Nitartha Digital Library
Tibetan
 
previousབྱ་བའི་ཕུང་པོ་ཞེས་བྱ་བ། no next

བྱ་བའི་ཕུང་པོ་ཞེས་བྱ་བ།


DTG155_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲི་ཡ་སྐན་དྷ་ན་མ། བོད་སྐད་དུ། བྱ་བའི་ཕྱུང་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བྱ་བའི་ཕུང་པོ་གང་ཞེ་ན། གནས་ནས་ཕྱུང་བས་བྱ་བ་དང༌། ཐ་དད་དུ་གནས་པས་བྱ་བ་དང༌། གཟུ་བོས་བྱ་བ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་བཅུག་པས་བྱ་བ་དང༌། བསླབ་པ་བྱིན་པས་བྱ་བ་དང༌། མཚམས་བཅད་པའི་གནས་བརྟན་གྱི་བྱ་བ་དང༌། ཀུན་དགའ་ར་བའི་བྱ་བ་དང༌། ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་དང༌། གནས་ཁང་གི་བྱ་བ་དང༌། གནས་ཁང་གི་གནས་བརྟན་གྱི་བྱ་བ་དང༌། ཁང་པའི་འཁོར་དུ་བཅས་པའི་བྱ་བ་དང༌། ཁང་པའི་འཁོར་དུ་བཅས་པའི་གནས་བརྟན་གྱི་བྱ་བ་དང༌། ནགས་ཀྱི་བྱ་བ་དང༌། གནས་མལ་གྱི་བྱ་བ་དང༌། སྒེ་གླེགས་ཀྱི་བྱ་བ་དང༌། འཁོར་ལོའི་བྱ་བ་དང༌། གནས་སྟོང་པའི་བྱ་བ་དང༌། གནས་སྟོང་པའི་གནས་བརྟན་གྱི་བྱ་བ་དང༌། ལྷུང་བཟེད་ཀྱི་བྱ་བ་དང༌།ཆོས་གོས་ཀྱི་བྱ་བ་དང༌། ཁབ་ཀྱི་བྱ་བ་དང༌། གདིང་བའི་བྱ་བ་དང༌། ཁབ་ཀྱི་བྱ་བ་དང༌། ཁབ་རལ་གྱི་བྱ་བ་དང༌། ཐུག་པའི་བྱ་བ་དང༌། ཆུའི་བྱ་བ་དང༌། ཆུ་རྫའི་བྱ་བ་དང༌། ཡོངས་སུ་སྤྱོད་པའི་ཆུ་རྫའི་བྱ་བ་དང༌། གཙང་མའི་རིལ་བའི་བྱ་བ་དང༌། ཟས་ཀྱི་བྱ་བ་དང༌། བཟའ་བའི་བྱ་བ་དང༌། ཟས་བཏང་བའི་བྱ་བ་དང༌། བསོད་སྙོམས་ཀྱི་བྱ་བ་དང༌། བསོད་སྙོམས་སྤྱོད་པའི་བྱ་བ་དང༌། ཟས་ལེན་པའི་བྱ་བ་དང༌། དགོན་པའི་བྱ་བ་དང༌། དགོན་པའི་གནས་བརྟན་གྱི་བྱ་བ་དང༌། གྲོང་འདབ་ཀྱི་བྱ་བ་དང༌། གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་དང༌། གློ་བུར་དུ་འོངས་པའི་བྱ་བ་དང༌། གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་དང༌། འགྲོ་བས་བྱ་བ་དང༌། འགྲོ་བའི་གནས་བརྟན་གྱི་བྱ་བ་དང༌། རྐང་པ་བཀྲུ་བའི་བྱ་བ་དང༌། རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་དང༌།


DTG155_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་བྱ་བ་དང༌། འདུག་པའི་གནས་བརྟན་གྱི་བྱ་བ་དང༌། ཆོས་འཆད་པའི་བྱ་བ་དང༌། ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་དང༌། དུས་ཀྱི་བྱ་བ་དང༌། དུས་མ་ཡིན་པའི་བྱ་བ་དང༌། དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བ་དང༌། དུས་མ་ཡིན་པར་དགེ་འདུན་བའི་གནས་བརྟན་གྱི་བྱ་བ་དང༌། སྨྲས་པའི་བྱ་བ་དང༌། མི་སྨྲ་བའི་བྱ་བ་དང༌། དབྱར་ཉེ་བར་སྒྲུབ་པའི་བྱ་བ་དང༌། དབྱར་གནས་པའི་བྱ་བ་དང༌། དབྱར་གནས་པའི་གནས་བརྟན་གྱི་བྱ་བ་དང༌། དབྱར་གནས་པར་ཁས་བླངས་པའི་བྱ་བ་དང༌། འཁོར་དང་ལྡན་པའི་བྱ་བ་དང༌། འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་དང༌། འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་དང༌། འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་དང༌། གསོ་སྦྱོང་གི་བྱ་བ་དང༌། གསོ་སྦྱོང་མངོན་དུ་བྱ་བའི་བྱ་བ་དང༌། གསོ་སྦྱོང་གི་ལས་ཀྱི་བྱ་བ་དང༌། སོ་སོར་ཐར་པའི་བྱ་བ་དང༌། སོ་སོར་ཐར་པ་གདོན་བའི་བྱ་བ་དང༌། སོ་སོར་ཐར་པ་གདོན་པར་བྱེད་པའི་བྱ་བ་དང༌། གནས་བརྟན་གྱི་བྱ་བ་དང༌། བར་མས་བྱ་བ་དང༌། གསང་བུས་བྱ་བ་དང༌། གནས་བརྟན་དང༌། བར་མ་དང༌། གསར་བུས་བྱ་བ་དང༌། བསྲོ་ཁང་དུ་བྱ་བ་དང༌། བསྲོ་ཁང་དུ་ཁྲུས་བྱེད་པའི་བྱ་བ་དང༌། བསྲོ་ཁང་གི་གནས་བརྟན་གྱི་བྱ་བ་དང༌། མཁན་པོའི་བྱ་བ་དང༌། ལྷན་ཅིག་གནས་པའི་བྱ་བ་དང༌། སློབ་དཔོན་གྱི་བྱ་བ་དང༌། ཉེ་གནས་ཀྱི་བྱ་བ་དང༌། དགེ་ཚུལ་གྱི་བྱ་བ་དང༌། ནན་ཏན་གྱི་བྱ་བ་དང་ཕྱི་བཞིན་འབྲངས་པའི་དགེ་སྦྱོང་གི་བྱ་བ་དང༌། གྲོང་དུ་ཉེ་བར་འཇུག་པའི་བྱ་བ་དང༌། གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་དང༌། གྲོང་དུ་ཉེ་བར་སོང་བའི་བྱ་བ་དང༌། གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་དང༌། གཞི་གནས་པའི་བྱ་བ་དང༌། ངལ་སོ་བའི་བྱ་བ་དང༌། ནམ་མཁའི་བྱ་བ་དང༌། སྲ་བརྐྱང་གི་བྱ་བ་དང༌། ཆུ་ཚོགས་ཀྱི་བྱ་བ་དང༌། འཆགས་པའི་བྱ་བ་དང༌། བཅག་པའི་བྱ་བ་དང༌། འཕྱན་གྱི་བྱ་བ་དང༌། ཕྱི་སའི་བྱ་བ་དང༌། བཤང་བའི་བྱ་བ་དང༌། བཤང་བའི་ཁུང་བུའི་བྱ་བ་དང༌། བཤང་བའི་གནས་བརྟན་གྱི་བྱ་བ་དང༌། བཤང་བའི་ཉེ་འཁོར་གྱི་བྱ་བ་དང༌། གཅི་བའི་བྱ་བ་དང༌། གཅི་བའི་སའི་བྱ་བ་དང༌། གཅི་སའི་གནས་བརྟན་གྱི་བྱ་བ་དང༌། གཅི་སའི་ཉེ་འཁོར་གྱི་བྱ་བ་དང༌། བཀྲུ་བའི་བྱ་བ་དང༌། བཀྲུ་བའི་


DTG155_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་བྱ་བ་དང༌། བཀྲུ་བའི་གནས་སུ་རྐང་པ་གཞག་པའི་བྱ་བ་དང༌། བཀྲུ་སའི་ཁུང་གི་བྱ་བ་དང༌། ཁྲུས་ཀྱི་སར་གནས་བརྟན་གྱི་བྱ་བ་དང༌། ཁྲུས་སའི་ཉེ་འཁོར་གྱི་བྱ་བ་དང༌། མཆིལ་མའི་བྱ་བ་དང༌། མཆིལ་མའི་སྣོད་ཀྱི་བྱ་བ་དང༌། སོ་ཤིང་གི་བྱ་བ་དང༌། སོ་བྲུད་པའི་བྱ་བ་དང༌། ལྕེ་བཞར་བའི་བྱ་བ་དང༌། རྣ་སྤབས་བྲུ་བའི་བྱ་བ་དང༌། ཀུན་དུ་སྤྱད་པའི་བྱ་བ་དང༌། ཀུན་དུ་མི་སྤྱད་པའི་བྱ་བའོ། །མ་མོ་ལྟ་བུའི་དུམ་བུ་གསུམ་པའི་གཞི་རྫོགས་སོ།། །།གནས་ནས་ཕྱུང་བས་བྱ་བ་གང་ཞེ་ན། གནས་ནས་ཕྱུང་བ་ཞེས་བྱ་བ་ནི་སྤངས་པ་ཡིན་ཏེ། སྤངས་པའི་དགེ་སློང་གིས་ནི་བྱ་བ་འདི་ལྟ་བུ་ལ་འཇུག་པར་མི་བྱའོ། །སྤངས་པའི་དགེ་སློང་གིས་ནི་རབ་ཏུ་བྱུང་བར་མི་བྱའོ། །དགེ་ཚུལ་ཉེ་བར་གཞག་པར་མི་བྱ། དགེ་སློང་མ་ལ་ལུང་འབོགས་པར་མི་བྱ་བ་དང༌། སྟོན་པར་བསྐོས་ན་ཡང་དགེ་སློང་མ་ལ་གདམས་པར་མི་བྱ། ལས་མི་བྱ། དགེ་སློང་དེ་ལས་བྱེད་པར་མི་བསྐོ། ལས་བསྐོ་བར་མི་བྱ། ལས་བྱེད་པའི་དགེ་སློང་དགེ་སློང་ལ་དགག་པར་མི་བྱ། འདུལ་བ་འཛིན་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་འདུལ་བ་བསྟན་པར་མི་བྱ། སོ་སོར་ཐར་པའི་མདོ་འདོན་པ་གཞན་ཡོད་ན། དགེ་འདུན་གྱི་ནང་དུ་སོ་སོར་ཐར་པ་གདོན་པར་མི་བྱ། ཆོས་འཆད་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་ཆོས་བཤད་པར་མི་བྱ། རང་བཞིན་དུ་གནས་པའི་དགེ་སློང་ལུང་བསྟན་པ་ལ་འགོག་པར་མི་བྱ། རང་བཞིན་དུ་གནས་པའི་དགེ་སློང་ལ་གསོ་སྦྱོང་དགག་པར་མི་བྱ། རང་བཞིན་དུ་གནས་པའི་དགེ་སློང་ལ་དགག་དབྱེ་གཞག་པར་མི་བྱ། རང་བཞིན་དུ་གནས་པའི་དགེ་སློང་ལ་གླེང་བར་མི་བྱའོ། །དྲན་པར་མི་བྱའོ། །དེ་དག་དང་ལྷན་ཅིག་བརྟེན་པར་མི་བྱའོ། །གང་ལ་དགེ་འདུན་གྱིས་གནས་ནས་ཕྱུང་བའི་ལས་བྱས་པ་དང༌། གང་དེ་དང་འདྲ་བ་གཞན་ཡང་རུང་སྟེ། ཉེས་པ་དེ་ལྟ་བུ་དང་མཐུན་པའི་ཉེས་པ་ཕྱིས་ཀྱང་མི་བྱའོ། །དེ་ལས་གཞན་པ་ཡང་མི་བྱའོ། །དེས་ཕྱི་ཕྱིར་ཞིང་སྤུ་བསྙལ་བ་ལྟ་བུར་ངེས་པར་འབྱུང་བ་ལ་འཇུག་པར་བྱའོ། །ཕྱག་འཚལ་བ་ཉེ་བར་བསྟན་པར་བྱ། རང་བཞིན་དུ་གནས་པའི་དགེ་སློང་གིས་ལྷུང་བཟེད་བྱིན་ན་ཡང་དེས་མི་བླང་ངོ༌། །ཆོས་གོས་ཀྱང་མི་བླང་ངོ༌། །དེ་ལ་སྐྲ་བྲེགས་པ་ཡང་མི་བཅོལ་ལོ། །


DTG155_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བསྲོ་ཁང་དུ་ཡང་ལས་མི་བྱའོ། །མི་ན་བར་ལས་ཐམས་ཅད་ལ་རང་བཞིན་དུ་གནས་པའི་དགེ་སློང་གི་ལས་ཉམས་སུ་བླང་བར་མི་བྱའོ། །དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པས་དེ་བརྟན་པའི་གནས་སུ་སྡོམ་པས་མི་བསྐོ། དབང་གི་གནས་ཐམས་ཅད་དུ་ཡང་སྡོམ་པས་མི་བསྐོ། གང་ཟག་བཅུ་གཉིས་ཀྱི་གནས་སུ་སྡོམ་པས་བྱིན་གྱིས་བརླབས་པར་མི་བྱ་བ་འདི་ནི་གནས་ནས་ཕྱུང་བས་བྱ་བ་ཞེས་བྱའོ། །ཐ་དད་དུ་གནས་པ་ལ་རྣམ་པ་གཉིས་ཏེ། གང་བདག་ཉིད་ཀྱིས་བདག་ཐ་དད་དུ་གནས་པར་བྱེད་པ་དང༌། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ཀྱིས་བདག་ཐ་དད་དུ་གནས་པ་གང་ཞེ་ན། བསམས་བཞིན་དུ་ཆོས་ཀྱི་ཕྱོགས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཐ་དད་དུ་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱ་བ་གང་ཞེ་ན། ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་འོས་པས་སྤངས་པ་ཡིན་ཏེ། དེ་ལྟར་ན་དགེ་འདུན་གྱིས་ཆོས་བཞིན་དུ་སྤངས་པའོ། །མཚུངས་པར་ལྷན་ཅིག་གནས་པ་ལ་ཡང་གཉིས་ཏེ། བདག་ཉིད་ཀྱིས་བདག་ལྷན་ཅིག་གནས་པར་བྱེད་པ་དང༌། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ལ་བདག་ཉིད་ལྷན་ཅིག་གནས་པ་གང་ཞེ་ན། བསམས་བཞིན་དུ་ཆོས་མ་ཡིན་པའི་ཕྱོགས་ལས་ཆོས་ཀྱི་ཕྱོགས་སུ་འོངས་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་གང་ཞེ་ན། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་སྤང་བ་དེ་ཕྱུང་བ་ཡིན། དེ་ལྟར་ན་དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །ཐ་དད་དུ་གནས་པའི་དགེ་སློང་དེས་རབ་ཏུ་དབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། ཇི་ལྟར་དགེ་འདུན་གྱིས་གང་ལ་སྤངས་པའི་ལས་བྱས་པ་དང༌། གཞན་ཡང་དེ་དང་འདྲ་སྟེ། དེས་དེ་ལྟ་བུའི་ཉེས་པ་ཡང་མི་བྱ། དེ་ལས་མཐུན་པར་ཡང་མི་བྱ་བའི་བར་དུ་སྟེ། གང་ཟག་བཅུ་གཉིས་ཀྱི་ལས་སུ་སྡོམ་པས་བསྐོ་བར་མི་བྱའོ། །ཐ་དད་དུ་གནས་པའི་དགེ་སློང་གིས་ཚངས་པར་མཚུངས་པར་སྤྱོད་པའི་གནས་བརྟན་དང༌། བར་མ་དང༌། གསར་


DTG155_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡང་རུང་བག་དབབ་པར་བྱ། ཉེས་པར་མི་བྱ། ཉེས་པ་ཞིག་བྱས་ན་ཡང་སླར་དབྱུང་བའི་ཚུལ་དུ་བྱའོ། །གལ་ཏེ་སླར་དབྱུང་བའི་ཚུལ་དུ་མི་བྱེད་ན་ཐ་དད་དུ་གནས་པར་བྱས་པ་ཉིད་ཡིན་ནོ། །དེ་ལ་འདི་སྐད་ཅེས་བསྒོ་བར་བྱའོ། །དགེ་འདུན་གྱིས་ཁྱེད་ལ་ཐིག་བཏབ་པ་བཞིན་དུ་བྱེད་དོ། །ཕུར་པ་བཙུགས་པ་བཞིན་དུ་བྱེད་དོ། །ཉེས་པ་དེ་ཡང་དགེ་འདུན་ལས་འདི་ཉིད་བཤགས་པར་བྱའི་འདི་ལས་ཕྱི་རོལ་དུ་ནི་མ་ཡིན་ནོ། །ཁྱོད་ཀྱིས་ལས་དེ་ཡང་དགེ་འདུན་འདི་ཉིད་ཀྱིས་སླར་བདེ་བར་བྱེད་ཀྱི། འདི་ལས་ཕྱི་རོལ་དུ་ནི་མ་ཡིན་ནོ། །ཁྱོད་ཀྱིས་ཉེས་པ་དེ་ཡང་མ་བཤགས་སམ། ཕྱིར་བཅོས་པར་མ་བྱས་ན་ནི་ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་དག་གིས་གང་དུ་མི་འདོད་པ་དེར་གླེང་བར་བྱེད་དོ། །གལ་ཏེ་ཡང་དེ་བཞིན་དུ་བྱས་པ་ལས་ཀྱང་འདུལ་བར་མ་གྱུར་ན་གང་ཟག་དེ་ཐིག་བཏབ་པ་བཞིན་དུ། ཕུར་པ་བཙུགས་པ་བཞིན་དུ་བྱས་ལ་སྤང་བར་བྱའོ། །དེ་ནི་འདི་ལྟར་རྟ་རྒོད་བཞིན་ཏེ། དེ་ནི་ཐ་དད་དུ་གནས་པས་བྱ་བ་ཞེས་བྱའོ། །གཟུ་པོས་བྱ་བ་གང་ཞེ་ན། རྩོད་པ་ཞི་བར་བྱ་བའི་ཕྱིར་དགེ་སློང་གཟུ་པོས་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པར་བཙལ་བར་བྱས་ཏེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཅི་སྟེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང༌། ངོ་ཚ་ཤེས་པ་དང་ལྡན་ཞིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང༌། བསླབ་པ་འདོད་པ་དང༌། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བསགས་པ་དང༌། ལུང་འཐོན་པ་དང༌། རྩོད་པ་ལ་མཁས་པ་དང༌། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང༌། རྩོད་པའི་བྱེ་བྲག་ལ་མཁས་པ་དང༌། རྩོད་པ་འགོག་པ་ལ་མཁས་པ་དང༌། རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང༌། བསྟན་བཅོས་ལ་མཁས་པ་དང༌། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པ་སྨྲ་བ་དང༌། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་མི་འཇུག་པ་དང༌། སྨྲ་བར་བྱེད་ཅིང་སྨྲ་བ་བརྡ་ཕྲད་པར་བྱེད་པ་དང༌། གོ་བར་བྱེད་ཅིང་གོ་བར་བརྡ་ཕྲད་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱེད་པ་བརྡ་ཕྲད་པར་བྱེད་པ་དང༌། ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་རྟོགས་པར་བརྡ་ཕྲད་པར་བྱེད་པ་དང༌། འདུན་པས་འགྲོ་བ་མ་ཡིན་པ་དང༌། ཞེ་སྡང་གིས་འགྲོ་བ་མ་


DTG155_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང༌། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང༌། འཇིགས་པས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་པོ་དེ་དག་དང་ལྡན་པ་ནི། ཆོས་ཀྱི་ལོངས་སྤྱོད་དམ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕྱོགས་གཉིས་ཀ་ལ་མི་བརྟེན་པ་ཡིན་ནོ། །ཡང་འདི་ལྟ་སྟེ། གཟུ་བོའི་དགེ་སློང་གིས་རྒོལ་བ་དང་ལྡན་པའི་དགེ་སློང་རྣམས་ལ་ལྷན་ཅིག་ཏུ་སྨྲ་བ་དང༌། ཕྱག་བྱེད་པ་དང༌། སྔར་ལྡང་བ་དང༌། ཐལ་མོ་སྦྱོར་བ་དང༌། གདུད་པར་བྱེད་པར་གྱུར་པའི་ལས་རྣམས་བདག་གིར་མི་བྱའོ། །དེ་དག་བསྙེན་བཀུར་བྱེད་ན་ཡང་ཉམས་སུ་མི་བླང་ངོ༌། །ལྷུང་བཟེད་འབུལ་ན་ཡང་མི་བླང༌། ཆོས་གོས་འབུལ་ན་ཡང་མི་བླང༌། ཡོ་བྱད་གཞན་ཅི་ཡང་རུང་བ་འབུལ་བ་བདག་གིར་མི་བྱའོ། །དེས་ཀྱང་དེ་དག་ལ་བསྙེན་པར་མི་བྱ། ལྷུང་བཟེད་མི་སྦྱིན། ཆོས་གོས་མི་སྦྱིན། ཟས་མི་སྦྱིན། སྨན་མི་སྦྱིན་ན། ཡོ་བྱད་གཞན་ཅི་ཡང་རུང་བ་སྦྱིན་པར་མི་བྱའོ། །དེ་དག་ལས་ལུང་འབོགས་པ་ཡང་མི་བླང༌། དྲན་པར་བྱ་བ་ཡང་མ་ཡིན། རྣལ་འབྱོར་ཡང་མ་ཡིན། ཡིད་ལ་བྱེད་པ་ཡང་མི་འདྲིའོ། །དེ་དག་ལ་ལུང་འབོགས་པར་སྦྱིན་པར་མི་བྱའོ། །དྲན་པར་བྱ་བ་ཡང་མ་ཡིན། ཀུན་དྲི་བར་བྱ་བ་ཡང་མ་ཡིན། རྣལ་འབྱོར་ཡང་མ་ཡིན། ཡིད་ལ་བྱ་བ་ཡང་མི་བསྐོ། སྟན་གཅིག་ལ་འདུག་པར་ཡང་མི་བྱའོ། །འཆག་ས་གཅིག་ཏུ་བཅག་པར་མི་བྱ། གནས་ཁང་གཅིག་ཏུ་འཁོད་པར་མི་བྱའོ། །གཞན་དུ་ན་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་འདི་ལྟ་སྟེ། ལས་ལེགས་པ་རྙེད་པ་ཅི་ཡོད་ཀྱིས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། འཐབ་པར་གྱུར། མ་ཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ། རྙེད་པ་མ་ཡིན་ནོ། །རྙེད་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་གྱི་ཚེ་དང་ལྡན་པ་རྣམས་ཁྱེད་ཅག་མ་འཐབ་ཅིག །མ་རྩོད་ཅིག །མ་འགྱེད་ཅིག །འགྱེད་པ་གཉིས་ཀ་རྒྱལ་བ་མེད་དོ། །རྒྱུག་པ་གཉིས་ཀ་རྒྱལ་བ་མེད་མེད་དོ། །དེ་དག་གཏན་ལ་ཕབ་ན་གཅིག་རྒྱལ་གཅིག་འཕམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །འདི་ནི་གཟུ་བོས་བྱ་བ་ཞེས་བྱའོ། །དེའི་ངོ་བོ་ཉིད་ཚོལ་བས་སྦྱིན་པས་བྱ་བ་གང་ཞེ་ན། དགེ་སློང་གང་གིས་ཉེས་པར་སྤྱོད་པ་དེ་ཁས་ལེན། ཁས་བླངས་པ་ལས་ཀྱང་བསྙེན། བསྙེན་པ་ལས་ཀྱང་སླར་


DTG155_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པ་དེ་ལ་དགེ་འདུན་གྱིས་གསོལ་བ་དང༌། བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས། དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་པའི་དགེ་སློང་གིས་བྱ་བ་དེ་ལྟ་བུ་ལ་འཇུག་པར་བྱའོ། །དེའི་ངོ་བོ་ཉིད་ཚོལ་བའི་དགེ་སློང་གིས་རབ་ཏུ་འབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གང་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཆོལ་བ་སྦྱིན་པ་དང༌། གང་དེ་དང་འདྲ་བས་ཀྱང་རུང་སྟེ། ཉེས་པ་དེ་ལྟ་བུ་འབྱུང་བར་མི་བྱའོ། །དེ་བས་ཐུ་བར་ཡང་མི་བྱ་བའི་བར་དུ་སྟེ་སྔ་མ་བཞིན་ནོ། །དེ་ནི་འདི་ལྟར་གང་ཟག་བཅུ་གཉིས་པོ་སྡོམ་པས་མི་སྐོ་བ་དེ་ནི་དེའི་ངོ་བོ་ཉིད་ཚོལ་བས་སྦྱིན་པས་བྱ་བ་ཞེས་བྱའོ། །ཕམ་པ་བྱུང་བ་ལ་བསླབ་པ་བྱིན་པའི་བྱ་བ་གང་ཞེ་ན། དགེ་སློང་གང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་དེ་ལ་སེ་གོལ་གཏོགས་པ་གཅིག་ཙམ་དུ་ཡང་བཅབས་པའི་སེམས་མ་སྐྱེས་པ་སྟེ། དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསླབ་པ་སྦྱིན་པར་བྱ་སྟེ། འདི་ལྟར་ཚེ་དང་ལྡན་པ་དགའ་བྱེད་བཞིན་དུ་རྒྱས་པར་གང་དེ་དང་འདྲ་བ་གཞན་ཡང་རུང་སྟེ། དེ་ལྟ་བུའི་ལྟུང་བ་ཕྱིན་ཆད་ཀྱང་མི་བྱའོ། །དེ་བས་ཐུ་བར་ཡང་མི་བྱའོ། །ཞེས་བྱ་བའི་བར་དུ་སྟེ་སྔ་མ་བཞིན་ནོ། །དེ་ནི་འདི་ལྟར་གང་ཟག་བཅུ་གཉིས་ཀྱི་ཕྱིར་སྡོམ་པ་མི་བསྐོའོ། །འདུལ་བ་དང་སྦྱར་ཏེ་བསླབ་པ་ཕྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏ། གང་ལ་དགེ་འདུན་གྱིས་བསླབ་པ་བྱིན་པ་དང༌། བསླབ་པ་བྱིན་པའི་དགེ་སློང་གིས་དགེ་སློང་གི་བསླབ་པ་ཐམས་ཅད་ལ་བསླབ་པར་བྱའོ། །དགེ་སློང་གིས་ཐ་མ་ལ་འདུག་པར་བྱའོ། །དེས་བསྙེན་པར་རྫོགས་པ་རྣམས་ལ་བྱིན་ལེན་བྱའོ། །བསྙེན་པར་རྫོགས་པ་དང་ལྷན་ཅིག་ཉལ་བ་བསྒྱུར་ཞིང་གུད་དུ་འབྱུང་ངོ༌། །བསླབ་པ་བྱིན་པའི་དགེ་སློང་གི་ལས་རྣམ་པ་གཉིས་ཏེ། གསོ་སྦྱོང་དང་དགག་དབྱེའོ། །བསླབ་པ་བྱིན་པ་གྲངས་སུ་བསྐང་སྟེ་གསོ་སྦྱོང་མི་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་ལས་གཞན་ལ་ཡང་ངོ༌། །གལ་ཏེ་བསླབ་པ་བྱིན་པ་གསོ་སྦྱོང་གི་ནང་དུ་འོངས་ན་ནི་མི་བསྐྲད་དོ། །གལ་ཏེ་སོང་ན་ཡང་མི་བཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེས་དགེ་འདུན་འདུས་པས་རྗེས་སུ་མ་ཞུགས་པར་མི་འགྱུར་རོ། །འདུས་པར་ཡང་མི་འགྱུར་ཏེ། འདི་ནི་ཕམ་པ་བྱུང་བ་ལས་བསླབ་པ་བྱིན་པས་བྱ་བ་ཞེས་བྱའོ། །མཚམས་བཅད་


DTG155_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། མཚམས་བཅད་པའི་གནས་བརྟན་གྱི་དགེ་སློང་གིས་བྱ་བ་དེ་ལྟ་བུ་ལ་འཇུག་པར་བྱའོ། །དེ་ན་གསར་བུའི་དགེ་སློང་འཁོད་པ་རྣམས་ལ་དེ་དག་མཐུན་པར་ཤེས་པར་བྱ། བསྐྱང་བར་བྱ། རྗེས་སུ་བསྟན་པར་བྱ། སྡིག་པ་ལས་སླར་བཟློག་པར་བྱ། དགེ་བ་ལ་གཞུག་པར་བྱ། ཁ་དོན་བྱེད་པ་དང༌། ཀུན་འདྲི་བ་དང༌། སྤོང་བ་དང༌། སོ་སོར་དབེན་པར་འཇུག་པ་དང༌། རྣལ་འབྱོར་དང༌། ཡིད་ལ་བྱེད་པ་རྣམས་ཏེ། དེ་དག་ལ་སོ་སོར་ལུང་འབོགས་པར་བྱ། ཀུན་ཚངས་པར་སྤྱོད་པ་ལ་གཞུག་པར་བྱ། བསླབ་པར་བྱ། བསླབ་པར་བྱ་བ་ལ་སོ་སོར་བསྟབ་པར་བྱ། རྙེད་པ་བསྒྲུབ་པར་བྱ། ནམ་སོ་སོར་རྙེད་པ་འགོད་པའི་ཆོས་སོ་སོའི་བགོ་སྐལ་སྙོམས་པར་མིག་སྔར་བགོའོ། །ནད་པ་ལ་བལྟ་བར་བྱ། ནད་པའི་ནད་གཡོག་ཏུ་དགེ་སློང་རྣམས་སྤྲོ་བར་བྱ། ནད་པ་རྣམས་ལ་ཆོས་ཀྱི་གཏམ་བྱ། ལམ་དང་ལམ་མ་ཡིན་པ་ཡང་དག་པར་བསྒྲག་པར་བྱའོ། །ཡེ་ཤེས་དང་མཐོང་པ་རྣམ་པར་སྦྱང་བའི་རྒྱུད་མི་གཏོང་བར་བྱ། རྣམ་པ་ཐམས་ཅད་དུ་འང་ནད་པ་ལ་གཡེལ་བར་མི་བྱ། མཚམས་བཅད་པའི་གནས་སུ་དགེ་སློང་རྣམས་ལྷགས་པ་ལ་གཞན་ཅི་ཡང་རུང་བྱ་བར་གྱུར་པ་དེ་ཐམས་ཅད་ལ་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་བར་བྱ་བ་ནི། མཚམས་བཅད་པའི་གནས་བརྟན་གྱིས་བྱ་བ་ཞེས་བྱའོ། །ཀུན་དགའ་ར་བའི་བྱ་བ་གང་ཞེ་ན། ཀུན་དགའ་ར་བ་ཞེས་བྱ་བ་ནི་འདི་རྣམས་ཀྱང་ཡིན་ཏེ། ཀུན་དགའ་ར་བའི་ནང་ན་ཁང་ཕྲན་དང༌། ཁང་པ་དང༌། ཁང་པ་བརྩེགས་པ་དང༌། ཁང་པ་འཁོར་དུ་བཅས་པ་དང༌། སྤྱིལ་པོ་དང༌། སྤྱིལ་པོའི་དངོས་པོ་དང༌། འཆགས་དང༌། སྐྱེད་ཅིང་དང༌། གསིང་མ་རྣམས་ཏེ་ཐམས་ཅད་ཀྱང་རྒན་རིམས་བཞིན་དུ་བསྐོ་བར་བྱའོ། །ཕྱི་བདར་བྱ་བ་དེ་ནི་ཀུན་དགའ་ར་བའི་བྱ་བ་ཞེས་བྱའོ། །ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགེ་འདུན་རྣམས་ཀྱི་ཀུན་དགའ་ར་བའི་གནས་ཏེ། དེར་སོ་སོ་ནས་དགེ་སློང་དག་ལྷགས་པ་རྣམས་བྱ་བར་བཅས་པའི་ཡང་ཐ་དད་པས་ན། དགེ་སློང་དེས་འདི་དག་གི་བྱ་བ་བཅས་པ་དེའི་ཆོས་སམ་པྲ་བར་ཏ་ཞེས་མ་བྱུང་གི་བར་དུ་སྐད་ཅིག་སྡོད་ཅིག །གདོད་ཐམས་ཅད་ལ་སྙོམས་པར་བྲིམས་ཤིག་ཅེས་བརྗོད་པར་བྱའོ། །དགེ་སློང་གནས་བརྟན་གྱིས་


