྱིས་ཡང་བསྒོ་བ་ན་ཅང་མི་སྨྲ་བར་འདུག་གོ་སྙམ་བསམས་ཏེ། རྣ་ལ་གཟོན་པས་ན་གསོལ་བ་དང་


DTG151_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ལས་ཀྱིས་ཅང་མི་སྨྲ་བས་ན་རྣ་ལ་གཟོན་པའི་གྲངས་སུ་བཅུག་གོ །གྲངས་སུ་བཅུག་ཀྱང་གཉི་ག་བྱེད་པས་ན་མ་གུས་པའི་གཞིའི་དབང་དུ་མཛད་དེ་སྨོད་པའི་ཉོན་མོངས་པས་ན་གསུམ་པ་བཅས་སོ། །བསྒོ་བ་རྣལ་གཟོན་ན་ཞེས་བྱ་བ་ནི། འདི་ནི་གྱིས་ཤིག་འདི་ནི་མ་བྱེད་ཅིག་ཅེས་ཚིག་གིས་བསྒོ་བ་སྟེ། དེ་ལས་འགལ་བར་བྱེད་པ་རྣ་ལ་གཟོན་པས་ན་རྣལ་གཟོན་པ་འདི་ཚིག་གིས་ཏེ། ཅང་མི་སྨྲ་བས་བྱེད་པ་དང་ཡང་འབྲེལ་ཏེ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་ཁྱོད་ཀྱིས་དགེ་སློང་ངམ། ཁྱིམ་པ་མོ་ཡང་རུང་མཚན་མ་འདི་ལྟ་བུ་དང་ལྡན་པ་མཐོང་ངམ་ཞེས་དྲིས་པ་ལས། དེས་བསྒོ་བ་རྣལ་གཟོན་པར་བསམས་ཏེ། མཚན་མ་དེ་ལྟ་བུ་དང་ལྡན་པ་ནི་མ་ཡིན་གྱི། རྐང་པས་འགྲོ་བ་མཐོང་ངོ་ཞེས་སམ། ཅང་མི་སྨྲ་བས་དང་དུ་ལེན་ན་ལྟུང་བྱེད་དོ། །དེ་ལྟ་བུ་ཅི་སྲིད་གང་ཅུང་ཟད་ཀྱང་རུང་བསམས་ནས་གཞན་དུ་བྱས་བ་ལས་གཞན་དུ་རྗེས་སུ་འཇུག་གམ། ཅང་མི་སྨྲ་བར་བྱེད་ཀྱང་རུང་སྟེ། དགེ་འདུན་ནམ་རང་བཞིན་དུ་གནས་པའི་དགེ་སློང་གིས་བསྒོ་བ་རྣལ་གཟོན་ན་ཐམས་ཅད་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །ཞུས་པ་ལས་བཀའ་སྩལ་པ། ཅང་མི་སྨྲ་བར་འདུག་ན་ཉེས་བྱས་སོ། །དགེ་འདུན་ནམ། བླ་མ་འམ་བླ་མའི་གནས་ལྟ་བུ་ཞིག་གིས་རིགས་པར་བསྒོ་བ་ལས། ཉོན་མོངས་པའི་སེམས་ཀྱིས་རིགས་པར་བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །མི་རིགས་པ་ཞིག་ལ་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱས་སོ། །ཆོམ་རྐུན་གྱིས་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱས་སོ། །ཅི་སྐད་དུ་དགོན་པ་ན་གནས་པ་ལ་ཆོམ་རྐུན་གྱིས་ངེད་ཀྱི་ཕྱིར་ཟས་དང་སྐོམ་གཞག་པར་བྱའོ་ཞེས་བསྒོ་བ་ན་གཞག་པར་བྱའོ། །ཡང་ན་དེར་འཁོད་པར་མི་བྱའོ། །འཁོད་ན་ཉེས་བྱས་སོ་ཞེས་གསུངས་པ་ལྟ་བུའོ། །བསྒོ་བ་རྣལ་གཟོན་པར་བྱ་བ་ཡང་ཡོད་དེ། གང་མི་རིགས་པ་དང༌། བརྫུན་ལ་སོགས་པ་སྨྲ་བའོ། །དེ་ལ་བཏང་སྙོམས་སུ་གཞག་པ་ཡང་ཡོད་དེ། གང་ཁྲོས་ནས་མི་རིགས་པ་དང༌། བརྫུན་ལ་སོགས་པ་སྨྲ་བ་སྦྱིན་པའོ། །དེ་ལ་ལེན་གདབ་པ་སྦྱིན་པར་བྱ་བ་ཡང་ཡོད་དོ། །གང་མ་ཁྲོས་ན་མི་རིགས་པར་སྨྲ་བའོ། །དེ་ལ་ཅི་ལྟར་ཆོས་


DTG151_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སླར་བྱ་བ་ཡང་ཡོད་དེ། གང་ཚུལ་ཁྲིམས་ལ་སོགས་པ་ཉམས་པའོ། །དེ་ལ་ཁས་བླང་བར་བྱ་བ་ཡང་ཡོད་དེ། དེ་ཚུལ་ཁྲིམས་ལ་སོགས་པ་ཕུན་ཚོགས་པར་གྱུར་པ་དང༌། དགེ་འདུན་ལ་བསྙེན་བཀུར་བྱ་བ་ལ་སོགས་པའོ། །གཞན་དུ་བྱ་བ་ལས་ཉོན་མོངས་པའི་སེམས་ཀྱིས་གཞན་དུ་བྱེད་ན་ལྟུང་བྱེད་དོ། །ཉོན་མོངས་པ་མེད་ན་ཉེས་བྱས་སོ། །ལུས་ཀྱིས་བྱས་ན་ཡང་ལྟུང་བའོ། །སོང་ཤིག་ཅེས་བྱས་པ་ལས་མི་འགྲོ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །གནས་ཡིན་པས་བསྒོ་བ་ལས་གནས་ཡིན་པས་བསྒོ་བར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་ལྟུང་བྱེད་དོ། །གནས་མ་ཡིན་པས་བསྒོ་བ་ལ་གནས་ཡིན་པས་བསྒོ་བར་འདུ་ཤེས་པ་དང་ཡིད་གཉིས་ཟ་ན་ཡང་རུང་ཉེས་བྱས་སོ། །གནས་མ་ཡིན་པས་བསྒོ་བ་འམ། གནས་ཡིན་པས་བསྒོ་བ་ལ་གནས་མ་ཡིན་པས་བསྒོ་བར་འདུ་ཤེས་ན་ཡང་ལྟུང་བ་མེད་དོ། །དགེ་འདུན་ནམ་བླ་མ་འམ་བླ་མའི་གནས་ལྟ་བུ་ཞིག་ན་ཉེས་བྱས་སོ། །དེ་ལས་གཞན་དུ་ན་ལྟུང་བ་མེད་དོ། །སྐད་མི་ཤེས་པ་ཞིག་ལ་བསྒོ་བ་རྣལ་གཟོན་ན་ཉེས་བྱས་སོ། །གསད་པ་ཞིག་བྲོས་པ་ལས་གསོད་པའི་གཤེད་མས་དྲིས་པ་ལ་ལྟུང་བ་མེད་པར་བརྗོད་པར་བྱ་སྟེ། དེ་ལ་ངལ་སོ་ཤིག་མེ་གང་དུ་ཞུགས་ཤིག་ཆུ་འཐུང་ཤིག་ཅེ་འམ། ཅི་སྟེ་ཡང་འདུག་ཏུ་ཡང་མི་བཏུབ་ན་སེན་མོ་ལ་བལྟས་ལ་སེན་མོ་མཐོང་ངོ་ཞེས་བརྗོད་པར་བྱའོ་།ཡང་ན་ནམ་མཁའ་ལ་བལྟས་ལ་ནམ་མཁའ་མཐོང་ངོ་ཞེས་སོ། །གལ་ཏེ་ཡང་མི་བཏུབ་ན་ཕྱོགས་བཞིར་རྣམ་པར་བལྟས་ལ། འདུས་བྱས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བར་ཡིད་ལ་བྱ་སྟེ། ངས་སེམས་ཅན་གང་ཡང་མ་མཐོང་ངོ་ཞེས་བརྗོད་པ་ལ་ལྟུང་བ་མེད་དོ། །གནོད་པ་དེ་ལྟ་བུ་མ་གཏོགས་སོ། །ཁྱིམ་པས་བསྒོ་བ་ལས་རྒྱུ་གཞན་གྱི་བསྒོ་བ་རྣལ་གཟོན་ན་ཉེས་བྱས་སོ།། ཁའི་ནད་ཡོད་པས་ཁ་ན་སྨན་འཆང་ཞིང་ཅང་མི་སྨྲ་བ་ནི་ལྟུང་བ་མེད་དོ། །གསུམ་པའོ།། །།འདུལ་བ་བསྡུས་པ་བམ་པོ་དགུ་པ། མཉན་ཡོད་ན་སྟེ། དགེ་སློང་རྣམས་བླ་གབ་མེད་པར་མལ་ཆ་དང་སྟན་རྣམས་བོར་ཏེ་ཁྱིམ་གཞན་དུ་དང་བ་དང༌། བཅོམ་ལྡན་འདས་ཀྱིས་


DTG151_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་འབབ་པར་དགོས་ནས་ནང་དུ་བསྡུས་ཏེ། དེ་ལྟ་བས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། སྨོད་པ་དང་ལེ་ལོའི་ཉོན་མོངས་པའི་ཕྱིར་ལྟུང་བྱེད་བཞི་པ་བཅས་སོ། །དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་ལ་རྣམ་པ་དྲུག་སྟེ། གཞིའི་ཚོགས་ཀྱི་དགེ་འདུན་དང༌། དེ་ལས་ལྷག་པའི་དགེ་འདུན་དང༌། མངོན་སུམ་དུ་ཉེ་བར་འཁོད་པའི་དགེ་འདུན་དང༌། ཕྱོགས་བཞིའི་དགེ་འདུན་དང༌། གཉུག་མར་གནས་པའི་དགེ་འདུན་དང༌། གློ་བུར་དུ་ལྷགས་པའི་དགེ་འདུན་ནོ། །སྐབས་འདིར་ནི་ཕྱོགས་བཞིའི་དགེ་འདུན་ལ་བྱ་སྟེ། གང་དགེ་འདུན་གྱི་ཡིན་པའོ། །ཁྲི་ཞེས་བྱ་བ་ནི་མལ་མཐོན་པོ་དང༌། མལ་ཆེན་པོ་མ་གཏོགས་ཏེ། །དེ་ཡོད་དུ་ཟིན་ཀྱང་དགེ་སློང་གིས་དེ་ལ་ཡོངས་སུ་ལོངས་སྤྱོད་ཅིང་འདུག་གམ་ཉལ་དུ་རུང་བ་མ་ཡིན་ཏེ་ཉེས་བྱས་སོ། །ཁྱིམ་གཞན་དུ་མལ་མཐོང་པོ་ལ་འདུག་པ་ནི་ལྟུང་བྱེད་དོ། །ཁྲིའུ་ཞེས་བྱ་བ་ནི་རྐང་རྟེན་ནམ། སྟན་བཟང་པོ་འམ། རྒྱབ་རྟེན་དུ་བཅས་པ་ལ་བྱ་སྟེ། དགེ་སློང་གིས་དེ་ལྟ་བུ་ཉེ་བར་གཞག་ཏུ་མི་རུང་ངོ༌། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་སྟན་ནང་ཚངས་ཡོད་པ་སྟེ། དེ་ཡང་ཉིས་བལྟབ་ཏུ་དྲུབ་ལ། སྲིད་དུ་ཁྲུ་བཞི། ཞེང་དུ་ཁྲུ་དོ་པར་བྱས་ལ། ནང་ཤིང་བལ་བཅུ་པོ་རྣམས་ལས་གང་ཡང་རུང་བས་དགང་བར་བྱ་སྟེ། ཨརྐའི་ཤིང་པ་བལ་དང༌། ཀ་ཤའི་ཤིང་བལ་དང༌། ཨེ་ར་ཀའི་ཤིང་བལ་དང༌། ཤལ་མ་ལིའི་ཤིང་བལ་དང༌། ན་མེ་རུ་ཀའི་ཤིང་བལ་དང༌། བུ་གའི་ཤིང་བལ་དང༌། ལུག་བལ་དང༌། ཤ་ནའི་ཤིང་བལ་དང༌། ཟར་མའི་ཤུན་ཕྲགས་དང༌། རས་མ་དང༌། ཕྱག་དར་ཁྲོད་པ་སྟེ། བར་བར་དུ་བྱ་རོག་གི་རྐང་པ་ལྟ་བུས་རུབ་པར་བྱའོ། །ལ་བ་ཞེས་བྱ་བ་ནི་པར་ཏང་དང༌། བེའུ་ཕྲུག་ལ་སོགས་པའོ། །སྔས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཁ་ཟས་མི་འཇུ་བ་དེའི་ཕྱིར་རྗེས་སུ་གནང་སྟེ། ཁྲུ་བཞི་ཁོར་ཁོར་ཡུག་ལ་སོགས་པའོ། །བླ་གབ་མེད་པ་ཞེས་བྱ་བ་ནི་སྟེང་མ་གཡོགས་པའོ། །བ་ཏིང་བ་ཞེས་བྱ་བ་ནི་བདག་རང་གིས་སོ། །གདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །སོང་ན་ཞེས་བྱ་བ་ནི་ཉེ་འཁོར་ལས་རིང་དུ་འདས་ཞེས་བྱ་བའི་ཐ་ཚིག་


DTG151_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གོ །འོད་མ་བཞི་བཅུ་རྩ་དགུའི་བར་དུ་ནི་ཉེ་འཁོར་རོ། །ཁ་ཅིག་ནི་གཙུག་ལག་ཁང་གི་ཉེ་འཁོར་དང༌། ཁྱིམ་གྱི་ཉེ་འཁོར་ལ་བྱའོ་ཞེས་ཀྱང་ཟེར་རོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ལ། འཁོད་བ་ཞེས་བྱ་བས་ནི་མི་འཁོད་པའི་ཉེས་པ་སྤང་བའི་ཕྱིར་རོ། །དེ་དག་མེད་ན་དགེ་ཚུལ་ལའོ། །དེ་ཡང་མེད་ན་ཁྱིམ་པ་ལའོ། །དེ་ཡང་མེད་ན་ཕྱོགས་བཞིར་བལྟས་ལ་ལྡེ་མིག་ཀྱོག་བོ་རྣམས་སྦས་ཏེ་སོང་བ་ལམ་དུ་དགེ་སློང་དང་ཕྲད་ན་ལྡེ་མིག་ཀྱོག་པོ་རྣམས་བསྟན་པར་བྱའོ། །མ་བཅོལ་བར་ཞེས་བྱ་བ་ལ། བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདི་རེ་ཞེས་བྱ་བ་དང༌། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་གནས་མལ་འདེ་རེ་ཞེས་བྱ་བ་དང༌། གནས་མལ་ལོང་ཤིག་ཅེས་བྱ་བ་དང༌། ལྡེ་མིག་ཀྱོག་པོ་སྦྱིན་པའོ། །བཅོལ་བར་མི་བྱ་བ་རྣམ་པ་ལྔ་སྟེ། ངོ་ཚ་མེད་པ་དང༌། ནད་དང་བཅས་པ་དང༌། རྒས་འཁོགས་ཤིང་སྟོབས་ཆུང་བ་དང༌། ནད་པ་སྦྱོར་མི་བཟོད་པ་དང༌། བསྙེན་པར་མ་རྫོགས་པ་ཐམས་ཅད་ལའོ། །སྔ་མ་ནི་གཙུག་ལག་ཁང་གི་དབང་དུ་བྱས་ཀྱི་འདིར་ནི་བླ་ག་བ་མེད་པའི་གནས་མལ་གྱི་དབང་དུ་བྱས་བའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་སྲོག་གི་བར་ཆད་དམ། ཚངས་བར་སྦྱོར་བའི་བར་ཆད་དུ་འགྱུར་བའོ། །བླ་གབ་མེད་པ་ལ་དགེ་འདུན་གྱིས་ཁྲི་ལ་སོགས་པ་ཉེ་བར་གཞག་ནས། ཉོན་མོངས་པས་དྲངས་བས་སམ། མ་གུས་པ་འམ། དྲན་པ་བརྗེད་ཀྱང་རུང༌། ཡུལ་གཞན་དུ་སོང་ན་ཉེ་འཁོར་ལས་འདས་ན་ལྟུང་བྱེད་དོ། །དེ་ཚུན་ཆད་དུ་ཉེས་བྱས་སོ། །ལམ་གྱི་བར་དུ་དྲན་ན་ཕྱིན་ཆད་འདི་ལྟ་བུ་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །བདག་གི་ཚངས་པ་མཚུངས་པར་སྤྱོད་པ་དག་བརྟུལ་གྲང་སྙམ་དུའོ། །གལ་ཏེ་དགེ་སློང་མཐོང་ན་བརྟུལ་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེས་ཀྱང་ཁས་བླངས་ནས་མ་བརྟུལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་བཞིར་སོན་ཏེ་དྲན་ན་དེར་ཡང་དེ་སྐད་དུ་བརྗོད་ལ། ལྟུང་བ་གཉིས་ཀ་ཆོས་བཞིན་དུ་བྱའོ། །ཅི་སྟེ་གཙུག་ལག་ཁང་གི་ནང་དུ་ཞུགས་པ་ལས་དེ་ཐུན་


DTG151_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནས་ནམ་ལངས་ཀྱི་བར་དུ་འམ། ཉི་མ་ཕྱེད་དམ་སྐར་མ་ཤར་ཡང་རུང་སྟེ། གདོད་དྲན་ལ་ཕན་ཕུན་དུ་མ་གྱུར་པར་བརྟུལ་ན་ཉེས་བྱས་སོ། །ཕན་ཕུན་དུ་གྱུར་པ་ལས་བརྟུལ་ན་ལྟུང་བྱེད་དོ། །ཕན་ཕུན་དུ་གྱུར་པ་ལ་རྣམ་པ་གཉིས་ཏེ། རླུང་གིས་ཕན་ཕུན་དུ་གྱུར་པ་དང༌། ཆར་པས་ཕན་ཕུན་དུ་གྱུར་བའོ། །རླུང་གིས་ཕན་ཕུན་དུ་གྱུར་པ་ནི་གལ་ཏེ་རིམ་པ་གཅིག་ལས་རིམ་པ་གཉིས་སུ་བཟློག་པའོ། །ཆར་བས་ཕན་ཕུན་དུ་གྱུར་པ་ནི་རིམ་པ་གཅིག་ལས་རིམ་པ་གཉིས་སུ་ཐལ་བ་ཡིན་ནོ། །དྲན་པ་བརྗེད་པ་ཉིད་དུ་ཟད་ན་ཉེས་བྱས་སོ། །དེ་ཡང་ལུང་དུ་མ་བསྟན་པའོ། །དགེ་བ་ལ་སྦྱོར་བ་ཞིག་ཏུ་ཞུགས་ན་ལྟུང་བ་མེད་དོ། །གང་ལ་རྒྱུ་དང་སྤུན་གཉིས་ཀ་རུང་བ་མ་ཡིན་ཏེ། རྔོ་མོའོ་བལ་བ་ལང་གི་སྤུ་འམ། རི་དགས་ཀྱི་བ་ལ་ལམ། ར་བ་ལ་དང་འདྲེས་པའི་རང་བཞིན་ནམ་ཐགས་སུ་མ་བཏགས་པ་ཡིན་ན། བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ཐུང་བ་འམ། རིན་པོ་ཆེ་ཡང་རུང་སྔོན་ལྟུང་བ་བྱུང་བ་ལ་སོགས་པ་འམ། དགེ་སློང་མའི་གཙུག་ལག་ཁང་དུ་འམ། དེ་ལས་གཞན་པའི་དགེ་སློང་དང་བྲམ་ཟེ་རྣམས་ཀྱི་གཙུག་ལག་ཁང་དེའི་མལ་ཆ་དང༌། སྟན་ཡིན་ནམ། ཁྱིམ་པའི་འམ། གང་ཟག་གི་འམ། སྦྱིན་བདག་གིས་བདག་གམ་གཞན་ལ་བྱིན་པ་འམ། གང་ཟག་གིས་ཐོབ་པ་ཡོངས་སུ་ལོངས་སྤྱད་པའི་ཕྱིར་བྱིན་པ་དེ་དག་ཐམས་ཅད་ལ་ཡང་ཉེས་བྱས་སོ། །ཁྲིའུ་གཅིག་ལ་གཉིས་འཁོད་པ་ན་ཕྱི་ནས་གང་ལངས་པ་དེས་ནང་དུ་གཞུག་པར་བྱའོ། །གལ་ཏེ་ཡང་ལྷན་ཅིག་ལངས་ན་གསར་བུས་སོ། །གལ་ཏེ་ཡང་གཉི་ག་གསར་བུ་མ་ཡིན་ན་གཉིས་ཀས་སོ། །མ་བརྟུལ་བ་ལ་མ་བརྟུལ་བ་ལ་སོགས་པར་འདུ་ཤེས་ན་ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །གནས་མལ་གྱི་ཀུན་དུ་སྤྱད་པ་ནི་མལ་ཆ་དང་སྟན་མི་བླང་བར་བྱ་བ་ཡང་ཡོད་དེ། གལ་ཏེ་ཡང་མི་མཐུན་པ་བྱིན་པ་འམ། འབྲུ་མར་ལ་སོགས་པས་ཉམས་པར་གྱུར་པ་འམ། གང་ཡང་བསྐྱང་བར་མི་ནུས་པ་སྟེ། གདིང་བ་དང་མི་ལྡན་པའོ། །གདིང་བ་བཏང་སྙོམས་སུ་གཞག་ནས་འགྲོ་བར་བྱ་བ་ཡང་ཡོད་དེ། གང་དུ་ཆུ་དང་ཆོམ་རྐུན་པ་དང་ཕ་རོལ་གྱི་དགྲས་འཇིགས་པ་མངོན་དུ་བྱུང་བའོ། །བཏང་


DTG151_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་སུ་མི་བྱ་བ་ཡང་ཡོད་དེ། གལ་ཏེ་སེང་གེ་ལ་སོགས་པ་གཅན་གཞན་གྱི་འཇིགས་པ་མེད་པར་འགྱུར་བའོ། །བཅོལ་ནས་འགྲོ་བར་བྱ་བ་ཡང་ཡོད་དེ། གལ་ཏེ་འཇིགས་པ་མངོན་དུ་མ་བྱུང་བ་དང༌། ཆེད་དུ་ནན་ཏན་དུ་བྱ་བའོ། །ཁ་ཅིག་ནི་ཉེས་པར་འགྱུར་བ་མི་སྣང་བས་འགྲོ་བར་བྱ་བ་ཡོད་དེ། དེ་དག་བཏིང་བ་དང༌། དེ་ཆར་བ་དང་རླུང་གིས་ཉེས་པ་འབྱུང་བ་ཡང་མེད། ཟིལ་གྱིས་ནོན་པ་དང༌། འདྲལ་བ་དང༌། སྲིལ་གྱིས་ཟ་བ་ཡང་མེད། ཆོམ་རྐུན་པས་ཕྲོགས་པའི་ཉེས་པ་འབྱུང་བ་གང་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསླབ་པ་འདི་བཅས་ཏེ། ལྟུང་བ་མེད་དོ་ཞེས་ཀྱང་ཟེར་རོ། །བར་ཏང་ཁྲ་བོ་དགེ་འདུན་གྱིས་ནི་བླང་བར་བྱའོ། །གང་ཟག་གིས་ནི་མ་ཡིན་ཏེ། སྦྱིན་བདག་ལ་ཡིད་བརྟན་ཏེ་སྤྱོད་པ་ལ་ལྟུང་བ་མེད་དོ། །གདིང་བ་མེད་པར་སྟན་ཁྲ་བོ་ལ་འདུག་པར་མི་བྱ་ཉལ་བར་མི་བྱའོ། །ཕལ་ཆེར་ཉམས་པར་གྱུར་པ་ལ་ནི་ལྟུང་བ་མེད་དོ། །ཐམས་ཅད་ཀྱི་སྟན་ཁྲ་བོ་ཉེ་བར་བཀྲ་བ་ལ་གདིང་བ་མེད་པར་སྤྱད་པར་མི་བྱའོ། །དགེ་འདུན་གྱི་མལ་ཆ་དང༌། སྟན་བགོས་ནས་བླ་གབ་མེད་པར་ཆར་པ་འབབ་པར་འདུག་གམ་འགྲོ་བར་མི་བྱའོ། །དེ་བགོས་ལ་བཀྲུ་བ་དང༌། བརྩོ་བླག་དང༌། ལྟུང་བཟེད་ཀྱི་ལས་མི་བྱ། བཤང་བ་དང་གཅི་བའི་ཁང་པ་དང༌། ཚང་མང་དུ་འགྲོ་བར་མི་བྱ། ལུས་དང་འབྲེལ་བའི་བར་ཆད་བཅུག་ནས་གོན་ལ་དལ་བུས་བགས་ཀྱིས་སྤྱད་པར་བྱའོ། །དམན་བར་ཡོངས་སུ་ལོངས་མི་སྤྱད་པ་ལ་རྣམ་པ་ལྔ་སྟེ། བཤལ་བ་དང༌། དྲག་ཏུ་འདྲེན་པ་དང༌། དུ་བ་དང༌། དྲི་མ་དང༌། རྡུལ་ལོ།། དགེ་འདུན་གྱིས་བགོ་བ་ལ་སར་པས་རིམ་པ་གཅིག་ཏུ་བྱ། སྤྱད་པ་སྲབ་མོ་ནི་རིམ་པ་གཉིས་སུ་བྱས་ལ་སྤྱད་པར་བྱའོ། །མི་གཙང་བ་གཅིག་གིས་རེག་ན་དེ་མ་ཐག་ཏུ་སྦྱང་བར་བྱའོ། །མཛེའི་ནད་ཀྱིས་བཏབ་པ་ཞིག་ན། མཐའ་འཁོབ་ཏུ་མལ་ཆ་དང་སྟན་སྦྱིན་པར་བྱའོ། །རིམ་གྲོ་བ་ཡང་ངོ༌། །དགེ་འདུན་གྱི་མལ་ཆ་དང༌། སྟན་ཉམས་པ་ལ་བཏང་སྙོམས་སུ་མི་བྱའོ། །གང་རལ་བ་དེ་ལ་ནི་དྲུབ་པ་སྦྱིན་པར་བྱའོ། །གང་རྡོལ་བ་དེ་ལ་ནི་ལྷན་པས་གླན་པར་བྱའོ། །གང་དབུས་སུ་དེངས་པ་དེ་མཐའ་དང་གཉིས་སྦྱར་བར་བྱའོ། །གང་སྡུག་བསྔལ་བས་སོ་སོར་འདུས་བྱ་བ་དེ་ནི་མར་མེའི་སྙིང་


DTG151_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྱའོ། །ཡང་ན་བརྡུངས་ཏེ་ས་དང་བ་ལང་གི་ལྕི་བར་བསྲེས་ནས་ཀ་བ་དང་རྩིག་པའི་བུ་ག་ཡོད་པར་གླན་པ་འམ། སྐྱང་ནུལ་བྱའོ། །ལྷན་ཅིག་གནས་པ་དང༌། ཉེ་གནས་རྣམས་ཀྱིས་ཚེས་བརྒྱད་དང་བཅུ་བཞི་ལ་མལ་ཆ་དང་སྟན་རྣམས་སོ་སོར་བརྟག་པར་བྱ་བ་དང༌། བསྐམ་པར་ཡང་བྱའོ།། ཆོམ་རྐུན་པ་ལ་སོགས་པས་འཇིགས་ན་དགེ་འདུན་གྱིས་མལ་ཆ་དང་སྟན་འཕྲོག་པར་མི་བྱ་མོད་ཀྱི། འོན་ཀྱང་ཁྱེར་ལ་འགྲོ་བར་བྱའོ། །གང་གིས་ཁྱེར་བ་དེའི་ཚེ་དེས་སྤྱད་པར་བྱའོ། །ཅི་ལྟར་རྒན་རིམས་དག་གིས་འཕྲོག་པར་མི་བྱའོ། །དེ་ལ་འཇིགས་པ་མེད་པར་གྱུར་བ་དང་དགེ་འདུན་ཉིད་ལ་དབུལ་བར་བྱའོ། །ཆག་ཆག་དང་ཕྲག་དར་བྱས་ལ་དེའི་འོག་ཏུ་གོས་ངན་པ་གཅིག་གིས་སྟན་རྣམས་སྤྲུག་པར་བྱའོ། །མལ་ཆ་དང་སྟན་བཤམ་པར་བྱའོ། །གང་དེ་ནས་གཅིག་ཏུ་ཤ་ཟད་པར་གྱུར་བ་དེ་ནི་སྨྱིག་མ་ལ་བཅིངས་ཏེ་དེ་ཉིད་ཀྱིས་སྤྲུག་པར་བྱའོ། །པར་ཏང་ཁྲ་བོ་བ་ཏིང་བ་ལ་ཐམས་ཅད་ལ་ཡང་བཅག་པར་བྱའོ། །དུས་དུས་སུ་ཡང་བཙེས་པར་བྱའོ། །དེ་ལ་བསྲུངས་པའི་ཕྱིར་ཡང་བསམ་གཏན་པ་རྣམས་ཀྱི་རྐང་པ་དག་ཉི་མ་གསུམ་ཞིང་བསྐུ་བར་བྱའོ། །ཉིན་གཅིག་བཞིན་དུ་ནི་མ་ཡིན་ནོ། །དགེ་འདུན་གྱི་ཁྲིའུ་ལ་འདུག་ཅིང་བཙོ་བླག་གི་ལས་ཀྱིས་བྲེལ་པ་བསླང་བར་མི་བྱའོ། །གྲལ་ནས་སྤགས་པ་ཡང་མི་བླང་ངོ༌། །ཐ་ན་ལན་ཚྭ་འམ་ལྡ་མ་ལྡུམ་ཡང་རུང་བྱིན་ལེན་བྱས་ནས་སྤགས་པ་ཞེས་བརྗོད་པར་བྱའོ། །གྲལ་མ་ཡིན་པར་སྤགས་པར་མི་བྱའོ། །འདུག་པའི་སྔར་འདུག་པ་ལ་ཇི་ལྟར་རྒན་རིམས་བཞིན་དུ་མི་བསླང་ངོ༌། །གང་ལངས་ནས་འཆག་པ་དེའི་སྟན་ལ་འདུག་པར་མི་བྱའོ། །དེས་ཀྱང་དེར་མི་བྲལ་བར་བྱ་བའི་ཕྱིར་རྡུལ་གཟན་ན་མ་པུས་འཁྱུད་གཞག་པར་བྱའོ། །དགེ་འདུན་གྱི་ཁྲིའུ་ཐག་མས་བརྒྱུས་པ་དགེ་ཚུལ་ལ་འདུག་བ་སྦྱིན་པར་མི་བྱའོ། །དྲན་པ་ཤིན་དུ་ཉེ་བར་འཇོག་པ་ཞིག་ཡིན་ན་ལྟུང་བ་མེད་དོ། །ཆོས་མཉན་པའི་ཚེ་དགེ་སློང་མ་རྣམས་ལ་ཁྲིའུ་ཐག་མས་བརྒྱུས་པ་སྦྱིན་པར་མི་བྱའོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་མཚན་མོ་ཡང་སྦྱིན་པར་བྱའོ། །སྟན་ནང་ཚངས་ཅན་གཅིག་གམ། པར་ཏང་ཁྲ་བོ་གཅིག་གི་སྟེང་དུ་ཁྱིམ་པ་འམ། དགེ་ཚུལ་ལམ་རང་བཞིན་དུ་མི་གནས་པའི་དགེ་སློང་


DTG151_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ་འདུག་པར་མི་བྱའོ། །དེ་འདྲ་བའི་རྐྱེན་བྱུང་བ་ནི་མ་གཏོགས་སོ། །འདི་ལྟར་སྟེགས་བུ་ལ་གལ་ཏེ་སྟན་པར་ཏང་ཁྲ་བོ་བཏུལ་བར་གྱུར་པ་ལ་ནི་ལྟུང་བ་མེད་དོ། །དེ་བཞིན་དུ་བསླབ་པ་བྱིན་པ་དང་གཉིས་སྟན་གཅིག་ལ་འམ། སྟན་ནང་ཚངས་ཅན་གཅིག་གམ། ཁྲིའུ་འམ། སྟན་པར་ཏང་ཁྲ་བོ་གཅིག་ལ་འདུག་པར་མི་བྱའོ། །གསར་བུ་དང་རྒན་པ་གཉིས་ཀྱིས་ཀྱང་སྟན་གཅིག་ལ་འདུག་པར་མི་བྱའོ། །ལོ་གསུམ་གྱི་བར་དུ་ཆོད་པ་དང་ལྷན་ཅིག་གམ། ལོ་གཅིག་མ་ལོན་པ་ལོ་གསུམ་ལོན་པ་དང་ལྷན་ཅིག་གམ། ལོ་གཅིག་ལོན་པ་ལོ་བཞི་ལོན་པ་དང་ལྷན་ཅིག་པ་ལ་ནི་ལྟུང་བ་མེད་དོ། །ཁྱིམ་གཞན་དུ་ནི་མཁན་པོ་དང་ལྷན་ཅིག་འདུག་ཀྱང་ལྟུང་བ་མེད་དོ། །ཁྲི་གཅིག་ལ་གསུམ་གྱི་བར་དུ་འདུག་པར་བྱའོ། །ཁྲིའུ་ལ་ནི་གཉིས་ཀྱི་བར་དུའོ། །ཁྲིའུ་ཆུང་ལ་ནི་གཅིག་པུའོ། །ལམ་དུ་གོས་བརྙན་པ་ནི་གཅིག་པུས་མི་བགོ་བར་ཐམས་ཅད་པ་རྣམས་ལ་སྦྱིན་པར་བྱའོ། །གལ་ཏེ་མང་དུ་ཡོད་ན་རེ་རེ་སྦྱིན་པར་བྱའོ། །ཅི་སྟེ་གཅིག་པུ་ཞིག་ན་ཉལ་བ་རྣམས་ཀྱི་སྟེང་ནས་དགབ་པར་བྱའོ། །སྐྱེ་བོ་མང་པོའི་བགོ་བ་གྱོན་ཏེ་འཆག་པར་མི་བྱའོ། །གང་ཟག་གི་དང་བཅག་པར་ཡང་བྱའོ། །ཁྲི་གཅིག་ལ་གཉིས་དག་ཉལ་བར་མི་བྱའོ། །ལམ་དུ་ཞུགས་པ་ལས་ངོ་ཚ་བ་ཅན་ཞིག་ཡིན་ལ་ཁྲི་ཡང་ཆེ་ན་གདིང་བ་སོ་སོར་བཏིང་སྟེ། བར་དུ་གཏུར་བུས་བཅད་དེ་ཉལ་བ་ལ་ལྟུང་བ་མེད་དོ། །ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་པར་མི་བྱའོ། །ལམ་ཕྲན་ལ་སོགས་པར་གོས་སར་པ་ཁ་ཚར་རིང་པོ་དག་གིས་བཀབ་ན་ཡོན་བདག་གི་ངོར་མི་རྟག་པ་ཡིད་ལ་བྱེད་པས་གཞན་ཉམས་པ་དང༌། མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པའི་ཕྱིར་སྟེང་དུ་སོང་ཡང་ལྟུང་བ་མེད་དོ། །ཆོས་མཉན་པའི་ཕྱིར་དགེ་འདུན་གྱི་སྟན་གདིང་བ་རྗེས་སུ་གནང་སྟེ། དེ་བཞིན་དུ་སེང་གེའི་ཁྲི་ཡང་ངོ༌། །གང་གསོལ་བ་བཏབ་པས་ཆོས་བཤད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །དེའི་དོར་ལྷགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་འདུན་གྱིས་གནས་བརྟན་ནས་བཟུང་ནས། གསར་བུའི་བར་དུ་ཆོས་བཤད་པར་བྱའོ། །སེང་གེའི་ཁྲི་ལ་ཐེམ་སྐས་གཟུགས་པར་བྱའོ། །མཆིལ་མའི་སྣོད་དུ་གཞི་


DTG151_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་ལ་གཞག་པར་བྱའོ། །དུས་དུས་སུ་སྦྱང་བར་བྱའོ། །བསྐམ་པར་བྱའོ། །ཆོས་མཉན་པའི་སྟན་རྣམས་རྫིང་བུའི་རྣམ་པ་འམ། ཟླ་གམ་གྱི་རྣམ་པ་ལྟ་བུར་བཤམ་པར་བྱའོ། །སྦྱིན་བདག་རྣམས་དགེ་སློང་གི་ཕྱིར་སྟན་རྙེད་ན་སྦྱིན་པར་བྱའོ། །གལ་ཏེ་དེ་དག་ཉིད་ཀྱིས་བསྐྱལ་ན་དེ་ལྟ་ན་ལེགས། གལ་ཏེ་མ་བསྐྱལ་ན་གཎྜཱི་ཆུང་ངུ་བརྡུངས་ལ་གནས་པར་བྱེད་པ་རྣམས་ཀྱིས་བླང་བར་བྱའོ། །དེ་བདག་ཉིད་ཀྱི་ཕྱིར་རྙེད་ན་ཡང་སྦྱིན་ལ་བསྲུང་བའི་དགེ་སློང་གཞག་པར་བྱའོ། །ཕྱོགས་གཅིག་ཏུ་འདུག་ཏེ་ཁ་ཏོན་དང་ཡིད་ལ་བྱེད་པ་བྱའོ། །གང་གི་ཚེ་དོང་བའི་ཚེ་བླང་བར་བྱའོ། །གང་ཆང་གི་སྙིགས་མས་མ་རུང་བར་གྱུར་བ་དེ་ནི་བཀྲུ་བར་བྱའོ། །སྣུམ་གྱིས་གོས་པ་ལ་སྲན་ཕྱེས་སོ། །མི་གཙང་བ་ལ་སོགས་པ་ལ་ནི་སས་སོ། །བླ་གབ་མེད་པས་ཆོས་སྒྲོགས་པའི་ཚེ་གལ་ཏེ་ཆར་བ་འབབ་ན་སྟན་རྣམས་བོར་ཏེ་མ་དོང་བར་གང་དང་གང་ལ་འདུག་པ་དེ་དང་དེས་ན་དུ་གཞུག་པར་བྱའོ། །ཇི་སྟེ་རྒན་པ་རྣམས་ཀྱི་ལྕི་ན་དེ་རྗེས་ལ་སོ་སོར་གཞག་པར་བྱའོ། །སེང་གེའི་ཁྲིའི་སྟེང་དུ་ཁྱིམ་པས་གསེར་དང་དངུལ་གྱིས་སྤྲས་པའི་གོས་ཤིག་བཏིང་ན་ཁྱིམ་པའི་གོས་སོ་ཞེས་བྱ་སྟེ། མི་རྟག་པ་ཡིད་ལ་བྱེད་པར་འདུག་པར་བྱའོ། །དགོན་པའི་གཙུག་ལག་ཁང་ཡང་ཡོན་བདག་དེ་ཉིད་ཀྱིས་བྱས་པ་ཞིག་ཏུ་མལ་ཆ་དང་སྟན་རྙེད་ན་སྦྱིན་པར་བྱའོ། །ཁྱེར་བའི་ཚེ་གལ་ཏེ་ཆར་བ་བྱུང་ན་ཤིང་ལྗོན་པ་ལ་སོགས་པའི་དྲུང་དུ་བཞག་ལ་གོས་ངན་པས་གཡོགས་པར་བྱའོ། །དུས་སྟོན་ཟིན་ནས་སླར་མཐུས་ཀྱང་དགུག་པར་བྱའོ། །གནས་མལ་རྣམས་ཅི་ལྟར་ངེས་པར་ཡོངས་སུ་ལོངས་སྤྱད་པར་བྱའོ། །བླ་གབ་མེད་པ་ལ་ཆར་བ་འབབ་པ་དང༌། འཛམ་བུའི་གྲིབ་མར་བཞུགས་པའི་སྐུ་གཟུགས་བསྙེན་བར་མ་རྫོགས་པ་མེད་ན་སྟོན་པའི་འདུ་ཤེས་ཉེ་བར་བཞག་ལ་གཞུག་པར་བྱའོ། །སློབ་དཔོན་དང་མཁན་པོ་ཉིན་མོ་སྤྱོད་པའི་སར་འགྲོ་ན་གནས་པ་དག་གིས་སྟན་བླངས་ལ་འགྲོ་བར་བྱའོ། །སློབ་དཔོན་དང་མཁན་པོ་ཕྱག་དར་རམ་ཁབ་ཀྱི་ལས་ཤིག་བྱེད་ན་ཡང་སྙིང་ལས་ཆུང་བར་བྱའོ། །གལ་ཏེ་ཕྱག་དར་བྱེད་པ་འམ་ཆོས་གོས་འདྲུབ་པར་བསྐོས་ན་ལྟུང་བ་མེད་དོ། །ཁ་ཏོན་བྱེད་པའི་ཚེ་ཐོས་པའི་ཉེ་འཁོར་


DTG151_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ལ་གདོན་བར་བྱའོ། །སྤོང་བ་བྱེད་པས་ཀྱང་གདམས་ངག་མ་ནོས་ནས་དབེན་པའི་ཕྱོགས་གཅིག་ཏུ་འདུག་པར་བྱའོ། །ལས་རེས་ཤིག་བབ་ན་ཞུས་ནས་འགྲོ་བར་བྱའོ། །གལ་ཏེ་དེ་ལ་དེ་ཉིད་དུ་ཡང་ལས་གཞན་བྱ་དགོས་ན་སླར་འོང་ཞིང་ཞུ་མི་དགོས་སོ། །སྟན་དེ་རྣམས་ཀྱང་དེ་དག་ཉིད་ཀྱིས་བླང་བར་བྱའོ། །ཁྱེར་བ་དང་སླར་ལེན་པའི་ཚེ་ཡང་ཞུ་བར་བྱའོ། །ཁྱིམ་གཞན་དུ་འདོང་བ་ན་རྗེས་སུ་མཐུན་པ་དང་བཅས་པའི་དུས་སུ་གཎྜཱི་བརྡུང་བར་བྱའོ། །རང་རང་གི་འཁོར་རྣམས་ལ་ཡང་བརྟག་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ནི་གློ་བུར་ལགས་པ་རྣམས་ལ་བརྟག་པར་བྱའོ། །གང་གཙུག་ལག་ཁང་གི་སྒོ་བཅད་ནས་འོངས་པ་དེས་ཤིང་ལྗོན་པའི་དྲུང་ངམ། རྩིག་པའི་དྲུང་དུ་སྟན་བཞག་སྟེ་འགྲོ་བར་བྱའོ། །གྱ་ཚོམ་དུ་ཟན་གཅོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁྱིམ་པ་དགེ་འདུན་གྱི་སྟན་ལ་འདུག་པ་ལས་ལངས་ཏེ་བོར་ནས་འགྲོ་བ་དེ་དག་གང་གིས་མཐོང་བ་དེས་ནང་དུ་གཞུག་པར་བྱའོ། །གལ་ཏེ་མི་ནུས་ན་དགེ་སྐོས་ལ་བརྗོད་པར་བྱའོ། །བླ་གབ་མེད་པ་ལ་གནས་མལ་མང་པོ་རྣམས་སོ་སོར་སྐམ་དུ་བཅུག་སྟེ། གཅིག་པུ་ལ་བཅོལ་ནས་འགྲོ་བར་མི་བྱའོ། །གལ་ཏེ་དེ་འདྲ་བའི་རྐྱེན་ཞིག་བྱུང་བར་འགྱུར་ན་དེས་གཎྜཱི་བརྡུང་བར་བྱའོ། །གང་དེ་ལ་ཆགས་པར་འགྱུར་ནས་མ་གུས་པར་བྱས་ཏེ་བརྟུལ་བར་མི་བྱའོ། །དགེ་སློང་དེ་ན་འཁོད་པ་དེ་དག་གིས་གུས་པར་བྱས་ལ་བརྟུལ་ཏེ་ནང་དུ་གཞུག་པར་བྱའོ། །དེ་དག་གིས་ཀྱང་གཎྜཱི་ཐོས་ན་གུས་པར་བྱས་ལ་འགྲོ་བར་བྱའོ། །མེ་ཤོར་ན་སྔར་བདག་ཉིད་ཀྱི་ལྷུང་བཟེད་དང་ཆོས་གོས་ཕྱིར་ཕྱུང་ལ། ཕྱིས་དགེ་འདུན་གྱིའོ། །སྟོབས་ཆུང་བ་ཞིག་སྲུང་བར་གཞག་པར་བྱའོ། །མེ་མི་བཟོད་པའི་ནང་དུ་འཇུག་པར་མི་བྱའོ། །ཚིག་པ་ལ་ཡང་འགྱོད་པར་མི་བྱའོ། །དེ་བཞིན་དུ་ཆུ་བྲུག་བ་ལ་ཡང་བརྗོད་པར་བྱའོ། །གང་ཟག་ལ་ནི་གནོད་ཀྱི་དགེ་འདུན་ལ་ནི་མ་ཡིན་ནོ། །ཐམས་ཅད་ལ་ཡང་ཀུན་དུ་སྤྱད་པ་ཅི་སྐད་བསྟན་པ་བཞིན་དུ་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཞི་བའོ།། །།མཉན་ཡོད་ན་སྟེ། ལྷོ་ལམ་རྣམས་ནས་དགེ་སློང་དག་འོངས་པས་རྩྭ་སྟན་དུ་བཏིང་ནས་སྲིལ་


DTG151_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཙུག་ལག་ཁང་གང་བར་གྱུར་ཏེ། གནས་མལ་གྱི་གཞིའི་དབང་དུ་མཛད་དེ། སྨོད་པ་དང་ལེ་ལོའི་ཉོན་མོངས་པས་ན་ལྔ་པ་བཅས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་ཕྱོགས་བཞིའི་དགེ་འདུན་གྱི་འོ། །གཙུག་ལག་ཁང་གཞན་ནི་ཉེས་བྱས་སོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་ལ་སྤྱོད་ལམ་བཞི་ཤོང་བ་ཡོད་པའོ། །སོང་ན་ཞེས་བྱ་བ་ནི་ཉེ་འཁོར་སྤངས་ནའོ། །ཉེ་འཁོར་ནི་སྔ་མ་བཞིན་ནོ། །དགེ་སློང་འཁོད་པ་ལ་མ་བཅོལ་ཞེས་བྱ་བ་ནི་གང་ལ་བཅོལ་ནས་ཁས་བླངས་པ་དེས་ཁས་བླངས་ལ་མ་བྱས་ན་ཉེས་བྱས་སོ། །རྒྱུན་དུ་བཏིང་བ་ལ་གལ་ཏེ་གཉུག་མར་གནས་པའི་དགེ་སློང་དག་གིས་བཀག་ན་འབྱུང་བར་མི་འགྱུར་རོ། །དེ་ལ་ལྟུང་བའི་རྣམ་པར་དབྱེ་བ་ནི་བསླབ་པའི་གཞི་འདས་མ་ཐག་པ་བཞིན་ནོ། །འདི་ལ་ཕན་ཕུན་དུ་གྱུར་པ་ནི་རྣམ་པ་གཉིས་ཏེ། རླུང་གིས་ཕན་ཕུན་དུ་གྱུར་པ་དང༌། སྲིལ་གྱིས་ཕན་ཕུན་དུ་གྱུར་པ་ཡིན་ཏེ། སྲིལ་གྱིས་ཅི་སྲིད་རིམ་པ་གཅིག་ལས་རིམ་པ་གཉིས་སུ་ཐལ་བའོ། །ཁྱིམ་པ་རྣམས་ལ་ནི་དྲིས་ཏེ་དབྱུང་བར་བྱའོ། །མ་བྱུང་བ་ཉེས་བྱས་སོ། །མ་དྲིས་པར་གྱུར་ན་ཡང་ཉེས་བྱས་སོ། །དགོན་པར་ནི་བཟློག་ལ་འགྲོ་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །བཙོ་བླག་གི་ལས་ཀྱི་ཕྱིར་རྩྭ་བཏིང་པ་ལས་གང་ངས་དོར་རོ་ཞེས་གཞན་ཟེར་བ་ལས་ལྟུང་བ་མེད་དོ། །འཆག་སར་རྩྭ་བཏིང་བ་ནི་ཉིན་གཅིག་བཞིན་དུ་དོར་བར་མི་བྱའོ། །གཞན་དུ་ན་འོན་ཀྱང་ལྟོས་པ་མེད་པར་འགྲོ་བ་ནི་རྩྭའི་ཆུན་པོ་དག་ཐག་པས་བཅིངས་ཏེ། ཤིང་ལྗོན་པ་ལ་དཔྱངས་ཤིང་གཞག་པར་བྱའོ། །དུས་སྟོན་ཆེན་པོ་འི་ཚེ་རྩྭའི་ཕུང་པོ་བརྟུལ་ལ་གཞག་པར་བྱའོ། །ནམ་དུས་སྟོན་ཟིན་ན་དོར་བར་བྱའོ། །དགེ་སློང་ཞིག་གུད་དུ་འགྲོན་མལ་དང་སྟན་བཅིང་ས་ལ་འགྲོ་བར་བྱའོ། །བ་ལང་གི་ལྕི་བས་ལ་མི་གཞག་མོད་ཀྱི་གཞན་དུ་ན་འོན་ཀྱང་གྱོ་མོའི་ནང་དུ་གཞག་པར་བྱའོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། འཆར་ཀ་ཁྲོས་ནས་གྲོགས་པོ་གནས་འཆའ་བར་བྱེད་པ་རྣམས་མཚན་མོ་གཙུག་ལག་ཁང་ནས་ཕྱིར་ཕྱུང་བས་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། ཡོངས་སུ་འཛིན་པའི་ཉོན་མོངས་པས་ན་དྲུག་པ་བཅས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་ན་བ་གཞག་སྟེ་གཙུག་ལག་ཁང་ནས་མ་བསྐྲད་པ་


DTG151_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སླར་མ་བྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་སོ། །གཞན་དག་ནི་ཕྱི་རོལ་གྱི་རྐྱེན་ལ་དེ་འདྲ་བའི་རྐྱེན་ཅེས་བྱ་བའོ་ཞེས་ཀྱང་ཟེར་སྟེ། འདི་ལྟ་སྟེ། འཐབ་མོ་བྱེད་པར་འགྱུར་བ་འམ། རྩོད་པ་མ་བྱུང་བ་འབྱིན་བ་འམ། འབྱུང་བ་འཕེལ་བར་བྱེད་པའམ། ཉེ་བར་ཞི་བར་བྱེད་པའི་ཚེ་བགེགས་སུ་བྱེད་པ་འམ། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པར་འགྱུར་བ་ཡིན་ཏེ། དེ་དག་ཀྱང་ཁྲོས་ཏེ་ཕྱིར་བྱུང་ན་ཉེས་བྱས་སོ་ཞེའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཡོ་བྱད་ཀྱི་ཕྱིར་རམ། འདས་པའི་ཁོ་ན་དྲན་ནས་སམ། མ་འོངས་པའི་ཁོ་ན་འབྱུང་དུ་དོགས་པ་འམ། ད་ལྟར་གནོད་པར་འགྱུར་བ་འམ། རྙེད་པ་དང་བཀུར་སྟིའི་ཕྲག་དོག་གམ། བསྟོད་པ་དང༌། སྨད་པ་འམ། ཆོས་ཀྱི་ཕྱིར་རམ། སློབ་དཔོན་གྱི་ཕྱིར་རམ། མཁན་པོའི་ཕྱིར་རམ། ལྷན་ཅིག་གནས་པ་འམ། ཉེ་གནས་སམ། མཛའ་བོའི་ཕྱིར་ཡང་རུང་སྟེ། ཕྱོགས་བཞིའི་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་བདག་གིས་སམ། གཞན་གྱིས་འབྱིན་དུ་བཅུག་ན་ལྟུང་བྱེད་དོ། །དེའི་ལྷུང་བཟེད་དང་ཆོས་གོས་དགེ་འདུན་གྱི་གཙུག་ལག་ཁང་ནས་ཕྱིར་ཕྱུང་ན་ཉེས་བྱས་སོ། །དགེ་འདུན་གྱིས་ཕྱིར་ཕྱུང་ལ་ཉེས་བྱས་སུ་འགྱུར་བ་མཆིས་སམ། ཡོད་དེ་བསླབ་པ་འབྱིན་པའི་དགེ་འདུན་གང་ཡིན་པའོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཀྱང་ཕྱིར་ཕྱུང་ན་ཉེས་བྱས་སོ། །དགེ་སློང་མའི་གཙུག་ལག་ཁང་དང༌། ཕྱོགས་བཞིའི་དགེ་འདུན་གྱི་མ་གཏོགས་པ་དེ་ལས་གཞན་པའི་དགེ་འདུན་གྱི་གཙུག་ལག་ཁང་དང༌། སྔོན་ལྟུང་བ་འབྱུང་བ་ལ་སོགས་པ་དང༌། མི་མ་ཡིན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་བར་རྫོགས་པའི་གཙུག་ལག་ཁང་དང༌། གང་ཟག་གི་གཙུག་ལག་ཁང་དང༌། དགེ་ཚུལ་ལ་སོགས་པའི་གཙུག་ལག་ཁང་དང༌། བླ་གབ་མེད་པ་ལ་སོགས་པ་དང༌། མུ་སྟེགས་ཅན་གྱི་གཙུག་ལག་ཁང་ནས་རང་བཞིན་དུ་གནས་པ་ཕྱིར་ཕྱུང་ན་ཉེས་བྱས་སོ། །དགེ་འདུན་གྱི་ལ་དགེ་འདུན་གྱིར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། གཉིས་ནི་ལྟུང་བྱེད་དོ། །བཞི་ནི་ཉེས་བྱས་སོ། །དེ་ལྟར་ཉེས་པ་མེད་པ་ལ་ཉེས་པ་མེད་པར་འདུ་ཤེས་པའང་རྣམ་པ་དྲུག་ཏུ་བརྗོད་པར་བྱའོ། །ཚུལ་ཁྲིམས་


DTG151_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་བ་ནི་དགེ་འདུན་གྱི་ཕྱིར་དབྱུང་བར་བྱའོ། །གལ་ཏེ་འགྱུར་བ་རྟེན་པར་བྱེད་ན་ཡོ་བྱད་མེད་པར་བྱའོ། །ལ་བ་ལ་སོགས་པ་ལ་འཛིན་ན་གཅད་པར་བྱའོ། །དེ་ཡང་དགེ་འདུན་གྱི་འདུས་སར་བྱའོ། །སྨ་དབབ་པར་བསམས་ཏེ་གནས་ཁང་ནས་ཕྱུང་བར་ལ་ལྟུང་བ་མེད་དོ། །དེ་ཡང་གཙུག་ལག་ཁང་ནས་ནི་ཕྱིར་དབྱུང་བར་མི་བྱའོ། །སྨ་དབབ་པ་ལ་རྣམ་པ་ལྔ་སྟེ། གཏམ་འདྲེ་བར་མི་བྱ་བ་དང༌། མི་གདམས་པ་དང༌། ལོངས་མི་སྤྱད་པ་དང༌། བསྙེན་བཀུར་བདག་གིར་མི་བྱ་བ་དང༌། དགེ་བའི་ཕྱོགས་ཀུན་ནས་སྤྱད་པ་དང༌། གནས་བཅས་པའི་རྒྱུན་དགག་པའོ། །ཆོས་ལྔ་དང་ལྡན་ན་སྨ་དབབ་པར་བྱ་སྟེ། མ་དད་པ་དང༌། ལོ་ལོ་ཅན་དང༌། བཀའ་བློ་མི་བདེ་བ་དང༌། སྡིག་པའི་གྲོགས་པོ་དང༌། མ་གུས་པའོ། །སྨ་དབབ་པ་སྦྱིན་པར་འོས་པ་ལས་སྨ་ཕབ་ན་ཉེས་བྱས་སོ། །ཤིན་དུ་བསྡིགས་པར་བྱའོ། །དགེ་སློང་མཁས་པ་གཅིག་ལ་བཅོལ་བར་བྱའོ།། གང་བདག་ཉིད་ཀྱིས་བཟོད་པ་བྱེད་པར་འགྱུར་བར་བཅོལ་ལོ། །ཅི་སྐད་བསྟན་པའི་ཆོས་རྣམ་པ་ལྔ་པོ་སླར་བཟློག་པ་དང་ལྡན་པ་ལ་ནི་བཟོད་པར་བྱའོ། །བཟོད་པར་བྱ་བར་མི་འོས་པ་ལ་བཟོད་པ་བྱས་ན་ཉེས་བྱས་སོ། །གང་མ་དད་པ་བསྙེན་པར་རྫོགས་པ་དང༌། བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་ལ་ནི་ཡོ་བྱད་དྲུག་སྦྱིན་ཏེ། གཙུག་ལག་ཁང་ནས་ཕྱིར་དབྱུང་བར་བྱའོ། །དགེ་ཚུལ་ལ་ནི་བླ་གོས་དང་བཅས་པའི་མཐང་གོས་ཀྱང་སྦྱིན་པར་བྱའོ། །གཙུག་ལག་ཁང་དུ་ཀླུ་གཞོན་ནུ་མ་སེ་གོལ་གྱི་སྒྲ་བྱས་ཏེ། བཞིན་བཟང་དགེ་སློང་ལ་གནོད་པར་མ་བྱེད་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་འགྲོར་མ་བཏུབ་ན་ཤུར་བུ་ལ་སོགས་པ་རྣམས་སམ། ཤུར་བུ་གཉིས་པ་འམ། ཐ་གུ་རས་མས་དཀྲིས་པས་བཅིངས་ཏེ་ཕྱིར་དབྱུང་བར་བྱའོ། །སྐྲ་ལ་སོགས་པའི་ཐ་གུས་ནི་མ་ཡིན་ནོ། །ས་སྒྲེ་བོ་མ་ཡིན་པ་ལ་གཞག་པར་བྱའོ། །མེས་ཚིག་པའི་གནས་སུ་གཞག་པར་མི་བྱའོ། །ཇི་སྲིད་གནས་སུ་མ་སོན་གྱི་བར་དུ་འདུག་པར་བྱའོ། །ཤིག་དང་མད་ཀུན་ཀ་དག་ནི་གར་བབ་བབ་དུ་དོར་བར་མི་བྱའོ་རས་མའི་ནང་དུ་དཀྲིས་ཏེ་བསིལ་བའི་ཕྱོགས་སུ་གཞག་གོ །དེ་ལྟ་བུ་མེད་ན་ཡང་ཀ་བ་འམ། རྩིག་པའི་བུ་གུ་བསིལ་བར་


DTG151_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱའོ། །ཇི་སྐད་དུ་བསྟན་པའི་ཚུལ་དུ་མ་བྱས་ན་ཉེས་བྱས་སོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། འཆར་ཀ་གཏམ་ཟེར་ཞིང་ཡུན་རིང་དུ་འདུག་ནས་ཐབས་ཀྱིས་སྒོ་ཕྱེ་སྟེ། ཉལ་ཟིན་པ་དག་གི་ཐོག་ཏུ་མནན་ནས་གནོད་པར་བྱེད་པས་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་ན་བདུན་པ་བཅས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་སྔ་ནས་ཉེ་བར་འཁོད་པ་ཡིན་ཏེ། རང་གིས་རིག་པ་འམ། དེ་ལས་གཞན་གྱིས་བསྒོ་བའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་ཕྱོགས་བཞིའི་དགེ་འདུན་གྱིའོ། །སྔན་འཁོད་པ་རྣམས་ལ་ཞེས་བྱ་བ་ནི་སྔ་ན་འཁོད་པའི་རྣམས་ལའོ། །ཕྱིས་གནོན་ཞེས་བྱ་བ་ནི་མཐུས་གཞན་ལ་གནོད་ལར་བྱེད་པའོ། །སྟན་ཞེས་བྱ་བ་ནི་ཁྲི་འམ། ཁྲིའུ་འམ། གདིང་བའོ། །གནོད་ཅེས་བྱ་བ་ནི་ཕྱག་འཚལ་བས་གནོད་པ་དང༌། བསྙེན་བཀུར་བྱེད་པས་གནོད་པ་དང༌། བླ་མ་ལ་རིམ་གྲོ་བྱེད་པས་གནོད་པ་དང༌། ནད་པའི་རིམ་གྲོ་བྱེད་པས་གནོད་པ་དང༌། སྟོན་པ་དང༌། ཁ་ཏོན་བྱེད་པ་དང༌། མཉན་པ་དང༌། ཀུན་དུ་འདྲི་བས་གནོད་པ་དང༌། འདུན་པ་སྦྱིན་པས་གནོད་པ་དང༌། ཟས་དང་སྐོམ་གྱིས་གནོད་པ་དང༌། རྙེད་པ་ལེན་པས་གནོད་པ་དང༌། འདུག་པས་གནོད་པ་དང༌། ཉལ་བས་གནོད་པ་དང༌། གནས་ཀྱིས་གནོད་པ་སྟེ། དེ་དག་ཐམས་ཅད་ལ་ཡང་ལྟུང་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་གནོད་པར་བསམས་པའོ། །དགེ་འདུན་གཞན་གྱི་གཙུག་ལག་ཁང་ནས་གནོད་པར་བསམས་ན་ཉེས་བྱས་སོ། །རྐྱེན་ཅེས་བྱ་བ་ནི་རྒྱུ་སྟེ་གང་ལ་ཞེ་ན་ལྟུང་བའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། སྔ་མ་ནས་ཉེ་བར་འཁོད་པ་ལ་དེར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། གནོད་པར་བྱེད་ན་ལྟུང་བྱེད་དོ། །སྔ་ནས་ཉེ་བར་འཁོད་པ་མ་ཡིན་པ་ལ། སྔ་ནས་ཉེ་བར་འཁོད་པར་འདུ་ཤེས་སམ་ཡིད་གཉིས་ཟའམ། སྔ་ནས་ཉེ་བར་འཁོད་པ་ལ་སྔ་ནས་ཉེ་བར་འཁོད་པ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། གནོད་པར་བྱས་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་དང༌། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་ལ་སོགས་པ་ལ་ནི་ཉེས་བྱས་སོ། །འཆར་ཀས་མཐོ་བ་ཙམས་པར་བསམས་ཏེ། ཟས་ངན་པ་


DTG151_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་པ་གཉིས་བསྡེབས་ཏེ། བསྐོས་ནས་མཚན་མོ་ཐོག་ཐག་ཁ་ཏོན་བྱེད་དུ་བཅུག་བ་དང༌། ཁ་ཟས་གྱ་ནོམ་པ་ཟོས་པ་རྣམས་ནི་མཚན་ཐོག་ཐག་ཡིད་ལ་བྱེད་པ་བསྒོམ་དུ་བཅུག་པ་དང༌། གྲང་བའི་དུས་ཀྱི་ཚེ་ན་བླ་གབ་མད་པར་ཆུས་བཏབ་སྟེ། མཚན་ཐོག་ཐག་བསིལ་ཡབ་ཀྱིས་གཡབ་པ་དང༌། དྲོ་བའི་དུས་ཀྱི་ཚེ་ན་ནི་ཁང་པའི་སྐར་ཁུང་ལ་སོགས་པ་བཅད་དེ། མེ་བུས་ནས་ལ་བས་གཡོགས་ཏེ། སྟེང་དུ་བདག་ཉིད་ཀྱིས་མནན་ཏེ་འདུག་པ་དང༌། དེ་བཞིན་དུ་གཙུག་ལག་ཁང་སྣམ་ཕྱིས་མེད་པ་དང༌། མི་གཙང་བའི་གྱོ་མོ་བཅག་ནས་དགེ་སློང་ཁ་ཅིག་ཝ་ཁར་བཤང་གཅི་བྱས་པ་དང༌། དེ་ཁྱིམ་པ་རྣམས་ལ་སྦྲན་པ་དང༌། བཀྲུ་སྨན་འཐུངས་ནས་ན་བའི་ཐབས་སུ་བྱ་སྟེ། གང་ནད་པ་ལ་ལྟར་ལྷགས་པ་དེ་ཡུན་རིང་དུ་གཞག་པ་དང༌། རྣལ་འབྱོར་དང་རྗེས་སུ་མཐུན་པ་དང༌། ཀློག་པ་དང་རྗེས་སུ་མཐུན་པའི་གཙུག་ལག་ཁང་དེར་ཉིན་ཐོག་ཐག་ལས་བྱེད་དུ་བཅུག་པ་དང༌། འཇིགས་པ་དང༌། བཅས་པའི་གཙུག་ལག་ཁང་དུ་སྒོ་ཕྱེ་སྟེ་ཅི་ནས་ཀྱང་འཇིགས་པས་བདེ་བར་ཉལ་དུ་མི་གཞུག་གོ་སྙམ་པ་དང༌། སྣམ་ཕྱིས་གཙུག་ལག་ཁང་གི་ཕྱི་རོལ་ན་འདུག་པའི་སྒོ་གང་དུ་ཉལ་ཏེ་འདུག་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཅི་ཙམ་དུ་དགེ་སློང་ལ་བསམས་བཞིན་དུ་མཐོ་བཙམས་ན་ལྟུང་བྱེད་དོ། །འདི་ཡང་གནོད་པར་བྱེད་པ་ཞེས་བྱ་བའོ། །སྟན་བཟུང་བ་ནི་ཉེ་བར་མཚོན་བའི་དོན་ཏོ། །བཤང་བ་དང༌། གཅི་བའི་ཁང་བར་འཆག་པར་མི་བྱའོ། །ཇི་ལྟར་རྒན་རིམས་ཀྱིས་མཐོ་བཙམས་བར་མི་བྱ་སྟེ། དེ་ལ་ཅི་ལྟར་རྒན་རིམས་མེད་ཀྱི་ཇི་ལྟར་འོངས་པ་བཞིན་ནོ། །ཆུ་གཞག་པའི་ས་དང༌། རྐང་པ་དག་བཀྲུ་བའི་སར་དགེ་འདུན་གྱིས་སྣོད་མི་མཐུན་པ་གཞག་པར་མི་བྱའོ། །ཅི་ལྟར་རྒན་རིམས་སུ་མི་བླང་སྟེ། དེ་ལ་ཅི་ལྟར་རྒན་རིམས་སུ་བྱ་བ་མེད་པ་ནི་གང་གིས་དེ་ཐོག་མར་བླངས་བ་དེས་རྫོགས་པར་བྱའོ།། ཚན་ལ་སོགས་པའི་ཁུ་བ་ཉུང་དུ་མས་སྣོད་བྲེལ་བར་མི་བྱའོ། །ཆོས་དང་མཐུན་པའི་ལས་ཀྱིས་བྲེལ་བའི་ཚེ་ཇི་ལྟར་རྒན་རིམས་ཀྱིས་སོ་ཞེས་སྟན་ལས་མི་བསླང་ངོ༌། །དགེ་འདུན་གྱི་སྤུ་གྲིའི་སྣོད་བྱ་བ་བྱས་པ་དང༌། ཡང་བྱའོ་ཞེས་མི་གཞག་གོ །བཤང་བ་དང་གཅི་པའི་ཁང་པར་


DTG151_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་བྱས་ན་འདུག་པར་མི་བྱའོ། །ཇི་སྐད་བསྟན་པ་བཞིན་དུ་མ་བྱས་ན་ཐམས་ཅད་དུ་འགལ་ཚབས་ཅན་དུ་འགྱུར་རོ། །བདུན་པའོ།། །།མཉན་ཡོད་ན་སྟེ། ཉེ་དགའ་ཁྲོས་ནས་ཁྲིའུའི་རྐང་བ་ལྷུང་བས་བསོད་སྙོམས་པའི་དཔྲལ་བ་བརྟོལ་བས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་ཕྱོགས་བཞིའི་དགེ་འདུན་གྱི་སྟེ། དེ་ལས་གཞན་བའི་ཉེས་བྱས་སོ། །སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཞེས་བྱ་བ་ནི་གཡོགས་པའི་སྟེང་ངོ༌། །གཙུག་ལག་ཁང་ཞེས་བྱ་བ་ནི་རྩྭའི་ཁྱིམ་མི་བརྟན་པ་སླར་བཅོས་པ་མ་བྱས་པ་ལ་ལྟུང་བར་འགྱུར་རོ། །རྩ་བ་འབྱུང་བ་ཞེས་བྱ་བ་ནི་རྐང་པ་ཕུར་བུ་ལྟ་བུ་སྟེ། གཟེར་བུས་བཏབ་པ་ལ་ནི་ལྟུང་བ་མེད་དོ། །ཁྲིའུ་ཞེས་བྱ་བ་ལ་ནི་ཁྲིའུ་ལའོ། །འདུག་གམ་ཞེས་བྱ་བ་ལ་སོགས་པ་ནི་རྒོད་བག་གིས་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་ན་ལྟུང་བའོ། །རྒོད་བག་མེད་པར་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་ཀྱང་ལྟུང་བ་མེད་དོ། །རྐང་པ་འབྱུང་བ་ལ་རྐང་བ་འབྱུང་བར་འདུ་ཤེས་པ་རྣམ་པ་ཡང་དྲུག་ཏུ་སྦྱར་ཏེ་གཉིས་ནི་ལྟུང་བྱེད་དོ། །གཉིས་ནི་ཉེས་བྱས་སོ། །གཉིས་ནི་ལྟུང་བ་མེད་པའོ། །དེ་བཞིན་དུ་དགེ་འདུན་གྱི་གཙུག་ལག་ཁང་ལ་དགེ་འདུན་གྱི་གཙུག་ལག་ཁང་འདུ་ཤེས་པ་ཡང་དྲུག་ཏུ་སྦྱར་ཏེ། །གཉིས་ནི་ལྟུང་བྱེད་དོ། །བཞི་ནི་ཉེས་བྱས་སོ། །སའི་རང་བཞིན་གྱི་གཞི་ལ་ནི་ཉེས་བྱས་སོ། །ལྟུང་བ་མེད་པ་ནི་སྤང་ལེབ་ཀྱིས་གཡོགས་པ་དང༌། སྤང་ལེབ་ཆུང་ངུས་གཡོགས་པ་དང༌། ཤིང་ལེབ་ཀྱིས་གསོགས་པ་དང༌། ཤིང་ལེབ་འབུར་ཅན་གྱིས་གཡོགས་པ་དང༌། བྱིན་གྱིས་གཞོལ་བ་དང༌། གན་རྐྱལ་དུ་བྱས་པའོ། །དེ་བཞིན་དུ་རྐང་རྟེན་སོ་སོར་བཅུག་པའོ། །བརྒྱད་པའོ།། །།ཀཽ་ཤཱ་མྦཱི་ན་སྟེ། འདུན་པ་ལས་བརྩམས་ནས་ཆུའི་གཞིའི་དབང་དུ་མཛད་དེ། སྙིང་རྗེ་མེད་པའི་ཉོན་མོངས་པས་དགུ་པ་བཅས་སོ། །ཤེས་བཞིན་ཞེས་བྱ་བ་ནི་སྲོག་ཆགས་དང་བཅས་སུ་ཟིན་ཀྱང་མི་ཤེས་པ་ལ་ནི་ཉེས་པ་མེད་དོ་ཞེས་བསྟན་པའི་ཐ་ཚིག་གོ །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པའི་སྲོགས་ཆགས་དང་བཅས་པ་དང༌། སོ་སོར་མ་བརྟགས་


DTG151_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲོག་ཆགས་དང་བཅས་པ་དང༌། མཐོང་བའི་སྲོག་ཆགས་དང་བཅས་པ་དང༌། མ་མཐོང་བའི་སྲོག་ཆགས་དང་བཅས་པ་དང༌། གློ་བུར་དུ་འོངས་པའི་སྲོག་ཆགས་དང་བཅས་པ་དང༌། ལྷན་ཅིག་སྐྱེས་པའི་སྲོག་ཆགས་དང་བཅས་པ་དང༌། སྐྱེས་པའི་སྲོག་ཆགས་དང་བཅས་པ་དང༌། མ་སྐྱེས་པའི་སྲོག་ཆགས་དང་བཅས་པ་དང༌། གཞན་གྱིས་བརྟགས་པའི་སྲོག་ཆགས་དང་བཅས་པའོ། །སྲོག་ཆགས་ལ་རྣམ་པ་གཉིས་ཏེ། མིག་ལམ་དུ་སྣང་བ་དང༌། ཆུ་ཚགས་ཀྱིས་ཟིན་པའོ། །དེ་ལ་དང་པོ་གསུམ་དང༌། དྲུག་པ་ནི་བཙགས་ན་ལྟུང་བ་མེད་དོ། །བཞི་པ་འང་ཆོ་ག་བྱ་བས་སོ། །ལྔ་པ་དང་བདུན་པ་དང་བརྒྱད་པ་ནི་སྟེང་དང་ཞབས་ཕོ་ན་ལྟུང་བ་མེད་དོ། །དགུ་བ་ནི་གཞན་ལ་ཡིད་ཆེས་པས་ན་ལྟུང་བ་མེད་དོ། །སོ་སོར་མ་བརྟགས་པའི་སྲོག་ཆགས་དང་བཅས་པ་ལ་གཞན་གྱིས་མིག་གིས་བརྟགས་པས་ལྟུང་བ་མེད་དོ། །རང་གིས་སྦྱོར་བས་ཉེས་པ་མ་མཐོང་བ་དང། ཇི་ལྟར་ཕ་རོལ་པོ་ལ་བྱེད་དུ་བཅུག་པའི་སྐྱེས་བུ་ལ་ཅིའི་ཕྱིར་འཇི་བ་མ་བྱས་སམ། རྩྭ་ལ་ཆག་ཆག་མ་བཏབ་ཅེས་བསྐོ་བའོ། །ཆུ་ཞེས་བྱ་བ་ནི་རྩ་བ་མོ་ལ་སོགས་པ་ཡང་ཆུ་ཞེས་བྱ་བས་བཟུང་ངོ༌། །རྩྭ་ཞེས་བྱ་བ་ནི་གཡོགས་པའི་དོན་ཏོ། །ལྕི་བ་ཞེས་བྱ་བ་ནི་སྐྱང་ནུལ་དང་བྱུག་པའི་དོན་ཏོ།། ས་ཞེས་བྱ་བ་ནི་གཙུག་ལག་ཁང་བྱ་བ་ལ་སོགས་པའི་དོན་ཏོ། །སྲོག་ཆགས་དང་བཅས་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་སྟེ། འདེབས་སམ་འདེབས་སུ་བཅུག་ན་ལྟུང་བྱེད་དོ། །སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཉེས་བྱས་སོ། །སྲོག་ཆགས་དང་བཅས་པའི་ཡུར་བ་སེལ་བར་བྱེད་དམ། འགོག་པར་བྱེད་ན་སྲོག་ཆགས་ཇི་སྙེད་ཤི་བ་ལྟུང་བྱེད་ཀྱང་དེ་སྙེད་དོ། །སྲོག་ཆགས་ཇི་སྙེད་མ་ཤིན་ཉེས་བྱས་ཀྱང་དེ་སྙེད་དོ། །སྦྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཀྱང་འདེབས་སུ་བཅུག་གམ། འོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང༌། རྩྭ་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་ཆག་ཆག་བཏབ་ན་ཉེས་བྱས་སོ། །སྲོག་ཆགས་དང་བཅས་སམ། སྲོག་ཆགས་མེད་ཀྱང་རུང་སྟེ། སྲོག་ཆགས་མེད་པར་འདུ་ཤེས་ན་ལྟུང་བ་མེད་དོ། །སྲོག་ཆགས་མེད་པའི་ཆུ་ཡང་གར་བབ་བབ་ཏུ་


