Nitartha Digital Library
Tibetan
 
previousསོ་སོར་ཐར་པའི་མདོའི་འགྲེལ་པ། no next

སོ་སོར་ཐར་པའི་མདོའི་འགྲེལ་པ།


DTG154_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏི་མོ་ཀྵ་སཱུ་ཏྲ་བྲྀ་ཏྟི། བོད་སྐད་དུ། སོ་སོར་ཐར་པའི་མདོའི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་རྣམས་ཀྱི་དོན་ནི་འོག་ནས་འབྱུང་ངོ༌། །འདི་མན་ཅད་ཚིགས་བཅད་ཕྱེད་དང་གཉིས་ནི་ཨུ་པ་ལིའི་སངས་རྒྱས་ལ་བསྟོད་ཅིང་ཕྱག་བྱ་བ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཕུན་སུམ་ཚོགས་པ་བཞི་དང་ལྡན་ཏེ། གང་ཞེ་ན། རྒྱུ་དང༌། གཞན་གྱི་དོན་དང༌། བདག་གི་དོན་དང༌། འབྲས་བུ་ཕུན་སུམ་ཚོགས་པ་སྟེ། ཡི་གེ་གཞུང་དང་ཐད་ཀར་སྦྱར་རོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །རྩ་བ་འདི་ནི་རྒྱུ་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། དེ་ལ་སྙན་པ་ནི་སངས་རྒྱས་ཀྱི་སྤྱོད་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བསྔགས་པའམ་གྲགས་པ་དང་ལྡན་པ་ཉིད་ལ་བྱའོ། །བ་དན་ནི་དཔེ་སྟེ། མཚོན་ལྟ་བུ་གཞན་ལས་འཕགས་པར་སྣང་ཞིང་མངོན་པ་བཞིན་དུ་སངས་རྒྱས་ཀྱང་འགྲོ་བ་ཐམས་ཅད་ལས་འཕགས་པར་སྣང་ཞིང་མངོན་པའོ། །འཇིག་རྟེན་གསུམ་དུ་གྲགས་ཞེས་པ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སངས་རྒྱས་ཀྱི་ཡོན་ཏན་གྲགས་པའོ། །དེ་ལ་ཐེ་ཚོམ་པས་བྱ་བ། འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་ལྡན་པས་གྲགས་སུ་ཡང་རུང་ན་གཟུགས་ཀྱི་ཕུང་པོ་མེད་པས། དེ་ནི་ཇི་ལྟར་གྲགས་པར་རུང་ཞེས་བྱ་བའི་ལན་དུ་དེ་ནི་སྔོན་འདོད་པ་དང༌། གཟུགས་ཀྱི་ཁམས་སུ་སྐྱེས་པའི་ཚེ། སྔོན་ཐོས་པ་དེ་ཡིད་ལ་དྲན་ཞིང་ཤེས་པ་ཡོད་པས་དེ་ཉིད་ལ་གྲགས་པ་ཞེས་བྱའོ། །དེ་ཇི་ལྟར་རྒྱུ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་རྫོགས་པས། སྦྱིན་པ་ཆེན་པོ་


DTG154_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ནོ་ཞེས་པ་ནས་ཡེ་ཤེས་དང་ལྡན་ནོ་ཞེས་པའི་བར་དུ་གྲགས་པས་ན་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །རྩ་བ་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། དེ་ལ་དམ་པ་ནི་སྐྱེས་བུ་དམ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སྒྲིབ་པ་སྤངས་པའི་མཐར་ཕྱིན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པ་ཡིན་ནོ། །དེ་ལ་ཆོས་སྒྲ་ནི་སངས་རྒྱས་ཀྱི་བདེན་པ་བཞི་ལ་སོགས་དམ་ཆོས་བསྒྲགས་པ་སྟེ། དེས་མུ་སྟེགས་ཅན་དང་འཇིག་རྟེན་པའི་གཙུག་ལག་ཟིལ་གྱིས་གནོན་པ་དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་སྒྲ་བསྒྲགས་པས་བྱོལ་སོང་ཐམས་ཅད་ཀྱི་སྒྲ་ཟིལ་གྱིས་གནོན་པ་བཞིན་ནོ། །ཐམས་ཅད་མཁྱེན་པ་རིན་ཆེན་མཛོད་བརྙེས་པ། །ཐམས་ཅད་མཁྱེན་པ་ནི་བདག་གི་དོན་དང་སྦྱར་ཏེ། དེ་ལ་ཐམས་ཅད་ཅེས་བྱ་བ་གང་ཞེ་ན། བྲམ་ཟེས་གསོལ་པའི་ལན་དུ་བཀའ་སྩལ་པ་ལས། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཡིན་ནོ་ཞེས་འབྱུང་བས་ན། སྐྱེ་མཆེད་བཅུ་གཉིས་ཀྱི་ནང་དུ་ཕྱི་ནང་གི་ཆོས་མ་ལུས་པར་འདུས་པས་དེ་དག་མཁྱེན་པ་ཡང་བྱའོ། །ཡང་ན་འདོད་ཆགས་དང་བྲལ་བ་སྟོང་ཞིང་དབེན་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཡང་ཡིན་ནོ། །ཡང་གཅིག་ཏུ་ན་དངོས་པོ་ཐམས་ཅད་མཁྱེན་པ་ལ་བྱ་སྟེ། དེ་ཡང་རྣམ་པ་བཞི་ལྟར་མཁྱེན་ཏེ། གང་ཞེ་ན། མ་ལུས་པར་མཁྱེན་པ། མ་འདྲེས་པར་མཁྱེན་པ། ཚད་མེད་པར་མཁྱེན་པ། ཕྱིན་ཅི་མ་ལོག་པར་མཁྱེན་པ། དེ་ལ་མ་ལུས་པ་ནི་གང༌། དངོས་པོ་གཟུགས་ལ་སོགས་པ་མ་ལུས་པ་མཁྱེན་པའོ། །མ་འདྲེས་པ་ནི་སངས་རྒྱས་ཀྱི་མཁྱེན་པ་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་མ་འདྲེས་པར་ཁྱད་དུ་ཞུགས་པའོ། །ཚད་མེད་པ་ནི་ཇི་སྙེད་ཤེས་པར་བྱ་བ་ཚད་མེད་པ་ཐམས་ཅད་རབ་ཏུ་མཁྱེན་པའོ། །ཕྱིན་ཅི་མ་ལོག་པ་ནི་མུ་སྟེགས་ཅན་དང་འཇིག་རྟེན་པ་ལྟ་བུ་ཕྱིན་ཅི་ལོག་ཏུ་རྟོག་ཅིང་ཤེས་པ་ལྟར་མ་ཡིན་ཏེ། འཕགས་པའི་བདེན་པ་དང༌། ལམ་གྱི་ཆོས་ལ་སོགས་པ་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ། དེ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་ཡང་འགྱུར་རོ། །ཇི་ལྟ་ཞེ་ན། བཅིངས་པ་པ་དང་ལོང་བས་གཞན་དགྲོལ་ཞིང་མཚོན་པའི་གནས། བདག་གྲོལ་བས་གཞན་དགྲོལ་བའི་གནས་ཡོད་པ་བཞིན་དུ་བདག་གི་དོན་ཆེན་པོ་གྲུབ་


DTG154_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་གཞན་གྱི་དོན་ཡང་གྲུབ་པར་གྱུར་ཏེ། འདིས་ནི་ཡེ་ཤེས་ཚད་མེད་པ་བསྟན་པ་ཡིན་ནོ། །དེ་ལ་རིན་ཆེན་མཛོད་ཅེས་བྱ་བ་ལ་རིན་ཆེན་ནི་བསྟན་པའི་ཆོས་ཏེ་ཞལ་ནས་གསུངས་པའི་མདོ་སྡེ་དང༌། བསྒྲུབ་པའི་ཆོས་ཏེ་བདེན་པ་བཞི་དང་ལམ་གྱི་ཡན་ལག་གི་ཆོས་ལ་བྱའོ། །མཛོད་ཅེས་བྱ་བ་ནི་འཕགས་པའི་དགེ་འདུན་ལ་བྱ་སྟེ། ཅིའི་ཕྱིར་རིན་པོ་ཆེའི་མཛོད་དུ་གདགས་ཤེ་ན། བསྟན་པའི་ཆོས་དང་བསྒྲུབ་པའི་ཆོས་དག་ཟག་པ་མེད་པའི་དགེ་འདུན་དེ་དག་གིས་རྫོགས་པར་བསྒྲུབས་པས། རིན་ཆེན་མཛོད་དུ་གྱུར་པ་ཡིན་ནོ། །བརྙེས་ཞེས་བྱ་བ་ནི་གོང་མ་ལྟ་བུའི་དོན་ཕུན་སུམ་ཚོགས་པ་བརྙེས་པ་ཡིན་ཏེ། ཇི་ལྟ་ཞེ་ན། སྐལ་པ་ཡོད་པ་དེ་དག་ལ་དགེ་བའི་ཆོས་བསྟན་ནས་ཟག་པའི་དགྲ་བཅོམ་པ་ཡིན་ཏེ། འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། འདི་ནི་ཐུགས་རྗེ་ཚད་མེད་པ་ཡིན་ནོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །རྩ་བ་འདིར་ནི་འབྲས་བུ་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། ཚངས་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བས་ཚངས་པ་དང༌། བསམ་གཏན་དང་པོ་རིས་ཀྱི་ལྷའི་རྒྱལ་པོའོ། །དབང་པོ་ནི་སུམ་ཅུ་རྩ་གསུམ་ལྷའི་རྒྱལ་པོ་སྟེ། །ལྷ་རྣམས་དབང་བྱེད་བས་ན་དབང་པོ་འཇིག་རྟེན་གྱི་མཆོག་ཏུ་གྲགས་པ་འདི་གཉིས་ཀྱི་གཙུག་ན་རིན་པོ་ཆེ་ཡོད་པས་ཀྱང་ཞབས་ལ་གཏུགས་ཏེ་ཕྱག་འཚལ་བས་ན། སངས་རྒྱས་ནི་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་སངས་རྒྱས་ཞིང་མཆོད་པའི་གནས་སུ་མངོན་ཏེ། དེ་བས་ན་འབྲས་བུ་ཕུན་སུམ་ཚོགས་པ་དང་སྦྱར་རོ། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །རྩ་བ་འདི་ནི་བདག་གི་དོན་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། དཔེར་ན་རྒྱ་མཚོ་མཆིང་རྣམས་ཟབ་ཅིང་རྒྱ་ཆེ་བ་བཞིན་དུ་སྲིད་པའི་སྡུག་བསྔལ་དཔག་ཏུ་མེད་པ་ལས་བརྒལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་པར་སྦྱར་རོ། །དེ་ལ་ཐེ་ཚོམ་པས་བྱ་བ་དེ་ལྟར་མཐའ་མེད་ན་བརྒལ་ཞེས་བྱར་ཀྱང་མི་བཏུབ་ཅེས་པའི་ལན་དུ། དེ་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་འགྲམ་ན་གནས་པས་མཐའ་ཡོད་པར་མི་ཤེས་པ་བཞིན་དུ། སེམས་ཅན་མ་རབས་ཀྱིས་མཐའ་ཡོད་པར་མི་མཐོང་མི་ཤེས་པས་ན་མཐའ་མེད་ཅེས་བྱ་བར་ཟད་ཀྱི། འཕགས་པས་ཀྱང་མཐའ་མི་གཟིགས་པ་ནི་མ་ཡིན་ནོ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། རྩ་བ་འདི་ནི་བདག་དོན་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། སངས་


DTG154_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འགྲོ་བའི་གཙོ་བོ་ཡིན་པར་ཅི་མངོན་ཞེ་ན། མཆོག་གསུམ་ཞེས་བྱ་བའི་མདོ་སྔགས་བྱུང་བ་ཀྲང་གཉིས་དང༌། རྐང་མངས་ཐམས་ཅད་ཀྱི་གཙོ་བོ་ནི་སངས་རྒྱས་ཡིན། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་འདོད་ཆགས་དང་བའི་ཆོས་ཡིན། མང་པོ་ཐམས་ཅད་ཀྱི་གཙོ་བོ་ནི་དགེ་འདུན་ཡིན་ཞེས་འབྱུང་བས་ན། འགྲོ་བའི་གཙོ་བོར་དེ་ལྟར་མངོན་ནོ། །སྤྱི་བོས་ཕྱག་བྱས་ནི་ལྷག་པར་དད་ཅིང་གུས་པའི་ཚུལ་ལོ། །འདི་མན་ཆད་རྩ་བ་གཉིས་ནི་གོང་མ་ལྟར་བསྟོད་པར་བྱས་ཟིན་ནས། འདི་ལྟར་དས་སོ་སོར་ཐར་པའི་མདོ་དགྲོལ་ཞིང་རྒྱས་པར་སྟོན་པའོ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཐམས་ཅད་མཁྱེན་པ་ནི་ལྟག་ཏུ་སྨོས་པ་དང་འདྲ། བསླབ་པ་ནི་གང་མི་བྱ་བའི་དངོས་པོ་རྣམས་ཏེ། སྲོག་མི་གཅད་པ་ལ་སོགས་པའོ། །ཚིག་ནི་གང་མི་བྱ་བའི་དངོས་པོ་དེ་དག་མ་བྱེད་ཅིག་པར་བསྟན་པ་སྟེ། སོ་སོར་ཐར་པ་འདི་ཉིད་ལ་བྱའོ། །དཀོན་མཆོག་སྣོད་ཅེས་བྱ་བ་ལ། དཀོན་མཆོག་ནི་རིན་ཆེ་ཞིང་དམ་པ་ཡིན་ཏེ། དངོས་སུ་ན་འདུལ་བ་འབུམ་སྡེར་གཏོགས་པ་རྣམས་སོ། །དེ་ལ་སྣོད་ཅེས་བྱ་བ་ནི་སོ་སོར་ཐར་པ་འདི་ཉིད་ལ་བྱ་སྟེ། འདུལ་བ་འབུམ་སྡེའི་མདོ་མ་ལུས་པར་སོ་སོར་ཐར་པའི་ནང་དུ་འདུས་ཤིང་གནས་པ་ལ་བྱའོ། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བ་ནི་ཟག་པ་མེད་པའི་དགེ་འདུན་དང༌། ཕྱིན་ཅི་ལོག་ལས་རིང་དུ་གྱུར་པའི་དགེ་འདུན་བཞི་ཡན་ཆད་ལ་བྱའོ། །དཔེར་ན་གཙུག་ལག་ཤེས་ཤིང་རིན་པོ་ཆེ་ཉིད་རིན་ཆེ་བར་ཤེས་པའི་མདུན་དུ་རིན་པོ་ཆེའི་སྣོད་དབྱེ་བར་བྱ་བ་བཞིན་དུ་སོ་སོར་ཐར་པ་འདི་རིན་ཆེ་བར་ཤེས་པ་དད་པ་དང་ཚུལ་ཁྲིམས་ཅན་གྱི་དབུས་སུ་དབྱེ་བར་བྱ་བ་ཡིན་ཏེ། མི་དབྱེ་བ་ཡང་འདི་ལས་ཟློག་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་ནི་འདུལ་བའི་མཚོ། །འདི་མན་ཆད་ནས་གཞོན་ནུའི་ལྕགས་ཀྱུ་ཞེས་པའི་བར་དུ་ཚིགས་བཅད་གསུམ་ནི་མཐོང་བའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པ་འདི་ཉིད་བསྟོད་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་ནི་འདུལ་བའི་མཚོ། །མ་ལུས་གཏིང་དང་ཕ་རོལ་མེད། །གནས་དང་སྙིང་གི་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་མན་ཆད་ནི་དགོས་པའི་དགོས་དོན་འཆད་དེ། བཤད་པའི་དམིགས་དང༌། དགོས་འབྲེལ་ཡང་ཞར་ལ་འདུ་བར་རིག་པར་བྱའོ། །དེ་ལ་བཤད་པའི་


DTG154_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནི་གང་ཚིག་ཏུ་བརྗོད་པའི་དངོས་པོ་ཉིད། དགོས་པ་ནི་ཚིག་ཏུ་བརྗོད་པ་དེ་དགོས་པར་ཤེས་པའོ། །འབྲེལ་བ་ནི་བརྗོད་པའི་ཚིག་གིས་མཚོན་ནས་དོན་ཤེས་པ་ཉིད་དེ། ཐབས་དང་འབྲེལ་བའི་དོན་ཏོ། །དཔེར་ན་རྒྱ་མཚོ་མཆིང་རྣམས་ཟབ་ཅིང་རྒྱ་ཆེ་བ་བཞིན་དུ། སངས་རྒྱས་ཀྱི་འདུལ་བ་ཡང་ཟབ་ཅིང་རྒྱ་ཆེ་བ་ཡིན་ཏེ། དེ་ལ་ཟབ་པ་ནི་ལྟུང་བ་འབྱིན་པའི་རྩིས་མགོ་མང་པོར་གསུངས་པ་རྣམས་ཡིན། རྒྱ་ཆེ་བ་ནི་འབུམ་སྡེ་ལས་ལྟུང་བ་དང་མི་ལྟུང་བའི་རིམ་པ་རྒྱས་པར་འབྱུང་བ་རྣམས་སོ། །དེ་ལ་སངས་རྒྱས་ཀྱི་འདུལ་བ་ཞེས་སྨོད་པ་ནི། མུ་སྟེགས་ཅན་ལ་སོགས་པའི་འདུལ་བ་མ་ཡིན་པར་སྟོན་པའོ། །དེ་ལྟར་འདུལ་བ་གཏིང་དང་མཐའ་མེད་པའི་མདོ་མ་ལུས་པར་འདུས་ཤིང་གནས་པས་ནས་ཆེན་པོ་དང་འདྲའོ། །སྙིང་གི་ཞེས་བྱ་བ་ནི་ལུས་ཀྱི་གཙོ་བོ་ཡིན་པ་དང་འདྲ་བར་སྟོན་པ་ཡིན། སྙིང་པོ་ཞེས་བྱ་བ་ནི་སྙིང་ཁུ་ལྟ་བུ་སྟེ། འདུལ་བ་ཐམས་ཅད་ཀྱི་སྙིང་ཁུ་ཡིན་པས་ན་ཕྱིར་རྒོལ་བས་མི་ཕྱེད་པའོ། །དེ་ལ་འདུལ་བ་ཞེས་བྱ་བ་ནི་གང་ཉོན་མོངས་པ་གདུལ་བ་དང༌། དགེ་སྦྱོང་གི་སློབ་མ་འདུལ་བ་སྟེ། གང་མི་བྱ་བ་མི་བྱེད་པ་ལ་བྱའོ། །དམ་པ་ཆོས་ཀྱི་རྒྱལ་པོ་ཡིས། །དམ་ཆོས་མི་བྲི་བསྡུས་པ་ཡིན། །དམ་པ་ནི་སྐྱེས་བུ་དམ་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བྱ། ཡང་ན་དམ་པའི་ཆོས་སྡེ་སྣོད་གསུམ་ལྟ་བུ་ལ་སྐྱོན་མེད་པའི་ཆོས་ལ་བྱ་སྟེ། ཆོས་དེ་ལྟ་བུའི་འབྱུང་ཁུང་ངམ་མདའ་མཛད་པ་ན་ཆོས་ཀྱི་རྗེར་གྱུར་པ་སྟེ། རྒྱལ་པོ་ཞེས་བྱའོ། །ཡིས་ཞེས་བྱ་བ་ནི་དེའི་ཆོས་ལ་བྱའི་གཞན་གྱིས་མ་ཡིན་པར་སྟོན་པའོ། །དེ་ལ་དམ་ཆོས་ནི་སྡེ་སྣོད་གསུམ་ལྟ་བུ་མི་བྲི་བ་ནི་འདུལ་བ་ཉི་ཚེ་དུས་དང་པོ་བཟང་པོའི་ཚེ་མི་བྲི་གཟུང་བར་བསྟན་པའོ། །བསྡུས་པ་ནི་འདུལ་བའི་མདོ་སོ་སོར་ཐར་པའི་ནང་དུ་བསྡུས་པ་ལ་བྱའོ། །འདི་ནི་དགེ་སློང་ཚོང་པ་ཡི། །བསླབ་ཟོང་ཚོང་དུས་ཆེན་པོའོ། །དཔེར་ན་ནོར་ཆུང་དུ་ལ་སྤེལ་ཞིང་བསྐྱེད་པར་སྤོགས་བྱས་ན། ཟོང་དུ་རིན་པོ་ཆེ་བཀྲམ་ན་ནོར་མང་པོར་འདུ་བའི་གཞིར་འགྱུར་བ་བཞིན་དུ། དགེ་སློང་གིས་དགེ་བའི་སྤོགས་བྱ་ཞིང་དགེ་བའི་རྩ་བ་ཆུང་ངུ་ལས་འཕེལ་ཞིང་རྒྱས་པར་བྱ་བའི་ཟོང་དམ་པ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། འདིས་ནི་ཟོང་ལྟ་བུར་བསྡུས་པར་བསྟན་པའོ། །ཚུལ་ཁྲིམས་ངན་པས་ཟིན་པ་ཡི། །གདུག་པ་སེལ་བའི་སྨན་འདི་ཡིན། །དཔེར་ན་སྦྲུལ་གདུག་པས་ནི་བདག་དང་གཞན་གཉི་ག་


DTG154_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུང་བར་བྱེད་དེ། དེའི་གདུག་པས་གཞན་ལ་གནོད་པ་དང༌། ཞེ་སྡང་གཡོས་པའི་སེམས་ཀྱིས་རང་སྡུག་བསྔལ་བ་བཞིན་དུ་ཚུལ་ཁྲིམས་ལོག་པ་ཅན་སྲོག་གཅོད་པ་དང་ལྡན་པས། ཕ་རོལ་པོ་ཡང་སྲོག་དང་བྲལ་བར་བྱེད་ཅིང༌། དེའི་ཉེས་པས་བདག་ཀྱང་སྡུག་བསྔལ་བར་འགྱུར་བས་ན་བདག་གཞན་མ་རུང་བར་བྱེད་པ་སྟེ། དེ་ལྟ་བུའི་སྨད་དམ་པ་ནི་སོ་སོར་ཐར་པ་འདི་ཡིན་པར་སྟོན་པའོ། །འདི་ནི་ལང་ཚོ་འཁྲུལ་བ་ཡི། །གླང་པོ་གཞོན་ནུའི་ལྕགས་ཀྱུའོ། །དཔེར་ན་གླང་པོ་གཞོན་ནུ་ལམ་མ་ཡིན་པར་བརྟེན་བ་ནི། ལྕགས་ཀྱུས་ལམ་དྲང་བོར་འཛུད་པ་བཞིན་དུ། དགེ་སློང་གཞོན་ནུ་མ་དུལ་མ་ཞི་བར་ལོག་པར་སྤྱོད་པའང༌། སོ་སོར་ཐར་པའི་ལྕགས་ཀྱུ་འདིས་འདུལ་ཞིང་ལམ་དྲང་པོར་འཛུད་པར་བྱེད་དོ། །དེ་ལ་ལང་ཚོ་ནི་གཞོན་ནུ་མཐུ་སྟོབས་རྫོགས་པ་སྟེ། ལང་དང་ཤེད་ཀྱིས་འཚོ་བའི་དོན་ཏོ། །འདིས་ནི་གནས་མ་ཡིན་པར་མི་གཏོང་བ་སྟོན་ཏེ། འདི་ཡན་ཆད་ནི་སོ་སོར་ཐར་པའི་འདུལ་བ་མངོན་སུམ་དུ་ཐོབ་པ་ན། མཐོང་བའི་འབྲས་བུ་ཞེས་བྱའོ། །ངན་འགྲོ་ཞེས་བྱ་བ་ནི་མན་ཆད་ནས་གཞི་དང་འདྲ་བར་གནས་ཞེས་པའི་བར་དུ་ཚིགས་བཅད་གཉིས་ནི་མཐོ་བའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པ་བསྟོད་པ་ཡིན་ནོ། །ངན་འགྲོར་འཁོར་བར་ཟབ་མོ་ལས། སྒྲོལ་བའི་གཟིངས་ནི་འདི་ཡིན་ནོ། །དེ་ལ་ངན་འགྲོ་ནི་འཁོར་བའི་སྤྱིར་ཡང་སྙེགས། གཅིག་ཏུ་ན་ངན་སོང་གི་སྐྱེ་གནས་ཟབ་མོ་ལ་ཡང་བྱ་སྟེ། དེ་ལྟར་འཁོར་བ་ནི་ཉོན་མོངས་པ་རྒྱ་མཚོ་ལྟར་ཟབ་པ་ལས་སྒྲོལ་བའི་གཟིངས་ནི་སོ་སོར་ཐར་པ་འདི་ཉིད་ཡིན་ཏེ། ཇི་ལྟ་ཞེ་ན། སོ་སོར་ཐར་པ་ལ་གནས་བཅས་ནས། བདེན་པ་དང་མཉམ་པར་གཞག་པ་བསྒྲུབས་པས། འཁོར་བའི་སྐྱོན་ལས་རྒལ་བར་འགྱུར་རོ། །འདི་ནི་བཟང་འགྲོར་འགྲོ་བར་བྱ། །སྟེགས་དང་ཟམ་པར་ངེས་པའོ། །དཔེར་ན་ཆུ་བརྒལ་བའི་རྐང་ཟམ་གྱི་སྟེགས་དང་ཟམ་པ་བཞིན་དུ་མཐོ་རིས་སུ་འགྲོ་བའི་སྟེགས་དང་ཟམ་པ་ནི་སོ་སོར་ཐར་པ་འདི་ལ་བྱའོ། །འདི་ནི་ཉོན་མོངས་འཕམ་བྱེད་ལམ། །རྒྱལ་བོ་ཡི་ནི་འདྲེན་པ་མཆོག །དཔེར་ན་རྒྱལ་པོ་ཤིང་རྟའི་ནང་དུ་ཞུགས་ནས་དགྲ་ལ་རྒོལ་བའི་ཚེ་ཤིང་རྟ་འདྲེན་པའི་ཁ་ལོ་བ་དང་འདྲ་བར་འཕགས་པའི་ཁ་ལོ་ཡིས་ཉོན་མོངས་པའི་དགྲ་བཅོམ་པའི་ཁ་ལོ་ལྟ་བུའང་སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །དཔེར་ན་གྲོང་ཁྱེར་གྱི་


DTG154_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཁང་ཆེན་པོ་མཁར་གྱི་རིམ་པས་བསྐོར་བའི་ཡང་ཏོག་ལྟ་བུ་འགྲོ་ན་སྐས་ཀྱི་ཐེམ་པ་ཐ་མ་ལ་མ་བརྟེན་པར། ཐེམ་པ་གཞན་ལ་འཛེག་ཏུ་མི་རུང་བར་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོའི་རིམ་ཁང་དུ་འཇུག་པར་འདོད་པའང་སོ་སོར་ཐར་པའི་ཐེམ་པ་ལ་མ་བརྟེན་པར་བདེན་པ་བཞིའི་སྐས་ལ་འཛེག་མི་ནུས་པས། སོ་སོར་ཐར་པ་འདི་ནི་སྐས་ཀྱི་ཐེམ་གཞི་ལྟ་བུ་སྟེ། འདི་ཡན་ཆད་ནི་མངོན་སུམ་དུ་མ་ཐོབ་ཀྱང་མ་འོངས་པ་ཐོབ་པ་རྒྱུར་གྱུར་པས་ན་མ་མཐོང་བའི་འབྲས་བུ་ཞེས་བྱའོ། །ང་ནི་མྱ་ངན་ལས་འདས་གྱུར། །ཞེས་པ་འདི་མན་ཆད་ནས། མངོན་སུམ་ཉིད་དུ་བསྟོད་ཅེས་པའི་བར་དུ་ཚིགས་བཅད་གཅིག་ནི་སྟོན་པ་ཉིད་དང་འདྲ་བའི་བསྟོད་པ་ཡིན་ནོ། །ང་ནི་མྱ་ངན་ལས་འདས་ན། །འདི་ནི་ཁྱེད་ཀྱིས་སྟོན་ཞེས་ཀྱང༌། །རང་བྱུང་ཉིད་ཀྱིས་ནན་ཏན་དུ། །དགེ་སློང་མངོན་སུམ་ཉིད་དུ་བསྟོད། །སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ་ཡང་རྣམ་པ་གསུམ་སྟེ། ཚོགས་ཀྱི་ལམ་དཀོན་པ་དང༌། ཚོགས་ཀྱི་ལམ་རྙེད་པ་དང༌། ཚོགས་ལམ་རྙེད་ནས་ནན་ཏན་དུ་བྱེད་པའོ། །འདི་མན་ཆད་ཚིགས་བཅད་གཉིས་ཀྱིས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ་བཤད། གཞན་གྱི་སྦྱོར་བ་དཀོན་བ་བསྟན་ཏོ། །སངས་རྒྱས་འབྱུང་བ་དཀོན་པ་དང༌། ཆོས་སྟོན་པ་དང༌། ཆོས་བསྟན་པ་ལ་གནས་པ་དང༌། ཆོས་བསྟན་པ་རྗེས་སུ་འཇུག་པ་དང༌། གཞན་གྱི་ཕྱིར་སྙིང་བརྩེ་བའོ། །ཚོགས་ཀྱི་ལམ་ཞེས་བྱ་བ་ནི་སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་ཐོབ་པའི་གཞི་བཅུ་གསུམ་སྟེ། གཞན་གྱི་འབྱོར་བ་དང༌། བདག་གི་འབྱོར་བ་དང༌། དགེ་བའི་ཆོས་ལ་འདུན་པ་དང༌། ཚུལ་ཁྲིམས་ཀྱི་སྒོ་སྡོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་དང༌། ཤེས་བཞིན་དུ་སྤྱོད་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་ནོ། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་འབྱུང་བ་ཤིན་ཏུ་དཀོན། །བདག་གི་འབྱོར་བ་བསྟན་པ་དེ་ཡང་རྣམ་པ་ལྔའོ། །མིར་གྱུར་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། གནས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པའོ། །དགེ་བའི་ཆོས་ལ་འདུན་པ་བརྟེན། །དེ་བཞིན་རབ་ཏུ་འབྱུང་


DTG154_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་རྣམ་པ་བཞི་བསྟན་ཏོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དྲུག་སྟེ། དབྱེ་བ་དང༌། བསྡུ་བ་དང༌། ཕུན་སུམ་ཚོགས་པ་དང༌། རྣམ་གྲངས་དང༌། རྣམ་པར་དག་པ་དང༌། ཕན་ཡོན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །དགེ་བའི་བཤེས་གཉེན་བརྟེན་པ་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་ཅེས་བྱ་བ་བསྟན་ཏོ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །འདི་མན་ཆད་ཚིགས་བཅད་གཅིག་གིས་ཚོགས་ཀྱི་ལམ་རྙེད་པར་བཤད། མི་དང་རབ་ཏུ་བྱུང་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང༌། །འདི་མན་ཆད་ཆ་གཅིག་གིས་ཚོགས་ཀྱི་ལམ་རྙེད་ནས་ནན་ཏན་བྱ་བ་བཤད། མཁས་པའི་རྟགས་དང་ལྡན་ཏེ་ལུས་ཀྱི་ལས་ལེགས་པར་བྱེད་པ་དང༌། དག་གི་ལས་ལེགས་པར་སྨྲ་བ་དང༌། ཡིད་ཀྱི་ལས་ལེགས་པར་སེམས་པའོ། །དེ་དག་འབྲས་ཆས་བྱེད་འདོད་པ། །ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ་སྟེ། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་མོ། །སྦྱོར་བའི་ལམ་ནི་ངེས་པར་འབྱེད་པ་ཆ་བཞིའོ། །རྣམ་པར་དག་པའི་ལམ་ནི་མཐོང་བ་དང༌། བསྒོམ་པ་མཐར་ཕྱིན་ཅེས་བྱའོ། །སྡོམ་བརྩོན་རྣམས་ཀྱི་སོ་སོར་ཐར། །རབ་ཏུ་བྱུང་བ་རྣམས་ཀྱིའོ། །མཉན་པའི་ཕྱིར་ན་འབད་པར་བྱ། །ཐོས་པ་དང་གཟུང་བ་དང༌། འཛིན་པ་དང༌། བསྒྲུབ་པ་ལ་འབད་པར་བྱའོ། །སངས་རྒྱས་མྱ་ངན་ལས་འདས་ཏེ་གཤེགས་པའི་ཁར་དགེ་སློང་དག་གིས་གསོལ་པ། སངས་རྒྱས་བཞུགས་པའི་ཚེ་ན་ནི་མགོན་དང་སྐྱབས་ལགས་ཀྱང༌། མྱ་ངན་ལས་འདས་ཏེ་གཤེགས་པའི་འོག་ཏུ་ནི་བདག་ཅག་གི་སྟོན་པ་དང་མགོན་སྐྱབས་མེད་དོ་ཞེས་གསོལ་བ་དང༌། ལན་དུ་མྱ་ངན་ལས་འདས་པའི་འོག་ཏུ། ང་དང་འདྲ་བར་སྟོན་ཅིང་འདོམས་པ་ནི། །སོ་སོར་ཐར་པ་འདི་ཡིན་གྱིས། །དེའི་གཞུང་བཞིན་དུ་སྒྲུབས་ཤིག་པའི་དོན་ཏོ། །དེ་ལ་རང་བྱུང་ནི་གཞན་གྱི་ལུང་ཕོག་པ་མེད་པར་ཡང་སངས་རྒྱས་ཉིད་རང་བྱུང་བ་ལ་བྱའོ། །དེ་ལ་ཐེ་ཚོམ་པས་བྱ་བ་རང་སངས་རྒྱས་ཀྱང་གཞན་གྱི་ལུང་ཕོག་པ་མེད་པས། རང་བྱུང་བ་ཡིན་


DTG154_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐབས་འདིར་ཡང་རང་སངས་རྒྱས་བྱ་བ་ལ་མིན་ནམ་ཞེས་བྱ་བའི་ལན་དུ། རང་སངས་རྒྱས་ནི་ཚིག་གི་སྒོ་ནས་ཆོས་མི་སྟོན་གྱི་རྫུ་འཕྲུལ་ཙམ་གྱིས་སྟོན་པར་ཟད་པ་ན། སོ་སོར་ཐར་བ་སྒྲོགས་པ་དེ་བཞིན་གཤེགས་པ་ཡིན་པར་མངོན་ནོ། །ཉིད་ཅེས་བྱ་བ་ནི་བསྟོད་པ་དང་སྦྱར་ཏེ། གཞན་ལ་བསྟོད་དུ་བཅོལ་བ་མ་ཡིན་གྱི་རང་བྱུང་ཉིད་ཀྱིས་བསྟོད་པ་སྦྱར་རོ། །ནན་ཏན་ནི་གཞན་གྱིས་བཅོལ་བ་ཙམ་གྱི་ཕྱིར་ངན་དོན་བསྟོད་པ་མ་ཡིན་གྱི། ནན་ཏན་ཆེན་པོས་དགེ་སློང་མང་པོའི་ནང་དུ་སོ་སོར་ཐར་པ་ནི་ང་དང་འདྲའོ་ཞེས་སངས་རྒྱས་ཀྱིས་མངོན་དུ་བསྟོད་པའོ། །དགེ་སློང་དབང་འདུལ་ཞེས་བྱ་བ་འདི་མན་ཆད་ནས་རྟག་ཏུ་སྲུངས་ཞེས་པའི་བར་དུ་ཚིགས་བཅད་གཅིག་ནི་སོ་སོར་ཐར་པ་ལ་གུས་པར་བསྐྱེད་པར་བསྟན་པའོ། །དགེ་སློང་དབང་དུལ་ཀུན་དབང་པོ། །དབང་དུལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་དབང་པོ་མི་ག་ཡེང་བར། དབང་པོ་དུལ་ཞིང་སྤྱོད་ལམ་ཞི་བའི་ཚུལ་དུ་སྟོན་པའོ།། ཀུན་དབང་ཞེས་བྱ་བ་ནི་གོང་མ་ལྟར་དབང་པོ་དུལ་བ་ནི་དུས་འགའ་ཙམ་དུ་མ་ཡིན་གྱི་དུས་ཀུན་ནམ་དུས་ཐམས་ཅད་དུ་དབང་བོ་རྣམས་དུལ་བར་བྱེད་པའོ། །ཡང་ན་ཀུན་དབང་པོ་ཞེས་བྱ་བ་ནི་ཤེས་རབ་ལ་བྱ་སྟེ། རང་བཞིན་གྱིས་སྡིག་པ་དང་བཅས་པའི་ཉེས་བྱས་ཡན་ཆད་སྡིག་ཡིན་པར་ཤེས་ནས་མི་སྤྱོད་པར་བྱའོ། །སངས་རྒྱས་མི་འགྱུར་རབ་འབྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །འདིར་ནི་དགེ་བའི་བཤེས་གཉེན་དང་ཕྲད་པར་དཀའ་བ་དང༌། ཁོམ་པ་དང་ལྡན་པར་དཀའ་བ་གཉིས་སྟོན་ཏེ། འཇིག་རྟེན་མི་ཁོམ་པ་ཕུན་སུམ་ཚོགས་པ་ནི་མོད་ལ་ཁོམ་པ་ཕུན་སུམ་ཚོགས་པ་དང༌། བཤེས་གཉེན་དང་ལྡན་པ་ཕུན་སུམ་ཚོགས་པ་ནི་དཀོན་ཏེ། མི་ཁོམ་པ་བརྒྱད་མོད་པ་གང་ཞེ་ན། ངན་སོང་གསུམ་གྱི་སྐྱེ་གནས་དང༌། ལྷ་ཚེ་རིང་བོར་སྐྱེས་པ་དང༌། ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང༌། དབང་པོ་མ་ཚང་བར་སྐྱེས་པ་དང༌། ལོག་པར་ལྟ་བར་གྱུར་པ་དང༌། གོང་མ་རྣམས་ལས་ཐར་ན་ཡང་སངས་རྒྱས་འཇིག་རྟེན་དུ་མི་འབྱུང་བ་དང༌། བརྒྱད་དེ། གནས་དེ་བརྒྱད་དུ་སྐྱེས་ན་སོ་སོའི་ལྟ་བ་ཉོན་མོངས་པས་གཡེངས་པས། དགེ་བའི་ཆོས་དང་ཕྲད་པ་དཀོན་པ་ལའོ། །དེ་ལྟར་མི་ཁམ་པ་བརྒྱད་ལས་ཐར་ཏེ། མིའི་ལུས་སུ་སྐྱེ་བར་དཀོན་པ་ནི། མདོ་ཀུན་ལས་བཏུས་པ་ལས་རྒྱ་མཚོ་


DTG154_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ནང་དུ་གཉའ་ཤིང་བུ་ག་ཅན་པོར་བ། ལྷོ་བྱང་ཤར་ནུབ་ཀྱི་རླུང་གིས་ཕྱོགས་བཞིར་གཡེངས་ཏེ། མལ་གཅིག་ན་འདུག་མི་ཁོམ་པའི་བུ་གར་རྒྱ་མཚོའི་ནང་ན་རུས་སྦལ་གཅིག་འདུག་པ་དེ་ལོ་བརྒྱ་ཞིང་ལན་ཅིག་ཆུའི་སྟེང་དུ་ལུས་འབྱིན་པའི་མགྲིན་པ་ཆུད་པར་གྱུར་པ་ནི་སྲིད་ཀྱི། མིའི་ལུས་སུ་སྐྱེས་པ་ནི་དེ་བས་ཀྱང་དཀོན་ནོ་ཞེས་འབྱུང་བ་ཡིན་ཏེ། དེ་ལྟར་ཁོམ་པ་ཕུན་སུམ་ཚོགས་པ་དང་ཡང་ལྡན་པར་གྱུར། དེ་བས་ཀྱང་སངས་རྒྱས་འཇིག་རྟེན་དུ་དཀོན་པར་འབྱུང་བ་ལས་ཀྱང་སོ་སོར་ཐར་པའི་མདོ་བསྒྲགས་པས་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་གྱིས། དེ་བས་ན་སོ་སོར་ཐར་པ་ལ་གུས་པ་སྐྱེད་ལ་སྒྲུབས་ཤིག་པར་སྟོན་པ་ཡིན་ནོ། །དེ་ལ་སངས་རྒྱས་མི་འགྱུར་རབ་འབྱུང་ཞེས་བྱ་བ་ནི་སངས་རྒྱས་ཉིད་དམ་སངས་རྒྱས་ཀྱི་བཀའ་ལས་གཞན་དུ་མི་འགྱུར་བར་བྱ་བའི་ཕྱིར་དགེ་སློང་ཁྱེད་རབ་ཏུ་བྱུང་བ་ཡིན་གྱི། དེ་བས་ན་གདོན་མི་ཟ་བར་ཐར་པར་འདོད་ན། སོ་སོར་ཐར་པ་རྟག་ཏུ་སྲུངས་ཤིག་པའོ། །དེ་ལ་ངེས་པར་ཞེས་བྱ་བ་ནི་མཐོ་རིས་སུ་སྐྱེ་བ་དང་འཇིག་རྟེན་གྱི་ལོངས་སྤྱོད་མྱོང་བར་བྱ་བ་དང༌། ཁེ་དང་བཀུར་སྟི་འདོད་པའི་ཕྱིར་སོ་སོར་ཐར་པ་བསྲུང་བ་མ་ཡིན་གྱི། ངེས་པ་དང་གདོན་མི་ཟ་བར་མྱ་ངན་ལས་འདའ་བར་བསྲུང་བ་ཡིན་ནོ། །དེ་ལས་སོ་སོར་ཐར་པ་ཞེས་བྱ་བའི་དོན་ནི་འོག་ནས་འཆད་དོ། །སོ་སོར་ཐར་པའི་གླེང་གཞི་གཅིག་ལ། དོན་བརྒྱད་འཆད་པའི་སྔོན་ལོགས་སུ་ཚིགས་བཅད་འདིས་ནི་གོང་མ་ལྟར་མི་ཁོམ་པ་བརྒྱད་ལ་སོགས་པ་ཁམས་གསུམ་གྱི་སྤྱོད་པ་ལ་སྐྱོ་བར་བྱ་བ་དང་མཐུན་པའི་དོན་དུ་བསྟན་པ་ཡིན་ནོ། །བསྐལ་པ་བྱེ་བ་ཞེས་བ་འདི་མན་ཆད་ནས་ཤིན་ཏུ་དཀོན་ཞེས་པའི་བར་དུ། ཚིགས་བཅད་གཅིག་ནི་ལུང་ལས་ཐོབ་པར་དཀོན་པ་དང༌། མངོན་པར་རྟོགས་པར་དཀོན་པ་གཉིས་སྟོན་པ་ཡིན་ནོ། །བསྐལ་བ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པར་བྱེད་པ་ཤིན་ཏུ་དཀོན། །སོ་སོར་ཐར་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ལས་ཀྱི་ཉོན་མོངས་པ་དང༌། ཚེའི་ཉོན་མོངས་པ་དང༌། ཉོན་མོངས་པའི་ཡང་ཉོན་མོངས་པ་དང༌། དངོས་པོ་ལས་སོ་སོར་ཐར་པར་བྱེད་པའི་ཕྱིར་རོ། །ཡང་གཅིག་ཏུ་ན་ཉོན་མོངས་པ་ཆེ་འབྲིང་དགུར་བསྲེས་པའི་ཕྲ་མོ་ཅན་ཡན་ཆད་ལས་ཐར་ཅིང་གྲོལ་བར་བྱེད་པས་ན། སོ་སོར་ཐར་པ་ཞེས་བྱའོ། །དྲིས་པ། ཉོན་མོངས་ཕྲ་མོ་ཡན་ཆད་


DTG154_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །གང་གིས་སོ་སོར་ཐར་པར་བྱེད། །ལན་དུ་དེ་ནི་འཕགས་པའི་ལམ་གྱིས་སོ་སོར་ཐར་པར་བྱེད་དོ། །སོ་སོར་ཐར་པ་ལ་རྣམ་པ་གཉིས་ཏེ། སོ་སོར་ཐར་པ་ཉམས་པ་ཅན་དང༌། སོ་སོར་ཐར་པ་ཉམས་པ་མེད་པ་སྟེ། མུ་སྟེགས་ཅན་ལྟ་བུ་དགེ་བ་བཅུ་སྤྱོད་པས་ངན་སོང་གསུམ་ལས་ཐར་ཏེ་གཟུགས་དང་གཟུགས་མེད་པའི་རིས་སུ་སྐྱེ་མོད་ཀྱི་ཡང་དག་པའི་ལམ་མ་བསྒོམས་པས་ངན་སོང་གསུམ་དུ་ཕྱིར་ལྟུང་བའི་ཕྱིར་སོ་སོར་ཐར་པ་ཉམས་པ་ཞེས་བྱའོ། །དེ་ལྟར་ཉམས་པ་མེད་པའི་སོ་སོར་ཐར་པ་ནི་སོ་སོར་ཐར་པ་འདི་ལ་བརྟེན་ནས། འཕགས་པའི་བདེན་པ་དང་ལམ་གྱི་ཆོས་རྣམས་བསྒྲུབས་པས་གདོན་མི་ཟ་བར་མྱ་ངན་ལས་འདས་པའི་ཕྱིར་ཉམས་པ་ཞེས་བྱའོ། །དེ་ཐེ་ཚོམ་པས་བྱ་བ་དེ་ལྟར་འཕགས་པའི་ལམ་སོ་སོར་ཐར་པ་བྱེད་ན། ཅིའི་ཕྱིར་ལམ་དེ་ཉིད་ལ་སོ་སོར་ཐར་པ་ཞེས་མིང་གདགས། ལན་དུ་དེ་ནི་འབྲས་བུའི་མིང་རྒྱུ་ལས་བཏགས་པས་ན་ཉེས་པ་མེད་དོ། །དཔེར་ན་འདམ་རྫབ་ཀྱི་ཆུ་ནི་རྐང་པའི་ནད། བུད་མེད་ནི་ཚངས་པའི་སྐྱོན་ནོ་ཞེས་བྱ་བ་བཞིན་ནོ། །ཡང་གཅིག་ཏུ་ན་སོ་སོར་ཐར་པ་ནི་ངན་སོང་གསུམ་གྱི་གནས་ནས་སོ་སོར་ཐར་ཅིང་བཟང་འགྲོར་སྐྱེ་བ་ཡང་ཡིན་ནོ། །དེ་ལ་ཐོས་པ་ནི་རྣ་བའི་དབང་པོས་ངེས་པར་ཐོས་པའོ། །གཟུང་བའི་སྒྲ་དོན་དང་བཅས་པར་ཡིད་ཀྱིས་ཟིན་པའོ། །འཛིན་པ་ནི་དུས་འགའ་ཙམ་དུ་མ་ཡིན་གྱི་དུས་ཐམས་ཅད་དུའང་དེ་བཞིན་འཛིན་པའི་དོན་ཏོ། །དེ་ལ་བསྒྲུབ་པ་ནི་ཡང་དག་པར་སྦྱོར་བ་སྟེ། དོན་ཇི་བཞིན་ཉམས་སུ་སྤྱད་ནས་ལུས་ངག་ཡིད་ཁུགས་པར་བྱེད་པ་སྟེ། དེ་ལྟར་སོ་སོར་ཐར་པ་བསྐལ་པ་བྱེ་བར་ཡང་ཐོས་པར་དཀའ་བས་ན། གཟུངས་སུ་འཛིན་ཅིང་སྒྲུབ་པར་བྱེད་པ་འང་ཤིན་ཏུ་དཀོན་པར་རིག་པར་བྱའོ། །དེ་ལས་ཐོས་པ་དང་གཟུང་བ་དང་འཛིན་པ་གསུམ་ནི་ལུང་ལས་ཐོབ་པར་དཀོན་པའི་ནང་དུ་བསྡུ། སྒྲུབ་པ་ནི་མངོན་པར་རྟོགས་པ་དཀོན་པའི་ནང་དུ་བསྡུའོ། །འདི་མན་ཆད་ནི་དཀོན་མཆོག་གསུམ་འབྱུང་བ་བདེ་བའི་རྒྱུར་བསྟན་པ་དང་བཤད་པ་ཡིན་ནོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །སངས་རྒྱས་ཞེས་བྱ་བའི་དོན་ནི། རྒྱ་གར་སྐད་དུ་བུདྡྷ་ཞེས་བྱ་བ་ལ། དོན་རྣམ་པ་གཉིས་ཡོད་པ་ནི། སངས་པ་དང་རྒྱས་པའོ། །དེ་ལ་མི་གཉིད་ལོག་པ་ལས་སངས་པ་བཞིན་དུ་མ་རིག་པའི་གཉིད་ཀྱིས་ལོག་པ་ལས་སངས་པས་སངས་


DTG154_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱས་པ་ནི། པདྨོའི་ཁ་བྱེ་བ་འབར་ཞིང་རྒྱས་པ་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་དོན་ཏོ། །དེ་ལ་འབྱུང་བ་ནི་ཡུམ་གྱི་ལྷུམས་ནས་བལྟམས་པའི་དོན་ཏོ། །དེ་ལ་ཐེ་ཚོམ་པས་བྱ་བ། འབྱུང་བ་ནི་སྐྱེ་བའི་དོན་ཏོ། །སྐྱེས་པ་ནི་སྡུག་བསྔལ་བ་ཡིན་ན། དེ་ལ་ཅིའི་ཕྱིར་བདེ་ཞེས་བྱ་དེའི་ལན་དུ། དཔེར་ན་མེ་ནི་བདེ་བའི་རྒྱུ། །ཞེས་བྱ་བ་དང་སྦྱར་ཏེ། གོང་མ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཡིན་དུ་ཟིན་ཀྱང་དེ་ཉིད་རྣམ་པར་གྲོལ་བ་བདེ་བའི་རྒྱུར་འགྱུར་བས་ན་འགལ་བ་མེད་དོ། །དེ་ལ་ཡང་དྲིས་པ་ཡུམ་གྱི་ལྷུམས་ནས་བལྟམས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ན། དེ་ལ་ཅིའི་ཕྱིར་སངས་རྒྱས་ཞེས་གདགས། ལན་དུ་དེ་ནི་འབྲས་བུའི་མིང་རྒྱུ་ལ་བཏགས་ཏེ། དཔེར་ན་དྲུ་བུ་ལས་སྣམ་བུར་འགྱུར་བ་བཞིན་དུ། བྱང་ཆུབ་སྐྱེས་པ་ལས་གདོན་མི་ཟ་བར་སངས་རྒྱས་སུ་འགྱུར་བས་འགལ་བ་མེད་དོ། །དེ་ལ་བདེ་བ་ནི་བདག་དང་གཞན་བདེ་སྟེ། བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་ནས་མངོན་པར་འཚང་རྒྱ་སྟེ། རྣམ་པར་གྲོལ་བའི་སྐུ་བརྙེས་པས་ན་བདག་བདེ་བ་ཡིན་ནོ། །དེ་བཞིན་གཤེགས་པ་མཐོང་ཞིང་ཐོས་པ་དང༌། མཆོད་ཅིང་བསྟོད་པ་རྣམས་ཀྱིས་ཀྱང་བསོད་ནམས་ཆེན་པོ་འཐོབ་སྟེ། ལོང་བ་དང་འོན་པ་ཡང་དབང་པོ་བྱེ་ཞིང་དབང་པོ་རྨོངས་ཏེ་མ་སྨིན་པ་རྣམས་ཀྱང་གསལ་བར་འགྱུར་བས་གཞན་བདེ་བ་ཡིན་ཏེ། དེ་ལྟར་ན། སངས་རྒྱས་འབྱུང་བ་བདེ་བའི་རྒྱུ། །ཞེས་བྱའོ། །ཆོས་བསྟན་པ་ཡང་བདེ་བའོ། །གསུང་རབ་བཅུ་གཉིས་བསྟན་པ་ཡང་དགེ་སྡིག་གི་ངོ་མི་ཤེས་ནས། མི་དགེ་བ་སྤོང་ཞིང་དགེ་བ་ལ་འཇུག་པ་དང༌། མདོ་སྡེ་འཆད་པ་དང་འདྲི་ཀློག་ལ་སོགས་པ་བྱས་པ་བསོད་ནམས་ཆེན་པོ་འཐོབ་པས་ན་བདེ་བའི་རྒྱུ་ཞེས་བྱའོ། །དགེ་འདུན་མཐུན་པ་བདེ་བ་ཡིན། །དགེ་འདུན་ནི་རྒོལ་བས་མི་ཕྱེད་པ་ཡིན་ཏེ། དངོས་སུ་ན་གང་ཟག་ཆེན་པོ་བརྒྱད་སོ་ལ་སོགས་པ་སྟེ་འཕགས་པའི་དགེ་འདུན་ལ་བྱའོ། །དེ་ལ་མཐུན་པ་ནི་ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་དང་བཞི་མཐུན་པའོ། །དེ་ལ་བདེ་བ་ནི་འཕགས་པའི་དགེ་འདུན་མཐོང་ཞིང་ཐོས་པ་དང༌། མཆོད་ཅིང་བསྔགས་པ་བྱས་པས་བསོད་ནམས་ཆེན་པོ་ཐོབ་པས་ན། བདེ་བའི་རྒྱུར་བསྟན་པ་ཡིན་ནོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །དེ་ལ་དཀའ་ཐུབ་ནི་གང་བསྒྲུབ་ཅིང་སྤྱད་པར་བྱ་བ་ཡིན་ཏེ། མུ་སྟེགས་ཅན་གྱི་དཀའ་ཐུབ་ཀྱིས་ལུས་གཙེ་བར་བྱས་ཀྱང་ཉོན་མོངས་པ་སྤོང་བར་མི་ནུས་པ་དེ་


DTG154_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནི་མ་ཡིན་གྱི། དགེ་སྦྱོང་གི་དཀའ་ཐུབ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་སྟེ་དེ་གསུམ་བསྒྲུབ་པའི་དཀའ་ཐུབ་ཀྱིས་ཉོན་མོངས་པས་གཙེས་ཤིང་སྤོད་པར་བྱེད་པ་ཡིན་ཏེ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱིས་ནི་འདུལ་བ་བསྡུས། ལྷག་པའི་སེམས་ཀྱིས་ནི་མདོ་སྡེ་ལྟ་བུ་བསྡུས། ལྷག་པའི་ཤེས་རབ་ཀྱིས་ནི་མ་མོ་ལྟ་བུ་བསྡུས་པ་ཡིན་ནོ། །དེ་ལ་བདེ་བ་ནི་གོང་མ་ལྟར་འཕགས་པའི་དཀའ་ཐུབ་སྤྱོད་པ་དེ་ལ་མོས་པ་སྐྱེ་ཞིང་སྤྱོད་པར་འགྱུར་བས། བསོད་ནམས་ཆེན་པོ་ཐོབ་པས་བདེ་བའི་རྒྱུ་ཞེས་བྱའོ། །འཕགས་པའི་རྣམས་ཞེས་བྱ་བ་འདི་མན་ཆད་ནས། བདེ་བ་ཉིད་དུ་འགྱུར་ཞེས་པའི་བར་དུ་ཚིགས་བཅད་གཅིག་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པས་བདེ་བའི་རྒྱུར་འགྱུར་བ་དང༌། མི་དགེ་བའི་བཤེས་གཉེན་སྤངས་པས་བདེ་བའི་རྒྱུར་འགྱུར་བ་བསྟན་པ་ཡིན་ནོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་གྱུར། །འཕགས་པ་ནི་ཉོན་མོངས་པ་ནི་རབ་ཏུ་སྤངས་པ་སྟེ་དགྲ་བཅོམ་པ་ཡིན་ནོ། །བདེ་བ་ནི་དེ་ལྟ་བུའི་ཡོན་ཏན་གྱི་གནས་ཡིན་པས། དེ་མཐོང་ན་འཕྲལ་ཏུའང་སེམས་དང་ཞིང་ཡུན་རིང་དུ་འང་བསོད་ནམས་འཐོབ་པས་བདེ་བའི་རྒྱུ་ཞེས་བྱའོ། །དེ་ལ་དམ་པ་ནི་ཤད་གཉེན་དམ་པ་སྟེ། སླུ་བ་མེད་ཅིང་སྐྱོན་དང་བྲལ་བའོ། །དེ་དང་བསྟན་པས་དགེ་བའི་བཤེས་གཉེན་གྱིས་ཟིན་ཅིང་བསོད་ནམས་ཀྱི་བྱ་བ་བྱེད་པས་ན་བདེ་བའི་རྒྱུ་ཞེས་བྱའོ། །དེ་ལ་གང་བྱིས་པ་ནི་མི་བྱ་བ་བྱེད་པ་སྟེ། མི་དགེ་བ་བཅུ་ལ་སོགས་པ་བྱེད་པའོ། །དེ་ལྟ་བུ་མ་མཐོང་ན་མི་བསྟེན་པས་འཁྲུགས་པ་མེད་པའི་ཕྱིར་བདེ་བ་ཉིད་དུ་འགྱུར་ཞེས་བྱའོ། །དེ་ལ་རྩ་བ་དང་པོ་གཉིས་ནི་དགེ་བའི་བཤེས་གཉེན་བསྟེན་པས་བདེ་བའི་རྒྱུར་འགྱུར་བ་བསྟན། འོག་མ་གཉིས་ནི་མི་དགེ་བའི་བཤེས་གཉེན་སྤངས་པས་བདེ་བའི་རྒྱུར་འགྱུར་བ་བསྟན་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བ་མན་ཆད་ནས་དགྲ་བཅོམ་པ་མཐོང་བ་བདེ་ཞེས་པའི་བར་ཚིགས་བཅད་གཅིག་ནི་དགེ་བའི་བཤེས་གཉེན་རབ་ཏུ་དབྱེ་བ་བསྟན་པ་ཡིན་ནོ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །དགེ་བའི་བཤེས་གཉེན་ནི་འཕགས་པ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་སོ། །


DTG154_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཀུན་རྫོབ་ཀྱི་འཕགས་པ་དང༌། དོན་དམ་པའི་འཕགས་པ་སྟེ། ཀུན་རྫོབ་ཀྱི་འཕགས་པ་ནི་ཞི་གནས་དང་ལྷག་མཐོང་གི་ཡན་ལག་ལ་གནས་པའི་རྣལ་འབྱོར་ཅན་ལ་བྱའོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ནི་གང་ལུས་དང་ངག་གི་སྤྱོད་པ་བདུན་སྤངས་པ་དང༌། རང་བཞིན་དང་བཅས་པའི་ཉེས་བྱས་ཡན་ཅད་མི་སྤྱོད་པའོ། །བདེ་བ་ནི་གོང་མ་ལྟར་ཚུལ་ཁྲིམས་དང་ལྡན་པ་དེ་གནོད་པ་མེད་པའི་ངང་ཚུལ་ཅན་དུ་གྱུར་པས་ན། འགྲོ་བ་མང་པོ་བག་ཕེབས་པས་དེ་དང་བསྟེན་ཅིང་དགེ་བ་ལ་འཇུག་པར་འགྱུར་བས། བདེ་བའི་རྒྱུ་ཞེས་བྱ་སྟེ། དགེ་སློང་གནོད་པ་མེད་པའི་ངང་ཚུལ་ཅན་དུ་གྱུར་པ་ལ་བྱོལ་སོང་ཀུན་ཀྱང་བག་ཕེབས་པར་བསྟན་པས་ན། རྔོན་པ་ལྟ་བུ་འང་དགེ་སློང་གི་ལྟ་བུར་འཇུག་ཅིང་བོལ་སོང་ལ་གནོད་པ་བྱེད་པ་ཡིན་ནོ། །དི་ནི་ཞི་གནས་ཀྱི་ཡན་ལག་དང་སྦྱར་རོ། །དེ་ལ་མང་དུ་ཐོས་པ་ནི་ལྡན་པའི་མདོ་སྡེ་ལས་འབྱུང་བ་མང་དུ་ཐོས་པ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རང་དང་སྤྱི་དང་གནས་དང་གནས་མ་ཡིན་པ་སྟེ། མདོར་ན་གཟུགས་ལ་ཆགས་པའི་འདོད་ཆགས་དང་བྲལ་བ་དང་ཟག་པ་དང་བཅས་པ་ལ་སྐྱོ་བར་བྱ་བའི་ཆོས་རྣམས་རབ་ཏུ་ཐོས་པ་ལ་བྱའོ། །བདེ་བ་ནི་མང་དུ་ཐོས་པ་དེས་གཞན་གྱི་ལྟ་བ་དང་འགྱོད་པ་དང་ཐེ་ཚོམ་སེལ་པར་བྱེད་པས་ན་བདེ་བའི་རྒྱུ་ཞེས་བྱའོ། །དེ་ལྟར་ན་ཚུལ་དང་ལྡན་པས་ཞི་གནས་གྱི་ཡན་ལག་ལ་གནས་པ་དང་ལྡན་པ་བསྟན། མང་དུ་ཐོས་པས་ལྷག་མཐོང་གི་ཡན་ལག་ལ་གནས་པ་བསྟན་པ་ཡིན་ནོ། །འདི་མན་ཆད་རྩ་བ་གཉིས་ནི་དོན་དམ་པའི་འཕགས་པའི་ཡིན་པར་སྟོན་པའོ། །ཡང་སྲེད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །དགྲ་བཅོམ་པ་ནི་རྒྱ་གར་སྐད་དུ། ཨ་ར་ཧན་ཞེས་བྱ་བ་ལ་དོན་རྣམ་པ་གཉིས་འདྲེན་ཏེ། དགྲ་བཅོམ་པ་དང་མཆོད་པར་འོས་པ་ཞེས་བྱ་མོད་ཀྱི། འདིའི་སྐབས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དགྲ་བཅོམ་པས་ཡང་སྲིད་པ་ལས་གྲོ་ལྦ་ཉིད་ལ་བྱའོ། །ཡང་ན་དགྲ་བཅོམ་པའི་མཆོག་གི་བས་པ་རྙེད་པ་ཡང་ཡིན་ནོ། །དེ་ལྟ་བུ་མཐོང་ན་རྗེས་སུ་མོས་ཤིང་སེམས་དང་བ་དང་བསྟན་རྗེས་སྤྱོད་པར་འགྱུར་བས་ན་བདེ་བའི་རྒྱུ་ཞེས་བྱའོ་།།འབབ་སྟེགས་ཞེས་བྱ་བ་འདི་མན་ཆད་ནས། ང་རྒྱལ་ཟད་པ་བདེ་ཞེས་བྱ་བའི་བར་དུ་ཚིགས་བཅད་གཅིག་ནི་འཐོབ་པར་བྱ་བ་བདེ་བའི་རྒྱུ་དང༌། བསྒྲུབ་པར་བྱ་བ་བདེ་བའི་རྒྱུ་བསྟན་པ་ཡིན་ནོ། །འབབ་སྟེགས་


DTG154_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཆུ་ཀླུང་བདེ། །འབབ་སྟེགས་ནི་ཆུ་བོའི་འགྲམ་ལྟ་བུ་བདེན། བཀྲུ་བ་དང་བཏུང་བ་ལ་སོགས་པ་ཆུ་དོན་སྒྲུབ་རྣམས་བདེ་བ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་བྱ་ན། ཆུ་འགྲམ་འབབ་སྟེགས་མི་བདེ་བ་དང་འདྲ་བར་རྟག་ཆད་དུ་ལྟ་བ་གཉིས་སྤངས་ནས། འབབ་སྟེགས་བདེ་བ་དང་འདྲ་བའི་དབུ་མའི་ལམ་རྟེན་འབྲེལ་ཚོགས་ཏེ་བྱུང་བའི་དོན་ཤེས་པས་ཆུ་ལྟ་བུའི་རྣམ་པར་གྲོལ་བ་འཐོབ་པར་འགྱུར་རོ། །རྩ་བ་འདིས་ནི་འཐོབ་པར་བྱ་བ་བདེ་བའི་རྒྱུ་ཡིན་པར་བསྟན་ཏོ། །ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ། །ཤེས་རབ་རབ་ཏུ་ཐོབ་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ཆོས་ཀྱིས་རྒྱལ་བ་ནི་གོང་མ་ལྟ་བུའི་རྣམ་པར་གྲོལ་བ་འཐོབ་པར་འདོད་པས་ལམ་དང་གཉེན་པོའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་སྦྱངས་པའི་རྣལ་འབྱོར་ཅན་ལ་བྱའོ། །ཤེས་རབ་ཐོབ་པ་ནི་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཀྱི་མཚན་ཉིད་ཐོབ་པའི་དོན་ཏོ། །ང་རྒྱལ་ཟད་པ་ནི་གོང་མ་ལྟ་བུའི་ཤེས་རབ་འཐོབ་པའི་རལ་གྲིས་བདག་དང་བདག་གིར་འཛིན་པའི་ང་རྒྱལ་གྱི་རྒྱལ་མཚན་གཅོད་པས་ན་བདེ་བའི་རྒྱུ་ཞེས་བྱའོ། །ངེས་པར་བྱ་བའི་མན་ཆད་ནས་ཡལ་བ་རྣམས་ཀྱང་བདེ་ཞེས་བྱ་བའི་བར་དུ་ཚིགས་བཅད་གཅིག་ནི་སྦྱངས་པའི་ཡོན་ཏན་དང་ལྡན་པས་བདེ་བའི་རྒྱུར་བསྟན་པ་ཡིན་ནོ། །ངེས་པར་བྱས་ནས་དབང་པོ་ཐུལ་བ་དང༌། །མང་དུ་ཐོས་པ་དགོན་པ་ཞི་རྣམས་སུ། །གནས་པར་གྱུར་དང་ནགས་སུ་གདགས་པ་དང༌། །དར་ལ་བབ་པ་ཡོལ་བ་རྣམས་ཀྱང་བདེ། །ངེས་པར་བྱས་པ་ནི་ཡི་དམ་བླངས་པ་ལ་བྱ་སྟེ། དེ་ཡང་དུས་འགའ་ཙམ་དུ་བསྲུང་བ་མ་ཡིན་ནོ། །ནམ་འཚོའི་བར་དུ་བསྲུང་བ་དང༌། གཞན་གྱི་དྲིང་ལ་འཇོག་པ་ཙམ་གྱི་ཕྱིར་མ་ཡིན་གྱི་གདོན་མི་ཟ་བར་ཉོན་མོངས་པ་སྤངས་པའི་ཕྱིར་ཡི་དམ་བླངས་པའི་དོན་ཏོ། །འདིས་ནི་ཡི་དམ་བཅས་པ་དང་པོ་རྣམ་པར་དག་པ་བསྟན་ཏོ། །དབང་པོ་དུ་ལ་བ་ནི་དགོན་པ་ན་གནས་པའི་ཚེ། ལུས་དབེན་པར་མ་ཟད་ཀྱི་སེམས་ལ་སོགས་པ་དབང་པོ་ལྡ་གཡེང་བ་མ་ཡིན་ཏེ། སྒོ་ལྔའི་ཡོན་ཏན་ལ་དབང་པོ་མི་འཇུག་པར་བསྲུང་བའོ། །འདིས་ནི་དགོན་པ་ལ་གནས་པ་དང་དབང་པོ་དུལ་བ་བསྟན་པའོ། །མང་དུ་ཐོས་པ་ནི་རང་བཞིན་དང་བཅས་པའི་ཉེས་བྱས་དང༌། བྱ་བ་དང་མི་བྱ་བ་དང༌། སྤང་བ་དང་སྒྲུབ་པ་དང་གཉེན་པོ་ལ་སོགས་པ་ལ་རབ་ཏུ་མཁས་པ་སྟེ། འདིས་ནི་དགོན་པ་ན་གནས་པ་འབྲས་བུ་དོན་


DTG154_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པར་སྟོན་པའོ། །དགོན་པ་ཞི་རྣམས་སོ། །བྱ་བ་ནི་དགོན་པའི་རྣམ་གྲངས་སོ། །ཞི་བ་ནི་འདུ་འཛི་མེད་པའི་གནས་ལ་བྱ་སྟེ། འདིས་ནི་ཞི་གནས་ཕུན་སུམ་ཚོགས་པར་བསྟན་ཏོ། །གནས་པར་གྱུར་ཞེས་པ་རྟག་ཏུ་དགོན་པ་ཞེས་སྨོས་པ་དང་སྦྱར་རོ། །རྒས་པ་ནི་འཆི་བའི་མཐར་ཐུག་གི་བར་དུ་དགོན་པར་གནས་པའི་དོན་ཏོ། །དར་ལ་བབ་པ་ཡལ་ཞེས་པ་ནི་རྒས་ནས་དགོན་པར་གནས་བཅས་པ་མ་ཡིན་གྱི་གཞོན་ནུ་ནས་དགོན་པར་གནས་ཏེ། རྒས་ཤིང་འཆི་བའི་མཐར་ཐུག་གི་བར་དུ་གནས་པ་ལ་བྱའོ། །བདེ་བ་ནི་དེས་པ་ནས་མང་དུ་ཐོས་པའི་བར་དུ་སྨོས་པ་རྣམས་དང་ལྡན་པས་ན་ཉོན་མོངས་པ་ཁད་ཀྱིས་སྤངས་པའི་ཕྱིར་བདེ་བའོ། །ཚེ་དང་ལྡན་པ་ཞེས་པ་འདི་མན་ཆད་ནས་གླེང་གཞི་བཤད་ཟིན་ཏེ་ཞེས་བྱ་བའི་བར་དུ་ནི་གླེང་གཞི་ལ་བསྡུས་པའི་དོན་བརྒྱད་འབྱུང་བ་སྟོན་པ་ཡིན་ཏེ། བརྒྱད་གང་ཞེ་ན། མི་ཉན་པའི་ཉེས་པ་དང༌། མ་འདུས་པ་བསྡུས་པ་དང༌། མཆོད་པའི་ཆོ་ག་དང༌། སྒྲུབ་པར་དམ་འཆར་གཞུག་པ་དང༌། དེའི་ཡོན་ཏན་དང༌། ལོག་པར་བསྒྲུབས་པའི་ཉེས་པ་དང༌། ཡང་དག་པར་སྟོན་པ་དང༌། འཁོར་ཡོངས་སུ་དག་པ་སྟེ། ཚེ་དང་ལྡན་པ་ཞེས་མན་ཆད་ནས་བག་ཡོད་པས་འཐོབ་ཅེས་པའི་བར་དུ་ནི་མི་ཉན་པའི་ཉེས་པ་བསྟན་ཏོ། །ཚེ་དང་ལྡན་པ་རྣམས་དཔྱིད་རྣམས་ལས་ཅི་ཙམ་ལས་འདས་པ་དང་ལྷག་མ་ལུས་པ་དག་གོ ། ཚེ་དང་ལྡན་པ་ནི་ཀློག་པས་འཁོར་འདུས་པ་ལ་སྙན་པར་བོད་པ་སྟེ། དོན་ནི་ཇི་སྲིད་འཚོ་བའི་བར་དུ་ཚེས་གཟུང་བ་ལ་བྱའོ། །དཔྱིད་པ་ནི་དུས་གཅིག་ངེས་པ་མེད་དེ། གསོ་སྦྱིན་གྱི་ཁ་ཏོན་ཀློག་པའི་ཚེ་དུས་གང་ཡིན་པའི་ཟླ་བ་འདི་སྙེད་ཅིག་འདས་འདི་སྙེད་ཅིག་ལུས་ཞེས་བརྗོད་པར་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་དག་ཀྱང་མངོན་པར་འོང་ཞིང༌། སྟོན་པའི་བསྟན་པ་ཡང་ཁད་ཀྱིས་འཇིག་གི །ཚེ་དང་ལྡན་པ་དག་བག་ཡོད་པ་ལ་རྣལ་འབྱོར་དུ་བྱའོ། །ཅིའི་ཕྱིར་རྟེན་འབྲེལ་བཅུ་གཉིས་ལས་འདིར་རྒ་ཤི་འབའ་ཞིག་སྨོས་ཤེ་ན། དེ་ཚངས་པར་སྤྱོད་པའི་རྒྱུར་བསྟན་པ་ཡིན་ཏེ། རྒྱུ་གང་ཞེ་ན། གནས་དང་སྐྱེ་མཆེད་གཉིས་ལ་བྱ་སྟེ། གནས་ནི་ལུས་ལ་བྱ་སྟེ། སྐྱེ་མཆེད་ནི་གསུང་རབ་ཀྱི་མདོ་སྡེ་ལ་བྱ་སྟེ། དེ་གཉིས་གཅིག་མེད་ནའང་ཚངས་པར་སྤྱོད་པར་མི་འགྱུར་བའི་ཕྱིར་རྒ་ཤི་ཡང་མངོན་བར་འོངས། བསྟན་པའི་སྐྱེ་མཆེད་ཀྱང་ཁད་ཀྱིས་འཇིག་གི་བག་དང་ནན་ཏན་བྱོས་ཤིག་པར་སྟོན་པའོ། །དེ་ལ་སྟོན་པ་ནི་ཕྱིན་ཅི་མ་ལོག་


DTG154_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པ་སྟེ། དེ་བཞིན་གཤེགས་པའོ། །བསྟན་པ་ནི་གསུང་རབ་ཀྱི་མདོ་སྡེ་ཡིན། མངོན་པའི་ཆོས་ལས་འབྱུང་བ། དམ་པའི་ཆོས་ཇི་སྲིད་གནས་ཞེས་ནས། ཇི་སྲིད་སྨྲ་བ་དང་སྒྲུབ་པ་གཉིས་ཡོད་ཀྱི་བར་དུ་དམ་པའི་ཆོས་ཀྱང་གནས་སོ་ཞེས་འབྱུང་བས་ན། སྨྲས་པ་ནི་ཀློག་འདི་ལ་སོགས་པ་སྤྱད་སྒྲུབ་པས་ནི་ཉོན་མོངས་པའི་གཉེན་པོ་བསྒོམ་པར་བྱའོ། །འདི་ཡན་ཆད་ཀྱིས་ནི་བག་བྱ་བའི་རྒྱུ་བསྟན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། གཞན་ཡང་གང་དག་དེ་ལྟ་བུའི་ཕྱོགས་ཀྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །དེ་བཞིན་གཤེགས་པ་ནི་སྔ་རབས་ཀྱི་དེ་བཞིན་གཤེགས་པ་བཞིན་དུ་གསུངས། སྔ་མ་བཞིན་དུ་ཆུད་ཅིང་མཁྱེན་པའོ། །ཡང་ན་ཆོས་ཇི་བཞིན་པ་ཉིད་དུ་སྟོན་པ་དང༌། སྔ་མ་བཞིན་དུ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པ། ཡང་དག་པར་རྫོགས་པ་ནི་ཕྱིན་ཅི་མ་ལོག་པར་རྫོགས་པའོ། །བྱང་ཆུབ་ནི་ཟག་པ་ཟད་པའི་ཡེ་ཤེས་ཐོབ་པ་སྟེ། དེ་ཡང་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཐོབ་པའོ། །བྱང་ཆུབ་ཕྱོགས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱང་གོང་མ་ལྟར་མངོན་པར་བྱང་ཆུབ་པ་ཐོབ་པས། དགེ་བའི་ཆོས་མ་ལུས་པ་ཡང་ཞར་ལ་འཐོབ་པར་འགྱུར་རོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་བ་ནི་བྱང་ཆུབ་འབྱུང་བ་འམ། བྱང་ཆུབ་ཀྱི་རྒྱུར་གྱུར་པ་ལ་བྱ་སྟེ། ལེའུ་འདིས་ནི་བག་བྱས་པའི་འབྲས་བུ་བསྟན་པ་ཡིན་ནོ། །འདི་མན་ཆད་ནས་བརྗོད་པར་བྱའོ་ཞེས་པའི་བར་དུ་མ་འདུས་པ་བསྡུ་བར་བསྟན་པ་ཡིན་ནོ། །དགེ་འདུན་ཐོག་མར་བྱ་བ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བའོ། །ཐོག་མར་བྱ་བ་ཅི་ཞེས་བྱ་བ་ནི། གང་ཟག་གི་གསོ་སྦྱིན་མཐོལ་བ་ལ་སོགས་བྱས་ཟིན་པས་བྱ་བ་ཅི་ཡོད་འདྲི་བའི་དོན་ལྟ་བུའོ། །དེ་ལ་བཅོམ་པ་ནི་དུག་གསུམ་ལ་སོགས་པའི་ཉོན་མོངས་པ་བཅོམ་པ་དང༌། བདུད་བཞི་བཅོམ་པའོ། །ལྡན་པ་ནི་དགེ་བའི་སྐལ་བ་དང༌། ཡང་ན་དབང་པོ་ལ་སོགས་པ་དབང་པོ་དྲུག་དང་ལྡན་པའོ། །ཉན་ཐོས་ནི་བདག་གིས་མཉན་ཏེ། ཐོས་པ་དང་འབྲས་བུ་ཐོབ་སྟེ། གཞན་གྱིས་ཐོས་པར་བརྗོད་པའི་དོན་ཡང་ཡིན་ནོ། །དོན་ཉུང་བ་ནི་གོང་མ་ལྟར་


DTG154_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱས་པས་ན་ཉེས་བྱས་ཡན་ཆད་སེམས་ཀྱིས་སྡོམ་ཞིང་དྲན་པར་བྱེད་པའོ། །བྱ་བ་ཉུང་བ་ནི་ལུས་དང་ངག་གིས་ལས་བྱས་ཟིན་པའི་དོན་ཏོ། །ལུས་ཀྱི་ལས་ནི་གསོ་སྦྱིན་གྱི་སར་ཕྱག་དར་ཆག་ཆག་དང༌། མཎྜལ་དཀྱིལ་འཁོར་ལ་སོགས་པར་བགྱིས་པས་སོ། །ངག་གི་ལས་ནི་ལྟུང་བའི་དངོས་པོ་ནས་བརྗོད་ཅིང་མཐོལ་ཟིན་པའི་དོན་ཏོ། །གསོ་སྦྱིན་གྱི་སར་དགེ་འདུན་འདུས་པའི་འོག་ཏུ་གསོ་སྦྱིན་ལས་མ་ཡིན་པ་གཞན་ལས་སུ་བྱ་བ་མེད་པའི་དོན་ཏོ། །ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་དད་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་སླར་བརྗོད་པར་བྱའོ། །གསོ་སྦྱིན་གྱི་གནས་སུ་མི་འདུར་གནང་བ་ནི། ནད་པ་དང༌། དགེ་བའི་རྒྱུན་དུ་ཞུགས་པ་གཉིས་ཡིན་ཏེ། དེ་ལ་དད་པ་ཕུལ་བས་ནི་མི་མཐུན་པའི་ལས་མེད་པར་འགྱུར། ཡོངས་སུ་དག་པ་ཕུལ་བས་ནི་བདག་ཚུལ་ཁྲིམས་ཀྱི་སྣོད་དུ་འགྱུར་བའོ། །སླར་བརྗོད་པ་ནི་དད་པ་དང་ཡོངས་སུ་དག་པ་གཉིས་དགེ་འདུན་གྱི་དབུས་སུ་བརྗོད་པར་བྱའོ། །ཤཱཀྱ་ཞེས་པ་མན་ཆད་ནས་ང་ལ་ཉོན་ཅེས་པའི་བར་དུ་ཚིགས་བཅད་གཅིག་ནི་མཆོད་པར་བྱ་བའི་ཆོ་ག་སྟོན་པ་ཡིན་ནོ། །ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །སོ་སོར་ཐར་པ་བཤད་པར་བྱས། །འདུལ་བ་དེ་ནི་ང་ལས་ཉོན། །ཤཱཀྱ་ནི་རིགས་ཤཱཀྱ་ང་ཡིན་ཏེ་གདུང་ཡོངས་སུ་དག་པའོ། །སེང་གེ་ནི་མི་འཇིགས་པ་དང་ལྡན་པས་ཡེ་ཤེས་ཡོངས་སུ་དག་པ་སྟེ། མི་འཇིགས་པ་གང་ཞེ་ན། མངོན་པར་བྱང་ཆུབ་པའི་འོག་ཏུ་འདི་ལྟ་བུའི་ཆོས་ཤིག་མ་ཆུད་དོ་ཞེས་གླེངས་ཀྱང་དོགས་པ་མེད་པ་དང༌། ཟག་པ་འདི་ལྟ་བུ་ཞིག་མ་སྤངས་སོ་ཞེས་གླེངས་ཀྱང་དོགས་པ་དག་མེད་པ་དང༌། མཚམས་མེད་པ་ལ་སོགས་པ་མི་དགེ་བའི་ཆོས་ཀྱིས་བར་དུ་གཅོད་པར་མི་འགྱུར་རོ་ཞེས་གླེངས་ཀྱང་དོགས་པ་མེད་པ་དང༌། འཕགས་པའི་ལམ་རྣམ་པར་གཞག་པས་འཕགས་པའི་འབྲས་བུ་མི་ཐོབ་བོ་ཞེས་གླེངས་ཀྱང་དོགས་པ་མེད་པའོ། །སོ་སོར་ཐར་བ་བཤད་ཅེས་པ་ནི་མདོ་སྡེ་དང་མ་མོ་འང་སོ་སོར་ཐར་པ་ཞེས་བྱ་མོད་ཀྱི། སྐབས་སུ་འདིར་འདུལ་བའི་སོ་སོར་ཐར་པ་བཤད་ཅེས་པའི་དོན་ཏོ། །ང་ལ་ཉོན་ཅིག་པ་ནི་འདུལ་བ་དེ་ངས་བསྒྲགས་པར་བྱས་ཉོན་ཅེས་སྟོན་པའོ། །ཐོས་ནས་དྲང་སྲོང་ཞེས་པ་མན་ཆད་ནས་སོ་སོར་ཐར་པ་ཞེས་པའི་བར་དུ་ཚིགས་བཅད་གཉིས་ནི་དམ་བཅར་གཞུག་པ་སྟོན་པ་ཡིན་ནོ། །