DTG155_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ཀྱི་རྗེས་སུ་མཐུན་པར་བྱ། གནས་བརྟན་གྱིས་དེའི་གནས་བརྟན་དང་བར་མ་དང༌། གསར་བུ་རྣམས་ཀྱིས་ཀྱང་དེའི་རྗེས་སུ་མཐུན་པར་བྱའོ། །གལ་ཏེ་བྲམ་ཟེའམ། ཁྱིམ་བདག་ཐ་དད་པ་རྣམས་ལྷགས་ན་དེ་དག་ལ་ཡང་མཚུངས་པར་བགོ་བཤའ་བྱ་ཞིང་སྦྱིན་པར་བྱའོ། །གལ་ཏེ་མགྲོན་མི་འདོད་དམ། བྲམ་ཟེའམ་ཁྱིམ་བདག་དད་པ་ཅན་རྣམས་དག་མི་འདོད་ན་ཡང་དགེ་སློང་གནས་བརྟན་གྱིས་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱས་ལ་བདག་ཅག་ལ་ནི་འདི་ཡོད་དོ་ཞེས་སྨྲ་བར་བྱ་སྟེ། འདི་ནི་ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གནས་ཁང་གི་བྱ་བ་གང་ཞེ་ན། དགེ་སློང་གང་གནས་ཁང་དུ་འདུག་པ་དེས་གནས་ཁང་དེར་དུས་དུས་སུ་ཆག་ཆག་གདབ་པར་བྱའོ། །ཕྱག་དར་དོར་བ་དང༌། བ་ལང་གི་ལྕི་བས་ཤིན་ཏུ་འཇམ་པོར་བྱུག་པར་བྱའོ། །སྡོ་ཅུང་ཟད་བྱུང་ན་ཡང་བསྲབ་པར་བྱ། རལ་པ་དང་འདྲུམས་པ་དང༌། གོགས་པ་རྣམས་སླར་བཅོས་པར་བྱ། བུམ་པ་ཆུས་བཀང་སྟེ་གཞག་པར་བྱའོ། །ཡོངས་སུ་སྤྱད་པའི་བུམ་པ་དང་བཙང་མའི་རིལ་པ་དང༌། སྣམ་ཕྱི་བའི་རིལ་བ་དང༌། རྐང་པ་དག་བཀྲུ་བའི་རིལ་བ་རྣམས་བཀང་སྟེ་གཞག་པ་དེ་ནི་གནས་ཁང་གི་བྱ་བ་ཞེས་བྱའོ། །གནས་ཁང་གི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་ཁང་གི་དགེ་སློང་གནས་བརྟན་གྱི་བྱ་བ་ནི། དེས་འདི་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་གང་དག་ན་འཁོད་པར་འགྱུར་བདེ་དག་ཤེས་པར་བྱས་ནས་གནས་བརྟན་ཞེས་བྱ་བའི་བར་ན་སྔ་མ་བཞིན་ཏེ། གནས་བརྟན་གྱིས་ཐམས་ཅད་ལ་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏོང་བའི་བྱ་བའི་བར་དུ་སྟེ། འདི་ནི་གནས་ཁང་གི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཁང་པའི་འཁོར་དུ་གཏོགས་པའི་བྱ་བ་གང་ཞེ་ན། ཁང་པ་འཁོར་དང་བཅས་པ་ན་དགེ་སློང་གང་འདུག་པ་དེས། ཁང་པ་འཁོར་དང་བཅས་པ་དེ་དུས་དུས་སུ་བྱི་དོར་བྱ་བ་ནི་སྔ་མ་བཞིན་ནོ། །རྐང་པ་བཀྲུ་བའི་རྣམས་བཀང་སྟེ་གཞག་པའི་བར་དུའོ། །ཁང་པ་འཁོར་དང་བཅས་པ་དེ་ན་དགེ་སློང་དག་གྲོགས་གང་དག་འཁོད་པ་རྣམས་ལ་ཡང་བྱམས་པའི་


DTG155_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ལས་ཀྱིས་མཚུངས་པར་སྤྱད་པར་བྱ། བྱམས་པའི་ངག་གི་ལས་དང༌། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཀྱང་མཚུངས་པར་སྤྱད་པར་བྱ། དེར་ཡང་འཐབ་མོ་མི་འབྱུང་བར་བྱ། མཚང་འདྲུ་བ་དང༌། འགྱེད་པ་དང༌། རྩོད་པ་མི་འབྱུང་བར་བྱ། གལ་ཏེ་དེར་འཐབ་མོ་དང༌། མཚང་འདྲུ་བ་དང། འགྱེད་པ་དང༌། རྩོད་པ་ཞིག་བྱུང་ན་ཞི་བར་ནུས་ན་ནི་དེ་ལྟ་ན་ལེགས་གལ་ཏེ་ཡང་མི་ནུས་ན་གུད་དུ་འགྲོ་བར་བྱའོ། །འདི་ནི་ཁང་པའི་འཁོར་དུ་བཅས་པའི་བྱ་བ་ཞེས་བྱའོ། །ཁང་པའི་འཁོར་དུ་བཅས་པའི་གནས་བརྟན་ཀྱི་བྱ་བ་གང་ཞེ་ན། ཁང་པའི་འཁོར་དུ་བཅས་པའི་དགེ་སློང་གི་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེ་ན་དགེ་སློང་གསར་བུ་གང་དག་འཁོད་པར་གྱུར་པ་དེ་དག་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུ་ཡང་དགེ་སློང་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱ་བ་དང༌། རྒྱུད་མི་གཏོང་བར་བྱ་བའི་བར་དུ་སྟེ། འདི་ནི་ཁང་པའི་འཁོར་དུ་བཅས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ནགས་ཀྱི་བྱ་བ་གང་ཞེ་ན་ནགས་ཞེས་བྱ་བ་ནི་ཤིང་ལྗོན་པའི་གནས་དེ་ན་དགེ་སློང་འཁོད་པ་རྣམས་ཀྱིས་བདག་ཅག་གནས་འདི་ན་འཁོད་པ་ལ་སྲོག་གི་བར་ཆད་དུ་འགྱུར་བའམ། ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་པ་ལྟ་ཡོད་དམ་མེད་ཅེས་རྒྱང་གྲགས་གཅིག་ཚུན་ཆད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །གལ་ཏེ་ཡོད་པར་མ་མཐོང་ན་ནི་རིང་དུ་དོར་བར་བྱའོ། །གལ་ཏེ་མེད་པར་མཐོང་ལ་དོགས་པར་གྱུར་ན་རྒྱང་གྲགས་གཅིག་ཚུན་ཆད་ནགས་ཉུལ་བ་བསྐོ་བར་བྱའོ། །གསོ་སྦྱོང་གི་གནས་ཀྱང་བསྐོ་བར་བྱའོ། །དེ་ན་ཕན་ཚུན་ཟང་ཟིང་གི་ལོངས་སྤྱོད་དང༌། ཆོས་ཀྱི་ལོངས་སྤྱོད་ཀྱིས་སྤྲོ་བ་བསྐྱེད་པར་བྱ། དེ་ན་འཐབ་མོ་མི་འབྱུང་བ་དང༌། མཚང་འདྲུ་བ་མི་འབྱུང་བ་དང༌། ཁོན་དུ་འཛིན་པ་མི་འབྱུང་བ་དང༌། རྩོད་པ་མི་འབྱུང་བ་དེ་ནི་ནགས་ཀྱི་བྱ་བ་ཞེས་བྱའོ། །གནས་མལ་གྱི་བྱ་བ་གང་ཞེ་ན། རིམ་གྱིས་གནས་མལ་དུས་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། སྤྲུག་པར་བྱ། བསྒྲངས་པར་བྱ། སྤ་བར་བྱ། གལ་ཏེ་དྲི་མ་ཅན་དུ་གྱུར་ན་བཀྲུ་བར་བྱ། བུག་རྡོལ་དུ་གྱུར་ཏམ། ཤ་ཟད་པའི་ཆོས་སུ་གྱུར་ན་ཅི་ནུས་སུ་བཅོམ་ཞིང་གླན་པར་བྱ། བཅོམ་ཞིང་གླན་དུ་གཞུག་པ་བྱ། དགེ་སློང་གིས་ཕྱོགས་


DTG155_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དགེ་འདུན་གྱི་གོས་བགོས་ནས་བཤད་པའི་སར་མི་འགྲོ། གཅི་བའི་སར་མི་འགྲོ། བསྲོ་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། ཚང་མ་དུ་མ་ཡིན། ཆར་འབབ་པ་ལ་གྱོན་ཏེ་འདུག་པར་མི་བྱ། ཉི་མ་ཚ་བ་ལ་མ་ཡིན། མེ་ཁང་དུ་གཞག་པར་མི་བྱ། ཅི་ནས་གནོད་པར་འགྱུར་བའི་ས་ཐམས་ཅད་དུ་ཕྱོགས་བཞིའི་དགེ་འདུན་གྱི་གོས་དང་འཇུག་པར་མི་བྱ། བགོ་བར་མི་བྱའོ། །གཞག་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་གནས་མལ་རྣམ་པ་འདི་ལྟ་བུ་སྤྱད་པར་མི་བྱ་སྟེ། ལྔ་གང་ཞེ་ན། དུད་པ་དང༌། དྲི་མ་དང༌། དྲི་མ་དང༌། རྡུལ་དང༌། བཤད་བ་དང༌། འདྲུད་པའོ། །དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་བགོས་བཞིན་དུ་གཙུག་ལག་ཁང་ཆག་ཆག་མི་གདབ་མི་ཕྱག །ཕྱག་དར་མི་དོར། བ་ལང་གི་ལྕི་བས་བྱུག་པར་མི་བྱའོ། །ཆུའི་བུམ་པ་དགང་བར་མི་བྱ། ཡོངས་སུ་སྤྱད་པར་མ་ཡིན། གཙང་མའི་རིལ་བར་མ་ཡིན། བཤད་པའི་རིལ་བར་མ་ཡིན། རྐང་པ་དག་བཀྲུ་བའི་རིལ་བ་དགང་བར་མི་བྱ། གཙུག་ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་བྱེད་པར་མ་ཡིན། གོས་ཀྱི་ལས་བྱེད་པར་མ་ཡིན། དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་ལུས་ཀྱི་མཐའ་ལ་བགོ་བར་མི་བྱ། དགེ་སློང་དག་གིས་ཕྱོགས་བཞིའི་དགེ་འདུན་གྱི་མལ་ཆ་དང༌། སྟན་རྣམས་བླ་གབ་མེད་པར་བཏིང་སྟེ། སྒོ་ཁང་ཕན་ཆད་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུའི་བར་དུ་བོར་ཏེ་འགྲོ་བར་མི་བྱའོ། གལ་ཏེ་བཤད་བའམ། གཅི་བའི་སར་འགྲོ་ན་ཡང་དགེ་སློང་འཁོད་པ་རྣམས་ལ་བསྒོ་ལ་འགྲོ་བར་བྱའོ། །ཇི་ལྟར་བདག་ཉིད་ཀྱི་ལྷུང་བཟེད་དང༌། ཆོས་གོས་ལུས་ཀྱི་པགས་པ་བཞིན་དུ་དགེ་སློང་དག་གིས་ཕྱོགས་བཞིའི་དགེ་འདུན་གྱི་མལ་ཆ་དང༌། སྟན་རྣམས་ཡོངས་སུ་བསྲུང་བར་བྱའོ། །དགེ་སློང་དག་གིས་ཅི་ནས་ཀྱང་ཕྱོགས་བཞིའི་དགེ་འདུན་གྱི་མལ་ཆ་དང༌། སྟན་རྣམས་ཡལ་བར་དོར་བར་མི་བྱ་སྟེ། འདི་ནི་དགེ་འདུན་གྱི་གནས་མལ་གྱི་བྱ་བ་ཞེས་བྱའོ། །སྒོ་གླེགས་ཀྱི་བྱ་བ་གང་ཞེ་ན། སྒོ་གླེགས་ཞེས་བྱ་བ་ནི་སྒོའི་བར་མ་སྟེ། དགེ་སློང་གིས་བརྡུང་ན་ཡུན་རིང་དུ་བརྡུང་བར་མི་བྱ། སྔར་ནང་ན་འཁོད་པ་རྣམས་ཀྱིས་ཚོར་བར་བྱ་བའི་ཕྱིར་དལ་བུས་བགས་


DTG155_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྡུང་བར་བྱའོ། །འབྱེད་པའི་ཚེ་ཡང་དྲག་ཏུ་མི་དབྱེ། གཅོད་པའི་ཚེ་ཡང་དྲག་ཏུ་མི་གཅོད། ཤེས་བཞིན་དུ་དལ་བུས་བགས་ཀྱིས་འཇུག་ཅིང་འབྱུང་བར་བྱ། སྒོའི་ཕྱོགས་གཉི་གར་མ་འདྲུད་བཞིན་དུ་འབྱུང་བར་བྱ་སྟེ། འདི་ནི་སྒོ་གླེགས་ཀྱི་བྱ་བ་ཞེས་བྱའོ། །འཁོར་ལོའི་བྱ་བ་གང་ཞེ་ན། འཁོར་གཏན་ཞེས་བྱ་བ་ནི་སྒོའི་གཏན་པ་བླ་འོག་སྟེ། དེ་བཞིན་དུ་འབྱོར་པར་བྱའོ། །དགེ་སློང་གཙུག་ལག་ཁང་ནས་གུད་དུ་འདོད་ན། བླ་འོག་གཉིས་ཀ་བཅུག་ལ་འགྲོ་བར་བྱ་སྟེ། གཙུག་ལག་ཁང་རུང་བར་འགྱུར་རོ། །གཙུག་ལག་ཁང་རུང་བན་བདག་ཅག་ཉིད་དང༌། ལྷུང་བཟེད་དང༌། ཆོས་གོས་དང༌། མལ་ཆ་དང༌། སྟན་རྣམས་ཀྱང་རུང་བར་འགྱུར་ཏེ། འདི་ནི་འཁོར་ལོའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་བྱ་བ་གང་ཞེ་ན། དགེ་སློང་གི་གནས་སྟོང་པ་དེར་ཆག་ཆག་གདབ་པར་བྱ། ས་ཕྱག་པར་བྱ། ཕྱག་དར་དོར་བར་བྱ། ཅི་ནུས་སུ་བ་ལང་གི་ལྕི་བས་ཞལ་བ་འཇམ་པོར་བྱ། རལ་བ་དང༌། གྲུམ་པ་དང༌། གོ་གས་པ་རྣམས་སླར་བཅོས་པར་བྱའོ། །གལ་ཏེ་སྣོད་རྣམས་སོ་སོ་ན་འཇུག་པར་གྱུར་ན་ཡང་སྤྱད་དུ་བཟོད་ན་ནི་བཀྲུས་ཏེ་གཞག་པར་བྱ། མི་བཟོད་ན་ནི་དོར་བར་བྱ། གལ་ཏེ་རུང་བར་བྱེད་པ་ཡོད་ན་ཡང་རྩྭ་སྔོན་པོ་རྣམས་བསྲབ་པར་བྱ། རེ་ཞིག་ཁྱིམ་པ་དག་ལྷགས་ན་ཡང་དེ་དག་ལ་ཆོས་ཀྱི་གཏམ་བྱ། དགེ་སློང་གིས་གནས་སྟོང་པར་ཞུགས་ན་ཡང་ཡལ་བར་འདོར་བར་མི་བྱ། གལ་ཏེ་དེར་གནས་པར་མི་འདོད་ན་དེས་ག་ལས་འགྲོ་བ་བརྟག་པར་བྱ། འགྲོ་བའི་ཉེན་འཁོར་དང༌། བཤང་བའི་ས་དང༌། གཅི་བའི་ས་དང༌། སྐས་ཁང་དང༌། ཐེམ་སྐས་དང༌། སྒོ་གཅད་པ་དང༌། སྤྱོད་ཡུལ་རྣམས་བརྟགས་ལ་གནས་པར་བྱའོ། །ཇི་ལྟར་དེ་དག་གི་ཕྱིར་འབྲེལ་པ་དང༌། གནོད་པར་མི་འགྱུར་བ་དེ་ནི་གནས་སྟོང་པའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་སྟོང་པའི་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱའོ། །གནས་སྟོང་པའི་དགེ་སློང་ལ་གནས་བརྟན་གྱིས་བཞིན་གྱི་མདངས་གསལ་བ་དང༌། ཁྲོ་གཉེར་མེད་པ་ནས་སྔ་མ་བཞིན་ཏེ། འཐབ་མོ་དང༌། མཚང་འདྲུ་བ་དང༌། འགྱེད་པ་དང༌། རྩོད་པ་རྣམས་བྱུང་བར་གྱུར་པ་གདུལ་བར་ནན་ཏན་བྱ། ཞི་བར་


DTG155_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྣམ་པར་ཞི་བར་བྱ་བའི་བར་དུ་སྟེ། འདི་ནི་གནས་སྟོང་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ལྷུང་བཟེད་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་ལྷུང་བཟེད་ཐལ་བ་མ་བཙགས་པས་བཀྲུ་བར་མི་བྱ། ལྕི་བ་གསེག་མ་ཅན་གྱིས་མི་བཀྲུ། བྱེ་མ་དང་འདྲེས་པའི་སས་མ་ཡིན། བྱེ་མ་དང་འདྲེས་པའི་བ་ལང་གི་ལྕི་བའི་རི་ལུས་མ་ཡིན་མོད་ཀྱི་སྲན་ཕྱེས་ལྷུང་བཟེད་བཀྲུ་བར་བྱའོ། །ལྷུང་བཟེད་ལངས་ཏེ་བཀྲུ་བར་མི་བྱ། སྐམ་པར་མི་བྱ། སྣོད་དུ་གཞུག་པར་མི་བྱ། སྦ་བར་མི་བྱ། ལམ་དུ་འགྲོ་བར་མ་ཡིན། ཆུ་རྒལ་བ་ལས་མ་ཡིན། ས་མི་བདེ་བར་ལྷུང་བཟེད་གཞག་པར་མི་བྱ། དགེ་སློང་གིས་ལྷུང་བཟེད་ཀྱིས་གནས་ཁང་དུ་ཆག་ཆག་གདབ་པར་མི་བྱ། ཕྱག་དར་དོར་བར་མི་བྱ། བ་ལང་གི་ལྕི་བས་ཞལ་ཞལ་འཇམ་པོས་བྱུག་པར་མི་བྱ། ལག་པ་བཀྲུ་བའི་ཆུ་བླང་བར་མི་བྱ། རྐང་པ་བཀྲུ་བའི་ཆུ་མ་ཡིན། གདོང་བཀྲུ་བའི་ཆུ་མ་ཡིན། ལུས་བཀྲུ་བའི་ཆུ་མ་ཡིན། །དེས་ཆུའི་བུམ་པ་དགང་བར་མི་བྱ། དགེ་སློང་གིས་ལྷུང་བཟེད་བཤང་བའི་སར་བསྐུར་བར་མི་བྱ། གཅི་བའི་སར་མ་ཡིན། །བསྲོ་ཁང་དུ་མ་ཡིན། །རྐང་པ་བཀྲུ་བའི་སར་མ་ཡིན་ཏེ། ཅི་ནས་དགེ་སློང་གིས་མི་གཙང་བ་ཐམས་ཅད་དུ་བསྐུར་བར་མི་བྱ། དགེ་སློང་གིས་ལྷུང་བཟེད་ཐོགས་བཞིན་དུ་མཆོད་རྟེན་ལ་ཕྱག་མི་བྱ། གླན་པར་རིགས་པ་རྣམས་ལ་གླན་པར་བྱ། གཤེར་བཞིན་དུ་གཞུག་པར་མི་བྱ། ཤིན་ཏུ་སྐམས་པར་གཡེལ་བར་མི་བྱ། དལ་བུས་བགས་ཀྱིས་ཤེས་བཞིན་དུ་ཡོངས་སུ་ལོངས་སྤྱོད་པར་བྱ་སྟེ། ན་མ་ཆག་པའི་མཐར་ཐུག་གི་བར་དུ་བཅང་བར་བྱའོ། །དགེ་སློང་གིས་ལྷུང་བཟེད་མིག་བཞིན་དུ་བསྲུང་བར་བྱའོ། །ཅི་ནས་ཀྱང་ཕྱིན་ཆད་བཙལ་མི་དགོས་པར་བྱ་སྟེ། དེ་ནི་ལྷུང་བཟེད་ཀྱི་བྱ་བ་ཞེས་བྱའོ། །ཆོས་གོས་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆོས་གོས་གསུམ་རྗེས་སུ་གནང་སྟེ། དྲེགས་པའི་ཕྱིར་མ་ཡིན། རྒྱགས་བ་སྐྱེད་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། ཆ་གཞག་གི་ཕྱིར་མ་ཡིན་གྱི། དེ་ནི་འདི་ལྟར་དགེ་སློང་རྣམས་བདེ་བ་ལ་རེག་པར་སྤྱོད་པའི་ཕྱིར་ཏེ། སྦྲང་བུ་དང༌། ཤ་སྦྲང་དང༌། རླུང་དང༌། རླུང་དང༌། ཚ་བ་དང༌། སྡིག་སྦྲུལ་ལ་


DTG155_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་རེག་ན་མི་བདེ་བའི་གཉེན་པོའི་ཕྱིར་དང༌། ངོ་ཚ་དང་ཁྲེལ་ཡོད་པ་གཡོགས་པའི་ཕྱིར་ཏེ། དེ་ཡང་དགེ་སློང་རྣམས་ཀྱིས་ཅི་ལྟར་ཡོངས་སུ་སྤྱད་པ་བཞིན་དུ་ཡོངས་སུ་སྤྱད་པར་བྱའོ། །དེ་ལ་སྣམ་སྦྱར་ཡང་སྣམ་སྦྱར་གྱི་སྤྱད་པ་བཞིན་སྤྱད་པར་བྱའོ། །བླ་གོས་ཀྱང་བླ་གོས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱའོ། །མཐང་གོས་ཀྱང་མཐང་གོས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱའོ། །དེ་ལ་སྣམ་སྦྱར་མི་སྤྱད་པ་ནི་འདི་རྣམས་ཡིན་ཏེ། དགེ་སློང་རྣམས་སྣམ་སྦྱར་བགོས་ནས་གཙུག་ཁང་ཆག་ཆག་གདབ་པར་མི་བྱ། ས་ཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ཆུའི་སྣོད་དགང་བར་མི་བྱ། སྤྱོད་པའི་བུམ་པ་མ་ཡིན། །གཙང་མའི་རིལ་བར་མ་ཡིན། །བཤང་བའི་རིལ་བར་མ་ཡིན། །རྐང་པ་བཀྲུ་བའི་སར་མ་ཡིན། སྣོད་དགང་བར་མ་ཡིན། གཙུག་ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་སུ་མ་ཡིན། ཆོས་གོས་ཀྱི་ལས་སུ་མ་ཡིན། ཁྲུས་མི་བྱ། སྣམ་སྦྱར་བགོས་ནས་རྩྭའམ་ཤིང་ངམ། བ་ལང་གི་ལྕི་བའམ་ས་ཡང་རུང་བསྐུར་བར་མི་བྱ། སྣམ་སྦྱར་བགོས་ནས་བཤང་བའི་སར་མི་འཇུག །གཅི་སར་མི་འཇུག །བསྲོ་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། ཅི་ནས་སྣམ་སྦྱར་བགོས་ནས་མི་གཙང་བའི་ས་ཐམས་ཅད་དུ་བགོ་བར་མི་བྱ། མཐང་ལ་བགོ་བར་མི་བྱ། གདིང་བར་མི་བྱའོ། །དེ་རྒྱུན་དུ་བགོ་སྟེ། དགེ་སློང་སྣམ་སྦྱར་བགོས་ནས་བསོད་སྙོམས་ལ་འཇུག་པར་བྱ། གྲོང་དུ་འཇུག་པར་བྱ། སྤྱོད་ཡུལ་དུ་འཇུག་པར་བྱ། ཟས་ལ་འཇུག་པར་བྱ། སྐྱོ་མ་ལ་འཇུག་པར་བྱ། ཐུག་པ་ལ་འཇུག་པར་བྱའོ། །སྣམ་སྦྱར་ལ་འདུག་པར་མི་བྱ། ཉལ་བར་མི་བྱ་སྟེ། འདི་ནི་སྣམ་སྦྱར་དེ་ལྟ་བུར་མི་སྤྱོད་པའོ། །འདི་ལྟར་ཡང་སྣམ་སྦྱར་ནི་རྣམ་པ་གཉིས་སུ་སྤྱད་པ་བཞིན་སྤྱད་པར་བྱ་སྟེ། ཡང་ན་སྟེང་དུ་བགོ་བར་བྱ། ཡང་ན་སྔས་སུ་གཞུག་པར་བྱའོ། །བླ་གོས་བགོས་ནས་གཙུག་ལག་ཁང་དུ་ཆག་ཆག་གདབ་པར་མི་བྱ། ས་ཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། བ་ལང་གི་ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། ཁྲུས་མི་བྱའོ། །བླ་གོས་


DTG155_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་བཞིན་དུ་རྩྭའམ། ཤིང་ངམ། ས་བསྐུར་བར་མི་བྱ། བླ་གོས་བགོས་པས་བཤང་བའི་སར་འཇུག་པར་མི་བྱ། གཅི་བའི་སར་འཇུག་པར་མི་བྱ། བསྲོ་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། བླ་གོས་བགོས་ནས་མི་གཙང་བའི་ས་ཐམས་ཅད་དུ་འཇུག་པར་མི་བྱའོ། །ལུས་ཀྱི་མཐང་ལ་བགོ་བར་མི་བྱའོ། །རྡུལ་གཟན་དུ་མི་བྱ། གདིང་བར་མི་བྱ། རྒྱུན་དུ་སྤྱད་ཅིང་བགོ་བར་མི་བྱ་སྟེ། འདི་ནི་བླ་གོས་ཏེ། འདི་བླ་གོས་མི་སྤྱོད་པའོ། །བླ་གོས་འདི་ལྟར་སྤྱད་པར་བྱ་སྟེ། བླ་གོས་བགོས་ནས་ཆུའི་རྫ་མ་དགང་བར་བྱ། གཙང་བའི་རྫ་མ་དགང༌། གཙང་མའི་རིལ་བ་དགང༌། རྐང་པ་བཀྲུ་བའི་ར་ལི་བ་དགང་བར་བྱ། སྣོད་བགོ་བར་བྱ། གཙུག་ལག་ཁང་སྐྱོང་བྱ་བ་དང༌། གཞན་ཡང་རུང་སྟེ། རུང་བར་འགྱུར་བ་ཐམས་ཅད་ལ་བླ་གོས་བགོའོ། །མཐང་གོས་ཐམས་ཅད་བགོ་སྟེ། ལུས་ཀྱི་མཐང་ལ་ཡང་བགོ། རྟག་ཏུ་ཡང་བགོ་ཞིང་སྤྱད་པར་བྱའོ། །དགེ་སློང་གིས་མི་གཙང་བའི་སར་ཆོས་གོས་གཞག་པར་མི་བྱ། ལྗིད་ཀྱིས་གནན་པར་མི་བྱ། དྲུབ་པར་འོས་པ་དྲུབ་པར་བྱ། བཀྲུ་བར་འོས་པ་བཀྲུ་བར་བྱ། ཁ་བསྒྱུར་བར་འོས་པ་ཁ་བསྒྱུར་བར་བྱ། །དགེ་སློང་གིས་ཚོན་ཆེན་པོ་རྣམ་པ་ལྔ་ཉིད་བཅང་པར་མི་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མཐིང་ཤིང་དང༌། ལེ་བརྒན་རྩི་དང༌། རྒྱ་སྐྱེགས་དང༌། གུར་ཀུམ་དང༌། མཚལ་དང་ངོ༌། །ཤིང་ཕྲགས་ཀྲི་མ་ཤམ་གཏོགས་པ་གཞན་ངུར་སྨྲིག་གི་ཁ་དོག་ཏུ་འགྱུར་བ་ཤིང་གི་ཤུན་ཕྲགས་ཁ་དོག་ཅན་བཅང་བར་བྱའོ། །དེ་ཡང་གཞན་མེད་པར་གྱུར་ན་གདོད་ཉེས་པ་མེད་དོ། །སྣམ་སྦྱར་ངེས་པར་དྲ་བར་བྱའོ། །བླ་གོས་ནི་ངེས་པ་མེད་དོ། །མཐང་གོས་ཀྱང་མེད་དོ། །དགེ་སློང་ཆོས་གོས་ངན་ནམ། ཉུང་ན་ཚལ་བུས་ལོགས་ཤིག་ནས་གནས་པར་བྱ་སྟེ། ལྔའམ་བདུན་ནམ། དགུའམ་བཅུ་གཅིག་གམ། བཅུ་གསུམ་མམ་ལྷག་པར་ཡང་རུང་སྟེ་དེ་ལྟར་དགེ་སློང་གིས་སྣམ་སྦྱར་སྤྱད་དུ་ཡོད་དོ། །བླ་གོས་སྤྱད་པ་ནི་བླ་གོས་སུ་སྤྱད་པར་བྱ། མཐང་གོས་སུ་སྤྱད་པ་ནི་མཐང་གོས་སུ་སྤྱད་པར་བྱ་སྟེ། དགེ་སློང་གིས་རང་གི་པགས་པ་བཞིན་དུ་ཆོས་གོས་བསྲུང་བར་བྱའོ། །ཅི་ནས་དེ་ཕྱི་ཕྱིར་བཙལ་


DTG155_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པར་བྱ་སྟེ། འདི་ནི་ཆོས་གོས་ཀྱི་བྱ་བ་ཞེས་བྱའོ། །གདིང་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདིང་བ་གཉིས་རྗེས་སུ་གནང་སྟེ། མལ་སྟན་བདེ་བའི་ཕྱིར་རོ། །སྟུག་ན་ནི་ཆིག་རིམ་དུ་བྱ། སྲབ་ན་ནི་ཉིས་རིམ་དུ་བྱའོ། །དགེ་སློང་གིས་གདིང་བ་མ་བཏིང་གི་བར་དུ་འདུག་པར་མི་བྱ། ཉལ་བར་མི་བྱ། གདིང་བ་ཆིག་རྐྱང་ལ་བྱིན་གྱིས་བརླབ་པར་མི་བྱའོ། །གདིང་བ་མེད་པར་གཞན་དུ་གནས་པར་མི་བྱ། དགེ་སློང་གིས་གདིང་བ་ལ་ནན་ཏན་དུ་བྱ། ཅི་ནས་དེ་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་གདིང་བའི་བྱ་བ་ཞེས་བྱའོ། །ཁབ་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རྣམ་པ་གཉིས་རྗེས་སུ་གནང་སྟེ། ཆོས་གོས་འདྲུབ་པའི་ཕྱིར། ལྕགས་དང༌། ཟངས་ལས་བྱས་པའོ། །དགེ་སློང་རྣམས་ཀྱིས་ཁབ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ། དགེ་སློང་གིས་ཁབ་ལེགས་པར་གཞག་པར་བྱ། ཅི་ནས་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཁབ་ཀྱི་བྱ་བ་ཞེས་བྱའོ། །ཁབ་རལ་གྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རལ་རྗེས་སུ་གནང་སྟེ། ཁབ་རྣམས་སྦ་བའི་ཕྱིར་རོ། །དགེ་སློང་གིས་ངོ་ཚ་མེད་པའི་དགེ་ཚུལ་རྣམས་ལ་ཁབ་རལ་མི་གཞག །མི་སྟོར་བར་བྱ། བསྙེན་པར་རྫོགས་ཀྱང་ཡིད་མི་ཆེས་ན་མ་ཡིན། འདི་ལྟར་གང་ཟག་ལྔ་ལ་ཁབ་རལ་རག་ལས་པར་མི་བྱ་སྟེ། ངོ་ཚ་མེད་པ་དང༌། ཁོན་ཡོད་པ་དང༌། མི་མཛའ་བ་དང༌། དྲན་པ་ཉམས་པ་དང༌། རང་བཞིན་དུ་མི་གནས་པ་ལའོ། །དགེ་སློང་གིས་ཁབ་རལ་ལེགས་པར་གཞག་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཁ་རལ་གྱི་བྱ་བ་ཞེས་བྱའོ། །ཐུག་པའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཐུག་པ་རྗེས་སུ་གནང་སྟེ། བདེ་བར་སྤྱོད་པའི་ཕྱིར་དང༌། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་རྣམས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །དགེ་སློང་གིས་སྒྲ་མི་འབྱུང་བར་ཐུག་པ་དག་བཏུང་བར་བྱའོ། །ཤེས་བཞིན་དུ་ཐུག་པ་སྒྲ་བསྐྱུངས་ཏེ་བཏུང་བར་བྱའོ། །དྲེགས་པའི་ཕྱིར་མ་ཡིན། །ང་རྒྱལ་གྱི་ཕྱིར་མ་ཡིན། བསྙེམས་པའི་ཕྱིར་མ་ཡིན། བཟའ་བའི་ཕྱིར་མ་ཡིན་གྱི། ལུས་ཀྱི་རྨ་


