འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ།


DTG156_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་སརྦ་ཨསྟི་བཱ་དི་མཱུ་ལ་བྷིཀྵུ་ནཱི་པྲ་ཏི་མོ་ཀྵ་སཱུ་ཏྲ་བྲྀ་ཏྟི། བོད་སྐད་དུ། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །སོ་སོར་ཐར་པའི་མདོ་འདི་འཆད་པར་འདོད་པའི་ཐོག་མ་ཁོ་ནར་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་པོ་སུས་གང་དུ་བསྡུས་པའི་གཏན་ཚིགས་དང་འདི་གསུང་རབ་བཅུ་གཉིས་གང་དུ་བསྡུ་བར་བྱ་བ་དང༌། སྡེ་སྣོད་གསུམ་གང་དུ་གཏོགས་པ་དང༌། སྡེ་པ་གང་གི་གཞུང་ཡིན་པ་དང༌། དགོས་པ་ལ་སོགས་པ་དང༌། ངེས་པའི་ཚིག་གི་དོན་དང༌། གཞུང་ཉིད་བསྟན་པ་དང་བདུན་བརྗོད་པར་བྱ་སྟེ། དེ་དག་གི་དོན་གསུང་རབ་དང༌། བསྟན་བཅོས་དང༌། སློབ་དཔོན་དག་བརྒྱུད་དེ་ཐོས་པ་མདོ་ཙམ་ཞིག་བཤད་པར་བྱའི། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་པོ་སུས་གང་དུ་ཇི་ལྟར་བསྡུས་ཤེ་ན། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། འཕགས་པ་འོད་སྲུངས་ཆེན་པོ་ལ་


DTG156_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ་འདུས་ནས། མདོ་སྡེ་ཐམས་ཅད་ནི་འཕགས་པ་ཀུན་དགའ་བོས་བསྡུས། འདུལ་བ་ཐམས་ཅད་ནི་འཕགས་པ་ཉེ་བར་སྐྱོང་གིས་བསྡུས། མ་མོ་ནི་འཕགས་པ་འོད་སྲུངས་ཀྱིས་བསྡུས་ཞེས་གྲགས་ཏེ། འཕགས་པ་ཉེ་བར་སྐྱོང་གིས་འདུལ་བ་ཡང་དག་པར་བསྡུ་བ་ཡང་མ་འོངས་པའི་སྐྱེ་བོ་རྣམས་འདུལ་བ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཁ་ཅིག་མི་དགོས་སོ་ཞེས་འབྲི་བ་དང༌། ཉུངས་སོ་ཞེས་བསྣན་པར་དོགས་པ་དང༌། དབང་པོ་རྟུལ་པོ་རྣམས་ཀྱིས་དགོས་པའི་དོན་གཟུང་སླ་བར་བྱ་བའི་ཕྱིར། སྡོམ་པ་རྣམ་པ་གསུམ་དུ་བསྡུས་ནས་བརྩམས་ཏེ། གསུམ་གང་ཞེ་ན། སྤྱི་སྡོམ་དང༌། སྡོམ་དང༌། བར་སྡོམ་མོ། །དེ་ལ་སྤྱི་སྡོམ་ནི་རྣམ་པར་འབྱེད་པ་ལ་སོགས་པ་ལས་དེ་ལ་སྤྱི་སྡོམ་ནི་ཞེས་འབྱུང་བ་ལྟ་བུ་སྟེ། འོག་ནས་འབྱུང་བའི་སྡོམ་གྱི་དོན་རྣམས་མདོར་བསྡུས་ཏེ་བསྟན་པའོ། །སྡོམ་ནི་སྤྱི་སྡོམ་གྱིས་བསྡུས་པའི་དོན་དེ་ཉིད་གོ་རིམས་བཞིན་དུ་སྟོན་པའོ། །བར་སྡོམ་ནི་སྤྱི་སྡོམ་དང་སྡོམ་གྱིས་མ་འདུས་པའི་དོན་རྣམས་སྐབས་སྐབས་སུ་ཚིགས་སུ་བཅད་པར་བསྡུས་ནས་སྟོན་པ་སྟེ། འཕགས་པ་དེ་དག་གིས་སྡེ་སྣོད་གསུམ་ཚུལ་


DTG156_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྡུས་པ་རྒྱ་ཆེར་ནི་མངས་པས་འདིར་མ་བསྟན་ཏེ། ཞིབ་ཏུ་ནི་འདུལ་བ་དངོས་པོ་ཕྲ་མོ་ལ་ལྔ་བརྒྱ་འདུས་པ་ཞེས་བྱ་བའི་སྐབས་ནས་འབྱུང་བ་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་གསུང་རབ་མཐའ་དག་ནི་བཅུ་གཉིས་སུ་བསྡུ་བར་བྱ་བ་ཡིན་པས། འདི་གསུང་རབ་བཅུ་གཉིས་ཀྱི་ནང་ནས་གང་དུ་བསྡུ་བར་བྱ་ཞེ་ན། འདི་ནི་གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པ་རབས་ཀྱི་སྡེར་བསྡུ་བར་རིག་པར་བྱ་སྟེ། དེ་ཡང་གླེང་གཞིའི་སྡེ་ནི་གཙོ་བོ་ཡིན་ལ་གཞན་གསུམ་ནི་དེའི་འཁོར་ཡིན་ཏེ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། །གསུང་རབ་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་བའི་སྐབས་ནས། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེའི་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་ཞེས་འབྱུང་བའི་ཕྱིར། དེ་ལ་གསུང་རབ་བཅུ་གཉིས་ཐམས་ཅད་ནི་སྡེ་སྣོད་གསུམ་དུ་འདུས་ཏེ། གསུམ་གང་ཞེ་ན། མདོའི་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པའི་སྡེ་སྣོད་ཡིན་ན། སོ་སོར་ཐར་པའི་མདོ་འདི་དེ་གསུམ་གང་དུ་བསྡུ་བར་བྱ་ཞེ་ན། འདུལ་བའི་སྡེ་སྣོད་དུ་བསྡུ་བར་བྱ་སྟེ། འདུལ་བ་ཐམས་ཅད་ཀྱི་གནས་འདི་ཡིན་པའི་ཕྱིར་རོ། །གསུང་རབ་བཅུ་གཉིས་པོ་དེ་དག་སྡེ་སྣོད་གསུམ་དུ་ཇི་ལྟར་བསྡུ་ཞེ་ན། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པའི་སྡེ་སྣོད་གང་ཡིན་པ་འདི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་ཉིད་དོ། །གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པ་རབས་ཀྱི་སྡེའི་འཁོར་དང་བཅས་པ་གང་ཡིན་པ་འདི་ནི་འདུལ་བའི་སྡེ་སྣོད་ཉིད་དོ། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་སྣོད་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་ཕབ་པར་བསྟན་པ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ་ཞེས་བཤད་དོ། །ཅིའི་ཕྱིར་མདོ་སྡེ་ཞེས་བྱ་ཞེ་ན། རྣམ་པ་བཞིའི་ཕྱིར་ཏེ། གནས་རྣམས་དང་མཚན་ཉིད་དང་ཆོས་རྣམས་


DTG156_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་སྟོན་པའི་ཕྱིར་རོ། །ཅི་མངོན་ཞེ་ན། བསྟན་བཅོས་མདོ་སྡེའི་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྟོན་ཕྱིར་མདོ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་འདུལ་བ་ཞེས་བྱ། དེ་ཡང་བཞིའི་ཕྱིར་ཏེ། ལྟུང་བ་དང༌། སྐྱེ་བ་དང༌། བསླང་བ་དང༌། འབྱུང་བའི་ཆོས་རྣམས་སྟོན་པའི་ཕྱིར་ཏེ། ལྟུང་དང་སྐྱེ་དང་བསླང་བ་དང༌། །འབྱུང་བའི་ཆོས་ནི་འདུལ་བ་སྟེ། །ཞེས་བཤད་པ་ལྟ་བུའོ། །ཅིའི་ཕྱིར་ཆོས་མངོན་པ་ཞེས་བྱ་བ་ཞེ་ན། མངོན་དུ་བ་དང༌། རྒྱུན་མི་ཆད་པ་དང༌། ཟིལ་གྱིས་གནོན་པ་དང༌། རྟོགས་པའི་ཕྱིར་ཏེ། ཇི་སྐད་དུ། མངོན་དུ་བ་དང་རྒྱུན་མི་འཆད། །ཟིལ་གནོན་རྟོགས་ཕྱིར་མངོན་པའོ། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་གཅིག་ལ་ཡང་དོན་རྣམ་པ་བཞིར་སྦྱར་བར་ཅི་མངོན་ཞེ་ན། དེ་བས་ན་མདོ་སྡེ་དག་ལས། མདོ་སྡེ་འདུལ་བ་མངོན་པའི་ཆོས། །མདོར་ན་རྣམ་བཞི་དོན་དུ་བཤད། །བློ་ལྡན་པས་ནི་དེ་ཤེས་ན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་རྣམ་པར་གཞག་ཅེ་ན། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཡང་བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་སྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །འབྲེལ་བའི་གཏན་གྱིས་གཏམ་ལ་འབེབས་པར་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་


DTG156_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བར་རེག་པར་གནས་པར་བྱ་བའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཉན་ཐོས་ཀྱི་འདུལ་བ་ཡང་རྩ་བ་གཏོགས་པར་སྡེ་པ་མི་མཐུན་པ་ཉི་ཤུ་རྩ་གཉིས་སུ་གྱུར་ཞེས་འབྱུང་ན་ད་ལྟར་བཤད་པའི་མདོ་སྡེ་གང་གི་གཞུང་ཡིན་ཞེ་ན། འདི་ནི་ཉི་ཤུ་རྩ་གཉིས་ལས་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་སྡེ་པའི་གཞུང་ཡིན་པར་རིག་པར་བྱ་སྟེ། ཐམས་ཅད་སྨྲ་བ་ལ་ཡང་རྩ་བ་དང་ཡན་ལག་ཡོད་དེ། དེ་ལ་རྩ་བ་ནི་གཅིག་སྟེ་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་ལས་གྱེས་པའི་ཡན་ལག་ནི་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། འོད་སྲུངས་སྡེ་དང༌། ས་སྟོན་དང༌། སྲུང་བ་པ་དང༌། མང་དུ་ཐོས་པ་དང༌། གོས་དམར་བ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་སོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་རྣམས་ནི། དུས་གསུམ་དང་མིང་དང་གཟུགས་རྣམས་ཀྱིས་ནི་འདུས་བྱས་རྣམས་བསྡུས་སོ། །དྲུག་པ་དང་མི་ལྡན་པ་རྣམས་དང༌། འདུས་བྱས་རྣམས་ནི་ཤེས་པར་བྱ་བ་ཡང་མ་ཡིན་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ནོ། །འདུས་མ་བྱས་ནི་རྣམ་པ་གསུམ་མོ། །ཉོན་མོངས་པ་རྣམས་ནི་མཚུངས་པར་ལྡན་པའོ། །ཐུབ་པ་ནི་རྣམ་པ་གཉིས་སོ། །དེའི་གསུང་དང་དབང་པོ་རྣམས་ནི་གཟུགས་ཅན་ཉི་ཚེ་ལ་ཡོད་དོ། །མཆོད་རྟེན་ལ་ཕུལ་བ་ནི་འབྲས་བུ་ཆེའོ། །བྱང་ཆུབ་སེམས་དཔས་ངན་འགྲོ་སྤངས་པ་ནི་རྣམ་པ་གཉིས་སུ་འདོད་པ་ཡོད་དོ་ཞེས་ཟེར་རོ། །བསོད་ནམས་ལམ་གྱི་ཚོགས་སུ་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ནི་མི་འདོད་དོ་ཞེས་དེ་ལྟ་བས་ན་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཞེས་བྱའོ། །དེ་ལས་གཞན་པའི་སྡེ་པ་རྣམས་ཀྱི་ལྟ་བ་དང༌། ཉི་ཤུ་རྩ་གཉིས་སུ་དང་པོ་ཇི་ལྟར་གྱེས་པའི་ལོག་རྒྱུས་ཞིབ་ཏུ་ནི་འདིར་མངས་པས་མ་བྲིས་ཏེ། སློབ་དཔོན་དབྱིག་གི་བཤེས་གཉེན་དང་དུལ་བའི་ལྷས་གཞུང་ལུགས་ཀྱི་བསྟན་བཅོས་མཛད་པ་ལས་རྒྱ་ཆེར་འབྱུང་བས་དེ་བཞིན་དུ་སྦྱར་བར་བྱའོ། །མདོ་སྡེ་ལ་སོགས་པ་གང་བཤད་ཀྱང་རུང་སྟེ། དགོས་པ་ལ་སོགས་པ་མ་བསྟན་ན་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་དག་ཉན་པར་ཁས་མི་ལེན་ཏེ། དེའི་ཕྱིར་ཉན་པ་པོ་སྐྱེ་བོ་དག་སྤྲོ་བ་


DTG156_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་ཕྱིར་གདོན་མི་ཟ་བར་དགོས་པ་ལ་སོགས་པ་སྟོན་པས་འདིར་ཡང་དེ་དག་དང་ལུགས་མཐུན་པར་དགོས་པ་དང༌། འབྲེལ་པ་རྣམས་བསྟན་པར་བྱ་སྟེ། དེ་ལས་དགོས་པ་བསྟན་པ་ནི། དཔེར་ན་བྱ་རོག་ལ་སོ་ཡོད་པ་དང་མེད་པར་རྩོད་པ་ལྟ་བུ་བཤད་པ་ཡོད་ཀྱང༌། འབྲས་བུ་མེད་པར་དགོས་པའི་ཕྱིར་དགོས་པ་སྨོས་ཏེ། དགོས་པ་ནི་སྐབས་འདིར་ཚིག་གི་དོན་གསལ་བར་བྱེད་ཅིང་མཐར་ཕྱིན་པའི་འབྲས་བུ་ལྷག་མ་ལུས་པ་དང༌། ལྷག་མ་ལུས་པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་འཐོབ་པར་འགྱུར་བ་ལ་བྱའོ། །འབྲེལ་པ་བསྟན་པ་ནི་ཀླུ་འཇོག་པོའི་གཙུག་གི་ནོར་བུ་བསིལ་སྨན་དུ་རུང་ཞིང་ཕན་པའི་དངོས་པོ་ཡིན་ཡང༌། ཀླུ་མིག་གདུག་པས་བླང་བར་བྱ་བའི་ཐབས་མེད་པ་འདྲ་བར་འཇུག་པ་ལ་ཐབས་མེད་པ་དོགས་པའི་ཕྱིར་འབྲེལ་པ་སྨོས་ཏེ། དེ་ལ་འབྲེལ་པ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་འབྲེལ་པ་སྟེ། བཤད་པ་དང་དགོས་པར་འབྲེལ་པའོ། །དྲིས་པ་ཉན་པའི་འཁོར་རྣམས་སྤྲོ་བ་སྐྱེད་པའི་ཕྱིར་དགོས་པ་ལ་སོགས་པ་བསྟན་ཏོ་ཞེ་ན། སྟོན་པའི་ཞབས་དྲུང་ནས་མཉན་ཏེ་ཐོས་པ་ནི་མ་ཡིན་ཏེ། བརྒྱུད་པའི་ཚུལ་གྱིས་ཐོས་པ་ལ། དགོས་པ་ལ་སོགས་པ་བསྟན་ཀྱང་ཡིད་ཆེས་པའི་གཏན་ཚིགས་སུ་མི་རུང་ངོ་ཞེ་ན། འཇིག་རྟེན་ན་ཡང་ཁ་ཅིག་ཕན་པ་དང་གནོད་པ་ལ་དོགས་པ་དང་བཅས་བཞིན་དུ་འཇུག་པ་ལྟ་བུ་སྟེ། སྤངས་ཀྱང་ཐེ་ཚོམ་མེད་པ་ནི་གཉིས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷུང་ཡིས་གྲུབ་པས་ཐེ་ཚོམ་མངའ་བ་དང༌། གླེན་པ་དག་རྨོངས་པའི་ཕྱིར་ཐེ་ཚོམ་མེད་དོ། །འདི་གཉིས་མ་གཏོགས་པ་གཞན་ཐམས་ཅད་ནི་ཐེ་ཚོམ་དང་བཅས་བཞིན་དུ་འཇུག་པས་ན། སྟོན་པའི་ཞབས་དྲུང་ནས་མངོན་སུམ་དུ་ཐོས་པ་མ་ཡིན་ཡང་ཕན་པ་ལ་ནི་ཐེ་ཚོམ་དང་བཅས་བཞིན་དུ་འཇུག་པར་བྱ། གནོད་པ་ལས་ནི་བདག་དང་གཞན་གཉི་ག་བཟློག་པར་བྱའོ། །ཅིའི་ཕྱིར་འདིའི་མིང་སོ་སོར་ཐར་པ་བྱ་ཞེ་ན། ངེས་པའི་ཚིག་གི་དོན་བསྟན་པའི་ཕྱིར་དགེ་སློང་མའི་སོ་སོར་ཐར་པའི་མདོ་ཞེས་བྱ་བ་གསུངས་ཏེ། དེ་ལ་དགེ་སློང་མའི་ཞེས་བྱ་བ་ནི་གོ་སླ་བས་མ་བཤད་དོ། །སོ་སོར་ཐར་པ་ཞེས་


DTG156_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཉོན་མོངས་པ་ཡོངས་སུ་མ་ཉམས་པ་ཆུང་ངུའི་ཆུང་དུ་ལ་སོགས་པའི་རྣམ་པ་ལས་འདིས་ཤིན་ཏུ་ཐར་པར་བྱེད་པས་སོ་སོར་ཐར་པའོ། །ཁ་ཅིག་ན་རེ་སོ་སོར་ཞེས་བྱ་བ་ནི་མང་པོ་ལ་བྱ་སྟེ། གཅིག་གིས་སྤྱད་པས་མང་པོ་ཐར་པ་མ་ཡིན་གྱི་གང་ཉམས་སུ་བླངས་པ་དེ་ཉིད་ཐར་པར་འགྱུར་བའོ། །ཐར་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང༌། ཚེའི་ཀུན་ནས་ཉོན་མོངས་པ་རྣམས་དང༌། ངན་སོང་གསུམ་ལས་ཐར་བར་བྱེད་པའི་ཕྱིར་ཐར་པ་ཞེས་བྱའོ་ཞེའོ། །དྲིས་པ་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམས་ལས་ཐར་ཅིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ནི་འཕགས་པའི་ལམ་ཡིན་ནོ་ཞེས་འབྱུང་བ་ན་འཕགས་པའི་ལམ་ལ་ཐར་པ་ཞེས་བསྟན་པའི་ཕྱིར་རིགས་ཀྱི་འདིའི་མིང་སོ་སོར་ཐར་པ་ཞེས་བསྟན་པ་ནི་མི་རིགས་སོ། །སྨྲས་པ། དེ་ཡང་བདེན་མོད་ཀྱི། ཚུ་ཁྲིམས་ལ་གནས་པ་ཚུ་ཁྲིམས་ལ་བརྟེན་ནས་བདེན་པ་བཞི་ཇི་ལྟ་བ་བཞིན་མཐོང་པར་འགྱུར་ཏེ། དེ་ལས་ཉོན་མོངས་པ་དང༌། ལས་དང༌། ཚེའི་ཀུན་ནས་ཉོན་མོངས་པ་སྤངས་ཤིང་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་འབྱུང་བས་ན། ཚུལ་ཁྲིམས་ལ་གནས་ཏེ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་རིམ་པ་རྣམས་སྐྱེ་བའི་ཕྱིར་ཚུལ་ཁྲིམས་ཀྱི་རྒྱུ་བརྒྱུད་པ་ལ་སོ་སོར་ཐར་པ་ཞེས་བྱས་ཀྱང་འགལ་བ་མེད་དོ། །མདོ་ཞེས་བྱ་བ་ནི་མང་བའི་དོན་ཉུང་དུར་བསྡུས་པ་སྟེ། འདུལ་བ་རྣམ་པར་འབྱེད་པ་ལ་སོགས་པའི་དོན་མ་ལུས་པ་འདིར་འདུས་པའི་ཕྱིར་རོ། །ད་ནི་གཞུང་ཉིད་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ནས། ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་སོ། །འདིའི་བསྡུས་པའི་དོན་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། གླེང་གཞི་དང༌། བསླབ་པའི་དངོས་པོ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པ་དང༌། སྔོན་གྱི་ཚུལ་དང༌། སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་དང༌། གསོ་སྦྱོང་གི་དགོས་པ་དང༌། ཚུལ་ཁྲིམས་ཇི་ལྟར་བསྲུང་བའི་ཚུལ་བསྟན་པ་དང༌། འཇིག་རྟེན་ཡོངས་ལ་བསོད་ནམས་བསྔོ་བའོ། དེ་ལ་གླེང་གཞི་བསྟན་པ་ནི། སྙན་པའི་བ་ད་ན་ཞེས་པ་ནས་དེ་དེ་བཞིན་དུ་


DTG156_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཏོ་ཞེས་བྱ་བའི་བར་དུའོ། །བསླབ་པའི་དངོས་པོ་རྣམས་བསྟན་པ་ནི་ཕས་ཕམ་པ་ནི་བརྒྱད་ནས། ཞི་བར་བྱ་བའི་ཆོས་བདུན་རྫོགས་པའི་བར་དུའོ། །བསླབ་པའི་དངོས་པོ་རྣམས་ཀྱི་དོན་བསྡུས་ནས་བསྟན་པ་ཞེས་བྱ་བ་ནི། འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་བཤད་ཟིན་ཏེ་ཞེས་བྱ་བ་ནས། དགའ་བ་ལ་རབ་ཏུ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དང་སྦྱར་རོ། །སྔོན་གྱི་ཚུལ་བསྟན་པ་ཞེས་བྱ་བ་ནི། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་ནས། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཤད། །ཅེས་བྱ་བའི་བར་དུའོ། །སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་བསྟན་པ་ཞེས་བྱ་བ་ནི། འདི་ལ་སངས་རྒྱས་རྣམས་དང༌། གང་ཞེས་བྱ་བ་ནས། སྡུག་བསྔལ་མཐའ་མར་ཕྱིན་པར་འགྱུར། །ཞེས་བྱ་བའི་བར་རྣམས་སོ། །གསོ་སྦྱོང་གི་དགོས་པ་བསྟན་པ་ཞེས་བྱ་ནི། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །ཞེས་བྱ་བ་ནས། དགེ་འདུན་གྱིས་ནི་གསོ་སྦྱང་བྱ། །ཞེས་བྱ་བའི་བར་དུའོ། །ཚུལ་ཁྲིམས་ཅི་ལྟར་བསྲུང་བའི་ཚུལ་བསྟན་པ་ནི། །གང་གི་ཕྱིར་ནི་མདོ་བཤད་དང༌། །ཞེས་བྱ་བ་ནས། གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་པའི་བར་དང་སྦྱར་རོ། །འཇིག་རྟེན་ཡོངས་ལ་བསོད་ནམས་བསྡོ་བ་ཡང་ཐ་མའི་ཚིགས་སུ་བཅད་པ་གཅིག་དང་སྦྱར་རོ། །དེ་ལ་གླེང་གཞི་བསྟན་པ་ཡང་བསྡུས་པའི་དོན་ནི་དྲུག་ཏུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཅིང་ཕྱག་བྱས་ནས་སོ་སོར་ཐར་པའི་མདོ་བཤད་པའི་གནས་བསྟན་པ་དང༌། སོ་སོར་ཐར་པ་ཉིད་ཀྱི་ལེགས་པའི་ཡོན་ཏན་བསྟན་པ་དང་བསྒྲུབ་པར་བསྐུལ་བ་དང༌། འདི་ཉིད་ཐོས་པ་ལ་སོགས་པ་དཀའ་བར་བསྟན་ཅིང་འཕགས་པ་རྣམས་མཐོང་བ་དང༌། དེ་བསྒྲུབ་པའི་རྒྱུ་འབྲས་རྣམས་ཐོབ་པར་བསྟན་པ་དང༌། མི་རྟག་པ་ལ་སོགས་པ་བསྟན་པ་གསོ་སྦྱོང་གི་ཡན་ལག་ཀུན་ཏུ་སྤྱད་པའི་ཆོས་རྣམས་བསྟན་པའོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཅིང་ཕྱག་བྱས་ནས་སོ་སོར་ཐར་པའི་མདོ་བཤད་པའི་གནས་བསྟན་པ་ཞེས་བྱ་བ་བསྟན་པའི་ཕྱིར། སྙན་པའི་བ་ངན་འཇིག་རྟེན་


DTG156_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་གྲགས། །ཞེས་བྱ་བ་ནས། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་པའི་བར་དུ་གསུངས་ཏེ། ཚིགས་སུ་བཅད་པ་འདི་གཉིས་ལ་ཕྱེད་དང་གཉིས་ཀྱིས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཅིང་ཕྱག་བྱས་པ་བསྟན་ཏོ། །ཐ་མའི་རྐང་པ་གཉིས་ཀྱིས་ནི་སོ་སོར་ཐར་པའི་མདོ་བཤད་པའི་གནས་བསྟན་པ་ཡིན་ཏེ། ཕྱེད་དང་གཉིས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཅིང་ཕྱག་བྱས་པ་ལ་ཡང་དོན་རྣམ་པ་བདུན་གྱིས་བཤད་པ་སྦྱར་བར་བྱ་སྟེ། རྒྱུ་དང་འབྲས་བུ་དང༌། གཞན་གྱི་དོན་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང། འབྲས་བུའི་ཁྱད་པར་དང༌། བདག་གི་དོན་དང༌། ཞར་ལ་གྲུབ་པའི་འབྲས་བུ་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་གསུངས་ཏེ། སྙན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཚད་མེད་པ་རྣམས་སོ། །བ་དན་ནི་དཔེ་སྟེ་ཇི་ལྟར་མང་པོ་འདུས་པའི་གནས་སུ་བ་དན་བཙུགས་ན། གསལ་ཞིང་མཛེས་པ་དང༌། དེས་མཚོན་པ་རྣམས་པ་མ་མི་ནོར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཚེ་བའི་ཡོན་ཏན་ཡང་སྙན་ཅིང་མཛེས་པ་དང༌། དེ་ལ་བརྟེན་པ་རྣམས་ཀྱིས་ངན་སོང་གསུམ་ལ་སོགས་པ་ལམ་ལོག་པ་ཡོངས་སུ་སྤང་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན་ཡང་བ་དན་དང་འདྲ་ཞེས་བཤད་དོ། །འཇིག་རྟེན་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། སྐབས་འདིར་ནི་སེམས་ཅན་གྱི་འཇིག་རྟེན་དང་སྦྱར་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་དེ་དག་སེམས་ཡོད་པ་ལ་གྲགས་སུ་རུང་བའི་ཕྱིར་རོ། གསུམ་དུ་གྲགས་ཞེས་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་གསུམ་དུ་གྲགས་པའོ། །སྒྲ་དང་སྒྲ་ཐོས་པའི་དབང་པོ་ནི་གཟུགས་ཅན་ཡིན་ན། གཟུགས་མེད་པའི་ཁམས་སུ་སྒྲས་ཇི་ལྟར་


DTG156_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པར་འགྱུར། དཔེར་ན་དངུལ་གྱི་རྒྱུ་སྟང་ཟིལ་ཡིན་པ་དང་འདྲ་བར་སྔོན་འདོད་པ་དང་གཟུགས་ཀྱི་ཁམས་ན་གནས་པའི་ཚེ། དེ་བཞིན་གཤེགས་པའི་ཆེ་བ་ཡོན་ཏན་ཐོས་པའི་བག་ཆགས་དེ་ལ་ཡོད་པས་དེ་ཉིད་ལ་གྲགས་ཞེས་བྱས་ཀྱང་འགལ་བ་མེད་དོ། གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བ་གསུངས་སོ། །དེ་ལ་དམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། སྒྲིབ་པ་རྣམ་གཉིས་སྤངས་ཤིང་འཇིག་རྟེན་མཆོག་ཏུ་གྱུར་པའི་ཕྱིར་རོ། ཆོས་ནི་དེས་གསུངས་པའི་ཆོས་དེ་བསྟན་པ་དང༌། སྒྲུབ་པ་དང༌། འབྲས་བུའི་ཆོས་གང་ཡང་རུང་བའོ། །ཡང་ན་དམ་པའི་ཆོས་གསུམ་པོ་དེ་ཉིད་སྐྱོན་མེད་ཅིང་གཞན་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཡང་དམ་པ་ཞེས་བྱའོ། །སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་སེང་གེའི་སྒྲས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པ་དང་འདྲ་བར། དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པས། ཁམས་གསུམ་ན་བག་རྐྱོང་ཞིང་བདུད་དང་ལོག་པར་ལྟ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། དམ་པའི་ཆོས་སྟོན་ཅིང་གཞན་གྱི་དོན་མཛད་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཞེས་བྱ་ཞེ་ན། དེ་ནི་འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་ཟག་པ་མེད་པ་དང༌། འདུས་བྱས་དང་འདུས་མ་བྱས་དང༌། བླ་ན་ཡོད་པ་དང་བླ་ན་མེད་པའི་ཆོས་ཇི་སྙེད་པ་དང༌། ཇི་ལྟ་བ་དེ་དག་ཐམས་ཅད་སྐྱེས་བུ་མིག་དང་ལྡན་པའི་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་ཐམས་ཅད་མ་ལུས་པར་གཟིགས་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཡང་ཁ་ཅིག་ན་རེ་རྣམ་པ་བཞིའི་ཐམས་ཅད་མཁྱེན་པ་ཞེས་འཆད་དེ། བཞི་གང་ཞེ་ན་མ་ལུས་པ་དང༌། ཚད་མེད་པ་དང༌། ཐུན་མོང་མ་ཡིན་པ་དང༌། མ་ནོར་བར་མཁྱེན་པའོ། །དེ་མ་ལུས་པར་མཁྱེན་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་མ་ལུས་པར་


DTG156_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའོ། །ཚད་མེད་པར་མཁྱེན་པ་ནི་ཉན་ཐོས་དང༌། རང་སངས་རྒྱས་ལྟ་བུ་སྟོང་ཁམས་གཉིས་དང་གསུམ་ཤེས་པ་ལྟ་བུ་ནི་ཚད་ཡོད་པ་ཡིན་གྱི། དེ་བཞིན་གཤེགས་པའི་མཁྱེན་པ་ལ་ནི་ཚད་བཟུང་ཞིང་དཔག་ཏུ་མེད་པའི་ཕྱིར་ཚད་མེད་པར་མཁྱེན་པའོ། །ཐུན་མོང་མ་ཡིན་པར་མཁྱེན་པ་ནི་གང་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཤེས་ཤིང་མཐོང་བ་ནི་དེ་བཞིན་གཤེགས་པས་མཁྱེན་གྱི། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་ནི་གཞན་གྱིས་མི་ཤེས་པའི་ཕྱིར་ཐུན་མོང་མ་ཡིན་པར་མཁྱེན་པའོ། །མ་ནོར་བར་མཁྱེན་པ་ནི་བཤད་མ་ཐག་པའི་གསུམ་པོ་ལྟར་མཁྱེན་པ་ཡང་ཆོས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་རོ་ཞེའོ། །ཡང་ན་སྐྱེ་མཆེད་བཅུ་གཉིས་མཁྱེན་པའི་ཕྱིར་ཡང་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། ལུང་ལས་ཀྱང་བྲམ་ཟེས་གསོལ་པ། བཅོམ་ལྡན་འདས་ཀྱི་མཚན་ཐམས་ཅད་མཁྱེན་ཞེས་བགྱི་བ་ཡབ་ཡུམ་གྱིས་བཏགས་སམ། ཡོན་ཏན་གྱིས་མཚན་དུ་གསོལ། བཀའ་སྩལ་པ། བྲམ་ཟེ་ངའི་མིང་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཡོན་ཏན་ལས་མཚན་དུ་གསོལ་བ་སྟེ། སྐྱེ་མཆེད་བཅུ་གཉིས་མཁྱེན་པའི་ཕྱིར་རོ། །བྲམ་ཟེས་གསོལ་པ། དེ་ལྟར་ན་རྣམ་པར་ཤེས་པས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ་པ་མི་རིགས་སོ། བཀའ་སྩལ་པ། ཕྱིའི་སྐྱེ་མཆེད་དང༌། ནང་གི་སྐྱེ་མཆེད་འདུས་པ་ལས་རྣམ་པར་ཤེས་པ་འབྱུང་བས་ན་བཅུ་གཉིས་སུ་འདུས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱས་ཀྱང་འགལ་བ་མེད་དོ། །ཐུགས་རྗེ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རིན་ཆེན་མཛོད་བརྙེས་པ་ཞེས་བྱ་བ་གསུངས་སོ། །དཔེར་ན་རིན་པོ་ཆེ་ཡོད་ན་བང་མཛོད་དགོས་པ་བཞིན་དུ། དེ་ལ་རིན་ཆེན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུང་པ། དམ་པའི་ཆོས་སྔར་བཤད་པ་རྣམ་པ་གསུམ་ལ་བྱ་སྟེ། དེའི་མཛོད་ལྟ་བུར་གྱུར་པ་ནི་ཉན་ཐོས་ཀྱི་དགེ་སློང་ལ་སོགས་པ་དག་ཡིན་པས། མདོ་ངག་ལས་ཀྱང༌། སངས་རྒྱས་ལྟ་བུའི་སྟོན་པ་མེད། །དམ་ཆོས་ལྟ་བུའི་འདྲེན་པ་མེད། །དགེ་འདུན་ལྟ་བུའི་སྣོད་ཀྱང་མེད། །ཅེས་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་བྱིན་གྱིས་བརྙེས་


DTG156_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། འདི་ལ་ཐུགས་རྗེ་ཕུན་སུམ་ཚོགས་པ་ཞེས་བྱའོ། །འབྲས་བུ་ཁྱད་པར་གྱི་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བ་གསུངས་སོ། །མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཟུགས་ཀྱི་བསམ་གཏན་དང་པོ་ལ་དབང་བ་ཚངས་པ་དང༌། པདྨ་འབྱུང་བ་ཞེས་ཀྱང་བྱ་བ་དང༌། སུམ་ཅུ་རྩ་གསུམ་གྱི་ལྷའི་རྒྱལ་པོ་དབང་པོ་དང༌། བརྒྱ་བྱིན་དང༌། མིག་སྟོང་ཞེས་བྱ་བ་སྤྱི་གཙུག་གི་ནོར་བུ་རིན་པོ་ཆེ་ཡོད་པས་གཏུགས་ཏེ། ཕྱག་བྱས་ན་གཞན་ལྟ་ཅི་སྨོས་ཞེས་ཁྱད་པར་དུ་བསྟན་པའོ། །བདག་གི་དོན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །ཞེས་བྱ་བ་གསུངས་ཏེ། དེ་ལ་སྡུག་བསྔལ་ཞེས་བྱ་བ་ནི་གསུམ་དང་བརྒྱད་དེ་གསུམ་གང་ཞེ་ན། འདུ་བྱེད་དང༌། འགྱུར་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ལོ། །བརྒྱད་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། འདོད་པས་ཕོངས་པ་དང༌། ཕུང་པོ་ལྔ་རྒྱས་པའི་སྡུག་བསྔལ་ལོ། །རྒྱ་མཚོ་དང་ཕ་མཐའ་མེད་ཅེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་རྒྱ་མཚོ་ལ་ཕ་རོལ་གྱི་འགྲམ་དང༌། གཏིང་གི་མཐའ་མེད་པས་བརྒལ་བར་དཀའ་བ་དེ་བཞིན་དུ། ཐོག་མ་མེད་པའི་དུས་ནས་ལས་དང་ཉོན་མོངས་པ་བསགས་པའི་འབྲས་བུ་སྡུག་བསྔལ་རྣམས་ཀྱང༌། རྒྱ་མཚོ་དང་འདྲ་བར་ཕ་མཐའ་མེད་དེ་བརྒལ་དཀའ་བ་དེ་ལས་དེ་བཞིན་གཤེགས་པ་ཉག་གཅིག་གིས་བརྒལ་བས་ན་འདིས་བདག་གི་དོན་ཕུན་སུམ་ཚོགས་པ་ཞེས་བྱའོ། །བྱང་ཆུབ་གཉིས་པོ་ཡང་སྡུག་བསྔལ་དེ་དག་ལས་མ་བརྒལ་བ་མ་ཡིན་གྱི། ཕྱིས་དེ་བཞིན་གཤེགས་པས་བཟླས་པར་ཟད་དེ། ཐོག་མར་བརྒལ་བ་ཉིད་བསྟན་པའི་ཕྱིར་ཉག་གཅིག་སྨོས་སོ། །ཡང་ན་བྱང་ཆུབ་གཉིས་ཀྱི་སྡུག་བསྔལ་ལས་བརྒལ་བ་ཙམ་དུ་ཟད་ཀྱི་སྡུག་བསྔལ་གྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཉག་གཅིག་ཅེས་སྨོས་ཀྱང་འགལ་བ་མེད་དོ། །སྡུག་


DTG156_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་རྒྱ་མཚོ་དང་འདྲ་སྟེ་མཐའ་མེད་པ་དེ་བཞིན་གཤེགས་པས་བརྒལ་ཟིན་པས། ཕ་མཐའ་མེད་ཅེས་བསྟན་པ་འགལ་ལོ་ཞེ་ན། ཕ་མཐའ་མེད་ཅེས་བྱ་བ་སོ་སོ་སྐྱེ་བོ་འཇུག་པ་ཞེན་པ་ལ་བྱའི། བསྐལ་པ་གྲངས་མེད་པ་ནས་དཀའ་བ་སྤྱད་དེ། ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་བརྒལ་བ་ལ་ནི་ཕ་མཐའ་མེད་པ་འང་མ་ཡིན་པས་འགལ་བ་མེད་དོ། །ཞར་ལ་གྲུབ་པའི་འབྲས་བུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་བྱ་བ་གསུངས་སོ། །དེ་ལ་འགྲོ་བ་ཞེས་བྱ་བ་ནི་ཁམས་གསུམ་ན་རྒྱུན་མི་འཆད་པར་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་ནས་འགྲོ་བ་ཞེས་བྱ་སྟེ། འགྲོ་བ་ལྔ་འམ་དྲུག་ཏུ་བསྟན་པ་རྣམས་སོ། །དེའི་གཙོ་བོར་གྱུར་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་ལ་གཙོ་བོ་ཞེས་བྱ་བ་ནི་མཆོག་དང༌། དམ་པ་དང༌། ཁྱད་པར་ཅན་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །སྤྱི་བོས་ཕྱག་འཚལ་བ་ན་འདུལ་བ་ལ་ཡང་དག་པར་སྡུད་པའི་དུས་སུ། འཕགས་པ་ཉེ་བར་སྐྱོང་གིས་ཕྱག་བྱས་པའོ། །སོ་སོར་ཐར་པའི་མདོ་བཤད་པའི་གནས་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་བསླབ་ཚིག་རིན་ཆེན་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་གསུངས་ཏེ། དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་བསླབ་པ་ནི་སྲོག་གཅོད་པ་ལ་སོགས་པ་ལྟུང་བ་སྡེ་ལྔའི་ཉེས་པ་ལྔས་ཟློག་པར་བྱེད་པ་རྣམས་སོ། །ཚིག་ཅེས་བྱ་བ་ནི་བརྗོད་པ་དང༌། བཤད་པ་སྟེ་དེས་གོ་བར་བྱེད་པའོ། །རིན་ཆེན་ཞེས་བྱ་བ་ནི་དཀོན་པའི་ཕྱིར་ཏེ། འདུལ་བ་རྣམས་སོ། །སྣོད་ཅེས་བྱ་བ་ནི་འདུལ་བ་རིན་པོ་ཆེ་རྣམས་ཀྱི་སྣོད་དེ་སོ་སོར་ཐར་པ་འདི་ཉིད་ཡིན་པར་བསྟན་ཏེ། ཡང་ན་སྣོད་ཅེས་བྱ་བ་ནི་འཕགས་པའི་བསླབ་ཚིག་རིན་ཆེན་གྱི་སྣོད་ཡིན་བར་བཤད་དེ། སོ་སོར་ཐར་པ་ཉིད་བསླབ་ཚིག་རིན་ཆེན་ཡིན་པས་སྣོད་དུ་མི་སྦྱར་རོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྡིག་པ་ལས་རིང་དུ་གྱུར་པའི་ཕྱིར་རོ། །ཚོགས་ནི་བཞི་ཡན་ཆད་དུ་འདུས་པ་ལ་བྱ་སྟེ། དཔེར་ན་ཇི་ལྟར་རིན་པོ་ཆེ་ཡང་ཡ་རབས་ལ་བསྟན་ན་བཟང་བར་ཤེས་པ་དང་


DTG156_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་ཐམས་ཅད་མཁྱེན་པའི་བསླབ་ཚིག་རིན་པོ་ཆེ་དང་འདྲ་བར་སོ་སོར་ཐར་པ་འདི་ཡང་འཕགས་པ་དག་གི་དབུས་སུ་བཤད་པར་བྱའི། བྱིས་པ་གླེན་པ་མི་གསལ་བ་དག་གི་དབུས་སུ་བསྟན་ཀྱང་དོན་མེད་པའི་ཕྱིར་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སོ་སོར་ཐར་པ་ཉིད་ཀྱི་ལེགས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་སྟོན་ཏོ། །དེའི་ཕྱིར། སངས་རྒྱས་ཀྱིས་ནི་འདུལ་བ་མཚོ། །ཞེས་བྱ་བ་ནས། དགེ་སློང་མངོན་སུམ་ཉིད་དུ་བསྟོད། །ཅེས་པའི་བར་དུ་གསུངས་སོ། །འདི་ལ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་པར་བྱ་སྟེ། འདུལ་བ་རྣམས་ཀྱི་གནས་བསྟན་པ་དང༌། འདི་གསང་བ་ཡིན་པར་བསྟན་པ་དང༌། བླ་ན་མེད་པའི་རྒྱུར་བསྟན་པ་དང༌། འཚལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་བསྟན་པ་དང༌། བདག་མེད་པའི་གཉེན་པོར་བསྟན་པ་དང༌། ངན་སོང་རྣམས་སྤང་ཞིང་མངོན་པར་མཐོ་བ་ཐོབ་པའི་རྒྱུ་བསྟན་པ་དང༌། ཉོན་མོངས་པ་སྤང་ཞིང་མྱ་ངན་ལས་འདས་པའི་རྒྱུ་བསྟན་པ་དང༌། སྟོན་པ་དང་འདྲ་བས་བསྟན་པའོ། །དེ་ལ་འདུལ་བ་རྣམས་ཀྱི་གནས་བསྟན་པ་ཞེས་བྱ་བ་སྔར་བཤད་པའི་ཕྱིར། སངས་རྒྱས་ཀྱི་ནི་འདུལ་བ་མཚོ། །མ་ལུས་གཏིང་དང་ཕ་རོལ་མེད། །གནས་དང་སྙིང་གི་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་ནི་ཞེས་པ་ཕྱི་རོལ་པ་རྣམས་དགག་པའི་ཕྱིར་རོ། འདུལ་བ་ནི་དུག་གསུམ་འདུལ་ཞིང་ཉེས་པ་ལས་བཟློག་པ་འམ། ཡང་ན་རྣམ་པར་འདྲེན་ཞེས་ཀྱང་བྱ་སྟེ། ངན་སོང་གསུམ་ལས་འདྲེན་ཅིང་བདེ་བའི་གནས་སུ་འཇོག་པའི་ཕྱིར་རོ། །མཚོ་གཏིང་དང་ཕ་རོལ་མེད་ཅེས་བྱ་བ་ནི་འདུལ་བ་རྣམས་མང་བའི་དཔེ་སྟེ། ཇི་ལྟར་རྒྱ་མཚོ་ཕ་རོལ་དང་གཏིང་མེད་པས་གྲངས་མང་ཞིང་ཟབ་པ་དེ་བཞིན་དུ་འདུལ་བ་ཡང་གྲངས་མང་ཞིང་ཟབ་པས་སེམས་ཅན་རྣམས་ཀྱི་ཤེས་པར་དཀའ་བ་དེ་དག་མ་ལུས་པར་མདོ་འདིའི་ནང་དུ་འདུས་པའི་ཕྱིར་རོ། །གཏིང་དང་ཕ་རོལ་མེད་པ་ལུས། །ཞེས་རྨོངས་པའི་རིགས་པ་ལས་ཚིགས་བཅད་ལ་མི་བདེ་ནས། མ་ལུས་གང་དུ་སྨོས་ཏེ་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གནས་ཞེས་པ་ནི་འདུལ་བ་རྣམས་ཀྱི་གཞི་