DTG151_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་ན་ཉེས་བྱས་སོ། །དོར་ན་ཡང་ཝ་ཁར་དབོ་པར་བྱའོ། །ཝ་ཁའི་ཉེ་འཁོར་ནི་ཁྲུ་གང་ངོ༌། །རྐང་པ་དག་བཀྲུ་བའི་གནས་ནི་གཙུག་ལག་ཁང་གི་ལྷོ་ཕྱོགས་སུ་རུས་སྦལ་གྱི་རྒྱབ་ལྟ་བུར་རྩུབ་པར་བྱའོ། །གང་རྒན་པོ་དང་ནད་པ་རྣམས་ཀྱིས་ནི་འཇམ་པོ་སྟེ། གླང་པོའི་ཆེའི་རྨིག་མཐིལ་ལྟ་བུ་ས་ལས་བྱས་པའི་ཆོལ་ཟངས་དབུས་ན་ཡང་རྩུབ་པོ་རྒྱ་ཤུག་ལྟ་བུ་འམ། ཤིང་ཀ་ཏམ་པའི་མེ་ཏོག་ལྟ་བུར་བྱས་ལ་ཉེ་བར་གཞག་པར་བྱའོ། །གལ་ཏེ་དགེ་འདུན་གྱི་ཡིན་ན་ནི་བླ་གབ་མེད་པ་འམ། ཝ་ཁར་ཁས་ཕུབ་ལ་གཞག་པར་བྱའོ། །གང་ཟག་གི་ནི་སྒོ་གླེགས་ཀྱི་རྒྱབ་བམ་ཁྲིའི་འོག་ཏུའོ། །གསེར་ལ་སོགས་པའི་ནི་མི་བྱའོ། །གང་དུ་ལྷུང་བཟེད་དམ་རྐང་པ་དག་བཀྲུས་པ་དེར་དཀྱིལ་འཁོར་མདུང་རྩེའི་རྣམ་པ་ལྟ་བུ་འམ། རྫ་རྔའི་རྣམ་པ་ལྟ་བུར་བྱའོ། །ཆུ་ཅི་ཙམ་ཡོད་པ་བྱུག་པར་བྱའོ། །གྲུ་བཞི་ལ་སོགས་པར་བྱས་ན་ཉེས་བྱས་སོ། །དཀོན་མཆོག་གསུམ་གྱི་ཕྱིར་ནི་ལྟུང་བ་མེད་དོ། །དགུ་པའོ།། །།ཀཽ་ཤཱ་མྦཱི་ན་སྟེ། དྲུག་སྡེ་ས་ཆུ་ཁུང་ལ་སོགས་པ་མ་བཏོད་པར་སྦྱང་གི་ཚུལ་ལྟ་བུར་གཙུག་ལག་ཁང་ཉིན་གཅིག་གིས་ཟིན་པར་བྱས་པས་ན། གནས་མལ་གྱི་གཞིའི་དབང་དུ་མཛད་དེ་སྨོད་པ་དང༌། ལེ་ལོའི་ཉོན་མོངས་པ་རྣམས་ཀྱིས་བཅུ་པ་བཅས་སོ། །ཆེན་པོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་ཉིད་དང༌། ཚད་ཉིད་ཀྱིས་ཏེ། དེ་ཡང་བདག་པོ་དང་བཅས་པའོ། །རྩིག་ཏུ་འཇུག་ན་བྱ་བ་ནི་བདག་ཉིད་དམ་གཞན་ལའོ། །སྒོའི་སྦུབས་དང་གཏན་པའི་གནས་ཞེས་བྱ་བ་ནི་སྒོའི་སྦུབས་དང་གཏན་པ་གཞུག་པར་བྱའོ།། ལུགས་བཞིན་དུ་གསུངས་པ་དེ་ལྟར་རྗེས་སུ་གནང་བ་བཞིན་དུ་བྱས་ན་བསྒོ་བ་བཞིན་དུ་བྱས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཐོབ་པ་ཡང་འདི་སྐད་དུ་བརྗོད་དེ། འདིར་ཡང་དོན་ནི་འདི་ཡིན་ཏེ། སྦུབས་དང་གཏན་པ་ཞེས་བྱ་བ་ནི་སྦུབས་དང་གཏན་པའོ། །གང་སྦུབས་དང་གཏན་པ་ནི་འདི་ལྟར་སྒོའི་སྦུབས་དང་སྒོའི་གཏན་པ་སྟེ། དེའི་གནས་ནི་སྒོའོ། །གཞན་དག་ནི་སྒོ་སྐྱེས་ལ་སྦུབས་དང༌། སྒོ་གླེགས་ལ་སྒོའི་གཏན་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ཡང་འདི་ནི་ཚད་བཞིན་ཏེ། དེ་ལྟ་བས་ན་གནས་ཡན་ཆད་ཆོ་ག་འདི་བཞིན་དུ་བྱའོ། །སྣང་བའི་འདུ་


DTG151_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཞས་བྱ་བར་སྐར་ཁུང་ལ་སོགས་པ་དང༌། ཆུ་ཁུང་བཏོད་པའོ། །དེ་བཞིན་དུ་འདུ་ཤེས་ཀྱིས་ས་བརྟག་པ་ཞེས་བྱ་བ་ནི་རྩིག་པའི་ལས་སུ་བྱས་པའོ། །རིམ་པའི་གྲངས་ཞེས་བྱ་བ་ནི་ཕ་གུའི་གྲངས་སོ། །འཇིམ་པ་དང་བཅས་པ་ཞེས་བྱ་བ་ནི་འཇིམ་པ་དང་བཅས་པ་སྟེ། གཤེར་བ་ཞེས་བྱ་བའི་ཐ་ཚིག་གོ །མི་སྲ་བ་དང༌། སྲ་བ་དང༌། ལས་སུ་མ་བྱས་པ་དང༌། ལས་སུ་བྱས་པ་དང༌། རྩྭ་དང་མ་བསྲེས་པ་དང༌། རྩྭ་དང་བསྲེས་པ་དང༌། མ་སྦངས་པ་དང༌། སྤངས་པ་དང༌། མ་བརྫིས་པ་དང༌། བརྫིས་པ་དང༌། མི་སྲ་བའི་རྫས་སྙིང་པོར་འགྱུར་བ་དང༌། སྲ་བའི་རྫས་སྙིང་པོར་མ་གྱུར་བ་འམ། ས་རྣམས་སོ། །དེ་ལས་ཁ་ཅིག་ནི་རིམ་པ་ཕྲི་བ་ལ་ལྟུང་བ་མེད་དོ། །ཁ་ཅིག་ནི་གཉེན་པོར་སྦྱར་བས་སོ། །ཁ་ཅིག་ནི་གཞན་གྱི་རྐྱེན་ལས་ཏེ། གལ་ཏེ་ཕ་རོལ་པོ་ན་རེ་ཅི་ནས་ཀྱང་མི་གཞན་ཞིག་པ་དེ་ལྟ་བུར་ངེད་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་གཞན་གྱི་ཁར་འདོར་བ་སྟེ། ང་ནི་འདི་ལྟར་མི་བྱེད་དོ། །ཁྱོད་ཀྱིས་བྱ་བར་ཤེས་པ་ནི་བྱོས་ཤིག་ཅེས་བྱ་བའོ། །ཁ་ཅིག་ནི་ཉེས་པ་མི་སྣང་བའི་ཕྱིར་ཏེ། གལ་ཏེ་འཇིག་པར་ཉེས་པ་མ་མཐོང་བའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་བརྩིག་པར་བྱ་བའོ། །སྒོ་སྦུབས་དང༌། སྒོ་གཏན་གྱི་གནས་ཀྱི་སྟེང་དུ་འཇི་བའི་གོང་བུ་རིམ་པ་གཉིས་སམ། གསུམ་དུ་གཞག་པ་སྟེ། དེ་ཡང་གོང་བུ་སྔ་མ་སྐམས་ནས་གཞག་པར་བྱ་སྟེ། དེ་ཡང་བསྐམས་ན་ཡང་དེ་ཙམ་ཡང་གཞག་པར་བྱའོ། །གཤེར་པ་ལ་རིམ་པ་གཅིག་བརྩིགས་ན་ཡང་ལྟུང་བྱེད་དོ། །འཇི་བའི་གོང་བུ་སྔ་མ་ལེགས་པར་མ་ཟིན་པའི་སྟེང་དུ་བོར་ན་ཉེས་བྱས་སོ། །གཤེར་བ་དང་བཅས་པ་ལ་གཤེར་བ་དང་བཅས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང་ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །སྦྲིང་ཡིག་ལ་སོགས་པ་རྣམས་ཀྱིས་འཇོག་ཏུ་བཅུག་ན་ཉེས་བྱས་སོ། །རྩས་གཡོགས་སམ། སྤང་ལེབ་ཀྱིས་གཡོགས་སམ། སྤང་ལེབ་ཆུང་དུས་གཡོགས་ན་ལྟུང་བ་མེད་དོ། །རྡོ་བ་འབའ་ཞིག་གི་འམ། སོ་ཕག་གི་འམ། ཐམས་ཅད་ཤིང་གི་རང་བཞིན་ནམ། སྦྱིན་བདག་ན་རེ་ཟིན་ནས་བལྟའོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ། །ས་བོན་གྱི་ཚོགས་དེ་གཉིས་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་


DTG151_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་གིས་བསྒོ་ཞིང་མཚམས་ཀྱི་ཕྱི་རོལ་དུ་གཅིག་ལ་གཅིག་གིས་བསྒོས། མཚམས་ཀྱི་ནང་དུ་ཡང་ནད་པ་དག་ལ་བཅོལ་ནས་དེ་དག་ལས་གཞན་ནི་བྲེལ་བར་ཤེས་ནས་གཅིག་ལ་གཅིག་བསྐོས་ཏེ། དགེ་སློང་མ་ལ་སྟོན་པར་བྱེད་པས་ན། དགེ་སློང་མའི་གཞིའི་དབང་དུ་མཛད་དོ། །མ་དད་པ་དང་རྐྱེན་ལ་ལྟོས་པའི་ཉོན་མོངས་པ་དག་གིས་དགེ་སློང་མའི་ཚོགས་དང་པོར་བཅས་སོ། །གཞི་དང་ཉོན་མོངས་པ་དག་ནི་འདི་ལས་གཞན་དགུ་པོ་ཡང་དེ་བཞིན་ཏེ། ཕྱིས་ཡང་བརྗོད་པར་མི་བྱའོ། །གསུམ་པ་ལ་ནི་མི་བཟོད་པའི་ཉོན་མོངས་པའོ། །བརྒྱད་པ་ལ་ནི་དགེ་བསྙེན་མའི་གཞིའི་དབང་སྟེ། ཁྱད་པར་ནི་དེ་ཡོད་དོ། །མ་བསྐོས་པར་ཞེས་བྱ་བ་ནི་གང་གསོལ་བ་དང་གཉིས་ཀྱིས་བསྐོ་བའི་ལས་མ་བྱས་སམ། བྱས་པ་ལ་ཡང་ཉེས་པ་བཞི་དང་ལྡན་པ་སྟེ། མཚམས་དང༌། ཉི་མ་དང༌། ཚོགས་དང༌། གང་ཟག་གི་ཉེས་པའོ། །མཚམས་ཀྱི་ཕྱི་རོལ་དུ་བསྐོས་པར་གྱུར་པ་དང༌། གསོ་སྐྱོང་གི་ཉིན་པར་མ་ཡིན་པ་དང༌། དགེ་འདུན་ཐམས་ཅད་ཀྱིས་མ་ཡིན་པ་དང༌། ཡན་ལག་བདུན་ལས་གང་ཡང་རུང་བ་འམ། ཐམས་ཅད་དང་ཡང་མི་ལྡན་པའི་གང་ཟག་ཏུ་གྱུར་པ་ཡིན་ནོ། །ཡན་ལག་བདུན་པོ་ནི་ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་རྒྱ་ཆེན་ཐོས་པའི་ཕྱིར་གནས་བརྟན་དེ་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལ་སོགས་པར་ལོན་པའི་ཕྱིར་རོ། །ཕོ་བྲང་འཁོར་རམ། གྲོང་ཁྱེར་གྱི་སྐད་དང༌། ལུས་ཀྱིས་རིག་པས་དགེ་སློང་མ་སུན་ཕྱུང་བ་ཡང་ལྟུང་བ་ཕྱིར་བཅོས་པ་བྱས་པ་དང༌། ཕམ་པར་གྱུར་པ་བརྒྱད་སྟོན་པར་ནུས་པ་དང༌། ལྕི་བའི་ཆོས་བརྒྱད་བསྟེན་ནུས་པའོ། །ཕམ་པར་འགྱུར་བ་བཞི་ནི་ཅི་ལྟར་དགེ་སློང་གི་བཞིན་ནོ། །དེ་ལས་གཞན་ཡང་བཞི་སྟེ། མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་སྐབས་དེར་ཆགས་པས། ཆགས་པའི་སྐྱེས་པས་རེག་པ་བདག་གིར་བྱས་པ་དང༌། མི་ཚངས་པར་སྤྱོད་པར་སྦྱོར་བར་བརྡ་ལ་སོགས་པ་བྱེད་པ་དང༌། དགེ་སློང་མའི་ཁ་ན་མཐོ་བ་འཆབ་པ་དང༌། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའོ། །ལྕི་བའི་ཆོས་བརྒྱད་པོ་དག་གང་ཞེ་ན། དགེ་སློང་རྣམས་


DTG151_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྙེན་པར་རྫོགས། །ཟླ་བ་ཕྱེད་ཅིང་གདམ་ངག་གསོལ། །དགེ་སློང་མེད་པའི་གནས་གར་ཡང༌། །དབྱར་ནི་ཉེ་བར་གནས་མི་བྱ། །དགེ་སློང་ཉམས་པ་གླེང་མི་བྱ། །སྦྱོ་བར་མི་བྱ་གསར་དུ་ཕྱག་བྱ་དང༌། །གཉི་གའི་ཚོགས་རྣམས་མགུ་བྱ་དང༌། །དགག་དབྱེ་ཞེས་བྱ་ལྕི་བའི་ཆོས། །གང་དེ་ལྟ་བུ་བསྐོས་ན་ཉེས་བྱས་ཏེ་དེ་ཡང་བསྐོས་པ་མ་ཡིན་ནོ། །དགེ་འདུན་ཞེས་བྱ་བ་ནི་རོ་གཅིག་པ་དང༌། ཐ་དད་པ་མ་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ། །སྟོན་ན་ཞེས་བྱ་བ་ནི་ཐ་ན་ཆོས་བརྒྱད་པོ་དག་སྟོན་པ་ཡང་ཡིན་ཏེ། ཕྱི་མ་ཉིད་དགེ་སློང་མ་ལ་སྟོན་པས། སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་རྣམས་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་ནི་བག་ཡོད་པར་སྒྲུབས་ཤིག་ཅེས་བྱའོ། །ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཞེས་བྱ་བ་ནི་ལམ་ཕྲན་བསྟེན་ལས་བརྩམས་ཏེ། འཇིག་རྟེན་དང་པར་བྱ་བར་བསམས་ནས། དགྲ་བཅོམ་པ་ལ་ཡང་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པ་ནི་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །སྔོན་ལྟུང་བ་བྱུང་བ་དང༌། བསླབ་པ་བྱིན་པ་དང༌། ཁས་བླངས་པ་དང་ཁས་མ་བླངས་པ་དང༌། གོ་བཟློག་ཀྱང་རུང་སྟེ་བསྟན་ན་ཉེས་བྱས་སོ། །འདི་ནི་དེ་བཞིན་དུ་དགེ་སློང་མ་རྣམས་དང་ལྡན་པའི་ཚུལ་ཐམས་ཅད་ལ་འང་འདིས་ཤེས་པར་བྱའོ། །གང་དེ་ལ་དེ་སྐད་གཞན་གྱི་བརྡ་མ་ཕྲད་ན་ཉེས་བྱས་སོ། །འདིར་སྔོན་བྱུང་བ་གདམས་ངག་མེད་པའི་དབང་དུ་མཛད་དེ་གསུངས་པས། གདམས་ངག་མེད་པར་བསམ་གཏན་བྱེད་ན་ཉེས་བྱས་སོ། །དང་པོའོ།། །།མཉན་ཡོད་ན་སྟེ། དགའ་བྱེད་ཀྱིས་དུས་མ་ཡིན་པའི་བར་དུ་དགེ་སློང་མ་རྣམས་ལ་ཆོས་བསྟན་པས་ན་དེ་ངག་ཀྱང་གྲོང་ཁྱེར་གྱི་ཕྱི་རོལ་དུ་གནས་པར་གྱུར་ཏེ། ནད་པར་ནང་དུ་ཞུགས་པ་ན་ཤཱཀྱའི་བུ་འདི་དག་ནི་འདྲེ་བ་དང༌། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་དོ་


DTG151_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཕྱའ་བས་ན་གཉིས་པ་བཅས་སོ། །ཉི་མ་ནུས་པའི་དུས་དང༌། དུས་ཚོད་ཀྱི་བར་དུ་ཞེས་བྱ་བ་ནི་དུས་ཚོད་ཅེས་བྱ་བའི་སྒྲས་ནི་མཚམས་བརྗོད་པའམ། དུས་བརྗོད་པའོ། །དུས་དེ་སྲིད་དུ་བསྟན་པ་ལ་ལྟུང་བར་འགྱུར་རོ། །དེ་ལ་ཡང་འདི་ནི་དུས་མ་ཡིན་པ་སྟེ། སྤྱོད་ལམ་མ་ཡིན་པར་འདུག་གམ། བྱ་བ་ཞིག་གིས་བྲེལ་ཏམ། ལུས་མི་བདེ་བའོ། །ཉི་མ་ནུབ་པ་ལ་ནུབ་པར་འདུ་ཤེས་སམ། ཡིད་གཉིས་ཟའང་རུང་སྟེ། བསྟན་ན་ལྟུང་བྱེད་དོ། །ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་སམ་ཡིད་གཉིས་ཟན་ཡང་རུང་སྟེ། ཉེས་བྱས་སོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །མཚན་ཐོག་ཐག་ཆོས་བསྒྲགས་པ་དང༌། སྒོ་དྲུང་ན་གཙུག་ལག་ཁང་འདུག་པ་དང༌། གྲོང་ཁྱེར་གྱི་སྒོ་མ་བཅད་པ་དང༌། གྲོང་ཁྱེར་གྱི་ནང་ན་གཙུག་ལག་ཁང་འདུག་པ་དང༌། དགེ་སློང་མའི་དབྱར་ཁང་དུ་སྟོན་ནམ། ཁྱིམ་གཞན་དུ་ཡང་རུང་སྟེ། ལྟུང་བ་མེད་དོ། །ལྷན་ཅིག་བསྐོས་པས་ཅི་སྲིད་འཚོའི་བར་དུ་བསྟན་པར་བྱའོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། མི་འཇིགས་པར་བྱ་བ་ནི་སྦྱིན་པ་ཡིན་པས་དགེ་སློང་མས་དགའ་བྱེད་ལ་མགུ་བར་བྱ་བ་བྱེད་པ་ལ་ཉེ་དགས་འདི་སྐད་དུ་སྨྲས་སོ་ཞེས་བྱ་བས་ན་གསུམ་པ་བཅས་སོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའི་ཕྱིར་རོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་དེར་འདུ་ཤེས་པ་ཞེས་བྱ་བ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་ཏེ། ཉོན་མོངས་པ་མེད་པས་བསམས་ནའོ། །གལ་ཏེ་ཉོན་མོངས་པས་བསམས་ན་དེ་ལ་ཡང་ཉེས་བྱས་སོ། །སྐད་མི་ཤེས་པ་ལ་སྨྲས་པ་དང༌། ཁས་བླངས་པས་ཁས་མ་བླངས་པ་ལའམ། ཁས་མ་བླངས་པས་ཁས་བླངས་པ་ལ་ཡང་རུང་སྟེ་ཉེས་བྱས་སོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། ཆུང་མ་རྙིང་པའི་དགེ་སློང་མ་ལ་དགེ་སློང་གང་ཡང་རུང་བ་ཞིག་སྣམ་སྦྱར་བྱིན་པས་ན་བཞི་པ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཅི་འདི་ལ་ཆོས་གོས་གསུམ་ཚང་བར་ཡོད་དམ་མེད་ཅེས་དེ་ལ་བུ་དེ་མི་སེམས་སོ། །ཉེ་དུ་ནི་སྦྱིན་པར་བྱེད་དེ། མི་ལེན་མོད་ཀྱི་འོན་ཀྱང༌། བཅོམ་ལྡན་འདས་


DTG151_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་མ་དང་པ་ལ་བསོད་སྙོམས་ཀྱི་ཕྱེད་སྦྱིན་པར་བྱའོ། །སྦྱིན་བདག་ལས་ཀྱང་བླངས་པར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ་ཞེས་གསུངས་སོ། །ཆོས་གོས་ཞེས་བྱ་བ་ནི་རུང་བའི་རྗེས་སུ་འགྲོ་བའོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །དེ་བཞིན་དུ་དགེ་སློང་མ་ཡང་དགེ་སློང་མར་འདུ་ཤེས་པ་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །བཞི་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་སྤེང་མའི་སྣམ་སྦྱར་དྲུབས་ཏེ། ཚོན་སྣ་ལྔའི་སྐུད་པས་བདག་ཉིད་མགུལ་ནས་འཁྱུད་པ་དྲུབས་པས་ན་ལྔ་པ་བཅས་སོ། །བྱེད་ན་ཞེས་བྱ་བ་ནི་འདྲ་བ་དང༌། འདྲུབ་པ་དང༌། འཁྲུ་བ་དང༌། འཚེད་པ་དང༌། ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །ལྔ་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་དང་ལྷན་ཅིག་ལམ་དུ་ཞུགས་ཏེ། འགྲོ་བ་ལ་འཇིག་རྟེན་པས་འདི་ནི་འདིའི་ཆུང་མའོ། །འདི་ནི་འདིའི་མནའ་མའོ་ཞེས་བྱ་བ་ལ་སོགས་པ་དཔྱད་པས་ན། དེ་དག་ཀྱང་དེ་བཞིན་ནོ་ཞེས་ཁས་བླངས་པས་ན་དྲུག་པ་བཅས་སོ། །དགེ་སློང་མའི་དོན་མཐུན་དང་ཞེས་བྱ་བ་ནི་ལྷན་ཅིག་པ་ལ་དོན་མཐུན་ཞེས་བྱའོ་ཞེས་བརྗོད་དོ། །ཇི་སྐད་དུ་དགེ་སློང་མ་རྣམས་དང་གྲོགས་སུ་གྱུར་ཏོ་ཞེས་བསྟན་པར་འགྱུར་རོ། །དགེ་སློང་མ་གཅིག་དང་འགོགས་ན་ཡང་ལྟུང་བའོ། །ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་པའོ། །འཐམས་ནས་ཞེས་བྱ་བ་ནི་ཚུར་ཤོག་ལྷན་ཅིག་འདང་ཞེས་བྱ་བའོ། །ལམ་དུ་འཇུག་ཅེས་བྱ་བ་ནི་གཙུག་ལག་ཁང་དང་རོང་གཞན་དུ་འགྲོ་བའི་བར་གྱི་ལམ་དུ་བགྲང་བ་ལ་ལམ་ཞེས་བྱའོ། །ལམ་དུ་འཇུག་པས་ཀུན་དུ་སྤྱད་པ་ནི་སང་འགྲོའོ་སྙམ་པས་སློབ་དཔོན་དང་མཁན་པོ་ལ་གནས་འདིར་མཆིའོ་ཞེས་ཞུ་བར་བྱའོ། །གལ་ཏེ་རྗེས་སུ་གནང་ན་འགྲོ་བར་བྱའོ། །དེ་ལ་དགེ་འདུན་གྱི་གནས་བརྟན་ནི་ཕྱི་ནས་འགྲོ་བར་བྱའོ། །མལ་ཆ་དང་སྟན་རྣམས་ལའང་བརྟག་པར་བྱའོ། བདག་ན་བ་བོར་ཏེ་སུ་ཡང་མི་འགྲོ་གྲང་སྙམ་པའི་ཕྱིར་


DTG151_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་རྣམས་ལ་ཡང་བརྟག་པར་བྱའོ། །དེའི་གྲོགས་ཀྱི་ཐད་དུ་སོང་ལ་ལ་ལའི་ཅུང་ཟད་མ་བརྗེད་དམ་ཞེས་དྲི་བར་བྱའོ། །དེས་འགྲོན་པ་ལ་སོགས་པ་ལ་ཡང་བརྟག་པར་བྱའོ། །ཕན་ཚུན་བསྡད་པར་བྱའོ། །ནང་དང་བཅས་པས་ལྷན་ཅིག་འགྲོ་བར་མི་བྱའོ། །དེ་འདྲ་བའི་རྐྱེན་གྱིས་བཟོད་པར་བྱས་པ་ལ་ནི་ལྟུང་བ་མེད་དོ། །མི་རིགས་པའི་གཏམ་གྱིས་མ་ཡིན་མོད་ཀྱི་འོན་ཀྱང་ཆོས་ཀྱི་གཏམ་མམ་འཕགས་པའི་མི་སྨྲ་བས་སོ། །ལྷའི་གནད་དག་ཏུ་སེ་གོལ་བརྡབ་པ་ཉིད་ཀྱིས་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །ལྷ་རྣམས་ལ་ནི་མཆོད་པར་མི་བྱའོ། །གཞན་ཡང་ངོ༌། །གང་དུ་ངལ་བསོ་བའམ། ཆུ་བླངས་པ་འམ། བྱ་བ་དེར་ཡང་ཚིགས་སུ་བཅད་པ་བཀག་པར་བྱའོ། །གང་དུ་གནས་པ་དེར་རྒྱུད་ཆགས་གསུམ་པ་བརྗོད་པར་བྱའོ། །དཔྱང་ཐག་བསྐུར་བར་བྱ་སྟེ། དེ་ཡང་རྣམ་པ་གསུམ་མོ། །ཆེན་པོ་ནི་ཁྲུ་བརྒྱ་ལྔ་བཅུའོ། །ཐུང་ངུ་ནི་ཁྲུ་བརྒྱའོ། །འབྲིང་ནི་དེ་གཉིས་ཀྱི་བར་ཏེ། ཡུལ་གྱི་རྗེས་སུ་མཐུན་པའི་ཚད་ཀྱང་ངོ༌། །ཆོས་གོས་སྤྲུགས་ལ་རྐང་པ་དག་བཀྲུ་སྟེ། ཆུ་བཙགས་ནས་མཆི་ལྷམ་དག་རས་མས་ཕྱི་བར་བྱའོ། །རྩིག་པ་ལ་སོགས་པ་ལ་བརྡབ་བར་མི་བྱ། བཀྲུ་བར་མི་བྱའོ། །ལག་པ་གཉིས་བཀྲུས་ཏེ་ཆོས་གོས་གྱོན་ལ་ཆོ་ག་བཞིན་དུ་གཙུག་ལག་ཁང་གི་ནང་དུ་འཇུག་པར་བྱའོ། །གནས་ཁང་དང་གཙུག་ལག་ཁང་དུ་འདུག་པ་དེར་ཡང་ཕྱི་བདར་བྱའོ། །གསར་བུ་རྣམས་ཀྱིས་རྒན་པ་རྣམས་ཀྱི་ལས་སུ་བྱ་བ་ལ་སོགས་དང༌། གནས་མལ་བཤམ་པ་དང༌། དགའ་བ་ལ་སོགས་པ་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་པ་མོད་ལ་གནས་མལ་གསོལ་བར་མི་བྱའོ། །ཐ་མལ་པའི་ཕྱོགས་དབེན་པར་སྒྲ་བསྐྱུངས་ལ་ལེགས་པར་བསྡམས་ཏེ་སྤྱོད་ལམ་མཛེས་པས་འདུག་པར་མི་བྱའོ། །གཉུག་མར་གནས་པའི་རྒན་པ་རྒན་པ་རྣམས་ཀྱིས་ཀྱང་གློ་བུར་དུ་ལྷགས་པ་རྣམས་ངལ་སོར་གཞུག་པར་བྱའོ། །དེ་དག་ཀྱང་དགེ་འདུན་གྱི་གནས་བརྟན་གྱི་ཐད་དུ་འགྲོ་བར་བྱའོ། །དེས་ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བའི་སྙན་པའི་ཚིག་


DTG151_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསུ་བར་བྱའོ། །ཆེས་རྒན་པ་རྣམས་ལ་ནི་ལངས་ནས་ཕྱག་བྱའོ། །ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །སྟན་བཤམ་པར་བྱ། རྐང་བ་དག་བཀྲུ་བས་མགྲོན་དུ་གཉེར་བར་བྱའོ། །ཅི་ནུས་པས་བཟའ་བ་དང་བཏུང་བ་ཡང་སྦྱར་བར་བྱའོ། །ཇི་ལྟར་རྗེས་སུ་མཐུན་པར་མལ་ཆ་དང༌། སྟན་རྣམས་སྦྱར་བར་བྱའོ། །ཆོ་ག་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་དུ་ཡང་ཉེས་བྱས་སོ། །འགྲོན་ལམ་དུ་ཞུགས་ན་ཞེས་བྱ་བ་ནི་གང་ན་འགྲོན་པ་མེད་པར་འགྲོ་མི་ནུས་པའོ། །འདི་ཡང་དགེ་སློང་དང་བཅས་པའི་འགྲོན་པ་ཞེས་བྱ་བ་རྒྱང་རིང་བ་ནས་འདོང་བ་བཅོམ་པའི་ཕྱིར་ཚིག་འདི་ཡང་བཅོམ་ལྡན་འདས་ཀྱིས་བཀོལ་པའོ། །དེ་ལ་ཀུན་དུ་སྤྱད་པ་ནི་བསྙེན་པར་མ་རྫོགས་པ་མེད་ན་དགེ་སློང་རྣམས་ཀྱིས་ནི་དགེ་སློང་མའི་ལམ་བརྒྱགས་ཁྱེར་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་ནི་དགེ་སློང་རྣམས་ཀྱིའོ། །བྱིན་ལེན་ནི་ཕན་ཚུན་དུ་བྱའོ། །དགེ་སློང་ན་བ་བསྐུར་བར་བྱའོ། །གལ་ཏེ་ཉུང་ན་དགེ་སློང་མ་དག་གིས་ཀྱང་གྲོགས་བྱ་སྟེ། མགོ་ནས་ནི་དེ་དག་གིས་གདེག་པར་བྱའོ། །གྲོང་དུ་ཕྱིན་ན་ན་བའི་སྨན་དང་བསོད་སྙོམས་བླང་བར་བྱའོ། །དགེ་སློང་གཅིག་ནད་གཡོག་ཏུ་བཞག་ནས་ལྷག་མ་འགྲོ་བར་བྱའོ། །དགེ་སློང་མ་ལ་ཡང་དེ་ལྟ་བུར་བྱའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རྒྱང་གྲག་ཕྱེད་ཕྱེད་ཅིང་ཉེས་བྱས་སོ། །རྒྱང་གྲག་རེ་རེ་ཞིང་ལྟུང་བྱེད་དོ། །དགེ་སློང་མ་ལ་དགེ་སློང་མར་འདུ་ཤེས་པ་རྣམ་པ་དྲུག་སྟེ། དེ་བཞིན་དུ་འགྲོན་པ་འདོད་པ་མ་ཡིན་པ་ལ་འགྲོན་པ་འདོང་བར་འདུ་ཤེས་ན་ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །ས་ལ་འདོད་པར་འཐམས་པ་ལས་ནམ་མཁའ་ལ་འདོང་ངམ། མི་སྣང་བར་བྱས་ཀྱང་རུང་སྟེ། ཉེས་བྱས་སོ། །དེ་བཞིན་དུ་གྲུའི་ནང་དུ་ཞུགས་པ་ལ་ཡང་བརྗོད་པར་བྱའོ།། དྲུག་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་ལས་བརྩམས་ནས་སྔ་མ་བཞིན་ཏེ། བདུན་བ་བཅས་སོ། །འཐམས་ནས་གྲུག་གཅིག་ཏུ་འཇུག་ཅེས་བྱ་བ་ནི་ཤོ་གམ་དང༌། ལ་གཅན་དང༌། གྲུ་བཙས་གཅིག་པའོ། །གྱེན་དུ་འགྲོ་བ་འམ་ཞེས་བྱ་བ་ནི་རྒྱུན་ལས་བཟློག་


DTG151_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་འགྲོ་བའོ། །ཐུར་དུ་འགྲོན་ཞེས་བྱ་བ་ནི་རྒྱུན་ཕྱོགས་སུ་འགྲོ་བའོ། །མ་གཏོགས་ཞེས་བྱ་བ་ནི་ཐད་ཀར་ཕ་རོལ་དུ་འགྲོ་བ་བཞག་སྟེའོ། །དེ་ལས་གཞན་པ་ལྟུང་བར་བསམས་པའོ། །འདི་ཡང་ཆུ་ཀླུང་གནས་ཅན་གྱི་ཕ་རོལ་དུ་དགེ་འདུན་གཉི་ག་ཟན་གྱི་ཕྱིར་འདོང་བ་ལས། དགེ་སློང་མ་ཟན་ཆང་པར་འགྱུར་བའི་ཕྱིར་འདི་ཡང་བཀོལ་པ་ཡིན་ཏེ། རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སོ། །རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེད་དོ། །དགེ་སློང་མ་ལ་དགེ་སློང་མར་འདུ་ཤེས་བསམས་བཞིན་དུ་རྣམ་པ་དྲུག་ཏུའོ། །བསྙེན་པར་མ་རྫོགས་པ་དང༌། འཐམས་པ་ལ་བསྙེན་པར་རྫོགས་པ་དང་ངམ། སླར་བཟློག་ཀྱང་རུང་སྟེ་སོང་ན་ཉེས་བྱས་སོ། །ཡོ་བ་དང་གཏིབ་ཆད་པ་སྤང་བ་དང༌། དབའ་གློང་ལས་གཟུར་བ་དང༌། རུ་སྐྱ་དང༌། གདོས་པ་ཆག་གམ། རུ་སྐྱ་འཛིན་པ་མི་ཉན་པ་ལ་ལྟུང་བ་མེད་དོ། །འགྲམ་གཉིས་ན་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཉེ་བར་གནས་ན་ལྟུང་བ་མེད་དོ། །བདུན་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་ཁྱིམ་བདག་གི་ཆུང་མ་སྦེད་མ་དང༌། སྔོན་རྩེས་པ་དྲན་ཞིང་དབེན་པར་ས་ལ་འཁོད་པས་ན། དགེ་བསྙེན་མའི་གཞིའི་དབང་དུ་མཛད་དེ་བརྒྱད་པ་བཅས་སོ། །བུད་མེད་ཀྱི་ལ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བསྟེན་པར་བཟོད་པའི་བུད་མེད་དོ། །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་དེ་ལྷན་ཅིག་པའོ། །དབེན་པར་ཞེས་བྱ་བ་ནི་གང་གཞན་སུ་ཡང་མེད་པའོ། །འདུག་ཅེས་བྱ་བ་ནི་འདོམ་གང་གི་ནང་དུ་སྟན་ལ་རྐུབ་ཚོས་བཞག་པའོ། །དབེན་པ་ལ་དབེན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་དབེན་པར་སྐྱབས་ཡོད་པར་འདུག་ནས་ལྟུང་བྱེད་དོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་སམ། ཡིད་གཉིས་ཟན་ཡང་རུང་སྟེ། ཉེས་བྱས་སོ། །ཀླུའི་བུ་མོ་ལ་སོགས་པ་ནི་ལྷ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། མི་འམ་ཅི་དང༌། ལྷ་མ་ཡིན་དང༌། ཡི་དགས་དང༌། ཤ་ཟའི་བུ་མོ་རྣམས་དང༌། མ་ནིང་དང༌། མཐུ་མེད་པ་དང༌། གླེན་པ་ལ་སོགས་པ་དང༌། སྨྱོས་པ་ལ་སོགས་པ་རྣམས་ལ་ནི་ཉེས་བྱས་སོ། །ཁ་ཅིག་ནི་གཟུང་དུ་རུང་ན་ལྷ་མོ་ལ་


DTG151_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྟུང་བྱེད་དོ། །དེ་ལས་གཞན་པ་དག་ནི་ཉེས་བྱས་སོ་ཞེས་ཀྱང་ཟེར་རོ། །དེ་མ་ཐག་ཏུ་འབྱུང་བ་ལ་ཡང་ཇི་ལྟར་སྲིད་པ་བཞིན་དུ་བརྗོད་པར་བྱའོ། །སྒོ་ཁང་དུ་འདུག་པ་དང༌། སྨན་འཐག་ཏུ་བཅུག་པ་དང༌། སྒོ་མ་གཅད་བར་འདུག་པ་དང༌། གཞན་དག་ནི་ཕྱིར་འབྱུང༌། གཞན་དག་ནི་ནང་དུ་འཇུག་པ་ལ་ལྟུང་བ་མེད་དོ། །དབེན་པ་ཡང་རུང་མི་དབེན་བ་ཡང་རུང་སྟེ། མི་དབེན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །བརྒྱད་པའོ།། །།མཉན་ཡོད་ན་སྟེ། འཆར་ཀ་ལས་བརྩམས་ནས། དགེ་སློང་མ་སྦེད་མ་དང༌། སྔོན་རྩེས་བ་དྲན་ཞིང་དབེན་པ་ན་འགྲེང་སྟེ་འདུག་པས་ན་དགུ་བ་བཅས་སོ། །འགྲེང་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་སྟེ། སྔ་མ་ལ་ནི་ས་ལ་འདུག་པས་ལྟུང་བའོ། །འདིར་ནི་འགྲེང་བའི་སྤྱོད་ལམ་གྱི་ཕྱིར་ཏེ། འདིར་ཡང་བྱུང་བའི་དབང་དུ་མཛད་པ་ལས་དེ་སྐད་གསུངས་ཀྱི་གཉིས་ག་ལ་ཡང་ལྟུང་བ་གཉིས་སུ་འགྱུར་རོ། །ཉལ་བ་དང༌། འཆག་པའི་སྤྱོད་ལམ་ལ་ཡང་ལྟུང་བར་འགྱུར་རོ། །མ་ནིང་མ་གཏོགས་ཏེ། སྔོན་ལྟུང་བ་བྱུང་བ་དང༌། དེ་བཞིན་དུ་དགེ་སློང་མ་རྣམས་ལ་ཡང་ངོ༌། །སྔར་གྱི་བསླབ་པའི་གཞི་ཡིས་ནི་ལྟུང་བྱེད་དོ། །མ་ནིང་མོ་ལ་ཉེས་བྱས་སོ། །ཇི་ལྟར་དེ་མ་ཐག་ཏུ་བསྟན་པ་ལ་ནི་ལྟུང་བ་མེད་དོ། །དགུ་པའོ།། །།མཉན་ཡོད་ན་སྟེ། སྦོམ་དགའ་མོས་འཕགས་པ་ཀུན་ཤེས་ཀཽ་ཎྞི་ནྱ་ལ་སོགས་པའི་གནས་བརྟན་རྣམས་ལ་ཟས་སྦྱར་བ་དྲུག་སྡེ་རྣམས་ཀྱིས་ཡོན་ཏན་བརྗོད་ན་བྱིན། དེ་དག་གིས་ཀྱང་བླངས་པས་ན་བཅུ་པ་བཅས་སོ། །སྦྱོར་དུ་བཅུག་ཅེས་བྱ་བ་ནི་དེ་དག་གི་ཡོན་ཏན་བརྗོད་པར་སྦྱིན་བདག་རྣམས་ལ་དགའ་བར་བྱས་པར་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྦྱོར་དུ་བཅུག་པ་ནི་རྣམ་པ་གཉིས་ཀྱི་སྟེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང༌། ཐོས་པས་སྦྱོར་དུ་བཅུག་པའོ། །ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལའོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིང་ནའོ། །མ་གཏོགས་ཞེས་བྱ་བ་ནི་འདི་ལྟ་བུ་མ་གཏོགས་པའོ། །སྔར་ཁྱིམ་དུ་བོས་པ་ཞེས་བྱ་བ་ནི་སྔར་མགྲོན་དུ་བོས་པའོ། །སྔར་མགྲོན་དུ་བོས་པའི་བསོད་སྙོམས་པ་ལས་བརྩམས་ནས་འདི་ཡང་


DTG151_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཀོལ་བ་ཡིན་ཏེ། དེས་སྦོམ་དགའ་མོ་ལས་ཁོ་མོས་ཁྱོད་གྱི་ཡོན་ཏན་བརྗོད་དོ་ཞེས་ཐོས་པས་ན། དེས་ཀྱང་ཟན་ཆད་པར་བྱས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་གང་དུ་དགེ་སློང་རྣམས་ལ་མགྲོན་དུ་བོས་པ་དེར་སོང་ནས། དགེ་སློང་ཇི་ལྟ་བུ་དག་མགྲོན་དུ་བོས། ཟས་དང་སྐོམ་ཇི་ལྟ་བུ་དག་སྦྱིན་པར་བྱེད་ཅེས་དྲིས་པ་ལས། དེ་དག་གིས་ངན་པ་ཞིག་གོ་ཞེས་སྨྲས་པ་དང༌། དེ་ནས་དེས་གྱ་ནོམ་པ་སྦྱོར་དུ་བཅུག་གོ །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཞེས་བྱ་བ་དང༌། དགེ་སློང་དེ་དག་ཀྱང་མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པའོ་ཞེས་དེ་དག་ལ་གྱ་ནོམ་པ་སྦྱོར་དུ་བཅུག་ལ་དགེ་སློང་དེ་དག་གིས་ཀྱང་ཤེས་བཞིན་དུ་ཟོས་ན་ལྟུང་བྱེད་དོ། །ཡོན་ཏན་རྣམས་ཇི་ལྟར་སྨྲས་པ་བཞིན་དུ་ཡང་དག་པ་ཡིན་ན་ལྟུང་བ་མེད་དོ། །སྦྱོར་དུ་བཅུག་པ་ལ་སྦྱོར་དུ་བཅུག་པར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སྦྱོར་དུ་བཅུག་པ་དང༌། གཞན་གྱི་ཕྱིར་སྦྱོར་བར་ཤེས་ན་ཉེས་བྱས་སོ། །དགེ་སློང་མ་ལ་དད་པའི་ཁྱིམ་མམ། ཉེ་དུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ། །བཅུ་པོ་འདི་ནི་སྟོན་པ་དང༌། ཟས་ལ་སྤྱོད་པ་དང༌། བྱེད་པ་དང༌། ཕྱོགས་སུ་འགྲོ་བ་དང༌། དབེན་པའི་གནས་རྣམས་སུ་རིག་པར་བྱ་སྟེ། བསྡུས་པའི་དོན་ཏེ། དགེ་སློང་མའི་ཚོགས་ཏེ་གསུམ་པའོ།། །།ཡངས་པ་ཅན་ན་སྟེ། དྲུག་སྡེ་རྣམས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་མགྲོན་དུ་པོས་པ་ལས་ཁྱིམ་དུ་ཉེ་བར་འགྲོ་བའི་ཁྱིམ་དུ་ཤིང་ཏོག་ཨ་མྲའི་ཁུར་བ་ཟོས་པས་ན། ཁྱིམ་བདག་དེ་ཡང་མ་དད་པར་གྱུར་པའི་བསོད་སྙོམས་ཀྱི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དང༌། ཕོངས་པའི་དང༌། མ་དད་པ་དང༌། ཉེ་བར་མ་ཞི་བའི་ཉོན་མོངས་པ་རྣམས་ཡོངས་སུ་སྤང་བའི་ཕྱིར་ཟས་ཀྱི་ཚོགས་དང་པོར་བཅས་སོ། །དེ་བཞིན་དུ་དགུ་པོ་ལ་ཡང་གཞི་དང་ཉོན་མོངས་པ་ཡང་བརྗོད་པར་བྱའོ། །ཡང་ཡང་ཟ་ན་ཞེས་བྱ་བ་ལ་སོགས་པ་ནི། གང་ཁྱིམ་གཞན་དུ་ཟོས་ནས་ཡང་


DTG151_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཟ་བའོ། །ན་བ་དུས་སོ་ཞེས་བྱ་བ་ནི་ཟས་ལན་ཅིག་གིས་འཚོ་བར་མི་ནུས་པའོ། །ཁ་ཅིག་ནི་རྣམ་པ་གཞན་དུ་ན་ཤིན་ཏུ་གྲུབ་པ་ཚོ་བར་གྱུར་པ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། །ལས་དུས་སོ་ཞེས་བྱ་བ་ནི་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡང་རུང་སྟེ། ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། བྱུག་པ་བ་མལ་ཙམ་ཡང་རུང་སྟེ། ཕྱགས་ནས་བ་ལང་གི་ལྕི་བས་ཀྱང་ནུལ་བྱས་པ་ཡིན་ནོ། །ལམ་དུས་སོ་ཞེས་བྱ་བ་ནི་དཔག་ཚད་གཅིག་གམ། དཔག་ཚད་ཕྱེད་དུ་སོང་ཞིང་འོངས་པ་ཡིན་ནོ། །གོས་བྱིན་པའི་ཚེ་དུས་ཏེ་ཞེས་བྱ་བ་ནི། གང་གི་ཚེ་འམ་དེའི་རས་ཡུག་ཕྲན་ནམ། རས་ཡུག་ཆེན་རྙེད་པའོ། །དུས་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་སོ། །གོས་དང་བཅས་པའི་ཟན་ལ་མགྲོན་དུ་བོས་པ་ལས། གཉིས་པ་ལ་ཡང་གོས་དང་བཅས་པ་འམ། གོས་མེད་པའམ། གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པ་འམ། གོས་མེད་པ་དང༌། གོས་ཀྱི་རིན་མེད་ཀྱང་རུང༌། རྣམ་པ་བཞི་པོ་དེ་བཞིན་དུ་རྣམ་བ་བཞིར་སྦྱར་རོ། །གོས་མེད་པར་མགྲོན་དུ་བོས་པ་ལས་གཉིས་པར་ཡང་དེ་བཞིན་ཏེ་རྣམ་པ་བཞི་པོ་རྣམ་པ་བཞིར་སྦྱར་རོ། །དེ་ལ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པར་མགྲོན་དུ་བོས་པ་ལས་གཉིས་པར་ཡང་དེ་བཞིན་ཏེ། རྣམ་པ་བཞི་པོ་རྣམ་པ་བཞིར་སྦྱར་རོ། །གོས་མེད་པ་དང༌། གོས་ཀྱི་རིན་མེད་པར་མགྲོན་དུ་བོས་པ་ལས་གཉིས་པར་ཡང་དེ་བཞིན་དེ། རྣམ་པ་བཞི་པོ་རྣམ་པ་བཞིར་སྦྱར་རོ། །དེ་ལ་གོས་དང་བཅས་པར་མགྲོན་དུ་བོས་པ་ལས་གཉིས་པར་གོས་དང༌། གོས་ཀྱི་རིན་དུ་བཅས་པ་བཞིན་དུ་མགྲོན་དུ་བོས་ན་ཁས་བླངས་ལ་བཟའ་བར་བྱའོ། །དེ་མ་ཡིན་པའི་གཉིས་པར་ཁས་བླངས་ན་ཉེས་བྱས་སོ། །ཟོས་ན་ལྟུང་བྱེད་དོ། །སྔ་མ་ལ་ལྟུང་བ་མེད་དོ། །གལ་ཏེ་གང་ཟག་ནི་དེར་མགྲོན་དུ་བོས་པ་ལས་ཡང་དགེ་འདུན་དང་ལྷན་ཅིག་མགྲོན་དུ་བོས་ན་སྔ་མ་སེམས་ཀྱི་དགེ་སློང་གཞན་ལ་སྦྱིན་པར་བྱའོ། །གལ་ཏེ་འདི་སྐད་ཅེས་ཟེར་ན་འདི་ཡང་ཡོད་མོད་ཀྱི་གཞན་ཡང་ཚོལ་ཅིག་ཅེས་བྱ་བ་དང༌། འདིར་ཟོ་ལ་གཞན་དུ་ཡང་ཚོལ་ཅིག་ཅེས་


DTG151_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། ལྷུང་བཟེད་དུ་བླངས་པ་ཙམ་ཞིག་ཟོ་ལ་ལྷག་མ་གཞན་དུ་ཟོ་ཞིག་ཅེས་བྱ་བ་དང༌། དེ་བཞིན་དུ་ཡང་བཙུན་པ་གཞན་ནས་ཀྱང་ཟན་རྙེད་པར་གྱུར་གྱིས་ཞེས་ཟེར་བ་དང༌། བཙུན་པ་བདག་ནི་ཁྱོད་ལ་མགྲོན་དུ་མི་གཉེར་རོ་ཞེས་ཟེར་བ་དང༌། ཟས་ནི་སྦྱིན་མོད་ཀྱི་བདག་ནི་མགྲོན་དུ་མི་འབོད་དོ་ཞེས་ཟེར་བ་དང༌། བཙུན་པ་ཟས་གྱ་ནོམ་མོད་ཀྱི་བདག་མགྲོན་དུ་མི་འབོད་དོ་ཞེས་ཟེར་བ་དང༌། བཙུན་པ་ཚུར་ཤོག་བདག་མགྲོན་དུ་མི་འབོད་དོ་ཞེས་ཟེར་བ་དང༌། ཁྱེའུ་སུས་དང་བཟའ་བ་ལྔ་ནི་མ་གཏོགས་ཏེ་གཞན་གྱིས་སོ། །གཉིས་ཀྱིས་མངོན་སུམ་དུ་མགྲོན་དུ་འབོད་པར་འགྱུར་བ་དང༌། བདག་གི་དེར་གསོལ་ལ་དེ་ནས་དེར་གསོལ་ཅིག་ཅེས་ཟེར་བ་སྟེ། ཉེས་པ་མེད་པ་དང༌། རུང་བར་མཐོང་བ་ལ་ལྟུང་བ་མེད་དོ། །ཁ་ཅིག་ནི་གལ་ཏེ་སྦྱིན་བདག་དེས་མཚན་མ་དེ་ལ་མི་དགའ་བར་མི་འགྱུར་ན་ལྟུང་བ་མེད་དོ་ཞེས་ཀྱང་ཟེར་རོ། །མུ་གེའི་ཚེ་མགྲོན་དུ་འབོད་པ་མང་ན་ཡང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་ཁས་བླངས་ལ་དེ་དག་ཀྱང་དེར་དོང་སྟེ། བཟའ་བར་བྱའོ། །ཅི་སྟེ་མི་སྟེར་ན་བདག་ཉིད་ཀྱི་ཅུང་ཟད་ཅིག་ཟ་ཞིང་འདི་དག་ཕོངས་པ་ཡིན་གྱི་ཞེས་བྱོས་ལ་རྗེས་སུ་གནང་བ་སྦྱིན་དུ་གཞུག་པར་བྱའོ། །ཕྱི་མ་ནི་བདག་ཉིད་ཚིམ་པར་བཟའ་བར་བྱའོ། །སྤྲིང་ཡིག་དང་ལག་རྩིས་དག་གིས་ཁས་ལེན་ན་ཉེས་བྱས་སོ། །གང་ཟག་གཅིག་པུའི་གཙུག་ལག་ཁང་ངམ། དགོན་པ་ཡང་རུང་སྟེ། སྒེག་པའི་སེམས་སམ། གྱ་ནོམ་པ་འདོད་པའི་ཕྱིར་ཡང་ཡང་ཟན་ཉེས་བྱས་སོ། །མ་གུས་པ་འམ། གཡོ་རྣམས་ཀྱི་ཡོངས་སུ་ལོངས་མི་སྤྱོད་ན་ཉེས་བྱས་སོ། །མགྲོན་དུ་བོས་པ་ལ་མགྲོན་དུ་བོས་པར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །དང་པོའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བྱས་པ་ན་འཁོད་ཅིང༌། དེའི་བདག་པོའི་ཁྱིམ་དུ་ཟན་ཟ་བའི་ཚེ་བུད་མེད་རྣམས་ཀྱིས་ཡན་ལག་དང་ཉིད་ལག་བསྟན་པས་མ་དད་པར་གྱུར་ཏེ། དེ་དག་གིས་གཅེར་བུ་བ་རྣམས་


DTG151_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པོས་པ་དེ་རྣམས་ཀྱིས་དེ་དག་ཀྱང་ཤིན་ཏུ་བརྡེགས་པས་ན་གཉིས་པ་བཅས་སོ། །མིན་བས་ཞེས་བྱ་བ་ནི་འཕགས་པ་ཤའ་རིའི་བུ་ལས་བརྩམས་ཏེ་རྗེས་སུ་གནང་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། །དེ་ཉིད་དུ་གནས་ལ་དེ་ཉིད་དུ་ཟོས་ན་ཉེས་བྱས་དང་ལྟུང་བྱེད་དོ། །དེ་ཉིད་དུ་གནས་ལ་གཞན་དུ་ཟོས་ན་ཉེས་བྱས་ཉིད་དོ། །གཞན་དུ་གནས་ལ་དེར་ཟོས་པ་ལྟུང་བྱེད་ཉིད་དོ། །གཞན་དུ་གནས་ལ་གཞན་དུ་ཟོས་ན་ལྟུང་བ་མེད་དོ། །ཟས་མང་པོ་ལ་མང་པོར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །ཚོགས་ཀྱི་ཕྱིར་བྱས་པའམ། ཉེས་དུས་སམ། སྦྱིན་བདག་ན་རེ་འདི་ཉིད་དུ་འདུག་ཤིག་ཅེས་བསྒོ་བ་ལ་ལྟུང་བ་མེད་དོ། །ལྷ་ལ་སོགས་པས་འདུག་གནས་བྱས་པ་འམ། དགེ་སློང་གི་འདུག་གནས་སམ། ཀུན་དུ་རྒྱུ་བའི་འདུག་གནས་མ་ཡིན་ན་ལྟུང་བ་མེད་དོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་ལ་དུས་ཀྱིས་བསྟབས་པ་ལས་བག་མ་ལན་པའི་ཕྱིར་བཅའ་བ་རྣམས་བྱས་པས་ཐམས་ཅད་བསླངས་ནས་ལྷུང་བཟེད་ཆེན་པོ་རྣམས་བཀང་སྟེ་ཁྱེར་བའི་རྒྱུ་མཚན་གྱིས་གཡས་ཞར་མོ་དེ་བག་མར་འགྲོ་བའི་ཆད་དུ་གྱུར་པས་ན་གསུམ་པ་བཅས་སོ། །ཁྱིམ་རྣམས་སུ་འདོང་བ་ལ་ཞེས་བྱ་བའི་ནི་ཁྱིམ་རྣམས་སུ་དོང་བ་བདག་གིས་ཀུན་དུ་སྤྱད་པ་ནི་བསོད་སྙོམས་པས་སྒོ་ཁར་ཁར་གསིལ་གྱི་སྒྲ་བྱས་ལ་ནང་དུ་འགྲོ་བར་བྱའོ། །གང་ན་ཁྱིམ་སོམ་མང་པོ་དེར་ཕྱེ་ལ་སོགས་པས་སྒོར་མཚན་མ་གདབ་པར་བྱའོ། །སྤྱོད་ཡུལ་མ་ཡིན་པར་ལྡ་པོ་དག་ཏུ་འགྲོ་བར་མི་བྱའོ། །འདི་ལྟ་སྟེ། རོལ་མོ་མཁན་གྱི་ཁྱིམ་དང༌། སྨད་འཚོང་མའི་ཁྱིམ་དང༌། ཆང་འཚོང་མའི་ཁྱིམ་དང༌། རྒྱལ་པོའི་ཕོ་བྲང་དང༌། གདོལ་བའི་ཁྱིམ་མོ། །གད་ན་བུད་མེད་འདོད་ཆགས་དྲག་པ་དེ་ཤི་བ་ལ་སོགས་པའི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་འགྲོ་བར་མི་བྱའོ། །དད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་མངོན་པར་དང་པའོ། །ཕྱེ་ཞེས་བྱ་བ་ནི་ཕྱེ་རྣམས་སོ། །ཁུར་བ་ཞེས་བྱ་བ་ནི་བག་ཆོས་རྣམས་སོ། །ལྷུང་བཟེད་གང་བ་


DTG151_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སམ་གསུམ་ཞེས་བྱ་བ་ནི་ལྷུང་བཟེད་ལ་རྣམ་པ་གསུམ་སྟེ། ཆེན་པོ་དང༌། བར་མ་དང༌། ཆུང་ངུའོ། །དེ་ལས་ཆེན་པོ་ནི་འབྲས་ཐུག་པོ་ཆེའི་ཡུལ་ལ་མ་ག་དྷཱའི་བྲེ་ཆུང་དུ་དོ་བཙོས་པའི་ཆན་སྲན་ཚོད་དང་ཚོད་མ་དང་བཅས་པ་ཤོང་ཞིང་མཐེ་བོའི་ལྟོ་གང་གིས་མུར་མཐུག་པའོ། །ཆུང་ངུ་ནི་འབྲས་ཐུག་པོ་ཆེ་ཡུལ་མ་ག་དྷཱའི་བྲེའུ་ཆུང་གང་གི་ཆན་ལ་སོགས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་འབྲིང་པོ་ནི་བར་མའོ། །ཕྱི་རོལ་ཀུན་དགའ་ར་བ་ཞེས་བྱ་བ་ནི་གཙུག་ལག་ཁང་དུ་སོང་བ་ནས་དགེ་སློང་རྣམས་དང་བགོ་བཤའ་བྱའོ། །མ་བགོས་ན་ཉེས་བྱས་སོ། མི་འཁོད་ན་ལྟུང་བ་མེད་དོ། མི་འཁོད་ན་ལྟུང་བ་མེད་དོ། །དེའི་ཕྱིར་འཁོད་པ་ཞེས་བརྗོད་དོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཆེན་པོ་གསུམ་རྣམས་སམ་ཆེན་པོ་གཉིས་དག་དང༌། འབྲེང་པོ་གཅིག་གམ་ཆེན་པོ་གཉིས་དག་དང༌། ཆུང་ངུ་གཅིག་གམ་འབྲིང་པོ་གཉིས་དག་དང༌། ཆེན་པོ་གཅིག་ཀྱང་རུང་སྟེ། མདོར་བསྡུ་ན་ཇི་སྲིད་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པར་ལེན་དུ་འགྲོ་ན་ལེན་པའི་ཚེ་ཉེས་བྱས་སོ། །ཟོས་ན་ལྟུང་བྱེད་དོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ཡི་དགས་དང༌། མུ་སྟེགས་ཅན་དང༌། ཀུན་དུ་རྒྱུ་བའི་ཁྱིམ་ནས་བླངས་སམ། གཞན་ལེན་དུ་གོ་བར་བྱས་ཏེ་གསུམ་ལས་ལྷག་པར་བླངས་པ་དང༌། ཁས་བླངས་པས་ཁས་མ་བླངས་པའི་ཕྱིར་ཁྱིམ་དུའམ། ཁས་མ་བླངས་པས་ཁས་བླངས་པའི་ཁྱིམ་དུ་དུས་ཀྱིས་བསྟབས་པ་ལས་བླངས་ན་ཉེས་བྱས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་བསྟབས་པར་བླངས་སམ། གཞན་ལེན་དུ་བཅུག་ན་ཉེས་བྱས་སོ། །ལྷག་པར་བླངས་པ་ལ་ལྷག་པར་བླངས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །དེ་ཉིད་དུ་འདུག་ནས་ལྷག་པར་ཟོས་ཀྱང་ལྟུང་བ་མེད་དོ། །འདི་ལྟར་ཕྱེ་དང་ཁུར་བ་མ་གཏོགས་པར་གཞན་བླངས་པ་དང༌། སྦྱིན་བདག་གིས་ཅི་བདེ་བར་ཞེས་སྨྲས་པ་ལ་ཡང་ལྟུང་བ་མེད་དོ། །དད་པས་སྦྱིན་པ་ལ་ལྟུང་བར་འགྱུར་བ་གསུམ་སྟེ། ཚུལ་ཁྲིམས་


DTG151_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འམ། ལྟ་བ་ཕུན་སུམ་ཚོགས་པས་བྱིན་པ་ལ་ཡང་ཚུལ་ཁྲིམས་འཆལ་པའམ། ལྟ་བ་ཉམས་པ་ལ་བྱིན་པ་དང༌། གང་དུ་ལྷག་པར་བླངས་ནས་མ་ཟོས་པ་དང༌། ཐ་ན་ཁམ་གཅིག་ཟོས་ཀྱང་ལྟུང་བར་འགྱུར་བའོ། །གསུམ་པའོ།། །།འདུལ་བ་བསྡུས་པ་བམ་པོ་བཅུ་པ། །མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་ང་སྟན་གཅིག་པར་ཟ་བས་ན་སྙིང་ལས་ཆུང་བ་ལ་སོགས་པའི་ཡོན་ཏན་དུ་ཚོར་རོ། །ཁྱེད་ཅག་ཀྱང་སྟན་གཅིག་པར་ཟོ་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཟ་བའི་ཚེ་བླ་མའི་གནས་ལྟ་བུ་མཐོང་སྟེ་སྟན་ལས་ལངས་ནས་བདག་ཅག་གིས་སྤངས་སོ་ཞེས་མི་ཟའོ། དེ་ལ་ཅི་ཙམ་ཆོག་གི་བར་དུ་སྤང་བར་མི་བྱའོ། །ཟས་བརྩམས་ནས་ལྡང་བར་མི་བྱའོ་ཞེས་བཀའ་སྩལ་ཏོ། །དྲུག་སྡེ་རྣམས་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་ཟ་བས་ན་བཞི་པ་བཅས་སོ། །ཟོས་ཟིན་ཞེས་བྱ་བ་ནི་བཟའ་བར་བྱ་བའི་སེམས་ཡོངས་སུ་བཏང་བ་ཡིན་ནོ། །འདི་ལྟར་ཟས་འདོད་པ་ལ་ནི་ཚིག་གིས་མ་ལུས་པར་ཡང་སྤངས་པ་ཡོད་པ་མ་ཡིན་ནོ། །ཡང་ན་ཟོས་ཟིན་ཞེས་བྱ་བ་དེས་ཟ་བ་ལ་སྤངས་པ་ཞེས་བྱའོ། །མི་ཟ་བ་ལས་གལ་ཏེ་ཆོག་གོ་ཞེས་ཟེར་བ་ཡང་སྤངས་པ་མ་ཡིན་པར་སྟོན་ཏོ། །སྤངས་པ་ཞེས་བྱ་བ་ནི་རྣམ་པ་ལྔ་པོ་རྣམས་ཀྱིས་སྤངས་པར་འགྱུར་ཏེ། ཟས་སུ་རྣམ་པར་ཤེས་པ་སྟེ། བཅའ་བ་དང༌། བཟའ་བའི་ངོ་བོ་ཉིད་ཀྱིས་ཟས་རྣམས་ཡོད་པ་དང༌། ཟས་འདྲིམ་པའི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་ཡང་ཡོད་པར་རྣམ་པར་ཤེས་པ་དང༌། ཟས་ལ་ཟ་བར་ཡང་རྣམ་པར་ཤེས་པ་དང༌། ཟས་ཀྱི་རང་བཞིན་ལྔ་ལ་ཡང་སྤང་བར་རྣམ་པར་ཤེས་པ་དང༌། སྟན་གང་ལ་འདུག་པ་དེ་ལས་འཕགས་པ་སྟེ། དེ་ལྟ་བས་ན་ལངས་པར་གྱུར་པའོ། །གོ་བཟློག་པ་རྣམ་པ་ལྔ་པོ་རྣམས་ཉིད་ཀྱིས་ནི་མ་སྤངས་པའོ། །ཡང་རྣམ་པ་ལྔ་སྟེ། ཟས་རུང་བ་སྤངས་པ་དང༌། ཟས་རུང་བ་དང་འདྲེས་པའི་སྔ་མ་ལྡུམ་ལ་སོགས་པ་དང༌། སོགས་འཇོག་མ་ཡིན་པ་དང༌། སོག་འཇོག་མ་ཡིན་པ་དང་འདྲེས་པ་དང༌། སྤྱོད་ལམ་ལས་ལྔས་པར་གྱུར་པའོ། །གོ་བཟློག་པ་ལྔ་


DTG151_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཉིད་ཀྱིས་ནི་སྤངས་པ་མ་ཡིན་ཏེ། གང་ལ་ཟས་དང་འདྲེས་པར་རྣམ་པར་མི་ཤེས་པ་དེས་ནི་སྤངས་པ་མ་ཡིན་ནོ། །ལྔ་སྟེ། འབྲས་ཆན་དང༌། ཟན་དྲོན་དང༌། འདི་གུ་དང༌། ཤ་དང༌། སྣུམ་ཁུར་གྱིས་སྤངས་པར་འགྱུར་ཏེ། ལྡམ་ལྡུམ་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། ཉ་ནི་ཤ་ཉིད་དུ་འདུས་སོ། །དེ་ལྟ་བས་ན་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུའི་རང་བཞིན་གྱི་བཅའ་བ་ལྔ་འཆོས་ནས་བཟའ་བ་ལྔ་བཟའ་བར་བྱ་སྟེ། སླར་བཟློག་པས་དེ་ནི་སྤངས་པ་ཡིན་ནོ། །ལྷག་མ་དང་བཅས་པའི་ཚིག་ལྔ་སྟེ། རེ་ཞིག་ཐོང་ཤིག་ཅེས་བྱ་བ་དང༌། རེ་ཞིག་བྱིན་ཅིག་ཅེས་བྱ་བ་དང༌། རེ་ཞིག་སོང་ཤིག་ཅེས་བྱ་བ་དང༌། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང༌། རེ་ཞིག་ཆོག་གོ་ཞེས་བྱ་བའོ། །རེ་ཞིག་ཅེས་བྱ་བའི་སྒྲ་དེ་ལྟ་བུ་མེད་དམ་ཚིག་ལྔ་པོ་ལྷག་མ་ལུས་པ་ནི་ཟ་མི་འདོད་པའོ། །ཟས་འདོད་པས་ཀྱང་སྐབས་ཁ་ཅིག་ཏུ་ལྷག་མ་མ་ལུས་པའི་ཚིག་སྨྲས་ཀྱང་སྤངས་པར་མི་འགྱུར་བ་ཡོད་དོ། །གང་ན་ཡོད་བདག་གི་དངོས་པོ་རྣམས་ཟད་པར་མཐོང་ངམ། གཞན་ལ་སྦྱིན་པའི་སེམས་ཀྱིས་བྱིན་ཅིག་ཅེས་བྱའོ། །ལྷག་བོར་མ་བྱས་པར་ཞེས་བྱ་བ་ནི་ནད་པའི་ལྷག་མ་འདོར་བར་བྱེད་པ་ལས། དེས་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་བ་དང༌། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་ཡིན་ནོ། །ལག་པ་དག་བསྙལ་ཏེ་བྱིན་ལན་བྱས་ལ། དགེ་སློང་གང་ཟོས་ནས་སྤངས་པ་མ་བྱས་པའམ། སྤངས་པ་བྱས་ཀྱང་སྤྱོད་ལམ་ལས་མ་ལངས་པ་དེའི་ཚེ། མདུན་དུ་ཙོག་ཙོག་པོར་འདུག་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བ་གྱིས་པ་ལས་བཅའ་བ་དང༌། བཟའ་བ་འདི་རྙེད་ཅིང་འཚལ་བར་འཚལ་ན། བདག་ལ་ལྷག་པོར་བགྱིས་ཏེ་སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ། །དེས་ཀྱང་ཁམ་གཉིས་སམ་གསུམ་ཞིག་བཟའ་ཞིང༌། འདི་ཁྱོད་


DTG151_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིར་གྱུར་གྱིས་སོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ལ་གང་ཡང་སྤངས་པར་མ་བྱས་པ་དེས་བཟའ་བར་བྱའོ། །ལྷག་པོར་ཡང་བྱའོ། །དེ་ལས་གཞན་པས་ནི་ལྷག་པར་བྱིན་པ་ཉིད་ཀྱིས་འདི་ཁྱོད་ཀྱིར་གྱུར་གྱིས་སོང་ཤིག་ཅེས་སྨྲས་ལ་བཟའ་བར་མི་བྱའོ། །གལ་ཏེ་ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྣམ་པ་ལྔ་ནི་ལྷག་པོར་བྱས་པ་མ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་དུ་བྱེད་པ་དང༌། མི་ཐོབ་པའི་ཕྱོགས་སུ་འདུག་པ་འམ། རྒྱབ་ནས་བྱེད་པ་དང༌། གློ་ནས་བྱེད་པ་དང༌། སྤྱོད་ལམ་ལས་ཉམས་པའོ། །དེ་ལས་བཟློག་པའི་ལྔས་ནི་བྱས་པའོ། །ཡང་རྣམ་པ་ལྔ་སྟེ། ཐུ་བར་མ་ཡིན་པ་དང༌། ལྷུང་བཟེད་ཀྱི་གཞིར་མ་ཡིན་པ་དང༌། སྔར་བསྟན་པའི་དང་པོ་དག་དང་ཐ་མའོ། །སླར་བཟློག་པ་ལྔས་ནི་བྱས་པའོ། །གཅིག་གིས་ལྷག་པོར་བྱས་ན་ཐམས་ཅད་ཀྱིས་ཀྱང་བཟའ་བར་བྱའོ། །ལྷག་པོར་མ་བྱས་པ་ཞེས་བྱ་བ་ནི་ལྷག་པོར་མ་བྱས་པ་ཅན་ཞེས་བྱ་བ་སྟེ། ལྷག་པོར་མ་བྱས་ཤིང་མཐར་ཐུག་པར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ །བཅའ་བ་ཞེས་བྱ་བ་ནི་བཅའ་བ་ལྔའོ། །བཟའ་བ་ཞེས་བྱ་བ་ནི་བཟའ་བ་ལྟ་བུ་སྟེ། མགུལ་དུ་མིད་ནའོ། །སྤངས་པ་ལ་སྤངས་པར་འདུ་ཤེས་སམ། ཡིད་གཉིས་ཟན་ཡང་རུང་སྟེ། ལྷག་པོར་མ་བྱས་པ་མགུལ་དུ་མིད་ན་ལྟུང་བྱེད་དོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །མི་རུང་བ་ཞིག་ཟོས་ཟིན་པ་ལ་ལྷག་པོར་མ་བྱས་པར་ཟོས་ན་ལྟུང་བྱེད་དོ། །ནད་པ་ལ་ནི་ལྷག་པོར་མ་བྱས་པ་ཟ་འམ། མི་རུང་བའམ། ཞག་བདུན་པ་ཟའམ། མི་རུང་བ་ལས་སྤངས་ཀྱང་རུང་སྟེ། ལྟུང་བ་མེད་དོ། །བཟའ་བ་ལྔ་མ་གཏོགས་པ་གཞན་ལ་ནི་སྤངས་པ་མ་ཡིན་པས་ལྟུང་བ་མེད་དོ། །ཨུཏྤལ་ལ་སོགས་པའི་རྩ་བ་དང༌། བྱང་ཕྱོགས་ཀྱི་ཤིང་ཏོག་དང། ལྷའི་པད་མའི་སྡོང་བུ་ལ་སོགས་པ་ནི་དཀོན་མཆོག་པའི་ཕྱིར་ཟོས་ཀྱང་ལྟུང་བ་མེད་དོ། །ཁ་ཅིག་ན་རེ་དེ་ནི་མུ་གེ་བྱུང་བའི་ཚེའོ་ཞེས་ཀྱང་ཟེར་རོ། །དེ་བཞིན་དུ་སྤངས་སམ་མ་སྤངས་ཀྱང་རུང་སྟེ། མ་སྤངས་པར་འདུ་ཤེས་པ་ཡང་ངོ༌། །ནས་ཐུག་ཇི་ལྟ་བུས་ན་སྤངས་པར་