DTG155_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བའི་ཕྱིར་དང༌། གཟུང་བའི་ཕྱིར་ཏེ། འདི་ནི་ཐུག་པའི་བྱ་བ་ཞེས་བྱའོ། །ཆུའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཆུ་ཤིན་ཏུ་བརྟག་པར་བྱ། དངས་པ་དང༌། གསལ་བ་དང༌། རྙོག་པ་མེད་པ་དང༌། མ་འདྲེས་པ་དང༌། གཙང་མ་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ནི་ཆུའི་བྱ་བ་ཞེས་བྱའོ། །ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆུ་སྣོད་རྗེས་སུ་གནང་སྟེ། དགེ་འདུན་དང་གང་ཟག་ལ་ཡང་རུང༌། ལྕུག་ཀོར་དང་ཆུ་དགབ་པའི་ཁ་དགབ་པ་དང་བཅས་པའོ། །དགེ་སློང་རྣམས་ཀྱིས་ཤིན་ཏུ་ལེགས་པར་བཀྲུས་ཏེ། བསྐམས་ལ་གཙང་མར་བྱ། ལག་པ་རུང་བ་དང༌། གོས་རུང་བས་ཆུ་གཞག་པར་བྱའོ། །བྲིམ་པར་བྱ། བྲམ་ཟེ་དང༌། ཁྱིམ་པ་དག་ལྷགས་ན་ཡང་བླུད་པར་བྱ། དགེ་སློང་རྣམས་ཀྱིས་ཆུ་རྫ་ཤིན་ཏུ་སྦ་བར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱིར་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཆུ་སྣོད་ཀྱི་བྱ་བ་ཞེས་བྱའོ། །ཡོངས་སུ་སྤྱད་པའི་ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཡོངས་སུ་སྤྱད་པའི་ཆུ་རྫ་རྗེས་སུ་གནང་སྟེ། ཤིན་ཏུ་བཀྲུས་ཏེ། བསྐམས་ལ། གཙང་མར་བྱས་ཏེ། བཀང་ནས་གཙུག་ལག་ཁང་གི་སྒོར་གཞག་པར་བྱ། ཡོངས་སུ་སྤྱད་པའི་རྫ་མ་དེ་དགེ་སློང་རྣམས་ཀྱིས་དབེན་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཡོངས་སུ་སྤྱོད་པའི་ཆུ་རྫའི་བྱ་བ་ཞེས་བྱའོ། །གཙང་མའི་རིལ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གཙང་མའི་རིལ་བ་རྗེས་སུ་གནང་སྟེ། དེ་མཆོད་རྟེན་གྱི་དྲུང་དུ་གཞག་པར་མི་བྱ། དགེ་སློང་གིས་དེ་དུས་བརྟག་པར་བྱ། བསྐམ་པར་བྱ། དགང་བར་བྱ་སྟེ། འདི་ནི་གཙང་མའི་རིལ་བའི་བྱ་བ་ཞེས་བྱའོ། །ཟས་ཀྱི་བྱ་བ་གང་ཞེ་ན། བཅའ་བ་ལྔ་སྟེ། དགེ་སློང་རྣམས་ཀྱིས་བཅའ་བ་དང༌། བཟའ་བ་རྣམས་ལས་གང་ཡང་རུང་སྟེ། ཟ་བའི་ཚེ་དྲན་པ་མངོན་པར་གཞག་པར་བྱ། ཟས་ལ་བརྟག་པར་བྱ། བཅལ་བའོ། །ནན་ཏན་གྱིས་སྒྲུབ་པའོ། །དེ་དང་འདྲ་བའོ། །ཡོངས་སུ་བཅད་ནས་འགྱུར་བའོ་སྙམ་པ་དང་སོ་སོར་འགྲོ་བ་ཉིད་དོ་སྙམ་དུ་བྱས་ལ་བཟའ་བར་བྱའོ། །དྲན་པ་ཉེ་བར་གཞག་ཅིང་སེམས་རྣམ་པར་མི་གཡེང་


DTG155_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཟས་ལ་རྒྱུ་མཐུན་པའི་འདུ་ཤེས་དང༌། ནད་པའི་འདུ་ཤེས་དང༌། གཞན་ལ་རག་ལས་པའི་འདུ་ཤེས་དང༌། ཕྱིར་རྒོལ་བའི་འདུ་ཤེས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་ཤེས་མངོན་དུ་གཞག་ལ་བཟའ་བར་བྱ། འདུས་ཤིང་ཟ་བ་དང༌། ཡང་ཡང་ཟ་བ་དང༌། ཆོག་པར་བྱ་བའི་དྲན་པ་མངོན་དུ་གཞག་པར་བྱ་སྟེ། འདི་ནི་ཟས་ཀྱི་བྱ་བ་ཞེས་བྱའོ། །བཟའ་བའི་བྱ་བ་གང་ཞེ་ན། དགེ་སློང་ཟས་ཟ་བའི་ཚེའམ། སྐྱོ་མའམ། ཐུག་པ་འཐུང་བའི་ཚེའང་རུང་སྟེ། དུས་བསྒོ་བའམ། གཎྜཱི་བརྡུངས་མ་ཐག་ཏུ་མྱུར་དུ་འོང་བར་བྱའོ། །མྱུར་དུ་འདུག་པར་བྱ། ཤེས་བཞིན་དུ་འགྲོ་བར་བྱ། ཤེས་བཞིན་དུ་འདུག་པར་བྱ། ཤེས་བཞིན་དུ་བཟའ་བར་བྱ། དྲན་པ་ཉེ་བར་གཞག་ཅིང་སེམས་རྣམ་པར་མི་གཡེང་བ་དང༌། ཆས་བཟའ་བ་དང༌། སྤྱོད་ལམ་དུ་ལྡན་པ་དང༌། ཤིན་ཏུ་བསྡམས་ཤིང་རབ་ཏུ་དབེན་པར་བྱས་ལ་སྒྲ་བསྐྱུང་བ་དང༌། མིག་མི་གཡེང་བ་དང༌། མིག་གཉའ་ཤིང་གང་ཙམ་དུ་བལྟ་བ་དང༌། གུས་པ་དང་བཅས་པ་དང༌། བདག་དམན་པ་དང་བཅས་པ་དང༌། འཇིགས་པ་དང་བཅས་པ་དང༌། གཞན་གྱི་དབང་དུ་གྱུར་པར་བསམས་ནས། ཕྱག་དར་བའོ་སྙམ་པའི་སེམས་ཀྱིས་གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བྱམས་པའི་སེམས་དང་བརྩེ་བའི་སེམས་དང༌། ཕ་དང་བུ་དང་ནུ་བོའི་འདུ་ཤེས་མངོན་དུ་གཞག་སྟེ། སྟན་ལ་འདུག་མཁས་པར་བྱ། བཟའ་བ་ལ་མཁས་པར་བྱ་སྟེ། འདི་ནི་བཟའ་བའི་བྱ་བ་ཞེས་བྱའོ། །ཟས་གཏང་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཟས་བླངས་ན་སླར་གཏང་བར་མི་བྱ། བབ་བབ་ཏུ་བཏང་བར་མི་བྱ། ཟས་གང་ལ་གཏང་བར་བྱ་ཞེ་ན། མ་ལ་སྦྱིན་པར་བྱ། ཕ་དང༌། ཕུ་ནུ་པོ་དང༌། སྲིང་མོ་ལ་སྦྱིན་པར་བྱ། གཉེན་ལ་སྦྱིན་པར་བྱ། ཀུན་དགའ་ར་བའི་ནང་དུ་ཁྱིམ་པ་འོངས་པ་ལ་ཡང་སྦྱིན་པར་བྱའོ། །ཕན་འདོགས་པ་ལ་ཡང་སྦྱིན་པར་བྱ། ཕན་འདོགས་པ་མ་ཡིན་པ་ལའང་སྦྱིན་པར་བྱ། ནད་པ་དང༌། འདོད་པས་རེག་པ་དང༌། འབྲེལ་བར་གྱུར་པ་ལ་ཡང་སྦྱིན་པར་བྱ། གལ་ཏེ་བུད་མེད་སྦྲུམ་མ་ཞིག་འོངས་ན་ཡང་དྲན་པ་ཉེ་བར་གཞག་སྟེ་སྦྱིན་པར་བྱ། དུད་འགྲོ་ལ་ཡང་ཁམ་ཆང་


DTG155_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྤྱིན་པར་བྱ། རབ་ཏུ་འབྱུང་བར་འདོད་པ་དག་ལ་ཡང་སྦྱིན་པར་བྱ། དེ་ཡང་དུམ་བུར་བྱས་ཤིང་ལྷག་མར་བྱས་ལ་སྦྱིན་པར་བྱ་སྟེ། འདི་ནི་ཟས་གཏང་བའི་བྱ་བ་ཞེས་བྱའོ། །བསོད་སྙོམས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་བསོད་སྙོམས་གུས་པས་བླང་བར་བྱ། མཐར་ཆགས་སུ་བླང་བར་བྱ། མུ་དང་མཉམ་པར་མ་ཡིན། ཚོད་དང་མཉམ་པར་མ་ཡིན། ཤེས་བཞིན་དང༌། དྲན་པ་ཉེ་བར་གཞག་པ་དང༌། སེམས་རྣམ་པར་མི་གཡེང་བ་དང༌། མི་འབོ་བ་དང༌། ཅི་ཙམ་གྱིས་ཆོག་པར་གྱུར་པ་དེ་ཙམ་དུ་བླང་བར་བྱ་སྟེ། འདི་ནི་བསོད་སྙོམས་ཀྱི་བྱ་བ་ཞེས་བྱའོ། །བསོད་སྙོམས་སྤྱོད་པའི་བྱ་བ་གང་ཞེ་ན། བསོད་སྙོམས་སྤྱོད་པའི་དགེ་སློང་གིས་ཤེས་བཞིན་དུ་འཇུག་པར་བྱ། ཤེས་བཞིན་དུ་འགྲེང་བར་བྱ། དྲན་པ་ཉེ་བར་གཞག་པ་དང༌། སེམས་རྣམ་པར་མི་གཡེང་བ་དང༌། མཛེས་པ་དང་སྤྱོད་པའོ་གཟེ་བ་དང༌། ཤིན་ཏུ་བསྡམས་པ་དང༌། ཤིན་ཏུ་གཡོགས་པ་དང༌། སྒྲ་བསྒྱུང་བ་དང༌། མིག་མི་གཡེང་བ་དང༌། གཉའ་ཤིང་གང་ཙམ་དུ་བལྟ་བ་དང༌། དབང་པོ་བསྡམས་པ་དང༌། ཡིད་ཕྱིར་མི་གཡེང་བ་དང༌། སྔ་ཕྱིའི་འདུ་ཤེས་དང༌། མ་ལྟ་བུའི་བུད་མེད་མཐོང་ན་མར་འདུ་ཤེས་ཉེ་བར་གཞག་པ་དང༌། སྲིང་མོ་ལྟ་བུའི་བུད་མེད་མཐོང་ན་སྲིང་མོར་འདུ་ཤེས་ཉེ་བར་གཞག་པ་དང༌། བུད་མེད་བུ་མོ་ལྟ་བུ་མཐོང་ན་བུ་མོ་ལྟ་བུའི་འདུ་ཤེས་མངོན་པར་གཞག་པར་བྱའོ། །བསོད་སྙོམས་སྤྱོད་པའི་དགེ་སློང་གིས་སྲང་དང་ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོ་དང༌། སྒོ་གནག་དག་གི་མཚན་མ་བཟུང་བར་བྱ། ཁྱིམ་གྱི་སྒོར་སོང་ནས་ཁར་གསིལ་དཀྲོལ་ཏེ། དལ་བུས་བགས་ཀྱིས་སྒོ་ལ་གཏུག་པར་བྱ། གལ་ཏེ་བུད་མེད་གཉིད་ཀྱིས་ལོག་ན་སེ་གོལ་གཏོགས་ལ་སད་པར་བྱ། གལ་ཏེ་རུང་བ་ཞིག་ལ་ཞུགས་ན་གཏུན་བུ་ཐབས་གཉིས་སམ་གསུམ་རུང་བའི་བར་དུ་བསྡད་པར་བྱ། འོན་ཏེ་སྲེག་པ་ཞིག་ལ་ཞུགས་ན། ཁུར་བ་གཅིག་བསྲེགས་ཀྱི་བར་དུ་བསྡད་པར་བྱ། གལ་ཏེ་འཐག་པ་ཞིག་ཏུ་གྱུར་ན་གཉིས་སམ་ལན་གསུམ་བསྐོར་གྱི་བར་བསྡད་པར་བྱ། དྲན་པ་ཉེ་བར་གཞག་པ་དང༌། སེམས་རྣམ་པར་མི་གཡེང་བར་བསོད་སྙོམས་བླང་


DTG155_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། ཅི་ཙམ་གྱིས་ཆོག་པ་དེ་ཙམ་བླང་བར་བྱ། གལ་ཏེ་བསོད་སྙོམས་སྤྱོད་པར་འདོད་ན་དགེ་འདུན་གྱི་ནང་དུ་བཟའ་བར་བྱ། མགྲོན་དུ་བོས་ན་ཡང་བདག་གིར་བྱ་སྟེ། བསོད་སྙོམས་བྱ་བའི་བྱ་བ་ནི། དེས་གཏང་བར་བྱ་བ་སྟེ། འདི་ནི་བསོད་སྙོམས་སྤྱོད་པའི་བྱ་བ་ཞེས་བྱའོ། །ཟས་ལེན་པའི་བྱ་བ་གང་ཞེ་ན། ཟས་ལེན་པའི་དགེ་སློང་གིས་དུས་ཚོད་རིག་པར་བྱས་ལ་བསོད་སྙོམས་བླང་ངོ༌། །ཤེས་པར་བྱ། དྲན་པ་མངོན་དུ་གཞག་པར་བྱ། སེམས་མི་གཡེང་བར་བྱ། མི་རྙོག་པར་བྱ། མ་འདྲེས་པར་བྱ། ཅི་ནས་ཀྱང་མཛེས་ཤིང་དབེན་པར་བྱ། ཅི་ནས་ཀྱང་དེས་མི་གཙང་བའི་འབགས་པ་དང༌། རིངས་ཤིང་བརྟབ་པའི་ཚུལ་དུ་མི་བྱ། གཙང་ཞིང་མཛེས་པར་བྱ། རིངས་ཤིང་འདུན་པ་ལྟར་འོང་བར་བྱ། སྐབས་སུ་མ་བབ་པའི་དོན་གཞན་མི་གཉེར། གཙུག་ལག་ཁང་དུ་སོང་ནས་དགེ་སློང་དེ་ལ་བཞིན་གྱི་མདངས་གསལ་བ་དང༌། ཁྲོ་གཉེར་མེད་པ་དང༌། ཚིག་སྙན་པ་དང༌། མགུ་བར་བྱས་ལ་ཟས་བླང་ངོ༌། །འདི་ནི་ཟས་ལེན་པའི་བྱ་བ་ཞེས་བྱའོ། །དགོན་པ་པའི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གིས་བཞིན་གྱི་མདངས་གསལ་བ་དང༌། ཁྲོ་གཉེར་མེད་པར་བྱ། དྲན་པ་མངོན་པར་གཞག་པར་བྱ། ཐོག་མར་སྙན་པའི་ཚིག་གིས་ཚུར་ཤོག་འོངས་པ་ལེགས་སོ། །ཞེས་ཚིག་སྙན་པས་བསུ་བར་བྱ། ཁྱེད་ཅག་ལེགས་པར་གནས་ས་མ་ལེགས་པར་བྱ་བ་བྱས་སམ་ཞེས་ཐོག་མར་དྲིའོ། །དགོན་པ་པའི་དགེ་སློང་རྣམས་ཀྱིས་ཆུ་ལེགས་པར་བསྲོས་ཏེ་གཞག་པར་བྱའོ། །ཆུ་སྣོད་ཀྱང་གཞག་གོ །ཟས་ཀྱང་གཡོས་ཟོས་ལ་ཟས་ཀྱི་སྣོད་ཀྱང་གཞག་གོ །མེ་ཡང་གསོས་ཏེ་གཞག་གོ །ཞུགས་ཤིང་གསོས་ཏེ་གཞག་གོ །མར་མེ་ཡང་གསོས་ཏེ་གཞག་པར་བྱ། མར་མེའི་སྣོད་ཀྱང་གསོས་ཏེ་གཞག་གོ །མར་མེའི་སྙིང་པོ་ཡང་གསོས་ཏེ་གཞག་གོ །མར་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། སྣད་པའི་བཅིངས་པ་ཡང་བཤམས་ཏེ་གཞག་གོ །ཀོ་བའི་དུམ་བུ་ཡང་བཤམས་ཏེ་གཞག་གོ །རྒྱུས་པ་དང༌། འབྲེང་བུ་དང༌། སྙུང་ཡང་བཤམས་ཏེ་གཞག་གོ །ཁབ་དང་གྲི་གུ་དང༌། སྐུད་པ་དང༌། ཟས་རྣམས་ཀྱང་བཤམས་ཏེ་གཞག་གོ །སྨན་རྣམས་ཀྱང་


DTG155_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཅང་དོ། །ལུས་བརྟན་པའི་འཁར་བ་ཡང་བཅང་ངོ༌། །དགོན་པའི་དགེ་སློང་གིས་མེ་ཤེལ་དང༌། ཆུ་ཤེལ་གཞན་ལ་བསྟན་པར་མི་བྱའོ། །དགོན་པའི་དགེ་སློང་གིས་ཁྲོན་པའི་རྒྱུས་ཤེས་པར་བྱའོ། །ཉེ་བར་སྤྱད་པ་ལ་མཁས་པར་བྱ། མཚན་མོ་ལ་མཁས་པར་བྱ། ཡུལ་ཕྱོགས་ལ་མཁས་པར་བྱ། དགོན་པའི་དགེ་སློང་གིས་མདོ་སྡེ་ལ་མཁས་པར་བྱ། འདུལ་བ་ལ་མཁས་པར་བྱ། མ་མོ་ལ་མཁས་པར་བྱ། སྨྲ་བ་ལ་མཁས་པ་དང༌། ཆོས་སྟོན་པ་ལ་མཁས་པ་དང༌། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱ། དགོན་པ་པའི་དགེ་སློང་རྣམས་ཀྱིས་ཆོག་ཤེས་པར་བྱའོ། །དུས་ཤེས་པ་དང༌། ཚོད་ཤེས་པ་དང༌། བདག་ཉིད་ཤེས་པ་དང༌། འཁོར་ཤེས་པ་དང༌། གང་ཟག་ཤེས་པ་དང༌། གང་ཟག་གི་ཁྱད་པར་ཤེས་པར་བྱ། དགོན་པ་པའི་དགེ་སློང་རྣམས་ཀྱིས་དྲེགས་པ་མི་བསྐྱེད། གཅམ་བུ་མི་བྱ། བཀུར་སྟིར་བཅས་པ་དང༌། དབང་གཞན་ལ་རག་ལས་པ་དང་བཅས་པ་དང༌། ཁ་མི་རྒོད་པ་དང༌། ཚིག་བརྟན་པར་བྱ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པར་བྱ། གཏམ་མི་མང་བ་དང༌། འཐབ་མོར་གྱུར་པ་རྣམས་མི་སྨྲ་བ་དང༌། བརྩོན་འགྲུས་སུ་བྱ། ལེ་ལོར་མི་བྱ། དྲན་པ་དང་ཤེས་བཞིན་དུ་སྤྱོད་པར་བྱ། དབང་པོ་དབེན་པར་བྱ། ཟས་ལ་ཚོད་ཟིན་པར་བྱ། བདག་གིར་མི་བྱ། སྲོད་དང་ཐོ་རངས་ཀྱི་ཚེ་རྣལ་འབྱོར་བྱ་བ་ལ་ནན་ཏན་དུ་བྱ། གཉིད་ཀྱི་བདེ་བ་དང༌། འཕྲེས་པའི་བདེ་བ་དང༌། ཉལ་བའི་བདེ་བ་ཉམས་སུ་མི་བླང༌། དུས་སུ་སྤྱོད་པ་དང༌། དུས་མ་ཡིན་པར་སྤྱོད་པ་ཤེས་པར་བྱ། སྟན་ལ་མཁས་པ་དང༌། འདུག་པ་ལ་མཁས་པ་དང༌། དགེ་སློང་གནས་བརྟན་རྣམས་ལ་མི་སྨད་པ་དང༌། དགེ་སློང་གསར་བུ་རྣམས་ལའང་མི་སྨད་པ་དང༌། དགོན་པའི་དགེ་སློང་གིས་བརྩོན་འགྲུས་གཡེལ་བར་མི་བྱ། མ་ཐོབ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་སུམ་དུ་མ་བྱས་པ་རྣམས་མངོན་སུམ་དུ་བྱ་བ་དང༌། དགོན་པར་གནས་པའི་དགེ་སློང་གིས་ཆོས་ཀྱི་དབྱིག་གུ་དང༌། གདོས་བུ་དང༌། ཕོ་ལོང་གི་


DTG155_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་དང༌། ཐོ་རངས་ལ་རྣལ་འབྱོར་བྱའོ། །དགོན་པ་པའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་རྣམས་བཅས་པ་བཞིན་དུ་ཡོངས་སུ་རྫོགས་པར་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་དགོན་པ་པའི་བྱ་བ་ཞེས་བྱའོ། །དགོན་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་དེ་ན་འཁོད་པ་རྣམས་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུའང་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱའོ། །རྒྱུད་གཏང་བར་མི་བྱ་བའི་བར་དུ་སྟེ། དགོན་པ་ན་གནས་པའི་བྱ་བ་རྣམས་གཟུང་བར་བྱ། དགོན་པའི་བྱ་བ་རྣམས་ལ་གཟུང་བར་བྱ། དེ་དག་གིས་ཀྱང་ངེས་རྗེས་སུ་བསྟན་པའི་ཚིག་མཉན་ཅིང་བསྒྲུབ་པར་བྱ་སྟེ། འདི་ནི་དགོན་པའི་གནས་བརྟན་གྱིས་ཐོག་མར་བྱ་བ་ཞེས་བྱ་བའོ། །གྲོང་མཐའི་བྱ་བ་གང་ཞེ་ན། གྲོང་འདབ་ཀྱི་དགེ་སློང་གིས་མདངས་གསལ་བར་བྱ་བ་ནས་སྔ་མ་བཞིན་ཏེ། བདེ་བར་བརྒྱུས་སམ་ཞེས་བྱ་བའི་བར་དུའོ། །དགེ་སློང་འོངས་ཤིང་ལྷགས་པ་རྣམས་ལ་བདེ་བར་འོངས་སམ་ཞེས་དྲི་བར་བྱ། །ཇི་ལྟར་རིགས་པར་ངལ་བསོ་བར་བྱ། མལ་སྟན་དག་ཀྱང་ཅི་ལྟ་བུ་ཡོད་པ་སྦྱིན་པར་བྱ། གལ་ཏེ་སྔ་དྲོ་ལྷགས་ན་ནི་ཁ་ཟས་ཅི་འབྱོར་པ་བཞིན་དུ་བགོ་ཞིང་སྦྱིན་པར་བྱ། དེས་ཟས་ཀྱི་འོག་རོལ་ཏུ་འོངས་ན་བཏུང་བ་དང༌། བུ་རམ་དང༌། ཤ་ཁ་ར་དང༌། ཧྭགས་དང༌། ཧ་སེ་རྣམས་ཅི་འབྱོར་པ་སྦྱིན་ཞིང་ཚིམ་པར་བྱ། ནུབ་མོ་མལ་སྟན་ཡང་བསྒོ་ཞིང་སྦྱིན་པར་བྱ། རྐང་པ་བཀྲུ་བ་དང༌། རྐང་པའི་བཀྲུ་བ་སྦྱིན་པར་བྱ། ཀུན་དགའ་ར་བ་ནས་ཕྱིར་འབྱུང་བ་དང༌། ནང་དུ་འཇུག་པ་དང༌། ཉེ་འཁོར་དང་བཤང་བའི་ས་དང༌། གཅི་བའི་ས་དང༌། སྐས་ཀ་དང༌། ཐེམ་སྐས་དང༌། བཅད་པ་དང༌། དབྱེ་བའི་རྣམས་སོ་སོར་བསྟན་པར་བྱའོ། །དགེ་འདུན་གྱིས་ཁྲིམས་སུ་བྱ་བ་བཅས་པ་རྣམས་ཀྱང་བསྒྲག་པར་བྱའོ། །གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་ཡང་སྤྱོད་ཡུལ་རྣམས་རིག་པར་བསྟན་པར་བྱའོ། །འོངས་པ་ལ་ཡང་ཟས་དང་སྐོམ་རྣམས་སྦྱར་བར་བྱ། གལ་ཏེ་འདུག་པར་གྱུར་ན་དེ་ལ་དྲིས་ཏེ། གནས་པར་གྱུར་ན་གནས་ཁང་དང་ཁང་པ་བརྩེགས་པ་ཡང་རུང༌། དབེན་པ་རུབ་པ་གཅིག་སྦྱིན་ནོ། །གལ་ཏེ་འགྲོ་


DTG155_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ན་མགུ་བར་བྱས་ལ་ཕྱི་བཞིན་དུ་བསྐྱལ་ལོ། །གལ་ཏེ་ཁྱིམ་པ་ལྷགས་པ་ན་ཡང་གྲོང་མཐའ་པའི་དགེ་སློང་གིས་མགུ་བའི་བཞིན་དང་ཁྲོ་གཉེར་མེད་པར་བྱས་ལ་མདུན་དུ་བསུ་སྟེ། ཚིག་སྙན་པ་བརྗོད་པར་བྱའོ། །གལ་ཏེ་ཟས་དང་སྐོམ་བགོས་ན་ཡང་སྦྱིན་ནོ། །ཉལ་ན་ཡང་མལ་སྟན་སྦྱིན་ནོ། །གལ་ཏེ་ཆོས་ཉན་འདོད་ན་དེས་ནུས་པའི་བདག་ཉིད་ཀྱིས་ཆོས་ཀྱི་གཏམ་བྱའོ། །གལ་ཏེ་བདག་ཉིད་ཀྱིས་མི་ནུས་ན་དགེ་སློང་གཞན་བསྐོ་སྟེ་ཆོས་ཀྱི་གཏམ་བསྒྲག་པར་བྱའོ། །གྲོང་མཐའི་དགེ་སློང་གིས་བྲམ་ཟེ་དང༌། ཁྱིམ་བདག་རྣམས་འོངས་ཤིང་ལྷགས་པ་རྣམས་ལ་སྦྱིན་པ་པོ་དང༌། སྦྱིན་བདག་ལ་འཇུག་པ་རྣམས་དང༌། སྐྱབས་སུ་འགྲོ་བ་རྣམས་དང༌། བསླབ་པའི་གཞི་འཛིན་དུ་འཇུག་པར་བྱའོ། །སྤོས་དང་མེ་ཏོག་དང་དྲི་དག་ཀྱང་སྦྱིན་པར་བྱའོ། །མཆོད་རྟེན་ལ་བསྐོར་བ་དང༌། ཕྱག་འཚལ་དུ་གཞུག་གོ །ཅི་ནུས་ཀྱིས་བསླབས་ཤིང་བསྟན་ནས་བཏང་བར་བྱ་སྟེ། འདི་ནི་གྲོང་མཐའི་བྱ་བ་ཞེས་བྱའོ། །གྲོང་མཐའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་མཐའི་དགེ་སློང་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་དེ་ནས་འཁོད་པ་ཀུན་ཤེས་པར་བྱ་བ་ནི་སྔ་མ་བཞིན་ཏེ། གྲོང་མཐའི་དགེ་སློང་གནས་བརྟན་གྱིས་ཐམས་ཅད་དུ་ཡང་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བའི་བར་དུ་སྟེ། གྲོང་མཐའི་བྱ་བ་རྣམས་ལ་དེ་དག་གཟུད་པར་བྱ། གྲོང་མཐའི་བྱ་བ་རྣམས་གཞག་པར་བྱ། བྱ་བ་བཟང་པོ་ལ་གཟུད་པར་བྱ། འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་རྣམས་དྲན་པ་ཉེ་བར་ཞོག་ལ། གྲོང་མཐར་གནས་པར་བྱ་སྟེ། ཀུན་དགའ་ར་བ་དང༌། དགེ་ཚུལ་དང༌། བུད་མེད་རྣམས་ལ་རྒྱུན་དུ་ལྟ་བ་སྤང་བར་བྱའོ། །ལྟ་ན་ཡང་དྲན་པ་ཉེ་བར་གཞག་ལ་ལྟ་ཞིང་སྨྲ་བར་བྱའོ། །དྲེགས་པར་མི་བྱའོ། །དུས་དུས་སུ་ཆོས་ཀྱི་གཏམ་བྱ། སྤྱོད་ཡུལ་མ་ཡིན་པ་རྣམས་ལས་བཟློག་པར་བྱ། སྤྱོད་ཡུལ་རྣམས་ལ་གཟུད་པར་བྱ། དེ་དག་གིས་ཀྱང་དེས་བསྒོ་བ་དང་བསྟན་པའི་ཚིག་མཉན་ཅིང་འཇུག་པར་བྱ་སྟེ། འདི་ནི་གྲོང་མཐའི་དགེ་སློང་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གློ་བུར་དུ་འོངས་པའི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་


DTG155_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་གིས་ཀྱང་བབ་བབ་ཏུ་ཀུན་དགའ་ར་བའི་ནང་དུ་འཇུག་པར་མི་བྱ། ཀུན་དགའ་ར་བའི་སྒོ་ཁར་ལྷུང་བཟེད་དང་ཆོས་གོས་བཞག་ལ། གལ་ཏེ་ཆུ་ཡོད་ན་ནི་རྐང་པ་བཀྲུའོ། །ཆུ་མེད་ན་ནི་རྡུལ་ཕྱི་བའི་རས་མ་དང༌། ལོ་མ་དང་ལོ་མ་རྙིང་པས་རྡུལ་ཕྱིའོ། །བཤང་བ་བྲོ་བའམ། གཅི་བ་བྲོ་ན་ཡང༌། བཤང་བ་བྱ། གཅི་བ་བྱའོ། །དེ་ནས་ཆོས་གོས་བགོས་ལ་ཕྲག་པ་གཡོན་པས་ཆོས་གོས་ཀྱི་གཏུར་བུ་དང༌། ལྷུང་བཟེད་ཀྱི་སྣོད་རྣམས་ཐོགས་ཏེ། ལག་པ་གཡས་པས་ནི་ཁར་གསིལ་ཐོགས་ལ་ལག་པ་གཡོན་པས་ནི་ལྷམ་ཁྱེར་བར་བྱའོ། །གལ་ཏེ་ཀུན་དགའ་ར་བའི་རྩིག་པས་བསྐོར་ཏམ། ཤིང་ཐགས་ཀྱིས་བསྐོར་ཏམ་འོབས་ཀྱིས་བསྐོར་བར་གྱུར་ན་ཤེས་བཞིན་དུ་སྒོ་ལ་མི་འདྲུད་པར་ནང་དུ་འཇུག་པར་བྱ། མཆོད་རྟེན་རྣམས་ལ་བསྐོར་བ་བྱ། ཤེས་བཞིན་དུ་དྲན་པ་ཉེ་བར་གཞག་ལ་སེམས་མི་གཡེང་བ་དང༌། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་གཙུག་ལག་ཁང་དུ་ཞུགས་ལ་སྣང་ཡེལ་ཆེ་བའི་ཕྱོགས་སུ་འཇུག་པར་བྱའོ། །ཅི་ནས་གཞི་ན་གནས་པའི་དགེ་སློང་དག་གིས་མཐོང་ན། དགེ་སློང་འདི་ནི་གློ་བུར་དུ་འོངས་པ་ཞིག་གོ་ཞེས་ནས། དེ་དགེ་སློང་གི་ངལ་བསོ་བའི་བྱ་བར་གྱུར་ནས། གློ་བུར་དུ་འོངས་པའི་དགེ་སློང་གཙུག་ལག་ཁང་གི་ནང་དུ་ཞུགས་པ་དང༌། གར་འོས་པར་ཆོས་གོས་ཀྱི་གཏུར་བུ་དང༌། ལྷུང་བཟེད་ཀྱི་སྣོད་དང༌། རིལ་བ་དང༌། ལྷག་མ་རྣམས་གཞག་པར་བྱའོ། །དེ་ནས་དགེ་སློང་གནས་བརྟན་དག་ལ་བཀུར་སྟིར་བཅས། འཇིགས་པ་དང་བཅས་པའི་དབང་དུ་བྱས་ལ་རྐང་པ་ལ་ཕྱག་བྱའོ། །དགེ་སློང་གསར་བུ་རྣམས་ལ་ཚིག་སྙན་པས་དགའ་བར་བྱའོ། །སྟན་ཇི་ལྟ་བུ་ཐོབ་པ་དེ་ལ་འདུག་པར་བྱ། གློ་བུར་དུ་འོངས་པའི་དགེ་སློང་ཟས་ཀྱི་ཚེའམ། ཐུག་པ་འཐུང་བའི་ཚེའམ། ཕྱག་བྱ་བའི་ཚེའང་རུང་སྟེ། སྒོའམ་གཎྜཱི་བརྡུང་ན་དགེ་འདུན་འདུ་བའི་ཁང་འདུ་བར་བྱའོ། །ལོ་གྲངས་དྲིས་ལ་གར་བབ་པའི་རིམ་པ་བཞིན་དུ་འདུག་པར་བྱའོ། །གལ་ཏེ་གནས་འགྲིམ་ན་ཤིན་ཏུ་བརྟགས་ལ་བླང་ངོ༌། །གནས་ཁང་བསྐོས་ན་ཅི་འདི་ན་གནས་སམ་མི་གནས་དྲིའོ། །གལ་ཏེ་གནས་ན་ཅི་བདེ་ཞེས་བྱའོ། །གལ་ཏེ་མི་གནས་པ་ཞིག་ཡིན་ན་ནི། དེས་ལྷུང་བཟེད་དང་ཆོས་གོས་