DTG156_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འམ་རྟེན་ལྟ་བུ་སོ་སོར་ཐར་པ་འདི་གནས་པའི་ཕྱིར་རོ། །སྙིང་གི་སྙིང་པོ་ཞེས་བྱ་བ་ལ་སྟོན་པས་གསུངས་པའི་ཆོས་རྣམས་ཀྱི་ནང་དུ་འདུས་པ་ནི་གསང་བ་ཡིན་པས་སྙིང་པོ་ཡིན་ལ། དེ་རྣམས་ཀྱི་སྙིང་པོ་ནི་སོ་སོར་ཐར་པ་ཡིན་པས་སྙིང་པོ་ཞེས་བྱའོ། །སོ་སོར་ཐར་པ་འདི་ཡིན་ནོ་ཞེས་བྱ་བ་ནི་འདི་ཉིད་ཡིན་པར་བསྟན་པའོ། །འདི་གསང་བ་ཡིན་པར་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར། འདི་ནི་དམ་ཆོས་རྒྱལ་པོ་ཡི། །དམ་ཆོས་མི་བྲི་བསྡུས་པ་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ལ་འདི་ནི་ཞེས་སྨོས་པས་སོ་སོར་ཐར་པ་འདི་ཉིད་དོ། །དམ་ཆོས་རྒྱལ་པོ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོས་ཡུལ་དང་མི་རྣམས་ལ་དབང་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་རོ། །དམ་ཆོས་མི་བྲི་བསྡུས་པ་ཡིན། །ཞེས་བྱ་བ་ནི་གསུང་རབ་བཅུ་གཉིས་ལ་མདོ་སྡེ་དང་ཆོས་མངོན་པ་དག་ནི་ཡི་གེར་བྲི་ཞིང་བསྟན་པར་བྱ་བ་ཡིན་གྱི་འདུལ་བ་ནི་གསང་བས་ན་ཡིད་ལ་བྲི་ཞིང་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །མ་འོངས་པའི་སྐྱེ་བོ་དབང་པོ་ཞན་པ་དག་ནི་ཡི་གེར་བྲི་ཞིང་བསྟན་པ་ཡང་གནང་སྟེ། མདོ་ཕྲ་མོ་ལས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ་མ་འོངས་པའི་དུས་ན་དགེ་སློང་དྲན་པ་ཉམས་པ་དང༌། དྲན་པ་ཞན་པ་དག་བྱུང་སྟེ། དེ་དག་གིས་གྲོང་དང་གྲོར་ཁྱེར་གང་དུ། ཇི་ལྟར་གནས་ཤིང་བསླབ་པའི་གཞི་གང་དུ་བཅས་པ་དེ་དག་གི་མ་འཚལ་ན་ཅི་ལྟ་བུར་ནན་ཏན་བགྱི། བཀའ་སྩལ་པ་དྲན་པ་ཉམས་པ་དང༌། དྲན་པ་ཞན་པ་དེ་དག་གིས་འདུལ་བ་རྣམས་ལོ་མ་ལ་ཡི་གེར་བྲིས་ལ་བཅང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་གསུངས་པའི་ཕྱིར་རོ། །བླ་ན་མེད་པའི་རྒྱུར་བསྟན་པ་ཞེས་བྱ་བ་བསྟན་པའི་ཕྱིར། འདི་ནི་དགེ་སློང་ཚོང་པ་ཡི། །བསླབ་ཟོང་ཚོང་ཁང་ཆེན་པོའོ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་དཔེ་ལས་རིག་པར་སྟེ། ཇི་ལྟར་ཚོང་པ་རྣམས་ཚོང་འདུས་ན་ནོར་རིན་པོ་ཆེ་རྣམས་ཉོ་འཚོང་ཞིང་ཁེ་ཚོལ་བ་དང་འདྲ་བར། དགེ་སློང་མས་ཀྱང་བསླབ་པ་འདི་ཟོང་དུ་ཐོགས་ནས། བླ་ན་མེད་པར་ཁེ་ཚོལ་བ་ལ་སོ་སོར་ཐར་པ་འདི་འཕགས་པའི་


DTG156_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་སུ་གྱུར་པའི་ཕྱིར་བསླབ་ཟོང་ཚོང་འདུས་ཆེན་པོ་ཞེས་བཤད་དོ། །དེ་ལ་འདི་ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ཉིད་དོ། །དགེ་སློང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་སློང་ཞིང་ཚོལ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ལ། ཆོས་དང་མཐུན་པར་བསོད་སྙོམས་ལེན་པས་འཚོ་བས་ན་དགེ་སློང་ཞེས་བྱའོ། །བསླབ་པ་ནི་ཚུལ་ཁྲིམས་ལ་བསྟན་ནས་ཉོན་མོངས་པ་ཟད་པར་སློབ་ཅིང་སྦྱོང་བ་ན་བསླབ་པ་ཞེས་བྱའོ། །ཆེན་པོ་ནི་བླ་ན་མེད་པའི་ཟོང་སོ་སོར་ཐར་པ་འདི་མ་ཡིན་པ་གཞན་མེད་པའི་ཕྱིར་རོ། །གཞན་ནི་བརྡ་སྤྲད་པར་ཟད་དོ། །འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་བསྟན་པ་ཞེས་བྱ་བ་བསྟན་པའི་ཕྱིར། ཚུལ་ཁྲིམས་ངན་པས་ཟིན་པ་ཡི། །གདུག་པ་སེལ་བའི་སྨན་འདི་ཡིན། །ཞེས་བྱ་བ་གསུངས་སོ། །ཇི་ལྟར་གདུག་པས་ཟིན་པ་ལ། །དུག་སྨན་གྱིས་འཆོ་བ་དེ་བཞིན་དུ་ཚུལ་ཁྲིམས་ངན་པ་སྟེ། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས། ཁ་ན་མ་ཐོ་བ་སྤྱོད་པ་རྣམས་ལས་བཟློག་ཅིང་མདོ་འདི་ལས་འབྱུང་བ་བཞིན་དུ་སྤྱད་ན་ཁ་ན་མ་ཐོ་བ་དེ་དག་ལས་གྲོལ་ཞིང་བདེ་བ་འཐོབ་པའི་ཕྱིར་ཚུལ་ཁྲིམས་ངན་པས་ཟིན་པའི་དུག་ལ་སོ་སོར་ཐར་པ་འདི་སྨན་དང་འདྲ་བའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་ཞེས་བྱ་བ་ནི། །ཤཱི་ལ་ཞེས་བྱ་བའི་སྒྲ་ལས་དྲངས་ནས་ལེགས་པར་སྤྱོད་པ་ལ་ཞུགས་ཤིང་ཚུལ་ཁྲིམས་དམ་པོས་བསྲུངས་པས་མི་དགེ་བ་སྤངས་པའི་མིང་ལ་བྱ། ཡང་གཅིག་ཏུ་ན་ཉོན་མོངས་པའི་གདུང་བ་མེ་དང་འདྲ་བ་ཞི་ཞིང་བསིལ་བར་གྱུར་པའི་མིང་ཡང་ཡིན་ཏེ། དངོས་སུ་ན་དང་ཚུལ་གྱིས་མི་དགེ་བ་མི་སྤྱོད་ཅིང་ཚུལ་ཁྲིམས་བསྲུང་བའི་མིང་སྟེ། དེའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །བག་མེད་པའི་གཉེན་པོར་བསྟན་པ་ཞེས་བྱ་བ་སྟོན་ཏེ་དེའི་ཕྱིར། འདི་ནི་ལང་ཚོ་འཁྲུལ་པ་ཡི། །གླང་པོ་གཞོན་ནུའི་ལྕགས་ཀྱུའོ། །ཞེས་བྱ་བ་གསུངས་ཏེ། དཔེར་ན་གླང་པོ་ཆེ་ལང་ཚོ་ལ་བབ་པ་གཡེང་ས་ལ་སོགས་པ་བག་མེད་པར་མཆོང་ཞིང་འགྲོ་བས་བདག་གི་སྲོག་གི་བར་ཆད་དུ་ཡང་འགྱུར་ལ་དེའི་ཞོར་གྱིས་སྲོག་ཆགས་མང་པོ་འཆི་ཞིང་སྐྲག་པས་བདག་དང་གཞན་ལ་གནོད་པར་འགྱུར་པ་དེ་ལ་གླང་པོ་ཆེའི་ཐབས་ལ་མཁས་


DTG156_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལྕགས་ཀྱུས་བཅོས་ན་དུལ་བར་འགྱུར་བ་དེ་བཞིན་དུ། དགེ་སློང་མ་ལང་ཚོ་ལ་བབ་པ་བག་མེད་ཅིང་སེམས་ནང་དུ་འཇོག་མི་ནུས་པ་རྣམས་སོ་སོར་ཐར་པའི་ལྕགས་ཀྱུ་འདིས་བཅོས་ཤིང་བཏུལ་ན། སེམས་ལས་སུ་རུང་ཞིང་ལང་ཚོའི་ཉེས་པ་ལས་གྲོལ་བའི་ཕྱིར་སོ་སོར་ཐར་པ་འདི་ནི་ལྕགས་ཀྱུའི་སྒྲར་བསྟན་ཏོ། །དེ་ལ་ལང་ཚོའི་དུས་ནི་འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་མན་ཆད་ལ་བྱའོ། །ངན་སོང་རྣམས་སྤང་ཞིང་མངོན་པར་མཐོ་བ་འཐབ་པའི་རྒྱུ་བསྟན་པ་ཞེས་བྱ་བ་བསྟན་པའི་ཕྱིར། ངན་འགྲོ་འཁོར་བ་ཟབ་མོ་ལས། །སྒྲོལ་བའི་གཟིངས་ནི་འདི་ཡིན་ནོ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །སྟེགས་དང་ཟམ་པར་ངེས་པའོ། །ཞེས་གསུངས་སོ། །དེ་ལ་ངན་འགྲོ་ནི་གསུམ་སྟེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་སོ། །འཁོར་བ་ཞེས་བྱ་བ་ནི་ངན་སོང་གསུམ་པོ་དེ་དག་ཏུ་ཉེ་བར་ལེན་པའི་ཕུང་པོ་ཡང་དང་ཡང་དུ་ལེན་པའི་ཕྱིར་རོ། །ཟབ་མོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་འཇིགས་པ་དང༌། བརྒལ་བར་དཀའ་བའོ། །དེ་ལ་ཤིན་ཏུ་འཇིགས་པ་ནི་ངན་སོང་གི་འབྲས་བུ་སྟེ། ཚ་བ་དང༌། གྲང་བ་དང༌། ཉེ་བ་དང༌། ཉེ་ཚེའི་དམྱལ་བ་དག་ཏུ་སྐྱེས་པ་རྣམས་གཏུབ་ཅིང་གཤེགས་པ་ལ་སོགས་པའི་འཇིགས་པ་དང༌། དུད་འགྲོ་གླེན་ཞིང་གཏི་མུག་སྟེ། ཉིང་ཤ་ཉིང་གིས་ཟ་བ་ལ་སོགས་པའི་འཇིགས་པ་དང༌། ཡི་དགས་བཀྲེས་སྐོམ་གྱིས་གདུངས་པས་འཇིགས་པའོ། །བརྒལ་བར་དཀའ་བ་ནི་ངན་སོང་དེ་དག་རྒྱ་མཚོ་དང་འདྲ་བའི་ཕྱིར་རོ། །སྒྲོལ་བའི་གཟིངས་ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་ན་གྲུ་དང་གཟིངས་ཀྱི་ས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དེ་བཞིན་དུ། ངན་སོང་གསུམ་པོ་དེ་དག་གི་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་དེ་ལས་བཟླ་བར་འདོད་པ་རྣམས་ཀྱིས་སོ་སོར་ཐར་པ་འདི་ལས་འབྱུང་བ་བཞིན་དུ་སྤྱད་ན་སྡུག་བསྔལ་དེ་དག་ལས་གྲོལ་བར་འགྱུར་བས་ན། གཟིངས་དང་འདྲ་ཞེས་བཤད་དོ། །བཟང་འགྲོ་ཞེས་བྱ་བ་ནི་ལེགས་པ་དང་བདེ་བའི་གནས་སུ་འགྲོ་བ་མངོན་པར་མཐོ་བ་སྟེ། ལྷ་དང་མིའི་འགྲོ་བ་ལ་བྱའོ། །འགྲོ་བའི་སྟེགས་དང་ཟམ་པ་ཞེས་བྱ་བ་ནི་ལྷ་དང་མིའི་གནས་དེར་འགྲོ་བའི་སྟེགས་དང་ཟམ་པ་སྟེ། ཇི་ལྟར་ཆུ་བོ་ལ་སྟེགས་དང་ཟམ་པས་བརྒལ་བར་འགྱུར་བ་དང་འདྲ་བ་ལྷ་དང་


DTG156_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་སྟེགས་དང་ཟམ་པར་ངེས་པའི་སོ་སོར་ཐར་པ་འདི་ལས་འབྱུང་བ་བཞིན་བྱས་ན་ལྷ་དང་མིའི་བདེ་བ་མྱོང་བར་འགྱུར་བའི་ཕྱིར་རོ། །ངེས་པ་ཞེས་བྱ་བ་ནི་གདོན་མི་ཟ་བའི་ཐ་ཚིག་གོ །ཉོན་མོངས་པ་སྤང་ཞིང་མྱ་ངན་ལས་འདའ་བའི་རྒྱུ་བསྟན་པ་ཞེས་བྱ་བ་སྟན་ཏེ། དེའི་ཕྱིར། འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་བ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ཉིད་དོ། །ཉོན་མོངས་པ་ཞེས་བྱ་བ་ནི་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་སྟེ། བརྒྱད་ཅུ་རྩ་བརྒྱད་དང༌། །བཅུར་བསྟན་པ་རྣམས་སོ། །ཐེག་པ་ཆེན་པོའི་བསྟན་བཅོས་ལས་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་བརྒྱད་ཅུ་རྩ་གཉིས་དང༌། བཅུ་དྲུག་ཡོད་ཅེས་འཆད་དོ། །ཕམ་བྱེད་ལམ་ཞེས་བྱ་བ་ནི་ཉོན་མོངས་པ་སྤང་ཞིང་ཕམ་པར་བྱེད་པའི་ལམ་སྟེ། སོ་སོར་ཐར་པ་འདི་ཉིད་ཡིན་པར་བསྟན་ཏོ། །རྒྱལ་པོའི་འདྲེན་པ་མཆོག་ཅེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་རྒྱལ་པོས་གཞན་གྱི་དགྲ་ལ་རྒོལ་ན། ས་མཁན་གྱིས་དང་པོར་དྲངས་ཏེ། དེ་ནས་དམག་གི་དཔུང་གིས་འཇོམས་པར་བྱེད་པ་དང་འདྲ་བར། དགྲ་དང་འདྲ་བའི་ཉོན་མོངས་པ་དེ་གཞོམ་ན། སྔར་ཚུལ་ཁྲིམས་ལ་བརྟེན་ནས་དེའི་འོག་ཏུ་འཕགས་པའི་ལམ་གྱིས་ཉོན་མོངས་པ་སྤང་བར་འགྱུར་བའི་ཕྱིར་རོ། །ལམ་ནི་རྒྱལ་པོ་ལྟ་བུར་བསྟན་ལ། ལམ་དེ་འདྲེན་པའི་མཆོག་ནི་སོ་སོར་ཐར་པ་ཡིན་པར་བཤད་དོ། །ཐར་པའི་གྲོང་ཁྱེར་འཇུག་པ་ཡི། །ཞེས་བྱ་བ་ནི་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཉིད་དུ་འཇུག་གོ །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་ནི། ཇི་ལྟར་གྲོང་ཁྱེར་མཐོན་པོའི་སྟེང་དུ་འཛེགས་ན་སྐས་ལ་བརྟེན་ཅིང་སྐས་ཀྱང་གཞི་ས་ལ་བརྟེན་དགོས་པ་དང་འདྲ་བར། གང་དག་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་རྣམས་ཀྱང༌། ཐེམ་སྐས་ཀྱི་གཞི་དང་འདྲ་བར་སོ་སོར་ཐར་པ་འདི་ལ་བརྟེན་དགོས་པའི་ཕྱིར། འཕགས་པའི་ལམ་ནི་ཐེམ་སྐས་སུ་བསྟན་ལ། དེའི་གཞི་དང་འདྲ་བར་ནི་སོ་སོར་ཐར་པ་འདི་ཉིད་ཡིན་པར་བསྟན་ཏོ། །སྟོན་པ་དང་འདྲ་བར་བསྟན་པ་ཞེས་བྱ་བ་བསྟེན་པའི་ཕྱིར། ང་ནི་མྱ་ངན་འདས་


DTG156_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་ཞེས་ཀྱང༌། །རང་བྱུང་ཉིད་ཀྱིས་ནན་ཏན་དུ། །དགེ་སློང་མངོན་སུམ་ཉིད་ཀྱིས་བསྟོད། །ཅེས་བྱ་བ་གསུངས་སོ། །འདི་ནི་སྟོན་པ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བར་ཉེ་བ་ཞིག་ན། ཀུན་དགའ་བོ་ལ་སོགས་པ་དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ། དགེ་སློང་ཁྱིམ་སུན་འབྱིན་པ་དང༌། སྡིག་ཏོ་ཅན་དང་ཇི་ལྟར་ལྷན་ཅིག་གནས་ཤིང་བསྟན་པ་བཞིན་དུ་བགྱི། སྟོན་པ་ནི་སུས་བགྱི་ཞེས་གསོལ་བའི་ལན་དུ་གསུངས་སོ། །དེ་ལ་ང་ནི་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བཏགས་པའི་ང་ཡོད་པ་མ་ཡིན་གྱི། གཞན་དག་གོ་བར་བྱ་བའི་ཕྱིར་རམ་གོང་ན་མེད་པས་ཆེའོ་ཞེས་བྱ་བའི་ཐ་ཚིག་གོ །མྱ་ངན་འདས་གྱུར་ན་ཞེས་བྱ་བ་ནི་གཉིས་ཏེ། ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པ་སྟེ་སྐབས་འདིར་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཟུང་ངོ༌། །འདི་ནི་ཞེས་བྱ་བ་ནི་འདི་ཉིད་དོ། །ཁྱེད་ཀྱི་སྟོན་པ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱི་སྟོན་པ་སྟེ། དེ་བཞིན་གཤེགས་པ་དང་འདྲ་བར་བལྟ་བར་བྱའོ་ཞེས་བསྟན་པའོ། །རང་འབྱུང་ཞེས་བྱ་བ་ནི་གཞན་གྱི་དྲིང་ལས་སྐྱེས་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་ཆོས་ཉིད་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཉིད་ཀྱིས་ནན་ཏན་དུ་ཞེས་བྱ་བ་འདིས་ཡང་དག་པར་གསུངས་པའོ། །མངོན་སུམ་ཉིད་དུ་བསྟོད་ཅེས་བྱ་བ་ནི་འདི་ལ་སྟོན་པར་ལྟོས་ཤིག་ཅེས་ཉན་ཐོས་རྣམས་ལ་མངོན་སུམ་དུ་གསུངས་པའི་ཕྱིར་རོ། །ད་ནི་སྒྲུབ་པར་བསྐུལ་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་ཞེས་བྱ་བ་ནས། མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། སྟོན་པ་མཐོང་ཞིང་ཐོས་པ་དང༌། མི་ལུས་རྙེད་པར་ཤིན་ཏུ་དཀའ་བར་བསྟན་པ་དང༌། མི་ཁོམ་པ་སྤངས་ནས་ཚངས་པར་སྤྱོད་པ་རྙེད་པ་ཤིན་ཏུ་དཀའ་བར་བསྟན་པ་དང། དགེ་བའི་བཤེས་གཉེན་རྙེད་པར་ཤིན་ཏུ་དཀའ་བ་བསྟན་པ་དང༌། མཇུག་བསྡུ་ཞིང་རྩོལ་དུ་གཞུག་པའོ། །སྟོན་པ་མཐོང་ཞིང་ཐོས་པ་དང༌། མི་ལུས་རྙེད་པར་ཤིན་ཏུ་དཀའ་བར་བསྟན་པ་ཞེས་བྱ་བའི་དབང་དུ་བྱས་ན། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་


DTG156_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དཀོན། །མི་ཉིད་རྙེད་པར་ཤིན་ཏུ་དཀའ། །ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཞེས་བྱ་བ་ནི་གཏི་མུག་གི་གཉིད་སངས་པ་ནས་གཉིད་སངས་པ་བཞིན་ཏེ་སངས་པ་ལ་སྙེགས། བློ་བྱེ་ཞིང་རྒྱས་པས་ན་པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བས་ཚིག་གི་དོན་སྤྱིར་བསྡུས་ནས། ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཞེས་བྱ། དེ་ལ་མི་ཞེས་བྱ་བའི་སྒྲ་ནི་ཤེད་ཤེས་པ་ལས་སྐྱེས་པའི་ཕྱིར་ཏེ། དེ་ལ་དངོས་པོ་འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ན་དེ་དག་གིས་ཐོས་པ་དང་ལྡན་པ་རྣམས་ཀྱི་ཡིད་ལ་རྗོད་པར་བྱེད་པས་ན་མི་ཞེས་བྱའོ་ཞེས་ཡོ་ག་ཙ་རའི་ཊཱི་ཀ་ལས་བཤད་དོ། །སངས་རྒྱས་ཞེས་བྱ་བའི་སྒྲ་འཇིག་རྟེན་ན་ཅིའི་ཕྱིར་དཀོན་ཞེ་ན། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ཏེ། ཅིས་མངོན་ཞེ་ན། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འབྱུང་བ་རྙེད་པར་དཀའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་ཡང་འཇིག་རྟེན་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད་མི་མཐོང་བར་ཡང་སྲིད་དེ། དཔེར་ན་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ནོ། །ཞེས་གསུངས་སོ། །རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོ་ལས། ཀུན་དགའ་བོ་འདི་ལྟ་སྟེ། ཨུ་དུམ་ཝཱ་རའི་མེ་ཏོག་ནི་སངས་རྒྱས་སྐྱེས་པ་དང་དུས་གཅིག་ཏུ་འབྱུང་སྟེ། ཁ་ཅིག་ལྡན་ཞིང་གསལ་ཏེ། འོད་བཟང་ལ་དྲིས་ནི་དཔག་ཚད་གཅིག་ཁོར་ཡུག་ཏུ་ཁྱབ་པར་བྱེད་དོ། །མེ་ཏོག་དེས་ནི་རབ་རིབ་མེད་པར་བྱེད། །དྲན་པ་ཡོངས་སུ་སྦྱོང་བར་བྱེད། །ནད་ཀྱང་རབ་ཏུ་ཞི་བར་བྱེད། དྲི་ང་བ་ཡང་སེལ་ཞིང་སྣང་བར་བྱེད། དྲི་ཞིམ་པོ་ཡང་འབྱིན་པར་བྱེད་དོ། །དྲི་དེས་ཁམས་བཞི་དངས་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་མེ་ཏོག་མི་འབྱུང་ན། སེམས་ཅན་ཚུལ་ཁྲིམས་འཆལ་བ་རྣམས་དང༌། སངས་རྒྱས་འབྱུང་བ་དང་མཚུངས་པའི་མེ་ཏོག་ལྟ་འབྱུང་བར་ག་ལ་འགྱུར་ཞེས་གསུངས་སོ། །མེ་ཏོག་དེ་ཅི་འདྲ། གང་དུ་ནམ་སྐྱེས་ཤེ་ན། རྟོགས་པ་བརྗོད་པའི་མདོ་ལས་མཚོ་ཆེན་པོ་མ་དྲོས་པ་འདས་པའི་བྱང་ཕྱོགས་ན། རི་རྩེ་ལྔ་པ་ཞེས་བྱ་བ་


DTG156_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕ་རོལ་ན་ཨུ་དུམ་ཝཱ་རའི་ཚལ་ཡོད་དེ། ནམ་སངས་རྒྱས་བཅོམ་ལྡན་འདས་དག་དགའ་ལྡན་ལྷའི་རིས་ནས་བབས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཚལ་དེ་ཁ་འབུ་བར་བྱེད་དོ། །ནམ་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ཚལ་དེ་ཁ་འབྱེད་པར་འགྱུར་རོ། །ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། ཚལ་དེའི་མེ་ཏོག་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ། །ནམ་ཚེའི་འདུ་བྱེད་འདོར་བ་དེའི་ཚེ། ཚལ་དེ་རྙིངས་པར་འགྱུར་རོ། །ནམ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚལ་དེའི་ལོ་མ་དང༌། མེ་ཏོག་དང༌། འདབ་མ་དང༌། འབྲས་བུ་ཡང་ལྷགས་པར་འགྱུར་རོ། །མེ་ཏོག་དེའི་ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །ནམ་སངས་རྒྱས་བཅོམ་ལྡན་འདས་དག་རྒྱལ་རིགས་སུ་འབྱུང་བ་དེའི་ཚེ་མེ་ཏོག་དེ་དག་ཁ་དོག་དཀར་པོར་རབ་ཏུ་འགྱུར་རོ། །བྲམ་ཟེའི་རིགས་ཀྱི་ནང་དུ་འབྱུང་བ་དེའི་ཚེ་ཡང་མེ་ཏོག་དེ་དཀར་པོར་འགྱུར་རོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། །གང་དག་མཐོང་ཞིང་ཐོས་པ་དང༌། །བསྙེན་བཀུར་བྱས་པ་དོན་ཡོད་པ། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་གསུངས་སོ། །བསྐལ་པ་བཟང་པོའི་མདོ་ལས་ཀྱང་བསྐལ་པ་བཟང་པོ་འདིའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་པུ་དེ་ལ་སངས་རྒྱས་ཁྲི་འབྱུང་ངོ༌། །བསྐལ་པ་སྙན་པ་ཆེན་པོ་དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་སྟེ། །བསྐལ་པ་དེ་གཅིག་པུ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ངོ༌། །བསྐལ་པ་སྐར་མ་ལྟ་བུ་དེའི་འོག་ཏུ་བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ངོ༌། །དེའི་འོག་ཏུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་བསྐལ་པ་འབྱུང་སྟེ། བསྐལ་པ་དེ་གཅིག་པུ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་ཞེས་གསུངས་ཏེ། །དེ་ལྟར་ན་སངས་རྒྱས་འབྱུང་བའི་བསྐལ་པ་ནི་ཉུང་ལ། སངས་རྒྱས་མེད་པའི་བསྐལ་པ་ནི་མང་བའི་ཕྱིར་སྟོན་པ་འཇིག་རྟེན་དུ་འབྱུང་བ་མཐོང་ཞིང་དེའི་སྒྲ་ཐོས་པར་དཀའ་བར་མངོན་ནོ། །བརྒྱ་ལ་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ཡང་མི་ལུས་ཤིན་ཏུ་ཐོབ་པར་


DTG156_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་སྟེ། ཅིས་མངོན་ཞེ་ན། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་འདི་ལྟ་སྟེ། དཔེར་ནས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ་དེའི་ནང་དུ་མི་འགའ་ཞིག་གིས་ཤིང་བུ་ག་གཅིག་པ་ཞིག་བོར་ཏེ། དེ་ཤར་གྱི་རླུང་གིས་ནུབ་ཕྱོགས་སུ་ཕུལ། ནུབ་ཀྱི་རླུང་གིས་ནི་ཤར་ཕྱོགས་སུ་ཕུལ། བྱང་གི་རླུང་གིས་ནི་ལྷོ་ཕྱོགས་སུ་ཕུལ། ལྷོའི་རླུང་གིས་ནི་བྱང་ཕྱོགས་སུ་ཕུལ་ལ། །དེ་ན་རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་དང༌། ལོ་བརྒྱ་ཕྲག་དུ་མར་འཚོ་བ། ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེ་བུ་ག་གཅིག་གི་ཤིང་དེར་མགྲིན་པ་འཇུག་ན། དགེ་སློང་དག་དེ་ཇི་སྙམ་དུ་སེམས་རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་ལ་བརྒྱ་ཕྲག་དུ་མར་འཚོ་བ་དེ་ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས། ཤིང་བུ་ཁ་གཅིག་པ་དེར་མགྲིན་པ་ཆུད་དམ། གསོལ་བ་བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ཞིང་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་སྟོན་ཏོ། །མིར་འགྱུར་བ་ཡང་བརྒྱ་ལ་བརྒྱ་ལམ་ནི་སྟེས་ན་ཐོབ་སྟེ། ཤིན་ཏུ་རྙེད་པར་དཀའོ་ཞེས་གསུངས་པའི་ཕྱིར་རོ། །མི་ཁོམ་པ་སྤངས་ནས་ཚངས་པར་སྤྱོད་པ་རྙེད་པར་ཤིན་ཏུ་དཀའ་བར་བསྟན་པའི་དབང་དུ་བྱས་ཏེ། རབ་ཏུ་བྱུང་པ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན། །ཞེས་བྱ་བ་གསུངས་སོ། །དེ་ལ་མི་ཁོམ་པ་ཞེས་བྱ་བ་ནི་བརྒྱད་དེ། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ལྷ་ཚེ་རིང་པོ་དང༌། མཐའ་འཁོབ་ཀྱི་མི་དང༌། དབང་པོ་མ་ཚང་བ་དང༌། ལོག་པར་ལྟ་བ་དང༌། སངས་རྒྱས་མ་བྱུང་བའི་སྐབས་སུ་སྐྱེས་པའོ། །བརྒྱད་པོ་དེ་དག་ལ་མི་ཁོམ་པ་ཞེས་བསྟན་ཅིང༌། ངལ་བ་འབྱོར་པ་རྙེད་པ་དཀའ་བར་ཅིས་མངོན་ཞེ་ན། གཅིག་ལས་འཕྲོས་པའི་ལུང་ལས། དགེ་སློང་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ནོ། །བརྒྱད་གང་ཞེ་ན་དགེ་


DTG156_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་འདི་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་སྟེ། ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་སྟོན་ན། གང་ཟག་དེ་སེམས་ཅན་དམྱལ་བར་སྐྱེས་པ་ཡིན་ཏེ། དེ་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་ཡིན་པ་མི་ཁོམ་པ་དང་པོའོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང༌། གཤེན་རྗེའི་འཇིག་རྟེན་དང༌། ལྷ་ཚེ་རིང་པོ་དང༌། མཐའ་འཁོབ་ཀྱི་མི་རྐུ་འཕྲོག་བྱེད་པ་དང༌། ཀླ་ཀློ་དང་བརྣབ་སེམས་ཅན་དང་གནོད་སེམས་ཅན་གང་དུ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་མི་འོང་བའི་ནང་དུ་སྐྱེས་པ་ཡིན་ནོ། །འཇིག་རྟེན་འདིར་དེ་བཞིན་གཤེགས་པ་བྱུང་སྟེ་ཆོས་ཀྱི་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ན། དེ་གླེན་ཞིང་ལུག་ལྟར་ལྐུགས་པ། ལག་བརྡ་བྱེད་ཅིང་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་དོན་གོ་བའི་མཐུན་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་སྟེ། ཆོས་ཀྱང་སྟོན་ལ། །གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ཤིང་དེ་གླེན་པ་མ་ཡིན་པས་ན་དོན་གོ་བའི་མཐུ་ཡོད་པའི་བར་དུ་ཡང་གྱུར་ན། དེ་ལོག་པ་བལྟ་ཞིང་ཕྱིན་ཅི་ལོག་ཏུ་མཐོང་སྟེ། དེ་འདི་ལྟར་སྦྱིན་པ་ཡང་མེད། མཆོད་སྦྱིན་ཡང་མེད། སྦྱིན་སྲེག་བྱས་པའང་མེད། ལེགས་པ་དང༌། ཉེས་པ་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཡང་མེད། ཕ་དང་མ་ཡང་མེད། འཇིག་རྟེན་ན་དགེ་སྦྱོང་དང༌། བྲམ་ཟེ་ཡང་དག་པར་སོད་བ་དང༌། ཡང་དག་པར་ཞུགས་པ་དང༌། དགྲ་བཅོམ་པ་འཇིག་རྟེན་རིག་པ་གང་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་ཕ་རོལ་མངོན་སུམ་དུ་བྱས་ཏེ། ཁོང་དུ་ཆུད་པར་བྱེད་པ་ཡང་མེད་པར་ལྟ་བ་ཡིན་ནོ། །གཞན་ཡང་གང་ཟག་དབུས་ཀྱི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། གླེན་པ་མ་ཡིན་པ་ནས་འཇིག་རྟེན་འདི་དང་ཕ་རོལ་མངོན་སུམ་དུ་བྱས་ཏེ། ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པའི་བར་དུ་ལྟ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་སྟེ། ཞི་བར་འགྱུར་བ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་


DTG156_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྟན་པའི་ཆོས་མི་སྟོན་པ་ཡིན་ནོ། །གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དལ་བའི་དུས་ནི་གཅིག་སྟེ། གོང་མ་བརྒྱད་པོ་དེ་དག་ལས་བཟློག་པ་རྣམས་ཡིན་པར་གསུངས་པའི་ཕྱིར། བརྒྱད་པོ་དེ་དག་མི་ཁོམ་པ་ཡིན་ཞིང༌། དལ་བ་འབྱོར་བ་སྙེད་པར་དཀའ་བར་མངོན་ནོ། །དེ་ལྟར་མི་ཁོམ་པ་བརྒྱད་པོ་དེ་དག་སྤོངས་ཏེ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཚངས་པར་སྤྱོད་པ་ཞེས་བྱ་སྟེ་དེ་ཡང་མི་ཁོམ་པ་བརྒྱད་པོ་དེ་དག་མ་སྤངས་ཀྱི་བར་དུ་མི་འཐོབ་པའི་ཕྱིར་ཤིན་ཏུ་རྙེད་པར་དཀའ་བ་བསྟན་ཏོ། །དེ་ལ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི། དགེ་བའི་ཆོས་ལ་འདུན་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དང༌། དགེ་སྦྱོང་གི་ཚུལ་ཁྲིམས་ཡང་དག་པར་བླངས་པ་གང་ཡིན་པའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། དེ་ལྟར་རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྡོམ་པས་བསྡོམས་པ་དང༌། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ནམ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླང་ཞིང་སློབ་པར་བྱེད་པ་གང་ཡིན་པའོ། །དགེ་བའི་བཤེས་གཉེན་རྙེད་པར་ཤིན་ཏུ་དཀའ་བར་བསྟན་པའི་དབང་དུ་བྱས་ནས། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །ཞེས་བྱ་བ་གསུངས་ཏེ། དེ་ལ་གྲོགས་བཟང་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ཏེ། འཕགས་པའམ། སོ་སོའི་སྐྱེ་བོ་འང་རུང༌། དེ་དག་ཀྱང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ལ་རག་ལུས་པའི་ཕྱིར་རྙེད་པར་དཀའ་བར་བསྟན་ཏོ། །ད་ནི་མཇུག་བསྡུ་ཞིང་རྩོལ་དུ་འཇུག་པ་ཞེས་བྱ་བ་བསྟན་པའི་ཕྱིར། འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །མི་དང་རབ་ཏུ་འབྱུང་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །མཁས་པ་བདག་ལགས་འདོད་པ་དག །འབྲས་བུ་བཅས་ཏེ་བྱེད་འདོད་པ། །སྡོམ་ཅན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་བྱ་བ་གསུངས་སོ། །འདིའི་དོན་ནི་སྔར་བསྟན་པ་ལྟར་འཇིག་རྟེན་ན་སངས་རྒྱས་འབྱུང་བ་དང༌། མི་ལུས་ཐོབ་ཅིང་


DTG156_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པ་ལ་གནས་པ་དང༌། དགེ་བའི་བཤེས་གཉེན་ཤིན་ཏུ་རྙེད་དཀའ་བས་བརྒྱ་ལམ་ན་ལན་ཅིག་སྟོན་པ་འཇིག་རྟེན་དུ་བྱུང་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཡང་གསུངས་ལ། མི་ལུས་ཐོབ་པའི་ཚེ་བློ་དང་ལྡན་པ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་འབྲས་བུ་འདོད་པ་རྣམས་ཀྱིས་མདོ་འདི་ལས་འབྱུང་བ་བཞིན་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མཁས་པ་ཞེས་བྱ་བ་ནི་བློ་དང་ལྡན་པའོ། བདག་ལེགས་འདོད་པ་དག་ཅེས་བྱ་བ་ནི་གང་དག་བདག་ཉིད་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་འདོད་པ་དག་ཅེས་བྱ་བའི་ཐ་ཚིག་གོ །གཞན་ནི་བརྡ་སྤྲད་པས་མ་བཤད་དོ།། །།ད་ནི་འདི་ཉིད་ཐོས་པ་ལ་སོགས་པ་དཀའ་བར་བསྟན་ཅིང་འཕགས་པ་རྣམས་མཐོང་བ་དང༌། དེ་བསྒྲུབ་པའི་རྒྱུ་རྣམས་ཐོབ་ན་བདེ་བར་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ནས། དར་ལ་བབ་པ་ཡོལ་བ་རྣམས་ཀྱང་བདེ། །ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། སོ་སོར་ཐར་པ་ཐོས་པ་ལ་སོགས་པ་དཀའ་བ་དང༌། དཀོན་མཆོག་གསུམ་འཇིག་རྟེན་དུ་བྱུང་ན་བདེ་བ་དང། དགེ་བའི་བཤེས་གཉེན་ལ་བརྟེན་ན་བདེ་བ་དང༌། མི་དགེ་བའི་གྲོགས་པོ་སྤངས་ན་བདེ་བ་དང༌། དགེ་བའི་བཤེས་གཉེན་གྱི་ཁྱད་པར་བསྟན་པ་དང༌། ཐོབ་པར་བྱ་བའི་དངོས་པོས་བདེ་བ་དང༌། སྒྲུབ་པ་དང་ལྡན་པ་བདེ་བའི་རྒྱུར་གཞག་པ་དང༌། སྒྲུབ་པ་དང་ལྡན་པ་དེ་ཉིད་སྦྱངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་བདེ་བའི་རྒྱུར་བསྟན་པའོ། །དེ་ལ་སོ་སོར་ཐར་པ་ཐོབ་པ་ལ་སོགས་པ་དཀའ་བར་བསྟན་ཞེས་བྱ་བ་བསྟན་པའི་ཕྱིར། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པར་བྱེད་པའང་ཤིན་ཏུ་དཀོན། །ཞེས་བྱ་བ་གསུངས་ཏེ། དེ་ལ་བསྐལ་པ་ཞེས་བྱ་བ་ནི་གཉིས་ཏེ། བར་གྱི་བསྐལ་པ་དང༌། བསྐལ་པ་ཆེན་པོའོ། །སྐབས་འདིར་བསྐལ་པ་ཞེས་སྨོས་པ་ནི་བསྐལ་པ་ཆེན་པོར་གཟུང་ངོ༌། །དེ་ལ་བར་གྱི་བསྐལ་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཚེ་དཔག་ཏུ་མེད་པ་དག་གི་ཚེ་


DTG156_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་སྟེ། ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་བ་དང༌། དེ་དག་གིས་མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པར་ཡང་འགྲིབ་ནས་ཚེ་ལོ་བཅུ་པ་ལ་ཐུག་པར་འགྱུར་བ་དང༌། དེ་དག་སྐྱོ་བར་འགྱུར་ཏེ། དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པས་ཚེ་ནུར་ནས་ཕྱིར་ཚེ་ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་བ་དེའི་དུས་ཀྱང་ཡོད་དེ། དེ་ལྟར་མར་འགྲིབ་པ་གང་ཡིན་པ་དང༌། ཡར་སྐྱེ་བ་གང་ཡིན་པ་དེ་གཉིས་བསྡུས་ཏེ་གྲངས་རྣམ་པར་གཞག་པས། བར་གྱི་བསྐལ་པ་ཞེས་བྱའོ། དེ་ལ་བསྐལ་པ་ཆེན་པོ་ནི་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་གོ །ཉི་ཤུར་ནི་ཞིག་པར་གནས་སོ། །ཉི་ཤུར་ནི་ཆགས་སོ། །ཉི་ཤུར་ནི་ཆགས་ནས་གནས་པར་འགྱུར་བས་དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུར་འགྱུར་ཏེ། དེ་ནི་གྲངས་ཀྱི་གདགས་པས་བསྐལ་པ་ཆེན་པོ་ཞེས་བྱའོ། །དེ་ལ་བར་གྱི་བསྐལ་པ་དེ་ཡང་མུ་གེ་དང༌། ནད་དང༌། མཚོན་དང་རྣམ་པ་གསུམ་གྱིས་ཐར་པར་འགྱུར་ཏེ། མུ་གེ་ནི་གང་གི་ཚེ་མི་རྣམས་ལོ་སུམ་ཅུ་ཐུབ་པ་དེའི་ཚེ་འབྱུང་ངོ༌། །མུ་གེ་དེ་ཡང་ཅི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། རུས་པ་རྙིང་པ་དག་ཀྱང་བསྐོལ་ཞིང་བསྐོལ་ཞིང་སྲོག་ཟུངས་སུ་བྱེད་དོ། །དེའི་བརྒྱ་ལ་རེས་འགའ་ནས་སམ། འབྲས་སམ། རྒྱ་ཤུག་གམ། རྒྱ་སྲན་ནམ། ཏིལ་གྱི་འབྲུ་དག་རྙེད་པར་གྱུར་ན། དེ་དག་ནོར་བུ་རིན་པོ་ཆེ་བཞིན་དུ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་སྲུང་བར་བྱེད་དེ། །སེམས་ཅན་དེ་དག་ལས་ཕལ་ཆེར་ཉམས་སྟོབས་མེད་དེ། ས་ལ་གན་རྐྱལ་དུ་འགྱེལ་ནས་ལྡང་ཡང་མི་ནུས་ཏེ། མུ་གེ་དེ་ལྟ་བུས་སེམས་ཅན་ཕལ་ཆེར་ནི་འཆི་བའི་དུས་བྱེད་པར་འགྱུར་ཏེ། མུ་གེ་དེ་ཡང་རེ་ལྟར་ཐོགས་ན་ལོ་བདུན། ཟླ་བ་བདུན། ཞག་བདུན་དུ་ཟད་དེ། དེ་ཕན་ཆད་ཐལ་ཞེས་བྱའོ། །སེམས་ཅན་དེ་དག་འདུས་ཤིང་འཚོགས་ནས་ཤས་ཆུང་དུར་སྐྱོ་པར་འགྱུར་ཏེ། དེ་དག་རྒྱུ་དང་རྐྱེན་དེས་ཚེ་འགྲིབ་པར་ཡང་མི་འགྱུར་ལ། མུ་གེ་ཡང་མེད་པར་འགྱུར་རོ། །དེ་ལ་ནད་ནི་མི་རྣམས་ཀྱི་ཚེ་ལོ་ཉི་ཤུ་ཐུབ་ཅིང་སྐྱོ་བ་དེ་ཉིད་མེད་པར་གྱུར་ནས་འགྲིབ་པ་དེའི་ཚེ་ཡམས་ཀྱི་ནད་དང༌། གནོད་པ་དང༌།


DTG156_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་བའི་ནད་དང༌། འཁྲུག་པ་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་ནད་མང་པོས་ཕལ་ཆེར་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་དག་གི་ནད་དེ་ཡང་རེ་ལྟར་ཐོགས་ན་ཟླ་བ་བདུན་དང༌། ཞག་བདུན་དུ་ཟད་དེ། དེ་ཕན་ཆད་ཐལ་ཞེས་བྱའོ། །དེ་ནས་སེམས་ཅན་དེ་དག་འབྲིང་དུ་སྐྱོ་བར་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེས་ཚེ་འགྲིབ་པར་མི་འགྱུར་ལ་ནད་དེ་དག་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ལ་མཚོན་ནི་གང་གི་ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་ཅིང་སྐྱོ་བ་དེ་ཉིད་མེད་པར་གྱུར་པས་ཚེ་འགྲིབ་པར་གྱུར་པ་དེའི་ཚེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་གསད་པའི་སེམས་དྲག་པོ་ཉེ་བར་གནས་པར་འགྱུར་ཏེ། དེ་ནས་དེ་དག་གིས་རྩྭ་འམ་ཤིང་ངམ། གསེག་མ་འམ། གྱོ་མོའམ། གང་དང་གང་བླངས་པ་དེ་དང་དེ་དག་མཚོན་ཆ་རྣོན་པོ་ལེགས་པར་བརྡར་བ་བཞིན་དུ་འགྱུར་ཏེ། དེ་དག་གིས་དེ་དག་གཅིག་ལ་གཅིག་གསོད་པར་བྱེད་དོ། །དེ་ཡང་རེ་ལྟར་ཐོགས་ན་ཞག་བདུན་དུ་ཟད་དོ། །དེ་ཕན་ཆད་ཐལ་ཞེས་བྱའོ། །སེམས་ཅན་དེ་དག་ལ་དེའི་ཚེ་མཆོག་ཏུ་རྒུད་པ་གསུམ་འབྱུང་སྟེ། ཚེ་དང༌། ལུས་དང༌། ཡོ་བྱད་རྒྱུད་པའོ། །དེ་ལ་ཚེ་རྒུད་པ་ནི། ཚེའི་ཚད་རེ་ལྟར་རིང་ན་ལོ་བཅུ་ཐུབ་པ་ཡིན་ནོ། །དེ་ལ་ལུས་རྒུད་པ་ནི་ལུས་ཀྱི་ཚད་རེ་ལྟར་རིང་ན་མཐོ་གང་དང་ཆང་གང་པ་ཡིན་ནོ། །དེ་ལ་ཡོ་བྱད་རྒུད་པ་ནི་ཟས་ཀྱི་མཆོག་ནི་ཁྲེ་རྒོད་ཡིན་ནོ། །གོས་ཀྱི་མཆོག་ནི་སྐྲའི་ལ་བའོ། །རྒྱན་གྱི་མཆོག་ནི་མཚོན་ཆ་ཡིན་ནོ། །རོ་རྣམ་པ་ལྔ་པོ་མར་གྱི་དང༌། སྦྲང་རྩིའི་དང༌། འབྲུ་མར་གྱི་དང༌། བུ་རམ་ཤིང་ལས་བྱུང་བ་དང༌། ལན་ཚའི་རོ་རྣམས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནས་དེ་དག་ཤས་ཆེར་སྐྱོ་བར་འགྱུར་ཏེ། ཕན་ཚུན་འདུས་ཤིང་ཚོགས་ནས་ཚེ་ཡོངས་སུ་འགྲིབ་པར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་ནི་སྤངས། ཚེ་ནུར་བར་བྱེད་པའི་དགེ་བའི་ཆོས་རྣམས་ནི་ཡང་དག་པར་བླངས་པས། དེ་དག་གི་ཚེ་ཡང་ཕྱིར་ནུར་ཞིང་མདོག་དང༌། སྟོབས་དང༌། བདེ་བ་དང༌། དབང་ཕྱུག་ལ་དབང་བྱེད་པས་ཀྱང་ཕྱི་ཞིང་དར་བར་འགྱུར་ཏེ། ཚེ་ཡང་ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་རོ། །དེ་ལ་བསྐལ་པ་ཇི་ལྟར་འཇིག་ཅིང་ཆགས་ཤེ་ན། དེ་ལ་