DTG151_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། གང་ལ་ཁ་གཟར་གྱེན་དུ་འགྲེང་བའོ། །སྐྱོ་མ་ཇི་ལྟ་བུས་སྤངས་པར་འགྱུར་ཞེ་ན། གང་ལ་སོ་སོར་མོ་ལྔའི་རི་མོ་སྟེང་ན་སྣང་བ་ཡིན་ཏེ། མགུལ་ངུ་མིད་པ་ལ་ནི་ལྟུང་བ་མེད་དོ། །བཞི་པའོ།། །།མཉན་ཡོད་ན་སྟེ། རྒན་ཞུགས་རབ་ཏུ་བྱུང་བས་རྒྱུན་མ་ཆད་པར་ལྟུང་བ་བྱུང་བ་གླེངས་བས་ན་ཁྲོས་ཏེ་སློབ་དཔོན་ལ་ལྷག་པར་མ་བྱས་པའི་བཟའ་བ་ཟར་བཅུག་པས་ན་ལྔ་པ་བཅས་སོ། །དུས་ཀྱིས་སྟོབས་ཞེས་བྱ་བ་ནི་ཡང་ཡང་མགྲོན་དུ་བྱེད་པའོ། །སྐབས་ཚོལ་ཞིང་ཞེས་བྱ་བ་ནི་བསྟན་པའོ། །འདི་ཉིད་རྣམ་པར་དབྱེ་བ་ནི་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པའི་ཞེས་བྱ་བ་ནི། ལྟུང་བ་དང་བཅས་པར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ནི་དབང་དུ་བྱས་པར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི་གཞན་དུ་བསམས་ཏེ་ཟར་བཅུག་པ་ལ་ལྟུང་བ་མེད་དོ། །སྤངས་པ་ལ་ཡང་སྤངས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །དེ་བཞིན་དུ་ལྷག་པོར་མ་བྱས་པ་ལྷག་པོར་མ་བྱས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །ལྔ་པའོ།། །།རྒྱལ་པོའི་ཁབ་ན་སྟེ། ལྷ་སྦྱིན་ལས་བརྩམས་ནས་དྲུག་པ་བཅས་སོ། །འདུས་ཤིང་ཟ་ན་ཞེས་བྱ་བ་ནི་མི་མཐུན་པར་ཟ་བའོ། །མཚམས་ཀྱི་ནང་དུ་གཅིག་གིས་ཀྱང་མི་མཐུན་པ་མ་ཡིན་གྱི། བཞི་ལ་སོགས་པ་རྣམས་དང་གང་ཟ་བའོ། །ཇི་ལྟར་ན་མཉམ་པའི་དབང་དུ་བྱས་ཤེ་ན། གང་དང་གང་ལུས་ཀྱིས་གོ་བར་བྱེད་པས་ཟ་བ་དེ་ཉིད་ལྟུང་བྱེད་དོ། །ལུས་ཀྱིས་ལས་ཀྱི་མཚན་ཉིད་ལས་ན་དེའི་ལྟུང་བའོ། །ཟས་ཀྱི་ཚིག་ལས་བཅའ་བ་རྣམས་ལས་ལྟུང་བ་མེད་ཀྱི། དེ་དག་ནི་བཟའ་བ་རྣམས་སོ། །ན་བ་དུས་སོ་ཞེས་བྱ་བ་ནི་ནད་པ་རྣམས་ལ་ཁྱེའུ་སུས་བྱིན་གྱིས་དགེ་སློང་ཐམས་ཅད་ལ་མ་བྱིན་པས་ན། ནད་པ་ཁྱེའུ་སུས་མ་བླངས་མ་ལས་རྗེས་སུ་གནང་བ་སྟེ། གང་ཟག་གཅིག་གིས་འཚོ་བར་མི་ནུས་པ་དེ་ཡང་ནད་པའོ། །ལས་དུས་སོ་ཞེས་བྱ་བ་ནི་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་ཕྱག་ནས་བ་ལང་གི་ལྕི་བས་སྐྱང་ནུལ་


DTG151_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་དཔག་ཚད་གཅིག་གམ་དཔག་ཚད་ཕྱེད་དུ་སོང་ཞིང་སླར་འོངས་པ་ཡིན་ནོ། །གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་ལམ་བཞིན་ནོ། །འདུས་པ་ཆེན་པོ་ཞེས་བྱ་བ་ནི་གཙུག་ཕུད་ཀྱི་དུས་སྟོན་ཆེན་པོའམ། ལོ་ལྔ་པའམ། ལོ་དྲུག་པའི་ཚེ་མང་པོ་ཚོགས་པ་ལ་ཁ་ཅིག་གིས་ནི་ལྔ་ལ་བྱིན། ཁ་ཅིག་གིས་ནི་བཞི་ལ་བྱིན་པའོ། །དགེ་སྦྱོང་གི་ཟས་དུས་སོ་ཞེས་བྱ་བ་ནི་ཀུན་དུ་འཚོ་བ་ལ་སོགས་པ་ལས་བརྩམས་ཏེ། འདི་ལས་ཕྱི་རོལ་གྱི་ལ་རབ་ཏུ་བྱུང་བ་དེ་དག་ཀྱང་དགེ་སྦྱོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །མཚམས་ཀྱི་ནང་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། འདུས་ཤིང་ཟས་ཟོས་ན་ལྟུང་བྱེད་དོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཟོས་ན་ཉེས་བྱས་སོ། །མཚམས་ཀྱི་ཕྱི་རོལ་ལམ་མཚམས་ཀྱི་ནང་ཡང་རུང་སྟེ། མཚམས་ཀྱི་ཕྱི་རོལ་དུ་འདུས་ཤེས་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སོ་སོར་ཟ་བ་ལ་སོ་སོར་ཟ་བར་འདུ་ཤེས་པ་ཡང་རྣམ་པ་དྲུག་ཏུ་བརྗོད་པར་བྱའོ། །གནས་ཁང་ལ་རྣམ་པ་གཉིས་ཏེ། གཞིའི་འདུག་གནས་དང༌། ཁང་ཁྱིམ་གྱི་འདུག་གནས་སོ། །གཞིའི་འདུག་གནས་ན་ཟ་བ་དག་གི་ཁང་ཁྱིམ་གྱི་འདུག་གནས་ནས་འདིར་གང་ཡང་འོངས་སམ་ཞེས་དྲི་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །ཁང་ཁྱིམ་གྱི་གནས་ན་འཁོད་པས་ཀྱང་མ་དྲིས་པར་མི་མཐུན་པར་ཟོས་ན་ལྟུང་བྱེད་དོ། །གསུམ་མཚུངས་ལ་གཅིག་མི་མཚུངས་པ་དང༌། གསུམ་བསྙེན་པར་རྫོགས་ལ། གཅིག་བསྙེན་པར་མ་རྫོགས་པ་དང༌། ཁ་ཟས་ཕན་ཚུན་དུ་བྲིམས་པ་དང༌། ཐ་ན་ལན་ཚྭ་ལས་ཚུམ་གང་ངམ། ལྡམ་ལྡམ་ལས་སྲན་གཅིག་བྲིམས་པ་དང༌། གནས་སོ་སོར་ངེས་པ་དང་གང་དག་འདི་ན་འཁོད་པ་དེ་དག་ལ་སྦྱིན་ནོ་ཞེས་ཟེར་བ་དང༌། ནམ་མཁའ་ལ་ཟ་བ་ལ་ནི་ལྟུང་བ་མེད་དོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེས་ཟ་ན་མ་ཟོས་པར་ཕྱིར་ཕྱུང་ནས་ཁྱིམ་པ་རྣམས་ལས་བླངས་ཏེ་དུས་ལས་ཡོལ་བར་ཟོས་པས་ན་བདུན་པ་བཅས་སོ། །དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་རྣམ་པ་


DTG151_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། སྐྱ་རེངས་མ་ཤར་བ་དང༌། ཉི་མ་ཕྱེད་ཡོལ་བའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་དུས་སུ་རུང་བའི་སྨན་ནོ། །ཟ་ན་ཞེས་བྱ་བ་ནི་བདག་ཉིད་མགུལ་དུ་མེད་པའོ། །དུས་ལས་ཡོལ་བ་ལ་དུས་ལས་ཡོལ་བར་འདུ་ཤེས་སམ། ཡིད་གཉིས་ཟ་ན་རུང་ཟས་ན་ལྟུང་བྱེད་དོ། །དུས་ལས་མ་ཡོལ་བ་ལ་དུས་ལས་མ་ཡོལ་བར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །དུས་ལས་མ་ཡོལ་ལ་མ་ངུས་ལས་ཡོལ་ཡང་རུང་སྟེ། དུས་ལས་མ་ཡོལ་བར་འདུ་ཤེས་ན་ལྟུང་བ་མེད་དོ། །དེ་བཞིན་དུ་དུས་སུ་རུང་བའི་སྨན་ལ་དུས་སུ་རུང་བའི་སྨན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །ནད་པ་ལ་སྨན་པའི་ཚོགས་བ་ལང་གི་ལྕི་བའི་ནང་ནས་བྱུང་བའི་ཕྱེའི་སྐྱོ་མ་དང༌། འཕར་བས་ཟོས་པའི་མི་གཙང་བ་ནས་བྱུང་བའི་ཤ་ཟོས་པ་ལ་ལྟུང་བ་མེད་དོ། །གལ་ཏེ་དེ་དག་རང་བཞིན་གྱིས་ཀྱང་ནད་མ་སོགས་ན་དུས་སུ་རུང་བ་ཐམས་ཅད་སྦྱིན་པར་བྱའོ། །གང་དེས་ཀྱང་སོགས་པར་མི་འགྱུར་ནའོ། །གླིང་གསུམ་པོ་རྣམས་དང༌། ལྷའི་ཡུལ་དུ་རྣམས་སུ་ཡང་རུང༌། འཛམ་བུའི་གླིང་གི་དུས་སུ་བཟའ་བར་བྱའོ། །འཛམ་བུའི་གླིང་གི་དུས་མ་ལགས་པར་བྲོ་མི་འཚལ་བར་འཚལ་ན་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ། ཤར་གྱི་ལུས་འཕགས་པོ་དང༌། ནུབ་གྱི་བ་ལང་སྤྱོད་ཀྱི་གླིང་གི་དགེ་སློང་རང་གི་དུས་སུ་ཟའོ། །དེ་ལ་ཀུན་དུ་སྤྱད་པ་ནི་དགེ་སློང་སྐྱེ་བོ་མང་པོ་ཚོགས་པ་དང༌། དུས་ཡོངས་སུ་ཤེས་པར་བྱས་ལ། ཐོག་མར་གཎྜཱི་ཆུང་ངུ་བརྡུངས་ཏེ། དེ་ནས་ནད་པ་རྣམས་ཀྱི་ཟས་ཕོག་ལ་ལས་སུ་བསྐོས་པ་རྣམས་ཟན་ཟོས་ཟིན་པ་དང༌། གཎྜཱི་བརྡུངས་བར་བྱའོ། །གལ་ཏེ་མི་ཐོས་ན་དུང་བསྒྲིལ་མ་བུད་པ་དང༌། ལྷན་ཅིག་པའི་རྔ་བརྡུང་བར་བྱའོ། །གཎྜཱི་ལ་རྣམ་པ་ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱི་ནི་རྒྱུད་གསུམ་དང་ཏོག་གསུམ་མོ། །ལས་ཀྱི་གཎྜཱི་སྟེ། རྒྱུད་གསུམ་དང་ཏོག་གཉིས་སོ། །ཤི་བའི་གཎྜཱི་སྟེ་བྱི་བའོ། །སྤོང་བ་ལས་ཞུགས་པའི་གཎྜཱི་ཁར་གསིལ་ལོ། །གནོད་པ་བྱུང་བའི་གཎྜཱི་སྟེ་ཅི་ནུས་སུ་བྱ་བའོ། །འདུས་པའི་ཆེན་པོའི་ཚེ་གྲལ་སོ་སོར་


DTG151_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རྒན་རིམས་ཇི་ལྟ་བ་བཞིན་དུ་སྤྱི་སྤུངས་སུ་བཤམ་པར་བྱའོ། །རྒན་རིམས་ཇི་ལྟ་བ་བཞིན་དུ་འཁོད་པར་བྱེད་པ་བསྐོ་བར་བྱའོ། །རྙེད་པ་མི་སྙོམས་པ་སྤངས་པའི་ཕྱིར་དེ་དག་གིས་ཀྱང་བྱིན་ལེན་གྱིས་བྱིན་གྱིས་བརླབས་པ་འབྲིམ་པར་བྱའོ། །ཡང་ན་སྤྱན་བྱའོ། །དེ་དག་གིས་ཀྱང་དང་པོར་བཟའ་བར་བྱའོ། །གཉི་སྣོད་གཅིག་གི་ནང་དུ་བཟའ་བར་མི་བྱའོ། །ལམ་དུ་ཞུགས་པ་ནས་སྣོད་མེད་པ་ལ་ལྟུང་བ་མེད་དོ། །དེ་ལ་ནི་དགེ་ཚུལ་དང་ཡང་བྱིན་གྱིས་བརླབས་ལ་ལྷན་ཅིག་བཟའ་བར་བྱའོ། །རུང་བར་བྱེད་པ་རྣམས་ལ་ནི་བཅངས་ཏེ་སྦྱིན་པར་བྱའོ། ཉེ་དུ་རྣམས་ལྷན་ཅིག་ཟ་བར་འདོད་ནས་དབེན་པའི་ཕྱོགས་སུ་ཟོས་ན་ལྟུང་བ་མེད་དོ། །གོས་གཅིག་པར་བྱས་ཏེ་བཟའ་བར་མི་བྱའོ། །ན་བ་དང༌། རྒས་པ་དང༌། སྟོབས་ཆུང་བས་རྡུལ་གཟན་སྲབ་མོའམ་པུས་འཁྱུད་གྱོན་ཏེ། དབེན་པའི་ཕྱོགས་སུ་བཟའ་བར་བྱ་སྟེ། ལྟུང་བ་མེད་དོ། །གལ་ཏེ་དེ་ལྟར་ཡང་མི་ནུས་ན་གོས་གཅིག་པ་ཉིད་ཀྱིས་སོ། །གསེར་དང༌། དངུལ་དང༌། བཻཌཱུཪྻ་དང༌། ཤེལ་གྱི་རང་བཞིན་གྱི་སྣོད་དུ་མ་ཡིན་ནོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་གྱི་གནས་སུ་གལ་ཏེ་སྣོད་གཞན་ཐོབ་པ་མེད་ན་ལྟུང་བ་མེད་དོ། །ས་མ་པྲ་པ་ཏ་ཞེས་མ་བརྗོད་ཀྱི་བར་དུ་དེས་ཐ་ན་ལན་ཚྭ་ཙམ་ཡང་མི་བླང་ངོ༌། །འདི་བྱིན་ཅིག་འདི་མི་འདོད་དོ་ཞེས་བསྒོ་ཞེས་ཞིང་བཟའ་བར་མི་བྱའོ། །མེ་དྲོད་ཆུང་བས་ཚོགས་པ་དང༌། མེ་དྲོང་ཆེ་བས་རྗེན་པ་སློང་བ་ལ་ལྟུང་བ་མེད་དོ། །སྒྲ་ཆུང་བ་དང༌། དང་བར་འགྱུར་བ་དང་སྤྱོད་ལམ་ཤིན་ཏུ་བསྡམས་པ་དང་ལྡན་པས་ཟས་ཀྱི་དོན་དུ་འཁོད་པར་བྱའོ། །ཟས་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་གཞག་ཅིང་དྲན་པར་བརྟེན་པར་བྱས་ཏེ་སེམས་རྣམ་པར་མ་གཡེངས་པར་བཟའ་བར་བྱའོ། །ལྷུང་བཟེད་ཟས་བླངས་ནས་དོར་བར་མི་བྱའོ། །ཡང་ན་མ་ལ་སོགས་པ་ལ་སྦྱིན་ནོ། །ལྷག་པ་ཀུན་དགའ་ར་བར་ཁྱིམ་པའམ། བུད་མེད་འོངས་པའང་སོ་སོར་འགྲང་སྟེའོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ལའང་བསམས་བཞིན་དུ་ཆངས་པ་གཅིག་སྦྱིན་པར་བྱའོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ། །


DTG151_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མཆིལ་ལྷམ་དང་བཅས་པས་ཟས་བཟའ་བར་མི་བྱའོ། །ནད་པས་ནི་དེའི་སྟེང་དུ་རྐང་པ་དག་གཞག་སྟེའོ། །ཏུག་ཏུག་ཟེར་བ་དང༌། ཀྲུམ་ཀྲུམ་ཟེར་བ་ལ་སོགས་པ་སྒྲ་འབྱུང་བ་དང་བཅས་པའི་ཟས་ཟ་བར་མི་བྱ་མོད་ཀྱི། འོན་ཀྱང་ཆུར་སྤངས་ཏེ་བཟའ་བར་བྱའོ། །ནས་ཐུག་སྒྲ་འབྱུང་བར་མི་བཏུབ་བོ། །ལ་ཕུག་ཆེན་པོ་བཀས་ལ་བཟའ་བ་བྱའོ། །ཡོན་བཤད་པ་བྱེད་པའི་ཚེ་བཟའ་བར་མི་བྱའོ། །གང་གིས་མ་ཐོས་པ་ལས་ལྟུང་བ་མེད་དོ། །དུས་ཡོལ་ན་ཚིགས་སུ་བཅད་པ་ལ་གཉིས་མཉན་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་ཀུན་དུ་ལྟ་བར་བྱའོ། །དུད་འགྲོ་ལ་ཆངས་པ་གཅིག་སྦྱིན་པར་ཡང་གཤེར་བར་བྱས་ལ་ཅི་ལྟར་བདེ་བ་སྦྱིན་པར་བྱའོ། །གང་ལ་ཡང་བརྗོད་པར་མི་བྱའོ། །མགྲོན་དུ་པོས་ན་ཡང་ཚུལ་ཤིང་རྣམས་ལ་བགྲང་ངོ༌། །སྦྱིན་བདག་གིས་དྲིས་པ་དང། དགེ་སློང་གིས་བརྗོད་པར་བྱའོ། །གལ་ཏེ་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་གདུགས་ཚོན་ལ་བབ་པར་འོངས་ན་བརྗོད་པར་བྱའོ། །གལ་ཏེ་བགྲང་བ་རྣམས་ཡུལ་གཞན་དུ་འགྲོ་ན་ཡང་བརྗོད་པར་བྱའོ། །གལ་ཏེ་གདུགས་ཚོད་ལ་བབ་ཏུ་བྱེད་ལ་དོང་ན་ཡང་ཇེ་ཟན་ཟོས་ལ་དེ་ནས་དེངས་ཤིག་ཅེས་བརྗོད་པར་བྱའོ། །གཎྜཱི་བརྡུངས་ལ་འདུས་ཏེ་ཅི་བ་བདེར་འཇུག་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་གལ་ཏེ་སློང་མང་བར་གྱུར་ལ་ཁ་ཟས་ཉུང་ན་སྙོམས་པར་རིམས་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བཟློག་བ་ཞིག་ན་ཅི་འབྱོར་པས་རིམས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་ཡོན་བཤད་པ་བྱེད་པ་ན་ཡུད་ཙམ་ཞིག་ངལ་སོ་ལ། འདོད་ན་ཆོས་བཤད་ནས་འགྲོ་བར་བྱའོ། །ཐམས་ཅད་དུ་ཟོས་ནས་ཀྱང་སྨོན་ལམ་ལོག་པར་མི་འགྲུབ་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རེ་རི་བཀྲག་པར་བྱའོ། །བདུན་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་ན་པོ་བསོད་སྙོམས་ཀྱི་འབྲས་ཅན་སྐམས་ཤིང་འཇོག་ལ། ནམ་ཆར་འབབ་པའམ་ཡུལ་ངན་པ་ལ་སོགས་པ་བྱུང་བའི་ཚེ་ཆུ་དྲོན་མོས་སྤངས་ཤིང་ཟ་བས་ན་བརྒྱད་པ་བཅས་སོ། །


DTG151_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སོག་འཇོག་ཅེས་བྱ་བ་ནི་གང་བདག་གི་ལག་ཏུ་བྱིན་ལེན་བྱས་ལ། མཚན་མོ་ཞིག་ལོན་པ་བདག་ཕྱིར་བཟའ་བར་གཞག་པའོ། །རམ་པ་གཞན་དུ་ན་སོག་འཇོག་ལ་རྣམ་པ་གཉིས་ཏེ། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོ་བའི་ཟས་སུ་དང༌། ཕྱི་དྲོ་བའི་ཟས་བྱིན་ལན་བྱས་པ་ཉིད་ཐུན་ཚོད་ལས་འདས་པའོ། །གང་བྱིན་ལེན་མ་བྱས་པར་རེག་པ་ནི་དེ་དག་ཏུས་ཅི་སྲིད་ལ་ཉར་བླངས་པའི་ཉེས་པར་འགྱུར་གྱི་སོག་འཇོག་གི་ཉེས་པ་ནི་མ་ཡིན་ནོ། །དུས་ལས་འདས་ན་སོག་འཇོག་གི་ཉེས་པ་འགྱུར་རོ། །སོག་འཇོག་ལ་སོག་འཇོག་ཏུ་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། མགུལ་དུ་མིད་ན་ལྟུང་བྱེད་དོ། སོག་འཇོག་མ་ཡིན་པ་ལ་སོགས་འཇོག་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །སོག་འཇོག་མ་ཡིན་པའམ། སོག་འཇོག་ཡིན་པར་ཡང་རུང་སྟེ། སོག་འཇོག་མ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ། །བྱང་གི་སྒྲ་མི་སྙན་དུ་སོག་འཇོག་བྱས་པ་དང༌། ལག་ཉར་བླངས་པ་དང་བྱིན་ལེན་མ་བྱས་པ་ལ་ལྟུང་བ་མེད་དོ། །གལ་ཏེ་འདི་ནས་བླངས་ཏེ་དེར་སོང་ན་ལྟུང་བའོ། །དགེ་སློང་ལ་སོག་འཇོག་རྣམ་པ་གསུམ་པོ་རྣམས་ཀྱིས་ཏེ། དགེ་འདུན་གྱིས་དང༌། དགེ་སློང་གིས་དང༌། བསླབ་པ་འབྱིན་པས་ཀྱང་ངོ༌། །དགེ་སློང་མ་ལ་བཞི་པོ་རྣམས་ཀྱིས་ཏེ། དགེ་སློང་མས་ལྷག་པར་བྱས་པའོ། །གཉིས་པོ་དེ་དག་གིས་སོག་འཇོག་ཏུ་མི་འགྱུར་ཏེ། ངོ་ཚ་མེད་པས་རི་མོར་མི་བྱེད་པ་དང༌། ངོ་ཚ་ཡོད་ཀྱང་དྲན་པ་ཉམས་པའོ། །དགེ་ཚུལ་ལ་སོགས་པ་རྣམས་ལ་ལྟོས་པ་དང་དང་བཅས་པས་བྱིན་ལ་ལྟོས་པ་དང་བཅས་བཞིན་དུ་ཟོས་ན་ཉེས་བྱས་དང་ལྟུང་བྱེད་དོ། །ལྟོས་པ་དང་བཅས་བཞིན་དུ་བྱིན་ལ་ལྟོས་པ་མེད་པར་ཟོས་ན་ཉེས་བྱས་ཉིད་དོ། །ལྟོས་པ་མེད་པར་བྱིན་ལ་ལྟོས་པ་དན་བཅས་པས་ཟོས་ན་ལྟུང་བྱེད་ཉིད་དོ། །གཉི་ག་ལ་ལྟོས་པ་མེད་ན་གཉི་ག་ལ་ལྟུང་བ་མེད་དོ། །སོག་འཇོག་གིས་འབགས་པའི་ལྷུང་བཟེད་དང༌། ལྷུང་བཟེད་ཆུང་ངུ་དང༌། ཁ་གཟར་དང༌།


DTG151_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་པོར་དང༌། ལྷུང་བཟེད་ཀྱི་སྣོད་དང༌། ཆོས་གོས་ཀྱི་གདང་ཤིང་དང༌། ཁར་གསིལ་དང༌། ཐ་ན་སྡེ་མིག་ཀྱོག་པོ་སྤྱོད་པ་དང༌། ཁ་སོག་འཇོག་དང་བཅས་པ་དག །ལག་པ་དག་སོག་འཇོག་དང་བཅས་པས་ཟོས་ན་ཐམས་ཅད་དུ་ཡང་ལྟུང་བྱེད་དོ། །ཁ་སོག་འཇོག་དང་བཅས་བཞིན་དུ་ཆུང་དུ་འཐུངས་ན་ཉེས་བྱས་སོ། ཁ་བསལ་ཏེ་བོར་བ་ལ་ལྟུང་བ་མེད་དོ། །དེ་ལས་གཞན་པ་མེད་ན་ནད་པ་ལ་ནི་སོག་འཇོག་བྱས་པའི་མར་ལ་སོགས་པ་ཡང་སྦྱིན་པར་བྱའོ། །ཆུ་དང་འོ་མ་ལ་སོགས་པའི་རྒྱུན་ལྷུང་བཟེད་ཀྱི་ནང་དུ་ལྟུང་བ་རྣམས་ཀྱིས་སོག་འཇོག་ཏུ་མི་འགྱུར་ཏེ། ཞུ་བ་ཐམས་ཅད་ནི་འོག་ཏུ་འགྲོ་བའོ་ཞེས་གསུངས་པའི་ཕྱིར་རོ། །དགེ་ཚུལ་ལ་སོགས་པས་ལམ་བརྒྱགས་བསྐུར་བར་བྱའོ། །དབབ་པར་བྱ་བ་ཡང་ངོ༌། །དེས་བྱིན་གྱིས་བརླབ་པ་བྱས་ལ་ངལ་སོར་གཞུག་གོ །ཆོམ་རྐུན་ལ་སོགས་པས་འཇིགས་ཏེ་དེ་དག་གིས་བོར་ན་རང་ཉིད་ཀྱིས་ཁྱེར་ན་སོག་འཇོག་གི་ཉེས་པར་མི་འགྱུར་རོ། །ཆུ་རྒལ་བའི་ཕྱིར་བྱིན་གྱིས་བརླབས་ལ་བརྒལ་བར་བྱའོ། །ཇི་ལྟར་གཉིས་ཀར་མི་ནུས་ན་བྱིན་གྱིས་བརླབས་ཀྱང་ཉེས་པ་མེད་དོ། །དགེ་འདུན་གྱི་གསང་ཤིང་རྟ་ལས་སྐྱེད་པའི་གྲོགས་བྱའོ། །ཤིང་རྟ་ལ་ཁ་ལོ་བའི་སྟན་མ་གཏོགས་པར་ནད་པ་ཞོན་པར་བྱའོ། །དེ་བཞིན་དུ་གྲུལ་ནི་རུ་སྐྱ་འཛིན་པའི་སྟན་མ་གཏོགས་པའི་འདུག་པའོ། །དེ་བཞིན་དུ་ཁུར་བཏག་ཅིང་དབབ་པ་ཡང་ངོ༌། །བྱིན་གྱིས་བརླབས་པ་གཉིས་རེས་ཀྱིས་ཁྱེར་བར་བྱའོ། །འོན་ཀྱང་འབྲུ་རྣམས་ཕྱི་རོལ་དུ་བོར་བ་ལ་གཞན་མེད་ན་རང་གིས་ནང་དུ་གཞུག་པར་བྱའོ། །གཞན་མེད་ན་བག་ཉིད་ཀྱིས་ལམ་བརྒྱགས་བསྐུར་བར་བྱའོ། །དེ་ནས་ཡོངས་སུ་བརྗེས་ལ་བཟའ་བར་བྱའོ། །དེ་ཡང་མེད་ན་གཉིས་སུ་བགོས་ལ་གཅིག་ལ་བསྙེན་པར་མ་རྫོགས་པ་ལ་སྦྱིན་ཏེ། དེ་ནས་བརྗོས་པ་བཟའ་བར་བྱའོ། །དེ་ཡང་མེད་ན་ཉི་མ་གཅིག་ཟན་གཅད་པར་བྱའོ། །ཉི་མ་གཉིས་པ་ལ་སྟག་པར་གང་བཟའ་བར་བྱའོ། །གསུམ་པ་ལ་ནི་གཉིས་སོ། །བཞི་པ་ལ་ནི་སྲིད་ཆོག་གི་བར་དུའོ།།


DTG151_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བརྒྱགས་མེད་དམ་སྦྱིན་པ་ཡང་མེད་པ་དང༌། རུང་བ་བྱེད་པ་མེད་ན་བྱིན་ལེན་མ་བྱས་ཀྱང་ཤིང་ལྗོན་པ་ལ་འཛེགས་ཏེ་འབྲས་བུ་བླགས་ལ་བཟའ་བར་བྱའོ། །དགེ་འདུན་གྱི་མར་ལ་སོགས་པ་ཟངས་ནས་ལུད་ཅིང་འབོ་ལ་གཞན་མེད་ན་ཐབས་ཅིས་ཀྱང་རུང་བ་བཟའ་བར་བྱའོ། །དེ་བཞིན་དུ་གང་ཟག་གིས་སྨན་ལ་སོགས་པས་གཞན་མེད་ན་སོག་འཇོག་གི་ཉེས་པ་ཡོད་པ་མ་ཡིན་ནོ། །གང་ཕོངས་པའི་ཚེ་རྗེས་སུ་གནང་བ་རྣམས་ཏེ། དེ་ནི་མི་ཕོངས་པའི་གནས་སྐབས་སུ་མི་བྱའོ། །མར་གྱི་བུམ་པ་ལ་སོགས་པ་ལ་མི་ཤེས་ཏེ། ཚོན་གྱི་ཡིན་ནོ་སྙམ་དུ་ཤེས་ནས་རེས་ཀྱང་སོག་འཇོག་མ་ཡིན་ནོ། །གལ་ཏེ་ཐེམ་སྐས་ལ་རིམ་པ་ཉུང་བར་འཛེགས་པ་ན་སླར་བབས་ལ་ས་ལ་ལེགས་པར་གཞག་པར་བྱའོ། །གལ་ཏེ་རིམས་པ་མང་དུ་འཛེགས་ན་སྟེང་དུ་གཞུང་གོ །ལག་པ་དག་དང་ཁ་བཀྲུས་ལ་བཏུང་བ་བཏུང་བར་བྱའོ། །ཁ་ནི་རྟག་ཏུ་ཟང་ཟིང་དང་བཅས་པ་ཡིན་པས་དེ་ལ་ཟང་ཟིང་མེད་པར་སུས་ཀྱང་ཇི་ལྟར་མི་ནུས་མོད་ཀྱི་འོན་ཀྱང་བ་ལང་གི་ལྕི་བས་སྦྱངས་ཏེ། ཆུ་མཁུར་བ་གཉིས་སམ། གསུམ་ཙམ་གྱིས་བཤལ་ཏེ་བོར་ལ་བཏུང་བར་བྱའོ། །ལྷུང་བཟེད་ལའང་བསམས་ནས་ལན་གཉིས་ལན་གསུམ་དུ་བཀྲུ་བར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་སྣུམ་ན་གང་དེའི་ཁའི་ཡང་དག་པའི་ཐ་སྙད་དུ་བྱ་བ་ཉིད་ཡིན་གྱི་བཟའ་བར་བྱའོ། །ལྟུང་བ་བཞེད་ཀྱི་བུ་གར་འབྲས་ཆན་ལ་སོགས་པ་སོག་འཇོག་མཐོང་ཤིང་བུས་བྲུད་དེ་བོར་བ་ལ་ཆུ་གསུམ་གྱིས་བཤལ་བ་བཟའ་བར་བྱའོ། །ལྷུང་བཟེད་འཕྲན་འཕོ་ནས་ཁ་བ་ཚབ་བླུགས་པས་སྔོན་གོས་པའི་སྣུམ་ལངས་ཤིང་ཀུན་དུ་སྣང་ན་མེད་པར་བྱས་ལ་བཟའ་བར་བྱའོ། །རུང་བར་བྱས་ཀྱང་གལ་ཏེ་ཉི་མ་གཉིས་པ་ལ་སྣུམ་ལགས་ན་ཉེས་པ་མེད་དོ། །དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་སོག་འཇོག་བྱས་པ་ཕན་ཚུན་བྱིན་ལེན་བྱས་ལ་བཟའ་བར་བྱའོ། །དགེ་སློང་མ་ལ་སོགས་པའི་ཟས་ལ་སོགས་པ་དགེ་སློང་གིས་སྔས་པ་ལས། དེ་དག་གིས་དེ་ལ་བདར་ཏེ་བྱིན་ན་སོག་འཇོག་མ་ཡིན་ཏེ། ལྟུང་བ་མེད་དོ། །བརྒྱད་པའོ།། །།


DTG151_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་ན་སྟེ། དགེ་སློང་ནག་པོ་ཆེན་པོ་ཐམས་ཅད་ཀྱང་དུར་ཁྲོད་པ་ཡིན་ཏེ། ཟས་ལྔ་པོ་དག་རང་གིས་བླངས་ཤིང་ཟ་བ་དང༌། དེ་ལ་མི་ཤ་ཟའོ་ཞེས་མི་སྟན་པའི་སྒྲ་གྲགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱིན་ལེན་བྱེད་དུ་བཅུག་ནས་བཟའ་བར་བྱའོ། །ཟ་ན་དེ་ཉིད་དཔང་པོར་འགྱུར་རོ་ཞེས་བྱའོ། །དུག་སྡེ་རྣམས་བྱིན་ལེན་བྱས་ཀྱང་རུང་བྱིན་ལེན་མ་བྱས་ཀྱང་རུང་ཟ་བས་ན་དགུ་པ་བཅས་སོ། །མ་བྱིན་ཞེས་བྱ་བ་ནི་བྱིན་ལེན་མ་བྱས་པ་ཡིན་ཏེ། ཆོས་མཐུན་པ་རྣམས་དང༌། བསླབ་པ་བྱིན་པ་དང༌། དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་སམ། དེ་ལས་གཞན་གང་ཡང་རུང་བ་ཐ་ན་སྤྲེའུ་དང༌། དོམ་ནས་གླང་པོ་ཆེ་ཅང་ཤེས་ཀྱིས་ཀྱང་རུང་སྟེ། གང་ལ་ཉེར་ལེན་ཤེས་པ་ཡོད་ན་བྱིན་ལེན་བྱེད་པ་འང་དེ་དག་ལ་ཡོད་དོ། །ཁས་བླངས་པའི་བསླབ་པ་བྱིན་པས་དེ་རྣམས་ཉིད་ལ་བྱིན་ལེན་བྱས་པར་འགྱུར་གྱི། གཞན་རྣམས་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཁས་མ་བླངས་པའི་བསླབ་པ་བྱིན་པས་སོ། །ཁས་བླངས་པས་བྱིན་ལེན་བྱས་པ་དེ་རྣམས་ཉིད་ཟ་བ་རུང་གི་གཞན་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཁས་མ་བླངས་པས་བྱིན་ལེན་བྱས་པ་ཡང་ངོ། །རྣམ་པ་བཞིས་ན་བྱིན་ལེན་བྱས་པར་འགྱུར་ཏེ། སེམས་ཀྱིས་བསམ་པར་གྱུར་པ་དང༌། བྱིན་པར་བྱེད་པ་ཡང་སོ་སོར་ཉེ་བར་གནས་པར་གྱུར་པ་དང༌། རང་གི་ལག་གིས་བླངས་པ་དང༌། གནས་ཉེ་བར་བསྟན་པའོ། །ལུས་ཀྱི་འབྲེལ་པ་ལ་འམ། ལུས་ཀྱི་འབྲེལ་པས་འབྲེལ་པ་ལ་འམ། མ་འབྲེལ་པ་ལ་ཡང་ངོ༌། །བྱིན་ལེན་བྱས་པ་ལྔ་སྟེ། ལུས་ཀྱིས་ལུས་ལ་དང༌། ལུས་དང་འབྲེལ་པས་ལུས་ལ་དང༌། ལུས་ཀྱིས་ལུས་དང་འབྲེལ་པ་ལ་དང༌། ལུས་དང་འབྲེལ་པས་ལུས་དང་འབྲེལ་པ་ལ་དང༌། འདིར་ཉེ་བར་ཞོག་ཅེས་བྱ་བ་སྟེ། སྦོང་བའི་ཡུལ་ན་དཀྱིལ་འཁོར་བྱས་ན་ལྟུང་བཟེད་བཞག་ལ་འདིར་བོར་ཅིག་ཅེས་བྱ་བའི་རྣམ་པས་སོ། །གཞན་ཡང་ལག་པ་བཀན་པར་བྱིན་ལེན་རྣམ་པ་ལྔ་སྟེ། མན་ཤེལ་དང༌། ཁྲི་དང་ཁྲིའུ་དང༌། ཐུ་བ་དང༌། ལྷུང་བཟེད་ཀྱི་


DTG151_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའོ། །རྒྱུ་ལྔ་པོ་རྣམས་ཀྱི་ནི་བྱིན་ལེན་མ་བྱས་པ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་དུ་འདུག་པ་དང༌། མི་ཐོབ་པའི་ཕྱོགས་ན་འདུག་པ་དང༌། གློ་ནས་བྱེད་པ་དང༌། རྒྱབ་ནས་བྱེད་པ་དང༌། ལག་པ་ཁས་བུབ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་བྱིན་ལེན་བྱེད་པའོ། །ལྔ་པོ་དེ་སླར་བཟློག་པ་ནི་བྱིན་ལེན་བྱས་པའོ། །ཁ་ཅིག་ན་རེ་ཆོ་ག་མ་ཡིན་པས་བྱིན་ལེན་བྱས་ན་ཉེས་བྱས་སོ་ཞེས་ཟེར་རོ། །བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་བཟའ་བར་བྱའོ། །སྤྱི་བུངས་སུ་ཟས་བསྐྱས་པ་ལས་མེ་ཤོར་ཏེ་བོར་ནས་དོད་ཡང་སྦྱིན་བདག་གི་སེམས་ཀྱིས་བཏང་བ་ཡིན་གྱི་གདུགས་ཚོད་ཡོལ་དུ་བྱེད་ན་བྱང་གི་སྒྲ་མི་སྙན་གྱི་དུས་ཉིད་དུ་བཟའོ། །བྱིན་ལེན་བྱས་པར་གང་བྱིན་ལེན་མ་བྱས་པ་ལྟུང་ན་བྱིན་ལེན་བྱེད་པ་ཡོད་ན་སླར་བྱིན་ལེན་བྱའོ། །མེད་ན་དེ་ཉིད་དབྱུང་བར་བྱའོ། །འབྲས་ཆན་གྱི་ནང་དུ་ཁུ་བའམ། ཁུ་བ་མ་ཡིན་པ་ཡང་རུང་ལྟུང་ན་མང་དུ་བཞམས་ཏེ་དབྱུང་ངོ༌། །བྱིན་ལེན་བྱས་པ་ཁྱིམ་པས་རེག་ན་སླར་ཡང་བྱིན་ལེན་བྱའོ། །བྱིན་ལེན་བྱས་པའི་སྟེང་དུ་གང་བྱིན་ལེན་མ་བྱས་པ་གཞག་ན་ངེས་མང་དུ་བསལ་ལ་ལོངས་སྤྱད་པར་བྱའོ། །རྔུལ་རྣམ་པ་ལྔ་སྟེ། སོག་འཇོག་དང༌། སོག་འཇོག་མ་ཡིན་པ་དང༌། རུང་བ་དང༌། མི་རུང་བ་དང༌། རྡུལ་ཉིད་རྔུལ་ཡིན་ཏེ་མི་སྣང་ན་དེ་ཐམས་ཅད་རུང་བ་ཡིན་གྱི་བྱིན་ལེན་མ་བྱས་ཀྱང་ཐམས་ཅད་སྤྱད་པར་བྱའོ། །རྣམ་པ་གཞན་དུ་ན་ཡང་ལྔ་སྟེ། ཟས་དང༌། བཏུང་བ་དང༌། གོས་དང༌། མེ་ཏོག་དང༌། འབྲས་བུའི་རྡུལ་ལོ། །བྱིན་ལེན་བྱ་བའི་སེམས་ཉེ་བར་བཞག་ནས་ལྷུང་བཟེད་དང༌། ལྷུང་བཟེད་ཀྱི་གཞི་གཞན་དུ་བོར་ཅིག་ཅེས་བྱ་བ་ལས། གཞན་དུ་ལྟུང་ན་བྱིན་ལེན་བྱས་པ་ཉིད་དོ། །རང་གིས་ཉེ་བར་བླངས་ནས་ནི་བྱིན་ལེན་མི་བྱའོ། །ནད་པ་ལ་ནི་བྱིན་ལེན་མ་བྱས་ཀྱང་མར་དང༌། འབྲུ་མར་བྱིན་པ་པོ་མེད་ན་སྦྱིན་པར་བྱའོ། །ནད་པ་སྦྱོར་མི་བཟོད་ན་བསྙེན་པར་མ་རྫོགས་པས་བསྙོད་པར་བྱའོ། །ཁ་ནས་མིད་པ་ཞེས་བྱ་བ་ནི་མགུལ་དུ་མིད་པའོ། །དེ་ལྟ་བས་ན་དེ་ཉིད་ཀྱི་ཕྱིར་གསུངས་པ་དང༌། ལག་པ་དག་བསྙལ་ལ་བྱིན་ལེན་མ་བྱས་ཀྱང་སྣར་བླུགས་པའི་ལས་


DTG151_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་བྱ་བའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་ལ་ཆུ་ལ་གཏན་ལ་དབབ་པར་བྱ་སྟེ། གང་རྙོག་པ་ཅན་དེར་གདོང་མི་སྣང་བ་དེ་ལ་བྱིན་ལེན་བྱའོ། །ཀ་ཏ་ཀའི་འབྲས་བུ་འམ། ཟན་གྱི་ཆང་བུ་སྣུམ་གྱིས་བསྐུས་པ་བཅུག་ལ་སོ་སོར་བརྟག་པར་བྱའོ། །དེ་བཞིན་དུ་ཆུ་གང་ལན་ཚྭ་ཅན་ནམ། བ་ཚྭ་ཅན་ནམ། རྐྱེན་གང་གིས་ནུས་པས་ཀྱང་རུང་སྟེ། དེ་གང་གིས་བྱ་བར་རུང་བར་འགྱུར་བ་ཡང་ངོ༌། །གང་རྫིང་བུ་ན་འབྲས་ཆན་གྱི་ཚིགས་མ་ལ་སོགས་པའི་ཁ་ཟས་ཡོད་པ་དེས་ཆུ་ཚགས་དང༌། བུམ་པ་ལ་སོགས་པ་རེག་ཀྱང་མི་རུང་བ་མ་ཡིན་ནོ། །གང་ལ་ཞོའི་ཚིགས་མའམ། སྟེང་ཞག་ཏུ་ཆགས་པའི་ཆུ་དེ་ལ་ཕན་ཚུན་དཀྲུགས་ལ་བླང་བར་བྱ་སྟེ། ཁ་ཟས་དེས་ནི་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་སོ། །ལམ་གྱི་བགྲོད་པར་ཞུགས་པ་ལས་ཁྲོན་པ་ནས་ཟོ་ཆུན་རྣམས་ཀྱིས་བཅུས་པའི་ཆུ་སོ་སོར་བརྟགས་པ་ནི་བྱིན་ལེན་མ་བྱས་ཀྱང་རུང་སྟེ། དུས་དང་དུས་མ་ཡིན་པར་བཏུང་བར་བྱའོ། །དེ་ནི་གཙང་བའི་སྒོ་ཡིན་ནོ་ཞེས་བྱས་ལ། བྱ་མ་བུམ་གྱི་ནང་དུ་ཡང་བླུགས་པར་བྱའོ། །དེ་བཞིན་དུ་བསྟི་གནས་དང༌། ཆུ་མིག་འབགས་པ་ནས་ཀྱང་ཞོའི་ཚིགས་མ་དང་ལྡན་པ་དང༌། ལམ་གྱི་བསྟི་གནས་དང༌། བྲག་ལ་སོགས་པ་ནས་ཀྱང་དེ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་ཕོངས་པའི་ཚེ་རྗེས་སུ་གནང་ངོ༌། །བུམ་པ་ལྔ་སྟེ། དེ་ལ་བཤང་བ་དང༌། གཅིག་བ་དང༌། ཆང་གི་བུམ་པ་ནི་ཉེ་བར་གཞག་པར་མི་བྱའོ། །ཉེ་བར་གཞག་ན་ཡང་ཐག་རིང་པོར་དོར་བར་བྱའོ། །འབྲུ་མར་དང་མར་གྱི་བུམ་པ་ནི་མེར་བསྲེགས་ན་བ་ལང་གི་ལྕི་བས་རུང་བར་བྱས་ནས་ཆུ་བཅུས་ཏེ་དུས་དང་དུས་མ་ཡིན་པར་ཡང་བཏུང་ངོ༌། །ཡང་ན་ཆུའི་རྫིང་བུའི་ནང་དུ་གཞུག་གོ །ལྷུང་བཟེད་དམ་དེ་ལས་གཞན་དུ་འང་རུང་སྟེ། ཟས་ལ་བྱ་རོག་གིས་ཀྱང་རེག་པ་དང༌། མཆུའི་ཐན་ཀོར་ཉི་ཚེ་བསལ་ཏེ་ལོངས་སྤྱད་པར་བྱའོ། །མི་གཙང་བའི་སྦྲང་བུས་རེག་པ་ལ་ཉེས་པ་མེད་པ་བཞིན་ནོ། །བྱ་མ་བུམ་ནས་ཆུ་བཏུང་བར་མི་བྱ་མོད་ཀྱི་འོན་ཀྱང་ལག་པ་དག་དང་ཁ་བཀྲུས་པས་སོ། །བྱ་མ་བུམ་གྱི་དགབ་པའི་ཤིང་ངམ། རྡོ་ལས་བྱས་པའི་རང་བཞིན་བཅང་


DTG151_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །གལ་ཏེ་ཉུང་ན་ལོ་མར་ཆུ་བཏུང་བར་བྱའོ། །བྱིན་ལེན་བྱེད་པ་མེད་ན་ལོ་མ་ལྷགས་པར་རོ། །དེ་ཡང་མེད་ན་ཡལ་ག་ལ་ཆགས་པ་ཉིད་ཀྱི་ལོ་མ་ལས་སོ། །དེ་ཡང་མེད་ན་ཕྱོགས་གཅིག་ཏུ་སོང་ལ་བྱ་མ་བུམ་གྱིས་སོ། །སོ་ཤིང་གཏན་ལ་དབབ་པར་བྱ་སྟེ། སོ་ཤིང་ལ་ཕན་ཡོན་ལྔ་ཡོད་དེ། མཁྲིས་པ་འདྲེན་པར་བྱེད་པ་དང༌། བད་ཀན་འདྲེན་པར་བྱེད་པ་དང༌། ཁ་སྦྱོང་བར་བྱེད་པ་དང༌། ཟས་ཡི་ག་འབྱེད་པར་བྱེད་པ་དང༌། མིག་ལ་ཕན་པའོ། །སོ་ཤིང་ལ་རྣམ་པ་གསུམ་སྟེ། ཆེན་པོ་ནི་སོར་བཅུ་གཉིས་སོ། །ཆུང་ངུ་ནི་སོར་བརྒྱད་དོ། །འབྲིང་ནི་འདིར་བར་མའོ། །ལག་པ་དག་བཀྲུས་ལ་སོ་ཤིང་བཀྲུས་ཏེ་བཟའ་བར་སོ་བྲུད་ནས་ཀྱང་བཀྲུས་ཏེ་དོར་བར་བྱའོ། །ཆུ་མེད་ན་བྱེ་མ་ལ་སོགས་པས་དྲུད་དོ། །ཅི་ལྟར་དགེ་སློང་སྔོན་སྦྲུལ་གདུག་པ་ཅན་དུ་གྱུར་པའི་གཏམ་རྒྱུད་བལྟ་བར་བྱའོ། །དགེ་སློང་དེ་ཡང་མང་པོ་རྒྱུ་བའི་ཕྱོགས་སུ་མ་ཡིན། རྩིག་པ་དང༌། ཤིང་ལྗོན་པའི་དྲུང་ཀུན་དུ་སྟེ། ཡོངས་སུ་ལོངས་སྤྱོད་པའི་སར་མ་ཡིན། གཞོན་ནུ་དག་གིས་གནས་བརྟན་གྱི་དྲུང་དུ་སོ་ཤིང་དོར་བར་མི་བྱའོ། །དབེན་པར་བྱ་བ་རྣམ་པ་གསུམ་སྟེ། བཤད་བ་དང༌། གཅི་བ་དང༌། སོ་ཤིང་ངོ༌། །གནས་བརྟན་རྣམས་ཀྱིས་ནི་ཆོལ་ཟངས་བཅང་ངོ༌། །དེ་མེད་ན་ཝ་ཁའི་ཁྲུ་གང་ཁོར་ཡུག་ཏུ་འདུག་ལ་བགས་ཀྱིས་དལ་བུས་སོ་བྲུད་ཅིང་དེ་བཞིན་དུ་ལྕེ་ཡང་བཞར་བར་བྱའོ། །རྣོན་པོས་ནི་མ་ཡིན་ནོ། །ལྕེ་བཞར་བ་ར་གན་དང༌། ཟངས་དང༌། ཁར་བ་དང༌། ལྕགས་ཀྱི་རང་བཞིན་ལས་བྱའི་གསེར་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །དེ་ཡང་མེད་ན་སོ་ཤིང་བཀས་ལ་ཕན་ཚུན་ཟུར་ནང་དུ་དྲུང་དེ་ལྕེ་བཞར་བར་བྱའོ། །སེ་གོལ་བརྡབས་ལ་སོ་ཤིང་དོར་བར་བྱའོ། །དེ་བཞིན་དུ་མཆིལ་མ་ཡང་ངོ༌། །སོ་ཤིང་མེད་ན་རི་ལུ་འམ། བ་ལང་གི་ལྕི་བས་ཁ་རུང་བར་བྱས་ལ་ལོངས་སྤྱད་པར་བྱའོ། །འདི་ལ་ཡང་འགྱོད་པར་མི་བྱའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། བྱིན་ལེན་མ་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཟོས་ན་ལྟུང་བྱེད་དོ། །བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་


DTG151_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་ཤས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །བྱིན་ལེན་མ་བྱས་སམ། བྱིན་ལེན་བྱས་ཀྱང་རུང་སྟེ། བྱིན་ལེན་མ་བྱས་པ་ལ་བྱས་པར་འདུ་ཤེས་ན་ལྟུང་བ་མེད་དོ། །མར་ལ་སོགས་པའི་བུམ་པ་བྱིན་ལེན་བྱས་ལ་དགེ་སློང་གིས་ཀྱང་བྲིམ་པར་བྱའོ། །དེ་བཞིན་དུ་ཤིང་ཏོག་ཀྱང་ངོ༌། །གལ་ཏེ་ཁྱིམ་པ་འདྲིམ་ན་ཡང་དགེ་སློང་རྣམས་ཀྱིས་སྔར་བཟུང་ངོ༌། །ཕྱིས་ནི་ཁྱིམ་པས་སོ། །བཏང་བའི་ཚེ་ནི་སླར་བཟློག་པའོ། །དགེ་སློང་རྣམས་ཀྱིས་གང་བྱིན་པ་དེ་ནི་དེ་དག་ལ་དེ་ཉིད་བྱིན་ལེན་བྱས་པ་ཡིན་ནོ། །གང་གཞན་ཁྱིམ་པས་བྱིན་པ་དེ་ལ་ནི་བྱིན་ལེན་བྱའོ། །ཤིང་ཐོག་ལ་ཡང་རྣམ་པ་གསུམ་སྟེ། གཅེས་པ་དང༌། བར་མ་དང་ཐ་མ་སྟེ། རྙེད་པ་མི་སྙོམས་པ་ཡོད་པའི་ཕྱིར་རོ། །གང་འདྲིམ་པ་དེ་དག་གི་དྲུང་དུ་འདུག་བསམ་ནོད་པར་བྱའོ། །སྟན་ལས་མ་འཕགས་པས་ཅི་སྲིད་དུ་ལེན་པར་ནུས་པ་དེ་ནི་བྱིན་ལེན་བྱས་པ་ཉིད་ཡིན་ནོ། །དེ་ལས་གཞན་དུ་ན་ནི་བྱིན་ལེན་བྱའོ། །དགུ་པའོ།། །།སེར་སྐྱའི་གཞི་ན་སྟེ། དྲུག་སྡེ་རྣམས་མིང་ཆེན་གྱི་ཁྱིམ་དུ་ཟ་བ་ལས་དེ་ན་ཅི་ཡང་མེད་དོ་ཞེས་ཏེ། ཁྱིམ་གཞན་རྣམས་ནས་འོ་མ་ལ་སོགས་པ་ཁྱེར་ཏེ་འོངས་ནས་ཟོས་པའི་ཕྱིར་བཅུ་པ་བཅས་སོ། །ཤ་སྐམ་ཞེས་བྱ་བ་ནི་ཤའི་ཁྱད་པར་རོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་ཕྱིར་བླངས་པ་ལ་ཉེས་པ་མེད་དོ། །གཞན་གྱི་ཁྱིམ་རྣམས་ནས་ཞེས་བྱ་བ་ནི་ཉེ་དུའི་ཁྱིམ་རྣམས་ནས་ལྟུང་བ་མེད་པར་བསྟན་ཏོ། །བསླངས་ཏེ་ཞེས་བྱ་བ་ནི་མ་བསྟབས་པར་ཡང་བདག་གམ་གཞན་རྣམས་ཀྱིས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། མིན་བས་བསླངས་ལ་མི་ན་བས་ཟོས་ན་ཉེས་བྱས་དང་ལྟུང་བྱེད་དོ། །མིན་བས་བསླངས་ལ་ན་བས་ཡོངས་སུ་ལོངས་སྤྱོད་ན་ཉེས་བྱས་ཉིད་དོ། །ན་བས་བསླངས་ལ་མིན་བས་ཟོས་ན་ལྟུང་བྱེད་དོ། །བཞི་པ་ནི་ལྟུང་བ་མེད་པའོ། །བསོད་སྙོམས་ཁྱེར་ཏེ་འོངས་པ་ལས་སྲིང་མོ་ཆོག་གོ་ཞེས་སྨྲས་ན་འོ་ན་ཅི་བཞེད་ཅེས་ཟེར་བ་དང༌། བསྟབས་པ་ཡིན་པར་བརྗོད་པར་བྱའོ། །དེ་ན་གང་འདོད་པ་དེ་བསླང་བར་བྱའོ། །སྦྱིན་བདག་གིས་ཅི་ལྟར་བདེ་བར་བྱས་པ་ཡིན་པས་ལྟུང་བ་མེད་


DTG151_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་བཞིན་དུ་ཞོ་བྱིན་པ་ལས་སྙིགས་མའམ། དར་བ་སློང་བ་ཡང་ངོ༌། །དེ་བཞིན་དུ་ལྷ་དང་ཀླུ་དང༌། གནོད་སྤྱིན་ལ་སོགས་པའི་ཁྱིམ་དུ་ཡང་ངོ༌། །བཅུ་པའོ།། །།བཅུ་པོ་ནི་ཁྱིམ་དང༌། ལམ་དང༌། བླངས་པ་དང༌། ཡོངས་སུ་ལོངས་སྤྱོད་པ་དང༌། བཙལ་བ་ལས་རིག་པར་བྱའོ། །གཅིག་དང༌། གཅིག་དང་དྲུག་པོ་རྣམས་དང༌། གཅིག་དང་གོ་རིམས་བཞིན་དུའོ། །ཡོངས་སུ་ལོངས་སྤྱོད་པ་ནི་རྣམ་པ་དྲུག་སྟེ། སྤངས་ནས་ཡོངས་སུ་ལོངས་སྤྱོད་པ་དང་བསྟབས་པ་ལས་ཡོངས་སུ་ལོངས་སྤྱོད་པ་དང༌། སོ་སོར་ཡོངས་སུ་ལོངས་སྤྱོད་པ་དང། དུས་མ་ཡིན་པར་ཡོངས་སོ་ལོངས་སྤྱོད་པ་དང༌། སོག་འཇོག་ཡོངས་སུ་ལོགས་སྤྱོད་པ་དང༌། བྱིན་ལེན་མ་བྱས་པར་ཡོངས་སུ་ལོངས་སྤྱོད་པའོ། །ཚོགས་བཞི་པའོ།། །།ཀཽ་ཤཱམྦཱིར་འདུན་པ་ལས་བརྩམས་ཏེ་ཆུ་ཡོངས་སུ་འཛིན་པའི་གཞིའི་དབང་དུ་མཛད་དེ། སྙིང་རྗེ་མེད་པའི་ཉོན་མོངས་པ་ན་ཆུའི་ཚོགས་དང་པོར་བཅས་སོ། །ཡོངས་སུ་ལོངས་སྤྱོད་ན་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱོད་པ་རྣམ་པ་གཉིས་ཏེ་གང་ནང་གི་ལུས་དང༌། ཕྱིའི་ལྷུང་བཟེད་བཀུར་བ་ལ་སོགས་པའོ། །འདི་སྐད་དུ་འདེབས་པའི་བསླབ་པའི་གཞི་ལས་ཁྱད་པར་དུ་བསྟན་པར་འགྱུར་རོ། །དེར་ནི་ཁ་ལེན་བྱེད་པའི་དབང་དུ་བྱས་པ་ཡིན་གྱི་འདིར་ནི་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཆུ་ཡང་ཡོངས་སུ་ལོངས་སྤྱད་པར་མངོན་སུམ་དུ་གྱུར། དགེ་སློང་ཡང་འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་དང། དྲན་པ་ཉམས་པ་འམ། གང་ཅིས་ཀྱང་རུང་སྟེ། ལྟུང་བ་འབྱུང་བར་འགྱུར་བས་ཀུན་ནས་དཀྲིས་པར་འགྱུར་བ་དང་ད་ལྟར་བྱུང་བ་ལ་ངལ་བ་འམ། ཚ་བ་ལ་སོགས་པའི་རྐྱེན་གྱིས་ཀྱང་རུང་སྟེ། ཆུ་ལ་སྲེད་པར་འགྱུར་བ་དང༌། ཆུ་དེ་ཡང་མང་པོ་ཞིག་གིས་རྙོགས་པར་འགྱུར་བ་འམ། ཅུར་ཞིག་རྙོགས་པ་འང་རུང་སྲོག་ཆགས་དང་བཅས་སམ། སྲོག་ཆགས་མེད་ཀྱང་རུང་བརྟགས་སམ་མ་བརྟགས་ཀྱང་རུང་སྟེ། དགེ་སློང་ཡང་འདྲི་སྲོག་ཆགས་དང་བཅས་པའོ་སྙམ་དུ་རྟོགས་ལ་དེ་སྤྱོད་པ་ལ་ཡང་ངོ་ཆ་བཏང་བས་གང་གིས་འབྱུང་


DTG151_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བས་འགྱུར་བ་ཡང་མི་ཚོལ་ཞིང་གཉེན་པོ་ཡང་མི་འཛིན་ལ། བུམ་པ་ལ་སོགས་པར་འཁུར་བ་གང་འཐུངས་ཀྱང་ལྟུང་བྱེད་དོ། །ཁ་ཅིག་ན་རེ་ཅི་སྲིད་ཅི་ལྷར་བླངས་ཏེ་ཐམས་ཅད་འཐུངས་པ་ལས་ལྟུང་བྱེད་གཅིག་ཉིད་དུ་འགྱུར་རོ་ཞེས་ཀྱང་ཟིར་རོ། །སེམས་བསྐྱེད་པ་ནི་ཉེས་བྱས་ཏེ་བསམ་པར་བྱའོ། །སྤྱོར་བ་ཡོངས་སུ་མ་རྫོགས་པའི་བར་དུ་ཉེས་བྱས་ཏེ་བཤགས་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ལྟུང་བྱེད་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །དྲན་པ་ཉམས་པར་མཐར་ཕྱིན་ན་ཡང་ཉེས་བྱས་སོ། །སྲོག་ཆགས་དང་བཅས་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །ཁ་ཅིག་ན་རེ་སྲོག་ཆགས་མེད་པ་ལ་ཡང་སྲོག་ཆགས་དང་བཅས་པར་འདུ་ཤེས་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ། །འདི་སྐད་དུ་ཡང་དུ་འགྲོའི་སྐྱེ་གནས་སུ་གྱུར་པ་གསོད་པའི་བསླབ་པའི་གཞི་དེ་ལས་ཁྱད་པར་དུ་བསྟན་པར་འགྱུར་རོ། །དེ་བཞིན་དུ་འོག་ནས་འབྱུང་བ་རྣམས་ཀྱིས་བསླབ་པའི་གཞི་རྣམས་བརྗོད་པའི་ཚོགས་དྲུག་པོ་རྣམས་ཡོངས་སུ་རྫོགས་པའི་བར་དུ་འདི་ལྟར་དངོས་པོ་དེ་མེད་ཀྱང་དེར་འདུ་ཤེས་སམ་གཞན་ལ་ཡང་རུངས་ཏེ། ལྟུང་བར་བལྟ་བར་བྱའོ། །དེ་ལས་ལྟ་བ་དང་རབ་ཏུ་ལྡན་པ་ནི་མ་གཏོགས་སོ། །སྲོག་ཆགས་དང་བཅས་ན་ཞག་བདུན་པའམ། འབྲས་བུ་རྣམས་སྨ། བཟང་བ་རྣམས་སམ། ཐུན་ཚོད་དུ་རུང་བའམ། དེ་ལས་གཞན་ཡང་རུང་སྟེ། ཅུང་ཟད་ཅིག་ཟོས་སམ་འཐུང་སྣ་ལྟུང་བྱེད་དོ་།དེ་ལ་ཀུན་སྦྱོད་པ་ནི་མིག་ལྡ་མ་གཏོགས་ཏེ། གཞན་གྱིས་ནི་ཆུ་བརྟག་པར་བྱའོ། །ལྡ་པོ་དག་གང་ཞེ་ན། ལིང་ཏོག་ལ་སོགས་པས་ཁེབས་པ་དང༌། མིག་ནད་དང་ལྡན་པ་དང༌། འཁྲུལ་པ་དང༌། སྨྱོས་པ་ལ་སོགས་པ་དང༌། རྒས་པ་ལོ་བརྒྱད་ཅུ་བ་དང༌། ལྷའི་མིག་སྟེ། ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །ཇི་སྲིད་པ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མའི་ཤར་བས་བཀང་བ་གཡངས་ཀྱིས་འཁོར་བའི་བར་དུ་དེ་སྲིད་བརྟག་པར་བྱ་བའམ། ཇི་སྲིད་སེམས་དག་པར་


DTG151_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་སྲིད་དུ་བརྟགས་ནས་ཡོངས་སུ་ལོངས་སྤྱད་བར་བྱའོ། །ཇི་སིར་ཉི་མ་མ་ཐར་བའི་གོང་དུ་མ་རྙེད་པ་དང་མ་བཙགས་ཀྱང་བརྟགས་ན་ནི་བཏུང་དུ་རུང་གི་མ་བརྟགས་ན་བཙགས་ཀྱང་མི་རུང་དོ། །ཆུ་ཚགས་ལ་རྣམ་པ་ལྡ་སྟེ། ཅུ་ཚགས་གྲུ་གསུམ་དང༌། རིལ་པ་ཞབས་ཚགས་ཅན་དང༌། རིལ་ཚགས་དང༌། བུམ་ཚགས་གཅེའུ་ཅན་དང༌། ཆོས་གོས་ཀྱི་གྲྭ་སྟེ། བསལ་ཚབས་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །ཆུ་ཚགས་མེད་ཀྱི་བར་དུ་གྲོང་གཞན་དང༌། གཙུག་ལག་ཁང་གཞན་དུ་འགྲོ་བར་མི་བྱ་སྟེ། རྒྱང་གྲགས་གསུམ་གྱི་བར་དུ་ནི་ལྟུང་བ་མེད་དོ། །གལ་ཏེར་སོང་ན་ཡང་དེས་བྲེལ་བར་མི་འགྱུར་རམ། གཙུག་ལག་ཁང་ན་ཆུ་རུང་བ་དང་ལྡན་ནམ། འབབ་ཆུ་རུང་བ་ཞིག་ཡིན་ནམ། ཁྲོན་པའི་ཆུ་གཞན་དང་མ་འདྲེས་པ་ཞིག་ཡིན་ནའོ། །ཆུ་ཚགས་གཅིག་གིས་ཀྱང་ཅི་སྲིད་དགེ་འདུན་གྱི་བར་དུ་ཡང་འགྲོ་བར་བྱའོ། །གལ་ཏེ་འགྲོ་བ་ཕྱོགས་པར་མི་འགྱུར་ནའོ། །ཅུ་ཚོགས་མེད་པར་འགྲོ་ལ་གཉིས་པ་ལ་ཆུ་ཚགས་ཡོད་ལ། ཁྱོད་ལ་ཆུ་ཚགས་ཡོད་དམ། ང་ལའང་ཆུ་ཚགས་སུ་སྤྱིན་ནམ། གལ་ཏེ་སླར་ལོག་གམ་གཞན་དུ་འགྲོ་ན་དེ་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་མི་འདྲི་ན་འགལ་ཚབས་ཅན་དུ་འགྱུར་རོ། །འབབ་ཆུ་དྲག་པོ་ཞིག་ཡིན་ལ་གལ་ཏེ་བར་དུ་ཆུ་གཞན་དང་མ་འདྲེས་ན་རྒྱང་གྲགས་ལྡའི་བར་དུ་ཆུ་ཚགས་མེད་པར་འགྲོ་བར་བྱའོ། །ཆུ་མི་དྲག་པ་ཞིག་ཡིན་ན་ནི་རྒྱང་གྲགས་གསུམ་གྱི་བར་དུའོ། །ཆུད་རག་པོ་ལས་བརྟགས་ཏེ་ཆུ་རྒྱུན་བཞིན་འགྲོ་ལ་གལ་ཏེ་ཆུ་གཞན་དང་འདྲེ་བ་མེད་ན་རྒྱང་གྲགས་རྗེས་སུ་བཏུང་བར་བྱའོ། །རྒྱན་ལས་བཟློག་ཕྱོགས་སུ་འགོ་ན་འཇུག་ངོ་གས་སུ་འདོམ་གང་འཁོར་ཡུག་གོ །ཆུ་མིད་རག་ལ་ཆུ་གཞན་དགའ་དྲེ་བ་མེད་ན་འཇུག་ངོ་གས་གར་ཕྱིན་ཕྱིར་དུ་བརྟག་པར་བྱའོ། །ཆུ་རུང་བ་རྣམ་པ་ལྡ་སྟེ། དགེ་འདུན་གྱིས་རུང་བ་དང༌། གང་ཟག་གིས་རུང་བ་དང༌། ཆུ་ཚགས་ཀྱིས་རུང་བ་དང༌། བཀོད་མས་རུང་བ་དང༌། ཁྲོན་པས་རུང་བའོ། །གལ་ཏེ་དེ་དག་ལ་ཡིད་ཆེས་སམ། མ་བརྟག་ཀྱང་རུང་བཏུང་བར་བྱའོ། །དེ་ལ་བརྟགས་ནས་ཇི་སྲིད་ཉི་མ་ཤར་བ་


DTG151_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཆད་ཀྱི་བར་དེ་སྲིད་དུ་ཡོངས་སུ་ལོངས་སྤྱད་པར་བྱའོ། །ཆུ་བླང་བའི་རིམ་པ་ནི་ལག་པས་འཛིན་ན་ནི་ངལ་བར་འགྱུར་བའི་ཕྱིར་ཤིང་བུ་གསུམ་པ་རྗེས་སུ་གནང་ངོ༌། །གལ་ཏེ་ཆུ་ཚགས་ཀྱི་ནང་དུ་ཆུ་མི་ཆགས་ན་གཅལ་ཕྱི་མའམ། བ་ལང་གི་ལྕི་བའི་ཕྱི་མ་དག་བླུག་པར་བྱའོ། །ཆུ་བཙགས་པའི་རྟེན་རྣམ་པ་གཉིས་ཏེ། ཟངས་ཀྱི་རང་བཞིན་ནམ། སའི་རང་བཞིན་ལས་བྱས་པ་ལས་བུ་ག་ཕུག་སྟེ། ལྕགས་ཀྱི་ལུ་གུ་རྒྱུད་དམ། སྲད་བུས་ཤིང་ལ་གདགས་པར་བྱའོ། །བུམ་པ་གང་བ་ལ་བརྟག་པར་བྱའི་མ་གང་བ་ལ་ནི་མ་ཡིན་ནོ། །རྡུལ་མེད་པར་བྱའོ། །སྲོག་ཆགས་ལ་ཐུར་མ་ཕྲ་མོས་ཉེ་བར་བསྟན་པར་བྱའི་སོར་མོས་ནི་མ་ཡིན་ནོ། །ཁོར་པར་ཆུ་ཚགས་དྲག་ཏུ་བོར་ན་སྲོག་ཆགས་དང་སྣང་བར་གྱུར་པས་མི་དྲག་པར་བྱ་མོད་ཀྱི་འོན་ཀྱང་བསལ་ཚགས་ཀྱི་བུམ་པ་བྱ་སྟེ། གང་བཞིན་དུ་གཞུག་ལ་སླར་སྟོད་པར་དབྱུང་བར་བྱའོ་།ཆུ་ཚགས་སྦྱར་བར་བྱ། བསྐམ་པར་བྱའོ། བསྐམ་པར་བྱའོ། །དགེར་འདུན་གྱིས་ནི་བུམ་ཚགས་གཅེའུ་ཅན་གྱིས་བླང་བར་བྱའོ། །ཆུ་གཞག་པའི་ཕྱིར་ལྷོ་ནུབ་མཚམས་ཀྱི་ཕྱོགས་སུ་ཆུའི་ཁང་པ་བྱའོ། །དེ་ཡང་བུམ་པ་རྣམས་ཤིང་གི་ཁྲིའུ་དག་གམ། ཡང་ན་སོ་ཕག་གི་སྟེགས་བུ་ལ་གཞག་གོ །བུམ་པ་དུས་དུས་སུ་བལ་བ་ཛའི་ཁྲུད་ཤིང་ངམ། པུ་ཤེལ་ཚིའི་ཁྲུ་ད་ཤིང་གིས་ཡང་བར་བྱའོ། །གལ་ཏེ་ཉོན་མོངས་ན་ཁས་བུ་བ་ལ་གྲིབ་མ་ལ་བསྐམ་མོ། །ལག་པ་མ་བཀྲུས་པར་བུམ་པ་ལ་རེག་པར་མི་བྱའོ། །གལ་ཏེ་ཡང་དང་ཡང་དུ་དོགས་ན་ཤིང་ལེབ་བམ། ལོ་མས་ཁ་དགབ་པ་དབྱེ་བར་བྱའོ། །ཆོས་གོས་རུང་བས་ཆུ་བྲིམ་པར་བྱ་སྟེ། གནས་པར་བྱེད་པ་རྣམས་ཀྱིས་ཆུ་བླང་ངོ༌། །དེ་ལྟ་བུའི་ཕྱིར་རྫ་མཁན་གྱི་སྣོད་སྤྱད་རྣམས་རྗེ་སུར་གནང་སྟེ། སྣོད་སྤྱད་སྦེད་པ་ཡང་བསྐོ་བར་བྱའོ། །དེས་ཁྱིམ་པ་རྣམས་རྙེད་ན་རྙིང་བ་ལས་བྱིན་ལ་སླར་བླང་བ་བྱའོ། །དགེ་སློང་རྣམས་ལ་ནི་སར་བ་ལས་སྤྱིན་པར་བྱ་སྟེ། ཕྱིར་བླང་བར་ནི་མི་བྱའོ། །དེའི་ཕྱིར་གནས་ཁང་ཡང་སྦྱིན་པར་བྱའོ། །ཟངས་ཀྱི་སྣོད་སྤྱད་ཉུང་ན་དེའི་ཕྱོགས་གཅིག་ཏུ་གཅིག་ཏུ་གཞག་པར་བྱའོ། །ཀག་ལྟེ་མང་ན་