DTG155_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་གཞག་ལ་ཕྱག་དར་བྱ་བའི་ཕྱིར་ཕྱགས་མ་བཙལ་བར་བྱའོ། །གནས་ཁང་གི་སྒོ་དྲུང་དུ་འོངས་ནས་ཡང་དལ་བུས་བརྡུང་བར་བྱའོ། །འོན་ཏེ་དེ་ན་སྤྲུལ་ལམ། སྡིག་པའམ། རྐང་མངས་སམ། སྦྲང་བུ་ཏྲེ་མ་བུ་ཏ་ཀའམ། ཏྲཻ་ལ་ཏ་ཀའམ། སྲོག་ཆགས་གདུག་པ་ཅན་གཞན་ཡང་རུང་སྟེ། ཡོད་ན་ཚོར་བར་བྱས་པར་འགྱུར་རོ། །དེས་སྒོའི་དབྱིབས་བླ་འོག་ཏུ་བརྟགས་ལ་སྒོ་འཕར་ལ་ཡང་བརྟག་པར་བྱའོ། །དེ་ནས་སྒོ་དལ་བུས་ཕྱེ་སྟེ་ཤེས་བཞིན་དུ་ནང་དུ་ཞུགས་ལ། དབུས་སུ་འདུག་ནས་གྲུ་བཞིར་སྤྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིན་བུའམ། སྦྲང་བུའམ། གྲོག་སྦུར་གཞན་གྱི་གནས་བལྟས་ཏེ་ཡོད་པར་གྱུར་ན་དེ་དག་ལ་མི་གནོད་པའི་ཚུལ་དུ་འགྲོར་གཞུག་པར་བྱའོ། །དེ་ནས་གནས་སུ་ཆག་ཆག་གདབ་ཅིང་ཕྱག་དར་དོར་རོ། །བ་ལང་གི་ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱའོ། །དེ་ནས་གནས་མལ་འདི་ལྟ་སྟེ། ཁྲིའམ་ཁྲིའུ་འམ། ཤིང་ཁྲིའུའམ། སྟན་ནང་ཚངས་ཅན་ནམ། གྲུ་བཞི་དག་ཡོད་ན། ཕྱིར་ཕྱུང་ནས་གལ་ཏེ་རྒན་པོ་ཞིག་སྔ་ན་འདུག་ན་ནི་སྐད་ཅིག་བསྡད་པར་བྱའོ། །མ་ཡིན་ན་སེ་གོལ་གྱིས་དལ་བུས་གཏོགས་ཏེ། ཤེས་བཞིན་དུ་ནང་དུ་ཞུགས་ལ་རྐང་པ་བཀྲུ་བར་བྱའོ། །གློ་བར་དུ་འོངས་པའི་དགེ་སློང་གིས་གཞི་ན་གནས་པའི་དགེ་སློང་རྣམས་ལ། སྡིག་པའི་ལས་བྱས་པའམ། སྨད་པའི་ལས་བྱས་པའམ། བསྐྲད་པའི་ལས་བྱས་པའམ། ཕྱིར་འགྱེད་པའི་ལས་བྱས་པའམ། མཐོང་བ་གནས་ནས་ཕྱུང་བའི་ལས་བྱས་པའམ། ཕྱིར་མི་འཆོས་པ་གནས་ནས་ཕྱུང་བའི་ལས་བྱས་པའམ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་གནས་ནས་ཕྱུང་བའི་ལས་བྱས་པའམ། སྤོ་བ་བྱེད་པའམ། གཞི་ནས་སྤོ་བ་བྱེད་པའམ། མགུ་བ་བྱེད་པའམ། གཞི་ནས་མགུ་བ་བྱེད་པ་ཡང་རུང་སྟེ། དེ་ལྟ་བུ་ཡོད་དམ་མེད་ཅེས་དྲི་བར་བྱའོ། །གལ་ཏེ་ཡོད་ན་ཡང་དེ་དང་དེ་ལྟ་བུར་སྤང་བར་བྱའོ། །གཙུག་ལག་ཁང་ནས་ཕྱིར་འབྱུང་བ་དང༌། ནང་དུ་འཇུག་པ་དང༌། ཉེ་འཁོར་དང༌། སྣམ་ཕྱིས་དང༌། གཅི་ས་དང༌། སྐས་དང༌། ཐེམ་སྐས་དང༌། སྒོ་བཅད་པ་དང༌། དབྱེ་བ་ལ་སོགས་པ་བརྟགས་ལ་དྲི་


DTG155_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ཇི་ལྟ་བུ་ཡིན་པ་དྲི་བར་བྱའོ། །གནས་ཁང་དུ་ཞུགས་ཏེ་སྟན་བཏིང་ལ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ལ་དྲན་པ་མངོན་དུ་གཞག་སྟེ། ལུས་འདིས་རེག་པར་བྱ་བ་བརྒྱད་སྤང་བར་བྱ་སྟེ། དེ་ནི་འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོན་ནོ། །དུག་གོ །མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ་སྙམ་དུ་བསམས་ཏེ་འདུག་ལ་གལ་ཏེ་ནུས་ན་ནི་ཇི་སྲིད་དུ་ནུས་བཞིན་དུ་འདུག་པར་བྱའོ། །འོན་ཏེ་ཡང་མི་ནུས་ན་ཡང་ལངས་ཏེ། རྒྱུད་ཆགས་གསུམ་པ་གདོན་ཅིང་སྦྱིན་པའི་ཡོན་ཏན་བརྗོད་ལ་སྦྱིན་པའི་ཡོན་ཏན་བརྗོད་ནས་གཡས་ཕྱོགས་སུ་འཕྲོས་པར་བྱའོ། །རྐང་པས་རྐང་པ་མནན་ཏེ་སྣང་བའི་འདུ་ཤེས་དང༌། ལྡང་བ་དང༌། དྲན་པ་མངོན་དུ་གཞག་སྟེ། ཤེས་བཞིན་དུ་ཉེ་བར་གཞག་ནས་ཡིད་ལ་བྱེད་བཞིན་དུ་མཚན་མོ་ཟད་པའི་ཐོ་རངས་ཀྱི་ཚེ་རིངས་པར་མྱུར་བར་ལངས་ལ། དེས་སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་པོར་བསྲངས་ཏེ་འདུག་ལ། སེམས་དྲན་པ་མངོན་དུ་བྱས་ཏེ་ལུས་འདིས་རེག་པར་བྱ་བ་བརྒྱད་སྤང་བར་བྱ་སྟེ། དེ་ནི་འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོན་ནོ། །དུག་གོ །མི་རྟག་བའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ་སྙམ་དུ་བསམས་ཏེ། དེ་ནས་ལངས་ནས་སོ་ཤིང་བཅས་ལ་དོར་རོ། །དེ་ནས་བྱ་བ་རྣམས་བྱས་ལ། ཅི་དང་དགེ་འདུན་གྱི་བཤོས་མགྲོན་དུ་བཞུད་དམ། འོན་ཏེ་བསོད་སྙོམས་ལ་བཞུད་ཅེས་དྲིའོ། །གལ་ཏེ་དགེ་འདུན་གྱི་བཤོས་མགྲོན་དུ་བཞུད་ན་དགེ་བའི་ཕྱོགས་ཅི་བདེར་སྤྱད་ལ་འགྲོ་བར་བྱའོ། །གལ་ཏེ་བསོད་སྙོམས་ལ་བཞུད་ན་དེ་ནས་གྲོང་དང་སྤྱོད་ཡུལ་དང༌། དད་པའི་རིགས་གང་ཡིན་པ་དང༌། མ་དད་པའི་རིགས་གང་ཡིན་པ་དང༌། ཁྱིམ་འདིར་སློབ་པའི་སྡོམ་པ་བྱིན་པ་མ་ཡིན་ནམ་ཞེས་དྲིའོ། །རྟ་མ་རུངས་པ་དང༌། བ་ལང་རྡུང་ཀུས་མ་མེད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་དེ་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཤེས་བཞིན་དུ་བསོད་སྙོམས་ལ་འཇུག་པར་བྱའོ། །བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་སྤངས་ནས་ཆོས་གོས་དང་ལྷུང་བཟེད་བཞག་ནས་ཅི་བདེར་འདུག་པར་བྱ་བ་འདི་ནི་གློ་བུར་དུ་འོངས་པའི་བྱ་བ་ཞེས་


DTG155_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གློ་བུར་དུ་ལྷགས་པའི་གནས་བརྟན་དགེ་སློང་རྣམས་རིག་པར་བྱའོ། །དེ་དག་ལ་ཡང་མདངས་གསལ་བར་བྱའོ། །ཁྲོ་གཉེར་མེད་པར་བྱའོ། །ཚིག་སྙན་པས་དགེ་སློང་རྣམས་མགུ་བར་བྱའོ། །གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ཀྱི་ཕྱིར་གནས་མལ་བརྙ་བར་བྱ། འདུག་འདུག་པ་ལས་འགྲོ་བ་རྣམ་པ་ལྔར་བསྒོ་བར་བྱ་སྟེ། གཙུག་ལག་ཁང་འདི་རེ། གཙུག་ལག་ཁང་ལྟོས་ཤིག་ཅེས་བསྒོ་བ་དང༌། གནས་མལ་འདི་རེ། གནས་མལ་ལྟོས་ཤིག་ཅེས་བྱ་བ་དང༌། ལྡེ་མིག་འདི་རེ་ཞེས་བསྒོ་ཞིང་གཏད་པ་དང་ལྔ་སྟེ། འདི་ནི་གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །འགྲོ་བས་བྱ་བ་གང་ཞེ་ན། འགྲོ་བའི་དགེ་སློང་དེས་ཡུལ་ཕྱོགས་གང་དུ་དང༌། ཕྱོགས་གང་དུ་འགྲོ་བ་དེའི་ཡུལ་ཕྱོགས་བརྟག་པར་བྱ། དེའི་ཕྱོགས་ནས་འོངས་པའི་དགེ་སློང་རྣམས་ལ་གང་དེར་སོང་ན་བར་ཆད་བརྒྱད་པོ་དང་ལས་གང་ཡང་རུང་བའི་བར་ཆད་དུ་འགྱུར་བ་དེ་མེད་དམ་ཞེས་འདྲི་བར་བྱའོ། །གང་དེར་སོང་ན་བསོད་སྙོམས་དང༌། ན་བའི་གསོས་སྨན་དང༌། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། བདག་ལ་བསོད་སྙོམས་དང༌། ན་བའི་གསོས་སྨན་དང༌། བསྙེན་བཀུར་བྱེད་པས་ཀྱང་རུང་བྲེལ་ཅིང་མ་རྙེད་པར་གྱུར་ན། ལུས་ཉམས་ཤིང་དུས་ལས་འདའ་བར་མི་འགྱུར་རམ། ལུས་བདེ་བ་དང༌། སེམས་བདེ་བ་དང༌། བདག་དེར་སོང་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན། ལྟ་བ་མཚུངས་པ། གནས་པ་མཚུངས་པ་འགྱུར་རམ། བདག་ཐེ་ཚོམ་མ་སྐྱེས་པར་དེ་དག་སྐྱེད་པར་བྱེད་དམ། སྐྱེས་པ་རྣམས་ཡང་སེལ་བར་བྱེད་དམ། སྡིག་པའི་ལྟ་བ་མ་སྐྱེས་པ་མི་སྐྱེད་པར་བྱེད་དམ། སྐྱེས་པ་རྣམས་སླར་ཟློག་པར་བྱེད་དམ། བདག་ཚེ་དང་ལྡན་པ་དེ་དག་དང་ལུས་བདེ་བ་དང༌། སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ་ཞེས་དྲི་བར་བྱ་སྟེ། དེ་ལྟར་ན་ཡུལ་ཕྱོགས་བརྟག་པར་བྱའོ། །གྲོགས་རྣམས་ལ་ཡང་བརྟག་པར་བྱ་སྟེ། ཚེ་དང་ལྡན་པ་འདི་དག་ཚུལ་ཁྲིམས་དང་ལྡན་ནམ། དེས་པ་དགེ་བའི་ཆོས་ཅན་ཡིན་ནམ།


DTG155_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་མཚུངས་སམ། གནས་པ་མཚུངས་སམ། གལ་ཏེ་འདི་ལྟར་བདག་ཐེ་ཚོམ་མ་སྐྱེས་པ་མི་སྐྱེད་པར་བྱེད་དམ། སྐྱེད་པ་རྣམས་སླར་སེལ་བར་བྱེད་དམ། སྡིག་པའི་ལྟ་བ་ཡང་མ་སྐྱེད་པ་མི་སྐྱེད་པར་བྱེད་དམ་སྐྱེས་པ་རྣམས་ཡང་སླར་ཟློག་པར་བྱེད་དམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ལུས་དང་སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ། གལ་ཏེ་ཚེ་དང་ལྡན་པ་འདི་དག་གིས་བདག་ལམ་དུ་ནད་ཀྱིས་བཏབ་ན་མི་འདོར་བར་འགྱུར་རམ་སྙམ་དུ་གྲོགས་ལ་བརྟག་པར་བྱ་སྟེ། བདག་ལམ་དེར་བར་ཆད་དུ་འགྱུར་བ་བརྒྱད་བོ་དག་ལས་གང་ཡང་རུང་བ་འབྱུང་བར་མི་འགྱུར་རམ། བདག་ལམ་དེར་བསོད་སྙོམས་དང༌། ན་པའི་གསོས་སྨན་དང༌། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། གལ་ཏེ་བསོད་སྙོམས་དང༌། ན་བའི་གསོས་སྨན་དང༌། བསྙེན་བཀུར་བྱེད་པ་མེད་ན་གནོད་ཅིང༌། དུས་ལས་འདའ་བར་མི་འགྱུར་རམ། བདག་ལམ་དེར་ལུས་བདེ་བ་དང༌། སེམས་བདེ་བར་འགྱུར་རམ། བདག་ལམ་དེ་ན་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ། གལ་ཏེ་བྲེལ་བར་མི་འགྱུར་ན་འགྲོ་བར་བྱའོ། །དེ་ལྟ་བུར་ཡུལ་ཕྱོགས་དང༌། གྲོགས་དང་ལམ་རྣམས་བརྟགས་ནས། གལ་ཏེ་སྔར་འགྲོའོ་སྙམ་ན་དེས་དེང་སློབ་དབོན་དང་མཁན་པོ་རྣམས་ལ་བལྟ་བར་བྱ་སྟེ། བདག་ཡུལ་ཕྱོགས་ནི་འདི་ལྟ་བུ་གྲོང་ཁྱེར་ནི་འདི་ལྟ་བུར་མཆིའོ་ཞེས་ཞུས་སོ། །སློབ་དཔོན་དང་མཁན་པོས་ཀྱང་དེའི་ཡུ་ལ་ཕྱོགས་བརྟག་པར་བྱ། ལམ་བརྟག་པར་བྱ། དགེ་སློང་གྲོགས་རྣམས་ལ་བརྟག་པར་བྱ་སྟེ། འདིའི་གྲོགས་པོ་དགེ་སློང་རྣམས་ཅི་འདྲ། འདིའི་འཁོར་ཅི་འདྲ། འདིའི་གྲོགས་པོ་རྗེས་སུ་འབྲང་བ་ཅི་འདྲ་བ་རྣམས་བརྟགས་ལ། གལ་ཏེ་མཐུན་པར་གྱུར་ན་ཞུ་བ་ལ་ཡང་ལན་སྦྱིན་པར་བྱའོ། །མཐུན་པར་མ་གྱུར་ན་སྦྱིན་པར་མི་བྱའོ། །འགྲོ་བའི་དགེ་སློང་གིས་མ་ཞུས་པར་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་དགེ་བའི་ཕྱོགས་འཕེལ་བ་ཞིག་ཏུ་གྱུར་ན་སློབ་དཔོན་དང་མཁན་པོ་ཡང་ང་བཞིན་དུ་གནས་པ་མ་ཡིན་ན་མ་ཞུས་པར་སོང་ན་ཡང་བླའོ། །གནས་གང་དུ་གནས་པའི་གནས་ཁང་དེ་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། ཕྱག་དར་དོར་བར་བྱ། བ་


DTG155_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གི་ལྕི་བས་ཞལ་ཞལ་འཇམ་པར་བྱུག་པར་བྱ། ནང་པར་སྔར་རྒྱུད་ཆགས་གསུམ་པ་ཀློག་པར་བྱ། བཀླགས་ནས་སྦྱིན་པའི་ཡོན་ཏན་བརྗོད་པར་བྱ། ནང་པར་ལངས་ནས་གནས་མལ་རྣམས་ཇི་ལྟར་དགོས་པ་དེ་རྣམས་བསྒྲངས་ཏེ་སྤྲུག་པར་བྱའོ། །དེ་ནས་རྩིག་པ་ལས་སོར་བཞི་ཙམ་གྱིས་སྤོགས་ལ་བཅེར་བཞག་ལ། སྒོ་བཅད་དེ་གནས་གཟེར་དང་འཕྲེད་གཏན་བཅུག་ལ་དེ་ན་གནས་པ་དང་གཉུག་མར་གནས་པའི་དགེ་སློང་རྣམས་ལ་གཏད་དེ་ལྟོས་ཤིག་ཅེས་བསྒོས་ལ་འགྲོ་བར་བྱའོ། །གནས་མལ་ལ་སོགས་པ་ལ་ལྟོས་ཤིག་ཅེས་བསྒོ་བ་ལ་ལྔ་སྟེ། གནས་ཁང་འདི་རེ་གནས་ཁང་འདི་ལ་ལྟོས་ཤིག །གནས་མལ་འདི་རེ། གནས་མལ་འདི་རྣམས་ལ་ལྟོས་ཤིག །ལྡེ་མིག་གཏད་པ་ནི་ལྔ་པ་ཡིན་ནོ། །ཀུན་དགའ་ར་བའི་ཕྱི་རོལ་དུ་བྱུང་ནས་དགེ་སློང་གྲོགས་པོ་རྣམས་ལ་བརྟག་པར་བྱ་སྟེ། རིང་པོར་མ་སོན་པར་སུ་ཡི་ཡང་བརྗོད་ཅིང་ལུས་པ་མེད་དམ་ཞེས་ཕན་ཚུན་དུ་དྲིའོ། །གལ་ཏེ་བརྗེད་ཅིང་ལུས་པ་ཞིག་ཡོད་ན། དགེ་སློང་དེ་སླར་བཟློག་ལ་བླངས་ཏེ་འོངས་ཀྱི་བར་དུ་ནི་བསྡད་པར་བྱ་བ་འདི་ནི་འགྲོ་བའི་བྱ་བ་ཞེས་བྱའོ། །འགྲོ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འགྲོ་བའི་གནས་བརྟན་གྱིས་སྔར་ལངས་ཏེ། འདོང་བའི་དགེ་སློང་རྣམས་ཆར་གཞུག་གོ །དེ་དག་ལ་ཚེ་དང་ལྡན་པ་རྣམས་ལྷུང་བཟེད་དང་ཆོས་གོས་རྣམས་ལེགས་པར་ལོངས་ལ་ཁྱེར་ཏེ་འདོང་ངོ༌། །སུས་ཀྱང་བརྗེད་པར་མི་བྱའོ། །འདོང་བའི་དགེ་སློང་རྣམས་དོང་བའི་འོག་ཏུ་དགེ་སློང་གནས་བརྟན་ཉིད་ཀྱིས་དེ་དག་གིས་བརྗེད་པ་ལྟ་ཡོད་དམ་མེད་ཅེས་བརྟག་པར་བྱས་ལ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་བར་བྱའོ། །རིང་པོར་མ་སོན་པར་དེ་དག་ལ། ལ་ལའི་ཅུང་ཟད་མ་ལུས་སམ་ཞེས་བརྗོད་པར་བྱའོ། །དགེ་སློང་གནས་བརྟན་གྱིས་དགེ་སློང་དེ་ཐམས་ཅད་ལ་རྗེས་སུ་བསྟན་པར་བྱ་སྟེ། ཚེ་དང་ལྡན་པ་རྣམས་ལས་གང་ཡང་རུང་སྔོན་དུ་འདོང་སྟེ་འགྲོ་བར་མི་བྱའོ། །ཕྱིར་ནུར་ཏེ་འགྲོ་བར་མ་འཁོད་ཅིག་ཐམས་ཅད་ཀྱང་ལྷན་ཅིག་ཏུ་འདུས་ལ་ཕན་ཚུན་དུ་བལྟས་ཏེ། རྟོག་བཞིན་དུ་འདོང་བར་བྱའོ། །དགེ་སློང་གནས་བརྟན་གྱིས་ལམ་དུ་ཞུགས་པའི་ཚེ། བདེ་བ་དང་ལྡན་ནམ་མི་ལྡན་པ་རིག་པར་བྱས་ལ་བདག་ཉིད་ཀྱིས་འདི་དག་ལ་སྔོན་དུ་འདོར་ཏེ་འདོང་སྟེ་ཡོད་དམ་མེད། ཕྱིར་


DTG155_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་ཏེ་ལུས་པ་ལྟ་ཡོད་དམ་མེད། གལ་ཏེ་སྔོན་དུ་འདོར་ཏེ་འདོང་བ་ལྟ་ཡོད་ན་ནི་དེ་དགག་པར་བྱ། གལ་ཏེ་ཕྱིར་ནུར་ཞིང་ལུས་པ་ཞིག་ཡོད་ན་དེ་དག་བསྐུལ་ཞིང་འདོད་བར་བྱ། བདག་ཉིད་ཀྱང་དགེ་སློང་རྣམས་ཀྱི་དབུས་སུ་ཞུགས་ལ་འགྲོ་བར་བྱའོ། །གལ་ཏེ་འགྲོ་མི་ནུས་ན་བདག་ཉིད་ཀྱི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དེ་དག་ལ་བགོ་ཞིང་བསྐུར་བར་བྱ། གལ་ཏེ་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་དེ་ཕྲག་པའམ། ཁུར་དུ་ཁྱེར་ཏེ། དགོན་པ་དེ་ལས་ཕྱུང་ལ་གྲོང་འདབ་ཏུ་ཕྱིན་པར་གྱུར་ན། དགེ་སློང་དེ་ལ་ཉེ་གནས་ཀྱི་དགེ་སློང་དེ་ཡང་སྦྱིན་ནོ་ཉེ་གནས་དགེ་སློང་དེས་ཀྱང་དེའི་ཟས་དང་སྨན་གཞན་ལས་བཙལ་བར་བྱའོ། །གལ་ཏེ་ལམ་དེ་འཇིགས་པ་དང་བཅས་པར་གྱུར་ན་རིངས་ཤིང་མྱུར་བར་འདོང་སྟེ། དེ་ནས་ཕྱུང་བ་དང་ངལ་བསོ་བར་བྱའོ། །གལ་ཏེ་ཡང་ནུས་པར་གྱུར་ན་གང་ནས་ཆུ་འགྲམ་མམ། ནགས་མཐའ་འམ། གསིང་མ་སྔོན་པོའམ། ས་ཕྱོགས་གང་དགའ་བ་ཞིག་ཏུ་བརྟགས་ཏེ། དགེ་སློང་རྣམས་ངལ་བསོར་གཞུག་པར་བྱའོ། །ངལ་བསོས་ནས་ཡང་འདོང་བར་བྱ་སྟེ། དགེ་སློང་གནས་བརྟན་གྱིས་དེ་དག་ཀུན་ལ། ཀྱེ་ཐམས་ཅད་ཀྱིས་ཀྱང་འདིར་སྦྱིན་པའི་ཡོན་ཏན་རེ་རེ་བརྗོད་ཅིག་ཅེས་བསྒོ་བར་བྱའོ། །དེ་དགེ་སློང་ཐམས་ཅད་ཀྱིས་སྦྱིན་པའི་ཡོན་ཏན་གྱི་ཚིགས་སུ་བཅད་པ་བཀླགས་ཟིན་པ་དང༌། དགེ་སློང་གནས་བརྟན་གྱིས་མཇུག་ཏུ་སྦྱིན་པའི་ཡོན་ཏན་གྱི་ཚིགས་སུ་བཅད་པ་བཀླགས་ཏེ། ས་ཕྱོགས་དེ་ལོགས་སུ་ལན་གཉིས་སམ་ལན་གསུམ་དུ་བརྟགས་ཏེ་འགྲོ་བར་བྱའོ། །གྲོང་མཐར་ཕྱིན་པ་དང༌། དེ་དགེ་སློང་རྣམས་ཀྱི་ཕྱིར་གནས་བཙལ་བར་བྱའོ། །མལ་སྟན་བཙལ་བར་བྱའོ། །ཡང་ན་རྩྭ་དང་ལོ་མ་བཙལ་ལོ། །གལ་ཏེ་ཡང་འབྱོར་པར་གྱུར་ན་རྐང་པ་བཀྲུ་བ་དང༌། རྐང་པ་བསྐུ་བ་དང༌། ཚོགས་པའི་བཏུང་བ་དང༌། བུ་རམ་དང༌། ཧྭགས་ལ་སོགས་པ་བླང་བར་བྱའོ། །གཅི་བ་དང༌། བཤང་བའི་ས་དང་དྲིས་ཏེ་བརྟགས་ལ་མཚན་མོ་གནས་པར་བྱའོ། །ཁྱིམ་གྱི་ལྷ་རྣམས་ཀྱི་ཕྱིར་ཡང་རྒྱུད་ཆགས་གསུམ་པ་དང༌། སྦྱིན་པའི་ཡོན་ཏན་བརྗོད་པར་བྱའོ། །དེར་གནས་ན་ཡང༌། དགེ་སློང་གནས་བརྟན་གྱིས་དེ་ངག་ཟན་དང༌། ཐུག་པ་དང༌། སྐྱོ་མ་རྣམས་གཏམས་ཤིང་བཙལ་ནས་དགེ་སློང་རྣམས་ལ་


DTG155_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྙོད་པར་བྱ། དེ་ནས་དགེ་སློང་གསར་བུ་རྣམས་འཁོད་པ་ལ་སྨྲ་བར་བྱ། ཡང་དག་པར་སྨྲ་བར་བྱ། ཀུན་དུ་ཤེས་པར་བྱ། རྟོག་པར་བྱ། སྟན་པར་བྱ། རྗེས་སུ་བསྟན་པར་བྱ། ཅི་ནས་དེ་དག་དྲེགས་པའམ། མི་རིགས་པའམ། རྩེད་མོ་ལས་བཟློག་པར་བྱའོ། འགྲོ་བའི་དགེ་སློང་གནས་བརྟན་གྱིས་ཇི་ལྟར་ཀུན་དུ་སྤྱོད་པའི་ཆོས་བཅས་པ་བཞིན་དུ་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་ཏེ། འདི་ནི་འགྲོ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །རྐང་པ་བཀྲུ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྐང་པ་བཀྲུ་བ་རྗེས་སུ་གནང་སྟེ། དགེ་སློང་དག་གིས་སྣོད་སྟོང་པར་མཐོང་ནས་བདག་ཉིད་ཀྱིས་དགོངས་པར་བྱའོ། །ཡང་ན་དགེ་སློང་གིས་ཀུན་དགའ་ར་བ་ན་གནས་པ་རྣམས་ལ་ཁོད་ཤིག་ཅེས་བསྒོ་བར་བྱའོ། །རྐང་པ་བརྐུ་བ་ནི་འདི་ཡིན་ཏེ། དགེ་སློང་རྣམས་ཤེས་བཞིན་ནང་དུ་ཞུགས་ལ་རྐང་པ་བཀྲུ་བར་བྱ། དགེ་སློང་གི་རྐང་པ་བཀྲུ་བའི་སར་ཡུན་རིང་དུ་འདུག་པར་མི་བྱ། སྙོམས་པར་འཇུག་པར་མི་བྱ། དྲན་པར་མི་བྱ། འདྲི་བར་མི་བྱ། གཏན་ལ་ཞུགས་ཏེ་འདུག་པར་མི་བྱ། མྱུར་དུ་རྐང་པ་བཀྲུས་ནས་ཤེས་བཞིན་དུ་སླར་འབྱུང་བར་བྱ་སྟེ། འདི་ནི་རྐང་པ་བཀྲུ་བའི་བྱ་བ་ཞེས་བྱའོ། །རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། རྐང་པ་བཀྲུ་བའི་དགེ་སློང་གནས་བརྟན་གྱིས་དགེ་སློང་རྐང་པ་བཀྲུ་བ་ལ་ཞུགས་པ་ན། མ་ཟིན་གྱི་བར་དུ་བསླང་ཞིང་དབྱུང་བར་མི་བྱ། རྐང་པ་བཀྲུ་བ་ལ་ཞུགས་པ་ཞེས་བྱ་བ་ནི། ཁུང་དུ་རྐང་པ་ཆུས་གཤེར་བར་གྱུར་པའོ། །གལ་ཏེ་དགེ་སློང་དག་སྤྱོད་ལམ་མི་མཛེས་པར་གྱུར་ཏམ། གཏམ་ལ་ཞུགས་ཤིང་འཁོད་ན་དགེ་སློང་གནས་བརྟན་གྱིས་དེ་དག་ལ་བཟློག་པར་བྱའོ། །ལུང་འབོགས་པར་བྱ། རྗེས་སུ་བསྟན་པར་བྱ། སྤྱོད་ལམ་མཛེས་པ་ལ་གཟུད་པར་བྱ། ཇི་སྐད་དུ་རྐང་པ་བཀྲུ་བའི་གནས་བརྟན་གྱིས་ཀུན་དུ་སྤྱོད་པའི་ཆོས་རྣམས་ལ་གཟུད་པར་བྱ་སྟེ་དི། འདི་ནི་རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །འདུག་པའི་བྱ་བ་གང་ཞེ་ན། གནས་པ་དང༌། གཉུག་མར་གནས་པའི་དགེ་སློང་དག་གིས་ཚེས་བརྒྱད་དང༌། བཅུ་བཞི་དང་བཅོ་ལྔ་ལ་གཅིག་ཏུ་འདུག་སྟེ། སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་