DTG156_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་ནི་རྣམ་པ་གསུམ་ཡོད་པར་རིགས་པར་བྱ་སྟེ། མེ་དང༌། ཆུ་དང༌། རླུང་ངོ༌། །དེ་ལ་མེས་འཇིག་པས་ནི་མནར་མེད་པ་ཡན་ཆད་ཚངས་པའི་འཇིག་རྟེན་མན་ཆད་འཇིག་གོ །ཆུས་འཇིག་པས་ནི་བསམ་གཏན་གཉིས་པ་མན་ཆད་མཐའ་དག་འཇིག་གོ ། རླུང་གིས་འཇིག་པས་ནི་བསམ་གཏན་གསུམ་པ་མན་ཆད་མཐའ་དག་འཇིག་གོ །བསམ་གཏན་བཞི་པ་ན་ནི་ས་དེ་པའི་ལྷ་དེ་དག་གཞལ་མེད་ཁང་དང་ལྷན་ཅིག་སྐྱེ་ཞིང་འཆི་འཕོ་བར་འགྱུར་བས། དེའི་ཕྱིར་དེ་དག་ལ་འཇིག་པར་བྱ་བ་དང༌། འཇིག་པའི་རྒྱུ་ཡང་མེད་དོ། །དེ་ལ་མེས་འཇིག་པ་ནམ་གང་གི་ཚེ་འཇིག་པར་བྱེད་ཅེ་ན། དེ་ལྟར་མར་འབྲི་བ་ཉི་ཤུ་དང༌། ཡར་སྐྱེ་བ་ཉི་ཤུ་སྟེ། མར་འབྲི་བ་དང༌། ཡར་སྐྱེ་བ་བཞི་བཅུ་ནམ་ཐལ་བར་གྱུར་པ་དེའི་ཚེ། ཐམས་ཅད་ཀྱི་ཐ་མར་ཡར་སྐྱེ་བ་ན་སེམས་ཅན་དམྱལ་བ་རྣམས་སེམས་ཅན་དམྱལ་བ་དག་ནས་འཆི་འཕོ་ལ་ཕྱིར་སྐྱེ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཤི་འཕོས་པ་ན། སེམས་ཅན་དམྱལ་བ་པ་འཇིག་པས་འཇིག་རྟེན་ཞིག་ཅེས་བྱའོ། །སེམས་ཅན་དམྱལ་བ་ཕ་ཞིག་པ་ཇི་ལྟ་བ་བཞིན་དུ། དུད་འགྲོ་དང༌། ཡི་དགས་འཇིག་པ་ཡང་དེ་དག་འདྲའོ། །མི་རྣམས་ཀྱི་ནང་ན་ཡང་སེམས་ཅན་གང་ཡང་རུང་བ་ཞིག་གིས་ཆོས་ཉིད་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱ་སྟེ་གནས་པས་སོ། །སེམས་ཅན་གཞན་དག་ཀྱང་དེའི་རྗེས་སུ་སློབ་ཅིང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱ་སྟེ་གནས་པས། དེ་དག་འདི་ནས་ཤི་འཕོས་ནས་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེའི་ཚེ་མི་འཇིག་པས་འཇིག་རྟེན་འདི་ཞིག་ཅེས་བྱའོ། །མི་འཇིག་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་འཇིག་པ་ཡང་དེ་དང་འདྲའོ། །གང་གི་ཚེ་འགྲོ་བ་ལྔའི་འཇིག་རྟེན་གནས་པ་ན་སེམས་ཅན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ། ཡོ་བྱད་འབྱུང་བ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ཡོ་བྱད་འབྱུང་བ་མེད་པར་གྱུར་པ་དེའི་ཚེ། ཆར་པ་ཡང་མེད་པར་འགྱུར་རོ། །ཆར་མི་འབབ་པས་ས་ཆེན་པོ་འདི་ལ་རྩྭ་དང་སྨན་དང་ཤིང་ཅི་ཡོད་པ་དེ་དག་སྐམ་པར་འགྱུར་རོ། །ཐན་པ་བྱུང་བས་ཉི་མའི་དཀྱིལ་འཁོར་འདི་ཉིད་


DTG156_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་ཤས་ཆེར་སྲེག་པར་བྱེད་དོ། །བསྲེག་པར་བྱ་བའི་དངོས་པོ་རྣམ་པ་དྲུག་ཡོད་པའི་ཕྱིར་སེམས་ཅན་རྣམས་ཀྱིས་འཇིག་པར་འགྱུར་བའི་ལས་ཀྱི་དབང་གིས་ཉི་མའི་དཀྱིལ་འཁོར་གཞན་དྲུག་འབྱུང་བར་འགྱུར་སྟེ། ཉི་མའི་དཀྱིལ་འཁོར་དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་འདི་ལས་བཞི་འགྱུར་བཞི་འགྱུར་གྱི་མཐུས་སྲེག་པར་བྱེད་དོ། །དེ་དག་བདུན་གྱུར་དུ་གྱུར་ནས་སྲེག་པར་བྱེད་དོ། །དངོས་པོ་དྲུག་གང་ཞེ་ན། ལྟེང་ཀ་ཆུང་དུ་དང་ཆེན་པོ་དང༌། ཆུ་ཀླུང་ཆུང་དུ་དང་ཆེན་པོ་དང༌། མཚོ་ཆེན་པོ་མ་དྲོས་པ་དང༌། རྒྱ་མཚོ་ཆེན་པོ་དང༌། རི་རབ་དང༌། ས་ཆེན་པོའོ། །དེ་ལ་ལྟེང་ཀ་ཆུང་དུ་དང་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གཉིས་པས་སྐེམ་པར་བྱེད་དོ། །ཆུ་ཀླུང་ཆུང་དུ་དང་ཆེན་པོ་དག་ནི་ཉི་མའི་དཀྱིལ་འཁོར་གསུམ་པས་སྐེམ་པར་བྱེད་དོ། །མཚོ་ཆེན་པོ་མ་དྲོས་པ་ནི་ཉི་མའི་དཀྱིལ་འཁོར་བཞི་པས་སྐེམ་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་ནི་ཉི་མའི་དཀྱིལ་འཁོར་ལྔ་པ་དང་དྲུག་པའི་ཕྱོགས་གཅིག་གིས་སྐེམ་པར་བྱེད་དོ། །རི་རབ་དང་ས་ཆེན་པོ་ནི་གཟུགས་ཆེས་སྲ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་དྲུག་པ་ཉིད་དང༌། བདུན་པས་སྲེག་པར་བྱེད་དོ། དེ་ནས་དེ་ཉིད་ཀྱི་མེ་ལྕེའི་རླུང་གིས་བརྡས་ནས་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲོ་ཞིང་སྲེག་པར་བྱེད་དེ། དཔེར་ན་མར་རམ་འབྲུ་མར་སྲེག་ཅིང་ཚིག་པ་ན་དུད་པ་ཡང་མེད། ཐལ་བའི་ལྷགས་མ་ཡང་མེད་པ་དེ་བཞིན་དུས་ཆེན་པོ་འདི་དང༌། རིའི་རྒྱལ་པོ་རི་རབ་ཀྱང་སྲེག་ཅིང་ཚིག་པ་ན་དུད་པ་ཡང་མེད་ལ། ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ། དེ་ཙམ་གྱིས་ན་སྣོད་འཇིག་པས་འཇིག་རྟེན་ཞིག་ཅེས་བྱའོ། །བར་གྱི་བསྐལ་པ་ཉི་ཤུ་འདས་སོ། །དེ་བཞིན་དུ་འཇིག་རྟེན་སྟོང་པར་གནས་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །ཆུས་འཇིག་པ་གང་ཞེ་ན། གང་ཚུན་ཆད་མེས་འཇིག་པ་ལན་བདུན་འདས་པ་དེའི་འོག་ཏུ་བསམ་གཏན་གཉིས་པ་ཉིད་ལས་ཆུའི་ཁམས་འབྱུང་སྟེ། ཆུའི་ཁམས་ཀྱིས་འཇིག་རྟེན་དེ་ལན་ཚྭ་བཞིན་དུ་བཞུ་ནས། ཆུའི་ཁམས་དེ་ཡང་སྣོད་ཀྱི་འཇིག་རྟེན་དེ་ཉིད་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །མེད་པར་གྱུར་ནས་ཀྱང་བར་གྱི་བསྐལ་པ་ཉི་ཤུར་སྟོང་པར་གནས་སོ། །དེ་ལ་རླུང་གིས་འཇིག་པ་གང་ཞེ་ན། གང་


DTG156_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཆད་མེས་འཇིག་པ་ལན་བདུན་འདས་ཤིང༌། ཆུས་འཇིག་པ་ལན་ཅིག་འབྱུང་བ་དེ་ལྟ་བུ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་ཡང་མེས་འཇིག་པ་བདུན་ལན་ཅིག་བྱུང་ནས། དེའི་འོག་ཏུ་བསམ་གཏན་གསུམ་པ་ཉིད་ལས་རླུང་གི་ཁམས་འབྱུང་སྟེ། སྣོད་ཀྱི་འཇིག་རྟེན་དེ་རླུང་གིས་ལུས་བསྐམ་པ་བཞིན་དུ་མེད་པར་བྱེད་པའོ། །རླུང་དེ་ཡང་དེ་ཉིད་དང་ལྷན་ཅིག་ཏུ་མེད་པར་འགྱུར་ཏེ། འདི་ལྟར་འགའ་ཞིག་ལ་རླུང་གི་ཁམས་འཁྲུགས་པར་གྱུར་ན། རུས་པའི་བར་དུ་ཡང་འབྲི་བར་བྱེད་པར་སྣང་བ་བཞིན་ནོ། །ཞིག་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉིད་ཤུར་སྟོང་པར་གནས་ཏེ། དེ་ལྟར་ན་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང༌། ཆུས་འཇིག་པ་བདུན་དང༌། རླུང་གིས་འཇིག་པ་གཅིག་སྟེ། བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་དགེ་རྒྱས་ཀྱི་ལྷའི་ཚེའི་ཚང་དུ་གཞག་པ་ཡིན་པས། འཇིག་པའི་ཚུལ་ཡང་དེ་ལྟར་བལྟ་བར་བྱའོ། །དེ་ལ་ཆགས་པ་ཇི་ལྟ་བུ་ཞེ་ན། བར་གྱི་བསྐལ་པ་ཉི་ཤུ་པོ་དེ་དག་འདས་ནས། ཡང་སེམས་ཅན་རྣམས་ཀྱི་འཆགས་པར་འགྱུར་པའི་ལས་ཀྱི་དབང་གིས་འཆགས་པའི་བསྐལ་པ་ཀུན་དུ་རྩོམ་པར་རིག་པར་བྱ་སྟེ། དེ་ལ་ཐོག་མ་ཁོ་ནར་སྣོད་འཆགས་པས་ནམ་མཁའ་ལ་བསམ་གཏན་གསུམ་པ་འཆགས་པར་འགྱུར་ཏེ། བསམ་གཏན་གསུམ་པ་ཇི་ལྟ་བར་གཉིས་པ་དང་དང་པོ་ཡང་དེ་དང་འདྲའོ། །དེ་འཇིག་པ་གསུམ་པའི་རྩེ་མོ་བས་མ་གཏན་བཞི་པ་ནས་སེམས་ཅན་ཚེ་དང་ལས་དང༌། བསོད་ནམས་ཟད་པ་རྣམས་འཆི་འཕོས་ནས་བསམ་གཏན་གསུམ་པར་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་འཇིག་པ་གཉིས་པ་དང༌། དང་པོའི་རྩེ་མོ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་དང་ལས་དང༌། བསོད་ནམས་ཟད་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་བར་དུ་ཡང་སྦྱར་བར་བྱའོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་རིགས་བཞི་པོ་དག་གི་གཞལ་མེད་ཁང་ན་ནམ་མཁའ་ལས་འབྱུང་བར་འགྱུར་ཏེ། གཞལ་མེད་ཁང་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་སྤྲུལ་པ་བཞིན་དུ་འབྱུང་བར་བལྟ་བར་བྱའོ། །དེ་དག་ཏུ་ཡང་སྔ་མ་བཞིན་དུ་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་དག་ཚེ་དང༌། ལས་དང༌། བསོད་ནམས་ཟད་པ་རྣམས་ཤི་འཕོས་ནས་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་འདིར་སྟོང་གསུམ་


DTG156_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་གྱི་རླུང་གི་དཀྱིལ་འཁོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྟེན་དང༌། སེམས་ཅན་གཞལ་མེད་ཁང་པ་མ་ཡིན་པ་རྣམས་ཀྱི་རྟེན་དུ་གྱུར་པ་མངོན་པར་གྲུབ་པར་འགྱུར་རོ། །དེ་ཡང་རྣམ་པ་གཉིས་ཏེ། འོག་གཞིར་གནས་པ་དང༌། གློ་ནས་གནས་པ་སྟེ། གློ་ནས་གནས་པ་དེས་ནི་ཆུ་དེ་དག་ཐད་ཀར་ཡང་མི་འབོ་ལ། འོག་གཞིར་གནས་པ་དེས་ནི་ཆུ་དེ་དག་ཐུར་དུ་ཡང་མི་འཛག་གོ །རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་སེམས་ཅན་དེ་དག་གི་ལས་ཀྱི་དབང་གིས་གསེར་གྱི་སྙིང་པོའི་སྤྲིན་འབྱུང་བར་འགྱུར་ཏེ། དེ་ལ་ཆར་འབབ་པར་འགྱུར་རོ། །ཆུ་དེ་དག་ཀྱང་རླུང་གི་དཀྱིལ་འཁོར་ཉིད་ལ་བརྟེན་ནོ། །དེ་ལ་རླུང་རྣམས་འདུས་ནས་ཀུན་ཏུ་འཐས་པ་དང་སྲ་བར་བྱེད་དེ། དེ་ནི་སྟེང་དང་འོག་གི་ཆུའི་འཁྲུག་པ་ཐུབ་པའི་ཕྱིར་གསེར་གྱི་ས་གཞི་ཞེས་བྱའོ། །གསེར་གྱིས་གཞི་དེ་ཆགས་ནས་དེའི་སྟེང་དུ་ཡང་དེ་དག་གི་ལས་ཀྱི་དབང་ཉིད་ཀྱིས་ཁམས་སྣ་ཚོགས་ཀྱི་སྙིང་པོའི་སྤྲིན་འབྱུང་སྟེ། དེ་ལ་ཆར་འབབ་པར་འགྱུར་རོ། །ཆུ་དེ་དག་ཀྱང་གསེར་གྱིས་གཞི་ལ་གནས་པར་འགྱུར་ཏེ། དེ་བཞིན་དུ་ཡང་རླུང་རྣམས་ཀྱིས་ཀུན་ཏུ་འཐས་ཤིང་སྲ་བར་བྱེད་དོ། །དེ་ཡང་ཁམས་བཟང་པོ་མཆོག་དང༌། གཙོ་བོ་དང༌། གྱ་ནོམ་པ་གང་ཡིན་པ་དེ་ལས་རླུང་གིས་བསྒྲུབས་པའི་དབང་གིས་རི་རབ་འབྱུང་བར་འགྱུར་ཏེ། དེ་ཡང་རིན་པོ་ཆེ་སྣ་བཞི་པོ་གསེར་དང༌། དངུལ་དང༌། ཤེལ་དང༌། བཻ་ཌཱུཪྻའི་རང་བཞིན་ཅན་ཡིན་ནོ། །དེ་ལ་ཁམས་འབྲིང་གང་ཡིན་པ་དེ་ལས་ནི་གསེར་གྱི་རི་བདུན་པོ་གཉའ་ཤིང་འཛིན་དང༌། རྣམ་པར་འདུད་དང༌། རྟ་རྣ་རི་དང༌། བལྟ་ན་སྡུག་དང༌། སེང་ལྡེང་ཅན་དང༌། གཤོལ་མངའ་འཛིན་དང༌། མུ་ཁྱུད་འཛིན་རྣམས་མངོན་པར་འགྲུབ་པར་འགྱུར་ཏེ། དེ་དག་ཀྱང་རིམ་པར་རི་རབ་འཁོར་བར་འདུག་གོ །རི་རབ་ཀྱི་ཚད་ནི་འཕང་དུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། རྒྱར་ཡང་དེ་དང་འདྲ་སྟེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་ནང་དུ་ནུབ་བོ། །གཉའ་ཤིང་འཛིན་གྱི་ཚད་ནི་དེའི་ཕྱེད་དེ། དེ་ལས་གཞན་པའི་རི་རྣམ་པར་འདུད་ལ་སོགས་པ་དྲུག་པོའི་ཚད་ནི་ཕྱི་མ་ཕྱི་མ་དོ་ཕྱེད་ཕྱེད་འབྲི་བའི་ཚད་དུ་རིག་པར་བྱའོ། །དེ་ལ་ཁམས་ངན་པ་རྣམས་ལས་ནི་རི་རབ་ཀྱི་ངོས་བཞི་དང་གསེར་གྱི་རི་རྣམས་ཀྱི་ཕྱི་རོལ་གྱི་གླིང་བཞི་དང༌།


DTG156_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཕྲན་བརྒྱད་དང༌། རི་ཁོར་ཡུག་འབྱུང་བར་འགྱུར་རོ། །རི་ཁོར་ཡུག་གི་ཚད་ནི་མུ་ཁྱུད་འཛིན་གྱི་ཕྱེད་ཡིན་ཏེ། དེས་གླིང་བཞི་པོ་འཁོར་ལོ་བཞིན་དུ་བསྐོར་ཏོ། །ལྷ་མ་ཡིན་གྱི་གནས་ནི་རི་རབ་ཆུའི་འོག་ཏུ་ནུབ་པའི་ནང་ན་ཡོད་དོ། །རི་རབ་དེའི་དྲུང་ན་ཡང་བང་རིམ་བཞི་ཡོད་དེ། བོང་རིམ་དང་པོའི་ཚད་ནི་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་སོ། །ལྷག་མ་རྣམས་ཀྱི་ཚད་ནི་དེའི་ཕྱེད་ཕྱེད་ཡིན་ཏེ། །རིམ་བཞིན་སྦྱར་རོ། །བང་རིམ་དང་པོ་ལ་ནི་ལག་ན་ཡོལ་གོ་ཐོགས་པ་རྣམས་གནས་སོ། །གཉིས་པ་དང་གསུམ་པ་དང་བཞི་པ་ལ་ནི་ལག་ན་ཁྲག་ཐོགས་དང༌། རྟག་ཏུ་མྱོས་དང༌། ཕྲེང་ཐོགས་རྣམས་གནས་ཏེ། རིམ་པ་བཞིན་ནོ། །གཉའ་ཤིང་འཛིན་གྱི་ངོས་བཞི་ཤར་དང༌། ལྷོ་དང་ནུབ་དང༌། བྱང་རྣམས་ན་རྒྱལ་པོ་ཆེན་པོ་བཞི་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང་མིག་མི་བཟང་དང་རྣམ་ཐོས་ཀྱི་བུ་རྣམས་ཀྱི་ཕོ་བྲང་གནས་ཏེ། རིམ་བཞིན་ནོ། །རྣམ་པར་འདུད་པ་ལ་སོགས་པ་གསེར་གྱི་རི་གཞན་དྲུག་པོ་ལ་ནི་རྒྱལ་པོ་ཆེན་པོ་དེ་དག་གི་གྲོང་དང༌། གྲོང་རྡལ་དང༌། ལྗོངས་རྣམས་ཡོད་དོ། །རི་རབ་དེའི་སྟེང་ན་བརྒྱ་བྱིན་ལྷའི་དབང་པོ་ཡོད་དེ། ཕྲོ་བྲང་དེའི་ཚད་ནི་ཆུ་ཞེང་དུ་དཔག་ཚད་ཁྲི་ཁྲི་ཡོད་དོ། །གཞན་དག་ན་ནི་ལྷ་དེ་དག་གི་གྲོང་དང༌། གྲོང་རྡལ་དང༌། ལྗོངས་རྣམས་ཡོད་དོ། མཚོ་ཆེན་པོ་མ་དྲོས་པའི་ཉེ་འཁོར་ན་གངས་རི་ཡོད་དེ། དེའི་འོག་ན་ནི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་གནས་ཚ་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང༌། །གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉེ་འཁོར་གྱི་སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་དང༌། ཡི་དགས་ཁ་ཅིག་གནས་སོ། །ཇི་ལྟར་སྣོད་ཀྱི་འཇིག་རྟེན་མངོན་པར་གྲུབ་ནས། སེམས་ཅན་ཚེ་དང༌། ལས་དང་བསོད་ནམས་ཟད་པ་བསྐལ་པ་དང་པོ་མྱོང་བར་འགྱུར་བའི་ལས་ཉིད་ཀྱིས། འོད་གསལ་གྱི་ལྷའི་རིགས་ནས་ཤི་འཕོས་ནས་འདིར་སྐྱེ་བ་ནས་འདིར་སྐྱེ་བར་འགྱུར་ཏེ། དེ་དག་ན་འདོད་པ་ན་སྤྱོད་པའི་ལས་ཀྱི་ནང་ནས་རབ་དང༌། མཆོག་དང༌། གཙོ་བོ་ཡིན་ནོ། །ལས་དེའི་འབྲས་བུ་ནི་དེ་ཉིད་ཀྱི་ཚེ་མངོན་པར་འགྲུབ་པར་འགྱུར་གྱི། གཞན་ན་ནི་མ་ཡིན་ནོ། །དེའི་ཚེ་སེམས་ཅན་དེ་དག་ནི་བསྐལ་པ་དང་པོ་པ་ཞེས་བྱའོ། །བསྐལ་པ་ཇི་ལྟར་


DTG156_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག །ཇི་ལྟར་འཆགས་པ་རྒྱ་ཆེར་ནི་མངས་པས་འདིར་མ་བསྟན་ཏེ། འཇིག་རྟེན་གཞག་པའི་མདོ་དང༌། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་དབྱེ་བ་ཞེས་བྱ་བ་ནི་གྲངས་ཀྱི་མིང་སྟེ། དེ་ཡང་གཅིག་ཕྲག་བཅུ་ལ་བཅུ། བཅུ་ཕྲག་བཅུ་ལ་བརྒྱ། བརྒྱ་ཕྲག་བཅུ་ལ་སྟོང༌། སྟོང་ཕྲག་བཅུ་ལ་ཁྲི། ཁྲི་ཕྲག་བཅུ་ལ་འབུམ། འབུམ་ཕྲག་བཅུ་ལ་ས་ཡ། ས་ཡ་ཕྲག་བཅུ་ལ་བྱེ་བ་ཞེས་འབྱུང་སྟེ། དེ་ལ་བྱེ་བ་སྨོས་པ་ནི་ས་འཛིན་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི། བསྐལ་པ་ཆེན་པོ་བྱེ་བའམ། དེ་ལས་ལྷག་པར་ཡང་མི་འབྱུང་བས་དེ་བཞིན་གཤེགས་པ་འབྱུང་བ་དཀོན་པ་ཉིད་ཀྱིས། སོ་སོར་ཐར་པ་ཐོས་པ་ཡང་ཤིན་ཏུ་དཀོན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ལ་རག་ལས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་གིས་ཀྱང༌། ལོ་བཅུ་གཉིས་ཀྱི་བར་དུ་སོ་སོར་ཐར་པ་འདི་མ་གསུངས་པས་ན། འདི་ཐོས་པ་རྙེད་པར་དཀའ་བར་མངོན་ནོ། །དེ་ལ་ཐོས་པ་ཞེས་བྱ་བ་ནི་ཚིག་དང་དོན་རྣ་བའི་རྣམ་པར་ཤེས་པ་དང༌། དེའི་རྗེས་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པར་དཔྱད་པའོ། །དེ་ལས་གཟུང་བ་ཞེས་བྱ་བ་ནི་ཚིག་དང་དོན་ཤེས་རབ་ཀྱིས་རྟོགས་པའོ། །འཛིན་པ་ཞེས་བྱ་བ་ནི་དྲན་པས་དེ་ཉིད་ཁ་ཏོན་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུན་རིང་དུ་མི་བརྗོད་པར་བྱེད་པའོ། །སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་དེའི་དོན་ལུས་དང་ངག་དང་ཡིད་ཀྱིས་ནན་ཏན་དུ་བྱེད་པ་སྟེ། གཟུང་བ་དང༌། འཛིན་པ་དང༌། སྒྲུབ་པར་བྱེད་པ་ཤེས་རབ་རྣམ་གསུམ་དང་རིམ་བཞིན་ནོ། །རྙེད་དཀའ་སྟེ་ཞེས་བྱ་བ་དང༌། ཤིན་ཏུ་དཀོན་ཞེས་བྱ་བ་ནི། ནན་ཏན་གྱིས་ཀྱང་ཚེགས་ཆེན་པོས་རྙེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་འདིས་ནི་ལུང་དང་ཁོང་དུ་ཆུད་པ་ལས། སོ་སོར་ཐར་པ་སྙེད་པར་དཀའ་བར་བསྟན་ཏེ། དེ་ལ་ཐོས་པ་དང་གཟུང་བ་དང་འཛིན་པ་ནི་ལུང་ལས་རྙེད་པར་དཀའ་བར་བསྟན་ཏོ། །སྒྲུབ་པར་བྱེད་པ་ནི་ཁོང་དུ་ཆུད་པ་ལས་རྙེད་དཀའ་བར་བསྟན་ཏོ། །དཀོན་མཆོག་གསུམ་འཇིག་རྟེན་དུ་འབྱུང་ན་བདེ་བ་ཞེས་བསྟན་པའི་ཕྱིར། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བའོ། །དགེ་འདུན་མཐུན་པ་བདེ་བ་ཡིན། །མཐུན་པ་


DTG156_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་གསུངས་ཏེ། དེ་ལ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། ཞེས་བྱ་བ། སངས་རྒྱས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །རྣམས་ཞེས་བྱ་བ་ནི་མང་པོ་སྟེ། གཅིག་མ་ཡིན་པའོ། །འབྱུང་བ་ཞེས་བྱ་བ་ནི། ལྷུམས་སུ་ཞུགས་པའི་དུས་སམ་བལྟམས་པའི་དུས་ན་སངས་རྒྱས་འབྱུང་བ་སྟེ། འགྱུར་བའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཞེས་བྱ་བའི་ཕྱིར་རོ། །ཡང་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ལ། སངས་རྒྱས་འབྱུང་བ་ཞེས་བྱ་བ་སྟེ། དེའི་ཚེ་སངས་རྒྱས་ཞེས་བྱ་བའི་རྒྱུ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པའི་ཕྱིར་རོ། །བདེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་སེམས་ཅན་རྣམས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ས་ལ་བཀོད་པའི་ཕྱིར་བདེ་བ་ཞེས་བྱ་སྟེ། མི་བདེ་ཞེས་བྱ་བ་བཞིན་ནོ། །དེ་ལ་ཆོས་བསྟན་པ་ཡང་བདེ་བའོ་ཞེས་བྱ་བ་ནི་མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་གསུངས་པས། དེ་ལ་ཞུགས་པ་རྣམས་རྣམ་པར་གྲོལ་བའི་ས་ཐོབ་པའི་ཕྱིར་རོ། །ཆོས་ཞེས་བྱ་བའི་སྒྲ་ནི་རང་གི་མཚན་ཉིད་འཛིན་པ་ལ་བྱའོ། །བསྟན་པ་ཞེས་བྱ་བ་ནི་བཤད་པ་དང༌། བཀོལ་བ་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །དགེ་འདུན་ཞེས་བྱ་བ་ནི་སྐྱེས་བུ་གང་ཟག་བརྒྱད་དམ་དེ་ལས་གཞན་པའོ། །མཐུན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཚོ་བ་མཚུངས་པ་སྟེ། བྱ་བ་གཅིག་པ་དང༌། ཐ་མི་དད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚུལ་ཁྲིམས་མཚུངས་པ་ནི་ལོ་བརྒྱ་ལོན་པའི་དགྲ་བཅོམ་པས་བསླབ་པར་བྱ་བ་དེ་ལ། དེང་སང་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པས་ཀྱང་བསླབ་པར་མཐུན་པ་སྟེ། ལྟུང་བ་སྡེ་ལྔའི་ཉེས་པ་སྤངས་པར་མཚུངས་པའོ། །ལྟ་བ་མཚུངས་པ་ནི་སྤྱིའི་མཚན་ཉིད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་ལྟ་ཞིང༌། མུ་སྟེགས་ཅན་ལྟར་ལྟ་བ་མི་མཐུན་པ་མ་ཡིན་ནོ། །ཆོ་ག་མཚུངས་པ་ནི་ལུས་དང་ངག་དང་ཡིད་རྣམས་བསྔམས་པར་མཐུན་པའོ། །འཚོ་བ་མཚུངས་པ་ནི་ཀུན་ཀྱང་གང་དེ་བཞིན་གཤེགས་པས་གནང་བའི་ཡོ་བྱད་བཅུ་གསུམ་དང༌། བསོད་སྙོམས་ཙམ་གྱིས་ཆོག་པར་


DTG156_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་ལོག་པར་འཚོ་བ་སྤངས་པའོ། །དེ་ལ་བདེ་བ་ཡིན་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པ་དེ་བཞིན་དུ་མཐུན་ན་མུ་སྟེགས་ཅན་གྱིས་མི་ཕྱེད་ཅིང༌། སྦྱིན་བདག་རྣམས་ཀྱི་བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་རོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ལ། མཐུན་པ་རྣམས་ཀྱི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱང་བའི་ཕྱིར་རོ། །དཀའ་ཐུབ་ཅེས་བྱ་བ་ནི་བསླབ་པ་གསུམ་མོ། །ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བསྒྲུབ་པ་སྟེ། དེ་གསུམ་གྱིས་ཉོན་མོངས་པ་གདུང་བར་བྱེད་པས་དཀའ་ཐུབ་ཅེས་བྱ་སྟེ། དེ་ཉིད་བདེ་བའི་རྒྱུར་བསྟན་ཏོ། །དགེ་བའི་བཤེས་གཉེན་ལ་བསྟན་ན་བདེ་བ་ཞེས་བྱ་བ་དེའི་དབང་དུ་བྱས་ནས། འཕགས་པ་རྣམ་ནི་མཐོང་བ་བདེ། །དམ་པ་རྣམས་དང་འགྲོགས་ན་བདེ། །ཞེས་བྱ་བ་གསུངས་སོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྡིག་པ་ལས་རིང་དུ་སོང་བའི་ཕྱིར་རོ། །མཐོང་ན་བདེ་ཞེས་བྱ་བ་ནི་དགེ་བའི་ཤེས་གཉེན་སྡིག་པ་ལས་རིང་དུ་སོང་བ་དེ་དག་མཐོང་ན་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་འཐོབ་པའི་ཕྱིར་རོ། །དམ་པ་དག་ཅེས་བྱ་བ་ནི་སྡིག་པ་ལས་རིང་དུ་སོང་བའི་འཕགས་པ་དེ་དག་ཉིད་དེ། ལེགས་སོ་ཞེས་བསྔགས་པའི་ཕྱིར་དམ་པ་ཞེས་བྱ་སྟེ། དེ་དག་མཐོང་ན་ཡང་འབྲས་བུ་དང་ལྡན་པར་གྱུར་ན། འགྲོགས་པ་ལ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ །མི་དགེ་བའི་གྲོགས་པོ་སྤངས་ན་བདེ་ཞེས་བྱ་བ་བསྟན་པའི་ཕྱིར། བྱིས་པ་རྣམས་ནི་མ་མཐོང་ན། རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་སོ། །བྱིས་པ་རྣམས་ཞེས་བྱ་བ་ནི་འཕགས་པ་མ་ཡིན་ཞིང་སྡིག་པ་བྱེད་པ་རྣམས་ཏེ། ལུས་ཀྱིས་མི་དགེ་བར་སྤྱོད་པ་དང༌། ངག་གིས་མི་དགེ་བར་སྨྲ་བ་དང༌། ཡིད་ཀྱིས་མི་དགེ་བར་སེམས་པ་རྣམས་སོ། །མི་དགེ་བའི་བཤེས་གཉེན་སྡིག་པ་བྱེད་པ་དེ་ལྟ་བུ་མ་མཐོང་ན་ཁ་ན་མ་ཐོ་བ་མི་འཕེལ་བའི་ཕྱིར་བདེ་བའི་རྒྱུར་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱི་ཁྱད་པར་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་ཚུལ་ཁྲིམས་ལྡན་པ་ཞེས་བྱ་བ་ནས། འདྲ་བཅོམ་པ་དག་མཐོང་ན་བདེ། །ཞེས་བྱ་བའི་བར་དུ་གསུངས་ཏེ། །དགེ་བའི་བཤེས་གཉེན་ལ་


DTG156_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའི་དགེ་བའི་བཤེས་གཉེན་ནོ། །དེ་ལ་ཀུན་རྫོབ་ཀྱི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཞེས་བྱ་བ་གསུངས་པའོ། །ཀུན་རྫོབ་ཀྱི་དགེ་བའི་བཤེས་གཉེན་ལ་ཡང་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང༌། ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །ཞེས་བྱ་བ་ནི། ཞི་གནས་ཀྱི་ཡན་ལག་ལ་གནས་པར་སྦྱར་ཏེ། དེ་ལ་ཚུན་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་རང་བཞིན་དང་བཅས་པའི་ཁ་ན་ཐོ་བ་སྤངས་པ་སྟེ། དེ་ལ་རང་བཞིན་གྱི་ཁ་ན་མཐོ་བ་དང་བཅས་པའི་རང་བཞིན་གྱིས་མི་དགེ་བ་བདག་དང་གཞན་དང་གཉིས་ཀ་ལ་ཉམ་དབ་དང༌། ཀུན་ནས་ཉོན་མོངས་ཤིང་གནོད་པར་འགྱུར་བ་གང་ཡིན་པ་སྟེ། བཅས་པ་ལ་སྤྱོད་པ་ངན་འགྲོར་འགྲོ་བར་འགྱུར་བ་དང༌། མ་བཅས་པ་ལ་སྤྱོད་པ་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་འགྱུར་བའོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི། བཅོམ་ལྡན་འདས་ཀྱིས་རྟགས་མི་མཐུན་པ་ཉིད་ཀྱི་ཕྱིར་དང༌། དམ་པའི་ཆོས་ལ་གུས་པར་བྱ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་མཐུན་པ་དང༌། གཞན་གྱི་སེམས་བསྲུང་བ་དང༌། བདེ་འགྲོ་དང༌། སྲོག་དང༌། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་ཉིད་ཡིན་པའི་ཕྱིར་སྤངས་པ་གང་ཡིན་པ་དེ་ལ་སྤྱོད་པ་ནི་བཅས་པའི་ཁ་ན་མཐོ་བ་ཞེས་བྱའོ། །མོང་དུ་ཐོས་པ་མཐོང་བ་བདེ། །ཞེས་བྱ་བ་ནི། ལྷག་མཐོང་གི་ཡན་ལག་ལ་གནས་པ་དང་སྦྱར་ཏེ། དེ་ལ་མང་དུ་ཐོས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་མོ། །མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་ལ་མཁས་པའོ། །དེ་ལ་མདོ་སྡེ་ལ་མཁས་པ་ནི་བདག་གི་ལྟ་བ་མི་ནོར་བ་དང༌། མུ་སྟེགས་ཅན་ཚར་གཅོད་པར་བྱེད་དོ། །འདུལ་བ་ལ་མཁས་པས་ནི་ལྟུང་བ་དང་མི་ལྟུང་བ་དང༌། ལྕི་བ་དང༌། ཡང་བ་དང༌། མི་གནང་བ་དང་གནང་བ་ཤེས་པར་བྱེད་དོ། །ཆོས་མངོན་པ་ལ་མཁས་པ་ནི་སྔར་བསྒོམས་པ་དང༌། ཕྱིས་བསྒོམ་པའི་རིམ་པ་ཤེས་པར་བྱེད་དོ། །གཞན་ཡང་མང་དུ་ཐོས་པ་ལ་ཡོན་ཏན་ལྔ་ཡོད་དེ། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། གནས་


DTG156_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་མ་ཡིན་པ་ལ་མཁས་པ་དང༌། ལུང་བསྟན་པ་གཞན་ལ་རག་མ་ལུས་པ་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་མཐོང་ན་ཉེས་པར་སྤྱོད་པ་ལས་བཟློག་ཅིང་ཐེ་ཚོམ་གཅོད་པར་འགྱུར་བའི་ཕྱིར་བདེ་བའི་རྒྱུར་བསྟན་ཏོ། །ཅིའི་ཕྱིར་དེ་གཉིས་ལ་ཀུན་རྫོབ་ཅེས་བྱ་ཞེ་ན། འཁོར་བའི་རྒྱུ་ཀུན་ཏུ་འབྱུང་བ་སྤངས་ཤིང་སྡིག་པ་རྣམས་ལས་རིང་དུ་སོང་ཡང་མི་སློབ་པ་མ་ཡིན་པས་ཀུན་རྫོབ་ཅེས་བྱའོ། །དོན་དམ་པའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི། ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །ཞེས་གསུངས་པའོ།། དེ་ལ་ཡང་སྲིད་ཅེས་བྱ་བ་ནི་ཡང་སྲིད་པ་ཕྱི་མར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་སྟེ། དེ་ལས་རྣམ་པར་གྲོལ་བ་ནི་དགྲ་བཅོམ་པ་ཡིན་ཏེ། ལྷག་མ་དང་བཅས་པ་འམ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཨར་ཧན་ཞེས་བྱ་བ་ཉོན་མོངས་པ་དགྲ་དང་འདྲ་བ་བཅོམ་པས་ན། དགྲ་བཅོམ་པ་ཞེས་བྱ། ཡང་གཅིག་ཏུ་ནི་ལྷ་དང་མི་ལ་སོགས་པ་ཀུན་གྱིས་མཆོད་པར་འོས་པས་ན་འོས་པ་ཞེས་ཀྱང་འདྲེན་ཏེ། སྐབས་འདིར་ནི་དོན་བཙན་པར་བྱས་པས་དགྲ་བཅོམ་པ་ཞེས་བཏགས་སོ། །འཐོབ་པར་བྱ་བའི་དངོས་པོས་བདེ། །ཞེས་བྱ་བའི་དང་དུ་བྱས་ཏེ། འབབ་སྟེགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་གསུངས་སོ། །འདི་ནི་དཔེ་སྟེ་ཇི་ལྟར་ཆུ་བོ་ཀླུང་ནས་འབབ་པ་ལ་གད་པ་དང༌། གཡངས་ལ་སོགས་པ་ཉམ་ང་བ་སྤངས་པའི་འབབ་སྟེགས་བདེ་བ་ལ་བརྟེན་པ་རྣམས་ཀྱི་ཆུ་བོ་བདེ་བར་ལོན་པ་དེ་བཞིན་དུ། གང་དག་ཆུ་བོ་ལྟ་བུའི་རྣམ་པར་གྲོལ་བ་འདོད་པ་རྣམས་ཀྱིས་ཀྱང། སོ་སོར་ཐར་པ་དང༌། འཕགས་པའི་ལམ་རྟག་ཆད་ཀྱི་མཐའ་སྤངས་པ་བརྟེན་ནས། འཐོབ་པར་བྱ་བའི་དངོས་པོ་རྣམ་པར་གྲོལ་བ་འཐོབ་ན་བདེ་བར་འགྱུར་བའི་ཕྱིར་སོ་སོར་ཐར་པ་དང་འཕགས་པའི་ལམ་ནི་བདེ་བའི་འབབ་སྟེགས་སུ་བསྟན་ཅིང་རྣམ་པར་གྲོལ་བའི་ནི་ཆུ་བོའི་སྒྲར་བསྟན་ཏོ། །བསྒྲུབ་པ་དང་ལྡན་པ་བདེ་བའི་རྒྱུར་གཞག་པ་ཞེས་བྱ་བ་བསྟན་པའི་ཕྱིར། ཆོས་ཀྱི་རྒྱལ་པོའི་སྐྱེ་བོ་བདེ། །ཤེས་རབ་རབ་ཏུ་ཐོབ་པ་བདེ། །ང་འོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་རྒྱལ་བ་ཞེས་བྱ་བ་ནི་བསྒྲུབ་པའི་ཆོས་འཕགས་པའི་ལམ་གྱིས་མི་མཐུན་


DTG156_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ཕམ་པར་བྱས་པས་ན། ཆོས་ཀྱི་རྒྱལ་བ་ཞེས་བྱ་སྟེ། འདིའི་དོན་ནི། ཤེས་རབ་རབ་ཏུ་ཐོབ་པ་བདེ། །ད་འོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ཉིད་ཀྱིས་བསྟན་པ་ཡིན་ཏེ། འཕགས་པའི་ལམ་ཤེས་རབ་ཀྱི་རལ་གྲིས་མི་མཐུན་པའི་ཕྱོགས་ང་རྒྱལ་གྱི་རྒྱལ་མཚན་རྩ་བ་ནས་བཅད་པའི་ཕྱིར་རོ། །སྐྱེ་བོ་བདེ་ཞེས་བྱ་བ་ནི་གང་དག་སྒྲུབ་པའི་ཆོས་འཕགས་པའི་ལམ་ཤེས་རབ་ཀྱི་རལ་གྲི་དང་ལྡན་པས་འཁོར་བའི་རྒྱུ། ང་རྒྱལ་གྱི་རྒྱལ་མཚན་བཅད་ནས་རྣམ་པར་གྲོལ་བ་འཐོབ་པའི་ཕྱིར་བདེ་བར་བསྟན་ཏོ། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པ་ལ་བྱ་སྟེ། དེ་ཡང་རྣམ་པ་གསུམ་སྟེ། རིགས་པས་བསྐྱེད་པ་དང༌། རིགས་པ་མ་ཡིན་པས་བསྐྱེད་པ་དང༌། དེ་ལས་གཞན་པས་སོ། །སྐབས་འདིར་རིགས་པས་བསྐྱེད་པ་ལ་བྱའོ། །རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་པོ། །ངའོ་ང་རྒྱལ་ཞེས་བྱ་བ་ནི། ང་རྒྱལ་བདུན་པོ། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། དའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་རྣམས་ལས་དའོ་སྙམ་པའི་ང་རྒྱལ་ལ་བྱ་སྟེ། འཁོར་བའི་རྒྱུ་ཉོན་མོངས་པ་ཐམས་ཅད་ནི་བདག་དང་བདག་གིར་འཛིན་པ་ལས་འབྱུང་བའི་ཕྱིར། འཁོར་བའི་རྒྱུའི་གཙོ་བོ་སྙམ་པའི་ང་རྒྱལ་ཟད་ན་བདེ་བའི་རྒྱུར་བསྟན་གྱི། ཉོན་མོངས་པ་གཞན་ནི་མ་སྨོས་སོ། །དེ་ལ་ངའོ་སྙམ་པའི་ང་རྒྱལ་གྱི་མཚན་ཉིད་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་ལོངས་པ་ལ་བྱའོ། །སྒྲུབ་པ་དང་ལྡན་པ་དེ་ཉིད་སྦྱངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་བདེ་བའི་རྒྱུར་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་ངེས་པར་བྱས་དང་ཞེས་བྱ་བ་ནས། དར་ལ་བབ་པ་ཡལ་བ་རྣམས་ཀྱང་བདེ། །ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་རྣམ་པ་ལྔར་དབྱེ་སྟེ། སྦྱངས་པའི་ཡོན་ཏན་གྱི་ཐོག་མའི་དག་པ་དང༌། འཁོར་གཙང་བ་དང༌། གནས་ཕུན་སུམ་ཚོགས་པ་དང༌། འབྲས་བུ་དང་བཅས་པ་དང༌། ཡོངས་སུ་མ་ཉམས་པར་བསྟན་པའོ། །དེ་ལ་སྦྱངས་པའི་ཡོན་ཏན་གྱི་ཐོབ་མའི་དག་པ་བསྟན་པ་ཞེས་བྱ་བ་ནི། ངེས་པར་བྱས་དང་ཞེས་བྱ་བ་ཡིན་ཏེ།