DTG151_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་ཐ་དད་པར་སྦྱིན་པར་བྱའོ། །དང་པོའོ།། །།མཉན་ཡོད་ན་སྟེ། འཆར་ཀས་ཚོང་བ་མི་ཚངས་པར་སྤྱོད་པར་བྱ་བར་བསམས་པ་ལས་ཕྱོགས་པར་བྱ་བའི་ཕྱིར། དེའི་བུད་མེད་ལ་ཆོས་འཆད་ཅིང་འདུག་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་དེ། འཁྲིག་པའི་ཉོན་མོངས་པས་ན་གཉིས་པ་བཅས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་ཁྲིག་པ་བྱེད་འདོད་པར་ཤེས་པའོ། །ཉལ་པོ་བྱེད་པ་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པས་ཡོངས་སུ་ལོངས་སྤྱད་པར་བྱ་བ་ཡིན་ལ་སྐྱེས་པ་ནི་བུད་མེད་ཀྱིས་སོ། །གང་ལ་འཁྲིག་པས་ཡོངས་སུ་ལོངས་སྤྱོད་པ་དེ་ལ་ཉལ་པོ་བྱེད་པ་ཞེས་བྱའོ། །ཕྱིས་གནོན་ཞེས་བྱ་བ་ནི་གློ་བུར་དུ་སྟོབས་ཀྱིས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། བུད་མེད་དང་སྐྱེས་པ་འཁྲིག་པར་སྤྱོད་པའི་ཕྱིར་མངོན་སུམ་དུ་གྱུར་པ་དང༌། དགེ་སློང་ཡང་ཁྱིམ་དུ་ཉེ་བར་སོང་སྟེ། དེ་ལ་ཡང་ཁྱིམ་དུ་ཉོན་མོངས་པ་གཞན་གྱིས་དྲན་པ་ཉམས་པར་འགྱུར་ཏེ། འཁྲིག་པ་ལ་ལྟ་བའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པ་དང༌། དེ་གཉིས་ཀྱང་འཁྲིག་པར་སྤྱད་པར་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་བྱེད་དུ་འདོད་དམ་མི་འདོད་ཀྱང་རུང་དགེ་སློང་གིས་འདི་གཉིས་འཁྲིག་པར་སྤྱོད་པར་བྱེད་པར་ཤེས་ཏེ། དེ་ལྟ་བ་ལ་ངོ་ཚ་སྤངས་ཏེ་སྟན་ལ་སྐད་ཅིག་འདུག་ཀྱང་ལྟུང་བྱེད་དོ། །ཉལ་པོ་བྱེད་པ་ལ་ཉལ་པོ་བྱེད་པར་འདུ་ཤེས་པ་རྣམས་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང་ལྟུང་བ་མེད་པ་གཉིས་སོ། ལྷའི་བུ་མོ་དང༌། མ་ནིང་མོ་ལ་སོགས་པ་རྣམས་ལ་ནི་ཉེས་བྱས་སོ། །གཉིས་པའོ།། །། མཉན་ཡོད་ན་སྟེ། འཆང་ཀས་ལྔ་མ་བཞིན་དུའོ། །སྔར་སྒོ་འཕར་གྱི་རྒྱབ་ཏུ་དེ་བཞིན་དུ་རང་བཞིན་ཉམས་པ་གཉིས་བལྟའོ་སྙམ་ནས་གབ་སྟེ་འདུག་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་དེ། འཁྲིག་པའི་ཉོན་མོངས་བས་ན་གསུམ་པ་བཅས་སོ། །དབེན་པར་ཞེས་བྱ་བ་ནི་གང་དག་དེ་དང་དེ་སྟེ། གཞན་སུ་ཡང་མེད་པའོ། །དེ་ལ་ཡང་ལྟུང་བ་སྔ་མ་བཞིན་ཏེ། སྔ་མ་ལ་ནི་སྐྱབས་ཡོད་ཀྱང་རུང་མེད་ཀྱང་རུང༌། དབེན་ཡང་རུང་མེ་དབེན་ཡང་རུང་གི་དེ་ལྟན་ལ་འདུག་པའོ། །འདིར་ནི་འགྲེང་བ་ཙམ་ལ་བྱ་སྟེ། སྐད་ཅིག་གཅིག།།


DTG151_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པས་འགྲེང་བ་ལ་ལྟུང་བ་མེད་དེ། སྔ་མ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། འཕགས་པ་ཀུན་དགའ་བོས་གཅེར་བུ་མ་གཉིས་ལམ་བསམས་པར་རྒན་མོ་ལ་ནི་ཁུར་བ་གཅིག་བྱིན། གཉིས་པ་ལ་གཞོན་ནུ་མ་ལ་ནི་གཉིས་བྱིན་པ་དང༌། དེས་དེ་ལ་ཁྱོད་ལ་འདིས་དོན་དུ་གཉེར་གྱིས་སྟ་གོན་གྱིས་ཤིག་ཅེས་བསྒོ་བས་ན་མུ་སྟེགས་ཅན་གྱི་གཞིའི་དབང་དུ་མཛད་དེ་མ་དད་པ་ལ་སོགས་པ་དང༌། རྐྱེན་ལ་ལྟོས་པའི་ཉོན་མོངས་པ་དག་གིས་བཞི་པ་བཅས་སོ། །དེ་དག་དང་བསྟེན་པས་དེ་དག་དེའི་རང་བཞིན་དུ་འགྱུར་རོ། །གཅེར་བུ་པ་ཞེས་བྱ་བ་ནི་བདག་གོས་མེད་པའོ། །ཀུན་དུ་རྒྱུ་བ་ཞེས་བྱ་བ་ནི་གཅེར་བུ་པ་མ་གཏོགས་པའི་མུ་སྟེགས་ཅན་ཐམས་ཅད་དོ། །འམ་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ལག་ནས་ཞེས་བྱ་བ་ནི་ལུས་ཀྱིས་སོ།། སྦྱིན་ཞེས་བྱ་བ་ནི་བྱིན་པའོ། །དེ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཅེར་བུ་པ་དང༌། ཀུན་དུ་རྒྱུའི་ཆ་ལུགས་བཞིན་བྱས་པའི་སྐྱེས་པ་འམ། བུད་མེད་ཀྱང་རུང་སྟེ། ལེན་པ་སོ་སོར་ཉེ་བར་གནས་པར་གྱུར་པ་དང༌། དགེ་སློང་ཡང་སྦྱིན་པར་བྱེད་པ་སྟེ། དེ་གཅེར་བུ་པ་ཡིན་ཡང་རུང་མ་ཡིན་ཡང་རུང་ལ་དགེ་སློང་ནི་དེར་འདུ་ཤེས་པར་གྱུར་ཏེ། བདག་གིས་ལ་གནས་སྦྱིན་ཞིང་ངོ་ཚ་བ་སྤངས་ལ་བཅའ་བ་དང༌། བཟའ་བ་ཡང་བླངས་ནས་སྤྱིན་ཞིང་གཞག་སྟེ། སྣོད་དམ་ལག་པས་ཀྱང་རུང་སྟེ། བཞག་མ་ཐག་ཏུ་ལྟུང་བྱེད་དོ། །དེ་ཚུན་ཆད་རྣམ་པ་གཉིས་ནི་ཉེས་བྱས་སོ། །དེ་དག་ལྟར་བྱས་པ་ལ་དེར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །སོག་འཇོག་བྱས་པ་བྱིན་ནམ། ས་ལ་ཉེ་བར་བཞག་གམ། བགོས་ཏེ་ཟོས་ན་ཉེས་བྱས་སོ། །ཉེ་དུའམ་ནད་པ་ཡིན་ནམ། དེ་ལྟ་བས་ན་ལྟ་བ་དང་དབྲལ་བར་འདོད་དམ། ལས་བྱས་པའམ། རབ་ཏུ་འབྱུང་བར་འདོད་པ་ཞིག་ལ་བྱིན་ན་ལྟུང་བ་མེད་དོ། །རྣམ་པ་གཞན་དུ་ན་གང་ཟག་སྦྱིན་དུ་བཅུག་ན་ཉེས་བྱས་སོ། །བཞི་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་གསལ་རྒྱལ་གྱི་དམག་འཐབ་


DTG151_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་ཆས་པ་རྣམས་ལ་ལྟ་ཞིང་དཔྱས་འདོགས་པ་ན་དམག་གི་གཞིའི་དབང་དུ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པའི་ཕྱིར་ལྔ་པ་བཅས་སོ། །ཆས་ཞེས་བྱ་བ་ནི་གཡུལ་ལ་མངོན་བར་དགའ་བའོ། །དམག་ཅེས་བྱ་བ་ནི་ཡན་ལག་བཞི་པའི་ནང་ནས་གང་ཡང་རུང་བ་སྟེ། གླང་པོ་ཆེའི་ཚོགས་དང༌། རྟ་པའི་ཚོགས་དང༌། ཤིང་རྟའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན་གཙུག་ལག་གི་ཉེན་འཁོར་ལ་ཕར་སྐྱེ་བོ་མང་པོའི་ཚོགས་འཐབ་པའི་ཕྱིར་ཉེ་བར་གྱུར་པ་དང༌། དགེ་སློང་ཡང་ལྟ་འདོད་པར་གྱུར་ཏེ། དྲན་པ་ཉམས་པ་ལྟ་བ་ལ་ཆགས་པས་ཀུན་ནས་དཀྲིས་པ་དང༌། དམག་དེ་དག་ཀྱང་འཐབ་མོ་ལ་ཆས་པར་གྱུར་ཏམ། མ་ཆས་ཀྱང་རུང༌། དགེ་སློང་གིས་འཐབ་པར་ཤེས་པ་ནས་སྔ་མ་བཞིན་ཏེ། ཇི་སྲིད་སོང་ནས་དམག་མཐོང་མ་ཐག་ཏུ་ལྟུང་བྱེད་དོ། །སྦྱོར་བའི་ཉེས་བྱས་ལ་ནི་གྲངས་མེད་དོ། །ལྷ་དང༌། ལྷ་མ་ཡིན་དང༌། ཀླུ་ལ་སོགས་པའི་དམག་ལ་ཉེས་བྱས་སོ། །ཐ་ན་བྱ་འུར་བ་འཐབ་པ་ལ་ལྟ་ནའང་ཉེས་བྱས་སོ། །ཆོམ་རྐུན་གྱི་དམག་ལ་ཉེས་དམིགས་བརྟག་པའི་ཕྱིར་ལྟ་ཞིང་སོང་བ་དང༌། །བསོད་སྙོམས་ལ་ཞུགས་པའི་ཚེ་མཐོང་བ་དང༌། ལམ་ན་གཙུག་ལག་ཁང་ན་འདུག་པ་དང༌། དམག་གཙུག་ལག་ཁང་དུ་ལྷགས་པ་དང༌། རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། བློན་པོ་དང༌། ཁྲོམ་གྱི་རུ་སྣ་དང༌། ཞང་བློན་དང༌། གྲོང་རྡལ་དང༌། ཡུལ་གྱི་མིས་བོས་པ་དང༌། །བར་ཆད་བརྒྱད་པོ་རྣམས་ཀྱིས་ཀྱང་རུང་སྟེ་ལྟུང་བ་མེད་དོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། གསལ་རྒྱལ་གྱིས་པོས་ཏེ། དམག་གི་སར་དོང་བ་ལས། དྲུག་སྡེ་རྣམས་དེ་བཞིན་དུ་འཕྱས་འདོགས་པས་ན་དམག་གི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པའི་ཕྱིར་དྲུག་པ་བཅས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལམ་རིང་པོའི་ཡུལ་དུ་དམག་འཐབ་མོ་ལ་ཆས་པར་གྱུར་པ་དང༌། དགེ་སློང་ཡང་བོས་པར་གྱུར་ཏམ། ཆོས་གོས་ལ་སོགས་པ་རྙེད་པའི་དབང་གིས་ཀྱང་རུང༌། ཕྲད་པར་ཆས་སམ། རྙེད་པ་ལ་ཆགས་པས་ཀུན་ནས་དཀྲིས་པར་གྱུར་པ་དང༌། དམག་དེ་ཡང་བཤམས་པར་གྱུར་


DTG151_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཏམ། མ་བཤམས་ཀྱང་རུང་སྟེ། དགེ་སློང་གིས་ནི་དེར་བཤམས་པར་ཤེས་ན་ཅི་སྲིད་ཞག་གསུམ་པའི་སྐྱ་རེངས་ཤར་པའི་བར་དུ་འདུག་ན་ལྟུང་བྱེད་དོ། །སྦྱོར་བའི་ཉེས་བྱས་ལ་གྲངས་མེད་དོ། །རྒྱལ་པོའི་དབང་གིས་སམ། བར་ཆད་ཞིག་ཏུ་གྱུར་པ་ལ་ནི་ལྟུང་པ་མེད་དོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་སྔ་མ་བཞིན་ཏེ། དོང་ནས་གཡུལ་བཤམས་པ་དཀྲུགས་ཤིང་ཅི་ནས་ཀྱང་དེ་དག་འབྲོས་པར་འགྱུར་བར་འཇིགས་པར་བྱེད་པས་ན། དམག་གི་གཞིའི་དབང་དུ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ། །རྒྱལ་པོ་ལ་སོགས་པའི་བཀས་བོས་ན་འགྲོ་བར་བྱའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །ལྟ་བར་ཡང་རྗེས་སུ་གནང་ངོ༌། །འདིས་ནི་སླར་བཀག་པ་ཡིན་ཏེ། འདི་ནི་ཉེ་ལ་འདི་ནི་རྒྱང་རིང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་རོ། །བཤམས་པ་ཞེས་བྱ་བ་ནི་འཐབ་མོ་བྱེད་པར་བཤམས་པའོ། །རྒྱལ་མཚན་གྱི་མཆོག་གམ་ཞེས་བྱ་བ་ནི་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ཞེས་བྱ་བ་དང་འབྲེལ་ཏེ། ལྟ་བ་དང་མཐོང་བར་གྱུར་པའོ། །རྒྱལ་མཚན་ལ་རྣམ་པ་གསུམ་སྟེ། སེང་གེ་དང༌། ཁྱུ་མཆོག་དང༌། ཆུ་སྲིན་གྱི་རྒྱལ་མཚན་ནོ། །དེ་དག་གི་གང་མདུན་དུ་འགྲོ་བའོ། །དཔུང་གི་མཆོག་ཅེས་བྱ་བ་ནི་དཔུང་རྣམ་པ་བཞི་པོའི་གང་ཐོག་མར་འགྲོའོ། །གཡུལ་བཤམས་པ་ཞེས་བྱ་བ་ནི་རྣམ་པ་བཞིར་བཤམས་པ་སྟེ། འབྲུའི་ཁ་ལྟ་བུ་དང༌། ཤིང་རྟའི་དབྱིབས་ལྟ་བུ་དང༌། ཟླ་གམ་གྱི་རྣམ་པ་ལྟ་བུ་དང༌། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །ལྟ་བ་ཉམས་སུ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་དེ་དག་ལ་ལྟ་བའམ་བཤམས་པའོ། །དམག་ལ་ལྟ་བ་ཞེས་བྱ་བ་ནི་དམག་གི་རྣམ་པ་ཅི་སྐད་བསྟན་པ་ལས་ལྷག་པའི་དམག་ལ་ལྟ་བའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གླང་པོ་ཆེ་ལ་སོགས་པ་གོ་ཆ་བསྐོན་པ་རྣམས་ནི་དཀྲུགས་ན་ལྟུང་བྱེད་དོ། །གོ་ཆ་མ་བསྐོན་པ་དཀྲུགས་ན་ཉེས་བྱས་སོ། །བཤམས་པར་སོང་བ་ལས་དམག་ལ་ལྟ་བའི་བར་དུ་སྟེ། ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །བར་ཆད་དུ་གྱུར་པ་ལ་ལྟུང་བ་མེད་དོ། །བདུན་པའོ།། །།མཉན་ཡོད་ན་སྟེ།


DTG151_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀས་བཅུ་བདུན་སྡེ་རྣམས་ལ་བསྒོ་བ་ཉན་དུ་མི་བཏུབ་ཅེས་བརྡེགས་པས་ན་གྲོགས་པོའི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ། །དགེ་སློང་གི་ཆ་ལུགས་ཀྱི་རྟགས་འཆང་ན་དགེ་སློང་ཡིན་ནམ། དགེ་སློང་མ་ཡིན་ཡང་རུང་སྟེ། དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། བརྡེག་པར་བསམས་ཀྱི་བསད་པར་མ་བསམས་ན། སོར་མོ་ལ་སོགས་པ་རྣམས་ཏེ། ཐ་ན་རྐང་པའི་སོར་མོའི་བར་དུའམ། སོ་ཕག་ལ་སོགས་པ་རྣམས་ཏེ། ཇི་སྲིད་ཡུངས་ཀར་གྱི་འབྲུའམ། མདའ་ལ་སོགས་པ་ནས་ལྷུག་མའི་ཕྲེའུ་འི་བར་དུ་སྟེ། དེས་བརྡེགས་ན་ལྟུང་བྱེད་དོ། །ཇི་སྲིད་སོར་མོ་ནས་ཇི་སྲིད་ཡུངས་ཀར་གྱི་འབྲུའམ། ལྕུག་མ་ཕྲེའུས་ཀྱང་རུང་སྟེ། དེ་སྙེད་ཀྱིས་ལྟུང་བར་འགྱུར་རོ། །ཇི་སྲིད་ཡུངས་ཀར་ལ་སོགས་པ་ལུས་ལམ་ཕོག་ཀྱང་ཉེས་བྱས་དེ་སྙེད་དུ་འགྱུར་རོ། །གསད་པར་བསམས་ན་ཉེས་བ་སྦོམ་པོར་འགྱུར་རོ། །དགེ་སློང་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཀ་བའམ་རྩིག་པའམ། གཞན་ནམ། གང་ལ་ཡང་རུང་སྟེ། ཉེ་བར་བསམས་ཤིང་མངོན་པར་བསམས་ནས་བསྣམ་ན་ཉེས་བྱས་སོ། །མ་ཁྲོས་སམ། མངོན་དུ་བྱེད་པའི་དོན་ཞིག་ཡོད་ན་ལྟུང་བ་མེད་དོ། །བརྒྱད་པའོ།། །།དགུ་པ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། ཁྱད་པར་དུ་ན་གཟས་པའོ། །བརྡེག་པར་བསམས་ནས་ལག་པ་ལ་སོགས་པ་བརྡེག་པ་ནི་གཟས་བ་ཡིན་ནོ། །གཟས་མ་ཐག་ཏུ་ལྟུང་བྱེད་དོ། །བརྡེག་པ་གཅིག་གིས་མང་པོ་ལ་གཟས་པ་དགེ་སློང་གི་གྲངས་བཞིན་དུ་ལྟུང་བའོ། །དགེ་སློང་ཁྲོས་པ་ལ་མྱུར་དུ་བཟོད་པར་བྱ་མོད་ཀྱི་འོན་ཀྱང་ཁྲོས་མ་ཐག་པ་ལ་ནི་མ་ཡིན་ནོ། །དེས་ཀྱང་སེང་གེ་ལྟར་གྱ་ཚོམ་མི་བྱ་མོད་ཀྱི་འོན་ཀྱང་མཁས་ཤིང་ཤེས་པས་སོ། །ཁྲོས་པ་ལ་ཡང་རབ་ཏུ་ཉེ་བར་ཐོབ་པ་ན་ཕྱག་བྱའོ། །དེས་ཀྱང་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །འཐབ་མོ་བྱེད་པ་གཉིས་ལ་བཤུགས་པར་བྱའོ། །གང་ཆེ་བ་ཞིང་བྱེ་དགོས་པའི་ཁྱིམ་པ་འཐབ་མོ་བྱེད་པའི་དྲུང་ན་འདུག་པར་མི་བྱའོ། །ཇི་སྐད་བསྟན་པ་བཞིན་དུ་མ་བྱས་ན་ཉེས་བྱས་སོ། །དགུ་པའོ།། །།


DTG151_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་ན་སྟེ། ཉེ་དགའ་ལ་དགེ་འདུན་ལྷག་མའི་བར་དུ་ལྟུང་བ་བྱུང་བ་དེ་ཆོས་ཀྱིས་མཐོང་བ་དང་དེས་དེ་ལ་ངས་ཁྱོད་ཀྱི་མཁན་པོའི་བཅབས་ན་ཁྱོད་ཀྱིས་ཀྱང་ངའི་ཚོབས་ཤིག་ཅེས་གསོལ་བ་བཏབ་ན་དེས་ཁས་ལེན་བྱེད་དུ་མ་བཏུབ་ནས་དགེ་སློང་རྣམས་ལ་སྨྲས་པས་ན་ཉེ་དགའི་ཕྱིར་གྲོགས་ཀྱི་གཞིའི་དབང་དུ་མཛད་དེ་འཆབ་པའི་ཉོན་མོངས་པས་ནི་དགེ་འདུན་བཅུ་བ་བཅས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་རིག་པར་གྱུར་པ་འམ། གཞན་ལས་ཐོས་པའོ། །དགེ་སློང་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་སྟེ། དགེ་སློང་གི་ཆ་ལུགས་ཀྱི་རྟགས་སུ་འདུག་པའོ། །གནས་ངན་ལེན་ཅེས་བྱ་བ་ནི་ཕམ་པར་གྱུར་བས་ཀུན་ནས་བསླང་བའམ། དགེ་འདུན་ལྷག་མས་ཀུན་ནས་བསླང་བར་བྱའོ། །འཆབ་ཅེས་བྱ་བ་ནི་བཅབས་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། མཐོང་བའམ། ཐོས་ཀྱང་རུང་སྟེ། བཅབ་པར་སེམས་བསྐྱེད་པ་ན་སྐྱ་རེངས་ཤར་ན་ལྟུང་བྱེད་དོ། །སྔར་ནི་ཉེས་བྱས་སོ། །ཁ་ཅིག་ནི་དྲིས་པའི་ཚེ་ཅང་མི་སྨྲ་ན་ལྟུང་བར་འགྱུར་རོ་ཞེས་ཟེར་རོ། །འཁྲིག་པ་དང་ལྡན་པའི་གནས་ངན་ལེན་ཏོ་ཞེས་མངོན་པར་བསམས་པའོ། །དེ་ལྟར་ན་ལུས་ཀྱི་ལས་བྱས་པ་ཡིན་པར་བསྟན་ཏོ། །ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་རྣམ་དག་ལ་ནི་ལྟུང་བྱེད་དོ། །ལྟུང་བྱེད་དང༌། སོ་སོར་བཤགས་པ་ལ་ནི་ཉེས་བྱས་སོ། །ཉོན་མོངས་པའི་སེམས་སུམ་གྱུར་ན་མཐར་ཕྱིན་ཀྱང་བསྡམ་པར་བྱས་པའི་ཉེས་བྱས་སོ། །རང་བཞིན་དུ་གནས་པའི་ནང་ན་གནས་པ་རྣམས་ལ་བརྗོད་པར་བྱའི། རང་བཞིན་དུ་མི་གནས་པ་ལ་བརྗོད་ན་བརྗོད་པ་མ་ཡིན་པར་བརྗོད་པར་བྱའོ། །ཚངས་པར་སྤྱོད་པ་ལ་མི་བདེ་བའམ་གནོད་བ་འབྱུང་ངམ། །སྲོག་གི་བར་ཆད་དུ་འགྱུར་རམ། དགེ་འདུན་གྱི་དབྱེན་དུ་འགྱུར་ན་ལྟུང་བ་མེད་དོ། །བཅུ་པའོ།། །།ལྟུང་བ་འདི་བཅུ་ལ་ཉེ་བར་མཁོ་བ་དང༌། བགེགས་སུ་ཉེ་བར་སྤྱོད་པ་དང༌། ལྟ་བར་ཉེ་བར་སྤྱོད་པ་དང༌། ཉེ་བར་མི་སྤྱོད་པའི་དངོས་པོ་ལ་སྤྱོད་པ་དང༌། ཉེ་པར་སྤྱད་པའི་དངོས་པ་ལ་ལོག་པར་སྒྲུབ་པར་བྱེད་པའོ། །དང་པོ་དང་གསུམ་པོ་རྣམས་དང༌། ལྔ་


DTG151_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དྲུག་པ་དང༌། བདུན་པ་དང༌། ལྷག་མ་རྣམས་ཀྱང་གོ་རིམས་བཞིན་ཏེ། གྲོགས་པོ་རྣམས་ལ་ཡང་ཉེ་བར་སྤྱོད་པའོ། །ཚོགས་ལྔ་པའོ།། །།མཉན་ཡོང་ན་སྟེ། ཉེ་དགས་འཁོན་ཡོད་པའི་རྒྱུ་མཆན་དྲན་པས་དགེ་སློང་ཆོས་ཁྱིམ་དུ་ཁྲིད་དེ་ཟན་བཅད་པར་བྱས་པས་ན། གྲོགས་ཀྱི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་མོངས་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་ཚོགས་དང་པོར་བཅས་སོ། །ཁྱིམ་དག་རུ་ཞེས་བྱ་བ་ཇི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །ཀླན་ཀ་བཙལ་བར་འགྱུར་རོ་ཞེས་བྱ་བ་ནི་ཟན་གཅོད་པར་བྱེད་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་འཁྲུག་པར་བྱ་བར་འདོད་པར་གྱུར་པ་དང༌། དྲེགས་པས་ཀུན་ནས་དཀྲིས་པའི་ཀུན་ནས་དཀྲིས་པར་གྱུར་པ་དང༌། དགེ་སློང་དེ་ལའམ་དགེ་སློང་གཞན་དུ་ཡང་རུང་གལ་ཏེ་འདི་ཡིན་ནོ་ཞེས་རྟོགས་ཟ་དང༌། དེ་ཡང་ངོ་ཚ་བ་སྤངས་ཏེ་དེ་འཁྲུག་པར་བྱ་བའི་ཕྱིར་གང་ཁོ་བོ་གཅིག་པུ་ཁོ་ན་དེས་ཤེས་ཀྱང་ཟེར་ན་དོན་རྟོགས་མ་ཐག་ཏུ་ལྟུང་བྱེད་དོ། །གྲོགས་པོའི་ཟན་གཅོད་པར་བྱེད་ནའོ་ཞེས་བྱ་བ་ཇི་རྣམ་པར་འབྱེད་བ་ལས་འབྱུང་སྟེ། དེ་ཡང་དོན་གྱིས་འགྱུང་བའི་དབང་གིས་དེ་སྐད་གསུངས་སོ། །བསླབ་པ་བྱིན་པ་དང༌། སྐད་བརྡ་མི་ཕྲད་པ་དང༌། དེ་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་དང༌། དགེ་སློང་མའི་དབྱར་ཁང་ངམ། མུ་སྟེགས་ཀྱི་ཁྱིམ་མམ་ལྷ་ཁང་ངམ། དེ་ལྟ་བུར་ཟན་གཅོད་ན་ཉེས་བྱས་སོ། །ནད་བའམ། སྨན་པས་ཐབས་བསྟན་པ་ལས་རང་གཅོད་པ་ནི་ལྟུང་བ་མེད་དོ། །དང་པོའོ།། །། རྒྱལ་པོའི་ཁབ་ཏུ་སྟེ། ཤིང་ལྗོན་པ་ལ་མེ་བཏང་བས་དེ་ལ་དུ་བས་འཁྲུགས་པར་བྱས་པ་དང༌། སྦྲུལ་གདུག་པས་ལྟུང་སྟེ། དེ་ལ་ཡང་སེང་གེ་ལ་རེག་བ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དྲུག་སྡེ་དག་ཀྱང་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་མེའི་གཞིའི་དབང་དུ་མཛད་དེ། །ཉེ་བར་མ་ཞི་པའི་ཉོན་མོངས་པས་གཉིས་པ་བཅས་སོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བརྟེན་ནས་སོ། །མི་ན་བར་ཞེས་བྱ་བ་ནི་ན་བ་ལ་དུས་སོ་ཞེས་མ་བྱས་ཀྱང་རུང་བའོ། །མེ་ཞེས་བྱ་བ་ནི་མེའོ། །རེག་ཅེས་བྱ་བ་ནི་རེག་པར་བྱེད་པ་སྟེ། སྦོར་བ་དང༌། སྡུད་པ་ལ་སོགས་པའོ། །རེག་ཏུ་བཅུག་ཅེས་བྱ་བ་ནི་གཞན་


DTG151_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་ཟླ་བ་ལྟ་བུར་བྱེད་པ་དང༌། མགལ་མེའི་འཁོར་ལོ་བསྐོར་བ་དང༌། དུས་བྱིན་གྱིས་མ་བརླབས་པར་མེ་སྦོར་རམ། གསོད་དམ། དྲན་པ་ཉམས་པས་སམ། དྲེགས་པས་སམ། རླུང་གཡབ་ཀྱིས་གཡོབ་བམ། བུད་ཤིང་འཛུད་དམ། བུད་ཤིང་སྐུལ་བར་བྱེད་ཀྱང་རུང་སྟེ། བྱས་མ་ཐག་ཏུ་ལྟུང་བྱེད་དོ། །སྐད་མི་ཤེས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ལུས་ཀྱི་རྣམ་པར་ཤེས་པས་ཀྱང་འབུད་དུ་བཅུག་ན་ཉེས་བྱས་སོ། །མགལ་དུམ་བརྩིགས་སམ། བདག་མ་བྲུས་སམ། མེ་མ་རྨུར་གློངས་སམ། བྲུས་སམ། མེ་མ་མུར་དུ་དུས་བརྗོད་པ་མེད་པར་ཁུར་བ་བསྲེགས་སམ། །སྐྲ་དང༌། སྤུ་དང༌། སེན་མོ་དང༌། རུས་པ་དང༌། མཆིལ་མ་དང༌། འབྲུ་མར་དང༌། མར་དང༌། མོན་སྲན་སྡེའུ་དང༌། བལ་སྲན་གྲེའུ་ལ་སོགས་པ་བླུགས་ན་ཉེས་བྱས་སོ། །དུས་བྱིན་གྱིས་བརླབས་པ་ལ། དཀོན་མཆོག་གསུམ་དང༌། སློབ་དཔོན་དང༌། མཁན་པོ་དང༌། ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་གི་ཕྱིར་ཡང་རུང་སྟེ། བྱེད་པ་ལ་ལྟུང་བ་མེད་དོ། །དེ་ལྟར་བདག་ཉིད་ཀྱི་ཕྱིར་བྱེད་དམ། ཁུར་བ་ལ་སོགས་པ་འཚེད་དམ། གཙོ་བླག་དང༌། ལྷུང་བཟེད་ཀྱི་ལས་ཤིག་བྱེད་ན་ཡང་དུས་རིང་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་བར་དུ་དྲན་པ་བརྗེད་ཅིང་རེག་ཀྱང་ཉེས་པ་ཡོད་པ་མ་ཡིན་ནོ། །ཁ་ཅིག་ནི་མེ་ཡང་རུང་མེ་མ་ཡིན་པ་ཡང་རུང་མེར་འདུ་ཤེས་ན་འདིར་ལྟུང་བ་ཉིད་དོ་ཞེས་ཀྱང་ཟེར་རོ། །ཀུན་ནས་ནགས་ལ་མེ་བཏང་ན་ཕམ་པར་འགྱུར་བའི་འཁོར་གྱི་སྦོམ་པོའོ། །བརྡུངས་པ་ལ་མེ་བུད་པར་མི་བྱ་མོད་ཀྱི། འོན་ཀྱང་འོག་གཞིར་སོ་ཕག་གཤིབ་པར་བྱའོ། །ཁྱམས་སུ་ཡང་མེ་བུད་པར་མི་བྱའི་དང་རར་བུས་ལ་དུད་པ་མེད་པར་བྱས་ཏེ། ནང་དུ་གཞུག་གོ །ལས་གསར་པ་ལ་ཉེ་བར་ལོངས་སྤྱོད་པའི་ཤིང་བུས་ན་ཉེས་བྱས་སོ། །མེ་བསྡུ་བའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་རྗེས་སུ་གནང་ངོ༌། །ཆོས་བཤད་པའི་ཚེ་མར་མེའི་སྡོང་པོ་མར་མེ་དང་ལྡན་པ་ཉེ་བར་གཞག་པར་བྱའོ། །གང་ཟག་གི་ཕྱིར་ན་མར་མེའི་སྡོང་བུ་ཡལ་ག་གཅིག་པ་ཤིང་ལྗོན་པ་ལྟ་བུའོ། །དགེ་འདུན་གྱི་ཕྱིར་ནི་ཡལ་ག་མང་པོ་ཡང་ངོ༌། །གཉིས་པའོ། །མཉན་ཡོད་ན་སྟེ། དགའ་བོས་


DTG151_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དགའ་ལ་སྤང་བའི་ལས་བྱེད་པར་མ་ཤེས་ནས་འདུན་པ་ཕུལ་ཏེ། ཕྱིས་འདི་སྐད་དུ་ཁོ་བོས་འདུན་བ་ཉེ་བར་ཕུལ་ལོ་ཞེས་སྨྲས་ནས་འདུན་པའི་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པས་ན་གསུམ་པ་བཅས་སོ། །འདུན་པ་ཕུལ་ཞེས་བྱ་བ་ནི་དགེ་འདུན་ཆོས་བཞིན་བྱ་བ་ལ་མཐུན་པར་བྱ་བའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་འགྱོད་པས་སོ། །སྤོང་པའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་སྤོང་བའི་ཆོས་དེ་ཉིད་སྟོན་ཏེ། འདུན་བ་ཕུལ་བ་ལ་རྩོད་པར་བྱེད་པས་སོ། །དགེ་སློང་ཕྱིར་བྱིན་ཅིག་ཅེས་བྱ་བ་ནི་དད་པ་ལེན་པ་ལ་དེ་སྐད་ཟེར་བའོ། །དེ་ཡང་མ་ཕུལ་ལོ་ཞེས་མི་ཉན་གྱི་བདག་གིས་ཁྱེད་ཅག་ལ་འདི་ལྟ་བུ་བྱེད་པར་ནི་མ་ཤེས། ད་ནི་སླར་ཕྲོག་གོ་ཞེས་བྱ་བའོ། །སྐྱོ་སྡོགས་བྱེད་པའི་ལྟུང་བྱེད་དང་ཁྱད་པར་ཅི་ཡོད་ཅེ་ན། འདི་གསལ་བ་དག་གིས་བྱས་པའམ། མ་བྱས་ཞེས་ནི་མི་ཟེར་གྱིས་བདག་གི་དད་པ་བྱིན་པ་ཙམ་ལ་སྤོང་བར་བྱེད་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེན། དགེ་སློང་གིས་དགེ་སློང་ལ་འདུན་པ་ཕུལ་བར་གྱུར་ལ། དེ་ཡང་སླར་འགྱོད་པའི་རྗེས་ལ་སྔོན་ཞེ་སྡང་གིས་ཀུན་ནས་དཀྲིས་པས་སེམས་ཀུན་ནས་དཀྲིས་པར་གྱུར་ཏེ། དགེ་སློང་དེ་ལ་འམ། གཞན་ལ་ཡང་རུང་སྟེ། དགེ་སློང་དེ་ནི་དེར་འདུ་ཤེས་སམ་ངོ་ཚ་བ་སྤངས་ནས་སྨྲ་ན་དོན་ཁོ་ན་ཆུད་མ་ཐག་ཏུ་ལྟུང་བྱེད་དོ། །རྗེས་སུ་ཁས་བླངས་པས་རྗེས་སུ་ཁས་མ་བླངས་པ་ལ་འམ། རྗེས་སུ་ཁས་མ་བླངས་པས་རྗེས་སུ་ཁས་བླངས་པ་ལ་འམ། བསླབ་པ་བྱིན་པ་ལ་དད་པ་བྱིན་ཏེ། སྤོང་བའི་ཆོས་སུ་བྱེད་ན་ཉེས་བྱས་སོ། །གསུམ་པའོ།། །།འདུལ་བ་བསྡུས་པ་བམ་པོ་བཅུ་གཅིག་པ། མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་ཚེས་བརྒྱད་དང་བཅུ་བཞི་ལ་ཆོས་བཤད་པར་བྱའོ། །ནམ་ཕྱེད་ཀྱི་བར་དུ་ནི་མ་ཡིན་ནོ་ཞེས་བཀའ་སྩལ་པ་དང༌། དེ་ནས་ཆོས་ཉན་པ་དག་ཅིག་ལྷགས་ཏེ། རྒན་ཞུགས་གཅིག་ཀྱང་མེ་མར་འབར་བ་བཞིན་དུ་རྨི་ལམ་ན་ཆུང་མ་དང་ལྷན་ཅིག་ཡོངས་སུ་སྤྱོད་པར་མཐོང་ནས་བརྟོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་པ་རྣམས་བརྟག་པར་མི་བྱའོ། །སྣང་བར་ཡང་མ་ཡིན་ནོ། །སྒྲ་གཅན་ཟིན་ལ་བརྟེན་ནས་ནུབ་གཉིས་ཀྱི་བར་དུ་རྗེས་སུ་གནང་ངོ༌། །ན་བའི་དབང་དུ་མཛད་དེ། དེའི་ནད་གཡོག་དང༌། གཉི་ག་


DTG151_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྗེས་སུ་གནང་ངོ༌། །ཉི་མ་དང་ཟླ་བའི་འོད་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་ན་ཉེས་པ་མེད་དོ། །བསྙེན་པར་མ་རྫོགས་པ་རྣམས་གཙུག་ལག་ཁང་ངམ་ཁང་བཟངས་ནས་ནི་ཕྱིར་དབྱུང་བར་མི་བྱ་མོད་ཀྱི་འོན་ཀྱང་ཉེ་འཁོར་ནས་དབྱུང་བར་བྱའོ། །སྡིག་བ་ཅན་གྱི་དགེ་སློང་ལ་འཇིགས་པས་ན། དགེ་ཚུལ་ཉི་མ་གསུམ་པའི་ཚེ་མཛའ་བོའི་གནས་ཁང་དུ་བསྙལ་བར་བྱའོ། །དེ་ལྟ་བུ་མེད་ན་དགེ་སློང་སྡིག་ཅན་ཕྱིར་ཕྱུང་བའམ། ཡང་ན་དགེ་ཚུལ་ཁྲིད་ལ་གཞན་དུ་འགྲོ་བར་བྱའོ། །དབྱར་ཉེ་བར་གནས་པར་གྱུར་ན་སོ་སོར་བརྟགས་ལ་ཟླ་བ་གསུམ་གྱི་བར་དུ་ཁྱིམ་གཅིག་གི་ནང་དུ་དེས་ལྷན་ཅིག་ཉལ་ཡང་རུང་ཉེས་པ་མེད་དོ། །ལམ་དུ་ཞུགས་པ་ནི་ཕྱིར་བྱུང་བས་སྟག་ལ་སོགས་པས་གཙེས་པར་གྱུར་བས་ན་ཞག་གསུམ་པའི་མཚན་མོ་མི་ཉལ་བར་བྱའོ། །ཡང་ན་གཉིས་སམ། གསུམ་མམ། ཐུན་གཅིག་གམ། ཐ་ན་སྐྱ་རེངས་ཤར་བའོ། །གལ་ཏེ་དེ་ལྟར་ཡང་ངལ་ན་ཉལ་བར་བྱ་པ་ཉིད་དོ། །གང་མི་བདེ་བའི་ཚེ་རྗེས་སུ་གནང་བ་བདེ་བར་གནས་པའི་ཚེ་མི་བྱའོ། །ཞར་ལ་འོངས་པ་བརྗོད་པར་བྱ་སྟེ། ལམ་དུ་ཞུགས་ན་དགེ་ཚུལ་རྣམས་བདུན་དུ་བཏང་ལ་འགྲོ་བར་བྱའོ། །དེ་དག་ལ་ཁྱེའུ་སུས་ཀྱང་སྦྱིན་པར་བྱའོ། །དེ་ཡང་སྔོན་བྱུང་བའི་ཕྱིར་རོ། །ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང༌། ཆེན་པོ་གཉིས་དང་ཇི་སྲིད་ནུབ་གཉིས་ལས་ལྷག་པར་ཁང་པ་ན་ལྷན་ཅིག་གཉིད་ལོག་ཅིང་ཉལ་བའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བ་དང༌། མ་དད་པའི་ཉོན་མོངས་པ་དག་གིས་བཞི་པ་བཅས་སོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ལ་གཉིས་ནི་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་དང། དགེ་སློང་མའོ། །དགེ་སློང་དང༌། དགེ་སློང་མ་མ་གཏོགས་པ་དེ་ལས་གཞན་བའི་གང་ཟག་ཐམས་ཅད་དེ། མི་རིགས་ཀྱི་བསྙེན་པར་མ་རྫོགས་པ་སྟེ། མཚན་དང་གྲངས་ནི་མི་བརྗོད་དོ། །འདི་ལྟར་ནུབ་གསུམ་པའི་ཚེ་བུད་མེད་དང་ལྷན་ཅིག་ན་ལྟུང་བྱེད་གཉིས་ཏེ། དགེ་སློང་མ་དང་ནི་མ་ཡིན་ནོ། །ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་ཤར་བའོ། །ལྷན་ཅིག་གནས་ཅིག་ཅེས་བྱ་བ་ནི་ཁྱིམ་གྱི་རྣམ་གྲངས་སུ་རིག་པར་བྱའི་འདི་ལྷན་ཅིག་པའི་སྒྲ་མ་ཡིན་ཏེ། ལྷན་ཅིག་ཅེས་བྱ་བ་འདིས་རྟོགས་པའི་ཕྱིར་རོ། །སྐྱ་རེངས་མ་ཤར་ཚུན་ཆད་སྔོན་རོལ་དུ་ཉེས་བྱས་སོ།།


DTG151_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་རྣམ་པ་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དམ་འཁོར་གྱི་ཁྱམས་སམ། ཁང་པ་བརྩེགས་པ་ལ་སོགས་པའོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང༌། །སྒོ་བཅུ་གཉིས་པའོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་སྟེ། ཁྱམས་ངོས་བཞི་པ་དག་གོ །གང་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་སྟེ། ཁྱམས་ངོས་གསུམ་པ་དང༌། འཁོར་གྱི་ཁྱམས་སོ། །ཕྱེད་གཡོགས་ཤིང་ཕྱད་བསྐོར་བ་ལ་སོགས་པ་ནི་ཁྱིམ་གཞན་དང༌། བ་གམ་ལྟ་བུར་ཕྱིར་བྱུང་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་གཞིར་སྨོས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེ་ན་པར་མ་རྫོགས་པར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །བསྙེན་པར་མ་རྫོགས་པ་དང༌། ནུབ་གཉིས་ཉལ་ལ་ནུབ་གསུམ་པའི་ཚེ་ཟ་མ་འམ། མ་ནིང་ངམ། མཚན་གཉིས་པ་འམ། སྤྲུལ་པའི་བུད་མེད་དང་ཉལ་ན་དག་པ་ཡོངས་སུ་འགྱུར་བ་ཡིན་པས་ན་ཉལ་ཡང་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །བསྙིལ་བ་དང༌། རྣམ་པ་གཉིས་ཀྱིས་གནས་ནས་ཕྱུང་བའི་དགེ་ཚུལ་དང་ལྷན་ཅིག་ན་ལྟུང་བྱེད་དང་ཉེས་བྱས་ཏེ། རྣམ་པར་བསྙིལ་བ་ལ་སོགས་པའི་ཕྱིར་རོ། །བྱ་སྐྱིབས་དང་ཤིང་ལྗོན་པ་ཁོང་སྟོང་གི་ནང་དུ་ནི་ལྟུང་བ་མེད་པ་འཐོབ་བོ། །བསླབ་པ་བྱིན་པ་དང༌། རྗེ་ཞིང་ཉལ་བས་སྦྱང་བར་བྱའོ། །དེས་ཀྱང་བསྙེན་པར་མ་རྫོགས་པ་དང་དེ་བཞིན་ནོ། །བླ་གོས་བཞི་བལྟབ་ཏུ་བྱས་ཏེ་བཏིང་བ་ལ་སྣམ་སྦྱར་སྔས་སུ་བཅུག་སྟེ། གློ་གཡོས་ཕྱོགས་ཀྱིས་ཕབ་ནས་རྐང་པའི་སྟེང་དུ་རྐང་པ་གཞག་སྟེ། ཡན་ལག་མི་འཕྱར་བ་དང༌། སེམས་མི་འཕྱར་བ་དང༌། གོས་མི་འཕྱར་བ་དང༌། སྣང་བའི་འདུ་ཤེས་དང༌། དྲན་པ་དང་ལྡན་པ་དང༌། ལྡང་བའི་འདུ་ཤེས་ཀྱིས་ཉལ་བ་ལ་རྟག་པར་བྱའོ། །མཚན་མོའི་ཐུན་དད་པོ་དང༌། ཐ་མ་ལ་ཡང་དག་པའི་ཕྱོགས་བྱའོ། །མི་ན་བར་ཉིན་པར་ཉལ་བར་མི་བྱའོ། །ཉལ་ན་ཡང་གལ་ཏེ་གཉིས་པ་ལ་བདེ་བ་ལ་རེག་པར་མི་འགྱུར་ན་གཞན་དུ་འགྲོ་བར་བྱའོ། །བཞི་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་འཆི་ལྟས་ལྟ་བར་གྱུར་བ་བཟློག་པར་བྱ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་ཡང་ལྡོག་ཏུ་མ་བཏུབ་པས་ན། དེ་ལ་གནས་ནས་ཕྱུང་བའི་ལས་བྱས་ཀྱང་འོན་ཀྱང་ལྡོག་ཏུ་མ་བཏུབ་པས་ན། ཚུལ་བཞིན་མ་ཡིན་པ་ལ་ཉེ་


DTG151_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྟོག་པའི་གཞིའི་དབང་དུ་མཛད་དེ། ཤེས་བྱ་ལ་རྟོག་པའི་ཉོན་མོངས་པས་ན་ལྔ་པ་བཅས་སོ། །འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པས་ཀྱང་ཕྱིར་མི་འོང་བའི་འབྲས་བུའི་བར་དུ་ཡང་འཐོབ་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། འདིས་ནི་བཟུང་བ་ལོག་པར་བཟུང་བས་དེ་སྐད་དུ་སྨྲའོ། །ཆོས་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་བཤད་པ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་ཉན་ཐོས་ཀྱིས་བཤད་དོ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་སུ་བཟུང་ངོ༌། །བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའོ། །བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་དགེ་སྦྱོང་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་མ་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་དགེ་སློང་ལྟ་བ་ངན་པ་ལ་མངོན་པའི་ང་རྒྱལ་དང༌། ཆེ་བའི་ང་རྒྱལ་གྱིས་ཀུན་ནས་དཀྲིས་པར་འགྱུར་བ་དང༌། ལོག་པར་འཛིན་པས་ངས་ལེགས་པར་བཟུང་ངོ་ཞེས་བྱ་བ་དང༌། དགེ་བར་ངས་བཟུང་ངོ་ཞེས་བྱ་བ་དང་གོ་རིམས་བཞིན་ནོ། །ཆོས་དེ་ཡང་དེས་དེ་བཞིན་གཤེགས་པའི་ཐད་ནས་ཡི་གེ་འམ། དོན་དུ་བླངས་སམ་མ་བླངས་ཀྱང་རུང་སྟེ་དོན་འདི་ཡང་འདིས་ཉེས་པ་བླངས་པ་ཡིན། དགེ་སློང་ཡང་བདག་གིས་ཐོས་སོ། །བདག་གིས་ལེགས་པར་ཟིན་ཏོ་སྙམ་ནས་རིག་པ་དང༌། དེ་བསྒྲགས་པའི་ཕྱིར་ངོ་ཚ་བ་ཡང་སྤངས་ན་སྨྲས་མ་ཐག་ཏུ་ཉེས་བྱས་སོ། །བཞམས་ཏེ་བསྒོ་བའི་ཚེ་མ་ལོག་ན་ཉེས་བྱས་སོ། །དེ་བཞིན་དུ་གསོལ་བ་དང་བརྗོད་པ་རྫོགས་པ་ནའོ། །ལས་བརྗོད་པ་དང་པོ་དང༌། ལས་བརྗོད་པ་གཉིས་པ་ལ་ཡང་ཉེས་བྱས་ཉིད་དོ། །གསུམ་པ་རྫོགས་ན་ལྟུང་བྱེད་དོ། །གལ་ཏེ་ཆོས་དང་མཐུན་ནའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །དེས་ཀྱང་དགེ་འདུན་གྱི་ནང་དུ་ལྟུང་བ་དེ་མཐོལ་བར་བྱའོ། །རྣམ་པ་གཞན་དུ་ན་གསོལ་བ་དང་ལས་ཉམས་སུ་མྱོང་ན་ཐམས་ཅད་དུ་ཡང་ཉེས་བྱས་སུ་འགྱུར་རོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། དེ་ཉིད་གནས་ནས་ཕྱུང་བ་དང༌། ཉེ་དགས་ལོངས་སྤྱོད་པས་དྲུག་པ་བཅས་སོ། །གཞི་དང་ཉོན་མོངས་པའི་དོན་ནི་དེ་བཞིན་ནོ། །དེ་སྐད་ཟེར་བའི་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ལྟ་བ་སྨྲ་བ་རྣམས་ཀྱི་གནས་ནས་ཕྱུང་བ་ཐམས་ཅད་དོ། །ཆོས་བཞིན་དུ་མ་བྱས་པ་ཞེས་བྱ་བ་ནི་མ་ཕྱུང་བའོ། །མ་སྤངས་པ་ཞེས་བྱ་བ་ནི་གལ་ཏེ་མ་ཕྱུང་ཡང་ལྟ་བ་དང་བྲལ་བར་གྱུར་ན་ལྟུང་བ་


DTG151_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །གཏམ་འདྲེ་བ་ཞེས་བྱ་བ་ནི་འདྲི་བ་སྦྱིན་པའོ། །ཕེབས་པར་སྨྲ་བ་ཞེས་བྱ་བ་ནི་ཡང་དག་པར་བརྗོད་པའོ། ཀུན་དུ་གནས་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་བར་བྱེད་ཅེས་བྱ་བ་ནི་བསྙེན་བཀུར་ཉམས་སུ་མྱོང་བ་ལེན་པའོ། །ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་ཤར་བར་བྱེད་པའོ། །གཏམ་འདྲེ་བ་ནས་ཉལ་བའི་བར་དུ་ལྟུང་བྱེད་དོ། །སྦྱོར་བ་ལ་ཉེས་བྱས་སོ། །གང་གནས་ནས་ཕྱུང་བར་མི་ཤེས་པ་ལ་ནི་ལྟུང་བ་མེད་དོ། །ཁས་མ་བླངས་པས་ཁས་བླངས་པ་དང་ལོངས་སྤྱོད་ན་ཉེས་བྱས་སོ། །བཟློག་པ་ནི་ལྟུང་བ་མེད་དོ།། ནད་པ་དང་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དེ་ལས་བཟློག་པར་འདོད་པ་ལ་ལྟུང་བ་མེད་དོ། འདི་ནི་དེ་མ་ཐག་པར་བརྗོད་པ་ལ་ཡང་རིག་པར་བྱའོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། ཚེར་མ་དང་ཆེན་པོ་པ་གཉིས་གནས་ངན་ལེན་མཉམ་དུ་སྤྱོད་ཅིང་ལྷན་ཅིག་རྩེ་བདག་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་མཐོང་བ་དང༌། དེ་གཉིས་ལྟ་བ་སྐྱེས་པས་སྣང་བའི་འདུ་ཤེས་གནས་སུ་བཞག་ལ་གསོལ་བ་དང༌། བཞིའི་ལས་ཀྱིས་བསྒོའོ། །བསྙིལ་བ་ཡང་ངོ༌། །དགེ་སློང་གིས་ཀྱང་སོང་སྟེ། དེ་དག་ལ་ལས་བརྗོད་པའི་ཚིག་གིས་བསྒོ་བར་བྱའོ། །ཉེ་དགས་ཉེ་བར་གཟུང་བས་ན་བདུན་པ་བཅས་ཏེ། བཞི་དང་ཉོན་མོངས་པར་འགྱུར་བ་ཡང་ངོ༌། །ལན་གཉིས་ལན་གསུམ་དུའོ་ཞེས་བྱ་བ་ནི་བསྒོ་བའི་ལས་སོ། །འདི་སྐད་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་དེ་ལ་བསྙིལ་བའི་ལས་བྱའོ། །ཉེ་བར་འཇོག་པ་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཉེ་བར་གཏོང་བར་བྱེད་ན་ཞེས་བྱ་བ་ནི་ལྟུང་བཟེད་ལ་སོགས་པ་ནས་སྟོན་པ་ལ་སོགས་པ་སྡུད་པའོ། །ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་ཉི་མ་དང་པོ་ཉིད་ལ་ལྟུང་བྱེད་དོ། །ཉི་མ་གསུམ་ལོན་ན་ལྟུང་བྱེད་གཉིས་སོ། །ལྷན་ཅིག་གནས་པ་སྦྱིན་པ་ནས་བསྟན་པ་སྦྱིན་པའི་བར་དུ་དེ་མ་ཐག་ཏུ་ལྟུང་བྱེད་དོ། །ལྟུང་བ་མ་མཐོང་བ་དང་ཕྱིར་མི་འཆོས་པས་གནས་ནས་ཕྱུང་བའི་དགེ་སློང་དང་ལོངས་སྤྱོད་ན་ཉེས་བྱས་སོ། །བདུན་པའོ།། །།རྒྱལ་པོའི་ཁབ་ན་སྟེ། རི་བོ་དང་ཡིད་འོང་གི་དུས་སྟོན་གྱི་ཚེ་གར་མཁན་གྱིས་དྲུག་སྡེ་ལ་འཕྱས་པ་དང༌། དེ་དག་གིས་ཀྱང་དེ་དག་གི་ཆ་ལུགས་ལྟ་བུར་གར་མཁན་གྱི་གོས་སྦྱར་ཏེ་གར་བྱས་པ་དང༌། འཇིག་རྟེན་པ་ཐམས་


DTG151_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དེར་ལྷགས་སོ། །དེ་ནས་གར་མཁན་དག་གིས་བྱ་དགར་ཅི་སྙེད་པ་ཐམས་ཅད་ཕྱིན་ཆད་ཀྱང་འཕྱས་སུ་མི་བྱེད་པའི་ཕྱིར་དེ་དག་ལ་སྦྱིན་ནོ། །ཚོན་གྱི་གཞིའི་དབང་དུ་མཛད་ནས། ཉེ་བར་མ་ཞི་བའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ། །སར་བ་ཞེས་བྱ་བ་ནི། སར་པ་ཉིད་སར་པ་ལ་བྱའི། དེ་དག་རྙེད་པ་ལ་ནི་མ་ཡིན་ནོ། །ཆོས་གོས་ཞེས་བྱ་བ་ནི་རྣམ་པ་བདུན་ནོ། །སྔོན་པོ་ཞེས་བྱ་བ་ནི་རམས་སོ། །གཞན་དག་ནི་ཨ་རུ་རའི་སྐྱོ་མ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བཞག་ན་སྔོན་པོར་འགྱུར་རོ་ཞེས་ཀྱང་ཟེར་རོ། །དེ་དག་ནི་སྔོན་པོ་ནི་རྣམས་ཉིད་དོ་ཞེས་ཀྱང་འདོན་ཏོ། །དམར་པོ་ཞེས་བྱ་བ་ནི་བཅག་གོ །དམར་པོ་ནི་དམར་པོ་ཉིད་དོ་ཞེས་བྱ་བ་ནི་ཉེ་བར་འདོན་ཏོ། །ངུར་སྨྲིག་ཅེས་བྱ་བ་ནི་ཤུན་ཕྲགས་ཏེ་རྩ་བ་ལ་སོགས་པ་རྣམ་པ་ལྔར་དབྱེའོ། །ཁ་ལོ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་ཁ་བསྒྱུར་བར་བྱའོ། །སྤྱོད་ན་ཞེས་བྱ་བ་ནི་གྱོན་པ་སྟེ་གྱོན་མ་ཐག་ཏུ་ལྟུང་བྱེད་དུ་འགྱུར་རོ། །ཚུན་ཆད་དུ་ཉེས་བྱས་སོ། །ཐ་ན་ལྷུང་བཟེད་ཀྱི་ཁ་དགབ་པ་ཡང་རུང་བར་བྱས་སོ། །གཞན་དག་ལས་ནི་ཐ་ན་རྐང་པ་དཀྲི་བ་དང༌། ཆུ་ཚགས་དང་ལྟུང་བཟེད་ཀྱི་སྣོད་དང་སྐ་རགས་ཀྱང་ངོ་ཞེས་འབྱུང་ངོ༌། །གོས་ཀྱི་རྒྱུའམ་སྤུན་མི་རུང་བ་འམ། གཉི་ག་ཡང་རུང་སྟེ། རུང་བར་མ་བྱས་ཏེ་གྱོན་ན་ཉེས་བྱས་སོ། །རུང་བར་བྱས་པ་ཞིག་རྒྱལ་པོ་ལ་སོགས་པས་ཕྲོགས་པ་སླར་ཐོབ་ན་ཡང་རུང་བ་དེ་ཉིད་ཀྱིས་སྤྱད་པར་བྱའོ། །ཁ་དོག་ངན་པར་མ་བསྒྱུར་བ་ལ་ཁ་དོག་ངན་པར་མ་བསྒྱུར་བར་འདུ་ཤེས་པ་རྣམ་པ་དྲུག་སྟེ། དེ་ཡང་བསླབ་པའི་གཞི་ཐམས་ཅད་དུ་བརྟག་པར་བྱའོ། །དགེ་འདུན་གྱི་མ་ལ་ཆ་དང༌། སྟན་མ་སྤྱད་པ་ཁ་ཚར་དང་བཅས་པ་བཅང་བར་བྱའོ། །ཁ་བསྒྱུར་བར་མི་བྱའོ། །ཆ་ག་ཅན་ལ་སོགས་པར་མི་བྱའོ། །གོས་དཀར་པོ་ཁ་ཚར་དང་བཅས་པ་གྱོན་ཏེ་ཕྱིར་འབྱུང་བར་མི་བྱའོ། །གལ་ཏེ་ཕྱི་རོལ་དུ་འགྲོ་ན་ནང་དུ་བགོས་ལ་ཇི་ལྟར་མི་སྣང་བར་ཕྱི་རོལ་ནས་གོས་ཁ་བསྒྱུར་བ་བགོ་བར་བྱའོ། །གལ་ཏེ་གནང་ན་ཁ་ཚར་བསྣོལ་བར་བྱའོ། །གང་སྦྱིན་པ་པོ་ལ་ཡིད་བརྟན་ཏེ་བཅང་བ་དེ་ཉིད་ནི་ཆོ་གའོ། །བརྒྱད་པའོ།། །།བཅོམ་ལྡན་འདས་ཀྱིས་གཏེར་གཟིགས་ཏེ། ཀུན་དགའ་བོ་སྤྲུལ་གྱི་དུག་གདུག་པའོ་ཞེས་བཀའ་སྩལ་པ་དང༌། འཕགས་པ་ཀུན་དགའ་བོས་དུག་དྲག་པོའོ་ཞེས་གསོལ་པ་དེའི་ཕྱིར་ཞི་བ་ཞིག་གཟུང་བ་


DTG151_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཆར་ཀས་ཀྱང་འཕོང་སློབ་པ་དང༌། གླུ་མཁན་གྱི་གནས་སུ་འོངས་ནས་ཁྱེའུ་རྣམས་གཙེས་པ་དང༌། ཉེ་དགས་ཀྱང་ལིཙྪ་བཱིའི་ཁྱེའུ་རྣམས་ཀྱི་རྒྱན་གཞག་པ་གནོད་སྦྱིན་གྱི་ནོར་རོ་ཞེས་བྱས་ནས་བླངས་པ་དང༌། དྲུག་སྡེ་རྣམས་ཀྱིས་ཀྱང་ལི་ཙྪ་བཱིའི་སྐྱེད་མོས་ཚལ་ན་འཐབ་མོའི་རོལ་མོའི་ཆ་བྱང་རྣམས་བརྡུང་བས་ན་མི་རུང་བ་བླངས་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དང་ཕོངས་པ་དང་མ་དད་པའི་ཉོན་མོངས་པ་ཡོངས་སུ་སྤང་བའི་ཕྱིར་ཡངས་པ་ཅན་དུ་དགུ་པ་བཅས་སོ། །རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང༌། མུ་ཏིག་དང༌། བཻརཱུ་ཪྻ་དང༌། མན་ཤེལ་དང༌། བྱི་རུ་དང༌། གསེར་དང༌། དངུལ་དང༌། ཨསྨ་གརྦྷ་དང་མུ་ས་ལ་གལ་བ་དང་སྡུག་དང་དམར་པོ་དང༌། གཡས་སུ་འཁྱིལ་བའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་གཡུལ་དོར་སྦྱད་པའི་ལག་ཆ་སྟེ། མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆ་ཐམས་ཅད་དོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལུས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ནང་ན་འདུག་པ་སྟེ། དེ་ཡང་རི་དགས་འཛིན་གྱི་མ་ལས་བརྩམས་ནས་རྗེས་སུ་གནང་བའོ། །ཀུན་དགའི་ར་བར་གཏོགས་པ་ན་ཞེས་བྱ་བ་ནི་གང་གཙུག་ལག་ཁང་གི་ཕྱི་རོལ་ཏེ་འདི་ཡང་དགེ་སློང་གིས་སྲེ་མོ་ལྟ་བུའི་རྒྱལ་བུ་མཐོང་ནས་གཞན་ལ་བྱིན་པའི་ཕྱིར་རྗེས་སུ་གནང་ངོ༌། །དེ་ལ་ཡང་ཀུན་དུ་སྤྱད་བ་ནི་གལ་ཏེ་འགའ་ཞིག་སློང་ན་དན་རྟགས་དྲི་བར་བྱའོ། །གལ་ཏེ་མཐུན་ན་སྦྱིན་པར་བྱའོ། །རྣམ་པ་གཞན་དུ་ན་ལོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་བཀག་སྟེ་འགྲོ་བར་བྱའོ། །ཡལ་བར་ཡང་མི་དོར་ཏེ་ཉི་མ་བདུན་ནམ་བརྒྱད་ཀྱི་བར་དུ་བསྲུང་བར་བྱའོ། །གལ་ཏེ་མ་འོངས་ན་དགེ་འདུན་གྱི་མཛོད་དུ་བཞག་ལ་ཟླ་བ་དྲུག་འདས་ནས་གལ་ཏེ་འོངས་ན་ཡང་སྦྱིན་པར་བྱའོ། །གལ་ཏེ་མ་འོངས་པ་དགེ་འདུན་གྱིས་དངོས་པོ་བརྟན་པོར་བཙོང་བར་བྱའོ། །འོངས་ན་ཡང་རྗེས་སུ་ཡི་རང་བར་བྱེད་དུ་གཞུག་པར་བྱའོ། །གལ་ཏེ་མི་བཏུབ་ན་སྦྱིན་པར་བྱའོ། །སྐྱེད་ནི་སྦྱིན་པར་མི་བྱའོ། །ནོར་བུ་ལ་སོགས་བརྡུངས་པ་འམ། མགུལ་གདུབ་ལ་སོགས་པའི་རྒྱན་ནམ། པི་བང་ལ་སོགས་པ་རྒྱུད་དུ་ལྡན་པ་འམ། བུད་དུང་


DTG151_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ངམ། གཞུ་རྒྱུད་དུ་བཅས་པ་འམ། ཨི་ལྱ་ལ་སོགས་པའི་རྔ་གཡོགས་པ་དང་བཅས་པ་འམ། མདའ་མདེའུ་དང་བཅས་པ་འམ། མདུང་ལ་སོགས་པ་མདུང་རྩེར་བཅས་པ་འམ། སྐུ་གཟུགས་སྐུ་གདུང་དང་བཅས་པ་བླངས་སམ། ལེན་དུ་བཅུག་ན་བླངས་མ་ཐག་ཏུ་ལྟུང་བྱེད་དོ། །སྦྱོར་བ་ལ་ནི་ཉེས་བྱས་སོ། །ནོར་བུ་ལ་སོགས་པ་མ་བདར་བ་དང༌། ཐ་ན་ནོར་བུ་མཆིང་བུ་འམ། རྡ་ལ་སོགས་པ་མ་སྦྱར་བ་འམ། དུང་བུད་དུ་མི་རུང་བ་འམ། ཐ་ན་སོག་མའི་རང་བཞིན་གྱི་ཕྲེང་བ་འམ། མདའ་མདེའུ་མེད་པ་འམ། སྐུ་གཟུགས་སྐུ་གདུང་མེད་པ་ལ་ཉེས་བྱས་སོ། །ཀླུ་ལ་སོགས་པའི་ནོར་བུ་བླངས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། རིན་པོ་ཆེའི་ཁྲིའུ་ལ་སོགས་པ་ལ་འདུག་ན་ཉེས་བྱས་སོ། །ལྷ་ལ་སོགས་པའི་གནས་སུ་ནི་ལྟུང་བ་མེད་དོ། །མཚོན་ཆ་མཚོན་དུ་མི་རུང་བར་བྱས་པ་ནི་བླང་བར་བྱའོ། །རྒྱན་གདགས་པར་མི་བྱའོ། །སྐུ་གཟུགས་སྐུ་གདུང་དང་བཅས་སམ། མ་བཅས་ཀྱང་རུང་སྟེ། སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་བླངས་པ་ལ་ནི་ལྟུང་བ་མེད་དོ། །ཚུ་ཤེལ་དང་མེ་ཤེལ་འཆང་བ་ལ་ནི་ལྟུང་བ་མེད་དོ། །དེ་ཡང་ཆོམ་རྐུན་པ་རྣམས་ལ་བསྟན་པར་མི་བྱའོ། །ཆུ་དང་མེ་ཕྱུང་ཞིང་ཡོད་པ་དེ་ནི་བགོ་བར་བྱའོ། །རིན་པོ་ཆེ་སྣ་བདུན་ལས་གཅིག་པུ་དགེ་འདུན་ལྷག་མའོ། །གཉིས་ལ་ནི་ཉེས་བྱས་སོ། །བཞི་ལ་ནི་ལྟུང་བ་མེད་དོ། །དགུ་པའོ།། །།རྒྱལ་པོའི་ཁབ་ཏུ་དྲུག་སྡེ་ས་ཆུ་དྲོན་ཅན་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་མཐོ་བཙམས་སོ། །ཁྲུས་བཀག་པ་ལས་དྲི་མི་ཞིམ་པ་དང་འཇིག་རྟེན་པ་ཡང་སྨོད་བས་ན་ཟླ་བ་ཕྱེད་ཅིང་རྗེས་སུ་གནང་ངོ༌། །དེ་ལས་གཞན་ཡང་དུས་ལ་བབ་པ་ནའོ། །དེ་ནས་བསླབ་པ་འདོད་པའི་བསྔགས་པ་བརྗོད་དེ། རང་དབང་མེད་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་གྱི་ཉོན་མོངས་པ་ཡོངས་སུ་སྤངས་པའི་ཕྱིར་བཅུ་པ་བཅས་སོ། །དེ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་འཁྲུ་བའོ། །ཅི་ལྟ་བུའི་དེ་ཞེ་ན། དེ་ལས་འདུམས་པར་ཚུན་ཆད་དུ་འཁྲུ་བ་སྟེ། མཚམས་དེ་ལས་འདའ་བར་རོ། །ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་ཟླ་བ་ཕྱེད་དང་གཉིས་ན་དབྱར་ཉེ་བར་གནས་པར་འགྱུར་བའོ། །དང་པོའི་ཟླ་བ་ཞེས་བྱ་བ་ནི་ཉེ་བར་བཞུགས་པའི་ཟླ་བའོ། །ན་བ་


DTG151_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སོ་ཞེས་བྱ་བ་ནི་ཅི་ལྟར་ཡང་མ་བཀྲུས་པའི་བར་དུ་འཚོ་བར་མི་ནུས་པའོ། །ལས་དང་ལམ་དུས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རླུང་དུས་སོ་ཞེས་བྱ་བ་ནི་ཐ་ན་ཆོས་གོས་ཀྱི་གྲྭ་རླུང་གིས་བསྐྱོད་བར་གྱུར་པའོ། །ཆར་དུས་སོ་ཞེས་བྱ་བ་ནི་ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་འབབ་པའོ། །གང་ན་གཉིས་ཀར་གྱུར་པ་དེ་ནི་རྫི་ཆར་དུས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དབང་བསྐུར་བས་འཁྲུ་འམ། ནང་དུ་ཞུགས་ནས་འཁྲུ་འམ། ཆུ་གྲང་མོ་འམ། ཆུ་དྲོན་མོ་འམ། ཀླུང་དྲག་ཏུ་འབབ་པ་འམ། དལ་ནས་འབབ་པ་ལ་ཡང་རུང་སྟེ་དུས་བྱིན་གྱིས་མ་བརླབས་པར་འཁྲུན་ཇི་སྲིད་ལྟེ་བར་ཆུས་མ་སོན་པ་དེ་སྲིད་དུ་ནི་ཉེས་བྱས་སོ། །ལྟེ་བར་སོན་ན་ལྟུང་བྱེད་དོ། །དབང་བསྐུར་བས་ཁྲུས་བྱས་ནས་ཆུའི་ནང་དུ་ཞུགས་ཏེ་འཁྲུར་འདོད་དམ། ཇི་སྲིད་དྲག་ཏུ་འབབ་པ་ལ་ཁྲུས་བྱས་ནས་དལ་གྱིས་འབབ་པ་ལས་འཁྲུར་འདོད་ན་ཡང་དུས་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གཞན་དུ་ན་ལྟུང་བ་དང་ལྟུང་བ་མེད་པ་སྔ་མ་བཞིན་ནོ། །ཆུ་ཀླུང་རྒལ་བ་དང༌། སྐམ་སའོ་སྙམ་པ་ལས་ལྟུང་བ་འམ། ཟམ་པ་ལ་ལྟུང་བ་འམ། འདྲེད་དམ། བརྒྱལ་བ་ལས་ཆུས་བཏབ་པ་འམ། ཅུང་ཞིག་དབྱུང་བར་འདོད་པ་ལ་རྐྱལ་བསླབ་པར་འདོད་པ་ལ་ལྟུང་བ་མེད་དོ། །གལ་ཏེ་བཀྲུ་བར་འདོད་ན་དུས་བྱིན་གྱིས་བརླབ་པར་བྱའོ། །ཆར་འབབ་པའི་ཚེ་ལུས་ཕྱུང་ནས་འདུག་པ་ལ་ལྟུང་བ་མེད་དོ། །དུས་སུ་བརྗོད་པ་ལ་ཡང་ལྟུང་བ་མེད་དོ། །དེ་ལ་ལས་དུས་སོ་ཞེས་བྱ་བ་གཏན་ལ་དབབ་སྟེ། །གཙུག་ལག་ཁང་སྐྱོང་གིས་ངེས་པར་ཕྱག་བྱའོ། །གལ་ཏེ་གཙུག་ལག་ཁང་རྒྱ་ཆེ་བ་ཞིག་ཡིན་ན་ཇི་སྲིད་ཡོངས་སུ་སྤྱོད་པ་ཚུན་ཆད་དོ། །ཕྱི་ནས་ཚེས་བརྒྱད་དང༌། བཅོ་ལྔ་ལ་ཡང་གཎྜཱི་བརྡུངས་ཏེ་ཆོས་ཀྱིས་རྣམ་པར་ངེས་པའི་གཏམ་མམ། འཕགས་པའི་ཅང་མི་སྨྲ་བ་ཉིད་ཀྱིས་སོ། །དགེ་འདུན་ཐམས་ཅད་ཀྱིས་ཕྱག་དར་བྱའོ། །དེའི་འོག་ཏུ་ཁྲུས་བྱའོ། །མཆོད་རྟེན་ལ་བསྟོད་པ་དང་བཅས་པས་ཕྱག་བྱས་ཏེ་ནང་དུ་འཇུག་པར་བྱའོ། །ཆག་ཆག་བཏབ་པ་འམ། ཕྱག་དར་བྱས་པ་འམ། སྐྱོང་ནུལ་བྱས་པ་ལ་ཡང་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་བཀླགས་ལ་བགོམ་པར་བྱའོ། །དེ་བཞིན་དུ་མཆོད་རྟེན་དང༌། དྲི་གཙང་ཁང་གི་གྲིབ་མ་


DTG151_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འམ། སྲོག་ཤིང་གི་གྲིབ་མ་ལ་ཡང་ངོ༌། །ཇི་སྐད་བསྟན་པའི་དུས་མ་གཏོགས་པར་གཞན་མཐའ་འཁོབ་ཀྱི་རྐྱེན་གྱི་དུས་དེར་ནི་རྟག་ཏུ་འཁྲུ་བར་རྗེས་སུ་གནང་ངོ་ཞེས་བྱ་བའོ། །དུས་གཞན་ཡང་རོ་ལ་རེག་པ་སྟེ། ཇི་སྐད་དུ་དགེ་སློང་ཤི་བ་ལ་སྲོག་ཆགས་བརྟགས་ཏེ་མེར་བསྲེག་པར་བྱའོ། །དེ་ཡང་མེད་ན་ཆུ་ཀླུང་ལ་བསྐུར་རོ། །ཡང་ན་ས་བརྐོ་བར་བྱའོ། །དབྱར་ཚང་ཚིང་གི་དབུས་སུ་མགོ་བོར་སྔས་བཅུག་ལ་ལྷོ་ཕྱོགས་སུ་ཁ་མངོན་དུ་ཕྱོགས་བ་ལ་ལོ་མ་ལྷགས་པས་གཡོགས་ལ་གཞག་གོ །བར་མར་ཆོས་བསྒྲགས་ལ་ཡོན་བཤད་པ་ལ་ཡང་སྦྱིན་བར་བྱའོ། །གང་གིས་རེག་པ་དེ་དག་གོས་དང་བཅས་པ་ཁྲུས་བྱའོ། །དེ་དག་ལས་གཞན་ནི་ལག་པ་དག་དང་རྐང་པ་དག་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྲེག་པའི་ལས་བྱས་པའི་དབང་ཕྱིར་དུས་ཀྱང་གཞན་ནོ་ཞེས་ཅི་སྐད་གསུངས་པ་ཡིན་ཏེ། སྤུ་གྲིའི་སོ་འམ། སྟེའུ་འི་སོ་ལྟ་བུར་སེན་མོ་རྣམས་གཅད་པར་བྱའོ། །འབྲུའི་ཁ་ལྟ་བུ་འམ། ར་བའི་ལྕོག་ལྟ་བུ་འམ། ཟླ་བ་ཕྱེད་པ་ལྟ་བུ་འམ། བྱིའུ་ཡི་མཆུ་ལྟ་བུར་མི་བྱའོ། །སེན་མོ་སྦྱིན་བར་མི་བྱ་སྟེ། དྲི་མ་དབྱི་བ་ལ་ནི་ལྟུང་བ་མེད་དོ། གཙུག་ཕུར་མི་གཞག་གོ །ཆན་པས་བྲེག་པར་མི་བྱའོ། །རྨའི་ཐན་འཁོར་གྱི་སྐྲ་བྲེག་པ་ལ་ནི་ལྟུང་བ་མེད་དོ། །གསང་བའི་གནས་ཀྱི་ཕྱོགས་སུ་བྲེག་པའི་ལས་མི་བྱའོ། །གང་ལ་རྨའམ་སྲོག་ཆགས་ཞུགས་ན་དེས་དགེ་སློང་གནས་བརྟན་དག་ལ་དྲིས་ཏེ་བྲེག་པར་བྱའོ། །བྱིན་པ་ལ་ཡང་མི་བྲེག་སྟེ། རྨའི་ཐན་ཀོར་ལ་ནི་ལྟུང་བ་མེད་དོ། །དགོན་པ་པས་ནི་སྐྲ་སོར་གཉིས་འཁྲིས་པ་བྲེག་གོ།། དེ་ལས་གཞན་པ་དག་གིས་ཀྱང་དེ་ཚུན་ཆད་དོ། །ཆོས་གོས་བགོས་ལ་སྐྲ་མི་བྲེག་མོད་ཀྱི་འོན་ཀྱང་སྐྲ་བཟེད་པའི་གོས་བགོས་ལའོ། །དེ་ཡང་མེད་ན་རྡུལ་གཞན་གྱིས་དཀྲིས་ཏེ་དགེ་སློང་གང་མཁས་པ་དེས་གང་ཕྱོགས་དབེན་པར་བྲེག་གོ །དེའི་ཕྱིར་ཡང་དགེ་འདུན་ལ་འདྲེག་པའི་སྣོད་སྤྱད་རྗེས་སུ་གནང་ངོ༌། །གང་དུ་དགེ་འདུན་ཕྱག་དར་དོར་བ་དེར་སེན་མོ་འམ། སྐྲ་མི་འདོར་རོ། །ནད་པ་འམ་རྒན་པོ་འམ། ཆར་འབབ་པ་ལ་སོགས་པ་རྣམས་ཀྱིས་བྱི་དོར་བྱའོ། །སྐྲ་བྲེག་པ་དང༌། དེའི་འོག་ཏུ་ཁྲུས་བྱའོ། །གང་ན་བའམ་རྒན་པ་འམ། ཡང་ན་ཆུ་མེད་ན་དེ་དག་གིས་ཡན་ལག་ལྡ་བཀྲུ་