DTG155_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཆོས་ཀྱང་རུང་སྟེ། སྨྲ་བར་བྱའོ། །དེ་དག་ནང་པར་སྔར་བསྒོ་བ་འམ། གཎྜཱི་བརྡུང་མ་ཐག་ཏུ་འདུ་བར་བྱ་སེ། མྱུར་དུ་འདས་ནས་ཤེས་བཞིན་དུ་འཁོད་པར་བྱའོ། །ཤེས་བཞིན་དུ་འཁོད་ནས་དྲན་པ་ཉེ་བར་གཞག་པར་བྱ། སེམས་རྣམས་པར་མི་གཡེང་བར་བྱ། སྤྱོད་ལམ་མཛེས་ཤིང་ཕུན་སུམ་ཚོགས་པ་བྱ། ཤིན་ཏུ་བསྡམ་པར་བྱ། ཤིན་ཏུ་དགག་པར་བྱ། སྒྲ་དབྱུང་བར་མི་བྱ། མིག་མི་གཡེང་བ་དང༌། གཉའ་ཤིང་གང་ཙམ་དུ་བལྟ་བར་བྱ། བཀུར་སྟི་དང་བཅས་པ་དང༌། བདག་དམན་པ་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པ་དང༌། ཡིད་དམ་ན་བ་ཕྱག་དར་བ་ལྟ་བུའི་སེམས་སུ་བྱ། གནས་བརྟན་དང༌། བར་མ་དང་གསར་བུ་རྣམས་ལ་བྱམས་པའི་སེམས་སུ་བྱ། ཕ་དང༌། ཕུ་ནུ་པ་དང༌། བུར་འདུ་ཤེས་ཉེ་བར་གཞག་པར་བྱ། སྟན་ལ་འདུག་པ་ལ་མཁས་པ་དང༌། འདུག་ནས་ཡང་ཕྱི་ཕྱིར་ཞིང་ངེས་པའི་ཆོས་ཀྱི་གཏམ་གྱིས་མཚན་མོ་ནམ་ཟད་པར་བྱའོ། །གལ་ཏེ་མི་བདེ་ན་ཡང་སྤྱོད་ལམ་གཉིས་ཀྱིས་དུས་འདའ་བར་བྱ་སེ། འཆག་པའམ་འགྲེང་བས་སོ། །དགེ་སློང་རྣམས་འདུས་ནས་འཁོད་ན་ཡང་དུས་དུས་སུ་ཆོས་མཉན་པར་བྱ། བཀུར་སྟི་དང་བཅས་པས་མཉན་པར་བྱ། སྨད་པར་མི་བྱ། ཚུལ་བཞིན་དུ་འཇུག་པར་བྱ། གླགས་བཙལ་བར་མི་བྱ། ཆོས་ལ་བཀུར་སྟི་མངོན་དུ་གཞག་པར་བྱ། ཆོས་སྨྲ་བའི་གང་ཟག་ལའང་བརྙས་པར་མི་བྱ། བདག་ཉིད་ལ་སྨད་པར་མི་བྱ། སེམས་གཅིག་ཏུ་ཐུབ་པ་དང་དཀའ་བ་ཡིན་ནོ་ཞེས་བྱ་བར་བསམས་པ་དང༌། རྣ་བ་མི་གཡེངས་པ་དང༌། སེམས་གུས་པ་དང༌། སེམས་ཐམས་ཅད་གཅིག་ཏུ་བསྡུས་ལ་ཆོས་མཉན་པར་བྱའོ། །དེའི་འོག་ཏུ་ལྷ་རྣམས་དང༌། རྒྱལ་པོ་དང༌། སྦྱིན་བདག་དང༌། སྦྱིན་པ་པོ་རྣམས་ཀྱི་ཕྱིར། སྦྱིན་པའི་ཡོན་ཏན་གྱི་ཚིགས་སུ་བཅད་པ་གདོན་པར་བྱ་སྟེ། འདི་ནི་འདུག་པའི་བྱ་བ་ཞེས་བྱའོ། །འདུག་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགེ་སློང་ངས་བརྟན་གྱིས་སྔར་བསྒོ་བའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ཐོག་མར་འགྲོ་བར་བྱ། ཐོགས་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ། འདུག་ནས་ཀྱང་སྐད་ཅིག་མི་སྨྲ་བར་བྱ། དེ་ནས་བདག་ཉིད་ཀྱིས་ཆོས་སྨྲ་བར་བྱ། ཡང་ན་ནུས་པའི་དགེ་སློང་ལ་ཆོས་སྨྲས་ཤིག་ཅེས་


DTG155_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པར་བྱའོ། །བདག་ཉིད་ཀྱིས་ཆོས་མ་སྨྲས་སམ། དགེ་སློང་ནུས་པ་ཡང་གསོལ་བ་མ་བཏབ་ན་འགལ་ཆབས་ཅན་དུ་འགྱུར་རོ། །གལ་ཏེ་འཁོད་པ་ལ་ཡང་བྲམ་ཟེ་དང༌། ཁྱིམ་བདག་དག་ལྷགས་ན། དེས་དེ་དག་ལ་ཡང་ཆོས་དང་ལྡན་པའི་གཏམ་བྱའོ། །གལ་ཏེ་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་གླགས་ཚོལ་ལམ། ཀླན་ཀ་ཚོལ་ཞིང་ལྷགས་ན། དེ་དག་ལ་ཡང་ཆོས་ཀྱིས་བརྒལ་བ་ལ་འཇུག་པར་བྱ། འདི་ནི་མི་འདྲ་བའོ། །འདི་ནི་མ་གྲུབ་པའོ་ཞེས་རིགས་པའི་ཆོས་ཀྱིས་འདུལ་བར་བྱ། ཁྲོ་བ་མི་བསྐྱེད་པར་བྱ། མི་ཁྲོ་བར་བྱ། མི་སྨོད་པར་བྱ་སྟེ། འདི་ནི་འདུག་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཆོས་འཆད་པའི་བྱ་བ་གང་ཞེ་ན། ཆོས་འཆད་པའི་དགེ་སློང་གིས་གུས་པ་དང༌། བཅས་པ་དང༌། སེམས་དམའ་བ་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པས་གནས་པ་དང༌། ཡིད་དམན་ཞིང་ཕྱག་དར་བ་ལྟ་བུའི་སེམས་སུ་བྱ་སྟེ། འཁོར་གྱི་ནང་དུ་ཞུགས་ཏེ། ཆོས་བཤད་པར་བྱ་བ་ནི་རིགས་པ་དང་གྲོལ་བའི་ཚིག་དང༌། མ་འཁྲུལ་པའི་ཚིག་དང༌། མ་འདྲེས་པ་དང༌། འབྲེལ་པ་དང༌། མ་འཁྲུགས་པ་དང༌། སེམས་མི་གཡེང་བ་དང༌། ཟང་ཟིང་གི་སེམས་སུ་མ་ཡིན་པ་དང༌། ཆོས་ཉིད་ལ་ཡང་བཀུར་སྟི་མངོན་དུ་བྱ། ཆོས་ཉན་པའི་དགེ་སློང་རྣམས་ལ་ཡང་བཀུར་སྟི་མངོན་དུ་བྱ། ཆོས་ལ་བརྙས་པར་མི་བྱ། ཆོས་མཉན་པ་རྣམས་ལ་ཡང་བརྙས་པར་མི་བྱ། བདག་ཉིད་ཀྱང་སྨད་པར་མི་བྱ། ཆོས་རྣམས་ལ་ཡང་ཆོས་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་རྟོགས་པར་བྱ་སྟེ། བྱ་བའི་ཚུལ་དུ་རྗེས་སུ་བརྩེ་བ་དང༌། ཆོས་འདི་ཡུན་རིང་དུ་གནས་པར་འགྱུར་བར་བྱའོ། །ཆོས་ཉིད་ལ་བརྟེན་གྱིས་ཟང་ཟིང་ལ་བརྟེན་ཏེ་ཆོས་བཤད་པར་མི་བྱ། འདི་ལྟར་འཆད་པའི་དགེ་སློང་གིས་དུས་སུ་ཆོས་བཤད་པར་བྱ། བཀུར་སྟི་ཐོག་མར་བྱ་རྗེས་སུ་མཐུན་པ་དང༌། རྗེས་སུ་འབྱོར་པར་བྱ། རིམས་སུ་བྱ། མགུ་བ་དང༌། དད་པ་དང། རངས་པ་དང༌། སྤྲོ་བ་དང༌། མོས་པ་དང༌། རིགས་པར་ལྡན་པ་དང༌། མ་འཁྲུགས་པས་ཆོས་བསྟན་པར་བྱ་ཇི་ལྟར་འཁོར་རྣམས་ལ་བྱམས་པའི་སེམས་དང༌། རྗེས་སུ་བརྩེ་བའི་སེམས་སུ་གནས་པར་བྱ། རྙེད་པ་དང་བཀུར་སྟི་དང༌། གྲགས་པས་ནི་མ་ཡིན་ནོ། །ཆོས་འཆད་པའི་ཚེ་


DTG155_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལ་བསྟོད་པར་ཡང་མི་བྱ། གཞན་ལ་སྨོད་པར་ཡང་མི་བྱ་སྟེ། འདི་ནི་ཆོས་འཆད་པའི་བྱ་བ་ཞེས་བྱའོ། །ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཆོས་འཆད་པའི་དགེ་སློང་གནས་བརྟན་གྱིས་གང་ན་ཆོས་འཆད་པ་དེར་འགྲོ་བར་བྱའོ། །དགེ་སློང་འདི་ཆོས་བཞིན་དུ་འཆད་དམ་འོན་ཏེ་ཆོས་བཞིན་མ་ཡིན་པར་འཆད་མཉན་ལ། གལ་ཏེ་ཆོས་བཞིན་དུ་འཆད་ན་ནི་སྤྲོ་བ་བསྐྱེད་པར་བྱ། ཆོས་བཞིན་མ་ཡིན་པར་འཆད་ན་ནི་སླར་བཅོས་པར་བྱ། གལ་ཏེ་སླར་བཅོས་ནུས་ན་ནི་དེ་ལྟ་ན་ལེགས། གལ་ཏེ་སླར་འཆོས་མི་ནུས་ན་ཅི་བཏུབ་ཀྱིས་སྨད་པར་བྱ་སྟེ། དགེ་སློང་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན་སྟོན་པའི་བསྟན་པ་མ་ཡིན་གྱི། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཞི་མ་བཤིག་ཅིག །ཆོས་ཀྱི་སྤྱན་མ་བཞར་ཅིག་ཅེས་སྨྲ་ལ་ལངས་ཏེ་འགྲོ་བར་བྱ་བ་འདི་ནི་ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །དུས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་རྣམས་དུས་སུ་འགྲོ་བར་བྱ་སྟེ། འདི་ནི་དུས་ཀྱི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་དུས་མ་ཡིན་པར་གྲོང་དུ་འཇུག་པར་མི་བྱ། དེ་འདྲ་བའི་རྐྱེན་བྱུང་བ་མ་གཏོགས་ཏེ། འཁོད་པའི་དགེ་སློང་ལ་མ་བསྐོ་བར་མི་འགྲོ་བ་འདི་ནི། དུས་མ་ཡིན་པའི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པའི་དགེ་འདུན་འདུ་བའི་བྱ་བ་གང་ཞེ་ན། ཚེས་བརྒྱད་དང༌། ཚེས་བཅུ་བཞི་དང༌། ཚེས་བཅོ་ལྔ་ལ་དགེ་འདུན་འདུ་བ་མ་གཏོགས་པར་དེ་ལས་གཞན་གྱི་ཕྱིར་དགེ་འདུན་འདུ་བ་དང༌། དགེ་འདུན་གྱི་ལས་དང༌། དགེ་འདུན་གྱི་བྱ་བ་དང༌། དགེ་འདུན་གྱི་བྱེད་པ་རྣམས་ཡིན་ཏེ། དེ་ལ་སྔར་བསྒོ་བའམ། གཎྜཱི་བརྡུངས་ཀྱང་རུང་མྱུར་དུ་འདུ་བར་བྱ། ཤེས་བཞིན་དུ་འདོང་བར་བྱ་བ་ནས་སྔ་མ་བཞིན་ནོ། །འདུག་པ་ལ་མཁས་པར་བྱ་བའི་བར་དུའོ། །དེར་དགེ་འདུན་གྱི་གནས་བརྟན་གྱིས་རྒན་རིམས་སུ་ཕྱག་བྱ་བ་ནས། བདག་གི་སྟན་གང་ན་བར་འདུག་པར་བྱ། གནས་བརྟན་གཉིས་པས་ཀྱང་དགེ་འདུན་གྱི་གནས་བརྟན་ལ་ཕྱག་བྱས་ནས་རང་གི་སྟན་ལ་འདུག་པར་བྱ། དེ་བཞིན་དུ་གནས་བརྟན་གསུམ་པ་དང༌། བཞི་པ་ནས་དགེ་འདུན་གྱི་གསར་བུའི་བར་ཏེ། རྒན་རིམས་སུ་ཕྱག་བྱས་ནས། རང་གི་སྟན་གང་ན་བ་དེར་འཁོད་པར་བྱའོ། །དེར་དགེ་སློང་གནས་བརྟན་དང༌། བར་


DTG155_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང། གསར་བུ་རྣམས་ཀྱིས་ཆོས་ཇི་ལྟ་བུ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བུར་དགེ་འདུན་གྱི་ལས་བྱ། དགེ་སློང་གནས་བརྟན་གྱིས་དགེ་སློང་རྣམས་ལ་སྦྱོ་བར་མི་བྱ། སྨོད་པར་མི་བྱ། མ་གུས་པར་མི་བྱ་བ་ནི་འདི་ནི་དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དུས་མ་ཡིན་པར་དགེ་འདུན་འདུ་བའི་དགེ་སློང་གནས་བརྟན་གྱིས་དུས་མ་ཡིན་པར་དགེ་འདུན་འདུ་བ་ན། སྔར་བསྒོ་བའམ་གཎྜཱི་བརྡུངས་ཀྱང་རུང་སྟེ། ཐོག་མར་འགྲོ་བར་བྱ། ཐོག་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ་སྟེ། བཀུར་སྟིར་བཅས་པ་དང༌། སེམས་དམན་པ་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པ་དང༌། ཡིད་ཕབ་ལ་ཕྱག་དར་བ་ལྟ་བུའི་སེམས་སུ་བཅས་ལ། དགེ་འདུན་གྱི་ནང་དུ་འགྲོ་བར་བྱ་རྒན་རིམས་སུ་ཕྱག་བྱས་ནས་རང་གི་སྟན་གང་ན་བར་འདུག་པར་བྱ་གནས་བརྟན་དང་བར་མ་དང༌། གསར་བུ་རྣམས་ལ་ཡང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་སུ་བྱ། རྗེས་སུ་བརྩེ་བའི་སེམས་སུ་བྱ། ཕ་མ་དང༌། ཕུ་ནུ་པོ་དང༌། བུར་འདུ་ཤེས་པ་མངོན་དུ་གཞག་པར་བྱ། འཁོར་རྣམས་ལ་ཡར་བལྟ་བར་བྱ་སྟེ། གང་ཆ་ལུགས་སྡུག །གང་ཆ་ལུགས་མི་སྡུག །གང་མཛེས་བར་གྱུར། གང་གིས་ལེགས་པར་བགོས། གང་གིས་མི་སྡུག་པར་བགོས། གང་ཆ་ལུགས་མཛེས་པ་དེ་དག་ནི་བཏང་སྙོམས་སུ་གཞག །གང་ཆ་ལུགས་མི་མཛེས་པ་དེ་དག་ལ་སྦྲན་པར་བྱ། བསྒོ་བར་བྱ། གང་ཞིག་གིས་ལེགས་པར་བགོས་པ་དེ་ནི་བཏང་སྙོམས་སུ་གཞག །གང་ཞིག་གིས་མི་སྡུག་པར་བགོས་པ་དེ་དག་ལ་ནི་བརྡ་བྱ། དེས་བརྡ་བྱས་པས་མ་ཚོར་ན་དྲུང་ན་མོ་ལ་བརྡ་བྱ། དྲུང་ན་མོས་ཀྱང་མ་ཚོར་ན་དགེ་སློང་གནས་བརྟན་གྱིས་ཅི་ནས་མི་འཁྲུལ་པའི་ཚུལ་དུ་སྦྲན་པར་བྱ། ཅི་ནས་ལགས་པར་བགོས་པ་དང༌། སྒྲ་ཆེར་མི་དབྱུང་བར་བྱའོ། །དགེ་སློང་གནས་བརྟན་གྱིས་འཁོར་གྱི་ནང་དུ་བརྟག་པར་བྱ་བ་ནི། ཅི་འཁོར་འདི་དག་ནི་ཆོས་བཞིན་དུ་བྱེད་དམ། འོན་ཏེ་ཆོས་བཞིན་དུ་ཡིན་ན་ནི་ཅི་བདེར་བྱའོ་ཞེས་ལས་ཐམས་ཅད་བྱེད་དུ་གཞུག་གོ །གལ་ཏེ་ཆོས་བཞིན་དུ་མ་ཡིན་ན་ནི་ཆོས་ཀྱི་ཕྱོགས་སུ་གནས་པར་བྱ། ཆོས་བཞིན་དུ་འདྲི་བ་ལ་ལན་སྦྱིན་པར་བྱ། ཡང་ན་ཅང་མི་སྨྲ་བར་


DTG155_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ་འགྲོ་བར་བྱའོ། །དེའི་ཕྱིར་རྩོད་པ་དང་འཁྲུགས་པ་རྗེས་སུ་འབྱུང་བར་མི་བྱ་བ་འདི་ནི། དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །སྨྲ་བའི་བྱ་བ་གང་ཞེ་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། མུ་སྟེགས་ཅན་ཀུན་དུ་རྒྱུ་གཞན་དག་ཅིག །ཚེས་བརྒྱད་དང། བཅུ་བཞི་དང༌། བཅོ་ལྔའི་ཚེ། གཅིག་ཏུ་འདུས་ནས་ཆོས་སྨྲ་བ་དང༌། དེ་ན་དེར་སྐྱེ་བོ་མང་པོ་འདུས་ནས་རྙེད་པ་དག་ཀྱང་རྙེད་པར་འགྱུར། བཀུར་སྟིར་བྱེད་དེ། དེ་དག་གི་འཁོར་ཡང་འཕེལ་པར་གྱུར་པ་དང༌། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱོངས་གཟུགས་ཅན་སྙིང་པོ་གསུང་རབ་འདི་ལ་དད་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་ཚེས་བརྒྱད་ཅེས་བྱ་བ་ནས། དེ་དག་གི་འཁོར་ཡང་འཕེལ་བར་འགྱུར་ཞེས་བྱ་བའི་བར་ནི་སྔ་མ་བཞིན་ནོ། །འདི་ལྟར་དགེ་སློང་རྣམས་ཀྱང་ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔ་ལ་གཅིག་ཏུ་འདུས་ནས་ཆོས་སྨྲ་ན། བདག་ཀྱང་དེར་འགྲོ་སྟེ། རྒྱལ་པོའང་དེར་འགྲོའོ་སྙམ་ནས། སྐྱེ་བོ་མང་པོ་དག་ཀྱང་འདུ་བར་འགྱུར། །དགེ་སློང་རྣམས་ཀྱིས་རྙེད་པ་ཡང་རྙེད་ལ། །བཀུར་སྟི་ཡང་འབྱུང༌། འཁོར་རྣམས་ཀྱང་འཕེལ་བར་འགྱུར། སྐྱེ་བོ་མང་པོ་ལ་ཡང་བསོད་ནམས་མང་དུ་འཕེལ། དགེ་སློང་རྣམས་ཀྱང་མི་འཇིགས་པར་འགྱུར། །བསྟན་པ་ཡང་རྒྱས་པར་འགྱུར། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར། ཆོས་ཀྱི་སྒྲོན་མ་ཡང་འབར་བར་གྱུར། ཕྱི་མའི་སྐྱེ་བོ་རྣམས་ལ་ཡང་སྣང་བར་བྱས་པར་འགྱུར་རོ་སྙམ་ནས། ཡུལ་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་ནི་ཚེས་བརྒྱད་ནས་དེ་དག་གི་འཁོར་ཡང་མང་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་ལྟར་དགེ་སློང་རྣམས་ཀྱི་ཚེས་བརྒྱད་ནས། ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བགྱིད་པར་འགྱུར་ལགས་ན། རྗེས་སུ་གནང་བར་མཛད་དུ་གསོལ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་


DTG155_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཅང་མི་གསུང་བས་རྗེས་སུ་གནང་ངོ༌། །དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་ཤེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སོང་ནས་རིང་པོར་མ་ལོན་པར་མཁྱེན་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་རྗེས་སུ་གནང་གིས། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་གཅིག་ཏུ་འདུས་ཏེ། ཆོས་སྨྲ་བར་བྱའོ། །དེ་ཡང་འདི་ལྟར་སྨྲ་བར་བྱ་སྟེ། ཆོས་སྨྲ་བའི་དགེ་སློང་གིས་དོན་དང་ཚིག་འབྲུས་དོན་རྣམས་གོ་བར་བྱའོ་དེ་ནས་དགེ་སློང་དག་ཅིག་ཐ་མལ་བར་སྨྲས་ཏེ། ཚིག་ཐ་མལ་པར་སྨྲས་པས་འཁོར་རྣམས་ཀྱིས་གོ་བར་མ་གྱུར་པ་དང༌། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་དབྱངས་ཀྱིས་ཆོས་སྨྲ་བར་བྱའོ། །དེ་དག་གིས་ཇི་ལྟར་འདུག་བཞིན་དུ་སྨྲས་པ་དང༌། འཁོར་དེ་རྣམས་ཀྱིས་གོ་བར་མ་གྱུར་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་སྟན་མཐོན་པོ་བཅའ་བར་བྱའོ། །དེ་དག་གིས་མདོ་སྡེ་ཆེན་པོ་བསྡུས་ཤིག་སྨྲས་པ་དང༌། ཐེ་ཚོམ་དུ་གྱུར་ཏེ། རྒྱས་པར་ཡང་མི་བྱེད་ལ་དེ་ཉིད་ཀྱིས་ཉི་མ་ཟད་པར་བྱེད་པ་དང༌། འཁོར་རྣམས་སྐྱོ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་དོན་གྱི་དབང་དུ་ཅི་བདེར་བྱའོ། །མདོ་སྡེ་དག་ལས་དོན་ཉི་ཚེ་བླངས་ཏེ། གཏམ་བྱ་ཞིང་བཤད་པར་བྱ་བ་བསྔོགས་པར་བྱའོ། །གསུངས་པ་བཞིན་དུ་གཞུང་འཆད་པར་འདོད་པ་དང༌། དེ་དག་མདོ་སྡེའི་མཐའ་མ་རུང་བར་འགྱུར་རམ་སྙམ་དུ་ཐེ་ཚོམ་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་མདོ་སྡེའི་དོན་ཉི་ཚེ་བསྡུས་ཏེ་སྐབས་སྐབས་སུ་གཏམ་བྱའོ། །བཤད་པ་ཡང་གཞུང་བཞིན་དུ་བྱའོ། །དོན་དང་ཚིག་འབྲུ་འབྲེལ་པས་འཁོར་རྣམས་ལ་གོ་བར་བྱའོ། །མདོ་སྡེ་དག་ཀྱང་དེ་བཞིན་དུ་གཟུང་བར་བྱའོ། །དེ་དག་གཉིས་ལྷན་ཅིག་ཏུ་འཁོར་གཅིག་ལ་འཆད་ནས། བཅོམ་ལྡན་འདས་ཀྱིས་བཀའ་


DTG155_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། འཁོར་གཅིག་གི་ནང་དུ་གཉིས་ཀྱིས་བཤད་པར་མི་བྱའོ། །གང་འཆད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་དག་འཁོར་དང་འཁོར་དུ་བཅས་འཆད་པར་བྱེད་ནས་དེ་དག་འཁྲུགས་པར་གྱུར་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་དང་འཁོར་དུ་བཤད་པར་མི་བྱའོ། །འཆད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དེ་དག་འཁོར་གཉིས་ལ་ཅིག་ཅར་འཆད་པར་གྱུར་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་འཁོར་གཅིག་ལ་ཅིག་ཅར་བཤད་པར་མི་བྱའོ། །གང་འཆད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་བཤད་པ་ལས་གཉིས་པོ་འཁྲུགས་པར་མི་འགྱུར་བ་དེ་ལྟར་བཤད་པར་བྱའོ། །དེ་དག་འཁོར་ཁྲིད་ཅིང་དོང་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ཁྲིད་ཅིང་དོང་སྟེ་འགྲོ་བར་མི་བྱའོ། །གང་འཁོར་ཁྲིད་ཅིང་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །རང་དགར་ནི་ཉེས་པ་མེད་དོ། །དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་དག་འཚོལ་ཏེ། ཆོས་འཚོང་བར་འཚོ་བར་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་སྒོ་ནས་རྙེད་པའང་མི་བཙལ་ལོ། །ཆོས་འཚོང་ཞིང་འཚོ་བར་མི་བྱའོ། །དེ་བདག་ཉིད་སྨྲ་བར་མི་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་དྲན་པར་བྱེད་པས་རྗེས་སུ་དྲན་པར་བྱའོ། །རྗེས་སུ་དྲན་པར་བྱེད་པའང་མེད་ནས། རིམ་གྱིས་དྲན་པར་བྱའོ། །ཚིགས་སུ་བཅད་པ་དང༌། དབྱངས་སུ་བྱ་ཞིང་བྱའོ། །དགེ་སློང་དེ་དག་མི་སྨྲ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་ཀྱིས་སྨྲ་བར་བྱའོ། །གང་ན་དགེ་སློང་གཞན་ལ་གསོལ་བ་འདེབས་པར་བྱའོ། །གསོལ་བ་བཏབ་པའི་གང་ཟག་གིས་ཀྱང་རིག་པར་བྱའོ། །བདག་ཉིད་ཀྱིས་ཀྱང་མི་སྨྲ་ལ། ཡང་ན་དགེ་སློང་གཞན་ལ་ཡང་གསོལ་བ་འདེབས་སམ། གསོལ་བ་བཏབ་པའི་གང་ཟག་གིས་ཀྱང་ཤེས་པར་མ་བྱས་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེ་དག་གིས་རིམ་བཞིན་དུ་བསྐོས་པ་དང༌། འདི་ལྟར་ཞར་བ་དང༌། གླེན་པ་དང་སྒུར་པོ་དག་ལ་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་ཤཱཀྱའི་བུ་དགེ་སྦྱོང་གི་ནང་དུ་སྐྱེས་བུ་དམ་པའོ། །སྐྱེས་བུ་གཙོ་བོ། །སྐྱེས་བུ་མཆོག་གོ་ཞེས་ཉེས་པ་ངོར་བརྗོད་ཅིང་འཕྱས་འདོགས་ཏེ། མི་སྙན་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་གིས་བཅོམ་


DTG155_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་ཡོད་ན་ཆོས་སྨྲ་བའི་རིམ་བཞིན་དུ་མི་བསྒོའོ། །གང་ནུས་པ་དེ་བསྒོ་བར་བྱ་བའི་འཁོར་འཁྲུགས་པ་དེ་ལྟ་བུ་བསྒོ་བར་མི་བྱའོ། །སྨྲ་བའི་བྱ་བ་གཞན་ཡང་དུས་གང་དང་གང་དུ་ཡང་རུང་སྟེ། དགེ་སློང་རྣམས་འདུས་ཤིང་འཁོད་པ་དང་ཆོས་ཀྱི་གཏམ་ངེས་པ་རྣམས་བརྗོད་པར་བྱའོ། །གལ་ཏེ་མི་ཤེས་ན་ཡང་གཅིག་ལ་གཅིག་དྲི་བར་བྱ། གཅིག་ལ་གཅིག་ཞུ་བར་བྱ། བགོམ་པར་མི་བྱ། ཀླན་ཀ་བཙལ་བར་མི་བྱ། འཕྱས་གདགས་པའི་ཕྱིར་མི་བྱ། ཉམས་སད་པའི་ཕྱིར་མི་བྱའི། ཅི་ནས་ཆོས་ལ་རིམ་གྲོ་དང༌། བཀུར་སྟིའི་ཕྱིར་དྲི་བར་བྱ་ཞི་བར་བྱ་སྟེ། ཅི་དགེའམ། འོན་ཏེ་མི་དགེ །ཅི་ཁ་ན་མ་ཐོ་བ་དང་བཅས་སམ། འོན་ཏེ་ཁ་ན་མ་ཐོ་བ་མེད་པ་ཡིན། ཅི་འདི་བྱས་ན་དགེ་བར་འགྱུར་རམ། འོན་ཏེ་སྡིག་པར་འགྱུར་ཞེས་བྱ་བ་འདི་ནི་སྨྲ་བའི་བྱ་བ་ཞེས་བྱའོ། །མི་སྨྲ་བའི་བྱ་བ་གང་ཞེ་ན། གནས་གང་ན་དགེ་སློང་རྣམས་སྨྲ་ཞིང་གཞན་ལ་བརྗོད་པར་མི་འདོད་པ་དེ་དག་གིས་ཇི་ལྟ་བུ་ཡིད་ལ་བྱེད་པ་འགྲུབ་པ་དེ་བཞིན་དུ་བསྒོམ་པར་བྱའོ། །སྤྱོད་ལམ་བཞི་ལ་འཇུག་པར་བྱའོ། །ཕན་ཚུན་དུ་མི་སྨྲ་བ་ལ་འཇུག་པ་སྟེ། རྒྱས་པར་བྱ་བ་ནི་འདི་ལྟ་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་དགེ་སློང་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བྱ་སྟེ། འདི་ནི་མི་སྨྲ་བའི་བྱ་བ་ཞེས་བྱའོ། །དབྱར་ཉེ་བར་བསྒྲུབ་པའི་བྱ་བ་གང་ཞེ་ན། དབྱར་ཉེ་བར་བསྒྲུབ་པའི་དགེ་སློང་གིས་བསམས་བཞིན་དུ་བསམས། ཤིན་ཏུ་བརྟགས་པ་བཞིན་དུ་བརྟགས། ཤིན་ཏུ་དཔྱད་པ་བཞིན་དུ་དཔྱད་དེ། དབྱར་ཉེ་བར་བསྒྲུབ་པར་བྱ་སྟེ། བདག་གནས་དེ་ན་དགེ་སློང་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ་དང༌། མཁས་པ་དང་ལྡན་པ་དང༌། དགེ་བའི་ཆོས་དང་ལྡན་པ་དང༌། ལྟ་བ་མཚུངས་པ་དང༌། གནས་པ་མཚུངས་པ་དང༌། གྲོགས་མཚུངས་པ་དང༌། ཡིད་གཅུགས་པ་དག་དང་ལྷན་ཅིག་གང་བདེ་བར་འགྱུར་བ་ནི་འདི་ལྟ་སྟེ། འགྲོ་ཡང་རུང༌། འདུག་ཀྱང་རུང༌། བདག་གནས་དེ་ནས་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། གང་ཐེ་ཚོམ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སེལ་བར་བྱེད་པ་དང༌། སྡིག་པ་ཅན་གྱི་ལྟ་བ་མ་སྐྱེས་པ་མི་


DTG155_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པ་དང༌། སྐྱེས་པ་རྣམས་སེལ་བར་བྱེད་པ་ཡོད་དམ། བདག་གནས་དེ་ནན་པ་དང༌། རྗེས་སུ་མཐུན་པའི་སྨན་དང༌། ཟས་དང་ཡོ་བྱད་དང༌། བསྙེན་བཀུར་བྱེད་པར་འབྱོར་བར་འགྱུར་རམ། གནས་དེ་ན་བདག་གི་ལུས་དང་སེམས་བདེ་བར་འགྱུར་རམ། གནས་དེ་ན་དགེ་སློང་དག་འཐབ་མོ་བྱེད་པ་དང། མཚང་འབྲུ་བར་བྱེད་པ་དང༌། འགྱེད་པར་བྱེད་པ་དང༌། རྩོད་པར་བྱེད་པ་དང༌། གླེང་བར་བྱེད་པ་ལྟ་མི་གནས་གྲང༌། དེས་བདག་མ་ཐོབ་པ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་སུམ་དུ་མྱ་བྱ་ས་པ་རྣམས་མངོན་སུམ་དུ་བྱ་བའི་བར་ཆད་དུ་མི་འགྱུར་གྲང་གནས་དེ་ན་དབྱར་གྱི་ནང་དུ་དགེ་འདུན་བྱེ་བར་མི་འགྱུར་ཞེས་དེ་བཞིན་དུ་བསམས་བཞིན་དུ་བསམས། བརྟགས་པ་བཞིན་དུ་བརྟགས། དཔྱད་པ་བཞིན་དུ་དཔྱད་པར་བྱའོ། །ན་བའི་བསྙེན་བཀུར་བའི་གྲོགས་སུ་མཐུན་པ་དང་འགྲོ་བར་བྱ་སྟེ། འདི་ནི་དབྱར་ཉེ་བར་བསྒྲུབ་པའི་བྱ་བ་ཞེས་བྱའོ། །དབྱར་གནས་པའི་བྱ་བ་གང་ཞེ་ན། དབྱར་གནས་པའི་གེག་སློང་གིས་དོན་མེད་པའི་ཕྱིར་ཞག་གཅིག་ཀྱང་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། དོན་ཞིག་ཡོད་པར་གྱུར་ན་དེས་ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱའོ། །དེ་ཡང་དོན་གྱི་ཕྱིར་ཏེ། དོན་གང་གི་ཕྱིར་ཞེ་ན། དགེ་སློང་གི་དོན་ནམ། དགེ་སློང་མའི་དོན་ནམ། དགེ་ཚུལ་གྱི་དོན་ནམ། དགེ་ཚུལ་མའི་དོན་ནམ། དགེ་བསྙེན་གྱི་དོན་ནམ། དགེ་བསྙེན་མའི་དོན་ནམ། ཉེ་དུའི་དོན་ནམ། བདག་གི་དོན་ཀྱང་རུང༌། དེ་གལ་ཏེ་དེ་སངས་རྒྱས་ལའམ། ཆོས་ལའམ། དགེ་འདུན་ལའམ། སྡུག་བསྔལ་བ་ལའམ། ཀུན་འབྱུང་བ་ལའམ། འགོག་པ་ལའམ། ལམ་ལའང་རུང་ཐེ་ཚོམ་ཅན་དུ་གྱུར་ཏམ། ཡིད་གཉིས་སུ་གྱུར་ཏམ། དོགས་པར་གྱུར་ཏམ། མ་ཐོབ་པ་ལ་ཐོབ་པའི་འདུ་ཤེས་སུ་གྱུར་ཏམ། མ་རྟོགས་པ་ལ་རྟོགས་པའི་འདུ་ཤེས་དང༌། མངོན་སུམ་དུ་མ་བྱས་པ་ལ་མངོན་སུམ་དུ་བྱས་པའི་འདུ་ཤེས་ཏེ། འདི་ལྟར་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་གི་དོན་ལ་ཡང་རུང་སྟེ། གལ་ཏེ་དགེ་སློང་དེས་གནས་དེ་ན་དབྱར་དགེ་འདུན་བྱེ་བར་འགྱུར་རམ། མཆོད་རྟེན་ནམ་གཙུག་ལག་ཁང་ཡང་རུང༌། དྲལ་བར་འགྱུར་རམ། ཞིག་པར་གྱུར་ཀྱང་རུང་སྟེ། དེར་དགེ་སློང་དེས་སངས་རྒྱས་སམ། ཆོས་སམ།