DTG156_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ཆོས་འཕགས་པའི་ལམ་ཤེས་རབ་གྱི་རལ་གྲིས་འཁོར་བའི་རྒྱུ་ང་རྒྱལ་གྱི་རྒྱལ་མཚན་རྩ་བ་ནས་བཅད་པའི་ཕྱིར་དགོན་པར་གནས་པ་ལ་ཐོག་མཁོ་ནར་དམ་བཅའ་བ་སྟེ། བསམ་པ་ངེས་པར་མཐར་ཕྱིན་པར་བྱ་དགོས་པའི་ཕྱིར། ངེས་པར་བྱས་དང་ཞེས་བྱ་བ་འདིས་ནི་ཐོག་མའི་དག་པ་བསྟན་པ་ཡིན་ནོ། །འཁོར་གཙང་བ་ཞེས་བྱ་བ་ནི། དབང་པོ་ཐུལ་བ་དང་ཞེས་བྱ་བ་ཡིན་ཏེ་དེ་ལ་དབང་པོ་ཐུལ་བ་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོ་སྡོམ་པ་དང་ལྡན་པ་ལ་བྱ་སྟེ། དབང་པོ་སྡོམ་པ་དང་ལྡན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཁྲིམས་ཀྱི་སྡོམ་པ་ལ་བརྟེན་ནས་དྲན་པ་ཀུན་ཏུ་བསྲུངས་པ་དང༌། དྲན་པ་ལ་རྟག་འགྲུས་བྱེད་པ་དང༌། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང༌། གནས་སྐབས་མ་ཉམ་པ་ལ་འཇོག་པར་བྱེད་ཅིང༌། དེས་མིག་གིས་གཟུགས་རྣམས་མཐོང་བ་མཚན་མར་མི་འཛིན་ཅིང༌། མངོན་རྟགས་སུ་མི་འཛིན་ལ་གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟད་པར་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང༌། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང༌། དེ་ལ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས་ཀྱིས་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ལ་རྣམ་པར་ཤེས་པ་ནི་ཡང་མཚན་མར་མི་འཛིན་ཅིང། མངོན་རྟགས་སུ་མི་འཛིན་ལ་གཞི་གང་ཁོ་ན་ལས་དེའི་སེམས་ཀྱིས་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟད་པར་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང༌། ཡིད་ཀྱི་དབང་པོ་ཡང་སྲུང་པར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། དགོན་པར་གནས་པ་ལ་དམ་བཅས་བའི་འོག་ཏུ་དབང་པོ་རྣམས་བསྡམ་དགོས་པའི་ཕྱིར་འདིས་ནི་འཁོར་གཙང་བར་བསྟན་ཏོ། །གནས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། དགོན་པ་ཞི་བ་རྣམས་སུ་གནས་པར་གྱུར། །ཞེས་བྱ་བ་ཡིན་ཏེ། དེ་ལ་དགོན་པ་ཞེས་བྱ་བ་ནི་གྲོང་དང་གྲོང་རྡལ་ལས་དབེན་པ་རྒྱང་གྲགས་གཅིག་ཕན་ཆད་ན་གནས་པ་གང་ཡིན་པའོ། །ཞི་རྣམས་སུ་ཞེས་བྱ་བ་ནི་དགོན་པའི་གནས་དབེན་པ་ལ་བྱ་སྟེ། ཤིང་དྲུང་དང༌། ཁང་སྟོང་དང༌། རི་ཁྲོ་དང༌། རི་ཕུག་དང༌། རྩྭ་གསེབ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་པ་དང༌། ནགས་འདབ་དང༌། བས་མཐའི་གནས་དག་ཏུ་གནས་པར་བྱེད་ཅིང༌། འདུ་འཛིན་


DTG156_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྤངས་པ་སྟེ། དེའི་ཕྱིར་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །དགོན་པར་གནས་པ་ལ་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་འདུ་འཛིན་རྣམ་པར་སྤོང་བ་དང༌། རབ་ཏུ་དབེན་པ་ལ་བརྟེན་པ་དང༌། དེའི་སེམས་བསམ་གཏན་ལ་དམིགས་པར་འགྱུར་བ་དང༌། སངས་རྒྱས་ཀྱི་མཛད་པ་ཉུང་བ་ལ་སྨོན་པ་དང༌། དེའི་ལུས་ལ་དགའ་བ་དང་བདེ་བ་སྐྱེ་བ་དང༌། བར་ཆད་མེད་པ་དང༌། ཆོས་ཇི་ལྟར་ཤེས་པ་བཞིན་དུ་དོན་རྒྱ་ཆེར་ཤེས་པ་དང༌། ཞི་གནས་འཐོབ་པ་དང༌། ལྷག་མཐོང་འཐོབ་པ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །འབྲས་བུ་དང་བཅས་པ་ཞེས་བྱ་བ་ནི་མང་དུ་ཐོས་པ་ཞེས་བྱ་བ་ཡིན་ཏེ། མང་དུ་ཐོས་པ་དགོན་པར་གནས་ན་འབྲས་བུ་དང་ལྡན་པར་འགྱུར་གྱི། གཞན་ནི་མ་ཡིན་པའི་ཕྱིར་རོ། །དེ་ལ་མང་དུ་ཐོས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ཐོས་ཤིང་མཁས་པའོ། །ཡོངས་སུ་མ་ཉམས་པར་མཉན་པ་ཞེས་བྱ་བ་ནི། ནགས་སུ་རྒས་པ་དང༌། དར་ལ་བབ་པ་ཡལ་བ་རྣམས་ཀྱང་བདེ་ཞེས་བྱ་བ་ཡིན་ཏེ། དར་ལམ་བབ་པའི་ཚེ་ཐོས་པ་དང་ལྡན་པར་བྱས་ལ། དར་ལ་བབ་པའི་ཚེ་དགོན་པར་སོང་ནས་ནམ་འཚོའི་བར་དུ་གནས་པར་བྱེད་པ་ཉིད་མ་བཅས་པ་ལས་མ་ཉམས་པ་ཡིན་པས་ན། འདི་ཡོངས་སུ་མ་ཉམས་པར་བསྟན་པ་ཞེས་བྱའོ། །དེ་རྒས་པ་ཞེས་བྱ་བ་གང་དུ་ཞེ་ན། ནགས་སུ་ཞེས་པ་དང་སྦྱར་རོ། །དེ་ལ་རྒས་པ་ནི་ཚོད་གྱུར་པ་སྟེ། ལོ་བདུན་ཅུ་མན་ཆད་དོ། །དེ་ཡན་ཆད་ནི་འཁོགས་པའི་དུས་སོ། །དར་ལ་བབ་པ་ཞེས་བྱ་བ་ནི་ལོ་སུམ་ཅུ་ཡན་ཆད་ལྔ་བཅུ་མན་ཆད་དོ། །ཡོལ་བ་ཞེས་བྱ་བ་ནི་དེ་ལས་འདས་པའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། བདེ་ཞེས་བྱ་བ་ཐ་མར་སྨོས་པ་འདི་གོང་མ་རྣམས་དང་སྦྱར་བའི་ཕྱིར་རོ། །འདིར་མདོ་ལས་དགོན་པ་ཞེས་བྱ་བ་ཉི་ཚེ་སྨོས་ཀྱང་སྦྱངས་པའི་ཡན་ལག་གཞན་རྣམས་ཀྱང་བསྡུ་བར་རིག་པར་བྱའོ། །མི་རྟག་པ་ལ་སོགས་པ་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་འཕགས་མ་དག་དཔྱིད་རྣམས་ལས་ཞེས་བྱ་བ་ནས། བག་ཡོད་པར་འཐོབ་བོ་ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། དཔེས་བསྟན་པ་དང༌། དཔེ་དང་དོན་དུ་སྦྱར་ཞིང་ལུས་དང་སྐྱེ་བའི་གནས་ཉམས་པར་བསྟན་པ་དང༌། བག་ཡོད་པར་བཟུང་བ་དང༌། དེ་ཉིད་ཀྱི་འབྲས་བུ་བསྟན་པའོ། །དེ་ལ་དཔེས་བསྟན་པ་ཞེས་བྱ་བ་ནི།


DTG156_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་དག་དཔྱིད་རྣམས་ལས་ཇི་ཙམ་འདས་པ་དང༌། ལྷག་མ་ལུས་པ་དག་གོ་ཞེས་བྱའོ། །འཕགས་མ་ཞེས་བྱ་བ་ནི་མཛའ་ཞིང་ཡིད་དུ་འོང་བའི་ཕྱིར་སྙན་པར་བརྗོད་པའོ། །དཔྱིད་རྣམས་ལས་ཞེས་བྱ་བ་ནི་ས་འཛིན་ཙམ་དུ་ཟད་དེ། དུས་གསུམ་ལས་གང་ཡང་རུང་སྟེ། གཅིག་ཅིག་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་བརྗོད་པར་བྱའོ། །དུས་གསུམ་ཡང་གྲང་བ་དང༌། དྲོ་བ་དང༌། གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ལས་རྣམ་པར་གཞག་གོ །ཅི་ཙམ་འདས་པ་དང༌། ལྷག་མ་ལུས་པ་དག་གོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། དཔྱིད་དམ། དབྱར་རམ། དགུན་གང་ཡང་རུང་སྟེ། དེ་དག་ལས་སྔ་མ་ཙམ་འདས་པ་དང༌། ཕྱིན་ཇི་ཙམ་ལུས་པ་བརྗོད་པར་བྱའོ། །ཡང་ན་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ལས་འདི་ཙམ་ནི་ཟད་དེ་འདས། འདི་ཙམ་ནི་ལུས་སོ་ཞེས་བརྗོད་པར་བྱ་སྟེ། འདིས་ནི་འདི་ལྟར་ལོ་དང་ཟླ་བ་སྔ་མ་འདས་ན་གདོན་མི་ཟ་བར་ཕྱི་མ་འོང་བ་དེ་བཞིན་དུ། རྒ་བ་དང་འཆི་བ་ཡང་མངོན་པར་འོངས་པས་བག་ཡོད་པ་ལ་བརྩོན་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དཔེ་དང་དོན་དུ་སྦྱོར་ཞིང་ལུས་དང་སྐྱེ་བའི་གནས་ཉམས་པར་བསྟན་པ་ཞེས་བྱ་བ་ནི། འཕགས་མ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་གྱི་ཞེས་བྱ་བའོ། །ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་ཤིང་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ནི་གཉིས་ཏེ། ལུས་མ་ཉམས་པ་སྟེ་རྒས་ཤིང་མ་ནོན་པ་དང༌། སྐྱེ་བའི་གནས་མ་ཉམས་པ་སྟེ་སྟོན་པའི་བསྟན་པ་གནས་པའོ། །དེ་བས་ན་ཇི་ལྟར་ལོ་དང་ཟླ་བ་འདས་ཤིང་འོང་བ་དེ་བཞིན་དུ་ལུས་དང་སྐྱེ་བའི་གནས་ཉམས་པ་ཡང་མངོན་པར་འོང༌། བརྩལ་བར་བཟོད་ཅིང་ཐུབ་པའི་སྐྱེ་གནས་མ་ཉམས་པའི་ཚེ་ནན་ཏན་དུ་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རྒ་བ་དང་འཆི་བ་ཞེས་བྱ་བ་གཉིས་ཀྱིས་ནི་ལུས་ཡོངས་སུ་ཉམས་པ་བསྟན་ཏེ། སྦྱོར་བ་མི་བཟོད་པ་དང་རྒྱུན་ཆད་པ་རིམ་པ་བཞིན་ནོ། །སྟོན་པའི་བསྟན་པ་འཇིག་པར་འགྱུར་གྱི་ཞེས་བྱ་བ་ནི། སྐྱེ་བའི་གནས་ཡོངས་སུ་ཉམས་པར་བསྟན་ཏོ། །དེ་ལ་རྒ་བ་དང་འཆི་བ་ཞེས་བྱ་བ་ནི་ཕུང་པོ་སྨིན་ནས་འཇིག་པར་འགྱུར་བའི་མཚན་ཉིད་དོ། །མངོན་པར་འོང་ཞེས་བྱ་བར་གདོན་མི་ཟ་བར་འོང་བའོ། །སྟོན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དོན་


DTG156_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་བསྟན་པའི་ཕྱིར་རོ། །འཇིག་པར་འགྱུར་བ་ཞེས་བྱ་བ་ནི་མི་གནས་པར་འགྱུར་བའོ། །བག་ཡོད་པར་གཟུད་པ་ཞེས་བྱ་བ་ནི། འཕགས་མ་དག་བག་ཡོད་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ལུས་དང་སྐྱེ་བའི་གནས་ཡོངས་སུ་ཉམས་པར་འགྱུར་བ་དེའི་ཕྱིར། བག་ཡོད་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་བསྟན་པ་ཡིན་ཏེ། དེ་ལ་བག་ཡོད་པ་ཞེས་བྱ་བ་ནི་བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང༌། དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་བསྒོམ་པ་སྟེ། བག་ཡོད་པ་སྨོས་པ་ནི་དགེ་བའི་ཆོས་ཐམས་ཅད་བསྡུ་བའི་དོན་ཏོ། །དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་བ་གཟུང་བའི་དོན་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ལ་བྱའོ། །ཅི་མངོན་ཞེ་ན་སྐྱེ་མཆེད་དྲུག་རྣམ་པར་འབྱེད་པའི་མདོ་ལས། དེ་ཞི་གནས་དང་ལྷག་མཐོང་མཉམ་པར་འཇུག་གོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ཏིང་ངེ་འཛིན་ལ་རྣལ་འབྱོར་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པ་མཉམ་པར་གཞག་པའི་ས་ལས། ཡང་དག་པར་རྩོལ་བ་དང་དྲན་པ་ནི་རྣལ་འབྱོར་ཡིད་ལ་བྱེད་པ་མཐུན་ན། སྡུད་པའི་རྒྱུ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཡང་ན་དད་པ་དང༌། འདུན་པ་དང༌། ཐབས་དང༌། བརྩོན་འགྲུས་ལ་རྣལ་འབྱོར་ཞེས་བྱ་སྟེ། དེ་དག་གིས་སྦྱོར་བའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་སྤྱོད་པ་ཐོས་པ་ལས་བྱུང་བའི་ས་ལས། རྣལ་འབྱོར་གང་ཞེ་ན། དེ་ནི་རྣམ་པ་བཞི་སྟེ། དད་པ་ལ་སོགས་པའོ་ཞེས་ཇི་སྐད་སྨོས་པ་ལྟ་བུའོ། །དེ་ཉིད་ཀྱི་འབྲས་བུ་བསྟན་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་གཞན་ཡང་གང་དག་དེ་ལྟ་བུ་ཕྱོགས་ཀྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་པོ་ཞེས་བྱ་བ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གསུངས་པ་


DTG156_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ཕྱི་མ་རྣམས་ཀྱང་དེ་བཞིན་དུ་གཤེགས་ཏེ་མཁྱེན་ཅིང་གསུང་བའི་ཕྱིར་རོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་ལེག་པར་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་སྔར་བཤད་པ་བཞིན་ནོ། །རྣམས་ཞེས་བྱ་བ་ནི་མང་པོའོ། །བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །གཞན་ཡང་གང་དག་དེ་ལྟ་བུའི་ཕྱོགས་ཀྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གཞན་པ་སྟེ། བྱང་ཆུབ་སྐྱེད་པར་བྱེད་པ་དགེ་བའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་འདིར་བྱང་ཆུབ་ཀྱི་ཕྱོགས་རྣམས་སུ་འདོད་དོ། །བག་ཡོད་པས་འཐོབ་བོ་ཞེས་བྱ་བ་ནི་གོང་དུ་བསྟན་པ་རྣམས་ཀྱང་འདིས་འཐོབ་པའི་ཕྱིར་བག་ཡོད་པའི་འབྲས་བུ་བསྟན་པ་ཞེས་བཤད་པ་ཡིན་ནོ། །གསོ་སྦྱོང་གི་ཡན་ལག་ཀུན་དུ་སྤྱད་པའི་ཆོས་རྣམས་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཞེ་ན། །ཞེས་བྱ་བ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ། དི་ལ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། མི་འདུ་བ་དགག་པ་དང༌། མི་འདུར་གནང་བ་དང༌། མཆོད་པའི་ཆོ་ག་དང༌། ཡང་དག་པར་འཛིན་དུ་གཟུད་པ་དང༌། ཡང་དག་པར་འཛིན་པའི་ལེགས་པ་དང༌། ཡང་དག་པར་མི་འཛིན་པའི་ཉེས་དམིགས་དང༌། ཡང་དག་པར་བསྒོ་བ་དང༌། འཁོར་རྣམ་པར་དག་པའོ། །དེ་འང་མི་འདུ་བ་དགག་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་ལ་བྱ་བ་ཉུང་བའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཐོག་མར་བྱ་བ་ཅི་ཞེ་ན། གསོ་སྦྱོང་གི་ཚེ་དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཞིག་བྱ་ཞེ་ན་ཞེས་འདྲི་བ་སྟེ། དེའི་ལན་དུ་དོན་ཉུང་བ་དང༌། བྱ་བ་ཉུང་བའོ་ཞེས་བྱ་བའོ། །ཐོག་མར་བྱ་བ་ཅི་ཞེ་ན། གསོ་སྦྱོང་གི་ཚེ་དགེ་འདུན་མ་འདུས་སམ། སྔར་གང་ཟག་གི་གསོ་བ་མ་བྱས་སམ། སྟན་གདིང་བ་དང༌། ཆག་ཆག་དང༌། ཕྱག་དར་ལ་སོགས་པ་མ་བྱས་སམ། སོ་སོར་ཐར་པའི་མདོ་འདོན་པ་མ་བསྐོས་ན། གསོ་སྦྱོང་དང་མི་མཐུན་པ་ཡིན་པས་དེ་ལྟ་བུ་མ་བྱས་པ་དག་མེད་དམ་ཞེས་དྲི་བར་བྱ་སྟེ། འདི་དག་ནི་སྔར་བྱ་བའོ། །དེ་ལ་དོན་ཉུང་བ་ཞེས་བྱ་བ་ནི་འདོད་པ་ཆུང་བའི་རྒྱུ་


DTG156_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་སྟེ། འདི་ལྟར་བདག་ཉིད་ཀྱི་སེམས་ཀྱིས་འགྱོད་ཅིང་བཤགས་པ་ལ་སོགས་པ་དམ་བཅས་པ་བྱས་ཟིན་པའོ། །བྱ་བ་ཉུང་བ་ནི་ངག་གིས་འགྱོད་ཅིང་ཉེས་པ་བཤགས་པ་དང༌། ལུས་ཀྱིས་ཕྱག་བྱས་པ་ལ་སོགས་པ་བྱས་ཟིན་པའོ། །དེའི་ཕྱིར་དོན་ཉུང་བ་ནི་ཡིད་ཀྱི་ལས་སུ་བསྟན་ལ། བྱ་བ་ཉུང་བ་ནི་ལུས་དང་ངག་གི་ལས་སུ་བསྟན་ཏོ། །ཁ་ཅིག་ན་རེ་བྱ་བ་ཉུང་བ་ཞེས་བྱ་བ་ནི་གསོ་སྦྱོང་གི་གནས་སུ་ཐོག་མར་བྱ་དགོས་པའི་ཕྱིར་གསོ་སྦྱོང་གི་གནས་སུ་བསྐུ་བ་དང་ཕྱག་དར་བྱ་བ་ལ་སོགས་པ་བྱས་ཟིན་པ་ལ་བྱའོ་ཞེས་འཆད་དེ། དེ་ལྟ་བུ་མ་བྱས་པ་གང་ཡང་མེད་དོ་ཞེས་ལན་གདབ་པའི་ཕྱིར་དོན་ཉུང་བ་བྱ་བ་ཉུང་བ་ཞེས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི། བྷ་ག་བན་ཞེས་བྱ་བ་བདུད་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པའི་ཕྱིར་ཏེ། དེ་ལ་བདུད་བཞིན་ནི་ཉོན་མོངས་པ་དང༌། ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་དོ། །དེ་ལ་ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འཆི་བ་དག་གི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བའི་དུས་བྱས་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་བདུད་གསུམ་པོ་དེ་དག་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་ལ་བར་ཆད་བྱེད་པ་དང༌། གཡེང་བར་བྱ་བའི་ཕྱིར། འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། བཞི་པོ་དེ་དག་དགེ་བའི་ཆོས་ཀྱི་སྲོག་དང་བྲལ་བར་བྱེད་པས་ན་བདུད་ཅེས་བྱའོ། །ལེགས་པ་དྲུག་ནི་གཟུགས་དང༌། གྲགས་པ་དང༌། དབང་ཕྱུག་དང༌། དཔལ་དང། ཤེས་པ་དང༌། བརྩོན་འགྲུས་སོ། །འདས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ལས་མཚན་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་འབྱུང་བ་ནས། འཇིག་རྟེན་པའི་བྷ་ག་ཝན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་པའི་ཕྱིར་རོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི་ཤྲ་བ་ཀ་ཞེས་པའི་སྒྲ་ལས་དྲངས་ནས། དེ་བཞིན་གཤེགས་པ་ལས་ཆོས་ཀྱི་ལུང་མ་ནོས་བར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་པས་ཉན་པ་ལ་ཡང་བྱ། ཡང་གཅིག་ཏུ་ན་ཡང་དག་པའི་ཤེས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པས་གཞན་ལ་སྒྲོག་ཅིང་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱའོ། །དགེ་


DTG156_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མི་འདུར་གནང་བ་ཞེས་བྱ་བའི་དབང་དུ་བྱས་ནས་འཕགས་མ་དག་མ་ལྷགས་པ་རྣམས་ལ་དད་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལ་མ་ལྷགས་པ་རྣམས་ཞེས་བྱ་བ་ནི། གསོ་སྦྱོང་བྱ་བའི་གནས་སུམ་ཕྱིན་པ་རྣམས་སོ། །དད་པ་དང་ཡོངས་སུ་དག་པ་ཞེས་བྱ་བ་ནི་འདིའི་དབྱེ་བ་མང་མདོ་ཀྱིས་འདིར་ནི་དེ་གཉིས་ཀྱི་མཚན་ཉིད་དང༌། བྱེ་བྲག་དང༌། དེ་དག་བླང་ཞིང་དབུལ་བའི་ཀུན་ཏུ་སྤྱད་པ་དང༌། གནང་མི་གནང་གི་སྐབས་དང༌། དེ་དག་གི་གནས་བསྟན་པ་དང༌། ལྔ་མདོ་ཙམ་ཞིག་བསྟན་པར་བྱའོ། །དེ་ལ་དད་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། མ་ལྟ་བུ་ལ་དད་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་བཞིན་བྱ་བ་རྣམས་ལ་ལྟ་བ་དང༌། བློ་གྲོས་དང༌། འདོད་པ་དང༌། བསམ་པས་དད་པ་འབུལ་བ་དང༌། དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་རྗེས་སུ་ཡི་རང་བ་དང༌། ཉེ་བར་ཕྱོགས་པ་དང༌། ཁས་བླངས་པ་དང༌། ཁས་ལེན་པར་བྱེད་པ་འདི་ནི་དད་པའི་མཚན་ཉིད་དོ་ཞེས་གསུངས་སོ། །ཡོངས་སུ་དག་པའི་མཚན་ཉིད་ནི་ཡང་དེ་ཉིད་ལས་ཡོངས་སུ་དག་པ་ཞེས་བྱ་བ་ནི་དག་པ། བདག་ནི་ཉེས་པ་མ་བྱུང་མོད་ཀྱི་འོན་ཀྱང་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་གི་སེམས་རྩེ་གཅིག་པས་བདག་གི་སེམས་ལ། བདག་གིས་ཇི་ལྟར་བླངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་ནམ། མ་ཉམས་སམ། མ་རལ་ལམ། འདྲེས་པར་མ་བྱས་སམ། ཡོངས་སུ་དག་གམ། བདག་ལ་ཉེས་པ་མ་བྱུང་ངམ། ཉེས་པ་མེད་པ་ཡིན་ནམ་ཞེས་བརྟག་པར་བྱ་སྟེ། འདི་ནི་ཡོངས་སུ་དག་པའི་མཚན་ཉིད་དོ་ཞེས་གསུངས་སོ། །དད་པ་དང་ཡོངས་སུ་དག་པའི་མཚན་ཉིད་བཤད་ཟིན་ཏོ། །དད་པ་དང་ཡོངས་སུ་དག་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། དེ་ལ་དད་པ་ཕུལ་བས་ནི་དགེ་འདུན་མཐུན་པར་བྱ་བའི་ཕྱིར་རོ། །ཡོངས་སུ་དག་པ་ཕུལ་བས་ནི་གསོ་སྦྱོང་གི་ཚེ་བདག་ཉིད་སྣོད་དུ་གྱུར་པར་བསྟན་པ་ཡིན་ཏེ། །དེ་བས་ན་གང་དུ་གསོ་སྦྱོང་དང༌། ལས་བྱེད་པ་དེར་ནི་དད་པ་དང་ཡོངས་སུ་དག་པ་བསྲེས་ཏེ་དབུལ་བར་བྱའོ། །ལས་འབའ་ཞིག་བྱེད་པའི་ཚེ་ནི་དད་པ་ཉི་ཚེ་དབུལ་བར་བྱའོ་ཞེས་གསུངས་སོ། །དད་པ་དང་ཡོངས་སུ་དག་པའི་བྱེ་བྲག་ནི་འདི་ཡིན་


DTG156_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དད་པ་དང་ཡོངས་སུ་དག་པ་ཇི་ལྟར་བླང་ཞིང་དབུལ་བར་བྱ་ཞེ་ན། དགེ་སློང་མ་ན་བར་གྱུར་པའམ། དགེ་བའི་ཕྱོགས་ཁྱད་པར་ཅན་ལ་སྦྱོར་བ་ཞིག་སྟེ། དགེ་འདུན་གྱི་ནང་དུ་འོང་མ་ནུས་ན། དགེ་འདུན་གྱིས་དགེ་སློང་མ་ཆོས་ལྔ་དང་ལྡན་པ་གཅིག་དད་པ་དང་ཡོངས་སུ་དག་པ་བླང་བའི་ཕྱིར་བསྐོ་བར་བྱ་སྟེ། འདོད་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་མི་འགྲོ་བ་དང༌། དད་པ་དང་ཡོངས་སུ་དག་པ་བླངས་པ་དང༌། མ་བླངས་པ་ཤེས་པ་ལས་བསྐོ་བར་བྱའོ། །གང་བསྐོས་པ་དེ་ཡང་དད་པ་དང༌། ཡོངས་སུ་དག་པ་ལེན་ཅིང་སླར་དགེ་འདུན་ལ་དབུལ་དུ་འགྲོ་བའི་ཚེ་བརྒྱུག་པར་མི་བྱའོ། །ངམ་གྲོག་དང༌། བང་རིམ་ལ་མཆོང་བར་མི་བྱ། །ནམ་མཁའ་ལ་གནས་པར་མི་བྱ། མཚམས་ཀྱི་ཕྱིར་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་ཐེམ་པ་གཉིས་སུ་འགྲོ་བར་མི་བྱ། སྙོམས་པར་འཇུག་པར་མི་བྱ། ཉལ་བར་མི་བྱ་བར་བླང་ཞིང་དབུལ་བར་བྱའོ། །དེ་ནས་དད་པ་དང་ཡོངས་སུ་དག་པའི་མདུན་དུ་གང་མ་ལྷགས་པ་དེ་དག་འདི་ལྟར་དབུལ་བར་བྱ་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ལྷ་མ་ཕུད་ལ་ཐལ་མོ་སྦྱར་ཏེ། ཙོག་ཙོག་པོར་འདུག་ནས། འདི་སྐད་དུ་འཕགས་མ་དགོངས་སུ་གསོལ། །བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ནད་ཀྱིས་ཉེན་ཏོ་ཞེའམ། དགེ་བའི་ཕྱོགས་ལ་སྦྱོར་ཏེ། དེང་དགེ་འདུན་གྱི་ཡང་བཅུ་བཞི་འམ་བཅོ་ལྔ་པའི་གསོ་སྦྱོང༌། བདག་མིང་འདི་ཞེས་བགྱི་པའི་ཡང་བཅུ་བཞིའམ། བཅྭ་ལྔའི་གསོ་སྦྱོང་སྟེ། དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་དད་པ་འབུལ་ཞིང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆི་ན། བདག་གི་དད་པ་དང༌། གསོ་སྦྱོང་ཡོངས་སུ་དག་པར་བརྗོད་པ་བཞིན་དུ། བཟླས་སུ་གསོལ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དད་པ་དང་ཡོངས་སུ་དག་པ་ལེན་པའི་དགེ་སློང་མས། དགེ་འདུན་ལ་དབུལ་བའི་ཚེ་དྲུང་དུ་འདུག་པའི་དགེ་སློང་མ་ལ་འདི་སྐད་དུ་འཕགས་མ་དགོངས་སུ་གསོལ། གནས་འདི་ཞེས་བགྱི་བ་ན། དགེ་སློང་མ་མིང་འདི་ཞེས་བགྱི་བ་ཞིག་བྲོ་འཚལ་ཏོ་ཞེ་འམ། དགེ་བའི་ཕྱོགས་ལ་སྦྱོར་ཏེ། དེང་དགེ་འདུན་གྱི་འང་བཅུ་བཞི་འམ་བཅྭ་ལྔ་པའི་གསོ་སྦྱོང་བདག་མིང་འདི་ཞེས་བགྱི་བའི་ཡང་བཅུ་བཞི་འམ་བཅྭ་ལྔ་པའི་


DTG156_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་སྟེ། བདག་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་གཙང༌། དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་དད་པ་འབུལ་ཞིང་ཡོངས་སུ་དག་པ་ཡང་བརྗོད་པ་ལགས་ཞེས་ཉིད་མཆི་སྟེ། བརྗོད་བ་བཞིན་དུ་བཟླས་པ་ལགས་ཞེས་བརྗོད་པར་བྱའོ། །དད་པ་དང་ཡོངས་སུ་དག་པ་ཅིའི་ཕྱིར་གང་ཟག་ལ་བཟླས་ཀྱི། དགེ་འདུན་ལ་མ་ཡིན་ཞེ་ན། རིང་དུ་ཐོགས་པ་ལ་སོགས་པའི་ཉེས་པ་སྤངས་པའི་ཕྱིར་རོ། །དད་པ་དང་ཡོངས་སུ་དག་པ་བླང་ཞིང་དབུལ་བའི་ཀུན་ཏུ་སྤྱད་པའི་ཆོས་རྣམས་བཤད་ཟིན་ཏོ། །དད་པ་དང་ཡོངས་སུ་དག་པ་དེ་ཡང་རྐྱེན་ཇི་ལྟ་བུ་བྱུང་ན་གནང་ཞེ་ན། ནའམ། ནར་དོགས་སམ། ནད་སོས་ནས་རིང་པོ་མ་ལོན་ནམ། ནད་གཡོག་བྱེད་དམ། ངལ་ལམ། ཞིགས་སམ། བཀྲེས་སམ། སྐོམ་མམ། ཀུན་ནས་བསྐོར་བ་རྨུགས་པ་དང་གཉིད་སྟུག་པོ་སེལ་ཞིང་དགེ་བའི་ཕྱོགས་བྱེད་དམ། སོ་སོར་ཐར་པའི་མོད་འདོན་པ་ལ་ཞུགས་པར་གྱུར་ཏམ། དེའི་དོན་ཉན་པ་ཞིག་གམ། དེ་མི་བརྗེད་པར་བྱ་བའི་ཕྱིར་ཚིག་གཙོ་བོར་འཛིན་ཅིང༌། ཚུལ་བཞིན་སེམས་སམ་ཡིད་ལ་བྱེད་པ་ཁུགས་པ་ཐོབ་ནས་རིང་པོ་མ་ལོན་ནམ། དེ་རྗེས་སུ་བསྲུང་ངམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་རྒྱུན་དུ་བརྩོན་འགྲུས་རྩོམ་པ་ལ་བརྩོན་པར་གྱུར་པ་འམ། བདེན་པ་མཐོང་བར་གྱུར་ན་ཉེས་པ་མེད་དོ། །ལེ་ལོའི་ཕྱིར་རམ། ལས་ངན་པར་འབྲེལ་ཏེ་དད་པ་དང་ཡོངས་སུ་དག་པ་ཕུལ་ན་ཉེས་བྱས་སོ། །དད་པ་དང་ཡོངས་སུ་དག་པ་ལེན་པའི་དགེ་སློང་མ། དད་པ་དང་ཡོངས་སུ་དག་པ་བླངས་ནས་ལམ་དུ་ཤི་བའམ། བབས་སམ། དགེ་ཚུལ་མ་ལ་སོགས་པར་དམ་བཅས་ན། དད་པ་དང་ཡོངས་སུ་དག་པ་བླངས་པ་མ་ཡིན་ནོ། །བཟླ་ནུས་ན་གཅིག་གིས་ཀྱང་དུ་མའི་དད་པ་དང་ཡོངས་སུ་དག་པ་བླང་བར་བྱའོ། །ས་ལ་འདུག་པས་ནམ་མཁའ་ལ་འདུག་པའམ། བཟློག་པ་ཡང་རུང་སྟེ་ལེན་ཅིང་དབུལ་བར་མི་བྱའོ། །གལ་ཏེ་དད་པ་དང་ཡོངས་སུ་དག་པ་ལེན་པའི་དགེ་སློང་མ་དང༌། འབུལ་བ་གཉིས་མཚམས་མེད་པ་ལྔ་བྱས་པ་དང༌། མུ་སྟེགས་ཅན་དང༌། མུ་སྟེགས་སུ་འགྲོ་བ་དང༌། འགྲོ་བ་གཞན་དུ་གནས་པ་དང༌། སོ་སོར་གནས་པ་དང༌། བསླབ་པ་བྱིན་པ་ལ་སོགས་པར་ཁས་བླངས་ན་ལེན་ཅིང་ཕུལ་བར་མི་ཆུད་དོ། །གལ་ཏེ་དད་པ་


DTG156_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོངས་སུ་དག་པ་འབུལ་བ་ན་བར་གྱུར་ཏེ་དགེ་འདུན་གྱི་ནང་དུ་འོང་ཞིང་སྨྲ་ཡང་མི་ནུས་ན་དགེ་འདུན་ཐམས་ཅད་དེར་འོང་བར་བྱའོ། །གལ་ཏེ་སྨྲ་མི་ནུས་ཀྱང་དད་པ་དང་ཡོངས་སུ་དག་པ་འབུལ་བར་ལུས་སམ་ངག་གིས་གོ་བར་བྱེད་ན་ཕུལ་བ་ཡིན་ནོ། །གལ་ཏེ་དད་པ་དང་ཡོངས་སུ་དག་པ་ནི་མང་འདུ་བ་ནི་ཉུང་ན་རྒན་པོ་རྣམས་ཀྱིས་ཀྱང་དགེ་བའི་ཕྱོགས་བཞག་སྟེ་འདུ་བར་བྱའོ། །དད་པ་དང་ཡོངས་སུ་དག་པ་ལེན་ཅིང་འབུལ་བའི་གནང་མི་གནང་གི་སྐབས་བཤད་ཟིན་ཏོ། །དད་པ་དང་ཡོངས་སུ་དག་བ་གང་དུ་བླང་ཞིང་དབུལ་བར་བྱ་ཞེ་ན། མཚམས་ཀྱི་ནང་ན་གནས་པས་མཚམས་ཀྱི་ནང་ན་གནས་པ་ལ་རྣམ་པ་གཉིས་ཏེ། མཚམས་ཀྱི་ཕྱི་རོལ་དུ་གནས་པ་རྣམས་ལ་དད་པ་དང་ཡོངས་སུ་དག་པ་མ་བླངས་ཀྱང་མི་མཐུན་པ་ཉེས་པ་མེད་པའི་ཕྱིར་རོ། །དེ་ལ་མཚམས་ནི་རྣམ་པ་གཉིས་ཏེ། ལས་ཀྱིས་བཅད་པ་དང༌། རང་མཚམས་སོ། །དེ་ལ་ལས་ཀྱིས་བཅད་པའི་མཚམས་ལ་ཡང་རྣམ་པ་གཉིས་ཏེ། ཆེན་པོ་དང་ཆུང་དུའོ། །དེ་ལ་ཆེན་པོའི་ཚད་ནི་གལ་ཏེ་ཆུ་མེད་པ་ཞིག་ན་སྟེང་ལོགས་སུ་དཔག་ཚད་ཕྱེད་དང་གསུམ་མོ། །འོག་ལོགས་སུ་ཡང་དེ་དང་འདྲའོ། །མཚམས་ཆུང་ངུའི་ཚད་ནི་དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་ཤོང་བའོ། །རང་མཚམས་ནི་དགེ་འདུན་གང་དུ་གནས་ཀྱང་རུང་ལས་ཀྱིས་མ་བཅད་ཀྱང་རང་བཞིན་གྱིས་ཡོད་པ་སྟེ། རྒྱང་གྲགས་དང༌། རྩིག་པ་དང༌། ཆུའི་མཚམས་ལ་བྱའོ། །མཚམས་འདི་དག་ཇི་ལྟར་བཅས་ཤིང་དགྲོལ་བ་ནི་མངས་བས་འདིར་མ་སྨོས་ཏེ། གཞན་ནས་འབྱུང་བ་བཞིན་སྦྱར་བར་བྱ་སྟེ། དད་པ་དང་ཡོངས་སུ་དག་པའི་གནས་བསྟན་པ་བཤད་ཟིན་ཏོ། །དེ་ལ་དྲིས་ཤིག་ཅེས་བྱ་བ་ནི་གང་གིས་དད་པ་དང་ཡོངས་སུ་དག་པ་དབུལ་བར་བྱ་བ་དེ་དབུལ་དུ་གཞུག་པ་སྟེ། དེ་སྦྱིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་གིས་དད་པ་དང་ཡོངས་སུ་དག་པ་བླངས་པ་དེ་བཟླས་སུ་གཞུག་པས་ཏེ་དེ་ཤེས་པར་བྱ་བའི་ཕྱིར་རོ། །མཆོད་པའི་ཆོ་ག་ཞེས་བྱ་བའི་དབང་དུ་བྱས་ནས། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །ཞེས་བྱ་བ་གསུངས་ཏེ། འདི་ལ་ཡང་རྣམ་པ་གཉིས་སུ་དབྱེའོ། །གཉིས་གང་ཞེ་ན་བསྟོད་པ་དང་ཕྱག་


DTG156_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བའོ། །དེ་ལ་བསྟོད་པ་ཞེས་བྱ་བ་ནི། ཤཱཀྱ་སེང་གེ་ཞེས་སྨོས་པ་ཡིན་ཏེ། ཤཱཀྱ་སེང་གེ་ཞེས་བྱ་བ་ནི་ཁྱིམ་པའི་ཕྱོགས་སུ་རིགས་ཆེ་ཞིང་བཙུན་པས་ན་རིགས་ཀྱི་སྒོ་ནས་བསྟོད་པའོ། །སེང་གེ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཕྱོགས་སུ་མི་འཇིགས་པ་རྣམས་ཀྱིས་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་རབ་ཏུ་བྱུང་བའི་ཕྱོགས་ནས་བསྟོད་པའོ། །ཕྱག་འཚལ་ཞེས་བྱ་བ་ནི། སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །ཞེས་སྨོས་པ་ཡིན་ཏེ། མཆོད་པ་རྣམ་པ་མང་མོད་ཀྱི། སྐབས་འདིར་ནི་ཞེས་སའི་ཚུལ་དུ་ཐལ་མོ་སྦྱར་བས་མཆོད་པར་འགྱུར་བས་གཞན་མ་བསྟན་ཏོ། །ཡང་དག་པར་འཛིན་དུ་གཟུད་པ་ཞེས་བྱ་བའི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བཤད་པར་བྱ། །འདུལ་བ་དེ་ནི་ང་ལ་ཉོན། །ཞེས་བྱ་བ་ནས། སྲབ་འདྲ་སོ་སོར་ཐར་པ་འདིའོ། །ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། མཉན་དུ་གཟུད་པ་དང༌། ཕྱིན་ཅི་མ་ལོག་པར་བསྒྲུབ་པར་བསྐུལ་བ་དང༌། མི་གཡེལ་བར་སྦྱོར་བ་ལ་གཟུད་པ་དང༌། ལྟ་བ་ལ་ཆགས་སུ་མི་གཞུག་པར་སྦྱོར་བའོ། །དེ་ལ་མཉན་དུ་གཟུད་པ་ཞེས་བྱ་བ་ནི། སོ་སོར་ཐར་པ་བཤད་པར་བྱས། །འདུལ་བ་དེ་ནི་ང་ལ་ཉོན། །ཞེས་པ་ཡིན་ཏེ། དེ་ལ་སོ་སོར་ཐར་པ་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །བཤད་པར་བྱས་ཞེས་བྱ་བ་ནི་གསོ་སྦྱོང་གི་ཚེའོ། །འདུལ་བ་ཞེས་བྱ་བ་ནི། འཕྲལ་འདོད་ཆགས་ལ་སོགས་པ་ཀུན་ནས་བསྐོར་བ་རྣམས་འདུལ་བའི་ཕྱིར་འདུལ་བ་ཞེས་བྱ་སྟེ། སྔར་བཤད་པ་བཞིན་ནོ། །ང་ལས་ཉོན་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་ཉིད་ལས་ཏེ། དབང་པོ་བསྡུས་ལ་ཉོན་ཅིག་པའི་ཐ་ཚིག་གོ །ཕྱིན་ཅི་མ་ལོག་པར་སྒྲུབ་པར་བསྐུལ་བ་ཞེས་བྱ་བ་ནི། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཁ་ན་མ་ཐོ་ཕྲ་རྣམས་ལས། །བསྒྲིམས་ཏེ་གུས་པར་གྱིས་ཤིག་ཅེས་བྱ་བ་ཡོད་དེ། དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་དུ་སྒྲུབ་པར་བསྐུལ་བའི་ཕྱིར་རོ། །ཐོས་ནས་ཞེས་བྱ་བ་ནི་རྣ་བའི་དབང་པོས་སོ། །དྲང་སྲོང་ཞེས་བྱ་བ་ནི་ཤེས་པ་དང་ལྡན་པ་ལ་ཡང་བྱ། སྨོན་པ་རྣམས་འབྱོར་ཅིང་འགྲུབ་པ་ལ་ཡང་བྱ། ཡང་གཅིག་ཏུ་ན་ལུས་དང་ངག་དང་ཡིད་དྲང་པོར་གནས་ཤིང་བསྲང་བ་


DTG156_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བྱ་སྟེ། སྐབས་འདིར་དྲང་སྲོང་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བྱ་སྟེ། ཚུལ་ཁྲིམས་ཀྱིས་རྒྱས་པའི་ཕྱིར་རོ། །ཆེན་པོ་སྨོས་པ་ནི་འཇིག་རྟེན་པ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་ཀྱི་དྲང་སྲོང་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱིས་སྨད་པའི་ཕྱིར་ཏེ། སྡིག་པའི་དངོས་པོ་བྱས་པ་རྣམས་སོ། །ཕྲ་རྣམས་ལ་ཞེས་བྱ་བ་ནི་བཅས་པའི་ཁ་ནས་མ་ཐོ་བ་རྣམས་ལ་བྱ་སྟེ། དེ་དག་ལ་ནན་ཏན་ཏུ་བྱ་བར་བསྟན་པས་རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ལ་ཡང་ནན་ཏན་བྱ་བར་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཡང་ཞེས་བྱ་བའི་སྒྲ་ཞིག་མི་མངོན་པར་བྱས་པ་ཡང་བལྟ་བའི་ཕྱིར་རོ། །བསྒྲིམས་ཏེ་ཞེས་བྱ་བ་ནི་དེས་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ་པ་གང་ཡིན་པའོ། །གུས་པར་ཞེས་པ་ནི་རིམ་གྲོར་བྱ་བའོ། །གྱིས་ཤིག་ཅེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པའོ། །མི་གཡེལ་བར་སྦྱོར་བ་ལ་གཟུད་པར་ཞེས་བྱ་བ་ནི་གསུངས་པ་བཞིན་དུ་སྒྲུབ་པར་གྱིས་ཤིག་ཅེས་བྱ་བ་ཡིན་ཏེ། སྟོན་པས་ཇི་སྐད་གསུངས་པ་དེ་བཞིན་དུ། བཅས་པ་དང་རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་མི་འབྱུང་བར་ནན་ཏན་གྱིས་ཤིག་པའི་ཐ་ཚིག་གོ །ལྟ་བ་ལ་ཆགས་སུ་མི་གཟུག་པའི་སྦྱོར་བ་ཞེས་བྱ་བ་ནི། རྟག་པར་ཤིན་ཏུ་བརྟེན་པ་ཡི། སེམས་རྟ་ཁ་བླ་ན་དཀའ་བ་ལ། གཟེར་བུ་བརྒྱབ་པ་རྣོན་པོ་ཡི། །སྲབ་འདྲ་སོ་སོར་ཐར་འདིའོ། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་རྟ་རྒོད་ལམ་དྲང་པོར་འགྲོར་མི་བཏུབ་པ་རྟག་ཏུ་ལམ་ལོག་པར་བརྟེན་པ་ལ། དགུག་སྲབ་ཀྱིས་བསྲབས་ཏེ་བཏུལ་ན་ལམ་དྲང་པོར་བཏུབ་པ་དེ་བཞིན་དུ། དགེ་སློང་མ་མ་དུལ་མ་ཞི་བ་སེམས་ནང་དུ་འཇོག་མི་ནུས་པ་ལ་ཡང་སོ་སོར་ཐར་པ་སྲབ་དང་འདྲ་བ་འདིས་འདུལ་བར་འགྱུར་བའི་ཕྱིར་རོ། །རྟག་པར་ཤིན་ཏུ་བརྟེན་པ་ཞེས་བྱ་བ་ནི་ཁ་བླན་དཀའ་བ་དང་སྦྱར་ཏེ། །དུས་ཐམས་ཅད་དུ་བརྟེན་ཅིང་ཡུལ་ལ་ཆགས་པས་ཤ་ཚིག་སྟེ། བཟློག་དགོས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། ཁ་བླན་དཀའ་བ་ཞེས་བྱ་བ་འདིས་ནི་སེམས་གདུལ་དཀའ་བར་བསྟན་ཏོ། །སེམས་སྨོས་པ་ནི་སེམས་འབའ་ཞིག་གདུལ་བའི་དོན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱིར་རྣམ་པར་སྦྱོང་གི་བདག་གིས་ནི་མ་ཡིན་ཏེ། བདག་ནི་ཀུན་ནས་ཉོན་མོངས་པ་དང་