DTG154_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྣམ་པ་གཉིས་ཏེ། ཐོས་པར་དམ་བཅའ་བ་དང༌། ནན་ཏན་སྙིང་པོར་བསྒྲུབ་པར་དམ་བཅའ་བའོ། །དེ་ཐོས་པར་དམ་བཅའ་བ་ནི་རྩ་བ་དང་པོ་གཅིག་དང་སྦྱར། ནན་ཏན་སྙིང་པོར་དམ་བཅའ་བ་ནི་ལྷག་མ་རྩ་བདུན་དང་སྦྱར་རོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བསྒྲིམས་ཏེ་གུས་པར་གྱིས་ཤིག་ཅེས། །གསུངས་པ་བཞིན་དུ་བསྒྲུབ་པར་གྱིས། །ཐོས་ཞེས་པ་ནི་ཁ་ཏོན་ཀློག་པར་ཐོས་པའོ། །དྲང་སྲོང་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་འང་དྲང་སྲོང་ཆེན་པོ་ཞེས་བྱ་མོད་ཀྱི། དེའི་གཙོ་བོར་གྱུར་པ་ནི་སངས་རྒྱས་ཡིན་པར་སྟོན་ཏོ། །རྒྱ་གར་སྐད་དུ་རི་ཥི་ཞེས་བྱ་བའི་ཚིག་ལས། གཙེ་བ་ཞེས་ཀྱང་འདྲེན་ཏེ། ཉོན་མོངས་པ་གཙེས་ཤིང་སྤངས་པའི་དོན་ཏོ། །ཁ་ན་མ་ཐོ་བ་ནི་འབྱུང་ཞིང་བསྙད་དུ་མི་བཟོད་པ་སྟེ། སྡིག་པའི་ཆོས་ལ་བྱ་སྟེ། དེ་ལྟ་བུ་ལས་བསྒྲིམས་ལ་གུས་པར་གྱིས་ཤིག་ཅེས་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་ནན་ཏན་ཆེན་པོ་སྒྲུབས་ཤིག་པའི་དོན་ཏོ། །རྟག་པར་ཤིན་དུ་བརྟན་པ་ཡི། །སེམས་རྟ་ཁ་བླ་ན་དཀའ་བ་ལ། །གཟེར་བུ་རྣོན་པོ་བརྒྱ་པ་ཡི། །སྲབ་འདྲ་སོ་སོར་ཐར་པ་འདིའོ། །དཔེར་ན་རྟ་རྒོད་ལས་མ་ཡིན་པར་བརྟེན་པ་ནི་གཟེར་བུ་བརྒྱ་ཟུག་པའི་སྲབ་ཀྱིས་བསྲབས་ན་དུལ་བར་འགྱུར་རོ། །དེ་བཞིན་དུ་རྟ་རྒོད་དང་འདྲ་བའི་སེམས་ཡུལ་ལ་འཕྲོ་ཞིང་འཇུག་པ་བླ་ན་པར་དཀའ་བའི་སྲབ་ནི་སོ་སོར་ཐར་པ་འདི་ལ་བྱའོ། །དེ་ལ་སེམས་ཞེས་སྨོས་པས་མུ་སྟེགས་ཀྱི་བདག་ཏུ་ལྟ་བ་ལ་སོགས་པ་འགགས་སོ། །འདྲ་ཞེས་པའི་ཚིག་ནི་རྣམ་པ་གཅིག་ཏུ་རིགས་པར་ཡང་འདྲེན་ཏེ། རིགས་པ་གང་ཞེ་ན། མཐའ་གཉིས་དང་བྲལ་བའི་ཡིན་ཏེ། འདོད་པའི་ཡོན་ཏན་ལ་མི་ཆགས་པ་དང༌། རང་གི་ཡུལ་ལ་གཙེ་ཞིང་སྡུག་བསྔལ་མི་སྐྱེད་པ་སྟེ། དེ་གཉིས་ནི་འཇིག་རྟེན་པ་དང་མུ་སྟེགས་པའི་མཐའོ། །དེ་གཉིས་དང་བྲལ་བ་ནི་སོ་སོར་ཐར་པ་འདི་ཡིན་པར་སྟོན་པའོ། །ཆེ་བ་གང་ཞེས་པ་འདི་མན་ཆད་ནས་ཐར་བར་འགྱུར་ཞེས་པའི་བར་དུ་ཚིགས་བཅད་གཅིག་ནི་དམ་བཅས་པའི་ཡོན་ཏན་སྟོན་པ་ཡིན་ནོ། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ཐར་བར་འགྱུར། །ཆེ་བ་ནི་སྐྱེས་བུ་དམ་པ་སྟེ། །དགེ་བའི་ངང་ཚུལ་ཅན་ཏེ། །དེ་ལྟ་བུ་ལ་ངག་ཙམ་གྱིས་བསྒོ་བས་


DTG154_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྡོམ་པའི་མཚམས་ལས་མི་འདའ་བར་དགེ་བ་ལ་འཇུག་སྟེ། དཔེར་ན་སྐྱེས་བུ་བློ་ཅན་རྟ་ཅང་ཤེས་ལ་ཞོན་ན་དགྲའི་གཡུལ་ལས་རྒྱལ་བ་བཞིན་དུ། རྟ་ཅང་ཤེས་དང་འདྲ་བའི་སོ་སོར་ཐར་པ་ལ་དགེ་སློང་གིས་གནས་པར་བྱས་ན་ཉོན་མོངས་པའི་གཡུལ་ལས་རྒྱལ་བར་འགྱུར་རོ། །སུ་ལ་སྲབ་མེད་པ་ཞེས་པ་མན་ཆད་ནས། འཁྱམ་པར་འགྱུར་ཞེས་པའི་ཚིགས་བཅད་གཅིག་ནི་ལོག་པར་བསྒྲུབས་པའི་ཉེས་པ་སྟོན་ཏོ། །སུ་ལ་སྲབ་འདི་མེད་པ་འམ། །ནམ་དུའང་འདོད་པར་མི་འགྱུར་རོ། །དེ་དག་ཉོན་མོངས་གཡུལ་ལས་འཕམ། །གཟུངས་མེད་རྣམ་པར་འཁྱམ་པར་འགྱུར། །སྲབ་མེད་པ་ནི་མུ་སྟེགས་ཅན་ལ་སོ་སོར་ཐར་པ་འདི་ལྟ་བུ་མེད་པར་སྟོན། ནམ་དུའང་མི་འདོད་མི་འདོད་པ་ནི་འཇིག་རྟེན་པ་ལྔའི་ཡོན་ཏན་གྱིས་གཡེངས་པ་སྟེ། འདི་གཉིས་ནི་ཉོན་མོངས་པའི་ཕམ་པར་བྱེད་དོ། །གཟུངས་མེད་རྣམ་པར་འཁྱམ་པ་ནི་ཕྱུགས་རྒོད་པ་དེ་སྒྲོག་རྟོད་ཀྱི་གཟུངས་ལས་ཤོར་ན་འཁྱམས་པ་བཞིན་དུ་མུ་སྟེགས་ཅན་དང༌། འཇིག་རྟེན་པ་ལ་སོ་སོར་ཐར་པའི་གཟུངས་མེད་པས་ངན་སོང་གསུམ་དུ་འཁྱམ་པར་འགྱུར་རོ། །གསོན་ཅིག་པ་མན་ཆད་ནས་གསོལ་བའོ་ཞེས་པའི་བར་དུ་ནི་ཡང་དག་པར་སྟོན་པ་འཆད་པ་ཡིན་ནོ། །དགེ་འདུན་བཙུན་པ་གསོན་ཅིག །དེང་དགེ་འདུན་གྱི་གསོ་སྦྱིན་བཅུ་བཞི་པ་འམ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱིན་མཛད་དེ། སོ་སོར་ཐར་པའི་མདོ་བཤད་པ་གདོན་ཏོ། །འདི་ནི་གསོལ་བའོ། །གསོན་ཅིག་པ་ནི་ཀློག་པས་འཁོར་འདུས་པ་བོད་པའི་ཚིག །གསོ་སྦྱིན་ནི་ལྟུང་བ་གསོ་ཞིང་དགེ་བའི་རྩ་བ་བསྐྱེད་པའི་དོན་ཏོ། །བཅུ་བཞི་པ་འམ་བཅོ་ལྔ་བ་ཞེས་པ་ནི་དུས་ཀྱི་མགོ་སྟོན་ཟླ་ཐ་ཆུངས་ཉ་ལ་ཟུག་པ་ནས་ཟླ་བ་གཉིས་ལ་གསོ་སྦྱིན་བཞི་སྟེ། དང་པོ་གཉིས་དང་ཐ་མ་ནི་བཅོ་ལྔ་ཐ་ལྟག་ནི་བཅུ་བཞིའི་གསོ་སྦྱིན་ཏེ། དེ་ཕྱི་དེ་ལོའི་སྟོན་ཟླ་ཐ་ཆུངས་ཉ་ལ་ཐུག་གི་བར་དུའང་དེ་བཞིན་དུ་རིག་པར་བྱའོ། །དུས་ལ་བབ་པ་ནི་ལྟག་ཏུ་སྨོས་པའི་དུས་གཉིས་སོ། །བཟོད་པ་ནི་དགེ་འདུན་སྡེར་མ་ཆད་པའི་མ་ལྷག་པ་ལ་ཡན་ཆད་ཀྱི་ལྟུང་བ་མ་བྱུང་བའི་དགེ་འདུན་ནོ། །ཚེ་དང་ལྡན་པ་དག་ཅེས་པ་མན་ཆད་ནས། གླེང་གཞི་བཤད་ཟིན་ཏོ་ཞེས་པའི་བར་ནི་འཁོར་ཡོངས་སུ་དག་པ་སྟོན་པ་ཡིན་ནོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱིན་བྱ་སྟེ། སོ་སོར་ཐར་པའི་མདོ་བཤད་པ་གདོན་གྱིས།


DTG154_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཅག་སུ་ཡང་གང་ཉེས་པ་ཡོད་པ་དེ་མཐོལ་ཅིག །ཉེས་པ་མེད་ན་ཅང་མ་སྨྲ་ཤིག །མི་སྨྲ་ན་བདག་ཅག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བགྱི་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ། དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་བསྒྲགས་པར་བྱའོ། །མཐོལ་བ་ནི་རང་བཞིན་གསལ་ཞིང་མཚན་མ་མཐུན་པ་དང༌། ལྟ་བ་མཐུན་པའི་མདུན་དུ་བཤགས་པར་བྱའོ། །ཁྱེད་ཅག་སུ་ལ་ཉེས་པ་ཡོད་པ་དེས་མཐོལ་ཞིང་ཉེས་པ་མེད་ན་ཅད་མ་སྨྲ་ཤིག་པའི་ཚིག་ནི་ཁ་ཏོན་ཀློག་པར་བྱས་སུ་མ་ཟིན་གྱི་བར་དུ་བརྗོད་པར་བྱ། ལེའུ་འདིས་ནི་ལྟུང་བ་མེད་པར་འགྱུར་བས་འཁོར་ཡོངས་སུ་སྦྱངས་པ་སྟོན་ཏོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུ་ལན་གསུམ་བར་དུ་བསྒྲགས་པ་ལས། ཉེས་པ་ཡོད་ལ་དྲན་བཞིན་དུ་མ་མཐོལ་ནས་དེ་ཤེས་བཞིན་དུ་བརྫུན་ཟེར་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །བར་དུ་གཅོད་པ་ནི་སྣང་བ་དང་མི་སྣང་བའི་བར་དུ་གཅོད་པ་སྟེ། སྣང་བ་ནི་མཐོང་བའི་འབྲས་བུ་སྟེ་ཚེ་འདི་དང༌། མི་སྣང་བ་ནི་ཚེ་འདི་ལ་མི་སྣང་བའི་འབྲས་བུ་སྟེ། ཚེ་ཕྱི་མའོ། །དེ་བས་ན་དགེ་སློང་ཉེས་པ་བྱུང་བ་རྣམ་པར་དག་པར་འདོད་པས་ཉེས་པ་ཡོད་ལ་དྲན་བཞིན་དུ་མཐོང་བ་བཤགས་པར་བྱའོ། །བཤགས་ན་བདེ་བར་འགྱུར་རོ། །མ་བཤགས་མ་མཐོལ་ན་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་ཀླག་པའི་གླེང་གཞི་བཤད་ཟིན་ཏོ། །ཉེས་པ་ཡོད་ལ་དྲན་ཞེས་བྱ་བ་ནི། གཞན་གྱི་གླེངས་པའི་ཚེ་ལྟུང་བ་དྲན་པའོ། །མཐོང་ཞེས་བྱ་བ་ནི་གཞན་གྱིས་མ་གླེངས་ཀྱང་ལྟུང་བ་ཡོད་པར་རང་གིས་ཤེས་པའོ། །རྣམ་པར་དག་པ་ནི་མྱ་ངན་ལས་འདས་པ་འམ། ཡང་ན་འཕྲལ་དུ་ལྟུང་བ་ལས་བསླངས་ཏེ་ལྟུང་བ་གསོས་པའི་དོན་ཏོ། །བདེ་བར་འགྱུར་བ་ནི་གོང་མ་ལྟར་བཤགས་པ་བྱས་པ་ན། འགྱོད་པ་དང་ཐེ་ཚོམ་མེད་པར་འགྱུར་བས་བདེ་བ་ཞེས་བྱའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་གང་ལ་ལྟུང་བ་ཡོད་པ་


DTG154_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཐོལ་ཅིག་པར་བསྒྲགས་པ་ལྷག་མའི་སྐབས་སུ་མ་མཐོལ་ན་ཡང་འདིའི་སྐབས་སུ་མཐོལ་བར་བྱའོ། །དེ་ལྟར་སུའང་བཤགས་པ་བྱེད་པ་མེད་པར་གྱུར་ན། ཀློག་པས་འཁོར་གཙང་མར་རིག་པར་བྱ་བར་སྟོན་པའོ། །མདོར་ན་མདོ་ནི་གདགས་པའི་ཚིག་སྟེ་གླེང་བའི་མདོ་ཙམ་སྨོས་པ་ཡིན་ནོ། །མདོ་བཞི་བརྗོད་པས་དེ་མཐའ་གཉིས་པར་འགྱུར་ཏེ། ཕས་ཕམ་པ་བཞི་བས་མང་ཞེ་འམ་བཞི་བས་ཉུང་ཞེས་བསྐྱེད་སྐྱུར་གྱི་མཐའ་སྤང་བར་བྱའོ། །སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། ཉན་ཐོས་ཀྱི་འཁོར་དང་ལྡན་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་ཐམས་ཅད་ཀྱང་ཚངས་པར་སྤྱོད་པ་ལ་གནས་པས་ལྟུང་བ་བཅས་པ་མེད་དོ། །ལོ་བཅུ་གསུམ་ལ་བབ་པའི་ཚེ་ཚོང་དཔོན་གྱི་བུ་བཟང་སྦྱིན་གྱིས་མི་ཚངས་པར་སྤྱད་པ་ལས་ལྷུང་བ་དང་པོར་བཅས་ཏེ། དེ་ལྟར་ལྟུང་བ་བཅས་པ་ཡང་ཡོན་ཏན་བཅུ་ཡོད་པའི་ཕྱིར་ཏེ། བཅུ་གང་ཞེ་ན། དགེ་འདུན་བསྡུ་བ་ཤིན་ཏུ་གནས་པ། བདེ་བར་གནས་པ། གདུལ་དཀའ་བ་འདུལ་བ། ཁྲེལ་ཡོད་པར་བདེ་བར་བྱེད་པ། མ་དད་པ་རྣམས་དད་པར་བྱེད་པ། དད་པ་རྣམས་ཕྱིར་ཞིང་འབོགས་པ། མཐོང་བའི་ཆོས་ཀྱི་ཉོན་མོངས་པ་སེལ་བ། མ་འོངས་པའི་ཆོས་མི་མངོན་པ་སེལ་བ། ཚངས་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པའི་ཕྱིར་ཏེ། དེ་ལ་དགེ་འདུན་བསྡུ་བ་ནི་མིའི་རིགས་ཚོགས་ལས་རབ་ཏུ་བྱུང་སྟེ། འཁོར་འཕེལ་བར་བྱའོ། །ཡང་ན་དད་པ་རྣམས་འདུལ་བ་ལ་གཞུག་པ་དང༌། མ་དད་པ་བསྐྲད་པར་བྱ་བའི་ཕྱིར་འདུལ་བ་བཅས་སོ། །ཤིན་ཏུ་གནས་པ་ནི་རབ་ཏུ་བྱུང་བ་ཙམ་གྱིས་ཆོག་པ་མ་ཡིན་པས་བསྙེན་པར་རྫོགས་པར་བྱས་ཤིང་དགེ་བའི་ཆོས་ལ་རྒྱ་ཆེར་སྤྱོད་དུ་གཞུག་པའི་ཕྱིར་རོ། །བདེ་བར་གནས་པ་ནི་ལྟུང་བ་དང་བཅས་ན་ལྟུང་བ་དང༌། ལྕི་བ་དང་ཡང་བར་ཤེས་ནས་ཐེ་ཚོམ་མེད་པར་འགྱུར་ཏེ། གཉེན་པོའི་ཚོགས་སྒྲུབ་པ་དང༌། མི་མཐུན་པའི་ཕྱོགས་སྤོང་བར་འགྱུར་རོ། །གདུལ་དཀའ་བ་ནི་རྒོད་ཅིང་འཕྱར་བ་ལ་སོགས་པ་བཏུལ་ནས་སྤྱོད་ལམ་བཞིས་དགེ་བ་ལ་གཞུག་པའི་ཕྱིར་རོ། །ཁྲེལ་ཡོད་པར་བདེ་བར་བྱེད་པ་ནི། བཅས་པའི་ཁ་ན་མ་ཐོ་བས་གཞན་ལ་འཛེམ་པ་སྟེ། ཉེས་པ་སྤྱོད་པ་ལེགས་པར་སྡོམ་པའི་ལས་ཅན་དུ་གྱུར་ནས། དེས་བདེ་བ་ལ་རེག་པར་གནས་པར་བྱེད་དོ། །མ་དད་པ་རྣམས་དད་པར་བྱེད་པ་ནི། འཕགས་པའི་ལམ་གྱི་བསླབ་པ་ལ་སྔོན་འདུན་པར་མ་གྱུར་པ་རྣམས་ལྟུང་བ་བཅས་པས་སྡོམ་པའི་


DTG154_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ལས་མ་འདས་པའི་ཕན་ཡོན་རྗེས་སུ་ཐོས་ནས་ཡིད་ཆེས་པ་དང༌། དང་བ་དང༌། འདོད་པའི་དད་པ་གསར་དུ་སྐྱེད་པར་བྱེད་དོ། །དད་པ་རྣམས་ཕྱིར་ཞིང་འབོགས་པ་ནི་ལྟུང་བ་དང་བཅས་ནས་སྔོན་གྱི་དད་པ་ལས་སྐྱེད་འབྱུང་ཞིང་འབོགས་པར་འགྱུར་རོ། །མཐོང་བའི་ཆོས་ཀྱིས་ཉོན་མོངས་པ་སེལ་བ་ནི་ལྟུང་བ་དང་བཅས་པས་མི་དགེ་བའི་ཆོས་རྣམས་ངོ་ཤེས་ཏེ་མི་སྤྱོད་པར་འགྱུར་རོ། །མ་འོངས་པའི་ཆོས་མི་མངོན་པར་སེལ་བ་ནི་སྔོམ་པ་བཅས་པ་ན་སྡིག་པར་འགྱུར་བའི་འབྲས་བུ་ད་ལྟར་མི་མངོན་དུ་ཟིན་ཀྱང་དེའི་རྒྱུ་སེལ་བར་བྱེད་དོ། །ཚངས་པའི་ཆོས་ཡུན་རིང་དུ་གནས་པ་ནི་འཕགས་པའི་ལམ་གྱི་ཆོས་ལ་ཡུན་རིང་དུ་གནས་པར་བྱེད་དེ། ཡོན་ཏན་འདི་བཅུ་ཡོད་པའི་ཕྱིར་ལྟུང་བ་ན་ཚོགས་བཅས་པ་ཡིན་ནོ། །ཕས་ཕམ་པ་ནི་ཆོས་ལྔ་དང་ལྡན་པར་འགྱུར་ཏེ། གང་ཞེ་ན། ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། དངོས་པོ་དང༌། སྤྱོད་པའོ། །དེ་ལ་ཡུལ་ནི་གང་མི་ཚངས་པར་སྤྱོད་པའི་ཡུལ་གང་ཟག་ནི་བཟང་སྦྱིན་ལྟ་བུ། ཉོན་མོངས་པ་ནི་འདོད་ཆགས་ལངས་པའི་དབང༌། དངོས་པོ་ནི་བུད་མེད། སྤྱོད་པ་ནི་མི་ཚངས་པར་སྤྱོད་པའོ། །མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་དང༌། །བརྫུན་དུ་སྨྲ་བར་གཏོགས་པར་ནི། །ཆོས་བཞི་རབ་ཏུ་བཤད་པ་ཡིན། །གླེང་བའི་མདོར་སྨོས་པའོ། །ཚེ་དང་ལྡན་པ་དག་ཕས་ཕམ་པའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ༌། །དགེ་སློང་གིས་ལྟུང་བ་དྲན་ཞིང་བསླབ་པ་ལ་ནན་ཏན་བྱ་བའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་ཤོད་ཅིག་པར་སྟོན་པའོ། །ཡང་དགེ་སློང་གང་དགེ་སློང་རྣམས་དག་ལྷན་ཅིག་བསླབ་པ་མཚུངས་པར་འགྱུར་བ་ལས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། དགེ་སློང་རྣམ་པ་ལྔ་སྟེ། དམ་བཅའི་དགེ་སློང་དང༌། མིང་ཙམ་གྱི་དགེ་སློང་དང༌། སློང་བའི་དགེ་སློང་དང༌། ཟག་པ་མེད་པའི་དགེ་སློང་དང༌། གསོལ་བ་དང་ཞུ་བའི་ལས་ཀྱིས་བྱུང་བའི་དགེ་སློང་སྟེ། སྐབས་འདིར་ནི་ཐ་མ་དང་སྦྱར་རོ། །བསླབ་པ་གསོལ་བ་དང༌། ཞུ་བའི་ལས་ཀྱིས་བྱུང་བའི་དགེ་སློང་ལོ་བརྒྱ་ལོན་པ་དང༌། བསླབ་པ་མཚུངས་པའོ། །དེ་ལ་བསླབ་པ་ཕུལ་བ་ནི་དཀོན་མཆོག་གསུམ་ཕུལ་ནི་དཀོན་མཆོག་གསུམ་འབུལ་ཞེས་པའོ། །ཚངས་པར་སྤྱོད་པའི་བསླབ་པ་འབུལ་ཞེ་འམ། མཚམས་མེད་པར་ལྟོས་


DTG154_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེ་འམ། མ་ནིང་དང་མཆན་གྱུར་བར་ལྟོས་ཤིག་ཅེ་འམ། ཁྱིམ་པར་ལྟོས་ཤིག་ཅེས་བྱས་པའོ། །དེ་ལ་རྩིས་མགོ་གསུམ་གྱིས་ཕུལ་བར་འགྱུར་ཏེ། འབུལ་བར་བསམ་པ་དང༌། ཁར་བརྗོད་པ་དང༌། མིའི་རྒྱུད་ཀྱིས་དོན་གོ་བའོ། །དེ་ལ་ཉམས་པར་ཆུད་པ་ནི་ཚེ་དང་ལྡན་པ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའོ། །དགོན་པ་ན་གཅིག་བུར་གནས་པ་ཡང་རབ་ཏུ་དཀའ་སྟེ། བདག་ནི་ཕ་མ་དང༌། གཉེན་བཤེས་དང༌། འཇིག་རྟེན་པའི་ལོངས་སྤྱོད་དྲན་ནོ་ཞེས་སྨྲས་ན་ཉམས་པར་འགྱུར་རོ། །བསླབ་པ་ཕུལ་བ་དང༌། ཉམས་པ་ལས་བྱེ་བྲག་བཞི་ཡོད་དེ་བསླབ་པ་ཉམས་པར་ཡང་བྱས་ཕུལ་བར་ཡང་གྱུར་བ་དང་ཉམས་པར་ཡང་མ་བྱས་ཕུལ་བར་ཡང་མ་གྱུར་པ་དང༌། ཉམས་པར་བྱས་ཀྱང་བསླབ་པ་མ་ཕུལ་བ་དང༌། བསླབ་པ་ཕུལ་ཀྱང་ཉམས་པར་མ་བྱས་པ་དང༌། ཉམས་པར་མ་བྱས་སུ་ཟིན་ཀྱང་བསླབ་པ་ཕུལ་བ་དང༌། ཉམས་པར་བྱས་ཤིང་བསླབ་པ་ཕུལ་བ་གཉིས་ཀྱིས་ནི་ཕུལ་བར་ཆུད། ཕྱི་མ་གཉིས་ཀྱིས་ནི་མ་ཕུལ་བའི་དོན་ཏོ། །དེ་ལ་ཉམས་པར་བྱས་ཏེ། ཕུལ་བ་ནི་རྒྱུ་དང་བཅས་པས་ཐམས་ཅད་ཀྱི་ནང་ཐམས་ཅད་ཕུལ་བ་དང༌། ཉམས་པར་མ་བྱས་པར་ཕུལ་བ་ནི་ཁྲིམས་ཕུལ་བར་ནི་གྱུར་མོད་ཀྱི། རྒྱུ་དང་བཅས་པ་ཉིད་ནི་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའི་འཁྲིག་པའི་ཆོས་བྱས་ན་ཐ་ན་བྱོལ་སོང་གི་སྐྱེས་གནས་སུ་སོང་བ་དང་ལྷན་ཅིག་པ་འང་རུང་སྟེ། དགེ་སློང་འདིས་ཕས་ཕམ་པ་ཡིན་གྱི་གནས་པར་མི་བྱའོ། །བཅོམ་ལྡན་འདས་ཡུལ་འབྲི་ཅིའི་ཀ་ལན་དའི་གྲོང་ཁྱེར་ན་བཞུགས་པའི་ཚེ། ཚོང་དཔོན་གྱི་བུ་བཟང་སྦྱིན་ཞེས་བྱ་བ་རབ་ཏུ་བྱུང་བ་ངལ་བསོ་པོའི་ནོར་ལ་འགྲན་པ་ཞིག་རབ་ཏུ་བྱུང་སྟེ། ཞི་བས་དགོན་པ་ན་ཞི་བའི་ཚེ་མུ་གེ་ཆེན་པོ་བྱུང་ནས། དགེ་སློང་བཟང་སྦྱིན་གྱིས་ཀ་ལན་ད་ཀའི་གྲོང་ཁྱེར་འདབ་ཏུ་སྤྱིལ་པོ་བཅས་ཏེ། བསོད་སྙོམས་རྒྱུ་བ་ན་སྔོན་གྱི་ཆུང་མ་ཟླ་མཚན་བྱུང་བའི་དུས་སུ་མའི་དག་མཉན་ཏེ་བུའི་ས་བོན་གཞག་པ་ལས་བཅས། རྗེས་སུ་བཅས་པ་ནི་སྨད་འ་ཚོང་མ་བཟང་མོའི་གཟུགས་ཞེས་བྱ་བའི་དག་དེད་དཔོན་གྱི་བུ་མཛེས་དགས་མཉན་ནས་ནང་དུ་འདར་ཞིང་ཕྱི་རོལ་དུ་ཕོ་བ་དང༌། སྤྱི་རོལ་དུ་འདར་ཞིང་ནང་དུ་ཕོ་བ་ལས་བཅས། བྱོལ་སོང་ལས་བཅས་པ་ནི་རྒྱལ་བོའི་ཁབ་ཀྱི་གྲོང་ཁྱེར་གྱི་འདབ་ན་སྤྱིལ་པོ་བཅས་ཏེ་འདུག་པ་དགོན་པའི་སྒྲ་མོ་ཞིག་ཁ་ཟས་ཀྱིས་བྲིད་དེ་མི་ཚངས་པར་སྤྱད་པ་ལས་བཅས། ཁར་མི་ཚངས་པར་སྤྱོད་པའི་བཅས་


DTG154_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་ནས་ཤིང་འདུག་པའི་བུ་རྒྱབ་མཉེན་རབ་ཏུ་བྱུང་སྟེ། ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན། ཕོ་མཚན་བསྒྲེང་སྟེ་ཁར་སྤྱད་པ་ལས་བཅས། རྐུབ་ཏུ་མི་ཚངས་པར་སྤྱོད་པ་ལས་བཅས་པ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་ལ་བུ་མཚན་རིངས་ཅིག་ཡོད་པ་འདིས་རབ་ཏུ་བྱུང་ནས་འདོད་ཆགས་ཀྱི་སེམས་ཀྱིས་ཕོ་མཚན་བསྒྲེང་སྟེ་རང་གི་རྐུབ་ཏུ་བཅུག་པ་ལས་བཅས། ཕམ་གྱིས་དོགས་པ་ལ་ཉེས་པ་མེད་པ་ནི་འཛེ་ཏའི་ཚལ་གྱི་གཙུག་ལག་ཁང་ན་དགེ་སློང་ཞིག་གཉིད་ཀྱིས་ལོག་པའི་ཕོ་མཚན་བསྒྲེང་པ་སྟུ་འཚོང་བ་རྒན་མོ་ཞིག་གིས་མཐོང་ནས་སྟེང་དུ་མཉེན་ཏེ་བསྐྱོད་ཀྱང་དགེ་སློང་དེས་དགའ་བར་མ་ཚོར་བ་ལ་བཅས་པ་དང༌། དགེ་སློང་ཞིག་དགོན་པའི་གནས་ན་གཉིད་ཀྱིས་ལོག་པའི་ཕོ་མཚན་སྲིན་བུས་ཟིན་ཏེ་སྒྲེང་བ། ལྕི་བ་འཐུ་བའི་བུད་མེད་ཀྱིས་མཐོང་ནས་སྟེང་དུ་མཉེན་ཏེ་བསྐྱོད་ཀྱང་དགའ་བར་མ་ཚོར་བ་ལས་བཅས། མི་ཚངས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་ཡིན་པས་མྱ་ངན་ལས་འདའ་བའི་ལམ་བགེགས་བྱེད་པའོ། །མི་ཚངས་པར་སྤྱོད་པ་ནི་ཕོའི་སྒོ་གཉིས་མོའི་སྒོ་གསུམ་སྟེ། གང་དུ་བཅུག་ཀྱང་རྩིས་མགོ་བཅུག་རེག་དགའ་བར་ཚོར་བ་གསུམ་དང་ལྡན་ན་ཕམ་མོ། །ཕམ་མོ་ཞེས་པའི་ཚིག་གི་དོན་ནི་ཉོན་མོངས་པས་བདག་ཕམ་པར་གྱུར་པ་ལ་བྱའོ། །སྒོ་ཉམས་པ་ལ་སྤྱད་ན་སྦོམ་པོར་འགྱུར་ཏེ། ཉམས་པ་ནི་རྨ་བྱུང་སྟེ་རལ་བ་དང༌། འབྲུ་ཞུགས་པ་ལ་སོགས་པའོ། །བཅུག་ཀྱང་མི་ཕམ་སྟེ། སྦོམ་པོར་འགྱུར་བ་ནི་ཡང་རྣམ་པ་བཞི་སྟེ། འཇིགས་པ་དང༌། ངོ་ཚ་བ་དང༌། ལས་སུ་མི་རུང་བ་དང༌། མ་རེག་པའོ། །དེ་ལ་འཇིགས་པ་ནི་དཔེར་ན་དགེ་སློང་དགོན་པ་ཞིག་ལ། ཀླུ་འབྲུག་བུད་མེད་དུ་སྤྲུལ་ནས་མི་བསླུས་ནས་མི་ཚངས་པར་སྤྱོད་པའི་ཚེ། སྦྲུལ་དུ་གྱུར་ནས་རབ་ཏུ་འཇིགས་པར་གྱུར། དགའ་བར་ཚོར་བ་མེད་པ་ལྟ་བུའོ། །དེ་ལ་ངོ་ཚ་ནི་དགེ་སློང་མི་ཚངས་པར་སྤྱོད་པ་མ་མཐོང་ན་ཁྱོ་ཐོག་མ་འང་མོ་མཚན་དུ་འཇུག་པར་སྲིད་དམ་ཞེས་སྤྱོད་ནས་དགའ་བར་མ་ཚོར་བ་ལྟ་བུའོ། །དེ་ལས་སུ་མི་རུང་བ་ནི་སྒོ་གང་ཡང་རུང་བའི་ནང་དུ་ཕོ་མཚན་བཅུག་པ་ལས་ཕོ་མཚན་ཤི་བའོ། །དེ་ལ་མ་རེག་པའི་བུད་མེད་ཀྱི་མོ་མཚན་གླང་པོ་ཆེའི་མཚན་ལྟར་ཡངས་པའི་ནང་དུ་བཅུག་ན་དགའ་བར་ཚོར་བ་མེད་པའོ། །དེ་ལ་ཕས་ཕམ་པར་འགྱུར་བའི་རྣམ་པ་ནི་མི་རྒྱུ་གསུམ་གསོན་ཡང་རུང་ཤི་བའི་རོ་སྒོ་གསུམ་མ་


DTG154_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་ལ་བྱས་ན་ཕམ། དེ་བཞིན་དུ་བྱོལ་སོང་དང༌། ཡི་དགས་དང༌། ལྷ་དང་མི་མ་ཡིན་པ་གསོན་པོ་ཡང་རུང༌། ཤི་བའི་རོ་ཡང་རུང་སྟེ། སྒོ་མ་ཉམས་པར་སྤྱད་ན་ཕམ། ལྟག་ཏུ་སྨོས་པ་འདི་རྣམས་གསོན་ཡང་རུང་སྟེ། སྒོ་ཉམས་པར་སྤྱད་ན་སྦོམ་པོར་འགྱུར་རོ། །དེ་ལས་བསླབ་པ་སྦྱིན་དུ་རུང་བ་ནི། དཔེར་ན་དགེ་སློང་དགའ་བྱེད་བསམ་གཏན་པ་དགོན་པ་ན་གནས་པའི་ཚེ་བདུད་ཀྱི་བུ་མོས་བསླུས་ནས་མི་ཚངས་པར་སྤྱད་མ་ཐག་ཏུ་ཤི་བ་དང་འདྲ་བར་འགྱོད་པ་ཆེན་པོ་སྐྱེས་ནས་མོད་ལ་མངོན་པར་མཐོལ་ཏེ། ཚེ་གཅིག་ཏུ་ཆུད་པའི་ལས་བགྱིད་པའི་ཁས་བླངས་ནས་བསླབ་པ་སྦྱིན་པའི་དགེ་སློང་དུ་བཏགས་ནས་གྲལ་དགེ་སློང་དག་གི་སློང་གི་བར་དུ་གཞག་པ་ལྟ་བུའོ། །དེ་ལས་གནས་པར་མི་བྱ་བ་ནི་ཇི་སྙེད་སྦོམ་པོའི་ལས་སྤྱད་པ་དང༌། བསླབ་པ་སྦྱིན་པ་རྣམས་གནས་པར་མི་བྱ་བ་མ་ཡིན་གྱི། ཕས་ཕམ་བ་བྱུང་བ་ཉི་ཚེ་བའི་དགེ་འདུན་གྱི་ལས་ཀྱི་ནང་དུ་མི་ཆུད་པས་ན་དེ་དང་ལྷན་ཅིག་གནས་པར་མི་བྱ་བ་ཡིན་ནོ། །ཕས་ཕམ་པ་གང་སྤྱད་ཀྱང་རུང་སྟེ། ལྟུང་བ་ནི་སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦོམ་པོ་དང༌། རྩ་བའི་ཕས་ཕམ་པ་དང༌། སུམ་ཕྲུགས་འབྱུང་བར་འགྱུར་རོ། །དགེ་སློང་གི་བྲན་ལྟ་བུ་བརྩམས་སམ་རྐང་འགྲོས་ཀྱི་མཚན་སྦྱར་བ་ནི་གཞན་ལ་མི་ཚངས་པར་སྤྱོད་དུ་བཅུག་པ་ཡིན་པས་ཉེས་པ་སྦོམ་པོར་འགྱུར་རོ། །བུ་སྲིང་ལ་སོགས་པ་བཙོངས་པ་ནི་སྐྲ་ཅན་བཙོངས་པ་ཡིན་པས་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་གང་གཞན་དག་གིས་གྲོང་ན་ཡོད་པའམ་དགོན་པ་ན་ཡོད་ན་ཡོད་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོས་བཟུང་ནས་གསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང༌། དེ་ལ་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་དེ་སྐད་ཀྱང་ཟེར་ན་དགེ་སློང་འདི་ལྟར་མ་བྱིན་པ་ལེན་པ་དེ་ཡང་དགེ་སློང་ཕས་ཕམ་པ་ཡིན་གྱིས་གནས་པར་མི་བྱའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ་རྫ་མཁན་ལས་རབ་ཏུ་བྱུང་བའི་ནོར་ཅན་གྱིས་སྤྱིལ་པོས་བཏང་བ་བྱས་པ། སངས་རྒྱས་ཀྱིས་དྲོལ་ཅིག་པར་བསྒོ་ནས་དགེ་སློང་དག་གིས་དྲལ་བའི་འོག་ཏུ་རྒྱལ་པོ་མ་སྐྱེས་དགྲའི་ཁང་ཤིང་བསྲུང་བའི་དགོན་པའི་གམ་དུ་ནོར་ཅན་སོང་ནས་རྒྱལ་པོས་དགེ་སློང་རྩི་ཤིང་ཇི་བདེར་སྤྱོད་དུ་གནང་གིས་ཤིང་བྱིན་ཅིག་ཅེས་བྱས་ཏེ། ཤིང་བླངས་ནས་སྤྱིལ་པོ་བྱས་པའི་འོག་ཏུ། དགེ་སློང་དེ་རྒྱལ་པོས་བཀུག་ནས་སྨྲས་


DTG154_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྒྱལ་པོས་རྒྱལ་ཐབས་ཀྱི་མངའ་བཞེས་པའི་ཚེ་ཡུལ་ཕྱོགས་དགེ་བ་བསྒྲགས་པའི་ཕྱིར་དགེ་སྦྱོང་རྩྭ་ཤིང་ལ་ཅི་བདེར་སྤྱོད་དུ་གནང་བས་ཤིང་བཅད་དོ་ཞེས་བྱས་པ་དང༌། རྒྱལ་པོ་དེ་ནི་ངས་ཡོངས་སུ་བཟུང་བ་མེད་པའི་རྩི་ཤིང་ལས་བསམས་ཀྱིས་བདག་པོ་ཡོད་པ་འདི་ལྟ་བུ་ལ་ཁྱོད་རྐུ་བ་མི་དབང་གི་ཁྱོད་བསད་པའི་རིགས་སོ་ཞེས་སྨྱོས་པ་ལས་བྱས་པས། རྐུ་བའི་ཕས་ཕམ་པ་རྣམ་པ་གསུམ་ལས་འགྱུར་ཏེ། བདག་གིས་བརྐུས་སམ། ཐབས་ཀྱིས་བརྐུས་པ་དང༌། གཞན་ལ་མངོན་སུམ་དུ་རྐུར་བཅོལ་ཏམ། ཐབས་ཀྱིས་རྐུར་བཅོལ་ཏམ། གཞན་ལས་རྐུར་བཅུག་པའམ། ཐབས་ཀྱིས་རྐུར་བཅུག་པའོ། །སྤྱིར་ནི་ཡན་ལག་ལྔ་དང་ལྡན་ན་ཕམ་སྟེ། ནོར་བདག་གིས་མ་བྱིན་པར་བླངས་པ་དང༌། རྐུ་སེམས་ཡོད་པ་དང༌། རིན་ཐང་མ་ཤ་ཀ་ལྔ་ཡན་ཆད་དུ་ཚང་བ་དང༌། མིས་ཡོངས་སུ་བཟུང་བ་དང༌། མིས་ཡོངས་སུ་འདུ་ཤེས་པའོ། །དེ་ལ་མི་ནི་རྣམ་གསུམ་གྱི་རྒྱུད་ཀྱིས་བཅངས་པའི་ནོར་བརྐུས་ཏེ། ཡན་ལག་སྔ་མ་དང་ལྡན་ན་ཕམ། རྐུ་སེམས་ཡོད་པས་ཡན་ལག་གཞན་གཅིག་དང་མི་ལྡན་ན་སྦོམ། རྐུ་སེམས་མེད་ན་ཡན་ལག་ལ་གཞན་བཞི་དང་ལྡན་ནའང་ཉེས་བྱས། གཞན་རྐུར་བཅུག་སྟེ་རྐུན་ཤས་བླངས་ན་ཕམ། རྐུན་ཤས་མ་བླངས་ན་སྦོམ་པོའོ། །སྔར་རྐུར་བཅུག་པ་ལས་ཕྱིས་མ་རྐུ་ཤིག་ཅེས་བྱས་ན་བརྐུས་ཀྱང་རུང་མ་བརྐུས་ཀྱང་རུང་སྦོམ་པོའོ། །ལྷ་འདྲེ་དང་བྱོལ་སོང་གི་ནོར་བརྐུས་པའང་རིན་ཐང་ཚང་ན་སྦོམ། མ་ཚང་ན་ཉེས་བྱས། མིའི་ནོར་བ་ལང་དང༌། རྟ་ཅང་ཤེས་དང༌། རྨ་བྱ་ལ་སོགས་ཏེ། བྱོལ་སོང་ལ་རྒྱན་ཅི་འདུག་པ་མིའི་ནོར་ཡིན་པར་བསམས་ཏེ་བརྐུས་ན་ཕམ་མོ། །བྱོལ་སོང་གི་ནོར་ཡིན་པར་བསམས་ཏེ་བརྐུས་ན་སྦོམ། ཐོག་མ་ནས་བདག་གིས་མ་བྱས་ཏེ། དཀོན་མཆོག་དང་ཕ་མ་ལ་སོགས་པ་གཞན་གྱི་ཕྱིར་བརྐུས་ན་སྦོམ། ངས་བརྐུས་ཏེ་འདི་སྦྱིན་ནོ་སྙམ་བསམས་ན། སྦྱིན་བདག་བདག་གིས་བྱས་པས་ཕམ་པར་འགྱུར། །ནོར་བདག་མང་པོ་སྤྱི་མཐུན་གྱི་ནོར་བདག་མང་པོ་རྣམས་ཀྱིས་སོ་སོར་བགོས་ཏེ། གཅིག་གི་སྒོར་རིན་ཐང་ཚང་བར་ཐོབ་པ་ན་ཕམ། རིན་ཐང་མ་ཆང་ན་ནོར་བདག་རེ་རེ་ཞིང་སྦོམ་པོ་རེ་རེ། མི་གཅིག་གི་ནོར་དགེ་སློང་མང་པོས་བརྐུས་པ་ནི་རྐུན་པོ་གཅིག་གིས་སྒོ་བཤས་རིན་ཐང་ཚང་ན་ཕམ། མ་ཚང་ན་སྦོམ་པོ་རེ་རེ། དཀོན་མཆོག་གི་དཀོར་རྐུ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་དཀོར་བརྐུས་པ་ནི་ཡོངས་སུ་བཟུང་


DTG154_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པས་མི་ཕམ་སྟེ། སྦོམ་པོ་གྲངས་མེད་པར་འགྱུར་མོད་ཀྱི་དེའི་རྣམ་པར་སྨིན་པ་ནི་མཚམས་མེད་པ་དང་ཉེ་བར་འགྱུར་རོ། །ཕྱོགས་གཅིག་པའི་དགེ་འདུན་གྱི་ནོར་བརྐུས་པ་ནི་ལྟག་ཏུ་ནོར་བདག་མང་པོའི་ནོར་བརྐུས་པ་བཤད་པ་དང་འདྲའོ། །མི་ནོར་ཆུད་གསན་ན་སྦོམ་པོར་འགྱུར། ཡི་གེའི་འབྲུ་གཉེར་ལའང་ཞེས་བྱ་བ་ནི་ཐོག་མ་བཅས་པ་ཕྱིན་ཆད་གང་ཕམ་པའི་ལས་སྤྱོད་པ་རྣམས་སོ། །གྲོང་ན་ཡོད་ཅེས་པ་ནི་ར་བའི་ནང༌། དགོན་པ་ན་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་ཡོད་པའོ། །མ་བྱིན་པ་ནི་ནོར་བདག་གིས་མ་བྱིན་པ་བཀྲུ་བའི་གྲངས་སུ་གཏོགས་པ་ནི་ཡིད་གཅུགས་པ་ལ་སོགས་པའི་ནོར་བླངས་པ་ལྟ་བུ་མ་ཡིན་པར་རྐུ་སེམས་དང་བཅས་པས་བླངས་པའི་དོན་ཏོ། །ཇི་ཙམ་མ་བྱིན་པར་བླངས་ཞེས་པ་ནི་མ་ཤ་ཀ་ལྔ་ཡན་ཆད་བླངས་པས་ཏེ། རིན་ཐང་ཚང་པའི་དོན་ཏོ། །རྒྱལ་པོས་བཟུང་ཞེས་པ་ནས་བརྐུ་བའོ་ཞེས་པའི་བར་དུ་ནི་རྣམ་པར་སྨད་པའི་དོན་ཏོ། །རྒྱལ་པོའམ་བློན་པོ་ལ་སོགས་པ་ནོར་བདག་ཆོས་ལ་མ་དད་བས་ནི། གཟུང་བ་ནས་སྤྱུགས་པའི་བར་དུ་བྱེད་པར་འགྱུར། ནོར་བདག་དད་པས་བརྐུ་བའོ་ཞེས་པའི་བར་དུ་ཚིག་གིས་རྣམ་པར་སྤྱོད་པར་བྱེད་དེ། གསོད་པ་ནི་སྲོག་དང་བྲལ་བར་བྱེད་པ། འཆིང་བ་ནི་ལྕགས་སུ་འཇུག་པ་དང༌། ཐག་བྲེང་གིས་བཅིངས་པ་ལ་སོགས་པའོ། །སྤྱུགས་པ་ནི་ཡུལ་དང་བྲལ་བར་བྱེད། རྐུན་མ་ནི་རྐུ་བའི་ལས་སྤྱད་པས། བྱིས་པ་མི་མཐོང་བའི་ཆོས་ཀྱི་ཉེས་པ་མི་ཤེས་པ་སྟེ་ད་ལྟའི་ཚེ་ལ་བྱ། བླུན་པ་ནི་མ་འོངས་བའི་ཆོས་ཀྱི་ཉེས་པ་མི་ཤེས་པའོ། །མ་བྱིན་པར་ལེན་པ་དེ་ཡང་ཞེས་བྱ་བ་ནི་ཕས་ཕམ་པ་དང་པོ་འདྲ་བར་འདི་ཡང་གནས་པར་མི་བྱ་བའི་དོན་ཏོ། །རྐུ་བ་ལ་ལྟུང་བ་སུམ་ཕྲུགས་འབྱུང་སྟེ། སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦོམ་པོ་དང༌། རྩ་བའི་ཕས་ཕམ་པའོ། །ནོར་རྫས་བདག་དབང་བ་ལས་གང་གིས་ཕྲོགས་སམ་ཁྱེར་བ་བརྩམ་དེ་དངོས་བླངས་ན་ཉེས་མེད། གསུགས་བླངས་ན་ཉེས་བྱས། བྱོལ་སོང་ལྟ་བུར་བཟུང་ནས་ཁྱུ་འདབ་རྫིའུ་ལྟར་སྣང་གི་བར་དུ་སྦོམ་པོའོ། །བལྟར་མི་གདའ་ན་ཕམ། ཡང་དགེ་སློང་གང་གིས་མིའམ་མིར་ཆགས་པ་ལ་ཆེད་དུ་བསམས་ནས་ལག་དར་ཏེ། སྲོག་གཅད་དམ་དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་གཏམ། དེ་ལ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་བརྗོད་ཀྱང་རུང་སྟེ། ཀྱེ་མི་ཁྱོད་སྡིག་པ་དང་མི་གཅང་བ་དང༌། འཚོ་བ་ངན་པ་འདིས་ཅི་


DTG154_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་ལས་ཤི་བླའོ་ཞེས་དེ་ལ་དེ་སྐད་ཀྱང་ཟེར་ལ། སེམས་ཀྱི་གནོད་སེམས་ཀྱིས་ཀུན་དུ་བརྟགས་ནས། རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། འཆི་བའི་སྔགས་པ་བརྗོད་ཀྱང་རུང་སྟེ། དེ་ཡང་ཐབས་དེས་འཆི་བའི་དུས་བྱས་ནས་དགེ་སློང་འདི་ཡང་ཕས་ཕམ་པ་ཡིན་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཡུལ་བྲི་ཇིའི་ལྗོངས་ན་བཞུགས་པའི་ཚེ། དགེ་སློང་ཞིག་མི་གཙང་བའི་བསམ་གཏན་སྒོམ་སྒོམ་ནས་ལུས་མི་གཙང་བས་སྐྱོ་བར་འགྱུར་ཏེ། དགེ་སློང་དབྱིག་པ་ཅན་ལ་བདག་གསོད་དུ་བཅུག་ནས་དགེ་སློང་དབྱིག་པ་ཅན་གྱིས་ཆོས་གོས་དང་ལྷུང་བཟེད་བསྐྱུར་བར་བྱ་བའི་ཕྱིར་དགེ་སློང་དེའི་མགོ་བཅད་དེ། རལ་གྲི་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་དུ་འཁྲུ་ཞིང་འདུག་པའི་གན་དུ་བདུད་ཀྱི་རིས་ཀྱི་ལྷ་ཞིག་དེར་འོངས་པས་བསྟོད་དེ། བཙུན་པ་ཁྱོད་ཀྱིས་སེམས་ཅན་ལ་ཕན་པ་དང་བདེ་བ་དང་མྱ་ངན་ལས་འདའ་བའི་ཕྱིར་དགེ་སློང་མགོ་བཅད་པ་ནི་ཤིན་ཏུ་ལེགས་ཏེ། ཆོས་གོས་དང་ལྷུང་བཟེད་ཀྱང་ཐོབ་པར་གྱུར་ཏོ་ཞེས་སྨྲས་པ་དང༌། དགེ་སློང་དབྱིག་པ་ཅན་གྱིས་ལེགས་པ་ཆེན་པོ་ཞིག་བྱས་སོ་སྙམ་ནས། དགེ་སློང་གསོད་པ་ལ་ཞུགས་པ་དེས། དགེ་སློང་དྲུག་ཅུ་བསད་པའི་འོག་ཏུ། གསོ་སྦྱིན་གྱི་ཚེ་དགེ་འདུན་མ་ཚང་ནས་སངས་རྒྱས་ཀྱིས་རྨས་པ་ལས་བཅས། མིར་ཆགས་པ་གསད་པ་ནི་ཚོང་དཔོན་སྟོབས་སྡེའི་བུ་སྡེ་པ་དང་ཉེ་སྡེ་སྤུན་གཉིས་ཡོད་པ་ལས། ཕོ་བོ་སྡེ་པ་ཚོང་ལ་སོང་བ་ལོ་དུ་མའི་བར་དུ་ཕྱིར་མ་འཁོར་ནས། ནུ་བོ་ཉེ་སྡེས་མནའ་མ་གཙེས་ཏེ། སྦྲུམ་པའི་འོག་ཏུ་ནུ་བོ་ཕྱིར་འཁོར་བའི་ཡི་གེ་འོངས་ནས་ཉེ་སྡེ་རབ་ཏུ་བྱུང་སྟེ། འཛེ་ཏའི་ཚལ་ན་འདུག་པའི་གན་དུ་ཉེ་སྡེའི་མཛའ་བོ་སྤོས་འཚོང་བ་འོངས་པས། ངས་སྨན་སྦྱར་ཏེ་ཁྱོད་ཀྱི་མནའ་མའི་གན་དུ་བསྐུར་ལ་ཐུང་ངུ་བཅུག་ན་བུ་འཕྱིལ་བར་འགྱུར་ཞེས་སྨྲས་པ་དང་ཉེ་སྡེས་དེ་ལྟར་བྱས་ན་ལེགས་པ་སྙམ་དུ་ནི་བསམས་ཁར་ནི་ལན་མ་སྨྲས་པ་ལས། སྤོས་འཚོང་བས་ཉེ་སྡེས་བསྐུར་བ་སྐད་བྱས་ཏེ། བུད་མེད་སྦྲུམ་པ་བུ་རྩི་བླུད་དེ་བུ་འཕྱིལ་བ་ལས་བཅས། རྗེས་སུ་བཅས་པ་ནི་སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱིས་མི་རྒོད་འཛིན་པའི་དཔོན་པོར་བློན་བོ་འཕགས་སྐྱེས་པོ་བཏང་བས་མི་རྒོད་དྲུག་ཅུ་བཟུང་བའི་རྐང་ལག་རྒྱལ་པོས་བཅད་ནས་དུར་ཁྲོད་དུ་བོར་བ་དགེ་སློང་མ་སྐྱོང་མ་ཞེས་བྱ་བས་མི་རྒོད་སྡུག་བསྔལ་བ་འདི་རྣམས་དུས་ལས་འདའ་བར་བྱས་ན་བསོད་ནམས་ཆེའོ་སྙམ་ནས་རྩ་བས་རྫིའུ་


DTG154_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་ཁམ་པོར་དྲུག་ཅུ་ཁྱེར་ཏེ་མི་རྒོད་དྲུག་ཅུ་པོ་རྩ་བ་མོ་ལན་ཚྭས་སྨྱོས་པ་བླུད་ནས། དེ་དག་དུས་ལས་འདས་པར་གྱུར་པ་ལས་བཅས། མཚོན་ཐོགས་པ་གཉེར་ཏེ་མི་གསོད་པའི་བཅས་པ་ནི་ཁྱིམ་བདག་ལས་རབ་ཏུ་བྱུང་བའི་དགེ་སློང་མགོ་ཅན་ཞེས་བྱ་བ་དེ་ནད་ཀྱིས་སྡུག་བསྔལ་ཞིང་འདུག་པའི་གན་དུ་རྔོན་པ་ལས་རབ་ཏུ་བྱུང་བའི་དགེ་སློང་མཆུ་ཅན་གྱིས་རང་གི་ཚ་བོ་རྔོན་པ་བཀུག་སྟེ་བཏང་ནས། དགེ་སློང་ནད་པ་དེའི་ངག་ཉོན་ཅིག་ཅེས་བསྒོ་བ་ལས་རྔོན་པ་སྤུན་གཉིས་མགོ་ཅན་ནད་པའི་གན་དུ་ཕྱིན་པ་དང༌། ནད་པས་བསྒོ་བའི་ངའི་གྲོགས་པོ་མཆུ་ཅན་གྱིས་ཀྱང་ཁྱེད་གཉིས་ངའི་ངག་ཉན་དུ་བཅུག་གིས། ད་ཁྱེད་གཉིས་ཀྱིས་ང་མཐོ་རིས་སུ་སྐྱེ་བར་འདོད་ན། ངའི་མགོ་ཆོད་ཅིག་ཅེས་པ་དང༌། དེ་གཉིས་ཀྱིས་མགོ་བཅད་དེ་ཕྱིང་ཐུབ་ཀྱི་ནང་དུ་བཅུག་པ། དགེ་སློང་མཆུ་ཅན་ཕྱིར་ལོག་པས་མཐོང་སྟེ་རབ་ཏུ་སྡངས་ནས། བཅོམ་ལྡན་འདས་ལ་གསོལ་པ་ལས་བཅས། གསོད་པའི་སྤྱི་ནི་ཡན་ལག་རྣམ་པ་བཞི་སྟེ། མི་ཡིན་པ་དང༌། བསད་སེམས་ཡོད་པ་དང༌། སྦྱར་བ་དང༌། འཚོ་བའི་དབང་པོ་འགགས་པའོ། །ཡན་ལག་དེ་བཞི་དང་ལྡན་པ་དང༌། མིའི་རྒྱུད་གསུམ་ལས་གང་ཡང་རུང་སྟེ་བསད་ན་ཕམ་པར་འགྱུར། ཕམ་པ་ལ་ནོར་བས་ཕམ་པ་དང༌། ནོར་པས་མི་ཕམ་པ་ཡོད་དེ། ནོར་པས་ཕམ་པ་ནི་བུད་མེད་མི་ཚངས་པར་སྤྱད་པར་བྱས་པ་ལས་ནོར་ཏེ་བྱོལ་སོང་ལ་སྤྱད་པར་གྱུར་ན་ཕམ། ནོར་པས་མི་ཕམ་པ་ནི་བྱོལ་སོང་བསད་པར་བྱས་པ་ལས་ནོར་ཏེ་ཤི་བར་གྱུར་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པའི་ལྷ་འདྲེ་དང་ཡི་དགས་བསད་ན་སྦོམ་པོར་འགྱུར། ཕྱུགས་དག་ལ་གནོད་པར་བྱ་བའི་ཕྱིར་ཕྱུགས་བསད་དམ། རྐང་ལག་གཏུབས་པ་དང༌། མིའི་སྙིང་ལག་སོར་ལྟ་བུ་བཅད་པ་དང༌། སྐྲངས་གློ་ཆེན་པོ་མ་སྨིན་པར་བརྟོལ་བ་དང༌། ནགས་ཚལ་བསྲེགས་པ་རྣམས་ནི་སྦོམ་པོར་འགྱུར་རོ། །མི་བླུན་པོ་མ་བརྟགས་པར་ནད་གཡོག་ཏུ་བཅུག་པ་དང་མ་རྟོགས་པར་སྨན་བྱིན་པ་ན་ཉེས་བྱས་ལྕི་བར་འགྱུར། མི་གསད་པར་བྱས་པ་ལས་མ་ཤི་ན་སྦོམ་པོར་འགྱུར། གསད་པར་བྱ་བའི་ཕྱིར་འཆི་བའི་ཕྱོགས་སུ་མི་བཏང་སྟེ་ཤིན་ཕམ་པ། མ་ཤིན་སྦོམ་པོར་འགྱུར་རོ། །འབྲུ་གཉེར་ལ་མི་འམ་ཞེས་པ་ནི་མིར་རྒྱུད་གསུམ་གང་ཡང་རུང་སྟེ། སྐྱེ་མཆེད་དྲུག་དང་ལྡན་པའོ། །མིར་ཆགས་པ་ནི་དབང་པོ་གསུམ་དང་ལྡན་པ་སྟེ། འཚོ་བའི་དབང་པོ་དང༌། ཡིད་ཀྱི་དབང་པོའོ། །དེ་ལྟར་མི་འམ་མིར་ཆགས་པ་ནི་མི་ཡིན་པ་ཉིད་དུ་སྟོན་


DTG154_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཆེད་དུ་བསམས་པ་ནི་བསད་སེམས་དང་ལྡན་པའོ། །ལག་དར་ཏེ་སྲོག་བཅད་དམ་ཞེས་པ་ནས། མཚོན་ཐོགས་པ་གཉེར་ཏམ་ཞེས་པའི་བར་དུ་ནི་ལུས་ཀྱི་ལས་ཀྱིས་གསོད་པར་སྦྱར་བའོ། །དེ་ལ་འཆིར་བཅུག་ཅེས་པ་ནས། གསོན་པ་བས་ཤི་བ་བླའོ་ཞེས་པའི་བར་དུ་ནི་ངག་གི་ལས་ཀྱི་སྦྱོར་བ་ཡིན། འདི་གཉིས་ནི་གསོད་པར་སྦྱོར་བ་ཞེས་བྱའོ། །དེ་ལ་ཤི་བའི་རྣམ་གྲངས་སུ་གཏོགས་པ་ནི་བདག་གིས་གསད་དམ་གཞན་ལ་མཚོན་བྱིན་ཏེ་གསོད་དུ་བཅུག་གམ་མཚོན་ཆ་ཐོགས་པ་གཉེར་ཏེ་གསོད་དུ་བཅུག་གམ་འཆི་བའི་ཕྱོགས་སུ་བཏང་ན་ཤིའང་རུང་སྟེ་ཕས་ཕམ་པར་འགྱུར་རོ། །འཆི་བའི་བསྔགས་པ་བརྗོད་པ་ཡང་རྣམ་པ་གསུམ་གྱི་ཚུལ་གྱིས་རྗོད་པར་བྱེད་དེ། ཡོན་ཏན་དང་ལྡན་པ་ལ་ནི་ཁྱོད་ལྟ་བུའི་ཡོན་ཏན་དང་ལྡན་པ་རྣམ་པར་ཐར་པ་ནི་དར་ལས་བཅད་པ་ཙམ་སྟེ། མི་གཙང་བའི་འཇིག་རྟེན་འདི་ན་འདུག་པ་བས་ཤི་ན་ལེགས་སོ་ཞེས་བརྗོད་པ་དང༌། ཡོན་ཏན་དང་མི་ལྡན་པ་ལ་ནི་ཁྱོད་ལྟ་བུ་ཡོན་ཏན་དང་མི་ལྡན་བཞིན་དུ་གསོན་པ་ལ་ཤིན་བདེ་བར་འགྱུར་རོ་ཞེས་བརྗོད་པར་བྱ་བ་དང༌། ནད་པ་ལ་ནི་ཁྱོད་ལྟ་བུའི་ནད་ཀྱིས་སྡུག་བསྔལ་བས་ཤི་ན་ལེགས་སོ་ཞེས་བརྗོད་པའོ། །མི་ཁྱོད་སྡིག་པ་ཞེས་བྱ་བ་ནི་སྡིག་པའི་དབང་གིས་འདི་འདྲ་བར་ནད་བུ་ཅན་གྱི་ལུས་རྙེད་དོ་ཞེས་པའི་དོན་ཏོ། །མི་གཙང་བ་ནི་ཕུང་པོ་རྒྱུ་སྨེ་བ་དང༌། སྨེ་བའི་གནས་ནས་སྐྱེས་སོ་ཞེས་པའི་དོན་ཏོ། །འཚོ་བ་ངན་པ་ནི་གནོད་པ་སྣ་ཚོགས་ཀྱིས་འཚོ་བའམ་ལོངས་སྤྱོད་ཆུང་ངུའི་གནས་སུ་སྐྱེས་པ་ལ་བྱའོ། །སེམས་ཀྱིས་འདོད་ཅེས་བྱ་བ་ནི་དགེ་སློང་དེ་ཤི་ན། ཆོས་གོས་དང་ལྷུང་བཟེད་ཐོབ་ཏུ་རེ་བའི་ཕྱིར་འཆི་བའི་དོན་བརྗོད་པར་སྦྱར་རོ། །སེམས་ཀྱིས་ཀུན་དུ་བརྟགས་པ་ནི་གོང་མ་ལྟ་བུ་བསད་པའི་ཐབས་གང་གིས་བྱས་ཀྱང་རུང་སྟེ། གདོན་མི་ཟ་བར་ཤི་བར་ཤེས་པའོ། །ཤི་བའི་བར་དུ་བྱས་པ་ནི་འཚོ་བའི་དབང་པོ་འགགས་པའོ། །གསོད་པའི་ཕས་ཕམ་པ་ལ་ལྟུང་བ་སུམ་ཕྲུགས་འབྱུང་སྟེ། སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦོམ་པོ་དང༌། རྩ་བའི་ཕས་ཕམ་པའོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་ལས་བླ་མར་གྱུར་བ་དང༌། མཐའ་དང་འཕགས་པའི་བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་པ་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེ་བ་ལས་དེས་འབྱུང་བ་ཚངས་པར་འདོད་པས། དེ་དུས་


DTG154_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་དེ་སྐད་ཟེར་ན་ཡང་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་འདི་ཡང་ཕས་ཕམ་པ་ཡིན་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཡུལ་ཡངས་པ་ཅན་གྱི་སྤྲིའུ་རྫིང་གི་འོད་མའི་གྲོང་འདབ་ཚལ་དུ་ཞུགས་ཏེ་བཞུགས་པའི་ཚེ་ཉ་པ་ལྔ་བརྒྱ་ལ་དེ་བཞིན་གཤེགས་པས་ཆུ་སྲིན་ཉ་བའི་རིགས་ཀྱི་རྣམ་པར་སྨིན་པ་བཤད་པ་ལས་སེམས་གཡོས་ཏེར་བཏུ་བྱུང་བའི་ཚེ་མུ་གེ་ཆེན་པོ་བྱུང་ནས་དགེ་སློང་ལྔ་བརྒྱ་པོས་ཉ་བའི་རིགས་ཀྱི་གྲོང་འདབ་ཏུ་སྤྱིལ་པོ་བཅས་ནས། བདག་ཅག་གཅིག་གིས་གཅིག་ཡོན་ཏན་མ་སྟོན་ན་ཤེས་པ་ནི་གཉེན་བཤེས་ཀྱི་ཐེ་ཚོམ་སེལ་མི་ནུས་པས་བསོད་སྙོམས་ཀྱང་མི་རྙེད་པར་འགྱུར་རོ་སྙམ་བསམས་ནས་གྲོང་མི་རྣམས་ལ་ཁྱེད་ཀྱིས་ནི་རྙེད་པ་རབ་ཏུ་རྙེད་དོ། །དེ་ཇི་ལྟ་ཞེ་ན། དགེ་སློང་འདི་རྣམས་ནི་མི་རྟག་པའི་འདུ་ཤེས་ཁུགས་པ་ནས་དགྲ་བཅོམ་པ་དེ། རྣམ་པར་ཐར་པ་བརྒྱད་ཀྱི་བར་འཕགས་པའི་ཁྱད་པར་ཐོབ་པ་ཤ་སྟག་གོ་ཞེས་བྱ་བ་ནས་ཁྱིམ་པ་དེ་དག་གིས་རང་གི་བུ་ཚ་ལས་ཀྱང་ཕྲོགས་ཏེ། དགེ་སློང་དེ་དག་ལ་བསོད་སྙོམས་རྟག་ཏུ་ཕུལ་བ་ལས་ཚུལ་ནས་བྱུང་བའི་ཚེ་སངས་རྒྱས་ཀྱི་སྤྱན་སྔར་རྙེད་པའི་གཏམ་བྱས་པ་ལས་བཅས། མངོན་པའི་ང་རྒྱལ་གྱིས་བཅས་པ་ནི་དགེ་སློང་མང་པོ་ཞིག་པས་དགོན་པ་ན་ཞི་བའི་ཆོས་ཡུན་རིང་དུ་སྤྱད་ནས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་བར་འགྱུར་ཏེ། མངོན་སུམ་དུ་སྤྱོད་པར་གྱུར་ནས། གཅིག་ལ་གཅིག་གིས་སྨྲས་པ། བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པ་ཡང་དག་པར་སྤྱོད་དོ། །ཉོན་མོངས་པའི་དགྲ་ཆོམས་སོ་ཞེས་བརྗོད་ནས་ཕྱིར་གྲོང་ཁྱེར་དུ་ཞུགས་ཏེ། བུད་མེད་དང༌། སྐྱེད་མོས་ཚལ་ལ་སོགས་པ་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་ཏེ། ཐེ་ཚོམ་ལངས་ན་སངས་རྒྱས་ལ་སོགས་པ་ལས་བཅས། ཡན་ལག་རྣམ་པ་ལྔ་དང་ལྡན་ན་ཕམ་པར་འགྱུར་ཏེ། ལྔ་གང་ཞེ་ན། བླ་མའི་ཆོས་གང་ཡིན་པ་དང༌། འདུ་ཤེས་སྦས་པ་དང༌། ཉིད་ཀྱི་ཁར་སྨྲས་པ་དང༌། ངས་ཐོབ་པོ་ཞེས་བརྗོད་པར་ལྡན་པ་དང༌། གཞན་གྱི་དོན་གོ་བའོ། །ཡན་ལག་འདི་ལྡ་དང་ལྡན་པར་བསམ་གཏན་དང༌། མངོན་པར་ཤེས་པ་དང་དགེ་སྦྱོང་གི་འབྲས་བུ་བཞི་ལ་སོགས་པ་ཐོབ་བོ་ཞེས་པ་ནས་ལྷ་དང་ཀླུ་ལ་སོགས་པ་མཐོང་ངོ་ཞེས་པའི་


DTG154_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སྨྲས་ན་ཕམ་པར་འགྱུར་རོ། །དེ་ལ་སྦོམ་པོར་འགྱུར་རོ་ནི་ཁར་ནི་མ་སྨྲས་ཀྱི་བདག་བླ་མ་མི་ཆོས་དང་ལྡན་པ་ལྟར་སྣོལ་གྱིས་གོ་བར་བྱས་པ་དང༌། ང་འདི་ལྟར་ལྡན་ནོ་ཞེས་ཡི་གེ་སྤྲིངས་པ་དང༌། གཞན་ལ་བཅོལ་ཏེ་ཡོན་ཏན་བརྗོད་དུ་བཅུག་པ་དང༌། དུར་ཁྲོད་ཀྱི་ཤ་ཟ་མཐོང་ངོ་ཞེས་བརྫུན་བྱས་པ་འདི་རྣམས་ནི་སྦོམ་པོར་འགྱུར་རོ། །འཕགས་པའི་རིམ་པ་ཐོབ་པ་ཡོད་དོ་ཞེས་བརྗོད་ལ། བདག་ཉིད་དངོས་སུམ་བྱུང་ཡང་སྦོམ། ཆེ་གེ་མོ་འདི་ལྟ་བུ་ཞིག་གིས་འཕགས་པའི་ཁྱད་པར་ཐོབ་བོ་ཞེས་བརྗོད་ན་ཤེས་བཞིན་གྱི་ལྟུང་བར་འགྱུར་རོ། །ཡི་གེ་འབྲུ་གཉེར་ལ་མངོན་པར་མི་ཤེས་ཤིང༌། ཡོངས་སུ་མི་ཤེས་ཞེས་བྱ་བ་ལ། མངོན་པར་མི་ཤེས་པ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར་དུ་སྤྱིའི་མཚན་ཉིད་མི་ཤེས་པའི་དོན་ཏོ། །ཡང་ན་འཇིག་རྟེན་གྱི་ལམ་སྟེ། བསམ་གཏན་བཞི་དང༌། བརྒྱད་ཀྱི་ལམ་མི་ཤེས་པའོ། །ཡོངས་སུ་མི་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ། འཕགས་པའི་ལམ་དང༌། བདེན་པ་བཞིའི་དོན་མི་ཤེས་པའོ། །ཡང་ན་མངོན་པར་མི་ཤེས་པ་དེ་ནི་འཕགས་པའི་ལམ་མི་ཤེས་པའོ། །ཡོངས་སུ་མི་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་མི་ཤེས་པའོ། །ཡང་ན་མངོན་པར་མི་ཤེས་པའོ། །མཐུན་པའི་སྒོ་ནས་མི་ཤེས་པ་སྟེ། འདུས་བྱས་མི་རྟག་ཅེས་བསྟན་པའི་དོན་གོ་བའོ། །ཡོངས་སུ་མི་ཤེས་པ་ནི་མཐུན་པའི་སྒོ་ནས་མི་ཤེས་པ་སྟེ། འདུས་བྱས་མི་རྟག་པ་ཡིན་ནོ་ཞེས་ཚིག་བཅུས་དེ་བརྗོད་པས་འདུས་བྱས་མི་རྟག་པའི་དོན་མི་ཤེས་པའོ། །མིའི་ཆོས་ལས་བླ་མར་གྱུར་པ་ནི་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་ལ་བྱའོ། །ཡང་མི་ཐ་མའི་སྤྱོད་ཡུལ་མ་ཡིན་པ། མི་ལས་བླ་མར་གྱུར་པ་འཕགས་པ་རྣམས་ཀྱི་སྤྱོད་པའི་ཆོས་སོ། །མཐའ་ཞེས་བྱ་བ་ནི་འཁོར་བའི་མཐར་ཕྱིན་པ་སྟེ་མྱ་ངན་ལས་འདས་པའོ། །འཕགས་པ་ནི་མི་ལས་བླ་མར་གྱུར་པའོ། །བྱེ་བྲག་ཐོབ་ཅེས་པ་ནི་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་དང༌། དགེ་སྦྱོང་གི་འབྲས་བུ་བཞི་ལ་སོགས་པའོ། །ཤེས་པ་ནི་བདེན་པ་བཞི་དོན་ཅི་བཞིན་པར་ཤེས་པ། ཡང་ན་ལམ་གྱི་ཡེ་ཤེས་བཅུ་ལའང་བྱའོ། །མཐོང་བ་ནི་ལྷ་དང་ཀླུ་ལ་སོགས་པ་མཐོང་བའོ། །ཡང་ན་བདེན་པ་བཞི་མཐོང་བའོ། །རེག་པར་སྤྱོད་པ་ནི་བསམ་གཏན་བཞི་ལ་སྤྱོད་པའི་དོན་ཏོ། །མེད་པ་ལ་ཞེས་བྱ་བ་ནི་གོང་མ་རྣམས་ཀྱི་དངོས་པོ་མེད་པའོ། །


DTG154_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མངོན་སུམ་མི་སྣང་བའི་དོན་ཡང་ཡིན་ནོ། །མེད་བཞིན་པ་ནི་བདག་མེད་པའི་དོན་ཏོ། །འདི་ཤེས་སོ་ཞེས་བྱ་བའི་ནང་དུ་ནི་ཤེས་པའི་རྣམ་གྲངས་བསྡུ། འདི་མཐོང་ངོ་ཞེས་བྱ་བའི་ནང་ན་ནི་མཐོང་བའི་རྣམ་གྲངས་བསྡུའོ། །ཁས་འཆེ་བ་ནི་ཁས་བླངས་པའི་དོན་ཏོ། །ཉེས་པ་བྱུང་བ་ཚངས་པར་འདོད་པ་ནི་བརྫུན་བྱས་པའི་འོག་ཏུ་འགྱོད་པ་སྐྱེས་ཏེ། བདག་གིས་མཐོལ་ཡང་རུང་གཞན་གྱིས་དྲིས་ཏེ་མཐོལ་ཡང་རུང་བར་སྦྱར་རོ། །གསོབ་ནི་བརྗོད་པའི་དོན་མེད་པ་སྟེ། དཔེར་ན་སྣོད་སྟོང་པ་བཞིན་ནོ། །གསོག་ནི་སྙིང་པོ་མེད་པ་སྟེ། ཆུ་ཤིང་གི་སྡོང་པོ་བཞིན་ནོ། །མངོན་པར་ང་རྒྱལ་མ་གཏོགས་ཞེས་བྱ་བ་ནི་གཉེན་པོ་ལ་བརྟེན་པའི་ཚེ་ཉོན་མོངས་པ་མི་འགྱུར་བས། དེའི་ཚེ་ང་རྒྱལ་གྱི་དབང་གིས་དེའི་དོན་སྨྲས་པའོ། །ལྟུང་བ་ནི་སུམ་ཕྲུགས་ཏེ། སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦོམ་པོ་དང༌། རྩ་བའི་ཕམ་པའོ། །ཚེ་དང་ལྡན་པ་དག་བདག་གིས་ཕས་ཕམ་པའི་ཆོས་བཞི་པོ་དག་བཤད་ཟིན་ཏོ། །དགེ་སློང་གི་ཉེས་པ་དེ་དག་ལས་གང་ཡང་རུང་བ་ཞིག་བྱས་ན། ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕས་ཕམ་པ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་ཤིང་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །གཞན་ནི་ལྟག་ཏུ་སྨོས་པ་དང་འདྲ། ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཞེས་པ་ནི་ཐོག་མར་མི་ཚངས་པར་སྤྱོད་པ་ཇི་ལྟར་ཕམ་པ་བཞིན་དུ། ཐ་མར་བརྫུན་བྱས་པའང་ཕས་ཕམ་པར་འགྱུར་རོ། །གནས་སུ་མི་དབང་བ་ནི་དགེ་འདུན་གྱི་མཚམས་ཀྱི་ནང་དུ་གནས་སུ་མི་རུང་བའི་དོན་ནོ། །སྤྱོད་དུ་མི་དབང་བ་ནི་ཆོས་ཀྱི་ལོངས་སྤྱོད་དང༌། ཟང་ཟིང་གི་ལོངས་སྤྱོད་ལ་མི་དབང་བའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །འདི་ཡན་ཆད་ནི་གླེང་གཞིའི་གནས་སྐབས་སུ་སྨོས་པ་དང་འདྲའོ། །མདོར་ན། ཁུ་བ་འཛིན་པ་འཁྲིག་ཚིག་ཀུན་སྤྱོད་སྨྱན། །ཁང་པ་གཙུག་ལག་ཁང་དང་རྩ་བ་མེད། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བ། །བསྡུས་པའི་མདོ་འདིས་མཐའ་གཉིས་སྤོང་བ་ནི་ལྟག་ཏུ་སྨོས་པ་དང་འདྲའོ། །ཚེ་དང་ལྡན་པ་དག་དགེ་འདུན་ལྟག་མའི་ཆོས་བཅུ་གསུམ་པོ་འདི་


DTG154_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །དགེ་སློང་དག་གིས་ཉེས་པ་བཤགས་ཤིང་དགེ་བ་ལ་ནན་ཏན་བྱ་བའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་ཤོད་ཅིག་པའོ། །བསམས་ནས་ཁུ་བ་ཕྱུང་ན། རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པའི་འཛེ་ཏའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་འཆར་ཀ་བསོད་སྙོམས་ལས་ཕྱིར་འཁོད་པའི་འོག་ཏུ་འདོད་ཆགས་ཀྱིས་ཡོངས་སུ་ནོན་ནས་ལག་པ་གཉིས་ཀྱིས་ཕོ་མཚན་བསྒྲེང་བ་བཅངས་བཙིར་ཏེ་ཁུ་བ་ཕོ་བའི་འོག་ཏུ། དགེ་སློང་གུད་ནས་འོངས་པ་ཞིག་གིས་ནད་དྲིས་ནས། ཤིན་ཏུ་བདེ་སྟེ་རིམས་ནད་ཀྱིས་གདུངས་པ་ལས་བྲལ་བ་བཞིན་ནོ་ཞེས་པ་ལས་བཅས། ཁུ་བ་ནི་རྣམ་པ་ལྔའི་ཕྱིར་འབྱིན་ཏེ། བདེ་བར་བྱ་བ་དང༌། སྔགས་ཀྱི་ཕྱིར་དགོས་པ་དང༌། ས་བོན་གྱི་ཕྱིར་དགོས་པ་དང༌། སྨན་དུ་དགོས་པ་དང༌། བརྟགས་པའི་ཕྱིར་དགོས་པའོ། །ཁུ་བ་ཉིད་ཀྱང་རྣམ་པ་ལྔ་སྟེ། སྔོན་པོ་དང༌། དམར་པོ་དང༌། སེར་པོ་དང༌། གར་བ་དང༌། སླ་བའོ། །ཡན་ལག་ནི་བདུན་དང་ལྡན་ན་ལྷག་མར་འགྱུར་ཏེ། གང་ཞེ་ན། འབྱིན་པ་དེར་མོས་པ་དང༌། རང་གི་ཁུ་བ་ཐོག་མའི་གནས་ནས་འཕགས་པ་རེག་པ་ལས་སྤྱད་པར་རང་གི་ཡན་ལག་གོ །འདི་རྣམས་དང་ལྡན་པར་ཕྱུང་ན་ལྷག་མར་འགྱུར། སྦུ་བས་སུ་ཞུགས་པའི་འོག་ཏུ་བྱུང་བ་དང༌། འདོད་ཆགས་དང་ལྡན་པས་ཕོ་མཚན་ལ་མཐོས་འཇལ་བ་དང་གར་བྱེད་པ་དང༌། ཆུའི་རྒྱུད་དུ་ཟེད་དེ་ཕྱུང་བ་དང༌། རླུང་གིས་བསྒུལ་ཏེ་ཕྱུང་བ་དང༌། ནམ་མཁའ་ལ་རྐུབ་བསྐྱོད་དེ་ཕྱུང་བ་དང༌། བསྐྱོད་ནས་བཏང་བའི་འོག་ཕྱུང་བ་དང༌། འདི་རྣམས་ནི་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་ཆགས་ཤིང་བརྟུལ་བའི་སེམས་ཀྱིས། བུད་མེད་ཀྱི་ལུས་ལ་རེག་པར་གྱུར་ཏམ། ལག་པ་ནས་གཟུང་ངམ། དཔུང་པ་ནས་བཟུང་ངམ། ལེན་བུ་ནས་བཟུང་ངམ། ཡན་ལག་དང་ཉིད་ལག་གང་ཡང་རུང་བ་ནས་མནམས་ཀུན་དུ་མནམས་ཏེ། དགའ་བར་ཚོར་ན་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པ་འཛེ་ཏའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་འཆང་ཀ་གཙུག་ལག་ཁང་གི་སྒོ་སྲུང་ཞིང་འདུག་པའི་གན་དུ། མཉན་དུ་ཡོད་པའི་བུ་མོ་རྣམས་ལྟད་མོ་ལ་འོངས་པ་དག་ལ་འཆར་ཀས་ཆོས་བཤད་པའི་བར་དུ་འདོད་ཆགས་ཀྱིས་ནོན་ནས་བཟུང་སྟེ་བུད་མེད་མཉེས་པ་ལས་བཅས། ཡན་ལག་འདི་ལྔ་དང་ལྡན་ན་ལྷག་མར་འགྱུར་ཏེ།


DTG154_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་སྤྱད་བཟོད་པ་དང༌། བུད་མེད་ཀྱི་ལུས་མ་ཉམས་པ་དང༌། བདག་གི་ལུས་མ་ཉམས་པ་དང༌། གོས་ཀྱིས་མ་གཡོགས་པ་དང༌། བཟུང་ནས་བདེ་བ་བདག་གིར་བྱས་པའོ། །ཡན་ལག་འདི་ལྔ་དང་ལྡན་ན་ལྷག་མར་འགྱུར། བུད་མེད་སྤྱད་མི་བཟོད་པ་དང༌། སྐྱེས་པ་དང༌། མ་ནིང་དང་མཚན་གཉིས་པ་ལ་བྱས་ཏེ། ཡན་ལག་དང་ལྡན་ན་སྦོམ་པོར་འགྱུར། བྱོལ་སོང་ལ་བཟུང་སྟེ་ཡན་ལག་དང་ལྡན་ན་ཉེས་བྱས་སུ་འགྱུར་རོ། །ཡང་དགེ་སློང་གང་ཆགས་ཤིང་བརྟུལ་བའི་སེམས་ཀྱིས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་འབྱུང་བར་མི་འོས་པ་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པ་འཛེ་ཏའི་ཚལ་དུ་བཞུགས་པའི་ཚེ། དགེ་སློང་འཆར་ཀ་གཙུག་ལག་ཁང་གི་སྒོ་སྲུང་ཞིང་འདུག་བའི་གན་དུ། བུད་མེད་ལྟད་མོ་ལ་འོང་བ་མཐོང་བ་ནས་འདོད་ཆགས་ཀྱིས་ནོན་པར་གྱུར་ཏེ། སྟེགས་བསྔགས་ལ་སོགས་པའི་འཁྲིག་པའི་ཚིག་དང་ལྡན་པར་སྨྲས་ནས། བུད་མེད་དག་གིས་དཔྱས་པར་གྱུར་པ་ལས་བཅས། ཡན་ལག་ནི་རྣམ་པ་བཞི་དང་ལྡན་ན་ལྷག་མར་འགྱུར་ཏེ། བུད་མེད་སྤྱད་མི་བཟོད་པ་ལ་འཁྲིག་ཚིག་སྨྲས་པ་དང༌། མོས་དོན་གོ་བ་དང༌། འདོད་ཆགས་ཀྱི་སེམས་ཡོད་པའོ། །བུད་མེད་སྤྱད་མི་བཟོད་པ་དང༌། སྐྱེས་པ་དང༌། མ་ནིང་དང༌། མཚན་གཉིས་པ་ལ་འདོད་ཆགས་ཀྱི་སེམས་ཀྱིས་འཁྲིག་ཚིག་ཏུ་སྨྲས་ན་སྦོམ་པོ། བྱོལ་སོང་ལ་སྨྲས་ན་ཉེས་བྱས་སོ། །ཡི་གེའི་འབྲུ་གཉེར་ལ་ཆགས་ཤིང་ཞེས་བྱ་བ་ནི་འཕྲལ་དུ་སེམས་ཆགས་པའོ། །བརྟུལ་བ་ནི་སྡུག་བསྔལ་བ་ལ་སེམས་ཞེན་པའོ། །གནས་ངན་ལེན་མན་ཆད་ཡན་ལག་བཞི་དང་སྦྱར་ཏེ། ཉེས་པ་དང་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་དང་དཔེའོ། །དེ་ལ་གནས་ངན་ལེན་གྱི་ཚིག་ནི་ཉེས་པ་དང་སྦྱར་ཏེ། ཁ་ན་མ་ཐོ་བ་དང་བཅས་སོ། །སྡིག་པ་ཅན་དབྱུང་བར་མི་འོས་པ་ནི་སྤྱིའི་མཚན་ཉིད་དང་སྦྱར་ཏེ། ཡ་རབས་ཀྱིས་མཉན་དུ་མི་རུང་བའི་ཚིག་ལ་བྱའོ། །འཁྲིག་པ་དང་ལྡན་པ་ནི་རང་གི་མཚན་ཉིད་དང་སྦྱར་ཏེ་འཁྲིག་པའི་ཚིག་དང་ལྡན་པའོ། །སྐྱེས་བུ་ན་ཆུང་གི་དཔེ་དང་སྦྱར་ཏེ། དཔེར་ན་སྐྱེས་བུ་ན་ཆུང་ལ་ཇི་ལྟ་བ་བཞིན་བསམས་སོ། །བུད་མེད་ལ་ཆགས་སེམས་མེད་པར་འཁྲིག་ཚིག་ཏུ་སྨྲ་བ་དང༌། ཆགས་སེམས་དང་བཅས་པས་འདོད་ཆགས་སྤངས་པའི་བུད་མེད་ལ་འཁྲིག་ཚིག་ཏུ་