DTG155_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་དོན་ལ་ཡང་ཞག་བདུན་ནམ། བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱའོ། །གལ་ཏེ་དེར་སོང་བ་ལས་ཞག་བཞི་བཅུ་ཡང་རུང༌། ལོན་པར་གྱུར། དགེ་སློང་དབྱར་རལ་བའི་ཉེས་པ་འབྱུང་བར་མི་འགྱུར་ཏེ། འདི་ནི་དབྱར་གནས་པའི་བྱ་བ་ཞེས་བྱའོ། །དབྱར་གནས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དབྱར་གནས་པའི་དགེ་སློང་གནས་བརྟན་གྱིས་གཙུག་ལག་ཁང་རྣམས་དང༌། མཆོད་རྟེན་རྣམས་ཤེས་པར་བྱ། ཇི་ལྟ་བུར་རལ་བ་བཅོས་པར་བྱེ་བ་དང༌། སུ་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱ། བསྒྲག་པར་བྱ། སུམ་བྱེད་པ་དེ་ལ་ནི་བསྐུལ་བར་བྱ། དྲན་པར་བྱ་བ་འདི་ནི། དབྱར་གནས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །དབྱར་གནས་པར་ཁས་བླངས་པའི་བྱ་བ་གང་ཞེ་ན། དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ཀྱིས་ལས་རྣམ་པ་གསུམ་བྱ་སྟེ། དབྱར་གང་དུ་གནས་པ་དེའི་གནས་ཁང་དེ་དག་རལ་པ་དང་འདྲུམས་པ་རྣམས་བཅོས་སུ་གཞུག་པར་བྱ། མཚམས་བརྟག་པར་བྱ། མཚམས་བརྟག་པར་བྱེད་དུ་གཞུག་གོ །གནས་དེར་གོས་གང་རྙེད་པའི་གོས་དེས་སྲ་བརྐྱང་དུ་གདིང་བར་བྱ། ཡང་ན་གདིང་དུ་གཞུག་པ་འདི་ནི། དབྱར་གནས་པའི་བྱ་བ་ཁས་བླངས་པའི་བྱ་བ་ཞེས་བྱའོ། །འཁོར་དང་ལྡན་པའི་བྱ་བ་གང་ཞེ་ན། འཁོར་གྱི་གཙོ་བོ་དེས་དུས་དུས་སུ་འཁོར་རྣམས་ལ་གང་ལེགས་པར་སྤྱོད་པ་དང༌། གང་ལེགས་པར་མི་སྤྱོད་པ་དང༌། གང་མཛེས་པར་བསྒྲུབ་པ་དང༌། གང་མི་མཛེས་པར་བསྒྲུབ་པ་བརྟགས་ཏེ། གང་ལེགས་པར་སྤྱད་ཅིང༌། མཛེས་པར་བསྒྲུབ་པ་དེ་ལ་ནི། ཡོངས་སུ་བསྐྱང་བར་བྱ་སྟེ། ཚེ་དང་ལྡན་པ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་སྤྱོད་པ་དེ་ལྟ་བུར་སྤྱོད་པར་བྱའོ་ཞེས་སྤྲོ་བ་བསྐྱེད་པར་བྱའོ། །ཡང་དག་པར་དགའ་བར་བྱ། དེ་ལ་དུས་དུས་སུ་ཕྱི་ཕྱིར་ཞིང་བསྟན་པར་བྱ། བསླབ་པར་བྱའོ། །གང་ལེགས་པར་མི་སྤྱོད་དམ། མཛེས་པར་མི་སྒྲུབ་པ་དེ་ལ་ནི། གང་ལ་ཇི་ལྟ་བུར་འོངས་པ་དེ་ལྟ་བུར་ཆད་པས་བཅད་པ་ནི་འཁོར་དང་ལྡན་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་འགྲོ་བ་ན་དྲན་པ་ཉེ་བར་གཞག་ནས་འཁོར་གྱི་ནང་དུ་འགྲོ་བར་བྱ་སྟེ། འདི་ནི་རྒྱལ་རིགས་ཀྱི་འཁོར་ཏོ། །


DTG155_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྲམ་ཟེའི་རིགས་ཀྱི་འཁོར་ཏོ། །འདི་ནི་ཁྱིམ་བདག་གི་འཁོར་ཏོ། །འདི་ནི་དགེ་སྦྱོང་གི་འཁོར་ཏོ། །དེར་བདག་གིས་འདི་ལྟ་བུར་འགྲོ་བར་བྱ། འདི་ལྟ་བུར་འགྲེང་བར་བྱ། འདི་ལྟ་བུར་འདུག་པར་བྱ། འདི་ལྟ་བུར་སྨྲ་བར་བྱ། འདི་ལྟ་བུར་སྨྲ་བར་མི་བྱའོ་ཞེས་བྱ་བ་འདི་ནི་འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་ཞུགས་པ་དེས་གཏམ་སྣ་ཚོགས་མི་བྱ། གཏམ་འགལ་བ་རྣམས་མི་བྱ། འཁོར་རྣམས་དང་རྗེས་སུ་མཐུན་པར་བྱས་ལ་དེ་དག་དང་རྗེས་སུ་མཐུན་པའི་གཏམ་སྨྲ་བར་བྱ། གཏམ་བྱས་ནས་སྟན་ལས་ལངས་པར་བྱ་བ་དེ་ནི་འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འཁོར་གྱི་ནང་དུ་ཞུགས་པའི་དགེ་སློང་གནས་བརྟན་གྱིས་འཁོར་རྣམས་ལ་འདི་དག་གཏམ་ཇི་ལྟ་བུ་ལ་དགའ། འོན་ཏེ་ཅང་མི་སྨྲ་བ་ལ་དགའ་འམ་ཞེས་འཁོར་རྣམས་ལ་བརྟག་པར་བྱའོ། །གལ་ཏེ་དེ་དག་གཏམ་ལ་དགའ་བ་ཞིག་ཡིན་ན་ནི། དེ་དག་དང་མཐུན་པའི་གཏམ་བྱའོ། །གལ་ཏེ་མི་སྨྲ་བ་ལ་དགའ་བ་ཡིན་ན་ནི་དེར་ཅང་མི་སྨྲ་བར་འདུག་པར་བྱ་སྟེ། འདི་ནི་འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གསོ་སྦྱོང་གི་བྱ་བ་གང་ཞེ་ན། བཅུ་བཞི་པའམ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ། རང་གི་རྒྱུད་ལ་བརྟག་པར་བྱ་སྟེ། མཚན་མོའི་རྒྱུད་དང༌། ཉིན་མོའི་རྒྱུད་དང༌། བདག་ལ་སྐབས་དེར་ལྟུང་བ་ལྟ་།མ་བྱུང་ངམ། གལ་ཏེ་བྱུང་བ་ཡོད་ན་དགེ་སློང་ཡིད་བརྟན་པ་ཞིག་རྙེད་ན་ནི། དེའི་མདུན་དུ་བཤགས་པར་བྱ། གལ་ཏེ་མ་རྙེད་ན་ནི་སེམས་ཀྱིས་བྱིན་གྱིས་བརླབས་པ་དང༌། གལ་ཏེ་ཉེས་པ་བྱུང་ན་ནི་སེམས་བསྐྱེད་པར་བྱ་སྟེ། བདག་ནི་ལྟུང་བ་དེ་ལས་ཡོངས་སུ་དག་གོ་ཞེས་ཚིག་ཏུ་བརྗོད་པར་བྱའོ། །གསོ་སྦྱོང་ནི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱེད་པ་སྟེ། འདི་ནི་གསོ་སྦྱོང་གི་བྱ་བ་ཞེས་བྱ་བའོ། །གསོ་སྦྱོང་གི་མངོན་དུ་བྱ་བའི་བྱ་བ་གང་ཞེ་ན། དགེ་སློང་གསོ་སྦྱོང་མངོན་དུ་བཤགས་བྱུང་ལ། མིན་ན་མ་དད་བཞིན་དུ་ཡང་འགྲོ་བར་བྱ་སྟེ། དེ་ཡང་ཤེས་བཞིན་དུ་འགྲོ་བར་བྱས་ནས་སྔ་མ་བཞིན་ཏེ། འདུག་པ་ལ་མཁས་པར་བྱ་བའི་བར་དུའོ། །འདུག་པ་ལས་སོ་སོར་ཐར་པའི་མདོ་ལས་


DTG155_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ་སྙམ་པའི་འདུ་ཤེས་མངོན་དུ་གཞག་པར་བྱ། བཀུར་སྟིར་བྱ། རི་མོར་བྱས་ལ་མཉན་པར་བྱ། བླ་མར་བྱ། གཅེས་པར་བྱ། ཡིད་ལ་གཟུང་བར་བྱ། སེམས་རྩེ་གཅིག་ཏུ་བྱ། རྣ་བ་མི་གཡེང་བར་བྱ། སེམས་ཐམས་ཅད་ཀྱིས་གཅིག་ཏུ་དམིགས་ནས་མཉན་པར་བྱའོ། །མཉན་ནས་ཀྱང་དེ་ལྟ་བུར་ནན་ཏན་དུ་བྱ། བསྒྲུབ་པར་བྱ་བ་གསོ་སྦྱོང་མངོན་དུ་བྱ་བ་ཞེས་བྱའོ། །གསོ་སྦྱོང་གི་ལས་ཀྱི་བྱ་བ་གང་ཞེ་ན། གསོ་སྦྱོང་གི་ལས་བྱ་ང་རྣམ་པ་ལྔ་སྟེ། མངོན་པར་སྨྲ་བ་དང༌། བྱིན་གྱིས་བརླབས་པ་དང༌། འདུན་པ་དང༌། ཡོངས་སུ་དག་པ་དང༌། དགག་དབྱེ་དང། སེམས་ཀྱིས་བྱིན་གྱིས་བརླབས་པའོ། །གཞན་ཡང་གསོ་སྦྱོང་གི་ལས་ལ་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་ལ་འདུས་པར་རྗེས་སུ་མ་ཞུགས་པ་དང༌། ཆོས་བཞིན་མ་ཡིན་ལ་འདུས་པར་རྗེས་ཞུགས་པ་དང༌། ཆོས་བཞིན་མ་ཡིན་ལ་འདུས་པར་རྗེས་སུ་མ་ཞུགས་པ་དང༌། ཆོས་བཞིན་ཡིན་ལ་འདུས་པར་རྗེས་སུ་མ་ཞུགས་པ་དང༌། ཆོས་བཞིན་ཡིན་ལ་འདུས་པར་རྗེས་སུ་ཞུགས་པའོ། །དེ་ལ་ཆོས་བཞིན་དུ་བྱེད་པའི་གསོ་སྦྱོང་གི་ལས་དེ་ནི་འདི་ལྟ་སྟེ། ཆོས་བཞིན་ཡིན་ལ་འདུས་པར་རྗེས་སུ་ཞུགས་པ་སྟེ། འདི་ནི་གསོ་སྦྱོང་གི་ལས་ཀྱི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པའི་བྱ་བ་གང་ཞེ་ན། བཅུ་བཞི་པའམ། བཅོ་ལྔ་པའི་གསོ་སྦྱོང་དེ་ཉིད་ཀྱི་ཚེ། མཚམས་དང་ལས་ཀྱི་ནང་དུ་ཕྱིན་པ་ཇི་རྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཤིང་འཁོད་པ་ན། དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་སོ་སོར་ཐར་པའི་མདོ་གདོན་པར་བྱ། སོ་སོར་ཐར་པའི་མདོ་ལ་ཡང་སྟོན་པར་འདུ་ཤེས་མངོན་དུ་གཞག་པར་བྱ། བཀུར་སྟི་དང༌། རིམ་གྲོ་བྱས་ལ་མཉན་པར་བྱ། བླ་མར་བྱ། རི་མོར་བྱ། ཡིད་ལ་གཟུང་བར་བྱ། སེམས་རྩེ་གཅིག་ཏུ་བྱ། རྣ་བ་མི་གཡེང་བ་དང༌། གཞན་ཐམས་ཅད་གཅིག་ཏུ་ཐུབ་པར་བྱས་ལ་མཉན་པར་བྱ། ཐོས་ནས་ཀྱང་དེ་བཞིན་དུ་ནན་ཏན་བྱ། བསྒྲུབ་པར་བྱ་བ་དེ་ནི་སོ་སོར་ཐར་པའི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པ་གདོན་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་བ་གདོན་པ་ལ་རྣམ་པ་ལྔ་སྟེ། གསོལ་བ་བྱས་ཏེ། གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲག་པར་བྱ་བ་དེ་ཡང་སོ་སོར་ཐར་པ་བསྒྲགས་ན་སོ་སོར་ཐར་པ་བཏོན་པ་ཞེས་བྱ་སྟེ། འདི་ནི་སོ་སོར་ཐར་པ་བཏོན་པ་དང་


DTG155_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །གསོལ་བ་བྱས་ཏེ། གླེང་གཞི་བཏོན་ནས་ཕམ་པར་གྱུར་པ་བཞི་བཏོན་ཏེ། ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲག་པར་བྱ་སྟེ། དེ་ཡང་སོ་སོར་ཐར་པ་གདོན་པ་གཉིས་པའོ། །གསོལ་བ་བྱས་ཏེ། གླེང་གཞི་བཏོན་ནས་ཕམ་པར་གྱུར་པ་བཞི་ཡང་བཏོན་དགེ་འདུན་ལྷག་མ་བཅུ་གསུམ་ཡང་བཏོན་ནས། ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲགས་པ་ནི་སོ་སོར་ཐར་པ་བཏོན་པ་ཡིན་ཏེ། འདི་ནི་སོ་སོར་ཐར་པ་གདོན་པ་གསུམ་པའོ། །གསོལ་བ་བྱས་ཏེ། གླེང་གཞི་བཏོན་ནས་ཕམ་པར་གྱུར་པ་བཞི་ཡང་བཏོན། དགེ་འདུན་ལྷག་མ་བཅུ་གསུམ་ཡང་བཏོན། མ་ངེས་པའི་ཆོས་གཉིས་ཀྱང་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲགས་པ་ནི་སོ་སོར་ཐར་པ་བཏོན་པ་ཡིན་ཏེ། འདི་ནི་སོ་སོར་ཐར་པ་གདོན་པ་བཞི་པའོ། །སོ་སོར་ཐར་པ་རྒྱས་པར་བཏོན་པ་ནི་ལྔ་པ་སྟེ། འདི་ནི་སོ་སོར་ཐར་པ་གདོན་པའི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པ་གདོན་པར་བྱེད་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་པ་འདོན་པའི་དགེ་སློང་གིས་སོ་སོར་ཐར་པའི་མདོ་དེ་ཁ་ཏོན་གསལ་པོར་བྱ། དྲན་པར་བྱ། ཤིན་ཏུ་གཏན་ལ་ཕེབས་པར་བྱ། ནམ་འདོན་པའི་ཚེ་མི་འཁྲུལ་པར་ལེགས་པར་བྱ། དེས་བདག་གི་རྒྱུད་ཀྱང་བརྟག་པར་བྱ་སྟེ། མཚན་མོའི་རྒྱུད་དང་ཉིན་མོའི་རྒྱུད་ལས་བདག་ལ་དེའི་སྐབས་སུ་ཉེས་པ་ལྟ་བུ་བྱུང་ངམ་མ་བྱུང་བ་བརྟགས་ཏེ། གལ་ཏེ་ཉེས་པ་བྱུང་བར་གྱུར་ན་ཡིད་བརྟན་པའི་དགེ་སློང་ཡོད་ན་དེའི་དྲུང་དུ་བཤགས་པར་བྱ་སྟེ། གལ་ཏེ་མེད་ན་རེ་ཞིག་གསོ་སྦྱོང་བྱས་ལ། དེའི་འོག་ཏུ་བདག་གིས་ལྟུང་བ་ཇི་ལྟར་ཆོས་བཞིན་དུ་ཕྱིར་བཅོས་པར་བྱའོ་སྙམ་དུ་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ལས་བྱུང་བ་བཞིན་དུ་དེས་ནན་ཏན་དུ་བྱ་བ་དེ་ནི་སོ་སོར་ཐར་བ་གདོན་པར་བྱེད་པའི་བྱ་བ་ཞེས་བྱའོ། །གནས་བརྟན་གྱི་བྱ་བ་གང་ཞེ་ན། གལ་ཏེ་དགེ་སློང་རྣམས་ཁྱིམ་པའི་དེར་ཟན་ལ་མགྲོན་དུ་བོས་ན། དེའི་ཚེ་དགེ་སློང་གནས་བརྟན་གྱིས་སྔ་ཟད་དུ་ཤམ་ཐབས་བགོ་བར་བྱ། བདག་རང་བྱུང་སྟེ་འདུག་པར་བྱ་བ་དེ་ནི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བར་མས་བྱ་བ་གང་ཞེ་ན། དགེ་སློང་བར་མས་ཀྱང་དགེ་སློང་གནས་བརྟན་མདུན་དུ་བྱས་ནས་གྲོང་དུ་འཇུག་པར་བྱའོ། །གལ་ཏེ་གནས་བརྟན་བཤང་བའམ། གཅི་བ་ཞིག་ཏུ་


DTG155_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ན་དེས་མི་རིང་བར་སོང་ལ་བསྡད་པར་བྱའོ། །གལ་ཏེ་རིང་དུ་སོང་ན་གྲོང་གི་ཉེ་འཁོར་དུ་སོང་ལ་བསྡད་པར་བྱའོ། །གལ་ཏེ་བྲམ་ཟེའམ། ཁྱིམ་བདག་གིས་སྦྲོན་པ་བཏང་ན་ཡང་གནས་བརྟན་འོངས་ཀྱི་བར་དུ་རེ་ཞིག་བསྡད་དགོས་སོ་ཞེས་སྨྲ་བར་བྱའོ། །གལ་ཏེ་ནང་དུ་སོན་པ་ཉིད་ན་ཡང་གནས་བརྟན་གྱི་སྟན་བཞག་སྟེ་འདུག་པར་བྱ། གལ་ཏེ་ལག་ཆུ་དྲངས་པའི་ཚི་གནས་བརྟན་ལ་གཏད་དོ་ཞེས་སྨྲ་བར་བྱའོ། །གལ་ཏེ་གནས་བརྟན་འོངས་པར་གྱུར་ན་ཡང་འཁོད་པ་ཐམས་ཅད་ལྡང་བར་བྱ་སྟེ། འདི་ནི་བར་མས་བྱ་བ་ཞེས་བྱའོ། །གསར་བུའི་བྱ་བ་གང་ཞེ་ན། དགེ་སློང་གསར་བུས་གཙུག་ལག་ཁང་དུ་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། ཕྱག་དར་དོར་བར་བྱ། བ་ལང་གི་ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱ། ཆུ་རྣམས་སོ་སོར་བཅུ་ཞིང་གཞག་པར་བྱ། སྟན་རྣམས་གདིང་བར་བྱ། ཟས་རྣམས་བསྐོས་པར་དྲང་བར་བྱ། བསྲོ་ཁང་དུ་བསྒྲུབ་པའི་རྣམ་པ་བྱ་སྟེ། དེར་ཤིང་བསྐྱལ་བར་བྱ། འབྲུ་མར་གཞག་པར་བྱ། ས་དང་ཕྱེ་མ་གཞག་པར་བྱ། ཆུ་གཞག་པར་བྱ། དགེ་སློང་གང་ལ་ཁས་བླངས་པ་དེ་དག་གི་ལས་བྱ་བར་བྱའོ། །ཀུན་དུ་སྤྱོད་པ་གཞན་ཡང་རུང་སྟེ། ཐམས་ཅད་གསར་བུས་བྱ་བའོ། །འདི་ལྟར་ཡང་དགེ་སློང་གསར་བུས་དགེ་སློང་གནས་བརྟན་རྣམས་ལ་ཕ་དང༌། ཕུ་ནུའི་འདུ་ཤེས་ཉེ་བར་གཞག་ཅིང༌། བཀུར་སྟི་དང་བཅས་པ་དང༌། བདག་ལ་དབང་ང་དང་བཅས་པ་དང༌། འཇིགས་པའི་དབང་དུ་གྱུར་པ་དང་བཅས་པ་དང༌། སངས་རྒྱས་དང༌། ཆོས་དང་དགེ་འདུན་ལ་དམིགས་པའི་སེམས་མངོན་དུ་གཞག་པར་བྱའོ། །ཀུན་དུ་སྤྱོད་པའི་ཆོས་རྣམས་ཇི་ལྟར་བཅས་པ་བཞིན་དུ་རྫོགས་པར་བྱ་བ་འདི་ནི། གསར་བུས་བྱ་བ་ཞེས་བྱའོ། །གནས་བརྟན་དང༌། བར་མ་དང༌། གསར་བུས་བྱ་བ་གང་ཞེ་ན། དགེ་སློང་གནས་བརྟན་དང་བར་མ་དང༌། གསར་བུ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བྱུང་བའོ་སྙམ་དུ་སེམས་མངོན་དུ་གཞག་པར་བྱ། སངས་རྒྱས་བཅོམ་ལྡན་འདས་མགོན་མཛད་པ་ལ་མགོན་ནོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། མྱ་ངན་ལས་འདས་པ་ལ་གཞོལ་བར་བྱ། བསླབ་པའི་གཞི་ཇི་ལྟར་བཅས་པ་རྣམས་ལ་ཀུན་དུ་སྤྱད་པར་བྱ། ཁྱད་པར་དུ་ཡང་འཇུག་པར་བྱ།


DTG155_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་ཁྱད་པར་ཐོབ་པའི་ཕྱིར་ནན་ཏན་བྱ་བ་འདི་ནི། གནས་བརྟན་དང༌། བར་མ་དང༌། གསར་བུས་བྱ་བ་ཞེས་བྱའོ། །བསྲོ་ཁང་དུ་བྱ་བ་གང་ཞེ་ན། དགེ་སློང་གང་གིས་ནང་དུ་གཞུག་པར་འདོད་ན། དེས་ཤེས་བཞིན་དུ་འགྲོ་བར་བྱ། ཤེས་བཞིན་དུ་འགྲེང་བར་བྱའོ། །ཤེས་བཞིན་དུ་འདུག་པར་བྱ། དྲན་པ་མངོན་དུ་གཞག་ཅིང་སེམས་མི་གཡེང་བར་བྱའོ། །སྤྱོད་ལམ་བཟང་བ་དང༌། ཤིན་ཏུ་མཛེས་པ་དང༌། ཤིན་ཏུ་བསྡམས་པ་དང༌། སྒྲ་བསྐྱུར་བ་དང༌། བསྐུར་སྟི་དང་བཅས་པ་དང༌། དབང་དུ་གྱུར་པ་དང་བཅས་པ་དང༌། འཇིགས་པའི་དབང་དུ་གྱུར་པ་དང་བཅས་པ་དང༌། ཡིད་དམན་པའི་སེམས་ཕྱག་དར་བ་ལྟ་བུ་དང༌། གནས་བརྟན་དང༌། བར་མ་དང༌། གསར་བུ་ལ་ཡང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་དང་རྗེས་སུ་བརྩེ་བའི་སེམས་སུ་བྱ། ཕ་དང་བུ་དང་ཕུ་ནུ་པོའི་འདུ་ཤེས་མངོན་དུ་གཞག་པར་བྱའོ། །དགེ་སློང་བསྲོ་ཁང་གི་ནང་དུ་ཞུགས་པས་གཏམ་སྣ་ཚོགས་མི་བྱ། གཏམ་འགལ་བ་མི་བྱའོ། །སྤྱོད་ལམ་གཉིས་ལ་འཇུག་པར་བྱ་སྟེ། འཕགས་པ་ཅི་ཡང་མི་སྨྲ་བའམ། ངེས་པའི་ཆོས་ཀྱི་གཏམ་ལ་འཇུག་པར་བྱ་སྟེ། འདི་ནི་བསྲོ་ཁང་གི་བྱ་བ་ཞེས་བྱའོ། །བསྲོ་ཁང་དུ་ཁྲུས་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བསྲོ་ཁང་བརྟེན་བ་རྗེས་སུ་གནང་བ་སྟེ། རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་ཡང་མ་ཡིན། འཁྲུལ་པའི་ཕྱིར་མ་ཡིན་གྱི། ལུས་འདི་གསོ་བའི་ཕྱིར་རོ། །བསྲོ་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་དབྱུང་བ་དང༌། ཕགས་པ་དང་མདངས་གསལ་བ་དང༌། པགས་པ་ལ་ཡོད་པའི་ནད་རྣམས་འབྱིན་པ་དང༌། རླུང་དང་བད་ཀན་རྣམས་མེད་པར་བྱེད་པ་དང༌། བསྲོ་ཁང་གིས་ནད་མེད་པར་བྱེད་པའོ། །གཞན་ཡང་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་འབྱང་བ་དང༌། པགས་པ་དང་མདངས་གསལ་བ་དང༌། པགས་པ་ལ་ཡོད་པའི་ནད་རྣམས་འབྱིན་པ་དང༌། རླུང་དང་བད་ཀན་རྣམས་མེད་པར་བྱེད་པ་དང༌། བསྲོ་ཁང་དུ་སྐྱོ་བ་སྐྱེ་བར་བྱེད་པའོ། །དགེ་སློང་གིས་བསྲོ་ཁང་དུ་ཁྲུས་བྱེད་པར་འདོད་ན། དེས་སྔར་མཁན་པོ་ལ་ཞུ་བར་བྱ། འཁྲུ་བའི་དུས་སུ་བརྗོད་པར་བྱ། ཤེས་བཞིན་དུ་བསྲོ་ཁང་གི་ནང་དུ་འཇུག་པར་བྱ། སྐྱིལ་མོ་ཀྲུང་བཅའ་བར་བྱ། འདུག་


DTG155_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདུ་ཤེས་མངོན་དུ་གཞག་པར་བྱ། ཁྲུས་བྱ། མདུན་དུ་འདུག་སྟེ་མི་བདེ་བར་མི་བྱ། དྲན་པ་མངོན་དུ་གཞག་ལ་ལས་རྣམས་བྱ། དགེ་སློང་གིས་ཀྱང་ལས་བྱེད་པ་ཉམས་སུ་བླང་བར་བྱ། སློབ་དཔོན་དང་མཁན་པོ་ལ་མ་ཞུས་ཀྱི་བར་དུ་མཚུངས་པ་རྣམས་ལས་མི་བྱ། མེད་ན་ཡང་བདག་གིར་མི་བྱ། སློབ་དཔོན་དང༌། མཁན་པོ་དང༌། ཞེ་འགྲས་པ་དེ་དག་དང༌། བདག་གིར་མི་གཞར། གལ་ཏེ་ཆུས་བླུགས་པར་འདོད་ན། ཆུ་གྲང་མོས་བསྲེས་ལ་བླུགས་སོ། །གལ་ཏེ་ཆུ་ཧ་ཅང་ཚ་ན་ཡང༌། ཆུ་ཚའོ་ཞེས་སྦྲན་པར་བྱའོ། །ཤེས་བཞིན་དུ་ཁྲུས་བྱས་ལ། བསྲོ་ཁང་དེ་ན་ཁྲིའུ་དང༌། རིལ་བ་དང༌། ཉ་ཕྱིས་དང༌། ཁྲུས་རས་དང༌། བསྲོ་ཁང་གི་ཡོ་བྱད་གཞན་ཅི་ཡོད་ཀྱང་རུང༌། ལེགས་པར་གཙང་སྦྲ་བྱས་ཏེ། གནས་གནས་སུ་གཞག་པར་བྱ་བ་འདི་ནི། བསྲོ་ཁང་དུ་ཁྲུས་བྱེད་པའི་བྱ་བ་ཞེས་བྱའོ། །བསྲོ་ཁང་དུ་གནས་བརྟན་གྱི་བྱ་བ་གང་ཞེ་ན། བསྲོ་ཁང་དུ་གནས་བརྟན་གྱིས་གསར་བུ་རྣམས་ཡོ་བྱད་ལ་ཞུགས་ན། བསླང་བར་མི་བྱ། བསྲོ་ཁང་དེར་ཆུང་ངུ་ན་ལུས་ལ་རྡུལ་བྱུང་བ་ཙམ་ཡང་བསླང་བར་མི་བྱའོ། །གལ་ཏེ་དགེ་སློང་རྣམས་སྤྱོད་ལམ་རྣམས་མི་མཛེས་པའམ། མི་བཟང་བར་འདུག་གམ། འོན་ཏེ་གཏམ་གྱི་སྦྱོར་བ་ལ་ཞུགས་ན་དགེ་སློང་གནས་བརྟན་གྱིས་སླར་བཟློག་ཅིང་བསྒོ་བར་བྱའོ། །རྗེས་སུ་བསྟན་པར་བྱ། ཇི་ལྟར་དེས་ཀུན་དུ་སྤྱོད་པའི་ཆོས་བཅས་པ་དེ་ལྟ་བུར་གཟུད་པར་བྱ་བ་དེ་ནི། བསྲོ་ཁང་དུ་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །མཁན་པོས་བྱ་བ་གང་ཞེ་ན། མཁན་པོས་ལྷན་ཅིག་གནས་པ་རྣམས་ལ་བསླབ་པར་བྱ། གསལ་བར་བྱ། བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། སྡིག་པ་ལས་བཟློག་པར་བྱ། དགེ་བ་ལ་གཟུད་པར་བྱ། སྡིག་པའི་གྲོགས་པོ་ཡང་བསྒྲལ་བར་བྱ། དགེ་བའི་བཤེས་གཉེན་ལ་གཞར་བར་བྱ། ལྷུང་བཟེད་ཀྱིས་བསྡུ་བར་བྱ། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་ཀྱིས་ཀྱང་ངོ༌། །རྗེས་སུ་དྲན་པ་དང༌། སླར་དྲི་བ་དང༌། ཁུར་འབོགས་པ་དང༌། ཁ་ཏོན་ལ་བཞག་པ་དང༌། ཡིད་ལ་བྱེད་པ་ལ་གཞུག་པར་བྱ། ཉེས་པ་ལས་བསླང་བར་བྱ། ནད་གཡོག་ལ་སོགས་པ་དང༌། སྤོང་བ་ལ་གཞུག་པར་བྱ་བ་དང༌། ནང་དུ་ཡང་དག་འཇོག་ལ་