DTG156_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་དང་མི་ལྡན་ཞིང་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་ཕྱིར་རོ། །གཟེར་བུ་བརྒྱབ་པ་ཞེས་བྱ་བ་ནི་སོ་སོར་ཐར་བའི་སྲབ་འདི་ལས་འདས་པ་རྣམས་ཚེ་འདི་ཉིད་ལ་སྒོ་མང་པོ་ནས་འགྱོད་ཅིང་མི་བདེ་བའི་ཕྱིར་རོ། །རྣོན་པོ་ཞེས་བྱ་བ་ནི་ཚེ་གཞན་ཁ་ན་མ་ཐོ་བ་འབྱུང་བ་གཅོད་པའི་དོན་ཏེ། དེའི་ཕྱིར་སོ་སོར་ཐར་པ་འདི་སྲབ་ཏུ་བསྟན་ཏེ། སྲབ་ཅེས་བྱ་བ་ནི་ངང་ཚུལ་ངན་པའི་ཁས་འདུལ་བ་མ་ཡིན་པ་ལ་ཞུགས་པས་ན་ཁ་དེ་སྣད་པ་བྱ་བའི་དོན་ཏོ། །འདྲ་ཞེས་བྱ་བ་ནི་མཐུན་པ་ལ་བྱ་སྟེ། ཧ་ཅང་དོག་པ་དང༌། ཡངས་པ་མ་ཡིན་པའི་ཕྱིར་རོ། །བདག་ངལ་བར་སྦྱོར་བའི་མཐའ་ཡོངས་སུ་སྤངས་པའི་ཕྱིར། ཧ་ཅང་དོག་པ་ཡང་མ་ཡིན་ནོ། །འདོད་པའི་བདེ་བ་ལ་སྦྱོར་བའི་མཐའ་ཡོངས་སུ་སྤངས་པའི་ཕྱིར་ཧ་ཅང་ཡངས་པ་ཡང་མ་ཡིན་ནོ། །ཡང་ན་གང་ཟག་བླུན་པོའི་འཇུག་པ་ལ་སོགས་པ་དང་མཐུན་པར་བསྟན་པས་འདྲ་བ་ཞེས་བྱའོ། །སོ་སོར་ཐར་པ་འདིའོ་ཞེས་བྱ་བ་ནི་འདི་ཉིད་སྲབ་ཏུ་བསྟན་པའི་ཕྱིར་རོ། །ཡང་དག་འཛིན་པའི་ལེགས་པ་བསྟན་པའི་ཕྱིར། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་པའི་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ཐར་བར་འགྱུར། །ཞེས་བྱ་བ་གསུངས་སོ། །ཆེ་བ་ཞེས་བྱ་བ་ནི་བསླབ་པ་འདོད་པ་རྣམས་སོ། །གང་དག་ཅེས་བྱ་བ་ནི་སུ་ཡང་རུང་བའོ། །ངག་ཙམ་གྱིས་ཞེས་བྱ་བ་ནི་དབྱིག་པའམ་མཚོན་ཆས་མ་ཡིན་ནོ། །ལྡོག་ཅིང་ཅེས་བྱ་བ་ནི་བཅད་པ་དང༌། རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ལས་ལྡོག་པའོ། །མཚམས་ལས་ཞེས་བྱ་བ་ནི་བསླབ་པའི་མཚམས་སོ། །མི་འདའ་བ་ནི་འགལ་བར་མི་བྱེད་པའོ། །དེ་དག་མི་རྟ་བཟང་པོ་སྟེ། །ཞེས་བྱ་བ་ནི། ཇི་ལྟར་མི་དཔའ་བོ་དང་རྟ་བཟང་པོས་དགྲའི་གཡུལ་ལས་ཐར་པ་དང་འདྲ་བར་ཆེ་བ་གང་དག་ངག་ཙམ་གྱིས་སྡིག་པ་ལས་ལྡོག་ཅིང་འཕགས་པའི་མཚམས་ལས་མི་འདའ་བ་དེ་དག་ཀྱང་དགྲ་དང་འདྲ་བའི་ཉོན་མོངས་པའི་གཡུལ་ལས་ཐར་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་གཡུལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་འཐབ་པའི་ཕྱིར་རོ། །ཐར་པར་འགྱུར་ཞེས་བྱ་བ་ནི་དགྲ་བཅོམ་པ་ཐོབ་པའི་དུས་ནའོ། །ཡང་དག་པར་མི་འཛིན་པའི་ཉེས་དམིགས་བསྟན་པའི་ཕྱིར། སུ་ལ་འང་


DTG156_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་འདི་མེད་པའམ། །ནམ་དུ་འང་འདོད་བར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་ལས་ཕམ། །གཟུངས་མེད་རྣམ་པར་འཁྱམས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སུ་ལ་འང་སྲབ་འདི་མེད་ཅེས་བྱ་བ་ནི་མུ་སྟེགས་ཅན་རྣམས་དང༌། འདོད་པ་ལ་ལོངས་སྤྱོད་པ་རྣམས་ལ་ཆོས་ཉིད་ཀྱིས་སོ་སོར་ཐར་པའི་སྲབ་འདི་མེད་པའི་ཕྱིར་རོ། །ནམ་དུའང་འདོད་པར་མི་འགྱུར་བ། །ཞེས་བྱ་བ་ནི་ཁ་མུ་སྟེགས་ཅན་དང༌། འདོད་པ་ལ་ལོངས་སྤྱོད་པ་རྣམས་མ་ཡིན་ཡང༌། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཅན་རྣམས་སོ་སོར་ཐར་པའི་སྲབ་འདི་སྤངས་པའི་ཕྱིར་ཉོན་མོངས་པའི་དབང་དུ་གྱུར་ཅིང་འཁོར་བའི་རྒྱ་མཚོར་ཡུན་རིང་པོར་འཁྱམ་པའི་ཕྱིར་རོ། །ཉོན་མོངས་གཡུལ་ལས་ཕམ་ཞེས་བྱ་བ་ནི། སོ་སོར་ཐར་པའི་སྲབ་འདི་མེད་པ་དང༌། ནམ་དུའང་འདོད་པར་མི་འགྱུར་བ་དེ་གཉིས་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་བ་ནི་དེ་གཉིས་ཀྱིས་སོ་སོར་ཐར་པའི་སྲབ་རྣམ་པར་སྤངས་པའི་ཕྱིར་རོ། །རྣམ་པར་འཁྱམས་པར་འགྱུར་ཞེས་བྱ་བ་ནི་དེ་གཉིས་འགྲོ་བ་ལྔའི་འཁོར་བར་སྣ་ཚོགས་སུ་འཁྱམ་པའི་ཕྱིར་རོ། །ཡང་དག་པར་བསྒོ་བ་ཞེས་བྱ་བ་བསྟན་པའི་ཕྱིར། དགེ་འདུན་འཕགས་མ་དག་གསོན་ཅིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅྭ་ལྔ་པ་སྟེ་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་བཤད་པ་གདོན་ནོ། །འདི་ནི་གསོལ་པའོ་ཞེས་གསུངས་ཏེ། འདི་དག་ནི་སེམས་རྣམ་པར་གཡེང་བ་ལས་མངོན་དུ་བྱེད་དུ་གཞུག་པའི་དོན་ཡིན་པས་ན་ཡང་དག་པར་བསྒོ་བ་ཞེས་བྱའོ། །དེ་ལ་དགེ་འདུན་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། བཞི་དང༌། ལྔ་དང༌། བཅུ་དང༌། ཉི་ཤུ་དང༌། བཞི་བཅུ་དང༌། ལྔ་བཅུ་ལས་ལྷག་པར་འདུས་པའོ། །དེ་ལ་བཞི་འདུས་པས་ནི་ཚུལ་ནས་འབྱུང་བ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། དབྱུང་བ་མ་གཏོགས་པ་དེ་ལས་གཞན་ཐམས་ཅད་བྱའོ། །ལྔ་འདུས་པས་ནི་བསྙེན་པར་རྫོགས་པར་བྱ་བ་དང༌། དབྱུང་བ་མ་གཏོགས་སོ། །བཅུ་འདུས་པ་དང༌། ཉི་ཤུ་འདུས་པས་


DTG156_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབྱུང་བ་མ་གཏོགས་སོ། །བཞི་བཅུ་འམ་བཞི་བཅུ་ལས་ལྷག་པར་འདུས་པས་ནི་ལས་ཐམས་ཅད་བྱའོ། །གསོན་ཅིག་ཅེས་བྱ་བ་ནི་གུས་པར་བྱེད་དུ་གཞུག་པའོ། །དེང་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་ཀྱི་ཚེའོ། །གསོ་སྦྱོང་ཞེས་བྱ་བ་ནི་པོ་ཤ་དྷཱ་ཞེས་བྱ་བའི་སྒྲ་ལས་དྲངས་ན། པོ་ཤ་ནི་དགེ་བའི་གསོ་སྦྱོང་རྒྱས་པར་བྱེད་པ་ལ་བྱ། དྷཱ་ནི་རྒྱུག་པ་འམ། དག་པར་བྱེད་པ་ལྟ་བུ་ལ་བྱ། སྤྱིར་ན་དུས་དྲུག་ཏུ་ཁྲིམས་ནོད་པ་འམ། དགེ་སློང་མ་ཁྲིམས་ཀྱི་ཡན་ལག་ཉམས་པ་རྣམས་གསོ་ཞིང་སྦྱོང་བའི་མིང་སྟེ། དེའི་ཕྱིར་གསོ་སྦྱོང་ཞེས་བྱའོ། །འདུལ་བ་མ་ལྟ་བུ་ལས་ཀྱང༌། ཅིའི་ཕྱིར་གསོ་སྦྱོང་ཞེས་བྱ་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དང༌། ཉོན་མོངས་པ་དང༌། རྣམ་པར་མ་བྱང་བ་དང༌། རང་བཞིན་གྱིས་མ་དག་པ་རྣམས་ངེས་པར་སྤོང་བར་འགྱུར་ཞིང་རྣམ་པར་དག་པ་རང་བཞིན་ཉེ་བར་འཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ། །བཅུ་བཞི་པ་འམ་བཅུ་ལྔ་པ་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་ཤེས་པར་བྱེད་པ་སྟེ། དེ་ལ་བཅུ་བཞི་པ་སྨོས་པ་ནི་ཞག་ལ་ཤོལ་ཡོད་པའི་ཕྱིར་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་དུ་ནི་ལོ་ལྔ་ཞིང་ལན་ཅིག་ཤོལ་འདོར་བའི་ཕྱིར། དེ་དང་སྦྱར་ན་ལོ་བཅུ་བཞི་བའི་གསོ་སྦྱོང་ནི་དྲུག་གོ །བཅྭ་ལྔ་པ་ནི་བཅྭ་བརྒྱད་དེ། དེ་ལ་བཅུ་བཞི་བ་དྲུག་གང་ཞེ་ན། དགུན་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་དང༌། སྟོན་ཟླ་ར་བ་དང༌། དགུན་ཟླ་ཐ་ཆུངས་དང༌། སྦྱར་ཟླ་ར་བ་དང༌། སྟོན་ཟླ་འབྲིང་པོ་དང༌། འདི་དྲུག་གི་གནམ་སྟོང་ནི་བཅུ་བཞིའི་གསོ་སྦྱོང་སྟེ། འདུལ་བ་བསྡུས་པ་ལས་ཀྱང༌། དེ་ལ་དགུན་དང༌། དཔྱིད་དང། དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གསུམ་དང༌། བདུན་པ་ནི་གསོ་སྦྱོང་བཅུ་བཞི་པའོ། །དེ་ལས་གཞན་པ་ནི་བཅྭ་ལྔ་པའོ་ཞེས་བཤད་དོ། །གསོ་སྦྱོང་ལ་རྣམ་པ་ལྔ་སྟེ། བཀྲ་ཤིས་དང༌། ཞིག་ནས་དང༌། འདུམ་པ་དང༌། གློ་བུར་དང༌། དུས་ཀྱི་གསོ་སྦྱོང་སྟེ། སྐབས་འདིར་བཅུ་བཞི་དང་བཅྭ་ལྔ་སྨོས་པ་ནི་དུས་ཀྱི་གསོ་སྦྱོང་ལ་བྱའོ། །དེ་ལ་བཀྲ་ཤིས་ཀྱི་གསོ་སྦྱོང་ནི་དགེ་འདུན་ལ་ཆོས་ངན་པ་དང༌། ལྟས་ངན་པ་བྱུང་ན་ཞི་བར་བྱ་བའི་ཕྱིར་དགེ་འདུན་འདུས་ནས་དུས་ལ་མ་བབ་པར་གསོ་སྦྱོང་བྱེད་པའོ། །འདུལ་བ་བསྡུས་པ་ལ་ནི་དགེ་འདུན་བྱེ་བའི་སྡུམས་བྱ་བ་དང་མཐུན་


DTG156_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་གསོ་སྦྱོང་སྟེ། དགར་བའི་ལས་བྱས་པ་ཚངས་པར་བྱ་ཞིང་མཐུན་པར་བྱ་བའི་གསོ་སྦྱོང་བྱ་བར་གསོལ་བ་འདེབས་པ་ཞེས་བཤད་དོ། །ཞི་གནས་ཀྱི་གསོ་སྦྱོང་ནི་བསམ་གཏན་བསྒོམ་པ་ཉིད་རྣམ་པར་དག་པ་ཡིན་པས། རྣལ་འབྱོར་ཡིད་ལ་བྱེད་པ་ལ་བྱའོ། །འདུམ་པའི་གསོ་སྦྱོང་ནི་ཆོས་ཀྱི་རྟག་ཆད་དང༌། འདུལ་བའི་ལྕི་ཡང་མ་དུམ་པའི་ཕྱིར་དགེ་འདུན་སྡེ་སོ་སོར་ཆད་པ་ལ་ཕྱིས་འདུམ་པར་འགྱུར་ན། འདུམ་པའི་གསོ་སྦྱོང་མ་བྱས་ན། མཐུན་པར་མི་འགྱུར་བས་འདུམ་པའི་གསོ་སྦྱོང་གྱིས་ཤིག་པའོ། །གློ་བུར་གྱི་གསོ་སྦྱོང་ནི་ནད་པ་ལ་སོགས་པ་ལ་ཡེ་འདྲོག་བྱུང་ན་དེ་ཞི་བར་བྱ་བའི་ཕྱིར་དགེ་འདུན་གསོ་སྦྱོང་གྱིས་ཤིག་པའོ། །གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བ་དང༌། འཇིག་རྟེན་པ་ལ་བསྙད་པའི་ཕྱིར་དེ་ནི་ཟླ་བ་ཕྱེད་ཀྱི་ཚེས་འདི་ཡིན་ནོ་ཞེས་དགེ་འདུན་ལ་ཚེས་གྲངས་བརྗོད་ཅིང་གཙུག་ལག་ཁང་གི་བདག་པོ་དང་སྲུང་མ་རྣམས་ཀྱི་ཕྱིར། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རེ་རེ་བརྗོད་ཅིག་ཅེས་གཙུག་ལག་སྐྱོང་གིས་ཉིན་གཅིག་བཞིན་དུ་བརྗོད་པར་བྱའོ། །ཉི་མ་དང་ཟླ་བ་ནི་སྐར་མ་དང་རྒྱལ་པོ་དང་ཡང་མཐུན་པར་བྱའོ། །དུས་ལ་བབ་ཅེས་བྱ་བ་ནི་གསོ་སྦྱོང་གི་དུས་སོ། །བཟོད་ཅེས་བྱ་བ་ནི་བདག་གིས་སོ་སོར་ཐར་པའི་མདོ་བཀླགས་པར་བཟོད་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་གྱིས་གནང་བར་མཛད་ཅིག་པའོ། །ཇེ་སོ་སོར་ཐར་པའི་མདོ་བཤད་པ་གདོན་ནོ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། གླེང་གཞི་བརྗོད་ནས་གཞན་གསན་པ་ལགས་ཞེས་བརྗོད་པ་དང༌། དེ་བཞིན་དུ་ཕ་མ་དང༌། ལྷག་མ་རྫོགས་ནས་གཞན་ནི་གསན་པ་ལགས་ཞེས་བྱ་བ་དང༌། རྫོགས་པར་འདོན་པ་དང་བཞིའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་དགེ་འདུན་ཐམས་ཅད་ཅེས་བྱ་བའི་མཐའ་སྟོན་ཏེ། གསོལ་བ་གཅིག་པའི་ལས་འདི་ཡིན་པར་བསྟན་པའོ། །ཅིའི་ཕྱིར་ཐམས་ཅད་ཀྱིས་མི་གདོན་ཞེ་ན། ཐམས་ཅད་ཀྱིས་འདོན་ན་ཆོས་ཉན་པའི་ཚུལ་དུ་ཡང་མི་རུང་ལ། ལ་ལས་མགོར་བཀླགས་ལ་ལས་མཇུག་ཏུ་བཀླགས་པས་རྫོགས་པར་མི་འགྱུར་བ་ལ་སོགས་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འཁོར་རྣམ་པར་དག་པའི་དབང་དུ་བྱས་ནས་འཕགས་མ་དག་


DTG156_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུ་གསུངས་ཏེ། འདི་ལ་ཡང་རྣམ་པ་ལྔར་དབྱེ་ཞིང་བཤད་པར་བྱའོ། །ལྔ་གང་ཞེ་ན་ཉེས་པ་བཤགས་སུ་གཟུག་པ་དང༌། ཡོངས་སུ་དག་པར་རིག་པར་བྱ་བ་དང༌། ཉེས་པ་མ་བཤགས་པའི་ཉེས་དམིགས་བསྟན་པ་དང༌། ཉེས་པ་བཤགས་པའི་ཕན་ཡོན་གྱི་འབྲས་བུ་དང༌། མཇུག་བསྡུས་ཤིང་ཡོངས་སུ་དག་པ་འདྲི་བའོ། །དེ་ལ་ཉེས་པ་བཤགས་སུ་གཟུག་པ་ཞེས་བྱ་བ་ནི། འཕགས་མ་དག་བདག་ཅག་གསོ་སྦྱོང་བྱས་ཏེ། སོ་སོར་ཐར་པའི་མདོ་བཤད་པ་གདོན་གྱི། ཁྱེད་ཅག་སུ་ལ་ཉེས་པ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བ་ཡིན་ཏེ། གཞན་གོ་སླ་བས་མ་བཤད་དེ། དེ་ལ་ཁྱེད་ཅག་སུ་ལ་ཞེས་བྱ་བ་ནི་གང་ཡང་རུང་བའོ། །ཉེས་པ་ཞེས་བྱ་བ་ནི་རང་བཞིན་དང༌། བཅས་པའི་ཁ་ན་མ་ཐོ་བ་རྣམས་བཀའ་ལ་བརྒྱས་པ་དང༌། ལུང་དུ་མི་སྟོན་པའི་སེམས་ཀྱིས་བྱས་པའོ། །ཡོད་པ་ཞེས་བྱ་བ་ནི་གཉེན་པོ་མ་བྱས་པ་རྣམས་སོ། །དེས་མཐོལ་ཅིག་ཅེས་བྱ་བ་གཉེན་པོ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། དགེ་སློང་མ་གཅིག་གི་མདུན་དུ་ཉེས་པ་བྱུང་བ་གང་ཡིན་པ་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ཅོག་བུར་འདུག་ཅིང་ཐལ་མོ་སྦྱར་ནས། བདག་ཉེས་པའི་མིང་ནས་སྨོས་ཏེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནོངས་པ་འདི་ལྟ་བུ་ཞིག་བྱུང་སྟེ། དེ་བདག་གིས་འབགས་མའི་མདུན་དུ་གཙང་མའི་མཐའ་ནས་བཟུང་སྟེ། མཐོལ་ཞིང་བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ནས་བདག་བདེ་བ་ལ་རེག་ཅིང་བདེ་བར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེས་ཀྱང་འདི་སྐད་དུ་ཁྱོད་ཉེས་པ་མཐོང་ངམ། དེ་ལྟར་འགྱོད་དམ། ཕྱིན་ཅད་སྡོམ་མམ་ཞེས་འདྲི་བར་བྱ་སྟེ། དེས་ཀྱང་ཉེས་པ་མཐོང། ད་ལྟར་འགྱོད། ཕྱིན་ཆད་ཆོད་པར་སྡོམ་མོ་ཞེས་དེ་ལྟར་ཕན་ཚུན་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ལྟུང་བ་ལ་ཐེ་ཚོམ་ཟན་འདུལ་བ་འཛིན་པ་ལ་སོགས་པ་ལས་ཐེ་ཚོམ་བསལ་ནས། ལྟུང་བ་གང་ཡིན་པ་གཏན་ལ་ཕབ་སྟེ་བཤགས་པར་བྱའོ། །དགེ་སློང་མའི་


DTG156_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་ཉེས་པ་བཤགས་པར་བྱའི། དགེ་སློང་མ་ལ་སོགས་པ་ལ་ནི་མ་ཡིན་ཏེ། །དེ་དག་གི་མདུན་དུ་འཆགས་ན། འདས་པ་དང་བཅས་པའོ། །ཉེས་པ་འདྲ་བའི་མདུན་དུ་བཤགས་པར་མི་བྱ་སྟེ། ཉེས་པ་འདྲ་བ་ཇི་ལྟ་བུ་ཞེ་ན། ཕས་ཕམ་པ་ནི་ཕས་ཕམ་པ་འདྲ་ལ། དེ་བཞིན་དུ་ཉེས་བྱས་ཀྱང་ཉེས་བྱས་དང་འདྲ་བའི་བར་དུའོ། །གལ་ཏེ་དགེ་འདུན་གྱི་ནང་ཉེས་པ་དྲན་ན། དེས་འདི་ལྟར་བྱིན་གྱིས་བརླབ་པར་བྱས་ཏེ། དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་སྟེ། བདག་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་ནང་དུ་ནོངས་པར་དྲན་པ་འདི་རང་གི་སེམས་ཀྱིས་བསླབ་པོ། །རེ་ཞིག་གསོ་སྦྱོང་བགྱིས་ལ་སླད་ཀྱིས་ཆོས་བཞིན་དུ་གྱིའོ་ཞེས་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་སོ་སོར་ཐར་པའི་མདོ་འདོན་པས་དགེ་འདུན་གྱི་ནང་དུ་ཉེས་པ་དྲན་ན་ཡང་དེ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཐེ་ཚོམ་ཡོད་ན་ཡང་གོང་མ་བཞིན་དུ་བྱའོ། །གལ་ཏེ་གསོ་སྦྱོང་གི་ཚེ་དགེ་འདུན་ལྟུང་བ་དང་བཅས་པར་གྱུར་ན། གནས་གཞན་དུ་དགེ་སློང་མ་ལྟུང་བ་མ་བྱུང་བ་ཡོད་པ་དེར། དགེ་སློང་མ་གཅིག་ལྟུང་བ་བཤགས་སུ་བཏང་ཞིང་ཕྱིར་འོང་བ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ཉེས་པ་བཤགས་ནས་ཕྱིར་འོངས་པ་དང༌། གཞན་དག་དེའི་མདུན་དུ་ཉེས་པ་རྣམས་བཤགས་ནས་དེ་ནས་གདོད་གསོ་སྦྱོང་བྱའོ། །དེ་ལྟ་བུ་མེད་ན་དགྲོལ་བའི་གསོལ་བ་འབའ་ཞིག་བྱ་སྟེ། དེ་ནས་གསོ་སྦྱོང་བྱའོ། །དེ་ཡང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་གསོན་ཅིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་སྟེ། དགེ་འདུན་ཐམས་ཅད་ནོངས་པ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ནོང་པ་དེ་ཆོས་བཞིན་དུ་གཉེན་པོ་བགྱི་བར་འགའ་ཙམ་གནས་གཞན་དུ་མཆིས་ནས། །དགེ་སློང་མའི་མདུན་དུ་ཆོས་བཞིན་དུ་བགྱི་བར་སྤྲོ་བ་མ་མཆིས་ཏེ་འདི་ནི་གསོལ་བའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཐེ་ཚོམ་དུ་གྱུར་ན་ཡང༌། ཆོ་ག་གོང་དུ་བཤད་པ་བཞིན་དུ་བྱའོ། །དགེ་འདུན་ཐམས་ཅད་ཉེས་པ་དང་བཅས་པར་གྱུར་ལ། གཞི་པ་འམ་གློ་བུར་དུ་ལྷགས་པ་འང་རུང་སྟེ། དགེ་སློང་མ་ལྟུང་


DTG156_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་བྱུང་བ་གཅིག་ཡོད་ན། དེས་ངོ་ཤེས་པ་རྣམས་ལ་འདི་ལྟར་བསྐུལ་བར་བྱ་སྟེ། འཕགས་མ་གང་གིས་འདི་དང་འདི་ལྟ་བུ་བྱས་ན་དེ་ལ་ཅིར་འགྱུར། ལྟུང་བ་དང་བཅས་པའོ། །འཕགས་མ་ཡང་དེའི་ཚེ་ན་འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། དྲན་ནོ། །དེ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ་ཞེས་སྨྲས་པ་དང༌། གལ་ཏེ་བདག་འབའ་ཞིག་མ་ལགས་ཀྱི་དགེ་འདུན་ཐམས་ཅད་ཀྱང་བྱུང་ངོ་ཞེས་ཟེར་ན། དེ་ལ་ཁྱོད་ཉིད་ལྟུང་བ་ཆོས་བཞིན་དུ་བྱོས་ཤིག་དང༌། དགེ་འདུན་ཐམས་ཅད་ལྟར་བསྐུལ་བར་བྱ་སྟེ། འཕགས་མ་གང་གིས་འདི་དང་འདི་ལྟ་བུ་འཆགས་སུ་བཏུབ་པར་གྱུར་ན། བླག་བ་མེད་པའི་གནས་སུ་དགེ་སློང་མ་གཞན་དག་གིས་ཀྱང་མཐོང་འཆགས་སུ་བཏུབ་པར་གྱུར་པ་དེ་ལྟར་འཆགས་སུ་གཞུག་གོ །དེ་བཞིན་གྲུབ་ན་ལེགས། མ་གྲུབ་ན་དེ་བཞིན་ཞོག་ཤིག །མ་དད་བཞིན་གླིང་བསྐུལ་ན་འདས་པ་དང་བཅས་པའོ། །ཁྱིམ་པ་དང། མ་ནིང་དང༌། ཟ་མ་དང༌། དགེ་སློང་ཕ་སུན་ཕྱུང་བ་དང༌། མཚམས་མེད་པ་ལྔ་བྱས་པ་དང༌། མུ་སྟེགས་ཅན་ལ་སོགས་པ་དང་གསོ་སྦྱོང་མི་བྱའི། མཐུན་པར་གནས་པ་ཡོངས་སུ་དག་པ་ལྟ་བ་མཚུངས་པར་སྤྱོད་པ་རྣམས་དང་བྱའོ། །གང་གཅིག་པུར་གནས་ཏེ་གཞན་མེད་ན་དེས་གསོ་སྦྱོང་གི་ཉིན་པར་དྲི་གཙང་ཁང་ལ་སོགས་པ་བསྐུ་བ་དང༌། ཕྱག་དར་དང༌། གདན་གདིང་བ་ལ་སོགས་པ་ཡོ་བྱད་རྣམས་བཤམས་ཏེ། དགེ་སློང་མ་རྣམས་བསྡད་ཅིང་ཁྱིམ་པ་རྣམས་ལ་ཆོས་བཤད་པར་བྱའོ། །ཁྱིམ་པ་ཆོས་ཉན་པ་མེད་ན་གཙུག་ལག་ཁང་གི་སྲུང་མའི་ཕྱིར་ཁ་ཏོན་བྱའོ། །དེ་ལྟར་བསྡད་དེ་དགེ་སློང་མ་སུ་ཡང་འོང་བ་མེད་ན་བདག་ཉིད་སྟན་ལ་འདུག་སྟེ། དེ་དང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ། བདག་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་བཅྭ་ལྔ་སྟེ། བདག་མིང་འདི་ཞེས་བགྱི་བར་ཆད་ཀྱི་ཆོས་རྣམས་གཙང་བར་བདག་ཉིད་སྨྲ་སྟེ། གསོ་སྦྱོང་བྱིན་གྱིས་བརླབ་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ནམ་དགེ་འདུན་འདུས་པ་དང་ཕྲད་པ་དེར་གསོ་སྦྱོང་བགྱིའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །གང་ན་གཉིས་དང་གསུམ་གནས་པ་དེར་ཡང་ཆོ་ག་འདི་བཞིན་བྱའོ། །སེམས་


DTG156_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་དྲུག་འགྲུབ་པ་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་དང༌། ཆོས་གོས་དབྱུང་བ་དང༌། གོས་བརྟགས་པ་དང༌། གང་ཟག་མགྲོན་དུ་བོས་པ་དང༌། གསོ་སྦྱོང་དང༌། ཚུལ་ནས་འབྱུང་བའོ། །ཡོངས་སུ་དག་པར་རིག་པར་བྱ་བ་ནི། ཉེས་པ་མེད་ན་ཅང་མ་སྨྲ་ཤིག། ཅང་མི་སྨྲ་ན་བདག་ཅག་གིས་འཕགས་མ་དག་ཡོངས་སུ་དག་པར་རིག་པར་བགྱི་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་མས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་མའི་འཁོར་འདི་ལྟར་བུར་ལན་གསུམ་བསྒྲག་པར་བྱའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཉེས་པ་མེད་ན་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའི་ཉེས་པ་མེད་པའོ། །མ་སྨྲ་ཤིག་ཅེས་བྱ་བ་ནི་འཕགས་མ་རྣམས་ནི་ཅང་མི་སྨྲ་བས་འགྲུབ་པ་ཡིན་པས་འདིར་ཡང་གང་མི་སྨྲ་བ་དེ་ཉིད་ཡོངས་སུ་དག་པར་ལན་བཏབ་པར་གྱུར་པའི་ཕྱིར་རོ། །ཅང་མི་སྨྲ་ན་བདག་ཅག་གིས་འཕགས་མ་དག་ཡོངས་སུ་དག་པར་རིག་པར་བགྱི་སྟེ་ཞེས་བྱ་བ་ནི་གང་མི་སྨྲ་བ་ཉིད་ཉེས་པ་མེད་པ་ཡིན་པར་གོང་དུ་དམ་བཅས་པའི་ཕྱིར་རོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་མས་ལན་བཏབ་པ་དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་གང་ཟག་གི་གསོ་སྤྱོད་བྱེད་པའི་ཚེ། གང་གི་མདུན་དུ་བཤགས་པར་བྱེད་པ་དེ་ལ་དྲུང་ན་འདུག་པས་ཁྱེད་ཉེས་པ་དྲན་ནམ། ད་ལྟར་འགྱོད་དམ་ཕྱིན་ཆད་ཆོད་པར་སྡོམ་མམ་ཞེས་དྲིས་པ་དང༌། དེས་ཀྱང་ཉེས་པར་མཐོང༌། ད་ལྟར་འགྱོད། ཕྱིན་ཆད་སྡོམ་ཞེས་ཁས་བླངས་བ་ཙམ་གྱིས་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་ཅང་མི་སྨྲ་བས་ལན་བཏབ་པས་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་མའི་འཁོར་འདི་ལྟ་བུར་ལན་གསུམ་དུ་བསྒྲག་པར་བྱའོ་ཞེས་བྱ་བ་ནི། གོང་དུ་མདོ་ལས་འཕགས་མ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་བཤད་པ་གདོན་གྱི་ཁྱེད་ཅག་ཉེས་པ་ཡོད་པ་དེས་མཐོལ་ཅིག །ཉེས་པ་མེད་ན་ཅང་མ་སྨྲ་ཞིག་ཅེས་འབྱུང་བ་དེ་ལན་གསུམ་དུ་བསྒྲག་དགོས་པའི་ཕྱིར་རོ། །ཅིའི་ཕྱིར་ལན་གསུམ་ཁོ་ན་ཞེ་ན། གསུམ་ལས་ཉུངས་ན་ནི་གཡེང་བ་ཁ་ཅིག་གིས་དོན་མི་གོའོ། །དེ་ལས་མངས་ན་རིང་དུ་ཐོགས་པའི་ཕྱིར་གཉིས་དང་གསུམ་ནི་རན་པར་གསུངས་སོ། །ཉེས་པ་མ་བཤགས་


DTG156_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་དམིགས་བསྟེན་པ་ཞེས་བྱ་བ་ནི། ཡང་དགེ་སློང་མ་གང་དགེ་སློང་མའི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ལས་ཉེས་པ་ཡོད་ལ་དྲན་བཞིན་དུ། མ་མཐོལ་ན་ཤེས་བཞིན་དུ་བརྫུན་ཟེར་བ་ཡིན་ནོ། །འཕགས་མ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་བྱ་བ་ཡིན་ཏེ། དེ་ལ་ཉེས་པ་ཡོད་ལ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའི་གང་ཡང་རུང་བའོ། །དྲན་བཞིན་དུ་ཞེས་བྱ་བ་ནི་ཉེས་པ་ཡོད་ཀྱང་མ་དྲན་ཏེ། མ་བཤགས་ན་བརྫུན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ཤེས་བཞིན་དུ་བརྫུན་ཟེར་བ་ཡིན་ནོ་ཞེས་བྱ་བ་ནི་གང་ཉེས་པ་ཡོད་པར་དྲན་བཞིན་དུ་མ་བཤགས་ཤིང་ཅང་མི་སྨྲ་བས་ལན་བཏབ་པ་ཉིད་ཚིག་གིས་གོ་བར་བྱ་བའི་དོན་བརྡས་གོ་བར་བྱ་བའི་ཕྱིར་ཅང་མ་སྨྲས་ཀྱང་བརྫུན་དུ་འགྱུར་བའི་ཕྱིར་རོ། །བར་དུ་གཅོད་པ་ཞེས་བྱ་བ་ནི་དུས་གཉིས་སུ་སྟེ་ཚེ་འདི་ཉིད་ལ་དགེ་བའི་ཆོས་རྣམས་དང༌། ཚེ་རབས་གཞན་ན་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་བར་དུ་གཅོད་པའི་ཕྱིར་རོ། །ཉེས་པ་བཤགས་པའི་ཕན་ཡོན་གྱི་འབྲས་བུ་ཞེས་བྱ་བ་ནི། དེ་བས་ན་དགེ་སློང་མ་ཉེས་པ་བྱུང་བ་རྣམ་པར་དག་པར་འདོད་པས་ཉེས་པ་ཡོད་ན་དྲན་ཞིང་མཐོང་བ་བཤགས་པར་བྱའོ། །བཤགས་ན་བདེ་བར་འགྱུར་རོ། །མ་བཤགས་མ་མཐོལ་ན་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་རྣམ་པར་དག་པར་འདོད་པས་ཞེས་བྱ་བ་ནི་གང་དག་མྱ་ངན་ལས་འདས་པར་འདོད་པ་རྣམས་སོ། །བཤགས་ན་བདེ་བར་འགྱུར་ཞེས་བྱ་བ་ནི་རྣམ་པ་ལྔའི་ཚུལ་དུ་བཤགས་ན་བདེ་བར་འགྱུར་བའི་ཕྱིར་ཏེ། ལེ་ལོའི་གཉེན་པོ་བརྩོན་འགྲུས་རྩོམ་པ་དང༌། ཁ་ན་མ་ཐོ་བ་འབྱུང་བའི་གཉེན་པོ་ཁ་ན་མ་ཐོ་བ་མེད་པ་སྐྱེད་པ་དང༌། བསླབ་པ་ཁྱད་དུ་གསོད་པའི་གཉེན་པོ་གུས་པ་དང་བཅས་པ་དང༌། འགྱོད་པའི་གཉེན་པོ་འགྱོད་པ་མེད་པ་དང༌། རྣམ་པར་མ་དག་པའི་གཉེན་པོ་ཏིང་ངེ་འཛིན་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམས་ཀྱིས་རྣམ་པར་དག་པ་སྟེ། འདི་རྣམས་ཀྱིས་མི་མཐུན་པའི་ཕྱོགས་སྤང་ཞིང་མྱ་ངན་ལས་འདས་པའི་བདེ་བ་ལ་རེག་པའི་ཕྱིར་རོ། །གཞན་ནི་གོ་སླ་བས་མ་བཤད་དོ། །མཇུག་བསྡུ་ཞིང་


DTG156_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་འདྲི་བ་ཞེས་བྱ་བ་ནི། འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་བཤད་པའི་གླེང་གཞི་བརྗོད་ཟིན་ཏོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ནི་འཕགས་མ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའོ། །དེ་ལ་གླེང་གཞི་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པར་འགྱུར་བའི་རྒྱུ་སྟེ། དེའི་འོག་ཏུ་སོ་སོར་ཐར་པའི་མདོ་འདོན་པ་ཉིད་འབྱུང་བའི་ཕྱིར་རོ། །བརྗོད་ཟིན་ཏོ་ཞེས་བྱ་བ་ནི་ཉན་པའི་འཁོར་རྣམས་སྤྲོ་བ་སྐྱེད་པའི་ཕྱིར་ཏེ། འདི་ནི་མཇུག་བསྡུ་བའོ། །ཅི་འདི་ནི་ཡོངས་སུ་དག་པར་གནས་སམ་ཞེས་བྱ་བ་ནི་བཤད་མ་ཐག་པའི་གླེང་གཞི་ལས་འབྱུང་བ་བཞིན་ཡོངས་སུ་གཙང་ངམ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་ཡོངས་སུ་དག་པར་འདྲི་བའོ། །སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་བསྟན་པ་ལས་དང་པོ་སྟེ། གླེང་གཞི་བསྟན་པ་ཞེས་བྱ་བ་བསྟན་ཟིན་ཏོ། །འདི་མན་ཆད་ནི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་བསྟན་པ་ལས་གཉིས་པ་སྟེ། བསླབ་པའི་དངོས་པོ་རྣམས་བསྟན་ཞེས་སྟོན་ཏོ། །འདི་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལྟུང་བའི་དངོས་པོ་རྣམས་བསྟན་པ་དང་རྩོད་པའི་གཉེན་པོ་རྣམས་བསྟན་པའོ། །དེ་ལ་ལྟུང་བའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བ་ནི་ཕས་ཕམ་པ་བརྒྱད་ནས་བསླབ་པའི་ཆོས་མང་པོ་རྣམས་རྫོགས་པའི་བར་དུའོ། །རྩོད་པའི་གཉེན་པོ་རྣམས་བསྟན་པ་ཞེས་བྱ་བ་ནི་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་སོ། །དེ་ལ་ལྟུང་བའི་དངོས་པོ་བསྟན་པ་ཡང་ལྟུང་བ་སྡེ་ལྔར་དབྱེ་སྟེ་ལྟུང་བ་སྡེ་ལྔ་གང་ཞེ་ན། ཕས་ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བ་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་ཀྱི་སྡེ་རྣམས་སོ། །དེ་ལ་ཕས་ཕམ་པའི་སྡེ་ཞེས་བྱ་བ་ནི་ཕས་ཕམ་པ་བརྒྱད་པོ་རྣམས་སོ། །དགེ་འདུན་ལྟག་མའི་སྡེ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་རྣམས་སོ། །ལྟུང་བའི་སྡེ་ཞེས་བྱ་བ་ནི་སྤང་བ་ལྟུང་བའི་ཆོས་སུམ་ཅུ་རྩ་གསུམ་དང༌། ལྟུང་བ་བརྒྱ་བརྒྱད་ཅུ་པོ་རྣམས་སོ། །སོ་སོར་བཤགས་པར་བྱ་བའི་སྡེ་ཞེས་བྱ་བ་ནི་སོ་སོར་


DTG156_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་རྣམས་སོ། །ཉེས་བྱས་ཀྱི་སྡེ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་རྣམས་སོ། །འདིར་ཕས་ཕམ་པའི་སྡེ་རྣམས་སྔར་བསྟན་པའི་ཕྱིར་རོ། །མདོར་བསྟན་པ་ནི། མི་ཚངས་སྤྱོད་དང་མ་བྱིན་ལེན་པ་དང༌། །མི་གསོད་མི་ཆོས་བླ་མར་གྱུར་སྨྲ་དང། །རི་དགས་དགྲ་ཡི་བུ་དང་སྤོས་འཚང་ཁྱེའུ། །མཛའ་ཅན་མ་དང་གྲེ་ལས་སྐྱེས་བྱ་བ་གསུངས་སོ། །ཚིགས་སུ་བཅད་པ་འདི་ནི་ཕས་ཕམ་པ་བརྒྱད་པོ་རྣམས་ཀྱི་བསྡུས་པའི་དོན་ཏེ། ཕས་ཕམ་པ་བརྒྱད་ལས་མང་ཉུང་དུ་སྐྱེད་ཅིང་དབྲིར་དོགས་པ་དང༌། འོག་ནས་འབྱུང་བའི་དོན་རྣམས་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །བསླབ་པའི་དངོས་པོ་རེ་རེ་ལ་ཡང་སྤྱིར་དོན་རྣམ་པ་ཉི་ཤུ་རྩ་གཅིག་གིས་བཤད་པའི་ཕྱིར་ཏེ། ཉི་ཤུ་རྩ་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། གླེང་གཞི་དང༌། གང་ཟག་དང༌། ཉེས་པ་དང༌། དངོས་པོ་དང༌། ཉོན་མོངས་པ་དང༌། མཚན་ཉིད་དང༌། ཉེས་པར་འགྱུར་བ་དང༌། ཉེས་པར་མི་འགྱུར་བ་དང༌། ཡན་ལག་རྣམས་དང༌། འབྱུང་བ་དང༌། མཚན་མ་དང༌། རྒྱུན་ཆད་པ་དང༌། རྒྱུན་ཆད་པ་དང༌། ཁ་ན་མ་ཐོ་བ་དང༌། བྱས་མ་བྱས་དང༌། སྤྱད་མ་སྤྱད་དང༌། ལྕི་ཡང་དང། སྤྱིའི་མཚན་ཉིད་དང༌། གསོ་བ་དང༌། ཉོན་མོངས་པར་མི་འགྱུར་བ་དང༌། ཉེས་པ་འབྱུང་བའི་རྒྱུའོ། །དེས་གྲོང་ཁྱེར་གང་དུ་བཅས་པ་དེ་ནི་གླེང་གཞིའོ། །གང་ལ་བརྟེན་ཏེ་བསླབ་པ་བབས་པ་ནི་གང་ཟག་དེས་ལུས་དང་ངག་གིས་ཉེས་པ་བྱས་པ་གང་ཡིན་པ་དེ་ནི་ཉེས་པའོ། །དངོས་པོ་ནི་རྒྱས་པར་དབྱེ་ན་མང་མོད་ཀྱི་མདོར་བསྡུས་ན་རྣམ་པ་གཉིས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པར་བརྗོད་པ་སྟེ། བསླབ་པའི་དངོས་པོ་ཐམས་ཅད་འདི་གཉིས་ལས་བཅས་པའི་ཕྱིར་རོ། །ཉོན་མོངས་པ་ནི་རྒྱས་པར་དབྱེ་ན་མང་མོད་ཀྱི་མདོར་བསྡུ་ན་གཉིས་སོ། །གཉིས་གང་ཞེ་ན་ལྷན་ཅིག་སྐྱེས་པ་དང༌། ཀུན་ནས་བརྟགས་པའི་ཉོན་མོངས་པ་སྟེ། ལྟུང་བ་ཐམས་ཅད་འདི་གཉིས་ལས་འབྱུང་བའི་ཕྱིར་རོ། །མཚན་ཉིད་བསླབ་པའི་དངོས་པོ་རྣམས་ཀྱིས་མཚན་ཉིད་བསྟན་པ་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་