DTG154_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ན་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་གང་ཆགས་ཤིང་བརྟུལ་བའི་སེམས་ཀྱིས། རང་གི་ལུས་ཀྱིར་ཀུན་དུ་སྤྱད་པའི་ཕྱིར་བུད་མེད་ཀྱི་མདུན་དུ་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་དང༌། འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་ཀུན་སྤྱད་ན་ཆེ་ཞེ་ཆོས་འདི་ནི་ཀུན་དུ་སྤྱད་པའི་མཆོག་གོ་ཞེས་བསྔགས་པ་བརྗོད་ན་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པའི་འཛེ་ཏའི་ཚལ་དུ་བཞུགས་པའི་ཚེ། དགེ་སློང་འཆར་ཀ་གཙུག་ལག་ཁང་སྲུང་ཞིང་འདུག་པའི་གན་དུ། བུད་མེད་ལྟད་མོ་ལྟར་འོང་བ་ལ་ཚངས་པར་སྤྱོད་པའི་མཆོག་ནི་ང་ལྟ་བུ་ཡོན་ཏན་དང་ལྡན་པ་དང་སྦྱར་ཏེ། ངའི་ལུས་བདེ་བར་བྱས་ན་དེ་ནི་སྤྱད་པའི་མཆོག་གོ་ཞེས་སྨྲས་ནས་བུད་མེད་ཀྱིས་དཔྱས་པ་ལས་བཅས། ཡན་ལག་ནི་རྣམ་པ་ལྔ་དང་ལྡན་ན་ལྷག་མར་འགྱུར་ཏེ། །བུད་མེད་སྤྱད་བཟོད་པ་དང༌། ཆགས་སེམས་ཡོད་པ་དང༌། ཉིད་ཀྱི་ཁར་སྨྲས་པ་དང༌། གཞན་ལ་བཅོལ་བ་དང༌། བུད་མེད་ཀྱིས་དོན་གོ་བའོ། །སྦོམ་པོར་འགྱུར་བ་ནི་ལྟག་ཏུ་སྨོས་པ་དང་འདྲའོ། །ཡི་གེའི་འབྲུ་གཉེར་ལ་ལུས་ཀྱིར་ཀུན་དུ་སྤྱོད་པ་ཞེས་པ་ནི་ལུས་བསྲོ་ཞིང་མཉེ་བ་ནས་མི་ཚངས་པར་སྤྱོད་པའི་བར་དུའོ། །ཚུལ་ཁྲིམས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་སྦྱར། དགེ་བའི་ཆོས་ཅན་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ། ཚངས་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པར་སྤྱོད་པའོ། །ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་དང་མཛའ་ན་མོར་སྨྱན་བྱེད་ན་ཐ་ན་སྐད་ཅིག་དེ་ཉིད་ཀྱང་རུང་སྟེ་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པ་འཛེ་ཏའི་ཚལ་ན་བཞུགས་པའི་ཚེ། དྲུག་སྡེ་སྨྱན་བྱེད་པ་ལ་ཞུགས་ཏེ། སྐྱེས་པ་དང་བུད་མེད་ཀྱི་ཚིག་ཕན་ཚུན་སྐྱེལ་བར་བྱེད་པ་དེ། ཁྱིམ་པ་དག་གིས་སངས་རྒྱས་ཀྱི་སློབ་མ་ཆོས་མ་ཡིན་པ་སྤྱོད་དོ་ཞེས་དཔྱས་པ་ལས་བཅས། ཡན་ལག་ནི་གསུམ་དང་ལྡན་ན་ལྷག་མར་འགྱུར་ཏེ། ཐོག་མ་ཕྲིན་བླངས་པ་དང༌། ཕ་རོལ་ནས་བཟླུགས་པ་དང༌། ཕྲིན་ལན་སླར་བསྐྱལ་བ་དང་ལྡན་ན་ལྷག་མར་འགྱུར། ངེས་པ་རྣམ་པ་གསུམ་དང་ལྡན་པ་སྟེ། བདག་པོ་གཅིག་ཏུ་ངེས་པ་དང༌། དངོས་པོ་གཅིག་ཏུ་ངེས་པ་དང༌། དུས་གཅིག་ཏུ་ངེས་པའོ། །དེ་ལ་བདག་པོ་གཅིག་ཏུ་ངེས་པ་ནི་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཅེས་པ་དང་སྦྱར་རོ། །དངོས་


DTG154_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་ཏུ་ངེས་པ་ནི་ཆུང་མའམ་མཛའ་ན་མོ་ཞེས་པ་དང་སྦྱར། དུས་གཅིག་ཏུ་ངེས་པ་ནི་ཐ་ན་སྐད་ཅིག་དེ་ཉིད་ཀྱིའང་རུང་སྟེ་ཞེས་པ་དང་སྦྱར་རོ། །དེ་ལ་ཆུང་མ་ནི་རྣམ་པ་བདུན་ཏེ། ཆུས་བྱིན་པའི་ཆུང་མ་དང༌། ནོར་གྱིས་ཉོས་པ་དང༌། རྒྱལ་མཚན་གྱིས་ཕྲོགས་པ་དང༌། དགའ་བས་ཐོབ་པ་དང༌། དགའ་བས་གནས་པ་དང༌། མཉམ་དུ་འཚོ་བ་དང༌། དེའི་སྐད་ཅིག་པའོ། །དེ་ལ་མཛའ་ན་མོའང་རྣམ་པ་བཅུ་སྟེ། བས་བསྲུངས་པ། མས་བསྲུངས་པ། མིང་པོས་བསྲུངས་པ། འདི་སྐབས་ནས་ས་བཅད་གཅིག་ཆ་དང་མ། ཕུ་ནུ་མོས་བསྲུངས་པ། སྒྱུག་མོས་བསྲུངས་པ། གཉེན་གྱིས་བསྲུངས་པ། རིགས་ཀྱིས་བསྲུངས་པ། རུས་ཀྱིས་བསྲུངས་པ། འཁྲུག་པ་མེད་པ་ཅན་དང་བཅུའོ། །ཁྱོ་ཤུག་འཐབ་པ་ལའང་རྣམ་པ་བདུན་ཏེ། ཆུང་མ་དང་པོ་གསུམ་དང་འཐབ་པའི་མོད་ལ་བསྡུམས་པ་དང༌། འཐབ་ནས་ཅུང་ཟད་ལོན་ནས་བསྡུམས་པ་དང༌། རྩྭ་བཅད་པ་ལས་བསྡུམས་པ་ནི་ཉེས་བྱས་རེ་རེ། རྡོ་གསུམ་བོར་བ་ལས་བསྡུམས་པ་དང༌། ཁྲིམས་ཀྱིས་ཕྱེ་བ་ལས་བསྡུམས་པ་ནི་སྦོམ་པོ་རེ་རེ་ཆུང་མ་མ་ཡིན་པར་བསྒྲགས་པ་ལས་བསྡུམས་པ་དང༌། དྲིལ་བརྡུངས་པ་ལས་བསྡུམས་པ་ནི་ལྷག་མ་རེ་རེ་དང་སྦོམ་པོ་རེ་རེ། འདི་རྣམས་ལན་བདུན་འཐབ་པ་ལས་ལན་བདུན་བསྡུམས་ན་ཉེས་བྱས་གསུམ་དང་སྦོམ་པོ་བཞི་དང༌། ལྷག་མ་གཉིས་ཏེ་དགུ་ཕྲུགས་སུ་འབྱུང་བར་འགྱུར་རོ། །ཕྲིན་བླངས་ནས་ཕ་རོལ་དབང་མེད་པ་གཅིག་ལ་བསྡུམས་ན་སྦོམ་པོ་གཅིག་དང་ཉེས་བྱས་གཅིག །ཕྱིར་ཡང་དབང་མེད་པའི་གན་དུ་བསྐྱལ་ན་ཉེས་བྱས། དབང་ཡོད་པ་ལས་ཕྲིན་བླངས། དབང་ཡོད་པ་ལས་བསྡུམས་པ་ལས་དབང་མེད་པའི་གན་དུ་བསྐྱལ་ན་སྦོམ་པོ་གཉིས་དང་ཉེས་བྱས་གཅིག །དབང་ཡོད་པ་ལ་སླར་བསྐྱལ་ན་ལྷག་མར་འགྱུར། བུ་སྲིང་ལྟ་བུ་བཙོངས་ཏེ་རིན་ཟོས་ན་སྐྲ་ཅན་བཙོངས་པ་དང༌། མི་ཚངས་པར་སྤྱོད་དུ་བཅུག་པར་གྱུར་པས་ཕས་ཕམ་པའི་སྦོམ་པོ་གཉིས་སུ་འགྱུར། རིན་མ་ཟོས་ན་སྦོམ་པོ་གཅིག །བདག་གིས་བླངས་ཏེ་དགེ་སློང་གིས་བདག་པོ་མེད་པའི་བདག་གི་ཕྱིར་ཁང་པ་བརྩིགས་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་བརྩིགས་ཤིང་དེ་ལ་ཁང་ཚད་ནི་འདི་ཡིན་ཏེ། ནང་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཞེད་དུ་མཐོ་བདུན་ནོ། །གཞི་ལྟ་བའི་ཕྱིར་དགེ་སློང་དེས། དགེ་སློང་དག་ཁྲིད་ཅིག །ཁྲིད་པའི་དགེ་སློང་དེ་དག་གིས་ཀྱང་རུང་བ་དང༌། མི་རྩོད་པ་དང༌། ཡངས་པར་


DTG154_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཤིག་གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པའམ་མི་ཡངས་པ་ཞིག་ཏུ་བདག་གིས་བླངས་པོ་བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་བརྩིག་གམ། གཞི་ལྟ་བའི་ཕྱིར་དགེ་སློང་དག་མ་ཁྲིད་དམ་དགེ་སློང་ཁྲིད་པ་དག་ལ་གཞི་མ་བསྟན་ཏམ། ཚད་ལས་འདས་ན་དགེ་འདུན་ལྷག་མའོ། །སངས་རྒྱས་ཡུལ་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ཁང་པ་མངས་པས་ལ་ལ་ནི་རིན་ཆེས་ཏེ་བོང༌། ལ་ལ་ནི་ཆུང་ཆེས་ཏེ་བོར་ནས། ཁང་པ་གཞན་རྩིག་པ་ལ་ཞུགས་ནས་དགེ་བའི་བར་ཆད་དུ་གྱུར་ཏེ། བྲམ་ཟེ་དག་གིས་དཔྱས་པ་ལ་བཅས། དེ་ལ་བདག་གིས་བླངས་ཞེས་བྱ་བ་ནི་ས་གཞི་དང་རྩི་ཤིང་དང༌། བརྩིག་པའི་ཡོ་བྱད་དང༌། གླ་མི་ལ་སོགས་པ་བདག་གིས་གཞན་ལ་བསླངས་པའོ། །བདག་པོ་མེད་པའི་བདག་གི་ཕྱིར་ཞེས་པ་ནི་ཁང་པའི་བདག་པོ་འདིའོ་ཞེས་གཞན་ལ་བསྔོས་པ་མེད་པའོ། །བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ནི་ཐ་མལ་པའི་ཁྲུ་བཅོ་བརྒྱད་དོ། །མཐོ་བདུན་ཞེས་པ་ནི་ཐ་མལ་པའི་ཁྲུ་ཕྱེད་དང་བཅུ་གཅིག་གོ །གཞི་ལྟ་བའི་ཕྱིར་དགེ་སློང་ཁྲིད་ཅིག་པ་ནི་གཞི་རུང་བ་དང་མི་རྩོད་པ་དང་ཡངས་པར་བྱ་བའི་ཕྱིར་རོ། །དེ་ལ་གཞི་རུང་བར་ཆུད་པ་ནི་སེམས་ཅན་གྱི་ཚད་མེད་པ་སྟེ། སྤྲུལ་དང་སྡིག་པ་དང༌། སྲིན་བུ་ཤིང་ཟན་དང༌། གྲོག་མོ་ཡན་ཆད་ཀྱི་ཚང་མེད་པའོ། །དེ་ལ་མི་རྩོད་པར་ཆུད་པ་ནི་གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་དང་བྲམ་ཟེའི་ཁང་ཁྱིམ་དང་མི་ཉེ་བའོ། །ཡངས་པར་ཆུད་པ་ནི་ཁང་པའི་རྩིག་དྲུང་ནས་འདོམ་གང་ཚུན་ཆད་ན་ཆུ་དང་གད་པ་ལ་སོགས་པ་མེད་པའོ། །དེ་ཕན་ཆད་ན་ནི་ཡི་གེའི་གཉེར་ནི་འཕྲུལ་དུ་བརྡ་ཕྲད་པར་ཟད་དོ། །དེ་ལ་ཡན་ལག་ནི་རྣམ་པ་དྲུག་དང་ལྡན་ན་ལྷག་མར་འགྱུར་ཏེ། བདག་གཅིག་པུའི་ཕྱིར་དང༌། ཡོ་བྱད་གཞན་ལ་བསླངས་པ་དང༌། གཞི་མི་རུང་བ་ལ་སོགས་པ་གསུམ་དང་ལྡན་པ་དང༌། ལུང་མེད་པ་དང༌། ཚད་ལས་འདས་པ་དང༌། གྲུབ་པའི་མཐའོ། །དེ་ལ་ལུང་མེད་པ་དང༌། གཞི་མི་རུང་བ་དང༌། རྩོད་པ་དང་མི་ཡངས་པ་དང༌། ཚད་ལས་འདས་པ་དང༌། འདི་རྣམས་ནི་གཞན་དང་མི་ལྡན་ཏེ། རེ་རེ་དང་ལྡན་པ་ན་སྦོམ་པོར་འགྱུར་རོ། །དགེ་སློང་གཞན་ལ་ལེགས་པར་བསྒོ་སྟེ། ཁང་པ་རྩིག་ཏུ་བཅོལ་བ་ལས་དེ་དགེ་སློང་དེས་ནན་ཏན་མ་བྱས་ན་ཡང་ལྟུང་བའི་རིམ་པ་ཁང་པའི་བདག་པོའི་དགེ་སློང་དང་འདྲའོ། །དགེ་སློང་ལ་རྩིག་ཏུ་བཅོལ་བའི་འོག་ཏུ། བདག་གིས་ཀྱང་ཡོ་བྱད་བྱིན་ཏེ། བརྩིགས་པ་ལས་འགལ་


DTG154_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྟུང་བའི་རིམ་པ་ལྟག་མ་བཞིན་དུ་གཉིས་ཀ་ལས་འབྱུང་བར་འགྱུར་རོ། །ཁང་པའི་ཚད་ཐང་གིས་དབང་བ་ལས། ཁོང་བསྐོར་ཏེ་གྲུ་བཞིར་བགྱིས་ན། ཞེང་ཚད་ལས་ལྷག་པའི་སྦོམ་པོར་འགྱུར། ཁང་པ་གཅིག་གི་ཚད་འདི་ལས་འདར་མི་གནང་དུ་ཟད་ཀྱི། ཚད་ལས་མ་འདས་ན་མིག་གྲངས་མང་དུ་བྱས་ཀྱང་ཉེས་མེད་དོ། །བདག་གཏོགས་པར་གང་ཟག་གཉིས་གསུམ་ཙམ་གྱི་ཕྱིར་དགེ་སློང་ཁང་པ་བརྩིགས་ན་བཀག་པ་གཅིག་པུའི་ཕྱིར་མ་ཡིན་པས་སྦོམ་པོར་འགྱུར་རོ། །གཡོག་བྲན་གྱི་ཁང་པ་བརྩིགས་ན་ཡང་སྦོམ་པོར་འགྱུར་རོ། །སྤྱོད་ལམ་བཞི་ཤོང་བའི་ཁང་པ་རྩིག་པ་ནི་ལུང་གསོལ་མི་དགོས་སོ། །གཞི་རུང་བ་དང༌། མི་རྩོད་ཅིང་ཡངས་པ་དང༌། ཚད་ལས་མ་འདས་པ་ནི་ལྟག་མ་དང་འདྲའོ། །ཁང་པ་གནམ་འཕང་གི་རྩེག་མར་ནི་ལྔ་རྩེག་མན་ཆད་གནང༌། དགེ་སློང་གིས་བདག་པོ་ཡོད་པ་དང༌། དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་ཅིག་ན་གཞི་ལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་ཁྲིད་ཅིག །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་མི་རུང་བ་དང་རྩོད་པ་དང་ཡངས་པར་རྟོགས་ཤིག །དགེ་སློང་གིས་གཞི་མི་རུང་བ་དང་རྩོད་པ་དང་མི་ཡངས་པ་ཞིག་ཏུ་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་གམ། གཞི་ལྟ་བའི་ཕྱིར་དགེ་སློང་དག་མ་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་ཡང་གཞི་མ་བསྟན་ན་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ན་དྲུག་སྡེ་འཁོད་པས། དགའ་བོ་ལ་སྨྲས་པ། དགའ་བོ་ལྟོས་ཤིག །གཙུག་ལག་ཁང་འདི་ཡོ་སྟེ་མ་ལེགས་སོ་ཞེས་པ་དང༌། དགའ་བོས་སྨྲས་པ། ཁྱེད་ཀྱིས་རྡོ་གསུམ་བརྩིགས་ཀྱང་མི་ནུས་པས་དཔྱ་བྱའམ་ཞེས་སྨྲས་པ་དང༌། དྲུག་སྡེ་ང་རྒྱལ་སྐྱེས་ཏེ། གཙུག་ལག་ཁང་བརྩིགས་པའི་ས་གཞི་རྒྱལ་པོ་ལ་གསོལ་ནས། རྒྱལ་པོའི་ཕོ་བྲང་འཁོར་མ་གཏོགས་པར་གཞན་གར་དགའ་བར་རྩིག་ཏུ་གནང་ངོ་ཞེས་བྱུང་བ་དང༌། བྲམ་ཟེ་ལས་ནོར་དང་ཡོ་བྱད་བསླངས་ནས། བྲམ་ཟེའི་བུ་ལྔ་བརྒྱ་བྲམ་ཟེའི་སྔགས་སློབ་མཁན་པའི་ས་གྲིབ་ལྕང་ཆེན་པོ་ཡོད་དེ་དེའི་མདུན་དུ་དྲུག་སྡེ་བསོད་སྙོམས་ལེན་པའི་ཚེ། བྲམ་ཟེའི་བུས་དཔྱས་པའི་འཁོན་གྱིས། དྲུག་སྡེས་ནུབ་གཅིག་གིས་གྲིབ་ཤིང་བཅད་དེ། ས་གཞི་བསྙམས་ནས་གཙུག་ལག་ཁང་བརྩིགས་ཏེ་བྲམ་ཟེ་འཁྲུགས་པ་ལས་བཅས། བདག་པོ་


DTG154_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ནི་གཞན་ལ་བསྔོས་པའི་བདག་པོ་ཡོད་པ་དང༌། ཕྱོགས་བཅུའི་དགེ་འདུན་ལ་བསྔོས་པའོ། །ཡི་གེའི་འབྲུ་གཉེར་གཞན་ནི་ལྟག་མ་དང་འདྲ། ཡན་ལག་གསུམ་དང་ལྡན་ན་ལྷག་མར་འགྱུར་ཏེ། ལུང་མེད་པ་དང་གཞི་རུང་བ་ལ་སོགས་པའི་གསུམ་དང་ལྡན་ན་མཐར་ཕྱིན་པའོ། །ཡན་ལག་གཅིག་དང་མི་ལྡན་ན་སྦོམ་པོར་འགྱུར། ལུང་མེད་པ་དང་གཞི་མི་རུང་བ་ལ་སོགས་པ་ནི་གཅིག་པོ་འབའ་ཞིག་དང་ལྡན་ན་ཡང་སྦོམ་པོར་འགྱུར། གནམ་འཕང་དུ་རྩེག་མ་བདུན་མན་ཆད་ནས། ཡང་དགེ་སློང་གང་ཞེ་སྡང་ཅན་ཞིག་ཁྲོས་ནས་གནོད་པར་བྱེད་དེ། ཅི་ནས་ཀྱང་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་གཙང་མ་མཉེས་པ་ལ་རྩ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་པ་ལས། དེ་དུས་གཞན་ཞིག་ན་དྲིས་ན་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་རྩ་བ་མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པ་ཞིག་པས་ཁྲོས་ཏེ་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ། །སངས་རྒྱས་ཡུལ་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་མཛའ་བོ་དང་ས་ཅན་གུད་ནས་འོངས་པས་གཙུག་ལག་ཁང་དུ་དྲིས་པ། དགེ་འདུན་གྱི་མལ་སྟན་དང་ཁ་ཟས་འགོད་པ་སུ་ཡིན་དྲིས་པ་དང་དེ་དག་གིས་སྨྲས་པ། དག་སྐོས་ནི་དགེ་སློང་གྱད་བུ་ནོར་ཞེས་པ་ཡིན་ནོ་ཞེས་བྱས་པ་དང༌། དགེ་སྐོས་ཀྱིས་དགེ་འདུན་བསོད་སྙོམས་ལ་འཇུག་པའི་གྲོང་ལན་བགོས་ཀྱི་བར་དུ། དགེ་སློང་དེ་གཉིས་ཚེ་སྔ་མའི་ལས་ཀྱིས་གྲོང་དབུལ་པོར་བབ་ནས་རབ་ཏུ་འཁྲུགས་ཏེ་ཁྲོས་པས་འཁོན་དུ་བཟུང་ནས་དགེ་སློང་དེ་གཉིས་ཀྱིས་སྲིང་མོ་དགེ་སློང་མ་གྲོགས་མོ་ཞེས་བྱ་བ་བསླུས་ཏེ། དགེ་སློང་གྱད་བུ་ནོར་གྱིས་མི་རིགས་པར་བྱས་ཏེ། ང་དང་མི་ཚངས་པར་སྤྱོད་དོ་ཞེས་རྒོལ་དུ་བཅུག་ནས། སངས་རྒྱས་ཀྱི་མདུན་དུ་མོས་བརྒལ་བར་བྱས་ཏེ། དགེ་སློང་དེ་གཉིས་ཀྱིས་ཀྱང་ཆེ་བཞི་བྱས་ཏེ་བསྐྱུར་བ་ལས་བཅས། ཞེ་སྡང་ཅན་ཞེས་བྱ་བ་ནི་འཁོན་དུ་བཟུང་བའོ། །ཁྲོས་པ་ནི་འཕྲལ་དུ་ཁྲོས་པའོ། །གནོད་པར་བྱེད་པ་ནི་དགེ་སློང་གཙང་མ་ལ་གནོད་པར་བྱེད་པར་རྩོལ་བ་ཚངས་པར་སྤྱོད་པ་དང་དབྲལ་བ་ནི་དགེ་བའི་ཆོས་དང་དགེ་སློང་གི་ཡོ་བྱད་ལ་སོགས་པའོ། །མ་ཉེས་པ་ནི་ཉེས་པ་མེད་པའི་དོན་སྐུར་བའི་ཚིག་གིས་རྩ་བ་མེད་པ་རྣམ་པ་གསུམ་སྟེ། མཐོང་བ་དང་ཐོས་པ་དང་དོགས་པ་མེད་པའོ། །སྐུར་བ་ནི་མི་ཚངས་པར་སྤྱོད་ཅེས་བསྒྲགས་པའོ། །དེ་མན་ཆད་ནི་བརྡ་ཕྲད་པར་ཟད་དོ། །ཡན་ལག་ནི་ཚངས་


DTG154_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་དང་དབྲལ་བར་བྱ་བ་དང༌། ཕས་ཕམ་པའི་ཆོས་ཡིན་པ་དང༌། བསྒྲགས་པ་དང༌། གཞན་གྱི་དོན་གོ་བ་དང་བཞི་སྟེ། འདི་བཞི་དང་ལྡན་ན་ལྷག་མར་འགྱུར། སྐུར་བའི་ཚིག་ནི་གཞན་ལ་བརྗོད་དགུར་ལྷག་མ་རེ་རེ། གཞན་ལས་ཐོས་ནས་ཡིད་ཆེས་ཏེ། ངས་མཐོང་ངོ་ཞེས་བརྗོད་པ་དང༌། ཐོས་ནས་ཡིད་མ་ཆེས་པར་མཐོང་ངོ་ཞེས་བརྗོད་པ་དང༌། ཐོས་ནས་དགོས་པ་མེད་པ་དང་འདི་རྣམས་འདྲ་སྟེ། རྩིས་མགོ་ལྷག་མ་དང་ལྡན་ན་ལྷག་མར་འགྱུར་རོ། །ཡང་དགེ་སློང་གང་ཞེ་སྡང་ཅན་ཞིག་ཁྲོས་ནས་གནོད་པར་བྱེད་དེ། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་གཙང་མ་མ་ཉེས་པ་ལ་གཞན་ཆ་མ་ཡིན་པ་ཕས་ཕམ་པའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པར་རྩོད་པ་དེ་ཡང་བག་ཙམ་གྱི་ཆ་ལས་ཆོས་འགལ་ཞིག་བླངས་པར་ཟད་ལ། དགེ་སློང་ཡང་ཞེ་སྡང་ཅན་ལ་གནས་པ་ཞིག་པས་ཁྲོས་ཏེ་སྨྲས་སོ་ཞེ་ན། ཡང་དགེ་འདུན་ལྷག་མའོ།། སངས་རྒྱས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། གྱད་གྱི་བུ་དགེ་སློང་གྱད་བུ་ནོར་ཞེས་བྱ་བ་དེ། བྱ་རྒོད་སྦུངས་པའི་རིལ་རྡོས་བསྐོར་ཅེས་བ་བའི་རྫི་ང་གི་འགྲམ་ན་སྤྱིལ་པོ་བྱས་ཏེ་གནས་པའི་གན་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་དགེ་སློང་མ་ཨུཏྤ་ལའི་མདོག་ཅེས་བྱ་བ་དེར་འོངས་པ་དགེ་སློང་མཛའ་བོ་དང་ས་ཅན་གྱིས་མཐོང་ནས་སྔོན་གྱི་འཁོན་མ་བཏང་ཏེ་སྐུར་པའི་སེམས་སྐྱེས་ནས། རི་ཁ་ན་རི་དགས་མི་ཚངས་པར་སྤྱོད་པ་མཐོང་བའི་ཆ་ལས་བླངས་ནས་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་འཁྲིག་པ་སྤྱོད་པ་མཐོང་ངོ་ཞེས་བསྒྲགས་པ་ལས་བཅས། ཡི་གེའི་འབྲུ་གཉེར་གཞན་ནི་གོང་མ་དང་འདྲའོ། །གཞན་གྱི་ཆ་མ་ཡིན་ཞེས་པ་ལ། གཞན་ནི་འཁོར་བ་ལས་གཞན་པ་སྟེ་མྱ་ངན་ལས་འདའ་བའོ། །དེའི་ཆ་ཡིན་པ་ནི་དགེ་བའི་ཕྱོགས་རྣམས་དེའི་ཆ་མ་ཡིན་པ་ནི་མི་དགེ་བའི་ཕྱོགས་རྣམས་ཏེ། ཡང་ན་གཞན་གྱི་ཆ་ཞེས་བྱ་བ་ནི་རི་དགས་མི་ཚངས་པར་སྤྱོད་པའོ། །མ་ཡིན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་མ་ཡིན་པའོ། །ཡན་ལག་ནི་ཚངས་པར་སྤྱོད་པ་དང་དབྲལ་བར་བྱ་བ་དང༌། གཞན་གྱི་ཆ་མ་ཡིན་པ་དང༌། ཉིད་ཀྱིས་བརྗོད་པ་དང༌། གཞན་གྱི་དོན་གོ་བའོ། །སྦོམ་པོར་འགྱུར་བ་ནི་ལྟག་ཏུ་སྨོས་པ་དང་འདྲའོ། །ཡང་དགེ་སློང་གད་དགེ་འདུན་འདུམ་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བར་


DTG154_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་འདུག་ནས་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་འདུམ་པ་དབྱེ་བའི་ཕྱིར་མ་འཇུག་ཤིག །དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་མ་འདུག་ཅིག །ཚེ་དང་ལྡན་པ་དགེ་འདུན་འདུམ། །བར་གྱིས་ཤིག །དགེ་འདུན་མཐུན་ཞིང་མི་ཕྱེད་ཀུན་དུ་དགའ་མི་རྩོད་རྩེ་གཅིག་འདོན་བ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་བཞིན་དུ་གྱུར། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་ཁྱོད་དགེ་འདུན་དབྱེ་བར་བྱའི་དངོས་པོ་འདི་ལྟ་བུ་ཐོར་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་དེ་ལྟན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་ན་དེ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་ལྷས་བྱིན་རྙེད་པ་དང་བཀུར་སྟི་ལ་ཆགས་ནས་དེ་ནི་སངས་རྒྱས་ཀྱང་བགྲེས་འཁོགས་ཕ་མ་འཁོར་རྣམ་བཞི་ལ་སྟོན་ཡང་མི་སྤྱོད་ཀྱི་འཁོར་རྣམ་བཞི་བདག་ལ་གཏོད་ཅིག་དང་བདག་གིས་བསྟན་པར་བགྱི་ཞེས་གསོལ་ནས། ཤཱཀྱའི་བུ་དང་མཽད་གལ་གྱི་བུ་ཚངས་པར་སྤྱོད་པའི་ཚོགས་ལ་ཡང་འཁོར་རྣམ་པ་བཞི་མི་གཏད་ན། རོ་དང་འདྲ་པ་མཆིལ་མ་ཟབ་ཁྱོད་ཅིའི་ཕྱིར་གཏད་ཅེས་བཀའ་སྩལ་པ་དང༌། ལྷ་སྦྱིན་རབ་ཏུ་མ་རངས་ནས་དགེ་སྤྱོད་རྒྱ་མཚོས་བྱིན་པ་ལ་སོགས་པ་ལ། ཀྱེ་དགེ་སློང་དག་ངས་ཡོ་བྱས་ཤིང་གཟིར་བཞིན་དུ་སྟོན་པའོ་ཞེས་རེ་བ་བསྐྱེད་མི་ནུས་ཀྱི་བདག་ཅག་གིས་སངས་རྒྱས་འདུག་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་དབྱེ་ཞིང་འཁོར་དབྱེ་བར་བྱས་ན་གཏམ་སྙན་པ་ཟད་མི་ཤེས་པར་འགྱུར་རོ་ཞེས་སྨྲས་ནས་དགེ་འདུན་གྱི་དབྱེ་ན་ལ་ཞུགས་པ་ནས་བཅས། དེ་ལ་དགེ་འདུན་འདུམ་པ་ཞེས་བྱ་བ་ནི་རྣམ་པ་དྲུག་དང་ལྡན་ན་འདུམ་པ་ཡིན་ཏེ་གང་ཞེ་ན། མཚན་མ་གཅིག་པ་དང༌། ལས་གཅིག་པ་དང༌། ཚུལ་ཁྲིམས་གཅིག་པ་དང༌། ལྟ་བ་གཅིག་པ་དང༌། སྤྱོད་པ་གཅིག་པ་དང༌། འཚོ་བ་གཅིག་པའོ། །དེ་ལ་མཚན་མི་གཅིག་པ་དཔེར་ན་ལྷ་སྦྱིན་གྱིས་བྱས་པ་དོན་མེད་པར་


DTG154_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རས་ཀྱི་ཁ་ཚར་མ་བཅད་པའི་ག་ཤ་གྱོན་པ་ལྟ་བུའོ། །ལས་མི་གཅིག་པ་ནི་གང་གསོལ་པ་དང་ཞུ་བའི་ལས་ཀྱིས་སྒྲུབ་པ་དང་མི་མཐུན་པར་སྤྱོད་པའོ། །ཚུལ་ཁྲིམས་མི་གཅིག་པ་ནི་དཔེར་ན་ལྷ་སྦྱིན་གྱི་ཚུལ་ཁྲིམས་ལྷག་པར་བྱས་པ་བེའུ་ལ་གནོད་པའི་ཕྱིར་འོ་མ་མི་བཏུང་བ་དང༌། བྱས་པ་དོན་མེད་པ་མི་འགྱུར་བའི་ཕྱིར་རས་ཀྱི་ཁ་ཚར་མི་བཅད་པ་དང༌། གུ་ལང་ཆེན་པོའི་ཁུ་བ་ཡིན་པས་ན་ཚྭ་མི་བཟའ་བ་དང༌། འགྲོ་བ་མང་པོའི་བསོད་ནམས་མི་དགག་པའི་ཕྱིར་དགོན་པར་གནས་མི་བཅའ་བ་ལྟ་བུའོ། །ལྟ་བ་མི་གཅིག་པ་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གཞན་དུ་དེ་ལྟའོ། །སྤྱོད་པ་མི་གཅིག་པ་ནི་བསོད་ནམས་སྤྱོད་པ་ལ་སོགས་པ་ལ་ཚུལ་ཐ་དད་པའོ། །འཚོ་བ་མི་གཅིག་པ་ནི་དཔེར་ན་ལྷ་སྦྱིན་ཁ་གསག་དང༌། གཞོགས་སློང་དང༌། ཁེ་དང༌། བཀུར་སྟིས་འཚོ་བ་ལྟ་བུའོ། །དེ་ལ་དབྱེ་བའི་ཕྱིར་ཞུགས་པ་ནི་རྣམ་པ་གཉིས་ཏེ། སྡོམ་པ་ཐ་དད་དུ་འཛུད་པ་དང༌། ལམ་ཐ་དད་དུ་འཛུད་པའོ། །དབྱེ་བར་བྱ་བའི་ཞེས་བྱ་བ་ནི་ཟས་མང་པོ་དང་གྲོགས་མང་པོ་རྙེད་པར་བྱ་བའི་ཕྱིར་རོ། །རྩོད་པ་ཡང་དག་པར་གཟུང་ངོ་ཞེས་པ་ནི་དེ་བཞིན་དུ་བསམས་པའོ། །རབ་ཏུ་འཛིན་ཅེས་པ་ནི་ཞེ་ལ་གནོན་པའོ། །དགེ་སློང་རྣམས་ཀྱིས་བསྒོ་བ་ནི། གང་དབྱེན་དུ་ཞུགས་པ་དེ་ལ་དགེ་སློང་མང་ཡང་རུང་བས་ཚིག་བཞམས་ཏེ་བསྒོ་བར་བྱ་བའི་དོན་ཏོ། །འདུམ་པར་གྱིས་ཅེས་པ་ནི་བསྒོ་བ་སྟེ་བརྡ་ཕྲད་པར་ཟད་དོ། །དགེ་འདུན་མཐུན་ཞེས་པ་ནི་ལྟ་བ་ལ་སོགས་པའོ། །མི་ཕྱེད་ཅེས་པ་ནི་གཅིག་ཏུ་གྱུར་པའི་དོན་ཏེ་ཆོས་མཐུན་པ་དང༌། ཟང་ཟིང་མཐུན་པ་དང༌། དད་པ་མཐུན་པའི་ཕྱིར་རོ། །ཀུན་དུ་དགའ་ཞེས་པ་ནི་དགེ་བའི་ཕྱོགས་འཕེལ་བའོ། །མི་རྩོད་ཅེས་པ་ནི་སྤྱོད་པ་ངན་པ་དང་བྲལ་བ་སྟེ། ལྟ་བ་ལ་སོགས་པས་མི་རྩོད་པའོ། །རྩེ་གཅིག་ཅེས་པ་ནི་དགེ་བའི་ཕྱོགས་སམ་ཏིང་ངེ་འཛིན་ལྟ་བུ་མི་འགྱུར་བའོ། །འདོན་པ་ནི་གཅིག་ཅེས་པ་ནི་སོ་སོར་ཐར་པ་གཅིག་པའོ། །ཆུ་དང་འོ་མ་འདྲེས་པ་ནི་གཅིག་གི་ཚིག་གཅིག་གིས་བཟོད་པ་སྟེ། དབྱེར་མི་ཕྱེད་པའི་དོན་ཏོ། །སྟོན་པའི་བསྟན་པའི་བྱེད་པ་ནི་བསྟན་ཅིང་བསྟད་པ་ལ་བྱའོ། །བདེ་བ་ལ་རེག་པར་གནས་པ་ལ་བདེ་བ་ནི་ལུས་རེག་པ་ནི་སེམས་སོ། །དེ་ལ་བསྒོ་བ་ནི་མི་དགེ་བ་ཐོང་ཤིག་པའོ། །བསྟན་པ་ནི་འཇུག་པར་གྱིས་ཤིག་པའོ། །དངོས་པོ་དེ་སྤང་བའི་ཕྱིར་ཞེས་པ་མན་ཆད་ནི་དགེ་འདུན་གྱིས་གསོལ་པ་དང༌། ཞུ་བའི་ལས་ཀྱིས་ལན་གསུམ་


DTG154_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བར་བྱའོ། །དེ་ལ་ཐོག་མར་དགེ་སློང་གིས་བསྒོ་བའི་ཚེ་མ་བཏང་ན་ཉེས་བྱས། དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གསུམ་བསྒོ་ཏེ་མ་བཏང་ན་ལན་གཉིས་ཀྱི་ཚེ་སྦོམ་པོ་རེ་རེ། གསུམ་པོའི་ཐ་མར་མ་བཏང་ན་ལྷག་མར་འགྱུར། ལྷག་མ་འདི་ལ་ཉེས་བྱས་གཅིག་དང༌། སྦོམ་པོ་གསུམ་དང་ལྷག་མ་གཅིག་སྟེ་ལྟུང་བ་ལྔ་ཕྲུགས་འབྱུང་ངོ༌། །དེ་ལ་དགེ་འདུན་གྱིས་བསྒོ་བའི་ལས་མ་བྱས་པར་དགེ་འདུན་ཕྱེ་བར་གྱུར་ན། ལྷག་མར་ནི་མི་འགྱུར་ཁྲིམས་ནི་མེད་པར་འགྱུར་རོ། །ཡན་ལག་ནི་གསུམ་སྟེ་མ་བཏང་ན་ལྷག་མའོ། །གཅིག་གམ་གཉིས་སམ་མང་པོ་ཡང་རུང་སྟེ། དགེ་སློང་དེའི་གྲོགས་སུ་གྱུར་ལ་དབྱེན་མེད་པར་ཕྱོགས་ནས། གལ་ཏེ་དེ་དག་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་དགེ་ཡང་རུང་སྡིག་ཀྱང་རུང༌། དགེ་སློང་འདི་ལ་ཁྱོད་ཅུང་ཟད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བའོ། །དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་ནོ། །དགེ་སློང་འདི་གང་ལ་དད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་དད་ཅིང་བཟོད་དོ་ཞེས་ཁྱེད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ནི་ཆོས་མ་ཡིན་པར་སྨྲ་བ་འདུལ་བ་མ་ཡིན་པར་སྨྲ་བའོ། །དགེ་སློང་འདི་ནི་ཆོས་མ་ཡིན་པར་སྨྲ་བ། འདུལ་བ་མ་ཡིན་པར་སྨྲ་བ་སྟེ། དགེ་སློང་འདི་ནི་ཆོས་མ་ཡིན་པར་སྨྲ་བ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་གྱི། ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་དབྱེ་བ་ལ་དད་པར་མ་བྱེད་པར་འདུལ་བ་ལ་དད་པར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འདུམ་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་རྩེ་གཅིག་འདོན་པ་གཅིག་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་འགྱུར། སྟོན་པའི་བསྟན་པ་འབྱེད་ན་བདེ་བ་ལ་རེག་པར་གནས་པར་མི་འགྱུར་གྱི། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པ་འདི་འདྲ་བ་ལ་ཕྱོགས་ནས་དབྱེན་དུ་སྨྲ་བ་ཐོང་ཤིག་ཅེས་དེ་སྐད་བསྒོ་ཤིག །དེ་ལྟར་དགེ་སློང་དག་ལ་དགེ་སློང་དག་གིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་སྤང་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་


DTG154_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་ཡང་དག་པར་བསྟན་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་ལྷ་སྦྱིན་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་དགེ་སློང་ཀོ་ཀ་ལི་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན་པ་ལ་སོགས་པ་ཕྱོགས་པ་ལས། ཡི་གེའི་འབྲུ་གཉེར་བསད་པ་ལ། གཞན་ནི་བརྡ་ཕྲད་པར་ཟད་དོ། །དེ་ལ་ཆོས་སྨྲ་བ་ནི་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང་ལྡའོ། །འདུལ་བ་སྨྲ་བ་ནི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང་འཚོ་བ་གསུམ་མོ། །ཆོས་དང་འདུལ་བ་ཡང་དག་པར་བཟུང་ཞེས་པ་ལ་ཆོས་ནི་མདོ་སྡེ་དང་མ་མོ་ལྟ་བུའོ། །འདུལ་བ་ནི་འདུལ་བ་དངོས་སོ། །དེ་ལ་ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་རྒྱ་མཚོས་བྱིན་ལ་སོགས་པ། ཉོན་མོངས་པ་ནི་བསྒོ་བ་རྣ་ལ་གཟོན་པའོ། །སྤྱོད་པ་ནི་རྗེས་སུ་ཕྱོགས་པའི་ལས་སྤྱད་པའོ། །ཡན་ལག་ནི་ལན་གསུམ་གྱི་བར་དུ་བསྒོ་སྟེ་མ་བཏང་ན་ལྷག་མར་འགྱུར་རོ། །གྲོང་ངམ་གྲོང་རྡལ་ཞིག་ན་དགེ་སློང་མང་པོ་གནས་ཤིང་འཁོད་པ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ་དང༌། སྡིག་པའི་ཆོས་ཀུན་སྤྱོད་དེ། དེ་དག་ཁྱིམ་སུན་འབྱིན་པར་གནང་ངམ་ཐོས་སམ་རབ་ཏུ་ཤེས་སམ་དེ་དག་སྡིག་པ་ཀུན་སྤྱོད་པར་སྣང་ངམ། ཐོས་སམ་རབ་ཏུ་ཤེས་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་ཁྱོད་ཁྱིམ་སུན་འབྱིན་པ་དང༌། སྡིག་པའི་ཆོས་ཀུན་དུ་སྤྱོད་དེ། ཁྱིམ་སུན་འབྱིན་པར་སྣང་ངོ༌། །ཐོས་སོ། །རབ་ཏུ་ཤེས་སོ། །ཁྱེད་སྡིག་པར་ཡང་ཀུན་དུ་སྤྱོད་པ་སྣང་ངོ༌། །ཐོས་སོ། །རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་དག་གནས་འདི་ནས་དེངས་ཤིག་ཅེས་དེ་སྐད་བསྒོ་བ་ནི། གལ་ཏེ་དེ་དགེ་སློང་རྣམས་ལ། ཚེ་དང་ལྡན་པ་དག་འདི་ནི་དགེ་སློང་ཁ་ཅིག་ནི་འདོད་པས་འགྲོའོ། །ཞེ་སྡང་གིས་འགྲོའོ། །གཏི་མུག་གིས་འགྲོའོ། །འཇིགས་པ་ས་འགྲོ་སྟེ། ཉེས་པ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་བསྐྲད་ཁ་ཅིག་ནི་མ་བསྐྲད་ཅེས་ཚེ་དང་ལྡན་པ་དག་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདོད་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་ཁྱེད་ཁྱིམ་སུན་འབྱིན་པ་དང་སྡིག་པའི་ཆོས་ཀུན་སྤྱོད་དེ། །བྱེད་ཁྱིམ་སུན་འབྱིན་པར་སྣང་ངོ༌། །ཐོས་སོ། །རབ་ཏུ་ཤེས་སོ། །ཁྱེད་སྡིག་པ་ཀུན་སྤྱོད་པར་སྣང་ངོ༌།།


DTG154_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སོ། །རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་དག་འདོད་པས་འགྲོ་།ཞེ་སྡང་གིས་འགྲོ་།གཏི་མུག་གིས་འགྲོ་།འཇིགས་བས་འགྲོའོ་ཞེས་པའི་ཚིག་གི་ལམ་འདི་ལྟ་བུ་ཐོང་ཤིག་ཅེས་དེ་སྐད་བསྒོ་ཤིག །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་བར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས། གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཆེ། སྲིན་བུའི་རི་ཞེས་བྱ་བའི་གྲོང་ཁྱེར་ན། དགེ་སློང་ཐ་སྐར་སྐྱེས་དང༌། ནབ་སོ་དང༌། ངུར་ཀ་དམར་ལ་སོགས་པ་གནས་པས་གྲོང་དེའི་བུད་མེད་དང་གད་རྒྱང་འཛེམ་སྙག་དང་སྟན་གཅིག་ལ་འཁོད་དོ། །ཕོར་བུ་གཅིག་གི་ནང་དུ་འཐུད་གླུ་ལེན་གར་བྱེད། བྱོལ་སོང་སྣ་ཚོགས་ཀྱི་སྐད་འབྱིན་ནས། ཁྱིམ་པས་བསོད་སྙོམས་འབུལ་བ་ཡང་མི་སྤྲོ་བར་བྱས་པའི་འོག་ཏུ་དགའ་བོ་བསོད་སྙོམས་ལ་སྲིན་བུའི་རིའི་གྲོང་ཁྱེར་དུ་ཕྱིན་ནས་བསོད་སྙོམས་མ་རྙེད་པར་གྱུར་ཏེ། དེའི་རྒྱུ་རྐྱེན་ཅི་ལྟ་བུ་ལས་གྱུར་པ་དགེ་བསྙེན་ཆུར་འཇུག་ཅན་གྱིས་བསྙད་དེ། དགའ་བོས་སངས་རྒྱས་ལ་གསོལ་ནས། ཐ་སྐར་སྐྱེས་དང་ནབ་སོ་གཉིས་གྲོང་ཁྱེར་དེ་ནས་སྐྲོད་པར་དགའ་བོས་བཀའ་སྩལ་ནས། དགེ་སློང་དུར་ཀ་དམར་ལ་སོགས་པ་ནི་བྲོས། མཉན་དུ་ཡོད་པར་ལྟུང་བ་བཤགས། ཐ་སྐར་སྐྱེས་དང་ནབ་སོ་གཉིས་མཉན་དུ་ཡོད་པར་ལྷགས་ནས། དུར་ཀ་དམར་ལ་སོགས་པ་དགེ་འདུན་གཙང་མའི་ནང་ན་འཁོད་པ་མཐོང་ནས་འཁྲུག་པ་སྐྱེས་ཏེ། འདོད་པས་འགྲོའོ་ཞེས་པ་ལ་སོགས་པའི་ཚིག་སྨྲས་ནས། ལན་གསུམ་གྱི་བར་དུ་བསྒོ་བའི་ལས་བྱས་པ་ལས་མ་མཉན་པ་ལས་བཅས། ཡི་གེའི་འབྲུ་གཉེར་ལ། དེ་ལ་གྲོང་ནི་གྲོང་ཐ་མལ་པའོ། །གྲོང་རྡལ་ཞེས་བ་ནི་གྲོང་རྡལ་ཆེན་པོ་ཚོང་འདུས་དང་བཅས་པའོ། །ཁྱིམ་སུན་འབྱིན་པ་ནི་གྲོང་གིས་སུན་ཕྱུང་བ་ལ་བྱ་སྟེ། གནས་གཅིག་པ་དང༌། འཚོ་བ་གཅིག་པའི་སུན་ཕྱུང་བའོ། །དེ་ལ་གནས་གཅིག་པ་ནི་བུད་མེད་དང་བཅས་པའི་གྲོང་ངོ༌། །འཚོ་བ་གཅིག་པ་ནི་འཚོ་བ་ཐུན་མོང་དུ་སྤྱོད་པ་སྟེ། མདོར་ན་གང་གིས་གྲོང་མི་སྙན་པ་དང་མི་སྡུག་ཕ་མེད་པ་ལས། དེ་དག་དགེ་སློང་གིས་


DTG154_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ན་གྲོང་སུན་པར་བྱ་བའི་དོན་ཏོ། །སྡིག་པའི་ཆོས་ཀུན་སྤྱོད་ཅེས་པ་ནི། གྲོང་སུན་པའི་མཚན་ཉིད་དང་བཅས་པ་སྟེ། བུད་མེད་དང་མི་རིགས་པ་སྣ་ཚོགས་སྤྱད་པའི་དོན་ཏོ། །ཁྱིམ་སུན་འབྱིན་པར་སྣང་བ་ནི་མཐོང་བའི་དོན། ཐོས་པ་ནི་ཐོས་པ་དངོས་རབ་ཏུ་ཤེས་པ་ནི་དོགས་པ་དང་བཅས་པའོ། །དེ་ལྟར་མཐོང་ཞིང་ཐོས་པ་ན་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱིས་མཐོང་བ་དང་ཐོས་པའོ། །གནས་པས་ཚིག་གིས་དེངས་ཤིག་པ་ནི་དཔེར་སྲིན་བུའི་གྲོང་ནས་བསྐྲད་པའི་དོན་ཏོ། །འདོད་པས་འགྲོའོ་ཞེས་པ་ནི་ཟང་ཟིང་འདོད་པའི་ཕྱིར་དགེ་སློང་ཁ་ཅིག་བསྐྲད་ཅེས་པའི་དོན་ཏོ། །ཞེ་སྡང་གིས་འགྲོའོ་ཞེས་པ་ནི་ཞེ་སྡང་གི་དབང་གིས་ཁ་ཅིག་བསྐྲད་ཅེས་པའི་དོན་ཏོ། །གཏི་མུག་གིས་འགྲོའོ་ཞེས་པ་ནི་ཉེས་པར་འདྲ་བ་ལས་འདྲ་བ་མ་ཤེས་པའི་དོན་ཏོ། །འཇིགས་པས་འགྲོ་བ་ནི་འཇིགས་པས་ན་དུར་ཀ་དམར་ལ་སོགས་པ་འཇིགས་པ་མ་བསྐྲད་ཅེས་པའི་དོན་ཏོ། །དེ་མན་ཆད་གཞན་ནི་དངོས་སུ་བརྡ་ཕྲད་པར་ཟད་དོ། །དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་ལ། དེ་ལ་བསྟན་པར་གཏོགས་པ་བསླབ་པའི་གནས་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་དགེ་སློང་དག་གིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པས་བསྒོ་ན་ངག་ནི་ཉན་ཏེ། ཚེ་དང་ལྡན་པ་དག་དགེ་ཡང་རུང༌། སྡིག་ཀྱང་རུང༌། བདག་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག །བདག་ཀྱང་ཚེ་དང་ལྡན་པ་དགེ་ཡང་རུང༌། སྡིག་ཀྱང་རུང༌། ཅུང་ཟད་ཀྱང་མི་སྨྲའོ། །ཚེ་དང་ལྡན་པ་ཁྱེད་ཀྱིས་བདག་ལ་སྨྲས་པས་ཆོག་གིས་ཚིག་གི་ལམ་ཐོང་ཤིག་ཅེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་ཁྱོད་བསྟན་པར་གཏོགས་པ་བསླབ་པའི་གནས་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་དགེ་སློང་དག་གིས་ཆོས་དང་མཐུན་བ་འདུལ་བ་དང་མཐུན་པ་དག་གིས་བསྒོ་ན། བདག་ཉིད་ངག་མི་ཉན་པར་བྱེད་པ་ཚེ་དང་ལྡན་པ་ཉིད་ངག་ཉོན་ཅིག་ཚེ་དང་ལྡན་པ་ཁྱོད་ལ་དགེ་སློང་དེ་དག་གིས་ཆོས་དང་མཐུན་པ་འདུལ་བ་དང་མཐུན་པ་དག་གིས་བསྒོ་ནས་ཚེ་དང་ལྡན་པས་ཀྱང་དགེ་སློང་དག་ལ་ཆོས་དང་མཐུན་པ་འདུལ་བ་དང་མཐུན་པས་སྨྲོས་ཤིག །ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་གིས་ངག་གཅིག་ཉན་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་འབྱིན་པ་དེ་ལྟ་བུས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


DTG154_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི། ཚེ་དང་ལྡན་པ་ཁྱོད་ངག་མི་ཉན་པའི་ལས་ཀྱི་མཐའ་འདི་འདྲ་བ་ཐོང་ཤིག་ཅེས་དེ་སྐད་བསྒོ་ཤིག །དེ་ལྟར་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་ནས། གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས་གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་རབ་ཏུ་བསྟན་ནས་གལ་ཏེ་དངོས་པོ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །སངས་རྒྱས་ཡུལ་ཀཽ་ཤཱམྦཱི་ན་བཞུགས་པའི་ཚེ། དགེ་སློང་མོས་པ་ཅན་ལ་ལྟུང་བ་བྱུང་ནས། སླར་གསོ་བ་མི་བྱེད་པ་ལ། ཕན་པར་འདོད་པའི་དགེ་སློང་གིས་བསྐུལ་བ་ལས་དགེ་སློང་མོས་པ་ཅན་ཁྲོས་ནས། ལྟུང་བ་ཁྱད་ལ་བྱུང་ན་གཞན་སུ་ཞིག་སླར་གསོ་བར་བྱེད། གང་ལ་ལྟུང་བ་བྱུང་བ་དེ་སླར་གསོ་བར་བྱེད་གྲང༌། ཁྱེད་རྣམས་ནི་དཔེར་ན་ཤིང་རྣམས་ཀྱི་འདབ་མ་ལྷགས་ཏེ་གཅིག་ཏུ་འདུས་པ་བཞིན་དུ་ཁྱེད་ཀྱང་རིགས་དང་རུས་ཐ་དད་པ་ལས་རབ་ཏུ་བྱུང་ནས་འདུས་ཏེ་དཔུང་གཅིག་ཏུ་བྱས་སོ་ཞེས་སྨྲས་ནས། དགེ་འདུན་གྱིས་ལན་གསུམ་གྱི་བར་དུ་བསྒོ་བ་ལས་མ་ཉན་པ་ལས་བཅས། ཡི་གེའི་འབྲུ་གཉེར་ལ་བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཞེས་བྱ་བ་ནི་གང་བསྒོ་བའི་ལན་ལོག་པས་གློན་ཅིང༌། དག་པར་འགྱུར་བ་ཉིད་ལ་བྱའོ། །བསྟན་པར་གཏོགས་པ་བསླབ་པའི་གནས་ཞེས་བྱ་བ་ནི་སོ་སོར་ཐར་པའི་བསླབ་པའོ། །བདེ་བར་གཤེགས་པའི་མདོར་གཏོགས་ཞེས་བྱ་བ་ནི་འདུལ་བའི་ཡན་ལག་མདོ་སྡེ་ལས་འབྱུང་བ་རྣམས་སོ། །ཆོས་དང་མཐུན་པ་ནི་མཐུན་པ་དང་ཐོས་པ་དང་དོགས་པའི་གདེང་ཡོད་པའོ། །དེ་ཡང་རྣམ་པ་བཞི་སྟེ། དུས་ལ་བབ་པར་བསྒོ་བ་དང༌། བདེན་པར་བསྒོ་བ་དང༌། དོན་དང་བཅས་པས་བསྒོ་བ་དང༌། གཉེན་པོའི་ཚུལ་གྱིས་བསྒོ་བ་ཡིན་གྱི། དེ་བཞི་ལས་བཟློག་པས་མ་ཡིན་ནོ། །དེ་ལ་དུས་ལ་བབ་པ་ནི་མི་མང་པོའི་ཁྲོད་ལྟ་བུར་བསྒོ་བའི་དུས་མ་ཡིན་པའོ། །བདེན་པ་ནི་བདེན་པ་ཡང་དག་ན་བསྒོ་བར་བྱའོ། །དོན་དང་བཅས་པ་ནི་དོན་ཡོད་པར་བསྒོའི་དོན་མེད་པ་མ་ཡིན་ནོ། །གཉེན་པོའི་ཚུལ་ནི་ཁྲོ་བའི་ཚིག་རྩུབ་མོ་ལྟ་བུས་བསྒོ་བར་མི་བྱ་བའི་དོན་ཏོ། །འདུལ་བ་དང་མཐུན་པ་ནི་ཉིད་ཀྱང་འདུལ་བ་ལ་གནས་ཤིང་ཕ་རོལ་ལ་འང་འདུལ་བ་བཞིན་དུ་འདོམས་པའོ། །ངག་མི་ཉན་ཅེས་པ་ནི་


DTG154_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཕྱེ་སྟེ། ལྟུང་བའི་དངོས་པོ་བརྗོད་ཅིང་ཕྱིན་ཆད་མི་བྱ་བར་ཡི་དམ་བཅས་པ་ལས་མི་ཉན་པའི་དོན་ཏོ། །དགེ་ཡང་རུང་ཞེས་པ་ནི་དགེ་བ་ལ་མ་བཞུགས་ཤིག །སྡིག་ཀྱང་རུང་ཞེས་པ་ནི་སྡིག་པ་ལས་མ་བཟློག་ཤིག་པའོ། །བདག་ལ་སྨྲས་པས་ཆོག་ཅེས་པ་ནི་དགེ་བའི་བཤེས་གཉེན་གྱི་ཚིག་མ་བཟོད་ནས་ཡི་ཆད་པའོ། །དེ་མན་ཆད་གཞན་ནི་བརྡ་ཕྲད་པར་ཟད་དོ། །གཅིག་གི་ངག་གཅིག་གིས་ཉན་ཅེས་པ་ནི་བཟོད་པ་འདུལ་ཞིང་ལེན་པའི་དོན་ཏོ། །འདོམས་པ་ནི་རྒྱུ་མི་མཐུན་པའི་ཕྱོགས་རྣམས་ཀྱི་གཉེན་པོ་ནི་འདི་ལྟ་བུ་ཡིན་གྱི་དེ་ལྟ་བུར་སྒྲུབས་ཤིག་པར་སྟོན་པའོ། །རྗེས་སུ་སྟོན་པ་ན་འདུལ་བའི་བསླབ་པར་གཏོགས་པ་ཕྲན་ཚེགས་ཡན་ཆད་མི་བྱ་བར་སྟོན་པའོ། །ཆོས་དེ་བཞིན་ན་སངས་རྒྱས་ཀྱི་སློབ་མའི་འཁོར་མང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཡན་ལག་ནི་ལན་གསུམ་གྱི་བར་དུ་བསྒོ་སྟེ། མ་ཉན་ན་ལྷག་མར་འགྱུར། ཡན་ལག་འགའ་དང་མི་ལྡན་ན་སྦོམ་པོར་འགྱུར་བ་ནི་ལྟག་ཏུ་སྨོས་པ་བཞིན་ནོ། །ཚེ་དང་ལྡན་པ་བདག་གི་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་བཤད་ཟིན་ཏོ། །དགུ་ནི་ཉེས་པ་དང་པོ་ཉིད་ཀྱིས་སོ། །བཞི་ནི་ཡན་ལག་གསུམ་གྱི་བར་དུའོ། །ལྷག་མ་བཅུ་གསུམ་ལ་ཆས་སྐུར་པ་ཡན་ཆད། དགུ་ནི་ཉེས་པ་བྱུང་མ་ཐག་ཏུ་ལྷག་མར་འགྱུར། དབྱེན་མན་ཆད་ཐ་མ་བཞི་ནི་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གསུམ་གྱི་བར་དུ་བསྒོ་སྟེ། ཉན་དུ་མ་བཏུབ་ན་ལྷག་མར་འགྱུར་རོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་བཅབས་པ་དེ་སྲིད་དུ། མི་འདོད་བཞིན་དུ་ཆད་པ་བྱེད་དུ་གཞུག་གོ །དགེ་སློང་གིས་མི་འདོད་བཞིན་དུ་ཆད་པ་བྱས་ན། དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱའོ། །དགེ་སློང་གིས་མགུ་བར་བྱས་ནས་དབྱུང་བ་ལ་ཐོགས་ཏེ། ཆོས་དང་མཐུན་པར་བྱས་ལ། དགེ་སློང་གི་དགེ་འདུན་གྱིས་སེམས་མགུ་བར་བྱས་ན་གང་ན་དགེ་སློང་གི་དགེ་འདུན་ཚོགས་ཉི་ཤུ་ཡོད་པ་དེ་དབྱུང་བར་བྱའོ། །དགེ་སློང་གི་དགེ་འདུན་གྱི་ཚོགས་ཉི་ཤུར་གཅིག་གིས་མ་ཚང་བར་དགེ་སློང་དེ་ཕྱུང་ནས། དགེ་སློང་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ཡན་ལག་འདི་གསུམ་གྱིས་ལྟུང་བ་ལས་ཚངས་པར་འགྱུར་ཏེ། གང་ཞེ་ན། བསམས་པ་དང་ཆད་པ་དང་གང་ཟག་གོ །དེ་ལ་ཤེས་བཞིན་དུ་བཅབས་པ་ནི་བསམས་པ་དང་སྦྱར། མི་


DTG154_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་བཞིན་དུ་ཞེས་བྱ་བ་ནས་སེམས་མགུ་བར་བྱས་ན་ཞེས་པའི་བར་དུ་ནི་ཆད་པ་དང་སྦྱར། གང་ན་དགེ་སློང་གི་དགེ་འདུན་གྱི་ཚོགས་ཉི་ཤུ་ཡོང་པ་ཞེས་བྱ་བ་ནི་གང་ཟག་དང་སྦྱར་ཏེ། མདོར་ན་བཅབས་པའི་བསམ་པ་ཡང་དྲན་པར་བྱས་ལ་མཐོལ་ལ་ཆད་པ་དང་མགུ་བའི་ལམ་བྱེད་པ་མ་གཏོགས་པར་དགེ་འདུན་ཉི་ཤུ་ཡང་ཚང་བས་ལས་བྱས་ན། དགེ་སློང་དེའི་ལྟང་བ་གསོས་པར་འགྱུར་རོ། །གཞུང་ལས་ཆོས་མཐུན་པར་བྱས་ལ་ཞེས་པ་ནི་བཅབས་པའི་ཆད་པའི་ལས་བྱས་ཟིན་པའི་དོན་ཏོ། །སེམས་མགུ་བར་བྱས་ན་ཞེས་པ་ནི་སླ་ཐབས་ཀྱིས་མགུ་བཞག་དྲུག་གི་བར་དུ་བྱས་པའོ། །དེ་ལ་བཅབས་པའི་ཆད་པ་ནི་ཇི་སྲིད་བཅབས་པ་དེ་སྲིད་ཀྱི་བར་དུ་ཆད་པའི་ལས་བྱེད་དུ་གཞུག་སྟེ། ཆད་པའི་ལས་དེ་མ་ཟིན་པར་ལྷག་མ་ཞིག་བྱུང་སྟེ། རེ་ཞིག་བཅབས་ནའང་ཆད་པ་སྔ་མའི་ལས་བྱས་ཟིན་པའང་སྤང་ལ་བུབ་ལ། ལྷག་མ་ཕྱི་མ་ཇི་སྲིད་དུ་བཅབས་པ་ཡང་དེ་སྲིད་དུ་ཆད་པའི་ལས་བྱེད་དུ་གཞུག་གོ །ལྷག་མའི་ཆོས་གང་ཟག་ལ་མཐོལ་དུ་རུང་བ་ཡང་རྣམ་པ་བཞི་སྟེ། རྐྱེན་གྱིས་བསྐལ་བ་དང༌། ངོ་ཚ་བ་དང༌། མདོ་སྡེ་དང་ལྡན་པ་དང༌། གྲགས་པ་དང་ལྡན་པའོ། །དེ་ལ་རྐྱེན་གྱིས་བསྐལ་པ་ནི་དགེ་འདུན་གྱི་ནང་ན་ཆད་པ་འམ་མགུ་བའི་ལས་བྱེད་ཅིང་འདུག་པའི་འཕྲོ་ལས། མེ་དང་ཆུ་དང་དགྲ་ལྟ་བུའི་རྐྱེན་བྱུང་སྟེ། དགེ་འདུན་སོ་སོར་གྱེས་པར་གྱུར་ན་གང་ཟག་ལ་བཤགས་པས་ཀྱང་ཚངས་པར་འགྱུར་རོ། །དེ་ལ་ངོ་ཚ་བ་ནི་ལྷག་མའི་ཆོས་མི་སྤྱོད་པ་ལས། ལན་འགའི་དུས་དུས་སུ་ལྷག་མ་ཞིག་བྱུང་ན། ལུས་ཀྱིས་མི་ཐེགས་པ་ཙམ་དུ་འགྱོད་པའི་ཉམས་སྐྱེས་ཏེ། ཕྱིན་ཆད་མི་བྱ་བར་ཡང་ཡི་དམ་བཅས་མཐོལ་དུ་ཡང་ངོ་ཚ་ཆེན་པོ་དང་ལྡན་ན། གང་ཟག་ཡིད་གཅུགས་པ་ལས་མཐོལ་བས་ཀྱང་ཆངས་པར་འགྱུར་རོ། །དེ་ལ་མདོ་སྡེ་དང་ལྡན་པ་ནི་སྡེ་སྣོད་གསུམ་དང་ལྡན་ཞིང་ཀུན་གྱི་སྟོན་པར་གྲགས་བ་ཞིག་ལྷག་མ་བྱུང་ན། དགེ་འདུན་མང་པོ་ལ་བསྒྲག་ཏུ་སྔོན་མཁས་པའི་ཡོན་ཏན་གྱི་སྒྲ་དེ་མེད་པར་འགྱུར་བས་ན། གང་ཟག་ཡིད་གཟུགས་པ་ལ་མཐོལ་བས་ཀྱང་ཆངས་པར་འགྱུར་རོ། །དེ་ལ་གྲགས་པ་དང་ལྡན་པ་ནི་སྔོན་ཚུལ་ཁྲིམས་སམ་ཏིང་ངེ་འཛིན་གྱི་ཐུབ་པ་དང་ལྡན་པར་གྲགས་པ་ཞིག་བྱུང་ན། ཡང་ལྷག་མ་བཤགས་པ་འདྲ་བར་རིག་པར་བའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་


DTG154_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྷག་མ་བཅུ་གསུམ་བརྗོད་ཀྱང་སུ་ཡང་མི་སྨྲ་བས་ན་ཀློག་པས་ཡིད་ཆེས་པར་བྱེད་པའི་དོན་ཏོ། །ཚེ་དང་ལྡན་པ་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །ལྟུང་བ་སྔ་མ་དྲན་པར་བྱ་ཞིང་ཕྱིན་ཆད་ཡི་དམ་འཆར་གཞུག་པའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་བཤད་པར་བྱའོ། །ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་འདོད་པ་ཆོག་པར་སྟན་ལ་འདུག་པ་ལས། གལ་ཏེ་དགེ་བསྙེན་མའི་ཚིག་ཡིད་ཆེས་པ་དེ་ལ་ཕས་ཕམ་པའམ་དགེ་འདུན་ལྷག་མའམ་ལྟུང་བའམ་ཆོས་གསུམ་པོ་ལས་ཆོས་གང་ཡང་རུང་བ་ཞིག་བརྗོད་པ་ལས། དགེ་སློང་གིས་འདུག་པར་ཁས་བླངས་ནས་ཕས་ཕམ་པ་འམ། དགེ་འདུན་ལྷག་མའམ། ལྟུང་བ་འམ་ཆོས་གསུམ་པོ་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་སྟེ། དགེ་བསྙེན་མའི་ཚིག་ཡིད་ཆེས་པས་དག་སློང་དེ་ལ་ཆོས་གང་དང་གང་བརྗོད་པ་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་གོ །འདི་ནི་མ་ངེས་པའི་ཆོས་སོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་ཀ་བསོད་སྙོམས་ལ་ཞུགས་ཏེ་ཁྱིམ་བདག་གི་ཆུང་མ་སྦེད་མའི་གན་དུ་ཕྱིན་ནས་སྦེད་མ་དང་པུས་མོ་སྤྲང་ཅིང་ཆོས་འཆད་པ་དགེ་བསྙེན་མ་ས་གས་མཐོང་ནས། འདིས་ཉེས་པ་མི་བྱེད་ཀྱང་མ་དད་པ་དག་གིས་མཐོང་བར་འགྱུར་རོ་སྙམ་ནས་ཕྱིན་ཆད་གཅིག་པོ་གཅིག་པུ་སྐྱབས་ཡོད་པའི་སྟན་ལ་ལྷན་ཅིག་ཏུ་མི་འདུག་པའི་སྡོམ་བ་སྩལ་བར་སངས་རྒྱས་ལ་གསོལ་བ་ལས་བཅས། གཅིག་ནི་ཕོ་གཅིག་ནི་མོ་མཚན་ཐ་དད་པ་སྐྱབས་ཡོད་པ་ན་སྟན་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་འདུག་པ་ལས་ལྟུང་བ་འདི་ལྟ་བུ་ཞིག་སྤྱད་དོ་ཞེས་དགེ་བསྙེན་ཕོ་ཡང་རུང་མོ་ཡང་རུང་བས་བརྒལ་ན་དེ་ཆོས་བཞིན་དུ་བྱའོ། །དགེ་བསྙེན་ལ་རྣམ་པ་གཉིས་ཏེ། བདེན་པ་མཐོང་བའི་དགེ་བསྙེན་དང༌། སྲོག་གི་ཕྱིར་ཤེས་བཞིན་གྱི་བརྫུན་མི་སྨྲ་བའི་དགེ་བསྙེན་ནོ། །དེ་ལ་རྣམ་པ་བཞིས་ན་ངེས་པའི་ཆོས་སུ་འགྱུར་ཏེ། གང་ཞེ་ན། དངོས་པོ་དང༌། ཡུལ་དང༌། བསམ་པ་དང༌། དབང་པོའོ། །དེ་ལ་ལྷན་ཅིག་ནི་དགེ་སློང་དང་བུད་མེད་ལྷན་ཅིག་ཅེས་པ་དང་སྦྱར། ཡུལ་ནི་དབེན་པ་སྐྱབས་ཡོད་པ་དང་སྦྱར། བསམ་པ་ནི་འདོད་པ་ཆོག་པར་སྟན་ལ་འདུག་ཞེས་པ་དང་


DTG154_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། འབྲུ་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་བུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ནི་འདོད་པ་མི་ཆོག་པར་འདུག་པ་ལས། གལ་ཏེ་དགེ་བསྙེན་མའི་ཚིག་ཡིད་ཆེས་པས་དེ་ལ་དགེ་འདུན་ལྷག་མ་འམ་ལྟུང་བ་འམ་ཆོས་གཉིས་པོ་ལས་ཆོས་གང་ཡང་རུང་བ་ཞིག་བརྗོད་པ་ལས། དགེ་སློང་གིས་ཀྱང་འདུག་པར་ཁས་བླངས་ན་དགེ་འདུན་ལྷག་མ་ལྟུང་བ་འམ་ཆོས་གཉིས་པོ་ལས་ཆོས་གང་ཡང་རུང་བར་བྱེད་དུ་གཞུག་སྟེ། དགེ་བསྙེན་མའི་ཚིག་ཡིད་ཆེས་པས་དགེ་སློང་དེ་ལ་ཆོས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་བྱེད་དུ་གཞུག་གོ །འདི་ནི་མ་ངེས་པའི་ཆོས་སོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རི་བོ་དང་ཁྱིམ་བདག་གི་ཆུང་མ་ཉེས་སྨན་གཉིས་པུས་མོ་སྤྲད་ཅིང་ཆོས་འཆད་པ་དགེ་བསྙེན་མ་ལེགས་སྐྱེས་མས་མཐོང་ནས་གསོལ་བ་ལས་བཅས། དངོས་པོ་དང༌། ཡུལ་དང༌། བསམ་པ་དང༌། དབང་པོ་རྣམས་ཀྱང་སྦྱར་བ་ནི་ལྷག་མ་དང་འདྲའོ། །དགེ་བསྙེན་ཕོ་མོ་གང་ཡང་རུང་བས་ཡོན་ཏན་དང་ལྡན་པས། ཇི་སྐད་སྨྲས་པ་བཞིན་དུ་དེའི་ཆོས་བཞིན་བྱེད་དུ་གཞུག་པ་ཡང་གོང་མ་དང་འདྲའོ། །ཚེ་དང་ལྡན་པ་དག་བདག་གི་མ་ངེས་པའི་ཆོས་གཉིས་པོ་དག་བཤད་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ཅི། ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །འདིའང་ལྟག་ཏུ་སྨོས་པ་དང་འདྲའོ། །མདོར་ན། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུ་བར་བྱེད་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་དང༌། །རིན་ཐང་སོ་སོར་བསྐུར་བའོ། །འདིའང་ལྟག་མ་དང་འདྲའོ། །ཚེ་དང་ལྡན་བདག་སྤང་བ་ལྟུང་བའི་ཆོས་སུམ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །འདིའང་ལྟག་ཏུ་སྨོས་པ་དང་འདྲའོ། །དགེ་སློང་གི་ཆོས་གོས་ཟིན་པས་གཏན་པ་ཕྱུང་ན། ཞག་བཅུའི་བར་དུ་གོས་ལྷག་པ་རུང་བ་མ་བྱས་པར་ཆོངས་ཤིག །དེ་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་གོས་མང་པོར་གྱུར་ཏེ། གཙུག་ལག་ཁང་གི་ཕྱག་དར་བྱེད་པའི་ཚེའང་གོས་སྣ་གཅིག་གྱོན།


DTG154_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཆག་འདེབས་པའི་ཚེའང་གོས་སྣ་གཅིག་གྱོན། གཞན་ཡང་དེ་བཞིན་དུ་གོས་བརྗེ་ཞིང་སྔ་བརྟུལ་གྱི་བྱ་བ་མང་པོས་གཡེངས་པས་དགེ་བའི་བར་ཆད་དུ་འགྱུར་ཏེ། གཞན་གྱིས་དཔྱས་པ་ལས་བཅས། གོས་ཟིན་ཏེ་གཏན་པ་ཕྱུང་ཞེས་པ་རྣམ་པ་བཞི་སྟེ། གོས་ཀྱང་ཟིན་ལ་གཏན་པ་འང་ཕྱུང་བ་དང༌། གོས་ཀྱང་མ་ཟིན་ལ་གཏན་པའང་མ་ཕྱུང་བ་དང༌། གོས་ཟིན་ཀྱང་གཏན་པ་མ་ཕྱུང་བ་དང༌། གཏན་པ་ཕྱུང་ཡང་གོས་མ་ཟིན་པའོ། །འོག་མ་གསུམ་ནི་ལྟུང་བར་ཡང་མི་འགྱུར་བས་འདིར་ནི་དང་པོ་དང་སྦྱར་རོ། །གཏན་པ་འབྱིན་པའི་དུས་ནི་སྟོན་ཟླ་འབྲིང་པོའི་ཆེས་བཅུ་དྲུག་ལ་གཏན་པ་དྲུབས་ནས་དཔྱིད་ཟླ་རབ་ཚེས་བཅུ་དྲུག་ལ་གཏན་པ་འབྱིན་ཏེ། དེའི་ཚེ་གོས་རྙེད་ཟིན་པ་རྣམས་ཞག་བཅུའི་བར་དུ་བྱིན་གྱིས་མ་བརླབས་པ་འཆང་དུ་རུང༌། ཞག་བཅུའི་སྐྱ་རེངས་གིས་ཆོད་དེ། སྔགས་ཀྱིས་གདབ་པ་ནི་རྒྱུ་མ་བཏགས་པ་དང༌། ཁ་དོག་མ་བརྟགས་པ་དང༌། དབྱིབས་མ་བརྟགས་པ་ཡང་རུང་སྟེ། ཁྲུ་གང་ཁྲུ་བཞི་ཡན་ཆད་སྔགས་ཀྱིས་གདབ་པོ། །རྒྱུ་མ་བརྟགས་པའི་སྔགས་ཀྱིས་མ་བཏབ་ཀྱང་སྤང་ནི་མི་དགོས་ཏེ་ཉེས་བྱས་སུ་འགྱུར་རོ། །ཞག་བཅུ་འདས་པའི་སྤང་བ་བྱུང་ནས་རིང་མོ་ཞིག་གི་འོག་ཏུ་དངོས་པོ་སྤོང་ན་ཡང་དེ་གཉིས་ཀྱི་བར་དུ་ཡོ་བྱད་ཕྲན་ཚེགས་ཡན་ཆད་རྙེད་དོ་ཅོག་སྤོང་བར་འགྱུར་རོ། །དགེ་སློང་གིས་ཆོས་གོས་ཟིན་ཏེ། གཏན་པ་ཕྱུང་ནས་གལ་ཏེ་ནུབ་གཅིག་ཆོས་གོས་གསུམ་ལས་གང་ཡང་རུང་བ་ཞིག་དང་མཚམས་ཀྱི་ཕ་རོལ་དུ་བྲལ་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་དགེ་སློང་རྣམས་ཀྱིས་གོས་མང་པོ་རྙེད་ནས་བགོར་མི་བྲ་བར་གྱུར་ཏེ་རྙེད་པ་རྣམས་བསགས་ནས་གྲོང་རྒྱུ་བའི་ཚེ་ཆོས་གོས་གཅིག་པོས་ལུས་མ་ཡོག་པར་གྱུར་པ་དང་མང་པོ་སོགས་པའི་བྱ་བ་ལ་ཞུགས་པས་དགེ་བའི་བར་ཆད་དུ་གྱུར་ཏེ། གཞན་གྱིས་དཔྱས་པ་ལས་བཅས། གཏན་པ་ཕྱུང་བའི་དོན་ནི་ལྟག་མ་དང་འདྲ། དེ་ལ་གཏན་ཅེས་བྱ་བ་ནི་ཆོས་གོས་དྲུབ་པ་འམ་འཁྲུ་ཞིང་སྐེམ་པའི་ཚེ་ཆོས་གོས་ཚད་ཀྱི་ཤིང་ལེབ་ཆེན་པོ་ལ་སྦྱར་ཏེ། གཟེར་གྱིས་བཏབ་ན་གཏན་པ་བཞིན་བུ་ཆོས་གོས་གསུམ་ལས་མཚམས་གཅིག་གི་དགེ་འདུན་གྱིས་ཆོས་གོས་སྔགས་ཀྱིས་བཏབ་ན་གཏན་ཏེ་འབྲལ་བར་མི་འགྱུར་བའི་ཕྱིར་རོ། །གཏན་པ་ཕྱུང་བའི་ཉིན་པར་དགེ་སློང་སོ་སོའི་ཆོས་གོས་ལ་སྔགས་ཀྱིས་བཏབ་ནས་ཕྱི་དེའི་སྟོན་ཟླ་འབྲིང་


DTG154_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚེས་བཅུ་དྲུག་གི་བར་དུ་སོ་སོའི་ཆོས་གོས་སྔགས་ཅན་འཆང་བ་ལས་ནུབ་གཅིག་མཚམས་ཀྱི་ཕྱི་ནང་དུ་བྲལ་བར་གྱུར་ན་སྤང་བའི་ལྟུང་བའོ། །བྲལ་བའི་སྤང་བ་བྱུང་ནས་རིང་མོ་ཞིག་གི་འོག་ཏུ་དངོས་པོ་དེ་སྤོང་ན་དེ་གཉིས་ཀྱི་བར་དུ་ཡོ་བྱད་ཕྲན་ཚེགས་རྙེད་དོ་ཅོག་ཀྱང་སྤང་བར་འགྱུར་རོ། །དེ་ལ་མཚམས་ཀྱི་མདོ་ཙམ་དུ་སྨོས་ན། གཙུག་ལག་ཁང་ངམ། གྲོང་ཁྱེར་གྱི་ནང་ན་དགེ་སློང་འདུག་པ་ན་ལྷ་ཁང་གི་ཕྱི་རའི་རྒྱབ་འདོམ་གང་ཚུན་ཆད། མཚམས་གྲོང་ཁྱེར་གྱི་ཕྱིར་ཆེན་པོའི་རྒྱབ་ནས་ཤིང་རྟ་གང་ཙམ་ཚུན་ཆད་དམ། ར་ལུག་རྒྱུ་བ་རྡུལ་གྱིས་ཕོག་པ་ཚུན་ཆད་མཚམས་ཐད་བུ་ལ་ཉལ་ལམ་འདུག་ན་འདོམ་གང་ཚུན་ཆད་ལམ་དུ་འགྲོ་སྟེ། ཆུས་མཆོད་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་མཚམས་སོ། །སྐྱ་རེངས་རྣམ་པ་གསུམ་སྟེ། སྔོ་རེངས་དང་སེར་རེངས་དང་དམར་རེངས་སོ། །དེ་ལ་འབྲལ་བར་འགྱུར་བ་ནི་སྔོ་རེངས་ཀྱིས་ཆོད་པ་ལ་བྱ་སྟེ། སྐྱ་རེངས་ནི་སྔ་ཐུན་གྱི་ཐོ་རངས་ཀྱི་སུམ་ཆ་ལུས་ཙམ་ལ་འབྱུང་ངོ༌། །ཆོས་གོས་ཀྱི་སྔགས་འཆགས་པ་ནི་རྒྱུ་བརྟགས་པ་དང༌། དབྱིབས་བརྟགས་པ་དང༌། ཁ་དོག་བརྟགས་པ་ལས་འཆགས་ཏེ། དེ་ལ་རྒྱུ་བརྟགས་པ་ནི་ལུག་བལ་དང༌། ཁ་ཆེ་དར་དང༌། སེ་བོ་དར་དང༌། སྲིན་བལ་དང༌། ཀོ་ཤོན་དང༌། རས་བལ་རྣམས་སོ། །དེ་ལ་ཁ་དོག་བརྟགས་པ་ནི་སེར་པོ་དང༌། དམར་པོ་དང༌། སྔོན་པོའོ། །དབྱིབས་བརྟགས་པ་ནི་སྦུ་བུ་ཅན་ལྟ་བུ་མ་ཡིན་པའོ། །དེ་ལ་དགེ་འདུན་གྱིས་འབྲལ་བ་གནང་བ་ནི་འོད་སྲུངས་རྒས་ཏེ། སྦྱར་མ་མི་ཐེགས་པ་དང་ཤཱ་རིའི་བུ་རླུང་ནད་ཅན་གྱིས་སྦྱར་མ་མི་ཐེགས་པ་ལྟ་བུ་འབྲལ་དུ་གནང་བ་ནི་གནང་བའི་དུས་སོ། །དགེ་སློང་གིས་ཆོས་གོས་ཟིན་ཏེ་གཏན་ལ་ཕྱུང་ནས་དུས་མ་ཡིན་པའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་དེས་ལོང་ཤིག་བླངས་ཏེ་གལ་ཏེ་ལངས་ན་ནི་མྱུར་དུ་གོས་དྲུབས་ལ་ཆོང་ཤིགས། གལ་ཏེ་མི་ལངས་ན་གོས་མ་ལངས་པ་ལངས་པར་རྙེད་དུ་རེ་བ་ཞིག་ཡོད་ན། དགེ་སློང་དེས་ཟླ་བ་གཅིག་གི་བར་དུ་ཞོག་ཤིག །དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ཀྱིས་གོས་མང་པོ་རྙེད་ནས། ཁ་ལངས་སུ་རྙེད་དུ་རེ་བའི་གོས་མང་པོ་བསགས་ནས། དགེ་སློང་བྱ་བ་ཉུང་ཞིང་དོན་ཉུང་བདག་གིས་དཔྱས་པ་ལས་བཅས། ཆོས་གོས་གསུམ་ལས་གང་ཡང་རུང་སྟེ། གཅིག་མེད་པའི་རྒྱུ་