DTG151_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །བཀྲུ་བའི་ཀུན་དུ་སྤྱད་པ་ནི་དང་པོར་དེ་རེ་ཞིག་ཡོངས་སུ་ལས་བྱེད་དུ་རུང་བ་བཙལ་ལོ། །གོས་གཅིག་པས་གོས་གཅིག་པ་ལ་མ་ཡིན་སེང་གེ་ལྟ་བུ་ལ་མ་ཡིན། དེ་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་པ་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མ་དང༌། ཕ་དང༌། ནད་པ་དང༌། སློབ་དཔོན་དང༌། མཁན་པོ་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ཡིན་ན་ཡང་བྱའོ། །མ་དད་པ་འམ། གསར་དུ་དད་པ་ཀུན་དུབ་ཡ་བའི་ལས་བྱེད་དུ་གཞུག་པར་མི་བྱའོ། །བསྲོ་གང་གི་ནང་དུ་ཞུགས་པའི་ཚེ་ཡང་དེ་དག་གན་དུ་བཞུགས་པར་མི་བྱའོ། །དེ་ནས་དུས་སེམས་ལ་བྱས་ཏེ་ཁྲུས་བྱས་སོ། །སོ་ཕག་གམ། ཉ་ཕྱིས་ཀྱིས་རྐང་པའི་མཐིལ་དྲུད་ཀྱི་ལུས་དྲུད་པར་མི་བྱའོ། །སྒྲེན་མོར་ཁྲུས་མི་བྱའོ། །འོན་ཀྱང་ཁྲུས་རས་རིམ་པ་གཅིག་པ་བཅད་བར་བྱའོ། །གལ་ཏེ་རིམ་པ་གཉིས་པ་ཞིག་ཡིན་ན་ལག་པས་ཆུ་བརྟགས་ཏེ་ཁྲུས་བྱའོ། །གང་ལ་མེད་པ་དེས་དབེན་པའི་ཕྱོགས་སུ་འདབ་མ་ལྷགས་པས་གཡོགས་ལ་བཀྲུའོ། །གང་དུ་སོན་ན་སྲོག་ཆགས་དུས་འདས་པར་འགྱུར་བ་དེར་ཁྲུས་མི་བྱའོ། །དེ་ནས་ལངས་ཏེ་ཡུད་ཙམ་ཙོག་ཙོག་པོར་འདུག་པར་བྱའོ། །རིམ་པ་གཅིག་པར་བྱ་སྟེ། སྲོག་ཆགས་མེད་པར་གྱུར་པས་དེ་ཡང་བཀྲུ་བར་བྱའོ། །ལུས་སྐམས་ནས་གོས་རྣམས་བགོ་བར་བྱའོ། །ཡང་ན་ལུས་ཡོངས་སུ་ཕྱི་བས་ལུས་ཡོངས་སུ་ཕྱི་བར་བྱའོ། །དེ་ཡང་མེད་ན་ཁྲུས་རས་ཀྱིས་ཀྱང་ངོ༌། །ཆོ་ག་ཇི་སྐད་བསྟན་པ་བཞི་ན་མ་བྱས་ན་ཐམས་ཅད་ཉེས་བྱས་སོ། །བཅུ་པའོ།། །།བཅུ་པོ་འདི་དག་ནི་བསོད་སྙོམས་ལ་རྒྱུ་བ་ཡོངས་སུ་སྤྱོད་པ་དང༌། མེ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། ལས་ལ་ཡོངས་སུ་ལོངས་སྦྱོད་པ་དང༌། ཉལ་བ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། ཆོས་ཀྱི་ལོངས་སྤྱོད་ལ་ཡོངས་སུ་ལོངས་སྤྱོད་པ་དང་ཆོས་གོས་ལ་ཡོངས་སུ་ལོངས་སུ་སྤྱོད་པ་དང༌། ལྟུང་བ་མ་མ་ཐོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། ཁྲུས་ལ་ཡོངས་སུ་ལོངས་སྤྱོད་པར་རིག་པར་བྱ་སྟེ། གཅིག་དང༌། གཅིག་དང༌། གཅིག་དང་གསུམ་པོ་རྣམས་དང༌། གཅིག་དང༌། གཅིག་དང༌། གཅིག་དང་གོ་རིམས་བཞིན་ནོ། །ཚོགས་དྲུག་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་འཕོང་རྩལ་སློབ་པའི་གནས་སུ་


DTG151_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་མདའ་ལྔས་བསྒྲུབས་པས་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་གཞིའི་དབང་དུ་མཛད་དེ། མི་བཟོད་པ་དང༌། སྙིང་རྗེ་མེད་པའི་ཉོན་མོངས་པ་དག་གིས་དུད་འགྲོའི་ཚོགས་དང་པོར་བཅས་སོ། །བསམས་བཞིན་དུ་ཞེས་བྱ་བ་ནི་སྲོག་ཆགས་སུ་འདུ་ཤེས་པ་དང། གསད་པར་འདུ་ཤེས་པའོ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི་བྱ་རོག་གམ། དེ་ལས་གཞན་སྦྲུལ་ལ་སོགས་པ་སྟེ། དེས་ནི་སྲོག་ཆགས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། སྲོག་ཆག་གསོད་ཅེས་བྱ་བ་ནི་སྲོག་དང་ཕྲལ་བའོ། །སྲོག་ཆགས་གསོད་པའི་ཕྱིར་བསྣུན་མ་ཐག་ཏུ་ལྟུང་བྱེད་དོ། །ཁ་ཅིག་ནི་མ་ཤི་ན་ཡང་ངོ་ཞེས་ཟེར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ལུས་ཀྱིས་སམ་ལུས་དང་འབྲེལ་བས་སམ། ལུས་ཀྱིས་འཕགས་པས་ཀྱང་རུང་བསད་པར་སེམས་ལ་བསྣུན་ན་དེ་དེའི་ཚེའམ་དེ་ལས་གཞན་དུའང་རུང་སྟེ་དེ་ཉིད་ཀྱིས་སི་ན་ལྟུང་བྱེད་དོ། །མ་ཤི་ན་ཉེས་བྱས་སོ། །གཞན་གྱིས་ཀྱང་ཐ་ན་སྨྱོ་བས་སམ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་གང་ཡང་རུང༌། བསད་ན་ལྟུང་བྱེད་ཉིད་དོ། །སྤྲིང་ཡིག་གམ། ལག་རྩིས་ཀྱི་ཉེས་བྱས་ཉིད་དོ། །གཞན་ཡང་བསད་དོ་སྙམ་པ་ལས་གཞན་བསད་དམ་སྲོག་ཆགས་མ་ཡིན་པ་ལ་སྲོག་ཆགས་སུ་འདུ་ཤེས་ན་ཉེས་བྱས་ཉིད་དོ། །ཁ་ཅིག་ནི་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ། །ཐག་པ་གཏུབ་པོ་སྙམ་པ་ལས་སྦྲུལ་གཏུབས་ན་ལྟུང་བ་མེད་དོ། །དུད་འགྲོའི་སྐྱེ་གནས་ལ་དུད་འགྲོའི་སྐྱེ་གནས་སུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །དང་པོའོ།། །།མཉན་ཡོད་ན་སྟེ། ཉེ་དགས་བཅུ་བདུན་སྡེ་རྣམས་ཐོས་པ་འཛིན་པ་ལས་དེ་བར་ཆད་དུ་བྱ་བའི་ཕྱིར་ཁྱེད་ཐོས་པས་ཅི་ཞིག་བྱ། ཁྱེད་ནི་བསྙེན་པར་མ་རྫོགས་པའོ་ཞེས་སྨྲས་པ་ན། རྩེད་མོའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་བས་ན་གཉིས་པ་བཅས་སོ། བསམས་བཞིན་དུ་ཞེས་བྱ་བ་ནི་འགྱོད་པ་དབྱུང་བར་བསམ་པའོ། །བདེ་བ་ལ་མི་རེག་པར་ཞེས་བྱ་བ་ནི་ཡིད་དུ་མི་འོང་པའོ། །དེ་ཉིད་ཅེས་བྱ་བ་ནི་གཞན་བསམ་པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་དགེ་འདུན་གཞི་དེས་རིགས་པ་འམ་མི་རིགས་པར་ཡང་རུང་བ་བདེ་བ་ལ་མི་རེག་པར་བྱ་བར་བསམས་ནས། དུས་དང༌། མཚམས་དང༌།


DTG151_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དང༌། མཁན་པོའི་ཉེས་པས་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཏེ། ཡང་བསྙེན་པར་རྫོགས་པར་བྱ་དགོས་སོ་ཞེས་ཟེར་བ་དང༌། ཁྱོད་གནས་ཆེ་གེ་མོ་ཞིག་ཏུ་སོང་ནས་སློབ་དཔོན་དང་མཁན་པོའི་ཆོས་གོས་ཕྲོགས་པ་དང༌། ཁྱོད་ཀྱིས་ནི་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ལ་སོགས་སྨྲས་པས་ན་ཁྱོད་ལ་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་ཟེར་ན་གལ་ཏེ་དགེ་སློང་ལ་འགྱོད་པ་སྐྱེས་སམ་མ་སྐྱེས་ཀྱང་རུང་སྟེ་ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་དང་ཕམ་པར་འགྱུར་བ་མ་གཏོགས་པར་དོན་གཞན་གྱི་ཕྱིར་ཟེར་བ་ན་ཉེས་བྱས་སོ། །བསླབ་པ་བྱིན་པ་དང་བརྡ་མ་ཕྲད་པ་ལ་འགྱོད་པ་སྐྱེད་པར་བྱེད་ན་ཉེས་བྱས་སོ། །དོན་གཞན་ནམ་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ཉིད་དེ། དུས་ལ་སོགས་པ་ཉེ་བར་བསྡུ་བ་འམ། ཁྱོད་ལེགས་པར་བསྙེན་པར་རྫོགས་ཀྱིས་སྤྱོད་ཡུལ་མ་ཡིན་པར་མ་འགྲོ་ཞིག །མ་རུང་བར་གྱུར་ཏ་རེ་ཞེས་བྱ་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལ་དགེ་སློང་དུ་འདུ་ཤེས་རྣམ་པ་དྲུག་ཏུ་སྦྱར་ཏེ་ལྟུང་བྱེད་གཉིས་དང༌། ཉེས་བྱས་བཞིའོ། །ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་དགེ་སློང་དུ་འདུ་ཤེས་སམ། དེ་ལས་གཞན་པ་ལ་དེར་འདུ་ཤེས་པ་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ། །འགྱོད་པར་གྱུར་ཏམ་མ་གྱུར་ཀྱང་རུང་སྟེ། གཞན་ཡང་རྣམ་པ་དྲུག་ཏུ་སྦྱར་རོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེ་ལས་བཅུ་དྲུག་གིས་གཅིག་ལ་བཟོད་པར་བྱ་བ་འདོད་དེ་སྲོ་མོས་ག་ག་ཚིལ་བྱས་པ་དང༌། དེ་ཤིན་ཏུ་དགོད་པ་ལས་ཤི་བའི་ཕྱིར་རྩེད་མོའི་གཞིའི་དབང་དུ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པས་ན་གསུམ་པ་བཅས་སོ། །འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་སམ། དྲེག་པར་སེམས་པས་དགེ་སློང་གིས་དགེ་སློང་ལ་སོར་མོ་གཅིག་གམ་རྐང་པའི་སེན་མོའི་བར་དུ་ཡང་རུང་སྟེ། ཇི་སྙེད་ཀྱིས་ག་ག་ཚིལ་བྱས་པ་ལ་ལྟུང་བྱེད་ཀྱང་དེ་སྙེད་དུ་འགྱུར་རོ། །གལ་ཏེ་གཅིག་གམ་གཉི་ག་ཡང་རུང་ལུས་ཀྱི་དབང་པོ་ཉམས་པ་ཞིག་ཡིན་ན་ཉེས་བྱས་སོ། །རྨ་འམ་སྦྲང་བུ་ལ་སོགས་པ་འམ། རྡོ་འམ་ཤིག་གམ། མཛེར་པ་འམ། སྨེ་བ་འམ། སྤུ་འཁྱིལ་བ་སྟོན་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལ་དགེ་སློང་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ་ལྟུང་བྱེད་གཉིས་དང༌། ཉེས་བྱས་བཞིའོ། །ག་ག་ཚི་ལ་ལ་ག་ག་ཚི་ལ་དུ་འདུ་ཤེས་པ་ཡང་རྣམ་པ་དྲུག་ཏུ་


DTG151_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེ་རྣམས་ཆུ་ཀླུང་གནས་ཅན་གྱི་ནང་དུ་རྩི་བ་གསལ་རྒྱལ་གྱིས་མཐོང་སྟེ་མ་དད་པར་གྱུར་པའི་ཕྱིར་རྩེད་མོའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་གཞི་བའི་ཉོན་མོངས་པས་ན་བཞི་པ་བཅས་སོ། །ཆུ་ལ་རྩེན་ཞེས་བྱ་བ་ནི་ཆུ་ལ་དགའ་བའོ། །གཞི་དགུས་ལྟུང་བར་འགྱུར་ཏེ། རྩེ་བ་དང༌། རྩེར་གཞུག་པ་དང༌། རྩེད་མོ་དང༌། རྩེད་མོ་བྱེད་དུ་གཞུག་པ་དང༌། དགའ་བ་དང༌། དགའ་བར་བྱེད་དུ་གཞུག་པ་དང༌། རྒོད་བག་དང༌། འཕྱར་གཡེང་དང༌། ལུས་རྣམ་པར་འགྱུར་བར་བྱེད་པ་དང༌། དེ་ལ་ཆུ་ཕན་ཚུན་འཐོར་པར་བྱེད་པ་དང། སྟེང་དུ་འབྱུང་བ་དང༌། ནང་དུ་བྱིའུ་བྲུལ་བྱེད་པ་དང༌། འགྲོ་བ་ལ་སོགས་པ་དང༌། ཆུ་ལ་རྔ་བོ་ཆེ་ལ་སོགས་པ་ལྟ་བུར་བརྡུང་བ་སྟེ། རང་གིས་བྱེད་པ་དང༌། གཞན་ལ་བྱེད་དུ་གཞུག་པའི་གཞི་དྲུག་དང༌། དེ་དག་ལ་ཡིད་དང༌། ངག་དང༌། ལུས་ཀྱི་དབྱེ་བས་ཕྱེ་བ་ལ་ཡང་གཞི་རྣམ་པ་གསུམ་གྱིས་བསྣན་ཏེ་དགུའོ། །དགེ་སློང་གིས་རྩེ་བར་བསམས་ནས། ཁྲི་ལས་ལྡང་བ་དང༌། ཤམ་ཐབས་གྱོན་པ་དང༌། བླ་གོས་གྱོན་པ་དང༌། སོང་ནས་ཁྲུས་ཀྱི་རས་བགོས་ཏེ། ཆུའི་ནང་དུ་འཇུག་ན་ཆུ་ཆུང་ཡང་རུང་ཆེ་ཡང་རུང༌། གཏིང་ཟབ་ཀྱང་རུང་མི་ཟབ་ཀྱང་རུང༌། རྩེ་བར་རུང་ཡང་བླ། མི་རུང་ཡང་བླ་སྟེ། ནང་དུ་ཞུགས་ན་ཉེས་བྱས་སོ། །དེ་ཡང་སྦྱོར་བའི་ཆོ་ག་ཡིན་ཏེ། བསླབ་པའི་གཞི་ཐམས་ཅད་དུ་ཡང་རིག་པར་བྱའོ། །གྱེན་དུ་འབྱུང་ངམ། བྱིའུ་ཟུལ་བྱས་སམ། ཕ་རོལ་དུ་འགྲོ་བ་འམ། ཚུ་རོལ་དུ་འོང་ངམ། ཆུའི་རྒྱུན་ནམ། སླར་གྱེན་དུ་རྒྱལ་ལམ། ཆུ་ལ་རྫ་རྡ་ལ་སོགས་པ་བྱེད་དམ། ཐ་ན་ཆུ་ལ་རི་མོ་འདྲི་འམ། བུམ་པ་ལ་སོགས་པ་ཆུས་གང་བ་འམ། འུ་ཤ་ལ་སོགས་པས་གང་བ་འམ། ཆུ་ལ་རྔ་བོ་ཆེ་ལྟ་བུར་བརྡུངས་ན་ལྟུང་བྱེད་དོ། །བེམ་ཏོལ་བསྣུན་ན་ཉེས་བྱས་སོ། །སིམ་པར་བྱ་བར་བསམས་པ་དང༌། ཕ་རོལ་དུ་རྒལ་བར་བསམས་པ་དང༌། རྐྱལ་བསླབ་པར་བསམས་པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་རྐྱལ་པ་དེ་གོམ་པར་བྱའོ་ཞེས་གསུངས་སོ། །གཞན་ཡང་གཏོར་ན་ཆུའི་ཐིགས་པ་ཇི་སྙེད་ལ་ལྟུང་བྱེད་ཀྱང་དེ་སྙེད་པར་འགྱུར་རོ། །བསིལ་བར་བྱ་བར་བསམས་པ་ལ་ལྟུང་བ་མེད་དོ། །འབྲུ་མར་ལ་སོགས་པ་གཏོར་ན་ཉེས་བྱས་སོ། །ཆུ་ལ་མ་གཏོགས་པར་གཞན་གྱིས་དགའ་བར་བྱས་ན་


DTG151_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །ཆུ་ལ་ཆུ་ར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ། །ཁ་ཅིག་ནི་ཆུ་མ་ཡིན་པ་ལ་ཆུར་ཉེ་བར་འདུ་ཤེས་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ། །བཞི་པའོ།། །།མཉན་ཡོད་ན་སྟེ། མ་འགགས་པ་སྐྱེས་བ་མེད་བའི་བུད་མེད་ཀྱི་ཁྱིམ་དུ་ཉལ་བ་ན་དེ་དེས་མི་རིགས་པས་མགྲོན་དུ་གཉེར་ཏེ། མཐུས་ཀྱང་གཟུང་བར་བརྩམས་པ་དང༌། བུད་མེད་ཀྱི་ཡུལ་གྱི་གཞིའི་དབང་དུ་མཛད་དེ། མ་དད་པའི་ཉོན་མོངས་པས་ན་ལྔ་པ་བཅས་སོ། །བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཅེས་བྱ་བ་ནི་མིའི་རིགས་མི་ཚངས་པར་སྤྱོད་པ་བསྟེན་པར་བཟོད་པའོ། །རྣམ་གྲངས་གཞན་དུ་ན་གལ་ཏེ་ཡན་ལག་ཐམས་ཅད་གཟུང་དུ་རུང་བ་ལ་ཡང་བྱའོ། །ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་རྣམ་པ་བཞི་པོ་སྔར་སྨོས་པར་སྐྱ་རེངས་ཤར་བར་བྱེད་ན་ལྟུང་བའི་མཐའོ། །སྐྱ་རེངས་ཤར་ཚུན་ཆང་དུ་ནི་ཉེས་བྱས་སོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་འོག་ཁང་དུ་ཉལ་ལ་བུད་མེད་ཀྱི་ཡུལ་སྟེང་ཁང་དུ་ཉལ་ན་དེས་ཡ་གད་ཕོག་ལ་དྲུང་དུ་བཞག་གོ །ཡང་ན་སྒོ་བཅད་དེ་སྒོ་གཏན་གཞུག་པར་བྱའོ། །ཡང་ན་དགེ་སློང་བསྲུང་བ་བཞག་གོ །རྣམ་པ་གཞན་དུ་ན་སྐྱ་རེངས་ཤར་ན་ལྟུང་བྱེད་དོ། །སླར་བཟློག་པ་ཡི་ནི་སྐས་སྟེང་དུ་བརྟུལ་བར་བྱའོ། །དེ་བཞིན་དུ་གནས་ཁང་དང༌། ཁང་བཟངས་དང༌། སྒོ་གང་དང༌། བང་རིམ་ཁང་ཡང་རུང་སྟེ། ཁང་བཟངས་དང་ཁྱམས་ན་འདུག་ན་ཁྱད་པར་དུ་ནི་སྒོའི་ཕྱི་རོལ་དུ་བཅིང་བར་བྱའོ། །བ་ལང་གི་ལྷས་སམ་ཕྱུགས་ལྷས་སམ། ཇི་སྐད་བསྟན་བའི་ཁང་བཟངས་ཡང་རུང་སྟེ་རང་ཉལ་བའི་ས་རེ་སྡེ་དག་གམ་ཚེར་ཐག་དག་གམ། ཡལ་ག་ལ་སོགས་པ་རྣམས་ཀྱིས་བསྐོར་བར་བྱའོ། །ཡང་ན་དགེ་སློང་གཞག་གོ །རྣམ་པ་གཞན་དུ་སྐྱ་རེངས་ཤར་ན་ཉེས་བྱས་སོ། །ཚུན་ཆད་སྔར་ཡང་ཉེས་བྱས་ཉིད་དོ། །ལྷ་དང་ཀླུ་ལ་སོགས་པའི་བུ་མོ་རྣམས་ཀྱི་གཟུགས་སྣང་བ་ན་ཡང་ཉེས་བྱས་སོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ནི་ཐ་ན་བྱ་གག་མོ་དང༌། དེས་ལྷན་ཅིག་ཉལ་ན་ཡང་ཉེས་བྱས་སོ། །དེ་ལས་ཆུང་བ་ལ་ནི་ལྟུང་བ་མེད་དོ། །རྩྭ་སྟུག་པོ་འམ། ནགས་སྟུག་པོ་འམ། འོང་མ་སྟུག་པོ་འམ། ཤིན་ལྗོན་པ་ཁོང་སྟོང་ངམ། བྱ་སྐྱིབས་སུ་བུད་མེད་དང་ལྷན་ཅིག་ཉལ་ན་ཉེས་བྱས་སོ། །སྟོབས་མེད་པའི་བུད་མེད་དང་ཡང་ཉེས་བྱས་ཉིད་


DTG151_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཙུག་ལག་ཁང་དུ་མང་པོ་འབྲེལ་པ་ཞིག་ཡིན་ལ་སྒོ་ཐ་དད་པ་དེར་བུད་མེད་དང་ཉལ་ན་ལྟུང་བྱེད་དོ། །བསྙེན་པར་མ་རྫོགས་པ་དང་ཉལ་བ་ལ་མ་ཡིན་ནོ། །གལ་ཏེ་གང་དུ་བྱ་གག་མོ་གཅིག་ནས་གཉིས་པར་འགྲོ་ནའོ། །བུད་མེད་ལ་བུད་མེད་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །གལ་ཏེ་ཉལ་བ་ལས་ཕྱིས་བུད་མེད་ཀྱི་ཡུལ་ཡང་ཉལ་ཏེ་དེ་ལ་འདུ་ཤེས་མེད་ཀྱང་ལྟུང་བའོ། །ཁ་ཅིག་ནི་གང་འདིར་ཡང་བུད་མེད་མ་ཡིན་ཀྱང་བུད་མེད་དུ་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ། །བདག་པོས་བསྲུངས་པ་ལ་ལྟུང་བ་མེད་དོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་བཅུ་བདུན་སྡེ་རྣམས་ཀློག་ཅིང་འཁོད་པ་ལ་ལབ་བཟློག་སྟེ་བགོས་ནས་འབྱུང་པོ་ཞེས་བསྡིགས་པས་ན་རྩེད་མོའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་དྲུག་པ་བཅས་སོ། །བཞད་གད་བྱ་བར་བསམས་ཀྱང་ཞེས་བྱ་བ་ནི་རྩེད་མོར་བསམས་པ་སྟེ། ཀྱང་ཞེས་བྱ་བའི་སྒྲ་ནི་གཙེ་བར་བསམས་པ་གཟུང་ངོ༌། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་སྡངས་པར་བྱ་བ་མངོན་པར་བསམས་ཏེ་ཤ་ཟ་ལ་སོགས་པ་གང་ཡིད་དུ་མི་འོང་པའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རེག་བྱ་རྣམས་ཉེ་བར་བསྡུས་ནས་འདི་སྐད་ཅེས་ཀྱང་ཟེར་ཏེ། དེ་དག་ཁྱོད་ལ་གསོད་པར་བྱེད་དོ་ཞེ་ན། དགེ་སློང་འཇིགས་པར་འགྱུར་ཏམ་མ་གྱུར་ཀྱང་རུང་སྟེ། སྨྲས་མ་ཐག་ཏུ་ལྟུང་བྱེད་དོ། །རྒྱལ་པོ་ལ་སོགས་པ་གང་ཡིད་དུ་འོང་བའི་གཟུགས་ལ་སོགས་པ་བཟུང་ནས་འདི་སྐད་ཅེས་ཀྱང་ཟེར་ཏེ། དེ་ཁྱོད་ལ་གསོད་པར་བྱེད་དོ་ཞེས་ཟེར་ན་ཉེས་བྱས་སོ། །བསླབ་པ་བྱིན་པ་དང༌། དེ་ལས་གཞན་པའི་རབ་ཏུ་བྱུང་བ་རྣམས་ལ་སྡངས་པར་བྱེད་པ་ན་ཡང་ཉེས་བྱས་སོ། །སེམས་ཅན་དམྱལ་བ་ལ་སོགས་པའི་གཏམ་ཟེར་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལ་དགེ་སློང་དུ་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་བཞིའོ། །ཡོད་པ་ལ་ཡོད་པར་འདུ་ཤེས་པ་ཞེས་བྱ་བ་ནི་གཞན་རྣམ་པ་དྲུག་གོ །ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་ཡང་དགེ་སློང་དུ་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེ་དང་དྲུག་སྡེ་རྣམས་ཆུའི་ནང་དུ་རྩེ་བ་ལས་གཏིང་


DTG151_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིང་བར་ཤེས་ཏེ། དེ་དག་གིས་ཆོས་གོས་རྣམས་ཚང་ཚིག་གི་ནང་དུ་སྦས་ཏེ་དོང་བས་ན་རྩེད་མོའི་གཞིའི་དབང་དུ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ། །དགེ་སློབ་མ་ཞེས་བྱ་བ་ནི་གང་ཁྱིམ་གཟུང་བ་ལོ་བཅུ་གཉིས་ལོན་པའམ། གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་ཆོས་དྲུག་དང༌། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །ཆོས་དྲུག་ནི། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོ་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེ་ག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཞིང༌། །ཁ་ན་མཐོ་འཆབ་མི་བྱ། །རྗེས་སུ་མཐུན་པའི་ཆོས་དྲུག་ནི། །གསེར་ལ་གཟུང་བར་མི་བྱ་ཞིང༌། །མདོམས་ཀྱི་སྤུ་ནི་བྲེག་མི་བྱ། ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོ་དག་ནི་གཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །ཡོངས་སུ་གནས་པར་མི་བཟའོ། །ལྷུང་བཟེད་ཅེས་བྱ་བ་ནི་གང་ཡང་རུང་བའོ། །ཆོས་གོས་ཞས་བྱ་བ་ནི་རྣམ་པར་བརྟགས་པར་གྱུར་པའོ། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོང་སྒྱེའུའོ། །ཁ་ཅིག་ལས་དྲ་བ་ཞེས་བྱ་བ་ནི་དྲ་བ་ཉིད་དེ། ལྷུང་བཟེད་གཞན་གྱིའོ་ཞེས་ཀྱང་འབྱུང་ངོ༌། །ལྷུང་བཟེད་ཀྱི་སྣོད་ནི་བརྒྱ་བྱིན་ལ་བརྟེན་ནས་རྗེས་སུ་གནང་བའོ། །དེ་ལས་གཞན་པའི་དྲ་བ་དང༌། ཁར་བ་ནི་ནད་པ་དང་རྒན་པོ་ལ་སྡོམ་པས་འཆང་དུ་རྗེས་སུ་གནང་བའོ། །ཕོར་བུ་ཅན་ཞེས་བྱ་བ་ནི་ཁ་ཕོར་རོ། །སྐ་རགས་ཞེས་བྱ་བ་ནི་སྐ་རགས་གསུམ་དུ་རྗེས་སུ་གནང་བ་སྟེ། ཤུར་བུ་དང༌། ལྕག་ཕོད་དང༌། ཤུར་བུ་ཕྲེའུ་འོ། །གཞན་ལས་ནི་དང་པོར་ལྷས་མ་ཡང་ཞེས་འདོན་ཏོ། །ཚོམ་བུ་ཅན་དང༌། ཚར་ཚར་ཅན་དང་ཟླ་གམ་ཅན་དང༌། གསེར་སྐུད་དག་ནི་རུང་བ་མ་ཡིན་པའི་ཕྱིར་བཀག་གོ །གང་ཡང་རུང་བ་ཞེས་བྱ་བ་ནི་ཁབ་རལ་ལ་སོགས་པའོ། །དགེ་སྦྱོང་ཞེས་བྱ་བ་ནི་དང་པོར་གང་དགེ་སྦྱོང་གི་རུང་བའོ། །མི་རུང་བ་ལ་ནི་དངོས་གཞིའི་ལྟུང་བར་མི་འགྱུར་རོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པས་བརྐུ་བར་དོགས་ཏེ་སྦས་པ་ལ་ཉེས་པ་མེད་དོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གནོད་པར་བྱ་བར་འདོད་དམ། རྩེད་མོ་བྱ་བར་འདོད་ཀྱང་རུང་སྟེ། གང་ཟག་དེའི་འམ་གཞན་གྱི་ཡང་རུང༌། དེ་ཉིད་ཡིན་ནམ་དེ་མ་ཡིན་ཡང་རུང༌། དེར་འདུ་ཤེས་པར་གྱུར་ཏེ་སྦས་ན་གཞན་


DTG151_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པར་གྱུར་ཏམ་མ་གྱུར་ཀྱང་རུང་སྟེ་སྦས་མ་ཐག་ཏུ་ལྟུང་བྱེད་དོ། །གསེར་ལ་སོགས་པའི་ལྷུང་བཟེད་དམ། ལྷུང་བཟེད་སྤངས་པ་ལ་སོགས་པ་འམ། ཆོས་གོས་མི་རུང་བ་འམ། ཐགས་སུམ་བཏགས་པ་འམ། ཚད་ལས་ཆུང་བ་འམ། བསླབ་པ་བྱིན་པ་འམ། ཁས་བླངས་པས་ཁས་མ་བླངས་པའི་འམ། སླར་བཟློག་པ་ཡང་རུང་དེ་ལས་གཞན་པའི་དགེ་སྦྱོང་དང༌། བྲམ་ཟེའི་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་གཅིག་སྦས་ཀྱང་རུང་སྟེ་ཉེས་བྱས་སོ། །བདུན་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་གནས་པར་བྱེད་པ་རྣམས་ལ་ཆོས་གོས་རྣམས་སྦྱིན་པ་དང༌། དེ་དག་གིས་བདག་ཉིད་ཀྱིའོ་སྙམ་པས་ལགས་པར་ཁ་བསྒྱུར་ཏེ་ཡུལ་གཞན་དུ་འགྲོ་བ་རྣམས་ཀྱིས་དེ་ཉིད་ཀྱི་ལག་ཏུ་གཞག་གོ །དེས་ཀྱང་བགོས་ཏེ་དྲི་མ་ཅན་དུ་བྱས་ནས་དེ་བཞིན་དུ་སླར་བཞག་པས་ན་ཆོས་གོས་སྦྱིན་པ་དང་མི་སྦྱིན་པའི་གཞིའི་དབང་དུ་མཛད་དེ་ཕོངས་པ་ལ་སོགས་པའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ། །ཆོས་གོས་ཞེས་བྱ་བ་ནི་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་སོ། །བྱིན་ནས་ཞེས་བྱ་བ་ནི་ངེས་པར་བྱིན་པའོ། །གདེང་མེད་པར་ཞེས་བྱ་བ་ནི་མ་བརྙས་པའོ། །སྤྱོད་ན་ཞེས་བྱ་བ་ནི་བགོས་པའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་གོས་བྱིན་ཏེ་དེས་མ་རིག་པ་དང༌། མ་བརྙས་པར་བགོ་བར་འདོད་པ་ལ། མ་བརྙས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་བགོས་ན་བགོས་མ་ཐག་ཏུ་ལྟུང་བྱེད་དོ། །སྦྱོར་བ་ལ་ནི་ཉེས་བྱས་སོ། །བསླབ་པ་བྱིན་པ་ལ་སོགས་པ་འམ། མི་རུང་བ་ལ་སོགས་པའི་གོས་མ་བརྙས་པར་བགོས་ན་ཉེས་བྱས་སོ། །དགའ་བ་དང་ཡིད་དུ་འོང་བ་དང༌། གཅུགས་པ་དང༌། ཐོས་ནས་མཆོག་ཏུ་དགའ་བ་བསྐྱེད་པར་གྱུར་ན་ལྟུང་བ་མེད་དོ། །མ་བརྙས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུའོ། །ཁ་ཅིག་ནི་བརྙས་ཀྱང་མ་བརྙས་པར་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ། །བརྒྱད་པའོ།། །།རྒྱལ་པོའི་ཁབ་ཏུ་སྟེ། མཛའ་བོ་དང་ས་ལས་སྐྱེས་དག་དགེ་སློང་མ་ཨུཏྭལའི་མདོག་གི་མགོ་ལ་གྱད་བུ་ནོར་གྱི་ཆོས་གོས་རེག་པ་མཐོང་སྟེ། དགེ་འདུན་ལྷག་མ་གླེངས་པས་ན་ཚངས་པ་མཚུངས་པར་སྤྱོད་པའི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་


DTG151_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པས་ན་དགུ་པ་བཅས་སོ། །གཞི་མེད་པས་ཞེས་བྱ་བ་ནི་མ་མཐོང་བས་དང༌། མ་ཐོས་པས་དང༌། མི་དོགས་པས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི། བཅུ་གསུམ་ལས་གང་ཡང་རུང་བའོ། །སྐུར་པ་ན་ཞེས་བྱ་བ་ནི་སྐུར་པ་འདེབས་པ་ཡིན་ཏེ། དགེ་སློང་མ་དག་པ་ལ་གཞི་བཅུ་གཅིག་གིས་ནི་ལྟུང་བ་སྟེ། གཞི་དྲུག་ནི་ལྟུང་བ་མེད་དོ། །དག་པ་ལ་ནི་གཞི་བཅུས་ལྟུང་བ་སྟེ། གཞི་ལྔས་ནི་ལྟུང་བ་མེད་དོ། །དེ་ཡང་དགེ་འདུན་ལྷག་མའི་རྗེས་སུ་འབྲངས་ནས་བལྟ་བར་བྱའོ། །གང་ལ་དགེ་འདུན་ན་ལྷག་མ་དེ་ལ་ལྟུང་བྱེད་དོ། །གང་ལ་ཉེས་པ་སྦོམ་བོ་དེ་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །བསླབ་པ་བྱིན་པའམ། སྐད་མི་ཤེས་པ་ལ་ཡང་རུང་སྟེ། སྐུར་པ་ན་ཉེས་བྱས་སོ། །དག་པ་འམ་མི་དག་པ་ཡང་རུང་དག་པར་འདུ་ཤེས་སམ་ཡིད་གཉིས་ཟན་ཡང་རུང་སྟེ་ལྟུང་བྱེད་དོ། །མི་དག་པར་འདུ་ཤེས་ན་ཉེས་བྱས་སོ། །ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་ཡང་དགེ་སློང་དུ་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ། །དགུ་པའོ།། །།གླེང་གཞི་ནི་མཉན་ཡོད་ན་སྟེ། དགེ་སློང་གཞན་ཞིག་རྒྱལ་པོའི་ཁབ་ནས་མཉན་ཡོད་ན་འགྲོ་བ་ལས་ཐ་ག་པའི་ཆུང་མ་ཁྱིམ་ཐབ་ལ་ཁྲོས་པ་ཡང་དེ་དང་ལྷན་ཅིག་སོང་བ་དང་ཐ་ག་པས་བདག་གི་ཆུང་མ་ཕྲོགས་སོ་ཞེས་རབ་མདའ་བཟློག་སྟེ། དགེ་སློང་དེ་ཡང་ཤིན་ཏུ་བརྡེགས་པས་ན་ལམ་དུ་འགྲོ་བའི་གཞིའི་དབང་དུ་མཛད་ནས་མ་དང་པའི་ཉོན་མོངས་པས་བཅུ་པ་བཅས་སོ། །སྐྱེས་པ་མེད་པར་ཞེས་བྱ་བ་ནི་དེ་དང་དེའོ། །བུད་མེད་ཅེས་བྱ་བ་ནི་སྤྱད་དུ་བཟོད་པའོ། །འདྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་མོ། །གྲོང་བར་དུ་ཞེས་བྱ་བ་ནི་རྒྱང་གྲགས་གཅིག་གི་བར་དུ་ཡང་ངོ༌། །རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སོ། །རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེད་དོ། །སྐྱེས་པ་མེད་པ་ལ་སྐྱེས་པ་མེད་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་གཉིས་དང༌། ལྟུང་བ་མེད་པ་གཉིས་སོ། །གཞན་བུད་མེད་ལ་བུད་མེད་དུ་འདུ་ཤེས་པ་ཡང་རྣམ་པ་དྲུག་ཏུའོ། །སྤྲུལ་པ་མོ་འམ། ལྷའི་བུ་མོ་འམ། མ་ནིང་མོ་འམ། མཚན་གཉིས་མོ་འམ། སྦྱད་དུ་མི་རུང་བ་དང་ལྷན་ཅིག་ན་ཉེས་བྱས་སོ། །ཁ་ཅིག་ནི་སྐྱེས་པ་དང་ལྷན་ཅིག་གམ། སྐྱེས་པ་མེད་ཀྱང་རུང༌། བུད་མེད་མེད་ཀྱང་རུང་དེར་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཀྱང་


DTG151_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རོ། །བུད་མེད་ཀྱིས་བསེལ་བྱེད་དམ། ལམ་སྟོར་བ་ལས་བུད་མེད་ལམ་དུ་འཛུད་པ་ལ་ལྟུང་བ་མེད་དོ། །བཅུ་བའོ།། །།བཅུ་པོ་འདི་ཡང་ཤིག་ལ་སོགས་པ་སྤང་པར་ཡོངས་སུ་ལོངས་སྤྱོད་པ་དང༌། ལྟུང་བ་དང་གླེང་པའི་ཡོངས་སུ་ལོངས་སྤྱོད་པ་དང༌། རྩེད་མོ་ལ་དགའ་བའི་ཡོངས་སུ་ལོངས་སྤྱོད་པ་དང༌། དགེ་བསྙེན་མའི་ཡོངས་སུ་ལོངས་སྤྱོད་པ་དང༌། ཆོས་གོས་ཀྱིས་ཡོངས་སུ་ལོངས་སྤྱོད་པ་དང༌། ལམ་དུ་བགྲོད་པའི་ཡོངས་སུ་ལོངས་སྤྱོད་པ་སྟེ། དང་པོ་དང༌། གཉིས་པ་དང༌། དགུ་པ་དང༌། གསུམ་པ་དང༌། བཞི་པ་དང༌། དྲུག་པ་དང༌། ལྔ་བ་དང། བདུན་པ་དང༌། བརྒྱད་པ་དང༌། བཅུ་པ་དང༌། གོ་རིམས་ཇི་ལྟ་བ་བཞིན་དུའོ། །བདུན་པའི་ཚོགས་སོ། །མཉན་ཡོད་ན་སྟེ། དགེ་སློང་གཞན་ཞིག་ཚོང་པ་ཤོ་གམ་འདྲལ་བ་རྣམས་དང་ལྷན་ཅིག་སོང་བ་ལས་ཤོ་གམ་བས་ཤིན་ཏུ་བརྡེགས་པས་ན་ལམ་དུ་འགྲོ་བའི་གཞིའི་དབང་དུ་མཛད་དེ་མ་དད་པའི་ཉོན་མོངས་པས་བརྐུ་བའི་ཚོགས་དང་པོར་བཅས་སོ། །དོན་མཐུན་རྐུན་མ་དང་ཞེས་བྱ་བ་ནི་རྐུན་མ་ཞེས་བྱ་བའི་ཆོམ་རྐུན་པ་སྟེ། གྲོང་འཇོམས་པ་དང༌། ཚོང་པ་ཤོ་གམ་འདྲལ་བའོ། །འདྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་མོ། །གྲོང་བར་དུ་ཞེས་བྱ་བ་ནི་རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེད་དོ། །རྒྱད་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སོ། །ཁ་ཅིག་ནི་མདའ་འྲྒྱང་རེ་རེ་ཞིང་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ། །དེ་ལྟར་ན་མདའ་རྒྱང་གང་བོར་ཞིང་འགྲོ་བ་ལ་ལྟུང་བ་མེད་དོ། །སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་དང༌། གཡོས་བརྐུ་བ་དང༌། ཚོང་པ་རྐུན་མ་རྣམས་དང་ལྷན་ཅིག་ན་ཉེས་བྱས་སོ། །དོན་མཐུན་རྐུན་ལ་དོན་མཐུན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུའོ། །ཁ་ཅིག་ནི་དེ་ལྟ་མ་ཡིན་ཡང་དེ་ལྟར་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ། །དང་པོའོ།། །།མཉན་ཡོད་ན་སྟེ། མཽད་གལ་གྱི་བུས་བཅུ་བདུན་སྡེ་རྣམས་བསྙེན་པར་རྫོགས་པར་བྱས་པས་བྲུ་བ་ཚ་བས་གཟིར་ཏེ་དུ་བས་ན་བསྙེན་པར་རྫོགས་པའི་གཞིའི་དབང་དུ་མཛད་དེ་འཁོར་འཛིན་པའི་ཉོན་མོངས་པས་གཉིས་པའོ། །ལོ་ཉི་ཤུ་མ་ལོན་པ་ཞེས་བྱ་བ་ནི་བྲུ་བ་ཚ་བ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་མི་བཟོད་པའི་ཕྱིར་རོ། །བསྙེན་པར་རྫོགས་པར་བྱེད་ཅེས་


DTG151_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གང་བསྙེན་པར་རྫོགས་པར་བྱེད་པ་དང༌། གང་ལ་བསྙེན་པར་རྫོགས་པར་བྱ་བ་དང༌། དེ་ཅི་ལྟར་བསྙེན་པར་རྫོགས་པར་འགྱུར་བ་དེ་བཞིན་དུ་བསྙེན་པར་རྫོགས་པའི་གང་ཀུན་དུ་སྤྱད་བ་དེ་བསྙེན་པར་རྫོགས་བའི་མཚན་ཉིད་ལས་རིག་པར་བྱའོ། །དེ་ལ་གང་བསྙེན་བར་རྫོགས་པར་བྱེད་བ་ནི་མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་ནོ། །མཁན་པོ་གཉིས་ཏེ། རབ་ཏུ་འབྱིན་པ་དང༌། བསྙེན་པར་རྫོགས་པར་བྱེད་པའོ། །གང་ལོ་བཅུ་ལོན་ལགས་ལ་བ་སྟེ། ཆོས་ལྔ་དང་ལྡན་པ་ལྟུང་བ་ཤེས་པ་དང༌། ལྟུང་བ་མེད་པ་དང༌། ལྕི་བ་དང༌། ཡང་བ་དང་སོ་སོར་ཐར་བའི་མདོ་ཐོན་པ་དང༌། དེ་རྒྱས་པར་ཐོན་བའོ། །རྗེས་སུ་བཅས་དང་རྗེས་གནང་དང༌། །ལྟུང་བ་ལྕི་དང་ཡང་བ་དང༌། །བཅས་དང་ལྟུང་བ་མེད་ཤེས་དང༌། །སོ་སོར་ཐར་པ་འཛིན་པའོ། །ན་དང་འགྱོད་དང་ལྷ་རྣམས་དང༌། །མི་དགའ་གྲོལ་བར་བྱེད་པ་དང༌། །ཚུལ་ཁྲིམས་སྤྱོད་ལ་འཛུད་པ་དང༌། །ཚུལ་ཁྲིམས་སྤྱོད་དང་ཐོས་ལྡན་ནོ། །མི་གསལ་ན་ལོ་དྲུག་ཅུ་ལོན་ཡང་གཞན་ལ་གནས་ཏེ་འདུག་པར་བྱའོ། །རབ་ཏུ་འབྱུང་བར་མི་བྱ། བསྙེན་པར་རྫོགས་བར་མི་བྱ། གནས་སྦྱིན་པར་མི་བྱ། ཕྱག་བྱ་བ་མ་གཏོགས་ཏེ། གནས་པས་བྱ་བ་གཞན་ཐམས་ཅད་དེས་བྱའོ། །འདིའི་མིང་ཡང་གནས་བརྟན་བྱིས་པ་ཞེས་བྱའོ། །སློབ་དཔོན་ནི་ལྔའོ། །དགེ་ཚུལ་གྱི་སློབ་དཔོན་ཏེ། སྐྱབས་སུ་འགྲོ་བ་དང༌། བསླབ་པ་བྱིན་པའོ། །གསང་སྟེ་སྟོན་པ་སྟེ། གང་གིས་དབེན་པར་སྟོན་པའོ། །ལས་བྱེད་པ་སྟེ། གང་གིས་གསོལ་བ་དང་བཞིའི་ལས་བྱེད་པའོ། །གནས་ཀྱི་སློབ་དཔོན་ཏེ་གང་ནུབ་གཅིག་ཙམ་ཡང་གནས་བཅས་ཏེ་འདུག་པའོ།། ཀློག་པའི་སློབ་དཔོན་ཏེ། གང་ལ་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གཟུང་བའོ། །དགེ་འདུན་ལ་རྣམ་པ་གཉིས་ཏེ། ཡུལ་དབུས་སུ་ནི་བཅུ་འདུས་བ་དང༌། མཐའ་འཁོབ་ཏུ་ནི་ལྔ་འདུས་པའོ། །གལ་ཏེ་མང་དུ་ཡོད་པ་ལས་ལྡས་བསྙེན་པར་རྫོགས་པར་བྱས་ན་དེ་ནི་བསྙེན་པར་རྫོགས་པ་ཡིན་མོད་ཀྱི་དེ་དག་འགལ་ཚབས་ཅན་དུ་འགྱུར་རོ། །སེམས་ཅན་བསྙེན་པར་རྫོགས་པ་དེ་བཞིན་གཤེགས་པ་ནི་ཆོགས་ཀྱི་གྲངས་སུ་བསྐང་བར་མི་བྱའོ། །འོན་པ་དང༌། སྨྱོན་པ་དང༌། ཁས་བླངས་པ་ལ་སོགས་པས་ཚོགས་ཀྱི་གྲངས་སུ་བསྐང་བ་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །གང་ལ་


DTG151_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པར་བྱ་ཞེ་ན། བསམ་པ་ཉམས་པ་དང༌། རྟེན་ཉམས་པ་དང༌། སྐྱེས་པ་ཉམས་པ་དང༌། དཀར་པོའི་ཆོས་ཉམས་པ་དང༌། གཞན་གྱི་དབང་དུ་གྱུར་པ་དང༌། མི་དད་པར་འགྱུར་བས་ཉམས་པ་མ་ཡིན་ནོ། །དེ་ལ་བསམ་པ་ཉམས་པ་ནི་བུ་ལོན་གྱིས་ཉེན་པ་དང༌། འཇིགས་པས་ཉེན་པ་དང༌། འཚོ་བའི་འཇིགས་པས་ཉེན་པ་རབ་ཏུ་བྱུང་བའོ། །རྟེན་ཉམས་པས་ནི་གང་འབྲས་དང་ཕོལ་མིག་ལ་སོགས་པའི་ནད་དང་གནོད་པས་སོ། །སྐྱེས་པ་ཉམས་བ་ཞེས་བྱ་བ་ནི་མ་ནིང་ལྔ་སྟེ། སྐྱེས་ནས་མ་ནིང་ཡིན་པ་སྟེ། གང་བཙས་ནས་སྐྱེས་པ་འམ། བུད་མེད་ཀྱང་མ་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་པའི་མ་ནིང་སྟེ། ཟླ་བ་ཕྱེད་ནི་སྐྱེས་པ། ཟླ་བ་ཕྱེད་ནི་བུད་མེད་དུ་འགྱུར་བའོ། །འཁྱུད་པའི་མ་ནིང་སྟེ། གང་གཞན་གྱིས་འཁྱུད་ན་གདོད་དབང་པོ་ལྡོང་བའོ། །ཕྲག་དོག་ཅན་གྱི་མ་ནིང་སྟེ། གང་གཞན་དང་འཁྲིག་པ་མཐོང་ནས་སོ། །ཉམས་པའི་མ་ནིང་སྟེ། གང་གི་དབང་པོ་ནད་དམ་མཚོན་གྱིས་བཅད་པའོ། །དང་པོ་བཞི་ནི་བསྙིལ་བར་བྱའོ། །ཐ་མ་རྣམས་པར་འགྱུར་བ་མི་བསྟེན་པ་ནི་བཏང་སྙོམས་སུའོ། །རྣམ་པ་གཞན་དུ་ན་བསྙིལ་བར་བྱ་བ་ཡིན་ནོ། །དཀར་པོའི་ཆོས་ཉམས་པ་ཞེས་བྱ་བ་ནི་ཉེ་དུ་ཤཱཀྱ་མ་མེ་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་ནོ། །གཞན་ནི་ཟླ་བ་བཞིའི་དབང་དུ་མཛད་ནས་གཞག་པར་བྱ་སྟེ། མཁན་པོས་ནི་གོས་ཀྱི་རིན་གྱི་གནས་པ་སྦྱིན་པར་བྱའོ། །དགེ་འདུན་གྱིས་ནི་ཟན་ནོ། །དགེ་ཚུལ་གྱིས་གྲལ་རིམ་བཞིན་ལས་བྱེད་དུ་གཞུག་པར་བྱའོ། །སེམས་མགུ་བར་བྱས་ནས་རབ་ཏུ་དབྱུང་བར་བྱའོ། །དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་ཕམ་པར་འགྱུར་པ་བརྒྱད་པོ་རྣམས་ལས་གང་ཡང་རུང་བ་རྣམས་མ་བྱུང་བའི་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པས་སུན་ཕྱུང་བའོ། །གལ་ཏེ་སྔར་ལུས་ལ་རེག་པར་བྱས་ལ་ཕྱིས་མི་ཚངས་བར་སྤྱད་པ་ནི་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་གང་བདག་ཉིད་རབ་ཏུ་བྱུང་བ་ལ་རང་བཞིན་དུ་གནས་པ་དང༌། ལྷན་ཅིག་གསོ་སྦྱིན་གྱི་ལས་ལན་གཉིས་སམ་ལན་གསུམ་ཉམས་སུ་མྱོང་བར་གྱུར་བའོ། །ཞུས་པ་བྲམ་ཟེའི་བུ་མོ་ལྟ་བུ་ལས་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་འབྱུང་ངོ༌།།


DTG151_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞུབ་ལས་ནི་བསྙེན་པར་རྫོགས་པར་གསོལ་བ་དང༌། གསོལ་བ་དང་གཉིས་སམ། གསོལ་བ་དང་བཞི་འམ། གསོ་སྦྱིན་ནམ། དགག་དབྱེ་འམ། གང་ཟག་བཅུ་གཉིས་སུ་བསྐོ་བ་ཡང་རུང་སྟེ། ཉམས་སུ་མྱོང་བར་གྱུར་པའོ་ཞེས་འབྱུང་ངོ༌། །མུ་སྟེགས་ཅན་ཞུགས་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་གང་འདིའི་རྒྱལ་མཚན་འཛིན་པ་དེ་དག་གི་ལྟ་བ་ལ་དགའ་ནས་དེར་གནས་ཤིང་བསླབ་པ་མ་ལུས་ལ་ངུར་སྨིག་དེ་བཞག་ནས་སྐྱ་རེངས་ཤར་བར་གྱུར་པའོ། །མ་བསད་པ་དང༌། ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང། དགེ་འདུན་གྱི་དབྱེན་བྱེད་པ་སྟེ། གང་གིས་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་འདུན་ཕྱེ་བའོ། །ཕམ་པར་འགྱུར་བ་བྱུང་བ་དང༌། བསྙིལ་བ་དང༌། བསྙིལ་བར་འོས་པ་སྟེ། དགེ་སློང་མ་སུན་ཕྱུང་འབྱིན་པ་ལ་སོགས་པ་འདི་དག་ནི་བྱུང་ཡང་བསྙིལ་བར་བྱ་བ་ཡིན་ནོ། །ཐ་དད་དུ་གནས་པ་ཞེས་བྱ་བ་ནི་དེ་ཡང་རྣམ་པ་གཉིས་ཏེ། གང་གིས་བསམས་བཞིན་དུ་ཆོས་ཀྱི་ཕྱོགས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འགྲོ་བ་དང༌། གང་ལ་དགེ་འདུན་གྱིས་གསོལ་བ་དང་ལས་ཀྱིས་གནས་ནས་ཕྱུང་བ་སྟེ། དང་པོ་བབས་པ་ལས་གལ་ཏེ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་སླར་ཡང་སྒྲུབ་པར་བྱེད་ན། བསྙེན་པར་རྫོགས་པའོ། །བཟློག་པ་ནི་མ་ཡིན་ནོ། །བསྙེན་པར་རྫོགས་ནས་གལ་ཏེ་ཁས་མི་ལེན་ན་ལེགས་པར་བསྙེན་པར་རྫོགས་པ་མ་ཡིན་ནོ། །སླང་ཡང་གནས་ནས་དབྱུང་བར་བྱའོ། །བསྡིགས་པ་ལ་སོགས་པའི་ལས་བྱས་པ་ལས་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ཡང་ཆད་པའི་ལས་ཉམས་པ་ཡིན་ནོ། །གཞན་གྱི་དབང་དུ་གྱུར་པ་ཞེས་བྱ་བ་ནི་བྲན་དང་རྒྱལ་པོས་བཀྲབས་པ་དང༌། མ་དང་ཕ་དག་གིས་རྗེས་སུ་མ་གནང་ངོ༌། །ཡུལ་ཐག་རིང་བ་ལ་ལྟུང་བ་མེད་དོ། །གང་བཙས་ནས་མས་བོར་བ་དེ་ནི་གང་གིས་གསོས་པ་དེས་རྗེས་སུ་གནང་ནའོ། །མི་དད་པར་གྱུར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤྲུལ་པ་དང༌། གང་མི་མ་ཡིན་པ་དང༌། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང༌། ཆོམ་རྐུན་གྱི་རྒྱལ་མཚན་ཅན་དང༌། ལོ་ཉི་ཤུ་མ་ལོན་པ་དང༌། སྐྲ་སེར་བ་དང༌། སྐྲ་


DTG151_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་དང༌། སྐྲ་དཀར་བ་དང༌། སྐྲ་གླང་པོ་ཆེའི་ལྟ་བུ་དང༌། སྐྲ་མེད་པ་དང༌། མགོ་འབར་འབུར་ཅན་དང༌། གླང་པོ་ཆེའི་ལྟ་བུ་དང༌། མགོ་སྦོམ་པ་དང༌། ལུས་ལ་གླེབས་པ་འདྲ་བ་དང༌། ཕག་གི་མགོ་ལྟ་བུ་དང༌། མགོ་གཉིས་པ་དང༌། མགོ་གསུམ་པ་དང༌། མིག་དམར་བ་དང༌། མིག་པོ་ཆེ་དང༌། མིག་ཆགས་པ་དང༌། མིག་སེར་བ་དང༌། མིག་མཆིང་བུ་ལྟ་བུ་དང༌། མིག་ཆུ་བུར་ལྟ་བུ་དང༌། མིག་མེད་པ་དང༌། གླང་པོ་ཆེ་དང༌། རྟ་དང༌། བ་ལང་དང༌། སྤྲེའུ་དང༌། བོང་བུ་དང༌། སྣ་ཕག་གི་ལྟ་བུ་དང༌། སྣ་གཉིས་པ་དང༌། སྣ་མེད་པ་དང༌། གླང་པོ་ཆེ་ལ་སོགས་པའི་སོ་ལྟ་བུ་དང༌། སོ་མེད་པ་དང༌། མཇིང་ནུབ་དང༌། མགུལ་རིང་ཆེས་པ་དང༌། ཕྲག་མིག་དང༌། སྒུར་པོ་དང༌། ཕོ་མཚན་ཆད་པ་དང༌། རླིག་རླུགས་དང༌། རླིག་པ་མེད་པ་དང༌། གླང་པོ་ཆེ་ལ་སོགས་པ་ལྟ་བུའི་རྣ་བ་དང༌། རྣ་བ་གཅིག་དང༌། རྣ་བ་མེད་པ་དང༌། ལུས་ཤིན་ཏུ་རིང་བ་དང༌། ལུས་ཤིང་ཏུ་ཐུང་བ་དང༌། ཤིན་ཏུ་སྐེམ་པ་དང༌། མ་འོས་པར་ངལ་སྐྱེན་པ་དང༌། ཁ་དོག་ངན་པ་བཞི་དང༌། ལག་པ་དང༌། རྐང་པ་རྡུམ་པ་དང༌། ལག་པའི་སོར་མོ་རྣམས་སྒུ་བ་དང༌། མཆུ་མེད་པ་དང༌། ལུས་རྨ་མཚན་ཅན་དང༌། རྒན་ཆེས་པ་དང༌། གཞོན་ཆེས་པ་དང༌། ཐེང་བོ་དང༌། སྨད་འཆལ་དང༌། ཞར་བ་དང༌། ལག་སོར་རྡུམ་པོ་དང༌། མིའུ་ཐུང་དང༌། གླེན་པ་དང༌། དིག་པ་དང༌། ལྐུགས་པ་དང༌། འོན་པ་དང༌། རྟེན་འཕྱེ་དང༌། མཚན་མས་བཏབ་པ་དང༌། ལྕག་རྨ་ཅན་དང༌། བུད་མེད་ཀྱིས་དུབ་པ་སྟེ། གང་ལ་གཞོན་ནུ་ནར་མ་སོན་པར་འཁྲིག་པ་དྲགས་ཏེ་རྟེན་ཉམས་པས་ན། དགེ་བའི་ཕྱོགས་ལ་མི་བཟོད་པའོ། །ཁུར་གྱིས་དུབ་པ་དང༌། ལམ་གྱིས་དུབ་པ་དང༌། ཏ་གམ་པ་སྟེ། གང་གཞོན་ནུ་ནར་མ་སོན་པར་ནད་པ་ལ་སོགས་པས་ཉེན་པས་ན་རྟེན་ཉམས་པ་སྟེ། དགེ་བའི་ཕྱོགས་ལ་མི་བཟོད་པའོ། །དེ་ལ་ཡ་ཟ་མ་ལུག་ནི་གང་ལྕགས་ཀྱིས་བཅིངས་པ་བཀྲོལ་བ་དང༌། དམན་པའི་རིགས་སོ། །མཛེས་པ་རབ་ཏུ་དབྱུང་བ་དང༌། ཡོངས་སུ་དག་པར་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་ཀྱིས་བཀའ་སྩལ་ཏོ།། །།འདུལ་བ་བསྡུས་པ་བམ་པོ་བཅུ་གཉིས་


DTG151_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཇི་ལྟར་བསྙེན་པར་རྫོགས་པར་བྱ་ཞེ་ན། རབ་ཏུ་འབྱུང་བར་འདོད་པ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ཏེ་གཟུང་བར་བྱའོ། །སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་ལྔ་ཡང་སྦྱིན་པར་བྱའོ། །མཁན་པོར་གསོལ་བར་བྱའོ། །གང་དགེ་འདུན་ལ་ཞུ་བར་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱའོ། །དེས་ཀྱང་ཁྱོད་ཀྱི་བར་ཆད་ཀྱི་ཆོས་རྣམས་ཡོད་པ་དྲིས་སམ་ཞེས་དྲི་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །མ་ཞུས་པར་རབ་ཏུ་ཕྱུང་ན་ཉེས་བྱས་སོ། །ཞུས་པའི་ཚེ་གལ་ཏེ་ཡོངས་སུ་དག་ནའོ་ཞེས། མ་སྨྲས་ན་ཉེས་བྱས་སོ། །དེ་ནས་སྐྲ་འདྲེག་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱའོ། །དེས་གཙུག་ཕུད་འདྲེག་པའི་ཚེ་བྲེག་གམ་ཞེས་དྲི་བར་བྱའོ། །ཤམ་ཐབས་བསྐོན་པ་ཉིད་ཀྱི་ཚེ། མཚན་མེད་པ་འམ། མཚན་གཉིས་པའམ། གླེ་འདམས་པ་མ་ཡིན་ནམ་ཞེས་མ་ཚོར་བར་མཚན་བརྟག་གོ །དེའི་འོག་ཏུ་དགེ་སློང་ལ་གསོལ་བ་གདབ་པར་བྱའོ། །དེས་ཀྱང་གང་སྐྱབས་སུ་འགྲོ་བ་སྦྱིན་པ་དང༌། དགེ་ཚུལ་གྱི་བསླབ་པའི་གཞི་སྦྱིན་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དང་ལྷུང་བཟེད་བཙལ་ལོ། །ཡང་ན་ཡོ་བྱད་དྲུག་པོ་རྣམས་བརྙས་ཏེ། རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་བར་བྱའི་བཏང་སྙོམས་སུ་ནི་མི་བྱའོ། །ཁ་སྐོང་བའི་དགེ་སློང་རྣམས་སམ་དགེ་འདུན་ཐམས་ཅད་དམ། གསང་སྟེ་སྟོན་པ་དང༌། ལས་བྱེད་པ་ལ་གསོལ་བ་གདབ་པར་བྱ་བའོ། །དེའི་འོག་ཏུ་ཕྱག་དག་འཚལ་དུ་བཅུག་ལ་མཁན་པོར་གསོལ་བར་བྱའོ། །ཆོས་གོས་རྣམས་དང་ལྷུང་བཟེད་ནི་དགེ་འདུན་ལ་བརྟེན་ཏེ་བྱིན་གྱིས་བརླབ་པར་བྱའོ། །ལྷུང་བཟེད་མེད་པར་དགེ་ཚུལ་དུ་མི་བྱའོ། །ཡང་ན་དེ་ལ་ལྷུང་བཟེད་ཆུང་དུ་འམ་ཁ་ཕོར་དག་སྦྱིན་པར་བྱའོ། །ཐོས་པའི་ཉེ་འཁོར་ནས་སྤངས་ཏེ། མཐོང་བའི་ཉེ་འཁོར་མི་རིང་བར་གཞག་གོ །བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ །དེ་ནས་གསང་སྟེ་སྟོན་ལ་གསོལ་བ་དང་བཞིའི་ལས་རྣམས་ཀྱིས་རྒྱས་པར་བྱའོ། །དེའི་འོག་ཏུ་གྲིབ་ཚོད་གཞལ་བར་བྱའོ། །ཐུར་མ་སོར་བཞི་པས་སོ། །ཐུར་མ་ཅི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུའོ། །ཉིན་མཚན་གྱི་ཆ་ཡང་བརྗོད་པར་བྱའོ། །


DTG151_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོད་རྣམས་ནི་ལྔའོ། །དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱའོ། །དང་པོར་བརྗོད་ན་ཉེས་བྱས་སོ། །བསྙེན་པར་རྫོགས་མ་ཐག་ཏུ་ཕམ་པར་འགྱུར་བ་བཞི་པོ་རྣམས་སོ། །མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྣམ་པ་ལྔ་པོ་རྣམས་ཀྱིས་བསྙེན་པར་རྫོགས་པར་མི་འགྱུར་ཏེ། མཁན་པོའི་མིང་མ་བརྗོད་ན་དང༌། བདག་ཉིད་དང༌། དགེ་སློང་གི་དགེ་འདུན་དང༌། གསོལ་བ་མ་བྱས་པ་དང༌། ལས་མ་རྫོགས་པའོ། །འདི་ལས་བཟློག་པ་ལྔ་པོ་རྣམས་ཀྱིས་ནི་བསྙེན་པར་རྫོགས་པར་བྱེད་པའོ། །བསྙེན་པར་རྫོགས་པར་བྱེད་པའི་ཚེ་གལ་ཏེ་མཚན་གྱུར་ན་ལེགས་པར་བསྙེན་པར་རྫོགས་པ་ཡིན་གྱི། དགེ་སློང་མའི་དབྱར་ཁང་དུ་འགྲོ་བར་བྱའོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལས་དགེ་སློང་མ་རབ་ཏུ་མང་པོ་རྣམས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ་ཞེས་འབྱུང་བ་ལྟ་བུའོ། །དགེ་སློང་མའི་བསྙེན་པར་རྫོགས་པར་བྱ་བས། དགེ་སློང་དུ་བསྙེན་པར་རྫོགས་པར་བྱས་ན་བསྙེན་པར་རྫོགས་པའོ། །དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་པར་བྱས་པས། དགེ་སློང་མར་བསྙེན་པར་རྫོགས་པར་བྱས་ན་དགེ་སློང་མའི་དངོས་པོར་རིག་པར་བྱའོ། །ཞུ་བ་ལས་ནི་སྐྱེས་པ་བུད་མེད་ལྟ་བུའམ། བུད་མེད་སྐྱེས་པ་ལྟ་བུའམ། དགེ་སློང་མའི་ལས་ཀྱིས་དགེ་སློང་ངམ། དགེ་སློང་གི་ལས་ཀྱིས་དགེ་སློང་མ་འམ། མཁན་པོར་གསོལ་བ་མ་བཏབ་བམ། བར་ཆད་རྣམས་མ་དྲིས་སམ། དགེ་ཚུལ་མ་བྱས་སམ། མཁན་པོ་མེད་དམ། ལས་བྱེད་དུ་མེད་པར་རམ། མཁན་པོ་བསྙེན་པར་རྫོགས་པ་མ་ཡིན་པ་ཡང་རུང༌། བསྙེན་པར་རྫོགས་པར་བྱས་ན་དེ་ནི་བསྙེན་པར་རྫོགས་མོད་ཀྱི། གཞན་རྣམས་གཉིས་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །མཁན་པོ་ཚུལ་ཁྲིམས་འཆལ་པའོ་ཞེས་བྱ་བར་ཤེས་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །དེ་ལས་གཞན་དུ་བསྙེན་པར་རྫོགས་པའོ་ཞེས་འབྱུང་ངོ༌། །བར་ཆད་ཀྱི་ཆོས་དང་ལྡན་པ་དེ་བཞིན་དུ་སྨྲའམ། རྣམ་པ་གཞན་དུ་འང་རུང་སྟེ། བསྙེན་པར་རྫོགས་པར་བྱས་ན་བསྙེན་པར་རྫོགས་པ་ཡིན་ཏེ། སྔ་མས་ནི་དགེ་སློང་རྣམས་འགལ་


DTG151_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཚབས་ཅན་འགྱུར་རོ། །བར་ཆད་ཀྱི་ཆོས་དང་མི་ལྡན་པ་དེ་བཞིན་དུ་སྨྲ་འམ། རྣམ་པ་གཞན་དུའང་རུང་སྟེ། བསྙེན་པར་རྫོགས་པར་བྱས་ན་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཏེ། ཕྱི་མས་ནི་དགེ་སློང་རྣམས་འགལ་ཚབས་ཅན་དུ་འགྱུར་རོ། །བསྙེན་པར་རྫོགས་པར་བྱེད་པའི་ཚེ་བསླབ་པ་ཕུལ་ལམ། མི་བཏུབ་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །འོན་པ་འམ་མཐའ་འཁོབ་པ་གལ་ཏེ་ལས་ཐོས་སམ་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ། །སླར་བཟློག་པ་ནི་མ་ཡིན་ནོ། །རྣམ་པ་གཞན་དུའང་མཐའ་འཁོབ་པས་བསྙེན་པར་རྫོགས་པ་ནི་མ་ཡིན་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་རྣམས་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །རྣམ་པ་གཞན་དུ་ན་ཚོགས་ཀྱི་གྲངས་ཁ་སྐོང་བ་འམ་མཁན་པོ་མཚན་གྱུར་པ་ལས་གལ་ཏེ་མཚན་མ་གྱུར་པའི་ཚེ་གསོལ་བ་ཐོས་ན་བསྙེན་པར་རྫོགས་པའོ། །བཟློག་པ་ནི་བསྙེན་པར་མ་རྫོགས་པའོ། །ནམ་མཁའ་ལ་འདུག་སྟེ་ས་ལ་འདུག་པའི་ལས་བྱེད་ན་བྱས་པ་མ་ཡིན་ཞེས་བརྗོད་པར་བྱའོ། །ཅི་ཙམ་གྱིས་ན་བསྙེན་པར་རྫོགས་པ་ཞེས་བརྗོད་པར་བྱ། གང་གསོལ་བ་དང་བཞིའི་ལས་རྟོགས་པའོ། །ཇི་སྲིད་བཅོ་བརྒྱད་པོ་གཞག་པའི་གནས་ཀྱི་མཚམས་རྣམས་མནན་ལ་གང་ཟག་བཅོ་བརྒྱད་གང་ལ་གསོལ་བ་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་བ་ཡོད་དོ། །རྣམ་པ་བཅུས་བསྙེན་པར་རྫོགས་པར་འགྱུར་ཏེ། སློབ་དཔོན་མེད་པར་དེ་བཞིན་གཤེགས་པ་རྣམས་དང༌། རང་སངས་རྒྱས་རྣམས་སོ། །ཡེ་ཤེས་མངོན་པར་རྟོགས་པས་ལྔ་པ་རྣམས་དང༌། དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །སྐྱབས་སུ་འགྲོ་བས་ན་བརྗོད་པ་གསུམ་གྱིས་བཟང་སྡེའི་ཚོགས་དྲུག་ཅུ་པོ་རྣམས་ཀྱིའོ། །སྟོན་པར་ཁས་བླངས་པས་ནི། འོད་སྲུངས་ཆེན་པོའོ། །མཐའ་འཁོབ་ཏུ་ནི་འདུལ་བ་འཛིན་པ་དང་ལྔའོ། །ཡུལ་གྱི་དབུས་སུ་ནི་བཅུ་འདུས་པའོ། །ལྕི་བའི་ཆོས་ཁས་བླངས་པ་རྣམས་ཀྱི་ནི་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའོ། །ཕོ་ཉས་ནི་ཆོས་སྦྱིན་མའོ། །ད་ལྟར་ནི་ཚོགས་གཉིས་ཀ་འདུས་པས་སོ། །དགེ་སློང་ཚུར་ཤོག་ཅེས་བྱ་བ་ནི་བཅུ་པ་སྟེ། སྲིད་པ་ཐ་མ་པ་ཡིན་པའི་ཕྱིར་དགེ་སློང་ཚུར་ཤོག་ཅེས་བྱ་བ་མ་གཏོགས་པ་ལས་བཅས་ཚུན་ཆད་གཞན་གྱིས་བསྙེན་པར་རྫོགས་པར་བྱ་བ་མེད་དོ། །