DTG155_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང༌། གོང་མའི་ཁྱད་པར་རྟོགས་པར་བྱ་བ་ལ་ཀུན་དུ་སྤྱོད་དུ་གཞུག་པར་བྱའོ། །ལྷན་ཅིག་གནས་ལ་ཕྱོགས་གང་ན་མི་བདེ་བར་གནས་པ། དེ་ནས་འབྱུང་བར་བྱ་བ་དེ་ནི་མཁན་པོས་བྱ་བ་ཞེས་བྱའོ། །ལྷན་ཅིག་གནས་པར་བྱ་བ་གང་ཞེ་ན། ལྷན་ཅིག་གནས་པས་མཁན་པོ་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། རིམ་གྲོར་བྱ། མྱུར་དུ་ལྡང་བར་བྱ། མྱུར་དུ་འགྲོ་བར་བྱ། གུས་པར་བྱ། ཞུ་བར་བྱ་སྟེ། ལྷན་ཅིག་གནས་པས་མཁན་པོ་ལ་མ་ཞུས་ཀྱི་བར་དུ་སྣོད་སྤྱད་འདྲི་མ་པར་རེས་མི་བྱ། གཙུག་ལག་ཁང་སྐྱོང་གི་རེས་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། སྔ་རེས་མི་བྱ། ཕྱི་རེས་མི་བྱ། ཟླ་རེས་མི་བྱ། ཀླུང་ལ་སྤྱོད་པར་མི་བྱ། རི་ལ་སྤྱོད་པར་མི་བྱ། དུར་ཁྲོད་དུ་སྤྱོད་པར་མི་བ། ལྗོངས་རྒྱུ་བར་མི་བྱ། རྐང་པ་དག་བཀྲུ་བར་མི་བྱ། གནས་མལ་བཅའ་བར་མི་བྱ། ཆུ་བཅུ་བར་མི་བྱ། གྲོང་དུ་འཇུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། མི་རིགས་པའི་གང་ཟག་གཞར་བར་མི་བྱ། དེ་ལྟ་བུའི་གྲོང་དུ་འཇུག་པའང་བདག་གིར་མི་བྱ། དེ་འདྲ་བའི་དྲུང་ནས་བསྙེན་བཀུར་ཡང་བདག་གིས་བླང་བར་མི་བྱ། ལྷུང་བཟེད་བླང་བར་མི་བྱ། ཆོས་གོས་བླང་བར་མི་བྱ། ཟས་བླང་བར་མི་བྱ། སྨན་བླང་བར་མི་བྱ། ཡོ་བྱད་གཞན་གང་ཡང་རུང་བ་བྱིན་ན་བདག་གིར་མི་བྱའོ། །དེ་ལྟ་བུ་ལ་བསྙེན་བཀུར་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཆོས་གོས་སྦྱིན་པར་མི་བྱ། ཟས་སྦྱིན་པར་མི་བྱ། སྨན་སྦྱིན་པར་མི་བྱ། ཡོ་བྱད་གང་ཡང་རུང་བ་སྦྱིན་པར་མི་བྱ། དེ་འདྲ་བའི་གང་ཟག་གི་དྲུང་ནས་ལུང་འབོགས་པ་བླང་བར་མི་བྱ། དྲན་པར་བྱ་བ་མ་ཡིན། ཡོངས་སུ་དྲི་བར་བྱ་བ་མ་ཡིན། ཡིད་ལ་བྱ་བ་མི་དྲིའོ། །དེ་ལྟ་བུ་དག་ལའང་ལུང་འབོགས་པ་མི་སྦྱིན། དྲན་པ་མ་ཡིན། ཡོངས་སུ་དྲི་བ་མ་ཡིན། ཡིད་ལ་བྱ་བ་མེ་བསྟེན་ཏེ། བྱ་བ་ཐམས་ཅད་མཁན་པོ་ལ་མ་ཞུས་ཀྱི་བར་དུ་མི་བྱའོ། །ལས་རྣམ་པ་གསུམ་མ་གཏོགས་ཏེ། བཤང་གཅི་དང༌། སོ་ཤིང་དོར་བ་དང༌། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱ་བའམ། གལ་ཏེ་མཁན་པོའི་ལྷུང་བཟེད་བཀྲུ་བའམ། བསྲེག་པར་འོས་པར་གྱུར་ན་ཡང་དེ་ལ་ལྷན་ཅིག་གནས་པས་ཅི་ནས་ཀྱང་མཁན་པོའི་ལྷུང་བཟེད་ཀྱི་ལས་བདག་གིས་བྱའོ་ཞེའམ། གཞན་བྱེད་དུ་གཞུག་གོ་ཞེས། ལྷན་ཅིག་གནས་པས་བརྩོན་པ་ཤས་ཆེས་པོས་མྱུར་དུ་བསྒྲུབ་པར་བྱའོ། །གལ་ཏེ་མཁན་པོས་ཆོས་གོས་བསྲུབ་པའམ། བཀྲུ་བའམ། ཁ་


DTG155_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བར་འོས་པར་གྱུར་ན་ཡང༌། དེ་ལ་བདག་གི་མཁན་པོའི་ཆོས་གོས་ལས་བདག་གིས་བྱའོ་ཞེའམ། གཞན་བྱེད་དུ་གཞུག་གོ་ཞེས་ལྷན་ཅིག་གནས་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོ་ན་བར་གྱུར་ན་ཡང༌། དེ་ལ་བདག་ཉིད་ཀྱིས་མཁན་པོ་ན་བའི་ནད་གཡོག་བྱའོ་ཞེའམ། ནད་གཡོག་བྱེད་དུ་གཞུག་གོ་ཞེས་ལྷན་ཅིག་གནས་པས་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོ་ལ་ཐེ་ཚོམ་ཞིག་སྐྱེས་པར་གྱུར་ན། དེ་ལ་ཅི་ནས་བདག་གི་མཁན་པོ་ཐེ་ཚོམ་དུ་སྐྱེས་པ་དེ་བདག་ཉིད་ཀྱིས་སླར་བསྩལ་ཞེའམ། གཞན་མཁན་པོའི་ཐེ་ཚོམ་བསལ་དུ་གཞུག་གོ་ཞེས་ལྟན་ཅིག་གནས་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོ་སྡིག་པ་ཅན་གྱི་ལྟ་བ་སྐྱེས་པར་གྱུར་ན་ཡང་དེ་ལ་ཅི་ནས་བདག་གིས་མཁན་པོ་སྡིག་པའི་ལྟ་བ་སྐྱེས་པར་གྱུར་པ་དེ་བདག་ཉིད་ཀྱིས་སླར་གཏང་བར་བྱའོ་ཞེའམ། གཞན་ལ་སླར་གཏོང་དུ་གཞུག་གོ་ཞེས་ལྷན་ཅིག་གནས་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོ་ལ་ཆད་པའི་ལས་ཀྱིས་གཅོད་པར་བྱེད་དམ། བཅད་ཀྱང་རུང་སྟེ། ངེས་པར་འབྱུང་བར་བྱའོ་ཞེས་ལྷན་ཅིག་གནས་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོས་གནས་ནས་དབྱུང་བའི་ལས་མངོན་དུ་བྱས་པར་འགྱུར་རམ། བྱས་ཀྱང་རུང་སྟེ། དེ་ལ་ཅི་ནས་བདག་གིས་མཁན་པོ་ལ་གནས་ནས་ཕྱུང་བའི་ལས་མངོན་དུ་བྱེད་ཀྱང་རུང༌། བྱས་ཀྱང་རུང་སྟེ། ངེས་པར་འབྱུང་སྙམ་དུ་ལྷན་ཅིག་གནས་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་མཁན་པོ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོ་ལ་སྤྲོ་བ་སྦྱིན་པའམ། གཞི་ནས་སྤྲོ་བའམ། སྤྲོ་བ་སྤྱད་ཟིན་ན། མགུ་བར་བྱ་བ་སྦྱིན་པའམ། གཞི་ནས་མགུ་བར་བྱ་བའམ། མགུ་བར་བྱ་བ་སྤྱད་ནས་དབྱུང་བ་སྦྱིན་པར་བྱའོ་ཞེས་ལྷན་ཅིག་གནས་པས་སྤྲོ་བ་བསྐྱེད་པར་གྱུར་ན་ལེགས་སྤྲོ་བ་མ་སྐྱེས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟར་ལྷན་ཅིག་གནས་པས་མཁན་པོ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་རུང་སྟེ། དེ་ལ་སྤྲོ་བ་བསྐྱེད་པར་བྱ་བ་དེ། གཞན་དུ་མཁན་པོས་ཀྱང་ལྷན་ཅིག་གནས་པ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་སྟེ། ཞུ་བ་རྣམས་ནི་མ་གཏོགས་སོ། །ལྷན་ཅིག་གནས་པས་


DTG155_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོའི་སྟན་གདིང་བར་བྱ། རྐང་པ་བཀྲུ་བའི་ཆུ་དང༌། ལྷམ་ཡང་བཤམས་ཏེ། ཕྱོགས་གཅིག་ཏུ་གཞག་པར་བྱ། རྐང་པ་བགྲུ་བར་བྱ། བསྐུར་བར་བྱ། མལ་བྱའོ། །གཅི་བའི་སྣོད་དང༌། བཤང་བའི་སྣོད་བཤམས་ཏེ་གཞག་པར་བྱ། གལ་ཏེ་ལུང་ཞིག་ནོད་པར་གྱུར་ན་ཡང་ལུང་ནོད་པར་བྱ། ཡིད་ལ་བྱེད་པ་ཞིག་ནོད་དགོས་པ་བྱུང་ན་ཡང་ཡིད་ལ་བྱེད་པ་ནོད་པར་བྱ་སྟེ། ཕྱོགས་གཅིག་ཏུ་འོངས་ཏེ། འདུག་ནས་བསྒོམ་པར་བྱའོ། །ནང་པར་ལངས་ནས་གཅི་བའི་སྣོད་དང་བཤང་བའི་སྣོད་དབྱུང་བར་བྱ། མཁན་པོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། མཁན་པོ་བདེ་བར་མཛད་ནས། བདེ་བར་བགྱིས་སམ། བདེ་བར་སྤྱད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་ན་བར་གྱུར་ན་ཡང༌། ན་བའི་གསོས་སྨན་དང་གཡོག་ལ་སྤྲོ་བ་བསྐྱེད་པར་བྱ། གལ་ཏེ་མིན་ན་ནི་བདེ་བར་བཏང་སྙོམས་སུ་གཞག་གོ །གལ་ཏེ་དགེ་འདུན་གྱི་ཟས་ཞིག་གམ་མགྲོན་དུ་བོས་པའི་ཟས་ཀྱང་རུང་སྟེ། མཁན་པོ་ལ་དགེ་འདུན་གྱི་ཟས་མཆིས་ཀྱིས་དེང་བདེ་བར་སྤྱོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་བསོད་སྙོམས་ཀྱི་ཟས་ཡིན་ན་ཡང༌། མཁན་པོ་བསོད་སྙོམས་ལ་གཤེགས་ཀྱི་ཆོས་ཤིག་ཅེས་བསྒོའོ། །ལྷན་ཅིག་གནས་པས་མཁན་པོ་ལ་སོ་ཤིང་དང༌། ཆུ་བདེ་བ་དང༌། བ་ལང་གི་ལྕི་བ་དང༌། ཕྱེ་མ་དབུལ་བ་དང༌། ནམ་མཁན་པོའི་ཆས་དེ་རྣམས་ཟིན་པ་དེ་ནི་ལྷུང་བཟེད་དང༌། ཆོས་གོས་བསྟབ་པར་བྱ། གལ་ཏེ་དགེ་འདུན་དང་ལྷན་ཅིག་བསོད་སྙོམས་ལ་འཇུག་ན་ནི། མཁན་པོ་མདུན་དུ་བཏང་ལ། བདག་གི་གྲལ་གང་དུ་བསམས་ནས་འགྲོ་བར་བྱའོ། །གལ་ཏེ་གང་ཟག་དང་ལྷན་ཅིག་བསོད་སྙོམས་ལ་འཇུག་ན་ནི་མཁན་པོའི་སྣམ་སྦྱར་དང༌། ལྷུང་བཟེད་དང་ཁར་གསིལ་བསྐུར་བར་བྱ། གལ་ཏེ་རླུང་དང༌། ཆར་པ་དང༌། དུས་གྲང་བ་ཞིག་ཏུ་གྱུར་ན། མཁན་པོའི་སྣམ་སྤྱར་འོག་ཏུ་བཅུག་ལ་བདག་གི་སྟེང་དུ་དབྱུང་བར་བྱའོ། །གལ་ཏེ་བདག་གི་ཡུལ་དྲོན་བདག་གི་སྣམ་སྦྱར་འོག་ཏུ་བཅུག་ལ། མཁན་པོའི་སྟེང་དུ་དབྱུང་སྟེ། ལྷན་ཅིག་གནས་པ་མཁན་པོའི་མདུན་དུ་ཡོངས་ལ་ཟིལ་པ་ལ་སོགས་པ་བསལ་བར་བྱ། གལ་ཏེ་ཆུ་འགྲམ་མམ། གད་ཀའམ། གཡང་ས་ཞིག་ན་མཁན་པོའི་ལག་པ་ནས་བཟུང་སྟེ། དྲང་བར་བྱའོ། །


DTG155_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་གྲོང་མཐར་ཕྱིན་པ་ན། སྣམ་སྦྱར་དང༌། ལྷུང་བཟེད་དང༌། ཁར་གསིལ་དབུལ་བར་བྱ། ཕུལ་ཏེ་མཁན་པོ་མདུན་དུ་བཏང་ནས་གྲོང་གི་ནང་དུ་འཇུག་པར་བྱའོ། །གལ་ཏེ་སྐས་སམ། ཐེམ་སྐས་ལ་འཛེགས་ན་ཡང་ལྷན་ཅིག་གནས་པ་མདུན་དུ་འཛེགས་ལ་ལག་པ་ནས་དྲང་བར་བྱའོ། །དེར་ཆོས་དང་ལྡན་པའི་རྙེད་པ་གྲུབ་ན་ཡང་བདག་གིས་བླང་བར་བྱ། བདག་གིས་བསོད་སྙོམས་བརྒྱུས་ཏེ། སླར་གྲོང་གི་ཕྱི་རོལ་དུ་ཕྱུང་ནས། མཁན་པོའི་སྣམ་སྦྱར་དང༌། ལྷུང་བཟེད་དང༌། ཁར་གསིལ་བླངས་ཏེ། མཁན་པོ་མདུན་དུ་བཏང་ནས་གཙུག་ལག་ཁང་དུ་འདོད་པར་བྱའོ། །དེར་ལྷགས་ནས་ལྷུང་བཟེད་དང༌། ཆོས་གོས་བཞག་སྟེ། མཁན་པོའི་གདན་གདིང་བར་བྱ། རྐང་པ་བཀྲུ་བའི་ཆུ་དང༌། ལྷམ་བརྟེན་ཏེ་གཞག་ལ་རྐང་པ་བཀྲུ་བར་བྱའོ། །དེ་ནས་དུས་ལ་བབ་པར་གྱུར་ན། མཁན་པོའི་ལྷུང་བཟེད་ཀྱི་གཞི་གདིང་ཞིང༌། ལྷུང་བཟེད་དབུལ་བར་བྱའོ། །བདག་གིས་བཅའ་བ་དང༌། ཞིམ་པ་དང༌། དམ་པ་ཅི་ཡོད་པ་མཁན་པོ་ལ་དབུལ་བར་བྱ། མཁན་པོས་ཀྱང་བླང་བའི་ཚོད་རིག་པར་བྱ། ཟས་ཀྱི་བྱ་བ་བྱས་པ་དང༌། བདེ་བའི་ཆོས་བསྙད་པར་བྱ། བ་ལང་གི་ལྕི་བ་དང༌། ཕྱེ་མས་ལྷུང་བཟེད་བཀྲུས་ལ། ལྷུང་བཟེད་དང༌། ཆོས་གོས་ལྟར་གཞག་པར་བྱ། མཁན་པོ་ལ་ཕྱག་བྱས་ནས། མཁན་པོ་བཞིན་བཞུགས་སམ། ཉིན་མོ་སྤྱོད་པར་གཤེགས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་ཉིན་མོ་སྤྱོད་དུ་འགྲོ་བ་ན་ཡང༌། མཁན་པོའི་ཁྲི་དང་གདིང་བ་དང༌། རིལ་བ་སྤྱི་བླུགས་ཁྱེར་ལ་མཁན་པོ་མདུན་དུ་བཏང་སྟེ། ཉིན་མོ་སྤྱོད་ས་གང་དུ་སྤྱོད་པར་འགྲོ་བར་བྱའོ། །སོང་ནས་མཁན་པོའི་སྟན་བཏིང་ལ་ལུང་ནོད་དགོས་ན་ཡང་ལུང་ནོད་པར་བྱ། ཡིད་ལ་བྱེད་པ་ནོད་དགོས་ན་ཡང་ཡིད་ལ་བྱེད་པ་མནོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་བསྒོམ་པར་བྱའོ། །དེ་ནས་དུས་ལ་བབ་ན་མཁན་པོའི་ཁྲོ་འུ་དང༌། གདིང་བ་དང༌། རིལ་བ་སྤྱི་བླུགས་ཁྱེར་ཏེ། མཁན་པོ་མདུན་དུ་བྱ་སལ་འགྲོ་བར་བྱའོ། །གལ་ཏེ་གསོ་སྦྱོང་གི་དུས་ལ་བབ་སྟེ། འདུ་བར་གྱུར་ན་མཁན་པོའི་སྟན་ལྟེབས་ན་བརྐྱང་བར་བྱ། བརྐྱང་ན་ནི་ལེགས་པར་གདིང་བར་བྱ། དེ་ནས་དུས་སུ་བསྒོ་


DTG155_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ལག་པ་གཡོན་པས་ནི་མཁན་པོའི་ལག་པ་ནས་བཟུང་ལ། གཡས་པས་ནི་མེ་ཏོག་ཐོགས་ཏེ། མཁན་པོ་མདུན་དུ་བྱས་ལ། གསོ་སྦྱོང་གི་གནས་སུ་འོང་བར་བྱའོ། །ནམ་སོ་སོར་ཐར་པའི་མདོ་འདི་ནོད་ཟིན་ནས་མཁན་པོའི་དྲུང་དུ་ཡོངས་ལ་མཁན་པོ་ཅི་གཤེགས་སམ། ཆོས་གསན་ཅིང་བཞུགས་ཞེས་དྲི་བར་བྱའོ། །གལ་ཏེ་འགྲོ་ན་ནི་ལག་པ་གཡོན་པས་ནི་མཁན་པོ་བཟུང༌། གཡས་པས་ནི་མར་མེ་ཐོགས་ཏེ། མཁན་པོ་མདུན་དུ་བྱས་ལ། གཙུག་ལག་ཁང་དུ་འགྲོ་བར་བྱའོ། །གལ་ཏེ་བསྲོ་ཁང་དུ་ཁྲུས་བྱེད་པར་གྱུར་ན། ནང་པར་སྔར་ལངས་ནས་མཁན་པོ་ལ་དེང་བསྲོ་ཁང་དུ་ཁྲུས་མཛད་ཀྱི་ཆར་གསོལ་ཞེས་བསྒོ་བར་བྱའོ། །ལྷན་ཅིག་གནས་པས་མཁན་པོའི་ཕྱིར་བསྲོ་ཁང་གི་སྟན་དང༌། ཁྲིའུ་དང༌། རིལ་བ་སྤྱི་བླུགས་དང༌། ཁྲུས་རས་དང༌། བསྲོ་ཁང་གི་གཞན་གང་ཡང་རུང་སྟེ། ཁྱེར་ལ་མཁན་པོའི་མདུན་དུ་བྱས་ནས་བསྲོ་ཁང་དུ་དོང་བར་བྱ། དེར་འོངས་ནས་ཀྱང་ཆོས་གོས་ཕྱོགས་གཅིག་ཏུ་གཞག་ལ། མཁན་པོ་ལས་མི་ཉེ་མི་རིང་བར་འདུག་པར་བྱ། ནམ་མཁན་པོ་རྡུལ་བར་གྱུར་ན། དེ་ན་ལྷན་ཅིག་གནས་པ་དེས་དེ་ལ་རིམ་བཞིན་དུ་རྗེས་སུ་ལས་རྣམས་བྱས་ཏེ། དང་པོར་བཀྲུ་བར་བྱ། བཀྲུས་ནས་མདུན་དུ་བྱས་ཏེ། གཙུག་ལག་ཁང་དུ་བསྐྱལ་བར་བྱ། དེའི་འོག་ཏུ་བདག་ཉིད་བསྲུང་བར་བྱ། གལ་ཏེ་ལྷན་ཅིག་གནས་པ་དེ་མཁན་པོའི་དྲུང་དུ་དགེ་བའི་ཆོས་མི་འཕེལ་བར་གྱུར་ན། མཁན་པོ་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་འདི་ལ་གཏད་དུ་གསོལ་ཞེས་སྨྲ་བར་བྱའོ། །མཁན་པོས་ཀྱང་དགེ་སློང་ལ་དགེ་སློང་འདི་ཅི་འདྲ། དེའི་རྗེས་སུ་འབྲང་བ་དང༌། དྲུང་ན་འདུག་པ་ཅི་འདྲ། འདི་ལུང་རྣམས་འབོགས་སམ། གལ་ཏེ་མི་འབོགས། རྗེས་སུ་སྟོན་ཏམ། གལ་ཏེ་མི་སྟོན་བརྟག་པར་བྱའོ། །དཔྱད་པར་བྱའོ། །དེ་བཞིན་དུ་བརྟགས་དཔྱད་ནས། གལ་ཏེ་འོས་པར་གྱུར་ན་དེ་ལ་གཏད་པར་བྱ། གལ་ཏེ་འོས་བ་མ་ཡིན་ན་ནི་གཞན་ལ་གཏད་པར་བྱའོ། །གལ་ཏེ་མཁན་པོ་ཉིད་འོས་པ་མ་ཡིན་ཏེ། ཚུལ་དང་མི་ལྡན་ན་མ་ཞུས་ཕར་ཡོད་ཡང་བླ་སྟེ། འདི་ནི་ལྷན་ཅིག་གནས་པས་བྱ་བ་ཞེས་བྱའོ། །སློབ་དཔོན་གྱི་བྱ་བ་གང་ཞེ་ན། སློབ་དཔོན་གྱི་ཉེ་གནས་རྣམས་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ་


DTG155_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གང་ན་ཉེ་གནས་དེ་ཉོན་མོངས་ཤིང་འདུག་པར་གྱུར་ན། ཕྱོགས་དེ་ནས་དགུག་པར་བྱ། དགུག་ཏུ་གཞུག་པར་བྱ་སྟེ། འདི་ནི་སློབ་དཔོན་གྱི་བྱ་བ་ཞེས་བྱའོ། །ཉེ་གནས་ཀྱི་བྱ་བ་གང་ཞེ་ན། ཉེ་གནས་ཀྱིས་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་ལ། རིམ་གྲོ་བྱ་བ་ནས། སྔ་མ་བཞིན་དུ་མ་གུས་ཀྱང་འགྲོ་བར་བྱ་བའི་བར་དུ་སྟེ་དེ་ནི་ཉེ་གནས་ཀྱི་བྱ་བ་ཞེས་བྱའོ། །དགེ་ཚུལ་གྱི་བྱ་བ་གང་ཞེ་ན། དགེ་ཚུལ་གྱིས་མཁན་པོ་དང་སློབ་དཔོན་ལ་སྟོན་པའི་སྙམ་དུ་འདུ་ཤེས་མངོན་དུ་གཞག་ལ་རིམ་གྲོ་བྱ་བ་ནས་སྔ་མ་བཞིན་ནོ། །གལ་ཏེ་སློབ་དཔོན་དང་མཁན་པོ་སྡིག་པ་ཅན་གྱི་ལྟ་བ་སྐྱེས་པར་གྱུར་ན་རང་གིས་ལྟ་བ་གཏང་བར་བྱ། ཡང་ན་གཏོང་དུ་གཞུག་པར་བྱ། གལ་ཏེ་དེ་ལྟར་བརྩོན་པ་ཤས་ཆེན་པོས་བསྒྲུབ་ན་ནི་དེ་ལྟ་ན་ལེགས། མི་བསྒྲུབ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལ་ཡང་དགེ་ཚུལ་གྱིས་ཇི་ལྟར་སློབ་དཔོན་དང་མཁན་པོ་ལ་བྱུང་ཞིང་བྱུང་བར་གྱུར་པ་རྣམས་ལ་ཇི་ལྟར་བྱའོ་ཞེས་སྤྲོ་བ་བསྐྱེད་པར་བྱ་བ་དེ་བཞིན་དུ། སློབ་དཔོན་དང་མཁན་པོས་ཀྱང་དགེ་ཚུལ་མ་བྱུང་ཞིང་བྱུང་བར་གྱུར་པ་རྣམས་ཇི་ལྟར་བྱ་ཞེས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ལ་ཞུ་བ་རྣམས་ནི་མ་གཏོགས་སོ། །དགེ་ཚུལ་གྱིས་སློབ་དཔོན་དང་མཁན་པོ་སྟན་གདིང་བ་ལ་སོགས་པའི་བྱ་བ་སྔ་མ་བཞིན་ཏེ། བདག་ཉིད་ཐ་མར་བཀྲུ་བར་བྱ་བའི་བར་དུ་འདི་ལྟར་དགེ་ཚུལ་གྱིས་རྩྭ་སྔོན་པོ་རྣམས་བསྒྲུབ་པར་བྱའོ། །མེ་ཏོག་རྣམས་བཏོགས་པར་བྱ། འབྲས་བུ་རྣམས་བཏོགས་པར་བྱ། སོ་ཤིང་རྣམས་སྦྱིན་པར་བྱ། ལྷུང་བཟེད་ཀྱི་གཞི་ལོ་མ་རྣམས་སྦྱིན་པར་རུང་བར་བྱ་སྟེ། དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་བྱེད་པར་གྱུར་ན། དེར་དགེ་སློང་གིས་ཇི་ལྟར་མི་དེ་མི་ཤོར་བར་ཟིན་པར་བྱ། གལ་ཏེ་རྣམ་གྲངས་གང་གིས་ཀྱང་མ་ཟིན་པར་གྱུར་ན། གཞན་དག་ལ་བབ་ཅོལ་དུ་མི་སྨྲ་བར་ཐོག་མར་རྒྱལ་པོའི་གནང་ཆེན་རྣམས་ལ་བསྒོ་བར་བྱ། དེའི་འོག་ཏུ་བཙུན་མོ་དང༌། གཞོན་ནུ་དང༌། བློན་པོ་དང༌། ཁྲོམ་གྱི་རུ་སྣ་དང༌། ཞང་བློན་དང༌། ཞ་འབྲིང་གཉུག་མ་རྣམས་ལ་བསྒོ་བར་བྱའོ། །དེ་ལ་ནན་ཏན་དུ་བྱ་བ་ནི་ཅི་ནས་ཚིག་གིས་བསྟན་པའི་མཚམས་ཀྱིས་ཐར་བར་འགྱུར་གྱིས། བསད་པའི་ལས་རྣམས་མི་འབྱུང་བར་བྱ་སྟེ། དེ་ནི་ནན་ཏན་དུ་


DTG155_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཞེས་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་གང་ཞེ་ན། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་སྔོན་དུ་འགྲོ་བའི་དགེ་སྦྱོང་ལས་རིང་ནས་ཀྱང་མ་ཡིན། ཤིན་ཏུ་བསྙེན་ཏེ་ཡང་མ་ཡིན། ཕྲག་པ་སྤྲད་ཅིང་འགྲོ་བར་མི་བྱ། ཁྱིམ་གྱི་ནང་དུ་འཇུག་ན་ཡང་གཏམ་གློ་བུར་དུ་དེ་ལ་མི་བྱ། ཕྱི་ནས་སྨྲ་བར་བྱ། དེས་བསྒོ་བ་རྣམས་བྱའོ། །བཀུར་སྟི་བྱ། བདག་དམན་པར་བྱ། འཇིགས་པའི་དབང་དུ་འགྱུར་བར་བྱ། སྔོན་དུ་འགྲོ་བའི་དགེ་སྦྱོང་གིས་ཆོས་མ་ཡིན་པར་སྨྲ་ན་སླར་དགག་པར་བྱ། ཆོས་བཞིན་དུ་སྨྲ་ན་རྗེས་སུ་ཡི་རང་བར་བྱའོ། །དེ་ལ་ཆོས་དང་ལྡན་པའི་རྙེད་པ་བྱུང་ན་བླང་བར་བྱ་སྟེ། འདི་ནི་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་གི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་འཇུག་པའི་བྱ་བ་གང་ཞེ་ན། ཁྱིམ་དུ་ཞུགས་པའི་དགེ་སློང་གིས་དྲེགས་པར་མི་བྱ། ང་རྒྱལ་མི་བསྐྱེད། མི་བརྟན་པར་མི་བྱ། བྱུང་རྒྱལ་དུ་སྨྲ་བར་མི་བྱ། མི་གཙིགས་པར་མི་བྱ། ཡང་དག་པར་ཤེས་པར་བྱ། དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེང་པར་བྱ། དགའ་བར་འགྱུར་བ་དང༌། སྤྱོད་ལམ་མཛེས་པར་བྱ། ཤིན་ཏུ་བསྡམས་པ་དང༌། ཤིན་ཏུ་བཅབས་པ་དང༌། སྒྲ་ཆུང་བ་དང༌། མི་གཡེང་བ་དང༌། གཉའ་ཤིང་གང་ཙམ་དང༌། མི་གཡེང་བར་བྱ། བཀུར་སྟི་དང་བཅས་པ་དང༌། བདག་ཉིད་དམན་པ་དང༌། བཅས་པ་དང༌། འཇིགས་པའི་དབང་དུ་གྱུར་པ་དང༌། བཅས་པ་དང༌། ཡིད་དམན་པ་དང༌། ཕྱག་དར་བ་ལྟ་བུའི་སེམས་སུ་བྱ། རྙེད་པ་དང་བཀུར་སྟི་ལ་འདོད་པར་མི་བྱ། ཕན་པར་བྱེད་པ་དེ་ནི་གྲོང་དུ་ཉེ་བར་འཇུག་པར་བྱེད་པའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་གང་ཞེ་ན། དགེ་སློང་གྲོང་དུ་འགྲོ་འདོད་ན། ཤེས་བཞིན་དུ་འགྲོ་བར་བྱ། དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། དབང་པོ་བསྡམས་པར་དང༌། ཡིད་མི་གཡེང་བར་བྱ། སྔ་ཕྱིའི་འདུ་ཤེས་དང༌། བླ་འོག་ཤེས་པ་ཉེ་བར་གཞག་པར་བྱའོ།། དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན་ཉེས་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། དུས་མ་ཡིན་པར་དགེ་སློང་འཁོད་པ་རྣམས་ལ་མ་བསྒོ་བར་གྲོང་དུ་འཇུག་པ་དང༌། མ་བརྟགས་པར་སྟན་ལ་འདུག་པ་དང༌། རིག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཚིག་ལྔ་འམ། དྲུག་


DTG155_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷག་པར་ཆོས་སྟོན་པ་དང༌། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པར་བྱེད་པ་དང༌། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱ་སྟེ་སྟན་ལ་འདུག་པར་བྱེད་པའོ། །དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན། གཞན་ཡང་ཉེས་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། ཕྱིར་ཞིང་བུད་མེད་ལ་ལྟ་བ་དང༌། ལྟ་བ་ལས་ཀྱང་གཏམ་ཟེར་བ་དང༌། གཏམ་ཟེར་བ་ལས་ཆགས་པར་འགྱུར་བ་དང༌། ཆགས་པ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་མ་དད་བཞིན་དུ་མི་ཚངས་པར་སྤྱོད་པར་འགྱུར་ཏེ། ཉེས་པ་འབྱུང་བར་འགྱུར་བའམ། ཡང་ན་བསླབ་པ་ཕུལ་ཏེ་བབས་པར་འགྱུར་པའོ། །དྲན་པ་ཉེ་བར་གཞག་པ་བཞིན་དུ། གྲོང་གི་ནང་དུ་འཇུག་ན་ཉེས་དམིགས་ཏེ་ལྟ་བུ་འབྱུང་བར་མི་འགྱུར་ཏེ། དེ་ནི་གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་སོང་བའི་བྱ་བ་གང་ཞེ་ན། གྲོང་དུ་ཉེ་བར་སོང་བའི་དགེ་སློང་གིས་གཏམ་སྣ་ཚོགས་སྨྲ་བར་མི་བྱ། གཏམ་འགལ་བར་མི་བྱ། ཆོས་གཏམ་སྨྲ་བར་བྱ། གཏམ་རྒྱུད་མི་ཆད་པར་བྱ། ཁྱིམ་པ་རྣམས་ལ་ཆོས་ཡང་དག་པར་བསྟན་པར་བྱ། བསྟབས་པ་དང། ཡང་དག་པར་གཟེངས་བསྟོད་པར་བྱ། རབ་ཏུ་དགའ་བར་བྱ། ཕྱིར་ཞིང་ཡང་དག་པར་དད་པར་བྱ། སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་འཛིན་དུ་གཞུག་པ་དང༌། གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང༌། ཚངས་པར་སྤྱོད་པ་ལ་གནས་པ་དང༌། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། སྐྱེས་བུ་དམ་པ་ལ་བསྙེན་པ་དང༌། དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བྱེད་པ་དང༌། ལམ་མ་ཡིན་པ་ལས་ལམ་དུ་དེ་ལྟར་ཡང་དག་པར་བསྒྲག་པར་བྱ། ཡེ་ཤེས་དང་ལྟ་བ་རྣམ་པར་སྦྱང་བར་བྱ་སྟེ། དེ་ནི་གྲོང་དུ་ཉེ་བར་སོང་བའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་དུ་ཉེ་བར་སོང་བའི་དགེ་སློང་གནས་བརྟན་གྱིས་དེ་ན་དགེ་སློང་གསར་བུ་རྣམས་ལ་བསྒོ་