DTG154_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྙེད་ན་དེ་ལངས་ན་དྲུབས་ལ་ཆོང་ཤིག །དེ་མི་ལངས་ཏེ་ཁ་སྐོང་དུ་རེང་ཞིག་ཡོད་ན་ཟླ་བ་གཅིག་གི་བར་དུ་བཅང༌། དེ་ཕན་ཆད་འདས་ན་སྤང་བའི་ལྟུང་བའོ། །ཆོས་གོས་ཀྱི་རྒྱུ་དཀར་པོ་ཞིག་བདོག་སྟེ། ཁ་སྐོང་བ་ཁ་དོག་ཅན་ཞིག་རྙེད་དུ་རེ་ན་ཡང་རུང༌། ཡང་ཁ་དོག་ཅན་ཞིག་བདོག་པ་ལས་ཁ་སྐོང་དཀར་པོ་ཞིག་རྙེད་དུ་རེ་ན་ཡང་རུང༌། ཁ་དོག་བསྒྱུར་ཟིན་བ་ཞིག་བདོག་ལ་ཁ་སྐོང་ནི་ཁ་དོག་དེ་དང་མི་འདྲ་བ་ཞིག་རྙེད་དུ་རེ་བ་མི་རུང་ངོ༌། །ཆོས་གོས་གསུམ་ལམ་གཏོགས་པ་གཞན་ནི་ཟླ་བ་གཅིག་གི་བར་དུ་འཇོག་ཏུ་མི་གནང་ངོ༌། །ཡང་དགེ་སློང་གང་དགེ་སློང་མཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་ཏམ་འཆག་ཏུ་བཅོལ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་ཀས་ཉིད་ཀྱི་ཆུང་མ་སྦེད་མ་ལ་ཆོས་བཤད་པའི་ཚེ། འདོད་ཆགས་ལངས་ནས། དགེ་སློང་མས་ཀྱང་འདོད་ཆགས་ལངས་པ་ཤེས་ནས་བྲོས་པ་དང་ཕྱི་བཞིན་དུ་བསྙགས་ནས་ལམ་དུ་ཁུ་བ་སྟོར་བཤམ་ཐབས་ལ་རེག་པ་དེ་འདོད་ཆགས་ཞི་བའི་འོག་ཏུ་དགེ་སློང་མ་སྦེད་མ་ལ་འཁྲུར་བཅུག་ནས་སྦེད་མས་ཁུ་བ་སྐམ་པོ་བཏོགས་ཏེ་མངལ་གྱི་སྒོར་བླུགས་པ་ལས་བུར་ཆགས་པ་ལས་བཅས། ཉེ་དུར་ཆུད་པ་ནི་ཕའི་རྒྱུད་ལ་ཟུང་བ་དུན། མའི་རྒྱུད་ལ་ཟུང་བདུན་ནི་གཉེན་དུ་ཆུད་པའོ། །གོས་རྙིང་པར་ཆུད་པ་ནི་ལོ་གཅིག་ལ་དུས་བཞིར་བཅས་པའི་དུས་གཅིག་གི་བར་དུ་བགོས་པ་ནི་རྙིང་པའོ། །དགེ་སློང་མ་གཅིག་ལ་འཁྲུ་བ་དང་འཚེད་པ་དང༌། འཆག་ཏུ་བཅོལ་ན་ཡང་སྤང་བའི་ལྟུང་པ་གཅིག་གོ །གོས་ཀྱི་དངོས་པོ་ནི་གཅིག་ལ། དགེ་སློང་མ་གསུམ་གཅིག་ལ་ནི་འཁྲུར་གཅིག་ལ་ནི་འཚེད་གཅིག་ལ་ནི་འཆག་ཏུ་བཅོལ་ན་སྤང་བའི་དངོས་བོ་ནི་གཅིག་ལྟུང་བ་ནི་གསུམ་མོ། །ཆོས་གོས་སྔགས་ཅན་གསུམ་མ་གཏོགས་པའི་གོས་གཞན་ཞིག་འཁྲུར་བཅུག་པ་དང༌། ཆོས་གོས་སར་པ་འཁྲུར་བཅུག་ན་ཉེས་བྱས། ཉེ་དུ་མ་ཡིན་པར་ཤེས་པར་ཤེས་བཞིན་དུ་བཅོལ་བ་དང༌། ཉེ་དུ་ཡིན་ནམ་མ་ཡིན་པར་ཐེ་ཚོམ་ཟ་བཞིན་དུ་བཅོལ་བ་ནི་སྤང་བའི་ལྟུང་བའོ། །ཉེ་དུ་ཡིན་པར་བསམས་ཏེ་བཅོལ་བ་ནི་ཉེས་བྱས། ཉེ་དུ་ཡིན་པ་ལས་མ་ཡིན་པར་བསམས་ཏེ་བཅོལ་བ་དང་ཡིན་ནམ་མ་ཡིན་ཐེ་ཚོམ་ཟ་བཞིན་དུ་བཙལ་ན་ཉེ་བྱས་ཉེ་དུ་ཤེས་བཞིན་བ་ལ་བཅོལ་ན་ཉེས་བྱས་མེད་དོ། །འདིའང་བྱེ་བྲག་བཞི་སྟེ། ཡུལ་ནི་མཉན་དུ་ཡོད་པ། གང་ཟག་ནི་འཆར་ཀ །


DTG154_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ནི་འདོད་ཆགས། དངོས་པོ་ནི་འཁྲུར་བཅུག་པའོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་བླངས་ནས་རྗེས་པ་མ་གཏོགས་ཏེ། སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་རས་ཡུག་གཅིག་བདོག་པ་དེ་བླངས་ནས་སངས་རྒྱས་ཀྱི་སྤྱན་སྔར་དགེ་སློང་མའི་ཆོས་གོས་ཟེགས་པར་གྱུར་ནས་ལོ་རྒྱུས་གསོལ་བ་ལས་བཅས་གོས་བརྗེ་བ་ནི་ཆོས་གོས་བཟང་ངན་མཉམ་པ་གཉིས་བརྗེར་རུང༌། བཟང་ངན་ཡོད་ཀྱང་དད་པས་ཕུལ་ན་བརྗེར་རུང༌། དགེ་སློང་མ་གོས་རིན་ཆེ་བ་འཆང་དུ་མི་གནང་བས། དགེ་སློང་ཕའི་གོས་ངན་པ་དང་བརྗེ་ན་ཡང༌། དགེ་སློང་པས་སྣོན་ཁན་སྦྱིན། མ་བརྗེས་པར་བླང་དུ་རུང་བ་ནི་ཆོས་བཤད་ནས་དད་པ་སྐྱེས་ཏེ་ཕུལ་བ་དང༌། བསྙེན་པར་རྫོགས་པའི་ཚེ་ཕུལ་བ་དང༌། ཡང་ན་དུས་ཀྱི་གོས་འབུལ་ཏེ། དགེ་སློང་ཕའི་མདུན་དུ་གོས་བསྐུར་ནས་སོང་ན་འདི་རྣམས་ནི་བླང་དུ་རུང༌། འདི་ཡན་བྱེ་བྲག་བཞི་སྟེ། ཡུལ་ནི་མཉན་དུ་ཡོད་པ་ན། གང་ཟག་ནི་ཉེ་དགའ་བོ། ཉོན་མོངས་པ་ནི་མ་དད་པར་བླངས་པ་སྟེ་འདོད་ཆེན་པོ་ནི་ཆོས་གོས་སོ། །ཆོས་གོས་མ་གཏོགས་པའི་གོས་གཞན་བརྗེས་ན་ཉེས་བྱས། ཡང་དགེ་སློང་གང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། གོས་བླངས་ན་དུས་ལ་བབ་པ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོ་འཛེ་ཏའི་གཙུག་ལག་ཁང་གི་སྒོ་ན་འཆག་ཅིང་འདུག་པའི་གང་དུ་ཁྱིམ་བདག་དྲ་མ་སྟོད་གཡོགས་དང་སྨད་གཡོགས་ཀྱིས་ལུས་དཀྲིས་ཏེ་འོངས་པ་ལ་ཉེ་དགའ་བོས་ཆོས་བཤད་པའི་རྗེས་ལ་རས་དེ་དུས་ཀྱིས་བླངས་ཏེ། ཁྱིམ་བདག་གིས་ཀྱང་མ་དད་པ་བཞིན་ཕུལ་ནས། ཁྱིམ་བདག་གཅེར་བུར་གྱུར་པ་སྐྱབས་མེད་པ་ལ་ཟས་བྱིན་གྱིས་མཐོང་ནས། དེས་ཉེ་དགའ་བོ་ལ་སྨྲས་པ། དགེ་སློང་ནི་འདོད་པ་བསྙུང་བའི་ཕྱིར་རབ་ཏུ་བྱུང་ན། ཉེ་དགའ་བོ་ཁྱོད་ནི་ཁྱིམ་བདག་མ་དད་བཞིན་གོས་འཕྲོགས་པ་ལ་བལྟས་ན་འདོད་པ་སྐྱེད་པའི་ཕྱིར་རབ་ཏུ་བྱུང་བ་ལྟ་ཞེས་སྨྲས་པ་དང༌། ཉེ་དགའ་བོས་སྨྲས་པ། ལྷས་སྦྱིན་པ་བྱེད་པ་ལ་ཡི་དགས་ཀྱི་བགེགས་བྱེད་པའི་ཆོས་བྱུང་སྟེ། ཁྱིམ་བདག་དད་པས་གོས་བྱིན་པ་ལ་ཉེས་པ་ཅི་ཡོད་སྨྲས་ནས་གཞན་གྱིས་དཔྱས་པར་གྱུར་པ་


DTG154_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཅས། ཁྱིམ་བདག་ཕོ་ལས་བཅས་མོད་ཀྱི་ཁྱིམ་བདག་མོ་ཡང་རུང་སྟེ། གོས་བླངས་ན་སློང་བའི་ཚེ་ཉེས་བྱས། ཐོབ་པར་གྱུར་ནས་སྤང་བའི་ལྟུང་བའོ། །ལྟུང་བར་གྱུར་པ་ཡང་རྣམ་པ་གསུམ་སྟེ། རིན་དང་ཁ་དོག་དང་ཁྲུའོ། །དེ་ལ་རིན་ཅེས་བྱ་བ་ནི་ཆོས་གོས་ཀཪྵཱ་པ་ཎ་ལྔ་རི་བ་གཅིག་བླངས་ན་སློང་བའི་ཚེ་ཉེས་བྱས། ཐོབ་ན་སྤང་བའི་ལྟུང་བའོ། །ཀཱཪྵཱ་པ་ཎ་ལྔ་རི་བ་ཞིག་བླངས་པ་ལས་ཀཱཪྵཱ་པ་ཎ་དྲུག་ཡན་ཆད་རི་བ་ཞིག་ཐོབ་ན་སློང་བའི་ཚེ་ཉེས་བྱས། ལྷག་པར་ཐོབ་པ་ལྟུང་བ་མེད་དོ། །དེ་བཞིན་ཁ་དོག་སྔོན་པོ་ཞིག་བླངས་པ་ལས་དམར་པོ་ཐོབ་པ་དང་གོས་ཁྲུ་ལྔ་པ་ཞིག་བླངས་པ་ལས་ཁྲུ་དྲུག་པ་ཡན་ཆད་ཅིག་ཐོབ་ན་དེ་བཞིན་དུ་རིག་པར་བྱའོ། །ཡུལ་ནི་མཉན་དུ་ཡོད་པ། གང་ཟག་ནི་ཉེ་དགའ་བོ། ཉོན་མོངས་པ་ནི་འདོད་ཆེན། དངོས་པོ་ནི་གོས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་རྐུན་པོས་ཁྱེར་རམ། གོས་བརླག་གམ་གོས་ཚིག་གམ་གོས་རླུང་གིས་ཁྱེར་རམ་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ། །རྐྱེན་འདི་རྣམས་ཀྱིས་གོས་མེད་པར་གྱུར་ན་ཉེ་དུ་མ་ཡིན་པ་ལ་སློང་དུ་དབང་སྟེ། དངོས་པོ་ནི་འོག་ནས་འབྱུང་ངོ༌། །དགེ་སློང་གོས་རྐུན་པོས་ཁྱེར་རམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། ཆུས་ཁྱེར་ན་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་གོས་སློངས་ཤིག །གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་འབུལ་བར་འདོད་ན། དགེ་སློང་དེས་སྟོད་གཡོགས་དང་སྨད་གཡོགས་ལས་གོས་ལྷག་པར་མ་ལེན་ཅིག་དེ་ལས་ལྷག་པ་བླངས་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཡུལ་བ་ཁའི་དགེ་སློང་བཞི་བཅུ་ཡུལ་རྒྱུར་དོང་པ་ལས་ཆོམ་པོས་བཅོམ་སྟེ། གོས་ཕྲོགས་ནས་འཛེ་ཏའི་ཚལ་དུ་ལྷགས་པ་དང་དྲུག་སྡེ་རྣམས་ཀྱིས་དགེ་སློང་རྣམས་ཀྱི་ཕྱིར་ཁྱིམ་པ་ལས་གོས་མང་པོ་བླངས་ཏེ། བཟང་པོ་རྣམས་ནི་དགེ་སློང་ཉིད་ཀྱིས་ཁྱེར་ངན་པ་རྣམས་ནི་བཏའི་དགེ་སློང་ལ་བྱིན་པ་ལས་བཅས། དེ་ལ་ཡི་གེའི་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །སྟོད་གཡོགས་དང་སྨད་གཡོགས་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཁྱིམ་པའི་སྟོད་གཡོགས་ནི་སྲིད་དུ་ཁྲུ་བཅུ་གཉིས་ཞེང་དུ་ཁྲུ་བདུན། སྨད་གཡོགས་ཀྱང་ཁྲུ་བདུན་ཏེ། དད་པ་ཆེན་པོ་ཞིག་གིས་དུས་ཀྱིས་འབུལ་ན་རས་འདི་གཉིས་བླང་དུ་རུང༌། དེ་ལ་དགེ་སློང་གི་སྟོད་གཡོགས་ནི་ཆོས་གོས་སྦྱར་བ་ལ་བྱ་སྟེ། དེ་ཉིད་རིམ་


DTG154_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་དང་སྨད་གཡོགས་ཐང་པ་ཁྲུ་ལྔ་པ་གཅིག་ལེན་དུ་དབང་དེ་ལས་ལྷག་པ་རྣམས་བླངས་ནས་སྤང་བའི་ལྟུང་བའོ། །ལྟུང་བ་འདིའི་བྱེ་བྲག་བཞི་པོ་ལ། ཡུལ་ནི་མཉན་དུ་ཡོད་པ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཆེན། དངོས་པོ་ནི་མ་དད་པའི་གོས་བླངས་པའོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་ཅིག་སྤགས་ནས་བདག་གིས་གོས་ཀྱི་རིན་འདིས་འདི་ལྟ་བུ་འདི་འདྲ་བའི་གོས་ཤིག་སོ་སོ་ནས་ཉོས་ལ། མིང་འདི་ཞེས་བྱ་བའི་དགེ་སློང་འོང་ན་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྒོ་བར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཡིན་པ་དེའི་གན་དུ་སོང་ནས་བཟང་པོ་འདོད་པའི་ཕྱིར་ཚེ་དང་ལྡན་པས་བདག་གི་ཕྱིར་གང་གོས་ཀྱི་རིམ་སྤགས་པ་གང་ཡིན་པ་གོས་ཀྱི་རིན་དེས་ཚེ་དང་ལྡན་པ་འདི་ལྟ་བུ་འདྲ་བའི་གོས་ལ། གོས་རུང་བ་དུས་སུ་བདག་ལ་བསྐོན་ན་ལེགས་སོ་ཞེས་སྨྲས་ཏེ། གོས་ཏེ་གྲུབ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་ཁྱིམ་བདག་ཅིག་ཁྲོ་གཏུམ་ཆེ་བ་ཞིག་ལ། དགེ་སློང་ཉེ་དགའ་བོས་ཆོས་བཤད་ནས། དད་པ་སྐྱེས་ཏེ། ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་དགེ་སློང་དེ་ལ་གོས་རྒྱུའི་རིན་རས་ཡུག་གཅིག་སྦྱིན་པར་བགྲོས་པ་ལས་ཁྱིམ་བདག་གི་བྲན་མོས་ཉེ་དགའ་བོ་ལ་སྦྲན་པ་དང༌། ཉེ་དགའ་བོ་འང་ཁྱིམ་བདག་གི་གན་དུ་སོང་ནས་ཁྱེད་ཀྱིས་གོས་སྦྱིན་པར་བྱས་པ་ག་རེ་ཞེས་བྱས་པ་དང་རས་ཡུག་གཅིག་ཕྱུང་སྟེ་ཕུལ་ནས། ཉེ་དགའ་བོས་སྨྲས་པ། ཁྱིམ་བདག་ཁྱེད་ལ་གཏོང་བའི་བསོད་ནམས་ཡོད་ན། ངས་སྤྱད་པར་ནི་མི་ཆོག་གིས་བཟང་པོ་ཅིག་བྱིན་ཅིག་ཅེས་སྨྲས་ནས་ཁྱིམ་བདག་དེ་ཉིད་ལ་ནི་རས་བཟང་པོ་མེད་དེ། ཚོང་དུས་སུ་ཉེ་དགའ་བོས་རྒྱུས་མཁན་བྱས་ནས་བཟང་པོ་ཉོས་ཏེ། རིན་ཕྱི་དུས་སུ་སྦྱིན་པར་བྱས་པ་ལས་མ་འབྱོར་ནས་སྡུག་བསྔལ་བར་གྱུར་པ་ལས་བཅས། ཡི་གེའི་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །གོས་ཞེས་བྱ་བ་ནི་ཁ་དོག་བསྒྱུར་བའོ། །དུས་ཞེས་བྱ་བ་ནི་གཏན་པ་དྲུབས་ཏེ། ཟླ་བ་ལྔའི་བར་དུ་ཆོས་གོས་ལེན་དུ་གནང་བའི་དུས་ལ་བྱའོ། །རྣམ་པར་རྟོག་པ་འགའ་ཞིག་འབྱུང་ཞེས་བྱ་བ་ཁྱིམ་བདག་གི་བྲན་མོས་སྦྲན་པའི་དོན་ཏོ། །ལྟུང་བའི་བྱེ་བྲག་བཞི་ལ་ཡུལ་ནི་མཉན་དུ་ཡོད་པ། གང་ཟག་ནི་ཉེ་དགའ་བོ། ཉོན་མོངས་པ་ནི་འདོད་ཆེན། དངོས་པོ་ནི་གོས་སོ། །


DTG154_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གི་ཕྱིར་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་སོ་སོ་ནས་གོས་ཀྱི་རིན་ཅིག་སྤགས་ཏེ། བདག་ཅག་གཉིས་ཀྱིས་སོ་སོ་ནས་གོས་ཀྱི་རིན་འདིས་གོས་འདི་ལྟ་བུ་འདི་འདྲ་བ་ཞིག་སོ་སོ་ནས་ཉོས་ཏེ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་ཏེ་བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བའི་དུས་སུ་བསྐོན་ནོ་ཞེས་བྱས་ཏེ། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྒོ་བར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་བཟང་པོ་འདོད་པའི་ཕྱིར་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་སོ་སོ་ནས་གོས་ཀྱི་རིམ་སྤགས་པ་གང་ཡིན་པ་གོས་ཀྱི་རིན་དེས་ཚེ་དང་ལྡན་པ་དག་སོ་ནས་གོས་འདི་ལྟ་བུ་འདི་འདྲ་བ་ཞིག་ཉོས་ལ། གཉིས་ཡང་གཅིག་ཏུ་གྱུར་བས་དུས་སུ་གོས་རུང་བ་བདག་ལ་སྐོན་ཅིག་ཅེས་དེ་སྐད་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་ཁྱིམ་བདག་ཕོ་མོ་གཉིས་ལ་ཆོས་བཤད་ནས་ཁྱོ་ཤུག་དེ་གཉིས་དད་པ་སྐྱེས་ཏེ། གོས་ཀྱི་རིན་ཞིག་སྤགས་པས་གོས་རེ་རེ་ཞིག་ཉོས་ཏེ། ཉེ་དགའ་བོ་ལ་སྦྱིན་པར་བྱས་པ་ལས་ཁྱིམ་བདག་གི་བྲན་མོས་སྦྲན་ནས། ཉེ་དགའ་བོ་ཁྱིམ་བདག་གི་གན་དུ་སོང་ཏེ། བདག་གི་ཕྱིར་ཁྱེད་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་ནས་སྤགས་ཏེ། བཞག་པ་ཤིན་ཏུ་དགེ་བ་ཡིན་རིན་དེ་གཉིས་གཅིག་ཏུ་བསྡུས་ལ་ཆེན་པོ་བཟང་པོ་ཞིག་ཉོས་ལ་སྐོན་ཅིག་ཅེས་བྱས་ནས། དེ་གཉིས་ཀྱི་གོས་ཀྱི་རིན་དེ་བསྡུས་ཏེ། བཟང་པོ་ཚོལ་བའི་ཕྱིར་ཉོན་མོངས་པ་ལས་བཅས། ཡི་གེའི་འབྲུ་གཉེར་དང་ལྟུང་བའི་བྱེ་བྲག་བཞི་པོ་ཡང་ལྟག་ཏུ་སྨོས་པ་དང་འདྲའོ། །དགེ་སློང་གི་ཕྱིར་རྒྱལ་པོའམ། བློན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མེའམ། ལྗོངས་ཀྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཀྱང་རུང་སྟེ་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་བསྐུར་ལ། དེ་ནས་ཕོ་ཉ་དེ་ཡང་གོས་ཀྱི་རིན་ཁྱེར་ནས་དགེ་སློང་དེ་དག་ལ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འཕགས་པ་མཁྱེན་པར་མཛོད་ཅིག་གོས་ཀྱི་རིན་འདི་དག་ནི་ཁྱོད་ལ་རྒྱལ་པོའམ་བློན་པོའམ་བྲམ་ཟེའམ་ཁྱིམ་བདག་གམ་གྲོད་རྡལ་གྱི་མིའམ་ལྗོངས་ཀྱི་མིའམ་ནོར་ཅན་ནམ་ཚོང་དཔོན་ནམ། དེད་དཔོན་ནམ། དེད་དཔོན་མིང་འདི་ཞེས་བྱ་བས་བསྐུར་གྱིས་ཐུགས་བརྩེ་བའི་སླད་དུ་འཕགས་པ་འདི་དག་བཞེས་ཤིག་ཅེས་དེ་སྐད་ཟེར་བ་དང༌། དགེ་སློང་དེས་ཕོ་ཉལ་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་


DTG154_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོས་ཀྱི་རིན་ལེན་དུ་མེ་རུང་སྟེ། བདག་ཅག་དུས་སུ་གོས་རུང་བ་ཞིག་རྙེད་ན་ལོན་ཏོ་ཞེས་དེ་སྐད་བསྐོ་ཤིག །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་གང་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པའི་འཕགས་པ་རྣམས་ཀྱི་ཞལ་ཐབ་འགའ་མཆིས་སམ་ཞེས་དེ་སྐད་ཟེར་བ་དང་གོས་འདོད་པ་དགེ་སློང་གིས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་རྣམས་ཀྱི་ཞལ་ཏ་བྱེད་པའོ་ཞེས་ཀུན་དགའ་ར་བའི་དགེ་བསྙེན་ཞལ་ཏ་བྱེད་པ་སྟོན་ཅིག །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་གལ་བ་དེར་སོང་སྟེ་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་ལྟ་བུ་འདི་འདྲ་བ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བར་འོངས་ཏེ། གོས་རུང་བ་དུས་སུ་སྐོན་ཅིག་ཅེས་དེ་སྐད་སྨྲས་ཏེ། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་བསྒོ་ཞིང་བསྟན་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འཕགས་པའི་ཞལ་ཏ་བགྱིད་པ་གང་ལགས་པ་བསྟན་པ་དེ་ལ་བདག་གིས་ལེགས་པར་བསྟན་གྱིས་དེའི་གན་དུ་བཞུད་ཅིག་དང་ཁྱེད་ལ་གོས་རུང་བ་དུས་སུ་བསྐོན་ནོ། །དེ་སྐད་ཟེར་བ་དང༌། གོས་འདོད་པའི་དགེ་སློང་དེས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་ལ་གོས་དགོས་སོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་ལ་གོས་དགོས་སོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་ཞིང༌། དྲན་པར་གྱིས་ཤིག །ལན་གཉིས་ལན་གསུམ་དུ་བསྐུལ་ཏེ་དྲན་པར་བྱས་ནས། གལ་ཏེ་གོས་གྲུབ་པ་ལྟན་ནི་ལེགས། གལ་ཏེ་མ་གྲུབ་ན་ལྔ་ལན་དྲུག་དུ་སྣང་བའི་ཕྱོགས་སུ་ཅང་མི་སྨྲ་བར་འདུག་ཅིང༌། དེ་ལྟར་ཕན་བཞི་ལན་ལྔ་ལན་དྲུག་ཏུ་སྣང་བའི་ཕྱོགས་སུ་ཅང་མི་སྨྲ་བར་འདུག་ནས། གལ་ཏེ་གྲུབ་ན་ནི་ལེགས་གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་གྲུབ་པའི་ཕྱིར་བཙལ་ཏེ་གོས་དེ་གྲུབ་ན་སྤང་བའི་ལྟུང་བའོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་འོངས་བ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ཐོང་ལ། ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སློང་མིང་འདི་ཞེས་བྱ་བའི་ཕྱིར་གང་གོས་ཀྱི་རིན་བསྐུར་བ་དེ་དག་ནི་དགེ་སློང་དགོས་པ་ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་རང་གི་ནོར་དེ་ཆུད་མ་གསན་ཅིག །ཅེས་དེ་སྐད་བསྒོ་ཤིག །དེ་ལ་དེ་ནི་དུས་ཡིན་


DTG154_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བློན་པོ་བྲམ་ཟེ་དབྱར་ཚུལ་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་ཆོས་བཤད་པ་ལ་དང་པར་གྱུར་ནས་དོང་ཙེ་དྲུག་ཅུ་ཞིག་སྦྱིན་པར་བྱས་པ་ལས། ཉེ་དགའ་བོ་མཉན་དུ་ཡོད་པར་སོང་ནས། དེའི་ཕྱི་བཞིན་དུ་ཕོ་ཉ་ལ་དོང་རྩེ་བསྐུར་ཏེ། ཉེ་དགའ་བོ་ཚོང་དུས་ཀྱི་དབུས་ན་འདུག་པའི་གན་དུ་ཕོ་ཉས་དོང་ཅོ་བ་བསྐྱལ་ནས་དགེ་སློང་གསེར་དངུལ་ལ་མི་རེག་པའི་ཕྱིར་ཉེ་དགའ་བོས་སྤོས་འཚོང་པའི་བྱིས་པ་ཞིག་ལ་བཞག་གོ །དེ་ནས་རིང་པོ་མ་ལོན་པར་དོང་ཙེ་ཁྱེར་ཤོག་ཅེས་བྱས་པ་དང༌། དེས་སྨྲས་པ་བདག་ཚོང་འདུས་པའི་འདུན་མ་ལ་སྔར་མ་མཆིས་ན་ཆད་པ་འབྱུང་གི །བཙུན་པ་ཅུང་གཞེས་ཤིག་མྱུར་དུ་སླར་མཆིའོ་ཞེས་པ་དང༌། ཉེ་དགའ་བོས་ཚར་བཅད་ནས་དོང་ཙེ་འབྱིན་པ་ལ་རིང་མོ་ཞིག་ཐོགས་ནས། སྤོས་འཚོང་གི་ཁྱེའུ་འདུན་ཆད་དོང་ཙེ་དྲུག་ཅུ་བཅད་ནས་དེ་ཆོས་ལ་སྔར་དད་པ་སྐྱེས་པ་བྲི་བ་ལས་བཅས། ཞལ་ཏ་པའམ་དོན་སྒྲུབ་པ་ལ་གཏན་ཚིགས་དང་བཅས་པ་ལས་ལན་གསུམ་བསྐུལ་ཏེ་གྲུབ་ན་ལེགས་མ་གྲུབ་ན་ལན་གསུམ་གྱི་བར་དུ་མི་སྨྲ་དོན་སྒྲུབ་པ་ལ་གང་ན་འདུག་པའི་དྲུང་དུ་འགྲེང་སྟེ་ཐབས་ཀྱིས་བསྐུལ་ཅིག །ནོར་བདག་ལ་ཚུར་མ་སྤྲིང་བའི་ལན་ཚུན་ཆ་དགོས་ཏེ་ཕུལ་ན་བླང་དུ་རུང༌། གལ་ཏེ་སྤྲིང་བ་དེའི་འོག་ཏུ་ནོར་བདག་དེ་མི་འཁྲུག་པར་བདག་གིས་བྱས་གོས་འདི་ལོང་ཤིག་ཅེས་ཟེར་ན་བླང་དུ་རུང༌། ལྟུང་བའི་བྱེ་བྲག་བཞི་ལ། ཡུལ་ནི་མཉན་ཡོད་པ། གང་ཟག་ནི་ཉེ་དགའ་བོ། ཉོན་མོངས་པ་ནི་འདོད་ཆེན་གྱིས་འཁོར་བ། དངོས་པོ་ནི་དང་ཙེའོ། །མདོར་ན། སྲིན་བ་ལ་འབའ་ཞིག་ཆ་གཉིས་དང༌། །དྲུག་གི་བར་དང་མཐོ་གང་ལམ། །འཁྲུ་བ་དང་ནི་ས་ལེ་སྦྲམ། མཚན་མ་བཏབ་དང་ཉོ་ཚོང་ངོ༌། །བསྡུས་པའི་དོན་ནི་ལྷག་མ་དང་འདྲ། ཡང་དགེ་སློང་སྲིན་བལ་གྱི་སྟན་སར་བ་བྱས་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་སྲིན་བལ་གྱི་སྟན་སར་པ་བྱེད་པ་ལ་ཞུགས་ནས་དཀའ་ཞིང་རིན་ཆེས་ཆེ་བ་སེམས་ལས་གྱུར་པ་དང་མུ་སྟེགས་ཅན་གྱིས་སྲིན་བུ་བསད་དོ་ཞེས་དཔྱས་པ་ལས་བཅས། པུས་མོ་ཡན་ཆད་ལྟེ་བའི་ཁུང་མན་ཆད། དཀྱིལ་འཁོར་གསུམ་ཁེབས་པའི་སྟན་ཆུང་དུའང་རུང་སྟེ། ནང་ཚངས་སྲིན་བལ་བྱས་ན་སྤང་བའི་ལྟུང་བའོ། །སྲིན་བལ་འགོད་དང་སྒོང་དང་ཕུང་པོ་ལྟ་བུ་འཇིག་གམ་བརྟོལ་ན་ཉེས་བྱས། ཡང་དགེ་སློང་གང་ལུག་


DTG154_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ནག་པོ་འབའ་ཞིག་ལས་སྟན་སར་པ་བྱས་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལུག་བལ་ནག་པོ་འབའ་ཞིག་གིས་སྟན་སར་པ་བྱེད་པ་ལ་ཞུགས་པས་རིན་ཆེ་ཞིང་རྙེད་དཀའ་བའི་ཕྱིར་སེམས་ལས་གྱུར་པ་དང༌། ཁྱིམ་པ་ལ་རྟག་ཏུ་བལ་སློང་བས་ཁྱིམ་པ་སྐྱོ་བར་གྱུར་པ་ལས། ནག་པོ་ནི་རྣམ་པ་བཞི་སྟེ། རང་བཞིན་གྱིས་གནག་པ། སྔོན་པོར་བཙོས་པ། དྲི་མ་ཅན་དང༌། ས་ནག་གིས་བཙོས་པ་སྟེ། སྐབས་འདིར་རང་བཞིན་གྱིས་གནག་པ་ལ་བྱ། ལུག་བལ་རང་བཞིན་གྱིས་གནག་པ་འབའ་ཞིག་ལས་སྟན་སར་པ་བྱས་པ་ནི་སྤང་བའི་ལྟུང་བའོ། །བལ་ནག་པོའི་ཆུན་པོ་དང་ཁྱིའུ་དང་ཕུང་པོ་རྣམས་རྣལ་ན་སྤང་བའི་ལྟུང་བའོ། །ལྟུང་བའི་བྱེ་བྲག་བཞི་ལ་གཞན་ནི་ལྷག་མ་འདྲ། ཉོན་མོངས་པ་ནི་གཞན་མ་དད་པ་དང༌། འདས་པ་དང་བཅས་པའོ། །དགེ་སློང་སྟན་སར་པ་བྱེད་ན་ཕྱེད་ནི་ལུག་བལ་ནག་པོ་འབའ་ཞིག་ལས་ཚུག་ཤིག །བཞི་ཆ་གཅིག་ནི་དཀར་པོ་འབའ་ཞིག་ལས་ཆུག་ཤིག། བཞི་ཆ་གཅིག་ནི་འཁོབ་བལ་ལས་ཆུག་ཤིག །གལ་ཏེ་དགེ་སློང་གིས་ཕྱེད་ལུགས་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། བཞི་ཆ་གཅིག་འཁོབ་བལ་ལས་མ་བཅུག་པར་སྟན་ས་རབ་བྱས་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་ལ་སྟན་སར་པ་མ་བྱེད་ཅིག་ཅེས་བཀའ་སྩལ་ནས། དེ་དག་གིས་དཀར་པོ་དང་འཁོབ་བ་ལ་ཅུང་ཟད་ཙམ་གྱིས་བསྲེས་ཏེ་སྟན་སར་པ་བྱས་ནས་དོན་ཉུང་བའི་དགེ་སློང་གིས་ཀྱང་དཔྱས་པ་ལས་བཅས། ཆ་ལས་མང་ཉུང་དུ་གྱུར་ན་གང་ལས་གྱུར་ཀྱང་རུང་སྟེ་སྤང་བའི་ལྟུང་བའོ། །བལ་དཀར་པོ་རིན་ཆེ་ལ་ནག་པོ་རིན་ཆུང་བའི་ཡུལ་ན་ནི་ནག་པོ་འབའ་ཞིག་ལས་བྱས་ན་ཉེས་པ་མེད་དོ། །འདིའི་ཉོན་མོངས་པའང་མ་དད་པ་དང་འདས་པ་དང་བཅས་པའོ། །དགེ་སློང་གིས་སྟན་སར་པ་བྱས་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བྱས་པ་ཆོང་ཤིག །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱས་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་དག་སྟན་མང་པོར་གྱུར་ནས་ལ་ལ་ནི་རིང་ལ་ལ་ནི་ཐུང་བར་གྱུར་ཏེ། དེ་དག་བཅོས་དཀའ་ཞེས་ཟེར་ནས། སྟན་སར་པ་གཞན་བྱེད་པ་ལ་ཞུགས་པས་དགེ་བའི་བར་ཆད་དུ་གྱུར་


DTG154_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལོ་དྲུག་ཅེས་བྱ་བ་ནི་ལོ་ལྔ་འདས་ཏེ། དྲུག་ནི་ངོ་མཐོང་བ་ལ་བྱའོ། །སྟན་རྙིང་པ་སྤངས་ཏེ་མེད་པར་བྱས་ལ་སར་པ་བྱེད་ཀྱང་རྙིང་པ་ཡོད་བཞིན་དུ་སར་པ་བྱེད་ཀྱང་རུང་སྟེ། ལོ་དྲུག་མ་ལོན་ནམ་སྤང་བའི་ལྟུང་བའོ། །དགེ་འདུན་གྱིས་གནང་ཞེས་བྱ་བ་ནི་སངས་རྒྱས་འབྲོག་སྐྱེས་པའི་འབྲོག་བཟང་པོའི་ནང་དུ་བཞུགས་པའི་ཚེ། རླུང་ནད་དང་ལྷགས་པ་ཆེ་བས་རས་སར་པའི་གདིང་བ་ལོ་དྲུག་ཏུ་མ་ཐུབ་ན་ལྷགས་པས་ཉེན་ཏེ། རས་སར་པ་བཏིང་བས་དགེ་འདུན་གྱིས་དགེ་སློང་ལ་སར་པའི་གདིང་བ་ལོ་དྲུག་མ་ལོན་པ་ཡང་བརྗེར་གནང་བ་ལས་བཅས་ཏེ། དགེ་འདུན་སྤྱིའི་ལས་བྱེད་པའི་གདིང་བ་ལོ་དྲུག་མི་ཐུབ་ན་བརྗེར་གནང་བའི་གདམས་པ་སྦྱིན་པར་བྱའོ། །དགེ་སློང་གང་གིས་གདིང་བ་སར་པ་བྱས་ན་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་ཀུན་ལ་བདེ་བར་གཤེགས་པའི་མཐོ་གང་གི་སར་པ་གློན་ཅིག་དགེ་སློང་གིས་སར་པའི་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་བ་ཀུན་ལ་བདེ་བར་གཤེགས་པའི་མཐོ་གང་གི་སར་བ་ལ་མ་གླན་པར་གདེང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བྱང་ཕྱོགས་ནས་འོངས་པའི་ཚོང་པ་ལྔ་བརྒྱས་སངས་རྒྱས་ལ་བསྙེན་བཀུར་བྱས་ནས་དགེ་སློང་གི་གནས་ཁང་བལྟ་བ་ལ་ཞུགས་སོ།། དེ་ནས་དགེ་སློང་གི་གདིང་བའི་དབུས་རྡོལ་བ་མཐོང་སྟེ་དྲིས་པ་དང༌། ཟས་བྱིན་གྱི་བདག་པོས་དགེ་སློང་འདི་དག་རྟག་ཏུ་བསམ་གཏན་བྱེད་པས་གདིང་བ་རྡོལ་བར་གྱུར་ཏོ་ཞེས་སྨྲས་ནས། ཚོང་པ་རབ་ཏུ་དད་པར་གྱུར་ནས་རས་ཡུག་ལྔ་བརྒྱ་ཕུལ་ལོ། །དེ་ནས་དགེ་སློང་དག་གིས་གདིང་བས་རབ་བྱས་ནས་རྙིང་པ་རྣམས་བོར་ཏེ་ཕྱག་དར་ཁྲོད་དུ་བོར་སྤུངས་པ་སངས་རྒྱས་ཀྱིས་གཟིགས་ནས། ཁྱིམ་པ་དང་བྲམ་ཟེ་ནི་ཤ་ཁྲག་ཟད་ཀྱིས་འཇལ་ཞིང་སྦྱིན་བར་བྱེད་དགེ་སློང་ཁྱེད་ནི་སྤྱོད་པའི་ཚད་མི་འཛིན་ཏེ་ད་ཕྱིན་ཆད་རྙིང་པ་འདི་དག་ཀྱང་བསྡུས་ལ་སར་པ་ལ་གློན་ཅིག་ཅེས་བཀའ་སྩལ་པ་ལས་བཅས། མདོག་མི་སྡུག་པ་དང་སྲ་བར་བྱ་བའི་ཕྱིར་གདིང་བ་རྙིང་བ་དབུས་རྡོལ་ཀྱང་ཐ་མ་ཅི་ལུས་པ་བསྡུས་ཏེ། ཁྲུ་ཕྱེད་དང་དོ་གྲུབ་ཞིས་སར་པ་དབུས་སུ་མ་གླན་ན་སྤང་བའི་ལྟུང་བའོ། །གདིང་བ་རྙིང་པའི་མཐའ་དྲས་ཙམ་ཡང་མ་ལུས་ན་མ་གླན་ཀྱང་ཉེས་པ་མེད་དོ། །དགེ་སློང་ལམ་དུ་ཞུགས་པས་ལུག་གི་བལ་ཞིག་རྙེད་ལ་འདོད་ན་དགེ་སློང་དེས་ལོང་ཤིག །བླངས་ནས་ཁྱེར་བ་མེད་ན་


DTG154_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་གསུམ་གྱི་བར་དུ་ནི་བདག་གིར་ཁྱེར་ཅིག །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་ལས་ལྔ་ཞིག་བལ་ཡུལ་དུ་སོང་ནས་ཕྱིར་ལོག་པའི་ཚེ་ཚོང་པ་མང་པོ་དག་དང་འགྲོགས་ནས་ཚོང་པས་བལ་ཉོས་པའི་ཤིང་རྟ་ལམ་དུ་ཆག་གོ །དེ་ནས་ཤིང་རྟ་བཅོས་སུ་རྐུན་པོས་འཇིགས་ནས་བལ་མང་པོ་བོར་བ་དྲུག་སྡེ་རྣམས་ཀྱིས་བླངས་ནས་ཁུར་དྲགས་ཏེ་དེ་དག་རི་བྲགས་ཀྱི་གྲོང་མི་རྒོད་ཀྱིས་འཇིགས་པ་ཞིག་གི་དྲུང་དུ་ཕྱིན་པ་དང༌། དེ་དག་གིས་གླང་པོ་ཆེ་དང་བཅས་པའི་དགྲའི་དཔུང་འོང་བར་མཐོང་ནས་བྲོས་པ་དང་བལ་མང་པོ་བཙལ་བ་ལས། དོན་ཉུང་བའི་དགེ་སློང་དག་གིས་དཔྱས་པ་ལས་བཅས། དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁུར་དུ་ཁྱེར་ན་རྒྱང་གྲགས་ཕྱེད་ལ་ཉེས་བྱས། རྒྱང་གྲགས་རེ་རེ་ལ་སྤང་བའི་ལྟུང་བ་རེ་རེའོ། །ཞྭ་དང་ལྷམ་དང་སྙིང་ཁབ་དང་ལྕག་པོད་ཀྱི་རྒྱུ་ཁྱེར་བ་ནི་ཉེས་པ་མེད་དོ། །ཡང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུང་བཅོལ་ཏམ་རྨེལ་དུ་བཅོལ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ལྟག་ཏུ་སྨོས་པའི་བལ་དྲུག་སྡེས་བགོས་པའི་ཤས་དགེ་སློང་འཆར་བས་ཐོབ་པ་རྣམས་ཐུམ་པོ་གཉིས་སུ་བྱས་ནས་དགེ་སློང་མ་སྐྱེ་དགུའི་བདག་མོ་ལ་བཅོལ་ནས། བལ་ལེན་པའི་ཚེ་དགེ་སློང་མ་གཉིས་ཀྱིས་མ་ཐེགས་པ་དང་བཤིག་པའི་ཚེ་ཁང་པ་མིག་དུ་མ་གང་སྟེ། དགེ་སློང་མ་དག་བལ་གྱི་ལས་ཀྱིས་ཉོན་མོངས་ཤིང་སྐྱེ་དགུའི་བདག་མོས་བཙོ་བླག་བྱས་པའི་ལག་པ་དམར་བ་སངས་རྒྱས་ཀྱིས་གཟིགས་པ་ལས་བཅས། བལ་འཁྲུ་བ་ནི་ཆུང་ངུ་ན་ཆུར་བཅལ་པ་ཙམ་འཚེད་པ་ནི་ཆུང་ངུ་ན་ཚོན་གྱི་ནང་དུ་བསྲུབས་པ་ཙམ། རྨེལ་བ་ནི་ཆུང་ངུ་ན་ཚུམས་གཅིག་རྨེལ་ཀྱང་སྤང་བའི་ལྟུང་བའོ། །བལ་གྱི་དངོས་པོ་ནི་གཅིག་ལ་དགེ་སློང་མ་གསུམ་ཞིག་སྟེ། གཅིག་ལ་འཁྲུ། གཅིག་ལ་ནི་འཚེད། གཅིག་ལ་ནི་རྨེལ་དུ་བཅོལ་ན། དངོས་པོ་སྤང་བ་གཅིག །ལྟུང་བ་ནི་གསུམ་མོ། །དགེ་སློང་མ་གཅིག་ལ་ཡང་ལས་གསུམ་ཆར་བཅོལ་ན་ཡང་སྤང་བའི་ལྟུང་བའོ། །གཉེན་ཡིན་པ་དང་མ་ཡིན་པའི་འདུ་ཤེས་ནི་ལྟག་ཏུ་སྨོས་པ་དང་འདྲའོ། །ཡང་དགེ་སློང་གང་རང་གི་ལག་གིས་ས་ལེ་སྦྲམ་ལེན་པ་དང༌། དངུལ་བླངས་སམ་ལེན་དུ་བཅུག་ན་སྤང་བའི་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་


DTG154_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་གསེར་དངུལ་བརྟགས་པ་བློན་པོ་འདུས་པ་དག་གཅིག་ཁ་མི་འདུ་མ་ཞིང་འདུག་པ་གྲོང་དཔོན་གཙུག་ན་ནོར་བུས་ཐོས་ནས། སངས་རྒྱས་ལ་གསོལ་བའི་ལན་དུ་དགེ་སློང་གིས་གསེར་དངུལ་མ་བརྟགས་ཞེས་བཀའ་སྩལ་བ་ལས། དེའི་འོག་ཏུ་དྲུག་སྡེས་ས་ལེ་སྦྲམ་མང་པོ་ལེན་ཅིང་སྤྱོད་པ་ལས་གཞན་གྱིས་དཔྱས་པ་ལས་བཅས། གསེར་དངུལ་མཚན་མས་བཏབ་ཀྱང་རུང་མ་བཏབ་ཀྱང་རུང་བ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་བདག་གིས་བླངས་སམ་གཞན་གྱིས་ལེན་དུ་བཅུག་ན་སྤང་བའི་ལྟུང་བའོ། །ཟུར་གྱིས་ལེན་དུ་བཅུག་ན་ཉེས་བྱས། ཟངས་དང་ལྕགས་དང་རོ་ཉེ་དང་ཚོན་མོ་སྟེང་ལ་རེག་ན་ཉེས་པ་མེད། གཞན་གྱི་གསེར་དངུལ་ལམ་རིན་པོ་ཆེ་ལ་རེག་ན་སྤང་བ་ནི་མེད་ལྟུང་བའོ། །ལམ་གྱི་བརྒྱགས་ཟོང་ལྟ་བུ་སྔགས་ཀྱིས་གདབ་ཏུ་རུང་བ་དང༌། གཞན་ལ་བསྔོས་པ་ནི་བླང་དུ་རུང༌། ཡང་དགེ་སློང་གང་མཚན་མ་བཏབ་པ་རྣམ་པ་སྣ་ཚོགས་ལ་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བྱང་ཕྱོགས་ནས་ཚོང་པ་འོངས་པས་གཅིག་པུ་པའི་མོ་བོན་བ་ལ་ཤིང་ཐོག་འཁར་གཞོང་གང་དང༌། ལ་བ་སྲིན་བུ་ནག་པོའི་མདོག་ལྟ་བུ་བཟང་པོ་གཅིག་བྱིན་ནས་གཅེར་བུ་པའི་གྲོགས་པོ་དག་གིས་འཛེ་ཏའི་གཙུག་ལག་ཁང་དུ་སྤྱོམ་དུ་བཏང་ངོ༌། །དེ་ནས་དགེ་སློང་ཉེ་དགའ་བོས་གཅེར་བུ་པས་ལ་བ་གྱོན་པ་མཐོང་ནས་དྲིས་པ་དང་ཚོང་པས་ང་ལ་མཆོད་པ་བྱས་སོ་ཞེས་སྨྲས་སོ། །དེ་ནས་ཉེ་དགའ་བོས་ཆོས་བཤད་དོ། ཁྱེད་ཀྱི་སྟོན་པའི་ལུང་ལས། སྒྲེན་མོར་རྒྱུ་བ་སྤྱོད་ཅིག་ཅེས་འབྱུང་ན། ཁྱེད་གར་དགར་ཚུལ་ཁྲིམས་ངན་པ་སྤྱོད་ན་མ་ལེགས་ཀྱིས་ལ་བ་དང་བརྗེའོ། །ངས་ཀྱང་གྱོན་ནས་གྲོང་རྒྱུ་བའི་ཚེ་གཞན་གྱིས་དྲིས་ན་གཅེར་བུ་བ་མིང་འདི་ཞེས་བྱ་བས་བྱིན་ནོ་ཞེས་བརྗོད་པར་བྱའོ་ཞེས་ནས། ལ་བ་བླངས་པའི་འོག་ཏུ། གཅེར་བུ་གྲོགས་པོ་རྣམས་ཀྱིས་ཚངས་པར་སྤྱོད་པ་དང་དབྲལ་བར་བྱས་ནས་ལ་བ་ལེན་དུ་འོངས་པ་དང༌། སངས་རྒྱས་ཀྱིས་ལ་བ་མ་བྱིན་ན་ཁྲག་དྲོན་པོ་སྐྱུགས་ཏེ་འཆིའོ་ཞེས་གསུངས་པ་ལས་གླེངས་སོ། །བཅས་པ་དངོས་ནི་དྲུག་སྡེས་གསེར་དངུལ་ལ་སོགས་པ་མཚན་མ་བཏབ་པ་མང་པོས་ཁེ་སྤོགས་བྱེད་པ་ན་མུ་སྟེགས་ཀྱིས་དཔྱས་པ་ལས་བཅས། དགེ་སློང་གིས་ཁེའི་ཕྱིར་ཡུལ་ཕྱོགས་སུ་བྲིན་པའི་ཟོང་གིས་ཁེ་སྤོགས་བྱེད་ན་སྤང་བའི་ལྟུང་བའོ། །ཟོང་ནི་གསེར་དངུལ་མུ་ཏིག་བཻ་ཌཱུཪྻ་འབྲུ་ལ་སོགས་པའོ། །མེ་ཤེལ་དང་


DTG154_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཤེལ་ལྟ་བུ་འཆང་དུ་རུང༌། མཚན་མ་བཏབ་པ་ནི་གསེར་དངུལ་ལྟ་བུ་ལས་དོང་ཙེར་བྱས་ཏེ་རི་མོའི་མཚན་མ་བཏབ་པ་ལ་བྱ་སྟེ། མདོར་ན་ཟོང་གི་མཚན་མ་ལྟ་བུའོ། །འདི་ལྟ་བུར་མཚན་མ་རྣམ་པ་མང་པོར་སྤྱོད་ན་སྤང་བའི་ལྟུང་བར་འགྱུར། ཡང་དགེ་སློང་གང་ཉོ་ཞིང་འཚོང་བ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་ཀྱིས་ཉོ་ཚོང་མང་པོ་བྱས་ཏེ། ལོ་ལེགས་པའི་ཚེ་འབྲུ་རིན་ཆུང་བ་རྣམས་ཉོས་ལ་ལོ་ཉེས་བྱུང་སྟེ་འབྲུ་རིན་ཆེ་བ་ན་བཙོངས་ནས་མུ་སྟེགས་ཅན་གྱིས་དཔྱས་པ་ལས་བཅས་ཁེ་སྤོགས་བྱ་བའི་ཕྱིར་ན་ཉོ་བ་བའི་ཚེ་ཉེས་བྱས། འཚོང་བའི་ཚེ་ན་ལྟུང་བའོ། །ཁེ་སྤོགས་བྱ་བའི་ཕྱིར་མ་ཡིན་གྱི་སྤུས་ཞེས་པའི་ཚེ་ན་ཉོ་བའི་ཚེ་ཉེས་བྱས་འཚོང་བའི་ཚེ་ཉེས་པ་མེད། ཁེ་བཙལ་བའི་ཕྱིར་སྤོགས་བྱས་ན། ཇི་ཙམ་དུ་ཁེ་ཕྱིན་པ་རྣམས་སྤང༌། ཟོང་གི་རིན་ཐང་ཁེ་ཕྱིན་ཕྱི་པ་གཉིས་དབྱེར་མི་ཕྱེད་ན་བཅས་སུ་སྤང་བའོ། །མདོར་ན། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོགས་སྟོན་ཟླ་ཐ་ཆུངས་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་པ་དང་ནི་བཞག་པའོ། །བསྡུས་པའི་མདོ་ནི་ལྟག་མ་འདྲའོ། །དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་ཆོང་ཤིག་དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། སྔུན་ཟན་པ་དྲུག་ཅུ་སྐྱེད་མོས་ཚལ་དུ་སོང་བའི་གན་དུ་སོང་ནས་སྔུན་ཟན་པ་གཅིག་ལ་ཉེ་དགའ་བོས་སྦྱིན་པའི་ཡོན་ཏན་བརྗོད་ནས། ལྷུང་བཟེད་བླངས་སོ། །དེ་ནས་སྔུན་ཟན་པས་རབ་ཏུ་འབུལ་བའི་རིགས་ན་བདག་ལ་ལྷུང་བཟེད་མེད་དོ་ཞེས་བྱས་པ་དང༌། ཉེ་དགའ་བོས་རང་གི་ལྷང་བཟེད་མཚན་ནས་ཕྱུང་སྟེ་བསྐུར་བ་དང༌། དེའི་རིན་དོང་ཙེ་དྲུག་ཅུ་ཕུལ་ལོ། །དེ་བཞིན་དུ་སྔུན་ཟན་པ་དྲུག་ཅུ་ཀུན་གྱི་ཐད་དུ་ལན་རེ་སོང་ནས་ལྷུང་བཟེད་རེ་རེའི་རིན་བླངས་པའི་འོག་ཏུ་སྔུན་ཟན་པ་རྣམས་འདུས་ཏེ་གཏམ་བྱས་ན་ཉེ་དགའ་བོས་ལྷུང་བཟེད་དྲུག་ཅུའི་རིན་བླངས་པར་གྱུར་བ་ལས་བཅས། སྤང་བ་བྱུང་བ་ནས་དངོས་པོ་མ་སྤངས་ཀྱི་བར་དུ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་ཡོ་བྱད་ཅི་སྙེད་པ་ལ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ལྷུང་བཟེད་ཆེས་སམ་ཆུང་ངམ་སྐྱ་བོར་གྱུར་ན་ཞག་བཅུ་ལས་འདས་པར་འཆང་ནའང་ལྟུང་བ་མེད་དོ། །ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པར་སྤྱད་བཟོད་པ་ཡོད་


DTG154_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་བཙལ་ཏེ་ལྷུང་བཟེད་གྲུབ་ན་སྤང་པའི་ལྟུང་བའོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་འབུལ་བ་བྱས་ཏེ། དགེ་སློང་གི་འཁོར་དེ་ལས་ལྷུང་བཟེད་གང་ཐ་མར་གྱུར་པ་དེ་ལ་བྱིན་ཏེ། དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་མ་བརླབས་མ་བསྐུར། གཞན་མ་བྱིན་པར་ཐ་མར་ཆག་ལ་ཐུག་གི་བར་དུ་བགས་ཀྱིས་དལ་བུས་སྤྱོད་ཅིག་ཅེས་བྱིན་ཅིག །དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། སྤོས་འཚོང་གི་ཁྱེའུ་ཞིག་ལ་ལྷུང་བཟེད་བཟང་པོ་ཞིག་བདོག་པ་དེ་དགེ་སློང་བསོད་སྙོམས་པ་ལ་ཕུལ་ནས་དགེ་སློང་མ་བླངས་པའི་གཏམ་དགེ་སློང་འཁོར་དུ་བྱས་པ་དང་ཉེ་དགའ་བོས་གོམ་པ་བསྐྱེད་དེ་སྤོས་འཚོང་བའི་གན་དུ་བརྒྱུགས་སོ། །དེ་ནས་སྤོས་འཚོང་གིས་དགེ་སློང་འཆར་བ་ཞིག་འོངས་པར་མཐོང་ནས་ལྷུང་བཟེད་ཕྲོགས་ཀྱིས་དོགས་ཏེ་སྦས་པ་དང༌། ཉེ་དགའ་བོས་མཐོང་ནས་ཚིགས་བཅད་བྱས་ཏེ་ལྷུང་བཟེད་བླངས་སོ། །དེ་ནས་སྤོས་འཚོང་གིས་ཀྱང་མ་སྟེར་ཏེ་རྩོད་ཅིང་འདུག་པའི་གན་དུ་ཁྱིམ་བདག་ཅིག་འོངས་ནས། ཉེ་དགའ་བོ་ལ་ཕྱག་བྱས་ནས་ཁྱོད་ཀྱིས་ཕྱག་ཁོངས་པ་འདིས་ཅི་ཞིག་བྱ་ཞེས་སྨྲས་པ་དང༌། ཁྱིམ་བདག་དེས་བཙུན་པ་ཅི་ཞིག་བཞེད་ཅེས་བྱས་ནས། དེས་ལྷུང་བཟེད་འདི་ཉོས་ལ་ང་ལ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གིས་ལྷུང་བཟོད་ཉོས་ཏེ་ཉེ་དགའ་བོ་ལ་བྱིན་པས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལྷུང་བཟེད་སྤྱད་བཟོད་བཞིན་དུ་ལྟན་པས་བཏབ་སྟེ་སར་པ་བཙལ་ན་སྤང་བའི་ལྟུང་བའོ། །ལྷུང་བཟེད་རིན་གྱིས་ཉོས་སམ་བཟང་ངན་བརྗེས་ན་ལྟུང་བ་མེད་དོ། །མཁན་པོ་དང་སློབ་དཔོན་དང་དགེ་འདུན་ལྟ་བུ་ལ་བསྔོས་ན་མང་དུ་འཆང་ནའང་ཉེས་པ་མེད་དོ། །ཡང་དགེ་སློང་གང་བདག་ཉིད་ཀྱིས་བླངས་པའི་སྐུད་པ་ཐག་པ་ཉེ་དུ་མ་ཡིན་པ་ལ་ཡོངས་སུ་འཐག་ཏུ་བཅུག་སྟེ། གོས་གྲུབ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་སྐྱེད་མོས་ཚལ་ན། ཡུགས་ས་མོ་ལྔ་བརྒྱས་རས་སྐུད་འཁལ་ཞིང་འདུག་པ་མཐོང་ནས་སྦྱིན་པའི་ཡོན་ཏན་བརྗོད་དེ་སྐུད་པ་བླངས་སོ། །དེ་ནས་ཡུགས་ས་མ་དེ་དག་གིས་སྐུད་པ་སྲང་རེ་རེ་བྱིན་ནས་ཐག་པ་སྤྱི་ཅེར་ལ་ཡུག་གཅིག་འཐག་ཏུ་བཅོལ་ལོ། །དེ་ནས་བཏགས་ཟིན་ཏེ་ཕུལ་ནས། ཡང་ཡུག་གཅིག་འཐག་ཏུ་བཅོལ་བ་དང༌། དེ་ཡང་


DTG154_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་ཏུ་མ་བཏུབ་ནས། བློན་པོ་ཁྱིམ་བདག་ཆེན་པོ་ཞེས་བྱ་བ་ལ། ཉེ་དགའ་བོས་གསོལ་ནས་ཐག་པ་སྤྱི་ཅེར་ལ་འཐག་ཏུ་བཅུག་ནས་ཀྱང་མ་བཏུབ་པ་དང་རིང་ལུགས་ཤིག་ཟླ་ལ་ཁྲིད་པ་དང༌། ཉེ་དགའ་བོ་དང་གཉིས་ཀྱིས་བཅིངས་བརྡེགས་ནས་རིང་ལུགས་དེ་ལ་ཡང་གསུགས་མང་པོ་ཞིག་ཕུལ་ནས། སྣམ་བུ་ཡང་བཏགས་ནས། ཐ་ག་པ་རབ་ཏུ་ཉོན་མོངས་པས་དཔྱས་པ་ལས་བཅས། སྐུད་པ་གཞན་ལས་བླངས་ཏེ་ཐག་པ་ལ་གླ་རྔན་བྱིན་ནས་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ། །སྐུད་པ་གཞན་གྱིས་ཉོས་སམ་གཞན་གྱིས་བྱིན་པ་གླ་རྔན་མ་བྱིན་པར་ཐ་ག་པ་ལ་འཐག་ཏུ་བཅུག་ན་ལྟུང་བའོ། །གླ་རྔན་བྱིན་ན་རུང་གཞན་ལས་སྐུད་པ་བླངས་ཏེ། བདག་གིས་བཏགས་སམ་གཉེན་ལ་འཐག་ཏུ་བཅོལ་ན་ཉེས་བྱས། དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ཞིག་གིས་ཐ་ག་བ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས། དེ་ལ་གལ་ཏེ་དགེ་སློང་ལ་སྔར་དེ་མ་བསྒོ་བར་དེར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ན། ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་བདག་གི་ཕྱིར་བཏགས་གིས། ཚེ་དང་ལྡན་པ་ཐ་ག་བ་གོས་འདི་ཐག་རན་བཟང་བ་དང་ཡུག་ཁྱིམ་ཆེ་བ་དང་འཇུར་མདུད་མེད་པར་ཐོག་ལ་བཅག་ན་ལེགས་སོ། །ཚེ་དང་ལྡན་པ་དག་ཐ་ག་པ་ལ་ནི་འདི་ལྟ་སྟེ། ངས་བཟའ་བའམ་བཅའ་བའམ་ཟས་ཀྱི་རིན་ཆུང་ཟད་ཅིག་སྦྱིན་ནོ་ཞེས་དེ་སྐད་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་སྒྲུབ་པའི་ཕྱིར། འདི་ལྟ་སྟེ་བཟའ་བའམ་བཅའ་བའམ་ཁ་ཟས་ཀྱི་རིན་ཆུང་ཟད་ཅིག་བྱིན་ནས་གོས་གྲུབ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་ཁྱིམ་བདག་བཟའ་ཤུག་གཉིས་ལ་ཆོས་བཤད་ནས་དེ་གཉིས་དད་པར་བྱུང་ནས་གོས་ཤིག་སྦྱིན་པར་བགྲོས་ཏེ་ཐ་ག་པ་ལ་འཐག་ཏུ་བཅུག་གོ །དེ་ནས་ཁྱིམ་བདག་དེའི་བྲན་མོ་ཞིག་གིས་ཐོས་ནས་ཉེ་དགའ་བོ་ལ་བསྙད་པ་དང་ཉེ་དགའ་བོ་ཐ་ག་པའི་གན་དུ་སོང་སྟེ། གོས་འདི་བདག་གི་ཕྱིར་འཐག་པ་ཡིན་གྱིས་ཡུག་ཁྱིམ་ཆེ་ཞིང་འཇུར་མདུད་མེད་པར་གྱིས་ཤིག་ཅེས་བསྒོ་ནས་རྔན་པར་ཁ་དའི་ལ་དུ་བྱིན་ནོ། །དེ་ནས་ཐ་ག་པས་ཁྱིམ་བདག་ལ་རྒྱུ་སྣོན་ཡང་དང་ཡང་བཀུག་པས་ཁྱིམ་བདག་གིས་སྣམ་བུ་བལྟས་ནས་རས་ཆལ་བཟང་རབ་ཅིག་བཏགས་ཟིན་ནས། འདི་ནི་


DTG154_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དགའ་བོ་ལ་མི་སྦྱིན་གྱི་ཕྱིས་གཅིག་བཏགས་ཏེ་སྦྱིན་ནོ་ཞེས་བྱས་པའི་ཚིག་ཐག་པས་ཉེ་དགའི་གན་དུ་བསྐྱལ་ནས་ཉེ་དགའ་བོས་བསྒོ་བ་ང་ཁྱིམ་བདག་དེའི་ཁྱིམ་ན་འདུག་པའི་ཚེ་ཁྱེར་ཏེ་ཤོག་ཅེས་བྱས་ནས། ཉེ་དགའ་བོ་དང་ཁྱིམ་བདག་ལྷན་ཅིག་ཏུ་འཁོད་པའི་ཚེ། ཐ་ག་པས་སྣམ་བུ་བསྐྱལ་བ་དང༌། ཉེ་དགའ་བོས་ཚིགས་བཅད་བྱས་ནས་སྣམ་བུ་བླངས་པའི་འོག་ཏུ་ཁྱིམ་བདག་འཁྲུག་པ་ལས་བཅས། ཐ་ག་པ་ལ་བསྒོ་བའི་ཉེས་བྱས། ཐོབ་ན་སྤང་བའི་ལྟུང་བའོ། །ཁྱིམ་བདག་གིས་ཐོག་མ་ཐ་ག་པ་ལ། ཐོག་མ་རྒྱུ་ཅི་ཕོག་པ་ཉི་ཚེ་བཟང་པོར་འཐག་ཏུ་བཅུག་ན་ཉེས་པ་མེད། ཡང་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་སྟེ། མི་དགའ་བར་གྱུར་ནས་སླར་ཕྲོགས་པས་འཕྲོག་ཏུ་བཅུག་ཀྱང་རུང༌། དགེ་སློང་ཁྱོད་ལ་འདི་མི་བྱིན་གྱིས་སླར་བྱིན་ཅིག་ཅེས་དེ་སྐད་ཀྱང་སྨྲས་ན། དགེ་སློང་དེས་ཆོས་གོས་ལྷག་མ་ཡོད་པ་སླར་བྱིན་ཅིག་མ་བྱིན་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་དགེ་སློང་ཆོས་ཅན་ལ་ཆོས་གོས་སྦྱར་མ་བྱིན་པ་ལས་ཕྱིས་འཁྲུགས་ནས་ཕྱིར་ཕྲོགས་པ་ལས་བཅས་ཕྲོགས་སམ་འཕྲོག་ཏུ་བཅུག་ཀྱང་རུང་སྟེ། ལུས་དང་བྲལ་ན་སྤང་བའི་ལྟུང་བའོ། །ཆོས་གོས་དངོས་ནི་གཞན་ལ་མི་སྤང་གི་ཐོ་ག་མ་གང་ལ་བྱིན་པའི་དགེ་སློང་དེ་ལས་ཐལ་བྱུང་ཅིག །དེ་ལྟར་མ་བྱས་ན་ཉེས་བྱས། མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་གཟུད་པའི་ཕྱིར་ཕྲོགས་པ་དང་གཞན་གྱིས་བརྐུས་སམ་ཕྲོགས་ཀྱིས་དོགས་པའི་ཕྱིར་ཕྲོགས་པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་གཏད་པའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་གིས་ལོང་ཤིག །བླངས་ནས་གོས་འགྱེད་པའི་དུས་ལམ་བབ་ཀྱི་བར་དུ་ཆོང་ཤིག །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རི་བྲགས་ཀྱི་གཙུག་ལག་ཁང་བཟང་པོ་ཞིག་ཡོད་པ་དེར་བྱང་ཕྱོགས་ཀྱི་འདྲེན་པ་མང་པོ་ཞིག་པས་དེ་ན་དགེ་སློང་གཉིས་འཁོར་བ་པ་ལ་བདག་ཅག་གིས་དགེ་འདུན་དྲུག་ཅུ་ཚུལ་དུ་འཇུག་པའི་ཡོ་བྱད་སྦྱར་གྱིས། དགེ་འདུན་སྤྱན་དྲོངས་ཤིག་ཅེས་བྱའོ། །དེ་ནས་དགེ་སློང་གཅིག་འཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་དགེ་འདུན་སྤྱན་འདྲེན་དུ་འོངས་པ་དང་དྲུག་སྡེས་དགེ་འདུན་གཞན་ལས་གཏམ་བགྱིད་དུ་མ་སྟེར་ཏེ་ཁས་བླངས་ནས་དྲུག་སྡེ་འཁོར་དང་བཅས་པ་


DTG154_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་ལྷ་ཁང་དེར་ཚུལ་དུ་ཞུགས་སོ། །དེ་ནས་ཚུལ་གྱི་ཡོ་བྱད་རྣམས་ཐོབ་ནས་ཚུལ་དྲལ་ཏེ། འཛེ་ཏའི་གཙུག་ལག་ཁང་དུ་ལྷགས་ནས་སངས་རྒྱས་ཀྱི་ཚུལ་ནས་མ་བྱུང་བར་རྙེད་པ་མ་བགོས་ཤིག་པར་བཀའ་སྩལ་ནས། དེ་འོག་ཏུ་རྒྱལ་པོ་གསལ་རྒྱལ་གྱི་དམག་མིས་དགེ་འདུན་ཚུལ་ན་གནས་པའི་ཚེ་གོས་མང་པོ་ཕུལ་ནས་དེ་དག་གིས་སྨྲས་པ་བདག་ཅག་གི་ཚུལ་ནས་མ་བྱུང་གིར་གོས་ལེན་དུ་མི་དབང་གིས་རེ་ཞིག་ཁང་པ་ཕ་གིར་ཆུག་ཤིག་ཅེས་བསྒོ་ནས་ཁང་པར་བྲུབས་ཏེ། ཚུལ་ནས་བྱུང་བའི་འོག་ཏུ་བལྟས་པས་རུལ་ཏེ་ས་ཕུང་དང་འདྲ་བར་གྱུར་ནས་གོས་སྦེད་པ་བསྒོ་ཤིག་ཅེས་བྱུང་བ་ལས་བཅས། དབྱར་རྙེད་པའི་འོག་ཏུ་གོས་ཚུལ་ནས་མ་བྱུང་བར་བསྒོས་སམ་གོས་སྦེད་པ་མ་བསྒོས་ན་སྤང་བའི་ལྟུང་བའོ། །སྦྱིན་བདག་ལག་དར་ཏེ་གོས་བྱིན་ནམ། སྦྱིན་བདག་གིས་རེ་ཞིག་འདིར་ཇེ་ཞོག་ལ་གོས་འགྱེད་པའི་དུས་སུ་བདག་འོངས་ཏེ་དབུལ་ལོ་ཞེས་མཆི་བ་དང་གོས་སྦེད་པ་བསྒོ་ན་དབྱར་ཅི་རྙེད་པ་བླང་དུ་རུང་ངོ༌། །ཚུལ་ན་འདུག་པའི་ཚེ་དགེ་འདུན་སྤྱིའི་རྙེད་པ་ནི་ཞག་བཅུ་མ་འདས་པར་སྤྱིའི་སྔགས་ཀྱིས་བཏབ་ནས་མལ་སྟན་སྦེད་པ་ལ་གཏད་དོ། །གོས་འགྱེད་པའི་དུས་སུ་བགོའོ། །གང་ཟག་གི་རྙེད་པ་ནི་ཞག་བཅུ་མ་འདས་པར་སྤྱིའི་སྔགས་ཀྱིས་བཏབ་ན་འཆང་དུ་རུང་ངོ༌། །དགེ་སློང་མང་པོ་ཞིག་དགོན་པ་དོགས་པ་དང་བཅས་པར་ཤེས་པ། འཇིགས་པ་དང་བཅས་པར་ཤེས་པ། ཉམ་ང་ཞིང་འཇིགས་པར་ཤེས་པའི་གནས་རྣམས་སུ་དབྱར་ཐ་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ་ལས་གང་ཡང་རུང་སྟེ། ཆོས་གོས་གཅིག་ནི་ཁྱིམ་པའི་གན་དུ་ཞོག་ཤིག །དགེ་སློང་དགོན་པ་པ་མཚམས་ཀྱི་ཕ་རོལ་དུ་འགྲོ་དགོས་པ་དེ་འདྲ་བའི་རྐྱེན་ཅིག་བྱུང་ནས་དགེ་སློང་དགོན་པ་པས་ཞག་དྲུག་ཚུན་ཆད་ཆོས་གོས་དེ་ལས་མཚམས་ཀྱི་ཕྱི་རོལ་དུ་བྲལ་ཡང་བླའོ། །དེ་ལས་འདས་པར་བྲལ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ན་དགེ་འདུན་དྲུག་ཅུ་འཁོད་པ་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་གྱིས་བཅོམ་ནས། དགེ་སློང་གཅེར་བུ་རྣམས་འཛེ་ཏའི་གཙུག་ལག་ཁང་དུ་ཕྱིན་ནས། སངས་རྒྱས་ཀྱིས་ཆོས་གོས་གཅིག་ཁྱིམ་པའི་གྲོང་དུ་གཞག་པར་གནང་བ་ལས་དང་པོར་བཅས། དེ་ནས་དགེ་སློང་དག་གིས་དོན་མ་གོ་སྟེ། ཆོས་གོས་དང་བཅས་ཁྱིམ་པའི་གྲོང་དུ་ཉུང་ངུ་དོང་བ་ལས་དེར།


DTG154_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉལ་ཅིག་ཅེས་བྱུང་ནས། དགེ་སློང་དག་གིས་ཆོས་གོས་གྲོང་དུ་འཇོག་ཅིང་ནང་པར་སྐྱ་རེངས་ཀྱིས་མཆོད་པར་ཆོས་གོས་ཀྱི་གན་དུ་རྒྱུག་པར་བྱེད་དེ། དེ་ལྟར་ནམ་མ་ལངས་པར་ཆོས་གོས་ཀྱི་གན་དུ་བརྒྱུགས་པའི་ཚེ་མི་རྒོད་དང་རྐུན་པོ་དང་སེང་གེ་དང་སྟག་དང་གཟིག་དག་གིས་འཇིགས་པར་གྱུར་ནས་དགོན་པའི་གནས་ན་ཆོས་གོས་སྲེལ་བ་ཉི་ཚེ་དང་མ་བྲལ་བ་གྱིས་ཤིག་ཅེས་འབྱུང་ངོ༌། །དེ་ནས་དགེ་སློང་དག་གིས་གྲོང་ནས་ཆོས་གོས་འདུག་པ་ཐལ་བྱུང་བར་ནས་མཚམས་ཀྱི་ཕྱི་རོལ་དུ་རྒྱུ་ཞིང་དོང་བ་ལས་ཞག་དྲུག་ཏུ་བཅས། དེའི་རྗེས་ལ་དྲུག་སྡེ་ཤེས་བཞིན་དུ་ཞག་བདུན་འདས་པར་བྱེད་པ་ལས་སྤང་བར་བཅས་སོ། །དབྱར་ཐ་མ་ཞེས་བྱ་བ་ནི་ཚུལ་ཕྱི་མ་ཞུགས་པ་ལ་བྱའོ། །དོགས་པ་དང་བཅས་ཞེས་བྱ་བ་ནི་རྐུན་མོས་སོ། །འཇིགས་པ་དང་བཅས་ཞེས་བྱ་བ་ནི་སྟག་གཟིག་གིས་འཇིགས་པའོ། །ཉ་མང་བར་ཞེས་པ་ནི་ཤ་སྦྲང་ལ་སོགས་པ་འདུག་པ་ཡོད་པར་ཤེས་པའོ། །དགོན་པ་ནི་རྒྱང་གྲགས་གཅིག་ཕན་ཆད་དོ། །དགོན་པའི་གནས་ནས་གྲོང་དང་གང་ཉེ་བ་ནི་དགོན་པའི་མཚམས་སུ་གཏོགས་ཏེ། དགོན་པར་རྐྱེན་བྱུང་ནས་གཞན་དུ་འགྲོ་ན་ཆོས་གོས་གཅིག་གྲོང་གང་ཉེ་བར་གཞག་གོ །ཞག་དྲུག་ལོན་ནས་དགོན་པའི་གནས་སུ་ཕྱིར་འཁོར་ན་ཆོས་གོས་དང་མ་ཕྲད་ཀྱང་ལྟུང་བ་མེད་དོ། །དགེ་སློང་གིས་དཔྱིད་ཟླ་བ་གཅིག་ལུས་ན་དབྱར་གྱི་རས་ཆེན་ཚོལ་ཅིག་དབྱར་ཟད་ནས་ཟླ་བ་ཕྱེད་ཀྱི་བར་དུ་ཆོང་ཤིག །གལ་ཏེ་དགེ་སློང་དཔྱིད་ཟླ་བ་གཅིག་གི་སྔོན་ལོགས་སུ་དབྱར་གྱི་རས་ཆེན་བཙལ་ཏམ་དབྱར་ཟད་ན་ཟླ་བ་ཕྱེད་ལས་འདས་པར་འཆང་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་རས་ཆེན་ཚོལ་བ་ལ་ཞུགས་པས་དགེ་བའི་བར་ཆད་དུ་གྱུར་ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། རས་ཆེན་དབྱར་ཟླ་ར་བ་ཉ་ནས་འབྲིང་པོ་ཉའི་བར་དུ་བཙལ། དེ་ལས་སྔར་བཙལ་ན་སྤང་བའོ། །རས་ཆེན་སྟོན་ཟླ་འབྲིང་པོ་འགུམ་ཚུན་ཆད་བཅང་དུ་རུང༌། དེ་ལས་འདས་ན་སྤང་བའི་ལྟུང་བའོ། །ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་གིར་སྔོ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་གཅིག་གིས་རས་ཟུང་གཉིས་ཤིག་དགེ་འདུན་ལ་བསྔོས་ཏེ་ད་བུལ་བར་བྱས་པ་ལས་ཉེ་དགའ་བོས་ལམ་དུ་བསྒུགས་ཏེ་ང་ལ་བྱིན་ཡོན་ཆེའོ་ཞེས་བྱས་ནས་ཁྱེར་བ་


DTG154_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཅས། དགེ་འདུན་ལ་བསྔོས་ཀྱང་དུང༌། གང་ཟག་ལ་བསྔོས་ཀྱང་རུང༌། བསྔོས་པར་ཤེས་བཞིན་དུ་གུད་ཀྱི་དགེ་སློང་གཅིག་གིས་ཁྱེར་ན་སྤང་བའི་ལྟུང་བའོ། །སྐུ་གཟུགས་དང་མཆོད་རྟེན་ལ་བསྔོས་པ་དང་ཆུང་ངུ་ན་དར་མའི་བམ་པོ་ལ་ཕ་སོ་སོར་བསྔོས་པ་ལས་ཕྱིར་ནོར་ཏེ་བསྔོས་ན་ཉེས་བྱས་སུ་འགྱུར་རོ། །མཆོད་རྟེན་ཆེན་པོ་མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོ་འཕྲུལ་བསྟན་པ་དང༌། ལྷ་ལས་བབ་པ་བཞིའི་རྒྱན་ནི་ཕན་ཚུན་མ་བསྣོར་དུ་རུང་ལ། བདུད་བཏུལ་བ་ལ་སོགས་པ་པོ་ནི་རྒྱན་ནི་བསྣོར་དུ་མི་རུང་ངོ༌། །བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་གང་ཕན་པའི་ཡི་གེ་འབྱེ་བ་རྣམས་གསུངས་པ་འདི་ལྟ་སྟེ། མར་དང་ཏི་ལ་མར་དང་སྦྲང་རྩི་དང་བུ་རམ་སྟེ། དེ་དག་འདོད་ན་དགེ་སློང་ན་བས་ཞག་བདུན་གྱི་བར་དུ་རང་གིས་བྱིན་གྱིས་རློབས་ལ་གཞག་པར་བྱ་བའི་བཟའ་བར་བྱའོ། །དེ་ལས་འདས་པར་བསྲེལ་ན་སྤང་བའི་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་སྲུང་བའི་དབང་པོ་དང༌། ཉེ་གནས་ཀྱི་དགེ་སློང་རྣམས། ནད་སྨན་བྱིན་ལེན་བྱེད་ཅིང་མྱངས་པར་གྱུར་གྱི་བར་དུ་བཞག་ལ་རང་གི་རྒྱུད་ཀྱིས་མྱོང་བར་བྱེད་དུས་མ་ཡིན་པར་ཟ་བར་བྱེད་པས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། སྤང་བ་བྱུང་ནས་དངོས་པོ་མ་སྤངས་ཀྱི་བར་དུ་ན་ཕྱི་མ་རྙེད་པ་དང་དགེ་སྦྱོང་གིས་ཡོ་བྱད་རྙེད་པ་ཐམས་ཅད་ཀྱང་སྤང་བར་འགྱུར་རོ། །སྔགས་ཀྱིས་གདབ་པ་ནི་འདི་ལྟར་བྱ་སྟེ། སྨན་བྱིན་ལེན་བྱས་ལ་དགེ་སློང་གི་མདུན་དུ་འདུག་སྟེ་ཚེ་དང་ལྡན་པ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བའི་དགེ་སློང་རུང་བའི་སྨན་མི་གནས་ཕྱུང་སྟེ། འདི་ཞག་བདུན་དུ་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ལན་གསུམ་དུ་བརྗོད། སྨན་ཟ་བའི་ཚེ་རིང་ན་ཞག་གཅིག་གིས་ཟོས་ཏེ། ཕྱི་མའང་ཟའོ་ཞེས་དགེ་སློང་གཅིག་ལ་བྱའོ། །ཞག་གཉིས་ཀྱིས་ཟོས་ཏེ་ཕྱི་མའང་ཟའོ། །ཞག་བདུན་ལ་ཐུག་གི་བར་དུ་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་སྤང་བའི་ལྟུང་བའི་ཆོས་སུམ་ཅུ་པོ་འདི་དག་རྣམས་བཤད་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་


DTG154_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྟག་ཏུ་སྨོས་པ་དང་འདྲའོ། །བསྡུས་པའམ་མདོར་ན། ཤེས་བཞིན་པ་དང་ས་བོན་དང༌། །མ་བསྐོས་པ་དང་ཡང་དང་ཡང༌། །ཆུ་དང་རིགས་དང་བསམ་པ་དང༌། །འགྲོན་མང་རྐུན་པོ་མཆོད་སྟོན་ཏོ། །བསྡུས་པའི་མདོ་ཚིག་དགུ་བོ་འདི་གཅིག་གི་ནང་དུ་ཡང་འོག་མའི་བཅུ་ཕུང་རེ་རེའི་མདོ་བསྡུས་པར་བལྟའོ། །མདོར་ན། བརྫུན་སྐྱོན་དགེ་སློང་དང་མ་དང༌། །སྐྱོ་སྔོགས་བྱེད་དང་འཆད་པ་དང༌། །ཀློག་དང་གནས་ངན་ལེན་དང་ཆོས། །མཛའ་དང་ཁྱད་དུ་གསོད་པའོ། །ཚེ་དང་ལྡན་པ་དག་ལྟུང་བའི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །རྟག་ཏུ་སྨོས་པ་དང་འདྲའོ། །ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་སྒྲ་གཅན་འཛིན་པའི་གན་དུ་བྲམ་ཟེ་དང་ཁྱིམ་བདག་འོངས་པ་དག་གིས་སངས་རྒྱས་གང་ན་བཞུགས་ཞེས་དྲིས་པ་ལས། ཤེས་བཞིན་གྱི་བརྫུན་བྱས་ཏེ། རྒྱལ་པོའི་ཁབ་ན་བཞུགས་ན་ནི། བྱ་རྒོད་སྤུངས་པའི་རིལ་བཞུགས་ཞེས་སྨྲས། བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་ཚེ་ན་ནི། འོད་མའི་ཚལ་དུ་བཞུགས་ཞེས་སྨྲས། གཞན་ཡང་དེ་བཞིན་དུ་སྦས་ཏེ། བརྫུན་བྱས་ནས་ཁྱིམ་བདག་དང་བྲམ་ཟེས་དཔྱས་པར་གྱུར་ཏོ། །དེའི་རྗེས་ལ་དགེ་སློང་མེ་བཞིན་སྐྱེས་དང༌། བྲམ་ཟེ་མུ་སྟེགས་ཅན་གཉིས་ཀྱིས་གཙུག་ལག་ཁང་དུ་གཏམ་བྱ་བར་ལན་དུ་མར་དུས་བཏབ་པ་ལས། བརྫུན་བྱས་ནས་མུ་སྟེགས་ཅན་གྱིས་དཔྱས་པ་ལས་བཅས། འདུ་ཤེས་སྦས་པ་དང་ཁར་བརྗོད་པ་དང་གཞན་གྱི་དོན་གོ་བ་དང་ལྡན་ན་བརྫུན་དུ་འགྱུར་ཏེ། མཐོང་བ་དང༌། ཐོས་པ་དང་ཤེས་པའོ། །བརྫུན་བྱས་ན་ལྟུང་བ་རེ་རེར་འགྱུར། དེ་ལ་ཤེས་བཞིན་གྱི་བརྫུན་ནི་དེའི་སྐབས་སུ་མི་བརྩི་བ་རྣམ་པ་བཞི་སྟེ། བླ་མ་མིའི་ཆོས་སུ་སྨྲ་བ་དང༌། རྩ་བ་མེད་པ་ལ་སྐུར་བའི་བརྫུན་དང༌། ཆོས་ཡིན་པ་དང་མ་ཡིན་པ་དག་པར་བཤད་པ་དང༌། གསོ་སྦྱིན་གྱི་ཚེ་ཁ་ཏོན་ཀློག་པའི་ཚེ་ལྟུང་བ་བཅས་པའོ།། དགེ་སློང་གིས་མནའ་བོར་ན་ཉེས་བྱས་སུ་འགྱུར། བརྫུན་གྱི་ཉོན་མོངས་པ་ནི་གང་བདེན་པའི་དངོས་པོ་བཅབས་པའོ། །མིའི་སྐྱོན་ནས་འབོད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེས་དགེ་སློང་གི་སྐྱོན་ནས་བོས་ཏེ། རྐང་སྡེ་གྱོལ་པོ། མིའུ་ཐུང་མགོ་བོ་ཆེ་ཞེས་པ་ལ་