DTG151_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པའི་ཀུན་དུ་སྤྱད་པ་ནི་གསར་བུས་ཆེས་རྒན་པ་ལ་ཕྱག་བྱའོ། །དང་པོ་ལོ་གྲངས་དྲི་བར་བྱའོ། །དུས་ཚོད་ཀྱང་ངོ༌། །དུས་ཚོད་ནི་ལྔ་སྟེ། དགུན་གྱི་ཟླ་བ་བཞི་དང༌། དཔྱིད་ཀྱི་ཟླ་བ་བཞི་དང༌། དབྱར་གྱི་ཟླ་བ་གཅིག་དང༌། ཤི་བའི་དབྱར་གྱི་ཉིན་ཞག་གཅིག་དང༌། དབྱར་རིང་པོ་ཉིན་ཞག་གཅིག་གིས་ཆུང་བའི་ཟླ་བ་གསུམ་བའོ། །བཞི་ལ་ཕྱག་བྱ་བཅུ་ལ་ཕྱག་མི་བྱ་སྟེ། བཞི་པོ་དག་ཀྱང་གང་ཞེ་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བ་དེ་བཞིན་གཤེགས་པ་དང༌། ཁྱིམ་པ་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལ་བྱ་བ་དང༌། བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་སྔར་བསྙེན་པར་རྫོགས་པ་ལ་ཕྱག་བྱ་སྟེ། དགེ་སློང་མ་ནི་མ་གཏོགས་སོ། །བསྙེན་པར་མ་རྫོགས་པ་ཐམས་ཅད་ཀྱིས་བསྙེན་པར་རྫོགས་པ་ལའོ། །བཅུ་པོ་དག་གང་ལ་ཕྱག་མི་བྱ་ཞེ་ན། སྦོ་བ་སྤྱོད་པ་ལ་སོགས་པ་བཞི་དང༌། བསླབ་པ་བྱིན་པ་དང༌། གནས་ནས་ཕྱུང་བ་གསུམ་སྟེ། ལྟུང་བ་མ་མཐོང་བ་དང༌། ཕྱིར་མིའི་ཆོས་པ་དང༌། ལྟ་བ་མི་གཏོང་བ་འདི་གསུམ་གནས་ནས་ཕྱུང་བ་དང༌། ཁྱིམ་པ་དང༌། བསྙེན་པར་མ་རྫོགས་པའོ། །གང་གསུམ་མམ་གཉིས་དག་ཀྱང་རུང༌། གང་གསོལ་བ་གཅིག་གིས་བསྙེན་པར་རྫོགས་པ་དེ་དག་ལ་ནི་གང་ཡང་རྒན་པ་མེད་དོ། །གཞན་དག་ན་རེ་རྒན་པ་དྲུག་གོ་ཞེས་ཟེར་ཏེ། ན་ཚོད་ཀྱིས་རྒན་པ་དང༌། ཆོས་ཉིད་ཀྱིས་རྒན་པ་དང༌། ཤེས་པས་རྒན་པ་དང༌། ལས་ཀྱིས་རྒན་པ་དང༌། དུས་ཀྱིས་རྒན་པ་དང༌། རིགས་ཀྱིས་རྒན་པའོ། །ཆོས་ཉིད་ཀྱིས་རྒན་པ་དེ་ཡང་རྣམ་པ་གཉིས་ཏེ། བསྙེན་པར་རྫོགས་པས་རིང་དུ་ལོན་བས་ན་དུས་ཀྱིས་རྒན་པ་དང༌། རིགས་ཀྱིས་རྒན་པ་མེས་པོའམ། ཁུ་བོའམ། ཕུ་བོ་ཞེས་བྱ་བ་ལ་སོགས་པའོ། །ཤེས་པས་རྒན་པ་སྟེ་རྒྱལ་པོ་ལ་སོགས་པས་ཤེས་པའོ། །ལས་ཀྱིས་རྒན་པ་སྟེ། དེ་ཡང་རྣམ་པ་གསུམ་མོ། །ཞལ་ཏ་བྱེད་པ་བས་ནི་ཁ་ཐོན་བྱེད་པ་རྒན་ནོ། །ཁ་ཏོན་བྱེད་པ་བས་ནི་སྤོང་བ་ལ་ཞུགས་པའོ། །དེ་ལས་ལུས་ཀྱིས་རྒན་པས་དུས་ཀྱིས་གཞན་པ་ལ་ཕྱག་མི་བྱ། མཉམ་པ་ལ་ཡང་ཕྱག་མི་བྱའོ། །གལ་ཏེ་རིགས་རྒྱུད་ལ་སོགས་པས་ཆེས་རྒན་པ་མ་ཡིན་ན། དེ་ལས་གང་ཡང་རུང་བ་འགའ་ཞིག་གིས་རྒན་ན་ཕྱག་བྱའོ། །དེ་བཞིན་དུ་རིགས་རྒྱུད་དང༌། ཤེས་


DTG151_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལས་སུ་མཉམ་ན་ཡང་དེ་དག་ལས་གཞན་གྱིས་རྒན་པ་ལ་ཕྱག་བྱའོ། །གལ་ཏེ་རིགས་རྒྱུད་དམ། རིགས་རྒྱུད་ཀྱིས་ཆེས་རྒན་པ་མ་ཡིན་ན་ཤེས་པ་པས་ཆེས་ཤེས་པ་ལའོ། །སྤོང་བ་བས་སྤོང་བའི་མཆོག་ལའོ་ཞེའོ། །ཕྱག་བྱ་བ་ནི་རྣམ་པ་གཉིས་ཏེ། དཀྱིལ་འཁོར་ལྔ་པའམ། སྒྱིད་པ་ལས་འཁྱུད་པའོ། །ཕྱག་འཚལ་ཞེས་ཟེར་བ་ནི་མངོན་པར་སྨྲ་བའི་ཚིག་ཉིད་དོ། །ལུས་བཏུད་པ་དེ་ནི་མཆོད་པའོ། །གཞན་དག་ན་རེ་སྟོན་པ་ལས་དཀྱིལ་འཁོར་ཆེན་པོ་ལྔ་པས་ཕྱག་བྱའོ། །བླ་མ་དང་བླ་མའི་གནས་ལྟ་བུ་ལ་པུས་མོ་གཟུགས་པ་དང༌། འདུད་པར་བཅས་པའམ། ཐལ་མོ་སྦྱར་བ་བཅས་པ་འམ། སྒྱིད་པ་ནས་འཁྱུད་པ་འམ། དེ་བཞིན་དུ་ཙོག་པུས་འདུག་པའོ། །ཚངས་པ་མཚུངས་པར་སྤྱོད་པ་གཞན་རྣམས་ལ་ནི་མགོ་འདུད་དམ། ཐལ་མོ་སྦྱར་བ་འམ། ངག་ཡང་དག་པར་བརྗོད་པའོ་ཞེས་ཀྱང་ཟེར་བའོ། །སྦགས་པ་ལའམ་སྦགས་པས་ཀྱང་རུང་སྟེ་གཉིས་ཀ་ལ་འང་ཉེས་བྱས་སོ། །སྦགས་པ་ལ་རྣམ་པ་གཉིས་ཏེ། ཟས་ཀྱིས་སྦགས་པ་དང༌། མི་གཙང་བས་སྦགས་པའོ། །མི་མཐུན་པས་ཁོ་ན་ཡོད་ཀྱང་རིམས་སུ་བབ་ན་ཕྱག་བྱའོ། །དེས་ཀྱང་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །རྣམ་པ་གཞན་དུ་ན་གཉི་ག་ལ་ཡང་ཉེས་བྱས་སོ། །ལོག་པར་ལྟུང་ཡང་སྔོན་གྱི་རྒྱུད་ལ་དམིགས་ཏེ་ཕྱག་བྱའོ། །གོས་གཅིག་པས་ཕྱག་བདག་གིར་མི་བྱ། ཕྱག་ཀྱང་མི་བྱའོ། །རྒན་པ་སྦྲིང་པ་བྱུང་བ་ལ་ཡང་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ། །གཞོན་ནུ་ལ་བྱུང་ན་ཨ་རོག་གྱ་ཞེས་བརྗོད་པར་བྱའི་ཡང་སོས་ཞེས་བྱ་བ་ནི་མ་ཡིན་ནོ། །རྒན་ཞུགས་དང༌། ཁྱིམ་པ་འདི་དག་ནི་གསོན་པར་མངོན་པར་དགའ་བ་ཡིན་བས་ན་དེ་དག་ལ་ལྟུང་བ་མེད་དོ། །མུན་པའི་ནང་དུ་ཕྱག་བྱེད་ན་མགོ་ས་ལ་གཏུགས་པར་མི་བྱའོ། །ངག་ཏུ་ནི་བརྗོད་པར་བྱའོ། །གནས་མལ་བཅས་པར་གནས་པར་མི་བྱ་སྟེ། གང་མཛའ་བའམ། གང་གུས་བར་བྱ་བ་དང༌། གང་ལ་ངོ་ཚ་བར་འགྱུར་བ་སྲིད་དོ་སྙམ་དུ་སེམས་ཉེ་བར་གནས་སམ། ལྡན་པའོ་སྙམ་དུ་སེམས་མངོན་སུམ་དུ་གནས་སམ། དགེ་བའི་ཕྱོགས་སུ་འགྱུར་རོ་སྙམ་ནས་དེའི་འོག་ཏུ་གནས་གཟུང་བར་བྱ་སྟེ། ཆོས་གོས་ཕྲག་པ་གཅིག་ཏུ་བྱས་ལ། ལག་པ་གཉིས་ཀྱིས་རྐང་པ་གཉིས་ལ་བཅངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །


DTG151_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་བཙུན་བ་ལ་གནས་པར་གསོལ་གྱི་བཙུན་པས་བདག་ལ་གནས་སྩལ་ཏུ་གསོལ། །བཙུན་པ་གནས་ནས་མཆིས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །དེས་ལེགས་སོ་དགེའོ་ཞེས་བརྗོད་པར་བྱའོ། །དེས་ཀྱང་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །གནས་མལ་བཅས་པ་ལྗོངས་རྒྱུ་བ་སྤྱད་པར་མི་བྱའོ། །ལོ་ལྔ་ལོན་ལ་གསལ་ན་ལྟུང་བ་མེད་དོ། །གསལ་བ་རྣམས་ནི་ལྔ་མ་བཞིན་ནོ། །སོང་ནས་ངལ་གསོ་བའི་ཉི་མ་གཉིས་སམ་གསུམ་ཚུན་ཆད་དུ་ལེགས་པར་བརྟགས་ཏེ་གནས་གཟུང་བར་བྱའོ། །དགྲ་བཅོམ་པ་ཉིད་ཀྱང་གཞན་ལ་གནས་བཅས་ཏེ་འདུག་པར་བྱའོ། །ཞག་ལྔ་གནས་མལ་བཅས་ཀྱང་དེ་ལ་རྙེད་པ་སྦྱིན་པར་བྱའོ། །དེ་མི་གཏོང་བའི་སྦྱོར་བས་གནས་ཚོལ་བ་ཆོས་ལྔ་དང་ལྡན་པ་རྣམས་ལ་གནས་སྦྱིན་པར་མི་བྱ་སྟེ། དང་པ་མེད་པར་གྱུར་པ་དང༌། བཀའ་བློ་མི་བདེ་བ་དང༌། སྡིག་པའི་གྲོགས་པོ་དང༌། ལེ་ལོ་ཅན་དང༌། མ་གུས་པའོ། །དེ་ལྟ་བུའི་རིམ་པ་ལས་སླར་བཟློག་པ་ལྡན་པོ་རྣམས་དང་ལྡན་པ་ལ་ནི་གནས་བཅའ་བ་སྦྱིན་པར་བྱེད་དོ། །འདི་ཉིད་གོ་རིམས་ཇི་ལྟ་བ་བཞིན་དུ་བཏང་བ་དང༌། མ་བཏང་བར་རིག་པར་བྱའོ། །རྣམ་པ་གཞན་ལྔས་བཏང་བར་འགྱུར་ཏེ། མཚམས་ལས་འདས་ཏེ་འགྲོ་བ་དང༌། བབས་པ་དང༌། མཁན་པོ་གཞན་ནས་འོངས་པ་དང༌། ཕྱོགས་ལས་ཕྱོགས་མ་ཡིན་པར་འགྲོ་བ་དང༌། གནས་བཏང་བ་ཉིད་ནི་ལྔ་པའོ། །མཁན་པོ་མཐོང་མ་ཐག་ཏུ་གཞན་ལ་གནས་བཅས་པ་བཏང་པར་འགྱུར་ཏེ། ལམ་དུ་ཞུགས་པ་དང༌། འདུག་ཏུ་མི་འདོད་པ་ནི་མ་ཡིན་ནོ། །འོངས་ན་ཡང་ཇི་སྲིད་དུ་འདུག་གི་བར་དུ་དེ་ཐམས་ཅད་བྱ་སྟེ། གཉིས་ཀ་ཡང་བལྟའོ། །ཉེ་གནས་སམ་སློབ་དཔོན་ཡང་རུང༌། གཅིག་ལྟོས་པ་དང་བཅས་སམ། ལམ་གྱིས་བགྲོད་པར་ཞུགས་པ་ལས་དུས་གཞན་དུ་སླར་ལོག་ན་ཡང་གནས་བཅས་པ་དེ་ཉིད་ལའོ། །དུས་རེ་ཞིག་གཅིག་ཏུ་གནས་བཟུང་བས་སྔར་གྱི་གཏང་བར་མི་འགྱུར་རོ། །གནས་གང་དུ་གནས་སྦྱིན་པ་དེ་ཤི་ལ་གཞན་ཡང་མེད་ན། དེར་གསོ་སྦྱིན་གཉིས་པའི་བར་དུ་འདུག་པར་མི་བྱའོ། །དབྱར་སྔ་མའམ། ཕྱི་མ་


DTG151_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ཡང་དབྱར་ཉེ་བར་གནས་པར་མི་བྱའོ། །དབྱར་ཕྱི་མར་ཉེ་བར་ཞུགས་ནས་ཡང་སོ་སོར་བརྟགས་ལ་ཟླ་བ་གཉིས་ཀྱི་བར་དུ་འདུག་པར་བྱའོ། །དེ་ཕན་ཆད་ནི་མ་ཡིན་ནོ། །སློབ་དཔོན་དང་མཁན་པོ་དཔག་ཚད་ཕྱེད་དང་གསུམ་ན་འདུག་ན་ཟླ་བ་ཕྱེད་ཕྱེད་ཅིང་འགྲོ་བར་བྱའོ། །རྒྱང་གྲགས་ལྡན་འདུག་ན་ཉི་མ་དྲུག་གམ་བདུན་ཞིང་ངོ༌། །རྒྱང་གྲགས་གཅིག་ན་ནི་ཉིན་རེའོ། །མཚམས་ཀྱི་ནང་ན་འདུག་ན་དུས་གསུམ་དུའོ། །ཐམས་ཅད་དུ་སློབ་དཔོན་དང་མཁན་པོ་ལ་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ཀྱིས་བསྙེན་བཀུར་ལ་སོགས་པ་བྱ་བ་རྣམས་ལ་སྔོན་དུ་འགྲོ་བར་བྱའོ། །དེ་ཉིད་ཀྱིས་ཀྱང་དེའིའོ། །ཀློག་པའི་སློབ་དཔོན་ལ་ཡང་བསྙེན་བཀུར་བྱའོ། །གལ་ཏེ་ལྐོག་པ་དང༌། གནས་ཀྱི་སློབ་དཔོན་གཉི་ག་ནད་ཀྱིས་བཏབ་པར་གྱུར་ཏེ། ནུས་པ་ཡོད་ན་གཉི་ག་ལ་ཡང་བྱའོ། །ནུས་པ་མེད་ན་གནས་ཀྱི་སློབ་དཔོན་མི་ཕངས་པར་བྱས་ནས་ཀློག་པའི་སློབ་དཔོན་ལ་བྱའོ། །ཀློག་པ་མ་རྙེད་ཀྱང་གནས་སུ་རུང་གི་གནས་མེད་པར་ནི་མི་རུང་ངོ༌། །ཀློག་པའི་སློབ་དཔོན་ལ་གལ་ཏེ་ཉེ་གནས་མང་ན་གྲལ་རིམ་བཞིན་དུ་བསྙེན་བཀུར་བྱའོ། །དེ་དང་པོ་ནང་དང་བཅས་པ་ལས་འབྲེལ་བར་མི་བྱའོ། །དེ་གཉིས་ཀ་ལ་ཡང་གུས་པར་མཆོད་པར་བྱའོ། །ཆག་ཆག་ལ་སོགས་པ་དང༌། ལྷུང་བཟེད་ཀྱི་ལས་ལ་སོགས་པ་དང་ཆོས་བསྟན་བ་སྦྱིན་པ་ལ་སོགས་པ་མ་ཞུས་པར་མི་བྱའོ། །དེ་ལྟ་བུའི་རིགས་ཅན་གྱི་དགེ་སློང་ངལ་སོར་མི་གཞུག་གོ །མདོར་བསྡུ་ན། ཆུ་དང་སོ་ཤིང་དང་བཤང་བ་དང༌། གཅི་བ་དང༌། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱེད་པ་མ་གཏོགས་ཏེ། གཞན་དུ་བྱ་པ་ཐམས་ཅད་མི་བྱའོ། །ཀུན་དུ་སྤྱད་པ་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་ཉེས་བྱས་སོ། །ཞར་ལ་འོངས་པས་ཆོག་གོ །སྨད་པ་ཞེས་བྱ་བ་ནི་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གང་ཟག་འདི་བཅུ་ནི་འདི་ལྟ་སྟེ། ལོ་ཉི་ཤུ་མ་ལོན་བ་ལ་དེར་འདུ་ཤེས་བ་དང༌། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། གཉི་ག་ལ་ཡང་བྲིས་ན། གཉི་ག་ལ་ཡང་ཅི་ལྟ་བུ་ཉིད་དུ་སྨྲ་བ་དེ་གཉིས་ནི་བསྙེན་པར་རྫོགས་པ་མ་ཡིན་ལ། དགེ་སློང་རྣམས་ཀྱང་འགལ་ཚབས་ཅན་དུ་འགྱུར་རོ། །འགྲོགས་པ་ལ་སོགས་པ་ལ་ཡང་ཉེས་པའོ། །ལོ་ཉི་


DTG151_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དང༌། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། ཅི་ལྟ་བུ་ཉིད་དུ་ཡང་གཉིས་ག་སྨྲ་བ་འམ། ལོ་ཉི་ཤུ་མ་ལོན་པ་མི་ཤེས་སམ། ཡིད་གཉིས་ཟ་བར་འགྱུར་ནས་ཀྱང་དྲིས་པས་ལུང་མི་སྟོན་པ་སྟེ། འདི་ལྟ་བུ་གསུམ་ནི་བསྙེན་པར་རྫོགས་པ་ཡིན་ལ། གཞན་བསྙེན་པར་རྫོགས་པར་བྱེད་པ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལོ་ཉི་ཤུ་ལོན་པ་ལ་མ་ལོན་པར་འདུ་ཤེས་པ་དང༌། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། ཅི་ལྟ་བུ་ཉིད་དུ་ཡང་གཉི་ག་སྨྲ་བ་དང༌། དེ་བཞིན་དུ་གཉི་ག་ལོན་པར་འདུ་ཤེས་པ་དང། ངེས་པ་དང༌། ལྔ་པ་ཉིད་ནི་མི་ཤེས་སམ་མི་དྲན་ནམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། ལྔ་པོ་འདི་དག་ནི་བསྙེན་པར་རྫོགས་པ་ཡིན་ཏེ། དང་པོ་དང༌། གཉིས་པ་དང༌། ལྔ་པ་ལ་ནི་བསྙེན་པར་རྫོགས་པར་བྱེད་པ་རྣམས་ལ་འགལ་ཚབས་ཅན་དུ་འགྱུར་རོ། །རྣམ་པ་འདི་བཅུ་ལས་ཐོག་མའི་བར་བཞི་པོས་ནི་དང་པོ་ཉིད་དུ་འཁྲུགས་པར་གྱུར་པ་ཡིན་ཏེ། རང་བཞིན་དུ་གནས་པ་དང༌། གསོ་སྦྱིན་གྱི་ལས་ལན་གཉིས་ལན་གསུམ་དུ་མྱོང་ན་རྐུ་ཐབས་སུ་གནས་པར་འགྱུར་ཏེ། བསྙིལ་བར་བྱ་བར་འོས་པ་དག་ཡིན་ནོ། །ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་གཉིས་ནི་གལ་ཏེ་ཉེ་དུ་རྣམས་ཀྱིས་དྲན་པར་བྱས་ན་མངལ་གྱི་ཟླ་བ་དང༌། ཤོལ་གྱི་ཟླ་བ་ཡང་བརྩི་བར་བྱའོ། །གལ་ཏེ་དེ་བཞིན་དུ་ཡང་མ་ལོན་ནས་སྤོ་བར་བྱའོ། །ཡང་བསྙེན་པར་རྫོགས་པར་རོ། །རྣམ་པ་གཞན་དུ་ན་སྔ་མ་བཞིན་དུ་སྟེ་རྐུ་ཐབས་སུ་གནས་པའོ། །ལོ་བཅུ་དགུ་ལོན་པར་བསྙེན་པར་རྫོགས་པར་བྱས་པ་ལས། གལ་ཏེ་ལོ་གཅིག་ལོན་པ་ན་དྲན་པ་རྙེད་པར་འགྱུར་བ་འམ། ལོ་བཅོ་བརྒྱད་ལོན་པར་བསྙེན་པར་རྫོགས་པར་བྱས་ནས་དེ་བཞིན་དུ་ལོ་གཉིས་ལོན་པ་ལ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་དཀའ་བ་ན། དེ་གཉིས་ནི་ལེགས་པར་བསྙེན་པར་རྫོགས་པའོ། །ལྔ་པ་ནི་དྲན་པར་བྱའོ། །ཡིད་གཉིས་གསལ་བར་བྱའོ། །ཆོ་ག་བཞིན་དུ་ཡང་བྱའོ། །རྣམ་པ་གཞན་དུ་ན་རྐུ་ཐབས་སུ་གནས་པར་འགྱུར་རོ། །ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ན་དེ་བསྙེན་པར་རྫོགས་པར་


DTG151_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་ལྟུང་བ་མེད་དོ། །འགྲོགས་པ་དང་ལོངས་སྤྱོད་པ་ལ་ཡང་ལྟུང་བ་མེད་དོ། །དེ་བསྙེན་པར་རྫོགས་པ་ཇི་སྲིད་དུ་གནས་པར་གྱུར། ཇི་སྲིད་བདེན་པའི་འདུ་ཤེས་རྙེད་པའི་བར་དུ་སྟེ་ལོན་བ་ལ་ནི་ལྟུང་བ་མེད་དོ། །མ་ལོན་པ་ནི་གསོལ་བ་དང་བཞིའི་ལས་ལ་སོགས་པ་ཉམས་སུ་མྱོང་ན་རྐུ་ཐབས་སུ་གནས་པར་འགྱུར་རོ། །ཁ་ཅིག་ན་རེ་གང་ཟག་ཡོངས་སུ་དག་པ་ཡིན་ཡང་རུང༌། ཡོངས་སུ་དག་པ་མ་ཡིན་ཡང་རུང་སྟེ། དེས་ཡོངས་སུ་མ་དག་པར་འདུ་ཤེས་ཏེ། བསྙེན་པར་རྫོགས་པར་བྱས་ན་ལྟུང་བྱེད་དོ་ཞེས་ཟེར་རོ། །ན་ཚོད་རྫོགས་ལ་སྐྱེད་མ་རྫོགས་པ་ཡོད་དེ་མུ་བཞིར་རོ། །དེ་ལན་ཚོད་རྫོགས་པ་ནི་ལོ་ཉི་ཤུ་ལོན་པའོ། །སྐྱེད་རྫོགས་པ་ནི་ཆུ་ཞེང་དུ་ལྡན་པ་དང༌། སྐྱེས་པ་དང༌། ཡོངས་སུ་སྨིན་པར་རིག་པར་བྱའོ། །ཆུ་ཞེང་དུ་ལྡན་པ་ཅི་ལྟ་བུ་ཞེ་ན། གལ་ཏེ་བྱིས་པའི་བོང་ཚོད་ལྟ་བུ་འང་མ་ཡིན་པའོ། །བུས་པའི་སྐད་ལྟ་བུ་འང་མ་ཡིན་པའོ། །སྐྱེས་པ་ཅི་ལྟ་བུ་ཞེ་ན། མདོམས་དང་མཆན་ཁུང་ལ་སོགས་པར་སྤུ་སྐྱེས་པར་གྱུར་པའོ། །ཡོངས་སུ་སྨིན་པ་ཅི་ལྟ་བུ་ཞེ་ན། དེས་བུས་པ་ལྟ་བུའི་བློ་མ་ཡིན་པ་ལ་བུས་པ་ལྟ་བུའི་རང་བཞིན་མ་ཡིན་པའོ། །གཉིས་པ་དང་བཞི་པ་ནི་ལྟུང་བྱེད་དོ། །དང་པོ་དང་གསུམ་པ་ལ་ནི་ལྟུང་བ་མེད་དོ། །གང་དུས་མི་དྲན་པ་དེའི་ཚེ་མཚན་ཐབས་ཀྱིས་བརྟགས་ལ་བསྙེན་པར་རྫོགས་པར་བྱའོ། །ལོ་བཅོ་ལྔ་ལོན་ན་དགེ་ཚུལ་དུ་བྱའོ། །རྣམ་པ་གཞན་དུ་ཉེས་བྱས་སོ། །ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་ནི་དགེ་འདུན་གྱིས་བསྐོས་ནས་བྱ་རོག་སྐྲོད་ནུས་པའོ། །མི་ནུས་པ་དང་ལོ་མ་ཚང་བ་ནི་མ་ཡིན་ནོ། །དགེ་ཚུལ་གཉིས་ཉེ་བར་གཞག་པར་མི་བྱའོ། །གལ་ཏེ་དེ་གཉིས་ངེས་པར་བྱས་ཏེ། འོངས་ན་གཉིས་ཀ་རབ་ཏུ་ཕྱུང་ལ་གཅིག་གཞན་ལ་སྦྱིན་པར་བྱའོ། །གང་ལ་སྦྱིན་པར་བྱ་བ་དེས་ཀྱང་བསྙེན་པར་རྫོགས་པར་མི་བྱའོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། དྲུག་སྟེ་རྣམས་བདག་ཉིད་རྣང་ལ་སོགས་པ་བྱེད་པ་ན་ས་ལེན་པའི་གཞིའི་དབང་དུ་མཛད་དེ། ལས་ངན་པ་ལ་དགའ་བའི་ཉོན་མོངས་པས་གསུམ་པ་བཅས་སོ། །ས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་ཅན་དང་རང་བཞིན་ཅན་མ་


DTG151_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། །ཆར་པ་ཆེ་ན་ཟླ་བ་གསུམ་པོ་རྣམས་ཀྱིས་རང་བཞིན་ཅན་ཞེས་བྱ་བའོ། །ཆར་པ་ཆུང་ན་ཟླ་བ་དྲུག་གོ །དགེ་སློང་གིས་རང་བཞིན་ཅན་མི་ཚིག་གམ། ཉམས་པར་མ་གྱུར་བས་བརྐོས་པ་དང༌། ས་ཞག་མ་ཉམས་པ་འགོགས་སམ། ཕུར་བ་བཏབ་བམ། གད་བ་མ་ཉམས་པ་འམ། རྩིག་པ་མ་ཉམས་པ་གཏིབ་བམ། སྐྱང་ནུལ་མ་ཉམས་པར་འགོགས་སམ། གང་ནས་མང་གི་གྲམ་སེག་གམ། བྱེ་མ་ཉུང་བ་བརྐོས་ན་ལྟུང་བྱེད་དོ། །ས་ཞག་ལ་སོགས་པ་ཉམས་པ་ནི་ཉེས་བྱས་ཏེ། གོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ །ས་ལས་ཕུར་པ་ཕྱུང་བ་དང༌། ས་ལ་རི་མོ་འདྲི་བས་ཉམས་པ་མ་གཏོགས་པའི་ས་དང་འབྲེལ་པའི་བ་ལང་གི་ལྕི་བ་འགོགས་པ་དང༌། འགྲོ་བར་མངོན་པར་སེམས་པས་བྱས་པ་འབའ་ཞིག་མ་གཏོགས་ཏེ། འདམ་བསྐྱོད་པ་འམ། དེ་དང་འབྲེལ་བའི་བུམ་པ་ལ་སོགས་པ་བཏེག་པ་དང༌། རྩིག་པ་ལ་ཕུར་བ་བཏབ་པ་འབྱིན་ཏམ། བ་ལང་གི་ལྕི་བ་འགོགས་སམ། རི་མོ་བྲིས་སམ། བ་ཚ་ཅན་འགོགས་སམ། ས་རང་བཞིན་ཅན་མ་ཡིན་པ་བརྐོས་སམ། ས་ཚིག་པ་འམ། ཉམས་པར་གྱུར་པ་བརྐོས་སམ། གྲམ་སེག་དང་བྱེ་མ་ནི་མང༌། ས་ནི་ཉུང་བ་བརྐོས་ན་ཉེས་བྱས་སོ། །གྲམ་པ་འབའ་ཞིག་གམ། བྱེ་མ་འབའ་ཞིག་གམ། མཁར་ལེན་ལ་འཇུག་ཅིང་རྒྱ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན། ས་ལ་ཕུར་བ་མཐོ་བཞི་ཙམ་འདེབས་པ་ལ་ལྟུང་བ་མེད་དོ། །ཁ་ཅིག་ནི་གཞན་གྱིས་དེ་ལ་བསྣུན་ཞིང་ངམ། ཆུས་སྤངས་པ་འམ། ཆར་གྱིས་བརླན་པ་འམ། ས་ཞིགས་པ་འམ། ཐག་ཟོས་པ་འམ། དོང་དུ་བྱས་པར་གྱུར་པ་དེ་ལྟ་བུ་ནི་ལྟུང་བ་མེད་དོ་ཞེས་ཟེར་རོ། །རང་བཞིན་ཅན་ལ་རང་བཞིན་ཅན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུའོ། །ས་ལ་སར་འདུ་ཤེས་པ་ལ་ཡང་ངོ༌། །ཁ་ཅིག་ནི་རུང་བར་བྱས་སམ། རུང་བར་མ་བྱས་ཀྱང་རུང༌། རུང་བར་མ་བྱས་པར་འདུ་ཤེས་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ། །གསུམ་པའོ།། །།སེར་སྐྱའི་བཞི་ན་སྟེ། མིང་ཆེན་གྱིས་དགེ་འདུན་རྣམས་ཟླ་བ་བཞིར་བསྟབས་པ་ལས་དྲུག་སྡེ་རྣམས་དེ་ལས་འདས་ཀྱང་སློང་བས་ན་བསྟབས་པའི་གཞིའི་དབང་དུ་མཛད་དེ་འགལ་ཚབས་ཅན་དང༌། ཕོངས་པའི་


DTG151_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དག་གིས་བཞི་པ་བཅས་སོ། །ཟླ་བ་བཞི་ནི་རྗེས་སུ་གནང་གི་གཞན་དུ་ནི་གཏང་ངོ༌། །ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞི་ལས་གཞན་དུའོ། །བསྟབས་པ་ཞེས་བྱ་བ་ནི་མགྲོན་དུ་ཉེ་བར་བོས་བའོ། །བདག་གིར་བྱའོ་ཞེས་བྱ་བ་ནི་ཁས་བླངས་པའོ། །སོ་སོར་བསྟབས་པ་ཞེས་བྱ་བ་ནི་ཐ་དད་ཐ་དད་དུ་དགེ་སློང་རེ་རེ་ནས་བསྟབས་པ་ཡིན་ཏེ། པི་ལིན་དབང་སའི་དབང་དུ་མཛད་དེ་རྗེས་སུ་གནང་ངོ༌། །ཡང་དང་ཡང་དུ་བསྟབས་པ་ཞེས་བྱ་བ་ནི་བདག་ཅག་ཕྱིས་ལྷགས་སོ་ཞེས་བདག་གིར་མ་བྱས་པ་སྟེ། གཟུགས་ཅན་སྙིང་པོ་ཡང་དང་ཡང་དུ་སྟོབས་པའོ། །ལྷག་པར་དོན་དུ་གཉེར་ནས་བསྟབས་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་བྱ་བ་མད་དོ་ཞེས་བདག་གིར་མི་བྱེད་པ་ལ་བསྟབས་པའོ། །རྟག་ཏུ་བསྟབས་པ་ཞེས་བྱ་བ་ནི་ཟླ་བ་བཞི་ལས་འདས་ནས་གཤེགས་སྟོན་བྱས་པ་དང་ཡང་བདག་གིར་མི་བྱེད་པས་ན་དུས་ཐམས་ཅད་དུ་བསྟབས་པའོ། །དགེ་སློང་ཟླ་བ་བཞི་མ་འདས་པར་ཟས་ངན་པ་བསྟབས་པ་ལས་མངོན་པར་སྤྱད་པ་མ་བྱས་པ་ཟས་བསོད་པ་བླངས་ན་ཉེས་བྱས་སོ། །ཟོས་ན་ལྟུང་བྱེད་དོ། །བསོད་པ་བསྟབས་པ་ལས་ངན་པ་བླངས་ན་གཉི་ག་ལ་ཡང་ཉེས་བྱས་སོ། །ཟླ་བ་བཞི་འདས་ཏེ། གང་བསྟབས་པ་དེ་ཉིད་བླངས་ཏེ་ཟོས་ན་ལྟུང་བྱེད་དོ། །དེ་ལས་གཞན་དུ་ན་ཉེས་བྱས་སོ། །ཟླ་བ་བཞི་ལས་འདས་སམ་མ་འདས་ཀྱང་རུང༌། ན་བས་ཟས་བསོད་པ་བླངས་ཏེ་ཟོས་ན་ལྟུང་བ་མེད་དོ། །བུད་མེད་ཟས་ཁྱེར་ཏེ་འོངས་པ་ལས་ཅི་འདོད་ཅེས་འདྲི་ན་བསྟབས་པ་ཡིན་པས་ཅི་འདོད་པ་དེ་བླངས་ལ་ལོངས་སྤྱད་པར་བྱའོ། །བཞི་པའོ།། །།རྒྱལ་པོའི་ཁབ་ན་སྟེ། གང་ཐུན་མོང་པའི་བསླབ་པ་བཅས་པ་དེ་ན་དེའི་ཚེ། གཉི་གའི་དགེ་འདུན་ཡང་འདུས་ཏེ། བསླབ་པའི་གཞིའི་སྐབས་འདིར་དགེ་སློང་མའི་དགེ་འདུན་མ་འདུས་པས་ན། ལམ་པ་དགེ་སློང་མ་རྣམས་ལ་བསྒོ་བའི་ཕྱིར་བཏང་བ་དང༌། དེ་འགྲོ་བ་ལས་དྲུག་སྡེ་རྣམས་ལ་ཡང་བསྒོ་ཡང་དེ་དག་གིས་མ་མཉན་པས་ན་བསླབ་པའི་གཞི་ལ་སྨོད་པའི་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པས་ན་ལྔ་པ་བཅས་སོ། །བྱིས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཉེ་བར་བསམ་པར་སེམས་པ་ལ་སོགས་པའོ། །རྨོངས་


DTG151_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་མི་འཛིན་པའོ། །མི་གསལ་བ་རྣམས་གྱིས་ཞེས་བྱ་བ་ནི་དེ་དག་དོན་ལ་མི་གསལ་བའོ། །མི་མཁས་པ་རྣམས་ཀྱིས་ཞེས་བྱ་བ་ནི། དེ་དག་ལ་གཏན་ལ་འབེབས་པར་མི་མཁས་པ་རྣམས་སོ། །མདོ་སྡེ་འཛིན་པ་དང་ཞེས་བྱ་བ་ནི་མདོ་སྡེ་མཐའ་དག་འཛིན་པ་སྟེ། དེ་བཞིན་དུ་གཞན་ཡང་ངོ༌། །བྱིས་པ་ལ་སོགས་པའི་ཚིག་རྣམས་ལས་གང་ཡང་རུང་བ་ཅིག་སྨྲས་ན་ཡང་ལྟུང་བྱེད་དོ། །བྱིས་པ་ཡིན་པ་བདེན་པ་ཉིད་དམ། བསླབ་པ་དང་མི་མཐུན་པ་ཞིག་ཏུ་སྨྲས་ན་ལྟུང་བ་མེད་དོ། །རྗེས་སུ་ཁས་བླངས་པ་རྗེས་སུ་ཁས་མ་བླངས་པ་ལ་སྨྲ་བ་དང༌། ལྟུང་བ་བྱུང་བ་ལ་ཡང་ངོ༌། །ལྔ་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེ་རྣམས་དྲུག་སྡེ་རྣམས་གནས་ནས་ཕྱུང་བའི་ཕྱིར་གྲོས་བྱེད་པ་ལས་བཞབས་ཤིང་མཉན་པས་ན་འཐབ་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་དྲུག་པའོ། །འཐབ་པར་གྱུར་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་འཁྲུག་ནས་སྨྲས་པ་དང༌། ཕྱིར་སྨྲ་བ་ནི་འཐབ་པའོ། །ཕན་ཚུན་གཅིག་ལ་གཅིག་ཉེས་པའི་དམིགས་བརྗོད་པ་ནི་མཚང་འབྲུ་བའོ། །དེ་ལ་མི་བཟོད་པ་ནི་མི་མཐུན་པའོ། །འཁྲུག་སྟེ་རྩོང་པ་ལས་ཕན་ཚུན་མི་འཕྲོད་པར་སྨྲ་བ་ནི་རྩོད་པའོ། །ཉན་ན་ཞེས་བྱ་བ་ནི་ཉེ་བར་ཉན་པའོ། །དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པ་ཞེས་བྱ་བ་ནི་དེ་ལྟ་དེ་ལྟ་བུར་གཞན་ཟིལ་གྱིས་གནོན་པའོ། །སྟེང་གི་ཡང་ཏོག་ན་གྲོས་བྱེད་པ་དག །དགེ་སློང་ཡང་སྟེང་དུ་འཛེགས་པ་དང༌། དེས་རྟིང་བའི་སྒྲའམ། སེ་གོལ་གྱིས་སྒྲའམ། ལུང་བའི་གྲ་དབྱུང་བར་བྱའོ། །མ་ཕྱུང་བ་ལ་སྒྲ་ཐོས་ཀྱི་དོན་མ་རྟོགས་ན་ཉེས་བྱས་སོ། །སྒྲ་དང་དོན་གཉི་ག་རྟོགས་ན་ལྟུང་བྱེད་དོ། །དེ་བཞིན་དུ་བར་ཁང་དམ། ཇི་སྲིད་ཕྱི་རོལ་གྱི་བང་རིམ་མམ་འཆགས་དང༌། ལམ་དུ་འགྲོ་བའོ། །ནང་དང་བཅས་པ་མ་ཡིན་པ་དང༌། མ་བསམས་པར་ནང་དུ་འོངས་པ་དང་ཐོས་ཀྱང་ཞི་བར་བྱའོ་སྙམ་པ་ལ་ནི་ལྟུང་བ་མེད་དོ། །འཐབ་མོ་བྱུང་བ་ལ་ནི་འཐབ་མོ་བྱུང་བར་འདུ་ཤེས་པ་ནི་རྣམ་པ་དྲུག་ཏུའོ། །ཁ་ཅིག་ན་འཐབ་མོ་མ་བྱུང་བ་ལ་འཐབ་མོ་བྱུང་བར་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཟེར་རོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། བཅུ་བདུན་སྡེས་ཉེ་དགའ་གནས་ནས་ཕྱུང་བའི་ལས་


DTG151_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ། དགའ་བོས་ཁྲེའུའི་སྟེང་དུ་ལ་བ་བཞག་སྟེ་ཅང་མི་སྨྲ་བར་སོང་བས་ན། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་གཞིའི་དབང་དུ་མཛད་དོ། ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ། །ཆོས་དང་མཐུན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བ་ནི་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་རྣམས་སོ། །འགྲོ་ན་ཞེས་བྱ་བ་ནི་ཐོས་པའི་ཉེ་འཁོར་སྤང་བའོ། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་ནང་པ་དང༌། ནད་གཡོག་དང༌། མཁར་ལེན་བྱེད་པ་རྣམས་ལ་བརྟེན་ནས་རྗེས་སུ་གནང་བའོ། །ཇི་སྲིད་དུ་ཐོས་པའི་ཉེ་འཁོར་མ་སྤངས་པ་དེ་སྲིད་དུ་ཉེས་བྱས་སོ། །སྤངས་ན་ལྟུང་བྱེད་དོ། །གསོལ་པ་མ་ཟིན་པ་དང༌། བཤང་བ་དང༌། གཅི་བའི་སར་སོང་ནས་སླར་འོངས་པ་དང༌། ཐོས་པའི་ཉེ་འཁོར་ན་འདུག་པ་ལ་ལྟུང་བ་མེད་དོ། །ཆོས་མ་ཡིན་པའི་ལས་ལ་ལྟུང་བ་མོད་དོ། །ཆོས་མ་ཡིན་པའི་ལས་ལ་ཆོས་ཡིན་པའི་ལས་སུ་འདུ་ཤེས་པ་ཞེས་བྱ་བ་རྣམ་པ་དྲུག་ཏུའོ། །ཁ་ཅིག་ནི་ཆོས་མ་ཡིན་པ་ལ་འང་ཆོས་ཡིན་པར་འདུ་ཤེས་པ་ན་ལྟུང་བར་འགྱུར་བ་ཉིད་དོ་ཞེས་ཟེར་རོ། །བདུན་པའོ།། །།རྒྱལ་པོའི་ཁབ་ན་སྟེ། གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་དགེ་འདུན་གྱི་རྩོད་པ་ཞི་བར་མཛད་པ་ལ། གཅིག་པུ་ཟློག་པར་བྱེད། ཁྲོ་བར་བྱེད། གཏམ་མཇུག་སྡོད་པར་མི་བྱེད། ཕྱིར་སྨྲ་བར་བྱེད་པར་སེམས་པས་ན། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་གཞིའི་དབང་དུ་མཛད་དེ་སྨོད་པའི་དང༌། མ་དད་པའི་ཉོན་མོངས་པ་དག་གིས་བརྒྱད་པའོ། །གུས་པར་མི་བྱེད་ན་ཞེས་བྱ་བ་ནི་མ་གུས་པ་ལ་རྣམ་པ་གཉིས་སོ། །དགེ་འདུན་གྱི་སྟེ། གང་དགེ་འདུན་གྱི་ཐ་སྙད་པ་དང༌། གང་ཟག་གི་སྟེ། གང་སློབ་དཔོན་དང་མཁན་པོ་རྣམས་ཀྱིའོ། །དགེ་སློང་ལ་དགེ་འདུན་གྱི་ཐ་སྙད་པས་འདུག་ཤིག་ཅེ་འམ། མ་འདུག་ཤིག་ཅེ་འམ། སོང་ཤིག་ཅེས་སམ། མ་འགྲོ་ཤིག་ཅེས་སམ། མལ་ཆ་དང་སྟན་དང་གཙུག་ལག་ཁང་ལོང་ཤིག་ཅེ་འམ། མ་ལེན་ཅིག་ཅེས་བསྒོ་བ་ལས་ཇི་སྐད་བསྟན་པ་རྣམས་མི་བྱེད་ན་ལྟུང་བྱེད་དོ། །སློབ་དཔོན་དང་མཁན་པོས་བསྒོ་བར་རྣམས་མི་བྱེད་ན་ཉེས་བྱས་སོ། །ཆོས་


DTG151_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལན་ལྡོན་པ་དང༌། གནས་བརྟན་རྣམས་ཆོས་མ་ཡིན་པ་རྣམས་སྨྲ་བ་ལ་གཏམ་གྱིས་བརྗོད་པ་ལ་ལྟུང་བ་མེད་དོ། །རྣམ་པ་གཞན་དུ་ན་ཡང་དགེ་འདུན་གྱི་ཐ་སྙད་པ་དང༌། ཆོས་དང་སངས་རྒྱས་དང༌། བླ་མ་དང༌། དེའི་གནས་ལྟ་བུ་དང༌། སློབ་མ་དང༌། ཟངས་པོ་འམ། འཇིག་རྟེན་པ་ཡང་རུང་དེ་དག་གི་དབང་དུ་བྱས་ཏེ། མ་གུས་པ་ནི་གལ་ཏེ་ཇི་སྲིད་ལྟར་འགྲོ་བར་བྱ་བ་དང༌། འདུག་པར་བྱ་བ་དང༌། སྨྲ་བར་བྱ་བ་དང༌། མི་སྨྲ་བར་བྱ་བ་དང༌། གལ་ཏེ་དེ་ལྟར་ལུས་སམ། ངག་གམ་ཡིད་ཀྱིས་ཉོན་མོངས་པ་མངོན་དུ་བྱས་ཏེ། ཇི་ལྟར་རིགས་པར་མི་བྱེད་པའོ། །དེ་ལ་ཆོས་ཀྱི་དབང་དུ་བྱས་ཏེ། ཚུལ་ཁྲིམས་ལ་སོ་སོར་བརྟགས་པ་དང༌། ཀླག་གམ། ཁ་ཏོན་བྱ་བ་དང་བསྟན་པ་དང༌། ཁ་ཏོན་བྱེད་པ་ནི་སྦྱིན་པ་དང༌། དོན་འཛིན་དུ་གཞུག་པ་དང༌། བསམ་པ་དང༌། རྣལ་འབྱོར་དང༌། གདམས་ངག་དང༌། ཡིད་ལ་བྱེད་པ་ལ་སོགས་པ་ཇི་ལྟར་ཡང་མ་བྱས་པ་དེ་ལྟར་དེ་ན་ཡང་དོན་མི་བྱེད་པ་དང༌། འཇིག་རྟེན་རྒྱང་པ་ན་དང་ལྡན་པ་ཀློག་པ་དང༌། ཉན་པ་དུས་མ་ཡིན་པར་ཉན་པ་འམ། ཚད་མེད་པར་བྱེད་པའོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ལ་ཕྱག་མི་འཚལ་བ་དང༌། དུས་དུས་སུ་མཆོད་རྟེན་ལ་ཕྱག་མི་འཚལ་ཞིང་ཉེ་འཁོར་དུ་སྤྱད་པ་ལ་ཡོངས་སུ་སྤྱོད་ཅིང་མི་སྤང་བ་དང༌། བཤུད་པ་དང་བརྙས་པ་ལ་སོགས་པའོ། །བླ་མ་དང་དེའི་གནས་ལྟ་བུ་ཞེས་བྱ་བ་ནི། ཇི་ལྟར་བླ་མའི་ཐད་དུ་འགྲོ་བར་བྱ་བ་དང་འགྲེང་བར་བྱ་བ་དང༌། ཤིན་ཏུ་མ་གུས་པར་མི་བྱ་བ་དང༌། ཤིན་ཏུ་ཞུམ་པར་ཡང་མི་བྱ་བ་དང། གང་མགོ་མི་གཡོགས་པ་ནས་ཕྲག་པ་མི་སྤྲད་པ་དང༌། ལྟག་པར་མེ་བསྣོལ་བ་ཞེས་བྱ་བའི་བར་དུ་དང༌། མི་མཆོད་པ་ནས་དཀུར་མི་བརྟེན་པ་ཞེས་བྱ་བའི་བར་དུ་དང༌། བྲལ་མི་བསྣོལ་བ་དང༌། རྐང་པའི་སྟེང་དུ་རྐང་བ་མི་གཞག་པ་དང༌། ཇི་ལྟར་གཞན་དུ་ཕྱོགས་ཤིང་འདུག་པར་མི་བྱ་བ་དང༌། མ་བསྒོ་བའི་བར་དུ་མ་ཡིན་པ་དང༌། སྟན་མཐོན་པོ་ལམ་ཡིན་པ་དང༌། བྱིན་པའི་སྟེང་དུ་བྱིན་པ་མི་གཞག་པ་དང༌། མ་གུས་པ་ལ་སོགས་པ་མ་ཡིན་པར་བྱའོ། །ཇི་ལྟར་སྨྲ་བར་བྱ་བ་སྟེ། མི་མཐུན་པའི་ཚིག་སྨྲ་བར་མི་བྱ་བ་དང༌། བསྐྲད་པར་མི་བྱ་བ་དང༌།


DTG151_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་མི་བྱ་བ་དང༌། སྨད་པར་མི་བྱེད་པ་ལ་སོགས་པའོ། །ཅི་ལྟར་ཡང་ཅང་མི་སྨྲ་བར་བྱ་བ་སྟེ། ཁྲོ་བ་དང༌། ཕྲག་དོག་དང༌། ཞེ་སྡང་དང༌། བརྙས་བ་ལ་སོགས་པ་དང༌། སྡིག་པ་སྤང་བའི་སེམས་ཀྱིས་སོ། །སྡང་མིག་ཏུ་བལྟ་བར་མི་བྱ་བ་ལ་སོགས་པ་བསྙེན་བཀུར་བྱ་བར་ཞུགས་པ་ཅི་ལྟར་བསྙེན་བཀུར་བྱ་བ་གལ་ཏོ་དེ་བཞིན་དུ་མི་བྱེད་པའོ། །སློབ་མ་ལ་ཡང་མ་གུས་པ་ལས་བརྩམས་ཏེ། གལ་ཏེ་གནས་མ་ཡིན་པར་སྨིན་པ་དང༌། མི་བཟོད་པ་དང༌། རྗེས་སུ་མི་སྟོན་པ་དང༌། འགྱོད་པ་སེལ་བར་མི་བྱེད་པ་དང༌། སྨོད་པ་དང༌། འཕྱ་བ་དང༌། ཉོན་མོངས་པའི་སེམས་ཀྱིས་ཆོས་དང་ཟང་ཟིང་ལ་སོགས་པས་སྡུད་པར་མི་བྱེད་པ་དང༌། མ་གུས་པས་དེ་ཐམས་ཅད་ལ་ཡང་ལྟུང་བྱེད་དོ། །བདག་པོ་ཞེས་བྱ་བ་ནི་རྒྱལ་པོ་དང༌། རྒྱལ་པོའི་བློན་པོ་ལ་བརྟེན་ཏེ། ཇི་ལྟར་འགྲོ་བར་བྱ་བ་ལ་སོགས་པ་ལྟར་མི་བྱེད་དོ། །གང་གིས་མ་དང་པར་བྱེད་དམ། ཁྲོ་བར་བྱེད་པས་ན། དེ་ནས་གནོད་པར་འགྱུར་བ་འཛིན་པའོ། །འཇིག་རྟེན་པ་ཞེས་བྱ་བ་ལ་ནི་གལ་ཏེ་འཇིག་རྟེན་ལ་མི་རྟོག་པར་དེ་ལྟ་བུས་མ་དད་པའི་ལུས་ཀྱི་ལས་ཀུན་དུ་སྤྱོད་པ་སྟེ། གནས་མ་ཡིན་པར་བཤང་གཅི་བྱེད་པ་དང༌། ཡིད་དུ་མི་འོང་བར་སྨྲ་བའོ། །གཞན་ཡང་འཇིག་རྟེན་གྱིས་སྨད་པ་སྤང་བར་ནུས་པ་མི་སྤོང་བ་དང༌། བདག་དང་གཞན་གྱི་རིགས་ཀྱི་དགེ་བ་འགག་པར་འགྱུར་བ་དང༌། འཇིག་རྟེན་པ་མ་དང་པ་མི་སྤོང་བ་དང༌། ཉོན་མོངས་པ་སྔོན་དུ་བྱས་ནས་འཇིག་རྟེན་གྱིས་སྨྲས་པ་ངལ་ཅིག་གནོད་ཅེས་བྱ་བ་རྣམས་ནི་ཐམས་ཅད་ལ་ཡང་ལྟུང་བྱད་དོ། །ཆོས་ལ་ཐ་ན་གལ་ཏེ་ལེ་ལོ་ལ་བདེ་བ་ཉམས་སུ་མྱོང་ཞིང་ཅི་ལྟར་འཇུག་པར་བྱ་བའི་རིགས་པ་ལ་དེ་ལྟར་མི་འདུག་པའོ། །དྲན་པ་ཉམས་ན་ཡང་ཉས་བྱས་སོ། །དགེ་འདུན་གྱི་ཐ་སྙད་པ་ལ་དེར་འདུ་ཤེས་པ་ལ་སོགས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང༌། ཉེས་བྱས་བཞིའོ། །ཁ་ཅིག་ནི་དེ་མ་ཡིན་པ་ལ་དེར་འདུ་ཤེས་ན་ཡང་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ། །བརྒྱད་པའོ།། །།མཉན་ཡོད་ན་སྟེ། ལེགས་འོངས་བྲམ་ཟེའི་ཁྱིམ་དུ་གླང་པོ་ཆེའི་ཆང་དང་བཏུང་བ་བསྲེས་པ་འཐུངས་པས་ར་རོ་སྟེ་ལམ་པོ་ཆེར་འགྱེལ་བས་ན།


DTG151_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་ཡོངས་སུ་ལེན་པའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན་མོངས་པས་དགུ་པ་བཅས་སོ། །དེ་ལ་འབྲུའི་ཆང་ཞེས་བྱ་བ་ནི་ཆན་གྱི་ཆང་བཏུང་བ་དང༌། ཕྱེའི་ཆང་བཏུང་བ་དང༌། ཕབས་ཀྱི་བཏུང་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུའི་བཏུང་བའོ། །འཐུངས་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །མྱོས་པར་འགྱུར་བའི་ཁ་དོག་གམ། དྲི་འམ། རོ་འམ། མྱོང་བ་ཡང་རུང་སྟེ། ཡན་ལག་ཐ་མ་གཅིག་པུ་མེད་དམ། ཡན་ལག་གཞན་གཉིས་པོ་མེད་ཀྱང་རུང་མྱོས་བར་འགྱུར་བ་འཐུངས་ཀྱང་རུང་བ་ལས་གལ་ཏེ་མྱོས་པར་འགྱུར་བ་ན་ལྟུང་བྱེད་ཏུ་འགྱུར་ལ། མྱོས་པར་མ་གྱུར་པ་ན་ཉེས་བྱས་སོ། །མྱོས་པར་འགྱུར་བའི་ཁ་དོག་འབའ་ཞིག་འཐུངས་པ་ལ་ལྟུང་བ་མེད་དོ། །འབྲུའི་ཆད་དང༌། བཅོས་པའི་ཆང་ངམ་གཉི་ག་བསྲེས་པ་ཡང་རུང༌། མཁུར་བ་གང་འཐུངས་སམ། སྤང་མ་འམ་ཚིགས་མ་ཡང་རུང་ཟ་ན་ལྟུང་བྱེད་དོ། །ཕབས་ཀྱི་རྡོ་གུ་ཟ་བ་དང༌། མྱོས་པར་འགྱུར་བའི་མེ་ཏོག་དང་འབྲས་བུ་ཟ་ན་ཉེས་བྱས་སོ། །བསྐོལ་བ་འཐུངས་སམ། སྨན་པས་ལུང་ཕོག་པས་མཁུར་བར་འཆད་དམ་ལུས་ལ་ཉུག་པ་ལ་ནི་ལྟུང་བ་མེད་དོ།། ཆད་ལ་སྲེད་པའི་ཕྱིར་འཚོ་བར་མི་ནུས་ན་བཏུང་བའི་རྫས་གང་ཆང་དུ་གྱུར་པ་དེ་ཕྱེ་མར་གྱུར་པ་རས་དཀར་པོའི་དུམ་བུའི་ནང་དུ་ཐུམ་པོར་བཅིངས་ལ་ཆང་གི་སྣོད་མ་གང་བའི་ནང་དུ་ཅི་ནས་ཀྱང་ཆང་ལ་མ་རེག་པར་དཔྱངས་ཏེ་གཞག་པར་བྱའོ། །དེ་ནས་ཆུའི་ནང་དུ་དཀྲུགས་ཏེ་ཟས་ཀྱི་སྔ་རོལ་དང༌། ཟས་ཀྱི་འོག་རོལ་ངག་ཏུ་བཏུང་བར་བྱའོ། །དགེ་སློང་དག་ངལ་སྟོན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་མི་སྦྱིན་ཞིང༌། མི་བཏུང་མི་བླང་ངོ༌། །མྱོས་པར་འགྱུར་བ་ལ་མྱོས་པར་འགྱུར་བར་འདུ་ཤེས་པ་རྣམ་པ་དྲུག་གོ །ཁ་ཅིག་ནི་མྱོས་པར་འགྱུར་བ་མ་ཡིན་ཡང་དེར་འདུ་ཤེས་ན་ལྟུང་བའོ་ཞེས་ཀྱང་ཟེར་རོ། །ཆང་ལས་ཚར་གྱུར་པ་དང༌། བཞིན་སྣང་བ་དེ་ལ་ཆུས་བསླད་པ་བཙགས་ཏེ། ཐུན་ཚོང་དུ་རུང་བའི་དབང་དུ་བྱས་ནས་འཐུངས་པ་ལ་ལྟུང་བ་མེད་དོ། །དགུ་པའོ།། །།མཉན་ཡོད་ན་སྟེ། འཆར་ཀས་གཏུམ་མོའི་


DTG151_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མནའི་མའི་ཁྱིམ་དུ་དུས་མ་ཡིན་པར་སོང་བ་ལས། ཆོམ་རྐུན་པའི་སྡེ་དཔོན་ལ་བྱས་ཏེ་བསད་པ་ལས། གྲོང་དུ་འགྲོ་བའི་གཞིའི་དབང་དུ་མཛད་དེ། རྐྱེན་ལས་མ་གཏོགས་པའི་ཉོན་མོངས་པས་བཅུ་པ་བཅས་སོ། །དུས་མ་ཡིན་པ་ཞེས་བྱ་བ་ནི་དུས་མ་ཡིན་པ་ལ་རྣམ་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང༌། ཉི་མ་ཕྱེད་ཡོལ་བའོ། །གྲོང་ཞེས་བྱ་བ་ནི་གང་ན་སྲང་དང༌། སུམ་མདོ་དང༌། བཞི་མདོ་ཡོད་པར་ཤེས་པའོ། །འདུག་པ་ཞེས་བྱ་བ་ནི་མི་འཁོད་པ་ལ་ལྟུང་བ་མེད་པར་བསྒྲགས་པ་སྟེ། དེ་ཡང་ནད་པ་ལ་སོགས་པ་ལ་བརྟེན་ནས་རྗེས་སུ་གནང་བའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་ཁྱིམ་གཞན་དུ་ལྷུང་བཟེད་དམ། ཆོས་གོས་ཚིག་པ་དང༌། སྲོག་གི་བར་ཆད་དུ་གྱུར་པ་འམ། ཚངས་པར་སྤྱད་པའི་བར་ཆད་དུ་གྱུར་པའོ། །དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །དུས་ལ་དུས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །དུས་མ་ཡིན་པ་འམ། །དུས་ལ་དུས་སུ་འདུ་ཤེས་ན་ལྟུང་བ་མེད་དོ། །རྣམ་པ་གསུམ་པོ་རྣམས་སུ་འགྲོ་བ་ལ་ལྟུང་བ་མེད་དོ། །དགོན་པ་དང༌། ཀུན་དུ་འགྲོ་བ་དང༌། གྲོང་ནས་གྲོང་དུ་འགྲོ་བའོ། །རྫུ་འཕྲུལ་གྱིས་འཇུག་པ་ལ་ལྟུང་བ་མེད་དོ། །ནམ་མཁའ་ལ་འདུག་པས་ས་ལ་འདུག་པ་ལ་དང༌། ས་ལ་འདུག་པས་ནམ་མཁའ་ལ་འདུག་པ་འམ། ཚངས་པར་སྤྱོད་པའི་བར་ཆད་དམ། མཚམས་ཀྱི་ནང་ན་འདུག་པས་མཚམས་ཀྱི་ཕྱི་རོལ་ལ་འདུག་པ་འམ་སླར་ཟློག་པ་ཡང་རུང་སྟེ། མ་སྨྲས་སམ། སྐད་མི་ཤེས་པ་འམ། རང་བཞིན་དུ་གནས་པ་མ་ཡིན་པ་དང་ལྷན་ཅིག་པ་ལས་འཇུག་པ་དང༌། འདི་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་མ་སྨྲས་པར་འཇུག་པ་ལ་ཡང་ལྟུང་བ་མེད་དོ། །གྲོང་ལ་གྲོང་དུ་འདུ་ཤེས་པ་ཡང་རྣམ་པ་དྲུག་ཏུའོ། །ཁ་ཅིག་ནི་གྲོང་མ་ཡིན་པ་དང༌། དུས་ལ་དུས་མ་ཡིན་པར་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཟེར་རོ། །བཅུ་པའོ།། །།བརྒྱད་པའི་ཚོགས་རྫོགས་སོ།། །།མཉན་ཡོད་ན་སྟེ། ཉེ་དགས་ཁྱིམ་པ་གཞན་ཞིག་ངང་པར་


DTG151_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང༌། དེའི་དོར་དགེ་སློང་གི་དགེ་འདུན་རྣམས་འགྲོན་དུ་བོས་ནས་ཁོ་བོ་མ་འོངས་པའི་བར་དུ་མ་བྲིམ་ཤིག་ཅེས་བསྒོ་ནས་ཁྱིམ་གཞན་དུ་སོང་སྟེ་འདུག་པ་དང༌། དགེ་སློང་གི་དགེ་འདུན་རྣམས་ལས་ཕལ་ཆེར་ཟན་ཆད་པར་གྱུར་ཏེ། ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་ནས་ཕོངས་པ་དང༌། མ་དད་པའི་ཉོན་མོངས་པ་དག་གིས་ཟས་དང་བཅས་པ་ལ་སོགས་པའི་ཚོགས་དང་པོར་བཅས་སོ། །ཟས་དང་བཅས་པ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་དང་བཅས་པའོ། །ཁྱིམ་ཞེས་བྱ་བ་ནི་བྲམ་ཟིའི་ཁྱིམ་མམ། ཁྱིམ་བདག་གི་ཁྱིམ་མོ། །ཉེ་བར་མགྲོན་དུ་བོས་པས་ཞེས་བྱ་བ་ནི་ཟས་ལའོ། །ཟས་ཀྱི་སྔ་རོལ་ཞེས་བྱ་བ་ནི་སྔ་དྲོ་སྟེ་ཁྱིམ་དག་ཏུ་གཉིས་དག་ལས་ལྷག་བར་འགྲོ་བའོ། །ཟས་ཟོས་པའི་འོག་རོལ་ཞེས་བྱ་བ་ནི་ཕྱི་དྲོ་སྟེ། ཁྱིམ་རྣམས་སུ་གསུམ་པོ་རྣམས་ལས་ལྷག་པར་རོ། །རྒྱུ་ཞིང་འགྲོ་ཞེས་བྱ་བ་ནི་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །ཅི་ཙམ་དུ་ཟས་ཀྱི་སྔོན་རོལ་དུ་ཁྱིམ་གཉིས་ལས་ལྷག་པར་རམ། ཟས་ཟོས་པའི་འོག་རོལ་ཏུ་ཁྱིམ་གསུམ་ལས་ལྷག་པར་རྗེས་སུ་འཇུག་ན་ལྟུང་བྱེད་དོ། །གལ་ཏེ་ཁྱིམ་བདག་ལ་བདག་མ་འོངས་ཀྱང་བཤོས་གསོལ་ཅིག་ཅེས་བསྒོ་སྟེ། འགྲོ་བ་དང་དེའི་ངོར་མགྲོན་དུ་མ་བོས་པ་དང༌། བཟའ་བ་ལྔ་ལས་གཞན་ལ་མགྲོན་དུ་བོས་པ་དང༌། གོས་སུ་བཅས་པ་ཡོད་པ་དང༌། མགྲོན་དུ་བོས་པ་དེ་གཞག་སྟེ་གཞན་དུ་ཚོལ་བ་ལ་ལྟུང་བ་མེད་དོ། །དེ་ལ་ཀུན་དུ་སྤྱད་པ་ནི་མགྲོན་དུ་འབོད་པ་དྲུག་དང༌། མགྲོན་དུ་བོས་པ་དགུ་དང༌། ལྷག་མ་ཟ་བ་ལྔའོ། །མགྲོན་དུ་བོས་པ་དྲུག་པོ་རྣམས་གང་ཞེ་ན། དབུལ་པོ་མི་དད་པ་དང༌། དད་པ་དང༌། ཕྱུག་པོ་མི་དད་པ་དང༌། དད་པ་དང༌། ཉེ་དུ་མ་ཡིན་པ་དང༌། ཉེ་དུ་ཡིན་པའོ། །མགྲོན་དུ་བོས་པ་དྲུག་པོ་རྣམས་གང་ཞེ་ན། དགེ་འདུན་ལ་བརྟེན་ནས་མགྲོན་དུ་བོས་པ་དང༌། གང་ཟག་སོ་སོར་བོས་པ་དང༌། གྲོགས་དང་ལྷན་ཅིག་བོས་པ་དང༌། ཉིན་ཞག་ཏུ་མགྲོན་དུ་བོས་པ་དང༌། ནར་མ་ལ་མགྲོན་དུ་བོས་པ་དང༌། ཚད་བཙུགས་ཏེ་མགྲོན་དུ་བོས་པ་དང༌། ཅི་ཡོད་པ་དེ་ཙམ་ཟོ་ཞིག་ཅེས་པ་འམ། བྱེ་བྲག་མ་ཕྱེ་བར་མགྲོན་དུ་བོས་པ་


DTG151_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དང། དུས་སྟོན་ལ་མགྲོན་དུ་བོས་པའོ། །ལྷག་མ་ཟ་བ་ལྔ་པོ་རྣམས་གང་ཞེ་ན། ལོག་པར་ལྟུང་བ་དུད་འགྲོ་འམ། ཡི་དགས་དང༌། ནད་པ་དང༌། ནད་པའི་རིམ་གྲོ་དང༌། ས་དྭའི་གཡོག་དང༌། བདག་གི་དང༌། ཡོན་བདག་གི་སྦྱིན་བ་འམ། རང་ཉམས་སུ་འོངས་པ་དང༌། མུ་གེས་ཉན་ཏེ་ཡ་མཚན་ཅན་འོངས་པ་དང༌། དགེ་བསྙེན་ནམ། དགེ་བསྙེན་མ་ལ་མེད་པར་འགྱུར་བའོ། །དེ་ལ་དགེ་སློང་མགྲོན་དུ་བོས་པས་ལོག་པར་ལྟུང་བ་ལ་ཆང་པ་གཅིག་ཙམ་སྦྱིན་པར་བྱའོ། །ལྷག་མ་རྣམས་ལ་སྦྱིན་པར་འདོད་ན་དབུལ་པོ་མི་དད་པའི་ཁྱིམ་དུ་ནི་ཕྱེད་དང་ཉེ་བ་སྦྱིན་ནོ། །དང་པའི་ཁྱིམ་དུ་ནི་ཕྱེད་དོ། །ཕྱུག་པོ་མ་དད་པའི་ཁྱིམ་དུ་ནི་མཉམ་པར་རོ། །དུས་སྟོན་གྱི་ཚེ་ནི་ཅི་འདོད་པར་སྦྱིན་ནོ། །ལྔ་པོ་ལས་གཞན་ནི་སྦྱིན་བདག་གིས་རྗེས་སུ་གནང་བ་སྦྱིན་ནོ། །ཉེ་དུའི་ཁྱིམ་དུ་ནི་ཅི་འདོད་པ་སྦྱིན་ནོ། །ཆད་བཙུགས་ཏེ་མགྲོན་དུ་བོས་པར་ནི་ལྷུང་བཟེད་དུ་འོངས་པ་ཙམ་བཟའ་བར་བྱའི། ཇི་སྲིད་འདོད་པའི་བར་དུ་དེ་ལ་སྦྱིན་དུ་ག་ལ་ཡོད། ཀུན་དུ་འབོད་པ་གཉིས་ན་དེ་ཉིད་ཀྱི་ཁར་བོར་བར་བྱའོ། །གལ་ཏེ་རང་དག་མི་འདུམ་ན། ལྕི་བ་དང༌། ཡང་བ་དང༌། གང་ཆེར་དད་པ་དང༌། གང་ཆེར་འདྲིས་པ་དང་བརྟགས་ལ། གང་ཆེར་བགོ་མི་དགོས་པ་ལ་དེ་ལ་ཁས་བླང་པར་བྱའོ། །དང་པོའོ།། །།མཉན་ཡོད་ན་སྟེ། འཆར་ཀས་བཙུན་མོ་ཕྲེང་ལྡན་མ་ལ་དུས་སྔ་མོ་ཞིག་ཏུ་བསྟན་པ་སྟོན་པར་ནང་དུ་འོངས་ཏེ། དེ་གཉིད་ལོག་པ་ལས་བསླངས་པ་དང༌། དེ་ཡང་བཙུན་མོའི་འཁོར་ཡ་འོས་བའི་གོས་གྱོན་པས་ན། ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་དེ། མ་དད་པ་དང༌། རྐྱེན་མ་གཏོགས་པ་ལ་སོགས་པའི་ཉོན་མོངས་པ་དག་གིས་གཉིས་པའོ། །རྒྱལ་རིགས་ཞེས་བྱ་བ་ནི་རིགས་གཞན་ལས་ཀྱང་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་ན་དེ་ཡང་རྒྱལ་རིགས་ཉིད་ཅེས་བརྗོད་པར་བྱའོ། །སྐྱ་རེངས་མ་ཤར་ཞེས་བྱ་བ་ནི་སྐྱ་རེངས་ལ་གསུམ་མོ། །སྐྱ་རེངས་སྔོན་པོ་སྟེ། གང་སྔོན་པོར་སྣང་བ་དང༌། སྐྱ་རེངས་སེར་པོ་སྟེ། གང་སེར་པོར་སྣང་བ་དང༌། སྐྱ་རེངས་མར་པོ་སྟེ། གང་དམར་པོར་སྣང་


DTG151_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །མ་བསྡུས་པ་རྣམས་ལ་ཞེས་བྱ་བ་ནི་མ་སྦས་པ་རྣམས་སོ། །སྒོ་གཏན་ཞེས་བྱ་བ་ནི་སྒོའི་གཏན་པ་རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོའི་གཏན་པ་དང༌། རྒྱལ་པོའི་ཕོ་བྲང་གི་སྒོའི་གཏན་པ་དང༌། བཙུན་མོའི་འཁོར་གྱི་སྒོའི་གཏན་པའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི། ཅི་ལྟར་ཀཽ་ཤཱམྦཱི་ན་རྒྱལ་པོའི་བཀས་གདངས་ཅན་གྱི་ཁྱིམ་དང༌། རྒྱལ་པོའི་ཁབ་དང་ཉེ་བ་གཅིག་ཏུ་བྱས་ཏེ་རྗེས་སུ་གནང་བའོ། །ལྔ་པོ་དག་གི་ཚིག་ནི་མི་གཅོག་པ་ཡིན་ཏེ་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་དང༌། དགེ་འདུན་གྱི་གནས་བརྟན་དང༌། སློབ་དཔོན་དང༌། མཁན་པོ་དང་དགེ་སྐོས་ཀྱིའོ། །གྲོང་ཁྱེར་གྱི་སྒོ་གཏན་ལས་འངས་པ་དང༌། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ། །བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདས་ན་ལྟུང་བྱེད་དོ། །ནམ་མ་ལངས་པ་ལ་ནམ་ལངས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུའོ། །རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང༌། ནམ་མཁའ་ལྡིང་རྣམས་ཀྱི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ། །རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུར་འགྱུར་ཏེ། འཛུམ་པ་དང༌། མངལ་ན་ཡོད་པ་ལས་མི་ཚངས་པར་སྤྱོད་པར་དོགས་པ་དང༌། མ་བྱིན་པར་བླངས་པར་དོགས་པ་དང༌། གསང་གྲགས་པར་དོགས་པ་དང༌། གཞོན་ནུ་བསད་པ་དང༌། དེས་ཀྱང་རྒྱལ་པོ་བསད་པ་དང༌། བློན་པོ་བསྟོད་དམ། གནས་དམའ་མོར་འཇོག་པ་དང༌། ཡུལ་རྣམས་མ་རུང་པར་བྱེད་པ་འམ། གཞན་གྱི་ཡུལ་འཁོར་མ་རུང་བར་བྱེད་པར་དོགས་པའོ། །རྒྱལ་པོ་ལ་སོགས་པའི་བཀས་ནི་ལྟུང་བ་མེད་དོ། །གཉིས་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་མ་གུས་པར་སོ་སོར་ཐར་པ་ཉན་ཏེ། འདི་ལྟར་འདི་ཡང་བདེ་བར་གཤེགས་པས་གསུངས་པར་ད་གདོད་ཅིག་འདི་ཐོས་སོ་ཞེས་སྨྲས་པས་ན་བསླབ་པའི་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པས་གསུམ་པ་བཅས་སོ། །གུས་པར་མི་བྱེད་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པའོ། །ཉེས་པ་དྲུག་ནི་གོ་རིམས་ཅི་ལྟ་བ་བཞིན་དུ་སྟོན་ཏེ། མ་དད་པས་ཉེས་པ་དང༌། རིམ་གྲོ་