DTG156_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པ་ལ་ཉེས་པ་མེད་པར་སྟོན་ཏོ་ཞེས་བཤད་པ་ལྟ་བུའོ། །ཉེས་པར་འགྱུར་བ་ནི་འདི་ལྟར་བྱས་ན་ཉེས་པར་འགྱུར་རོ་ཞེས་བསྟན་པའོ། །ཉེས་པར་མི་འགྱུར་བ་ནི་འདི་ལྟར་བྱས་ན་ཉེས་པར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། །ཡན་ལག་འདི་རྣམས་དང་ལྡན་ན་ཉེས་པར་འགྱུར་འདི་རྣམས་དང་མི་ལྡན་ན་ཉེས་པར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། །འབྱུང་བ་ནི་རྣམ་པ་དྲུག་སྟེ། ལུས་དང༌། ངག་དང༌། ལུས་དང་སེམས་དང༌། ངག་དང༌། ངག་དང་སེམས་དང༌། ལུས་དང་ངག་དང་སེམས་རྣམས་ཏེ། ལྟུང་བ་ཐམས་ཅད་འདི་དྲུག་གིས་འབྱུང་བའི་ཕྱིར་རོ། །མཚན་མ་ནི་ཕས་ཕམ་པ་ལ་སོགས་པའི་མིང་སྟེ། དགེ་བའི་ཆོས་ཀྱི་ནུས་པ་ཕོངས་པར་བྱེད་པ་དང༌། ངན་སོང་གི་ཁ་ན་མ་ཐོ་བ་སྐྱེད་པའི་ཕྱིར་ཕས་ཕམ་པ་ཞེས་བྱ་བའོ། །དགེ་འདུན་གྱིས་བསྐྲད་པའི་ཕྱིར་ལྷག་མ་ཡང་ཡིན་ཏེ། དེ་ལྟར་ཉེས་པ་དེ་བྱུང་ན་དགེ་འདུན་གྱིས་བསྙིགས་ཏེ། བསྒོ་བའི་ཕྱིར་རོ། །ངན་སོང་རྣམས་སུ་བསྲེག་པ་དང་འཚེད་པ་དང་ལྟུང་བའི་ཕྱིར་ལྟུང་བ་ཡང་ཡིན་ནོ། །མ་བཤགས་ན་ཁ་ན་མ་ཐོ་བ་མང་དུ་བསྐྱེད་དོ། བཤགས་པར་བྱ་བའི་ཕྱིར་སོ་སོར་བཤགས་པ་ཡིན་ནོ། །ངན་པར་བྱས་པས་སྨད་པའི་ཕྱིར་ཉེས་བྱས་ཀྱང་ཡིན་ནོ། །རྒྱུན་ཆད་པ་དང་མ་ཆད་པ་ནི་གཉེན་པོ་ལ་བརྟེན་པ་ནི་ཉེས་པའི་རྒྱུན་ཆད་པའི་ཕྱིར་རྒྱུན་ཆད་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་རྒྱུན་མ་ཆད་པའོ། །ཁ་ན་མ་ཐོ་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་དང༌། བཅས་པའི་ཁ་ན་མ་ཐོ་བ་སྟེ། ལྟུང་བ་ཐམས་ཅད་འདི་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བྱས་མ་བྱས་ནི་སྦྱོར་བ་བྱས་པ་དང༌། སྦྱོར་བ་མ་བྱས་ཀྱང་ཉེས་པར་འགྱུར་བ་གང་ཡིན་པའོ། །སྤྱད་མ་སྤྱད་ནི་ཉེས་པར་གྱུར་ནས་བཅས་པ་གང་ཡིན་པའོ། །ལྕི་ཡང་ནི་ལྕི་བ་ལ་རྣམ་པ་དྲུག་སྟེ། བཅས་པ་དང༌། དངོས་པོ་དང༌། ཉོན་མོངས་པ་དང༌། སྒྲུབ་པ་དང༌། གང་ཟག་དང༌། དུས་སོ། །དེ་ལ་བཅས་པ་ལས་ལྕི་བ་ནི་བསླབ་པ་བཅས་ནས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བྱུང་བའོ། །དངོས་པོ་ལ་ལྕི་བ་ནི་བྱོལ་སོང་གི་སྐྱེ་གནས་པ་སྲོག་གཅོད་པའི་ལྟུང་བ་ནི་ལྕིའི། དགེ་འདུན་ལྷག་མ་ནི་


DTG156_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ལས་ལྕི་བ་ནི་མ་གུས་པའི་ཉོན་མོངས་པ་ལས་བྱུང་བ་གང་ཡིན་པའོ། །བསྒྲུབ་པ་ལས་ལྕི་བ་ནི་རྒྱུན་དུ་བྱུང་བ་གང་ཡིན་པའོ། །གང་ཟག་ལས་ལྕི་བ་ནི་དགེ་བའི་རྩ་བ་བསམ་གཏན་པ་བླུན་པོའི་རྒྱུད་ཀྱིས་བྱས་པའོ། །དུས་ཀྱི་ལྕི་བ་ནི་གང་ཉེས་པ་བྱས་ནས་ཡུན་རིང་པོར་བཅབས་པ་སྟེ། དེ་དྲུག་ལས་བཟློག་པ་ནི་ཡང་བའོ། །སྤྱིའི་མཚན་ཉིད་ནི་ལུས་དང་ངག་གི་ལས་ཀྱི་མཚན་ཉིད་དེ་བསླབ་པ་ཐམས་ཅད་འདི་གཉིས་ཀྱི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གསོ་བ་ནི་རྣམ་པ་བཞི་སྟེ། ཆད་པ་ཆེན་པོའི་ལས་ཀྱི་གསོ་བ་ནི་ཕས་ཕམ་པའོ། །ཆད་པ་འབྲིང་གི་ལས་ཀྱི་གསོ་བ་ནི་དགེ་འདུན་ལྷག་མའོ། །ཆད་པ་ཆུང་ངུའི་ལས་ཀྱི་གསོ་བ་ནི་སྤངས་པའོ། །ཆད་པ་མེད་པའི་ལས་ཀྱི་གསོ་བ་ནི་གཞན་རྣམས་སོ། །ཉོན་མོངས་པར་འགྱུར་བ་ནི་གང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་བྱུང་བ་གང་ཡིན་པའོ། །ཉོན་མོངས་པར་མི་འགྱུར་བ་ནི་དེ་མ་ཡིན་པ་ཉོན་མོངས་པ་གཞན་དག་ལས་བྱུང་བའོ། །ཉེས་པ་འབྱུང་བའི་རྒྱུ་ནི་རྣམ་པ་བཞི་སྟེ། མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་དང༌། མ་གུས་པའོ། །ཇི་ལྟར་མི་ཤེས་པས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལས་ལྟུང་བ་མ་ཐོས་ཤིང་མ་རྟོགས་པས་དེ་བློ་མ་བྱང་བའི་ཕྱིར་ལྟུང་བ་ལ་ལྟུང་བ་མེད་པར་འདུ་ཤེས་པས་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བག་མེད་པས་འབྱུང་ཞེ་ན། འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་བརྗེད་ངས་པར་གནས་ཤིང༌། ཤེས་བཞིན་མ་ཡིན་པར་གནས་པས་དེ་དྲན་པ་ཉེ་བར་མི་གནས་པས་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པ་མང་བས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཤས་ཆེ་བའི་རང་བཞིན་ཅན་ཡིན་པས་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་ཀྱང་རང་དབང་མེད་པས་ཉོན་མོངས་པ་རྣམས་ཀྱི་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་མ་གུས་པས་འབྱུང་ཞེ་ན་འདི་ལྟར་འདི་ན་ལ་


DTG156_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང༌། དམན་པ་ལ་མོས་ཤིང་སྔོན་རྒྱུ་མ་སྤྱད་པ་ཡིན་པས་དེ་དམན་པ་ལ་མོས་པའི་ཕྱིར་དགེ་སྦྱོང་གི་ཚུལ་ལ་མི་ལྟ་ཞིང་མྱ་ངན་ལས་འདས་པ་དང༌། ཆོས་དང་དགེ་འདུན་ལ་གུས་པ་དང་ཞེས་བྱེད་པ་དང༌། ངོ་ཚ་མེད་པ་དང༌། བསླབ་པ་མི་འདོད་པ་དང༌། མི་གུས་པས་འདོད་དགུར་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་ཏེ། ཉི་ཤུ་རྩ་གཅིག་པོ་འདི་རྣམས་ཀྱིས་བསླབ་པའི་དངོས་པོ་རྣམས་དང་ཅི་རིགས་པར་ཀུན་དང་སྦྱར་ཞིང་བཤད་པར་བྱའོ། །དེ་ལ་མི་ཚངས་སྤྱོད་དང་ཞེས་བྱ་བ་ནི་ཕས་ཕམ་པའི་དང་པོ་སྟོན་ཏེ། འདིའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་ན་སེར་སྐྱ་བཟང་མོ་ཞེས་བྱ་བའི་དགེ་སློང་མ་སྔ་དྲོ་ཤམ་ཐབས་དང༌། ཆོས་གོས་བགོས་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ལས། མ་སྐྱེས་དགྲའི་བློན་པོས་སེར་སྐྱ་བཟང་མོ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པར་མཐོང་སྟེ། དེ་མཐོང་ནས་འདིས་ནི་རྒྱལ་པོའི་མྱ་ངན་འདུལ་བར་ནུས་སོ་ཞེས་སྨྲས་ནས་ཆོས་གོས་ཕྲོགས་ཏེ་གོས་དཀར་པོ་བསྐོན་ནས་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོའི་ནང་དུ་བཞག་གོ །རྒྱལ་པོ་བཟང་མོ་དེའི་གཟུགས་མཐོང་མ་ཐག་ཏུ་འདོད་ཆགས་ཀྱིས་གཟིར་ཏེ། རྒྱལ་པོ་མ་སྐྱེས་དགྲས་ནན་གྱིས་མཐུས་བཟུང་བ་དང༌། དེ་ཡང་སྡུག་བསྔལ་ཞིང་མི་བདེ་བས་གཟིར་བར་གྱུར་ཏོ། །དེའི་ཚེ་གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོ་བཅྭ་ལྔའི་གསོ་སྦྱོང་གི་ཚེ། དགེ་སློང་མའི་དགེ་འདུན་འདུས་ཤིང་འཁོད་པའི་མདུན་དུ་འདུག་གོ །དེ་ནས་གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོས་དགེ་སློང་མའི་དགེ་འདུན་གྱི་ནང་ན་དགེ་སློང་མ་གང་མ་འོངས་ཞེས་ཀུན་ལས་བལྟས་ཏེ་བརྟགས་ན། སེར་སྐྱ་བཟང་མོ་བཙུན་མོའི་ནང་དུ་ཆུད་དེ་སྡུག་བསྔལ་བ་དང་དོགས་པ་དང་གནོད་པར་གྱུར་པར་མཐོང་ནས་དགེ་སློང་མ་དག་ལ་སེར་སྐྱ་བཟང་མོ་མི་སྣང་ངོ་ཞེས་སྨྲས་སོ། །དེ་ནས་གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོས། ཨུཏྤ་ལའི་ཁ་དོག་མ་ལ་ཨུཏྤ་ལའི་ཁ་དོག་མ་སེར་སྐྱ་བཟང་མོ་དེ་ལ་སོམས་ཤིག་ཅེས་སྨྲས་སོ། །དེ་སྐད་ཅེས་བསྒོ་བ་དང༌།


DTG156_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤ་ལའི་ཁ་དོག་མ་འདི་ལྟ་སྟེ། སྐྱེས་བུ་མཐུ་བོ་ཆེ་དེའི་དཔུང་པ་བསྐུམ་པ་ལས་བརྐྱང་བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་ལ་གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོ་ལས་མཉན་ཏེ། གསོ་སྦྱོང་གི་གནས་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁང་བཟངས་ཀྱི་སྟེང་ན་འདུག་གོ །ཨུཏྤ་ལའི་ཁ་དོག་མས་སེར་སྐྱ་བཟང་མོ་སྡུག་བསྔལ་ཞིང་དོགས་པས་གནོད་པར་འགྱུར་བ་མཐོང་ངོ༌། །མཐོང་ནས་ཀྱང་སེར་སྐྱ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་ཀྱིས་བདུད་ཀྱི་སྔ་ཐམས་ཅད་ལ་ཚུགས་ན། མུ་སྟེགས་ཅན་དང་ཐུན་མོང་དུ་བཟུང་བའི་རྫུ་འཕྲུལ་ཙམ་ཡང་མ་ནུས་སམ། དེ་ནས་ཨུཏྤ་ལའི་ཁ་དོག་མས་དེ་ལ་ལུང་བྱིན་ཏེ། ནུབ་མོ་འདི་དང་འདི་ལྟ་བུ་ཡིད་ལ་བྱོས་ཤིག་ཅེས་བ་སྒོ་བ་དང༌། དེས་ལུང་བླངས་ཏེ། ཡིད་ལ་བྱས་པ་དང༌། དེས་རྫུ་འཕྲུལ་གྲུབ་ནས་གོས་དཀར་པོ་དང་བཅས་བཞིན་དུ་སྟེང་གི་ནམ་མཁའ་ལས་བྱུང་སྟེ་སོང་ངོ༌། །ཨུཏྤ་ལའི་ཁ་དོག་མས་བཟང་མོ་ཁྲིད་ནས་གསོ་སྦྱོང་གི་གནས་སུ་འོངས་པ་དང༌། དགེ་སློང་མ་བཅུ་གཉིས་སྡེ་མོས་བཟང་མོ་མཐོང་བ་དང༌། འཕྱ་ཞིང་སྨོད་དོ། །བདག་ཅག་བཙུན་མོ་དང་ལྷན་ཅིག་ཏུ་གསོ་སྦྱོང་མི་བྱའོ་ཞེས་སྨྲས་སོ། །གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོས་དེ་ལ་བུ་མོ་རྒྱལ་པོ་ལ་གསོལ་ཏེ། ཆོས་གོས་གྱོན་ལ་ཤོག་ཤིག་ཅེས་སྨྲས་པ་དང༌། བཟང་མོ་སྟེང་གི་ནམ་མཁའ་ལ་བྱུང་ནས་རྒྱལ་པོའི་ཁྱིམ་ག་ལ་བ་དེར་སོང་བ་དང༌། རྒྱལ་པོ་གཉིད་ཀྱིས་ལོག་པར་མཐོང་ངོ༌། །དེ་ནམ་མཁའ་ལ་འདུག་ནས་སེ་གོལ་གྱི་སྒྲས་རྒྱལ་པོས་དཔར་བྱས་སོ། །རྒྱལ་པོས་དེ་མཐོང་བ་དང་འཇིགས་སྐྲག་སྟེ། བ་སྤུ་བུ་ག་ནས་ལངས་བཞིན་དུ་སྨྲས་པ་ཁྱོད་ཅི་ལྷ་མོ་འམ། གནོད་སྦྱིན་མོའམ། ཀླུ་མོ་འམ། དྲི་ཟ་མོ་འམ། ལྷ་མ་ཡིན་མོ་འམ། ཅི་ཞེས་སྨྲས་པ་དང༌། བཟང་མོས་སྨྲས་པ། བདག་ལྷ་མོ་ཡང་མ་ཡིན། གནོད་སྦྱིན་མོ་ཡང་མ་ཡིན། ཀླུ་མོ་ཡང་མ་ཡིན། དྲི་ཟ་མོ་ལ་སོགས་པ་གང་ཡང་མ་ཡིན་ཞེས་སྨྲས་པ་དང༌། རྒྱལ་པོས་སྨྲས་པ། འོ་ན་ཁྱོད་སུ་ཡིན་ཞེས་སྨྲས་པ་དང༌། བཟང་མོས་སྨྲས་པ། བདག་ནི་དགེ་སློང་མ་སྟེ། འཇིག་རྟེན་གྱི་སྟོན་པའི་


DTG156_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་མའོ། །རྒྱལ་པོས་སྨྲས་པ། ཆོས་གོས་མེད་པ་ལྟུང་བཟེད་མེད། །སྐྲ་མ་བྲེགས་མ་དགེ་སློང་མའི། མཚན་མ་ཆ་ལུགས་ཁྱོད་ལ་མི་སྣང་གི །མྱོས་མེད་སྐྱོན་དེ་གཉིས་འགལ་དོན་མེད་སྨྲོས། །བཟང་མོས་རྒྱལ་པོ་ལ་ཐམས་ཅད་རྒྱས་པར་སྨྲས་སོ། །ཁྱོད་ཀྱི་མི་སྲུན་བློན་པོས་བདག་གཙེས་ཏེ། །ལྷུང་བཟེད་དང་ནི་ཆོས་གོས་ནན་གྱིས་ཕྲོགས། །གསོ་སྦྱོང་བར་ཆད་བྱ་བར་མི་རིགས་ཏེ། །ཕ་དང་མ་ཡི་ནོར་དེ་བདག་སྩོལ་ཅིག །རྒྱལ་པོས་དེ་ཐོས་པ་དང་བརྒྱལ་ཏེ་ས་ལ་འགྱེལ་ནས་ཆུས་གཏོར་ཏེ་སླར་བསླང་ངོ༌། །དེ་ནས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་དགའ་བར་བྱས་ནས། ཆོས་གོས་དང་ལྷུང་བཟེད་བྱིན་ནོ། །དེས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས། གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོ་ག་ལ་བ་དེར་སོང་བ་དང༌། དེ་ལྟ་བུར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་སོ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། དོན་འདི་དང༌། དེ་ལྟ་བུར་གྱུར་པ་འདིའི་ཕྱིར་དགེ་སློང་མའི་དགེ་འདུན་རྣམས་བསྡུས་ཏེ། སེར་སྐྱའི་བཟང་མོ་ལ་སྨྲས་པ། དགེ་སློང་མ་ཁྱོད་ཀྱིས་འདི་འདྲ་བའི་མི་རིགས་པར་བྱས་པ་བདེན་ནམ། བཙུན་པ་མད་དོ། །དགེ་སློང་མ་ཉམས་སུ་བླངས་སམ། བཙུན་པ་བདག་སྔ་ནས་འདོད་ཆགས་དང་བྲལ་བ་ལགས་ན། གལ་ཞིག་ཉམས་སུ་ལེན། བཀའ་སྩལ་པ། དགེ་སློང་མ་འདི་ལ་ཉེས་པ་མེད་དོ། །དེ་ལྟ་བུ་བྱུང་ཡང་བཅོམ་ལྡན་འདས་ཀྱིས་དེའི་མོད་ལ། ཉན་ཐོས་མ་རྣམས་ལ་འདུལ་བ་ལ་བསླབ་པའི་གནས་མ་བཅས་མོད་ཀྱི། དེ་ལེགས་པར་བཅུ་གཟིགས་པ་ན་ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གནོད་མི་བསྐུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མངོན་པར་


DTG156_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་ཞིང་ཇི་ཙམ་དུ་ལྷ་དང་མི་དང༌། སྐྱེ་བོ་མོང་པོ་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པའོ། །དེ་ལ་དགེ་འདུན་བསྡུ་པའི་ཕྱིར་ཞེས་བྱ་བ་ནི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་གྱི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དག་ཀྱང་གཟུད་པའོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཞུགས་པ་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བརྟེན་ནས། བདེ་བའི་ཆོས་རྣམས་མངོན་པར་འཕེལ་བའོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དགེ་བའི་ཆོས་རྣམས་ལ་བརྟེན་ནས་དད་པས་བྱིན་པ་ཡོངས་སུ་སྦྱང་བར་བྱའོ། །གནོང་མི་བསྐུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར་ཞེས་བྱ་བ་ནི། ངང་ཚུལ་ངན་པ་ཅན་དང་བསླབ་པ་ལ་མི་སློབ་པའི་གང་ཟག་རྣམས་ནན་ཐུར་གྱི་ལས་ཀྱིས་བསྐྲད་པར་བྱའོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ངོ་ཚང་ཤེས་པ་ནི་སོ་སོའི་སྐྱེ་བོའི་དགེ་བ་རྣམས་ཏེ། དེ་དག་མི་འཐབ་པ་དང༌། མཚང་མི་འབྲུ་བ་དང༌། མི་རྩོད་པ་དང༌། མི་འགྱེད་པ་བྱ་བའོ། །མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁྱིམ་པ་དད་པ་མ་རྙེད་པ་རྣམས་དད་པ་རྙེད་པར་བྱའོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དད་པ་རྙེད་པ་རྣམས་ཀྱིས་སེམས་བསྲུང་བར་བྱའོ། །ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བ་ལ་ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བ་ལ་ཚེ་འདིའི་ཟག་པ་རྣམས་ནི་ཀུན་ནས་དཀྲིས་པ་སྟེ་དེ་སྤང་བར་བྱའོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱ་བ་ལ། ཚེ་རབས་ཕྱི་མའི་ཟག་པ་ཞེས་བྱ་བ་ནི་བག་ལ་ཉལ་བ་སྟེ། དེ་སྤང་བར་བྱའོ། །ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་ཞིང་ཅི་ཙམ་དུ་ལྷ་དང་མི་དང་སྐྱེ་བོ་མང་པོ་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་


DTG156_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཞེས་བྱ་བ་ནི། སྡེ་སྣོད་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་བསྟན་པ་ཡུན་རིང་དུ་གནས་པའོ་ཞེས་འདུལ་བ་བསྡུས་པ་ལས་འབྱུང་ངོ༌། །རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ་བསྡུ་བ་ལས་ནི། དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི། མདོར་བསྟན་པའི་ཚིག་ཡིན་ནོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་པའི་ཕྱིར་རོ། །གནོང་མི་བསྐུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བ་རྣམས་ལ་ནན་ཏུར་དུ་བྱ་བའི་ཕྱིར་རོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་རྣམས་འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། །མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། མ་ཞུགས་པ་རྣམས་གཞུག་པའི་ཕྱིར་རོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་གསལ་བར་བྱ་བའི་ཕྱིར་དང༌། ཉོན་མོངས་པའི་བག་ལ་ཉལ་སྤང་བ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མི་རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བསྟན་པ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་ས་འདུལ་བ་བསྡུས་པ་ལས་ཀྱང༌། དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི། རིགས་བཞི་པོ་དད་པས་ལེགས་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་བསྡུ་བ་ལས་བརྩམས་པ་བཞིན་ནོ། །དེ་ལྟར་


DTG156_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བ་རྣམས་གཞི་དང་བཅས། ངེས་པར་འབྱུང་བ་ངང་བཅས། ཕ་རོལ་གནོན་པ་དང་བཅས། ཆོ་འཕྲུལ་དང་བཅས་པའི་ཆོས་བསྟན་པ་རྗེས་སུ་འཇུག་པས་ནི་དགེ་འདུན་ལེགས་པར་འགྱུར་བར་རིག་པར་བྱའོ། །དགེ་འདུན་བདེ་བར་གནས་པར་བྱ་བ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པ་དང༌། །ཆོས་མི་མཐུན་པའི་གང་ཟག་རྣམ་པར་སྤྲད་པ་དང༌། འགྱོད་པ་སྐྱེས་པ་སེལ་བ་དང༌། ཉོན་མོངས་པས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང༌། ཉོན་མོངས་པའི་བག་ལ་ཉལ་སྤངས་པའོ། །དེ་ལ་བདེ་བར་གནས་པར་བྱ་བ་དང་པོའི་དབང་དུ་མཛད་ནས་ནི་མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཞེས་གསུངས་སོ། །གཉིས་པའི་དབང་དུ་མཛད་ནས་ནི། གནོད་མི་བསྐུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །གསུམ་པའི་དབང་དུ་མཛད་ནས་ནི། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །བཞི་པའི་དབང་དུ་མཛད་ནས་ནི་ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བའོ། །ལྔ་པའི་དབང་དུ་མཛད་ནས་ནི་ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱ་བའོ། །ཐོབ་བ་རྣམས་བདེ་བར་གནས་པར་བྱ་བ་དང་མ་ཐོབ་མ་ཞུགས་པ་རྣམས་བདེ་བར་འཇུག་པར་བྱ་བའི་ཕྱིར། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ། ཡངས་པར་གྱུར་པ་ལྷ་དང་མི་རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ཞེས་བྱ་བ་གསུངས་སོ། །དེ་དག་ཐམས་ཅད་མདོར་བསྡུ་ན་དང་པོ་བསྡུ་བ་དང༌། ལེགས་པར་བསྡུ་བ་དང༌། བསྡུས་པ་རྣམས་བདེ་བར་གནས་པར་བྱ་བ་དང༌། མ་འོངས་པ་མ་བསྡུས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། དེ་ནི་རྣམས་གྲངས་གཞན་ཡིན་ནོ་ཞེས་འབྱུང་བས། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ལེགས་པ་བཅུ་གཟིགས་པའི་ཕྱིར། ཉན་ཐོས་རྣམས་ལ་འདུལ་བ་ལ་བསླབ་པའི་གནས་བཤད་དོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པ་


DTG156_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བསླབ་བ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན། ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་སོང་བ་དང་ལྷན་ཅིག་ཀྱང་རུང༌། དགེ་སློང་མ་དེ་ཕས་ཕམ་པ་ཡིན་གྱི་གནས་པར་མི་བྱའོ། །དེ་ལ་ཡང་ཞེས་བྱ་བའི་སྒྲ་ནི་ལས་དང་པོ་པ་ལས་ཉེས་པ་མེད་པར་སྟོན་ཏོ། །དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་ལ་རྣམ་པ་ལྔ་སྟེ། མིང་གི་དགེ་སློང་མ་དང༌། ཁས་འཆེ་བའི་དགེ་སློང་མ་དང༌། སློང་བའི་དགེ་སློང་མ་དང༌། ཉོན་མོངས་པ་དང་བྲལ་བའི་དགེ་སློང་མ་དང༌། གསོལ་པ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་མའོ། །སྐབས་འདིར་ནི་གང་གསོལ་བ་དང༌། བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དེ་ནི་དགེ་སློང་མར་དགོངས་ཏེ། དེའི་ཕྱིར་དགེ་སློང་མ་ཞེས་གསུངས་སོ། །དགེ་སློང་མ་དང་ལྷན་ཅིག་པ་ནི། དེ་མ་ཡིན་པ་ཆོས་མཚུངས་པར་སྤྱོད་པ་རྣམས་སོ། །བསླབ་པ་མཚུངས་པ་གྱུར་ཞེས་བྱ་བ་ནི། གང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ། དེའི་ཉིན་མོ་བསྙེན་པར་རྫོགས་པས་ཀྱང་བསླབ་པར་བྱའོ། །འདི་ལ་གང་ཚུལ་ཁྲིམས་དང་བསླབ་པ་དང༌། སོ་སོར་ཐར་པའི་མདོ་བཅད་པ་མཚུངས་པ་འདི་ནི་བསླབ་པའི་མཚུངས་པ་ཞེས་བྱའོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ཇི་ཙམ་གྱིས་བསླབ་པ་མ་ཕུལ་པ་ཡིན་ཞེ་ན། ཇི་ལྟར་དགེ་སློང་མས་ཁྲོས་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ནད་ཀྱིས་གཟིར་ནས་བསླབ་པ་ཕུལ་ན། བསླབ་པ་མ་ཕུལ་ཞེས་བྱའོ། །དེ་རྣམས་དང་ལྡན་པ་ཞིག་ལ་ཕུལ་ན། ཕུལ་བར་མི་ཆུད་དོ། །གླེན་པ་དང༌། ལྐུགས་པ་དང༌། འོན་པ་དང༌། མི་དབེན་པ་ལ་དབེན་པར་འདུ་ཤེས་པ་གསུམ་དང༌། གལ་ཏེ་འཕགས་མས་མཐའ་འཁོབ་མའི་སྐད་དུ། གཞི་རྒྱུད་དུ་སྨྱོས་པ་དང༌། གཉིད་ཀྱིས་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། མི་མ་ཡིན་པ་དང༌། ལྷ་དང༌། སྤྲུལ་པ་དང༌། བྱོལ་སོང་དང༌། གཟུགས་དང༌། ཅ་ཅོའི་ནང་དུ་བསླབ་པ་ཕུལ་ན། བསླབ་པ་ཕུལ་བ་མ་ཡིན་ནོ། །མདོར་ན་གཏོང་བའི་སེམས་ཀྱང་མེད་པ་དགེ་


DTG156_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོད་དོན་དུ་གཉེར་ཞིང༌། ཁྱིམ་པ་དོན་དུ་མི་གཉེར་ལ་བརྡ་ཕྲད་པའི་སྐྱེས་པ་འམ་བུད་མེད་བརྡ་ཕྲད་པར་མ་བྱས་ན། བསླབ་པ་ཕུལ་བ་མ་ཡིན་ཞེས་བྱའོ། །བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པར་བྱས་ཀྱང་བསླབ་པ་མ་ཕུལ་བ་ཡང་ཡོད། །བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད་དོ། །ཇི་ལྟར་བསླབ་པ་ཉམས་པར་བྱས་ཀྱི། བསླབ་པ་མ་ཕུལ་བ་ཡིན་ཞེ་ན། འདིར་ལྟར་དགེ་སློང་མ་ཆགས་པར་གྱུར་ཏམ། མི་དགའ་འམ། སླར་འབབ་པར་འདོད་དམ། དགེ་སྦྱོང་དོན་དུ་གཉེར་ཏམ། དགེ་སྦྱོང་གི་སྨ་བབ་བམ། ངོ་ཚའམ། ཐེ་ཚོམ་ཟའམ། སྨོད་ཅིང་དགེ་སློང་མའི་གན་དུ་སོང་ནས་འདི་སྐད་ཅེས་འཕགས་མ་མཁྱེན་པར་མཛོད་ཅིག །ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །རབ་ཏུ་དབེན་པར་བྱ་དཀའོ། །གཅིག་པུར་དགའ་བར་བྱ་དཀའོ། །དགོན་པ་དང༌། ནགས་དང༌། རི་དང་ཉེ་བ་དང་བས་མཐའི་གནས་སུ་གནས་པར་དཀའོ། །གཅིག་པུར་དགོན་པར་གནས་ན་སྡུག་བསྔལ་བ་སྟེ། ཕ་མ་དང༌། ཕུ་ནུ་མོ་དང༌། མིང་པོ་དང༌། སློབ་དཔོན་མ་དང༌། མཁན་པོ་དྲན་ནོ། །བདག་བཟོ་སློབ་ཏུ་ཆུག་ཅིག །བདག་ལས་བྱེད་དུ་ཆུག་ཅིག །བདག་དགེ་བའི་རིགས་རྣམས་ལ་གཏོད་ཅིང་ཞེས་སྨྲ་ཞིང་ཚིག་གི་གོ་བར་བྱེད་ཀྱང་བསླབ་པ་འབུལ་ལོ་ཞེས་དེ་སྐད་མ་སྨྲས་ན། དེ་ལྟ་བུ་ནི་བསླབ་པ་ཉམས་པ་ཡིན་ཏེ། བསླབ་པ་ཕུལ་བ་མ་ཡིན་ནོ། །ཇི་ལྟར་བསླབ་པ་ཕུལ་ཡང༌། བསླབ་པ་ཉམས་པར་མ་བྱས་པ་ཡིན་ཞེ་ན། འདི་ལྟར་དགེ་སློང་མ་དགེ་སློང་མའི་གན་དུ་སོང་ནས་འདི་སྐད་ཅེས་འཕགས་མ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བས་བསླབ་པ་ཕུལ་བ་ཞེས་བྱའོ། །དཀོན་མཆོག་གསུམ་དང༌། སྡེ་སྣོད་གསུམ་དང༌། མཁན་པོ་དང༌། སློབ་དཔོན་མི་འབུལ་ལོ་ཞེ་འམ། བདག་ཁྱིམ་པར་ཟུང་ཞིག་ཅེ་འམ། ཟ་མ་དང༌། མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། ཕ་མ་དང༌། དགྲ་བཅོམ་པ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱེད་


DTG156_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང༌། མུ་སྟེགས་ཅན་དང༌། མུ་སྟེགས་ཅན་ཞུགས་པ་དག །རྐུན་གནས་པ་དང༌། ཐ་དད་དུ་གནས་པ་དང༌། མི་གནས་པ་དང༌། ཐ་ནི་འདི་སྐད་དུ་བདག་དང་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ། ཁྱོད་དང་འགྲོགས་མི་དགོས་སོ་ཞེས་སྨྲ་ན། བསླབ་པ་ཕུལ་བ་ཞེས་བྱའོ། །དེ་ལྟར་བསླབ་པ་ཕུལ་བ་ཡིན་ཡང༌། བསླབ་པ་ཉམས་པར་བྱས་པ་མ་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཉམས་པར་ཡང་བྱས་ལ། བསླབ་པ་ཕུལ་བ་ཡིན་ཞེ་ན། གོང་དུ་སྨོས་པ་གཉིས་དང་ལྡན་པ་དེ་ནི། བསླབ་པ་ཉམས་པར་ཡང་བྱས་ལ། བསླབ་པ་ཕུལ་བ་ཡང་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཉམས་པར་ཡང་མ་བྱས་ལ། བསླབ་པ་ཕུལ་བ་ཡང་མ་ཡིན་ཞེ་ན། རྣམ་པའི་འདི་ལྟ་བུ་མ་གཏོགས་པའོ། །མི་ཚངས་པར་སྤྱོད་ཅེས་བྱ་བ་ནི་གཉིས་ཀྱིས་གཉིས་ཕྲད་པའོ། །འཁྲིག་པ་ཞེས་བྱ་བ་ནི་གང་མི་ཚངས་པར་སྤྱོད་པ་དེ་ཉིད་འཁྲིག་པའོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་སོ། །བྱས་ཞེས་བྱ་བ་ནི་སྤྱད་པའོ། །ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་སོང་བ་དང་ལྷན་ཅིག་ཅེས་བྱ་བ་ནི་ཕྲ་མོ་འམ་དེ་དང་འདྲ་བ་དག་གོ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཚིག་བླ་དགས་སོ། །དགེ་སློང་མ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ལྟུང་བ་ཐ་མ་འདི་ལྟ་སྟེ། ཐ་ཤལ་ངན་པ་མི་ཆ་བའི་ཉེས་པ་ཅན་མི་མཚུངས་པ་སྟེ། དེ་ལྟ་བུའི་གནས་ཀྱི་ལྟུང་བ་བྱུང་མ་ཐག་ཏུ་དགེ་སློང་མ་མ་ཡིན། །ཤཱཀྱའི་སྲས་མོ་མ་ཡིན། དགེ་སློང་མའི་དངོས་པོ་དང་བྲལ་བ་ཞེས་བྱ་བ་ནི། དགེ་སློང་མར་བསླད་དུ་མི་རུང་ངོ་ཞེས་བྱ་བའི་བར་དུ་སྟེ། དེས་ཕས་ཕམ་པ་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི། དེ་དང་དགེ་སློང་མ་དག་གསོ་སྦྱོང་དང༌། གསོལ་བ་འམ། གསོལ་བ་དང་གཉིས་སམ། གསོལ་བ་དང་བཞིའི་ལས་ལ་མི་གནས་པ་སྟེ། གང་ཟག་བཅུ་གཉིས་སུ་བསྐོ་བ་ལ་ཡང་མི་ཆུད་དེ། དེ་ནས་གནས་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཅི་ལྟ་བུ་ཞེ་ན། དགེ་སློང་མ་རྟེན་པ་ལ་གཞོལ། རྟེན་པ་ལ་


DTG156_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བབ། རྟེན་པ་ལ་བབ་པའི་སེམས་ཀྱིས་སྐྱེས་པ་དང༌། མ་ནིང་དང༌། མི་མ་ཡིན་པ་དང༌། བྱོལ་སོང་ཡང་རུང་སྟེ། གསོན་པོ་མ་ཉམས་པའམ། གལ་ཏེ་གཡོགས་པས་གཡོགས་པའམ། གཡོགས་པས་མ་གཡོགས་པ་འམ། མ་གཡོགས་བས་མ་གཡོགས་པ་ལ་ཡང་རུང་སྟེ། མི་ཚངས་པར་སྤྱོད་ན་པས་ཕམ་པའི་ལྟུང་བར་འགྱུར་རོ། །གསོན་པོ་ཇི་ལྟ་བ་བཞིན་དུ་ཤི་བ་ལ་མ་ཉམས་པ་ཡང་དེ་བཞིན་དུ་སྦྱར་རོ། །གལ་ཏེ་འདི་རྣམས་གསོན་པོ་ཉམས་པ་འམ། ཤི་བ་ཉམས་པ་ཡང་རུང་སྟེ། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཉལ་བ་ལ་དགེ་སློང་མས་མནན་པ་ལས་གལ་ཏེ་དགེ་སློང་གི་ཐོག་མ་དང༌། བར་དང་ཐ་མར་ཡང་མཚོར་ལ་ཤེས་ནས་ཀྱང་ཉམས་སུ་མ་བླངས་ན་གང་གནོན་པ་དེ་མ་རུང་བར་འགྱུར་རོ། །གལ་ཏེ་དགེ་སློང་གིས་མ་གསུམ་ལྟར་ཚོལ་ལ། ཤེས་ནས་ཀྱང་ཉམས་སུ་བླངས་ན་ནི་གཉི་ག་མ་རུང་བར་འགྱུར་རོ། །དགེ་སློང་ཇི་ལྟ་བ་བཞིན་དུ་དགེ་ཚུལ་དང་ཁྱིམ་པ་ལ་དེ་བཞིན་ནོ། །དགེ་སློང་པ་དང༌། དགེ་སློང་མ་དང༌། དགེ་ཚུལ་ནི་མ་རུང་བར་འགྱུར་རོ། །ཁྱིམ་པ་དང༌། ཁྱིམ་པོ་མོའི་བསོད་ནམས་མ་ཡིན་པ་མང་དུ་འཕེལ་ལོ། དགེ་སློང་མས་དགེ་སློང་ཆང་གིས་མྱོས་པར་བྱས་སམ། ཡང་ན་སྔགས་དང་སྨན་དང་རིག་པས་དེའི་སེམས་དཀྲུགས་སམ། ཡང་ན་མཐུས་བཟུང་ཡང་རུང་སྟེ། མནན་པ་ལས། གལ་ཏེ་དགེ་སློང་གིས་ཐོག་མ་དང་བར་དང་ཐ་མར་ཡང་ཚོར་བ་འམ་ཡང་ན་ཐོག་མ་དང་བར་མའི་ཚེ་མ་ཚོར་རམ། ཡང་ན་ཐོག་མ་ཚོར་ལ་བར་མ་དང་ཐ་མའི་ཚེ་མཚོར་རམ་ཡང་ན་དང་པོ་དང་ཐ་མ་མཚོར་ལ་བར་མའི་ཚེ་ཚོར་ལ་ཤེས་ཀྱང་དགའ་བར་མ་བཟུང་བ་ཀུན་འདྲ་སྟེ། གང་གནོན་པ་དེ་མ་རུང་བར་འགྱུར་རོ། །མནན་པ་ལས་གལ་ཏེ་དགེ་སློང་གིས་གསུམ་ཆར་ཡང་ཚོར་ལ་ཤེས་ནས་དགའ་བར་བཟུང་ན། གཉི་ག་མ་རུང་བར་འགྱུར་རོ། །དགེ་སློང་ལ་ཅི་ལྟ་བ་དགེ་ཚུལ་དང་ཁྱིམ་པ་ཡང་དེ་བཞིན་ནོ། །དགེ་སློང་དང༌། དགེ་སློང་མ་དང༌། དགེ་ཚུལ་ལ་ནི་མ་རུང་བར་འགྱུར་རོ། །ཁྱིམ་པ་དང་ཁྱིམ་མི་མོ་ནི་བསོད་ནམས་མ་ཡིན་པ་མང་དུ་འཕེལ་ལོ། །ཡན་ལག་དྲུག་དང་


DTG156_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན་ཕམ་པ་སྟེ། བདག་གི་ལམ་གསུམ་ཡང་ཡིན། ཕ་རོལ་པོ་ཡང་མ་ཉམས་པོ་མཚན་ཡང་ཡིན། དེར་ཡང་བཅུག །རིག་ཀྱང་རེག །དགའ་བར་མཚོར་བའོ། །ཕས་ཕམ་པ་དང་པོ་རྫོགས་སོ།། །།དེ་ལ་མ་བྱིན་པ་དང་ཞེས་བྱ་བ་ནི་སྟོན་པ་རྒྱལ་པོའི་བབ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་ནོར་ཅན་མ་གཞན་གྱིས་ཡོངས་སུ་ཟིན་པའི་རྩི་ཤིང་ལ་སོགས་པ་མ་བྱིན་པར་བླངས་པས་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་སྟེ། ཁྱིམ་བདག་ཀྱང་དེ་ལྟར་བྱེད་ན་ཤཱཀྱའི་དགེ་སྦྱོང་མ་བྲམ་ཟེ་དང་ཁྱིམ་པ་རྣམས་སུ་ཁྱད་པར་ཅི་ཡོད། དགེ་སྤྱོང་མགོ་རེག་མ་དེ་དག་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་སྤྲོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྔ་མ་བཞིན་དུ་དགེ་སློང་དག་གིས་སྟོན་པ་ལ་གསོལ་བ་དང༌། སྟོན་པས་ནོར་ཅན་མ་རྣམ་གྲངས་དུ་མས་སྨད་ནས་ཉན་ཐོས་རྣམས་ལ་བསླབ་པའི་གནས་བཅས་པའོ། །ཡང་དགེ་སློང་མ་གང་གཞན་གྱི་གྲོང་ན་ཡོད་པ་འམ་དགོན་པ་ན་ཡོད་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས། རྒྱལ་པོ་འམ་བློན་པོས་བཟུང་ནས་གསོད་དམ་འཆིང་ངམ་བཅུག་ཀྱང་རུང༌། དེ་ལ་དགེ་སློང་མ་ཁྱོད་ནི་རྐུན་མོའོ་བྱིས་པའོ་བླུན་པའོ། །རྐུ་བའོ་ཞེས་དེ་སྐད་ཟེར་ན། དགེ་སློང་མ་འདི་ལྟར་མ་བྱིན་པར་ལེན་པ་དེ་ཡང་ཕས་ཕམ་པ་ཡིན་གྱི། གནས་པར་མི་བྱའོ། །ཡང་དགེ་སློང་མ་ཞེས་བྱ་བ་ནོར་ཅན་མ་སྟེ་གཞན་ཡང་དེ་དང་འདྲའོ། །གཞན་དག་གིས་ཞེས་བྱ་བ་ནི་སྐྱེས་པ་དང༌། བུད་མེད་དང་མ་ནིང་རྣམས་ཀྱིའོ། །གྲོང་ན་ཡོད་པ་ཞེས་བྱ་བ་ནི་ར་བའི་ནང་ནའོ། །དགོན་པ་ན་ཡོད་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ནའོ། །མ་བྱིན་པར་ལེན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་དང་བུད་མེད་དང༌། མ་ནིང་གིས་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་ཞེས་བྱ་བ་ནི་མ་བྱིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པའོ། །བླང་ཞེས་བྱ་བ་ནི་ལེན་པའོ། །ཇི་ཙམ་མ་བྱིན་པར་བླངས་པ་ཞེས་བྱ་བ་ནི་མ་ཤ་ལྔ་འམ་ལྔ་ལས་ལྷག་པའོ། །རྒྱལ་པོས་སམ་ཞེས་བྱ་བ་ནི་འདི་ལྟར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྟེ་རིགས་རྣམས་པ་བཞི་ལས་གང་ཡང་རུང་སྟེ། རྒྱལ་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའོ། །རྒྱལ་པོའི་


DTG156_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་ཞེས་བྱ་བ་ནི་དབང་པོ་ཆེན་པོ་རྒྱལ་སྲིད་འཛིན་པ་དང་བཀའ་གྲོས་ཀྱིས་འཚོ་བའོ། །གཟུང་ནས་ཞེས་བྱ་བ་ནི་ཟིན་པའོ། །གསོད་པ་ཞེས་བྱ་བ་ནི་འཚོ་བ་དང་ཕྲལ་བའོ། །བཅིངས་པ་ཞེས་བྱ་བ་ནི་བཙོན་ར་བཅུག་པའོ། །སྤྱུགས་པ་ཞེས་བྱ་བ་ནི་ཡུལ་སྤོས་པའོ། །ཀྱི་དགེ་སློང་མ་ཁྱེད་རྐུན་མའོ། །བྱིས་པའོ་བླུན་པོའོ་རྐུ་བའོ་ཞེས་བྱ་བ་ནི་ཤེ་བ་དང་བཅས་པའི་ཚིག་གོ །དེ་ལ་འདི་སྐད་ཅེས་ཀྱང་ཟེར་རོ་ཞེས་བྱ་བ་སྨྲ་བའོ། །དགེ་སློང་མ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །འདི་ལྟར་བུར་མ་བྱིན་པར་ལེན་པ་ཞེས་བྱ་བ་ནི་གོང་མ་དང་འདྲའོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །དགེ་སློང་མ་དེ་ཡང་ཕམ་པ་ཡིད་ཀྱིས། གནས་པར་མི་བྱའོ་ཞེས་བྱ་བ་ནི་གོང་མ་བཞིན་དུ་སྦྱར་རོ། །ཡན་ལག་དྲུག་དང་ལྡན་ན་ཕས་ཕམ་པར་འགྱུར་ཏེ། རྐུ་སེམས་དང༌། མ་བྱིན་པར་ལེན་པ་དང༌། རིན་ཐང་ཚང་བ་དང༌། མིས་ཡོངས་སུ་བཟུང་བ་དང༌། མིར་འདུ་ཤེས་པ་དང༌། གནས་ནས་གནས་སུ་སྤོས་པའོ། །དགེ་སློང་མས་རྣམ་པ་གསུམ་གྱིས་གཞན་དག་གི་ཡོ་བྱད་དམ་པ་ཞིག་མ་བྱིན་པར་བླངས་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ། །གསུམ་གང་ཞེ་ན་བདག་དང་ཕོ་ཉ་དང་མངོན་སུམ་དུ་བཅོལ་བས་སོ། །བདག་གིས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདག་གིས་བརྐུས་པ་དང༌། བདག་གི་ཐབས་ཀྱིས་བརྐུས་པ་དང༌། བདག་གིས་གནས་ནས་གནས་སུ་སྤོས་པའོ། །ཕོ་ཉ་ལ་ཡང་གསུམ་མོ། །གསུམ་གང་ཞེ་ན། ཕོ་ཉས་བརྐུས་པ་དང། ཕོ་ཉས་ཐབས་ཀྱིས་བརྐུས་པ་དང༌། ཕོ་ཉས་གནས་ནས་གནས་སུ་སྤོས་པའོ། །མངོན་སུམ་དུ་བཅོལ་བ་ཡང་གསུམ་མོ། །གསུམ་གང་ཞེན་མངོན་སུམ་དུ་རྐུ་ར་བཅུག་པ་དང༌། མངོན་སུམ་དུ་ཐབས་ཀྱིས་རྐུར་བཅུག་པ་དང༌། མངོན་སུམ་དུ་གནས་ནས་གནས་སུ་སྦེད་དུ་བཅུག་ན་ཕས་ཕམ་པར་འགྱུར་རོ། །ཕས་ཕམ་པ་གཉིས་པའོ།། །།མི་གསོད་ཅེས་བྱ་བ་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དགེ་སློང་པ་ནད་ཀྱིས་བཏབ་ནས་ནད་གཡོག་བྲན་ཅན་བྱེད་དེ། སྨན་པ་ལ་དཔྱད་དྲིས་