DTG154_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམ་པ་མང་པོར་བརྗོད་ནས། དགེ་སློང་དག་བག་འཆུམས་ཤིང་སྤ་གོང་ནས་ལུང་ནོད་པ་རྣམས་དང༌། རྣལ་འབྱོར་སྤྱོད་པའི་བར་དུ་དགེ་བ་བཏང་བ་ལས་བཅས། དགེ་སློང་གི་སྐྱོན་ནས་སྨྲ་ན་ལྟུང་བའོ། །དགེ་སློང་གིས་ཁྱིམ་པའི་སྐྱོན་བརྗོད་ན་ཉེས་བྱས་སུ་འགྱུར། ཚེ་རིགས་བཙུན་པ་ཞིག་གི་རུས་བརྗོད་པ་དང༌། མིང་མཁན་མ་རྫོགས་པ་ནི་ཉེས་བྱས། དགེ་སློང་ཕྲ་མ་བྱེད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་ཕྲ་མ་བྱེད་པར་ཞུགས་ཏེ། དགེ་སློང་དག་བག་འཆུམས་ཤིང་འཛེམ་པར་གྱུར་ནས། ཡུན་རིང་པོ་ནས་ཆོས་བཞིན་དུ་མཛའ་ཞིང་འཁོད་པ་ཡང་བྱེ་བར་གྱུར་པས། དེ་དག་གིས་དགེ་བ་བཏང་ཞིང་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་གིས་ཕྲ་མ་བྱས་ན་ལྟུང་བའོ། །དགེ་སྦྱོང་གིས་ཁྱིམ་པའི་ཕྲ་མ་བྱས་ན་ཉེས་བྱས། ཡན་ལག་ནི་དབྱེ་བའི་བསམ་པ་དང་ལྡན་ཁར་ཡང་སྨྲས་གཞན་གྱི་དོན་གོ་ན་ཕྲ་མར་གྱུར། བརྫུན་དང་ཕྲ་མ་གཉིས་ཀྱིས་ཉོན་མོངས་པ་ནི་མི་བཟོད་པ་ལས་གྱུར་པའོ། །ཡང་དགེ་སློང་གང་དག་འདུ་མ་པས་ཆོས་བཞིན་དུ་རྩོད་པ་སྤང་བར་ཤེས་ལ། ཡང་བྱ་བར་སྐྱོ་སྡོགས་བྱེད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེས་དགེ་འདུན་འདུས་པས་ཆོས་བཞིན་དུ་རྩོད་པ་སྤངས་པར་ཤེས་བཞིན་དུ་སྤྱོས་ནས། གཞི་ནས་སྦྱངས་པའི་ལས་བྱས་པས་དགེ་བའི་བར་ཆད་དུ་གྱུར་པ་ལས་བཅས། དགེ་འདུན་གྱིས་དགེ་འདུན་གྱི་ནང་གི་རྩོད་པ་བླངས་ཏེ་ཞི་བར་བྱས་པའི་འོག་ཏུ། ལ་ལ་ཞིག་ལས་སྐྱོ་བར་ཆེས་ལྕི་བའི་ཕྱིར་སྔ་མ་བྱང་སྟེ། གཞི་ལས་སྦྱང་དགོས་ཞེས་ཟེར་ཞིང་ལས་དེ་སྤྱོས་ན་ལྟུང་བའོ། །མ་བྱང་པར་ཐེ་ཚོམ་ཟ་སྟེ་སྤྱོས་པ་དང༌། དགེ་སློང་འདྲོན་པོ་རྒྱུས་མི་ཤེས་པས་སྤྱོས་ན་ཉེས་བྱས་སུ་འགྱུར་རོ། །ཡང་དགེ་སློང་གང་བུད་མེད་ལ་ཚིག་ལྔའམ་ཚིག་དྲུག་ལས་ལྷག་པར་ཆོས་སྨྲ་ན། རིགས་པའི་སྐྱེས་བུ་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བས་ཁྱིམ་པའི་བུད་མེད་ལ་ཆོས་བཤད་པའི་འོག་ཏུ་བུད་མེད་ཀྱི་ཤ་མཚན་བལྟས་ནས། སྒྱུག་མོ་ལ་ནི་ཁྱོད་ཀྱི་མནའ་མ་མི་སྲུ་ན་པ་དེ་ལུས་འདི་ལྟ་བུ་ཞིག་ན་སྨེ་བའི་ཤ་མཚན་འདི་ལྟ་བུ་ཞིག་ཡོད་པས་མ་རུང་ངོ༌། །མནའ་མ་ལའང་དེ་བཞིན་སྨྲས་ནས། བུད་མེད་དག་གིས་དགེ་སློང་འཆར་བ་ནི་མི་བཙུན་ཏེ། བུད་མེད་ཀྱིས་སྟུ་རྐུབ་ཡན་ཆད་ཀྱི་ཤ་


DTG154_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བལྟའོ་ཞེས་བཤད་ནས། དེ་བུད་མེད་ལ་ཆོས་མི་བཤད་པར་བྱས་སོ། །དེ་ནས་བུད་མེད་ཀྱིས་ཀྱང་བསོད་སྙོམས་མི་འབུལ་བར་ཡི་དམ་བཅས་ནས། ཡང་ཚིག་ལྔའམ་དྲུག་ཤོད་ཅིག་པར་བཀའ་སྩལ་པ་ལས་བཅས། རིགས་པའི་སྐྱེས་པ་མེད་པར་ཤེས་བཞིན་དུ་ཚིག་ལྔའམ་དྲུག་ལས་འདས་ན་ལྟུང་བའོ། །མཚོར་ན་ཉེས་པ་མེད། བུད་མེད་ཀྱི་ཡང་དང་ཡང་སྲིད་པའི་ལན་དུ་བཤད་ལ་དང༌། རིགས་པའི་སྐྱེས་བ་ཡོད་ན་བཤད་ཀྱང་ཉེས་པ་མེད། དགེ་སློང་མ་ལྟ་བུ་ཁྲིམས་ཟླ་དང་བཅས་ཏེ་འོངས་པ་ལས་ཆོས་བཤད་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཆོས་ཀྱི་ཚིག་ཅིག་ཅང་ཀློག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་དང་མགྲིན་གཅིག་ཏུ་བལྟམས་ནས་ཀློག་པར་བྱེད་དེ། བྲམ་ཟེའི་སྔགས་ཀློག་པ་དང༌། སྐར་མཁན་གྲངས་སློབ་པའི་སྒྲ་བཞིན་དུ་གྱུར་པ་ལས་བཅས། ཞལ་ནས་གསུངས་པ་ལས་བལྟམས་ཏེ་ཅིག་ཅར་ཀློག་ན་ལྟུང་བ། གཉིས་ཀས་མཉམ་པར་ཤེས་པ་ལས་ཅིག་ཅར་བཀླགས་ན་ཉེས་པ་མེད་དོ། །གཙུག་ལག་གམ་རང་བཟོའི་བསྟོད་ར་ལྟ་བུ་ཅིག་ཅར་ན་ཉེས་པ་མེད། ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ཉེས་པར་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ལྷག་མ་བྱུང་གི་དགེ་སློང་རྣམས་ཆད་པའི་ལས་བྱེད་ཅིང་དགེ་འདུན་ལ་ཆུ་འདྲིམ་ཞིང་བསིལ་ཡབ་ཐོགས་པ་ཁྱིམ་བདག་བྲམ་ཟེས་མཐོང་ནས། དེ་དག་གིས་སྨྲས་པ། རིན་པོ་ཆེའི་ངོ་ཤེས་བས་བཟང་པོ་རྣམས་སོགས་པ་བཞིན་དུ་བཙུན་པ་གནས་བརྟན་གཅིག་ཀྱང་དགེ་འདུན་ལ་བྱེ་བ་བྱེད་ཅིང་བསོད་ནམས་སོགས་ཏེ་དྲུག་སྡེས་ཆེན་པོ་རྣམས་དང་མི་འདྲའོ་ཞེས་བྱས་པ་དང༌། དྲུག་སྡེས་སྨྲས་པ་འདི་ནི་ཁུ་བའི་ལྷག་མ་བྱུང་བས་ཆད་པའི་ལས་བྱེད་པ་ཡིན་ནོ་ཞེས་སྨྲས་ནས། བདག་གིས་ཀྱང་གནས་བརྟན་དེ་ལྟ་བུའང་དེ་ལྟར་བྱེད་ན་གསར་བུ་ལྟ་གདོན་མི་ཟའོ་ཞེས་དཔྱས་པ་ལས་བཅས། ཕས་ཕམ་པ་དང་ལྷག་མའི་ཉེས་པ་བྱུང་བ་དགེ་སྦྱོང་དང་ཁྱིམ་པ་ལ་བརྗོད་ན་ལྟུང་བའོ། །ལྟུང་བ་བརྗོད་ན་ཉེས་བྱས། སྐྱོན་ཡོད་པ་ལ་སྨྲས་ན་ཉེས་བྱས། དགེ་འདུན་གྱིས་གནད་པ་ནི་མཉན་དུ་ཡོད་པ་ན། དགེ་སློང་འཕྲལ་པོ་ཆེ་དང་དགེ་སློང་མ་དྲ་མོས་ལོག་པའི་ཆོས་མི་སྡུག་པས་སྤྱད་པ་ཁྱིམ་པ་དག་གིས་ཤཱཀྱའི་སློབ་མ་


DTG154_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་འདི་བཞིན་སྤྱོད་པ་འདྲའོ་ཞེས་བྱས་ནས། དགེ་འདུན་གྱིས་དགེ་སློང་གཅིག་བསྐོས་ཏེ། དགེ་སློང་ཕོ་མོ་འདི་གཉིས་ཇི་ལྟར་མི་རིགས་པར་ཟད་ཀྱི་གཞན་དེ་དང་མི་འདྲའོ་ཞེས་སྒྲོག་ཏུ་བཅུག་པ་ལས་བཅས། ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་ལ་མིའི་ཆོས་ལ་བླ་མར་གྱུར་པ་བདེན་པར་སྨྲ་ན་ལྟུང་བའོ། །སངས་རྒྱས་ཡུལ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་བཞུགས་པའི་ཚེ། ཉ་པའི་རིགས་ལས་བྱུང་བའི་དགེ་སློང་ལྔ་བརྒྱས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། དགེ་སློང་དེ་དག་གིས་སྨྲས་པ། སྔོན་ནི་བདག་ཅག་ལ་གདེང་མེད་བཞིན་དུ་བརྫུན་བྱས་པ་ཡིན། ད་ནི་ཡང་དག་པར་ཐོབ་ནས་བདེན་པའི་ཡོན་ཏན་བརྗོད་པར་བྱའོ་ཞེས་པ་ནས། ཉ་བའི་ཡུལ་གྱི་གྲོང་ཁྱེར་དུ་སོ་སོའི་ཡོན་ཏན་བརྗོད་ནས་ཁྱིམ་པས་རང་གི་བུ་ལས་ཀྱང་ཕྲོགས་ཏེ་ཡོན་དུ་ཕུལ་བས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། འཕགས་པའི་ཁྱད་པར་ཐོབ་པ་གདེང་ཡོད་ཀྱང་ཁྱིམ་པ་ལ་སྨྲས་ན་ལྟུང་བའོ། །དགེ་སྦྱོང་ལ་སྨྲས་ན་ཉེས་བྱས། གདུལ་བའི་ཕྱིར་སྨྲས་པ་དང་བདེན་པ་མཐོང་བ་ལ་སྨྲས་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་སྔར་མཐུན་ཏེ་རུང་བ་བྱས་པ་ལས་དེའི་འོག་ཏུ་ཚེ་དང་ལྡན་པ་དག་གིས་འདི་ལྟར་མཛད་པའི་ཕྱིར་དགེ་འདུན་གྱི་རྙེད་པར་བསྔོས་སོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་གྱད་བུ་ནོར་གྱིས་ཆོས་གོས་རྙིངས་ནས། དགེ་འདུན་གྱི་རས་ཡུག་གཅིག་རྙེད་པ། གྱད་བུ་ནོར་ལ་སྦྱིན་པར་གསོལ་བའི་ལས་ཀྱིས་དད་པ་བསྡུས་ཏེ་བྱིན་པ་ལས། དགེ་སློང་མཛའ་བོ་དང་ས་ཅན་གྱིས་སྔོན་གྱི་འཁོན་མ་བཏང་སྟེ། ཡི་གེའི་དཀྱུས་ནས་བྱུང་བ་བཞིན་དུ་སྨྲས་པ་ལས་བཅས། མཛའ་བའི་ཕྱིར་བསྔོས་ན་སྨྲས་ཀྱང་ཉེས་པ་མེད་དོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པ་ན་བསླབ་པ་ཁྱད་དུ་བསད་ནས་ཚེ་དང་ལྡན་པ་དག་གང་དགེ་སློང་རྣམས་འགྱོད་པ་དང་ཞུམ་པ་དང་བག་འཆུམས་པ་དང་གནོད་པ་དང་ཡིད་ལ་གཅགས་པར་འགྱུར་བ་བསླབ་པའི་གནས་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་བཤད་པ་ན། གདོན་ཅི་དགོས་དེ་སྐད་ཟེར་བ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་ཤིང་སོ་སོར་ཐར་པ་ཀློག་པའི་ཚེ། དྲུག་སྡེ་རྣམས་ཀྱིས་ཕས་ཕམ་པ་ཡན་ཆད་མཉན་ནས་དེ་མན་ཆད་ཀླག་ཏུ་ཚད་ལ་བབས་པས་ཡི་གེའི་དཀྱུས་


DTG154_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་བཞིན་དུ་སྨྲས་པ་ལས་བཅས། འགྱོད་པ་ཞེས་བྱ་བ་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་པོ་དང་ཆེན་པོ་གསུམ་སྟེ། ཞུམ་པ་དང་བག་འཆུ་མས་པ་དང་གནོད་པ་ཤེས་པ་དང་ཐད་ཀར་སྦྱོར་རོ། །ཡིད་ལ་གཅགས་པ་ནི་ཕྱིན་ཆད་མི་བྱ་བར་དམ་བཅའ་བའོ། །བསླབ་པའི་གནས་ཕྲན་ཚེགས་ནི་ལྟུང་བ་རབ་ཏུ་ཕྲ་བ་ནི་ཉེས་བྱས་སོ། །གནོད་པ་ཡོད་པའི་ཕྱིར་མ་ཡིན་གྱི་སྐྱོ་བའི་ཕྱིར་སྨྲས་ནའང་ལྟུང་བའོ། །མདོར་ན། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོན་བྱུང་ཟླ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །ས་བོན་གྱི་ཚོགས་ས་མ་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཤིང་མཁན་ལ་ཞུགས་པའི་དགེ་སློང་རྒན་ཞུགས་ཀྱིས། ལྷ་གནས་པའི་ཤིང་ཞིག་བཅད་དེ། གཙུག་ལག་ཁང་རྩིག་པར་བྱས་པ་ལས་ཤིང་གི་བདག་པོ་ལྷ་ཞིག་གནས་པ་དེས། སངས་རྒྱས་ལ་གསོལ་པ། བདག་གནས་པའི་ཤིང་དགེ་སློང་རྒན་ཞུགས་ཀྱིས་བཅད་པས་རྟེན་མ་མཆིས་སོ་ཞེས་གསོལ་ནས། དགེ་སློང་གིས་ཤིང་མ་བཅད་ཅིག་ཅེས་བྱུང་བ་ལས། དེའི་རྗེས་ལ་དྲུག་སྡེ་རྣམས་ཀྱིས་རང་གི་ལག་གིས་ཤིང་དང་རྩྭ་སྔོན་པོ་དང་མེ་ཏོག་རྔ་ཞིང་རྔར་བཅུག་ནས། མུ་སྟེགས་ཅན་གྱིས་དཔྱས་ཕ་ལས་བཅས། ས་བོན་ནི་རྣམ་པ་ལྔ་སྟེ། རྩ་བའི་ས་བོན་དང་སྡོང་བུའི་ས་བོན་དང༌། མགོ་ཐོག་གི་ས་བོན་དང༌། འགས་པའི་ས་བོན་དང༌། ས་བོན་གྱི་ས་བོན་ནོ། །དེ་ལ་རྩ་བའི་ས་བོན་ནི་གླ་སྒང་ཤུག་པ་སྒེའུ་གཤེར་པོ་དེ་ལྟ་བུ་རྩ་བ་བཙུགས་པ་ལས་སྐྱེ་བའོ། །སྡོང་བུའི་ས་བོན་ནི་ཨུ་དུ་མ་བཱ་ར་དང་ལྕང་མ་ལྟ་བུ་སྡོང་བུ་བཙུགས་པ་སྐྱེ་བའོ། །མགོ་ཐོག་གི་ས་བོན་ནི་བུ་རམ་ཤིང་དང་རྒུན་དང་སྨྱུག་མ་ལྟ་བུ་ལྕུག་མའི་མགོ་ཐོག་ལྟ་བུ་བཙུགས་པ་ལས་སྐྱེ་བའོ། །འགས་པའི་ས་བོན་ནི་ཤིང་ཏོག་ལྟ་བུ་བཙུགས་པ་ལས་སྐྱེ་བའོ། །ས་བོན་གྱི་ས་བོན་ནི་ཁྲེ་འབྲས་དང་ནས་ལྟ་བུ་འབྲུ་སྨོས་པ་ལས་སྐྱེ་བ་སྟེ། ས་བོན་འདི་རྣམས་ཅིའི་ཐབས་ཀྱིས་ཀྱང་རུང་ཆེད་དུ་བསམས་ཏེ། ས་བོན་དུ་མི་རུང་བར་བྱས་ན་ལྟུང་བའོ། །རྩྭ་དང་ཤིང་སྔོན་པོ་བདག་གིས་བརྔས་སམ་གཞན་རྔར་བཅུག་ཀྱང་རུང་སྟེ། ཉག་མ་རེ་རེ་ལས་བཅད་ན་ཉེས་བྱས་རེ་རེ་དང་ལྟུང་བ་རེ་རེར་འགྱུར། ཐབས་གཅིག་གིས་མང་དུ་བཅད་ན་སྦྱོར་བའི་ཉེས་བྱས་གཅིག་དང་དུ་ཆུད་པའི་ལྟུང་བ་རེ་རེར་འགྱུར། ལྷ་འདྲེ་མི་གསུམ་པའི་ཤིང་


DTG154_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ནི་སྟ་ཐབས་རེ་རེ་ཞིང་ཉེས་བྱས་རེ་རེ། ཤིང་དུ་བཅད་པའི་ལྟུང་བ་རེ་རེར་འགྱུར། ཤ་མོ་དང་ཕ་བ་དགོ་དགོ་དང༌། མེ་ཏོག་ཁ་གསུམ་པ་དང༌། ཤིང་ལོ་གཤེགས་པ་དང༌། ཤིང་ཏོག་མ་སྨིན་པ་བརྔས་ན་ལྟུང་བར་འགྱུར། ཤིང་ཏོག་སྨིན་པ་དང༌། ལོ་མ་སྐམ་པོ་ལྷགས་པ་དང༌། ཤིང་དང་རྩྭ་སྐམ་པོ་རྩ་བ་ཟུགས་པ་དང༌། མེ་ཏོག་ཁ་ཕྱེ་བ་བརྔས་ན་ཉེས་བྱས་སུ་འགྱུར། གཙུག་ལག་ཁང་གི་ཤིང་ཞིག་མི་བཅད་དུ་མི་རུང་ན། ཞག་བདུན་ནས་མཆོད་པ་བྱས་ལ་ཡི་གེ་བཀླག །སྦྱིན་པའི་ཡོན་ཏན་བསྟོད་ཅིང་སེར་སྣའི་ཉེས་པ་སྨད་ནས་གདོད་བཅད། བདག་པོ་མི་དགའ་བར་གྱུར་ཏེ་ཁྲག་ལ་སོགས་ཆོ་འཕྲུལ་བྱུང་ན་མི་བཅད་དོ། །འབྱུང་པོའི་གནས་སུ་ཤེས་པ་གློག་སྦུར་ཡན་ཆད་ཆེས་ཕྲ་བའི་གནས་དང༌། ཚང་བ་ཤིག་གམ་འཇིག་ཏུ་བཅུག་ན་ལྟུང་བར་འགྱུར་རོ། །འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་མཛའ་བོ་དང་ས་ཅན་གཉིས་ཀྱིས་དགེ་སློང་གྱད་བུ་ནོར་མཐོང་ནས་དེ་གཉིས་ཀྱིས་ཉེ་དགའ་བོ་ལ་སྨྲས་པ། ཉེ་དགའ་བོ་ཁྱོད་ཀྱང་དགེ་སྐོས་སུ་བཅུག་ན་བདག་ཅག་ལ་མནར་བར་གྱུར་པ་ནི་གྱད་བུ་ནོར་བཞིན་ནོ་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། གང་ཟག་བཅུ་གཉིས་ཀྱི་ལས་སུ་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྐོས་ཀྱང་རུང༌། ཐ་མལ་པར་བསྐོས་ཀྱང་རུང་སྟེ། དེ་དག་ལ་དགེ་སློང་མངོན་སུམ་དུ་འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བར་འགྱུར་རོ། །གང་ཟག་གི་ལས་ལ་མ་གཏོགས་པ་འཕྱའམ་གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །བསྒོ་བའི་ལན་ལོག་པ་གློན་ན་ལྟུང་བའོ། །སངས་རྒྱས་ཡུལ་ཀཽ་ཤཱམྦཱི་ན་བཞུགས་པའི་ཚེ། དགེ་སློང་མོས་པ་ཅན་ལ་ལྟུང་བ་བྱུང་ནས་ཕན་པར་འདོད་པའི་དགེ་སློང་རྣམས་ཀྱིས་ལྟུང་བ་གསོ་བའི་རིགས་ཞེས་བྱས་པ་ལ་མོས་པ་ཅན་གྱིས་སྨྲས་པ། སུ་ལ་ལྟུང་བ་བྱུང་བ་དེ་སླར་གསོ་བར་བྱེད་གྲང༌། ཁྱེད་ལ་བྱུང་ན་གཞན་སུ་ཞིག་གསོ་བར་བྱེད་དུ་རེ་ཞེས་བྱས་བ་ལས་བཅས། ཆོས་བཞིན་དུ་བསྒོ་བ་ལས་ལོག་པར་སྨྲས་ན་ལྟུང་བར་འགྱུར་རོ། །གླགས་ཚོལ་བ་ལས་ལན་ལོག་པར་གླན་པ་དང༌། ཤི་ཆད་བྱུང་པ་ལ་སྟེ། མྱ་ངན་གྱིས་ནོན་པའི་དོན་དྲིས་པ་ལས་སྨྲས་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲིའུའམ་སྟན་ནང་ཚངས་ཅན་ནམ་ལ་བའམ་སྔས་སམ་གོར་བུ་བླ་ག་བ་མེད་པ་


DTG154_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏིང་ངམ་འདོད་དུ་བཅུག་པ་ལས་མ་བརྟུལ་བ་དང་བརྟུལ་དུ་མ་བཅོལ་བར་དེ་ནས་སོང་སྟེ། དགེ་སློང་འཁོད་པ་ལའང་མ་བཅོལ་ན་དེ་དང་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་པའི་འོག་ཏུ་སངས་རྒྱས་མལ་སྟན་གཟིགས་སུ་གཤེགས་ནས་གཙུག་ལག་ཁང་གི་ཁྲི་དང་སྟན་རྣམས་མ་བརྟུལ་བར་བླག་བ་མེད་པ་ལ་བཏིང་བར་གྱུར། སྤྲིན་ཆེན་པོ་ཡང་འཕྲལ་ལ་འདུས་ནས་སངས་རྒྱས་ཀྱིས་མལ་སྟན་རྣམས་བསྡུས་ནས། ཆར་དབབ་པའི་འོག་ཏུ་དགེ་སློང་དག་ལ་སྦྱིན་བདག་དད་བས་བྱིན་པའི་མལ་སྟན་འདི་དག་སྤྱོད་པ་ཡང་ཚོད་ཟུང་ལ་རིམ་གྲོ་གྱིས་ཤིག་ཅེས་བཀའ་སྩལ་པ་ལས་བཅས། དགེ་འདུན་གྱི་མལ་སྟན་བླ་གབ་མེད་པ་ལ་བཏིང་བའི་འོག་ཏུ་སུ་ལ་ཡང་མ་བཅོས་པར་མཚམས་ལས་འདོམ་བཞི་བཅུ་རྩ་དགུ་འདས་ནས་སྤྱིར་ལྟུང་བ་གཅིག །སྟན་རིམ་པ་གཅིག་སྲིན་བུས་བརྟོལ་ན་ལྟུང་བ། རླུང་གིས་བཟློག་ན་ལྟུང་བ། ཆར་པས་གཤེར་ན་ཡང་ལྟུང་བ་སྟེ། ཁྲི་སྟན་རེ་རེ་ཞིང་ལྟུང་བ་རེ་རེར་འགྱུར་རོ། །འདོམ་བཞི་བཅུ་རྩ་དགུར་མ་འདས་ན་ཉེས་བྱས། དགེ་སློང་གཉིད་ལོག་སྟེ། མལ་སྟན་གོང་མ་ལྟར་གྱུར་ན་ཡང་ལྟུང་བ། མ་གཤེར་རམ་སྲིན་བུས་མ་ཟོས་ན་ཉེས་བྱས། མེ་དང་ཆུ་དང་རྐུན་པོའི་དགྲ་བྱུང་སྟེ། བརྟུལ་དུ་མ་ཁོམ་པ་དང་དགེ་སློང་ལ་བརྟུལ་དུ་བཅོལ་ན་ཉེས་པ་མེད། གང་ཟག་གི་ཁྲི་སྟན་ལ་གོང་མ་ལྟ་བུར་གྱུར་ན་ཉེས་བྱས། དགེ་སློང་ལ་མི་བཅོལ་བ་རྣམ་པ་ལྔ་ཡོད་དེ། རྒས་པོ་དང༌། ངོ་ཚ་མི་ཤེས་པ་དང༌། འཁོན་ཡོད་པ་དང༌། ནད་པ་ཚབས་ཆེན་པོ་དང༌། བསྙེན་པར་མ་རྫོགས་པ་རྣམས་ལ་མི་བཅོལ་ཏེ། ཉོན་མོངས་པ་ནི་མ་གུས་པའོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭ་བ་ཏིང་ངམ་ལོ་མ་བཏིང་ཡང་རུང༌། འདིང་དུ་བཅུག་པ་ལས་མ་བརྟུལ་ཏམ། བརྟུལ་དུ་མ་བཅོལ་བར་དེ་ནས་སོང་སྟེ། དགེ་སློང་འཁོད་པ་ལ་ཡང་མ་བཅོལ་ན་དེ་དང་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ལྷོ་ཕྱོགས་ནས་དགེ་སློང་གཉིས་ཤིག་མཉན་དུ་ཡོད་པར་ཕྱིན་ནས། དགེ་སློང་རྒས་པོ་ལ་ནི་མལ་སྟན་བྱིན་གསར་བུ་གཞོན་ནུ་རྣམས་ལ་མ་བྱིན་ནས་གཞོན་ནུ་དེས་རྩྭ་བརྔས་ཏེ་པུས་མོ་ནུབ་ཙམ་དུ་བཏིང་ནས་ཉལ་ལོ། །དེ་ནས་ནམ་ལངས་ཏེ་སོང་བའི་འོག་ཏུ་རྩྭའི་ནང་དུ་སྲིན་བུ་


DTG154_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ་ཁང་པ་གང་བར་གྱུར་པ་སངས་རྒྱས་ཀྱིས་གཟིགས་པ་ལས་བཅས། དགེ་སློང་གིས་རྩྭ་དང་ལོ་མ་ལ་སོགས་པ་མལ་དུ་བཏིང་བ་ལས་མ་བརྟུལ་ཏམ་གཞན་ལ་བརྟུལ་དུ་མ་བཅོལ་བར་གུད་དུ་སོང་ན་ལྟུང་བར་འགྱུར། གོང་མ་ལྟ་བུའི་དགྲ་བྱུང་ན་ཉེས་པ་མེད། ཉོན་མོངས་པ་ནི་མ་གུས་པའོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམས་ཏེ་མི་དགའ་བར་གྱུར་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་དམ་སྐྲོད་དུ་བཅུག་ན་དེ་དང་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་དགེ་སློང་འཆར་བས་སློབ་མ་གསར་བུ་རྣམས་ཁྲིད་ནས་ཡུལ་གཞན་ཞིག་ཏུ་ཁེ་སྒྲུབ་ཏུ་སོང་སྟེ་ལམ་དུ་འཆར་བ་ནི་མི་དག་ལ་གཏམ་འདྲི་ཞིང་ཐོགས་ནས། སློབ་མ་རྣམས་སོང་སྟེ་གཙུག་ལག་ཁང་ཞིག་ཏུ་ཕྱིན་ནས་སློབ་དཔོན་གྱི་མལ་སྟན་བཤམས་ཏེ་ཉལ་བའི་འོག་ཏུ་དགེ་སློང་འཆར་བ་འོངས་ནས་ཁྲོས་ནས་སློབ་མ་རྣམས་ཕྱི་རོལ་དུ་བསྐྲད་དེ་ལྷགས་པ་ལ་བོར་རོ། །དེ་ནས་སློབ་མ་རྣམས་མ་དད་པས་ཇི་ལྟར་ཉོན་མོངས་པའི་གཏམ་བསྙད་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་འཆར་བ་ཚིག་པ་ཟོས་ཏེ་གཙུག་ལག་ཁང་ན་དགེ་སློང་གནས་པ་ཅིའི་ཐབས་ཀྱིས་ཀྱང་རུང་སྟེ་བསྐྲད་དམ་སྐྲོད་དུ་བཅུག་ན་ལྟུང་བར་འགྱུར་རོ། །དགེ་སྦྱོང་བསྐྲད་ན་ཉེས་བྱས། ཉེས་པ་བྱུང་སྟེ་དགེ་འདུན་སྤྱིས་བསྐྲད་པ་དང་གདུལ་བའི་ཕྱིར་བསྐྲད་ན་ཉེས་པ་མེད། ཡང་དགེ་སློང་གང་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བའི་རྐྱེན་དེ་ཉིད་ཀྱིས་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ཏེ་མནན་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བས་སློབ་མ་གསར་པ་རྣམས་ཁྲིད་ནས་གྲོང་རྒྱུ་ཞིང་སོང་བའི་ལམ་དུ། འཆར་བ་ནི་གཏམ་ལ་ཐོགས་ཏེ། དེ་ནས་སློབ་མ་མདུན་དུ་སོང་བ་རྣམས་གཙུག་ལག་ཁང་ཞིག་ཏུ་ཕྱིན་ནས། དེ་དག་གིས་སློབ་དཔོན་གྱི་མལ་སྟན་བཤམས་ཏེ་ཉལ་བའི་འོག་ཏུ་དགེ་སློང་འཆར་བ་འོངས་ནས་ཁྲོས་ཏེ་སློབ་མ་རྣམས་ཀྱི་སྟེང་དུ་མནན་ནས་སུ་ལ་གནོད་པ་དེ་འགྲོ་གྲང་ཞེས་བྱས་སྟེ་སློབ་མ་བསྐྲད་ནས། དེ་དག་གིས་ཇི་ལྟར་ཉོན་མོངས་པའི་གཏམ་བྱས་པ་ལས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལྷག་མ་དང་འདི་གཉིས་ཀྱི་ཉོན་མོངས་པ་ནི་མི་བཟོད་པའོ། །ཡང་དགེ་སློང་གང་དགེ་


DTG154_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་གཙུག་ལག་ཁང་གི་སྟེང་ཡང་ཏོག་གི་ཁང་བུར་ཁྲིའམ་ཁྲིའུ་རྩ་བ་འབྱུང་སླ་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ། འདུག་གམ་མནན་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་གནས་བརྟན་བསོད་སྙོམས་པ་ཞིག་ཁྲིད་ནས་ལྗོངས་རྒྱུར་དོང་ངོ༌། །དེ་ནས་ཉེ་དགའ་བོས་ལམ་དུ་ཐོགས་ཀྱི་བར་དུ་བསོད་སྙོམས་པ་དེ་མདུན་དུ་ཆས་ཏེ། རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་དང༌། དེས་ཉེ་དགའ་བོའི་མལ་སྟན་ཀྱང་མནོས་ནས་ཡང་ཏོག་གི་ཁང་བུར་ཞུགས་ཏེ་ཉལ་བ་དང་ཉེ་དགའ་བོ་འོངས་ནས་སྒོ་ཕྱེ་ཞེས་བྱས་པ་དང༌། སྔ་མས་སྨྲས་པ། བཙུན་པ་ཉེ་དགའ་བའི་མལ་སྟན་དང་རྐང་པ་བཀྲུ་བའི་ཆུ་ཡང་གནས་ཁང་དུ་བཞག་པ་ལགས་ཀྱིས་དེར་ནོན་ཅིག་ཅེས་བྱས་པ་དང་ཉེ་དགའ་བོ་ཚིག་པ་ཟོས་ནས། སྟེང་གི་ཡང་ཏོག་གི་སྟེང་དུ་སོང་ནས་སྔ་མ་ཉལ་པའི་ཐད་ཀར་ཕུ་གུ་ཡོད་པའི་ནང་དུ་ཁྲིའི་རྐང་པ་གཟེར་མེད་པ་གན་དུ་བཙུགས་ནས་སྟེང་དུ་དྲག་ཏུ་འདུག་པ་དང༌། ཁྲིའི་རྐང་པ་ལྷུང་བས་གྲོགས་པོའི་དཔྲལ་བར་ཕོག་སྟེ་ཁྲག་བྱུང་བ་ལས་བཅས། ཁྲིའི་གཟེར་བུ་མེད་པ། གཞི་རྟེན་མེད་པ། མི་བརྟེན་པའི་སྟེང་དུ་བཙུགས་པ་ལ་འདུག་ན་ལྟུང་བར་འགྱུར། གཞི་རྟེན་ནམ་གཟེར་བུ་ཡོད་པ་ལ་འདུག་ན་ཉེས་པ་མེད། ཡང་དགེ་སློང་གང་ཆུ་སྲོག་ཆགས་ཡོད་པར་ཤེས་བཞིན་དུ་རྩྭ་འམ་ལྕི་བའམ་ས་ལ་འདེབས་སམ་འདེབས་སུ་བཅུག་ན་ལྟུང་བའོ། །སངས་རྒྱས་ཀཽ་ཤཱམྦཱི་ན་བཞུགས་པའི་ཚེ། དགེ་སློང་མོས་པ་ཅན་གྱིས་ཤེས་བཞིན་སྲོག་ཆགས་ཡོད་པའི་ཆུས་རྩྭ་དང་ལྕི་བ་དང༌། ས་ལ་ཆགས་ཆག་འདེབས་ཤིང་འདེབས་སུ་བཅུག་པ་ལས་ཕན་པར་འདོད་པའི་དགེ་སློང་དག་གིས་དེ་ལྟར་མ་བྱེད་ཅིག་ཅེས་བསྒོ་ནས། མོས་པ་ཅན་གྱིས་སྨྲས་པ། སྲོག་ཆགས་འདི་དག་རྒྱ་མཚོ་ཆེན་པོར་མི་འདོང་བར་སྣོད་ཆུང་དུའི་ནང་དུ་ཅི་འདོད་ཅེས་བྱས་ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། སྲོག་ཆགས་ལ་རྣམ་པ་གཉིས་ཏེ། བལྟར་སྣང་བ་དང་ཚགས་ཀྱིས་ཟིན་པའོ། །སྲོག་ཆགས་ཡོད་བཞིན་སྤྱད་དམ་སྤྱོད་དུ་བཅུག་ན། སྲིན་བུ་དུ་ཤི་བའི་རེ་རེར་འགྱུར། སྲོག་ཆགས་ཡོད་པ་ལ་མེད་པར་འདུ་ཤེས་སམ་ཐེ་ཚོམ་ཟ་བས་སྤྱད་ན་ཉེས་བྱས་སུ་འགྱུར། སྲོག་ཆགས་དང་བཅས་པའི་ཡུར་བ་བསྒྱུར་ཏམ་བསྒགས་ན་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ཉེས་བྱས་དང་ལྟུང་བར་འགྱུར་རོ། །དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ན་སྒོ་དང་གཏན་


DTG154_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་དང་སྣང་བ་གདོད་པའི་གནས་གང་དུ་ཤས་ཀྱིས་རྨང་ནས་བཟུང་སྟེ་འཇི་བ་དང་ཕ་གུ་སྤེལ་ལ་རིམ་གཉིས་སམ་གསུམ་ཞིག་རྩིགས་ཤིག་དེ་ལས་འདས་པར་བརྩིགས་ན་ལྟུང་བའོ། །སངས་རྒྱས་ཀཽ་ཤཱམྦཱི་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ཞིག་ན་འདུག་སྟེ། དེ་དག་གིས་གཙུག་ལག་ཁང་དེ་ལ་དཔྱས་མང་དུ་བཏགས་ནས་དགེ་སློང་གཞན་དགག་གིས་སྨྲས་པ། ཁྱེད་ཅག་གིས་རྡོ་གཅིག་ཀྱང་བསྒྲེང་མི་ནུས་བཞིན་དུ་འཕྱ་རིགས་སམ་ཞེས་བྱས་པ་དང་དྲུག་སྡེ་ང་རྒྱལ་སྐྱེས་ཏེ། དེའི་ནང་ནས་མོས་པ་ཅན་གྱིས་གཙུག་ལག་ཁང་ཞིག་བརྩིགས་པར་ཁས་བླངས་སོ། །དེ་ནས་མོས་པ་ཅན་གྱིས་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་འདུག་པ་ཞིག་ལ་ཆོས་བཤད་ནས་ཡོ་བྱད་མང་པོ་བླངས་ཏེ། གཙུག་ལག་ཁང་སུམ་བརྩེགས་གཅིག་ཉིན་གཅིག་གིས་ཟིན་པར་བྱས་སོ། །དེས་ཆུ་ཁུང་མ་བཏོད་སྐར་ཁུང་མ་ཕྱེས་གཏན་པའི་གནས་མ་བཅས་པ་ཟླུམ་པོ་ཞིག་བྱས་ནས་དེའི་ནུབ་མོ་ཆར་མོ་ཆེ་བབ་པས་ཕ་གུ་བངས་ཏེ། གཙུག་ལག་ཁང་འགྱེལ་ནས། སྦྱིན་བདག་དང་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཕ་གུ་ཉི་མ་གཅིག་ལ་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་དགེ་སློང་གིས་བརྩིགས་ན་ལྟུང་བར་འགྱུར། རྡོའམ་ཕ་གུ་བསྲེགས་པའམ་ཤིང་ལ་བརྩིགས་པའི་ཕ་གུ་སྐམ་པོ་ལྟ་བུ་བརྩིགས་པའི་མོད་ལ་ཆུས་གཤེར་ནའང་མི་འགྱེལ་བ་ལྟ་བུ་ནི་རིམ་པ་དུ་བརྩིགས་ཀྱང་ཉེས་པ་མེད། མདོར་ན། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །འདྲོན་མང་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །བསྡུས་པའི་མདོ་ནི་ལྟག་ཏུ་སྨྲོས་པ་དང་འདྲའོ། །ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་རྣམས་ལ་སྟོན་ན་ཆོས་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་དགེ་སློང་མའི་སྟོན་པར་མ་བསྐོས་པར་དགེ་སློང་མའི་སྟོན་པར་ཞུགས་ཏེ། དེ་དག་གིས་ཆོས་ཅུང་ཟད་ཙམ་བཤད་པའི་འོག་ཏུ་སྟེག་ཅིང་གད་རྒྱངས་དང༌། འཛེམ་སྟེགས་བྱེད་ན། དགེ་སློང་དགའ་བར་མཚོར་བ་རྣམས་ཀྱིས་དཔྱས་པ་ལས་བཅས། དེ་ལ་ཆོས་དང་ལྡན་པ་ནི་སྔོན་དགེ་སློང་ལམ་བསྟན་ཟླ་བ་གཅིག་གི་བར་དུ་ཚིགས་བཅད་གཅིག་མི་ལོ་བས་པ་ལས་ཕྱིས་དགྲ་བཅོམ་པ་ཐོབ་


DTG154_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགེ་སློང་མ་ལ་འདོམས་པའི་ཚེ་སེམས་ཅན་མང་པོའི་སེམས་རྣམ་པར་གྲོལ་བར་གྱུར་པ་ལྟ་བུ་སྟེ། དངོས་སུ་ནི་ཆོས་ལྔ་དང་ལྡན་པ་ལ་བྱའོ། །ལྔ་གང་ཞེ་ན། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པ་དང༌། སྡེ་སྣོད་གསུམ་འཛིན་པ་དང༌། ཕས་ཕམ་པ་མ་བྱུང་བ་དང༌། ཕོ་བྲང་འཁོར་གྱི་སྐད་དང་ལྡན་པ་དང༌། ལྟུང་བ་བྱུང་བ་རྣམས་རྟག་ཏུ་གསོ་བར་བྱེད་པའོ། །ལོ་ཉི་ཤུ་ལོ་ན་པ་མེད་ན་དགེ་འདུན་ལངས་པ་ཡན་ཆད་དགེ་སློང་མའི་འདོམས་པར་བསྐོའོ། །གཞི་གནས་མ་བསྐོས་སམ་དག་སློང་མས་གསོལ་ཏེའང་མ་བསྐོས་ན། ཕོ་ལ་ཉེས་བྱས་དགེ་སློང་མས་སློབ་དཔོན་མ་གསོལ་ནའང་ལྕི་བའི་ཆོས་གཅིག་འཇིག་པར་འགྱུར། ལྕི་བ་བརྒྱད་རྒྱས་པར་འཆད་མི་ནུས་པ་ལས་བསྐོས་ན་ཉེས་བྱས། དེ་གཉིས་ཀྱིས་བཤད་ན་ལྟུང་བར་འགྱུར་རོ། །ཡང་དགེ་སློང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་རྣམས་ལ་ཆོས་སྟོན་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་མའི་འདོམས་པར་བསྐོས་པས་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང་བཅས་པ་ལ་ཆོས་འཆད་པ་ལ་ཉི་མ་ནུབ་སྟེ། དབྱར་མོ་ཐང་གི་སྒོ་ཆོད་པར་གྱུར་ནས། དེ་དང་མི་རིང་བ་ཞིག་ན་ཀུན་དགའི་ར་བ་དང་ཚལ་དང་བཅས་པ་ཞིག་འདུག་པ་དེར་ཉལ་བར་བྱས་ཏེ། ཤིང་དྲུང་གི་ཉལ་མལ་འགོད་པའི་སྒྲ་ཆེས་པས་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་གྱིས་ཐོས་ཏེ་གཞོམ་པར་བྱས་པ་ལས། ཨུཏྤ་ལའི་མདོག་གི་རྫུ་འཕྲུལ་གྱི་མིག་གིས་མཐོང་ནས་འཕགས་སྐྱེས་པོ་འཁོར་དང་བཅས་པ་འདུག་པ་འདྲ་བར་སྤྲུལ་ནས་རྐུན་པོས་ཀྱང་མ་ཚུགས་སོ། །དེ་ནས་ན་མ་ལངས་ཏེ། དབྱར་མོ་ཐང་དུ་སོང་བ་བྲམ་ཟེས་མཐོང་ནས་ཤཱཀྱའི་བུ་དག་འདྲེན་མར་སྤྱོད་དོ་ཞེས་དཔྱས་པ་ལས་བཅས། ཉི་མ་ནུབ་པ་ལ་ནུབ་པར་འདུ་ཤེས་པ་དང༌། ནུབ་པ་ལ་ཐེ་ཚོམ་ཟ་བས་བཤད་ན་ལྟུང་བར་འགྱུར། ཉི་མ་ནུབ་པ་ལ་ནུབ་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་བ་བཞིན་དུ་བཤད་ན་ཉེས་བྱས་སུ་འགྱུར། ལྷ་ཁང་དང་བར་ཉེ་སྟེ། དབྱར་མོ་ཐང་གི་སྒོ་མི་ཆོད་པ་དང་མཚན་ཡལ་ནངས་སུ་ཆོས་སྟོན་ན་ཡང་ཉེས་པ་མེད་དོ། །ཡང་དགེ་སློང་གང་ཚེ་དང་ལྡན་པ་དགེ་སློང་དག་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་སྟོན་ཏོ་ཞེས་དགེ་སློང་དག་ལ་དེ་སྐད་ཟེར་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་དགའ་


DTG154_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགེ་སློང་མའི་འདོམས་པར་བསྐོས་པས་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པ་ལ་དགེ་སློང་མ་དག་སྤ་པ་གོང་སྟེ། འདྲི་མི་ཕོད་པར་གྱུར་ནས་སྐྱེ་དགུའི་བདག་མོས་དེའི་རྒྱུས་སངས་རྒྱས་ལ་གསོལ་ཏོ། །དེ་ནས་བག་མི་ཚ་བའི་ཕྱིར་ཁ་ཟས་དང༌། ཟང་ཟིང་གི་སྦྱིན་པ་བྱོས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་མ་དེ་དག་དགའ་བྱེད་ལ་རྟག་ཏུ་སྤྱན་གཟིགས་འབུལ་ལོ། །དེ་ནས་ཉེ་དགའ་བོས་ངས་བསམ་པ་ནི་ཆོས་བཞིན་དུ་འདོམས་གྲང་སྙམ་གྱི། ཁ་ཟས་ཀྱི་ཕྱིར་ཆོས་འདོམས་པར་མ་བསམས་སོ་ཞེས་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཟང་ཟིང་གི་ཕྱིར་ཆོས་སྟོན་པ་ལ་དེ་སྐད་སྨྲས་ན་ཉིས་པ་མེད། དེའི་ཉོན་མོངས་པ་ནི་མི་བཟད་པའོ། །ཡང་དགེ་སློང་གང་གཉེན་མ་ཡིན་པའི་དགེ་སློང་ལ་ཆོས་གོས་བྱིན་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དེ་ན་ཚོང་དཔོན་ཞིག་འདུག་པ་དེས། རྒས་ནས་ཁྱོ་ཤུགས་གཉིས་ཀ་རབ་ཏུ་བྱུང་སྟེ། དེ་ལྟར་ཚོང་དཔོན་དག་རབ་ཏུ་བྱུང་ཞེས་གྲགས་པས། དེ་ལ་ཆོས་གོས་དང་མལ་སྟན་ལ་སོགས་པ་ཡོ་བྱད་འབུལ་བ་ཡང་མང་སྟེ། དེ་དུས་གཞན་ཞིག་ན་དགེ་སློང་དེས་ཆོས་གོས་སྦྱར་མ་དམར་སེར་ཞིག་གྱོན་ཏེ་དབྱར་མོ་ཐང་དུ་སོང་ངོ༌། །དེ་ནས་དེའི་ཆུང་མ་རབ་ཏུ་བྱུང་མ་དེས་གོས་དེ་ལ་ཡང་དང་ཡང་བལྟས་ནས། དགེ་སློང་དེས་ཆོས་གོས་ཕུད་དེ་བྱིན་ནས་ཆོས་གོས་སྦྱར་མ་མི་གྱོན་ཞིང་གྲོང་དུ་རྒྱུ་བ་སངས་རྒྱས་ཀྱིས་གཟིགས་ནས་མི་གནང་བར་བཅས་སོ། །དགེ་སློང་མ་རྐྱེན་བྱུང་སྟེ། གོས་མེད་པར་གྱུར་ཏམ། ཆོས་བཤད་པ་ལ་ཡི་རངས་པའི་ཕྱིར་རམ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ཚེ་སྦྱིན་པ་ལ་ཉེས་པ་མེད། དེ་ཉོན་མོངས་པ་ནི་བག་མེད་པའོ། །ཡང་དགེ་སློང་གང་གཉེན་མ་ཡིན་པའི་དགེ་སློང་མའི་ཆོས་གོས་བྱེད་ན་ལྟུང་བའོ། །སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་མ་སྦེད་མའི་ཆོས་གོས་རྙིངས་ནས། དེའི་ཁྱིམ་ཐབ་དགེ་སློང་སར་པ་ལ་ཆོས་གོས་སར་པ་ཞིག་འདྲུབ་ཏུ་བཅོལ་བ་ལས། དྲུག་སྡེ་གཞན་གྱིས་ཀྱང་གྲོགས་བྱས་ཏེ། ཆོས་གོས་ཀྱི་ཐ་མར་སྐུད་པ་སྣ་ལྔས་ཁྱོ་ཤུག་གཉིས་གཉའ་བ་ནས་འཁྱུད་ཅིང་འཇུག་པའི་གཟུགས་སྐུད་རིས་སུ་བཙེམས་ནས། དེ་དགེ་སློང་མ་དག་གིས་མཐོང་ནས་དཔྱས་པ་ལས་བཅས། དེའི་ཉོན་མོངས་པ་ནི་མི་མཛེས་པའོ། །ཡང་དགེ་སློང་གང་འཐམས་ནས་དགེ་སློང་མའི་འགྲོན་པ་མང་པོ་


DTG154_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ལམ་དུ་འཇུག་ཅིང་དོང་ན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ། འགྲོན་པོ་མང་པོ་འདོང་བའི་ལམ་དོགས་པ་དང་བཅས་པར་ཤེས་པ་འཇིགས་པ་དང་བཅས་པར་ཤེས་པ་ཉམ་ང་ཞིང་འཇིགས་སུ་རུང་བ་དང་བཅས་པར་ཤེས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་སློབ་མའི་འཁོར་དང་བཅས་པས་དགེ་སློང་མ་བཅུ་གཉིས་སྡེ་དག་ལམ་གྲོགས་བཏུས་ནས་བསོད་སྙོམས་ལྷན་ཅིག་ཏུ་ཡུལ་རྒྱུར་དོང་ངོ༌། །དེ་ནས་འགྲོན་པོ་མང་པོའི་ནང་ནས་བྲམ་ཟེ་ཞིག་ཡོད་པ་དེས་འདི་ནི་དགེ་སྦྱོང་གི་ཆུང་མའོ། །འདི་བུ་མོའོ། །འདི་མནའ་མའོ་ཞེས་སྨྲས་པ་བསོད་སྙོམས་པས་ཐོས་ནས་དེས་བསམས་པ་བདག་ཅག་གཉིས་ནི་ཤི་བླའི་གནས་ངན་ལེན་ཀུན་སྤྱོད་པ་འདི་དག་དང་འགྲོག་མི་ཕོད་ངོ་སྙམ་ནས་དེས་སླར་ལོག་སྟེ་གཏམ་བྱས་པ་ལས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཐོག་མ་མ་འཐམས་པར་ལམ་དུ་ཕྲད་དེ། འགྲོགས་ན་ཉེས་པ་མེད། དུས་ལ་བབ་པ་ནི་རྒྱལ་པོའི་ཁབ་ཏུ་དགེ་སློང་མ་ཕལ་མོ་ཆེ་ཞིག་ཚུལ་དུ་ཞུགས་ཏེ་དབྱར་ཟླ་བ་གཅིག་འདས་ནས་མཉན་དུ་ཡོད་པར་སངས་རྒྱས་ལ་ཕྱག་འཚལ་དུ་དོང་བའི་ཚེ། དགེ་སློང་དང་བཅས་པའི་འགྲོན་པོ་མང་པོ་མཐོང་ནས་དེ་དག་གིས་དགེ་སློང་དང་འགྲོགས་སུ་མི་རུང་སྙམ་ནས་མགོ་སྲི་ཞིང་དོང་པ་ལས་ཆོམ་པོས་བཅོམ་ནས་དགེ་སློང་དང་འགྲོགས་སུ་གནང་བ་ཡིན་ཏེ། འགྲོན་པོ་མང་པོ་རྒྱུ་བའི་ལམ་ཞིག་འགྲོ་དགོས་ཏེ། དཔུང་གིས་མི་ཐུབ་ན་འཇིགས་པའི་རྐྱེན་གྱིས་དགེ་སློང་མ་དང་འཐམས་ཏེ་འགྲོགས་ཀྱང་ཉེས་པ་མེད། ཡང་དགེ་སློང་གང་འཐམས་ནས་དགེ་སློང་མའི་འགྲོན་པོ་མང་པོ་དང་ལྷན་ཅིག་གྲུ་ཅིག་ནང་དུ་ཞུགས་ཏེ། གྱེན་དུ་འགྲོ་ཡང་རུང་ཐུར་དུ་འགྲོ་ཡང་རུང་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་སློབ་མ་དང་བཅས་དགེ་སློང་མ་བཅུ་གཉིས་སྡེ་སློབ་མ་དག་དང་བཅས་པར་འཐམས་ནས་དགའ་བོ་དང་དགའ་མོ་གཉིས་ཀྱང་རུང་ཉེ་གནས་ཀྱི་སློབ་མ་རྣམས་ཀྱང་རུང་གཞན་ཡང་ཟུང་ཟུང་དུ་སྦྱར་ནས། གུད་ཀྱི་བསོད་སྙོམས་པ་གཅིག་དང་འགྲོགས་ཏེ་གྲུའི་ནང་དུ་ཞུགས་ནས་ཆུ་འབྱམ་ལ་རྩེ་ཞིང་འདོང་བ་བྲམ་ཟེས་མཐོང་ནས། འདི་ནི་དགེ་སློང་གི་ཆུང་མའོ། །འདི་ནི་མནའ་མའོ་


DTG154_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱས་པ་བསོད་སྙོམས་པས་ཐོས་ནས། དེ་མ་རངས་ཏེ་སླར་ལོག་པར་གཏམ་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཆུ་འབྱམ་དུ་སོང་ན་རྒྱང་གྲགས་ཕྱེད་ཅིང་ཉེས་བྱས། རྒྱང་གྲགས་གཅིག་ཅིང་ལྟུང་བ་རེ་རེར་འགྱུར། སྐྱ་བ་ཆག་གམ་གད་པ་ལས་བྱོལ་ན་ཉེས་པ་མེད། ཡང་དགེ་སློང་གང་བུད་མེད་དང་གཉིས་སུ་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། སྦེད་མ་རབ་ཏུ་བྱུང་བ་ཁང་སྐྱོང་བབ་ཅིང་ཕྱག་དར་བྱེད་པའི་གན་དུ་འཆར་བ་འོངས་ནས་འགྲེང་ཞིང་གཏམ་ཟེར་ཆོས་འཆད་པ་དང་དགེ་སློང་མ་རྒན་མོ་ནད་མ་ཞིག་གིས་ཐོས་ནས་ཕྱིས་དགེ་སློང་མ་རྣམས་ལྷགས་པ་དང་སྦེད་མ་ཕྱག་དར་ཀྱང་མ་ཟིན་པར་ཅི་བྱེད་ཅེས་གཤེ་བ་དང༌། རྒན་མོ་དེས་སྨྲས་པ། འདི་གཉིས་ཐོག་མ་བག་མར་འོངས་པའི་གཏམ་འཛེར་ཏེ་ལས་མ་ཟིན་ཞེས་པ་ལས་བཅས། རིག་པའི་སྐྱེས་པ་ཡོད་པར་དབེན་པ་ན་འདུག་པ་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཉིས་སུ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། འཆར་བའི་ཆུང་མ་སྦེད་མ་རབ་ཏུ་བྱུང་ནས་ཁང་སྐྱོང་གི་རེས་བབ་སྟེ། གཙུག་ལག་ཁང་ཕྱག་དར་བྱེད་པའི་གན་དུ་དགེ་སློང་འཆར་བ་སོང་ནས། སྐྱབས་ཡོད་པ་ན་གཉིས་ཀ་འགྲེང་ཞིང་ཆོས་ཅུང་ཟད་ཙམ་བཤད་པའི་འོག་ཏུ་སྔོན་གྱི་ཁྱིམ་པའི་ཚེ་ལོངས་སྤྱད་ཅི་བྱས་པའི་གཏམ་བརྗོད་པ་ལ་ཐོགས་པས་ཕྱག་དར་མ་ཟིན་པར་དགེ་སློང་མ་བསོད་སྙོམས་ལེན་པ་དག་སླར་འཁོར་ཏེ་དེ་དག་གིས་སླར་སྨྲས་པ། ཚེ་དང་ལྡན་མ་སྦེད་མ་འདུག་འདུག་གམ་ཅི་བྱེད་ཅི་ཉེས་ཞེས་བྱས་པ་དང༌། སྦེད་མས་སྨྲས་པ། ཅུང་ཟད་ཀྱང་མི་འདུག་གོ་ཞེས་སོ། །དེ་ནས་དགེ་སློང་མ་ནད་མ་རྒན་མོ་ཞིག་འདུག་པས་སྨྲས་པ་ཅུང་ཟད་མ་འདུག་པ་ནི་བདེན་ནོ། །དགེ་སློང་འཆར་བ་དང་གཉིས་དབེན་བ་ན་འགྲེང་ངོ་ཞེས་བྱས་ནས། དགེ་སློང་མ་དག་གིས་དཔྱས་པ་ལས་བཅས། རིག་པའི་སྐྱེས་པ་ཡོད་ན་ཉེས་པ་མེད། ཡང་དགེ་སློང་མ་རྣམས་ཀྱིས་སྦྱོར་དུ་བཅུག་པའི་ཟས་ཟ་ན། སྔར་ཁྱིམ་དུ་སོང་བ་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་དང་བྲམ་ཟེ་དག་གིས་གནས་བརྟན་ཀཽཎྜི་ནྱ་ལ་སོགས་པའི་བསོད་སྙོམས་རྟག་ཏུ་སྦྱོར་བ་ལས། དྲུག་སྡེ་རྣམས་བཅུ་གཉིས་སྡེའི་གན་དུ་སོང་ནས་ཆེ་ཞེ་ཅག་གིས་


DTG154_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་འདི་དག་གི་བསོད་སྙོམས་ཁྱིམ་པས་རྟག་ཏུ་སྦྱོར་བ་དེ་ངེད་ཅག་ལ་བསྒྱུར་ཏེ་བྱིན་ཅེས་བྱས་སོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོ་ཁྱིམ་བདག་གལ་བ་དེར་སོང་ནས་ཅད་ཤེས་ཀཽཎྜི་ནྱའི་བསོད་སྙོམས་སྦྱོར་བ་དེར་སོང་ནས། ཁྱེད་ཀྱིས་བསོད་སྙོམས་འདི་ཤཱཀྱའི་རིགས་ལ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་སྤོབས་པ་དང་ལྡན་པ་འཕགས་པ་དགའ་བོ་ལ་དབུལ་བའི་རིགས་སོ་ཞེས་བྱས་ནས། དེས་ཟོས་པ་དང་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཁྱིམ་པས་སྔར་པོས་པའི་འོག་ཏུ་དགེ་སློང་མས་ཟོས་ན་ལྟུང་བ་མེད་དོ། །མདོར་ན། ཡང་ཡང་ཟ་དང་ཐུན་མོང་གནས། །ཕྱེ་དང་ཟས་དང་སྟོབས་པ་དང༌། འདུས་དང་དུས་མིན་བཞག་པ་དང༌། །ཁ་ནས་མིད་དང་བཟའ་བའོ། །ཡང་ཡང་ཟན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལམ་དུས་སོ། །གོས་བྱིན་པ་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་ཡངས་པ་ཅན་གྱི་གྲོང་ཁྱེར་ན་བཞུགས་པའི་ཚེ། བུས་པ་དྭ་ཞིག་ཚོང་དཔོན་གྱི་གན་ན་གླ་ཞིང་འདུག་པའི་སངས་རྒྱས་འཁོར་དང་བཅས་པ་ཚོང་དཔོན་གྱི་ཁྱིམ་དུ་སྤྱན་དྲངས་ནས། དྲུག་སྡེས་སྨྲས་པ་གླ་མི་ཕོ་དེས་བདག་ཅག་དེད་དཔོན་མི་བྱིན་གྱིས་གྲོང་དུ་ཁྱེའུ་སུས་ཟོས་ཏེ་འདོང་ངོ་ཞེས་བྱས་ནས། ཚོང་དཔོན་གྱི་ཁྱིམ་དུ་དགེ་འདུན་བཤོས་པ་ནི། གླ་མིའི་བྱིས་པ་དེས་དྲུག་སྡེ་དག་ལེགས་པར་ཟན་མི་ཟ་བ་མཐོང་ནས་མི་དགའ་བར་གྱུར་ཏེ། སངས་རྒྱས་ལ་གསོལ་པ། འཕགས་པ་ཁ་ཅིག་བཤོས་ལེགས་པར་མི་གསོལ་ན། བདག་ཡུལ་དུ་མི་སྐྱེ་བར་མི་འགྱུར་གྲང་ཞེས་བྱས་པའི་ཚེ་བཅས་སོ། །སངས་རྒྱས་ཡུལ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་བཞུགས་པའི་ཚེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་འདུན་སྤྱན་དྲངས་པ་ལས་བསོད་སྙོམས་པ་གཅིག་དང་དྲུག་སྡེ་རྣམས་ལམ་ཡོངས་སུ་བསྣན་པོའི་ཁྱིམ་དུ་སོང་སྟེ། ཤིང་ཏོག་ཨ་མྲའི་ཁུར་བ་ཟོས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཐོས་ནས་གྲལ་དུ་དྲུག་སྡེ་རྣམས་སྤྱོད་པ་ལས་བཅས། ཡང་ཡང་ནི་ཟིན་ན་ཐང་གི་དབང་མ་གཏོགས་པར། ཡོན་བདག་ཐ་དད་པ་ལ་ལ་ལས་ནི་ཁྱེའུ་སུས་བྱིན། ལ་ལ་ལས་ནི་དྲོ་ཟན་བྱིན་པ་ལྟ་བུ། སྔ་དྲོ་གཅིག་ལ་ལན་གཉིས་ཡན་ཆད་ཟོས་ན་ལྟུང་བར་འགྱུར། ནད་པ་ལྟ་བུ་ཟ་གཅིག་གིས་འཚོ་བར་འགྱུར་མི་ནུས་པ་དང༌། དགེ་


DTG154_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ནམ་མཆོད་རྟེན་གྱི་ཕྱིར་ལས་བྱས་པ་དང༌། ཐ་ན་རེ་ལྡེ་ཙམ་ཕྱགས་ནས་བའི་གནས་མལ་ཙམ་སྐྱང་ནུལ་བྱས་པ་དང་ལམ་གྱི་དུས་ན་དཔག་ཚད་གཅིག་ཏུ་སོང་ངམ། དཔག་ཚད་ཕྱེད་དམ། ཕྱེད་ནས་སླར་ལོག་པའོ། །གོས་བྱིན་པའི་དུས་ནི་ཁྲུ་གང་ནས་ཁྲུ་བཞི་ཡན་ཆད་བྱིན་པ་སྟེ། འདི་རྣམས་ནི་ཡང་ཡང་ཟར་དབང་བའི་དུས་སོ། །གོས་དང་གོས་རིན་མེད་པར་ཁ་གཉིས་སུ་བོས་ན་སྔ་མ་ནི་བཟའ། ཕྱི་མ་ནི་སྤང༌། གོས་སམ་གོས་རིན་མེད་པ་ཞིག་ཏུ་སྔར་བོས་ལ། གོས་རིན་ཡོད་པ་ཞིག་ཏུ་ཕྱིས་བོས་ན་གཉིས་ཀ་ཟོས་ནའང་ཉེས་པ་མེད། སྔ་ཕྱི་གཉིས་ཀ་ལ་གོས་ཡོད་ན་བཟར་རུང་གོས་རིན་མེད་པར་ཁ་གཉིས་སུ་པོས་ཏེ་མ་ཟོས་པར་ཁས་བླངས་ན་ཉེས་བྱས། ལོ་ཉེས་བྱུང་ན་འགྲངས་པར་རྙེད་པ་མེད་པས་ཡང་ཡང་ཟོས་ཀྱང་ཉེས་པ་མེད་དོ། །གནས་ཐུན་མོང་པར་ཞག་ལོན་ཏེ། དགེ་སློང་མིན་ན་ལྷན་ཅིག་ཟོ་ཤིག །དེ་ལས་ལྷག་པར་ཟོས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རི་བྲགས་ཀྱི་གྲོང་ཞིག་ན་ཁྱིམ་བདག་གཅིག་གནས་པ་དེས། ཕྱོགས་བཞིའི་དགེ་འདུན་དང་བྲམ་ཟེའི་ཕྱིར་གནས་ཁང་ཞིག་བརྩིགས་ཏེ། དེར་དུས་གནས་པའི་ཟན་སྦྱོར་བར་བྱེད་དོ། །དེ་ལ་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོའི་ཟིལ་གྱིས་མུར་འདུག་རྣམས་མནན་ནས། གཅེར་བུ་པ་དྲུག་ཅུ་རི་བྲགས་ཀྱི་གྲོང་ཁྱེར་དེར་ཕྱིན་ནས་ཁྱིམ་བདག་དེས་འཚོ་བ་སྦྱོར་ཞིང་འདུག་པ་ལས། དེ་ནས་ཁྱིམ་བདག་དད་པ་ཞིག་གུད་ནས་འོངས་བ་དང༌། རི་བྲགས་ཀྱི་ཁྱིམ་བདག་གཉིས་ཀྱིས་གཅེར་བུ་པ་རྣམས་ཟིན་ནས། སྦྱིན་བདག་དེས་སྨྲས་པ། གྲོགས་པོའི་ས་བོན་བཟང་ངམ་ཞེས་བྱས་པ་དང༌། ཆོས་ལ་དད་པ་དེས་སྨྲས་པ། ཁྱིམ་བདག་དད་པ་ཁྱོད་ཀྱིས་སྦྱར་བའི་ས་བོན་ནི་རབ་ཏུ་བཟང་ན་ཞིང་ནི་བ་ཚ་ཅན་མི་སྐྱེ་བ་སྟེ། གཅེར་བུ་པ་སྡིག་པ་ལ་ལྟ་བ་ཞིག་བྱས་ནས། གཅེར་བུ་པ་དེ་དག་ཀྱང་འཁོད་བཞིན་དུ་དགེ་སྦྱོང་གི་འཚོ་བ་སྦྱར་བར་ཁྱིམ་བདག་དེ་དད་པར་གྱུར་ནས་ཆོས་ལ་དད་པ་དེས་དགེ་སློང་དག་སྦྲན་པ་དང༌། དྲུག་སྡེ་རྣམས་རི་བྲགས་ཀྱི་གནས་དེར་ཕྱིན་ཏེ། ཁྱིམ་བདག་དེས་འཚོ་བ་སྦྱར་བར་བྱས་སོ། །དེ་ནས་གཅེར་བུ་པ་དྲུག་ཅུས་དྲུག་སྡེ་རྣམས་ཆད་ཆད་དུ་བརྡེགས་ཀྱང་སྣད་པར་མ་ནུས་པའི་འོག་ཏུ། དྲུག་སྡེ་རྣམས་ཀྱིས་གཅེར་བུ་རྣམས་བརྡེགས་ཏེ་རབ་ཏུ་སྣད་པར་གྱུར་ནས། ངེད་ཀྱིས་མུར་འདུག་པ་བཅོམ་མོ་ཞེས་སྦྱོམས་པ་ལས་བཅས། ཐུན་མོང་གི་གནས་ན་


DTG154_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཚེ་ན་ཉེས་བྱས། ཟས་ཟོས་ན་ལྟུང་བར་འགྱུར། དེར་གནས་ཤིང་གུད་དུ་ཟན་ཟན་ཉེས་བྱས། གུད་ན་གནས་ཤིང་དེར་ཟས་ཟ་ན་ལྟུང་བར་འགྱུར། ཡོན་བདག་གཉེན་པོ་དགེ་སློང་ཡིན་ནམ་ཡོན་བདག་དེས་འདུག་ཤིག་ཅེས་བྱས་ན་ཉེས་པ་མེད་དོ། །འདིའི་ཉོན་མོངས་པ་ནི་མ་དང་པའོ། །ན་བ་ལ་གནང་བ་ནི། ཤཱ་རིའི་བུ་རླུང་ནད་ཅན་འདུག་ཏུ་གནང་བ་ལས་བཅས་པ་ལྟ་བུའོ། །དགེ་སློང་མང་པོ་ཁྱིམ་རྣམས་སུ་དོང་བ་ལས་གལ་ཏེ་དེ་དག་ལ་བྲམ་ཟེ་འམ་ཁྱིམ་བདག་དད་པ་དག་གིས་ཕྱེ་འམ་ཁུར་བ་དུས་ཀྱི་བ་དར་བ་འདོད་ན། དགེ་སློང་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་ལོང་ཤིག །དེ་ལས་ལྷག་པར་བླངས་ན་ལྟུང་བའོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས། ཕྱི་རོལ་ཀུན་དགའ་རབ་ར་དེང་ལ་བདག་ཅག་ཀྱང་བཟའ་བར་བྱ་དགེ་སློང་འགོད་པ་རྣམས་ཀྱང་བགོ་བར་བྱ་སྟེ་དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་ལ་བུ་མོ་ཞར་མ་ཞིག་ཡོད་པ་དེས། དར་ལ་བབ་ཀྱི་བར་དུ་སུས་ཀྱང་མ་འདོད་ནས་གུད་ཀྱི་ཁྱིམ་བདག་གཅིག་གི་ཆུང་མ་བདུན་རིམ་གྱིས་བླངས་པ་ལས་དུས་ལས་འདས་པར་གྱུར་ནས་དེ་ཕྱིན་ཆད་ཡུགས་ས་མོ་ཡན་ཆད་སུའང་དེའི་གན་དུ་འདུག་པར་མ་དད་ནས་བུ་མོ་ཞར་མ་དེ་བླང་བར་བྱས་སོ། །དེ་ནས་ལེན་པའི་གཉེ་བོ་སྦྱིན་པར་ཞར་མའི་མས་ཁུར་བ་མང་པོ་བྱས་པ་དང༌། དྲུག་སྡེ་རྣམས་དེར་ཕྱིན་ནས་རྒན་མོ་ལ་ཁུར་བ་བླངས་པ་དང༌། རྒན་མོ་ལག་མོ་ཆེ་དེས་ཀྱང་ལྷུང་བཟེད་རྣམས་ཁུར་བས་བཀང་སྟེ་བྱིན་པས་གཉེ་བོ་ཟན་ཆད་ནས་ཁྲོས་ཏེ། ཞར་མ་བོར་ནས་ཁྱིམ་བདག་དང་རྒན་མོ་མ་དད་པར་གྱུར་པ་ལས་བཅས། ལྷུང་བཟེད་རྣམ་པ་གསུམ་སྟེ། ཆེན་པོའི་ཚད་ནི་འབྲས་སྐམ་དྲུས་པ་ཕུལ་དོའི་ཆན་དང༌། ཚོད་མ་དང་སྲན་ཚོད་དང་བཅས་པ་བླུགས་ན་ཁ་རན་ལ་མཐེ་བོའི་ཁྱོན་གང་མ་ཐུག་པའོ། །ཆུང་དུ་ནི་འབྲས་སྐམ་དྲུས་པ་ཕུལ་གང་གི་ཆན་དང༌། ཚོད་མ་དང་སྲན་ཚོད་དང་བཅས་པ་ནི་སྔ་མ་བཞིན་ནོ། །འབྲིང་པོ་ནི་ཆེ་ཆུང་དེ་གཉིས་བར་རོ། །ལྷུང་བཟེད་སུམ་ཆར་ཆེན་པོས་བླངས་ན། དེ་ལེན་པ་ནི་ཉེས་བྱས། ཟོས་ན་ལྟུང་བར་འགྱུར། གཉིས་ནི་ཆེན་པོ་གཅིག་ནི་འབྲིང་པོ་ལས་ནའང་དེ་བཞིན་དུ་འགྱུར། གཉིས་ནི་ཆེན་པོ་གཅིག་ནི་ཆུང་ངུས་བླངས་ན་ཡང་དེ་བཞིན་དུ་འགྱུར། ཐང་བཞིན་དུ་བླངས་ན། དགེ་སློང་བཞི་པོ་ལ་མི་བྱིན་ན་ཡང་ཉེས་བྱས་སུ་འགྱུར། ཡང་དགེ་


DTG154_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཟས་ཟོས་ཟིན་ནས་སྤང་བ་ལས་ལྷག་མ་མ་བྱིན་པར་བཅའ་བ་འམ་བཟའ་བ་འཆོས་སམ་ཟོས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་རྣམས་སྤང་བ་བྱས་པ་དང༌། ཟས་མ་ཟ་ཤིག་པར་བཀའ་སྩལ་པ་ལས། དྲུག་སྡེ་རྣམས་སྤར་བ་བྱས་ཀྱང་རུང་ཟས་ཟ་བར་གྱུར་ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། སྤང་བ་བྱས་ལ་བྱས་པར་འདུ་ཤེས་བཞིན་དུ་ལྷག་བོར་མ་བྱས་པར་བཟའ་བ་དང་བཅའ་བཟོས་སམ། སྤང་བ་བྱས་པ་ལ་ཐེ་ཚོམ་དུ་འགྱུར་བཞིན་དུ་ཟོས་ན་ལྟུང་བར་འགྱུར། མི་དགོས་སོ། །བྱིན་ཅིག །གྲེག་གོ །ཟོས་ཟིན་ནོ། །ཆོག་གོ ། འདི་རྣམས་གཅིག་ལྟར་སྨྲས་པ་ལྟ་བུས་ཟོས་ན་ལྟུང་བ། སྤང་བ་མ་བྱས་པར་སྤང་བར་འདུ་ཤེས་པ་དང༌། ཐེ་ཚོམ་ཡོད་བཞིན་དུ་ཟོས་པ་ན་ཉེས་བྱས་སུ་འགྱུར་ཏེ། ལྷག་མའི་སྔགས་ནི་ཟས་ཟོས་ཏེ་སྤང་བ་བྱས་པའི་འོག་ཏུ་བཟའ་བ་འམ་བཅའ་བ་ཞིག་འོངས་ཏེ། འདོད་ལ་བྱིན་ལེན་བྱས་ན། གྲོགས་པོ་ཟན་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟེ། གྲལ་ནས་མ་ལངས་པ་གཅིག་གི་མདུན་དུ་སོང་ལ་ཙོག་པུར་འདུག་སྟེ། དགོངས་ཤིག་ཚེ་དང་ལྡན་པ་བདག་མིང་ཞེས་བགྱི་བ་ཟས་ཟོས་ནས་སྤང་བར་བགྱིས་ན་འགྲངས་པར་འགྱུར་མོད་ཀྱི། ཟས་རྙེད་པ་འདི་ཡང་ཟ་བར་འདོད་ཀྱིས་ལྷག་པོར་བྱོས་ལ་བྱིན་ཅིག་ཅེས་བྱའོ། །དེས་ཀྱང་ཁམ་གཉིས་སམ་གསུམ་ཟོས་ནས། ད་འདི་ནི་ཁྱོད་ཀྱི་ཡིན་གྱིས་ཟོས་ཤིག་ཅེས་བྱའོ། །རྣམ་པ་འདི་ལྔས་ནི་ལྷག་མར་བྱས་པར་མི་འགྱུར་ཏེ། མཚམས་ཀྱི་ཕྱི་རོལ་ནས་བྱེད་པ་དང༌། མི་རིགས་པའི་ཕྱོགས་ནས་བྱེད་པ་དང༌། རྒྱབ་ནས་བྱེད་པ་དང༌། གློ་ཆོས་བྱེད་པ་དང༌། སྤྱོད་ལམ་ཉམས་པས་བྱེད་པའོ། །ཟན་ཟོས་ཏེ་ཆོག་པར་བྱས་ན་ཕྱིར་ཟོས་ཀྱང་རུང་ཆོག་པར་བྱས་ཏེ་ལངས་པའི་འོག་ཏུ་ཕྱིར་ཟོས་ཀྱང་རུང་སྟེ་ལྟུང་བར་འགྱུར། ཟན་ཟ་ཞིང་འདུག་པའི་འཕྲོ་ལས་ལངས་པ་ནི་ཟན་ལ་སྐྱེ་བོས་མ་རེག་ན་བྱིན་ལེན་ཞིག་པར་མི་འགྱུར་ཏེ། ལྡང་བའི་ཚེ་ན་ཟན་སྤང་བར་མ་བྱས་ན་ཕྱིས་ཟར་རུང་དོ། །ཡང་དགེ་སློང་གང་གིས་དགེ་སློང་གང་གི་དགེ་སློང་ཟས་ཟོས་ནས་སྤང་བར་ཤེས་པ་ཀླན་ཀ་བཙལ་ཏེ། དགེ་སློང་འདིས་ཅི་ནས་ཀྱང་ཉེས་པ་བྱུང་བར་བྱ་སྙམ་ནས། རྐྱེན་དེས་ཚེ་དང་ལྡན་པ་འདི་འཆོ་འདི་ཟོ་ཞེས་ལྷག་མ་མ་བྱས་པར་བཅའ་བ་འམ་བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་


DTG154_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། དེ་ཁྱིམ་བདག་རྒས་པོ་ཞིག་དགེ་སློང་སྤོང་བ་ཅན་གྱིས་རབ་ཏུ་བྱུང་སྟེ། སྤོང་བ་ཅན་གྱི་སློབ་མ་དགེ་སློང་གསར་བུ་ཞིག་གི་སྟོན་པར་ཁས་བླངས་ནས་དེ་ལ་གཏད་དོ། །རྒན་ཞུགས་དེ་ཡང་དྲན་པ་ཉམས་པས་རྟག་ཏུ་ལྟུང་བ་བྱུང་བས་ཉེ་གནས་ཀྱིས་བཀུག་སྟེ། མདུན་དུ་ཙོག་པུར་བཞག་ནས་ལྟུང་བ་འཆགས་སུ་བཅུག་གོ །དེ་ནས་རྒན་ཞུགས་དེས་བསམ་པ་སློབ་དཔོན་འདི་ཡང་བདག་གི་མདུན་དུ་ལན་གཅིག་ལྟུང་བ་འཆགས་སུ་འཇུག་གོ་སྙམ་ནས་དུས་གཞན་ཞིག་ན། ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བའི་འོག་ཏུ་རྒན་ཞུགས་དང་ཉེ་གནས་ཀྱིས་ཀྱང་ཟན་ཟོས་ན་ཁྱིམ་བདག་གིས་དེར་ལྟད་མོ་ལྟར་དོང་ངོ༌། །དེ་ནས་ཁྱིམ་བདག་གིས་བཟའ་བ་དང་བཅའ་བ་བྱིན་ནས་དེ་གཉིས་ཕྱིར་ལོག་སྟེ། འཛེ་ཏའི་ཚལ་དུ་ཕྱིན་ནས་སློབ་དཔོན་དེས་རྒན་ཞུགས་མངགས་ཏེ། དགེ་སློང་དེ་དག་གིས་དེར་ལྷག་མ་བྱེད་དུ་བཅུག་པ་ལས་དེས་བདག་གིས་སྐལ་བ་ནི་ལྷག་མར་བྱས། སློབ་དཔོན་གྱི་སྩལ་པ་དེ་དག་ནི་ལྷག་མར་མ་བྱས་པར་སླར་ལོག་ན་གནོད་པར་བྱ་བའི་ཕྱིར་ཁ་ཟས་དུས་ཀྱིས་བསྟབས་ཏེ་ཟོས་པའི་འོག་ཏུ་རྒན་ཞུགས་ཀྱིས་སྨྲས་པ། སློབ་དཔོན་ལ་ལྷག་མ་མ་བྱས་པར་ཟོས་པའི་ལྟུང་བ་བྱུང་གི་ངའི་མདུན་དུ་མཐོལ་ཅིག་ཅེས་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་ལ་གནོད་པ་བྱ་བའི་ཕྱིར་ཟས་ཟོས་ཟིན་ལ་ལྷག་མར་བྱས་པའི་ཁ་ཟས་བསྟབས་ན་ལྟུང་བར་འགྱུར། ཟ་བས་ཀྱང་ཤེས་བཞིན་དུ་ཟོས་ན་ལྟུང་བར་འགྱུར། མི་ཤེས་ན་ཉེས་པ་མེད་དོ། །འདུས་ཤིང་ཟ་ན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ་ན་བ་དུས་སོ། །ལས་དུས་སོ། །ལམ་དུ་ཞུགས་པ་དང༌། དུས་སྟོན་ཆེན་པོ་དང༌། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་ལྷ་སྦྱིན་གྱིས་གཞན་དག་མི་མཐུན་པར་བྱ་བའི་ཕྱིར་རྒྱ་མཚོས་བྱིན་ལ་སོགས་པ་བསྡུས་ནས། མ་སྐྱེས་དགྲས་ཁ་ཟས་བྱིན་པ་དེ་དག་ཀུན་དགའ་ར་བའི་ནང་དུ་འདུས་ཤིང་ཟན་ཟོས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཁང་པ་གཉིས་ཏེ་གཞིའི་གནས་ཁང་དང༌། སོ་སོའི་གནས་ཁང་ངོ༌། །དེ་ལ་གཞིའི་གནས་ཁང་ནི་དགེ་འདུན་འདུས་པའི་བཀད་ས་ལྟ་བུ་སྟེ། དེར་ཟན་ལ་འདུས་པ་རྣམས་ཀྱིས་སོ་སོའི་གནས་