DTG151_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཉེས་པ་དང༌། མ་མོས་པས་ཉེས་པ་དང༌། ཕྱི་རོལ་དུ་གཡེངས་པས་ཉེས་པ་དང༌། ནང་དུ་མ་བསྡུས་པས་ཉེས་པ་དང༌། སྐྱོ་བས་ཉེས་པ་དང༌། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གསོ་སྦྱིན་གྱི་ལས་ཀྱི་ཚེ་དགེ་སློང་ལ་དགེ་སློང་གིས་གླེངས་ནས་དེ་ཡང་འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་པར་གྱུར་ཏམ། དྲན་པ་ཉམས་པར་གྱུར་ཏམ། གཉིད་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཏམ། གཡེངས་པས་ཀུན་ནས་དཀྲིས་པས་གྱུར་ཀྱང་རུང༌། གལ་ཏེ་སྔོན་དུ་གསོ་སྦྱིན་གྱི་ལས་ལན་གཉིས་ལན་གསུམ་གྱི་ཚེ་འདུག་པར་གྱུར་ལ་དེས་ཀྱང་ཆོས་དེ་ཐོས་སམ། མ་ཐོས་པར་འགྱུར་ཏམ། བརྗེད་དམ་མ་བརྟགས་ཏེ། དགེ་སློང་ཉིད་ཀྱང་བདག་གིས་མ་ཐོས་སོ། །མ་བརྟགས་སོ་སྙམ་དུ་རིག་ལ་དེ་ནས་ཀྱང་དེ་ལ་གཉིད་དམ་གཡེངས་བ་ལ་སོགས་པ་སྦྱོར་བ་ཉམས་སུ་ལེན་ན་གལ་ཏེ་གསོ་སྦྱིན་གྱི་ཚེ་ལྟུང་བ་རྣམས་བརྗོད་པ་མ་ཐོས་པར་མངོན་དུ་འདའ་བར་བྱེད་ན་འདས་མ་ཐག་ཏུ་ལྷན་ཅིག་བསྟན་པ་ཐམས་ཅད་ལ་ཡང་ལྟུང་བྱེད་གཅིག་གོ །རྣམ་པ་གཞན་དུ་ན་མ་སྨྲས་ཀྱང་ལྟུང་བ་འདིར་འགྱུར་རོ་ཞེས་འབྱུང་ངོ༌། །གལ་ཏེ་དགེ་སློང་མའི་འདུལ་བ་ལ་བསླབ་པ་ཐུན་མོང་མ་ཡིན་པ་ལ་བསམས་ན་ཉེས་བྱས་སོ། །ཐུན་མོང་བ་ཡིན་ན་ལྟུང་བྱེད་ཉིད་དོ། །ལམ་གོལ་བར་སྐྱེས་ཤིང་རྒས་པ་དང༌། མི་ཤེས་པ་བདེན་པ་ལ་ལྟུང་བ་མེད་དོ། །སོ་སོར་ཐར་པའི་མདོ་འདོན་པས་སོ་སོར་ཐར་པ་ལེགས་པར་གདོན་པར་བྱའོ། །གཎྜཱི་བརྡུངས་པ་དང་དགེ་སློང་རྣམས་ཀྱིས་ལྟུང་བ་དྲན་པར་བྱོས་ལ་ཕྱིར་བཅོས་པར་བྱས་ཏེ་འདུག་པར་བྱའོ། །གསུམ་པའོ།། །།མཉན་ཡོད་ན་སྟེ། བ་སོ་མཁན་གྱིས་རང་གི་བཟོས་དགེ་སློང་གི་དགེ་འདུན་རྣམས་ལ་བསྟབས་བ་དང༌། དགེ་སློང་དག་གིས་ཀྱང་དེ་ལ་ཇི་སྲིད་ལོངས་སྤྱོད་ཟད་པར་གྱུར་པའི་དེའི་བར་དུ་བྱེད་དུ་བཅུག་པས་ན་ཁབ་རལ་གྱི་གཞིའི་དབང་དུ་མཛད་དོ། མ་དད་པ་ལ་སོགས་པའི་ཉོན་མོངས་པས་བཞི་པའོ། །ཁ་བ་རལ་ཞེས་བྱ་བ་ནི་ཁབ་རལ་གཉིས་རྗེས་སུ་གནང་སྟེ། སྦུབས་ཅན་གི་རྣམ་པ་དང་ཆང་བའོ། །བྱེད་དུ་བཅུག་ཅེས་བྱ་བ་ནི་བདག་


DTG151_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གམ་གཞན་གྱིས་སོ། །བཅག་ནས་ཞེས་བྱ་བ་ནི་གལ་ཏེ་བྱས་ཟིན་བ་བདག་གིར་བྱེད་ན་བཅག་ལ་ལྟུང་བ་བཤགས་པར་བྱའོ། །མ་ཟིན་པར་བཏང་ན་ཉེས་བྱས་སོ། །གཞན་གྱི་ཕྱིར་བྱེད་ན་ཡང་ཉེས་བྱས་སོ། །བྱས་ཟིན་པ་རྙེད་པ་དང༌། བྱས་པ་ལ་ལོངས་སྤྱོད་པ་ནི་ལྟུང་བ་མེད་དོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་བཅག་གམ་ཞེས་དྲི་བར་བྱའོ། །རྣམ་པ་གཞན་དུ་ཉེས་བྱས་ཉིད་དོ། །དེ་བཞིན་དུ་བསྡུས་སམ་བཅད་དམ་ཞེས་བྱ་བ་ཡང་ངོ༌། །ཁབ་རྣམ་པ་བཞི་རྗེས་སུ་གནང་སྟེ། ར་གན་དང༌། ཟངས་དང༌། ཁར་བ་དང༌། ལྕགས་ཀྱིའོ། །གྲིའུ་ཡང་རྣམ་པ་གཉིས་ཏེ། བྱ་རོག་གི་མཆུ་ལྟ་བུ་དང༌། བྱ་ག་ག་གི་གཤོག་པ་ལྟ་བུ་སྟེ། ཆེན་པོ་ནི་སོར་དྲུག་གོ །ཆུང་ངུ་ནི་སོར་བཞིར་རོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་གྱི་རང་བཞིན་དང༌། ཡུ་བ་ཁྲ་བོ་ཉེ་བར་བཀྲ་བ་དང༌། བསེ་རྩིས་བྱུགས་པ་མ་ཡིན་ནོ། །ཁབ་རལ་ལེགས་པར་སྦ་བར་བྱ་བ་དང༌། ངོ་ཚ་མེད་པ་དང༌། བསྙེན་པར་མ་རྫོགས་པའི་ལག་ཏུ་མི་སྦྱིན་ནོ། །བདག་གིས་གཞག་པར་བྱ་བའམ། ངོ་ཚ་ཤེས་པའི་ལག་ཏུ་བྱིན་ལ་སྦའོ། །ཁབ་དང་གྲིའུ་བཙས་མི་ཟོས་པར་བྱ་བའི་ཕྱིར་རས་མ་ལ་སྤྲ་ཚིལ་གྱིས་བསྐུས་ལ་དཀྲི་བ་ཉིད་ཀྱིས་དར་གཞག་པར་བྱའོ། །ཇི་སྐད་ཁབ་རལ་གྱི་གཞི་ལས་ངེས་པར་བསྟན་པ་བཞིན་དུ་ཡོ་བྱད་གཞན་རྣམས་ལ་ཡང་གནས་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ། །ཇི་སྐད་དུ། གསེར་ལ་སོགས་པའི་རང་བཞིན་ལས་བྱས་པའི་སོར་གདུབ་རྒྱ་བཅང་བར་མི་བྱའོ། །རྒྱལ་རྣམ་པ་བཞི་སྟེ། ར་གན་དང༌། ཟངས་དང༌། ཁར་བ་དང༌། ཤིང་གིའོ། །དགེ་འདུན་གྱི་རྒྱ་ལ་གཙུག་ལག་ཁང་གི་བདག་པོའི་མིང་དང༌། མངོན་མཚན་དུ་ཆོས་ཀྱི་འཁོར་ལོ་བྱའོ། །གང་ཟག་གི་མངོན་མཚན་དུ་ཀེང་རུས་སམ། མགོའི་ཐོད་པ་བྲིའོ་ཞེས་གསུངས་སོ། །བཞི་པའོ།། །།མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲིའི་དྲུང་དུ་རྐང་པ་དག་བཀྲུ་བར་མི་བྱ་སྟེ། མགོ་ལོགས་སམ་རྐང་པ་ལོགས་སུའོ། །ན་པ་དང༌། རྒས་པ་དང༌། ཉམ་ཆུང་བ་དང༌། ངལ་བས་


DTG151_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཀྲུ་བར་བྱའོ། །ཁྲིའི་རྐང་པ་ཤིན་ཏུ་ཐུང་བ་ལ་ཉལ་བར་མི་བྱའོ་ཞེས་དྲུག་སྡེ་རྣམས་ཀྱིས་ཐོས་ཏེ། ཁྲུ་བཅུ་གཉིས་པའི་ལྕུག་མ་རྣམས་ལས་ཁྲི་བྱས་ཏེ། ཡ་གད་བཙུགས་པས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་དང༌། ཕོངས་པའི་ཉོན་མོངས་པ་ཡོངས་སུ་སྦང་བའི་ཕྱིར་ལྔ་པ་བཅས་ཏེ། ལྟུང་བྱེད་ལྷག་མ་རྣམས་ལ་ཡང་བཞི་དང་ཉོན་མོངས་པ་ནི་འདི་ཉིད་དོ། །བྱེད་དུ་བཅུག་ན་ཞེས་བྱ་བ་ནི་བདག་གམ་གཞན་ཡང་རུང་ངོ༌། །བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚང་ཅེས་བྱ་བ་ནི་མི་ཐ་མལ་པའི་ཁྲུ་གང་གི་ཚད་དོ། །བུ་གར་ཞུགས་པ་མ་གཏོགས་ཞེས་བྱ་བ་ན་འཆར་ཀའི་དབང་དུ་མཛད་དེ་རྗེས་སུ་གནང་བའོ། །བཅད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་བཅད་ན་ལྟུང་བྱེད་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །ནོར་བུ་འམ་བ་སོའི་རང་བཞིན་ལས་ལྷག་པར་བྱས་ན་ཉེས་བྱས་སོ། །ཁྲིའི་རྩ་བ་བྲི་ཁ་བཞིན་དུ་ཐད་ཀར་གཅད་པར་བྱའི་གཞོ་བོར་མི་གཅད་དོ། །དེ་ལས་ཀྱང་ས་རྐོན་རྐང་པའི་རྟེན་གཞག་པར་བྱའོ། །ཡང་ན་ཕུབ་མའི་ཕུང་པོར་བྱའོ། །ལྔ་པའོ།། །།མཉན་ཡོད་ན་སྟེ། ཉེ་དགའ་དགེ་འདུན་གྱི་ཁྲི་དེ་ཡང་གཞན་དབང་ངོ་སྙམ་ནས་དེ་ཤིང་བལ་བདལ་བས་དེ་ལ་དགེ་སློང་དེ་ཤིང་བལ་གྱིས་དཀར་པོར་གྱུར་པས་ན་དྲུག་པའོ། །ཤིང་བལ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ཀ་ཤའི་ཤིང་བལ་དང༌། ཨ་རྒའི་ཤིང་བལ་དང༌། ཤལ་མ་ལིའི་ཤིང་བལ་དང༌། རས་བལ་དང༌། ན་མེ་རུ་ཀའི་ཤིང་བལ་ལོ། །བདལ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཤིང་བལ་བདལ་ནས་སྟེང་དུ་གོས་ཀྱིས་གཡོགས་པའོ། །གོས་རུང་བ་འམ། ཤིང་བལ་རུང་བས་གཡོགས་པར་སྦྱོར་བ་ནི་ཉེས་བྱས་སོ། །གཡོགས་ཟིན་ན་ལྟུང་བྱེད་དོ། །གོས་སམ་ཤིང་བལ་མི་རུང་བས་གཡོགས་ན་ཉེས་བྱས་སོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ནས་བདུན་པ་བཅས་སོ། །མཐོ་ངོ་ཞེས་བྱ་བ་ནི་མི་ཐ་མལ་པའི་ཁྲུ་གསུམ་གྱི་ཚད་དོ། །མཐོ་གང་གིས་སྲིངས་ཤིག་ཅེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ཁྲུ་ཕྱེད་དང་དོའོ། །དེ་


DTG151_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྲིད་ཀྱི་ཚད་ཁྲུ་ཕྱེད་དང་ལྔའོ། །ཞེང་དུ་མཐོ་ཕྱེད་དང་ངོ་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་དོ་དང་སོར་དྲུག་གོ །གདིང་བ་དུམ་བུ་གཅིག་པ་ལ་ནི་བྱིན་གྱིས་བརླབ་པར་མི་བྱའོ། །བདུན་པའོ།། །།མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་གང་གཡན་པའི་ནད་ཅན་རྣམས་ཀྱིས་གཡན་པ་དགབ་པ་བཅང་བར་བྱའོ། །དེ་ཡང་དུས་སུ་ཁྲུས་ཤིག །ཁ་བསྒྱུར་བར་བྱ་བ་ཡང་ངོ༌། །ཚུར་བཙུག་ལག་ཤེར་བར་བྱས་ཏེ་དབྱུང་བར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཚད་ལས་འདས་པར་བྱེད་པས་ན་བརྒྱད་པ་བཅས་སོ། །བྱེད་ཅེས་བྱ་བ་ནི་བདག་གམ་གཞན་ནོ། །མཐོ་བཞི་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་དྲུག་གོ །མཐོ་དོ་ཞེས་བྱ་བ་ནི་ཁྲུ་གསུམ་མོ། །ལྷག་པར་བྱས་ན་ལྟུང་བྱེད་དོ། །ཆུང་བ་ལ་ནི་བྱིན་གྱིས་བརླབས་ན་ཉེས་བྱས་སོ། །གཞན་གྱི་ཕྱིར་བྱས་ན་ཉེས་བྱས་སོ། །བརྒྱད་པའོ།། །།མཉན་ཡོད་ན་སྟེ། དགེ་སློང་རྣམས་སྒྲེན་མོར་ཁྲུས་མོར་བྱེད་པས་ན། རི་དགས་འཛིན་གྱི་མ་ས་ག་ལས་བརྩམས་ཏེ། དབྱར་གྱི་གོས་རས་ཆེན་གནང་དོ། །དགེ་སློང་རྣམས་ཚད་དེ་ལས་འདས་པར་བྱེད་པས་ན་དགུ་པའོ། །བྱེད་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་ཀྱང་ངོ༌། །ཚད་ནི་གསུམ་འགྱུར་དུ་སྟེ་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལས་ཆུང་བ་ལ་བྱིན་གྱིས་བརླབས་ན་ཉེས་བྱས་སོ། །དགུ་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་ཆོས་གོས་ཆེན་པོ་དྲུབས་ནས་ཅུང་ཟད་ཅིག་བསྒོས་ཀྱི་གཞན་ལྷག་མ་ཕྲག་བ་ལ་བཀལ་ཏེ། གཙུག་ལག་ཁང་གཞན་དུ་སོང་བས་ན་བཅུ་པ་བཅས་སོ། །བདེ་བར་གཤེགས་པའི་ཚེ་གོས་ཀྱི་ཚད་ཅེས་བྱ་བ་ནི་ཚད་ལས་ལྷག་པར་ཉེ་བར་མཚོན་པའི་དོན་ཏོ། །དེ་ལས་བརྩམས་ནས་ལྟུང་བ་ཞེས་བྱ་བ་ཡིན་ནོ། །ཆོས་གོས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའོ། །མཐོ་བཅུ་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་ཚད་ལས་ཁྲུ་བཅོ་ལྔའོ། །ཞེང་དུ་མཐོ་དྲུག་ཅེས་བྱ་བ་ནི་ཁྲུ་དགུའོ། །དེ་ཚུན་ཆད་ཆུང་དུ་བྱེད་པ་ནི་ལྟུང་བ་མེད་དོ། །ཁྲུ་ལྔ་ལས་ལྷག་པར་བྱེད་ན་ཉེས་བྱས་སོ། །བཅུ་པའོ། །ལྟུང་བྱེད་དགུ་བཅུ་རྫོགས་སོ།། །།ཉི་ཤུ་པ་འདི་རྣམས་ལས་རྣམ་པ་གཉིས་ཀྱི་གཞི་རིག་པར་བྱ་སྟེ། ལམ་གྱི་གཞེ་དང༌། འཁོར་ཡོངས་སུ་འཛིན་པར་བྱེད་པའི་གཞི་


DTG151_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང། ས་ལེན་པའི་གཞི་དང་མཐོང་བ་དང་ཐོས་པ་དང༌། དོགས་པས་ཕན་ཚུན་གླེང་བ་དག་གིས་རྗེས་སུ་ཤེས་པའི་གཞི་དང༌། དགེ་བའི་ཕྱོགས་ལ་བསླབ་པའི་གཞི་དང༌། འཕེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པའི་གཞི་དང༌། རྗེས་སུ་མི་མཐུན་པའི་གཞི་དང༌། བཏུང་བའི་གཞི་དང། མགྲོན་དུ་བོས་པའི་གཞི་དང༌། གྲོང་དུ་འཇུག་པའི་གཞི་དང༌། ཁྱིམ་དུ་འཇུག་པའི་གཞི་དང༌། གསོ་སྦྱིན་གྱི་གཞི་དང༌། བྱེད་པ་སྦ་བའི་གཞི་དང༌། གནས་མལ་བྱེད་པ་སྦ་བའི་གཞི་དང༌། ཆོས་གོས་མངོན་པར་འདུ་བྱས་པ་སྦ་བའི་གཞི་སྟེ་གོ་རིམས་བཞིན་ནོ། །འདུལ་བ་བསྡུས་པ་བམ་པོ་བཅུ་གསུམ་པ་སྟེ་ཐ་མ། རྒྱལ་པོའི་ཁབ་ན་སྟེ། ཨུཏྤལའི་མདོག་བསོད་སྙོམས་ཀྱི་ཐོག་མ་དགེ་འདུན་ལ་ཕུལ་ནས་བསོད་སྙོམས་གཉིས་པ་ནི་བསོད་སྙོམས་པ་གཅིག་ལ་བྱིན་ཏེ་ཟན་ཆད་པར་གྱུར་ལ། ཉི་མ་གཉིས་པར་ཡང་བསོད་སྙོམས་སྔ་མ་དགེ་འདུན་ལ་ཕུལ་ལོ། །གཉིས་པ་ཉེ་དགས་བླངས་པས་ན་དེ་བརྒྱལ་ནས་སྲང་དུ་འགྱེལ་བ་དང༌། འཇིག་རྟེན་པ་སྨོད་པར་བྱེད་ནས། དགེ་སློང་མའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན་མོངས་པ་སོ་སོར་བཤགས་པར་བྱ་བ་དང་པོ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཉེ་དུ་ལ་ལྟུང་བ་མེད་པར་བསྟན་པའི་ཐ་ཚིག་གོ །དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པའོ། །ལམ་པོ་ཆེ་ན་འདུག་པ་ཞེས་བྱ་བ་ནི་གལ་ཏེ་དབྱར་ཁང་དུ་འོངས་པ་ལ་བྱིན་ན་ལྟུང་བ་མེད་དོ། །བསོད་སྙོམས་གྱི་ཕྱིར་གྲོང་དུ་འགྲོ་བ་ཞེས་བྱ་བ་ནི་དེ་འམ་དེ་མ་ཡིན་པའི་ཟས་གལ་ཏེ་ལམ་པོ་ཆེའི་དབུས་སུ་མ་བྱིན་ན་ལྟུང་བ་མེད་དོ། །དེ་ལས་ཞེས་བྱ་བ་ནི་དེ་ཉིད་ལས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་གཞན་ལེན་དུ་མི་འཇུག་པ་འམ། གཞན་སྦྱིན་དུ་འཇུག་པ་ལ་བྱའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ཞེས་བྱ་བ་ནི་བླངས་བ་ཙམ་གྱིས་ལྟུང་བར་འགྱུར་རོ། །འཆའ་བ་འམ་ཟ་ན་ཞེས་བྱ་བ་ནི་དེའི་ཕྱིར་བླངས་པའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་མ་མ་ཡིན་ཏེ། དེས་བྱིན་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་བསྒྲགས་པའོ། །ཕྱི་རོལ་ཀུན་དགའ་ར་བ་ཞེས་བྱ་བ་ནི་གྲོང་


DTG151_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནང་ན་དགེ་སློང་རྣམས་ཡོད་དུ་ཟིན་ཀྱང་དེ་དག་གི་མདུན་དུ་བསྒྲགས་པར་བྱ་བ་ནི་མ་ཡིན་ནོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་རྣམས་ལའོ། །སྨད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བཀག་པའོ། །མི་རིགས་པ་ཞེས་བྱ་བ་ནི་དགེ་སློང་དང་རྗེས་སུ་མཐུན་པ་མ་ཡིན་པས་རང་བཞིན་ལྟར་རྗེས་སུ་མི་འཇུག་པའོ། །སོ་སོར་བཤགས་པ་ཞེས་བྱ་བ་ནི་ལྟུང་བའི་མིང་བསྒྲགས་པའོ། །དེ་རྣམས་ལས་གཞན་པ་རྣམས་ལ་ཡང་སོ་སོར་བཤགས་པར་བྱ་བ་ཡིན་ན་ཅིའི་ཕྱིར་དེ་ཉིད་ཁོ་ན་ལ་སོ་སོར་བཤགས་པར་ཞེས་གསུངས་ཤེ་ན། ཅི་ལྟར་དགེ་སློང་ཐམས་ཅད་པ་རྣམས་འདུས་པའི་མདུན་དུ་ངེས་པ་ཁོ་ནར་ཀུན་དུ་བྱ་བ་སྟེ། ཁྱད་པར་དང་ལྡན་པ་བསལ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་མ་ཐག་ཏུ་འདི་རིག་ཅིང་བཤགས་པར་བྱའོ། །བཅབ་བར་མི་བྱའོ་ཞེས་བྱ་བ་འདི་ཡང་ཁྱད་པར་གཞན་བརྗོད་པའོ། །ཁ་ཅིག་ནི་མང་པོ་རྣམས་ལས་ཀྱང་མང་པོ་རྣམས་ཀྱི་མདུན་དུ་བཤགས་པར་བྱའོ་ཞེས་ཟེར་རོ། །གཞན་དག་ནི་ཇི་ལྟར་མདོ་ལས་འབྱུང་བ་བཞིན་དུ་བཤགས་པར་བྱའོ་ཞེས་ཀྱང་ཟེར་རོ། །ཁ་ཅིག་ནི་ལན་གཉིས་སུ་བཤགས་པར་བྱའོ་ཞེས་ཀྱང་ཟེར་རོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་བླངས་ན་སོ་སོར་བཤགས་པའོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་བླངས་ན་ཉེས་བྱས་སོ། །ཉེ་དུ་འམ་ཉེ་དུ་མ་ཡིན་ཡང་རུང་བ་སྟེ། ཉེ་དུར་འདུ་ཤེས་ཏེ་བླངས་ན་ལྟུང་བ་མེད་དོ། །དང་པོའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཀྱིས་སྦོམ་དགའ་མོ་ལ་གང་དུ་དགེ་འདུན་མགྲོན་དུ་བོས་པ་དེར་ཁྱོད་ཀྱིས་ངེད་ལ་མང་བ་དང་གྱ་ནོམ་པ་སྦྱིན་དུ་ཆུག་ཤིག་ཅེས་བསྒོ་སྟེ། དེས་ཀྱང་དེ་བཞིན་དུ་བྱས་པས་ན། ཟན་ཆད་པར་གྱུར་པའི་ཕྱིར། བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན་མོངས་པས་གཉིས་བཅས་སོ། །རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་དག་ལས་ལྷག་པའོ། །ཁྱིམ་གཞན་རྣམས་སུ་ཞེས་བྱ་བ་ནི་གང་ན་སྲང་ལ་སོགས་པ་ཡོད་པར་ཤེས་པ་ཡིན་ཏེ། དེས་ནི་གཙུག་ལག་ཁང་དུ་ལྟུང་བ་མེད་


DTG151_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བསྟན་པར་འགྱུར་རོ། །ཟ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའོ། །དགེ་སློང་མ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པའོ། །འདི་ལ་ནི་བཅའ་བ་ཞེས་བྱ་བ་ལ་སོགས་པས་ནི་གྱ་ནོམ་པ་སྦྱིན་དུ་འཇུག་པའོ། །འདི་ལ་ཡང་ཞེས་བྱ་བ་མང་པོ་སྦྱིན་དུ་འཇུག་པའོ། །སྡོད་ཅིག་ཅེས་བྱ་བ་ནི་ཅང་མ་སྨྲ་བར་འདུག་ཤིག་པའོ། །ཡུད་ཙམ་ཞེས་བྱ་བ་ནི་འདིར་ནི་ཟན་ཟ་བའི་དུས་ལ་བྱའི་ཚད་འཛིན་པའི་ཡུད་ཙམ་ལ་ནི་མ་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་གསུངས་པ། དགེ་སློང་འདི་རྣམས་ཟན་ཟའི་བར་དུ་ཞེས་བྱ་བའོ། །མ་སྤོབས་ཞེས་བྱ་བ་ནི་གཅིག་སྟེ་ཀྱང་སྨྲ་བར་མི་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་དེ་སྐད་སྨྲས་ན་ཕྱིས་བསྒོ་ཡང་ལྟུང་བ་མེད་པར་སྟོན་པའོ། །དགེ་སློང་རྣམས་བར་ཁང་ན་ཟན་ཟ་བ་དང༌། དེ་དག་གིས་དགེ་སློང་མ་ལ་བསྒོ་བ་སྟེ་ཟན་བཟའ་བར་བྱའོ། །མ་བསྒོ་ན་སོ་སོར་བཤགས་པའི་ལྟུང་བའོ། །གཞན་ན་སྒོ་ཁང་ན་ཟན་ཟ་བ་དང༌། དེ་དག་གིས་བསྒོ་འམ་མ་བསྒོ་ཞེས་དྲིས་ལ་བཟའ་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ། །གཞན་ནི་འགྲོ་ལ་གཞན་ནི་འཇུག་ན་དེས་ཀྱང་དྲི་བར་བྱའོ། །རྣམ་པ་གཞན་དུ་ན་ཉེས་བྱས་སོ།། ཉེ་དུའི་ཁྱིམ་ན་འམ། དེས་གཙོར་བྱས་ཏེ་མགྲོན་དུ་བོས་པ་ལ་ལྟུང་བ་མེད་དོ། །གཉིས་པའོ།། །།ཡངས་བ་ཅན་དུ་སྟེ། དམག་དཔོན་སེང་གེ་ཞེས་བྱ་བས་བདེན་པ་མཐོང་བ་རྒྱུན་དུ་གཏོང་བས་ན་ལོངས་སྤྱོད་ཡོངས་སུ་ཟད་པར་གྱུར་བས་ན། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སློབ་པའི་སྡོམ་པ་བྱིན་ཏེ། དེ་ཡང་ཀུན་དུ་སྤྱད་པ་བཅས་པ་ནི་བསོད་སྙོམས་ཡོངས་སུ་ལོངས་སྤྱད་པར་མི་བྱ། སྟན་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱད་པར་ནི་བྱའོ། །ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ནི་སྔར་མགྲོན་དུ་བོས་བས་ན་ཟན་ཟ་སྟེ། དྲུག་སྡེ་རྣམས་ཀྱང་ཁོ་བོས་ཤེས་ཏེ་ཟས་ཟོས་པས་ན་ཁྱེའུ་དང་བུ་མོ་རྣམས་བཀྲེས་པས་དུས་པའི་ཕྱིར་བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན་མོངས་པས་ན་གསུམ་བ་བཅས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་སྲུང་བར་བྱེད་པའོ། །སློབ་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང༌།


DTG151_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་ཁྱིམ་མོ། །མི་སློབ་པ་རྣམས་ནི་ཁྱིམ་ན་མི་གནས་སོ། །སློབ་པའི་སྡོམ་པ་བཅས་པ་ནི་འཁྲུག་པ་མེད་པའི་ལས་ཀྱིས་སོ། །སྡར་མ་བསྟབས་པར་ཞེས་བྱ་བ་ནི་གང་སྡོམ་པ་བྱིན་པའི་སྔོན་ལོགས་སུ་མགྲོན་དུ་བོས་པ་ཡིན་ཏེ། དེ་ལ་ནི་ལྟུང་བ་མེད་དོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་ཏུའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་ལྡམ་ལྡུམ་དང་སྲན་ཚོད་བླངས་པ་ལ་ལྟུང་བ་མེད་དོ། །འཆའ་འམ་ཟ་ན་བླངས་པ་ཙམ་གྱིས་ལྟུང་བར་འགྱུར་ཏེ། གང་གི་ཕྱིར་བླངས་པ་དེ་སྟོན་ཏེ། སྡོམ་པ་སླར་བཏང་ན་ལྟུང་བ་མེད་དོ། །དེ་ཡང་ལོངས་སྤྱོད་འཕེལ་ནས་གསོལ་བ་འདེབས་ན་ལྟུང་བ་མེད་དོ། །གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །གསུམ་པའོ།། །།སེར་སྐྱའི་གཞི་ན་སྟེ། གནས་མལ་དགོན་པ་ན་འདུག་སྟེ། དྲུག་སྡེ་ནམས་ཀྱིས་བུད་མེད་རྣམས་ཟན་ཁྱེར་ཏེ་འོངས་པ་ལས་ལམ་བར་དུ་བཅོམ་པ་སྒྲེན་མོར་འདྲིམ་དུ་བཅུག་པས་ན་བསོད་སྙོམས་ཀྱི་གཞིའི་དབང་དུ་མཛད་དེ་མ་དད་པ་ལ་སོགས་པའི་ཉོན་མོངས་པས་བཞི་པ་བཅས་སོ། །དགོན་པ་ཞེས་བྱ་བ་ནི་གྲོང་ནས་རྒྱང་གྲགས་གཅིག་ན་གནས་མལ་ཡོད་པའོ། །དེ་ཕན་ཆད་ནི་བས་མཐའོ། །དེ་ཡང་གང་ན་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང༌། གནོད་སྦྱིན་མ་རུངས་པ་མེད་པ་དེར་གནས་པར་བྱའོ། །མ་བརྟགས་ཞེས་བྱ་བ་ནི་ཆོས་ལྔ་དང་ལྡན་པ་ནགས་ཉུལ་བ་བསྐོ་བར་བྱའོ། །དེ་ཡང་ནང་བར་སྔར་ལངས་ལ་ནགས་བརྟག་པར་བྱའོ། །གལ་ཏེ་ཆོམ་རྒུན་ཡོད་ན་དུད་བརྡ་གཏུལ་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་ཁར་གཞག་པར་བྱའོ། །གལ་ཏེ་མེད་ན་རྒྱལ་མཚན་བསྒྲེང་བར་བྱའོ། །གང་སྦྱིན་པ་པོ་རྣམས་བག་ཡོད་པར་འོང་ངམ་ཡང་ན་མི་འོང་ངོ༌། །དེའི་གྲོགས་ཤིག་ཀྱང་སྦྱིན་པར་བྱའོ། །དེས་ཀྱང་ཁྱེའུ་སུས་ཀྱང་བྱའོ། །དེ་ཉིད་ཀྱིས་བརྟགས་ནས་ཟན་ཟ་བ་ནི་ལྟུང་བ་མེད་དོ། །ཀུན་དགའ་ར་བའི་ཕྱི་རོལ་གྱི་ཞེས་བྱ་བ་ནི་གཙུག་ལག་ཁང་ལས་ཕྱི་རོལ་ལོ། །འཆའ་འམ་ཟ་ན་ཡང་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ནགས་མ་བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང༌། ཟོས་ན་སོ་སོར་བཤགས་


DTG151_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ། །ནགས་སོ་སོར་རྟོགས་པར་བྱེད་པ་ཤི་བར་གྱུར་ཏམ་བྲོས་ན་ལྟུང་བ་མེད་དོ། །ཁ་ཅིག་ནི་མ་བརྟགས་པའི་གནས་ཁང་དུ་གཞན་དག་དོགས་པར་འགྱུར་བ་དེར་ཞུགས་མ་ཐག་ཏུ་ལྟུང་བའོ་ཞེས་ཟེར་རོ། །དགོན་པ་བས་བྱ་བ་ནི་ས་དང༌། རྒྱུ་སྐར་དང༌། ཕྱོགས་དང༌། ལམ་ལ་མཁས་པར་བྱའོ། །ཕྱེད་དང༌། ཆུ་ལ་སོགས་པ་གཞག་པར་བྱའོ། །ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་བཞིན་འཛུམ་སྔོན་དུ་འགྲོ་བས་ཁྲོ་གཉེར་མེད་པར་བྱའོ། །མ་མོ་ལ་སོགས་པ་ཤེས་པར་བྱ་བའོ། །གཞན་ལ་ཡང་ངོ༌། །སོ་སོར་བཤགས་པ་བཞིན་པའོ། །འདི་དག་ལ་ནི་ཡོངས་སུ་ལོངས་སྤྱོད་པ་རྣམ་པ་བཞི་ལས་འབྱུང་བ་རིག་པར་བྱ་སྟེ། ལག་པ་ཡོངས་སུ་ལོངས་སྤྱོད་པ་ངན་པ་དང༌། བསྒོ་བས་ཡོངས་སུ་ལོངས་སྤྱོད་པ་ང་ནས་དང། ཆོ་ག་མ་ཡིན་པ་ཡོངས་སུ་ལོངས་སྤྱོད་པ་དང༌། གནས་ངན་པར་ཡོངས་སུ་ལོངས་སྤྱོད་པར་རིག་པར་བྱའོ། །སོ་སོར་བཤགས་པ་རྫོགས་སོ།། །།རབ་ཏུ་མང་པོ་ཞེས་བྱ་བ་ནི་བཞི་ལ་སོགས་པའི་ནང་ནས་འབྱུང་བའི་ཉེས་བྱས་ཀྱི་ལྟུང་བ་ཐམས་ཅད་བསླབ་པ་འདིར་བསྡུས་པས་ན་གྲངས་དཔག་ཏུ་མེད་པའོ། །འདི་ལྟ་སྟེ་རྔ་བརྡུང་བར་མི་བྱ་སྟེ། སྟོན་པ་ལ་མཆོད་པ་བྱོས་ཤིག་ཅེས་བསྒོ་བ་ནི་མ་གཏོགས་སོ། །བྱུག་རིས་གསུམ་མི་བྱའོ། །མེ་ལོང་དང་ཆུ་ལ་གདོང་བ་བལྟ་བར་མི་བྱ། ཆུ་བརྟག་པའི་ཚེ་རྨ་འམ་གཉེར་མ་འམ། སྐྲ་དཀར་རམ། གདོང་སྔོན་དང༌། ད་ལྟར་གྱི་ཁྱད་པར་དུ་ལྟ་བ་ལ་ལྟུང་བ་མེད་དོ། །སོ་མངས་དང༌། པུ་ཤེལ་ཙེས་སྐྲ་བཤད་པར་མི་བྱའོ། །དགེ་བའི་ཕྱོགས་ལ་ལེ་ལོ་མི་བྱའོ། །སྐྱེད་མོས་ཚལ་བསྐྱེད་པས་མེ་ཏོག་མ་བྱུང་ངམ། འབྲས་བུ་མ་བྱུང་ངམ། དགེ་སློང་གཞན་མ་བཅོལ་གྱི་བར་དུ་ཕྱོགས་གཞན་དུ་འགྲོ་བར་མི་བྱའོ། །སྒོ་གཏན་ལ་ཡུན་རིང་དུ་མི་བརྡུང་ངོ༌། །ཤེས་བཞིན་དུ་བར་མའི་སྦྱོར་བས་སྒོ་དབྱེ་ཞིང་གཅད་པར་བྱའོ། །ཤེས་བཞིན་དུ་ཕྱིར་དབྱུང་བར་བྱ་ཞིང་ནང་དུ་འཇུག་པར་བྱའོ། །འཆག་པའི་ཚེ་དྲང་པོར་བྱས་ལ་དབང་པོ་རྣམས་ཕྱིར་མི་འཕྲོ་


DTG151_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མི་དྲག་མི་དལ་བར་བཅག་པར་བྱའོ། །རྐང་པ་དག་བཀྲུ་བའི་ཆུ་སྣོད་སྟོང་པར་མཐོང་ན་སླར་བཀང་སྟེ་གཞག་གོ །མཆོད་རྟེན་ལ་ཕུར་བུ་གདབ་པར་མི་བྱ། འཛེགས་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་མེད་ན་རྐང་པ་དག་སྤོས་ཆུས་བཀྲུས་ཏེ་དྲན་པ་ཉེ་པར་བཞག་ནས་མཆོད་པའི་ཕྱིར་འཛེག་པ་ལ་ལྟུང་བ་མེད་དོ། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་རྐང་རྒྱན་དང༌། རྣ་རྒྱན་མ་གཏོགས་པའི་རྒྱན་གཞན་རྣམས་བྱའོ། །སངས་རྒྱས་ཀྱི་དུས་སྟོན་ལ་སོགས་པའི་ཚེ་འཁོར་ལྔ་པོ་རྣམས་ཀྱི་ཞབས་འབྲིང་བྱའོ། །རྒན་པོ་རྣམས་ཀྱིས་མཆོད་ཡོན་བླངས་ལ་གཞོན་ནུའི་བཀྱེ་བར་བྱའོ། །ཆོས་གོས་སྦེད་པ་ཡང་བསྐོ་བར་བྱའོ། །འགེད་པ་ཡང་ངོ༌། །དེ་ལས་གཞན་དག་ཀྱང་ཇི་སྐད་བསྟན་པ་བཞིན་དུ་བྱའོ། །བསླབ་པ་ཞེས་བྱ་བ་ནི་ཆོ་ག་བསྡུས་པའི་ཕྱིར་བསླབ་པ་མང་པོ་འདི་དག་ཅེས་བྱའོ། །གྲོང་ཁྱེར་བཱ་རཱ་ཎ་སཱི་ན་སྟེ་ལྔ་སྡེ་རྣམས་ལས་བརྩམས་ཏེ་བསླབ་པ་བཅས་སོ། །གང་དུ་ཡང་གླེང་གཞི་དང་གང་ཟག་གི་ཁྱད་པར་དེ་དག་ནི་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྔོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་ཤམ་ཐབས་ཅི་ལྟར་བགོས་ཞེས་དགོངས་པ་དང༌། ལྷ་རྣམས་ཀྱིས་གནས་གཙང་མའི་ལྷའི་བཞིན་ནོ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ཅིང་གཟིགས་ན་དེ་བཞིན་དུ་གྱུར་ཏོ། །ཟླུམ་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཉེས་པ་རྣམས་སྤང་བར་བྱ་བའི་ཕྱིར་རོ། །དྲུག་སྡེ་རྣམས་ལས་བརྩམས་ཏེ། ཧ་ཅང་རྩེངས་པ་མ་ཡིན་ཞེས་བྱ་བ་ནི་པུས་མོ་ལས་མི་མཐོ་བའོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཤམ་ཐབས་ཅི་ལྟར་བཅས་པ་དེ་ལྟ་བུར་བདག་བྱེད་དུ་མི་འདོད་ཅིང་ངོ་ཚ་བ་ཡང་སྤངས་ལ། དེ་ལྟ་བུའི་མི་བྱ་བའི་ཕྱིར་འབྱུང་བར་ཡང་མི་ཚོལ། རྟེན་པར་ཡང་མི་ཚོལ་བའོ། །གོས་ཀྱང་བླངས་ནས་ཕྱེ་སྟེ་བསྙེན་ལ་ཇི་སྲིད་མ་བགོས་ཀྱི་བར་དུ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ། །བགོས་མ་ཐག་ཏུ་བཤགས་པར་བྱའོ། །བར་ཆད་གཅིག་བྱུང་ན་ལྟུང་བ་མེད་དོ། །གལ་ཏེ་འབྱུང་བ་ཚོལ་བར་མི་བྱེད་ན་བསྡམ་པར་བྱ་བའི་


DTG151_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །མི་ཤེས་སམ་དྲན་པ་ཉམས་བཞིན་དུ་སྤྱོད་ན་བསྡམ་པར་བྱའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་རིག་པར་བྱའོ། །ཧ་ཅང་འཇོལ་བ་མ་ཡིན་ཞེས་བྱ་བ་ནི་ཤིན་ཏུ་དམའ་བ་མ་ཡིན་ཏེ། ལོང་བུའི་གནས་ལས་བརྩམས་ཏེ་སོར་བཞི་པར་བྱའོ། །གླང་པོ་ཆེའི་སྣ་ལྟར་མ་ཡིན་ཞེས་བྱ་བ་ནི་གོས་ཀྱི་མཐའ་མདུན་ནས་འཕྱང་བར་བྱ་བ་མ་ཡིན་པ་སྟེ། དེ་མདུན་ནས་འཕྱང་ན་གླང་པོ་ཆེའི་སྣ་དང་འདྲ་བར་འགྱུར་བའི་ཕྱིར་རོ། །ཏ་ལའི་ལོ་མ་ལྟར་མ་ཡིན་ཞེས་བྱ་བ་ནི་ལོགས་ལ་སྟེང་དུ་ཆ་མང་པོར་བྱས་ཏེ། མེ་ཏོག་ལྟ་བུར་བྱས་ཏེ་གྱོན་པའོ། །སྤྲུལ་མགོའི་ལྡེང་ཀ་ལྟར་མ་ཡིན་ཞེས་བྱ་བ་ནི་སླར་དགུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འབྲུའི་ཕུར་མ་ལྟར་མ་ཡིན་ཞེས་བྱ་བ་ནི་ཁྱིམ་པ་མོ་བཞིན་དུ་ལྟ་ཟུར་གྱི་སྟེང་དུ་བསྡུས་ནས་གཞག་པར་མི་བྱའོ། །ཆོས་གོས་ཟླུམ་པོར་ཞེས་བྱ་བ་ནི་ཅི་ལྟར་འཆད་པར་འགྱུར་བའི་ཉེས་པ་རྣམས་སྤང་པར་བྱ་བ་ཡིན་ཏེ། དེ་ལ་སྟེང་དུ་བགོ་བ་ནི་ཆོས་གོས་སོ། །ཧ་ཅང་རྩེངས་པ་མ་ཡིན་ཞེས་བྱ་བ་ནི་པུས་མོ་ལས་མཐོ་བའོ། །གཞན་ནི་ལྟེ་བ་སྣང་བ་ལ་མཐོ་བར་བཟུང་ངོ་ཞེས་ཀྱང་ཟེར་རོ། །ཧ་ཅང་འྟྲོལ་བ་མ་ཡིན་ཞེས་བྱ་བ་ནི་ཤམ་ཐབས་ལས་དམའ་བའོ། །ཤིན་ཏུ་བསྡམས་པ་ཞེས་བྱ་བ་ནི་ལག་པ་དང་རྐང་པ་མི་གཡོབ་པའོ། །ལེགས་པར་བགོས་པ་ཞེས་བྱ་བ་ནི་ཤམ་ཐབས་དང་བླ་གོས་ལེགས་པར་བགོས་པ་ལ་བྱ་སྟེ། ཆོས་གོས་བསྡུ་བར་བྱ་བ་མ་ཡིན་ནོ། །སྒྲ་བསྐྱུངས་པ་ཞེས་བྱ་བ་ནི་ཐ་མལ་པའི་ང་རོལ་བྱའི་བུས་པ་ཆུང་དུ་ཁུར་བ་བཞིན་དུ་ཅ་ཅོ་དབྱུང་བ་མ་ཡིན་ནོ། །གལ་ཏེ་མི་ཐོས་ན་ཡང་གཞན་ལས་བསྒོ་བར་བྱའོ། །མིག་གཡེང་བར་མི་བྱ་བ་ནི་མིག་གྱེན་དུ་གཡེང་བར་མི་བྱའོ། །གཉའ་ཤིང་གང་ཙམ་དུ་བལྟ་བ་ཞེས་བྱ་བ་ནི་ཁྲུ་བཞིའི་ཚད་ཙམ་གྱི་ཕྱོགས་སུ་བལྟ་བར་བྱའི། རྒྱབ་བམ་ཕན་ཚུན་དུ་བལྟ་བར་མི་བྱ་སྟེ། རྟ་ལ་སོགས་པ་འཁྲུལ་པ་དང་ཉམས་སུ་ཐུག་པར་འགྱུར་བ་སྤང་བའི་ཕྱིར་རོ། །མགོ་མི་གཡོགས་ཞེས་བྱ་བ་ནི་རིགས་ཀྱི་མནའ་མ་ལ་སོགས་པ་བཞིན་ནོ། །མི་བརྗེ་ཞེས་བྱ་བ་ནི་ཤམ་ཐབས་བརྫེ་བར་མི་བྱའོ། །ཕྲག་བ་གཅིག་ལ་མི་གཟར་བ་ཞེས་བྱ་བ་ནི་ཆོས་གོས་བགོས་བ་ལ་སླར་བཟློག་སྟེ་ཕྲག་པར་གཟར་བར་མི་བྱའོ། །ཁ་ཅིག་ནི་འཛིན་པ་


DTG151_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་གཟར་པ་ཞེས་བྱ་བ་སྟེ། འདུག་ཀྱང་ལག་བས་འཛིན་ལ་འགྲོ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། །གཉའ་གོང་དུ་མི་བསྣོལ་ཞེས་བྱ་བ་ནི་བླ་གོས་བགོས་ནས་རྩིབ་ལོགས་གཉི་ག་ནས་གོང་དུ་བཟློག་སྟེ་གྱོན་པའོ། །ཕྲག་པ་གཉི་ག་ལ་མི་གཟར་བ་ཞེས་བྱ་བ་ནི་མཐའ་གཉི་ག་ཕྲག་པའི་སྟེང་དུ་གཟར་བའོ། །བྲང་བས་མ་ཡིན་ཞེས་བྱ་བ་ནི་བྱིས་པ་ཁྱེའུ་དག་དང་སྨྱོན་པ་ལ་སོགས་པ་བཞིན་དུ་རྐང་པ་དག་གི་རྩེ་མོས་འགྲོ་བར་མི་བྱའོ། །མི་མཆོང་བ་ཞེས་བྱ་བ་ནི་རིམ་པ་མ་ཡིན་པར་སྟེང་དུ་མཆོང་བར་མི་བྱའོ་ཞེས་བྱའོ། །མི་མཆོང་བ་ཞེས་བྱ་བ་ནི་ཤིང་ཐགས་ལ་མཆོད་ཞིང་འགྲོ་བར་མི་བྱ་སྟེ། ལམ་དུ་འགྲོ་བར་བྱའོ། །ཙོག་པུས་མ་ཡིན་པ་ཞེས་བྱ་བ་ནི་རྟ་ལྟར་མཐོན་པོར་བྱེད་པ་མ་ཡིན་པའོ། །དཀུར་མི་བརྟེན་པ་ཞེས་བྱ་བ་ནི་ལག་པས་དཀུར་བརྟེན་པར་མི་བྱའོ། །ལུས་མི་བསྒྱུར་བ་ཞེས་བྱ་བ་ནི་གཟུགས་འཚོང་མ་བཞིན་དུ་མི་བྱའོ། །ལག་པ་མི་ཀྱོག་པ་ཞེས་བྱ་བ་ནི་བྱིས་པ་ཁྱེའུ་དག་དང་སྨྱོན་པ་ལ་སོགས་པ་བཞིན་དུའོ། །མགོ་མི་བསྒྱུར་ཞེས་བྱ་བ་ནི་གླང་པོ་ཆེའམ་རྩངས་པ་ལྟར་མ་ཡིན་ནོ། །ཕྲག་པ་མི་སྤྲད་ཅེས་བྱ་བ་ནི་སྐྱེས་བུས་དྲིས་བྱུགས་པ་ལས་ཕྲག་པས་བསྣུན་ཏེ་ལྟུང་བར་བྱས་པས་ཉས་པའི་ཕྱིར་ཏེ། དེ་ནི་གཞན་ལ་ཕྲག་པ་སྤྲད་དེ་འགྲོ་བར་མི་བྱ་བའི་དོན་ཏོ། །ལག་བ་མི་སྦྲེལ་ཞེས་བྱ་བ་ནི་ཕ་རོལ་པོའི་ལག་པ་དང༌། ལག་པ་སྤྲེལ་ཏེ་བཟུང་བར་འགྲོ་བར་མི་བྱའོ། །མ་བསྒོ་བ་ཞེས་བྱ་བ་ནི་མཉན་ཡོད་ན་སྟེ། ཉེ་དགའ་ལས་བརྩམས་ནས་བྲམ་ཟེ་དང་གཙང་སྦྲ་འདོད་པའི་ཁྱིམ་དུ་ཁྲི་ལ་འདུག་པའི་ཕྱིར་བཅས་སོ། །མ་བརྟགས་བར་ཞེས་བྱ་བ་ནི་མཉན་ཡོད་ན་སྟེ། འཕགས་པ་འཆར་ཀ་ལས་བརྩམས་ནས་ཁྱེའུ་བསད་པའི་ཕྱིར་རོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་ཅེས་བྱ་བ་ནི་སེར་སྐྱའི་གནས་ན་སྟེ། འཆར་ཀ་ལས་བྱང་ཆུབ་སེམས་དཔའི་བཙུན་མོའི་འཁོར་དག་གིས་སྨྲས་པ་དང༌། སྟན་ལ་དྲག་ཏུ་འདུག་པས་ལྟུང་བའི་ཕྱིར་བཅས་སོ། །རྐང་བ་མི་བསྣོལ་ཞེས་བྱ་བ་ནི་རྐང་པའི་སྟེང་དུ་རྐང་པ་མི་གཞག་པའོ། །རྐང་པ་མི་དགུག་ཅེས་བྱ་བ་ནི་དགེ་བསྙེན་མ་ཕྱག་འཚལ་བའི་ཚེ་རྐེད་པ་བཅལ་ནས་སྦོམ་པ་ལ་ལྟོས་ཤིག་ཅེས་དེ་སྐད་སྨྲས་པའི་ཕྱིར་བཅས་སོ། །


DTG151_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་མི་གདངས་ཞེས་བྱ་བ་ནི་རྐང་པ་གཅིག་ལོགས་ཤིག་ཏུ་བརྐྱང༌། གཉིས་པ་ཡང་ལོགས་ཤིག་ཏུ་བརྐྱང་པའོ། །མདོམས་མི་སྣང་བར་ཞེས་བྱ་བ་ནི་ཅི་ནས་སྒྲེན་མོར་མི་སྣང་བའོ། །རྒྱལ་བུ་གཞོན་ནུ་རྟོགས་ལྡན་ཞེས་བྱ་བའི་ཁང་བཟངས་སུ་སྲུང་མ་དག་གིས་ལྷུང་བཟེད་བཅག་པས་ན་འབྲས་ཆན་འདྲིམ་པའི་ཚེ་ལྷུང་བཟེད་ལོགས་ཤིག་ཏུ་ཕྱུང་བས་འབྲས་ཆན་ས་ལ་བོ་བའི་ཕྱིར་འདི་སྐད་དུ་ལེགས་པར་ཞེས་གསུངས་སོ། །མུ་དང་ཁད་ཆད་དུ་མ་ཡིན་ཞེས་བྱ་བ་ནི་ཅི་ནས་སྟེང་ནས་བོ་བར་འགྱུར་བའི་ཕྱིར་མུ་དང་ཁད་ཆད་དུ་མི་བྱའོ། །སྲན་ཚོད་དང་མཉམ་པར་མ་ཡིན་ཞེས་བྱ་བ་ནི་ཚོད་མ་དང་མཉམ་བ་མ་ཡིན་པ་སྟེ། ཅི་ནས་སྟེང་དུ་འབྲས་ཆན་བླུགས་ནས་འབོ་བའི་ཕྱིར་སྔར་ཚོད་མ་མང་དུ་བླང་བར་མི་བྱའོ། །མཐར་ཆགས་ཞེས་བྱ་བ་ནི་འབྲས་ཆན་དང་ཚོད་མ་ཇི་ལྟར་འོངས་པ་བཞིན་བླང་བར་བྱའི། རིང་དུ་སོང་བ་ལ་འབོད་པར་མི་བྱའོ། །མ་འོངས་པར་ཞེས་བྱ་བ་ནི་ཐང་དུ་མ་བྱིན་བའོ། །སྟེང་དུ་མ་ཡིན་ཞེས་བྱ་བ་ནི་འཕགས་པ་དག་གཙང་སྦྲ་ནི་སོ་སོར་ཐ་དད་པ་ལགས་ན་ཞེས་འཇིག་རྟེན་པ་སྨོད་པའི་ཕྱིར་བཅས་སོ། །ལེགས་པར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི་གཟུགས་འཚོད་མ་ལ་སོགས་པ་བཞིན་དུ་རྣམ་པར་འགྱུར་ཞིང་མ་ཡིན་ནོ། །ཧ་ཅང་ཆུང་པ་མ་ཡིན་ཞེས་བྱ་བ་ནི་རིགས་གྱི་མནའ་མ་བཞིན་དུ་ཆུང་དུ་མ་ཡིན་པའོ། །ཧ་ཅང་ཆེན་པོ་མ་ཡིན་ཞེས་བྱ་བ་རི་གང་མཁུར་བ་གང་བར་གྱུར་ནས་མུ་ཏོ་བ་བཞིན་དུ་མ་ཡིན་ནོ། །མ་གཟས་པར་ཞེས་བྱ་བ་ནི་མ་འོངས་པར་ཁ་གདགས་ཏེ་འདུག་པས་ན་ཁར་བོང་བ་བཅུག་ནས་ཉེས་པའི་ཕྱིར་རོ། །འབྲས་ཆན་གྱིས་ཚོད་མ་མི་དགབ་ཅེས་བྱ་བ་ནི་གང་ན་འབྲས་ཆན་མང་ཚོད་མ་ཉུང་བའོ། །སྲན་ཚོད་ཀྱིས་འབྲས་ཆན་མི་དག་བ་ཅེས་བྱ་བ་ནི་གང་འབྲས་ཆན་ཉུང་དུ་ཐོབ་ལ་སྲན་ཚོད་མང་བ་ན་ཕྱིས་ཀྱང་འདོད་དེ་ཡང་འཐོབ་ཏུ་རེ་བའོ། །ཙུག་ཙུག་མི་བྱ་ཞེས་བྱ་བ་ནི་མཉན་ཡོད་ན་ཚོད་མ་ཤིན་ཏུ་མངར་བ་ལ་སྐྱུར་བ་བྲོ་བར་སྟོན་ཅིང་འཕྱབས་ཉེས་པའི་ཕྱིར་རོ། །བལྕག་བལྕག་མི་བྱ་ཞེས་བྱ་བ་ནི་ཚོད་མ་ཤིན་ཏུ་སྐྱུར་བ་ལ་མངར་བར་བྲོ་བར་སྟོན་ཅིང་འཕྱ་བས་ཉེས་པའི་ཕྱིར་རོ། །ཧུ་ཧུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་ཚ་བ་ལ་ཁའི་དབུགས་ཀྱིས་བསྲོ་བར་བྱའོ་སྙམ་ནས་འཕྱ་བའི་ཕྱིར་


DTG151_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཕུ་ཕུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་ཤིན་ཏུ་གྲང་བ་ལ་ཕུ་ཕུ་ཞེས་བྱས་ལ་གྲང་བར་བྱའོ་སྙམ་ནས་འཕྱ་བའི་ཕྱིར་རོ། །ཁ་ཁམ་དང་བཅས་པས་མ་ཡིན་ཞེས་བྱ་བ་ནི་སྒྲ་མི་སྙན་པར་འབྱུང་བའི་ཉེས་པའི་ཕྱིར་རོ། །འབྲུ་ནས་ཐ་དད་དུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་འབྲུ་ནས་སོ་སོར་གཏོར་ཏེ་བྱ་གག་བཞིན་བཟའ་བར་མི་བྱའོ། །འཕྱས་མི་གདགས་ཞེས་བྱ་བ་ནི་ཁ་བའམ་སྐྱུར་བ་ལ་སོགས་པས་ཁ་ཟས་ལ་འཕྱས་གདགས་པར་མི་བྱའོ། །དྲིས་ནས་སྦྱིན་བདག་གིས་ནི་བྱིན་ནོ། །ལེན་པ་པོས་ནི་ཟོས་སོ། །འབྱུང་བ་ཆེན་པོ་རྣམས་ནི་ཚིམས་པར་བྱས་སོ། །ཉིན་ཞག་གཅིག་གི་ལམ་བརྒྱགས་ཀྱི་ཟན་ནི་བླངས་སོ་ཞེས་སྨྲ་བར་བྱའོ། །མཁུར་བ་མི་སྤོ་ཞེས་བྱ་བ་ནི་ཡི་ག་འཆུས་པ་བཞིན་དུ་མཁུར་བ་ནས་མཁུར་བར་སྤོ་ཞིང་བཟའ་བར་མི་བྱའོ། །ཁམ་འཕྲོར་མི་བཅད་ཅེས་བྱ་བ་ནི་ཇི་ལྟར་ཕྱེད་ཁའི་ནང་དུ་བཅུག་ལ། ཕྱེད་ལྷུང་བཟེད་ཀྱི་ནང་དུ་ལྟུང་བར་མ་ཡིན་ནོ། །ལྕེ་མི་དབྱུང་ཞེས་བྱ་བ་ནི་ལྕེས་མཆུ་བལྡག་པར་མི་བྱའོ། །མཆོད་རྟེན་འདྲ་བར་མ་ཡིན་ཞེས་བྱ་བ་ནི་ཕྱེ་སྦྲུས་ནས་སྟེང་དུལ་ཕུག་བཞག་སྟེ། དེའི་སྟེང་དུ་ཡང་ཁུར་བ་གཞག་ནས་ངན་འགྲོ་རྫོགས་བྱེད་ཀྱི་མཆོད་རྟེན་ནོ་ཞེས་འཕྱས་བྱེད་པའི་ཕྱིར་རོ། །ལག་པ་མི་བལྡག་ཅེས་བྱ་བ་ནི། མུ་ཏོ་བ་བཞིན་དུ་མ་ཡིན་ནོ། །ལྷུང་བཟེད་མི་བྱོག་ཅེས་བྱ་བ་ནི་ལྷུང་བཟེད་ལ་ཅི་ཆགས་པ་དེ་ལག་པས་བྱོག་ནས་བལྡག་པའོ། །ལག་པ་མི་སྤྲུག་ཅེས་བྱ་བ་ནི་ཁ་ཟས་ལ་འབགས་པའི་ལག་བ་ཅི་ལྟར་ཕ་རོལ་པོ་ལམ་རུང་བར་འགྱུར་བའི་ཕྱིར་མི་སྤྲུག་པའོ། །ལྷུང་བཟེད་མི་བསྐྱམ་ཞེས་བྱ་བ་ནི་ལྷུང་བཟེད་འཁྲུ་བའི་ཚེ་སྣམ་སྦྱར་བཟང་པོ་མ་རུང་བའི་ཕྱིར་རོ། །ལྷུང་བཟེད་ལ་འདུ་ཤེས་པ་ཞེས་བྱ་བ་ནི་ལྷུང་བཟེད་ལ་བལྟ་བར་བྱ་སྟེ། རྒན་ཞུགས་གཞན་ཞིག་ལ་བརྟེན་ཏེ་དྲུག་སྡེས་དེའི་ལྷུང་བཟེད་ཟན་གྱི་ཆང་པས་བཀང་བའི་ཕྱིར་རོ། །འཕྱས་གདགས་པའི་ཕྱིར་མི་ལྟ་ཞེས་བྱ་བ་ནི་འདི་ནི་ཤིན་ཏུ་མང་དུ་ཟའོ་སྙམ་ནས་འཕྱས་བཙལ་བར་བསམས་ཏེ་གཞན་གྱི་ལྷུང་བཟེད་ལ་བལྟ་བར་མི་བྱའོ། །ཟས་དང་འབགས་པ་ཞེས་བྱ་བ་ནི་ཟས་ཀྱིས་གོས་པ་ཡིན་ནོ། །ཆུ་སྣོད་ཅེས་བྱ་བ་ནི་ཆུའི་རིལ་བ་སྤྱི་བླུགས་ཏེ། སྦྲང་མ་རྣམས་འདུ་བའི་ཕྱིར་རོ། །ཆུ་ཟས་དང་འབགས་པ་ཞེས་བྱ་བ་ནི་ཡུལ་འཇིགས་རུང་ན་


DTG151_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟངས་པདྨ་ཅན་ཞེས་བྱ་བ་ཚོན་སྣ་བརྒྱ་རྩ་གཅིག་གིས་རི་མོར་བྲིས་པ་དེར་ཕོ་བས་ནའོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཞེས་བྱ་བ་ནི་ཁྱིམ་བདག་ལ་དྲི་བར་བྱའོ། །ལྷག་མ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ཆུ་སློང་བའི་ཚེ་དེར་འབྲས་ཆན་དང༌། དེ་ཡང་རུས་པ་བཅུག་པའི་ཆུ་ཉེ་དགགས་བྱིན་པའི་ཕྱིར་མི་བྱ་བར་གསུངས་ཏེ། ལྷུང་བཟེད་ཀྱི་ཆུ་སྦྱིན་པའི་ཀུན་དུ་སྤྱད་པ་ནི་ལྷུང་བཟེད་ལན་གསུམ་བཀྲུས་ལ་གཙུག་ལག་གི་ཚིགས་སུ་བཅད་པའི་སྔགས་ཀྱིས་བཏབ་སྟེ་སྦྱིན་བར་བྱའོ། །འོག་གཞི་མེད་པ་ཞེས་བྱ་བ་ནི་འོག་གཞི་མེད་པར་ཐན་ལྷུང་བཟེད་གཞག་པར་ཡང་མི་བྱའོ། །འགྲེངས་ཏེ་མ་ཡིན་ཞེས་བྱ་བ་ནི་དགེ་སློང་གཞན་ཞིག་ལ་བརྟེན་ཏེ་ཆག་པ་སྤང་བའི་ཕྱིར་རོ། །གད་ཀ་མ་ཡིན་པ་ཞེས་བྱ་བ་ནི་མང་པོ་ལ་བརྟེན་ཏེ་ས་མི་བདེ་བ་སྤང་བའོ། །གཡང་སམ་ཡིན་པ་ཞེས་བྱ་བ་ནི་གཡང་ཟ་བ་དང་ཉེ་བའོ། །དཀན་གཟར་པོ་མ་ཡིན་ཞེས་བྱ་བ་ནི་གང་དུ་གཞག་པ་ལས་འདྲལ་བའོ། །འགྲེངས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མ་གུས་པར་བྱེད་པ་སྤང་བའི་ཕྱིར་རོ། །འགྲེངས་ཏེ་བཤད་གཅི་མི་བྱ་ཞེས་བྱ་བ་ནི་ཉེ་དགའ་ལ་བརྟེན་ཏེའོ། །ཉེ་དགས་བཀྲུ་སྨན་འཐུངས་ནས་ལྡུམ་པའི་ལྡུམ་རར་ལྡུམ་རྣམས་ལ་ཕྱགས་མས་བྱུགས་པས་ན་རྩྭ་སྔོན་པོ་ལ་མི་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་དུ་སྤྱད་པ་ནི་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པའི་དྲུང་དུ་བཤད་གཅི་མི་བྱའོ། །ཤིང་ལྗོན་པ་ཚེར་མ་ཅན་གྱི་དྲུང་དང༌། གང་ན་ཤིང་ལྗོན་པ་གཅིག་ཏུ་འབྲེལ་པར་འགྱུར་བའམ། གང་ན་རྩྭ་སྔོན་པོའི་འདབ་ཆགས་པར་འགྱུར་བ་དེར་འདབ་མ་ལྷགས་པའམ། རྩྭ་སྐམ་པོ་གཞིར་བཏིང་སྟེ་བྱས་པ་ལ་ལྟུང་བ་མེད་དོ། །གལ་ཏེ་ཡང་མ་རྙེད་ན་དེ་ཉིད་དུ་ཡང་བྱའོ། །སྣམ་ཕྱིས་ནི་གཙུག་ལག་ཁང་གི་ནུབ་བྱང་གི་མཚམས་སུ་བྱའོ། །ཤིང་ལྗོན་པ་ཚེར་མ་ཅན་དག་བསྐྱེད་པར་བྱའོ། །འོག་ཏུ་རིབ་མས་བསྐོར་བར་བྱའོ། །རླུང་ཕྱོགས་མ་ཡིན་པར་ཆོས་གོས་གཞག་པར་བྱའོ། །ས་ཕུང་བདུན་ཐ་དད་པར་བཞག་ལ། གཞན་ཡང་ཕུང་པོ་བདུན་ཐ་དད་པར་རོ། །གཅིག་གཞན་དུ་བཞག་ལ་བོང་རྔོག་གསུམ་ཁྱེར་ཏེ་ནང་དུ་འཇུག་པར་བྱའོ། །གཅིག་གིས་ནི་བཤད་བའི་ལམ་ཕྱི་བར་བྱའོ། །གཉིས་པས་ནི་སྦྱང་བར་བྱའོ། །གསུམ་པས་ནི་ལག་པ་བཀྲུའོ། །དེ་ནས་ཕྱིར་བྱུང་སྟེ། བདུན་


DTG151_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ལག་པ་ཡ་གཅིག་བཀྲུའོ། །གཞན་བདུན་པོ་དག་གིས་ནི་ལག་བ་གཉིས་བཀྲུའོ། །གཅིག་གིས་ནི་ཆུའི་སྣོད་བཀྲུའོ། །ཐོག་མར་ཞུགས་པ་དང་འཇུག་བའི་ཚེ་ལུད་པའི་དང་སེ་གོལ་གྱི་སྒྲ་གཏོགས་པར་བྱའོ། །དགེ་སྐོས་ཀྱིས་སྣམ་ཕྱི་སའི་ནང་དུ་ཐལ་བ་གཏོར་ཅིང་གཅི་པའི་སར་ནི་ཆུས་སྦྱང་བར་བྱའོ། །ཚད་པའི་ནད་ཀྱིས་བཏབ་པ་ལ་ནི་ཁྲི་བས་བཏགས་པ་ལ་དབུས་སུ་བུ་གུ་དབྱུང་བར་བྱའོ། །སྲད་བུས་བཏགས་པ་ཡིན་ན་དྲོངས་ལ་གཟུངས་གདགས་པར་བྱའོ། གལ་ཏེ་སྡུག་བསྔལ་བར་གྱུར་ན་རས་མ་འམ། ལོ་མ་གདིང་བར་བྱའོ། །གྱོ་མོ་གཉིས་ཉེ་བར་གཞག་པར་བྱ་སྟེ་བཀྲུ་བར་བྱ། བསྐམ་པར་བྱ། འབྲུ་མར་གྱིས་བྱུག་པར་བྱའོ། །སྣམ་སྦྱར་བགོས་ནས་བཤང་བ་དང་གཅི་བ་མི་བྱའོ། །གོས་ལེགས་པར་བསྡུས་ཏེ་ནང་དུ་འཇུག་པར་བྱའོ། །ཤེས་བཞིན་དུ་ཡང་བཤད་བ་དང་གཅི་བ་གཏང་བར་བྱའོ། །འཐོར་འཐུང་མ་བྱས་པར་ཕྱག་བྱེད་པ་བདག་གིར་མི་བྱའོ། །སྟན་ལ་འདུག་པར་མི་བྱ། སྨན་འཐུངས་སམ་ཆུ་མ་འབྱོར་པ་ལ་ལྟུང་བ་མེད་དོ། །སྨན་འཐུངས་ནས་མ་ལུས་པར་མ་འཁྲུས་ཀྱི་བར་དུ་དེ་སྲིད་དུ་ཁྲུས་མ་བྱེད་པར་བར་བར་དུ་བོང་པའི་དུམ་བུ་འམ། ཤིང་གི་གཞོག་མས་བཤད་བའི་ལམ་ཕྱིས་ཤིང་མཇུག་ཏུ་གཙང་སྦྲ་བྱའོ། །ལྷམ་ལ་ཡང་མི་ཉམས་པར་གཙང་སྦྲ་ལ་སོགས་པ་བྱའོ། །ཕྱོགས་མ་ཡིན་པར་གཅི་བར་མི་བྱ་མོད་ཀྱི་འོན་ཀྱང་གནས་གཅིག་ཏུ་ཐམས་ཅད་བྱའོ། །བཤད་བ་དང་གཅི་བ་དང༌། ཁྲུས་ཀྱི་སའི་ཉེ་འཁོར་དུ་དེ་ཉིད་ཀྱིས་མ་གཏོགས་པར་གཞན་བྱ་བ་ཐམས་ཅད་མི་བྱའོ། །སྒྲ་དང་བཅས་པའི་རླུང་གི་ལས་མི་བྱའོ། །བཤད་བ་མ་འོངས་པ་ལ་ཆེད་དུ་མི་བྱའོ། །འོངས་པ་ལ་ནི་དགག་པར་མི་བྱའོ། །བྱ་བ་བྱས་པ་དང་བཤད་གཅིའི་ས་ལ་འདུག་པར་མི་བྱའོ། །སྣབས་དང་མཆིལ་མ་ལ་སོགས་པ་སྒྲ་དང་བཅས་པར་མི་དབྱུང་ངོ༌། །གནས་བརྟན་གྱི་མདུན་དུ་མ་ཡིན། ལས་ཡོངས་སུ་བྱང་བའི་སར་མ་ཡིན། ཟན་ཟ་བ་རྣམས་ཀྱི་མདུན་དུ་མ་ཡིན། མཆིལ་མ་ཡང་དང་ཡང་དུ་དོར་བར་མི་བྱ། གལ་ཏེ་ཕྱི་ཕྱིར་བྱུང་ན་ཕྱོགས་གཅིག་ཏུ་སོང་ལ་དོར་རོ། །ནད་པའི་ཕྱིར་མཆིལ་མའི་སྣོད་ཞོག་ཤིག །དེའི་ཞབས་སུ་ཕྱེ་


DTG151_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མ་འམ། བྱེ་མ་འམ། ཐལ་བ་ལུགས་ཤིག །ཆུའི་ནང་དུ་མ་ཡིན་ཞེས་བྱ་བ་ནི་ཉེ་དགས་འཁྲུ་སྨན་འཐུངས་ཏེ། བཙོ་བླག་མཁན་གྱི་འཁྲུ་བཤལ་སར་བཤང་བ་བྱས་པའི་ཕྱིར་མངོན་ཏེ། གང་ན་ཆུས་ཁེབས་བ་དེར་ཤིང་ལ་སོགས་པ་བཞོག་སྟེ་དེར་བཤང་གཅི་བྱའོ། །མི་གང་ཙམ་ལས་མཐོར་མི་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་དུ་ཁྱེར་བ་ལ་དགེ་སྐོས་ཀྱིས་ལྟ་བར་བྱེད་པའི་ཕྱིར་མངོན་པར་འཛེག་པ་ཞེས་བྱའོ། །གནོད་པ་འབྱུང་བ་མ་གཏོགས་ཞེས་བྱ་བ་ནི་མ་འཛེགས་ན་སྟག་གིས་ཟོས་པར་འགྱུར་བའི་ཕྱིར་རྗེས་སུ་གནང་བའོ། །བསླབ་པའི་ཆོས་དེ་རྣམས་ཀྱང་འདི་ལྟར་དེ་དག་གཞི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཆོས་གོས་རྣམས་བགོ་བའི་དབང་དུ་བྱས་པ་དང༌། གྲོང་དུ་འཇུག་པའི་དབང་དུ་བྱས་པ་དང༌། འཇུག་པར་བྱ་བའི་དབང་དུ་བྱས་པ་དང༌། བཟའ་བ་ཡོངས་སུ་ལོངས་སྤྱོད་པའི་དབང་དུ་བྱས་པ་དང༌། ལྷུང་བཟེད་ཀྱི་ལས་ཀྱི་དབང་དུ་བྱས་པ་དང། ཆོས་སྟོན་པའི་དབང་དུ་བྱས་པ་དང༌། མི་གཙང་བ་འདོར་བའི་དབང་དུ་བྱས་པ་དང༌། མེ་ཏོག་དང་འབྲས་བུ་མ་རུང་བར་བྱེད་པའི་དབང་དུ་བྱས་པའོ། །བསླབ་པའི་ཆོས་རྣམས་རྫོགས་སོ།། །།རྩོད་པ་ཞི་བར་བྱེད་པ་བདུན་ཞེས་བྱ་བ་ནི་རྩོད་པ་བཞི་པོ་དག་འདི་རྣམས་ཀྱིས་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལ་གང་ཆོས་ཀྱི་རྙེད་པ་དེ་ཆོས་སྨྲ་བ་རྣམས་ལའོ་ཞེས་བྱ་བ་ལས་འཐབ་མོ་བྱུང་བའི་ཕྱིར་རྩོད་པའི་གཞིར་བཅས་སོ། །དེ་ལ་འགྱོད་པའི་ཕྱིར་རྩོད་པ་ནི་དགེ་འདུན་ལ་གང་འདི་ལྟར་རམ། འདི་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི་མི་མཐུན་པར་སྨྲས་ནས་དེ་དག་ཀུན་ནས་སློང་བའི་འཐབ་མོའོ། །འགྱེད་པ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པས་ན་འགྱེད་པའི་རྩོད་པའོ། །འགྱེད་པ་དེའི་རྩ་བ་དྲུག་དང༌། དབྱེན་དུ་གྱུར་བའི་གཞི་བཅུ་བཞིའོ། །འགྱེད་པའི་རྩ་བ་དྲུག་བོ་ནི་ཁྲོ་ཞིང་ཁོན་དུ་འཛིན་པ་དང༌། འཆབ་ཅིང་འཚིག་པ་དང༌། ཕྲག་དོག་ཅིང་སེར་སྣ་དང༌། གཡོ་བྱེད་ཅིང་སྒྱུ་ཅན་དང༌། ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང༌། སྡིག་པ་ལ་འདོད་ཅིང་ལོག་པར་ལྟ་བ་དང༌། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་ཅིང་སྙེམས་བའོ། །དབྱེན་དུ་འགྱུར་བའི་གཞི་ནི་ཆོས་སོ་ཞེས་བྱ་བ་འམ། ཆོས་མ་ཡིན་ལ་ཞེས་བྱ་བ་འམ། དེ་བཞིན་དུ་