DTG156_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨན་ཁྱེར་ཏེ་འོངས་ཀྱི། དེའི་བར་དུ་ཁ་ཟས་མ་ཟ་ཅིག་ཅིས་ཟེར་ཏེ་སོང་ངོ༌། དེའི་འོག་ཏུ་དགེ་སློང་གཞན་དག་གིས་ཁ་ཟས་དང་ཐུག་པ་ལ་སོགས་བྱིན་ཏེ་འགྲངས་པར་ཟོས་སོ། །བྲན་ཅན་སྨན་ཁྱེར་ཏེ་འོངས་ནས་སྨན་ཟོ་ཞིག་ཅེས་བྱས་ནས། ང་འགྲངས་ཟིན་གྱི་ཟ་མི་ནུས་སོ་ཞེས་ཟེར་ནས་ནད་གཡོག་གྱིས་སྨྲས་པ། ནད་དང་མི་མཐུན་པའི་ཟས་ཟོས་པ་པས་ནི་དུག་འཐུངས་ཀྱང་སླའོ་ཞེས་བྱས་པ་དང༌། དེའི་ཆེད་དུ་དུག་རྟོག་གུ་གཅིག་འཆོས་ནས་ཤིའོ། །བྲན་ཅན་གྱིས་བསམས་པ་བདག་གིས་དེ་སྐད་སྨྲས་པའི་ཕྱིར། དེ་ཤི་བས་བདག་ཕམ་པར་མ་གྱུར་གྲངས་སྙམ་ཏེ་ཐེ་ཚོམ་སྐྱེས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་འདི་ལ་ནི་ལྟུང་བ་མེད་དེ་ཕྱིན་ཆད་ནད་པ་ཤི་བར་སེམས་པའི་གཏམ་བྱས་ན་འདས་པ་དང་བཅས་པའི་ཉེས་བྱས་སུ་འགྱུར་རོ། །དེར་ཡང་བསླབ་པ་མ་བཅས་སོ། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མགོ་ཅན་ནད་ཀྱིས་བཏབ་སྟེ། མཆུ་ཅན་ད་གཡོག་བྱེད་དོ། །མགོ་ཅན་གྱིས་བསམས་པ་འདི་ལྟར་ན་ཞིང་སྡུག་བསྔལ་བས་ནི་ཚུལ་ཁྲིམས་མ་ཉམས་པར་ཤིན་མཐོ་རིས་སུ་སྐྱེའོ་ཞེས་བསམས་ནས་བདག་ནི་ཤི་མི་ནུས་ན་མཆུ་ཅན་གྱི་ཚ་བོ་རྔོན་པ་གཉིས་གསོང་དུ་གཞུག་གོ་སྙམ་ནས། མཆུ་ཅན་ལ་སྨྲས་པ་ཁྱོད་ཀྱི་ཚ་པོ་གཉིས་ཀྱང་ནས་གཡོག་བྱེད་དུ་ཆུག་ཅིག་ཅེས་སྨྲས་པ་དང༌། ཚ་བོ་གཉིས་བཀུག་ནས་མགོ་ཅན་གྱིས་སྨྲས་པ་ཚ་བོ་ང་སོང་ཅིག་དང་ལྟར་སྐྱེའོ་ཞེས་ཟེར་བ་དང༌། རལ་གྲིས་མགོ་བཅད་ནས་གོས་ཀྱིས་གཡོགས་ནས་བཞག་ནས་མཆུ་ཅན་ཕྱིར་འོངས་ཏེ་མཐོང་བ་དང༌། བདག་གིས་མཚོན་ཐོགས་པ་གཉེར་བར་མ་གྱུར་ཏམ་སྙམ་སྟེ། ཐེ་ཚོམ་སྐྱེས་པ་དང༌། བཅོམ་ལྡན་འདས་ལ་གསོལ་བ་དང༌། བཀའ་སྩལ་པ་དགེ་སློང་འདི་ལ་ནི་ལྟུང་བ་མེད་དེ་ཕྱིན་ཆད་ནང་གཡོག་བླུན་པོ་བཞག་ན་འདས་པ་དང་བཅས་པའི་ཉེས་བྱས་སོ། །མཉན་དུ་ཡོད་པ་ན་དགེ་སློང་ཅིག་གིས་ལྷུང་བཟེད་བཙས་ཁྱེར་བ་བཀྲུན་ཅི་ཉེས་ཞེས་བྱས་པ་དང༌། བཀྲུ་བའི་ཡོད་བྱད་མི་འབྱོར་རོ་ཞེས་


DTG156_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རོ། །འོ་ན་ལྷུང་བཟེད་མེད་པར་སྤྱོད་དམ་ཞེས་དྲིས་པ་དང༌། དེས་སྨྲས་པ་གནས་འདི་ཞེས་བྱ་བ་ན་དགེ་སློང་མ་གཅིག་ན་ཚ་བས་ཆེ་བ་ཞིག་ཡོད་ཀྱི། དེ་ཤི་ན་ལྷུང་བཟེད་སྤྱོད་དོ་ཞེས་སྨྲས་པ་དང༌། དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། དགེ་སློང་འདི་ལ་ལྟུང་བ་མེད་དེ། ཕྱིན་ཆད་མ་རུངས་པ་གདོལ་བུའི་སེམས་བསྐྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །ཆོས་གོས་ཀྱི་ཕྱིར་བཅས་པའི་རྒྱུད་ཀྱང་ལྷུང་བཟེད་དང་འདྲའོ།། །།མཉན་དུ་ཡོད་པ་ན་ཚོང་དཔོན་ཞིག་འདུག་པ་ཆུང་མ་དང་ཡོངས་སུ་སྤྱད་པ་ལས་བུ་མོ་ཅིག་བཙས་སོ། དེའི་ཆུང་མ་དུས་ལས་འདས་པ་དང༌། དེའི་ཆུང་མ་ཞིག་བླངས་པ་ལས་ཁྱེའུ་ཞིག་བཙས་སོ། །ཆུང་མ་དེས་བུ་མོ་ལ་ཁུ་ཚུར་དང་ཐལ་མོས་རྟག་ཏུ་བརྡེག་གོ །བུ་མོ་དེས་བསམ་པ། བདག་སྲོག་དང་བྲལ་བར་གདོན་མི་ཟ་བས་རབ་ཏུ་འབྱུང་ངོ་སྙམ་ནས། དགེ་སློང་མའི་གན་དུ་སོང་སྟེ་རབ་ཏུ་བྱུང་བསྙེན་པར་རྫོགས་ནས། དེས་ཕལ་ཆོས་བསྟན་སྐྱབས་སུ་བཏང་སྟེ། བསླབ་པའི་གནས་སུ་གཞག་གོ །དུས་ཕྱི་ཞིག་ན་ཕ་ནད་ཀྱིས་བཏབ་པ་དང་དེས་སྨྲས་པ། ཕ་ཁྱོད་ཀྱིས་སྤྱིན་པ་ནི་བྱིན་བསོད་ནམས་བྱས་པས་ཡུལ་གཞན་དུ་སོང་ན་ལོ་ལེགས་པ་དང་འདྲ། མཐོ་རིས་ན་རེས་ལྟ་བུ། ཐར་པ་ནི་ཡོལ་བ་ལྟ་བུས་ཆོད་དེ་ལུས་དང་བྲལ་ན་སྐྱེའོ་ཞེས་བྱས་པ་དང༌། ཕས་བསམས་པའོ་ན་ནི་ནད་ཀྱིས་སྡུག་བསྔལ་བས་མྱུར་དུ་ཚེ་འཕོས་ན་ལེགས་སོ་སྙམ་ནས་བྲན་མོ་བླུན་མོ་སྐྱོང་བ་མོ་ལ་སྨྲས་པ། ངའི་ལུས་ནང་དུ་དགྲ་ཞིག་ཞུགས་ན་གལ་ཏེ་དེ་སླར་ཕྱིན་ན། ངས་ཁྱོད་ལ་བྱམས་པར་བྱའོ་ཞེས་བྱས་པ་དང༌། དེས་རྐང་པ་ནས་མགྲིན་པའི་བར་དུ་བཙིར་བས་མ་བཟོད་ནས་འགུལ་པ་དང༌། ཅི་ཐུར་བཙིར་ནས་དུས་ལས་འདས་སོ། །དགེ་སློང་མ་དེས་བདག་གི་ཕ་དུས་ལས་འདས་པ་ཐོས་ནས། མ་ཡར་མོ་མྱ་ངན་བསང་ནས་དེའི་ཐད་དུ་སོང་བ་དང༌། དེས་རྒྱང་ནས་འོངས་པ་མཐོང་སྟེ། དེས་སྨྲས་པ་སྡིག་ཅན་མ་ཁྱོད་སྡེ་སྣོད་གསུམ་དང་ལྡན་ན་ཆོས་བཤད་པ་གཞན་མེད་དམ་ཅི་ཉེས་ན། ཕལ་ཡུལ་གཞན་དུ་ལོ་ལེགས་པ་ན་ལྷར་སྐྱེ་བར་འགྱུར་རོ་ཞེས་


DTG156_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བར་དུ་དེ་ལྟ་བུར་ཆོས་བཤད་པས་ཕ་བསད། ང་ཡང་ཚུར་ཤོག་ང་ལ་སོད་ཅིག་ཅེས་སྨྲས་པ་དག །དེ་བདག་གིས་ཕ་ལ་འཆི་བར་སེམས་བསྐྱེད་པར་མ་གྱུར་གྲང་སྙམ་ནས་འགྱོད་པ་སྐྱེས་སོ། །དེ་ལྟར་བུར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་པ་ལའོ། །དེ་དག་གིས་སྟོན་པ་ལ་གསོལ་པ་དང༌། བཀའ་སྩལ་པ་དགེ་སློང་མ་འདི་ལ་ནི་ལྟུང་བ་མེད་དེ། ཕྱིན་ཆད་ནད་པ་ལ་འཆི་བར་སེམས་པ་འདི་ལྟ་བུའི་ཆོས་བཤད་པར་མ་བྱེད་ཅིག་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །མཉན་དུ་ཡོད་པ་ན་བུད་མེད་ཅིག་ཁྱིམ་ཐབ་དང་བྲལ་ནས་སྐྱེས་པ་གཞན་དང་འདུས་པས་སེམས་ཅན་དང་ལྡན་པར་འགྱུར་ཏོ། །དེ་ལ་ཁྱིམ་ཐབ་ཀྱིས་ང་ནི་རིང་པོར་མི་ཐོགས་པར་འོང་ངོ་ཞེས་ཡི་གེ་སྤྲིང་བ་དེ་ཐོས་ནས་སྤངས་བར་གྱུར་ཏེ། དེ་ལ་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་མ་ཞིག་ཡོད་དོ། །དེས་དེ་ལ་འཕགས་མ་བདག་གིས་ཅི་ལྟར་བགྱི་ཞེས་སྨྲས་ན་དིས་ཅང་མི་སྨྲ་བར་འདུག་གོ །དེ་ལ་ཁྱིམ་མི་མོ་མ་ཞིག་ཡོད་དེ་དེས་དགེ་སློང་མ་དེ་ལ་བདག་གིས་ཕྱེ་མ་ཞིག་སྦྱར་འཚལ་ཏེ། གལ་ཏེ་ཁྱོད་ཀྱིས་མིང་དུ་སྨོས་ཏེ། ཁྱིམ་བདག་གི་བུད་མེད་ལ་བྱིན་ཅིག་ཅེས་སྨྲས་པ་དང༌། དེས་ཉམས་སུ་བླངས་སོ། །དེས་དེའི་དྲུང་དུ་སོང་ནས་ཕྱི་མ་འདི་ནི་དགེ་སློང་མས་ཁྱོད་ལ་བསྐུར་གྱིས་ཆུ་དྲོན་པོ་ལས་འཐུངས་ཤིག་བསྒོ་ནས་དེས་འཐུངས་སོ། །དེ་ལ་མཛའ་མོ་ཞིག་ཡོད་པས་ཁྱོད་ཀྱི་རུམ་ན་འདུག་པ་དེ་ག་རེ་ཞེས་སྨྲས་པ་དང༌། དེས་ཞིབ་ཏུ་སྨྲས་ཏེ་རུམ་ན་ཡོད་པ་དུམ་བུ་བརྒྱར་ཞིག་གོ་ཞེས་སྨྲས་པ་དང༌། བྲམ་ཟེ་དང༌། ཁྱིམ་པའི་ཆུང་མ་དག་འཕྱ་སྨང་ནས་དགེ་སྦྱོང་མ་དག་གི་ཚིག་པའོ། །རུམ་ན་ཡོད་པ་ཡང་བླུགས་པར་བྱེད་དོ་ཞེས་མི་སྙམ་པར་བརྗོད་དོ། །དེ་ལྟར་འགྱུར་པ་དགེ་སློང་དག་གིས་སྟོན་པ་ལ་གསོལ་པ་དང༌། བཀའ་སྩལ་པ་དེ་ལྟ་བུར་བྱས་པ་བདེན་ནམ། བཙུན་པ་བདག་གིས་རུམ་ན་བླུགས་པར་བགྱིས་པ་ནི་མ་མཆིས་ཀྱི་ཉམས་སུ་ནི་བླངས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། དགེ་སློང་མས་འདི་འདྲ་བའི་གནས་ལ་ཉམས་སུ་མ་ལེན་ཅིག་ཉམས་སུ་


DTG156_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ན་ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ཐང་ཤིང་གི་ནགས་སྟུག་པོ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་དག་ལ་མི་གཙང་བ་སྒོམས་ཤིག་པར་ཆོས་བཤད་པ་དང༌། དེ་ན་དགེ་སློང་མ་རྣམས་ཀྱང་མི་གཙང་བ་བསྒོམས་པ་ལས་ལུས་རང་ཅན་འདིས་ཡིད་བྱུང་ངོ༌། །སྒྱིད་ལུག་སྟེ་རྣམ་པར་སྨོད་ཅིང་མཚོན་གྱིས་འདེབས་དུག་ཀྱང་ཟ་སྲད་བུས་ཀྱང་འགེགས་ཏེ་དགེ་སློང་པ་དག་གིས་དགེ་སློང་མ་གསོད་པས་དེའི་ཚེ་ན་དགེ་སློང་མ་རྣམས་ཉུང་ཞིང་འགྲིབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་སྒེ་སློང་མའི་དགེ་འདུན་འདི་དག་ཉུང་བར་གྱུར་ཞེས་སྨྲས་པ་དང༌། ཀུན་དགའ་བོས་ཇི་ལྟར་གྱུར་པ་གསོལ་པ་དང༌། སྟོན་པས་གླེང་གཞི་འདི་དང༌། བྱུང་བ་འདིའི་ཕྱིར་དགེ་སློང་མའི་དགེ་འདུན་བསྡུས་ནས་དགེ་སློང་མ་མང་པོ་ལ་དེ་ལྟར་དགེ་སློང་མས་དགེ་སློང་མ་གསོད་པ་བདེན་ནམ་ཞེས་སྨྲས་པ་དང༌། བཙུན་པ་མད་དོ་ཞེས་གསོལ་ནས་རྣམ་གྲངས་དུ་མས་སྨད་དོ། །ཉན་ཐོས་མའི་དགེ་འདུན་རྣམས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་མི་འམ་མིར་ཆགས་པ་ལ་ཆེད་དུ་བསམས་ནས། ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་ལ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། ཀྱེ་མི་ཁྱོད་སྡིག་པ་དང་མི་གཙང་བ་དང་འཚོ་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་སླའོ་ཞེས་དེ་སྐད་ཀྱང་ཟེར་ལ། སེམས་ཀྱིས་འདོད་པ་དང་སེམས་ཀྱིས་ཀུན་དུ་བརྟགས་ནས་རྣམ་གྲངས་དུ་མས་འཆིར་བཅུག་གམ། འཆི་བའི་བསྔགས་པ་བརྗོད་པ་ལས་དེ་ཡང་ཐབས་དེས་འཆི་བའི་དུས་བྱས་ན། དགེ་སློང་མ་འདི་ཕས་ཕམ་པ་ཡིན་གྱི་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གང་མ་དང་འདྲའོ། །མི་འམ་ཞེས་བྱ་བ་ནི་གང་མའི་མངལ་དུ་དབང་པོ་དྲུག་ཐོབ་པར་འགྱུར་པའོ། །མིར་ཆགས་པ་ཞེས་བྱ་བ་ནི་མའི་མང་ལ་དུ་དབང་པོ་གསུམ་ཐོབ་པ་སྟེ། ལུས་དང་འཚོ་བ་དང་ཡིད་ཀྱི་དབང་པོའོ། །ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་དཔྱད་པའོ། །ལག་དར་ཏེ་ཞེས་བྱ་བ་ནི་ལག་གིས་བསྣུན་


DTG156_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྲོག་བཅད་པ་ཞེས་བྱ་བ་ནི་སྲོག་དང་ཕྲལ་བའོ། །མཚོན་བྱིན་ཞེས་བྱ་བ་ནི་རལ་གྲི་དང་སྤུ་གྲི་དང་ཆུ་གྲིའོ། །མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་ངོ༌། །དེ་ལ་འཆིར་གཅིག་ཅེས་བྱ་བ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ངན་པ་ཅན་དང༌། ཚུལ་ཁྲིམས་དང་ལྡན་པ་དང༌། ནད་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ངན་པ་ཅན་ལ་ཞེ་ན། འདི་ལྟར་ཚུལ་ཁྲིམས་ངན་པ་ཅན་གྱི་དགེ་སློང་ང་མ་དགེ་སློང་མ་ཡང་རུང༌། དེའི་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་མཚོ་བའི་ཡོ་བྱད་འདོད་ནས་དེ་ཇི་སྲིད་དུ་འཚོ་བ་དེ་སྲིད་དུ་ངས་མི་ཐོབ་ཀྱིས་དེ་འཆིར་གཞུག་གོ་སྙམ་ནས་དེའི་གན་དུ་སོང་སྟེ་འཕགས་མ་ཁྱོད་ཚུལ་ཁྲིམས་ངན་པ་སྡིག་པའི་ཆོས་ཅན་སྒོ་གསུམ་ནས་ངན་དུ་སྤྱོད་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་འཆེ་བ་ཁྱོད་ཇི་ཙམ་དུ་རིང་དུ་འཚོ་བ་དེ་ཙམ་དུ་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པས་ལུས་དང་བྲལ་ན་ངན་སོང་གསུམ་དུ་ཡུན་རིང་དུ་སྐྱེའོ་ཞེས་སྨྲས་པ་དང༌། དེས་དེ་ལ་འཕགས་མ་འདི་ཅི་ལྟར་བྱ། ཚུར་ཤོག་རང་གིས་རང་སོད་ཅིག་ཅེས་བྱས་པ་དང༌། དེས་ཀྱང་རང་གིས་ཀྱང་སྲོག་བཅད་ན་ཕམ་པར་འགྱུར་རོ། །གལ་ཏེ་དགེ་སློང་མ་དེ་འགྱོད་དེ། དེའི་གན་དུ་སོང་ནས་ངས་ཀྱི་ན་དོན་མེད་པ་མ་བརྟགས་པའི་ཚིག་གིས་སྨྲས་སོ། །བཙུན་པ་ཁྱོད་ཚུལ་ཁྲིམས་ངན་པ་ཅན་གྱིས་དགེ་བའི་བཤེགས་གཉེན་འགའ་ཞིག་རྙེད་ན། དེས་ལུས་དང་ངག་དང་ཡིད་ཡོངས་སུ་མ་དག་པར་སྤྱོད་པ་ལས་བཟློག་ནས། ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་ཀུན་ཏུ་སྤྱད་པ་ལ་རབ་ཏུ་འཇུག་སྟེ། ལུས་དང་བྲལ་ན་མཐོ་རིས་སུ་སྐྱེའོ་ཞེས་དེ་སྐད་སྨྲས་པ་དང༌། གལ་ཏེ་དེས་འཕགས་མ་བདག་གིས་ཅི་ཞིག་བྱ་ཞེས་སྨྲས་པ་དང༌། དེས་དེ་ལ་ཁྱོད་རང་ལ་མ་གསོད་ཅེས་བྱས་པ་དང༌། གལ་ཏེ་དགེ་སློང་མ་དེས་རང་ལ་རང་གིས་མ་བསད་ན། དགེ་སློང་མ་ལ་སྦྱོར་བ་སྔ་མ་ཉིད་ཀྱིས་ཉེས་པ་སྤོམ་པོའོ། །གལ་ཏེ་དགེ་སློང་མ་དེས་འདི་སྐད་ཟེར་མོད་ཀྱིས་འོན་ཀྱང་བདག་རང་ལ་རང་གིས་རང་སྲོག་བཅད་ན་སྔ་མ་བཞིན་དུ་ཉེས་པ་སྦོམ་པའོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་ན། འདི་ལྟར་དགེ་སློང་མས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་ཞེས་བྱ་བ་ནས་འཆིར་གཞུག་གོ་སྙམ་ནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེའི་གན་དུ་སོང་སྟེ། འཕགས་མ་ནི་


DTG156_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གཏོང་བ་ཕུན་སུམ་ཚོགས་པ་སྟེ། ཁྱོད་ཡུལ་གཞན་དུ་སྐྱེས་ན་ལོ་ལེགས་པ་དང་འདྲ་སྟེ། མཐོ་རིས་ནི་རས་ལྟ་བུས་ཆོད་ཐར་པ་ནི་ཡོལ་བ་ལྟ་བུས་ཆོད་དེ། ལུས་དང་བྲལ་ན་ནི་ལྷར་སྐྱེའོ་ཞེས་པ་དང་སྲིང་མོ་བདག་གིས་ཅི་ཞིག་བྱ་ཞེས་བྱ་བ་ནས། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཇི་ལྟར་ན་ནད་པ་ལ་ཞེ་ན་ནད་པ་སྡུག་བསྔལ་བ་ནད་ཀྱིས་གཞིར་བའི་དགེ་སློང་དེ་ལ་ལྷུང་བཟེད་དམ་ཞེས་བྱ་བ་ནས། དེའི་གན་དུ་སོང་སྟེ་འཆིར་གཞུག་གོ་སྙམ་པའི་བར་དུ་སྔ་མ་བཞིན་ནོ། །དེ་དེའི་གན་དུ་སོང་སྟེ་འཕགས་མ་ནི་ནད་བུ་ཅན་ནད་ཀྱིས་སྡུག་བསྔལ་བ་སེར་སྣ་ཅན་འཇུངས་པ་སྟེ། ཁྱོད་ཇི་སྲིད་དུ་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་སྡུག་བསྔལ་མི་ཟད་པ་མྱོང་ངོ་ཞེས་སྨྲས་པ་དང༌། གལ་ཏེ་དེས་སྲིང་མོ་བདག་གིས་འདིར་ཅི་ཞིག་བྱ་ཞེས་དེ་སྐད་སྨྲས་པ་དང༌། དེས་དེ་ལ་འཕགས་མ་ཚུར་ཤོག་ལ་རང་གིས་རང་སོད་ཅེས་པ་ནས། དོན་མེད་པ་ལ་མ་བརྟགས་པར་སྨྲས་སོ་ཞེས་པའི་བར་དུ་སྔ་མ་བཞིན་ནོ། །འཕགས་མ་དགེ་བའི་བཤེས་གཉེན་འགའ་ཞིག་རྙེད་ན། དེས་ཁྱོད་ལ་འཕྲོད་པའི་སྨན་གཏོང་ཞིང་རིང་པོ་མི་ཐོགས་པར་བདེ་བར་ནད་མེད་པར་འགྱུར་རོ་ཞེས་སྨྲས་པ་དང༌། དེས་དེ་ལ་སྲིང་མོ་བདག་གས་འདིར་ཅི་ཞིག་བྱ་ཞེས་དེ་སྐད་ཟེར་བ་དང༌། དེས་དེ་ལ་འཕགས་མ་ཁྱོད་རང་གིས་རང་ལ་མ་གསོད་ཅེས་པ་ནས་སྤོམ་པོར་འགྱུར་ཞེས་བྱ་བའི་བར་དུས་ད་མ་བཞིན་ནོ། །དེ་ལ་འཆི་བའི་བསྔགས་པ་བརྗོད་ཅེས་བྱ་བ་ནི། འཆི་བར་འདོད་པའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །ཀྱེ་མི་ཁྱོད་ཅེས་བྱ་བ་ནི་དགེ་སློང་མས་འབོད་པའི་ཚིག་གོ །སྡིག་པ་དང་མི་གཙང་བ་དང་འཚོ་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་སླའོ་ཞེས་བྱ་བ་འདི་དག་ནི་སྨད་པའི་ཚིག་གོ །དེ་ལ་འདི་སྐད་ཅེས་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །སེམས་ཀྱི་འདོད་སེམས་ཀྱིས་ཀུན་ཏུ་བརྟགས་ནས་ཞེས་བྱ་བ་ནི་ངན་སེམས་ཀྱིས་མངོན་པར་འདོད་པའོ། །རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ་ཞེས་བྱ་བ་ནི་རྣམ་གྲངས་མང་པོས་འཆིར་བཅུག་པའོ། །འཆི་བའི་བསྔགས་པ་བརྗོད་ཅེས་བྱ་བ་ནི། འཆི་བར་འདོད་པའི་མདུན་དུ་རྣམ་གྲངས་དུ་མས་འཆི་


DTG156_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྔགས་པ་བརྗོད་ཅིང༌། སྣོན་ཏེ་མི་ཟློག་པར་བྱེད་པའི་དོན་ཏོ། །དེ་ཡང་ཐབས་དེས་འཆི་བའི་དུས་བྱས་ཞེས་བྱ་བ་ནི། མེའམ། དུག་གམ། མཚོན་ནམ། གཡང་ས་འམ། ཐག་པས་འགེགས་པ་འམ། ཆུར་མཆོངས་པ་ལ་སོགས་པའོ། །དགེ་སློང་མ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །དེས་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །གནས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱར་རོ། །ལྟུང་བ་གང་ཞེ་ན། ཟིན་པའི་ལུས་སུ་གཏོགས་པ་དང༌། ཕྱི་རོལ་གྱིས་ཀྱང་འཕངས་པ་དང༌། གཉིས་དང་ཡང་ལྡན་པའོ། །ཇི་ལྟར་ན་ཟིན་པའི་ལུས་སུ་གཏོགས་པ་ཞེ་ན། དགེ་སློང་མས་མི་རྣམ་གསུམ་ལ་གསོད་སེམས་ཀྱིས་སོར་མོ་ལྡས་བསྣུན་ཏེ། དུས་བྱས་ན་ཕམ་མོ། །དེས་དེ་མ་བྱས་ཀྱི་དེ་ནས་ཕྱི་ཞིག་ན་གྱུར་ན་ཡང་ཕམ་མོ། །དེས་དེའི་ཚེ་ཡང་མ་ཡིན་ཏེ། ཕྱིས་ཀྱང་མ་ཡིན་ན་སྦྱོར་བ་སྔ་མ་ཉིད་ཀྱིས་སྦོམ་པོའོ། །སོར་མོ་གཅིག་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཡན་ལག་ཐ་ན་རྐང་པའི་མཐེ་བོང་བསྣུན་ཏེ་དུས་བྱས་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །ཇི་ལྟར་ན་ཕྱི་རོལ་གྱིས་འཕངས་པ་ཞེ་ན། དགེ་སློང་མས་མི་རྣམ་གསུམ་ལ། གསོད་སེམས་ཀྱིས་འཕངས་ཏེ། དུས་བྱས་པ་ཡང་མདའ་དང་རྡོ་དབྱིག་ལ་སོགས་པ་ཐམས་ཅད་འདྲའོ། །ཅི་ལྟར་ན་གཉི་ག་དང་ལྡན་པ་ཡིན་ཞེ་ན། དགེ་སློང་མས་མི་རྣམ་གསུམ་ལ་གསོད་སེམས་ཀྱིས་རལ་གྲི་ལ་སོགས་པས་བསྣུན་ཏེ། །འདི་ཐབས་འདིས་འཆི་བའི་དུས་བྱེད་པར་འགྱུར་རོ་སྙམ་པ་ལས་དེ་ཡང་ཐབས་དེས་དུས་བྱས་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །ཡང་ལག་ལྡས་ཕམ་པར་འགྱུར་ཏེ། གཞན་ཡིན་པ་མིར་གྱུར་པ་གསོད་སེམས་དང་ལྡན་པ་དེ་སྦྱོར་བ་དུས་བྱས་པའོ། །ཕས་ཕམ་པ་གསུམ་པའོ།། །།མི་ཆོས་བླ་མར་གྱུར་སྨྲ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་འདོད་མཁན་གྱི་གྲོང་ཕྱོགས་ཤིང་ཤ་པའི་ནང་དུ་བཞུགས་ཏེ། དེའི་ཚེ་ན་མུ་གེ་བྱུང་སྟེ། དགེ་སློང་མ་རྣམས་ཀྱང་ཡངས་པ་ཅན་གྱི་ཉེ་འཁོར་ན་མཛའ་བོ་དག་དང་དབྱར་ཚུལ་དུ་ཞུགས་སོ། །སྟོན་པ་ལ་བསྙེན་བཀུར་བྱེད་པའི་ཕྱིར། ཀུན་དགའ་བོ་ནི་འོད་


DTG156_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཅན་དེ་ཉིད་དུ་དབྱར་ཚུལ་དུ་ཞུགས་སོ། །དེའི་ཚེ་དགེ་སློང་མ་དེ་དག་གིས་འདི་སྙམ་དུ་བསམས་སོ། །ད་ལྟར་གྱི་དུས་ན་མུ་གེ་བྱུང་བས་སྡུག་བསྔལ་ཏེ། བསོད་སྙོམས་སློང་བས་ཀྱང་རྙེད་པར་དཀའ་སྟེ། ཁྱིམ་པ་དག་གིས་རང་གི་བུའི་ཟས་སྦྱར་བ་ཡང་དཀའ་ན། དགེ་སློང་མ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། བདག་ཅག་རྣམས་ནི་གྲགས་པ་ཆུང་ལ། འཇིག་རྟེན་པ་རྣམས་ནི་ཡོན་ཏན་ལ་དགའ་བས་ཅི་ནས་བདག་ཅག་ཕན་ཚུན་ཡོན་ཏན་བརྗོད་པར་བྱའོ་སྙམ་ནས། བྲམ་ཟེ་དང་ཁྱིམ་བདག་གི་གནས་དུ་སོང་ནས་སྨྲས་པ་གྲོང་ཕྱོགས་གང་ན་འདི་འདྲ་བའི་དགེ་སློང་མའི་དགེ་འདུན་རྣམས་འཁོད་པ་དེ་དག་གིས་བྲམ་ཟེ་དང་ཁྱིམ་བདག་ཁྱེད་ཀྱིས་རྙེད་པ་རབ་ཏུ་རྙེད་དེ། དགེ་སློང་མ་འདིས་ནི་བསམ་གཏན་བཞི་དང༌། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཐོབ་བོ། །དགེ་སློང་མ་འདིས་ཚད་མེད་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པའོ། །དགེ་སློང་མ་འདིས་ནི་དགྲ་པ་བཅོམ་པ་ཐོབ་བོ་ཞེས་བྱ་བ་དང༌། འཇིག་རྟེན་པ་ནི་ཡོན་ཏན་དག་ལ་དགའ་བས་བདག་གི་བུ་ལ་སྦྱིན་པ་དང༌། སྦྱར་བར་མི་སེམས་སོ། །དེ་དག་དབྱར་ཟླ་གསུམ་འདས་ནས་ཆོས་གོས་ཟིན་ནས་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་ནས་དགེ་སློང་མ་དེ་དག་གིས་འཕགས་མ་ཁྱེད་ཀྱིས་དབྱར་གང་དུ་ཚུལ་དུ་ཞུགས་ཞེས་དྲིས་པ་དང༌། འཕགས་མ་དག་བདག་ཅག་ནི་ཡུལ་བྲི་ཛའི་གྲོང་ནའོ། །འོ་ན་བདེ་བ་ལ་རེག་པར་སྤྱོད་དམ་བསོད་སྙོམས་ཀྱིས་མ་བྲེལ་ཏམ་ཞེས་སྨྲས་པ་དང༌། དེ་དག་གིས་བདག་ཅག་ནི་བདེ་བ་ལ་རེག་པར་སྤྱོད་ཅིང་བསོད་སྙོམས་ཀྱིས་ཀྱང་མ་བྲལ་ཏོ། །འོ་ན་རྒྱུ་གང་རྐྱེན་གང་གིས་འབྲེལ་པར་མ་གྱུར་འཇིག་རྟེན་པ་ནི་ཡོན་ཏན་ལ་དགའ་སྟེ། བདག་ཅག་གཅིག་གིས་གཅིག་གི་ཡོན་ཏན་བརྗོད་པའི་ཕྱིར་རོ། །ཅི་བདེན་ནམ་འོན་ཏེ་བརྫུན་དུ་སྨྲས། བརྫུན་དུའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ། དགེ་སློང་མ་མང་པོ་ལ་ཁྱེད་ཀྱིས་མི་ཆོས་ལས་བླ་མར་གྱུར་པ་སྨྲས་པ་བདེན་ནམ། བཙུན་པ་མད་དོ་ཞེས་གསོལ་བ་དང༌། རྣམ་གྲངས་དུ་མས་སྨད་དོ། །ཉན་ཐོས་མ་རྣམས་ལ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་


DTG156_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མེད་པ་མེད་བཞིན་དུ་མིའི་ཆོས་ལས་བླ་མར་གྱུར་པ་དང༌། མཐའ་དང་འཕགས་པའི་བྱེ་བྲག་ཐོབ་པ་དང༌། ཤེས་པ་དང་མཐོང་བ་དང༌། རེག་པར་སྤྱོད་པ་མེད་པ་ལ་མེད་བཞིན་དུ་འདི་ཤེས་སོ་འདི་མཐོང་ངོ་ཞེས་ཁས་འཆི་བ་ལས་ཉེས་པ་བྱུང་བ་ཚངས་པར་འདོད་ནས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་འཕགས་མ་རྣམས་བདག་གིས་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོ་བ་གསོག་བརྫུན་དུ་སྨྲས་སོ་ཞེས་དེ་དེ་སྐད་ཀྱང་ཟེར་ན་དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱིས་ལྷན་ཅིག་ཏུ་གནས་པར་མི་བྱའོ་ཞེས་དེ་ལྟར་བསླབ་པའི་གནས་བཅས་པ་དང༌། དགེ་སློང་མ་མང་ཞིག་རྣལ་འབྱོར་ལ་བརྩོན་པས་ཞི་གནས་ཀྱི་མཚན་མ་ཞིག་ལ་བརྟེན་ནས། འཇིག་རྟེན་ཀྱི་ལམ་ཡིད་ལ་བྱེད་པས་ཉོན་མོངས་པ་སེལ་ཏེ། དགེ་བཅོམ་པ་ཡང་ཐོག་སོགས་པ་མི་སྤྱོད་པས། དེ་དག་ཕན་ཚུན་འཕགས་མ་བདག་གིས་ཐོབ་པར་བྱ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་མི་སྤྱོད་པ་ཐོབ་པར་བྱ་བ་ནི་བདག་གིས་ཐོབ་ཟིན་ཏོ། །སྐྱེ་བ་ནི་ཟད་ཚངས་པར་སྤྱད་པ་ནི་སྤྱོད་བྱ་བ་ནི་བྱས་སྲིད་པ་གཞན་མི་ཤེས་ཏེ། དགྲ་བཅོམ་པ་ཡང་ཐོག་པོ་ཞེས་བྱ་བ་ལས་དེ་དག་ཁྱིམ་པ་མོ་དང༌། དགེ་ཚུལ་མ་དང༌། ལྷན་ཅིག་གནས་པ་ལས་ཉོན་མོངས་པ་སྐྱེས་པ་དང༌། དེ་དག་གཅིག་ལ་གཅིག་སྨྲས་པ། བདག་ཅག་ཁྱིམ་པ་མོ་དང༌། དགེ་ཚུལ་མ་དང་ལྷན་ཅིག་ཏུ་འདྲེས་ཤིང་གནས་པའི་ཚེ། ཉོན་མོངས་པ་དེ་དག་སླར་སྐྱེས་ན་སྟོན་པས་ནི་མེད་བཞིན་དུ་མིའི་ཆོས་ལས་བླ་མར་གྱུར་པ་སྨྲས་ན་ཕམ་མོ་ཞེས་གསུངས་ན། བདག་ཅག་ཕམ་པར་མ་གྱུར་གྲང་སྙམ་པ་དང༌། དེ་ལྟ་བུར་གྱུར་པ་དགེ་སློང་མས་དགེ་སློང་ཕ་ལ་སྨྲས་པ་དང༌། དེ་དག་གིས་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ་སྔ་མ་ནི་བཅས་པའོ། །འདི་ནི་རྗེས་སུ་གནང་བས་ན་ཉན་ཐོས་མ་རྣམས་ལ་འདུལ་བའི་གནས་བཅའོ། །ཡང་དགེ་སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་པ་མེད་ལ་མེད་བཞིན་དུ་མིའི་ཆོས་ལས་བླ་མར་གྱུར་པ་དང༌། མཐའ་དང་འཕགས་པའི་བྱེ་བྲག་ཐོབ་པ་དང༌། ཤེས་པ་དང་མཐོང་བ་


DTG156_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དང། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་པའོ་འདི་མཐོང་ངོ་ཞེས་ཁས་འཆེ་བ་ལས་ཉེས་པ་བྱུང་བ་ཚངས་པར་འདོད་ནས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང༌། མ་དྲིས་ཀྱང་རུང་འཕགས་མ་རྣམས་བདག་གིས་ན་མི་ཤེས་པར་ཤེས་སོ་ཞེས་སྨྲས་སོ། །མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་གསོབ་སོག་བརྫུན་དུ་སྨྲས་སོ་ཞེས་དེ་སྐད་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱིས་ལྷན་ཅིག་ཏུ་གནས་པར་མི་བྱའོ། །མངོན་པར་མི་ཤེས་པ་ནི་འཇིག་རྟེན་གྱི་ལམ་མི་ཤེས་པ་དང༌། རྗེས་སུ་མཐུན་པའི་སྒོ་ནས་མ་ཤེས་པ་དང། མི་རྟག་པ་ལ་མི་རྟག་པར་མི་ཤེས་པ་ལ་སོགས་ཏེ། མི་རྟག་པའི་སྒོ་ནས་མི་ཤེས་པའོ། །ཡོང་སུ་མི་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་རྣམ་པར་གྲོལ་བ་མི་ཤེས་པ་དང༌། རྗེས་སུ་མི་མཐུན་པའི་སྒོ་ནས་མི་ཤེས་པ་སྟེ། མི་རྟག་པ་ལ་རྟག་པ་མེད་པར་མི་ཤེས་པ་ནི་རྗེས་སུ་མི་མཐུན་པའི་སྒོ་ནས་མི་ཤེས་པའོ། །མིའི་ཆོས་ཞེས་བྱ་བ་ནིས་གྲིབ་པ་རྣམ་པ་ལྔ་སྟེ། འདོད་པའི་འདོང་ཆགས་དང༌། གནོད་སེམས་དང༌། གཉིད་དང་རྨུགས་པ་དང༌། འགྱོད་པ་དང་གཡེང་བ་དང༌། ཐེ་ཚོམ་མོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་བླ་མའི་གཟུགས་སོ། །དེའི་བླ་མ་ནི་གཟུགས་མེད་པའི་ཁམས་སོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལས་མཐའ་ཞེས་བྱའོ། །འཕགས་མ་ཞེས་བྱ་བ་ནི་དགེ་སློང་གི་འབྲས་བུ་བཞིའོ། །ཤེས་ཞེས་བྱ་བ་ནི་ཡེ་ཤེས་བཅུ་སྟེ། སྡུག་བསྔལ་ལ་ཆོས་སུ་ཡེ་ཤེས་དང༌། སྡུག་བསྔལ་རྗེས་སུ་ཤེས་པའི་ཡེ་ཤེས་ཏེ། དེ་བཞིན་དུ་བདེན་པ་བཞི་ལ་གཅིག་ཅིང་གཉིས་གཉིས་མཐོང་བ་ཞེས་བྱ་བ་ནི་བརྒྱད་དེ། སྡུག་བསྔལ་ལ་ཆོས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་དང༌། བདེན་པ་བཞི་ལ་དེ་བཞིན་དུ་གཉིས་གཉིས་ཏེ་བརྒྱད་དོ། །རེག་པར་སྤྱོད་པ་མེད་ལ་ཞེས་བྱ་བ་ནི། མངོན་སུམ་དུ་མ་ཐོབ་པ་ཐོབ་བོ་ཞེས་ཟེར་བའོ། །མེད་བཞིན་དུ་ཞེས་བྱ་བ་ནི་བདག་ལ་དབང་ཡོད་དོ། །ཐོབ་པར་བྱ་བ་ནི་སླ་སྟེ། ཐོབ་པར་བྱ་བ་འམ་མི་བྱ་བར་ཟད་དོ་ཞེས་ཟེར་བའོ། །འདི་ཤེས་ཞེས་འདི་མཐོང་ཞེས་བྱ་བ་ནི་ལྷ་ལ་སོགས་པའོ། །ཁས་འཆེ་


DTG156_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མི་ཤེས་པར་ཤེས་སོ་ཞེས་ཟེར་བ་དང༌། མ་མཐོང་བར་མཐོང་ངོ་ཞེས་ཁས་འཆེ་བའོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །དྲིས་ཀྱང་རུང་འགྱོད་པ་སྐྱེས་ནས་རང་སྨྲ་བའོ། །འཕགས་མ་རྣམས་བདག་གིས་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་ཅེས་བྱ་བ་ནི་ཡོན་ཏན་མེད་པར་ཁ་ཟས་དང་གྲགས་པ་མེད་པར་སྨྲ་བའི་ཕྱིར་སྣོད་སྟོང་བ་དང་འདྲའོ། །བརྫུན་ཞེས་བྱ་བ་ནི་འདུ་ཤེས་པས་ནས་གཞན་བསླུས་པའོ། །དགེ་སློང་མ་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོ་ཡོད་པའོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཕས་ཕམ་པར་གྱུར་ཏེ་མིའི་ཆོས་ལ་བླ་མར་གྱུར་པ་དང༌། རང་གི་ཚིག་དང༌། བདག་གི་ཕྱིར་དང༌། གཞན་གྱི་དོན་གོ་བའོ། །དེ་ལ་ལྟུང་བ་ཇི་ལྟ་བུ་ཞེ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཡེ་དགས་ལ་སོགས་པ་མ་མཐོང་བ་མཐོང་ངོ་ཞེས་ཟེར་ན་སྤོམ་པོར་འགྱུར་རོ། །དེ་བཞིན་དུ་དེ་དག་གི་སྒྲ་ཐོས་སོ་ཞེས་ཟེར་བ་ཡང་དེ་བཞིན་དུ་བཤད་པར་བྱའོ། །ལྷ་ལ་སོགས་པ་ནས་དུར་ཁྲོད་ཀྱི་ཤ་ཟ་ཡན་ཆད་གོང་དུ་སྨོས་པ་རྣམས་བདག་ལ་ལྟར་འོང་ངོ་ཞེ་འམ་བདག་དེ་དག་ལྟར་ཞེས་པ་དང༌། གོང་མ་བཞིན་དུ་སྦྱར་རོ། །བདག་གིས་འཕགས་པའི་འབྲས་བུ་ཏོབ་པོ་ཞེས་ཟེར་བ་ན་ཕམ། དགེ་སློང་མ་ལས་དེ་ཏལ་བུ་ཐོབ་པ་ཡང་ཡོད་དེ་ཞེས་ཟེར་ན་བདག་ཉིད་མ་སྨོས་ན་སྦོམ་པོར་གྱུར་ཏེ། ལྟག་འོག་ཀུན་ཀྱང་དེ་བཞིན་དུ་བཤད་པར་བྱའོ། །ཕམ་པ་བཞི་པ་རྫོགས་སོ།། །། རི་དགས་དགེའི་བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་རྣམས་རི་དགས་དགྲའི་བུ་ས་གའི་ཁང་པ་ན་གནས་ཤིང་འཁོད་དོ། །དེ་ཡང་ཉིན་གཅིག་བཞིན་ཕྱག་འཚལ་དུ་འོང་སྟེ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་སྟེ། གཙུག་དགའ་མོས་མཐོང་སྟེ་ཆགས་པར་གྱུར་པས་ན་བའི་ཐབས་སུ་བྱས་ནས། དེར་འོང་བ་སྡོད་པའི་ཕྱིར་གནས་ཁང་ཀུ་ཞུགས་ནས་ཉལ་ཞིང་འདུག་གོ །ས་ག་དགེ་སློང་མས་དེར་འོངས་པ་དང་ཐམས་ཅད་བསོད་སྙོམས་ལ་དོང་སྟེ། ཁང་སྐྱོང་གཅིག་པུ་འདུག་པ་ལ་ཕྱག་བྱས་ཏེ་ཕྱིར་བྱུང་བ་