DTG154_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ནས་དགེ་སློང་དག་འདིར་ལྷགས་སམ་ཞེས་མ་དྲིས་པར་བྱས་ན་ཉེས་བྱས་སུ་འགྱུར་རོ། །སོ་སོའི་གནས་ཁང་དུ་འདུས་ཤིང་ཟ་བ་དག་གིས་ཀྱང་གཞིའི་གནས་ཀྱི་དགེ་སློང་འདིར་འོངས་སམ་ཞེས་མ་དྲིས་པར་ཟན་ཟོས་ན་ལྟུང་བར་འགྱུར། དགེ་སློང་གསུམ་མ་མ་དགེ་སློང་འདྲེས་པ་བཞི་མན་ཆད་འདུས་ཤིང་ཟ་བ་དང༌། ཡང་ན་གཞིའི་དགེ་སློང་དང་ཁ་ཟས་སྣ་འགའ་ཙམ་སྤྲུལ་པ་ཉེས་པ་མེད་དོ། །ཡོན་བདག་གཅིག་གིས་བྱན་ཚང་གཅིག་ནས་སྦྱར་བ་ནི་འདུས་ཤིང་ཟོས་ཀྱང་ཉེས་པ་མེད། དེ་ལ་ན་བར་གྱུར་པ་ནི་དགེ་སློང་མང་པོ་ཞིག་ན་བར་གྱུར་ཏེ། འདི་མི་ནུས་པའོ། །ལས་དུས་ནི་དགེ་འདུན་དང༌། མཆོད་རྟེན་གྱི་ཕྱིར་ལས་ཆེན་པོ་བྱས་པ་དང༌། ཆུང་ངུ་ཕྱག་དར་རེ་ལྡེ་ཙམ་བྱས་པའོ། །ལམ་དུ་ནི་དཔག་ཚད་ཕྱེད་དུ་སོང་བ་ཕན་ཆད་དོ། །གྲུར་ཞུགས་པ་ཡང་དཔག་ཚད་ཕྱེད་དུ་སོང་བ་ཕན་ཆད་དོ། །དུས་སྟོན་ཆེན་པོའི་དུས་ནི་མཚམས་ཀྱི་ནང་དུ་ཡོན་བདག་དད་པས་སོ་སོར་བྱིན་པའོ། །དགེ་སྦྱོང་གི་ཟས་དུས་ཞེས་བྱ་བ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་ཉིད་ཀྱི་ལྷ་ཁང་དུ་དགེ་སློང་མང་པོའི་འཚོ་བ་སྦྱོར་ཏེ་བཀོད་པའི་ནང་དུ་དེའི་ཞང་པོ་མུ་སྟེགས་ཅན་གཅིག་མཚམས་དེའི་ནང་དུ་རབ་ཏུ་བྱུང་ནས། མུ་སྟེགས་ལས་བྱུང་བའི་དགེ་སློང་དེས་ཟས་བྱིན་པ་ཡང་འདུས་ཤིང་ཟར་རུང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། མུ་སྟེགས་ཀྱི་དགེ་སློང་གིས་ཟས་བྱིན་པ་ལྟ་བུ་ནི་འདུས་ཤིང་ཟོས་ཀྱང་ཉེས་པ་མེད། ཡང་དགེ་སློང་གང་དུས་ཡོལ་བ་ན་བཟའ་བ་འམ་བཅའ་བ་འཆོས་སམ་ཟོས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བཅུ་བདུན་སྡེ་རྣམས་བསོད་སྙོམས་ལ་ཞུགས་པ་དང༌། བུད་མེད་སྲེད་བ་ཅན་དག་གིས་མཐོང་ནས་བྲང་བརྡུངས་ཏེ། བག་བཙས་མ་ཐག་ཏུ་ཁ་ལན་ཚྭས་གང་ཡང་མ་ནུས་ཞེས་སྨྲས་པ་དང་བཅུ་བདུན་སྡེ་སྐྱེངས་པར་གྱུར་ནས་བདག་ཅག་ཟན་ཆད་ཀྱང་བླའི། འདི་ལྟ་བུའི་ཚིག་ངན་པ་ཐོས་ན་ཅི་རུང་ཞེས་བྱས་ནས་བསོད་སྙོམས་མི་ལེན་པར་བྱེད་དོ། །དེ་ནས་ཕྱི་དྲོ་གྲོང་ཁྱེར་བ་རྣམས་ཀྱིས་ཟས་སྐོམ་བསྡུས་ཏེ། སྐྱེད་མོས་ཚལ་དུ་དོང་བ་མཐོང་ནས་བཅུ་བདུན་སྡེས་ཟས་བླངས་ཏེ་ཟོས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཉི་མ་ཕྱེད་ནས་ཕྱི་དེའི་ཉིན་པར་སྐྱ་རེངས་ཤར་གྱི་བར་དུ་བཟའ་བའམ་བཅའ་བ་ཟོས་ན་ལྟུང་བར་འགྱུར། ལས་བྱས་སམ་ལམ་རིང་པོར་


DTG154_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ན་བུ་རམ་དང་བཅས་པ་ལ་སོགས་པ་བ་ཟར་རུང༌། གཞི་ན་འདུག་པས་ཟོས་སམ། ནང་པར་ཟན་ཟོས་ཏེ། ཕྱི་དྲོ་ཁ་མ་བཀྲུས་པར་སྐོམ་འཐུངས་ན་ཉེས་བྱས་སུ་འགྱུར་རོ། །འོད་མི་སྣང་བའི་སྐོམ་འཐུངས་ན་ཉེས་བྱས། སྨན་པའི་ཚོགས་ཟན་བཟའ་དགོས་སམ་ནད་པ་ལན་ཅིག་གིས་འགྲངས་མི་ནུས་ཏེ་ཉམ་ཆུང་བ་ནི་ཉེས་པ་མེད། ཉོན་མོངས་བ་ནི་ཉེ་བར་མ་ཞི་བའོ། །ཡང་དགེ་སློང་བཟའ་བ་དང་བཅའ་བ་གཞག་པ་འཆོས་སམ་ཟོས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ནག་པོ་བསོད་སྙོམས་ལེན་ཅིང༌། ཁ་ཟས་ཁུ་བ་ཅན་ནི་འཕྲལ་དུ་ཟ་ཁུ་བ་མེད་པ་ནི་སྐམས་ནས་རྫ་མའི་ནང་དུ་སྩལ་ཏེ་ནམ་ཡུལ་རྨུས་སམ་ཆར་བབ་ན་ཁ་ཟས་སྐམ་པོ་དེ་དག་ཆུར་སྦངས་ཤིང་ཟའོ། །དེ་ནས་དུས་གཞན་ཞིག་དགོན་པའི་གནས་ཁང་ན། ཁ་ཟས་མང་པོ་སྐེམས་ཤིང་འདུག་པ་སངས་རྒྱས་ཀྱིས་གཟིགས་ནས་མ་གནང་བ་ལས་བཅས། དགེ་སློང་གི་ཁ་ཟས་བྱིན་ལེན་བྱས་ནས། སྐྱེ་བོས་མ་རེག་པར་མེལ་ཚེ་ཐུན་འདས་ཏེ་ཟོས་ན་ལེན་དུ་ཟོས་པ་ལྟུང་བ་རེ་རེར་འགྱུར། དགེ་སློང་གིས་བཙོས་པ་དང༌། རང་མཚམས་ཀྱི་ནང་ན་བཙོས་པ་དང༌། ཁ་ཟས་དང་གནས་ཁང་གཅིག་ཏུ་གྱུར་པ་དང༌། དགེ་སློང་གིས་རེག་པའི་ཁ་ཟས་དང་འདི་བཞིན་དུ་ཉེས་བྱས་སུ་འགྱུར། དགེ་འདུན་གྱི་བྱན་ཚང་ལྟ་བུའི་ཕྱིར་དང་འབྲེལ་ཏམ་ཕྱི་རའི་ནང་ན་འདུག་པ་ཞིག་གསོལ་བ་དང་ཞུ་བའི་ལས་ཀྱིས་བྱན་ཚང་ནང་དུ་མ་བརྟགས་པར་དེར་ཁ་ཟས་ཟོས་ན་ནམ་ཟོས་དགུར་ཉེས་བྱས་རེ་རེར་འགྱུར། ཡང་དགེ་སློང་གང་མ་བྱིན་པར་ཁས་མིད་པའི་ཟས་ཟོས་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ནག་པོ་ཞེས་བྱ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཞིག་གོས་དང་ཟན་དང་ལྷུང་བཟེད་ཀྱང་དུར་ཁྲོད་ནས་ལེན་པ། གནས་དུར་ཁྲོད་དུ་འཆའ་ཞིང་མཉན་དུ་ཡོད་པའི་མི་ཤི་བ་རྣམས་རོ་དེར་སྐྱེལ་ཏོ། །རོ་གཅིག་གི་ཟླ་ལ་ཟན་ཆ་ལྔ་བསྐྱལ་བ་དགེ་སློང་དེས་ཟ་ཞིང་འདུག་གོ །དེ་ན་མི་མང་དུ་ཤིན་དགེ་སློང་དེ་བསོད་སྙོམས་ཀྱང་རྟག་ཏུ་མི་ལེན་ལ་མདོག་ཀྱང་ཚོ་བར་སྣང་ངོ༌། །མི་ཉུང་དུ་ཤིན་བསོད་སྙོམས་ཀྱང་རྟག་ཏུ་ལེན་ལ་མདོག་ཀྱང་ངན་པར་སྣང་བས། ཚུལ་དེ་ལ་བལྟས་ནས་མི་ཤ་ཟའོ་ཞེས་ཕྱོགས་སུ་གྲགས་སོ། །དེ་ནས་བྲམ་ཟེའི་བུ་དག་


DTG154_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གིས་བགྲོས་ཏེ། གཅིག་ཤི་བ་ལྟར་བྱས་ནས། མང་པོས་བཏེག་སྟེ། ཟན་ཆ་ལྔ་དང་བཅས་ཏེ་དུར་ཁྲོད་དུ་བསྐྱལ་ཏོ། །དེ་ནས་ཝ་ཞིག་འོངས་པས་ཟན་ཟོས་ཀྱི་དོགས་ཏེ། དགེ་སློང་དེ་སྐྲོད་དུ་ཆས་པ་དང་རོ་ལྟར་བྱས་པའི་བུས་པ་དེས་ཁུས་བཏབ་སྟེ་བྲོས་ནས། གྲོགས་པོ་དག་གིས་ཀྱང་གྲོགས་དངར་མདའ་བྱས་སོ། །དེ་ལྟ་བུར་གྱུར་ནས་བྱིན་ལེན་བྱོས་ལ་ཟོ་ཤིག་དན་དེ་ཉིད་དབང་དུ་འགྱུར་ཞེས་སངས་རྒྱས་ཀྱིས་གསུངས་པའི་འོག་དྲུག་སྡེས་བྱིན་ལེན་མ་བྱས་པ་ལས་བཅས། བཟའ་བ་དང་བཅའ་བ་དང་བཏུང་བ་གང་ཡང་རུང་སྟེ། བྱིན་ལེན་མ་བྱས་པར་ཟོས་སམ་བྠུངྶ་ན་ལྟུང་བའོ། །བྱིན་ལེན་དུ་མི་འགྱུར་བ་ནི་རྒྱབ་དང་གློ་གཡས་གཡོན་ནས་བྱིན་ལེན་བྱས་པ་དང༌། བར་དུ་མེ་དང་ཆུས་ཆོད་པ་དང༌། ས་གཞི་མི་མཉམ་པ་ལ་འདུག་སྟེ་བྱིན་ལེན་བྱས་པ་དང༌། མི་ལྟ་བུ་ཡས་བོར་བ་དང༌། ལག་པའི་རྒྱབ་ཀྱིས་བྱོས་པ་དང༌། མདུན་ན་གཞོང་པ་འདུག་པའི་འོག་ཏུ་མས་མ་བཟུང་བར་མཛུབ་མོས་གཙུགས་ཏེ་ཁ་ཟས་བླུགས་པ་དང་འདི་རྣམས་ནི་བྱིན་ལེན་དུ་མི་འགྱུར་རོ། །ཁྲི་སྟན་ལྟ་བུ་མཐོན་པོའི་སྟེང་ན་འདུག་སྟེ་བྱིན་ལེན་བྱས་ན་མཉེས་པ་མེད། ཡང་དགེ་སློང་གིས་ཁ་ཟས་བྱིན་ལེན་བྱས་ནས་གུད་དུ་སོང་བའི་འོག་ཏུ་གཞན་གྱིས་དེར་ཁ་ཟས་བླུགས་པར་གྱུར་ཏེ་ཕྱིས་བྱིན་ལེན་བྱ་བའི་མེ་མེད་པ་དང༌། སྨོད་པ་ཞེས་བྱ་བའི་ཡུལ་ན་ཁ་ཟས་ལག་པར་བྱིན་པ་ལས་ཉེས་དམིགས་མེད་པར་རྩི་བའི་ཡུལ་ན་ནི་བྱང་གི་སྒྲ་མི་སྙན་གྱི་འདུ་ཤེས་བཞག་སྟེ། བྱིན་ལེན་མ་བྱས་ཀྱང་ཉེས་པ་མེད། དགེ་སློང་རྒྱགས་ཁུར་དུ་ཐོགས་ཏེ་ལམ་དུ་འཇུག་པ་བྱིན་ལེན་བྱེད་པ་མེད་ན་ཐོག་མའི་ཉིན་པར་བསྙུངས་ཏེ་འདུག་ཤིག །ཕྱི་དེའི་ཉིན་པར་སྟག་གི་སྤར་མོ་གང་བཟའ། དེ་ཕྱིན་ཆད་ཅི་བདེ་བར་བཟའོ། །ཁ་ཟས་བརྟག་པ་ནི་མེ་དང་མཚོན་དང་སེན་མོ་ལ་སོགས་པས་བརྟགས་ཏེ། འབྲུ་འམ་ཤིང་ཏོག་གི་ཕུང་པོ་ལྟ་བུ་ལ་གཉིས་སམ་གསུམ་དུ་མེས་རེག་པར་བྱའོ། །གལ་ཏེ་མཚོན་དང་སེན་མོས་བརྟགས་ན་ནི་འབྲུ་རེ་རེ་ནས་གདབ་པར་བྱ། ཤིང་རྟོག་ལྟ་བུ་བྱིན་ལེན་བྱས་པ་ལས་བྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསྙབ་ཏུ་སླེབས་པ་ཚུན་ཆད་རང་གིས་བླངས། དེ་ཕན་ཆད་འདུག་པ་ནི་བྱིན་ལེན་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཟས་བཟང་པོར་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་སར་


DTG154_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤ་དང་ཤ་སྐམ་སྟེ། ཡང་དགེ་སློང་དག་གིས་བདག་གི་ཕྱིར་ཟས་བཟང་པོ་འདི་ལྟ་བུ་གཞན་གྱི་ཁྱིམ་དག་ནས་བླངས་ཏེ། ཟ་འམ་བཅའ་ན་ལྟུང་བའོ། །སངས་རྒྱས་ཤཱཀྱའི་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་པའི་ཚེ། ཤཱཀྱ་མིང་ཆེན་ཞེས་བྱ་བའི་ཁྱིམ་བདག་དེས་སངས་རྒྱས་འཁོར་དང་བཅས་བ་སྤྱན་དྲངས་ནས་བཤོས་གསོལ་ཏེ་སླར་གཤེགས་པའི་འོག་ཏུ་དྲུག་སྡེ་རྣམས་གདོད་ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་འོངས་སོ། །དེ་ནས་ཟན་གྱི་ལྷག་མ་ཅི་ལུས་པ་བྱིན་པ་དང༌། དྲུག་སྡེ་ཁྲོས་ནས་ཟས་ངན་ལེན་ཞེས་རྣམ་པར་སྨད་དེ། ཟན་འདི་དག་ཀྱང་ཟ་བཞིན་དུ་ཁྱིམ་བདག་འདི་ཞས་བགྱི་བའི་ཁྱིམ་ནས། འོ་མ་དང་ཞོ་མར་ཤ་ལ་སོགས་པ་བསླངས་ཏེ་ཤོག་ཅིག་ཅེས་བྱས་ནས་བླངས་ཏེ་ཟོས་པ་ལས་ཁྱིམ་བདག་དང་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། འདི་རྣམས་སློང་བའི་ཕྱིར་ཉེས་བྱས་ཟོས་ན་ལྟུང་བ། མིན་པའི་ཚེ་བླངས་ལ། ན་བའི་ཚེ་ཟོས་ན་སློང་བའི་ཚེ་ཉེས་བྱས། ན་བའི་ཚེ་བླངས་ལ་མི་ན་བའི་ཚེ་ཟོས་ན་སློང་བའི་ཚེ་ན་ཉེས་པ་མེད། ཟོས་ན་ལྟུང་བར་འགྱུར། བསྲུབས་པ་དང་ཆུས་བསླད་པའི་དར་བ་བླངས་པ་ལ་ཉེས་པ་མེད། གཉེན་ལ་བླངས་ན་ཉེས་པ་མེད། མདོར་ན། སྲོག་ཆགས་གནས་དང་མལ་ན་འདུག །འགྲེང་དང་གཅེར་བུ་དམག་རྣམས་དང༌། །ཞག་གཉིས་གཡུལ་དུ་འགྲོ་བ་དང༌། །བསྣུན་དང་གཟས་དང་གནས་ངན་ལེན། །ཡང་དགེ་སློང་སྲོག་ཆགས་དང་བཅས་པའི་ཆུ་ཤེས་བཞིན་དུ་སྤྱོད་ན་ལྟུང་བའོ། །སངས་རྒྱས་ཀཽ་ཤཱམྦཱའི་ན་བཞུགས་པའི་ཚེ། དགེ་སློང་མོས་པ་སྲོག་ཆགས་དང་བཅས་པའི་ཆུ་ཤེས་བཞིན་དུ་སྤྱོད་པ་ལས་ཕན་འདོགས་པའི་དགེ་སློང་གིས་བསྒོ་ན། སྲོག་ཆགས་འདི་དག་རྒྱ་མཚོའི་རྫིང་ཆེ་བར་ཅི་ཕྱིར་མི་འདོང་ཞེས་བྱས་བ་ན། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། སྲོག་ཆགས་ཡོད་པར་འདུ་ཤེས་སམ། ཐེ་ཚོམ་ཟ་བཞིན་དུ་སྤྱད་ན་ལྟུང་བར་འགྱུར། ཁ་ཟས་ཀྱི་ཁུ་བ་སྣ་ཚོགས་དང་མར་དང་སྦྲང་རྩི་ལ་སོགས་པ་ཡོད་པར་འདུ་ཤེས་སམ། ཐེ་ཚོམ་ཟ་བཞིན་དུ་ཟོས་སམ། འཐུངས་ན་ལྟུང་བར་འགྱུར། ཡང་དགེ་སློང་གང་སྨྱན་ངན་བྱེད་པའི་གནས་སུ་ཤེས་བཞིན་ནན་གྱིས་ཐེན་ཏེ་སྟན་ལ་འདུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དེ་ནས་སྦོས་འཚོང་གི་ཁྱེའུ་ཞིག་ཆུང་མ་བླངས་ནས་རིང་པོ་མ་ལོན་པ་དེས་


DTG154_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་པར་ཆུང་མ་ལ་སྤྱད་པར་བྱས་པ་དགེ་སློང་འཆར་བས་ཚོར་ནས་དེའི་ཆུང་མའི་གན་དུ་སོང་སྟེ། ཆོས་འཆད་ཅིང་འདུག་པ་དང་སྤོས་འཚོང་གི་ཁྱེའུ་ཡང་དེར་འོངས་ནས། བཙུན་པ་འཆར་བ་བསོད་སྙོམས་བཞེས་ལ་གཤེགས་ཤིག་ཅེས་བྱས་པ་དང༌། འཆར་བ་འགྲོར་མ་བཏུབ་སྟེ་ནན་གྱིས་འདུག་ནས་ཁྱེའུ་དེས་བདག་གི་ཆུང་མ་ལ་ཡང་བདག་མི་དབང་བར་གྱུར་ཏོ་ཞེས་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱད་པ་ལས་བཅས། མི་ཚངས་པར་སྤྱོད་པའི་གནས་སུ་ནན་གྱིས་འདུག་ཅིང་ལྟ་ན་ལྟུང་བར་འགྱུར། བྱོལ་སོང་གི་སྨྱན་ངན་པ་ལྟ་ན་ཉེས་བྱས། དགྲས་བདས་ཏེ་འདུག་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་སྨྱན་ངན་བྱེད་པའི་གནས་སུ་ཤེས་བཞིན་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ཞིང་འདུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། སྤོས་འཚོང་གི་ཁྱེའུ་ཞིག་ཆུང་མ་བླངས་ནས་རིང་པོར་མ་ལོན་པའི་ཉིན་མོ་ཆུང་མ་དང་སྤྱད་པར་འདོད་པ་དང་དགེ་སློང་འཆར་བས་རིག་ནས་འཆར་བ་དེའི་སྒོ་འཕར་གྱི་ལྐོག་ཏུ་ཞུགས་ཏེ་འགྲེང་ངོ༌། །དེ་ནས་ཁྱོ་ཤུག་མི་ཚངས་པར་སྤྱོད་པའི་ཚེ། ཆུང་མས་སྨྲས་པ། བཙུན་པ་འཆར་བ་ནི་སྒོའི་ལྐོག་ན་ཞུགས་སོ་ཞེས་བྱས་ནས་སྤོས་འཚོང་གི་ཁྱེའུ་དེ་དང་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། འཇིགས་ནས་འདུག་པ་དང༌། ན་སྟེ་འགྲོ་མི་ཕྱོད་ན་ཉེས་པ་མེད། ཡང་དགེ་སློང་གང་གཅེར་བུ་པ་འམ་ཀུན་དུ་རྒྱུ་བའམ་ཀུན་དུ་རྒྱུ་མོ་ཡང་རུང་རང་གི་ལག་ནས་བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བའོ། །སངས་རྒྱས་འཁོར་དང་བཅས་པ་ལྗོངས་རྒྱུར་གཤེགས་ནས་ཁྱིམ་པ་མོ་ལྔ་བརྒྱ་ལ་ཆོས་བསྟན་པའི་འོག་ཏུ་དེ་དག་གིས་སངས་རྒྱས་འཁོར་དང་བཅས་པ་བཤོས་གསོལ་བའི་ཚེ། འཕགས་པ་དགའ་བོས་ཀྱང་འདྲི་མ་པའི་གྲོགས་བྱས་ནས། མུ་སྟེགས་གཅེར་བུ་མ་དག་གིས་དགའ་བོ་ལ་ཟན་བླངས་ཏེ། ཀྱེ་རྒྱལ་བའི་སྲས་སྡུག་བསྔལ་ཅན་བདག་ཀྱང་འཚལ་མ་སྩོལ་ཅེས་བྱས་པ་དང༌། དགའ་བོས་ལེགས་པར་མ་བསམས་པར་གཅེར་བུ་མ་རྒན་མོ་ལ་ནི་ཁུར་བ་གཅིག་བྱིན་གཅེར་བུ་མ་གཞོན་ནུ་ལ་ནི་གཉིས་བྱིན་ནས་རྒན་མོས་གཞོན་ནུ་ལ་སྨྲས་པ། སྐྱེས་པ་ནི་ཆོས་ཉིད་ཀྱིས་བུད་མེད་གཞོན་ནུ་ལ་དགའ་བས། རྒྱལ་པོའི་བུ་འདིས་ཀྱང་ཁྱོད་བཞམས་སོ་ཞེས་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས།


DTG154_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་བུམ་དེ་དང་ཀུན་དུ་རྒྱུ་བ་དེ་དག་གཉེན་ཡིན་ནམ། དེ་དག་ནའམ་སྡིག་པ་ལས་ཟློག་པའི་ཕྱིར་བྱིན་ནམ་གཏུབས་ནས་སོ་སོར་བགོས་ཏེ་བྱིན་ནམ་གཞན་སྦྱིན་དུ་བཅུག་པ་ལ་ཉེས་པ་མེད་དོ། །ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་འབངས་རི་བྲགས་ཀྱི་གྲོང་དག་གཅིག་ལོག་པ་ལ་དམག་རྣམ་བཞི་བཤམས་ཏེ་ཆས་པ་དང༌། དྲུག་སྡེ་རྣམས་ཀྱིས་ལམ་དུ་བསྒུགས་ཏེ། རྟ་དང་ཤིང་རྟ་བལ་གླང་རྐང་ཐང་གི་ཚོགས་དམག་རྣམས་རབ་ཏུ་དཔྱས་སོ། །དེ་ནས་དམག་མི་ཕྱི་མ་རྣམས་དགེ་སློང་དེ་བདག་གི་ཁས་འཇིགས་ནས་ལམ་ལོག་པར་དོང་ངོ༌། །དེ་ནས་རྒྱལ་པོས་སྨྲས་པ་དང༌། དེ་དག་གིས་སྨྲས་པ། དགེ་སློང་མགོ་བྱི་རྒྱགས་ཤིང་བྱུང་རྒྱལ་དུ་སྨྲ་བས་འཇིགས་ཞེས་བྱས་ནས། རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་དྲིན་དུ་གསོལ་ཏེ། དགེ་སྦྱོང་དག་དམག་ཆས་པ་ལ་མི་ལྟ་བའི་དྲན་པ་འཆར་གསོལ་བ་ལས་བཅས། དམག་མི་གཙུག་ལག་ཁང་གི་སྒོར་རྒྱུ་བ་དང་རྒྱལ་པོ་དང་བློན་པོ་ལ་སོགས་པས་ཀྱང་བོས་ཏེ་སོད་བལ་ཉེས་པ་མེད་དོ། །དེ་འདྲ་བའི་རྐྱེན་གཅིག་གིས་དགེ་སློང་དམག་ཆས་པ་ལ་ལྟར་འགྲོ་ན། དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ལས་གནས་པར་མི་བྱའོ། །དེ་ལས་འདས་པར་གནས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རི་བྲགས་ཀྱི་གྲོང་ལོག་པ་ཞུགས་པར་གྱུར་ནས། རྒྱལ་པོ་དེ་ཉིད་དུ་ཕྲུ་མ་བཏབ་སྟེ་འདུག་གོ །དེ་ནས་བློན་པོ་དག་གིས་གསོལ་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ་ནི་བསོད་ནམས་ཀྱི་མཐུ་ཆེ་བས་དེ་འདིར་མཆིས་ན་ནི་བྲགས་ཀྱི་གྲོང་ཡང་གདོན་མི་ཟ་བར་ཁུགས་སོ་ཞེས་བྱས་པ་དང༌། རྒྱལ་པོས་ཀྱང་མགོན་མེད་ཟས་སྦྱིན་ལང་ཁྱོད་དང་ཕྲད་པར་འདོད་དོ་ཞེས་ཡི་གེ་སྤྲིང་ངོ༌། །དེ་ནས་མགོན་མེད་ཟས་སྦྱིན་དགེ་སློང་དང་འབྲལ་དུ་མི་དགའ་བའི་ཆ་བཟུང་ནས། རྒྱལ་པོས་དགེ་འདུན་ལ་དེ་བཞིན་དུ་སྤྲིངས་པས། དྲུག་སྡེ་རྣམས་ཀྱིས་ཁས་བླངས་ཏེ་དོང་ངོ༌། །དེ་ནས་དམག་རྣམ་བཞི་བྱུང་བ་ལ་ཡང་རྣམ་པར་སྨད། རྐང་ཐང་གི་ཚོགས་ལ་ཡང་རྩྭ་མི་འདྲའོ་ཞེས་བྱས་ནས་གཉའ་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་བོར་རོ། །དེ་ནས་རྒྱལ་པོས་སངས་རྒྱས་ལ་གསོལ་ཏེ། ཐུགས་བརྩེ་བའི་སླད་དུ་དགེ་སློང་དམག་ཆས་པ་ལ་ལྟར་འོངས་ན་ཡང་


DTG154_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་དུ་མི་གནས་པར་དྲན་པ་འཆའ་བ་ལས་བཅས། རྒྱལ་པོས་མ་བཏང་མ་བཙུན་མོ་དང་སྲས་དང་བློན་པོ་དང་དམག་དཔོན་གྱིས་མ་བཏང་ན་ཉེས་པ་མེད། ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་འང་གལ་ཏེ་དགེ་སློང་གིས་བཤམས་པ་དཀྲུགས་སམ། རྒྱལ་མཚན་དང་དཔུང་གི་ཕྱོགས་ཀྱི་གཡུལ་བཤམས་པའི་དམག་དཀྲུགས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་ཀྱི་གྲོང་ཁྱེར་ལོག་པ་དེ་དག་ད་རུང་མ་ཕེབས་ནས་རྒྱལ་བོ་འཕྲུ་མ་ཡང་དེར་བཏབ་སྟེ། དེ་ནས་ཁྱིམ་བདག་མགོན་མེད་འདུག་པ་དེ་དགེ་སློང་དང་ཕྲད་པར་དགའ་ནས། རྒྱལ་པོ་དགེ་འདུན་འགའ་གཤེགས་སུ་གསོལ་བ་དང༌། དྲུག་སྡེས་ཁས་བླངས་སོ། །དེ་ནས་དམག་རྣམ་བཞི་བཤམས་པ་དང་དྲུག་སྡེ་རྣམས་ཀྱིས་སྔ་མ་བཞིན་དུ་རྣམ་པར་སྨད་ཅིང་དཀྲུགས་ནས་རྒྱལ་པོས་སངས་རྒྱས་གསོལ་ནས། མ་གནང་བ་ལས་བཅས། གཡུལ་བཤམས་པའི་ནང་དུ་འགྱུར་ན་ལྟུང་བར་འགྱུར། མི་དང་བྱོལ་སོང་འཐབ་པ་ལ་བལྟས་ན་ཉེས་བྱས། ཡི་གེའི་གཉེར་གཞན་ནི་བརྡ་སྤྲད་པར་ཟད་དོ། །རྒྱལ་མཚན་ནི་རྣམ་པ་གསུམ་སྙེ། སེང་གེའི་རྒྱལ་མཚན་དང༌། ཆུ་སྲིན་གྱི་རྒྱལ་མཚན་དང༌། ཁྱུ་མཆོག་གི་རྒྱལ་མཚན་གང་ཡང་རུང་བའོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམས་ཏེ། ཡིད་མི་དགའ་བར་གྱུར་ནས། དགེ་སློང་ལ་རྡེག་ན་ལྟུང་བའོ། །སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ། མཽད་གལ་གྱི་བུ་ཆེན་པོས་བཅུ་བདུན་སྡེ་རྣམས་བྱིས་པ་ནས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་དེ་ལ་བསྙེན་བཀུར་བྱེད་ཅིང་འདུག་པ་དག་དགེ་སློང་འཆར་བས་སྒོ་བླས་མང་པོ་བྱང་ཆུབ་ཏུ་བཅུག་ནས། དེ་དག་གིས་དེད་ཀྱི་མཁན་པོ་དང་སློབ་དཔོན་མ་ཡིན་གྱིས་མི་བྱེད་དོ་ཞེས་བྱས་ནས། འཆར་བས་གཅིག་བརྡེག་པ་དང༌། བཅུ་བདུན་སྡེ་རིལ་གྱིས་ས་ལ་ཉལ་ཏེ་དུས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་ལ་ཁུ་ཚུར་གྱིས་བརྡེགས་ན་ཡང་ལྟུང་བ་གཅིག །ཐལ་མོས་བརྡེགས་ན་ལྟུང་བ་ལྔ། མཚོན་ཆ་དབྱིག་པ་ལྟ་བུས་བརྡེགས་ན་ཐབས་རེ་རེ་ལྟུང་བ་རེ་རེ། ཕྱགས་མ་ལྟ་བུས་བརྡེགས་པ་དང་ཆུང་དུ་ཡུངས་ཀར་ལྟ་བུས་བརྡེགས་ན་ཡང་འབྲུ་རེ་རེ་ལྟུང་བ་རེ་རེར་འགྱུར། ལུས་ལ་མ་ཕོག་ན་ཉེས་བྱས་རེ་རེ། དགེ་སྦྱོང་དང་སྐྱེ་བོ་ལ་བརྡེགས་ན་ཉེས་བྱས་


DTG154_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ། བརྣངས་པ་དང་སྔགས་བྱེད་པའི་ཕྱིར་ནི་ཉེས་པ་མེད། ཡང་དགེ་སྦྱོང་ཁྲོས་འཁྲུགས་རྔམས་ཏེ་ཡིད་མི་དགའ་བར་གྱུར་ནས། དགེ་སློང་ལ་བརྡེགས་པར་གཟས་ན། ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བས་བཅུ་བདུན་སྡེ་ལས་བྱེད་དུ་བཅུག་པ་ལས་གཅིག་ལ་བརྡེག་ཏུ་གཟས་པ་དང་བཅུ་བདུན་རིལ་གྱིས་ས་ལ་ཉལ་ཏེ་དུས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། གཟས་པའི་རྣམ་པ་ལས་ལྟུང་བ་ནི་བརྡེགས་པ་དང་འདྲའོ། །བྱོལ་སོང་ལ་བརྡེགས་པ་དང་གཟས་པ་ལ་ཡང་ཉེས་བྱས་སུ་འགྱུར། མི་དགེ་བ་ལས་ཟློག་པའི་ཕྱིར་གཟས་ན་ཉེས་པ་མེད་དོ། །ཡང་དགེ་སློང་གང་དགེ་སློང་གིས་གནས་ངན་ལེན་གྱི་ཉེས་པ་ཤེས་བཞིན་དུ་འཆབ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་ཕོ་བོ་དགའ་བོའི་སློབ་མ་དགེ་སློང་ཆོས་ཅན་ཁྲིད་དེ་དབེན་པའི་གནས་ཀྱི་ཤིང་དྲུང་དུ་བུ་མོ་ཞིག་ཤིང་གཅོད་ཅིང་འདུག་པ་ཞིག་མཐོང་ནས་བུ་མོ་ཁྱོད་ཅིའི་ཕྱིར་འཛེ་ཏའི་ཤིང་གཅོད་ཅེས་བྱས་པ་དང༌། བུ་མོ་བགད་ནས་ཉེ་དགའ་བོ་འདོད་ཆགས་ལངས་ཏེ། བཟུང་ནས་འོ་བྱས་པ་དགེ་སློང་ཆོས་ཅན་གྱིས་མཐོང་ནས། ཉེ་དགའ་བོས་སྨྲས་པ། ཁྱོད་ཀྱི་མཁན་པོ་དགའ་བོ་ལ་ཉེས་པ་ཡོད་པ་ཡང་ངས་བཅབས་པ་ཡིན་གྱིས་འདི་ཡང་འཆོབས་ཤིག་ཅེས་བྱས་པ་ལས་ཆོས་ཅན་མ་རུང་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཕམ་པ་དང་ལྷག་མ་བྱུང་བ་བཅབས་པ་སྐྱ་རེངས་ཀྱིས་ཆོད་ན་ལྟུང་བར་འགྱུར། གང་ཟག་གཅིག་ལ་བསྙད་ན་ཡང་ཐུབ། མཆོད་ཚུན་ཆད་ཉེས་བྱས། གལ་ཏེ་ཉེས་པ་དེ་བསྙད་ན་བདག་ཚངས་པར་སྦྱོང་བའི་བར་དུ་འགྱུར་རམ། དགེ་འདུན་འཁྲུག་གམ། དགེ་འདུན་གྱི་སྡེ་གཉིས་སུ་འགྱུར་རམ། དབྱེ་བར་གྱུར་ན་ཉེས་པ་མེད། མདོ་ངན། བདེ་དང་མེ་དང་དང་བ་དང༌། །བསྙེན་པར་མ་རྫོགས་ཆོས་སྨྲ་དང༌། །དགེ་སྤྱོད་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཡང་དགེ་སློང་གང་དགེ་སློང་འདི་ཅི་ནས་ཀྱང༌། དགེ་སློང་འདི་ཟན་གཅོད་དོ་སྙམ་ནས་ཟན་གཅང་བར་བསམས་ཏེ། རྐྱེན་དེ་ཉིད་ཀྱིས་ཚེ་དང་ལྡན་པ་ཚུར་ཤོག །ཁྱིམ་བདག་ཏུའོ། །དེ་ཁྱེད་ལ་བཅའ་བ་དང་བཟའ་བ་འགྲངས་ཀྱི་བར་དུ་སྦྱིན་དུ་གཞུག་


DTG154_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཞེས་དེ་སྐད་སྨྲས་ལ། དེས་དེ་ལ་སྦྱིན་དུ་མ་བཅུག་གི །དེའི་འོག་ཏུ་ཚེ་དང་ལྡན་པ་དག་ཁྱོད་སོང་ཞིག །ཁྱོད་དང་ལྷན་ཅིག་འདུག་གམ། གཏམ་ཟེར་བ་ང་ལ་བདེན་པ་གྱིས་གཅིག་ཏུ་འདུག་གམ་སྨྲ་ན་བདེན་ནོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་སྔོན་གྱི་ཁོ་ན་མ་བཏང་ནས། དགེ་སློང་ཆོས་ཅན་ལ་ཟན་སྦྱིན་པར་བྱས་ཏེ་ཁྲིད་ནས་གདུགས་ཚོད་ལ་མ་བབ་ཀྱི་བར་དུ་ནི་ཚོང་འདུས་སུ་ལྟང་མོ་བལྟས། དེ་ནས་ཟན་བཟའ་རན་ནས་གྲོང་དུ་ཁྲིད་དེ་སྦྱིན་བདག་གི་སྒོར་ཁྲིད་ནས་ཉེ་དགའ་བོས་སྨྲས་པ། དགེ་སློང་ཆོས་ཅན་ཁྱོད་དང་མཐུན་པ་མ་ཡིན་གྱི་ཕྱིར་སོང་ཤིག་ང་ནི་གཅིག་ཏུ་ན་བདེའོ་ཞེས་བྱས་ཏེ། ཆོས་ཅན་སྨྱུང་བར་གྱུར་ནས་དགེ་བ་སྤྱོད་དུས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་ཟན་གཅད་དམ་གཅོད་དུ་བཅུག་ན་ལྟུང་བར་འགྱུར། སྨན་པའི་དཔྱད་དང་ན་བའི་ཆེད་ལ་བཅད་ན་ཉེས་པ་མེད། ཡི་གེའི་གཉེར་ལ་གཞན་ནི་བརྡ་འཕྲད་པར་ཟད་དོ།། འདུག་གམ་ཞེས་པ་ནི་བསམ་གཏན་བྱེད་པའི་དོན། གཏམ་ཟེར་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་བརྗོད་པ། བདེ་བ་མེད་ཅེས་བྱ་བ་ནི་དགེ་སློང་དེ་དང་འགྲོགས་ན་ཡིད་མི་བདེ་བ་ལ་བྱའོ། །ཡང་དགེ་སློང་མིན་པར་བདག་མི་བཞུགས་པའི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་བ་ན་བཞུགས་པའི་ཚེ། དགེ་སློང་གིས་དགོན་གནས་མལ་བགོས་ནས། དྲུག་སྡེ་རྣམས་ཤིང་སྐམ་པོ་ཞིག་གི་དྲུང་དུ་བབས་ཏེ་དེ་དག་གྲང་བས་ཤིང་བསྲེགས་པ་དང་དེའི་ནང་ནས་སྦྲུལ་གདུག་པ་ཅན་ཞིག་བྱུང་བར་མཐོང་ནས་དྲུག་སྡེ་སྐྲག་སྟེ་སྒྲ་ཆེན་པོ་བྱུང་ནས་འགྲོན་པོ་རྣམས་སེང་གེ་བྱུང་སྙམ་ནས་ཕྱོགས་བཞིར་བྲོས་སོ། །དེ་ནས་དུས་གཞན་ཞིག་ན་སངས་རྒྱས་རྒྱལ་བོའི་ཁབ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་མེ་སྒྲོན་ཐོགས་ཏེ། ཉི་ཟླ་ལྟ་བུའི་མེའི་དཀྱིལ་འཁོར་གྱིས་རྩེ་བར་བྱེད་ན་མུ་སྟེགས་ཅན་གྱིས་དཔྱས་པ་ལས་བཅས། མེས་བུས་སམ་གསང་ན་ལྟུང་བ། མགལ་བ་བཅུག་མ་ཕྱུང་བ་དང་བདག་བྲུས་སམ་བསྡུས་ན་ལྟུང་བ། མེ་མུར་ལ་རེག་པ་དང༌། མེར་སྐྲ་འམ་སྤུ་འམ་སེན་མོ་བོར་ན་ཉེས་བྱས་སུ་འགྱུར། བདག་བསྲོ་བའི་ཕྱིར་མ་ཡིན་གྱི། དགེ་སློང་བསྲོ་བའི་ཕྱིར་དང་འབྲེལ་བའི་ལས་བྱས་པའི་ཕྱིར་དང༌། ན་བའི་ཕྱིར་བུས་ན་ཉེས་པ་མེད། ཡང་དགེ་སློང་གིས་བྱ་བ་ཆོས་བཞིན་དུ་བྱེད་པ་ལ། དགེ་སློང་དད་པ་བྱིན་


DTG154_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་ཏེ། ཡིད་མི་དགའ་བར་གྱུར་ནས་དཀྲུགས་པའི་ཆོས་སུ་བྱེད་དེ། དགེ་སློང་དད་པ་སླར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་ལ་ལ་ནི་དགྲ་བཅོམ་པར་གྱུར། ལ་ལ་ནི་དུས་ལས་འདས་ཏེ། དགའ་བོ་དང་ཉེ་དགའ་བོ་སྤུན་གཉིས་ལུས་པ་དགེ་འདུན་གྱི་ནང་ན་འདུག་གོ །དེའི་ཚེ་བཅུ་བདུན་སྡེ་དང་སྟེ་སྔོན་ཉེ་དགའ་བོས་བརྡེགས་པའི་འཁོན་མ་བཏང་ནས་ཉེ་དགའ་བོ་སྤང་བར་བྱས་སོ། །དེ་ནས་གནས་བརྟན་དགའ་བོ་དགེ་འདུན་གྱི་ལས་ཤིག་བྱེད་ཀྱིས་དད་པ་སྩལ་དུ་གསོལ་ཞེས་བྱས་ནས་དེས་ཀྱང་དད་པ་ཕུལ་བའི་འོག་ཏུ་ཉེ་དགའ་བོས་སྤང་བའི་ལས་བྱས་ན་ཉེ་དགའ་བོ་ངུ་བཞིན་དུ་ཕུ་བོ་དགའ་བོའི་གན་དུ་སོང་ངོ༌། །དེ་ནས་དགའ་བོ་ཁྲོས་ཏེ་ངའི་ནུ་བོ་སྤང་བར་བྱ་བར་མ་ཤེས་ཀྱིས་དད་པ་མི་སྤྱིན་ནོ་ཞེས་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་འདུན་གྱི་ལས་བྱེད་པ་གང་ཡང་རུང་བ་ལ། སྔར་དད་པ་བྱིན་པ་ལས་ཕྱིས་མ་དད་ཅེས་བྱས་ན་ལྟུང་བར་འགྱུར་རོ། །ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཁྱིམ་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དེ་ན་དགེ་འདུན་གྱི་ལས་བྱེད་ཁྱིམ་བདག་དང་བྲམ་ཟེ་ལ་ནི་ནམ་ཆད་ཆད་སྟོན་ཏོ། །དེ་ནས་ཁང་མོའི་ནང་དུ་མར་མེ་འབར་བཞིན་དུ་དགེ་སློང་དང་ཁྱིམ་པ་ལྷན་ཅིག་ཏུ་ཉལ་བ་ལས་དེ་ན་དགེ་སློང་རྒན་ཞུགས་དྲན་པ་ཉམས་པ་ཞིག་ཉལ་བ་དེ་སྔོན་ཆུང་མ་དང་ཇི་ལྟར་སྤྱོད་པ་དེ་རྨིས་ནས་བརྡོལ་ཏེ་ཚིག་མི་སྙན་པ་ཞིག་སྨྲས་པ་ཁྱིམ་པས་ཐོས་ནས་དེ་དག་གིས་རྒན་པོ་འདི་ཡང་འདི་འདྲ་བར་བྱེད་ན་གཞོན་ནུ་དག་ཅི་འདྲ་བར་བྱེད་ཅེས་དཔྱས་པ་ལས་བཅས། དེའི་འོག་ཏུ་ཉེ་དགའ་བོ་དག་དགེ་ཚུལ་ཚེར་མ་ཅན་དང་མཆོད་བྱེད་གཉིས་ལྷན་ཅིག་ཏུ་ཉལ་བ། དགེ་སློང་གཞན་གྱིས་སྒོ་ནས་དེས་སྨྲས་བ་ཅི་ངས་ཆང་འཐུངས་སམ་སྒོག་པ་ཟོས་ཞེས་བྱས་པ་ལ་དོན་ཉུང་པའི་དགེ་སློང་གིས་དཔྱས་པ་ལས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་མ་ཉལ་ཅིག་པར་བཅས། དེ་ནས་དགེ་སྦྱོང་རཱ་ཧུ་ལ་སྒྲ་གཅན་འཛིན་གནས་ཁང་མ་ཐོབ་ནས་སངས་རྒྱས་ཀྱི་ཞབས་སྟེགས་ཀྱི་དྲུང་དུ་ཉལ་བའི་ནུབ་མོ་སྦྲུལ་གདུག་པས་ཟིན་ལ་ཐུག་པར་མཁྱེན་ནས། དགེ་སྤྱོད་དེ་མ་སད་པར་


DTG154_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་བླངས་ཏེ་གཟིམས་མལ་དུ་བསྙལ་ལོ། །དེ་ནས་ནམ་ལངས་པ་དང་དགེ་སྦྱོང་གི་ཕ་མའི་སྒོ་ནས་དགེ་སློང་ཡིན་གྱིས་ཞག་གཉིས་ཚུན་ཆད་ཉལ་དུ་རུང་ངོ་ཞེས་བྱུང་བ་ལས་བཅས། དེ་ནས་ཉེ་དགའ་བོ་དགེ་སློང་དང་ལྷན་ཅིག་ཞག་གཉིས་ལས་འདས་པར་ཉལ་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། བླ་གབ་ཀྱང་གཅིག་ཕྱི་སྒོ་ཡང་གཅིག་ན་མི་རུང༌། བླ་གབ་གཅིག་ཀྱང་སྒོ་སོ་སོར་ལྟ་ན་ཉེས་པ་མེད། བླ་གབ་མེད་ཕྱི་སྒོ་གཅིག་ཀྱང་རུང་དགེ་སློང་ཉལ་བའི་རྩིག་པའི་རྒྱབ་ནས་འདོམ་གང་ཚུན་ཆད་དུ་ནི་མཚམས་སོ། །དབྱེ་ལ་ཉལ་ན་འདོམ་གང་ཚུན་ཚད་དགེ་སྦྱོང་དང་སྐྱ་བོ་བསྙལ་དུ་མི་རུང༌། ཡང་དགེ་སློང་གང་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་ཟེར་ན་དགེ་སློང་དེ་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ༌། །ཚེ་དང་ལྡན་པ་པར་དུ་གཅོད་པའི་ཆོས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་རོ། །ཚེ་དང་ལྡན་པ་ཁྱོད་འདི་འདྲ་བའི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་ཐོང་ཤིག །དགོ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་ནས། གལ་ཏེ་དེ་མི་གཏོང་ན་དངོས་པོ་དེ་སྤང་བའི་ཕྱིར་ན་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱའོ། །ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟེན་ནས་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས་གལ་ཏེ་མི་གཏོང་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དེ་ནས་བོང་རྫི་ལས་རབ་ཏུ་བྱུང་བའི་དགེ་སློང༌། ཨ་རི་ཏ་ཞེས་བྱ་བ་དེས་ཕས་ཕམ་པ་ནས་མང་པོ་བསླབ་པའི་བར་དུ་བསྟེན་ཀྱང་བར་དུ་གཅོད་པར་མི་


DTG154_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་བྱས་ནས་དགེ་འདུན་གྱིས་ལན་གསུམ་གྱི་བར་དུ་བསྒོ་སྟེ་མ་མཉན་པ་ལས་བཅས། དེ་ལྟར་གྱུར་བའི་དགེ་སློང་དེས་ལྟུང་བ་མ་བཤགས་པར་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་ནང་དུ་ཞུགས་ན། འཇུག་དགུར་ཉེས་བྱས་རེ་རེར་འགྱུར། དགེ་འདུན་མ་ཚོགས་པས་ཆོས་བཞིན་བསྒོ་བ་དང༌། ཚོགས་ཀྱང་ཆོས་མ་ཡིན་པས་བསྒོ་ན་ལྟུང་བ་མེད་དོ། །ཐོག་མ་ལན་གཅིག་ཚིག་འཇམ་པོས་བསྒོ་བ་དང༌། དགེ་འདུན་ཚོགས་ཏེ་ཆོས་བཞིན་ལན་གསུམ་བསྒོ་སྟེ་མཉན་ན་ཉེས་བྱས་བཞི་དང་ལྟུང་བ་གཅིག་འབྱུང་བར་འགྱུར། དེ་ལྟར་གྱུར་པའི་དགེ་སློང་དེས་ལྟུང་བ་མ་བཤགས་ཀྱི་བར་དུ་དགེ་སློང་སུ་དང་ཡང་མི་བསྐྲད་པར་ལྐོག་བུར་གཞག་གོ །དགེ་སློང་གང་དེ་སྐད་སྨྲས་པའི་དགེ་སློང་གང་ཟག་ཆོས་བཞིན་དུ་མ་བྱས་པ་དང༌། སྡིག་པ་ཅན་གྱི་ལྟ་བར་གྱུར་བ་མ་སྤངས་པར་ཤེས་པ་སྨྲ་ཀུན་དུ་སྨྲ་གནས་པར་བྱེད་སྤྱོད་པར་བྱེད་ཅིང་དེ་དང་ཁྱིམ་གཅིག་གི་ནང་ན་ཉལ་ན་ལྟུང་བ་ལ་སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཨ་རི་ཏ་སྤང་པའི་ལས་བྱས་པ་དེ་ངུ་ཞིང་ཉེ་དགའ་བོའི་དྲུང་དུ་སོང་བ་དང༌། ཉེ་དགའ་བོས་འདུག་ཤིག་དང་བཟོད་པར་བྱའོ་ཞེས་སྨྲས་ཏེ་དེ་དང་ལྷན་ཅིག་འགྲོགས་ལྷན་ཅིག་ཉལ་ཀུན་དུ་སྤྱོད་པར་བྱེད་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་ཆད་པས་བཅད་དེ་སྤངས་པ་དེ་དང་གཏམ་བྱས་སམ་གཏམ་མང་པོ་བྱས་སམ་ལྷན་ཅིག་ཏུ་གནས་སམ་ལྷན་ཅིག་ཏུ་གནས་སྤྱོད་དམ་ཁང་པ་གཅིག་གི་ནང་དུ་ཉལ་ན་ལྟུང་བ་རེ་རེར་འགྱུར། ན་འམ་སྡིག་པ་ལས་ཟློག་པའི་ཕྱིར་ན་ནི་ཉེས་པ་མེད་དོ། །ཡང་དགེ་སློང་སུ་ཡང་འདི་སྐད་དུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པའོ་ཞེས་གསུངས་པའོ། །དེ་དག་གང་ཡིན་པ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན་དགེ་ཚུལ་དེ་ལ་དགེ་འདུན་རྣམས་ཀྱིས་དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་བས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་


DTG154_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་མི་གསུང་ངོ༌། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པའི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་དགེ་ཚུལ་ཁྱོད་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བར་གྱུར་བ་ཐོང་ཤིག་ཅེས་དེ་བསྒོ་ཤིག །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་བ་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་དག་གིས་དེང་ཕན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པ་ཞེས་མ་ཟེར་ཅིག །ཚངས་པར་སྤྱོད་པ་མཁས་པ་བླ་མ་གང་གི་ཕྱི་བཞིན་དུའང་མ་འགྲོ་ཤིག་དགེ་སློང་དང་དགེ་ཚུལ་ཞག་གཉིས་གྱི་བར་དུ་གནས་ཁང་གཅིག་གི་ནང་དུ་ཉལ་དུ་དབང་བ་དེ་ཡང་དེང་ཕན་ཆད་ཁྱོད་ལ་མེད་དོ། །སྐྱེས་བུ་བླུན་པོ་ཁྱོད་མིག་ལམ་ན་མི་སྣང་བར་བྱས་ཀྱིས་པར་སོང་ཤིག་ཅེས་བསྒོ་ཤིག །ཡང་དགེ་སློང་དེ་ལྟར་དགེ་ཚུལ་མིག་ལམ་ན་མི་སྣང་བར་བྱས་པ་ཤེས་བཞིན་དུ་གནས་བྱིན་ནམ་དེ་དང་ཁྱིམ་གཅིག་གི་ནང་དུ་ཉལ་བར་བྱེད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོ་ལ་དགེ་ཚུལ་ཚེར་མ་ཅན་དང་མཆོད་ཅེས་བྱ་བ་གཉིས་ཡོད་པ་ལས། འདོད་ཆགས་མ་བྲལ་བའི་དགེ་སློང་རྣམས་མཐོ་ཉོག་རྩེ། གད་རྒྱངས་བྱེད། དྲེགས་ཤིང་རྒྱུག་པ་ནི་ལུས་འཚོག་པར་བྱེད་པ་ལས། དེའི་འོག་ཏུ་དེ་དག་གིས་ལྟུང་བ་བཤགས་ཤིང་བརྩོན་འགྲུས་སྤྱད་པ་ལས་དགྲ་བཅོམ་པར་གྱུར་ཏེ། རྫུ་འཕྲུལ་གྱིས་མཁའ་ལ་འདོད་པ་དགེ་ཚུལ་དེ་གཉིས་ཀྱིས་མཐོང་ནས་སྔོན་བདག་ཅག་དང་འདོད་ཆགས་ཀྱི་དབང་གིས་རྩེ་མོ་སྣ་ཚོགས་བྱས་པ་ཡང་དེ་ལྟར་གྱུར་བས། འདོད་པ་ནི་བར་དུ་གཅོད་པར་མི་འགྱུར་སྙམ་ནས་སངས་རྒྱས་ཀྱིས་འདོད་པ་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་དེ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་ནས་དགེ་འདུན་གྱིས་ལན་གསུམ་གྱི་བར་དུ་བསྒོ་སྟེ། ཡང་མ་མཉན་ནས་མིག་ལམ་ན་མི་སྣང་བའི་ཆད་པས་


DTG154_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ། ལྐོག་བུར་གཞག་པ་དེ་གཉིས་ངུ་ཞིང་ཉེ་དགའ་བོའི་གན་དུ་སོང་ནས། དེ་གཉིས་གནས་བྱིན་ཞིང་ལྷན་ཅིག་སྤྱོད་པ་ལས། དེ་ལྟ་བུར་གྱུར་བའི་དགེ་སློང་ལ་གནས་ཤིང་གཏམ་བྱས་སམ་ལྷན་ཅིག་ཏུ་ཉལ་ན་ལྟུང་བ་རེ་རེར་འགྱུར། མི་དགེ་བ་ལས་ཟློག་པ་དང་ན་བ་ལ་ཉེས་པ་མེད་དོ། །དགེ་སློང་གིས་གོ་གསར་པ་ཞིག་རྙེད་ན་སྔོན་པོའམ་དམར་པོ་འམ་དུར་སྨིག་གམ་ཁ་དོག་རྣམ་པ་གསུམ་ལས་གང་ཡང་རུང་བ་ཅིག་ཏུ་བསྒྱུར་ཅིག །གལ་ཏེ་དགེ་སློང་གིས་སྔོན་པོ་འམ། དམར་པོ་འམ། དུར་སྨྲིག་གམ། ཁ་དོག་གསུམ་གང་ཡང་རུང་བ་ཞིག་ཏུ་གོས་ཁ་དོག་མ་བསྒྱུར་བར་སྤྱོད་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཡུལ་དེ་ན་རོལ་མོ་མཁན་རོལ་མོ་ལ་འཚོ་བ་ལྟོས་པ་དག་གིས་ཀླུའི་རྒྱལ་པོ་རི་བོ་དགའ་སྐྱེད་གཉིས་ལ་མཆོད་པའི་ཕྱིར། སངས་རྒྱས་ལྷ་ལས་བབས་པ་མངོན་པར་བྱང་ཆུབ་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀེའུ་ར་བྱ་ཞེས་བྱ་བའི་གར་ཐབས་འགྲོ་བ་མང་པོའི་མདུན་དུ་བྱས་ནས་དྲུག་སྡེ་རྣམས་ཀྱིས་ཀྱང་རྒྱལ་པོའི་འཁོར་ནས་གོས་དང་རྒྱན་བརྙས་ཏེ། མང་པོ་འདུས་པའི་དྲུང་དུ་རོལ་མོ་སྣ་ཚོགས་བྱས་པ་དང༌། དེ་དག་མཁས་ཁྱད་ལྷའི་གར་ཐབས་དང་རོལ་མོ་བཞིན་པས་འགྲོ་བ་མང་པོ་ཡང་དེར་འདུས་ཏེ་མཚར་དུ་འཛིན་ཏོ། །དེ་ནས་དྲུག་སྡེ་འོད་མའི་ཚལ་དུ་སོང་ནས་གོས་དེ་ཁྲུས་བྱས་ནས། སྒོར་བྱུང་བའི་ཁ་གདོང་ཚོན་གྱིས་བྲིས་པ་མ་བྱིད་པ། རོལ་མོ་མཁན་སྔ་མ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་འཚོ་བ་ནི་རོལ་མོ་མཁན་ལ་ལྟོས་པ་ཡིན་ན་འཕགས་པ་བཟོད་པ་བཞེས་ཏེ་སླན་ཆད་མི་མཛད་པར་ཅིས་གནང་ཞེས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཁྱེད་ཀྱིས་ཅི་རྙེད་པ་ཐམས་ཅད་དེ་ལ་ཕུལ་ཅིག་དང༌། གདོད་བཟོད་པར་བྱའོ་ཞེས་བྱས་ནས་ཤཱཀྱའི་བུས་ཅི་རོལ་མོ་མཁན་ལ་ཡང་ནོར་འབེབས་པར་འགྱུར་རོ་ཞེས་དཔྱས་པར་གྱུར་པ་ལས་བཅས། དགེ་སློང་གིས་གོས་སར་པ་ཁ་དོག་མ་བསྒྱུར་བར་གྱོན་ཏམ་འཚང་ན་ཆུང་ངུ་ལྷུང་བཟེད་དག་བ་པ་ཙམ་ན་ཡང་ལྟུང་བར་འགྱུར་རོ། །ནམ་གྱོན་དགུར་ལྟུང་བ་རེ་རེ། ཚོན་མ་བརྟགས་པ་ལྟ་བུར་གྱོན་དགུར་ཉེས་བྱས་རེ་རེར་འགྱུར། ཚོན་ཆེན་པོ་བརྒྱད་ལ། རྒྱ་སྐྱེགས། བཙོད། མཚལ། གུར་ཀུམ། མཐིང་ཤིང༌། ལི་ཁྲི། རྨ་


DTG154_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། ལེ་བརྒན་རྩི་འདི་རྣམས་ནི་མ་བརྟགས་པའི་ཚོན་ཡིན་ནོ། །ཡང་དགེ་སློང་གང་རིན་པོ་ཆེ་འམ། རིན་པོ་ཆེ་ལྟ་བུ་ལག་གིས་རེག་གམ་ལེན་དུ་བཅུག་ན་ལྟུང་བའོ། །ཀུན་དགའ་ར་བའི་ནང་ན་འདུག་པ་འམ་གནས་ཁང་གི་ནང་ན་འདུག་པ་ནི་མ་གཏོགས་སོ། །ཀུན་དགའ་ར་བའི་ནང་ན་འདུག་པ་འམ་གནས་ཁང་གི་ནང་ན་རིན་པོ་ཆེ་འམ་རིན་པོ་ཆེ་ལྟ་བུ་བྱེད་ན་དགེ་སློང་གིས་འདི་སུ་ཡིན་པ་དེ་ལེན་གྲང་སྙམ་དུ་ལོང་ལ་སོང་ཤིག །དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་མཉན་དུ་ཡོང་བ་ན་བཞུགས་པའི་ཚེ། དགེ་སློང་འཆར་བ་བསོད་སྙོམས་ལ་ཞུགས་པས་བྲམ་ཟེའི་བུ་རྩལ་སློབ་པ་མཐོང་ནས་དེ་དག་གི་ཐད་དུ་སོང་ནས། འཕོང་སློབ་པའི་སློབ་དཔོན་གྱིས་འཕགས་པ་འཆར་བས་གདོང་བསྙེར་ནས་མདའ་གཞུ་བླངས་ཏེ་འཕངས་སོ། །དེ་ནས་སློབ་མ་དག་གིས་སྨྲས་པ། བཙུན་པ་འཆར་བ་ལྟ་བུའི་འཕོང་རྩལ་ནི་གཞན་གྱི་བརྗོད་དུའང་མི་རུང་ངོ་ཞེས་བྱས་ནས། སློབ་མ་ཁ་ཅིག་གིས་འཆར་བ་ལ་སློབ་པར་གསོལ་ནས། འཆར་པས་རྔན་པ་ནོར་འབུལ་དུ་བཅུག་སྟེ་བསླབས་སོ། །དེ་ནས་ཁྱིམ་བདག་གིས་ཤཱཀྱའི་བུ་དགེ་སློང་གིས་རྩལ་དང་རོལ་མོ་སློབ་པ་ལ་ཡང་དགའ་འབེབས་སོ་ཞེས་དཔྱས་ཟེར་བ་ལ་བཅས། དེའི་འོག་ཏུ་སངས་རྒྱས་ཡངས་པ་ཅན་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་ཀྱིས་པི་ཝང་དགུ་པོ་རྒྱུད་མངས་དང་རྔ་མོ་ཆེ་ལ་སོགས་པ་བརྡུངས་ཤིང་དཀྲོལ་ནས་ཡུལ་ཡངས་པ་ཅན་གྱི་ལི་ཙྪ་བཱི་རྣམས་ཀྱིས་ཐོས་ནས་རབ་ཏུ་སྐྲག་སྟེ། གོ་བསྒོས་ནས་རྒྱལ་པོ་མ་སྐྱས་དགྲའི་དམག་རྒོལ་བའི་སྒྲ་གྲག་གོ་ཞེས་བྱས་པ་དང༌། དྲུག་སྡེ་རྣམས་ཀྱིས་ངེད་ཀྱི་རྩེད་མོ་བྱས་པ་ཡིན་ནོ་ཞེས་བྱས་ནས། གཞན་གྱིས་དཔྱས་པ་ལས་བཅས། མཚོན་ཆ་དང་རོལ་མོའི་ཆ་བྱད་སྤྱད་དུ་རུང་བ་ལ་རེག་ན་ལྟུང༌། སྤྱད་དུ་མི་རུང་བ་ལ་རེག་ན་ཉེས་བྱས་སུ་འགྱུར། དེ་ལ་རིན་པོ་ཆེ་ནི་རྣམ་པ་གཉིས་ཏེ། བདོག་ན་དགའ་བ་དང་དཀོན་པའོ། །རིན་པོ་ཆེ་ཡོན་ཏན་དང་ལྡན་པ་ནི་རྙེད་དཀའ་བ་རོལ་མོའི་ཆ་བྱད་དང༌། མཚོན་ཆ་ནི་བདོག་ན་དགའ་བའོ། །ཀུན་དགའ་ར་བའི་ནང་ན་རིན་པོ་ཆེ་འདུག་པ་བླང་དུ་རུང་བ་ནི། སྔོན་སངས་རྒྱས་ཡངས་པ་ཅན་ན་བཞུགས་པའི་ཚེ། རི་དགས་དགྲའི་མས་ག་ཞེས་བྱ་བ་སངས་རྒྱས་ལ་སོང་བ་ལས། ཀུན་དགའ་ར་བའི་སྒོར་ཕྱིན་ནས་ངོ་ཚ་སྟེ། མེ་ཏོག་གིས་ཤིང་དྲུང་བཅིངས་ཏེ་


DTG154_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས། བུ་བོ་གཅིག་བསྲུང་དུ་བཅུག་པ་དེ་མེ་ཏོག་འཐུར་སོང་བའི་འོག་ཏུ་ཀུན་དགའ་བོས་རྒྱན་དེ་དག་མཐོང་ནས་སྟོར་གྱིས་དོགས་ནས་སྦས་ཏེ། ཕྱིས་དགེ་བསྙེན་མ་ས་གས་ཕྱིར་བྱིན་པ་ལྟ་བུའོ། །ཀུན་དགའ་ར་བའི་ནང་ན་ཡང་རུང༌། ཕྱི་རོལ་ཀྱང་རུང་སྟེ། མཚམས་སུ་ཆུད་པའི་ནང་དུ་རིན་པོ་ཆེ་དང་རིན་པོ་ཆེར་གཏོགས་པ་ཞིག་རྙེད་ན་བླངས་ཏེ་གཙུག་ལག་ཁང་གི་རྒྱུད་དག་ལ་གདགས་སོ། །ནོར་བུ་སྦྱངས་པ་ལ་རེག་ན་ལྟུང་བ། མ་སྦྱངས་པ་ལ་རེག་ན་ཉེས་བྱས། སྐུ་གཟུགས་རིང་བསྲེལ་དང་བཅས་པ་བླངས་ན་ལྟུང་བ། རིང་བསྲེལ་མེད་པ་བླངས་ན་ཉེས་བྱས། སྟོན་པར་འདུ་ཤེས་པར་སྐྱེད་དེ་བླངས་ན་ཉེས་པ་མེད། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། དེ་དང་འགལ་བར་བྱས་ན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ། དཔྱིད་སྨད་ཀྱི་ཟླ་ཕྱེད་གཉིས་དང༌། དབྱར་གྱི་དང་པོ་དང༌། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་རབ་ཏུ་ཚ་བའི་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་འབབ་པ་དུས་སོ། །རྫི་ཆར་འབབ་པའི་དུས་དེ་དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་རྒྱལ་བོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆུ་དྲོན་གཉིས་ཡོད་དོ། །གཅིག་ཏུ་ནི་བདག་འཁྲུ། གཅིག་ཏུ་ནི་བཙུན་མོ་འཁོར་འཁྲུ་ཞིང་འདུག་པ་ལས་རྒྱལ་པོས་བསམས་པ། བདག་གིས་སངས་རྒྱས་འཁོར་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཀྱིས་ཆུ་དྲོན་འདིའང་དབུལ་ལོ་སྙམ་དུ་བསམས་ནས། རྒྱལ་པོས་བསམས་པ་བདག་འཁྲུ་བར་ནི་འཕགས་པ་དག་ཁྲུས་མཛོད་ཅིག་ཅེས་བྱས་པའི་འོག་ཏུ། དྲུག་སྡེ་རྣམས་རྒྱལ་པོའི་ཁྲུས་ཁང་དུ་ཞུགས་པའི་ཚེ། རྒྱལ་པོ་ཁྲུས་ལ་འོངས་པ་མཐོང་ནས། དྲུག་སྡེས་ཀྱལ་ཀ་བྱ་བའི་ཕྱིར་ཆུའི་ནང་ན་རྩེ་ཞིང་འདུག་པས་རྒྱལ་པོའང་སྡོད་ངས་ནས་དེ་དག་གིས་ང་སྡོད་དུ་གཞུག་པར་ཀྱལ་ཀ་བྱེད་ཀྱིས་ཆུས་འོན་ཅིག་ཅེས་བྱས་ནས་སྤྱི་བླུགས་སུ་བཀྲུས་ཏེ། རྒྱལ་པོས་ཅུང་ཟད་དཔྱས་པ་ལས་བཅས། ཟླ་བ་ཕྱེད་ཕྱེད་ལས་སྔར་འཁྲུ་ན་ལྟུང་བའོ། །བླུགས་ཆུས་ཁྲུས་བྱེད་ན་དུས་ལ་བབ་བོ་སྙམ་དུ་བསམས་ཏེ། བཀྲུ་དེ་ལྟར་མ་བྱས་ན་ལྟུང་བར་འགྱུར། ཆུའི་ནང་དུ་འཁྲུ་བ་ནི་ལྟེ་བ་ཁུང་མན་ཆད་ནུབ་ན་ཉེས་བྱས། དེ་ལས་འདས་ན་ལྟུང་བ། དེ་ལ་དུས་


DTG154_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་འཁྲུར་དབང་བ་ནི་དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དུ་ནི་རབ་ཏུ་ཚ་བའི་དུས་ཡིན་པས་འཁྲུར་དབང་ངོ༌། །ན་བ་དུས་ནི་ཇ་ནི་རུང་སྟེ། ཆུང་དུ་ཆམ་པ་ཡན་ཆད། ལས་དུས་ནི་ཆུང་དུ་ཕྱག་དར་རེ་ལྡེ་ཙམ་ཡན་ཆད་དོ། །རླུང་དུས་ནི་གཤིའི་མཐའ་མ་ལོག་པ་ཙམ་མོ། །ཆར་བབ་པའི་དུས་ནི་ལུས་ལ་ཐིགས་པ་གཉིས་སམ་གསུམ་ཕོག་པ་ཡན་ཆད་འདི་རྣམས་ལྟར་རྐྱེན་བྱུང་ན་ཡང་འཁྲུར་དབང་ངོ༌། །མདོར་ན། བྱོལ་སོང་འགྱོད་པ་མཛུབ་མོ་དང༌། །རྩེ་དང་ལྷན་ཅིག་སྡངས་བྱེད་དང༌། །སྦེད་དང་གདེང་མེད་རྩ་བ་མེད། །སྐྱེས་པ་མེད་དང་ལམ་འགྲོ་བའོ། །ཡང་དགེ་སློང་གིས་ཆེད་དུ་བསམས་ཏེ། བྱོལ་སོང་གི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་བསད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བ་ཡུལ་རྒྱུར་སོང་ཏེ་འཕོང་སློབ་པའི་སར་ཕྱིན་ནས་བྱིས་པ་རྣམས་ཀྱིས་འཕངས་པ་ལ་མ་མགུ་སྟེ། གདོང་བསྙེར་ནས་མདའ་གཞུ་བླངས་ཏེ། ན་མ་མཁའ་ལ་བྱ་རོག་འཕུར་བའི་རྐུབ་ཏུ་ཕོག་ནས་ཁར་དབྱུང་ངོ༌། །དེ་ནས་དེའི་ནུབ་མོ་བྱིས་པས་སློབ་དཔོན་གྱི་མདུན་དུ་གཏམ་བྱས་ནས་སློབ་དཔོན་གྱིས་བསྟན་ཏེ། བྱ་རོག་གི་རོ་འོད་མ་རིང་བོའི་ཁར་བཏགས་ནས་དགེ་སློང་འཆར་བ་བསོད་སྙོམས་ལེན་དགུར་འཆར་བས་དེ་ལྟ་བུས་བསྒྲུབས་སོ་ཞེས་བྱས་ཏེ། ཕྱི་བཞིན་དུ་འབྲངས་ནས་དགེ་སློང་སྲོག་གཅོད་དོ་ཞེས་འཆར་བ་ལ་དཔྱས་པ་ལས་བཅས། ཆེད་དུ་བསམས་ཏེ་བྱོལ་སོང་བསད་ན། ཆུང་དུ་ན་ཁྲེ་འབྲས་འཕངས་ཏེ་བསད་ཀྱང་ལྟུང་བར་འགྱུར་རོ། །བཤམ་པ་ལས་མ་ཤི་ན་ཉེས་བྱས། ཉོན་མོངས་པ་ནི་སྙིང་རྗེ་མེད་པའོ། །ཡང་དགེ་སློང་གང་གིས་ཆེད་དུ་བསམས་ཏེ། ཇི་ནས་ཀྱང་དགེ་སློང་འདི་ལ་འདི་སྐད་ཅེས་བྱའོ་སྙམ་ནས། རྐྱེན་དེ་ཉིད་ཀྱིས་དགེ་སློང་ལ་འགྱོད་པ་སྐྱེས་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། མཽད་གལ་གྱི་བུས་བཅུ་བདུན་སྡེ་བྱིས་པ་རྣམས་བསྙེན་པར་རྫོགས་པར་བྱས་པའི་འོག་ཏུ། དགེ་སློང་འཆར་བས་བཅུ་བདུན་སྡེ་ལས་བྱེད་དུ་བཅུག་པ་ལས་དེ་དག་མ་བཏུབ་ནས། དེའི་འཁོན་གྱིས་ཁྱེད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པས་དགེ་སློང་གི་དངོས་པོ་མེད་དོ་ཞེས་བྱས་ནས། བདག་གི་འགྱོད་པ་དང་མི་དགའ་བ་སྐྱེས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་ལ་ལྷག་མ་མན་གྱི་ལྟུང་བ་བྱུང་དོགས་


DTG154_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་བྱས་སམ་དགེ་སློང་གི་དངོས་པོ་མེད་དོ་ཞེས་བྱས་ན་ལྟུང་བར་འགྱུར། དགེ་སློང་གིས་འགྱོད་པ་སྐྱེས་ན་ཉེས་བྱས། དགེ་སློང་ལ་ལྟུང་བ་མན་ཆད་ཀྱི་ཐེ་ཚོམ་སྐྱེས་ན་ཉེས་བྱས། དེའི་ཉོན་མོངས་པ་ནི་ཉེ་བར་མ་ཞི་བའོ། །མཛུབ་མོས་ག་ག་ཚིལ་བྱེད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བཅུ་བདུན་སྡེ་རྣམས་གང་ཟག་གི་ལས་རེས་གང་ལ་བབ་ཀྱང་རུང་སྟེ། གཞན་གྱིས་ཀྱང་རྟག་ཏུ་གཏོང་བ་ལས། དེ་དག་གཅིག་ལ་ཁང་སྐྱོང་གི་རེས་བབ་ནས་ནུབ་གཅིག་མཚན་ཐོག་ཐག་ཏུ་ཆོས་བཤད་པས་གཞན་སུས་ཀྱང་མ་བཏང་བར་ཁང་སྐྱོང་གཅིག་པུ་ལས་བྱས་ནས། དེ་མི་དགར་དོགས་ཏེ་གཞན་རྣམས་བཟོད་པར་གསོལ་བ་དེའི་ཐད་དུ་སོང་ནས། བཟོད་པར་བྱོས་ཤིག་ཅེས་བྱས་པས་དེ་ཅང་མི་ཟེར་བར་འདུག་གོ །དེ་ནས་ཁོས་ག་ག་ཚིལ་བྱས་ནས་དེས་བགད་པ་དང་གཞན་རྣམས་ཀྱིས་ཀྱང་ཐབས་དེ་བཟང་ངོ་ཞེས་བྱས་ཏེ། ཐམས་ཅད་ཀྱིས་ཀྱང་ག་ག་ཚིལ་བྱས་ནས། དེ་དགོད་དགོད་ནས་རླུང་གིས་བཙུགས་ཏེ་ཤིའོ། །དེ་ནས་དེ་དག་ཕས་ཕམ་པ་བྱུང་སྙམ་སྟེ་མྱ་ངན་བྱེད་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལུས་ཀྱི་ཡན་ལག་ཇི་ལྟ་བུས་ག་ག་ཚིལ་བྱས་པས་ཀྱང་རུང་སྟེ། ག་ག་ཚིལ་བྱས་ན་ལྟུང་བར་འགྱུར། ཤིང་ངམ་སོར་མོ་ལྟ་བུ་མང་པོས་བྱས་ན་ལྟུང་བ་རེ་རེར་འགྱུར། དགེ་སྤྱོང་ལ་བྱས་ན་ཉེས་བྱས། རྨ་དང་མཛེར་བ་དང་སྨེ་བ་ལྟ་བུ་བསྟན་པའི་ཕྱིར་རེག་ན་ཉེས་པ་མེད། དེའི་ཉོན་མོངས་པ་ནི་ཉེ་པར་མ་ཞི་བའོ། །ཆུ་ལ་རྩེ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བཅུ་བདུན་སྡེ་ལས་ཨུ་པཱ་ལིས་དགྲ་བཅོམ་པ་ཐོབ་ནས་དེས་གདུལ་སྐལ་ཡོད་པར་མཐོང་ནས། དེ་དག་ཀུན་ཆུ་བོ་ཁྱིམ་ལྡན་གྱི་ནང་དུ་འཁྲུ་ཞིང་རྩེ་བ་ལ་ཞུགས་པའོ། །དེ་ནས་རྒྱལ་པོ་གསལ་རྒྱལ་བཙུན་མོ་དགེ་བསྙེན་མ་ཕྲེང་ལྡན་དང༌། ཡང་ཐོག་གི་སྟེང་ན་འདུག་པས་མཐོང་ནས་རྒྱལ་པོས་བཙུན་མོ་ལ་ཁྱོད་ཀྱི་སྦྱིན་གནས་ཀྱི་མཛེས་པ་ལ་ལྟོས་ཞེས་བྱས་པ་དང༌། བཙུན་མོས་སྨྲས་པ། དེ་དག་གཞོན་ནུ་ལང་ཚོལ་བབ་པའི་ཚེ། ཚངས་པར་སྤྱོད་པ་ངོ་མཚར་ཆེའོ། །གློག་བྱུང་བ་དང་འདྲ་བའི་བར་སྐབས་སུ་རྩེ་བ་ནི་ངོ་མཚར་མི་ཆེའོ་ཞེས་བྱས་པ་དང༌། རྒྱལ་པོས་དཔྱས་པ་ཨུ་པཱ་ལིས་རིག་ནས་དེའི་རྫུ་འཕྲུལ་གྱིས་གྲོགས་རྣམས་དང་ནམ་མཁའ་ལ་དོང་ནས། བཙུན་


DTG154_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མོས་རྒྱལ་པོ་སྦྲན་ཏེ་གྱོད་བཏབ་པོ། །དེ་ནས་བཙུན་མོ་ཕྲེང་ལྡན་གྱིས་དགེ་སྦྱོང་ཆུའི་ནང་དུ་མི་རྩེ་བའི་དྲན་པ་བཅའ་བར་སངས་རྒྱས་ལ་གསོལ་བ་ལས་བཅས། ཆུའི་ནང་དུ་རྣམ་པ་གང་ལྟར་རྩེས་ཀྱང་རུང་སྟེ་ལྟུང་བར་འགྱུར། ཆུའི་ནང་དུ་ཐེམ་ཐོལ་བྱས་པ་དང༌། ཁ་ཟས་ཀྱི་ཁུ་བ་འམ་ཟས་ཀྱི་ཁུ་བ་ཐུག་པ་ལྟ་བུལ་རི་མོ་བྲིས་ས་མ། སོར་མོ་ལྔ་ཐབས་བྱས་ན་ཉེས་བྱས་སུ་འགྱུར། དེའི་ཉོན་མོངས་པ་ནི་ཉེ་བར་མ་ཞི་བའོ། །ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་གི་ནང་ན་ཉལ་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། འཕགས་པ་མ་འགགས་པས་གདུལ་སྐལ་ཡོད་པར་མཐོང་ནས་བསོད་སྙོམས་ལ་ཞུགས་སོ། །དེ་ནས་རི་བྲགས་ཀྱི་གྲོང་ཞིག་ན་བུད་མེད་ཡུགས་ས་མོ་སྤྱར་མ་ཞིག་འདུག་པའི་ཐད་དུ་ཕྱིན་ནས། ནམ་སྲོས་ཏེ་དེར་ཞག་ལོན་ན་ནམ་ཕྱེད་ཙམ་མ་འགགས་པའི་རུམ་དུ་བུད་མེད་སྦྱར་མ་དེ་ཞུགས་པ་དང༌། མ་འགགས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ཏེ་འབར་ཞིང་འབར་བ་དང་གློག་ལྟ་བུའི་རྫུ་འཕྲུལ་བསྟན་ནས། ཆུང་མ་ངེས་བདག་འདོད་ཆགས་ཀྱི་འདམ་དུ་བྱིངས་བའི་ལག་ནས་དྲོངས་ཞེས་ཕྱག་བྱས་ནས། མ་འགགས་པ་བབས་ཏེ་ཆོས་བསྟན་ནས་བུད་མེད་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །དེ་ནས་ནམ་ལངས་པ་དང་མ་འགགས་པ་ལ་བཟའ་བ་དང་བཅའ་བ་དག་བསྟབས་ནས། དེའི་དུས་བུད་མེད་དེའི་མིང་པོ་མི་གཞན་དང་འཐབ་མོ་བྱས་ནས་དེ་དག་གིས་ཁྱོད་ཀྱི་སྲིང་མོ་ལ་ལྟོས་ཤཱཀྱའི་བུ་དགེ་སྦྱོང་ཡང་མ་ཤོར་ཏོ་ཞེས་བྱས་པ་དང༌། དེ་གཉིས་ཀྱིས་བདག་ཅག་མིས་བརྙས་པ་ནི་སྲིང་མོ་འདིས་ལན་དེ་བསད་དོ་སྙམ་ནས་རལ་གྲི་ཐོགས་ཏེ་ཁྱིམ་དེར་བརྒྱུགས་པ་དང༌། མ་འགགས་པ་ནམ་མཁའ་ལ་འཕགས་ཏེ་རྫུ་འཕྲུལ་བསྟན་ནས་དེས་ཀྱང་ཞེ་སྡང་ཞི་བར་གྱུར་ནས་སེམས་ཅན་མང་པོ་འདུས་པ་ལ་ཆོས་བསྟན་ནས་གྲངས་མེད་པ་ཞིག་རྣམ་པར་གྲོལ་བ་ཐོབ་པོ། །མ་འགགས་པས་གཏམ་དེ་རྒྱུ་བསྙད་ནས། དོན་ཉུང་བའི་དགེ་སློང་གིས་དབྱས་པ་ལས་བཅས། སྒོ་གཏན་ནས་བཅུག་པར་དགེ་སློང་ནང་དུ་ཉལ་ལ་བུད་མེད་ལྔ་གང་གི་ནང་དུ་ཉལ་ན་ཡང་སྐྱ་རེངས་མ་ཤར་བར་ཉེས་བྱས། སྐྱ་རེངས་ཤར་ནས་ལྟུང་བར་འགྱུར། བུད་མེད་དང་ཁྱོད་ང་ཕ་མིང་གིས་སྲུང་ཞིང་འདུག་པ་དང་ལྟན་ཅིག་ལ་ནི་ཉེས་པ་མེད། སྐྱེས་