DTG151_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའོ། །འདུལ་བ་མ་ཡིན་ནོ། །ལྟུང་བའོ། །ལྟུང་བ་མེད་པའོ། །ལྕི་བའོ། །ཡང་བའོ། །ལྷག་མ་ལུས་བའོ། །ལྷག་མ་མ་ལུས་པའོ། །བསྡམ་པར་བྱ་བའོ། །བཤགས་པར་བྱ་བའོ། །འདུལ་བ་དང་འགལ་བའོ། །ཉེས་པ་བཤད་པར་གཏོགས་པའོ། །དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་དབྱེ་བ་ལས་རྣམ་པ་གསུམ་སྟེ། དགེ་བར་འདོད་པ་དང༌། མི་དགེ་བར་འདོད་པ་དང༌། དེ་གཉི་གར་མི་འདོད་པ་རྣམས་ལ་ཡང་གོ་རིམས་བཞིན་དུའོ། །གང་འགྱེད་པ་དེ་ཉིད་རྩོད་པ་སྟེ། མུ་བཞིར་སྦྱར་རོ། །མུ་དང་པོ་ནི་མི་མཐུན་པར་སྨྲ་བ་ཙམ་མོ། །གཉིས་པ་ནི་དེ་ལས་གཞན་ལ་རྩོད་པ་གསུམ་མོ། །གསུམ་པ་ནི་དེ་དག་ལྷན་ཅིག་པའོ། །བཞི་པ་ནི་དེ་རྣམས་མ་གཏོགས་པའོ། །མི་བསྡམས་པའི་ཕྱིར་རྩོད་པ་ནི་གང་གླེང་བར་མི་འོས་པ་ལ་གླེངས་པ་སྟེ། ཉེས་པར་གླེངས་པས་ན་མི་བསྡམས་པ་ཞེས་བྱ་སྟེ། ཅི་ལྟར་གྱད་བུ་ནོར་ལ་སོགས་པ་གསུམ་སྟེ། དེས་ཀུན་ནས་བསླང་བ་འགྱེད་པའོ། །དེའི་རྩ་བ་ནི་མི་བསྡམས་པའོ། །དེའི་ལྷག་མ་རྣམས་ནི་དང་པོ་བཞིན་ནོ། །ལྟུང་བའི་ཕྱིར་རྩོད་པ་ནི་ལྟུང་བ་སྡེ་ལྔ་པོ་རྣམས་ལས་འཐབ་མོའི་གླེང་གཞིར་གྱུར་པ་སྟེ། དེ་ཀུན་ནས་བསླང་བའི་འཐབ་མོ་བྱུང་བའོ། །དེའི་རྩ་བ་ནི་ལུས་ལ་སོགས་པའོ། །ལུས་འབའ་ཞིག་པ་ཡང་ཡོད་དེ། ཇི་ལྟར་བསྙེན་པར་མ་རྫོགས་པའི་ཕྱིར་མ་བྱུང་བ་ལས་ཕྱིར་བྱུང་བར་འདུ་ཤེས་ཏེ་ཉལ་བ་དང༌། གཉིད་ལོག་པ་ལ་བུད་མེད་ཀྱི་ཡུལ་ཕྱིས་འོངས་ཏེ་ཉལ་ལམ། གཉིད་ཀྱིས་ལོག་པ་ལས་སམ་ལ་ཆེན་པོའི་སྟེང་དུ་གཞག་པའོ། །ངག་འབའ་ཞིག་པ་ཡང་ཡོད་དོ། །ཇི་ལྟར་བུད་མེད་ཀྱི་ཡུལ་ལ་མ་བསམས་པར་ཚིག་དྲུག་གམ་བདུན་དུ་ཐལ་བའོ། །ལུས་དང་སེམས་གཉི་གའི་བར་ཡང་ཡོད་དེ། ཇི་ལྟང་སྲོག་གཅོད་པ་དང༌། ཆང་འཐུང་པ་སྟེ་ཚིག་ཏུ་མི་སྨྲའོ། །ངག་དང་སེམས་གཉིས་ཀྱི་ཡང་ཡོད་དེ། ཇི་ལྟར་བསམས་བཞིན་དུ་ཚིག་དྲུག་གམ་བདུན་དུ་ཐལ་བའོ། །ལུས་དང་ངག་དང་སེམས་ཀྱི་ཡང་ཡོད་དེ། འདི་ལྟ་སྟེ། སྲོག་གཅོད་པ་དེ་ཉིད་ལ་ངག་གིས་ཀྱང་བསྔགས་པའོ། །བྱ་བའི་ཕྱིར་རྩོད་པ་ནི་གསོལ་པ་ལ་


DTG151_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བྱ་བ་འཐབ་མོའི་གླེང་གཞིར་འགྱུར་བ་སྟེ། དེས་ཀུན་ནས་བསླང་བ་ལས་འཐབ་མོ་བྱུང་བའོ། །དེའི་རྩ་བ་ནི་གསོལ་བ་ལ་སོགས་པ་བྱ་བ་ཡིན་ཏེ། ལྷག་མ་རྣམས་ནི་སྔ་མ་བཞིན་ཏེ་རྩོད་པ་དག་ནི་སྨྲས་ཟིན་ཏོ། །ཞི་བར་བྱ་བ་བརྗོད་པར་བྱའོ། །འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། གང་ཚུལ་ཤིང་མང་པོ་ལེན་པས་སོ། །གང་ཟག་གསུམ་སྟེ། དོན་སྦྱིན་པར་བྱེད་པ་དང༌། དོན་སླར་སྦྱིན་པར་བྱེད་པ་དང༌། སྐམ་ལ་གནས་པ་རྣམས་སོ། །དེ་ལ་དོན་སྦྱིན་པར་བྱེད་པས་དོན་རྣམ་པ་བཅུ་དྲུག་པོ་རྣམས་སུ་ཤིན་ཏུ་བསམས་ན་གཟུང་བར་བྱ་སྟེ། བདེན་པ་དང༌། དུས་དང༌། ཚོད་དང༌། དོན་དུ་ལྡན་པ་དང༌། མཐོང་བ་དང༌། ཐོས་པ་དང༌། དོགས་པ་དང༌། ལུས་དང༌། ངག་དང༌། གྲོང་དང༌། དགོན་བ་དང༌། མཚན་མོ་དང༌། ཉིན་པར་བྱས་པ་དང༌། ལྷག་མ་མ་ལུས་པ་དང༌། བསླང་བར་ནུས་པའོ། །དེའི་ཚིག་གཟུང་བར་མི་བྱ་བ་རྣམ་པ་ལྔ་སྟེ། དོན་གཏན་ལམ་ཕེབས་པ་དང༌། གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚིག་དང༌། བསྙེན་པར་མ་རྫོགས་པའི་ཚིག་དག་ལས་དོན་དུ་འཛིན་པ་དང༌། མདོ་སྡེ་དང་གནས་མི་ཤེས་པ་རྣམས་ཀྱིས་སོ། །སླར་བཟློག་པ་ལྔ་པོ་རྣམས་ཀྱིས་ནི་གཟུང་བར་བྱའོ། །དོན་སླར་སྦྱིན་པར་བྱེད་པས་ཀྱང་རྣམ་པ་བཅུ་དྲུག་པོ་རྣམས་དང་ཉེ་བ་འདི་རྣམས་ཁོ་ན་ཤིན་ཏུ་བསམས་ལ་སྐབས་དབྱེ་བར་བྱའོ། །ཅི་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། འགྱོད་པ་ཅན་ནམ། མང་དུ་ཐོས་པ་འམ། འདུལ་བ་གཏན་ལ་ཕེབས་པ་ཡིན་ནམ། ཅི་མཐོང་བ་ལས་གླེང་བར་བྱེད་དམ་ཞེས་བྱ་བ་ལ་སོགས་པ་བཅུ་གཉིས་ནི་སྔ་མ་བཞིན་ནོ། །རྣམ་པ་ལྔས་ནི་ཚིག་གཟུང་བར་མི་བྱ་སྟེ། མཚམས་སྦྱོར་བར་ལུང་མི་སྟོན་པ་དང༌། གཞན་ནས་གཞན་དུ་འཕོ་བ་དང༌། ཕྱོགས་ལ་བརྟེན་ཏེ་ལྟུང་བ་ཁས་ལེན་པ་ལ་ཡང་རུང་བ་མེད་པར་སྟོན་པ་དང༌། དགེ་སློང་རྣམས་ལ་སྐུར་བ་འདེབས་པ་དང༌། གུས་པ་མེད་པའོ། །སླར་བཟློག་པ་ནི་གཟུང་བར་བྱའོ། །དོན་སྦྱིན་པར་བྱེད་པ་དང༌། དོན་སླར་སྦྱིན་པར་བྱེད་པ་དག་རྩོད་པའི་ཉེས་དམིགས་ཏེ་ཉེ་བར་ཞི་བའི་ཡོན་ཏན་དུ་མཐོང་བ་དག་གིས་སྐམ་ལ་གནས་པ་ཆོས་


DTG151_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་དང་ལྡན་པ་བཙལ་པར་བྱའོ། །ཚུལ་ཁྲིམས་དང་བསླབ་པ་འདོད་པ་དང༌། ཐོས་པ་དང༌། འདུལ་བ་ལ་མཁས་པ་དང༌། སྐམ་ལ་གནས་པ་དང༌། ཆོས་བཞིན་མ་འདྲེས་པ་དང༌། འདུན་པ་ལ་སོགས་པས་མི་འགྲོ་བ་དང༌། འདོད་ཆགས་དང། ཞེ་སྡང་གིས་མ་ཡིན་པ་དང༌། རྒྱལ་བའི་བཀའ་ལས་མི་འདའ་བ་དང༌། མ་བཅས་པ་ལས་མི་འཆའ་བ་དང༌། བཅས་པ་ལས་ཀུན་དུ་མི་གཅོད་པ་དང༌། ཆོས་དེ་ཉིད་ཉེ་བར་ཞི་བར་ནུས་པ་དང༌། སློང་བར་ནུས་པའོ། །སྐམ་ལ་གནས་པ་ལ་གསུམ་སྟེ། གང་ལུས་དང་ངག་གི་མི་བསྡམས་པ་སྟེ། ཕྱོགས་གཉི་གའི་ཐད་དུ་བྱ་བ་བདག་ཉིད་སོང་ནས་དཀྲུགས་པར་བྱེད་པ་དང༌། གང་དག་མ་བསྡམས་པ་སྟེ། གང་ཕོ་ཉས་དང༌། གཉི་གས་བསྡམས་པ་སྟེ། དེ་ལྟ་བུར་བསྐོ་བར་བྱའི་སྔ་མ་དག་ནི་མ་ཡིན་ནོ། །བྱིས་པ་རྣམས་ནི་ལྔ་སྟེ། ཆོས་མ་ཡིན་པའི་ཕྱིར་འཇུག་པ་དང༌། རྩོད་པར་གྱུར་པ་བཟུང་ནས་སྟོབས་པ་དང༌། སྐམ་ལ་གནས་པ་གཞན་གྱི་མདོ་སྡེ་སུན་འབྱིན་པ་དང༌། སོ་སོར་ཐར་པས་དགེ་སློང་རྣམས་གནས་ནས་འབྱིན་པ་དང༌། མ་གུས་པའོ། །སླར་བཟློག་པ་ལྔ་པོ་རྣམས་ཀྱིས་ནི་གསལ་བའོ། །སྐམ་ལ་གནས་པས་རྩོད་པ་གཟུང་བ་ཞི་བར་ཁས་བླངས་པ་དང༌། བདག་ཉིད་ལ་རྣམ་པ་བརྒྱད་རྣམས་སུ་བརྟག་པར་བྱ་སྟེ། ཅི་བདག་གིས་ཐོག་མ་ཅི་ལས་བྱུང་ཤེས་སམ། བདག་གིས་གྲོགས་པོ་སྐམ་ལ་གནས་པ་ཡོད་དམ། སྔོན་འདྲིས་པར་གྱུར་པ་མ་ཡིན་ནམ། ཅི་བདག་གི་ཚིག་འཛིན་ནམ། ལྟུང་བ་རྣམ་པར་སྦྱང་བར་ནུས་སམ། ཤེས་པར་ནུས་སམ། ཆོས་བཞིན་དུ་ཉེ་བར་ཞི་བར་ནུས་སམ། ཅི་མི་དགེ་བ་ལས་སློང་བ་ལ་མཁས་པར་ཡང་ངོ༌། །གཞན་ལ་ཡང་རྣམ་པ་བརྒྱད་རྣམས་སུ་སྟེ། འདི་ན་འདི་ལྟར་རྒྱལ་བའི་གསུང་བརྟན་པར་བྱེད་པ་མདོ་སྡེ་ལ་སོགས་པ་འཛིན་པ་ལྟ་ཡོད་དམ། གང་གླགས་ཚོལ་བ་ལ་སླར་བཟློག་པའི་གནས་བརྟན་ལ་སོགས་པ་ལྟ་ཡོད་དམ། རྒྱལ་པོ་ལ་བརྟེན་ཏམ། མཐུ་ཡོད་པ་ལ་བརྟེན་ཏམ། ཁྱིམ་པ་ལ་བརྟེན་ཏམ། གཞན་ལ་འམ། དགེ་འདུན་ཉིད་ལས་ཉེ་བར་ཞི་བར་བྱེད་དམ་ཆོལ་


DTG151_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྐམ་ལ་གནས་པ་དེ་དག་གིས་མངོན་སུམ་དུ་འདུལ་བས་རྩོད་པ་ཞི་བར་བྱའོ། །མངོན་སུམ་དུ་བྱ་བ་རྣམ་པ་གཉིས་ཏེ། གང་ཟག་མངོན་སུམ་དུ་བྱ་བ་ལ་གང་དག་ལ་ཉེ་བར་ཞི་བར་བྱ་བ་དང༌། གང་དག་གིས་ཉེ་བར་ཞི་བར་བྱེད་པ་དེ་དག་མངོན་སུམ་དུ་གྱུར་པའོ། །ཆོས་མངོན་སུམ་དུ་བྱ་བ་ནི་ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་ནོ། །དེས་དོན་སྦྱིན་པར་བྱེད་པ་རྣམས་ལ་ཡང་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། ཆོ་ག་དང༌། སྦྱོང་ཡུལ་དང༌། གྲོགས་པོ་དང༌། ཟླ་བོ་དང༌། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། འཚོ་བ་དང༌། ཐོས་པ་སྟེ། འདི་དག་སྡིག་པ་ཅན་དག་ཏུ་རིག་ན་མ་སྨྲ་ཤིག་ཅེས་བསྒོ་བར་བྱའོ། །དེ་བཞིན་དུ་དོན་སླར་སྦྱིན་པར་བྱེད་པ་ལ་ཡང་རྣམ་པ་བརྒྱད་དེ། ཅི་སྡིག་པ་ཅན་དུ་ཡིན་ན་ཁྱོད་ཀྱིས་དག་གི་ལས་ཐོག་མ་ཇི་ལྟ་བུ་ཡིན་ཞེ་ན་དྲི་བ་ཡང་ངོ༌། །ཇི་སྐད་དུ་སྨྲ་བ་དེ་བཞིན་དུ་བྱའོ། །རྣམ་པ་བཅུ་དྲུག་དག་ཏུ་རྗེས་སུ་སྦྱོར་བས་རབ་ཏུ་གནས་པར་བྱ་སྟེ། དོན་སྦྱིན་པར་བྱེད་པ་ཉིད་ནི་རིག་པར་བྱ་བ་དང༌། བརྟག་པ་དང༌། བཟོད་པ་གསོལ་བ་དང༌། དྲི་བ་དང༌། དམ་འཆར་གཞུག་པ་དང༌། སྤྲོ་བར་བྱའོ། །དེ་བཞིན་དུ་དོན་སླར་སྦྱིན་པར་བྱེད་པ་ལ་ཡང་རྣམ་པ་བཅུ་གཉིས་དང༌། དོན་སླར་སྦྱིན་པར་བྱེད་པས་དམ་བཅས་པ་གཟུང་བ་དང༌། མདོ་སྡེ་ཁས་ལེན་པ་དང་ཆོས་བཞིན་དང་འདུལ་བ་བཞིན་དུ་རྩོད་པ་ཚོལ་བའོ། །འདིར་རྣམ་པ་ལྡས་ནི་མི་ནུས་པར་འགྱུར་ཏེ། རྗེས་སུ་བསྟན་པའི་ཚིག་ལྔ་མངོན་དུ་མི་ཤེས་པའི་ཕྱིར་ཏེ། དོན་སྦྱིན་བར་བྱེད་པ་དང༌། དོན་སླར་སྦྱིན་པར་བྱེད་པ་དང༌། ཆོས་དང་རྗེས་སུ་མཐུན་པར་སྦྱོར་བ་དང༌། ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པར་སྦྱོར་བ་དང༌། དམ་འཆའ་བ་རྗེས་སུ་མི་འཛིན་པའོ། །རྣམ་པ་ལྔས་ཞི་བར་མི་ནུས་ཏེ། རྩོད་པའི་རང་བཞིན་དང་ཀུན་ནས་སློང་བ་དང༌། གཟུང་བ་དང༌། ཚར་གཅད་པ་དང༌། ཉེ་བར་ཞི་ནས་ཡང་མི་འབྱུང་བར་མི་ཤེས་པའོ། །གཞན་ཡང་རྣམ་པ་ལྔ་སྟེ། འཁྲུལ་བ་དང༌། གསང་སྟེ་སྨྲས་པ་དང༌། ནོར་བར་སྨྲས་པ་དང༌། གློ་བུར་དུ་སྨྲས་པ་འཛིན་པ་དང༌། སྨྲས་པ་ཡང་ཇི་སྲིད་ལན་གསུམ་གྱི་བར་དུ་དམ་


DTG151_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་མི་གཞུག་པའོ། །གནས་བཅུ་དྲུག་ཏུ་ལྟུང་བ་བསྟན་པར་བྱ་བ་སྟེ། ལྕི་བ་དང༌། ཡང་བ་དང༌། ལྷག་མ་ལུས་པ་དང༌། ལྷག་མ་མ་ལུས་པ་དང༌། གནས་ངན་ལེན་པ་དང༌། ལུས་ཀྱི་དང༌། ངག་གི་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། བཅབས་པ་དང༌། མ་བཅབས་པ་དང༌། བཤགས་པ་དང༌། བསྡམ་པར་བྱ་བ་དང༌། ཉེས་པར་བཤད་པར་གཏོགས་པ་དང༌། །འདུལ་བ་དང་འགལ་བར་གྱུར་པའི་དབྱེ་བ་རྣམས་ཏེ། དེ་ལ་སྡིག་པ་ལ་སོགས་པའི་ཆད་པའི་ལས་བྱའོ། །ཡང་ཆང་པའི་ལས་རྣམ་པ་བཅུ་དྲུག་སྟེ། ཚངས་པ་དང༌། བསྐྲད་པ་དང༌། ལོངས་སྤྱོད་དུ་མི་གཞུག་པ་དང༌། བསྙིལ་བར་བྱ་བ་དང༌། གང་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང༌། སྤྱོ་བར་བྱ་བ་དང༌། སྨད་པར་བྱ་བ་དང༌། གནས་ནས་དབྱུང་བར་བྱ་བ་དང༌། ཕྱོགས་མེད་པར་བྱ་བ་དང༌། ཞུམ་པ་དང༌། སྨད་བབ་པར་བྱ་བ་དང༌། འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་རྣམ་པར་འགྱོད་པར་བྱེད་དུ་གཞུག་པ་དང༌། ཉེ་བར་བསྡུ་བར་བྱ་བ་དང༌། བརྗོད་པ་དང་བཅས་པ་དང༌། ཕུར་པ་དང་བཅས་པ་དང༌། རོ་བཞིན་དུ་བྱ་བའོ། །རྣམ་པ་བཅུ་དྲུག་གི་ལས་བྱས་ཏེ། མངོན་སུམ་དུ་གྱུར་པ་དང༌། བྱ་བའི་སྐབས་ཕྱེ་བ་དང༌། གླེངས་པ་དང༌། དྲན་པར་བྱས་པ་དང༌། རང་གིས་ཁས་བླངས་པ་དང༌། ཕ་རོལ་པོས་ཁས་བླངས་པ་དང༌། རྗེས་སུ་མཐུན་པར་སྦྱོར་བ་བརྟགས་པ་དང༌། རྗེས་སུ་མཐུན་པར་སྦྱོར་བ་བརྟག་མི་དགོས་པ་དང༌། དྲིས་པ་དང༌། དྲི་མི་དགོས་པ་དང༌། ཁས་ལེན་དུ་བཅུག་པ་དང༌། ཁས་ལེན་དུ་མ་བཅུག་ཀྱང་རུང་ངོ༌། །རྣམ་པ་བཅུ་དྲུག་གི་བར་ན་རྩོད་པ་ཞི་བར་འགྱུར་ཏེ། ཆོས་བཞིན་དང༌། དགེ་འདུན་གྱིས་བསྒོ་བ་དང༌། རྒྱལ་བའི་གསུང་བཞིན་རྗེས་སུ་མཐུན་པ་དང༌། ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་བསྒོ་བ་དང༌། དོན་སྦྱིན་པར་བྱེད་པ་འདུལ་བ་ལ་མི་འགལ་བ་དང༌། མ་དག་པའི་ལྟུང་པ་མི་འཆབ་པ་དང༌། བྱུང་བ་དང༌། བཅས་པ་དང༌། རྗེས་སུ་བཅས་པ་དང༌། རྗེས་སུ་གནང་བ་དང༌། རྗེས་སུ་མི་གནང་བ་སྦྱོར་བ་དང༌། དོན་སྦྱིན་པར་བྱེད་པ་དང༌། དོན་


DTG151_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སླང་སྦྱིན་པར་བྱེད་པ་དག་གིས་དམ་འཆའ་བ་འཛིན་པར་བྱེད་པ་དང༌། མདོ་སྡེ་སྟོན་པའམ། འདུལ་བ་དང་མཐུན་པ་དང༌། ཆོས་ཀྱི་མིག་རྒྱས་པར་འགྱུར་བ་དང༌། ཆོས་དང་འདུལ་བ་བཞིན་ཞི་བར་བྱེད་པའོ། །སླར་བཟློག་པ་ནི་ཞི་བའོ། །མི་ནུས་ནས་དགེ་འདུན་རྣམས་ལ་སྤོ་བར་བྱ་སྟེ། དེ་ལ་མངོན་སུམ་སྟེ། དགེ་འདུན་ལ་མངོན་སུམ་དུ་སྤོས་པ་དང༌། དེས་ཀྱང་མ་ནུས་ན་གསལ་བ་ལ་གཏད་པར་བྱའོ། །དེ་དག་གིས་ཀྱང་མ་ནུས་ན་གསལ་བའི་ཡང་གསལ་བ་ལ་གཏད་པར་བྱའོ། །དེ་དག་གིས་ཀྱང་མ་ནུས་ན་སླར་ཡང་དགེ་འདུན་ལ་སྤོ་བར་བྱའོ། །དེ་དག་གིས་ཀྱང་གནས་གང་ན་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་སྤོ་བར་བྱེད་པའི་དགེ་སློང་བསྐོ་བར་བྱའོ། །དེས་ཀྱང་ཇི་ལྟར་གྱུར་པ་བརྗོད་པར་བྱའོ། །དེ་དག་གིས་ཀྱང་མ་ནུས་ན་རྩོད་པ་སྦེད་པར་བྱེད་པ་དེ་གཉིས་ལ་གཏད་དོ། །དེས་མདོ་སྡེ་ལ་སོགས་པ་འཛིན་པ་ལ་སྤོའོ། །དེ་དག་གིས་ཀྱང་མ་ནུས་ན་དེ་ཉིད་ལའོ། །དེས་ཀྱང་མ་ནུས་ན་གང་ན་གནས་བརྟན་གཙོ་བོ་འམ། ཤེས་པ་དེ་ལ་མཐའ་ཉེ་བར་བཟུང་ནས་གཏད་པར་བྱའོ། །དེས་དེ་དག་ལ་ཅི་ཡང་བདག་གིར་མི་བྱའོ། །ཁ་ཏོན་ལ་སོགས་པ་སྦྱིན་པར་མི་བྱའོ། །མདུན་ནམ་རྒྱབ་ཏུ་འདུག་ན་མ་འགྱེད་ཤིག་མ་འཐབ་ཤིག །གཉི་ག་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་པུ་ལ་བྱའོ་ཞེས་དེ་སྐད་ཉི་ཚེ་སྨྲ་བར་བྱའོ། །དེས་ཞི་བར་གྱུར་ན་ལེགས་པར་ཞི་བ་ཞེས་བྱ་བ་སྟེ། དེ་ལྟར་ན་མངོན་སུམ་གྱིས་འདུལ་བ་ཡིན་ནོ། །གལ་ཏེ་གནས་བརྟན་གྱིས་ཀྱང་མ་ནུས་ན་དེས་སྤོ་བར་བྱེད་པ་ཉིད་ལ་གཏད་པར་བྱའོ། །དེས་ཀྱང་དགེ་འདུན་ལའོ། །དགེ་འདུན་གྱིས་ཀྱང་ཚུལ་ཤིང་མང་པོ་ལེན་དུ་བཅུག་ནས་ཞི་བར་བྱའོ། །རྣམ་པ་ལྡར་དོན་སྦྱིན་པར་བྱེད་པ་དང༌། དོན་སླར་སྦྱིན་པར་བྱེད་པ་དག་གིས་རྩུབ་བར་གཟུང་བའི་ཕྱིར་དེ་ལྟར་ན་རྩུབ་པ་ཅན་དང༌། གདུག་པར་བྱེད་པའི་ཕྱིར་དེ་ལྟར་གདུག་པ་ཅན་དང༌། རབ་ཏུ་འཛིན་པའི་ཕྱིར་དེ་ལྟར་ན་དམ་པོ་ཅན་དང༌། དབྱེ་བར་བྱེད་པའི་གཞི་བཅུ་བཞི་འཛིན་པའི་ཕྱིར་དབྱེ་བའི་


DTG151_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཅན་དང་གནས་བརྟན་གྱི་མཐར་ཐུག་གི་བར་དུ་ཕྱིན་ཀྱང་སྦྱོར་བ་གཞན་དུ་མི་འགྱུར་རོ། །ཚུལ་ཤིང་བྲིམ་པ་ལ་རྣམ་པ་བཞི་སྟེ། གང་ན་གནས་བརྟན་ཆོས་བཞིན་དུ་མི་སྨྲ་བ་མང་བ་དེར་ནི་དགབ་པར་བྱ་བ་དང་གོ་བཟློག་པ་དེར་ནི་གསལ་བར་བྱ་བ་དང༌། གང་ན་རྣ་དྲུང་དུ་ཁྱོད་ཀྱི་མཁན་པོ་དེས་ནི་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི་ཁྱོད་ཀྱིས་ལོངས་ཤིག་ཅེས་བསྒོ་བ་དང༌། གང་ན་ནད་པ་མང་ཞིང་དགེ་འདུན་ཐམས་ཅད་ཀྱི་དང་བཞི་པའོ། །ཚུལ་ཤིང་བྲིམ་པ་ཆོས་དང་ལྡན་པ་མ་ཡིན་པར་ལེན་པ་བཅུ་སྟེ། ཆོས་མ་ཡིན་པར་ལེན་པ་དང༌། འདུལ་པ་དང་རྗེས་སུ་མི་མཐུན་པ་དང༌། མ་འདུས་པར་ལེན་པ་དང༌། ཆུང་ཟད་ཙམ་གྱིས་ལྷུང་བ་ཆུང་དུས་དབྱེ་བར་དོགས་པ་དང༌། གནས་བརྟན་གྱི་མཐར་མ་ཕྱིན་པར་སྦྱོར་བ་གཞན་དུ་བཟློག་པ་དང༌། རྟོག་པ་དང་མི་ལྡན་པ་ཁ་ལོ་སྒྱུར་བར་བྱེད་ཅིང་འདུལ་བ་འཛིན་པ་ལ་སོགས་པ་ལ་མི་འདྲི་བ་དང་དགེ་འདུན་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་དུ་འདུ་ཤེས་པ་དང༌། དགེ་སློང་ཆེས་རབ་ཏུ་མང་པོ་དག་ཆོས་མ་ཡིན་པར་སྨྲ་བར་འགྱུར་བར་ཤེས་པ་དང༌། དགེ་འདུན་དབྱེ་བར་འགྱུར་རོ་སྙམ་དུ་ཤེས་པ་དང༌། ཆོས་མ་ཡིན་པར་སྨྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པའོ། །གོ་བཟློག་པ་བཅུ་ནི་ཆོས་ཡིན་ནོ། །ཚུལ་ཤིང་བྲིམ་པས་ཚུལ་ཤིང་རྣམ་པ་གཉིས་སུ་བྱ་སྟེ། ཆོས་ཀྱི་ཚུལ་ཤིང་ནི་དབྱིབས་དང་ཁ་དོག་དང་གཟུགས་ཕུན་སུམ་ཚོགས་པ་དང༌། ཆོས་མ་ཡིན་པའི་ཚུལ་ཤིང་ནི་སླར་བཟློག་པའོ། །ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་པར་གཟུང་བར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་ནི་ལག་པ་གཡོན་པར་རོ། །དེ་ནས་མདུན་དུ་འདུག་ལ་བསྔགས་པ་དང༌། མི་བསྔགས་པ་གཉིས་བརྗོད་པར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་གི་ཕྱིར་ལག་པ་བརྐྱང་ན་ཚིག་དང་པོ་དང་གཉིས་ཀྱི་བར་དུ་སྦྱིན་པར་མི་བྱའོ། །གསུམ་པ་ལ་སྦྱིན་ཏེ་འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ། །གལ་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ཀྱང་ཉུལ་བར་འགྱུར་ན་ཀུན་ཤེས་ཀཽཎྜི་ནྱའི་ཕྱིར་གཅིག་བླང་བར་བྱའོ། །གལ་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ལྷག་པར་གྱུར་ན་ཆོས་ཀྱིས་རྩོད་པ་ཞི་བ་ཡིན་ཏེ། གང་ཆོས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །གལ་


DTG151_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོས་མ་ཡིན་པའི་ཚུལ་ཤིང་བླངས་པར་འགྱུར་ན་ཡང་ཆོས་མ་ཡིན་པས་ཞི་བ་ཡིན་ཏེ། དེ་ཡང་སྐྱོ་སྔོགས་བྱས་ན་ཉེས་བྱས་སོ། །དེ་ལྟར་ན་གང་ཚུལ་ཤིང་མང་པོ་བྲིམ་པས་ཞི་བར་གྱུར་བ་ཡིན་ནོ། །མི་བསྡམས་པའི་ཕྱིར་རྩོད་པ་ནི་ཞི་བར་རྣམ་པ་གསུམ་གྱིས་ཞི་བར་བྱ་སྟེ། འགྱེད་པའི་ཕྱིར་རྩོད་པ་བཞིན་དུ་མངོན་སུམ་གྱིས་འདུལ་བ་དང༌། དྲན་པས་འདུལ་བ་སྟེ། ཇི་ལྟར་གྱང་བུ་ནོར་ལ་དགེ་སློང་དག་གིས་གཞི་དེས་གླེངས་པས་ན། ངོ་ཚ་བའི་ཕྱིར་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དྲན་བས་འདུལ་བ་སྦྱིན་པ་དང༌། དེ་བཞིན་དུ་དེ་ལ་ལྟུང་བ་གཞན་བྱུང་ན་གཞན་གྱིས་གླེངས་པ་ན་ལྟུང་བ་ཕྱིར་བཅོས་པ་བྱས་པ་ཡང་ངོ༌། །མ་སྨྱོས་པས་འདུལ་བ་སྟེ། ཅི་ལྟར་བྱེ་མ་སྐྱེས་ལ། སྨྱོས་པའི་ཚེ་བྱས་པ་གླེངས་པའི་ཕྱིར་གསོལ་བ་དང༌། ལས་བརྗོད་པ་གསུམ་གྱིས་མ་སྨྱོས་པས་འདུལ་བ་སྦྱིན་པའོ། །ཆོས་མ་ཡིན་པར་དྲན་པས་འདུལ་བ་སྦྱིན་པ་ལ་གསུམ་སྟེ། མཐར་འགྱུར་བའི་ལྟུང་བ་བྱུང་བ་དང༌། སྨྱོས་པས་ཉེས་པ་བྱུང་བ་དང༌། མེ་བཞི་ལྟུང་བ་འབྱུང་བ་ཤེས་བཞིན་དུ་ཁས་ལེན་བ་ལའོ། །དང་པོ་ནི་བསྙིལ་བར་བྱ་བར་འོས་པ་ཉིད་དོ། གཉིས་པ་ལ་ནི་མ་སྨྱོས་པར་འདུལ་བ་སྦྱིན་པར་འོས་སོ། །གསུམ་པ་ལ་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་སོ། །ཆོས་མ་ཡིན་པར་མ་སྨྱོས་པས་འདུལ་བ་སྦྱིན་པར་འོས་པ་གཅིག་སྟེ། གད་སྨྱོས་པ་མ་ཡིན་པས་ན་བདག་སྨྱོས་སོ་ཞེས་ཁས་ལེན་པའོ། །ལྟུང་བའི་ཕྱིར་རྩོད་པ་ཞི་བར་འགྱུར་བ་རྣམ་པ་བཞིས་ཞི་བར་བྱས་ཏེ། དེ་ལ་ཁས་བླང་པར་བྱ་བ་ནི་ཅི་ལྟར་ལྟུང་བ་བྱུང་བ་ལ་གླེངས་སམ་མ་གླེངས་ཀྱང་རུང༌། དྲན་པར་བྱས་སམ་དྲན་པར་མ་བྱས་ཀྱང་རུང་སྟེ། དགེ་སློང་གི་མདུན་དུ་ཚུལ་བཞིན་དུ་འཆགས་པ་འདི་ནི་ཁས་བླངས་པའོ། །ཆོས་མ་ཡིན་པར་ཁས་ལེན་དུ་སྦྱིན་པ་བཅུ་སྟེ། ལྟུང་བ་སྡེ་ལྡ་བྱུང་བ་ལས་མ་བྱུང་དོ་ཞེས་ཁས་ལེན་པ་དང༌། མ་བྱུང་བ་ལ་བྱུང་ངོ་ཞེས་ཁས་ལེན་པ་དང༌། སླར་བཟློག་པ་བཅུ་ནི་ཆོས་དང་མཐུན་པ་ཉིད་དོ། །དེ་ལ་མངོན་སུམ་དུ་དུལ་བ་ནི་རི་དགས་འཛིན་གྱི་བུ་ནག་པོ་ལས་བརྩམས་ཏེ་གང་ཟག་ལ་གླེང་བ་དང༌། དེ་བཞིན་དུ་ཆོས་བཞིན་འདུལ་བ་བཞིན་མངོན་སུམ་དུ་མིག་གཞིར་དགེ་འདུན་ལ་གླེང་བའི་བར་དུ་དང༌།


DTG151_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གཉིས་ཀྱིས་དགེ་འདུན་ལ་གླེང་བའི་བར་དུ་དང༌། མང་པོས་དགེ་འདུན་ལ་གླེང་བའི་བར་དུ་དང༌། དགེ་འདུན་གྱིས་དགེ་འདུན་ལ་གླེང་བའི་བར་དུའོ། །རྣམ་པ་བཅུ་དྲུག་པོ་དེ་དག་ཉིད་ལ་གཞན་ནི་ཆོས་བཞིན་གྱི་གླེང་བ་ཆོས་མ་ཡིན་ན་མངོན་སུམ་དུ་འདུལ་བ་སྦྱིན་པའི་རྣམ་པ་བཅུ་དྲུག་ཀྱང་ཆོས་བཞིན་མ་ཡིན་པའོ། །གང་ལ་གླེང་པ་ཆོས་བཞིན་མ་ཡིན་པ་གླེང་བར་བྱེད་པ་ཆོས་བཞིན་ཡིན་ན་མངོན་སུམ་དུ་འདུལ་བ་སྦྱིན་བ་རྣམ་པ་བཅུ་དྲུག་ཀྱང་ཆོས་བཞིན་ནོ། །དེ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ནི་དགེ་འདུན་གྱི་ནང་དུ་གང་ལྟུང་བ་བསྙོན་ཏེ། བསྙོན་པ་ལ་ཁས་ལེན་པ་དང༌། ཁས་བླངས་པ་ལས་ཡང་བསྙོན་པ་དེ་ལ་ནི་གསོལ་བ་དང༌། གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱ་བ་སྟེ། དེ་ནི་ཆོས་བཞིན་པའོ། །ཁས་བླངས་བ་ལས་བསྙོན་པ་ལས་ཡང་ཁས་ལེན་པ་འདི་ནི་ཆོས་བཞིན་མ་ཡིན་པའོ། །དེ་ལ་རྩྭ་བཀྲམ་པ་ལྟ་བུ་ནི་ཕྱོགས་གཉིས་སུ་ཆད་དེ་གནས་པ་ལས་ཕྱོགས་ཀྱི་གཙོ་བོ་དག་གིས་རང་རང་གི་ཕྱོགས་ལ་བསྒོ་སྟེ། ཕྱོགས་ཕ་རོལ་པོ་ལ་བཟོད་པར་བྱས་ཏེ་ལྟུང་བ་འང་བཤགས་པར་བྱའོ། །བདག་དང་ཕྱོགས་ཀྱི་དོན་གྱི་ཕྱིར་གང་ཕྱོགས་གཅིག་གིས་ཕྱོགས་གཉིས་པ་ལ་སྤུ་སྙོལ་བར་བྱེད་འབྱུང་བར་བསྐྱོད། ཕྱག་འཚལ་བ་ཉེ་བར་སྟོན་གཉིས་པ་ཡང་དེ་བཞིན་ཏེ། ཕན་ཚུན་ལྟུང་བ་གླེང་བར་མི་བྱེད་དོ། །དེ་ལྟར་ན་རྩོད་པ་དེ་རྩྭ་བཀྲམ་པ་ལྟ་བུའི་རྩོད་པ་ཞི་བར་བྱས་པས་ཞི་བ་ཡིན་ནོ། །བྱ་བའི་ཕྱིར་རྩོད་པ་ནི་དགེ་འདུན་འདུས་པས་ཞི་བར་བྱའོ། །ཚངས་བ་ཇི་བཞིན་གཅིག་དེ་བཞིན། །བརྒྱ་བྱིན་ཅི་བཞིན་གཉིས་དེ་བཞིན། །རྒྱལ་པོ་ཇི་བཞིན་གསུམ་དེ་བཞིན། །དེ་ལ་ལྷག་པ་འཁྲུག་པར་འགྱུར། །ཞི་བར་བགྱི་བ་བདུན་མ་མཆིས་ཀྱང་རྩོད་བ་ཞི་བར་འགྱུར་བ་མཆིས་སམ་ཡོད་སྟེ། གལ་ཏེ་གཉིས་སམ་གསུམ་གང་ཡང་རུང་བ་དུས་བྱས་པ་འམ། ཁྱིམ་པ་ལ་སོགས་པར་ཤེས་པར་བྱེད་དམ། ནད་ཡུན་རིང་པོས་ཐེབས་སམ། ཡུལ་གཞན་དུ་སོང་བས་སོ། །དེ་ལྟ་བས་ན་གང་གི་ཚིགས་སུ་བཅད་པ་གཅིག་བཀླག་ཀྱང་དེས་ཆོས་དཀོན་མཆོག་གི་རྙེད་བ་ཡོངས་སུ་ལོངས་སྤྱད་པར་བྱའོ། །འདི་ལ་འགྱོད་པར་མི་བྱའོ། །སློབ་དཔོན་གྱིས་ཀྱང་སྨྲས་པ། རྩོད་པ་རྣམ་པ་བདུན་ལ་ཞི་བར་བྱེད་པ་བདུན་དུ་གནས་ཏེ། རྩོད་


DTG151_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུན་པོ་ཇི་ལྟ་བུ་ཞེ་ན། ལྟུང་བ་ལས་བརྩམས་ཏེ་མཚན་ཉིད་ཁས་མི་ལེན་པས་ན་རྩོད་པ་དང༌། བྱས་པ་ཁས་མི་ལེན་པས་རྩོད་པ་དང༌། རང་དབང་མེད་པར་ཁས་མི་ལེན་པས་རྩོད་པ་དང༌། བརྟགས་ནས་ཁས་བླངས་པ་ལ་ཁས་མི་ལེན་པས་རྩོད་པ་དང་ཁས་བླངས་ནས་སྨྱོན་པའི་ཕྱིར་རྩོད་པ་དང། མཚན་མ་ལས་རྩོད་པ་དང༌། ང་རྒྱལ་གྱི་ཕྱོགས་ཀྱིས་རྩོད་པའོ། །དེ་ལ་དང་པོ་ནི་དགེ་སློང་མངོན་སུམ་དུ་ལྷག་པར་སྤྱོད་པ་མཐོང་བས་གླེངས་ན་དེས་བྱས་པ་དེ་ནི་ཁས་ལེན་ལ་ལྟུང་བའི་མཚན་ཉིད་ནི་ཁས་མི་ལེན་ཏེ། དེ་ལ་དགེ་འདུན་གྱིས་ལྟུང་བ་དང་ལྟུང་བ་མེད་པའི་མཚན་ཉིད་བརྟགས་ཏེ་གླེངས་ནས་ཤོགས་ཤིག་ཅེས་བསྒོ་བར་བྱའོ། །ཡང་ན་གླེང་བ་དགག་པར་བྱ་སྟེ། དེ་ལྟར་ན་རྩོད་པ་མངོན་སུམ་དུ་འདུལ་བས་ཞི་བར་བྱའོ། །གཞན་ཡང་གང་དང་གང་བྱས་པ་མཐོང་བ་དང༌། ཐོས་པ་དང༌། དགོས་པས་གླེངས་ནས་བྱས་པ་དེ་རྣམས་མི་དྲན་ཞེས་སྨྲ་ན། དེ་དགེ་འདུན་གྱིས་གླེང་བའི་དགེ་སློང་ཚུལ་ཁྲིམས་དང་ཆོ་ག་དང་འབྲེལ་བ་བརྟགས་ལ། གླེངས་པ་དེའི་དྲན་པ་ལ་དྲན་པས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །གཞན་ཡང་རང་དབང་མེད་པར་བྱེད་པ་བྱས་བ་ཁས་མི་ལེན། དེ་ལ་དགེ་འདུན་གྱིས་རང་དབང་མེད་པར་བྱས་པ་བརྟགས་ལ། སྨྱོས་པ་ལ་སོགས་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི། མ་སྨྱོས་པས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །ཁ་ཅི་ནི་ཡང་ལྟུང་བ་འམ། ལྟུང་བ་མ་ཡིན་ཞེས་རྟོགས་པ་རྣམས་འཁྲུག་པར་འགྱུར་ཏེ། དགེ་སློང་དག་གིས་རྩོད་པ་མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་ལ་གཏད་པར་བྱའོ། །དེ་དག་གི་ལྟུང་བ་འམ། ལྟུང་བ་མེད་པ་དེའི་ངོ་བོ་ཉིད་རྟོགས་ལ་གང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་གང་རྩོད་པ་ཞི་བར་བྱས་པའོ། །གཞན་ཡང་ལྟུང་བ་ཁས་བླངས་ནས་ཡང་བསྙོན་ལ་བསྙོན་ནས་ཡང་ཁས་ལེན་ན་དེ་ལ་དགེ་འདུན་གྱིས་ཅི་འདི་མང་པོ་དེ་མང་པོ་རྣམས་ཀྱི་ཐད་དུ་ཁས་བླངས་སམ། འོན་ཏེ་བསྙོན་ཞེས་བརྟག་པར་བྱའོ། །གང་རྣམ་པ་མང་དུ་འདོད་པས་རྩོད་པ་དེ་ཞི་བར་བྱའོ། །གཞན་ཡང་རྩོད་པའི་གནས་སུ་མི་འགྱུར་ཏེ། གང་བདག་ཉིད་ཀྱིས་ལྟུང་བ་མཐོང་ཞིང་བཤགས་ཏེ་རྩོད་པའི་མཚན་མ་ཉིད་ཞི་བར་བྱ་བའོ། །དེ་ལྟར་ཁས་བླངས་པས་རྩོད་པ་དེ་ཞི་བ་ཡིན་ནོ། །གཞན་


DTG151_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདག་ཅག་གི་ཕྱོགས་ལ་གླེངས་སོ་ཞེས་ཏེ། ང་རྒྱལ་མངོན་དུ་བཟུང་ནས་ཕྱོགས་དང་ཕྱི་རོལ་པའི་ཕྱོགས་སུ་གནས་པར་འགྱུར་རོ། །དེ་ལ་ཕྱོགས་ཏེ་གཉི་གའི་གཙོ་བོ་དག་གིས་རང་གི་ཕྱོགས་ལ་བསྒོ་ལ། དེ་ལ་རྗེས་སུ་གནང་ན་ཕྱོགས་གཉིས་པ་ལ་ཡང་བསྒོ་བར་བྱའོ། །དེ་ལྟར་ན་རྩོད་བ་དེ་རྩྭ་བཀྲམ་པ་ལྟ་བུས་ཞི་བར་བྱའོ། །དགེ་སློང་གི་སྤྱོད་པ་བཅུ་སྟེ། ལྡོག་པ་དང༌། མི་བཟོད་པ་དང༌། མ་རྟོགས་པ་དང༌། དགེ་འདུན་ལ་རག་ལས་པ་དང༌། དགེ་བསྙེན་མ་བསྟེན་པ་དང༌། ཡོད་བྱད་ཡོངས་སུ་ལོངས་སྦྱོང་པ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། ཁྱིམ་པ་ཐ་སྙད་དང༌། བསོད་སྙོམས་ལ་མགྲོན་དུ་བོས་ཤིང་བདག་གིར་བྱེད་བ་དང༌། དེར་ཡང་ཆོ་ག་བཞིན་དུ་སྤྱད་པ་དང༌། ཕན་ཚུན་གླེང་བར་བྱེད་པ་སྟེ། འདི་དག་ནི་སོ་སོར་ཐར་པའི་ལུས་སོ། །དེ་རྣམས་པ་བཅུ་ལ་སྤྱོད་པའི་ཚེ། རྣམ་པ་གཉིས་ལས་ཉོན་མོངས་པའི་ལྟུང་བ་འབྱུང་ངོ༌། །རིང་བ་ལས་ཏེ། གང་དྲན་པ་ཉམས་པར་གྱུར་པ་ལས་ཁ་ན་མ་ཐོ་བ་དང་བཅས་པའི་ལྟུང་བ་འབྱུང་བར་བྱེད་པ་དང༌། ཉེ་བ་ལས་ཏེ། གང་བདག་ཉིད་མངོན་སུམ་དུ་གྱུར་ཅིང་ལྟུང་བ་འབྱུང་བར་བྱེད་པའོ། །དེ་ལ་དགེ་སློང་གིས་གླེང་གཞི་ལས་བྱུང་བའི་མཚན་མོ་ཡོངས་སུ་སྤངས་པ་དེ་ཉེ་བར་ཞི་བར་བྱའོ། །དེས་ཀྱང་ཞི་བར་མི་འགྱུར་ན་གཉེན་པོ་ཡིད་ལ་བྱའོ། །བདག་ཉིད་ཀྱིས་མི་ནུས་ན་བླ་མའི་གནས་ལྟ་བུ་དང༌། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་རྣམས་ལས་གཉེན་པོ་རིག་པར་བྱ་བ་དང་ཡིད་ལ་བྱའོ། །གལ་ཏེ་ཡང་མི་ནུས་ན་ཀློག་པ་དང༌། ཁ་ཏོན་བྱ་བ་དང༌། དོན་མཉན་པ་དང༌། བསམ་བ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་དང༌། བླ་མའི་གནས་ལྟ་བུ་ལ་ཞལ་ཏའི་ལས་བྱ་བ་དང༌། ཡུལ་གཞན་དུ་འགྲོ་བ་དང༌། ཟས་བསྐྱུང་བ་ལ་སོགས་པས་དབྲལ་བར་བྱའོ། །གལ་ཏེ་ཡང་མ་ནུས་ན་མ་དག་གཞིན་དུ་དད་པས་སྦྱིན་པ་བདག་གིས་སྦྱད་པར་མི་རིགས་སོ་སྙམ་དུ་ངོ་ཚ་བ་བསྐྱེད་པར་བྱའོ། །སྟོན་པ་གཟིགས་པ་དང༌། ལྷ་རྣམས་ཀྱིས་ལྷའི་མིག་གིས་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱང་བདག་ལ་ལྟའོ་ཞེས་སོ། །ཅི་སྐད་བསྟན་པ་དེ་བཞིན་དུ་མི་བྱེད་ན་ཐམས་ཅད་ཉེས་བྱས་སོ། །དད་པས་བྱི་པ་ཡོངས་སུ་ལོངས་སྤྱོད་ན་ཡང་ཉེས་བྱས་སོ། །དེ་བཞིན་དུ་བྱས་པ་ལས་ཀྱང་ཉོན་མོངས་པ་མང་ཞིང་འཁྲུལ་བར་གྱུར་ན་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་ཀྱང་ལྟུང་བ་


DTG151_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །མཚན་མ་སྤངས་པ་ལ་སོགས་པ་ཐམས་ཅད་བྱས་ཀྱང་བདག་གིས་མི་ནུས་པར་མཐོང་ནས་བསླབ་པ་དབུལ་བར་བྱའོ། །དེའི་ཕྱིར་ཉོན་མོངས་པ་སྤང་བའི་ཕྱིར་སྦྱོར་བར་མི་བྱེད་ན་ལྟུང་བ་མང་དུ་འབྱུང་ངོ༌། །དེའི་གླེང་གཞི་འབྱུང་བའི་ཕྱིར་དང་པས་བྱིན་པ་ཡོངས་སུ་ལོངས་སྤྱད་པར་བྱ་བར་མི་རིགས་སོ། །དེ་ལྟ་བས་ན་དེས་དེ་ཡོངས་སུ་སྤྱོད་ན་ཉོན་མོངས་པ་མང་དུ་འགྱུར་རོ། །རྩོད་པ་ཞི་བར་བྱ་བ་རྫོགས་སོ།། །།བཅོམ་ལྡན་འདས་དེའི་འདི་དག་གོ་ཞེས་བྱ་བ་ནི་རྒྱ་ཆེར་དབྱེ་བའོ། །འདི་ཡང་རྒྱ་ཆེར་བརྗོད་ལ་མདོར་བསྡུས་པ་ཡིན་པ་སྟེ། རྗེས་སུ་གནང་བ་འང་མ་ལགས་བཀག་པ་འང་མ་ལགས་པ་དེ་ལ་ཅི་ལྟར་བསྒྲུབ་པར་བགྱི། ཅི་སྐད་དུ་ཕྲན་ཚེགས་ལས་འབྱུང་བའི་འདུལ་བ་མདོར་བསྡུས་པ་རྗེས་སུ་དྲན་པར་བྱས་ཏེ། དགེ་སློང་རྣམས་ཅི་སྐད་དུ་སྨྲ་བ་ངས་ཐོག་མ་ནས་བཀག་བ་ཡང་མེད་ལ་རྗེས་སུ་གནང་བ་ཡང་མེད་པ་དེ་ནི་གལ་ཏེ་མི་རུང་བ་དང༌། རྗེས་སུ་མི་མཐུན་བ་ལ་གལ་ཏེ་རུང་བ་དང་རྗེས་སུ་མཐུན་ན་རུང་བའོ་ཞེས་བྱས་ལ་སྤྱད་པར་བྱའོ། །རུང་བ་དང་རྗེས་སུ་མི་མཐུན་མི་རུང་བ་དང་རྗེས་སུ་མཐུན་ན་མི་རུང་བའོ་ཞེས་བྱས་ཏེ་སྤྱད་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །མདོར་གཏོགས་པ་ཞེས་བྱ་བ་ནི་ཚིག་ནང་དུ་འདུས་པའོ། །མདོར་བསྡུས་པ་ཞེས་བྱ་བ་ནི་དོན་ནང་དུ་འདུས་པའོ། །གཞན་ཡང་ཞེས་བྱ་བ་ནི་གཞི་ལ་སོགས་པའི་གཞུང་ལས་འབྱུང་བའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་དང་མཐུན་པ་ནན་ཏན་ཏུ་བྱེད་པའི་ཆོས་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་རྣམས་ནི་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་པར་འགྱུར་ཏེ། དེ་དག་ཀྱང་དཀའ་ཐུབ་དཀའ་བ་ལ་ནན་ཏན་དུ་བྱེད་ཅིང་དེའི་འབྲས་བུ་དང༌། དེ་སྟོན་པ་ལ་ལྷག་པར་མོས་ནས་དེ་ཡང་དེ་བཞིན་དུ་ལྷག་བར་མོས་ཏེ་གལ་ཏེ་ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་ཟད་པར་འགྱུར། ལས་སར་བ་རྣམས་ནི་མ་བྱས་ནས་ཆུ་ལོན་བཞིན་ཏེ། དེ་ལྟར་ན་ཚེ་ཕྱི་མ་ཟག་པ་མེད་དོ། །ཟག་བ་མེད་བས་ན་ལས་ཟད། ལས་ཟད་པས་ན་སྡུག་བསྔལ་ཟད། སྡུག་བསྔལ་ཟད་པས་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །གང་དེ་ལྟར་སྟོན་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་དེ་ལྟ་བུར་ལྷག་པར་མོས་པའི་གཉེན་པོར་བཅོམ་ལྡན་འདས་དེས་ཉན་ཐོས་རྣམས་ལ་སོ་སོར་ཐར་པ་འདི་གསུངས་སོ། །བཟོད་བ་དཀའ་ཐུབ་


DTG151_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཞེས་བྱ་བར་རྒྱ་ཆེར་རོ། །དེ་ལ་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་པའི་གཉེན་པོར་གསུངས་པ་ནི་བཟོད་པ་དཀའ་ཐུབ་དམ་པའོ། །ལུས་གདུང་བ་ལས་མ་ཡིན་ནོ། །སེམས་གདུང་བ་དེ་ཉིད་གོམས་པར་བྱ་བར་མཆོག་ཏུ་དཀའ་བའི་ཕྱིར་རོ། །དེའི་འབྲས་བུ་ལ་ལྷག་པར་མོས་པའི་གཉེན་པོར་བཟོད་པའི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་བྱ་བ་གསུངས་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་འདོད་པ་དེ་ནི་འདིར་བཟོད་པ་ཞེས་བྱ་བར་དགོངས་སོ། །གང་ལ་བརྟེན་ཏེ་མྱ་ངན་ལས་འདས་པའོ། །མཆོག་ཅེས་བྱ་བ་ནི་དམ་པ་སྟེ་རྟག་ཏུ་དགེ་བའི་ཕྱིར་རོ། །ཡེ་ཤེས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་ཀྱི་དཀའ་ཐུབ་དཀའ་བས་མ་ཡིན་པས་ན། དེ་དེ་ལྟར་ན་བཟོད་པས་འཐོབ་པའི་མྱ་ངན་ལས་འདའ་བ་ནི། བཟོད་པའི་མྱ་ངན་འདའ་བ་ཞེས་བྱ་བ་ཚིག་བར་མ་ཕྱི་མས་བསྟན་ཏོ། །དེ་སྐད་སྟོན་པའི་གཉེན་པོར། རབ་ཏུ་བྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། གང་ལུས་གདུང་བར་དོན་མེད་པ་ལ་གཞན་ཉེ་བར་གདུང་དུ་འཇུག་པར་བྱེད་པ་དེ་ནི་གཞན་ལ་གནོད་པར་བྱེད་པ་དེ་དག་དགེ་སྦྱོང་མ་ཡིན་ཏེ། དེ་ལྟ་མོད་ཀྱི་འོན་ཀྱང་གཞན་ལ་ལོག་པར་སྦྱོར་བས་སྦྱོར་བ་བརྩམས་ཏེ་སྤྱོད་པར་བྱེད་པ་འཆེ་བ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱི་ཉན་ཐོས་རྣམས་ནི་ཕལ་ཆེར་མཐོ་རིས་སུ་སྨོན་ལམ་འདེབས་ཤིང་ཚངས་པར་སྦྱད་བ་ལྷག་བར་མོས་པར་འགྱུར་ཏེ། དེ་ལྟར་ལྷག་པར་མོས་པའི་གཉེན་པོར་བཅོམ་ལྡན་འདས་དེས། སོ་སོར་ཐར་པའི་མིག་ལྡན་ཉམ་པ་བདག་ཇི་བཞིན་དུ། །ཞེས་བྱ་བ་འདི་རྒྱ་ཆེར་གསུངས་སོ། །དེ་ལ་ཤེས་རབ་ནི་མིག་གི་གནས་ལྟ་བུའོ། །དེ་དང་ལྡན་པས་ན་མིག་ལྡན་ཞེས་བྱ་སྟེ། ཇི་བཞིན་ཞེས་བྱ་བའི་སྒྲ་ནི་གཉི་ག་དང་འབྲེལ་ཏོ། །ཉམ་ང་བ་དང་འདྲ་བ་ནི་མཐོ་རིས་ཡིན་ཏེ། དེར་སྤྱོད་པ་ནི་ངན་སོང་གི་འགྲོ་བར་ལྟུང་བར་འགྱུར་རོ། འགྲོ་བ་ཡོད་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་བ་ནི་འགྲོ་བ་དང་འདྲ་བའོ། །མཁས་དང་ཞེས་བྱ་བ་ནི། ཐབས་ལ་མཁས་པའོ། །སྡིག་པ་དག་ནི་ཡོངས་སུ་སྤང༌། །ཞེས་བྱ་བ་ནི། མཐོ་རིས་སུ་སྨོན་བ་ལས་སླར་བཟློག་པའོ། །གང་སྡིག་པའི་བྱེད་པ་ཐོ་བ་པས་མཐོ་རིས་སུ་འདོད་པ་དེས་ནི་སྡིག་པ་སྤངས་པ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་དེའི་ཉན་ཐོས་རྣམས་ནི་ཚུལ་ཁྲིམས་ཙམ་གྱིས་


DTG151_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་བར་འགྱུར་ཏེ། གཞན་དག་ཀྱང་ཉེས་པར་བཤགས་པར་ཞུགས་པ་རྣམས་ལ་དེ་དག་སྐུར་པ་འདེབས་ཤིང་ངག་དང་ཡིད་ཀྱིས་དེ་དག་ལ་གནོད་པར་བྱེད་ལ། བདག་ཉིད་ཀྱང་ཚུལ་ཁྲིམས་ཙམ་གྱིས་མགུ་བས་ན་དགེ་སྦྱོང་གི་འབྲས་བུ་ཡང་ཐོབ་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཉེས་པ་དེའི་གཉེན་པོར་ཉན་ཐོས་རྣམས་དང་སོ་སོར་ཐར་པ་འདི་གསུངས་སོ། །དེ་ལ་སྐུར་པ་འདབས་པའི་གཉེན་པོར། སྐུར་པ་མི་འདེབས་ཞེས་གསུངས་སོ། །ཡིད་ཀྱིས་གནོད་པ་བྱེད་པའི་གཉེན་པོར་གནོད་མི་བྱ་ཞེས་བྱ་བ་གསུངས་སོ། །དགེ་སྦྱོང་གི་འབྲས་བུ་མི་འཐོབ་པའི་གཉེན་པོར་སོ་སོར་ཐར་པ་འང་ཞེས་བྱ་བ་རྒྱ་ཆེར་གསུངས་སོ།། མྱ་ངན་ལས་འདའ་བའི་དབང་དུ་བྱས་པའི་ཚུལ་ཁྲིམས་ལ་བརྟེན་ནས་འདོད་པས་བསོད་ནམས་དང༌། བདག་ཉིད་དུབ་པ་ལ་སྦྱོར་པའི་མཐའ་གཉིས་སྤོངས་ལ་ཞི་བའི་གནས་སུ་ཞུགས་ཏེ། ཞི་གནས་ལ་བརྟེན་ནས་ཐར་བར་འགྱུར་རོ་ཞེས་བྱ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་གྱི་ཉན་ཐོས་རྣམས་ལ་ཕལ་ཆེར་རྙེད་པ་དང་བཀུར་སྟི་ལ་འདོད་པར་གྱུར་དེ་འདོད་པའི་གཉེན་པོར་བཅོམ་ལྡན་འདས་དེས་ཉན་ཐོས་རྣམས་ལ་སོ་སོར་ཐར་པ། ཇི་ལྟར་བུང་བ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །ཁ་དོག་ནི་དགེ་སྦྱོང་གི་ཚུལ་ཁྲིམས་ཡིན་ཏེ། དེས་ནི་མཛེས་བར་འགྱུར་རོ། །དྲི་ནི་ཏིང་ངེ་འཛིན་ཏེ་སྦྱོར་བ་ཕྲ་མོས་ཚིམ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱི་ཉན་ཐོས་རྣམས་ལས་ཕལ་ཆེར་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ལ་འཇུག་པར་འགྱུར་ཏེ། དེ་དག་བདག་ཉིད་ལ་ནི་བསྟོད། ཕ་རོལ་པོ་རྣམས་ལ་ཡང་སྨོད་པར་བྱེད་ཅིང༌། དེ་རྣམས་ནི་ཐོས་པའི་ལོངས་སྤྱོད་ལ་བརྩམས་ཏེ། འབེལ་པའི་གཏམ་རྣམ་པར་ངེས་པ་ལ་གཞན་དག་ལ་མི་མཐུན་པར་བརྗོད་པས་ན། བཅོམ་ལྡན་འདས་དེས་དེའི་གཉེན་པོར་གཞན་རྣམས་ཀྱི་མི་མཐུན་པ་མིན་ཞེས་བྱ་བ་གསུངས་སོ། །ཚུལ་ཁྲིམས་ཀྱི་ལོངས་སྤྱོད་ལས་བརྩམས་ཏེ། གཞན་རྣམས་ལ་བྱས་པ་དང༌། མ་བྱས་པ་སྦྱོར་བའི་ལྟུང་བ་ལ་རྟོག་པས་ན་གཞན་དག་གི །བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་གསུངས་སོ། །སྔ་མའི་གཉེན་པོ་ཡང་བདག་གི་ལས་རྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་དང་མི་རིགས་རྣམས་ལ་ཡང༌། །ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་བ་ཞེས་བྱ་བའི་ཐ་ཚིག་གོ་


DTG151_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་རྣམས་ལས་ཕལ་ཆེར་སྙོམས་པར་འཇུག་པའི་རོ་མྱང་བར་གྱུར་ནས། ཉེས་པ་དེའི་གཉེན་པོར་བཅོམ་ལྡན་འདས་དེས་སོ་སོར་ཐར་པ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཞེས་བྱ་བ་འདི་གསུངས་སོ། །ལྷག་པའི་སེམས་ལ་བག་མེད་པ་མ་བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་ལས་བཟློག་པའོ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཅེས་བྱ་བ་ནི། བདེན་པ་རྣམས་མངོན་པར་རྟོགས་པ་ལས་འཇུག་པའོ། །བདེན་པ་དག་ནི་ཐུབ་པའི་གཞི་རྣམས་ཏེ། །ཐུབ་པའི་སྐྱེ་མཆེད་དུ་འགྱུར་བའོ། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །ཞེས་བྱ་བ་ནི་བདེན་པ་མཐོང་བའི་ཕན་ཡོན་བསྟན་པའོ། །གང་ཏིང་ངེ་འཛིན་ཐོབ་ཏུ་ཟིན་ཀྱང༌། དུས་དེ་སྲིད་དུ་མྱ་ངན་རྣམས་མེད་པར་གྱུར་ཏེ། ཏིང་ངེ་འཛིན་མ་ཉམས་པས་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་འགྱུར་བ་དང༌། དྲན་པ་དང་ལྡན་པར་ཡང་འགྱུར་མོད་ཀྱི་ཚེ་ཕྱི་མ་ལ་མི་སླར་ཡང་མྱ་ངན་དུ་འགྱུར་བ་དང༌། སླར་ཡང་ཞི་བར་མི་འགྱུར་བ་དང༌། ཡང་བརྗེད་པའི་ཆོས་ཡིན་པས་ན་དྲན་པ་དང་ལྡན་པར་ཡང་མི་འགྱུར་རོ། །མངོན་པར་རྟོགས་པར་འགྱུར་བའི་གང་ཟག་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བའི་ལྷག་མ་སྤང་པའི་རིམ་པ་སྦྱིན་པས་ཞེས་བྱ་ལ་སོགས་པས་སྟོན་ཏེ། དེ་ལ་ཚིགས་གསུམ་གྱིས་ནི་འདོད་པ་ན་སྦྱོད་པའི་ཀུན་དུ་སྦྱོར་བ་སྤང་བ་སྟེ། འདི་ལྟར་ཕོངས་པ་དང༌། དྲི་མ་དང༌། འཇུངས་བ་དང་བྲལ་བས་གཏོང་བ་བསྐྱེད་དེ། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་སློབ་པའི་ཚེ་སྙོམས་པར་འཇུག་པའི་དགེ་བའི་སྟོབས་ཀྱིས་སྡིག་པའི་མིང་དུ་བྱ་བ། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ལས་དང༌། ཀུན་ནས་ཉོན་མོངས་པ་སྤོང་ངོ༌། །ཉོན་མོངས་པ་རྣམས་ཟད་ནས་མྱ་ངན་ལས་འདས་ཏེ། ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ནི་ཕལ་ཆེར་ཉོན་མོངས་པ་མང་སྟེ། དེ་དག་སྡིག་པ་ཡང་བྱེད་པ་དང༌། དགེ་བ་ལ་ཕུན་སུམ་ཚོགས་པར་བྱེད་པ་དང༌། དགེ་བའི་ཕྱོགས་ཅུང་ཟད་ཙམ་གྱིས་ཀྱང་མགུ་བར་འགྱུར་ཏེ། དེ་བཟློག་པར་བྱ་བའི་དོན་དང༌། དེ་སྤང་བའི་ཐབས་སུ་བསྟན་པར་བྱ་བའི་དོན་དང༌། དེ་ལ་སྦྱོར་བ་རྣམས་དྲན་པ་མི་བརྗོད་པའི་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེས་དགེ་སློང་གི་དགེ་འདུན་ཆུ་བུར་མ་བྱུང་བ་ན་


DTG151_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པ་ཚིགས་སུ་བཅད་པ་གསུམ་གྱིས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོའི་རྩ་བ་གསུམ་གྱིས་ནི་ཅི་ལྟར་གོ་རིམས་སུ་ལོག་པར་བྱེད་པ་རྣམ་པ་གསུམ་བཟློག་པ་སྟེ། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱའོ། །གཉིས་པ་ནི་དེ་སྤངས་བའི་ཐབས་བཤད་དེ། ལུས་ལ་སོགས་པ་རྣམས་ཏེ་ལས་ཀྱི་ལམ་རྣམས་སོ། །སོ་སོར་སྡོམ་པ་འདི་ཡང་ལེགས་ན་འབའ་ཞིག་མ་ཡིན་པ་སྡོམ་བ་ལ་ལྟ་ཅི་སྨོས། གང་ཐམས་ཅད་སྡོམ་པ་དེ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ལྟ་བས་ན་གང་ལ་ཅི་ལྟར་ནུས་པ་དེའི་དེ་ལྟར་བསྡོམ་པར་བྱའོ། །གསུམ་པས་ནི་དྲན་པ་མི་བརྗེད་པར་བྱ་བའི་ཐབས་སྟོན་ཏེ། དེས་གསུམ་དུ་དྲན་པ་བརྗེད་པ་མང་བར་གྱུར་ནས། ཕ་རོལ་པོས་ཁ་ན་མ་ཐོ་བ་གླེང་བ་ལ་སོགས་པ་དེ་ལ་ལན་བཏབ་པར་འདོད་ནས། ངག་རྣམས་རྗེས་སུ་བསྲུང་ཞིང་ཞེས་བྱ་བ་གསུངས་སོ། །ཉམས་སུ་མྱོང་བའི་ཡུལ་ལ་རྣམ་པར་རྟོག་པའི་དུས་སུ་ཡིད་ཀྱིས་རབ་བསྡམས་ཏེ་ཞེས་བྱ་བ་གང་གསུངས་སོ། །སྤྱོད་ཡུལ་མ་ཡིན་པར་རྒྱུ་བ་ལ་སོགས་པའི་དུས་སུ་ཡང༌། གང་སྤྱོད་ཡུལ་མ་ཡིན་པ་རྣམ་པ་ལྔ་ལ་རྒྱུ་ཞིང་སྤྱོད་པའི་ཚེ་བླང་བར་མི་བྱ་བ་ལེན་པ་དང༌། བཟའ་བར་མི་བྱ་བ་ཟ་བ་དང༌། གཞན་ལ་ཡང་ལུས་ཀྱི་རྣམ་པར་འཚེ་བའི་ཕྱིར་ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་ཞེས་བྱ་བ་གང་གསུངས་པའོ། །དེ་ལ་ངག་ཀྱང་རྗེས་སུ་བསྲུང་བར་བྱ། ཡིད་ཀྱང་ཤིན་ཏུ་བསྡམ་པར་བྱ། །ལུས་ཀྱི་མི་བྱེད་པར་དྲན་པ་ཉེ་བར་གཞག་གོ །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །ཞེས་བྱ་བ་ནི། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་སྔར་བསྟན་པའི་ཐབས་སུ་གསུངས་པའོ། །སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་པོ་ནི། ཡང་དག་པར་སྡུད་པར་བྱེད་པའི་ཚིག་གོ །ལྷ་ཡི་ལྷ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་རང་བྱུང་བའི་ཕྱིར་རྣམ་པར་དག་པའི་ལྷའོ། །ཤཱཀྱ་ཐུབ་པ་ནི་ལྷའི་ཡང་ལྷ་སྟེ། དེས་ནི་འདི་ལྟར་སྙིགས་མ་ལྔ་བདོ་བའི་དུས་སུ་གདུལ་དཀའ་བའི་མི་རྣམས་གདུལ་བ་ཁ་ལོ་སྒྱུར་བའི་ཕྱིར་གཞན་ནི་མ་ཡིན་ནོ། །གང་དེ་མ་ཐག་པ་ཉིད་དུ་བརྩམ་པར་བྱ་ཞེས་བྱ་བ་ལ་སོག་ག་པ་ཚིགས་སུ་བཅད་པ་གཉིས་གསུངས་པ་ནི། ཡང་དག་པར་སྡུད་པར་བྱེད་པ་དག་གིས་མདོ་སྡེའི་ནང་ནས་ཕྱུང་བའོ། །བརྩམ་ཞེས་བྱ་


DTG151_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རབ་ཏུ་བྱུང་བར་སྦྱོར་བའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའོ། །འཇུག་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་བསྐྱེད་པའོ། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྱ་བ་ནི་བསྒོམ་པའི་ལམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ཏེ། གཉིས་པོ་ཅི་ལྟར་བཀའ་སྩལ་པའི་སྒྲུབ་པ་བྱེད་པའི་ཕན་ཡོན་བརྗོད་པའོ། །གང་གི་ཕྱིར་ནི་མདོ་བཏོན་དང༌། །ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན་ཏེ། སྲོག་ལ་ལྟོས་པ་མེད་པར་ཚུལ་ཁྲིམས་ཡོངས་སུ་བསྲུང་བར་བྱ་བར་བསྟན་པའོ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བསྡུས་པ་རྫོགས་སོ།། །།སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའོ།། །།རྒྱ་གར་གྱིས་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་ཙ་ན་རཀྵི་ཏས་བསྒྱུར་བའོ། །སླད་ཀྱི་ཁ་ཆེའི་མཁན་པོ་ཛྙཱན་ཤྲཱི་བྷ་དྲ་དང༌། ལོ་ཙྭ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དགེ་ལེགས་སྙན་པའི་འབྲུག་སྒྲས་འཛམ་གླིང་ཁྱབ་གྱུར་ཅིང༌། །རིག་པའི་གནས་ལྔ་ཟླ་བས་བློ་ཡི་ཀུ་མུད་རྒྱས། །རྒྱལ་བས་ལུང་བསྟན་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི། །ཛྙཱ་ན་ཤཱི་ལར་བོད་རྗེ་བཀྲ་ཤིས་རྩེ་ལྡེའི་བཀས། །རྒྱུད་བསྐུལ་བོད་ཀྱི་སྤྱི་མཐུན་བསོད་ནམས་དག་གིས་ནི། །ཐོ་ལིང་གཙུག་ལག་ཁང་དུ་ཆོས་ཀྱི་སྦང་རྩི་ཡིས། །འགྲོ་བ་ཚིམ་མཛད་དེ་ལ་ཤཱཀྱའི་དགེ་སློང་ནི།། རྒྱལ་བའི་ཤེས་རབ་ཅེས་བྱ་ཚུལ་ཁྲིམས་གཡག་རྔ་དང༌། །མིག་གི་འབྲས་བུ་བཞིན་དུ་བསྲུང་བའི་བདག་ཉིད་ཅན། །ཐུགས་རྗེའི་སྦྲིན་ལས་བྱུང་བ་འདུལ་བའི་བདུད་རྩི་ཡི། །ཆར་གྱི་རྒྱུན་འབེབས་ཚུལ་ཁྲིམས་ལོ་ཏོག་སྐྱེད་མཛད་པ། །སྐྱེས་ཆེན་དེ་ཡིས་འགྲོ་ལ་པན་ཕྱིར་ཛྙཱ་ན་ཤཱི་ལར་ཞུས། །འདུལ་བ་འཛིན་པ་ཆེན་པོ་དེ་དང་ཤཱཀྱའི་བཤེས་གཉེན་གྱིས། །སྔར་འགྱུར་ཅུང་ཟད་མ་དག་པ་ཡི་རྟོགས་པར་དཀའ་བ་རྣམས། །ལེགས་པར་བཅོས་ནས་ཞུ་ཆེན་བྱས་པ་འདི་ལ་འཇུག་པར་རིགས།། །།


previousའདུལ་བ་བསྡུས་པ། ཁྱད་པར་བཤེས་གཉེན།no next