DTG155_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། རྗེས་སུ་བསྟན་པར་བྱ། ཅི་ནས་རྒྱགས་པ་དང༌། དྲེགས་པ་དང༌། ལུས་བཙོགས་པ་དང༌། རྩེད་མོ་མི་བྱེད་པར་བྱ། དགའ་བར་འགྱུར་བར་གཞུག་པར་བྱ། ཇི་ལྟར་ཀུན་དུ་སྤྱོད་པར་བཅས་པ་མ་གཞུག་པར་བྱ། དེ་དག་གིས་ཀྱང་དེས་ཇི་ལྟར་བསྒོ་བ་དང༌། རྗེས་སུ་བསྟན་པའི་ཚིག་རྣམས་མཉན་པར་བྱ་སྟེ། དེ་ནི་གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གཉུག་མར་གནས་པའི་བྱ་བ་གང་ཞེ་ན། གཞི་ན་གནས་པའི་དགེ་སློང་གིས་མདངས་གསལ་བ་དང༌། ཁྲོ་གཉེར་མེད་པར་བྱ། དྲན་པ་མངོན་དུ་འགྲོ་བ་དང༌། ཐོག་མར་སྨྲ་བར་བྱ་སྟེ། ཚུར་ཤོག་འོངས་པ་ལེགས་སོ། །ཞེས་ཚིག་སྙན་པ་དང༌། ཚིག་ཡིད་དུ་འོང་བ་དང༌། དགའ་བར་འགྱུར་བ་སྨྲ་བར་བྱ། གློ་བུར་དུ་ལྷགས་པའི་དགེ་སློང་དག་མཐོང་ནས་མཛའ་བཤེས་ཀྱི་ཚུལ་གྱིས་མདུན་དུ་བསྡུ་བར་བྱ། སྙན་པའི་ཚིག་གིས་རབ་ཏུ་དགའ་བར་བྱ། བདེ་བར་བརྒྱུས་སམ། བདེ་བར་ལྷགས་ཞེས་དྲི་བར་བྱ། གལ་ཏེ་རྒན་པ་ཡིན་ན་ནི་དེ་ལ་ཕྱག་འཚལ་ནས། དེའི་ལྷུང་བཟེད་དང༌། ཆོས་གོས་བླངས་ཏེ། གཙུག་ལག་ཁང་གི་ནང་དུ་བཅུག་ལ། སྟན་ལ་གཞག་པར་བྱ། རྐང་པ་བཀྲུ་ཞིང་བླང་པར་བྱ། སྐོམ་ན་ཆུ་གྲང་མོ་བླུད་པར་བྱ། ཇི་ལྟར་ནུས་ཤིང་མགུ་བར་འགྱུར་བའི་ཆོས་བཞིན་བསྒྱུར་བར་བྱ། ཇི་ལྟར་རིམ་པ་བཞིན་དུ་གནས་མལ་རྣམས་ཀྱང་སྦྱིན་པར་བྱ། ཅིའི་སླད་དུ་འདུག་པ་དེ་མ་དང༌། ཕ་དང༌། བུ་དང༌། ཕུ་ནུ་པོའི་འདུ་ཤེས་མངོན་དུ་གཞག་ཅིང་གཟུང་བར་བྱའོ། །ན་ནས་ངལ་བ་མི་དོར་རོ་སྙམ་སྟེ། དེ་ནི་གཞི་ན་གནས་པའི་བྱ་བ་ཞེས་བྱའོ། །ངལ་བསོ་བའི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གིས། གཙུག་ལག་ཁང་དུ་འོངས་ན་དེས་གཞི་ན་གནས་པའི་དགེ་སྦྱོང་དག་ལས་གནས་མལ་རྣམས་བརྐམ་པས་རིངས་སུ་འདུག་པར་མི་བྱ། སྣང་བའི་གནས་སུ་འདུག་པར་བྱ། སྤྱོད་ལམ་དལ་བར་བྱ། ལེགས་པར་བགོ་བར་བྱ། ལེགས་པར་བསྡམས་པར་བྱ། འདི་ཡང་དལ་སོ་བའི་བྱ་བ་ཡིན་ཏེ། གཞི་ན་གནས་པའི་དགེ་སྦྱོང་དག་གིས། དགེ་སློང་གློ་བུར་དུ་


DTG155_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལྷགས་པ་མཐོང་ན། གལ་ཏེ་ང་ཤེས་ན་ནི་ཅི་བདེར་ངལ་བསོ་བར་བྱ། ཇི་ལྟར་ཀུན་དུ་སྤྱོད་པའི་ཆོས་བཅས་པ་བཞིན་དུ་སྤྱད་པར་བྱ། གལ་ཏེ་ངོ་མི་ཤེས་ན་བབ་ཅོལ་དུ་ངལ་བསོ་བར་མི་བྱ། དགེ་སློང་དག་ལའང་ཚེ་དང་ལྡན་པ་འདི་སུའི་ལྷན་ཅིག་གི་གནས་པ་ཡིན། འདིའི་སྤྱོད་པ་ཇི་ལྟ་བུ། སྤྱོད་ཡུལ་ཇི་ལྟ་བུ། འདི་ཚུལ་ཁྲིམས་དང༌། སྡོམ་པ་དང༌། ཀུན་དུ་སྤྱོད་པ་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །གལ་ཏེ་འདིའི་སྤྱོད་པ་དང༌། སྤྱོད་ཡུལ་དང༌། ཚུལ་ཁྲིམས་དང༌། སྡོམ་པ་དང༌། ཀུན་དུ་སྤྱོད་པ་རྣམས་རྟོགས་ན་གདོད་ངལ་བསོ་བར་བྱའོ། །དེ་གཅིག་པུ་ལ་གཙུག་ལག་ཁང་གཏད་པར་མི་བྱ། དགེ་འདུན་གྱི་མཛོད་དང༌། བང་བ་དང༌། དགེ་འདུན་གྱི་མལ་ཆ་དང༌། སྟན་ལ་དབང་བྱེད་དུ་གཞུག་པར་མི་བྱ། ཤིན་ཏུ་རྟོགས་པར་བྱས་ལ། གདོད་ཡིད་གཅུགས་པར་བྱ་བ་ནི་ངལ་བསོ་བའི་བྱ་བ་ཞེས་བྱའོ། །ནམ་མཁའི་བྱ་བ་གང་ཞེ་ན། ནམ་མཁའ་ཐམས་ཅད་མཚམས་གཅིག་པ་མ་ཡིན་ཏེ། དེར་གནས་པ་དང༌། འདི་ན་གནས་པ་ལྷན་ཅིག་ཏུ་ལས་བྱ་བ་དང༌། ཕྱིར་བཟློག་པ་ཡང་མི་འཆགས་སོ། །འདི་ན་གནས་པ་དང་དེ་ན་འདུག་པ་ལྷན་ཅིག་ཏུ་ལས་བྱ་བར་ཡང་མི་འགྱུར་ལ། ཕྱིར་བཟློག་པའང་མི་འཆགས་སོ། །དགེ་སློང་སྐྱ་རེངས་མ་ཤར་བར་ཆོས་གོས་མེད་བཞིན་དུ་འབྱུང་བར་མི་བྱ། དབྱར་གནས་པར་ཁས་བླངས་ནས་གཞག་བདུན་ནས། ཞག་བཞི་བཅུར་བྱིན་གྱིས་མ་བརླབས་པར་ནམ་མཁའ་ལས་བྱུང་ཞིང་གནས་པར་མི་བྱའོ། །གལ་ཏེ་བྱུང་ཞིང་གནས་ན་ཆོས་གོས་དང་བྲལ་བར་འགྱུར། དབྱར་ཡང་རལ་བར་འགྱུར་ཏེ། འདི་ནི་ནམ་མཁའི་བྱ་བ་ཞེས་བྱའོ། །སྲ་བརྐྱང་གི་བྱ་བ་གང་ཞེ་ན། སྲ་བརྐྱང་ལ་ཕན་ཡོན་ལྔ་སྟེ། ཞག་གཅིག་གི་འབྲལ་བ་མེད་པ་དང༌། ཞག་བཅུའི་འདའ་བ་མེད་པ་དང༌། ཟླ་བ་གཅིག་གི་འདའ་བ་མེད་པ་དང༌། ཇི་སྙེད་དགོས་པའི་གོས་རྣམས་བྱིན་གྱིས་མ་བརླབས་པར་འཆང་དུ་རུང་བ་དང༌། སྟོད་གཡོགས་དང་སྨད་གཡོགས་ཀྱིས་ལྗོངས་རྒྱུར་རུང་བའོ། །གཞན་ཡང་སྲ་བརྐྱང་ལ་ཕན་ཡོན་རྣམ་པ་ལྔ་སྟེ། འདུས་ཤིང་ཟ་བ་མེད་པ་དང༌། ཡང་


DTG155_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟ་བ་མེད་པ་དང༌། ཕྱི་མ་ལ་མ་བསྒོ་བར་འགྲོ་བ་མེད་པ་དང༌། ཆོས་གོས་ཅི་དགོས་པ་ཚོལ་དུ་རུང་བ་དང༌། སྟོན་ཟླ་ཐ་ཆུངས་ནས། དཔྱིད་ཟླ་ར་བའི་བར་དུ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་གི་དགེ་འདུན་རྣམས་ཀྱིས་རྙེད་པ་མ་བགོས་ཤིང༌། གཞག་པ་དེ་ཡང་སྲ་བརྐྱང་བཏིང་བ་རྣམས་ཀྱིས་མ་དད་ན་གཞན་ལ་མི་སྦྱིན་ནོ། །དེ་ནི་སྲ་བརྐྱང་གི་བྱ་བ་ཞེས་བྱའོ། །ཆུ་ཚགས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་ཆུ་ཚགས་མེད་པར་ལམ་དུ་འགྲོ་བར་མི་བྱའོ། །གལ་ཏེ་ཆུ་རྒྱུན་དུ་འབབ་པ་དེ་ཡང༌། བཏུང་བར་འགྱུར་ཏེ། ཆུ་གཞན་དང་མི་འདྲེས་པ་ཞིག་གམ། ཁྲོན་པ་རུང་བ་ཞིག་གམ། རྒྱང་གྲགས་ཕྱེད་ཕྱེད་དུ་གཙུག་ལག་ཁང་རྒྱུན་མ་ཆད་པར་ཡོད་ན་ནི་མ་གཏོགས་སོ། །དེ་ནི་ཆུ་ཚགས་ཀྱི་བྱ་བ་ཞེས་བྱའོ། །འཆད་པའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འཆགས་གཉིས་རྗེས་སུ་གནང་སྟེ། བསམ་གཏན་ལ་ཞུགས་པ་དང༌། ཁ་ཏོན་ལ་ཞུགས་པའོ། །བསམ་གཏན་ལ་ཞུགས་པའི་འཆག་ས་ནི་ཁྲུ་བཅོ་བརྒྱད་དོ། །ཁ་ཏོན་ལ་ཞུགས་པའི་འཆགས་ས་ནི་ཁྲུ་བཅུ་གཉིས་ཏེ། དེ་ནི་འཆག་སའི་བྱ་བ་ཞེས་བྱའོ་།འཆག་སའི་བྱ་བ་གང་ཞེ་ན། དགེ་སློང་འཆག་སར་འདོད་ན་དེས་དྲག་ཏུ་ཡང་མ་ཡིན། དལ་ནས་ཀྱང་མ་ཡིན་པར་བཅག་པར་བྱ། ཤེས་བཞིན་དུ་བཅག་པར་བྱ། དྲན་པ་ཉེ་བར་གཞག་པ་དང༌། དབང་པོ་ནང་དུ་གཞུག་པ་དང༌། ཡིད་ཕྱིར་མི་འབྱུང་བར་བྱ། རྡེག་མི་འཆོས་པར་བྱ། ཕན་ཚུན་མི་འཁོར་བར་བྱ། དྲང་པོར་བཅག་པར་བྱ། གལ་ཏེ་དྲང་པོར་བཅག་མི་ནུས་ན། སྲད་བུ་བྲེ་བར་བྱ་ཞིང་སྦུབས་སུ་བཅུག་ནས། དེ་ལ་བཟུང་ཞིང་བཅག་པར་བྱ་སྟེ། འདི་ནི་བཅག་པའི་བྱ་བ་ཞེས་བྱའོ། །འཕྱན་གྱི་བྱ་བ་གང་ཞེ་ན། སྟོན་པའི་མདུན་དུ་མ་ཡིན། མཆོད་རྟེན་གྱི་དྲུང་དུ་མ་ཡིན། སློབ་དཔོན་དང་མཁན་པོའི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མའི་གནས་ལྟ་བུའི་དྲུང་དུ་མ་ཡིན། གྲོང་གི་ནང་དུ་སྐྱེ་བོ་མང་པོ་འདུ་བའི་ནང་དུ་མ་ཡིན། ཕྱི་ཕྱིར་ཞིང་གཏང་བར་མི་བྱ། གལ་ཏེ་ཕྱིར་ཞིང་གཏོང་བ་ཞིག་ཏུ་གྱུར་ན། གནས་གུང་དུ་སོང་


DTG155_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཏང་བར་བྱ། དེའི་རྐྱེན་གྱིས་གཞན་ལ་མི་བདེ་བར་མི་བྱ་སྟེ། འདི་ནི་འཕྱེན་གྱི་བྱ་བ་ཞེས་བྱའོ། །ཕྱི་སའི་བྱ་བ་གང་ཞེ་ན། དགེ་སློང་བཞར་བར་འདོད་ན། རྣོ་བའི་ཡོ་བྱད་ཀྱིས་བཞར་བར་མི་བྱ། རྩྭའི་ཆང་བུས་མི་བྱ། ལོ་མའམ། རས་མའམ། འཇམ་པ་གཞན་གྱིས་བཞར་བར་བྱ་སྟེ། དེ་ནི་བཞར་བའི་བྱ་བ་ཞེས་བྱའོ། །བཤང་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་གར་བབ་བབ་ཏུ་བཤང་བ་མི་བྱ། རྩིག་པའི་དྲུང་དུ་མ་ཡིན། ཤིང་ལྗོན་པའི་དྲུང་དུ་མ་ཡིན། ཤེས་བཞིན་དུ་བྱ། ཕྱོགས་གཅིག་ཏུ་བཤང་བ་བྱ། གལ་ཏེ་ཕྱི་ཕྱིར་ཞིང་བཤང་བ་ཞིག་ཏུ་གྱུར་ན། བཤང་བའི་སྐྱིལ་མོ་ཀྲུང་དུ་བཞག་པར་བྱ། ཡང་ན་རྒྱུན་གྱི་ཁུང་བརྐོ་བར་བྱ་སྟེ། འདི་ནི་བཤང་བའི་བྱ་བ་ཞེས་བྱའོ། །བཤང་བའི་བྱ་བ་གང་ཞེ་ན། དགེ་སློང་བཤང་བར་འགྲོ་བར་འདོད་པས་སྔ་ནས་འདུག་པས་ཚོར་བར་བྱ་བའི་ཕྱིར་སེ་གོལ་བརྡབ་པར་བྱའོ། །སྔོན་དུ་ཞུགས་པས་ཀྱང་ལུད་པར་དབྱུང་བར་བྱའོ། །ཤེས་བཞིན་དུ་ནང་དུ་འགྲོ་བར་བྱའོ། །ཆོས་གོས་ལེགས་པར་བརྫེས་ནས་འདུག་པར་བྱའོ། །བཤང་བའི་ཁུང་བུར་རྐང་རྟེན་གཉིས་ལ་ལེགས་པར་བརྟགས་ནས། དབུས་སུ་འདུག་པར་བྱ། བཤང་བ་མི་འོངས་ན་མཐུས་བཙིར་བར་མི་བྱ། འོང་བ་ལ་དགག་པར་མི་བྱ་སྟེ། འདི་ནི་བཤང་བའི་བྱ་བ་ཞེས་བྱའོ། །བཤང་བའི་ཁུང་བུའི་བྱ་བ་གང་ཞེ་ན། དགེ་སློང་བཤང་བར་འདོད་ན་དལ་བུས་བགས་ཀྱིས་ཤེས་བཞིན་དུ་བཤང་བར་བྱའོ། །བཤང་ཁུང་གི་ཁ་རྣམས་སུ་གོས་ཤིང་ཆགས་པར་མི་བྱ་སྟེ། འདི་ནི་བཤང་སའི་ཁུང་བུའི་བྱ་བ་ཞེས་བྱའོ། །བཤང་སའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། བཤང་སའི་དགེ་སློང་གནས་བརྟན་གྱིས་གསར་བུ་འདུག་པ་ལས་བསླང་བར་མི་བྱ་བ་ནི་ཆུང་དུ་ན་བཤང་སའི་ནང་དུ་ཞུགས་པ་ལས་སླར་ལྡོག་པར་མི་བྱ་སྟེ། དེ་ནི་བཤང་སའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བཤང་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་གིས་བཤང་སའི་ཉེ་འཁོར་ན་འགྲེང་བར་མི་བྱ། འདུག་པར་མི་བྱ། བཅག་པར་མི་བྱ། ལུང་འབོགས་


DTG155_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱ། ལུང་ནོད་པར་མི་བྱ། དྲན་པར་མི་བྱ། སར་དྲི་བར་མི་བྱ། རྣལ་འབྱོར་དང༌། ཡིད་ལ་བྱེད་པར་མི་བྱ། གཏམ་ལ་ཞུགས་ཤིང་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། སོ་ཤིང་བཅའ་བར་མི་བྱ། ལག་པ་དང༌། རྐང་པ་བཀྲུ་བར་མི་བྱའོ། །ཆོ་ག་ཐམས་ཅད་ཀྱང་བཤང་སའི་ཕྱོགས་ཀྱི་ཉེ་འཁོར་དུ་མི་བྱའོ། །བཤང་སའི་གནས་སུ་ངེས་པར་བྱ་བ་རྣམས་ནི་མ་གཏོགས་ཏེ། འདི་ནི་བཤང་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །གཅི་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་གར་བབ་བབ་ཏུ་གཅི་བར་མི་བྱ། རྩིག་པའི་དྲུང་དུ་གཅིག་བར་མི་བྱ། ཤིང་ལྗོན་པའི་དྲུང་དུ་གཅི་བར་མི་བྱ། ཤེས་བཞིན་དུ་བྱ། ཕྱོགས་གཅིག་ཏུ་གཅི་བར་བྱ། གལ་ཏེ་གཅི་བ་སྙི་བ་ཞིག་ཏུ་གྱུར་ན། གཅིན་སྣོད་ཀྱི་གྱོ་མོ་བཅད་པར་བྱ། ཡང་ན་ཁུང་བུ་བརྐོ་བར་བྱ་སྟེ། འདི་ནི་གཅི་བའི་བྱ་བ་ཞེས་བྱའོ། །གཅི་སའི་བྱ་བ་གང་ཞེ་ན། དགེ་སློང་གིས་གཅི་སར་འཇུག་པར་འདོད་ན། དེ་སྔ་ནས་འཇུག་པས་ཚོར་བར་བྱ་བའི་ཕྱིར་སེ་གོལ་བརྡབ་པར་བྱ་བ་ནས། སྔ་མ་བཞིན་ཏེ། མི་བྲོ་བ་ལ་མི་བ་ཙིར། བྲོ་བ་ལ་མི་དགག་པའི་བར་དུ་སྟེ། འདི་ནི་གཅི་སའི་བྱ་བ་ཞེས་བྱའོ། །གཅི་སའི་ཁུང་གི་བྱ་བ་གང་ཞེ་ན། དགེ་སློང་གིས་གཅི་སའི་ཁུང་བུའི་ཁར་བགས་ཀྱིས་ཤེས་བཞིན་དུ་གཅི་བར་བྱ། གཅི་སའི་ཁར་མི་འདོར་བ་དང་མི་འབྲེལ་པར་བྱ་སྟེ། དེ་ནི་གཅི་སའི་ཁུང་གི་བྱ་བ་ཞེས་བྱའོ། །གཅི་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། གཅི་སར་དགེ་སློང་གནས་བརྟན་གྱིས། གཅི་སར་དགེ་སློང་གསར་བུ་གཅི་ཞིག་འདུག་པ་བསླང་བར་མི་བྱའོ། །ཅི་སར་འདུག་པ་ལས་བསླང་བར་མི་བྱ་བ་ནི། ཐ་ན་གཅི་སར་འདུག་པ་དང་ཞུགས་པ་བཟློག་པར་མི་བྱ་སྟེ། འདི་ནི་གཅི་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གཅི་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་གཅི་སའི་ཉེ་འཁོར་དུ་འགྲེང་པར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གཅི་སའི་ཉེ་འཁོར་གྱི་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་གཅི་བའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །བཀྲུ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་མ་བཀྲུས་ཀྱི་བར་དུ། སྟོན་པ་ལ་བ་ལྟར་


DTG155_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་མི་བྱ། མཆོག་རྟེན་ལ་མ་ཡིན། སློབ་དཔོན་དང༌། མཁན་པོ་ལ་མ་ཡིན། བླ་མ་ལ་མ་ཡིན། བླ་མའི་གནས་ལྟ་བུ་ལ་མ་ཡིན། ཕྱག་མི་བྱ། ཁ་ཏོན་མི་བྱ། ལུང་འབོགས་པར་མི་བྱ། སླད་མར་མི་བྱ། དྲན་པར་མི་བྱ། ཀུན་དྲི་བར་མི་བྱ། གྲོང་དུ་འཇུག་པར་མི་བྱ། ཟན་ལ་འདུག་པར་མི་བྱ། སྐྱོ་མ་ལ་འདུག་པར་མི་བྱ། ཐུག་པ་ལ་འདུག་པར་མི་བྱ། བཏུང་བ་ལ་འདུག་པར་མི་བྱ། ཆོས་བཤད་པ་ལ་འདུག་པར་མི་བྱ། ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱ། ན་བར་གྱུར་ན་ནི་ཉེས་པ་མེད་དེ་ཡང་ན་མིའི་ལྷ་ཆུ་ཡིན་པར་གྱུར་ཏམ་གལ་ཏེ་ཆུ་མ་འབྱོར་ཏམ། བཀྲུར་མི་རུང་བའི་སྨན་བཏབ་པ་ནི་མ་གཏོགས་ཏེ། དེ་ནི་བཀྲུ་བའི་བྱ་བ་ཞེས་བྱའོ། །བཀྲུ་བའི་གནས་ཀྱི་བྱ་བ་གང་ཞེ་ན། བཀྲུ་བའི་གནས་སུ་འགྲོ་བའི་དགེ་སློང་གིས་སེ་གོལ་གཏོགས་པ་ནས་སྔ་མ་བཞིན་ཏེ། བཀྲུ་བའི་གནས་སུ་འདུག་པར་མི་བྱ་བའི་བར་དུ་སྟེ། དེ་ནི་བཀྲུ་བའི་གནས་ཀྱི་བྱ་བ་ཞེས་བྱའོ། །བཀྲུ་བའི་གནས་སུ་རྐང་པ་གཞག་པའི་བྱ་བ་གང་ཞེ་ན། ཁྲུས་བྱེད་པར་འདོད་པའི་དགེ་སློང་གིས་བཀྲུ་བའི་ཚེ། ཁྲུས་སར་རྐང་རྟེན་ལ་ལེགས་པར་བརྟགས་ནས་འདུག་སྟེ། ཤེས་བཞིན་དུ་དལ་བུས་མཉེ་ཞིང་བཀུར་བའི་གནས་ཁང་ཆུས་མི་དགང་བ་དང༌། ཆུས་མི་གཤེར་བར་བྱ་སྟེ། འདི་ནི་བཀྲུ་བའི་གནས་སུ་རྐང་བ་གཞག་པའི་བྱ་བ་ཞེས་བྱའོ། །བཀྲུ་སའི་ཁུང་གི་བྱ་བ་གང་ཞེ་ན། དགེ་སློང་གིས་ཁྲུས་བྱ་བར་འདོད་ན། དལ་བུས་བགས་ཀྱིས་ཤེས་བཞིན་དུ་བཀྲུ་པར་བྱ། ཆོས་གོས་ཀྱི་མཐའ་རྣམས་དང་བཀྲུ་སའི་ཉེ་འཁོར་དུ་ཆུས་གཤེར་བར་མི་བྱ་སྟེ། འདི་ནི་བཀྲུ་སའི་ཁུང་གི་བྱ་བ་ཞེས་བྱའོ། །ཁྲུས་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགེ་སློང་གནས་བརྟན་གྱིས་ཁྲུས་སར་དགེ་སློང་གསར་བུ་བསླང་བར་མི་བྱ། ཁྲུས་ལ་ཞུགས་པ་ལས་མི་བསླང་བ་ནས། ཐ་ན་ཁྲུས་སར་ཞུགས་པ་ལས་བཟློག་པར་ཡང་མི་བྱ་སྟེ། འདི་ནི་ཁྲུས་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཁྲུས་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་ཁྲུས་སའི་ཉེ་འཁོར་དུ་འགྲོ་བ་དང༌། འདུག་པར་མི་བྱ་བ་ནས། སྔ་མ་བཞིན་དུ་ཁྲུས་སའི་ཉེ་འཁོར་དུ་ངེས་


DTG155_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་རྣམས་ནི་མ་གཏོགས་པའི་བར་དུ་སྟེ། དེ་ནི་ཁྲུས་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །མཆིལ་མའི་བྱ་བ་གང་ཞེ་ན། དེ་ན་དགེ་སློང་གིས་སྒྲ་དང་བཅས་པའི་མཆིལ་མ་དོར་བར་མི་བྱ། ལྕེས་དྲིལ་ནས་སོས་མནན་ཏེ་མི་བྱ། སྟོན་པའི་སྤྱན་སྔར་མ་ཡིན། མཆོད་རྟེན་གྱི་དྲུང་དུ་མ་ཡིན། སློབ་དཔོན་དང༌། མཁན་པོའི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མའི་གནས་ལྟ་བུའི་དྲུང་དུ་མ་ཡིན། ཟན་ཟ་བར་མ་ཡིན། འབྱུང་ན་མ་ཡིན། ཡོངས་སུ་ལས་བྱེད་པའི་སར་མ་ཡིན། དགེ་སློང་གིས་བབ་བབ་ཏུ་མཆིལ་མ་དོར་བ་མ་ཡིན། མཆིལ་མ་བོར་ནས་འཕྱག་པར་བྱ་སྟེ། ཡང་ན་རྐང་པས་མཉེའོ། །ཡང་ན་སས་དགབ་པོ། །དགེ་སློང་གིས་མཆིལ་མ་ཕྱི་ཕྱིར་ཞིང་དོར་བར་མི་བྱའོ། །གལ་ཏེ་ཕྱི་ཕྱིར་ཞིང་དོར་ན་དེའི་རྐྱེན་གྱིས་གཞན་ལ་མི་བདེ་བར་མི་འགྱུར་བའི་ཕྱིར་གནས་གཞན་དུ་འགྲོ་བར་བྱ་སྟེ། དེ་ནི་མཆིལ་བའི་བྱ་བ་ཞེས་བྱའོ། །མཆིལ་མའི་སྣོད་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་མཆིལ་མ་དོར་བའི་ཕྱིར། མཆིལ་མའི་སྣོད་རྣམ་པ་གཉིས་རྗེས་སུ་གནང་སྟེ། སློབ་དཔོན་གྱིས་བྱས་པ་དང༌། བདག་ཉིད་ཀྱིས་བྱས་པའོ། །དགེ་སློང་གིས་མཆིལ་མའི་སྣོད་དུས་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། དབེན་པར་གཞག་པར་བྱ། ཤིན་ཏུ་བཀྲུ་བར་བྱ། ཅི་ནས་ཀྱང་དེའི་རྐྱེན་གྱིས་ཕྱི་ཕྱིར་ཞིང་བྲེལ་བར་མི་འགྱུར་བར་བྱ་སྟེ། དེ་ནི་མཆིལ་མའི་སྣོད་ཀྱི་བྱ་བ་ཞེས་བྱའོ། །སོ་ཤིང་གི་བྱ་བ་གང་ཞེ་ན། དགེ་སློང་གིས་སོ་ཤིང་རིང་པོ་བཅང་བར་མི་བྱ། ཤིན་ཏུ་ཐུང་བའང་མ་ཡིན། ཤིན་ཏུ་སྦོམ་པའང་མ་ཡིན། ཤིན་ཏུ་ཕྲ་བ་ཡང་མ་ཡིན། ཤིན་ཏུ་རིང་བའང་མ་ཡིན། སྟོན་པའི་སྤྱན་སྔར་མ་ཡིན། མཆོད་རྟེན་གྱི་དྲུང་དུ་མ་ཡིན། སློབ་དཔོན་དང་མཁན་པོའི་ཐད་དུ་མ་ཡིན། བླ་མའི་ཐད་དུ་མ་ཡིན། བླ་མའི་གནས་ལྟ་བུའི་དྲུང་དུ་མ་ཡིན། མེ་ཁང་དུ་མ་ཡིན། བཀད་སར་མ་ཡིན། འཆག་སར་མ་ཡིན། བསྲོ་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། གནས་ཁང་དུ་མ་ཡིན། ཁྲུས་བར་རིམ་ཁང་དུ་མ་ཡིན། སྒོ་ཁང་དུ་མ་ཡིན། བཤང་བའི་སར་མ་ཡིན། རྩིག་པའི་དྲུང་དུ་མ་ཡིན། ཤིང་


DTG155_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་མ་ཡིན། གཙུག་ལག་ཁང་གི་ཕྱག་དར་བྱ་བའི་ཁོར་ཁོར་ཡུག་ཏུ་མ་ཡིན། སྐྱེ་བོ་མང་པོ་འདུ་བའི་གནས་ཐམས་ཅད་དུ་སོ་ཤིང་དོར་བར་མི་བྱའོ། །དགེ་སློང་གིས་རྣམ་པ་གསུམ་དབེན་པར་བྱ་སྟེ། བཤང་བ་དང༌། གཅི་བ་དང༌། སོ་ཤིང་བཅའ་བའོ།། དགེ་སློང་སོ་ཤིང་འཆོས་ནས་དེ་བཞིན་དུ་མ་དོར་གྱི་ཆུས་བཀྲུ་བར་གྱི། ཡང་ན་རྔོ་བས་མཉེ་བར་བྱ། ཡང་ན་ས་ལ་དྲུད་པར་བྱ་སྟེ། འདི་ནི་སོ་ཤིང་གི་བྱ་བ་ཞེས་བྱའོ། །སོ་བྲུད་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་སོ་ཤིང་རྣོན་པོས་བྲུད་པར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། དལ་བུས་བགས་ཀྱིས་ཤེས་བཞིན་དུ་བྲུད་པར་བྱ། སོའི་རྙིལ་ལ་བྲུད་པར་མི་བྱ་སྟེ། འདི་ནི་སོ་ཤིང་གིས་བྲུད་པའི་བྱ་བ་ཞེས་བྱའོ། །ལྕེ་བཞར་བའི་བྱ་བ་གང་ཞེ་ན། ལྕེ་བཞར་བ་རྣོན་པོས་བཞར་བར་མི་བྱ། བག་མེད་པར་གཞུག་པར་མི་བྱ། བགས་ཀྱིས་དལ་བུས་ཤེས་བཞིན་དུ་ལྕེ་བཞར་བར་བྱ། ལྕེའི་ཤ་བཞར་བར་མི་བྱ་སྟེ། འདི་ནི་ལྕེ་བཞར་བའི་བྱ་བ་ཞེས་བྱའོ། །རྣ་སྤབས་བྲུ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་རྩེ་མོ་རྣོན་པོས་རྣ་སྤབས་བྲུ་བར་མི་བྱ། བག་མེད་པར་གཞུག་པར་མི་བྱ། དལ་བུས་བགས་ཀྱིས་ཤེས་བཞིན་དུ་རྣ་སྤབས་བྲུ་བར་བྱ། རྣ་བའི་ཤ་བྲུད་པར་མི་བྱ་སྟེ། འདི་ནི་རྣ་སྤབས་བྲུ་བའི་བྱ་བ་ཞེས་བྱའོ། །ཀུན་དུ་སྤྱོད་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཡོན་ཏན་ཐམས་ཅད་གསུངས་པར་སྤྱད་པ་ནི་སྤྱོད་པའོ། །ཀུན་དུ་མི་སྤྱོད་པའི་བྱ་བ་གང་ཞེ་ན། དེ་ལྟར་སླར་བཟློག་པ་ནི་མི་སྤྱོད་པའོ། །མ་མའི་ཕུང་པོ་གསུམ་རྫོགས་རེ་མ་མོ་རྫོགས་སོ།། །།བཙུན་པ་འདུལ་བའི་ལུས་གང་ལགས། དམིགས་པ་གང་ལགས། བྱིན་གྱིས་བརླབས་པ་གང་ལགས། མཚན་ཉིད་གང་ལགས། གླེང་གཞི་གང་ལགས། ངོ་བོ་ཉིད་གང་ལགས། འབྲས་བུ་གང་ལགས། ཉེ་བ་འཁོར་འདུལ་བའི་ལུས་ནི་དམིགས་པའོ། །དམིགས་པ་ནི་ནན་ཏན་ནོ། །བྱིན་གྱིས་བརླབས་པ་ནི་ལུས་ལྡང༌། ངག་དང༌། ཡིད་དོ། །མཚན་ཉིད་ནི་ལས་སོ། །གླེང་གཞི་ནི་བསྒྲགས་པའོ། །ངོ་བོ་ཉིད་ནི་ཉེས་པའོ། །འབྲས་བུ་ནི་མཐོ་རིས་དང་ཐར་པའོ།། །།


previousབྱ་བའི་ཕུང་པོ་ཞེས་བྱ་བ། no next