DTG154_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་གི་ནང་ན་བུད་མེད་ཡོད་པ་དང་ལྷན་ཅིག་ཏུ་ཉལ་ན་ཉེས་པ་མེད། དགེ་སློང་གཅིག་པུ་ལ་གཞག་ཁྱིམ་པ་ལྟུང་བ། བྱ་གག་ཡན་ཆད་བྱོལ་སོང་མོ་དང་ཁྱིམ་གཅིག་གི་ནང་དུ་ཉལ་ན་ཉེས་བྱས། བུད་མེད་ཕལ་མོ་ཆེ་དང་ཁྱིམ་གཅིག་གི་ནང་དུ་ཉལ་ན་ལྟུང་བར་འགྱུར། དེའི་ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་གང་སྡོང་བར་བྱེད་དུ་བཅུག་ན་ཐ་ན་རྩེད་མོ་བྱ་བར་བསམས་ན་ཡང་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བས་བཅུ་བདུན་སྡེ་ལས་བྱེད་དུ་བཅུག་པ་ལས་བྱེད་དུ་མ་བཏུབ་སྟེ། ལོགས་ཤིག་ཏུ་ཁ་ཏོན་སློབ་ཏུ་སོང་བ་དང༌། འཆར་བས་ནུབ་མོ་ལ་བ་བཟློག་སྟེ། གྱོན་ནས་མར་མེ་བསད་དེ་འབྱུང་པོ་འབྱུང་པོ་ཞེས་བྱས་པ་དང༌། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལུས་ཀྱི་ཡན་ལག་གིས་བསྡིགས་ཀྱང་རུང༌། སྒྲ་དང་གཏམ་གྱིས་བསྡིགས་ཀྱང་རུང༌། གཟུགས་མི་སྡུག་པས་བསྡིགས་ཀྱང་རུང་སྟེ། ཡིད་དུ་མི་འོང་བ་རྣམ་པ་སྣ་ཚོགས་ཀྱིས་བསྡིགས་ན་སྐྲག་ཀྱང་རུང་མ་སྐྲག་ཀྱང་རུང༌། ལྟུང་བར་འགྱུར། ཡིད་དུ་འོང་བ་དང་དགེ་སྦྱོང་ལ་བསྡིགས་ན་ཉེས་བྱས། ཡིད་འབྱུང་བར་བྱ་བའི་ཕྱིར་ན་ཉེས་པ་མེད་དོ། །ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་གིས་དགེ་སློང་ངམ། དགེ་སློང་མ་འམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ་ཆོས་གོས་སམ་ལྷུང་བཟེད་ཀྱི་སྣོད་དམ་པའམ་སྐོམ་བཏུང་བའི་སྣོད་དམ་སྐེ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞིག་སྦེད་དམ་སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་ཏེ། འདོང་པའི་ལམ་ན་རྫིང་བུ་ཆུས་གང་བ་ཞིག་ཡོད་པ་དེར། དྲུག་སྡེས་བཅུ་བདུན་སྡེ་ལའོ་སྐོལ་སུས་བྱིའུ་ཟུལ་རིང་དུ་ཐུབ་པ་ལྟའོ་ཞེས་བྱས་ནས་སྔར་གྱི་བྱིའུ་ཟུལ་བྱས་ཏེ། དབུགས་ཅི་ཐེབ་གྲངས་སུ་བཟུང་ནས་དེའི་སྐབས་སུ་དེ་དག་གིས་གོས་དྲུག་སྡེས་སྦས་ནས་མདུན་དུ་སོང་ངོ༌། །དེའི་འོག་ཏུ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་དེར་འོངས་པ་མཐོང་ནས་ཤཱ་རིའི་བུས་སྨྲས་པ། སློབ་དཔོན་ཁྱོད་ཀྱི་སློབ་མ་ཕུན་སུམ་ཚོགས་པ་ལ་ལྟོས་ཞེས་བྱས་པ་དང༌། གོས་གར་སྦས་པ་མཽད་གལ་གྱི་བུའི་རྫུ་འཕྲུལ་གྱི་མིག་གིས་བལྟས་ནས་བླངས་ཏེ་བསྐོན་ནོ། །དེ་ལྟ་བུར་གྱུར་ནས། དོན་ཉུང་


DTG154_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཆུང་དུ་ན་རྩེང་མོའི་ཕྱིར་ཁབ་སྐུད་ཡན་ཆད་སྦེད་དམ་སྦེད་དུ་བཅུག་ན་ལྟུང་བར་འགྱུར། སྟོར་ཀྱིས་དོགས་པའི་ཕྱིར་སྦས་ན་ཉེས་པ་མེད། དེའི་ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་གང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་གྱོན་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོ་རྒས་ནས་ཆོས་གོས་བགོས་ནས་སློབ་མ་ད་གལ་རེ་རེ་བྱིན་ནོ། །དེ་ནས་སངས་རྒྱས་ཀྱི་ཞ་འབྲིང་དུ་སློབ་མ་རྣམས་ཡུལ་རྒྱུར་ཆས་ཏེ། དེ་དག་གིས་ཆོས་གོས་སྦྱར་མ་རྣམས་མཚན་མས་བཏབ་སྟེ་མཁན་པོ་ལ་གཏམས་སོ། །དེ་ནས་ཉེ་དགའ་བོས་ཆོས་གོས་སྦྱར་མ་ཁ་ཅིག་གྱོན་ནས་དྲིམས་བསྒོས་ཏེ། གཏུར་བུའི་ནང་དུ་ཕྱིར་བཅུག་གོ །དེ་ནས་སློབ་མ་དག་ཕྱིར་འོངས་པས་ཆོས་གོས་འདི་དག་མཁན་པོས་བགོས་པ་ལྟ་ཞེས་བྱས་པ་དང༌། དེས་བཀྲེན་པ་ཁྱེད་དེ་ལྟར་མི་དགའ་བར་བྱའོ་ཞེས་བྱས་པ་ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། མི་འཁྲུག་པའི་གདེང་མེད་པར་དགེ་སློང་གིས་གོས་ཐུག་ཐུབ་ཏུ་གྱོན་ན་ལྟུང་བར་འགྱུར། ཐོས་ན་དགའ་བར་འགྱུར་བ་དང༌། མཛའ་བོ་མ་འཁྲུགས་པའི་གོས་གྱོན་ན་ཉེས་པ་མེད། ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་ཞེ་སྡང་བ་ཞིག་ཁྲོས་ནས་མ་རངས་ཏེ། དགེ་སློང་གཙང་མ་ཉེས་པ་མེད་པའི་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་སྐབས། བྱ་རྒོད་ཕུང་པོའི་རི་ལ་རྡོ་སྐོར་ཅེས་བྱ་བའི་རྫིང་ཞིག་ཡོད་པའི་འགྲམ་ན་འཕགས་པ་གྱད་བུ་ནོར་འཆག་འཆག་ཅིང་འདུག་པ་ལ། འཕགས་མ་ཨུཏྤལའི་མདོག་སྐྲ་གསར་དུ་བྲེགས་ནས་ཕྱག་འཚལ་ཏུ་འོངས་པ་དང༌། རླུང་ལངས་ནས་གྱད་བུ་ནོར་གྱིས་ཀ་ཤས་འཕགས་པའི་མགོ་ལ་རེག་པ་དགེ་སློང་མཛའ་བོ་དང་ས་ཆེན་གཉིས་ཀྱིས་མཐོང་ནས། ལུས་རེག་པའི་ལྷག་མ་བྱུང་ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོ་འམ་རྐོར་འཇུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་རང་གི་ལག་གིས་ས་རྐོ་ཞིང་སྣད་པར་བྱེད། གཞན་ལ་རྐོར་འཇུག་ཅིང་རྨེད་གཞན་ལ་ཡང་དེ་བཞིན་དུ་འཆོལ་བས་མུ་སྟེགས་ཅན་གྱིས་དཔྱས་པ་ལས་བཅས། ས་འཐས་པ་དང༌། རང་བཞིན་དུ་འདུག་པའི་ས་དང༌།


DTG154_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ས་ཕྱེད་རྡོ་འམ་ཕྱེད་བྱེ་མལ་ཕྱེད་ས་ལྟ་བུ་བརྐོས་ན་ལྟུང་བར་འགྱུར། ས་ཞག་བརྐོས་ན་ལྟུང༌། གས་པ་ལས་བཀོགས་པ་དང་ས་མེས་ཚིག་པ་དང་ས་རོལ་བརྐོས་ན་ཉེས་བྱས། ས་དང་རྩིག་ངོས་ལ་ཕུར་པ་བཏབ་ན་ལྟུང༌། ཕྱུང་ན་ཉེས་བྱས། ས་རྩིག་གི་ངོས་ལ་དོན་མེད་པར་བྲུད་དམ་རི་མོ་བྲིས་ན་ཉེས་བྱས། ལྕི་བ་བརྐོས་ན་ལྟུང༌། འདབ་བརྐོས་ན་ཉེས་བྱས། འདབ་ཀྱི་སྟེང་སྣོད་འདུག་པ་བླངས་ན་ཉེས་བྱས། རྩིག་པ་སྐམ་པོ་བཤིག་གམ་སྐྱང་ནུལ་སྲབ་བཀོགས་ན་ལྟུང༌། གྲུབ་ཟིན་པ་བཤིག་གམ་གོགས་པ་བཀོགས་ན་ཉེས་བྱས། ས་མེད་པའི་བྱེ་མ་དང༌། གྲམ་པ་ལྟ་བུ་བརྐོས་ན་ཉེས་པ་མེད་དོ། །ཟླ་བ་བཞིར་མགྲོན་དུ་བྱས་ན་དགེ་སློང་བདག་གིར་གྱིས་ཤིག །དེ་ལས་ལྷག་པར་བདག་གིར་བྱས་ན་ལྟུང་བའོ། །སོ་སོར་མགྲོན་དུ་བྱས་པ་དང༌། དུས་ཀྱིས་མགྲོན་དུ་བྱས་པ་དང༌། རྟག་ཏུ་མགྲོན་དུ་བྱས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་པར། ཤཱཀྱ་མིང་ཆེན་ཞེས་བྱ་བས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་ཟླ་བ་བཞིའི་བར་དུ་ཡོ་བྱད་སྣ་ཚོགས་སྦྱར་བར་བྱས་སོ། །དེ་ནས་ཟླ་བ་བཞིའི་བར་དུ་སྨན་དང་ཞལ་ཟས་དང་ཆོས་གོས་ལ་སོགས་པ་ཡིད་བཞིན་དུ་སྦྱར་ནས་ཟླ་བ་བཞི་ལོན་མ་ཐག་ཏུ་སངས་རྒྱས་འཁོར་དང་བཅས་པ་གཤེགས་སོ། །དེ་ལྟར་ཟླ་བ་བཞིའི་ཚེ། དྲུག་སྡེ་རྣམས་ཀྱིས་ཤ་གཙང་མ་སྣ་ཚོགས་ཟ་འདོད་པའི་ཕྱིར་ན་ཞེས་བྱས་ཏེ། དུས་མེད་པར་ཟོས་པའི་སྟེང་དུ་ཟླ་བ་བཞི་འདས་པའི་འོག་ཏུ་ཡང་ཉེ་དགའ་བོས་ཚོགས་པ་དང༌། ཁུ་ཤ་བྱེད་དུ་བཅུག་པ་ལས་བྱན་པོས་མ་སྟེར་ནས་སྔོན་ཡོ་བྱད་སྦྱར་བ་རྣམས་ཀྱང་རྣམ་པར་སྨད་ཅིང་སྤྱོས་པ་ལས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། སོ་སོ་མགྲོན་ཞེས་བྱ་བ་ནི་ཟླ་བ་བཞིའི་ཚེ་ཡོན་བདག་གཞན་གྱིས་ཀྱང་མགྲོན་ན་སྤྱི་བསྐོར་ཏེ། ཟླ་བ་བཞི་འདས་ཀྱང་རུང༌། ཡང་དང་ཡང་མགྲོན་ཞེས་བྱ་བ་ནི་དཔེར་རྒྱལ་པོ་གཟུགས་ཅན་སྙིང་པོས་ཡང་དང་ཡང་བོས་ཏེ་མགྲོན་བྱས་པ་ལྟ་བུ་དུས་ཀྱིས་མགྲོན་ཞེས་བྱ་བ་ནི་ཟླ་བ་བཞིའི་ཚེ་དུས་ཆེན་ལ་གཞན་གྱིས་མགྲོན་དུ་བོས་ན་ཉེས་པ་མེད་དོ། །རྟག་ཏུ་མགྲོན་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་གཟུགས་ཅན་གྱིས་རྟག་ཏུ་མགྲོན་བྱས་པ་ལྟ་བུ་ཟླ་བ་བཞི་ལས་འདས་ཀྱང་ཉེས་པ་མེད། ཡང་དགེ་སློང་གང་དགེ་སློང་རྣམས་ཀྱི་ཚེ་དང་


DTG154_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་བསླབ་པ་འདི་སློབས་ཤིག་ཅེས་བསྒོ་ནས། དེ་འདི་སྐད་ཅེས་བདག་གིས་དགེ་སློང་མདོ་སྡེ་འཛིན་པ་འདུལ་བ་འཛིན་པ། མ་མོ་འཛིན་པ་རྣམས་ལ་དྲིས་ཀྱི་བར་དུ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱེད་ཅག་གི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །ཀུན་ཤེས་པར་འདོད་པའི་དགེ་སློང་གིས་ཀྱང་བསླབ་པ་འདི་ལ་སློབས་ཤིག །དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཡང་དྲིས་ཤིག །དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་རྒྱལ་པོའི་ཁབ་ཀྱི་འོང་མའི་ཚལ་ན་བཞུགས་པའི་ཚེ། སངས་རྒྱས་ཀྱི་བསླབ་པའི་ཕྱིར་དགེ་འདུན་བསྡུ་བར་བྱས་པ་ལས། མ་འདུས་ནས་དགེ་སློང་དང་དགེ་སློང་མ་དག་ལ་གལ་ཏེ་ཟླ་བ་བཞིར་མ་གྲོན་དུ་བྱས་ན་བདག་གིར་གྱིས་ཤིག་དེ་ལས་འདས་ན་ལྟུང་བར་འགྱུར་རོ་ཞེས་དགའ་བོས་བསྒོ་ཤིག་ཅེས་བཀའ་སྩལ་ནས། དགའ་བོས་དགེ་སློང་ལམ་བསྟན་མངགས་ཏེ། ལམ་བསྟན་གྱིས་དྲུག་སྡེ་ལ་བསྒོ་བ་དང༌། དྲུག་སྡེས་བྱིས་པ་གླེན་པ་ཞེས་པ་ནས། མི་སློབ་པོ་ཞེས་པའི་བར་གྱི་ཚིག་གིས་སྤྱོས་ནས། དེའི་གཏམ་ལམ་བསྟན་གྱིས་དགའ་བོལ་བསྙད་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་སློང་གིས་བསྒོ་བ་ལས་མི་ཉན་པ་དང༌། གླེན་པ་དང་མི་གསལ་བ་དང་མི་སློབ་པོ་ཞེས་སྐུར་ཏེ། བསྐྲད་པའི་ལས་བྱས་ན་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ལྷག་མའི་ཆོས་གྱིས་སྐུར་ན་ལྟུང་བར་འགྱུར། ལྟུང་བསྐུར་ན་ཉེས་བྱས་སུ་འགྱུར། ཉོན་མོངས་པ་ནི་མི་བཟོད་པའོ། །ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་འགྲོ་ན་ཐ་ན་གྲོང་གཞན་དུ་ཕྱིན་ན་ཡང་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ན་ཐ་ག་པའི་པུ་མོ་ཞིག་ཁྱིམ་ཐབ་ཀྱིས་རྟག་ཏུ་བརྡེགས་ནས་ནམ་ལངས་པ་དང་བྲོས་ཏེ་མཁར་གྱི་སྒོར་བྱུང་ནས་དགེ་སློང་ཞིག་མཉན་དུ་ཡོད་པར་འགྲོགས་ཏེ་སོང་ངོ༌། །དེ་ནས་ཁྱིམ་བདག་གིས་བསྙགས་ན་སླེབ་པ་དང༌། དགེ་སློང་གིས་ངའི་ཆུང་མ་ཕྲོགས་སོ་ཞེས་བྱས་ནས་རི་བྲགས་གྱི་གྲོང་ཞིག་ན་ཐ་ག་པ་ལྔ་བརྒྱ་འདུག་པ་བཟློག་ནས། དགེ་སློང་དེ་མ་ཤི་ཙམ་དུ་བྱས་ཏེ་བརྡེགས་སོ། །དེ་ནས་བུད་མེད་དེས་འཕགས་པ་ཁྱེད་ནི་རྒྱལ་པོའི་སྲས་ཀྱི་ཐབས་གནང་བ་ལགས་ཀྱིས་གསོལ་ཅིག་ཅེས་བྱས་


DTG154_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དེ་དག་སྐྲག་ནས་དགེ་སློང་དེ་ལ་བཟོད་པ་གསོལ་ནས་གནས་ཏེ། དེའི་གཏམ་དགེ་སློང་དེས་བཟླས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། རྒྱང་གྲགས་རེ་རེ་ལ་ལྟུང་བ་རེ་རེ། རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ། །ཐ་ན་གྲོང་གཞན་དུ་ཕྱིན་ཅེས་བྱ་བ་ནི་གྲོང་ཚོམ་བུར་འདུག་པའི་བར་རྒྱང་གྲགས་ཀྱིས་ཆོད་པ་ལྟ་བུར་ཡང་རྒྱུ་ཞིང་དོང་ན་ལྟུང་བའོ། །རིག་པའི་སྐྱེས་པ་དང་འགྲོགས་ན་ཉེས་པ་མེད། མདོར་ན། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཡང་དགེ་སློང་གང་འགྲོན་པོ་མང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་འགྲོ་ན། ཐ་ན་གྲོང་གཞན་དུ་ཕྱིན་ན་ཡང་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོང་པ་ན་བཞུགས་པའི་ཚེ། དགེ་སློང་ཞིག་རྒྱལ་པོའི་ཁ་བ་ན་གནས་པ་ཚུལ་ནས་བྱུང་སྟེ། མཉན་དུ་ཡོད་པར་སངས་རྒྱས་ལ་ཕྱག་འཚལ་དུ་འགྲོ་བར་བྱས་ཏེ། ཚོང་པ་ཤོ་གམ་ལས་བྱོལ་བ་དང་འགྲོགས་ནས། རི་བྲགས་ཀྱི་གྲོང་ཞིག་ན་ཤོ་གམ་འདུག་པས་འཇིགས་ནས། གསེབ་ལམ་དུ་ཞུགས་པ་ལས་ཤོ་གམ་པས་མཐོང་ནས་ཀུན་བཟུང་སྟེ། དགེ་སློང་དེ་མ་ཤི་ཙམ་དུ་གཞག་ཅིང་བརྡེགས་སོ། །དེ་ནས་ཚོང་པ་དག་གིས་སྨྲས་པ། འཕགས་པ་ཁྱེད་ནི་རྒྱལ་པོའི་སྲས་ཀྱི་ཐབས་གནང་བ་ལགས་ཀྱིས་སྩོལ་ཅིག་བྱས་པ་དང༌། ཤོ་གམ་པ་སྐྲག་སྟེ་དགེ་སློང་ལ་བཟོད་པ་གསོལ་ནས། དེས་གནང་བའི་གཏམ་མཉན་དུ་ཡོད་པར་བསྒྲགས་ནས་དོན་ཉུང་བའི་དགེ་སློང་གིས་དབྱས་པ་ལས་བཅས། རྐུན་པོ་དང་འགྲོགས་ན་གྲོང་བར་ཡང་རུང༌། གྲོང་ནས་དབྱེ་ལ་འགྲོ་ཡང་རུང་སྟེ། རྒྱང་གྲགས་རེ་རེ་ནས་ལྟུང་བ་རེ་རེར་འགྱུར། རྒྱང་གྲགས་ཕྱེད་ལ་ཉེས་བྱས། མི་རྐུན་རྫས་སྲེལ་བར་ཤེས་བཞིན་དུ་འགྲོགས་ན་ལྟུང་བར་འགྱུར། ཡང་དགེ་སློང་ལོ་ཉི་ཤུ་མ་ལོན་པའི་གང་ཟག་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱས་ན་ལྟུང་བའོ། །གང་ཟག་དེ་འང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། མཽད་གལ་ཆེན་པོའི་བུས། བཅུ་བདུན་སྡེ་རྣམས་བྱིས་པ་ནས་བསྙེན་པར་རྫོགས་པར་བྱས་ཏེ། གཞོན་ནུ་དེ་དག་ནང་པར་བཀྲེས་ཤིང་དུ་བ་སངས་རྒྱས་ཀྱིས་


DTG154_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས། གཞོན་ནུ་བསྙེན་པར་རྫོགས་པར་བྱས་ན་བཀྲེས་ཤིང་གྲང་བ་ལ་སོགས་པ་བརྣགས་བཟོད་པར་མི་འགྱུར་གྱིས། ལོ་ཉི་ཤུ་མ་ལོན་པར་དགེ་སློང་གི་དངོས་པོར་མ་འབྱིན་ཅེས་བཅས། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱས་ན་མཁན་པོ་ལ་ལྟུང་བར་འགྱུར། དགེ་འདུན་ལ་ཉེས་བྱས། ལོ་ཉི་ཤུ་ཚང་ལ་མ་ཚང་ཞེས་ཟེར་བ་ཞིག་རྫོགས་པར་བྱས་ན་ཁྲིམས་ནི་ཐོབ། ཉེས་བྱས་ནི་ཡོད། ལོ་དུ་ལོན་མི་ཤེས་པ་ཞིག་རྫོགས་པར་བྱས་ན་ཁྲིམས་ནི་ཐོབ། དགེ་འདུན་ནི་འདས་པ་དང་བཅས་པར་འགྱུར། སྔར་ཐེ་ཚོམ་མེད་པར་མ་ནོས་པ་ལས། ཕྱིས་ཐེ་ཚོམ་སྐྱེས་པའི་ཚེ་ཡང་ལོ་ཉི་ཤུ་མ་ལོན་ན་ཟླ་བ་ལྷག་མ་དང་མངལ་ན་འདུག་པའི་ཟླ་བས་སྣོན་ལ་ཚང་ན་ལེགས། མ་ཚང་ན་དགེ་སྦྱོང་དུ་དབབ། མ་ཕབ་པར་དགེ་འདུན་གྱི་ལས་ལན་གཉིས་མྱོང་ན་རྐུན་གནས་སུ་འགྱུར་རོ། །མཁས་པ་དག་ཚིག་འདི་རྣམས་གཅིག་སྨྲས་ན་ལྟུང་བར་འགྱུར། དེ་ལ་གླེན་པ་ནི་འདུལ་བ་ལ་མི་མཁས་པ། མི་གསལ་བ་ནི་མདོ་སྡེ། མི་མཁས་པ་ནི་མ་ལྟ་བུ་ལ་མི་མཁས་པའི་དོན་ཏོ། །ཡང་དགེ་སློང་རྣམས་འཐབ་པར་འགྱུར། མཚང་འདྲུ་བར་འགྱུར། མི་མཐུན་པར་འགྱུར་རྩོད་པར་གྱུར་ཅིང་འཁོད་པ་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟར་དེ་ལྟ་བུར་སྟ་གོན་བྱའོ་སྙམ་ནས། རྐྱེན་དེ་ཉིད་ཀྱིས་ཅང་མི་སྨྲ་བ་བར་བཞག་སྟེ་ཉན་ཅིང་འདུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་ལས། ལ་ལས་ནི་དགྲ་བཅོམ་པ་མངོན་དུ་བྱས། ལ་ལས་ནི་འདས་པར་གྱུར་ནས། དགའ་བོ་དང་ཉེ་དགའ་བོ་གཉིས་བཅུ་བདུན་སྡེ་དར་བའི་ཁྲོད་ན་འདུག་པ་ལས། བཅུ་བདུན་སྡེས་སྔོན་གྱི་འཁོན་མ་བཏང་ནས། ཉེ་དགའ་པོ་སྤང་པའི་ལས་བྱས་པར་འགྲོ་བར་བྱས་ཏེ། སྒོ་བཅད་དེ་ཁང་པའི་ནང་དུ་ཞུགས་པ་དང༌། ཉེ་དགའ་པོས་འཕྲིགས་ནས། སྐར་ཁུང་ནས་ཉན་ཅིང་ངའི་ཕྱིར་གྲོས་བྱེད་དམ། ཐ་མལ་པར་གཏོང་བ་ལེགས་ཀྱིས། གླང་པོ་ཆེ་གདགས་འབྲེངས་དེས་ཀྱང་ཡུག་བརྒྱ་བཅིང་དུ་བཟོད་དོ་ཞེས་བྱས་སོ། །དེ་ནས་བཅུ་བདུན་སྡེས་གནས་སྤོས་ཏེ། མེ་ཁང་དུ་འདོང་ན་ཡང་དེ་ཕྱི་བཞིན་དུ་གནས་ཤིང་ཉན། དེ་བཞིན་དུ་ཡང་ཐོག་དང་སྒོ་གང་དང་ལམ་དུ་ཞུགས་ཏེ་གྲོས་བྱེད་ཀྱང་ཉེ་དགའ་བོ་ཕྱི་བཞིན་འབྲང་ཞིང་ཉན་ཏེ། བསྡིགས་པས་དེ་དག་གིས་སྤང་བའི་ལས་བྱེད་པར་མ་ནུས་པས། ཉེ་དགའ་བོ་


DTG154_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟོད་པར་གསོལ་ཏོ། །དེ་ནས་ཉེ་དགའ་བོས་མཉན་ཏེ། ཐབས་ཇི་ལྟར་བཤམ་པའི་གཏམ་བྱས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། བདག་དང་འཐབ་བམ་དགེ་སློང་ལ་ཉན་ཀྱང་རུང༌། གཞན་འཐབ་མོར་གྱུར་པ་ལ་དཔུང་བཅའ་ཞིང་བཤམ་པའི་ཕྱིར་ཉན་ན་ལྟུང་བར་འགྱུར། ཇི་སྐད་ཐོས་པ་ལས་བག་བྱ་བའི་ཕྱིར་ཉན་ནམ། གཞན་ཅི་ཟེར་བ་ལས་འདུན་པར་བྱ་བའི་ཕྱིར་ཆེད་དུ་ཉན་ན་ཉེས་པ་མེད། ཡང་དགེ་སློང་གང་དགེ་འདུན་ཆོས་བཞིན་དུ་རྣམ་པར་གདོན་མི་ཟ་བའི་གཏམ་འཛེར་བ་ན་ཅད་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ལ། འཁོད་པའི་དགེ་སློང་ལ་མ་སྨྲས་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བཅུ་བདུན་སྡེ་སྔོན་གྱི་འཁོན་མ་བཏང་ནས། ཉེ་དགའ་བོ་སྤང་བའི་ལས་བྱེད་པའི་ཚེ། དགའ་བོ་ལ་སྐྱོན་ཏེ་གྲལ་ན་འདུག་པས་ནུ་བོའི་ནོན་བྱ་བར་བཤམས་པ་ལས་བཅུ་བདུན་སྡེས་སྨྲས་པ། སུ་ནོན་བྱེད་པ་ཉིད་སྤང་བའི་ལས་བྱའོ་ཞེས་བྱས་པ་དང༌། དགའ་བོ་གྲལ་བོར་ནས་བཟང་བྱོལ་དུ་ཅང་མི་སྨྲ་བར་གྲལ་ནས་བྱུང་སྟེ་སོང་ངོ༌། །དེ་ནས་ང་ལ་འོངས་པས་དགེ་སློང་གི་ལས་སུ་མི་འགྱུར་རོ་ཞེས་བྱས་ནས། དེ་དག་གིས་སྨྲས་པ། སློབ་དཔོན་འོངས་པའི་ས་ནི་ངེད་ཀྱིས་ཐོས་སོ་ཞེས་བྱས་པ་དང༌། དགའ་བོས་ཁྱོད་ཁྱེད་ངའི་ནུ་བོ་སྤང་བའི་ལས་བྱེད་པ་འདྲ་ནས། ང་བྱུང་སྟེ་སང་ཞེས་བྱས་པ་ལས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་འདུན་ཅིའི་ལས་བྱེད་ཀྱང་རུང་སྟེ། གཞན་ལ་མ་སྨྲས་པར་སོང་ན་ལྟུང་བར་འགྱུར། ལངས་ཏེ་སོང་ན་སྒྲ་བྱུང་གི་བར་དུ་ཉེས་བྱས། མི་ཐོས་པར་གྱུར་ན་ལྟུང་བ། དེའི་ཉོན་མོངས་པ་ནི་མི་བཟོད་པའོ། །གུས་པར་མི་བྱེད་ན་ལྟུང་བའོ། །སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། དགེ་སློང་མང་པོ་ཞིག་རྩོད་པ་ཞེ་བར་བྱ་བའི་ཕྱིར་འདུས་ནས་འདི་ནི་འདུལ་བའོ། །འདི་ནི་མདོ་སྡེའོ། །འདི་ནི་མ་ལྟ་བུའོ་ཟེར་ཞིང་ཞི་བར་བྱེད་པའི་ཚེ། གླང་ཆེན་གནས་རྒྱུན་གྱི་བུ་དགེ་སློང་ནག་པ་དགེ་འདུན་ལ་ཁྲོས་ནས། མི་གུས་ཤིང་སྡོད་དུ་མི་བཏུབ་ཕྱིར་རྒོལ་དུ་སེམས་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དགེ་འདུན་གྱི་ལས་བྱེད་ཀྱིས་འདུག་ཤིག་ཅེས་བྱས་པ་ལས་མ་བཏུབ་བམ། སོང་ཤིག་ཅེས་བྱས་པ་ལས་མ་སོང་ངམ། མ་འདུག་ཤིག་ཅེས་བྱས་པ་ལས་འདུག་གམ།


DTG154_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་ཤིག་ཅེས་བྱས་པ་ལས་སོང་ངམ། མལ་སྟན་ལེན་དུ་བཅུག་པ་པས་མ་བླངས་སམ། མ་ལེན་ཅིག་ཅེས་བྱས་པ་ལས་བླངས་ཀྱང་རུང་སྟེ་འདི་རྣམས་ལྟུང་བར་འགྱུར་རོ། །མཁན་པོ་དང་སློབ་དཔོན་གྱིས་རིགས་པའི་ལས་བྱེད་དུ་བཅུག་པ་ལས་མ་གུས་ན་ཉེས་བྱས་སུ་འགྱུར། འབྲུའི་ཆང་འབྲས་བུའི་ཆང་མྱོས་པར་འགྱུར་བ་འཐུངས་ན་ལྟུང་བ། སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བྲམ་ཟེ་དད་པ་ཞིག་གིས་བཙུན་པ་ལེགས་འོང་མགྲོན་དུ་བོས་ཏེ་ཟས་ཞིམ་པོས་ཚིམ་པར་བྱས་ཏེ། དེ་ནས་ཁ་ཟས་མི་ཞུ་བར་གྱུར་སྙམ་སྟེ། གླང་པོ་ཆེ་ལ་བླུད་པའི་ཆང་གི་ནང་དུ་མཛུབ་མོ་བཅུག་ནས། བཏུང་བའི་ནང་དུ་བཀྲུགས་ཏེ་ལེགས་འོང་ལ་བླུད་ནས་དེར་རོ་བར་གྱུར་ནས། མཉན་དུ་ཡོད་པ་ན་ལམ་སྲང་ཞིག་ཏུ་བརྒྱལ་ཏོ། །དེ་ནས་མི་སྡུག་པ་དེ་བདེ་བའི་ཕྱིར་སངས་རྒྱས་ཀྱིས་སྤྱིལ་བུ་ཞིག་སྤྲུལ་ཏེ་སྟེང་དུ་ཕུལ་ལོ། །དེ་ལྟ་བུར་གྱུར་པ་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དེ་ལ་འབྲུའི་ཆང་ནི་འབྲུ་དང་ཕྱེ་མ་ཕབས་སོ། །འབྲས་བུའི་ཆང་ནི་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དང་འདི་རྣམས་གང་ལས་བྱས་ཀྱང་རུང་སྟེ། ཁ་དོག་དང་དྲི་དང་རོ་གསུམ་དང་ལྡན་པ་འཐུངས་ཏེ་ར་རོ་ན་ལྟུང་བར་འགྱུར། ར་མ་རོ་ན་ཉེས་བྱས་སུ་འགྱུར། བསྐོལ་ཏེ་འཐུངས་ན་ཉེས་པ་མེད། མེ་ཏོག་དང་འབྲས་བུ་དང་རྩ་བ་མྱོས་པར་འགྱུར་བ་འཆོས་ན་ཉེས་བྱས། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ལ། འཁོད་པའི་དགེ་སློང་མ་ལ་སྨྲས་ན་ནི་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། བྲམ་ཟེ་ཞིག་ལ་ཆུང་མ་སྤྱར་མ་ཞིག་ཡོད་པ་དེ། རྐུན་པོ་ལྔ་བརྒྱའི་སྡེ་དཔོན་དང་རྟག་ཏུ་ཉལ་པོ་བྱེད་པ་ལས། འཕགས་པ་འཆར་པ་ཆོས་སྟོན་ཅིང་དེ་དག་ཏུ་འོངས་པས། འདི་ལྟར་སྤྱོད་པ་ཚོར་བ་ཡང་དག་གོ་སྙམ་དུ་མོས་བསམས་ནས་བྱི་དོ་དེ་ལ་སྨྲས་པ། འཕགས་པ་འཆར་པས་ཕ་རོལ་གྱི་སེམས་ཤེས་པས་འོ་སྐོལ་སྤྱོད་པ་ཤེས་པ་ཡང་དག་གིས་བསད་དོ་ཞེས་སྨྲས་པ་དང༌། རྐུན་པོའི་སྡེ་དཔོན་ཀྱིས་སྨྲས་པ། འཆར་བ་འདི་བྲམ་ཟེ་ཉེ་བྲན་གྱི་ནི་པུ། རྒྱལ་པོ་གསལ་རྒྱལ་གྱི་ནི་ཤག་རག་པོ། བཙུན་མོ་ཕྲེང་ལྡན་གྱི་ནི་སློབ་དཔོན། རྒྱལ་པོའི་ནི་སྲས་ཀྱི་ཐབས་གནང་བས་དེ་བསད་པར་གྱུར་ན་ཕྱིན་ཆད་བདག་ཅག་སྲིད་


DTG154_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་པོ་ཞེས་བྱས་པ་དང༌། མོས་སྨྲས་པ། དེ་ལྟར་ཁྱོད་མི་བཏུབ་ནད་ཕྱིན་ངའི་ཐད་དུ་མ་ཡོད་ཤིག་ཅེས་བྱས་ནས་དེ་གཉིས་ཀྱིས་བསད་པར་བགྲོས་སོ། །དེ་ནས་ཉི་མ་ནུབ་པ་ཙམ་ཞིག་ན་མོས་ན་བ་ལྟར་བྱས་ཏེ། འཕགས་པ་འཆར་བ་བོས་ནས་རྐུན་པོ་སྡེ་དཔོན་རལ་གྲི་ཐོགས་ཏེ། སྒོའི་ཕག་ཏུ་གབ་པས་འཕགས་པ་འཆར་བའི་མགོ་བཅད་ནས་རོ་སའི་འོག་ཏུ་སྦས་སོ། །དེ་ནས་གསོ་སྦྱོང་གི་དུས་ལ་བབ་པའི་ཚེ། གཟོད་འཕགས་པ་འཆར་བ་མེད་པ་ཚེར་ནས། སངས་རྒྱས་ཀྱིས་འཆར་བ་ནི་ཁོང་གིས་གསང་ཀྱིས་མེད་དོ་ཞེས་གསུངས་ནས། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཕྲེང་ལྡན་གྱིས་རྒྱལ་པོ་ལ་གསོལ་པ། འཕགས་པ་འཆར་བ་ལྟ་ཞིག །རྒྱལ་པོ་ཡི་ནི་ཐུགས་དག་པོ། བདག་གི་ནི་སློབ་དཔོན། སྐྱེ་བོ་མང་པོའི་ནི་བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཞིག་ཁོང་གིས་བསད་པར་གྱུར་ན། སྨྲ་བའི་རིགས་སོ་ཞེས་བྱས་པ་དང༌། རྒྱལ་པོས་སྨྲས་ཏེ་ཁུངས་བྱུང་ནས། རྐུན་པོའི་སྡེ་དཔོན་ནི་རྒྱ་སྐྱེགས་ཀྱི་ཁང་པར་བསྲེགས། མོ་ནི་རྟ་རྒོད་ཀྱི་རྐང་ལག་ལ་བཅིངས། རྐུན་པོ་ལྔ་བརྒྱ་ནི་རྐང་ལག་གཏུབས་སོ། །དེ་ལྟར་གྱུར་ནས། སངས་རྒྱས་ཀྱིས་དུས་མ་ཡིན་པར་དགེ་སློང་གྲོང་དུ་མ་འཇུག་ཤིག་པ་ལས་བཅས། དེ་ལ་དུས་མ་ཡིན་པ་ནི་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་དུ་སྟེ། གྲོགས་ལ་མ་བྱས་པར་དེ་ལྟར་གྱུར་ན་ལྟུང་བར་འགྱུར། མདོར་ན། ཟས་བཟས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལ་དང་གདིང་བ་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཡང་དགེ་སློང་གང་ཟག་དང་བཅས་པའི་ཁྱིམ་པའི་ཁྱིམ་དུ་མགྲོན་དུ་བོས་ནས་ཟས་ཀྱི་སྔ་རོལ་དང་ཟས་ཟོས་ཀྱི་འོག་ཏུ་གྲོང་རྒྱུ་ཞིང་དོང་ལ་ཁྱིམ་པ་འདུག་པ་ལ་བསྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་ཁྱིམ་བདག་གཅིག་ལ་ཆོས་བཤད་ནས། དེ་དད་པར་གྱུར་ནས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་སོ། །དེ་ནས་ཉེ་དགའ་བོ་མདུན་དུ་ཆས་པས་ཁྱིམ་བདག་ད་ལ་བསྒོ་བ་ཁྱོད་ཀྱི་མགྲོན་སྐྱེས་བུ་དམ་པ་རྣམས་མྱུར་དུ་གཤེགས་ཀྱི་ཞལ་ཏ་ལེགས་པར་བྱོས་ལ། ང་མ་འོངས་ཀྱི་བར་དུ་བཤོས་མ་བྲིམས་ཤིག་ཅེས་བྱས་ནས། ཉེ་དགའ་བོ་ཉིད་གྲོང་དུ་རྒྱུ་ཞིང་དོན་གཉར་དུ་སོང་ངོ༌། །དེ་ནས་སངས་རྒྱས་


DTG154_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དད་བཅས་པ་ཁྱིམ་བདག་དེའི་ཁྱིམ་དུ་བྱོན་ཏེ། བཤོས་འདྲེན་དུ་བཅུག་པ་ལས་ཀྱང་ཉེ་དགའ་བོའི་ལུང་བཞིན་དུ་ཁྱིམ་བདག་འདྲིམ་དུ་མ་བཏུབ་ནས་གདུགས་ཚོད་ཡོལ་དུ་ཉེ་བ་ཞིག་ན་ཉེ་དགའ་བོ་འོངས་ནས་གདོད་བཤོས་བྲིམས་པ་དང༌། དགེ་སློང་འགའ་ཞིག་ཟས་ཟ་བའི་འཕྲོ་ལས་ཁ་ཅིག་ནི་མ་ཁྱེད་པར་གདུགས་ཚོད་ཡོལ་ནས་ཟན་ཆད་པར་གྱུར་པ་དང་ཉེ་དགའ་བོ་སེམས་འཁྲུགས་ནས་ཁྱིམ་བདག་དེའི་ཐད་དུ་ཐལ་བྱུང་དུ་འདུག་པས། དེའི་ཉིན་པར་གསོ་སྦྱོང་གི་དུས་ལ་བབ་ན། ཉེ་དགའ་བོས་དད་པ་ཡང་མ་ཕུལ་རྡོས་ཀྱང་མ་འོངས་ནས་དགེ་སློང་དག་གིས་དེ་རིང་སྔ་དྲོ་ཉེ་དགའ་བོས་འཚོ་བའི་བར་ཆད་བྱས་ཕྱི་དྲོ་ནི་ཆོས་ཀྱི་བར་ཆད་བྱས་ཞེས་ཟེར་ཞིང་དཔྱས་པ་ལས་བཅས། གལ་ཏེ་གོང་མ་ལྟར་གྱུར་པའི་ཚེ་ཁྱིམ་བདག་ལ་མ་བསྒོ་བར་ཁྱིམ་གསུམ་ལས་འདས་པར་སོང་ན་ལྟུང༌། ཁྱིམ་གཉིས་ཚུན་ཆད་ཉེས་བྱས། དེའི་ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་གང་ནམ་ལངས་སྐྱ་རེངས་མ་ཤར་རིན་པོ་ཆེ་འམ་རིན་པོ་ཆེ་ལྟ་བུ་མ་བསྡུས་པར་རྒྱལ་པོ་འམ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྒོའི་གཏན་པའི་ཉེན་ཀོར་ལས་འདས་ན། དེ་དང་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་འཆར་བརྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཕྲེང་ལྡན་མ་ལ་དུས་དང་དུས་མ་ཡིན་པར་རྟག་ཏུ་ཆོས་སྟོན་པ་ལས། ལན་ཅིག་དུས་སུ་དོན་ཅིག་གི་ཕྱིར། རྒྱལ་པོ་གསལ་རྒྱལ་ནང་པར་ཟར་ཏེ། རི་བྲགས་ཀྱི་གྲོང་ཞིག་ཏུ་ཆས་པ་དང་དེའི་ཚེ་དགེ་སློང་འཆར་བས་དུང་དང་མི་རྟའི་སྒྲ་ཐོས་པས་ནམ་ལངས་སྙམ་སྟེ། དམར་རེངས་ཡང་མ་ཤར་བར་བཙུན་མོ་ཕྲེང་ལྡན་མ་ཉལ་བའི་འོག་ཏུ་སོང་ནས་སེ་གོལ་གྱི་སྒྲས་བཙུན་མོ་བསླངས་ཏེ། བཙུན་མོ་ཡང་ལ་བའི་གོས་སྲབ་མོས་གཡོགས་བཞིན་དུ་ལངས་ཏེ་ཕྱག་བྱས་སོ། །དེ་ནས་འཆར་བས་མིག་བཙུམས་པ་དང༌། བཙུན་མོས་ཀྱང་དོན་གོ་ནས་གོས་སྟུག་པོ་གྱོན་ཏེ། ཆོས་ཀྱི་ལུང་མནོས་ནས། ཁ་དེའི་ལ་དུ་ལྷུང་བཟེད་གང་བྱིན་ནས་ནམ་ལངས་ཏེ་ཕྱི་རོལ་དུ་བྱུང་བ་དང༌། ཤཱ་རིའི་བུ་བཙུན་མོ་དབྱར་ལ་ལུང་འབོགས་ཤིང་ནང་དུ་སོང་བ་དང་ལམ་དུ་ཕྲད་ནས། འཆར་བས་སྨྲས་པ། དེ་ལྟ་བུའི་བརྩན་འགྲུས་ཀྱིས་ཟག་པ་ཟད་པར་བྱས་སམ་ཞེས་བྱས་པ་དང༌། ཤཱ་རིའི་བུས་སྨྲས་པ་དེ་ལྟར་ན་གོ་ཁྱོད་དྲུག་སྡེ་མང་


DTG154_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱས་པ་དང༌། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ནམ་མ་ལངས་པར་རྒྱལ་པོ་བཙུན་མོ་དང་བཅས་པའི་ཕོ་བྲང་བཙུན་མོ་ཉལ་བའི་སྒོ་གཏན་འདས་ན་ལྟུང༌། གྲོང་ཁྱེར་འདས་ན་ཉེས་བྱས། རྒྱལ་པོ་དང་བཙུན་མོ་ལྟ་བུས་བཀུག་གམ། དེ་དག་འདུལ་བའི་ཕྱིར་སོང་ན་ཉེས་བ་མེད། ཡི་གེའི་གཉེར་ལ་དམར་རེངས་མ་ཤར་ཞེས་བྱ་བ་ནི། སྐྱ་རེངས་མ་ཤར་བའི་དུས་སོ། །རིན་པོ་ཆེ་ཞེས་བྱ་བ་རིན་པོ་ཆེའམ་གོར་རིན་པོ་ཆེ་འཆང་བ་རྒྱལ་པོའི་སྔས་སུ་འཇོག་པ་ལ་བྱ། རིན་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི་ལུས་བསྲུང་བའི་ཕྱིར་མཚོན་ཆ་སྔགས་ཀྱིས་བཏབ་པ་འམ། མཚོན་ཆ་སྔས་སུ་བཞག་ཅིང་བཀྲམ་པ་ལྟ་བུའོ། །རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། བློན་པོ་རྣམས་ཀྱིས་སྤྱི་བོས་བླངས་ཏེ། རྒྱལ་པོར་དབང་བསྐུར་བ་དང༌། སྔགས་མཁན་གྱི་སྔགས་ཆུས་སྤྱི་བོ་ནས་བླུགས་ཏེ་དབང་བསྐུར་བའོ། །དེ་འདྲ་བའི་རྐྱེན་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཤར་བའི་བཙུན་མོ་དཔལ་ལྡན་ཤཱ་རིའི་བུས་ནུབ་མོ་བཏུལ་བ་ལྟ་བུའི་གདེང་ཡོད་ན་སོར་ཡང་ཉེས་པ་མེད། དེའི་ཉོན་མོངས་པ་ནི་ཚུལ་དང་མི་ལྡན་པའོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ཚེ། ཚེ་དང་ལྡན་པ་དག་ཇི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུ་བར་བདག་གིས་གདོད་ཤེས་སོ་ཞེས་དེ་སྐད་ཟེར་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས། ཚེ་དང་ལྡན་པ་དེ་མི་ཤེས་པས་ནི་མི་འགྲོལ་ཏེ་དེ་ལ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ཚེ་བསྟི་སྟང་བྱེད་ཅིང་ཆོས་མི་ཉན་བླ་མར་མི་བྱེད། གཅེས་པར་མི་བྱེད་ཡིད་ལ་མི་འཛིན་སེམས་རྩེ་གཅིག་ཏུ་མི་བྱེད་རྣ་བླགས་ཏེ་མི་ཉན། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མི་ཉན་པས་ཚེ་དང་ལྡན་པ་ཁྱོད་མ་རྙེད། རྙེད་པ་མ་ཡིན་ནོ། །ལེགས་པ་མ་རྙེད་པའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་འདི་ཡིན་ཏེ་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་མོས་པ་དད་གུས་པར་མི་ཉན་ལ། བར་སྐབས་སུ་ལྟུང་བ་འགའ་ཐོས་པའི་ཚེ། ཆོས་འདི་ལྟ་བུ་མདོ་དང་འདུལ་བའི་ནང་གདོད་ཤེས་སོ་ཞེས་བྱས་སོ། །དེ་ནས་དགེ་སློང་དག་གིས་ཁྱེད་


DTG154_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་ལ་ལན་དུ་མར་མི་འོང་ན་ཅི་གདོད་ཤེས་སམ་ཞེས་བྱས་པ་དང༌། དྲུག་སྡེས་སྨྲས་པ། ངེད་ཀྱི་ལས་འདི་གཅིག་ཏུ་མ་ཟད་ཀྱི་འདོད་པ་དང་སྲེད་པའི་རྣམ་པར་རྟོག་པ་ལ་འཇུག་དགོས་སོ་ཞེས་བྱས་ན། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། གསོ་སྦྱོང་གི་ཚེ་གོང་མ་སྐད་དུ་ཟེར་ན་ལྟུང་བར་འགྱུར། གསོ་སྦྱོང་མ་མྱོང་མའི་གསར་བུ་ཞིག་གིས་ད་གདོད་ཐོས་ཞེས་བྱས་ན་ཉེས་པ་མེད། གོང་མ་སྐད་དུ་དགེ་འདུན་གྱིས་མ་བསྒོ་ན་ཉེས་བྱས། ཡི་གེའི་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །བསྟི་སྟང་མེད་ཅིང་མི་ཉན་ཅེས་བྱ་བ་ནི་རིམ་གྲོ་མེད་སྤྱོད་ལམ་གྱིས་སྟོན་པ་སྟེ། དེ་ཡང་རྣམ་པ་དྲུག་ནི་འོག་ནས་བྱུང་བ་རྣམས་སོ། །དེ་ལ་བླ་མར་མི་བྱེད་པ་ནི་མ་དད་པའོ། །རུ་པ་ཚུལ་བཞིན་དུ་མི་བྱེད་པ་ནི་མ་གྲུས་པའོ། །ཡིད་ལ་མི་འཛིན་པ་ནི་མ་མོས་པའོ། །སེམས་རྩེ་གཅིག་ཏུ་མི་བྱེད་པ་ནི་ཕྱི་རོལ་དུ་གཡེང་བའོ། །སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མི་ཉན་པ་ནི་ཞུམ་པར་འདུག་པའོ། །དེའི་ཉོན་མོངས་པ་ནི་མ་གུས་པའོ། །ཡང་དགེ་སློང་གང་བ་སོ་འམ་རྭའི་ཁབ་རལ་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དེ་ན་བ་སོ་མཁན་མུ་སྟེགས་གཅེར་བུ་བའི་ཆོས་ལ་དགའ་བ་ཞིག་འདུག་པ་དེ། དགེ་སློང་བསོད་སྙོམས་པ་ཞིག་གིས་བཏུལ་ནས་དད་པར་གྱུར་ཏེ་དགེ་འདུན་ལ་གཟོད་བསྙེན་བཀུར་བྱེད་པར་ཁས་བླངས་ནས། དགེ་སློང་དག་གིས་ཀྱང་བག་མ་བྱས་པར། ཟན་མི་ཟ་ཞིང་བ་སོ་དང་རུས་པའི་ཁབ་རལ་བྱེད་དུ་བཅུག་སྟེ། བཅོམ་པ་མང་བས་དེ་དབུལ་པོར་གྱུར་ནས། མུ་སྟེགས་ཅན་གྱིས་བ་སོ་ཅན་དེ་ངེད་ལ་ཕྱོགས་པའི་ཚེ་ཕྱུག་ཅིང་ནོར་མར་བ་ན། ང་ཤཱཀྱའི་ཆོས་ལ་ཕྱོགས་ནས་དགེ་སློང་གི་འདོད་པ་མང་པོས་ཟས་ཀྱང་མེད་པར་གྱུར་ཏོ་ཞེས་དཔྱས་པ་ལས་བཅས། ཁབ་རལ་འདི་ལྟ་བུ་བྱས་སམ་བྱེད་དུ་བཅུག་ན་ལྟུང་བར་འགྱུར་རོ། །དངོས་པོ་མ་ཆག་པར་ལྟུང་བ་བཤགས་ཀྱང་དེ་ལས་བླང་པར་མི་འགྱུར་རོ། །ལྟུང་བ་གསོ་བའི་ཚེ། དགེ་སློང་གི་དངོས་པོ་བཅག་གམ་མ་དྲིས་ན་ཉེས་བྱས། དེའི་ཉོན་མོངས་པ་ནི་མ་དད་པའོ། །དགེ་སློང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་བྱེད་ན་རྐང་པ་བུ་གར་ཞུགས་པ་མ་གཏོགས་ཏེ། བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་གྱིས་ཤིག །དེ་ལས་ལྷག་པ་བྱས་ནས་སྤྱད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་


DTG154_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྒྱུ་བ་ཞིག་མཉན་དུ་ཡོད་པར་ཕྱིན་ནས་མལ་སྟན་བགོས་ན་སྒོ་ཁང་ན་ཁྲི་རྐང་པ་ཐུང་ངུ་མ་ཞིག་འདུག་པ་ཐོབ་ནས་དེའི་སྟེང་དུ་འདུག་སྟེ། མདུན་དུ་རྐང་པ་བཀྲུས་ནས་སྙོམས་པར་ཞུགས་སོ། །དེ་ནས་དགེ་སློང་ལམ་དུ་འགྲོ་བས་དུབ་བས་མཆོག་སྟེ། ཡང་བཏུད་ཡང་བཏུད་པ་དང་སྤྲུལ་གདུག་པ་ཅན་ཞིག་བསིལ་བར་འདོད་དེ་རྐང་པ་བཀྲུས་ནས་དེའི་སར་ཉལ་བ་དེས་བདག་གསད་པར་འོང་ངོ་སྙམ་ན་འགོ་གདེངས་ཀར་བྱས་ཏེ། དགེ་སློང་ཡུར་ལྟུང་མ་ཐག་ཏུ་འཕྲལ་བར་ཟིན་ནས་དུས་ལས་འདས་བར་བྱས་ཏེ། །དེ་ནས་ཁྲིའི་རྐང་པ་སྲིངས་ཤིག་པར་བཀའ་སྩལ་བ་དང༌། སྐས་བཙུགས་པ་ལས་བཅས། ཁྲིའི་རྐང་པ་ཚད་ལས་འདས་ན་ལྟུང༌། ཚད་དུ་མ་ཕྱིན་ན་ཉེས་བྱས། དེའི་ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ལ་ཤིང་བལ་བདལ་ཏམ་བདལ་དུ་བཅུག་ན་བསྡུས་ནས་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་དགའ་བོ་གསར་བུ་ཞིག་སྟེ། ནམ་གུད་ནས་དགེ་སློང་རྒན་པོས་འོངས་ནས་གནས་ཁང་འཆུགས་ཤིང་ཁྲི་སྟན་ཁྱེར་བས། རེ་ཞིག་དགེ་སློང་རྒན་པོ་ཞིག་གུད་ནས་འོངས་པ་དང༌། ཉེ་དགའ་བོ་ཉིད་ཉལ་བའི་ཁྲི་དེ་ཤིང་བལ་གྱིས་གཡོགས་ཏེ་གཞག་གོ །དེ་ནས་དགེ་སློང་དེས་འདི་སུའི་ཞེས་སྨྲས་དེས་འདི་ནི་ངའི་ཤིང་བལ་ལོ་ཞེས་བྱས་པ་དང༌། གུད་ནས་དགེ་སློང་གཅིག་གིས་སྨྲས་པ། ཉེ་དགའ་བོ་ཇི་སྐད་ཟེར་བ་བཞིན་ཏེ། ཁྲི་ནི་དགེ་འདུན་མངའ། ཤིང་བལ་ནི་ཉེ་དགའ་བོ་དབང་ངོ་ཞེས་བྱས་ཏེ། ཉེ་དགའ་བོ་ཁྲོས་པས་ཤིང་བལ་ཆེན་པོ་ནི་བསྡུས་ཏེ་སྦས། ཉུང་ཤས་ཤིག་ནི་ཁྲིའི་སྟེང་དུ་གཏོར་རོ། །དེ་ནས་གུང་ནས་འོངས་པའི་དགེ་སློང་དེ་ནུབ་མོ་མུན་ཁྲོད་དུ་ཁྲི་དེའི་སྟེང་དུ་ཉལ་བ་དང་ནང་པར་ལངས་པའི་ཚེ་ལུས་བལ་གྱིས་ཡོག་ཅིང་སྐྱ་བོར་གྱུར་པ་དང༌། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། དེའི་ཉོན་མོངས་པ་ནི་མ་དད་པའོ། །དགེ་སློང་གདིང་པ་བྱེད་ན་ཚད་བཞིན་དུ་གྱིས་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ་སྲིད་དུ་བདེ་བར་གཤེགས་པའི་མཐོ་དོ། །ཞིང་དུ་མཐོ་ཕྱེད་དང་དོ། །སྲིད་དུ་མཐོ་གང་གིས་སྲིངས་ཤིག །དེ་ལས་ལྷག་པར་བྱས་ནས་སྤྱད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་གི་གདིང་བ་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་དག་གིས་མ་འོངས་པར་ཆེ་ཞིང་ཚད་ལས་འདས་བར་བྱས་


DTG154_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། གདིང་བའི་སྲིད་མཐོ་དོར་བཅས་པ་ལས། དགེ་སློང་འཆར་བ་ལུས་རིང་ཆེས་ལ་གདིང་བ་ཐུང་རོ་སྨད་ཀྱི་དྲི་མས་དགེ་འདུན་གྱི་སྟན་ལ་རེག་ནས། མཐོ་གང་གིས་བསྐྱེད་པ་ལས་བཅས། སྲིད་དུ་ནི་ཁྲུ་ཕྱེད་དང་ལྔ། ཞེང་དུ་ཁྲུ་དོ་དང་སོར་དྲུག །གདིང་བ་རས་སར་པ་ལས་བྱས་ན་ཉེས་བྱས། གདིང་བ་སུམ་སྦྱར་མར་བྱ། ཚད་དུ་མ་སླེབས་ན་ཉེས་བྱས། དགེ་སློང་གཡན་པ་དགབ་པ་བྱེད་ན་ཚད་བཞིན་དུ་གྱིས་ཤིག །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞི། ཞེང་དུ་མཐོ་དོ། །དེ་ལས་འདས་པ་བྱེད་ནས་བཅང་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་གིས་གཡན་པ་དགབ་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་དག་གིས་མ་འོངས་པར་ཆེ་ཞིང་ཚད་ལས་འདས་པར་བྱས་པས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས་ཚད་ལས་འདས་ན་ལྟུང༌། ཚད་ལས་མ་འདས་ན་ཉེས་བྱས། དགེ་སློང་དབྱར་གྱི་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་དྲུག །ཞེད་དུ་མཐོ་ཕྱེད་དང་སུམ་མོ། །དེ་ལས་ལྷག་པར་བྱས་ནས་སྤྱད་ན་ལྟུང་བའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དབྱར་གྱི་རས་ཆེན་ཚོལ་ཅིག་ཅེས་བཀའ་སྩལ་ནས། དེ་དག་གིས་མ་འོངས་པར་ཆེ་ཞིང་ཚད་ལས་འདས་པར་བྱས་པས་དོན་ཉུང་བའི་དགེ་སློང་གིས་དབྱས་པ་ལས་བཅས། ཚད་ལས་འདས་ན་ལྟུང༌། ཚད་དུ་མ་ཕྱིན་ན་ཉེས་བྱས། ཆོས་གོས་གཤེར་གྱིས་དོགས་ན་ཉེས་པ་མེད། དེའི་ཉོན་མོངས་པ་ནི་མ་དད་པའོ། །ཡང་དགེ་སློང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་ན་ལྟུང་བའོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་ཉེ་དགའ་བོས་བཟོ་མཁན་ལ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག་དྲུབ་ཏུ་བཅུག་ནས། སྔ་དྲོ་ཅུང་ཟད་ནི་བགོས་གཞན་ནི་བརྟུལ་ཏེ་ཕྲག་པ་ལ་བཀལ་ནས། དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས། དགེ་སློང་གིས་ཆོས་གོས་ཚད་བཞིན་དུ་བྱས་


DTG154_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་མ་བྱས་ཀྱང་རུང་དེ་ལས་འདས་པར་བྱས་ན་ལྟུང་བའོ། །དེའི་ཉོན་མོངས་པ་ནི་མ་དད་པའོ། །དགེ་སློང་ལུས་རིང་ལ་ཁྲུ་ཐུང་ན་ཐ་གུ་ལས་ལུས་ཚད་བྱས་ལ་དེ་མདུན་དུ་བལྟབ་པའི་ཆ་གཉིས་གཟུང་བ་ནི་ཁྲུ་གང་གི་ཚད་དོ། །ཚེ་དང་ལྡན་པ་དག་བདག་གིས་ལྟུང་བའི་ཆོས་དགུ་བཅུ་པོ་འདི་དག་བཤད་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །དགུ་བཅུ་ལྟུང་བ་འདི་རྣམས་བཏོན་ནས། ལྟུང་བ་ཡོད་ན་ལྟག་འོག་ན་དགེ་སློང་ཡོད་པ་ལ་མཐོལ་བར་བྱ་གཞན་ནི་ལྷག་མ་དང་འདྲའོ། །མདོར་ན། འགྲོ་དང་ཁྱིམ་གྱི་ནང་ཉིད་དང༌། །སློབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུང་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཚེ་དང་ལྡན་པ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །བསྡུས་པའི་མདོ་རྣམ་བཞི་པོ་སྨོས་པ་དང༌། རྟག་ཏུ་ཐོས་པར་འགྱུར་རོ་ཞེས་བསྟན་པ་ནི་ལྷག་མ་དང་འདྲ། ཡང་དགེ་སློང་གང་གཉེན་མ་ཡིན་པའི་དགེ་སློང་མ་ལམ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང་བཟའ་བ་རང་གིས་བླངས་ཏེ་འཆོས་སམ་ཟོས་ན། དགེ་སློང་དེའི་ཕྱི་རོལ་གྱི་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་སྨད་པའི་གནས་སུ་གྱུར་པ་མི་རིགས་པ་སོ་སོར་བཤགས་པར་བྱ་བའི་ཆོས་ཏེ་སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་བ་སྟེ། ཆོས་འདི་སོ་སོར་བཤགས་པར་བྱའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དགེ་སློང་མ་ཨུཏྤལའི་མདོག་བསོད་སྙོམས་ལ་སྤྱོད་དེ། རྙེད་པ་ཐོག་མ་ནི་དགེ་འདུན་ལ་དབུལ། ཐ་མ་ནི་བདག་རང་ཟ་བ་ལས་གློ་བུར་དུ་འོངས་པའི་དགེ་སློང་མ་ཞིག་གིས་བསོད་སྙོམས་མ་རྙེད་ནས་དགེ་སློང་མ་དེས་རང་གི་བཟའ་བ་དེ་བྱིན་ནས་ཉིད་ཀྱི་ཟན་ཆད་བར་གྱུར་ཏོ། །དེའི་འོག་ཏུ་དགེ་སློང་མ་དེས་གྲོང་དུ་བསོད་སྙོམས་བླངས་པ། དགེ་སློང་ཉེ་དགའ་བོས་གྲོང་བར་གྱིས་སྲང་དུ་བསྡད་དེ་བླང་ནས་དགེ་སློང་མ་དེ་ལམ་གྱིས་དུབ་སྟེ་ཟན་ཆད་པས་ས་ལ་འགྱེལ་ཏེ་བརྒྱལ་ནས་མ་དད་པ་རྣམས་ཀྱིས་དགེ་སློང་


DTG154_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཤཱཀྱའི་གཞོན་ནུ་མཐོང་ནས་འདོད་ཆགས་ལངས་ནས་འགྱེལ་ཏོ་ཞེས་དཔྱས་པ་ལས་བཅས། དེའི་ཉོན་མོངས་པ་ནི་མ་དད་པའོ། །དགེ་སློང་མང་པོ་ཁྱིམ་དུ་མགྲོན་དུ་བོས་ནས། ཟན་ཟ་བའི་ཚེ་ན་གལ་ཏེ་དགེ་སློང་མ་ཞིག་འདི་ལ་ནི་བཅའ་བ་བྱིན་ཅིག་འདི་ལ་ནི་བཟའ་བ་བྱིན་ཅིག། འདི་ལ་ནི་སྲན་ཚོད་བྱིན་ཅིག །འདི་ལ་ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན། དགེ་སློང་མ་ལ་དགེ་སློང་དག་གིས་ཆེ་ཞེ་ཁྱོད་དགེ་སློང་ཟན་ཟོས་ཀྱི་བར་དུ་སྡོད་ཅེས་གྱིས་ཤིག །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དེ་ལ་དེ་སྐད་སྨྲ་མ་སྤོབས་ན། དགེ་སློང་དེ་དག་ཐམས་ཅད་ཕྱི་རོལ་ཀུན་དགའ་ར་བར་དོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་བདག་ཅག་སྨད་པའི་གནས་སུ་གྱུར་པ་མི་རིགས་པས་སོ་སོར་བཤགས་པར་བྱ་བའི་ཆོས་དེ་སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ། །སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། དྲུག་སྡེ་རྣམས་བཅུ་གཉིས་སྡེའི་ཐད་དུ་སོང་ནས་བཅུ་གཉིས་སྡེས་འདི་རུ་བཤོས་གསོལ་བྱས་པ་དང༌། དྲུག་སྡེས་སྨྲས་པ། དེང་ཁྱེད་ཀྱིས་མི་སྦྱིན་ན་ཡང་གཞན་སུས་སྦྱིན་གྱི་སངས་རྒྱས་འཁོར་དང་བཅས་པ་ནི་གར་སྤྱན་དྲངས་པ་དེང་ཁྱེད་ཀྱིས་དེ་ལ་གསོལ་བ་ལས། ཡང་དང་ཡང་སྦྱིན་དུ་ཆུག་ཤིག་ཅེས་བྱས་ནས། ཉེ་དགའ་བོ་སྲིང་མོ་སྦོམ་མ་དགའ་ལྡན་གྱིས་ཀྱང་ཁས་བླངས་སོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་ཏེ་བཤོས་འདྲིམ་པའི་ཚེ་སྦོམ་མོ་དགའ་ལྡན་གྱིས་བསྒོ་བ། ཀྱེ་ཁྱིམ་བདག་དྲུག་སྡེ་རྣམས་བྲམ་ཟེ་དང་རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ། སྡེ་སྣོད་གསུམ་དང་ལྡན་པ་ཡིན་གྱིས་དེ་དག་ལ་གསོལ་བ་འདི་དང་འདི་བྱིན་ཅིག་ཅེས་བསྒོ་ནས། ཁྱིམ་བདག་གིས་དེ་བཞིན་དུ་བྲིམས་པས་དགེ་སློང་གཅིག་གི་ཟན་ཆད་པ་ལས་བཅས། དགེ་སློང་མས་བཤམས་པ་ལ་རྣམ་པ་གཉིས་ཏེ། གསོང་པ་དང་ཡང་དང་ཡང་བྱིན་དུ་བཅུག་པའོ། །དེ་ལ་བཅའ་བ་ཞེས་བྱ་བ་ནས། སྲན་ཚོད་བྱིན་ཞེས་བྱ་བའི་བར་དུ་ནི་བསོད་པའོ། །འདི་ལ་ཡང་བྱིན་ཞེས་བྱ་བ་ནི་ཡང་དང་ཡང་བྱིན་ཞེས་བྱ་བའི་དོན་ཏེ། གལ་ཏེ་དེ་ལྟ་བུར་གྱུར་ན། མཚམས་གཅིག་གི་དགེ་འདུན་ཀུན་གྱིས་ཤེས་པར་བྱས་ཏེ་བཤགས་སོ། །གལ་ཏེ་དགེ་སློང་མ་ཤོམ་པ་དེ་སྤྱིན་བདག་གང་ཡིན་པའི་གཉེན་དུ་གྱུར་པ་ལས་བཤམས་པ་དང༌། འདི་ཐོབ་འདི་མ་ཐོབ་ཅེས་རིག་པས་ཞལ་ཏ་བྱེད་པ་ནི་ཉེས་པ་མེད་དོ། །ཡང་དགེ་


DTG154_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱིས་སློབ་མའི་ཁྱིམ་དུ་གྱུར་པ་བསླབ་པའི་སྡོམ་པ་བྱིན་པར་ཤེས་པ་ལ་ཡང༌། དགེ་སློང་གང་དགེ་འདུན་གྱི་སློབ་མའི་ཁྱིམ་འདི་འདྲ་བ་བསླབ་པའི་སྡོམ་པ་བྱིན་པར་ཤེས་པ་རྣམས་སུ་ཡང་སྔར་མ་ཐོབ་པར་སོང་སྟེ། རང་གི་ལག་གིས་བཟའ་བ་དང་བཅའ་བ་བླངས་ཏེ་འཆོས་སམ་ཟོས་ན། དགེ་སློང་དེ་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་སྨད་པའི་གནས་སུ་གྱུར་པ་མི་རིགས་པས་སོ་སོར་བཤགས་པར་བྱ་བའི་ཆོས་ཏེ་སོ་སོར་བཤགས་པར་བྱའི་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ། །སངས་རྒྱས་ཡུལ་ཡངས་པ་ཅན་ན་བཞུགས་པའི་ཚེ། ཡུལ་དེང་སྡེ་དཔོན་ཆེན་པོ་སེང་གེ་ཞེས་བྱ་བ་ཞིག་འདུག་པ་དེས་སངས་རྒྱས་དང་དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་མ་བསྟབས་པ་མེད་པས་དེ་དབུལ་པོར་གྱུར་ནས། དེ་མ་བས་ཀྱི་བར་དུ་ཟན་མི་བླང་པར་ཁྲིམས་སུ་བཅའ་བའི་འོག་ཏུ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་སྡེ་དཔོན་དེས་བོས་པ་དང༌། དྲུག་སྡེ་རྣམས་ཀྱང་མ་བོས་པར་དེར་སོང་ནས། སྡེ་དཔོན་གྱི་རྒྱགས་ཅི་ལུས་པ་ལས་སྦྱར་ཏེ། དེ་དག་ཀྱང་ཟན་བྱིན་པས་དེའི་འོག་ཏུ་བུ་རྣམས་ཀྱི་ཟན་ཆད་དེ་དུས་ནས་དོན་ཉུང་བའི་དགེ་སློང་གིས་དཔྱས་པ་ལས་བཅས། ཡི་གེའི་འབྲུ་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །སློབ་པའི་ཁྱིམ་ཞེས་བྱ་བ་ནི་སྡེ་དཔོན་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། སློབ་པའི་ས་ལ་གནས་པའོ། །ཁྱིམ་བདག་གིས་བོས་ཏེ་ཟན་ཟོས་པ་དང་མ་བོས་པར་དེར་སོང་སྟེ། སྟན་ཙམ་ལ་སྤྱོད་ཅིང་ཆོས་འཆད་པ་དང༌། སྦྱིན་བདག་དེ་བལྟས་ནས་འོག་ཁྲིམས་བཏང་བའི་འོག་ཏུ་བླངས་པ་རྣམས་ནི་ཉེས་པ་མེད། གང་དགེ་འདུན་གྱི་དགོན་པའི་གནས་དོགས་པ་དང་བཅས་པར་ཤེས་པ་དང༌། འཇིགས་པ་དང་བཅས་པར་ཤེས་པ་དང༌། འཇིགས་ཤིང་ཉམས་པ་དང་བཅས་པར་ཤེས་པ་ཞིག་ཏུ་ཡང་དགེ་སློང་གང་དགེ་འདུན་གྱི་གནས་དོགས་པ་དང་བཅས་པར་ཤེས་པ། འཇིགས་པ་དང་བཅས་པར་ཤེས་པ་འཇིགས་ཤིང་ཉམ་ང་བ་དང་བཅས་པར་ཤེས་པ་དང་འདྲ་བ་དག་ན་སྔར་མ་བརྟགས་པའི་གནས་སུ་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆོས་སམ་ཟོས་ན་དགེ་སློང་དེས་དགེ་སློང་རྣམས་ལ། ཚེ་དང་ལྡན་པ་དག་བདག་སྨད་པའི་གནས་སུ་གྱུར་པ་མི་རིགས་པས་སོ་སོར་བཤགས་པར་བྱ་བའི་ཆོས་


DTG154_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ། །སངས་རྒྱས་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་པའི་ཚེ། ཚུལ་ནས་འབྱུང་བའི་ཁར་སངས་རྒྱས་ཀྱིས་ཡུལ་ཕྱོགས་དེར་ཆོས་བསྟན་པས་ཤཱཀྱའི་རིགས་རྣམས་དད་པར་གྱུར་ནས། ཕྱི་དེ་ཉིན་པར་སངས་རྒྱས་དང་ཤཱཀྱའི་གནས་ན་གནས་པའི་དགེ་སློང་རྣམས་ཀྱིས་བཤོས་སྦྱར་ནས་བཟའ་བ་དང་བཅའ་བ་མང་པོས་ཤིང་རྟ་རྣམས་བཀང་སྟེ། ཤཱཀྱ་མོ་རྣམས་ནི་མདུན་དུ་བཏང༌། སྐྱེས་པ་རྣམས་ནི་ཕྱི་བཞིན་འོང་བར་བྱས་པ་ལས། ཤཱཀྱ་མོ་རྣམས་ནགས་སྟུག་པོའི་ནང་དུ་རྐུན་པོས་བཅོམ་སྟེ། རྒྱན་སྣ་ཚོགས་དང་གོས་དང་ཁ་ཟས་མང་པོ་རྣམས་ཕྲོགས་ནས་བུད་མེད་དེ་དག་རྩྭ་དང་ཤིང་ཕྲ་མོའི་གསེབ་ཏུ་ཞུགས་ནས་གཅེར་བུར་འཁོད་དོ། །དེ་ནས་ཟན་བཞིན་དུ་མི་སྣང་བས། དྲུག་སྡེ་རྣམས་བསོད་སྙོམས་ལ་ཆས་པས་ལམ་དུ་རྐུན་པོས་སྦྱིན་བདག་གྱི་ཆུང་མ་རྣམས་བཅོམ་ཟིན་པར་མཐོང་ནས་གཅེར་བུར་ཁ་ཟས་ལྷག་རོལ་རྣམས་འདྲིམ་དུ་བཅུག་སྟེ་ཟོས་སོ། །དེ་ནས་ཤཱཀྱ་རྣམས་ཕྱི་བཞིན་དུ་འོངས་པས་རྐུན་པོ་བཟུང་ནས་རྒྱན་དང་ཁ་ཟས་རྣམས་ཕྱིར་ཁུགས་ཏེ། ཕོ་མོ་ཀུན་དགེ་འདུན་གྱི་ཐད་དུ་སོང་སྟེ་བཤོས་བྲིམས་སོ། །དེ་ལྟར་འདྲིམ་པའི་ཚེ་བུད་མེད་དེ་དག་གིས་དྲུག་སྡེ་རྣམས་ཀྱི་སྐལ་བ་བཅད་པ་དང༌། གཞན་གྱིས་ཅི་ཕྱིར་བཅད་ཅེས་དྲིས་པ་དང༌། ད་གདོད་ལམ་དུ་ཟོས་ཏེ་ངེད་ལ་ཡང་གནས་ངན་ལེན་གྱི་ཚིག་མང་དུ་བཅས། དགོན་པའི་གནས་འབྱུང་བ་ནི་ཁོ་ར་ཁོར་ཡུག་དཔག་ཚད་ཕྱེད་བརྟག་པར་བྱ་སྟེ། རྐུན་པོ་སྣང་ན་ནི་ལམ་དུ་དུ་བ་གཏུལ་ཞིང་བ་དན་སྔོན་པོ་བསྒྲེང༌། ཤིང་ལོ་སྔོན་པོ་དག་ལམ་དུ་གཏོང་བར་བྱ། རྐུན་པོ་མེད་ན་ལམ་དུ་བ་དན་དཀར་པོ་བསྒྲེང༌། གནས་མ་བརྟགས་པར་འདུག་པའི་ལྷ་ཁང་གི་ཕྱི་རོལ་དུ་ཟན་ཟོས་ན་བཤགས་པར་འགྱུར། བརྟགས་པར་ནང་དུ་ཟོས་ན་ཡང་ཕྱི་རོལ་དང་འདྲ། ཚེ་དང་ལྡན་པ་དག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཤད་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །འདི་ན་ཚེ་དང་ལྡན་པ་ཡོངས་སུ་དག་ན་གང་གི་ཕྱིར་ཅད་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྟག་ཏུ་སྨོས་པ་དང་འདྲའོ། །མདོར་ན། ཤམ་ཐབས་ལ་ནི་རྣམ་བདུན་དང༌། །སྟོད་གོས་


DTG154_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྣམ་གསུམ་དང༌། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང༌། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཚེ་དང་ལྡན་པ་བསླབ་པའི་ཆོས་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །བསླབ་པའི་མདོ་ནི་རྟག་ཏུ་སྨོས་པ་དང་འདྲ། ཆོས་གོས་དང་ཤམ་ཐབས་བགོ་བ་ནི་སངས་རྒྱས་གྲོང་ཁྱེར་འཁོར་མོ་འཇིག་གི་དྲང་སྲོང་གི་གནས་རི་དག་རྒྱུ་བ་ན་བཞུགས་པའི་ཚེ། དགེ་སློང་ལྔ་ཞིག་ཐོག་མར་རབ་ཏུ་བྱུང་ནས་ཆོས་གོས་གྱོན་པའི་ཐབས་ཁྱིམ་པ་དག་དང་བྱེ་བྲག་མེད་ནས་ཁྱིམ་པས་དཔྱས་པ་དང༌། སངས་རྒྱས་སྔ་མ་འདས་པའི་སློབ་པའི་ཚུལ་ནི་འདི་འདྲ་སྙམ་སྟེ། སངས་རྒྱས་དགོན་པ་ན་བཞུགས་པ་དང༌། འདོད་པའི་ལྷ་རྣམས་ཀྱིས་བཙུན་པ་དེ་དག་གི་ཚུལ་ནི་གནས་གཙང་མའི་རིགས་ཀྱི་ལྷ་བཞིན་དུའོ་ཞེས་གསོལ་ནས། དེ་བཞིན་དུ་ཟླུམ་པོར་བགོ་བར་བཅས། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཧ་ཅང་འཇོལ་བ་ཡང་མ་ཡིན་པ་དང༌། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང༌། ཏ་ལའི་མགོ་ལྟར་མ་ཡིན་པ་དང༌། ནས་ཆན་གྱི་ཕུར་མ་ལྟར་མ་ཡིན་པ་དང༌། སྤྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང༌། ཤམ་ཐབས་བགོ་བར་བསླབ་པར་བྱའོ། །འདི་རྣམས་ལྟར་དྲུག་སྡེས་བགོས་པ་ལས་བཅས་ཏེ། རྩེངས་བ་ནི་བུས་མོ་ལས་མི་མཐོ། འཇོལ་བ་ནི་ལོང་བུ་ལས་མི་དམའ། གླང་པོ་ཆེའི་སྣ་ནི་ཐོག་མ་གཉིས་གང་ཡང་རུང་སྟེ་ནར་བར་མི་བྱ། ཏ་ལའི་ལོ་མ་ནི་ཤམ་ཐབས་གཡས་སམ་གཡོན་གྱི་ཐོག་མར་ཞེང་བལྟབ་མ་མང་པོར་བྱ་སྟེ། རྐེད་པ་བཀུད་པ་མན་ཆད་གཡོན་པའི་འོག་སྐ་རགས་ཀྱི་གསེབ་ཏུ་བཅུག་ནས། ཐོག་མ་ཐོད་ཀྱི་འབེ་རྔག་ལྟར་མི་བྱ། ནས་ཆན་གྱི་ཕུར་མ་ནི་ཤམ་ཐབས་གཡས་ཤམ་གྱི་མ་ཐོག་སྐ་རགས་ཀྱི་གསེབ་ཏུ་མི་གཞུག །སྤྲུལ་མགོ་ནི་ཤམ་ཐབས་ཀྱི་མཁྱེན་མ་སྐ་རགས་ལས་འདས་པ་རྣམས་སྤྲུལ་མགོ་ལྟར་གདེངས་ཀ་ཡོད་དེ་འདུག་པར་མི་བྱ། ཆོས་གོས་ཧ་ཅང་རྩེངས་པ་ཡང་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་ཡང་མ་ཡིན་པ་དང༌། ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དྲུག་སྡེས་འདི་གསུམ་ལྟར་བགོས་པ་ལས་བཅས། ཟླུམ་པོར་མཐོན་དམན་མེད་པས་རྩེངས་པ་དང༌། འཇོལ་བ་ནི་ཤམ་ཐབས་ལ་ཇི་ལྟ་བ་


DTG154_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤིན་ཏུ་བསྡམས་པ་དང་ལེགས་པར་བགོས་པ་དང༌། སྒྲ་སྐྱུངས་པ་དང༌། མིག་གཟུམས་པར་མི་བྱ་བ་དང༌། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཁྱིམ་དུ་འགྲོ་བར་བྱའོ། །དྲུག་སྡེས་འདི་རྣམས་ལས་བཟློག་པ་ལྟར་བྱས་པ་ལས་བཅས་ཏེ། ཤིན་ཏུ་བསྡམས་པ་ནི་རྐང་ལག་ཀྱོག་ཅིང་མི་སྡུག་པར་མི་བྱའོ། །ལེགས་པར་བསྒོ་བ་ནི་ཆོས་གོས་བརྟུལ་ནས་ལག་པར་ཐོགས་སམ་ཕྲག་པར་དགལ་བར་མི་བྱ། སྐྱུངས་བ་ནི་ཚིག་ཅལ་ཅོལ་མི་སྨྲ། མིག་གཟུམས་པ་ནི་དངོས་སུ་ཟད་དེ་གླང་པོ་ཆེ་དྲེགས་པ་ལ་ཐུག་ན་མི་གཙང་བའི་ཁྲོད་དུ་འགྱེལ་བ་ལྟ་བུའོ། །གཉའ་ཤིང་གང་ནི་གནོད་པར་བྱེད་པའི་སེམས་ཅན་ཕས་འོད་བ་མཐོང་བར་བྱ་བའི་ཕྱིར་རྐང་པའི་རྩེ་མོ་ནས་གཉའ་ཤིང་གང་ཚུན་ཆད་དུ་བལྟ་བར་གསུངས་སོ། །མགོ་མི་གཡོགས་པ་དང༌། མི་བརྫེ་བ་དང༌། མི་གཟར་བ་དང༌། གཉའ་གོང་དུ་མི་བསྣོལ་བ་དང༌། ཕྲག་པ་གཉིས་ལ་མི་གཟར་བར་བསླབ་པར་བྱའོ། །དྲུག་སྡེ་འདི་རྣམས་ལྟར་བྱས་པ་ལས་བཟློག་པ་ལས་བཅས་ཏེ། མགོ་མི་གཡོགས་པ་ནི་ཆོས་གོས་ཀྱིས་མི་གཡོགས། མི་བརྫེ་བ་ནི་ཕྱོགས་གཅིག་ནས་མས་མི་བརྫེ། མི་གཟར་བ་ནི་བགོས་ནས་ཕྲག་པའི་སྟེང་དུ་མི་གཟར། གཉའ་གོང་དུ་མི་བསྣོལ་བ་ནི་ཆོས་གོས་གཡས་གཡོན་གཉིས་ཀ་གཟར་ཏེ་གཉའ་བའི་གོང་དུ་མི་བསྣོལ། ཕྲག་པ་གཉིས་ལ་མི་གཟར་བ་ནི་དངོས་སུ་ཟད། བྲང་བསམ་ཡིན་པ་དང༌། འཇལ་ཐབས་སུ་མ་ཡིན་པ་དང༌། མི་མཆོང་བ་དང༌། ཙོག་པུས་མ་ཡིན་པ་དང༌། དཀུར་མི་བརྟེན་པར་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་འདི་རྣམས་ལས་བཟློག་པ་ལྟར་བྱས་པ་ལས་བཅས་ཏེ། བྲང་བས་མ་ཡིན་པ་ནི་རྐང་པའི་རྩེ་མོ་བཙུགས་ཏེ་མི་འགྲོ་འཇལ་ཐབས་སུ་ནི་གོམ་པས་འཇལ་ཐབས་མི་བྱ། མི་མཆོང་བ་ནི་ཅི་ལ་ཡང་རུང་སྟེ་མཆོང་བར་མི་བྱ། ཙོག་པུ་ནི་བུད་མེད་ཀྱི་འདུག་ཐབས་སུ་འདུག་སྟེ་འགྲོ་བར་མི་བྱའོ། །དཀུར་མི་བརྟེན་པ་ནི་དངོས་སུ་ཟད། ལུས་མི་བསྒྱུར་བ་དང༌། ལག་པ་མི་ཀྱོག་པ་དང༌། མགོ་མི་བསྒྱུར་བ་དང༌། ཕྲག་པ་མི་སྤྲད་པ་དང༌། ལག་པ་མི་སྦྲེལ་བར་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེས་འདི་རྣམས་ལས་བཟློག་པ་ལྟར་བྱས་པ་ལས་བཅས་ཏེ། ལུས་མི་བསྒྱུར་བ་ནི་མ་འོས་པར་གཅུ་ཞིང་མི་བསྒྱུར། ལག་པ་མི་ཀྱོག་པ་ནི་ལག་


DTG154_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀྱུངས་ཀ་མི་བྱའོ། །མགོ་མི་བསྒྱུར་བ་ནི་གླང་པོ་ཆེ་དང་རྩངས་པའི་མགོ་བཞིན་དུ་མི་བསྒྱུར། ཕྲག་པ་མི་སྤྲད་པ་ནི་སྔོན་དྲུག་སྡེ་དག་གྲོང་དུ་འཇུག་པའི་ཚེ་མི་ཞིག་སྤོས་དང་རྒྱན་གྱི་བྱུགས་ཤིང་རྒྱན་པས་བརྒྱན་པ་དང་ཕྲད་པ། དྲུག་སྡེ་དཔུང་མགོ་སྤྲད་ནས་ཁྱོད་ལ་འབྱོར་བ་ཙམ་ངེད་ལ་མེད་སྙམ་མམ་ཞེས་བྱས་ནས་བརྡེགས་བསྣུན་པ་ལས་བཅས། ལག་པ་མི་སྦྲེལ་བ་ནི་སྔོན་དྲུག་སྡེ་རྣམས་གྲོང་དུ་འཇུག་པའི་ཚེ་ལྟག་མ་དང་འདྲ་བའི་མི་ཞིག་དང་ཕྲད་ནས། དེ་དག་གིས་ལག་པ་སྦྲེལ་བ་ལས་དེ་དག་གིས་འཕངས་ནས་བསྒྱེལ་བ་ལས་བཅས། མ་བསྒོ་བར་ཁྱིམ་དུ་སྟན་ལ་མི་འདུག་པ་ལ་བསླབ་པར་བྱའོ། །སྟན་ལ་མ་བརྟགས་པ་དང༌། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང༌། རྐང་པ་མི་བསྣོལ་བ་དང༌། བརླ་མི་བསྣོལ་བ་དང༌། ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པ་དང༌། རྐང་པ་མི་དགུག་པ་དང༌། རྐང་པ་མི་དབབ་པ་དང༌། མདོམས་མི་སྣང་བར་ཁྱིམ་དུ་སྟན་ལ་འདུག་པ་ལ་བསླབ་པར་བྱའོ། །མ་བསྒོ་བར་སྟན་ལ་འདུག་པ་ནི་མཉན་དུ་ཡོད་པ་ན་བྲམ་ཟེ་གཙང་སྦྲ་ཅན་ཞིག་གི་མལ་སྒོ་གང་དུ་བཅས་ནས། མི་ཁྱིམ་དུ་སོང་བའི་འོག་ཏུ་ཉེ་དགའ་བོས་ཀུ་རེ་བྱ་བའི་ཕྱིར་ལྷམ་དང་བཅས་ཏེ་མལ་བརྫིས་ནས་བྲམ་ཟེ་འཁྲུག་པ་ལས་བཅས། ཁྱིམ་དུ་བོས་ཀྱང་རུང་སྟེ། སྟན་ལ་འདུག་ཏུ་རུང་ངམ་ཞེས་དྲིས་ཏེ་འདུག་པར་བྱ། སྟན་ལ་མ་བརྟགས་པར་ནི་བུད་མེད་གཏུམ་མོའི་ཁྱིམ་དུ་དགེ་སློང་འཆར་བ་རྟག་ཏུ་འོང་བས་འཆར་བའི་སྟན་གཅིག་སྤགས་ཏེ། གཞན་ལ་དེས་རེག་ན་ཚེ་རིང་བར་འདོད་པའི་ཕྱིར་སྟན་དེའི་འོག་ཏུ་བྱིས་པ་གཅིག་བསྙལ་བ་ལས། འཆར་བསམ་བརྟགས་པར་འདུག་སྟེ་ཤི་བ་ལས་བཅས། ལུས་ཀྱི་ལྗིད་ཀྱིས་མི་དབབ་པ་ནི་སངས་རྒྱས་མངོན་པར་བྱང་ཆུབ་ནས་ཕོ་བྲང་སེར་སྐྱའི་གནས་སུ་སླར་གཤེགས་ཏེ་སྔོན་བཙུན་མོའི་བཤོས་གསོལ་བའི་ཚེ། དགེ་སློང་འཆར་བས་བཙུན་མོ་དྲག་འཛིན་མ་བཤོས་འདྲིམ་པའི་རྐང་པ་ལ་རྐང་པས་བསྡོས་ཏེ་བཏང་བས་དེའི་འཁོར་གྱིས་དུས་གཞན་ཞིག་ན། བཙུན་མོས་ཁྲིའུ་རྒྱུད་མ་བརྟགས་པའི་སྟེང་དུ་སྟན་གྱིས་གཡོགས་ནས་བྲམ་ཟེ་འཆར་བ་འབོད་པ་བཏང་གོ །དེ་ནས་འཆར་བ་འོངས་པ་དང༌། བཙུན་མོས་ངས་བྲམ་ཟེ་འབོད་དུ་བཅུག་ན་དགེ་སྦྱོང་མགོ་རེག་པོ་དེས་ཇི་བྱ་ཞེས་འབོད་པ་སྤྱོས་སོ། །དེ་ནས་ཞོ་ཕོར་གང་དང་ཕྱེ་ཕོར་གང་ཞིག་འཆར་བ་ལ་བྱིན་ནས་འགྲེང་


DTG154_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བླངས་ཏེ། ཚིག་པ་ཟོས་ནས་ཁྲི་བཅག་སྙམ་སྟེ་ལྗིད་ཀྱིས་མནན་ཅིང་དྲག་ཏུ་འདུག་པ་དང་ནང་དུ་ལྟེམས་ཞེས་བྱིང་ནས་ཕྱེ་དང་ཞོ་ཡང་ཐོང་ཀར་བོའོ། །དེ་ནས་རྐང་ལག་བཏེག་སྟེ་རྫིང་གི་ནང་དུ་བོར་བ་ལས་བཅས། རྐང་པ་མི་བསྣོལ་བ་ནི་རྗེ་ངར་མི་བསྣོལ་ཏེ། དྲུག་སྡེ་ལས་བཅས། བརླ་མི་བསྣོལ་བ་ནི་དྲུག་སྡེ་ལས་བཅས་ཏེ། བརླ་གཅིག་གི་སྟེང་དུ་གཅིག་མི་དགལ། ལོང་བུ་ནི་དྲུག་སྡེ་ལས་བཅས་ཏེ། ལོང་བུ་ཕྱི་རྒྱབ་གཉིས་གཅིག་གི་སྟེང་དུ་གཅིག་མི་གཞག །རྐང་པ་མི་དགུག་པ་ནི་དྲུག་སྡེ་རྣམས་ཁྲིའི་སྟེང་ན་འདུག་པ་ཁྲིའི་འོག་ཏུ་བཀུག་པ་ལས་དགེ་བསྙེན་མ་ཞིག་གིས་ཕྱག་བྱས་པ་དང༌། རྐང་པ་མ་གཏུགས་པས་ཉེས་ཞེས་སྤྱོས་ནས། རྐང་པ་བཀུག་པ་ལ་མགོས་གཏུགས་པའི་ཚེ། གཉའ་བ་ནས་རྐུབ་ཙོས་ཀྱི་བར་དུ་ཁྲུ་ཚད་ཀྱིས་བཅལ་ནས་དེ་དག་ངོ་ཚ་བ་ལས་བཅས། རྐང་པ་མི་གདངས་པ་ནི་དྲུག་སྡེ་རྣམས་ལ་དགེ་བསྙེན་མ་ཕྱག་བཙལ་དུ་འོངས་པ་དང༌། དེ་དག་རྐང་པ་རེ་རེ་ནས་ཕྱག་འཚལ་དུ་གཞུག་པའི་ཕྱིར། དྲུག་སྡེ་རྣམས་ཀྱིས་རྐང་པ་གདངས་ནས་གོང་མ་ལྟར་ཁྲུ་ཚད་ཀྱིས་བཅལ་བ་ལས་བཅས། མདོམས་མི་སྣང་བ་ནི་དྲུག་སྡེ་ལས་བཅས་ཏེ་མདོམས་གཡོགས་པར་བྱའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ། མུ་དང་ཁད་ཆད་དུ་མ་ཡིན་པ་དང༌། ཚོད་མ་དང་མཉམ་པ་མ་ཡིན་པ་དང༌། མཐར་ཆག་པ་དང༌། ལྷུང་བཟེད་ལྟ་བ་དང་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱ། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །སངས་རྒྱས་སྦྲ་དཀར་ཅན་གྱི་རི་འཇིགས་བྱེད་ཀྱི་ནགས་ན་བཞུགས་པའི་ཚེ། ཡུལ་དེར་འདི་རྣམས་ཀྱི་བཅའ་བྱུང་སྟེ། ཟས་ལེགས་པར་བླངས་པ་ནི་རྒྱལ་བུ་རྟོགས་ལྡན་གྱིས་དགེ་འདུན་སྤྱན་དྲངས་བའི་ཚེ། རྒྱལ་བུའི་ཁང་པ་པདྨོ་ཅན་ཚོན་བརྒྱ་རྩ་གཅིག་གིས་གཞི་བྲིས་པའི་ནང་དུ་ཁ་ཟས་བྲིམས་པ་དང༌། དྲུག་སྡེས་ལྷུང་བཟེད་བཟུར་བས་ཚོད་མའི་ཁུ་བ་བོ་བ་ལས་བཅས། མུ་དང་ཁ་ད་ཆད་དུ་ནི་དྲུག་སྡེས་རྒྱལ་བུ་དེའི་ཁྱིམ་དུ་ཟས་བླང་བའི་ཚེ། འབྲས་ཆན་གྱིས་ལྷུང་བཟེད་བཀང་བའི་སྟེང་དུ་ཚོད་མ་ལྡུགས་སུ་བཅུག་ནས་བོ་བ་ལས་བཅས། ཚོད་མ་དང་མཉམ་པ་མ་ཡིན་པ་ནི་དྲུག་སྡེ་རྒྱལ་པོ་དེའི་ཁྱིམ་དུ་ཚོད་མས་


DTG154_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་བཀང་བའི་སྟེང་དུ་འབྲས་བླུགས་ནས་བོ་བ་ལས་བཅས། མཐར་ཆག་ནི་དྲུག་སྡེ་ཟན་ཟ་བའི་ཚེ་ཚོད་མ་མི་ལེན་ཅིང་ཕྱིས་རིང་དུ་སོང་བ་དང༌། བོས་ནས་ཚོད་མ་འདྲིམ་པ་འཁྲུལ་བར་གྱུར་པ་ལས་བཅས། ལྷུང་བཟེད་བལྟ་བ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་ཏེ། ཕྱེ་འདྲིམ་པའི་ཚེ་དྲུག་སྡེས་ཆན་མང་དུ་བླངས་ཏེ་ཕྱེ་སྤྲུལ་པའི་འོག་ཏུ་ཟན་ཞིམ་པོ་འདྲིམ་པ་མཐོང་ནས་དྲུང་ན་དགེ་སློང་གཡེངས་པར་འདུག་པའི་ལྷུང་བཟེད་ཟན་ཆང་མང་པོས་བཀང་བ་ལས་བཅས། བཟའ་བོ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་ནི་དྲུག་སྡེ་བསོད་སྙོམས་ལེན་པའི་ཚེ། ཁ་ཟས་མ་བྱིན་པར་ལྷུང་བཟེད་བཟེད་པ་ལས་བཅས། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་ནི་མཉན་དུ་ཡོད་པ་ན་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་པ་ལས། དྲུག་སྡེས་ཚོད་མ་འདོད་པའི་ཕྱིར་འབྲས་ཆན་གྱིས་བཀབ་པ་ལས་བཅས། ཚོད་མས་འབྲས་ཆན་མི་དགབ་པ་ཡང་གོང་མ་དང་འདྲའོ། །མདོར་ན། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །བསྡུས་པའི་མདོ་ནི་ལྟག་མ་དང་འདྲའོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་ཡང་མ་ཡིན་པ་དང༌། ཁམ་ཧ་ཅང་ཆེ་བ་ཡང་མ་ཡིན་པ་དང༌། ཁམ་རན་པར་བཟའ་བར་བསླབ་པར་བྱ། ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱ། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །འདི་རྣམས་ཡུལ་མཉན་དུ་ཡོད་པར་བཅས་ཏེ། ལེགས་པར་བཟའ་བ་ནི་དྲུག་སྡེ་སློམ་ཆོ་ཞིང་ཟས་ཟ་བན། དད་པའི་ཁྱིམ་བདག་གིས་དཔྱས་པ་ལས་བཅས། ཁམ་ཆུང་བ་ནི་དྲུག་སྡེས་མ་འོས་པར་བག་གསར་མའི་ཐབས་སུ་ཆུང་དུ་ནས་བཙགས་པ་ལས་བཅས། ཁམ་ཆེན་པོ་ནི་དྲུག་སྡེ་དག་གྲོང་དུ་ཟན་ཟ་བའི་ཚེ་གྱད་ཁམ་དུ་གཏོང་བ་ལས་བཅས། ཁམ་རན་པར་བྱ་བ་ནི་ཆེ་ཆུང་གཉིས་ཀྱི་མཐའ་སྤངས་པའོ། །ཁམ་མ་གཟས་པར་ཁ་མི་གདང་བ་ནི་ཁྱིམ་བདག་གིས་དགེ་འདུན་སྤྱན་དྲངས་པའི་ཚེ། དྲུག་སྡེ་རྣམས་ཀྱི་འོག་ཏུ་རྔ་ཞུགས་ཤིག་འདུག་པ་བླ་མ་ལ་ཟན་འདྲིམ་ཚེ་ཁ་གདངས་ནས་ཉེ་དགའ་བོས་ཁར་བོང་བ་ཅིག་བཅུག་པ་ལས་བཅས། ཁ་ཟས་ཀྱིས་བཀང་སྟེ་མི་སྨྲ་བ་ནི་དྲུག་སྡེས་ཁ་ཁམ་


DTG154_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀང་སྟེ་སྒྲ་འབྱིན་ནས། རོ་ཉམས་ཏེ་གཞན་གྱིས་དཔྱས་པ་ལས་བཅས། ཙུག་ཙུག་མི་བྱ་བ་དང༌། བལྕག་བལྕག་མི་བྱ་བ་དང༌། ཧུ་ཧུ་མི་བྱ་བ་དང༌། ཕུ་ཕུ་མི་བྱ་བ་དང༌། ལྕེ་ཕྱུང་སྟེ་ཟན་མི་བཟའ་བར་བསླབ་པར་བྱའོ། །འདི་རྣམས་ཀྱང་ཡུལ་མཉན་དུ་ཡོད་པར་བཅས་ཏེ། ཙུག་ཙུག་མི་བྱ་བ་ནི་ཁྱིམ་བདག་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་པའི་ཚེ་ཚོད་མ་མངར་རུ་བྲིམས་པ་དང༌། དྲུག་སྡེ་རྣམས་ཀྱིས་ཚོད་མ་སྐྱུར་ཞེས་བྱས་པ་དང་རྐན་སྒྲ་གཏོགས་པ་ལས་བཅས། བལྕག་བལྕག་མི་བྱ་བ་ནི་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་ཏེ། ཚོད་མ་སྐྱུར་པོ་བྲིམས་པའི་ཚེ། དྲུག་སྡེས་སྐན་སྒྲ་ཕྱུང་ནས་ཚོད་མ་མངར་ཞེས་དཔྱས་པ་ལས་བཅས། ཧུ་ཧུ་མི་བྱ་བ་ནི་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་པའི་ཚེ། འབྲས་ཆན་ཚ་མོ་ཞིག་བྲིམས་པ་དང༌། དྲུག་སྡེས་འབྲས་ཆན་གྲང་ཞེས་བྱས་ཏེ་དབུགས་ཀྱིས་བསྲོས་པ་ལས་བཅས། ཕུ་ཕུ་མི་བྱ་བ་ནི་ཁྱིམ་བདག་གཅིག་གིས་དགེ་འདུན་སྤྱན་དྲངས་པའི་ཚེ། འབྲས་ཆན་གྲང་མོ་བྲིམས་པ་དང༌། དྲུག་སྡེས་འབྲས་ཆན་ཚ་ཞེས་བགྱིས་ནས་དབུགས་ཀྱིས་བསྒྲང་བ་ལྟར་བྱས་པ་ལས་བཅས། ལྕེ་ཕྱུང་སྟེ་མི་བཟའ་བ་ནི་དྲུག་སྡེ་རྣམས་ཁྱིམ་ན་ཟན་ཟ་བའི་ཚེ་ལྕེ་ཕྱུང་ཞིང་མཆུ་བལྡགས་པ་ལས་བཅས། འབྲུམ་བུ་ལས་ཐ་དད་དུ་མི་བྱ་བ་དང༌། ཕྱས་མི་བྱ་བ་དང༌། མཁུར་བ་མི་སྤོ་བ་དང༌། རྐན་མི་གཏོགས་པ་དང༌། ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ཡུལ་ནི་མཉན་དུ་ཡོད་པར་བཅས་ཏེ། འབྲུམ་བུ་ནས་ཐ་དད་དུ་མི་བྱ་བ་ནི་དྲུག་སྡེ་རྣམས་ཟན་ཟ་བའི་ཚེ། འབྲས་ཆན་གཏོར་ཏེ་འབྲུམ་བུ་ནས་ཐུ་ཞིང་ཟ་བ་ལས་བཅས། ཕྱས་མི་གདགས་པ་ནི་ཁྱིམ་བདག་གི་ཁྱིམ་དུ་ཟན་ཟ་བའི་ཚེ། དྲུག་སྡེས་ཚོད་མ་འདི་ཁ། ཚོད་མ་འདི་སྐྱུར་རོ་ཞེས་དཔྱས་པ་ལས་བཅས། མཁུར་བ་མི་སྤོ་བ་ནི་ཁྱིམ་བདག་གི་ཁྱིམ་དུ་དྲུག་སྡེས་མཁུར་བ་ཁམ་ཕན་ཚུན་དུ་སྤོས་པ་ལས་བཅས། རྐན་མི་གཏོགས་པ་ནི་ཁྱིམ་བདག་གིས་ཚོད་མ་མངར་པོ་སྦྱར་བ་ལས། དྲུག་སྡེས་སྐྱུར་རོ་ཞེས་རྐན་སྒྲ་ཕྱུང་ནས་ཁྱིམ་བདག་སྐྱེངས་པ་ལས་བཅས་ཁམ་འཕྲོར་མི་གཞག་བ་ནི་ཁྱིམ་བདག་གི་ཁྱིམ་དུ་དྲུག་སྡེ་རྣམས་ཀྱིས་ཟན་ཆང་ཆང་པོར་བྱས་ནས་ཕྱེད་ནི་ཁར་བཅུག་ཕྱེད་ནི་ལྷུང་བཟེད་དུ་བོར་བ་ལས་བཅས། ལག་པ་མི་


DTG154_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལྡག་པ་དང༌། ལྷུང་བཟེད་མི་བྱོག་པ་དང༌། ལག་པ་མི་སྦྲུག་པ་དང༌། ལྷུང་བཟེད་མི་བསྐྱམས་པ་དང༌། མཆོད་རྟེན་འདྲ་བར་སྤྲུལ་ཏེ་མི་བཟའ་བར་བསླབ་པར་བྱའོ། །འདི་རྣམས་ཀྱང་ཡུལ་མཉན་དུ་ཡོད་པར་བཅས་ཏེ། ལག་པ་མི་ལྡག་པ་ནི་དྲུག་སྡེས་ཁྱིམ་པའི་ཁྱིམ་དུ་ལག་པ་བལྡགས་པ་ལས་བཅས། ལྷུང་བཟེད་མི་བྱོག་པ་དེ་དང་འདྲ། ལག་པ་མི་སྤྲུག་པ་ནི་དྲུག་སྡེ་རྣམས་ཟན་ཟ་བའི་ཚེ་ལག་པ་སྤྲུགས་པས་ཁུ་བའི་ཟེར་མས་དགེ་སློང་གཞན་གྱི་ཆོས་གོས་ལ་ཕོག་པ་ལས་བཅས། ལྷུང་བཟེད་མི་བསྐྱམས་པ་ནི་དྲུག་སྡེ་ཟན་ཟ་བའི་དྲུང་ན། དགེ་སློང་ཆོས་གོས་སྦྱར་མ་གྱོན་པ་ཞིག་འདུག་པ་དེ་ལ་ཀྱལ་ཀ་བྱ་བའི་ཕྱིར་ལྷུང་བཟེད་བཀྲུ་བའི་ཚེ་ཆུ་བསྐྱམས་པས་ཆོས་གོས་མ་རུང་བར་གྱུར་པ་ལས་བཅས། མཆོད་རྟེན་འདྲ་བར་མི་བྱ་བ་ནི་ཁྱིམ་བདག་གཅིག་གཅེར་བུའི་ཆོས་ལ་དགའ་བ་ལས་ཕྱིས་དད་པར་གྱུར་ནས་དགེ་འདུན་སྤྱན་དྲངས་ཏེ། ཕྱི་བྲིམས་པ་དང༌། དྲུག་སྡེས་མཆོད་རྟེན་འདྲ་བར་བྱས་ནས་ལ་ཕུག་བསྒོས་པའི་སྲོག་ཤིང་བཙུགས་ཤིང་ཁུར་བའི་གདུགས་བོར་ནས། འདི་ནི་ངན་འགྲོ་རྫོགས་བྱེད་ཀྱི་མཆོད་རྟེན་ཞེས་བྱས་ཏེ། བཤིགས་ནས་ཟོས་པ་ལས་བཅས། མདོར་ན། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་དང༌། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་དབྱིག་པ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །བསྡུས་པའི་མདོ་ནི་ལྟག་མ་དང་འདྲ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་ལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་སློང་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པར་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་དུ་མི་དབོ་བར་བསླབ་པར་བྱའོ། །འདི་བཞི་ཡང་ཡུལ་མཉན་དུ་ཡོད་པར་བཅས་ཏེ། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་མི་ལྟ་བ་ནི་དགེ་སློང་མགྲོན་དུ་པོས་ཏེ་ཟན་ཟ་བའི་ཚེ། དྲུག་སྡེ་རྣམས་ཀྱི་དྲུང་ན་དགེ་སློང་ལྟོ་བོ་ཆེ་ཞིག་འདུག་པ་དེ་ལ་འདིས་ཅི་ཙམ་ཡོག་པ་ལྟོས་ཞེས་ཟེར་ཞིང་དཔྱས་པ་ལས་བཅས། ཆུ་སྣོད་པ་མི་བཟུང་བ་ནི་དྲུག་སྡེ་རྣམས་ཟན་ཟ་བའི་ཚེ། ཟས་ཀྱིས་འབགས་པའི་ལག་པས་ཆུ་སྣོད་ལ་


DTG154_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་བྱེད་ནས། བྲམ་ཟེ་གཙང་སྦྲ་ཅན་གྱིས་དཔྱས་པ་ལས་བཅས། དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བ་ནི་དྲུག་སྡེ་རྣམས་ཟན་ཟ་བའི་གན་ན་དགེ་སློང་ཆོས་གོས་བཟང་པོ་གོན་པ་ཞིག་འདུག་པ་ལ་སྙིང་ནས་ཟས་དང་འབགས་པའི་ཆུས་གཏོར་བ་ལས་བཅས། ཁྱིམ་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་མི་དབོ་བ་ནི་སངས་རྒྱས་སྦ་དཀར་ཅན་གྱི་ཡུལ་ན་བཞུགས་པའི་ཚེ། རྒྱལ་བུ་རྟོགས་ལྡན་གྱིས་སྤྱན་དྲངས་ཏེ། བཤོས་གསོལ་ནས་དྲུག་སྡེ་རྣམས་ཀྱིས་ལྷུང་བཟེད་ཀྱི་ཆུ་ཁང་པ་གཞི་རི་མོ་ཅན་གྱི་སྟེང་དུ་ཕོ་ནས་ཁྱིམ་བདག་འཁྲུག་པ་ལས་བཅས། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱའོ། །གང་ཁ་མ་ཡིན་པ་དང༌། གཡངས་ས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པ་ལ་ལྷུང་བཟེད་གཞག་པར་བསླབ་པར་བྱའོ། །འདི་རྣམས་ཀྱང་མཉན་དུ་ཡོད་པར་བཅས་ཏེ། ལྷུང་བཟེད་དུ་ལྷག་མ་མི་བླུགས་པ་ནི་བྲམ་ཟེ་གཙང་སྦྲ་ཅན་ཞིག་གི་བུ་ན་ནས་དཔྱད་མཁན་གྱིས་དགེ་སློང་གི་ལྷུང་བཟེད་ཀྱི་ཆུས་བཀྲུས་ན་ཕན་ཞེས་བྱས་པ་དང༌། བྲམ་ཟེས་ཉེ་དགའ་བོ་ལ་ཆུ་བསླངས་ནས་ཉེ་དགའ་བོས་འབྲས་དང་ཕྱེ་དང་ཁུར་བ་དང་རུས་པ་དམ་དུམ་དང་བསྲེས་པའི་ཆུ་བྱིན་ནས་བྲམ་ཟེས་མ་འདོད་པ་ལས་བཅས། འོག་གཞི་མེད་པར་ལྷུང་བཟེད་མི་གཞག་པ་ནི་དགེ་སློང་གིས་འོག་གཞི་མེད་པར་ལྷུང་བཟེད་བཞག་སྟེ་བཅས་ཟོས་པ་ལས་བཅས། གང་ཁ་མ་ཡིན་པ་ནས་དཀན་གཟར་པོ་ལ་མི་གཞག་ཅེས་པའི་བར་དུ་ནི་དགེ་སློང་གིས་འདི་རྣམས་ལས་བཟློག་བའི་གནས་སུ་གཞག་པ་ལས་མི་གནང་བར་བཅས། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གང་ཁ་མ་ཡིན་པ་དང༌། གཡངས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། །འདི་རྣམས་ཀྱང་ཡུལ་མཉན་དུ་ཡོད་པར་བཅས་ཏེ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བ་ནི་དགེ་སློང་ཞིག་འགྲེང་སྟེ་ལྷུང་བཟེད་བཀྲུ་བ་ལས་ལྷུང་ནས་ཆག་པ་ལས་བཅས། གང་ཁ་མ་ཡིན་པ་ནས་དཀན་གཟར་པོ་མ་ཡིན་པའི་བར་དུ་ནི་དགེ་སློང་གིས་འདི་རྣམས་ལས་བཟློག་པའི་གནས་སུ་ལྷུང་བཟེད་བཞག་པ་ལས་མི་གནང་བར་བཅས། འབབ་ཆུ་དྲག་པོ་ལས་ལྷུང་བཟེད་ཀྱིས་ཆུ་མི་


DTG154_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བ་ནི། དགེ་སློང་གིས་འདི་ལས་བཟློག་པའི་ལས་བྱས་པ་ལས་མི་གནང་བར་བཅས། མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་མདུན་དུ་འགྲོ་ཞིང་ཆོས་མི་བསྟན་པར་བསླབ་པར་བྱ། མི་ན་བར་ལམ་དུ་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། འཕྲག་པ་གཉིས་ལ་གཟར་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དོ་ཀེར་ཅན་དང༌། ཞ་གྱོན་པ་དང༌། ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌། ཐོད་བཅིངས་པ་མིན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཡུལ་མཉན་དུ་ཡོད་པར་དྲུག་སྡེས་འདི་རྣམས་ལས་བཟློག་པ་ལ་ཆོས་བཤད་པ་ལས་མི་གནང་པར་བཅས། མི་ན་བར་གླང་པོ་ཆེ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་དུ་འདུག་པ་དང༌། ལྷམ་མཐོན་པོར་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཡུལ་མཉན་དུ་ཡོད་པར་དྲུག་སྡེས་བཞོན་པ་འདི་རྣམས་ལ་འདུག་པ་དང༌། ལྷམ་གོང་ཆད་དང༌། ཤིང་ལྷམ་གྱོན་པ་དང༌། ལྷམ་མཐིལ་རྩེག་མ་གྱོན་པ་ལ་ཆོས་བཤད་པ་ལས་མི་གནང་བར་བཅས། མིན་བར་ལག་ན་དབྱིག་པ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཡུལ་མཉན་དུ་ཡོད་པ་ན། དྲུག་སྡེས་འདི་རྣམས་ཐོགས་པ་ལས་ཆོས་བཤད་པ་ལས་མི་གནང་བར་བཅས། གསོལ་བ་ལྟ་བུ་ནི་མ་གཏོགས་སོ། །མི་ན་བར་འགྲེང་སྟེ་བཤད་གཅི་མི་བྱ་བར་བསླབ་པར་བྱ། མི་ན་བར་ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང༌། སྣབས་དང་སྐྱུགས་པ་དང༌། སྣ་ནས་ཟག་པ་མི་དོར་བར་བསླབ་པར་བྱ། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྣ་ནས་ཟག་པ་མི་དོར་བར་བསླབ་པར་བྱའོ། །གནོད་པར་བྱ་བ་མ་གཏོགས་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །འགྲེང་སྟེ་བཤང་གཅི་མི་བྱ་བ་ནི་མཉན་དུ་ཡོད་པར་ཉེ་དགའ་བོས་འགྲེང་བཞིན་གཤང་གཅི་བྱས་པ་ལས་བཅས། རྩྭ་སྔོན་པོའི་སྟེང་དུ་བཤད་གཅི་ལ་སོགས་མི་དོར་བ་ནི། སངས་རྒྱས་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་པའི་ཚེ། ཉེ་དགའ་བོས་ལྡུམ་པ་ལ་ལྡུམ་སློང་ན་མི་


DTG154_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་ནས། དེ་སྙིང་ན་སྟེ་བཀྲུ་སྨན་འཐུངས་པའི་རྙོང་མས་གྱོ་མོ་བཀང་སྟེ་ཕྱགས་མས་ནང་དུ་བྱུགས་ཤིང་ལྡུམ་ཀུན་ལ་བསྐུས་ནས་མ་རུང་བར་གྱུར་པ་ལས་བཅས། ཆུའི་ནང་དུ་བཤང་གཅི་ལ་སོགས་པ་མདོར་བ་ནི་མཉན་དུ་ཡོད་པར་ཉེ་དགའ་བོས་བཙོ་བླག་མཁན་ལ་གོས་འཁྲུ་ཞིང་བཙོར་བཅོལ་བ་ལས་མ་བཏུབ་ནས་ཉེ་དགའ་བོས་བཀྲུ་སྨན་འཐུངས་ཏེ་རྙོང་མས་གྱོ་མོ་བཀང་ནས་ཁྲུས་རྫིང་གི་ནང་དུ་ཁྲུས་ཀྱི་རྡོ་ལེབ་ཀྱི་འོག་ཏུ་བསྐུས་ཤིང་བླུགས་པ་ལས་བཅས། ཤིང་ལ་མི་གང་ལས་མི་འཛེག་པ་ནི་མཉན་དུ་ཡོད་པར་ཁྱིམ་བདག་གཅིག་གིས་དེར་དགེ་འདུན་སྤྱན་དྲངས་ནས་ཉེ་དགའ་བོས་སྔར་ཟན་ཟོས་ནས་གཙུག་ལག་ཁང་གི་ཁང་སྐྱོང་གི་ཟན་སྐྱལ་དུ་ཆས་པ་དང་ཁང་སྐྱོང་གི་ཟན་གཅད་པར་བྱ་བའི་ཕྱིར་གོམ་གྲངས་ཀྱིས་དལ་བུས་ལམ་འཇལ་ཞིང་སོང་ངོ༌། །དེའི་ཚེ་ཁང་སྐྱོང་འཛེ་ཏའི་སྐྱེ་ཤིང་ལ་འཛེགས་ཏེ་བལྟས་ནས། ཕྱི་རབས་པའི་འོག་ཏུ་ཉེ་དགའ་བོས་ཟན་བྱིན་པ་དང་ཟར་མ་བཏུབ་ནས་གཏམ་བྱས་པ་ལས་མི་གནང་བར་བཅས། གནོད་པ་བྱུང་བ་མ་གཏོགས་པ་ནི་དགེ་སློང་ཞིག་འགྲོན་པོ་དང་འགྲོགས་ཏེ། དགོན་པར་ཞུགས་པའི་ནུབ་མོ་སྟག་བྱུང་ནས་འགྲོན་པོ་རྣམས་ཤིང་མཐོན་པོ་ལ་འཛེགས། དགེ་སློང་འཛེག་ཏུ་མི་གནང་བར་ཤེས་ཏེ། མི་གང་ཙམ་དུ་འཛེག་ཅིང་འདུག་པ་སྟག་གིས་ཟོས་པ་ལས་བཅས། ཚེ་དང་ལྡན་པ་དག་བདག་གིས་བསླབ་པའི་ཆོས་མང་པོ་རྣམས་བཤད་ཟིན་ཏོ། །དེ་ལ་བདག་གི་ཚེ་དང་ལྡན་པ་དག་ལ་ཅི་འདི་ན་ཡོངས་སུ་དགའ་པར་གནས་སམ་ཞེས་འདྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་འདྲིའོ། །འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་གནས་ན་གང་གི་ཕྱིར་ཅང་མི་སྨྲ་བ་དེ་དེ་བཞིན་དུ་འཛིན་ཏོ། །འཁོར་རྣམས་ཡོངས་སུ་དག་གམ་ཞེས་འདྲི་བའི་ཚིག་སྟེ། ལྟག་ཏུ་སྨོས་པ་དང་འདྲའོ། །མདོར་ན། མངོན་སུམ་དྲན་པ་མ་མྱོང་པ། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ༌། །མི་མཐུན་པ་ལས་རྩོད་པ་དང༌། ལུང་མི་སྟོན་པ་ལས་རྩོད་པ་དང༌། བྱ་བ་ལས་རྩོད་པ་དང༌། འདི་བཞི་ཡོད་པ་ཞི་བར་བྱ་བའི་ཐབས་བདུན་པོ་ཡོད་པ་ནི་འོག་ནས་འབྱུང་བ་ཡིན་ཏེ། མི་མཐུན་པ་ལས་རྩོད་པ་ནི་


DTG154_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གིས་ཆོས་བཞིན་བཤད་པའི་རྙེད་པ་དེ། དགེ་སློང་ལ་ལ་ནི་གང་ཟག་ལ་དབང་ཞེས་ཟེར། ལ་ལ་ནི་ཆོས་ལ་དབང་ཞེས་ལྟ་བུ་འམ། ཆོས་བདག་མེད་པ་དང༌། ཡོད་པ་ལ་ལྟ་བ་མི་མཐུན་ཏེ་རྩོད་པ་ནི་མི་མཐུན་པ་ལས་རྩོད་པ་ཞེས་བྱའོ། །དེ་ལ་ལུང་མི་སྟོན་པ་ནི་དགེ་སློང་གིས་དགེ་སློང་ལ་ལྟུང་བ་བྱུང་གི་མཁན་པོ་དང་སློབ་དཔོན་གྱིས་ཀྱང་ལུང་མི་འབོགས། དགེ་འདུན་གྱིས་ཀྱང་ལས་ཀྱི་ནང་དུ་འཇུག་པའི་ལུང་མི་སྦྱིན་པའི་རིགས་ཞེས་བསྙོན་ཏོལ་དུ་གྱུར་པ་ལས་རྩོད་པ་ལྟ་བུའོ། །དེ་ལ་ལྟུང་བ་ལས་རྩོད་པ་ནི་དགེ་སློང་ལ་ལྟུང་བ་ལྕི་བ་ཞིག་བྱུང་ཞེས་གླེང་བ་ལས། བར་བར་ནི་བསྙོན། བར་བར་ནི་ལེགས་པར་མི་དྲན་ཞེས་ཟེར། བར་བར་ནི་ལྟུང་བ་ནི་མ་བྱུང༌། ཡང་བ་ནི་བྱུང་ཞེས་ཟེར་ཞིང་ལས་བྱ་བ་ལ་བགེགས་བྱེད་པ་ལས་རྩོད་པར་འགྱུར་རོ། །དེ་ལ་བྱ་བ་ལས་རྩོད་པ་ནི་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་གང་ཡང་རུང་བ་ཞིག་བྱེད་པའི་ཚེ། ལས་ལ་འདུར་མི་བཏུབ་པ་ལས་རྩོད་པར་གྱུར་པ་ལྟ་བུའོ། །མངོན་སུམ་དུ་འདུལ་བར་འོས་པ་ལ། མངོན་སུམ་དུ་འདུལ་བ་སྦྱིན་ནོ། །རྒྱལ་པོའི་ཁབ་ན་རི་དགས་དགྲའི་བུ་དགེ་སློང་ནག་པོ་དང༌། དྲུག་སྡེ་རྣམས་གཙང་པོའི་འགྲམ་ན་ཁྲུས་བྱེད་པའི་ཚེ། ཆོས་གོས་ནོར་ཏེ་སོ་སོར་དགོང་བ་ལས། དགེ་སློང་ནག་པོས་ཆོས་གོས་བརྐུས་ཏེ་ཕམ་མོ་ཞེས་དྲུག་སྡེས་སྐུར་ནས། སངས་རྒྱས་ཀྱིས་ཁུག་པ་མངོན་སུམ་དུ་རྩོད་པ་ཞི་བར་བྱོས་ཤིག་པ་ལས་བཅས། དགེ་སློང་ལ་ལ་ལྟུང་བ་བྱུང་ཞེས་བསྙོན་ཏོལ་དུ་གྱུར་ན། གཉིས་ཀ་མངོན་སུམ་དུ་ཁུག་སྟེ། སྣོལ་བཟང་ངན་ལ་སྦྱར་ཞིང་ཞི་བར་བྱ། དེ་ལ་མངོན་པ་ནི་རྣམ་པ་ལྔ་དང་ལྡན་ན་མངོན་པར་ཆུད་དེ། ཆོས་དང༌། འདུལ་བ་དང༌། མི་དང༌། མཚམས་དང༌། དགེ་འདུན་ནོ། །འདི་ནི་རྩོད་པ་བཞི་ཆར་གྱི་ནང་དུ་བསྡུའོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུན་པ་སྦྱིན་ནོ། །རྒྱལ་པོའི་ཁབ་ན་དགེ་སློང་གྱད་བུ་ནོར་དགེ་འདུན་གྱི་མལ་ཆ་དང༌། ཁ་ཟས་འགོད་པའི་ཚེ། དགེ་སློང་མཛའ་བོ་དང་ས་ཅན་གཉིས། སྔ་མའི་ལས་ཀྱིས་མལ་སྟན་ངན་པ་དང༌། གྲོང་དབུལ་བར་བབ་པས་ཁྲོས་ཏེ་རི་དགས་ཀྱི་མི་ཚངས་པར་སྤྱོད་པའི་བག་ཙམ་ལ་བླངས་ནས། གྱད་བུ་ནོར་དང་དགེ་སློང་མ་མཛའ་མོ་གཉིས་མི་ཚངས་པར་སྤྱོད་དོ་ཞེས་བརྒལ་བ་ལས་བཅས། དགེ་སློང་ལ་ལྟུང་བ་བྱུང་ཞེས་བརྒལ་ཏེ་རྩོད་པར་གྱུར་ན་སྣོལ་བཟང་ངན་


DTG154_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱར་ཏེ། ཡོན་ཏན་དང་གང་ལྡན་པའི་ཚིག་དེ་བཙན་པར་བྱའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཡོན་ཏན་མཉམ་ན། གང་མང་དུ་ཐོས་པའི་ཚིག་བཙན་པར་གཟུང༌། མང་དུ་ཐོས་པ་མཉམ་ན་ཡང༌། གང་འདོད་པ་ཉུང་བའི་ཚིག་བཙན་པར་བྱའོ། །འདི་ནི་ལྟུང་བ་མི་སྟོན་པ་ལས་རྩོད་པའི་ནང་དུ་བསྡུའོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ། །རྒྱལ་པོའི་ཁབ་ན་དགེ་སློང་བྱེ་མ་ཅན་ཚེ་སྔ་མའི་ལས་ཀྱིས་མྱོས་པས་ལྟུང་བ་མང་ཞིག་བྱུང་ནས་ཕྱིས་དྲན་པའི་ཚེ་གཞན་གྱིས་ཁྱོད་དགེ་སློང་གི་གྲངས་སུ་མི་ཆུད་དོ་ཞེས་བྱས་པ་དང༌། དགེ་སྦྱོང་བྱེ་མ་ཅན་གྱིས་བདག་སྨྱོས་པས་མ་དྲན་ཏེ་དབང་མེད་དོ་ཞེས་བྱས་ནས། སངས་རྒྱས་ཀྱིས་སྨྱོས་པར་གྱུར་ཏོ་མ་དྲན་པས་བྱས་ན་ཉེས་པ་མེད་ཀྱིས་ལེགས་པར་སོམས་ཤིག་པ་ལས་བཅས། དགེ་སློང་ཞིག་སྨྱོས་ཏེ་མི་དྲན་པ་ལས་ཕྱིས་སངས་པའི་ཚེ། གཞན་གྱིས་ལྟུང་བ་བྱུང་ཞེས་བརྒལ་ན་དེས་སྨྱོས་པའི་ཏེས་བྱས་སམ། སངས་པའི་འོག་ཏུ་བྱས་པ་ཕྱིས་སེམས་སུ་བཅུག་སྟེ། སྔོན་སྤྱོད་ལམ་རྩིང་ཞིབ་དང༌། དྲང་མི་དྲང་བའི་ལས་དང་སྦྱར་ཞིང་ཞི་བར་བྱ། འདི་ནི་ལུང་མི་སྟོན་པས་རྩོད་པའི་ནང་དུ་བསྡུའོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོས་འདུལ་ལ་སྦྱིན་ནོ། །མཉན་དུ་ཡོད་པ་ན་དགེ་སློང་མཁས་ཤིང་གསལ་བས་སྦྱང་ཞིང་ཞི་བར་བྱ། མཚམས་གཅིག་པའི་དགེ་འདུན་ཆོས་དང་རྙེད་པ་ལ་ལྟ་བ་མི་མཐུན་ཏེ་རྩོད་པར་གྱུར་ནས། སངས་རྒྱས་ཀྱིས་ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་བྲིམས་ལ་ཚུལ་ཤིང་གང་མང་བ་བདེན་པར་གྱིས་ཤིག་པ་ལས་བཅས་སོ། །དགེ་སློང་གཉིས་ཤིག་ལྟ་བ་མ་མཐུན་ཏེ་རྩོད་ན་དགེ་སློང་མཁས་ཤིང་གསལ་བས་སྦྱང་ཞིང་ཞི་བར་བྱ། མཚམས་གཅིག་པའི་དགེ་འདུན་གྱིས་ཞི་བར་མ་ནུས་ན། རིང་ལུགས་དགེ་སློང་གཅིག་དང་སྦྲགས་ཏེ་རྩོད་པ་གཉིས་ཀ་གཙུག་ལག་ཁང་གཞན་དུ་གཏང༌། དགེ་འདུན་དེ་དག་གིས་ཀྱང་ཞི་བར་མ་ནུས་ན་གཉིས་ཀ་ཕྱིར་བཀུག་ལ། སྔོན་གནས་པའི་དགེ་འདུན་གྱི་ནང་དུ་ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་བྲིམས་ཏེ་གང་མང་བའི་ཡུས་སུ་བྱ། ཚུལ་ཤིང་མཉམ་ན་གང་ཟག་ཆེན་པོ་བརྒྱད་ཀྱི་ཚུལ་ཤིང་གཅིག་གིས་ཆོས་ཅན་གྱི་ཚུལ་ཤིང་གི་སྟེང་དུ་བསྣན་ཏེ་བདེན་པར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་དེ་ནི་ཁྱར་ཁྱོར་ཅན་དྲི་བསྲུང་གིས་མ་


DTG154_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའོ། །འདི་ནི་མི་མཐུན་པ་ལས་རྩོད་པའི་ནང་དུ་བསྡུའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བས་སྦྱིན་ནོ། །མཁར་རྩོམ་པ་དང༌། སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པའི་ཚེ། དགེ་འདུན་ཀུན་གཙང་མ་ཞེས་གསུངས་པ་ལས། སུ་ཡང་ཅང་མི་སྨྲའོ། །འོན་ཀྱང་ཞལ་སྟོན་མ་གསུངས་པ་དང༌། དེའི་ནང་ན་དགེ་སློང་ལྟུང་བ་ཅན་ཞིག་འདུག་པར་མཽད་གལ་གྱི་བུའི་རྫུ་འཕྲུལ་གྱི་མིག་གིས་མཐོང་ནས། མཐོལ་དུ་བཅུག་པ་ལས། དེའི་བར་བར་ནི་སྙོག །བར་བར་ནི་ལྟུང་བ་མ་བྱུང་གི་ཡང་བ་བྱུང་ཞེས་ཟེར། བར་བར་ནི་ལེགས་པར་མི་དྲན་ཞེས་བྱས་ན། ལྟུང་བའི་ངོ་བོ་ཉིད་གང་ཡིན་པ་ཚོལ་དུ་ཆུག་ཤིག་པ་ལས་བཅས། དགེ་སློང་ལྟུང་བ་བྱུང་སྟེ་མཐོལ་དུ་བཅུག་པ་ལས་གཏན་ལ་བབ་པར་ཁས་ལེན་དུ་མི་བཏུབ་ན་ལྟུང་བའི་ངོ་བོ་གང་ཡིན་པ་ཚོལ་དུ་བཅུག་སྟེ། བཤགས་པ་བྱས་ནས་བཟོད་པ་སྦྱིན་པར་བྱའོ། །འདི་ནི་ལྟུང་བ་ལ་རྩོད་པའི་ནང་དུ་བསྡུའོ། །ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ། །ཡུལ་ག་ཡ་ན་དགེ་སློང་གླང་པོའི་སྟོབས་དང༌། མུ་སྟེགས་ཅན་དང་ཆོས་རྩོད་པའི་ཚེ། ཚུལ་དང་འགལ་བ་མང་དུ་བྱས་པས། ཁྱིམ་པས་དཔྱས་ནས་དགེ་སློང་གི་མདུན་དུ་ཁས་ལེན་ཅིང་མཐོལ་དུ་བཅུག་པ་ལས་བཅས། དགེ་སློང་མ་ལྟུང་བ་བྱུང་བ་ལ་གཅིག་གིས་བསྒྲེལ་ཏེ། གཅུགས་མེད་པར་རྩོད་པར་གྱུར་ན་ལྟུང་བ་གང་བྱུང་བ་སྟེ་ཞི་བར་བྱ། འདི་ནི་ལྟུང་བ་ལ་སོགས་པའི་ནང་དུ་བསྡུའོ། །རྩྭ་དགྲམ་པ་དགྲམ་པར་སྦྱིན་ནོ། །རྒྱལ་པོའི་ཁབ་ཏུ་དགེ་འདུན་མང་པོ་ལོའི་བར་དུ་འཁྲུགས་ནས། སངས་རྒྱས་ཀྱིས་གཅིག་ལ་གཅིག་བཟོད་པར་བྱོས་ལ་རྩྭ་གདིང་བ་ལྟ་བུར་འདུམ་ཞིང་འདྲེས་པར་གྱིས་ཤིག་པ་ལས་བཅས། གཅུགས་ཡོད་པ་ལ་རྩོད་པ་རྣམ་གཉིས་ཡོད་དེ། སྤྱིས་རྩོད་པ་དང་ཕྱོགས་སུ་རྩོད་པའོ། །དེ་ལ་དགེ་འདུན་སྤྱིས་རྩོད་དེ། སོ་སོའི་གནས་བརྟན་འདིས་བསྡུམས་ཤིང་ཞི་བར་བྱ། ཕྱོགས་ཀྱི་རྩོད་པ་ནི་དགེ་འདུན་གྱི་ནང་ནས་བཅུ་ཙམ་ཞིག་ཕན་ཚུན་ནས་རྩོད་པར་གྱུར་ན་དགེ་འདུན་གཞན་གྱིས་བསྡུམས་ཤིང་ཞི་བར་བྱ། འདི་ནི་ལྟུང་བ་ལ་སོགས་པའི་ནང་དུ་བསྡུའོ། །བྱ་བ་ལ་རྩོད་པ་ནི་འདི་བདུན་ཆར་གྱི་སྤྱིར་འགྲོའོ། །གདུལ་མི་དགོས་པར་ཞི་བར་འགྱུར་བ་ནི་རྣམ་པ་བཞི་སྟེ། ཤི་འཕོས་ཀྱི་བསྐལ་པ་དང༌། ནད་རྒྱུན་རིངས་ཀྱི་བསྐལ་པ་དང༌། དགེ་སློང་གི་དངོས་པོ་


DTG154_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བསྐལ་པ་དང༌། ཁམས་གཞན་དུ་གནས་འཕོས་པས་བསྐལ་བའོ། །རྩོད་པར་བྱུང་བར་གྱུར་པ་རྣམས་རྩོད་བཞི་བ་བྱུང་བར་གྱུར་པའོ། །རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ཆོས་དང་འདུལ་བ་དང༌། སྟོན་པའི་བསྟན་པ་བཞིན་དུ་འདུམ་པར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ་ཞེས་སྨོས་པ་རྣམས་ནི་ཞི་བར་བྱ་བ་བདུན་གྱིས་ཅི་ནས་ཀྱང་ཞི་བ་དང་འདུམ་པར་གྱིས་ཤིག་ཅེས་སྟོན་པ་ཡིན་ཏེ། དེ་ལ་ཆོས་ཞེས་པ་ནི་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་ཆོས་སོ། །འདུལ་བ་ཞེས་པ་ནི་དུས་དང་དབེན་པ་དང༌། དོན་དུ་གྱུར་པ་དང༌། མཛའ་བ་རྣམས་ཀྱི་གདུལ་བར་བྱའོ། །སྟོན་པའི་བསྟན་པ་བཞིན་ཞེས་བ་ནི་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་བཞིན་དུ་བྱའོ། །ཡང་གཅིག་ཏུ་ཆོས་ཞེས་པ་ནི་ཆོས་མངོན་པའི་ཚུལ་ལོ། །འདུལ་བ་ཞེས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །སྟོན་པའི་བསྟན་པ་ཞེས་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །གདུལ་བར་བྱ་ཞེས་པ་ནི་རྩོད་པའི་ཉེས་པ་དེ་དག་ཉིད་ཅི་ནས་ཀྱང་མི་འབྱུང་བར་བྱའོ། །ཞི་བར་བྱ་ཞེས་པ་ནི་རྩོད་པར་གྱུར་པ་རྣམས་ཅི་ནས་ཀྱང་ཞི་བར་བྱའོ། །རྣམ་པར་ཞི་བར་བྱ་ཞེས་པ་ནི་བསྡུམས་སམ་རབ་ཏུ་ཞི་བར་བྱས་ནས་ཀྱང་ཕྱིས་ཅི་ནས་ཀྱང་རྩོད་པར་མི་འབྱུང་བར་བྱ་བའོ། །ཡང་གཅིག་ཏུ་ན་འདུལ་བ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱེད་པ་དང་པོ་སྦྱོར་བའོ། །ཞི་བར་བྱ་ཞེས་པ་ནི་ཞི་བར་བྱེད་པ་ནི་དངོས་པོ། །རྣམ་པར་ཞི་བར་བྱ་ཞེས་པ་ནི་བསྡུམས་ཟིན་ནས་ཀྱང་ཕྱིས་ཅི་ནས་མི་རྩོད་པར་བྱའོ། །རྩོད་པ་ཞི་བ་ལས་གང་ཡང་རུང་སྟེ། རྩོད་པར་གྱུར་ན་ཞི་བར་གྱུར་པ་འདི་བདུན་ཅན་གྱིས་བགྱིས་སམ་འོན་ཏེ་མ་ལགས་ཞེས་གསོལ་བ་དང༌། བྱ་བའི་ཞི་བ་མ་གཏོགས་པར་རྩོད་པ་གཞན་དག་ཀྱང་རུང་སྟེ། བདུན་ཆར་མི་དགོས་ཞེས་གསུངས་པ་མ་ཡིན་ཏེ། དེ་ལ་མི་མཐུན་པའི་རྩོད་པ་ནི་རྟག་པ་དང་མི་རྟག་པའམ། སྐད་ཅིག་མའམ་སྐད་ཅིག་མ་མ་ཡིན་པའམ། ཆོས་ཀྱི་རྙེད་པ་གང་ཟག་དབང་ངམ། གླེགས་བམ་དབང་བར་བྱ་བ་ལ་སོགས་པ་ལྟ་བུ། ཁ་མི་འདུམ་པའི་རྩོད་པ་ཡིན་པས་ན་མངོན་སུམ་གྱིས་འདུལ་བ་འམ། ཚུལ་ཤིང་མང་པོ་སྦྱིན་པས་ཞི་བར་བྱའོ། །ལུང་མི་སྦྱིན་པའི་རྩོད་པ་ནི་མ་ཉེས་པ་ལ་གླེངས་པ་དང༌། ལྟུང་བ་ནི་གཞན་བྱས་པ་གླེངས་པ་ནི་གཞན་གྱིས་གླེངས་པ་དང༌། ཉེས་པ་བྱུང་བ་རྣམས་བཤགས་པ་ལ་སོགས་པ་གཉེན་པོ་


DTG154_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཟིན་ཀྱང་བསྐུལ་བ་དེ་ཉིད་ན་རེ། ང་ལ་ཉེས་པ་མེད་དོ་ཞེས་ཟེར་བ་ལྟ་བུ་ལ་སོགས་པ་དགག་པ་དང༌། དེ་ན་རེ་ང་ལ་ཉེས་པ་ཅི་ཡོད་ན། ལུང་ལ་སོགས་པ་དགག་ཅེས་རྩོད་པ་ཡིན་པས་ན། མངོན་སུམ་གྱིས་འདུལ་བ་དང༌། དྲན་པས་འདུལ་བ་དང༌། མ་མྱོས་པས་འདུལ་བ་གསུམ་གྱིས་ཞི་བར་བྱའོ། །ལྟུང་བ་ལ་རྩོད་པ་ནི་ལྟུང་བ་ཡིན་ནམ་མ་ཡིན་པ་དང༌། ལྕི་ཡང་ལ་སོགས་པའི་སྒོ་ནས་རྩོད་པར་གྱུར་པས་ན། མངོན་སུམ་གྱིས་འདུལ་བ་དང༌། དེའི་ངོ་བོ་ཉིད་ཚོལ་བ་དང༌། ཁས་ལེན་པ་དང༌། རྩྭ་བཀྲམ་པ་བཞིས་ཞི་བར་བྱའོ། །བྱ་བའི་རྩོད་པ་ནི་དངོས་པོ་ཇི་ལྟ་བ་ཉིད་ལ་ཁ་མ་དུམ་པས་གསོལ་བ་ལ་སོགས་པའི་ལས་ལ་མི་འདུ་བར་འགྱུར་བ་དང༌། ལུང་དགག་པས་མི་འདུ་བ་དང༌། ལྟུང་བ་བྱུང་བས་རྩོད་དེ་མི་འདུ་བར་འགྱུར་བ་ལ་སོགས་པ་བྱ་བ་ནི་འགྲུབ་པས་ན་ཞི་བར་བྱ་བའི་ཆོས་བདུན་ཆར་གྱིས་ཞི་བར་བྱ་དགོས་སོ། །ཞུས་པ་ལས་ཞི་བར་བགྱི་བ་བདུན་མི་འཚལ་བར་ཞི་བར་བགྱི་བ་མ་མཆིས་སམ་མཆིས་ཞེས་གསོལ་བ་དང༌། ཡོད་དེ་གཉིས་རྩོད་པ་ལས་འགའ་ཞིག་ཤི་འམ། ནད་ཡུན་རིང་པོས་མནར་ཏམ། གུད་དུ་སོང་ངམ་ཁྱིམ་པར་བབས་ནའོ་ཞེས་གསུངས་པ་ཡིན་ཏེ། རྐྱེན་འདི་ལྟ་བུ་ཞིག་བྱུང་ན་ཞི་བར་བྱ་བ་འདི་བདུན་མི་དགོས་པ་ཡང་ཡོད་དོ། །ཚེ་དང་ལྡན་པ་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཤད་ཟིན་ཏོ། །དེ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་ནས་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་ནས་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །ཅི་འདི་ན་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བས། དེ་དེ་བཞིན་དུ་འཛིན་ཏོ། །འཁོར་ཡོངས་སུ་དག་གམ་ཞེས་དྲི་བ་ནི་ལྷག་མ་དང་འདྲའོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཟར་པའི་མདོ་བཤད་པའི་གླེང་གཞི་བཤད་ཟིན་ཏོ།། །།ཕས་ཕམ་པའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་པའི་ལྟུང་བའི་ཆོས་སུམ་ཅུ་དང༌། ལྟུང་བའི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་བཤད་ཟིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་


DTG154_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་གཏོགས་ཤིང་མདོར་བསྡུས་པ་ནི་འདི་དག་ཏུ་ཟད་དོ། །བཤད་ཟིན་ཅེས་པ་ཡན་ཆད་ནི་ལྟུང་བ་སྡེ་ལྔ་བསྒྲགས་ཟིན་པའི་དོན་ཏོ། །མདོར་ན་མདོར་གཏོགས་ཞེས་བྱ་བའི་ཚིག་གི་སྒོ་ནས་འདུས་པའོ། །མདོར་འདུས་ཞེས་བྱ་བ་ནི་དོན་གྱིས་གོ་ནས་ཀྱང་འདུས་པའོ། །ཡང་མདོར་གཏོགས་པ་ནི་འདུལ་བའི་ཡན་ལག་མདོ་སྡེ་ལས་འབྱུང་བའང་སོ་སོར་ཐར་པའི་ནང་དུ་འདུས་པར་སྟོན་ཏོ། །མདོར་འདུས་ཞེས་བྱ་བ་ནི་འདུལ་བ་འབུམ་སྡེའི་མདོ་མ་ལུས་པ་སོ་སོར་ཐར་པའི་ནང་དུ་འདུས་པའི་དོན་ཏོ། །གང་གཞན་ལས་འབྱུང་བའི་ཆོས་དང༌། གཉེན་པོའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུས་པ་དང་མཐུན་པ་དང༌། དགའ་བ་དང༌། མི་རྩོད་པར་སེམས་ཀུན་དུ་སྲུང་བ་དང༌། དྲན་པ་དང་དགའ་བ་དང༌། རབ་ཏུ་བརྩོན་པར་བྱའོ། །གཞན་ལས་འབྱུང་བའི་ཆོས་ཞེས་བྱ་བ་ནི་འདུལ་བ་ལས་གཞན་པའི་མདོ་སྡེ་ལས་མྱ་ངན་ལས་འདས་པའི་ཆོས་འབྱུང་བའོ། །རྗེས་སུ་མཐུན་པའི་ཆོས་ནི་གཉེན་པོའི་བསྒྲུབ་པའི་ཆོས་མདོ་སྡེ་ལས་འབྱུང་བའོ། །ཁྱེད་རྣམས་ཞེས་བྱ་བ་མན་ཆད་གོང་མའི་ཆོས་གཉིས་པོ་ལས་བག་དང་ནན་ཏན་དུ་བྱ་བ་བསྟན་ཏོ། །དེ་ལ་འདུན་པ་ནི་གཞན་གྱིས་མི་ཕྱེད་པའི་དོན། མཐུན་པ་ནི་ལྟ་བ་ཐ་དད་དུ་མ་གྱུར་པའི་དོན། དགའ་བ་ནི་དགེ་བའི་ཕྱོགས་ལ་གཅིག་ཏུ་མཐུན་པ། མི་རྩོད་པ་ནི་འཚོ་བ་དང་སྤྱོད་པ་ལ་མི་རྩོད་པའི་དོན། སེམས་ཀུན་དུ་སྲུང་བ་ནི་དགེ་བའི་མཚམས་ལས་དམིགས་པའི་འདུ་ཤེས་མི་འདའ་བའོ། །དྲན་པ་ནི་ཅི་བྱའོ་ཅོག་ལ་དྲན་པ་སྔོན་དུ་བཏང་བའི་དོན། བག་བྱ་བ་ནི་ཕྱོགས་ལ་བག་བྱེད་པའི་དོན་དུ་རིག་པར་བྱའོ། །བཟོད་པ་དཀའ་ཐུབ་དམ་པ་ནས། །གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུ་ནི་སངས་རྒྱས་རབ་བདུན་གྱིས་འདུལ་བ་མ་བཅས་པའི་སྔོན་དུ་སེམས་ཅན་སྤྱིས་ཇི་ལྟར་སྤྱོད་པ་ལས་དེ་དག་བཟློག་པར་བྱ་བའི་ཐབས་སུ་གསུངས་པ་ཡིན་ནོ། །མཇུག་སྡུད་པའི་རྣམས་དེ་ལྟར་བཅས་ནས། ད་ནི་སྡུད་པ་པོས། ཡང་དག་པར་རྫོགས་པའི་སངས་རྒྱས་རབ་བདུན་གྱི་སོ་སོར་ཐར་པའི་མདོ་སྟོན་ཏོ། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བས་གཞན་ལ་གནོད་པ་ནི། །གཞན་ལ་འཚོ་བ་དགེ་སྦྱོང་མ་ཡིན་ནོ། །རྣམ་པར་གཟིགས་ཀྱིས་གསུངས་ཏེ་རྣམ་པར་གྲོལ་


DTG154_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བར་བལྟ་བའོ། །བཟོད་པ་དཀའ་ཐུབ་དམ་པ་ཞེས་བྱ་བ་ནི། དགེ་སྦྱོང་གི་དཀའ་ཐུབ་ལ་བྱ་སྟེ། དེ་ནི་སེམས་ཕྱིན་ཅི་ལོག་གི་ཆོས་སྤོང་པར་བཟོད་པ་སྤྱོད་པ་ཡིན་ཏེ། འདིས་སྟོན་དཀའ་ཐུབ་ཀྱི་རྒྱུ་ལ་མོས་པར་སྟོན་པའོ། །བཟོད་པས་མྱ་ངན་ལས་འདས་པ་མཆོག་ཅེས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་གནས་པའི་ཚེ། སྡུག་བསྔལ་ཡོངས་སུ་ཤེས་པ་ལས། བཟོད་པའི་ཡེ་ཤེས་ཐོབ་པ་ལ་བྱ་སྟེ་འདི་ནི་མྱ་ངན་ལས་འདས་པའི་མཆོག་ཡིན་པར་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ་འདིས་ནི་དཀའ་ཐུབ་ཀྱི་སྤྱོད་པ་ལ་མོས་པར་སྟོན་པའོ། །རབ་ཏུ་བྱུང་བས་གཞན་ལ་གནོད་པ་ནི། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བ་ནི་མུ་སྟེགས་ཀྱི་དགེ་སྦྱོང་རབ་ཏུ་བྱུང་བས་གཞན་ལ་ཡང་ལུས་ལ་གནོད་ཅིང་སྡུག་བསྔལ་བའི་དཀའ་ཐུབ་སྤྱོད་པར་སྟོན་པས་ན། དེས་ན་གཞན་ལ་འཚེ་བ་ཡིན་པའི་ཕྱིར་དགེ་སྦྱོང་ཞེས་བྱ་བར་སྟོན་པ་སྟེ། འདི་ནི་གཞན་ལ་སྟོན་པར་མོས་པར་སྟོན་པའོ། །མཐུ་རྩལ་མིག་དད་ལྡན་པ་ཡིས། །ཉམ་ངའི་གཡང་དག་སྤོང་པ་བཞིན། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །ཞེས་བྱ་བ་ནི་སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་ཏེ་དེའི་ཚེ་མི་ཀུན་མཐོ་རིས་སུ་སྐྱེ་བར་སྨོན་ལམ་འདེབས་པའི་གཉེན་པོར་ཚིགས་བཅད་འདི་གསུངས་པ་ཡིན་ནོ། །དེ་ལ་རྩ་བ་གཉིས་ནི་དཔེ་ཡིན་ཏེ། མཐུ་རྩལ་མིག་དང་ལྡན་ཞེས་བྱ་བ་ནི་སྐྱེས་བུ་མཐུ་རྫོགས་ཤིང་མིག་དང་ལྡན་པ་དེས་ངམ་གྲོག་དང་གཡང་ས་ལ་སོགས་པ་སྤོང་ཞིང་ལམ་དྲང་པོར་འཇུག་པ་ཡིན་ནོ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །ཞེས་བྱ་བ་ནི་དཔེ་ལྷག་མ་བཞིན་དུ་མཁས་པའི་བློ་དང་ལྡན་པས། འཇིག་རྟེན་གྱི་འཚོ་བའི་ལོངས་སྤྱོད་རྣམས་སྡིག་པ་ཡིན་པར་ཤེས་པས་དེ་ཡོངས་སུ་སྤང་བར་སྟོན་པའོ། །སྐུར་བ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པས་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་འཇུག །འདི་ནི་སངས་རྒྱས་བསྟན་པའོ། །སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་ཏེ། དེའི་ཚེ་མི་ཀུན་གྱིས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་ལ། ཚུལ་ཁྲིམས་ལོག་པ་ཅན་ལ་རྣམ་པར་སྨོད་ཅིང་ངན་སེམས་སྐྱེད་པའི་གཉེན་པོར་ཚིགས་བཅད་འདི་གསུངས་པ་ཡིན་ནོ། །དེ་ལ་སྐུར་བ་


DTG154_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མི་གདབ་པ་ནི་ཚིག་གིས་གཞན་ལ་སྨོད་པར་བྱ་བ་དང༌། བརྫུན་ལ་སོགས་པའི་ངག་གི་ཉེས་པའི་གཞི་སྤང་བར་བྱའོ། །གནོད་པ་མི་བྱ་བ་ནི་ངན་སེམས་མི་བསྐྱེད་པ་ལ་སོགས་ཡིད་ཀྱི་ཉེས་པ་གསུམ་སྤང་བར་བྱའོ། །སོ་སོར་ཐར་པ་བསྡམ་ཞེས་བྱ་བ་ནི་སོ་སོར་ཐར་པ་བཞིན་དུ་བསྡམས་པས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱའོ། །ཟས་ཀྱི་ཚོད་རིག་པ་མན་ཆོད་ནི་ཡང་དག་པར་སྒྲུབ་པར་སྟོན་པ་སྟེ། དེ་ལ་ཟས་ཀྱི་ཆོད་རིག་པ་ནི་ཟས་ཀྱི་ཚོང་རིག་ན་ལུས་སྙོམ་ཞིང་ལྕི་བ་དང༌། སེམས་རྨོངས་ཞིང་གཉིད་སྤང་བར་བྱ་བའོ། །བས་མཐར་གནས་བཅའ་བ་ནི་ཟས་ཀྱི་ཚོད་རིག་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི་ལུས་དང་སེམས་གདུལ་བའི་ཕྱིར་དགོན་པར་གནས་བཅའ་བར་བྱའོ། །ལྷག་པའི་སེམས་དང་ཡང་དག་པར་འཇུག་ཅེས་བྱ་བ་ནི་གོང་མ་ལྟར་ལུས་དབེན་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི་ཉོན་མོངས་པ་ཐམས་ཅད་འདུལ་བའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ལ་བརྩོན་པར་བྱའོ། །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་གོང་མ་ལྟར་སྒྲུབས་ཤིག་པར་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་པ་ཡིན་ནོ། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲིལ་མི་གནོད་པར། །ཁུ་བ་གཞིབས་ཏེ་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །སངས་རྒྱས་ལོག་པར་དང་སེལ་གྱིས་གསུངས་ཏེ། དེའི་ཚེ་མི་ཀུན་རྙེད་པ་དང་བཀུར་སྟི་ལ་ཆགས་པས། ཚུལ་ཁྲིམས་དང་སེམས་གཉིས་ཀ་ལ་གནོད་པས་གཉེན་པོར་ཚིགས་བཅད་འདི་བསྟན་པ་ཡིན་ནོ། །དེ་ལ་རྩ་བ་ལྷག་མ་གསུམ་ནི་དཔེ་ཡིན་ཏེ། བུང་བ་ནི་དགེ་སློང༌། མེ་ཏོག་དང་ཁ་དོག་ནི་ཚུལ་ཁྲིམས། དྲི་ནི་ཏིང་ངེ་འཛིན། ཇི་ལྟར་བུང་བས་མེ་ཏོག་དྲི་གཞིབས་ནས་འཕུར་བ་བཞིན་དུ། དགེ་སློང་གིས་ཀྱང་རྙེད་པ་དང་བཀུར་སྟི་སྤངས་ནས། ཚུལ་ཁྲིམས་དང་སེམས་གཉིས་ཀ་ལ་མི་གནོད་པར་གྲོང་རྒྱུ་ཞིང་བསོད་སྙོམས་བླང་བར་སྟོན་པའོ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི །བྱས་དང་མ་བྱས་རྣམས་ལ་མིན། །སངས་རྒྱས་གསེར་ཐུབ་ཀྱིས་གསུངས་ཏེ། དེའི་ཚེ་མི་ཀུན་སྐྱེས་བུ་དམ་པའི་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་པར་མོས་པའི་གཉེན་པོར་ཚིགས་བཅད་འདི་གསུངས་པ་ཡིན་ནོ། །དེ་ལ་ངན་པར་སྤྱོད་པ་ཇི་ལྟ་བུ་ཞེ་ན། བདག་གི་སྐྱོན་ལ་མི་ལྟ་བར་གཞན་གྱི་སྐྱོན་བྱུང་བར་བརྗོད་ཅིང་ཆོས་འདྲི་བ་ཡོད་ན་ཡང་དེ་ཆོས་ཀྱི་


DTG154_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མ་ཡིན་ཞེས་ཟེར་ཞིང་དེ་དག་དང་མཐུན་པར་མི་སྤྱོད་པའོ། །དེ་ལ་དང་པོའི་རྩི་བ་ཕྱེད་དང་གཉིས་ནི་བདག་གི་སྐྱོན་ལ་བརྟག་པར་བྱ་བ་སྟོན་པའོ། །ཐ་མའི་རྩ་བ་ཕྱེད་དང་གསུམ་ནི་མི་བརྟག་པར་སྟོན་པ་སྟེ། དེ་ལ་མི་མཐུན་པ་ཞེས་པ་ནི་གཞན་གྱིས་ཆོས་དྲིས་པའི་ཚེ་དེ་དང་མཐུན་པ་མི་སྟོན་པ་ཡིན་ཏེ། དེས་ནི་ཐོས་པའི་ལོངས་སྤྱོད་ཀྱི་བར་ཆད་བྱ་བར་སྟོན་པའོ། །ལྷག་མའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གནས་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མི་འདའོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །བསྡམས་པས་དགྲ་སོགས་མི་འགྱུར་རོ། །དགེ་བ་ལྡན་ཞིང་སྡིག་པ་སྤོང༌། །ཉོན་མོངས་ཟད་པས་མྱ་ངན་འདས། །སངས་རྒྱས་འོད་སྲུངས་ཀྱིས་གསུངས་ཏེ། དེའི་ཚེ་མི་འདི་ཀུན་གྱིས་འཇིག་རྟེན་གྱི་བདེ་བ་ལ་ཆགས་པའི་གཉེན་པོར་ཚིགས་བཅད་འདི་གཉིས་གསུངས་པ་ཡིན་ནོ། །དེ་ལ་ལྷག་པའི་སེམས་ལ་ཞེས་བྱ་བ་ནི་བསམ་གཏན་གྱི་རོའི་བདེ་བ་བཏང་ཞིང་འཇིག་རྟེན་ལས་འདས་པའི་སེམས་ལ་བག་དང་ནན་ཏན་བྱ་བར་སྟོན་པའོ། །ཐུབ་པའི་ཐུབ་གནས་རྣམས་ལ་བསླབ། །ཅེས་བྱ་བ་ནི་ཐུབ་པ་ནི་སངས་རྒྱས་ཏེ། ལུས་དང་ངག་དང་ཡིད་ཐུབ་པའོ། །ཐུབ་གནས་ནི་བསྒྲུབ་པའི་ཆོས་ཏེ། འཕགས་པའི་ལམ་ལ་སོགས་པའོ། །བསླབ་ཅེས་པ་ནི་གོང་མ་ལྟར་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པར་མི་བྱ་ཞིང་སྒྲུབ་པའི་ཆོས་ལ་བསླབ་ཅིང་བསྒྲུབ་པར་བྱའོ། །ཉེར་ཞི་རྟག་ཏུ་དྲན་ཞེས་བྱ་བ་ནི་གོང་མ་ལྟར་བསླབ་པས་ན་ཉོན་མོངས་པ་ནི་རྟག་ཏུ་ཉེ་བར་ཞི་ཞིང་ཡང་དག་པར་ཤེས་རབ་ཀྱི་དྲན་པ་དང་རྟག་ཏུ་ལྡན་པས་སྟོན་པའོ། །སྐྱོབ་པ་ནི་གོང་མ་ལྟ་བུར་ལྡན་པས། སེམས་ཅན་གྱི་ཕྲ་སྐྱབས་སུ་གྱུར་པའོ། །མྱ་ངན་མི་འདའ་བ་ནི་ཉོན་མོངས་པ་སྤངས་པའོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་པ་ནི་སྡིག་པ་སྤོང་ཞེས་པའི་བར་དུ་རྩ་བ་གསུམ་མི་མཐོང་བས། ཉོན་མོངས་པ་སྤང་བར་སྟོན་ཏེ། དེ་ལ་སེར་སྣ་ནས་ལོག་པའི་ཤེས་རབ་ཀྱི་བར་དུ་མི་མཐུན་པའི་ཕྱོགས་རྣམས་ཀྱི་གཉེན་པོ་མཐོང་བས་ན་སྦྱིན་པ་ལ་སོགས་པ་གཉེན་པོའི་ཆོས་ལ་འཇུག་པར་འགྱུར་རོ། །དེ་ལ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་


DTG154_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེར་སྣའི་གཉེན་པོ་འཕེལ་ཞིང་རབ་ཏུ་རྒྱས་པར་འགྱུར་བའོ། །བསྡམས་པས་དགྲ་སོགས་མི་འགྱུར་བ་ནི་ཡང་དག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་སྲོག་གཅོད་པ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པའི་དགྲ་རྣམས་སོགས་པར་མི་འགྱུར་བའོ། །དགེ་བ་ལྡན་ཞིང་སྡིག་པ་སྤོང༌།། ཞེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱིས་དགེ་བ་ལ་ཞུགས་པས་དེའི་ཕྱོགས་རྣམས་སྤོང་སྟེ། འདི་གསུམ་གྱིས་མི་མཐོང་ནས་སྤང་བའི་ཉོན་མོངས་པ་རྣམས་འཇོམས་པར་སྟོན་པའོ། །ཉོན་མོངས་ཟད་ནས་མྱ་ངན་འདས། །ཞེས་བྱ་བ་ནི་སྒོམ་པས་སྤོང་བའི་ཤེས་རབ་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་གཏན་ནས་སྤངས་ཏེ་ཟད་པར་བྱ་བ་སྟོན་པ་ཡིན་ནོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་ཏེ། དེའི་ཚེ་མི་ཀུན་མི་དགེ་བ་སྣ་ཚོགས་སྤྱོད་ཅིང་དགེ་བ་སྤྱོད་ན་ཡང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོའི་ཚིགས་བཅད་ཕྱེད་དང་གསུམ་གསུངས་པ་ཡིན་ནོ། །དེ་ལ་སྡིག་པ་ཐམས་ཅད་མི་བྱ་བ་ནི་དགེ་བ་བཅུ་ལ་སོགས་པ་གཏན་ནས་སྤོང་པའོ། །དགེ་བ་ཕུན་སུམ་ཚོགས་པར་བྱ་བ་ནི་ཅུང་ཟད་ཙམ་གྱིས་ཆོག་པ་མ་ཡིན་གྱི་དགེ་བ་བཅུ་རྫོགས་པར་སྟོན་པའོ། །རང་གི་སེམས་གདུལ་བ་ནི་དགེ་བ་བཅུ་རྫོགས་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི་ཁམས་གསུམ་དུ་འཇུག་པའི་སེམས་ཐུལ་ནས་ཡང་དག་པར་རྣལ་འབྱོར་དུ་བྱའོ། །སངས་རྒྱས་བསྟན་ཅེས་བྱ་བ་ནི་གོང་མ་ལྟར་སྒྲུབས་ཤིག་པར་སངས་རྒྱས་ཤཱཀྱ་ཐུབ་པས་བསྟན་པའོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས་སོ། །ཚིགས་བཅང་འདིས་སྒྲུབ་པའི་ཐབས་བསྟན་པ་སྟེ། དེ་ལ་ལུས་ཀྱི་སྡོམ་པ་ནི་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱིས་ངན་པར་སྤྱོད་པ་གསུམ་སྤངས་པའོ། །ངག་གི་སྡོམ་པ་ནི་བརྫུན་ལ་སོགས་པ་བཞི་སྤངས་པའོ། །ཡིད་ཀྱི་སྡོམ་པ་ལེགས་པ་ནི་ལོག་པར་ལྟ་བ་ལ་སོགས་པའོ། །ཐམས་ཅད་སྔོམ་པ་ལེགས་པ་ནི་དགེ་བ་བཅུ་རྫོགས་པར་གྱུར་པའོ། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་གསུམ་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་


DTG154_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །རྩ་བ་འདི་དྲུག་ནི་བསྒྲུབ་པའི་ཡོན་ཏན་སྟོན་པ་སྟེ། རྩ་བ་ལྷག་མ་གཉིས་ནི་བརྡ་ཕྲད་པར་ཟད་དོ། །དགེ་བ་སྡུད་པ་ནི་གནས་ངན་ལེན་གྱི་ཚིག་རྣམས་སྤོང་བའོ། །ཡིད་ཀྱིས་རབ་ཏུ་བསྡམས་པ་ནི་སྔོན་མྱོང་བའི་དྲན་པ་མི་ཉམས་པར་བྱའོ། །ལུས་ཀྱིས་མི་དགེ་མི་བྱེད་པ་ནི་རིགས་ངན་པའི་གྲོང་དུ་བསོད་སྙོམས་མི་སྤྱོད་པའོ། །ལས་ལམ་གསུམ་པོ་སྦྱངས་པ་ནི་ལུས་དང་ངག་ཡིད་གསུམ་གྱི་ཡོངས་སུ་དག་པའོ། །དྲང་སྲོང་གསུངས་པའི་ལམ་ཐོབ་པ་ནི་གོང་མ་ལྟར་སྦྱངས་བས་སངས་རྒྱས་ཀྱི་འཕགས་པའི་ལམ་གསུངས་པ་དག་འཐོབ་པར་འགྱུར་བའོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །ལོག་པར་དད་སེལ་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏ་མ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཤད། །སངས་རྒྱས་རབ་བདུན་གྱི་སོ་སོར་ཐར་བའི་མདོ་བྱས་པར་བཤད་ཟིན་པར་སྟོན་པ་སྟེ། ཡི་གེའི་འབྲུ་གཉེར་གཞན་ནི་བརྡ་ཕྲད་པར་ཟད་དོ། །གཽ་ཏམ་ཞེས་བྱ་བ་ནི་དཀོན་མཆོག་ཡིན་པར་སྟོན་པའོ། །ལྷའི་ལྷ་ཞེས་བྱ་བ་ནི་སངས་རྒྱས་བདུན་པོ་ཀུན་ཀྱང་ལྷ་མིའི་མཆོག་ཡིན་མོད་ཀྱི། སངས་རྒྱས་ཤཱཀྱ་ཐུབ་བརྙོག་པ་ལྔའི་དུས་སུ་བྱུང་བ་སྟེ། དཀའ་བ་མང་པོ་བྱེད་པས་ན་ལྷའི་ཡང་ལྷ་ཞེས་བྱའོ། །དེ་ལ་རྙོག་པ་ལྔ་ནི་སེམས་ཅན་གྱི་རྙོག་པ། བསྐལ་པའི་རྙོག་པ། ཚེའི་རྙོག་པ། ཉོན་མོངས་པའི་རྙོག་པ། ལྟ་བའི་རྙོག་པའོ། །འདི་ལ་སངས་རྒྱས་རྣམས་དང་གང༌། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་བཅས་གྱུར་པ་ནི། །འདུས་མ་བྱས་པ་ཐོབ་པར་འགྱུར། །ཚིགས་བཅད་འདིས་ནི་སོ་སོར་ཐར་པ་ལ་གུས་པ་སྐྱེད་པ་སྟོན་པ་སྟེ། དུས་གསུམ་གྱི་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཀྱང་སོ་སོར་ཐར་པ་ལ་གུས་པ་སྐྱེད་པ་ཡིན་ནོ། །འདི་ལ་གང་གུས་པས་འདུས་མ་བྱས་པའི་མཆོག་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་དུ་གླང་


DTG154_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞིན། །འཆི་བདག་སྡེ་ཆེན་གཞོམ་བར་བྱ། །ཚིགས་བཅད་འདིས་ནི་སེམས་ཅན་གྱི་བྱ་བའི་རིམ་པ་སྟོན་ཏེ། བརྩམ་པར་བྱ་བ་ནི་རབ་ཏུ་འབྱུང་བར་བརྩམ་པར་བྱ་བའོ། །དབྱུང་བར་བྱ་བ་ནི་གདོན་མི་ཟ་བར་རབ་ཏུ་བྱུང་བར་བྱའོ། །སངས་རྒྱས་བསྟན་ལ་འཇུག་པ་ནི། །རབ་ཏུ་བྱུང་བ་ཙམ་གྱིས་ཆོག་པ་མ་ཡིན་པས་ན་བསྟན་པའི་སྡེ་སྣོད་གསུམ་བསྒྲུབ་པར་བྱའོ། །འཆི་བདག་གི་སྡེ་འཇོམས་པ་ནི་སྡེ་སྣོད་གསུམ་སྤྱད་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར། སྐྱེ་ཤིའི་སྡུག་བསྔལ་གཞོམ་ཞིང་སྤང་བར་བྱ་བ་ནི་གླང་པོ་ཆེས་རྩྭ་ཁྱིམ་གཞོམ་བཞིན་དུ་བྱ་བའོ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་ཕྱིན་པར་འགྱུར། །ཚིགས་བཅད་འདིས་ནི་སོ་སོར་ཐར་པ་ལ་ཞུགས་ཤིང་བག་བྱས་པའི་ཡོན་ཏན་སྟོན་པ་སྟེ། དེ་ལ་བག་ཡོད་པ་ནི་སྡིག་པ་ལ་བག་བྱ་བའོ། །ཆོས་འདུལ་བ་ལ་སྤྱོད་ཅེས་བྱ་བ་ནི། ཆོས་ནི་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་རྣམས་སོ། །འདུལ་བ་ནི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང་འཚོ་བ་གསུམ་མོ། །གཞན་ནི་བརྡ་ཕྲད་པར་ཟད་དོ། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་བཤད་པས་ན། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །སོ་སོར་ཐར་པ་འདི་བསྡུས་ཏེ། དེ་ལ་བསླབ་པའི་ཡོན་ཏན་སྟོན་པ་སྟེ། དེ་ལྟར་སྡེ་སྣོད་ལས་བསླབ་པས་བདག་དང་གཞན་གྱིས་ཚུལ་ཁྲིམས་བསྲུངས་པར་འགྱུར་བ་དང༌། སྟོན་པའི་སྡེ་སྣོད་གསུམ་རྒྱས་པར་འགྱུར་བ་དང༌། གསོ་སྦྱོང་གི་ལས་འགྲུབ་པར་འགྱུར་བའོ། །གང་གི་ཕྱིར་དུ་མདོ་བཤད་དང༌།། གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཚིགས་བཅད་འདིས་ནི་སོ་སོར་ཐར་པ་བཤད་ཅིང་གསོ་སྦྱོང་བས་དགེ་སློང་རྣམས་བག་བྱེད་པར་སྟོན་པ་སྟེ། ལྟུང་བ་སྔ་མ་བཤགས་ཤིང་ཕྱི་མ་མི་བྱ་བར་དམ་བཅས་པས་ན། དེ་ཚུལ་ཁྲིམས་ལ་གནས་ཤིང་བག་བྱེད་པ་ནི་ཇི་ལྟར་གཡག་གི་རྔམ་ཤིང་ལ་ཐོགས་ན་བག་བྱེད་པ་བཞིན་ནོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་ཅུང་ཟད་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཚིགས་བཅད་འདིས་བསྡུས་པའི་བསྔོ་བའོ། །སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།


previousསོ་སོར་ཐར་པའི་མདོའི་འགྲེལ་པ། no next