DTG156_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཙུག་དགའ་མོས་བདག་ནི་ནའོ་ཞེས་བོས་བ་དང༌། དེས་ཀྱང་བདག་ནད་པ་བལྟས་ནས་འགྲོའོ་སྙམ་སྟེ། དེའི་གནས་ཁང་དུ་སོང་སྟེ་ཕྱག་བྱས་ན་ཇི་ལྟ་ན་ཞེས་དྲིས་པ་དང༌། མོས་སྨྲས་པ་ཤིན་ཏུ་དཀའ་བ་ཞིག་ཞེས་སྨྲས་སོ། །དེའི་གསོ་ས་ཅིའི་ཕྱིར་མི་མཛད། གཙུག་དགའ་མོས་སྨྲས་པ། སྨན་མེད་དོ། །ས་གསལ་རྙེད་པར་དཀའ་བའི་སྨན་དེ་གང་ཞིག་ལགས། གཙུག་དགའ་མོས་རྙེད་དཀའ་པ་ཡང་མ་ཡིན་ཏེ། འོན་ཀྱང་བདག་ཅག་ལྟ་བུ་ལ་ནི་དེ་ལྟ་བུ་རྙེད་པར་དཀའོ། །ས་གས་སྨྲས་པ་བདག་ཀྱང་དད་པ་ཅན་ལགས་ཀྱིས་ཁྱོད་སོས་པར་གྱུར་ན་བདག་གིས་ཡན་ལག་གི་ཤ་བཅད་དེ་ཡང་ཁྱོད་ལ་སྦྱིན་ནོ་ཞེས་བྱས་པ་དང༌། གཙུག་དགའ་མོས་མི་རིགས་པ་བྱ་བསྒུགས་པ་དང༌། དེས་འཕགས་མ་དེ་སྐད་མ་གསུངས་ཞེས་རྣ་བ་བཀག་སྟེ་ཕྱིར་བྱུང་བར་བརྩམས་པ་དང༌། གཙུག་དགའ་མོས་སྨྲས་པ། དེ་ལྟར་མི་བྱེད་ན་ཚུར་ཤོག་པའི་ཡན་ལག་དང་ཉིད་ལག་ཉེས་ཤིག །དེས་དེའི་མ་གོ་བོ་དང༌། ལག་དང་ཉིད་ལག་མ་ཉེས་པ་དང༌། གཙུག་དགའ་མོས་དགའ་བར་ཚོར་རོ། །དེ་དགེ་སློང་མ་རྣམས་ཀྱིས་མཐོང་བ་དང་ས་ག་ཡང་སྐྱེངས་ཏེ། སྤྱི་བོ་སྨད་ནས་ཕྱིར་བྱུང་ངོ༌། །དེ་ལྟར་གྱུར་པ་དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་སྨྲས་པ་དང༌། དེ་དག་གིས་སྟོན་པ་ལ་གསོལ་ནས་དགེ་སློང་མའི་དགེ་འདུན་བསྡུས་ནས། གཙུག་དགའ་མོ་ལ་ཁྱོད་ཀྱིས་མི་མཛེས་པ་འདི་འདྲ་བ་བྱས་པ་བདེན་ནམ་ཞེས་སྨྲས་པ་དང༌། བཙུན་པ་མད་དོ་ཞེས་གསོལ་ནས་རྣམ་གྲངས་དུ་མས་སྨད་དོ། །ཉན་ཐོས་མ་རྣམས་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ། སྐྱེས་པ་ཆགས་པར་གྱུར་པས་པུས་མོ་ཡན་ཆད་མིག་མན་ཆག་དུ་མན་མས་ལ་ཀུན་ཏུ་མ་ནམས་ཏེ། དགའ་བར་ཚོར་ན་དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། གཙུག་དགའ་མོ་སྟེ་གང་དེ་དང་འདྲ་བ་གཞན་ཡང་ངོ༌། །ཆགས་པར་གྱུར་ཞེས་བྱ་བ་ནི་གང་འདོད་ཆགས་པ་དང༌། ཀུན་དུ་འདོད་ཆགས་པ་ཀུན་དུ་དཀྲིས་པ་དང༌། འདོད་ཆགས་པའི་འདོད་ཆགས་ཀྱིས་གཟིར་བ་ནི་ཆགས་པ་ཞེས་བྱའོ། །


DTG156_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཞེས་བྱ་བ་ནི་མིའོ། །ཆགས་པ་ཞེས་བྱ་བ་ནི་གོང་མ་དང་འདྲའོ། །ལྷན་ཅིག་ཅེས་བྱ་བ་ནི་ཕྲད་པར་བྱེད་པའོ། །པུས་མོ་ཡན་ཆད་མིག་མན་ཆད་ཅེས་བྱ་བ་ནི་གནས་བསྟན་པའོ། །མ་ནམས་ཀུན་དུམ་ནམས་ཞེས་བྱ་བ་ནི་ལུས་ཀྱིས་ལུས་ཕྲད་པའོ། །དགའ་བར་ཚོར་ཞེས་བྱ་བ་ནི་ཉམས་སུ་ལེན་པར་བྱེད་པའོ། །འདི་ཞེས་བྱ་བ་ནི་མངོན་པར་བསྟན་པའོ། །ཕམ་ཞེས་བྱ་བ་གནས་པར་མི་བྱ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མ་ཆགས་ལ་སྐྱེས་པ་ཆགས་པ་དང༌། དགེ་སློང་མ་ཆགས་ལ་སྐྱེས་པ་མ་ཆགས་པ་དང༌། དགེ་སློང་མ་མ་ཆགས་ལ་སྐྱེས་པ་ཆགས་པ་དང༌། དགེ་སློང་མ་མ་ཆགས་ལ་སྐྱེས་པ་མ་ཆགས་པས་ལྷན་ཅིག་ཏུ་བུས་མོ་ཡན་ཆད་མིག་མན་ཆད་ཀུན་དུ་རེག་པ་ལས་དགའ་བ་ཚོར་ན་དང་པོ་གཉིས་ནི་ཕམ་པར་གྱུར། གསུམ་པ་ནི་སྦོམ་པོར་འགྱུར་རོ། །ཐ་མ་ནི་ཉེས་བྱས་སོ། །ཉེས་པ་ནི་ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ནད་ཀྱིས་གཟིར་བ་རྣམས་ལ་ལྟུང་བ་མེད་དོ། །པུས་མོ་ཡན་ཆད་མིག་མན་ཆད་ཀུན་དུ་རེག་པ་ནི་གོང་མ་བཞིན་དུ་བཤད་དེ། ཁྱད་པར་ནི་སྔ་མ་གཉིས་ནི་སྦོམ་པོའོ། གསུམ་པ་ནི་སྦོམ་པོར་འགྱུར་རོ། །ཐ་མ་ནི་ཉེས་མེད་དོ། །ཡན་ལག་བཞིས་ཕམ་སྟེ། རེག་པ་དེ་སྐྱེས་པ་ཡང་ཡིན་དེ་ལ་ཡང་རེག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་གནས་ཀྱང་ཡིན་རེག་པ་བདག་གིས་བྱས་པའོ། །ཕས་ཕམ་པ་ལྔ་པ་རྫོགས་སོ།། །།སྤོས་འཚོང་ཁྱེའུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་སྟེ། ཆུང་མ་བླངས་ནས་རིང་པོ་མ་ལོན་པ་དེ་སྦོམ་དགའ་མོས་མཐོང་མ་ཐུག་ཏུ་ཆགས་པར་གྱུར་ཏེ། ཁྱེའུ་དེ་ལ་ཁྱོད་ཀྱིས་ཆུང་མ་བླངས་ནས་ཇི་སྲིད་ལོན། ཡིད་དུ་འོང་ངན་དེ་ཡང་ཁྱེད་ལ་དགའ་འམ། ཁྱོད་ཅི་སྙམ་བྱེད་ཅེས་དྲིས་པ་དང༌། འཕགས་མ་བདག་ཅག་ནི་ཁྱིམ་པ་ཁྱེད་ནི་རབ་ཏུ་བྱུང་ན་དེ་ལྟར་དྲིས་ཏེ་ཅི་རུང༌། སྦོམ་དགའ་མོས་ཅི་ཁྱོད་དང་ལྷན་ཅིག་ཏུ་མ་འོངས་སམ་ཞེས་སྨྲས་ཏེ། ཁྱོད་དགེ་སློང་མའི་དབྱར་མོ་ཁང་དུ་ཤོག་ཤིག་ཅེས་དུས་བཏབ་བོ། །དེས་འཕགས་མ་གཞན་དག་གིས་ཚོར་བར་


DTG156_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་བྱས་པ་དང་སྦོམ་དགའ་མོས་ཁྱོད་ལ་དྲིལ་གྱི་ཕྲེང་བ་བཏགས་སམ་ཞེས་སྨྲས་ནས། སྦོམ་དགའ་མོས་བསླུས་ཏེ་ཉི་མ་ནུས་པ་ནས་དེའི་གནས་སུ་འོངས་ཏེ་ཁྲིའི་འོག་ཏུ་སྦས་ཏེ་གཞག་གོ །སྦོམ་དགའ་མོས་སློབ་མ་དག་ལ་ཆོས་བསྟན་ནས་གནས་ཁང་དུ་ཞུགས་པ་དང༌། དེས་སྦོམ་དགའ་མོ་མཐོང་ནས་ལངས་པ་དང་མོས་དེ་མཐོང་ནས་རྐུན་པོ་ཞུགས་སོ་སྙམ་ནས་འཇིགས་པར་གྱུར་པ་དང༌། དེས་སྨྲས་པ་བདག་ཡིན་ཏེ་ཁྱེད་ཀྱིས་ཁྲིའི་འོག་ཏུ་སྦས་སོ། །སྤོས་འཚོང་གི་ཁྱེའུ་ཆགས་པས་སྦོམ་དགའ་མོ་བཟུང་ནས་ཁྲིའི་སྟེང་དུ་མནན་པ་ལས་སྤོམ་དགའ་མོས་བསམས་བ་བདག་གིས་དགེ་སློང་མ་དག་མ་ཉེས་པ་ཡང་ཚུལ་ཁྲིམས་ཀྱི་མཐུ་ཡིན་ན་ཚུལ་ཁྲིམས་ཞིག་ན་ཀུན་གྱིས་སྤངས་པར་འགྱུར་རོ་སྙམ་ནས་ཁྱེའུ་ལ་ཐོང་ཤིག་ཅེས་བྱས་པ་དང༌། །དེས་ཀྱང་བཏང་བ་དང་སྦོམ་དགའ་མོས་ཁྱེའུ་དེ་བྲང་དུ་རྡོག་པ་གཅིག་བསྣུན་པ་དང་ཁྲག་སྐུགས་སོ། །སྦོམ་དགའ་མོས་མྱུར་ཞིང་རིངས་པར་བྱུང་སྟེ། འཕགས་མ་རྣམས་བདུད་བཅོམ་མོ། །ཕམ་པར་བྱས་སོ་ཞེས་སྒྲ་ཕྱུང་བ་དང་དགེ་སློང་མ་དག་གིས་ཐོས་ནས་ཅི་ཁྱོད་ཀྱིས་དགྲ་བཅོམ་བ་མངོན་དུ་བྱས་སམ་མ་ཡིན་ནོ་ཞེས་སྨྲས་སོ།།འོ་ན་ཁྱོད་ཀྱིས་ཅི་བྱས་དྲིས་པ་དང༌། དེས་ཇི་ལྟ་བུར་གྱུར་པ་སྨྲས་པ་དང་དགེ་སློང་མ་དག་གིས་དེ་མཐོང་ནས་སྡིག་པ་ཅན་མི་མཛེས་པ་འདི་ལྟ་བུ་བྱས་ན་དེད་ལ་རྗེས་སུ་ཡི་རང་བར་བྱེད་དུ་བཅུ་གོ་ཞེས་འཕྱའོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་དག་སློང་མའི་དགེ་འདུན་བསྡུས་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་ཏུ་སྟེག་གམ་རྩེ་འམ། གད་རྒྱངས་བྱེད་དམ་ཙུམ་སླེད་བྱེད་དམ། སྙེགས་སམ་ལུས་ལ་འཚོག་ཅིང་དུས་མལ་དང་བརྡ་དང་མཚན་མ་བྱས་ཏེ། སྐྱེས་པ་འོང་བ་དང་འགྲོ་བ་དགའ་བ་ཚོར་ལ་གང་སྐྱེས་པ་དང་བུད་མེད་དང་མཐུན་པ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་ཏེ། །དགེ་སློང་མས་དངོས་པོ་བརྒྱད་ཀྱིས་གནས་དེ་ལྟ་བུ་བྱས་ན་དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱིས་ལྷན་ཅིག་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྤོམ་དགའ་མོ་སྟེ། དེ་དང་འདྲ་བ་གཞན་ཡང་ངོ༌། །ཆགས་པ་ཞེས་


DTG156_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གོང་མ་དང་འདྲའོ། །སྐྱེས་པ་ཞེས་བྱ་བ་ནི་སྔོས་འཚོང་བའི་ཁྱེའུ་འམ་གང་དེ་དང་འདྲ་བ་གཞན་ཡང་ངོ༌། །ཆགས་པར་གྱུར་ཅེས་བྱ་བ་ནི་འདོད་ཆགས་ཀྱིས་ཀུན་དུ་དཀྲིས་པའོ། །སྟེག་ཅེས་བྱ་བ་ནི་ཙུ་མ་སླེད་བྱེད་པའོ། །སྙེགས་ཞེས་བྱ་བ་ནི་རྩེའོ། །ལུས་ལ་འཚོག་ཅེས་བྱ་བ་ནི་གད་རྒྱངས་བྱེད་པའོ། །དུས་མལ་ཞེས་བྱ་བ་ནི་སྐྱེད་མོས་ཚལ་ལམ་དཔོང་ས་འམ། ལྷ་ཁང་ཆེ་གེ་མོ་ཞིག་ཅེས་བྱ་བའོ། །བརྡ་ཞེས་བྱ་བ་ནི་སྔ་དྲོའམ་ཉི་མའི་གུང་ངམ་ཕྱི་དྲོའོ། །མཚན་མ་ཞེས་བྱ་བ་ནི་བདག་སྐྲ་བྲེགས་ནས་རིང་པོ་མ་ལོན་པའམ། །སྦྱར་མ་དམར་སེར་རམ། ལྷུང་བཟེད་ཞ་ཉེས་གླན་པའམ་མར་རམ། འབྲུ་མར་རམ། བུ་རམ་གྱིས་གང་བ་གང་ཡང་རུང་སྟེ། དེ་ལྟ་བུ་མཐོང་བ་དེ་ན་དོན་གྲུབ་བོ་སྙམ་དུ་ཤེས་པར་བྱོས་ཤིག་པའོ། །སྐྱེས་པ་འོང་ངམ་འགྲོ་བར་ཚོར་ཞེས་བྱ་བ་ནི་ཉམས་སུ་མྱོང་བའོ། །གང་ན་སྐྱེས་པ་དང་བུད་མེད་མཐུན་པ་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ། །དེ་ལྟ་བུའི་ཕྱོགས་ཞེས་བྱ་བ་ནི་གནས་བསྒྱུར་དུ་མེད་པའོ། །ལུས་བཀན་ཞེས་བྱ་བ་ནི་ལུས་ཉིད་དོ། །དངོས་པོ་བརྒྱད་ཀྱིས་གནས་འདི་ལྟ་བུ་ཞེས་བྱ་བ་ནི་གང་གནས་བརྒྱད་པོ་བསྟན་པ་དེ་དག་གོ །ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཡིན་ཞེ་ན། དགེ་སློང་མ་ཆགས་པར་གྱུར་ལ་སྐྱེས་པ་ཆགས་པར་གྱུར་པ་དང༌། ལྷན་ཅིག་ཏུ་སྟེག་པ་དང༌། སྙེགས་པ་དང༌། ལུས་ལ་འཚོག་པ་དང༌། དུས་མལ་འདོར་བ་དང༌། བརྡ་དང་མཚན་མ་དང༌། སྐྱེས་པ་འོང་བ་འམ་འགྲོ་བ་ན་ཡང་དགའ་བར་ཚོར་ན་སྦོམ་པོ་རེ་རེ་སྟེ་བདུན་ནོ། །གང་ན་སྐྱེས་པའམ་བུད་མེད་མཐུན་པར་གྱུར་པ་བསྒྱུར་དུ་མེད་པའི་ཕྱོགས་དེར་ལུས་བཀན་ན་ཕམ་པར་འགྱུར་རོ། །ཡན་ལག་བརྒྱད་ཀྱིས་ཕམ་སྟེ། སྙེགས་པ་དང༌། ལུས་ལ་འཚོག་པ་དང༌། བསྟན་པ་ཁ་བརྡ་བྱེད་པ། མཚན་མ་བྱེད་པ། སྐྱེས་པ་འོང་བ་བདག་གིར་བྱེད་པ། འབྱུང་མི་ནུས་པའི་གནས་སུ་ལུས་པོར་བའོ། །ཕམ་པ་དྲུག་པ་རྫོགས་སོ།། །།མཛའ་ཅན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །ནམ་དགེ་སློང་མ་གྲོགས་མོས། ཚེ་དང་ལྡན་པ་གྱད་པ་བུ་ནོར་བདེན་པ་མ་ཡིན་པས་


DTG156_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་ཏེ། བདག་ཁས་འཆེ་བ་ལས་དགེ་སློང་མ་རྣམས་ཀྱིས་བསྐྲད་པ་ན་བབས་ཏེ་ཁྱིམ་པར་གནས་ཤིང་འདུག་གོ །དེའི་ནུ་མོ་གྲོགས་མོ་ཅན་ཞེས་བྱ་བས་དགེ་སློང་མ་འཁོར་དང་བཅས་པ་འཁོད་པར་མཐོང་བ་དང་གལ་ཏེ་བདག་གི་ཕུ་ནུ་མོ་བབས་བར་མ་གྱུར་ན་དེ་ཡང་འདི་ལྟ་བུར་འཁོར་དང་བཅས་པར་འགྱུར་བ་ཞིག་ཅེས་སྨྲས་པ་དང༌། དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་དགེ་སློང་མ་མ་རུང་བར་གྱུར་པ་དེའི་མིང་ཕྱུང་སྟེ་ཅི་བྱ་ཞེས་སྨྲས་པ་དང༌། དེས་སྨྲས་པ་གྱད་བུ་ནོར་ལ་སྐུར་པ་འདེབས་པའི་སྡུན་ལོགས་སུ་ཕས་ཕམ་པའི་ལྟུང་བ་བྱུང་བ་ཁོ་མོས་ཤེས་སོ། །འོན་ཀྱང་མཉེན་སྡུག་བས་ན་མ་བཟླས་སོ་ཞེས་སྨྲས་པ་དང༌། དགེ་སློང་མ་དག་གིས་ཁ་ན་མ་ཐོ་བ་ཤེས་བཞིན་དུ་འཆབ་བམ་ཞེས་སྨྲས་པ་དང༌། དེས་སྨྲས་པ་བདག་ན་དེ་གྲའི་ཁ་ན་མ་ཐོ་བ་ཡང་མི་ཟློས་ན་གཉེན་པ་རྣམས་ལྟ་ཅི་སྨོས། ཁྱེད་དེ་ལྟར་བྱེད་དུ་རུང་ངམ་མི་རུང་ཡང་སླ་སྟེ། བདག་གིས་ནི་བྱས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་མ་རྣམས་ལ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་དགེ་སློང་མ་ཕས་ཕམ་པའི་ལྟུང་བ་བྱུང་བར་སྔ་ནས་ཤེས་ལ་བབས་ནས་དེ་ནས་ཤི་འཕོས་སམ། ཤིའམ། ལྟུང་ངམ། །གཞན་གྱི་ཡུལ་འཁོར་རམ། ཡུལ་གཞན་དུ་བྲོས་པར་གྱུར་པ་དེའི་འོག་ཏུ་འཕགས་མ་དག་བདག་གིས་ནི་ཅི་ལྟར་དགེ་སློང་མ་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་སྔ་ནས་ཤེས་སོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་ཁ་ན་མ་ཐོ་བ་འཆབ་པའི་གནས་འདི་ལྟ་བུ་རྣམ་པ་བྱེད་པའི་དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱི་ལྷན་ཅིག་གནས་པར་མི་བྱའོ། །གང་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གྲོགས་མོ་ཅན་ནམ་གང་དེ་དང་འདྲ་བ་གཞན་ཡང་ངོ༌། །ཤེས་སོ་ཞེས་བྱ་བ་ནི་བདག་གིས་མཐོང་ངམ་གཞན་གྱིས་དེ་ལ་སྨྲས་པར་གྱུར་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་གནས་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་བརྒྱད་ལས་གང་ཡང་རུང་ངོ༌། །བཅབས་ཞེས་བྱ་བ་ནི་བརྣགས་པའོ། །ནམ་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་གནས་པའོ། །བྲལ་ལམ་ཞེས་བྱ་བ་ནི་ཆོས་དང་འདུལ་བ་འདི་ལས་སོ། །ཤི་འམ་ཞེས་བྱ་བ་ནི་དེའི་ཚེ་འཚོ་བའི་དབང་པོ་


DTG156_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པར་གྱུར་པའོ། །ལྟུང་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་བསྟན་པ་ལ་གནས་པར་གྱུར་པའོ། །བྲོས་ཞེས་བྱ་བ་ནི་ཡུལ་བོར་ནས་སོང་བར་གྱུར་པའོ། །དེ་ལ་དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་གནས་པའི་རྣམས་ལའོ། །འཕགས་མ་བདག་གིས་ནི་སྔ་ནས་ཤེས་སོ་ཞེས་བྱ་བ་ནི་བདག་གིས་ཐམས་ཅད་སྔ་ནས་ཤེས་ཀྱི་ཁྱོད་ཀྱིས་ནི་ཕྱིས་ཤེས་སོ་ཞེས་བསྒོ་བའི་ཚིག་གོ །ཅི་ལྟར་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་གྲོགས་མོའོ། །ཕས་ཕམ་ཞེས་བྱ་བ་ནི་བརྒྱད་ལས་གང་ཡང་རུང་ངོ༌། །འདི་སྐད་ཟེར་ན་ཞེས་བྱ་བ་ནི་སྨྲ་བའོ། །ཁ་ན་མ་ཐོ་བ་བཅས་པ་ཞེས་བྱ་བ་ནི་སྡིག་པ་རྣམས་སོ། །གནས་འདི་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུར་གྱུར་པའོ། །ཕས་ཕམ་པ་ཞེས་བྱ་བ་དང་གནས་པར་མི་བྱ་བ་ནི་གོང་མ་དང་འདྲ་བ་ནས་འདིར་ཡང་མ་བཤད་དོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ཁ་ན་མ་ཐོ་བ་དེ་ལྟ་བུ་དགེ་སློང་མའི་ཕམ་པ་བརྒྱད་པོ་དེ་ཅི་ཙམ་དུ་ཆུང་ཟད་ཅིག་བཅབས་ན་ཕམ་པར་འགྱུར་རོ། །ཡན་ལག་ལྔས་ཕམ་སྟེ་ཕ་རོལ་དགེ་སློང་མ་ཡང་ཡིན། ཕམ་པ་ཡང་བྱུང༌། བདག་གིས་ཀྱང་ཤེས། གཞན་ལ་ཡང་མ་སྨྲས། བཅབ་པའི་སེམས་ཀྱང་ཡོད་པའོ། །དགེ་སློང་མའི་ཕས་ཕམ་པ་བདུན་པ་རྫོགས་སོ།། །།གྲེ་ལས་སྐྱེས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གྲེ་ལས་སྐྱེས་མཉམ་དུ་ཡོད་པ་ན་འདུག་སྟེ། དེ་དགེ་སློང་མ་དང་འདྲེས་པར་གནས་སོ། །གལ་ཏེ་གྲེ་ལས་སྐྱེས་ཀྱི་མདུན་དུ་འགའ་ཞིག་གིས་དགེ་སློང་མའི་ཉེས་པ་བརྗོད་ན་དེ་ཡང་ཁྲོ་ཞིང་ངན་དུ་སེམས་ནས། སྤྱི་བོ་སྨད་ནས་འདུག་སྟེ། མི་དགའ་ཞིང་དགེ་སློང་གི་དགེ་འདུན་ལ་ཡང་རྩོད་པར་བྱེད་དོ། །གྲེ་ལས་སྐྱེས་ལ་འགའ་ཞིག་གིས་ཉེས་པ་བརྗོད་ན་དགེ་སློང་མ་དག་ཀྱང་དེ་བཞིན་དུ་ཁྲོ་བར་གྱུར་པ་ནས་དགེ་སློང་མའི་དགེ་འདུན་རྣམས་ལ་ཡང་རྩོད་པར་བྱེད་དོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་གསོལ་བ་དང༌། གྲེ་ལས་སྐྱེས་སྤང་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །གང་དེ་དང་འདྲ་བ་གཞན་ཡང་ངོ༌། །དེ་ཡང་འདི་ལྟར་བྱ་སྟེ། དགེ་འདུན་ཐམས་ཅད་འདུས་པ་དང་གླེངས་ལ་


DTG156_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པར་བྱ་སྟེ། དངོས་པོར་བཅས་པ་ཉིད་ཁས་ལེན་དུ་ཆུག་ལ། གསོལ་བ་དང་བཞིའི་ལས་ཀྱིས་སྤང་བའི་ལས་གྱིས་ཤིག་ཅེས་བཀའ་སྩལ་ཏེ། དགེ་འདུན་གྱིས་གང་ལ་སྤང་བའི་ལས་བྱས་པར་གྱུར་པ་དེ་ལ་དགེ་སློང་མ་དག་གིས་གཏམ་དང་ཕྱག་མ་བྱེད་ཅིག །དེ་མཐོང་མ་ཐག་ཏུ་དགེ་སློང་མ་སྟན་ལས་ལང་པར་བྱ་བ་མ་གཏོགས་སོ། །དེ་ལྟར་གྱུར་པ་སྐྱེ་དགུའི་བདག་མོ་ཆེན་མོས་མཐོང་ནས་དགེ་སློང་མ་དག་གྲེ་ལས་སྐྱེས་ལ་ཕྱག་བྱ་བར་མི་འོས་པའི་སྔོམ་པ་གསོལ་བ་དང་བཞིའི་ལས་ཀྱིས་སྔོམ་པ་བྱིན་ཅིག་ཅེས་སྨྲས་ནས། དགེ་སློང་གང་ལ་དགེ་སློང་གི་དགེ་འདུན་གྱིས་སྤང་བའི་ལས་བྱས་པར་གྱུར་ཏེ། དེ་ལ་དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་མི་བྱ་བའི་སྡོམ་པ་བྱིན་པར་གྱུར་པ་དང༌། དེ་ལ་དགེ་སློང་མ་དག་གིས་གཏམ་དང་ཕྱག་མ་བྱེད་ཅིག་མཐོང་ནས་ལྡང་བ་ནི་མ་གཏོགས་སོ། །དེ་ནས་གྲེ་ལས་སྐྱེས་དགེ་འདུན་གྱིས་སྤངས་པ་དང༌། དགེ་སློང་མའི་གན་དུ་འོངས་ནས་གཏམ་དང་ཀུན་དུ་གཏམ་ཟེར་བ་དང༌། ལྟ་བར་མི་བྱེད་སྟན་ལས་ལངས་ཏེ་འཁོད་དོ། །གྲེ་ལས་སྐྱེས་ཀྱིས་སྨྲས་པ་དགེ་སློང་གང་གི་དགེ་འདུན་ལ་བདག་གིས་ཉེས་པ་བྱས་པས་ན་དགེ་འདུན་གྱིས་སྤངས་པར་ནི་རིགས་ན། དགེ་སློང་མ་རྣམས་ལ་བདག་གིས་ཉེས་པ་ཅི་བྱས་ན་བདག་ལ་མི་སྨྲ་ཞིང་ཕྱག་མི་བྱེད་ཅེས་སྨྲས་པ་དང༌། སྐྱེ་དགུའི་བདག་མོས་གཞན་ལ་སྨྲ་བ་ལྟར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་བདག་ཅག་གི་སྟོན་པ་དགེ་འདུན་ནི་བདག་ཅག་གི་རྟེན་ཏེ། དགེ་འདུན་ལ་ཉེས་པ་བྱེད་པ་དེ་བདག་ཅག་ལ་ཡང་ཉེས་པ་བྱེད་པ་སྟེ། རིགས་དམན་པ་ལས་རབ་ཏུ་བྱུང་བས་ཀྱང་སྟོན་མཉེས་པར་བྱེད་ན། གྲེ་ལས་སྐྱེས་ཤཱ་ཀྱའི་རིགས་ལས་རབ་ཏུ་བྱུང་བས་ཅིའི་ཕྱིར་མཉེས་པར་མི་བྱེད། དགེ་སློང་མ་དག་གིས་ཁྱོད་ལ་ཕྱག་མི་བྱ་བའི་སྡོམ་པ་བཅས་ཀྱིས་སོང་ལ་དགེ་འདུན་ལ་བཟོད་པར་གྱིས་ཤིག་ཅེས་བྱ་བ་དང༌། དེས་ཀྱང་བཟོད་པ་གསོལ་དུ་འགྲོའོ་སྙམ་དུ་སོང་བ་ལས་ལམ་གྱི་བར་དུ་སྦོམ་དགའ་མོས་མཐོང་སྟེ་འཕགས་པ་ཕྱག་འཚལ་ལོ་གར་བཞུད་ཅེས་སྨྲས་པ་དང༌། དེས་ཀྱང་བཟོད་པར་གསོལ་དུ་འགྲོ་ཞེས་བྱས་པ་དང་སྦོམ་དགའ་མོས་སྨྲས་པ། འཕགས་པ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ན་ད་ནི་རིགས་ཐ་དད་རུས་ཐ་དད་ལས་རབ་


DTG156_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བ་རྣམས་ཀྱིས་རྐང་པ་ལ་འདྲེ་བ་མི་བཟང་ངོ༌། །གྲེ་ལས་སྐྱེས་ཀྱིས་སྨྲས་པ་སྲིད་མོ་དགེ་འདུན་གྱིས་སྤངས་པའི་ལས་བྱས་དགེ་སློང་མ་དག་གིས་ཕྱག་མི་བྱ་བའི་སྡོམ་པ་ཕྱིན་ན་ཅི་ལྟར་བྱ། སྦོམ་དགའ་མོས་སྨྲས་པ་དེ་དག་ཡུལ་ཐམས་ཅད་ནས་སྤངས་པར་གྱུར་ཅིག །ཁྱོད་དགེ་འདུན་ལས་སྤུ་བསྙལ་ཞིང་འབྱུང་བ་དང་ཉེས་པ་འདོར་བར་མ་གསོལ་ཅིག །བདག་གིས་ཁྱོད་ལ་དགེ་སྦྱོང་གི་ཡོ་བྱད་དང་འཚོ་བའི་ལོངས་སྤྱོད་ཀྱིས་བསྙེན་བཀུར་བྱ་ཞེས་སྨྲས་པ་དང༌། གྲེ་ལས་སྐྱེས་ཀྱང་འདུག་གོ །དེ་ལྟར་གྱུར་པ་སྔ་མ་བཞིན་དུ་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ་དགེ་སློང་མ་ཁྱོད་ཀྱིས་སྦོམ་དགའ་མོ་ལ་ཚིག་འཇམ་པོས་བསྒོ་ཤིག །དགེ་སློང་མ་དག་གིས་དེ་བཞིན་དུ་བསྒོ་ན། འདི་ཉིད་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ང་རྒྱལ་བཟུང་སྟེ། མ་མཉན་པ་དང༌། དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཤིག་དེ་དང་འདྲ་བ་གཞན་ཡང་ངོ༌། །དགེ་སློང་མ་དག་གིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་ཡང་འདི་ཉིད་བདེན་པའོ། །གཞན་ནི་གཏི་མུག་གོ་ཞེས་ཏེ། དེ་ཉིད་ལ་མཐུ་བསྐྱེད་ཅིང་སྙེམ་ཞིང་མངོན་དུ་བཟུང་སྟེ་སྤྱད་པ་དང་དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས། སྟོན་པས་སྦོམ་དགའ་མོ་ལ་ཁྱོད་སྤངས་པའི་རྗེས་སུ་ཕྱོགས་པ་བདེན་ནམ། བཙུན་པ་མད་དོ་ཞེས་གསོལ་ནས་ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གིས་དགེ་སློང་གང་དགེ་འདུན་གྱིས་སྤང་པའི་ལས་བྱས་པར་གྱུར་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་དེ་ལ་ཕྱག་བྱ་བར་མི་འོས་པའི་སྡོམ་པ་ཕྱིན་པར་དགེ་སློང་དེའི་སྐྲ་ལོང་ལོང་པོ་རྡུད་རྡུད་པོར་གྱུར། སྤུ་སྙོལ་བར་བྱེད་འབྱུང་བར་བྱེད་ཕྱག་འཚལ་བར་སྟོན་པ་མཚམས་ཀྱི་ནང་དུ་འདུག་སྟེ་གཡོ་འདོར་བར་གསོལ་བ་འདེབས་པར་ཤེས་བཞིན་དུ་དེའི་གན་དུ་སོང་ནས་འཕགས་པ་ཁྱོད་སྐྲ་ལོང་ལོང་རྡུད་རྡུད་པོར་གྱུར་ཏེ། དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བྱེད་ཅིག །ཕྱག་འཚལ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་གཡོ་འདོར་བར་གསོལ་བ་མ་འདེབས་ཤིག །འཕགས་པ་ཁྱོད་ལ་བདག་


DTG156_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷུང་བཟེད་དང་ཆོས་གོས་དང་ལྷུང་བཟེད་ཀྱི་སྣོད་དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། སྟོན་པ་དང༌། ཀློག་པ་དང༌། ཁ་ཏོན་བྱ་བ་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བས་བསྙེན་བཀུར་བྱའོ། །འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་བྲེལ་བར་མི་བྱའོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་ཡང་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་ཀྱིས་དགེ་སློང་དང་དགེ་འདུན་མཐུན་པས་སྤངས་པའི་ལས་བྱས་པར་གྱུར། དགེ་སློང་མའི་དགེ་འདུན་གྱིས་ཀྱང་དེ་ལ་ཕྱག་བྱ་བར་མི་འོས་པའི་སྡོམ་པ་བྱིན་པར་ཤེས་བཞིན་དུ་དགེ་སློང་དེའི་སྐྲ་ལོང་ལོང་པོ་དང༌། རྡུད་རྡུད་པོར་གྱུར་ནས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བྱེད། ཕྱག་འཚལ་བར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་གཡོ་འདོར་བར་གསོལ་བ་འདེབས་པ་འཕགས་མ་ཁྱོད་སྐྲ་ལོང་ལོང་རྡུད་རྡུད་པོར་གྱུར་ཏེ། དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བྱེད། ཕྱག་འཚལ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་འདོར་བར་གསོལ་བ་མ་འདེབས་ཤིག །བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང༌། ཆོས་གོས་དང༌། ལྷུང་བཟེད་ཀྱི་སྣོད་དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། བཀླག་པ་དང༌། ཁ་ཏོན་བྱ་བ་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བས་བསྙེན་བཀུར་བྱའོ། །འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་སྤངས་པའི་རྗེས་སུ་ཕྱོགས་པའི་གནས་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས་གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་ན་ནི་ལེགས་གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དགེ་སློང་མ་སྤངས་པའི་རྗེས་སུ་ཕྱོགས་པའི་གནས་དེ་ལྟ་བུ་བྱེད་པའི་དགེ་སློང་མ་དེ་ཡང་ཕས་ཕམ་པ་ཡིན་གྱིས་ལྷན་ཅིག་ཏུ་གནས་པར་མི་


DTG156_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་སྟེ། དེ་དང་འདྲ་བ་ཡང་གཞན་ཡང་ངོ༌། །དགེ་སློང་གང་ལ་ཞེས་བྱ་བ་ནི་གྲེ་ལས་སྐྱེས་ལའོ། །དགེ་སློང་གི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིས་སོ། །སྤང་པའི་ལས་བྱས་པར་གྱུར་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ། དེ་ལ་ཞེས་བྱ་བ་ནི་དགེ་སློང་གྲེ་ལས་སྐྱེས་ལའོ། །ཕྱག་བྱ་བར་མི་འོས་པའི་སྡོམ་པ་བྱིན་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །སྐྲ་ལོང་ལོང་པོ་དང་རྡུད་རྡུད་པོ་ཞེས་བྱ་བ་ནི་བག་འཆུམས་ཞེས་བྱེད་པ་དང༌། སེམས་ཡང་ཞེས་བྱེད་པའོ། །སྤུ་སྙོལ་བར་བྱེད་ཅེས་བྱ་བ་ནི་རྩ་བཏིང་བ་བཞིན་དུ་བྱེད་པའོ། །འབྱུང་བར་བྱེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་འབྱུང་བ་ཡིན་གྱི་མི་འབྱུང་བ་མ་ཡིན་བར་སྟོན་ཞེས་བྱ་བ་ནི་ཚིག་སྙན་པ་དང་ཕྱག་བྱེད་པ་དང་ཐལ་མོ་སྦྱར་བའོ། །མཚམས་ཀྱི་ནང་ན་འདུག་སྟེ་གཡོ་འདོར་བར་གསོལ་བ་འདེབས་ཞེས་བྱ་བ་ནི་མཚམས་ཀྱི་ནང་ནི་གང་ན་མཚམས་བཅད་པའི་གནས་སོ། །སྡིག་པའི་ལས་ངན་པར་སྤྱོད་པ་སྤོང་ཞིང་ཕྱིན་ཆད་དེ་ལྟ་བུ་མི་བྱེད་པར་གསོལ་བ་འདེབས་པ་ནི་གཡོ་འདོར་བར་གསོལ་བ་འདེབས་པ་ཞེས་བྱའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་པའམ་གཞན་གྱིས་དེ་ལ་བསྒོ་བར་གྱུར་པའོ། །འཕགས་པ་ཁྱོད་ཅེས་བྱ་བ་ནི་ཞེ་སའི་ཚིག་གོ །སྐྲ་ལོང་ལོང་པོ་དང་རྡུད་རྡུད་པོར་གྱུར་ཏེ་དགེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལའོ། །སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བྱེད་ཅིག །ཕྱག་འཚལ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་གཡོ་འདོར་བར་གསོལ་བ་མ་འདེབས་ཤིག་ཅེས་བྱ་བ་ནི་སླར་བཟློག་པའོ། །འཕགས་པ་ཁྱོད་ལ་བདག་གི་ལྷུང་བཟེད་དམ་ཞེས་བྱ་བ་ནི་ལྕགས་སམ་སའི་ལྷུང་བཟེད་སྦྱིན་ནོ་ཞེས་ཟེར་བའོ། །ཆོས་གོས་ཞེས་བྱ་བ་ནི་བལ་ལ་སོགས་པ་རྣམ་བདུན་ལས་གང་ཡང་རུང་ངོ༌། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དོ། །ཕོར་བུ་ཞེས་བྱ་བ་ནི་ལྷུང་བཟེད་ཆུང་དུའོ། །སྐ་རག་ཅེས་བྱ་བ་ནི་རྒྱ་ཅང་ངམ་ལྕགས་པོད་དམ་ལྷས་


DTG156_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །སྟོན་པ་ཞེས་བྱ་བ་ནི་ཀློག་པའི་ཟུར་ཕྱིན་པའོ། །ཀློག་པ་ཞེས་བྱ་བ་ནི་ཀློག་པ་ཉིད་དོ། །ཁ་ཏོན་ཞེས་བྱ་བ་ནི་འདོན་དུ་འཇུག་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ངོ༌། །བསྙེན་བཀུར་བྱའོ་ཞེས་བྱ་བ་ནི་སྟོབས་པའོ། །ཅི་དང་ཅིས་བྲེལ་བར་མ་གྱུར་པ་དེ་དང་དེས་མི་བྲེལ་བར་བྱའོ་ཞེས་བྱ་བ་ནི་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཚིག་འཇམ་པོ་ལ་སོགས་པས་བསྒོ་བར་བྱ་བ་ཡང་གོང་མ་དང་འདྲའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་དགེ་སློང་གང་ལ་ལ་སྤང་བའི་ལས་བྱས་པ་དེ་ལ་ཡོ་བྱད་ཀྱིས་བསྙེན་བཀུར་བྱེད་ཅིང་སྤངས་པའི་རྗེས་སུ་ཕྱོགས་ན་ཉེས་བྱས་སོ། །ཚིག་འཇམ་པོས་བསྒོ་བའི་ཚེ་མི་གཏོང་ན་སྦོམ་པོ་གཅིག །གསོལ་བ་བྱེད་པའི་ཚེ་མི་གཏོང་ན་སྦོམ་པོ་གཉིས། ལས་དང་པོ་པའི་ཚེ་མི་གཏོང་ན་སྦོམ་པོ་གསུམ། ལས་གཉིས་པའི་ཚེ་མི་གཏོང་ན་སྦོམ་པོ་བཞི། ལས་གསུམ་པ་མ་རྫོགས་པར་དངོས་པོ་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་ཕས་ཕམ་པར་འགྱུར་རོ། །ཡན་ལག་བརྒྱད་དང་ལྡན་ན་ཕས་ཕམ་པར་འགྱུར་ཏེ། སྤངས་པ་དེ་དགེ་སློང་ཡང་ཡིན། དགེ་འདུན་རྣམས་ཀྱང་དེ་ལ་ཕྱག་མི་བྱ་བའི་སྡོམ་པ་ཡང་བཅས་དེ་ཡང་འདུ་ཤེས། དགེ་སློང་དེ་དགེ་འདུན་ལ་འབྱུང་བར་གསོལ་ཞིང་བཟོད་པ་གསོལ་བར་འདོད་པ་ཡང་ཡིན། འབྱུང་བ་མ་གསོལ་ཅིག་ཅེས་ཀྱང་བྱས། དགེ་འདུན་མས་ཀྱང་དེ་ལ་དེ་ལྟར་མ་བྱེད་ཅིག་གེས་བསྒོ། དེས་དགེ་འདུན་གྱིས་བཀའ་ཡང་བཅག །ལས་གསུམ་རྫོགས་པ་དང་བརྒྱད་དོ། །ཕས་ཕམ་པ་བརྒྱད་པ་རྫོགས་སོ།། །།འཕགས་མ་དག་བདག་གིས་ཕས་ཕམ་པའི་ཆོས་བརྒྱ་པོ་དག་བཤད་ཟིན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་ཞིང་ཉན་པའི་འཁོར་རྣམས་སྥྲོ་བ་བསྐྱེད་པའོ། །དགེ་སློང་མས་ཉེས་པ་དེ་དག་ལས་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བ་ཕྱིས་ཀྱང་དེ་བཞིན་ཕས་ཕམ་པ་ཡིན་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་གནས་ཤིང་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ་ཞེས་བྱ་བ་ལ་ཉེས་པ་དེ་


DTG156_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་གང་ཡང་རུང་བ་ཞེས་བྱ་བ་ནི་ཕས་ཕམ་པ་བརྒྱད་ལས་གང་ཡང་རུང་བ་ཞིག་བྱས་པའོ། །ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཞེས་བྱ་བ་ནི་ཕས་ཕམ་པ་བརྒྱད་ལས་གང་ཡང་རུང་བ་ཞིག་བྱས་ན་ཇི་ལྟར་སྔོན་རབ་ཏུ་མ་བྱུང་ཞིང་བསྙེན་པར་མ་རྫོགས་པའི་ཚེ་ཁྱིམ་པ་ཡིན་པ་དེ་བཞིན་དུ། ང་ཡང་སྔོན་བཞིན་དུ་ཁྱིམ་པ་ཡིན་ནོ་ཞེས་བསྟན་པའོ། །ཁ་ཅིག་ན་རེ་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྟོན་པ་འཇིག་རྟེན་ན་བཞུགས་པའི་ཚེ། བརྒྱད་པོ་དེ་དག་ལས་གང་ཡང་རུང་བ་ཞིག་བྱས་ན་ཕས་ཕམ་པར་གསུངས་པ་དེ་དེ་བཞིན་དུ་མ་འོངས་པའི་དུས་ན་བྱས་པ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་དེ་སྐད་བསྟན་པ་ཡིན་ནོ་ཞེའོ། །ཡོངས་སུ་དག་པ་འདྲི་བ་ནི་གླེང་གཞིའི་སྐབས་སུ་བཤད་པ་དང་འདྲ་བས་འདིར་ཡང་བཤད་པ་མ་བྱས་སོ། །ལྟུང་བའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བ་ལ་རྣམ་པ་སྔར་ཕྱེ་བའི་དང་པོ་སྟེ། ཕས་ཕམ་པའི་སྡེ་བཤད་པ་རྣམས་རྫོགས་སོ།། །།ད་འདིར་ནི་ལྟུང་བའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བ་ལ་རྣམ་པ་ལྔར་ཕྱེ་བའི་རྣམ་པ་གཉིས་ཏེ། དགེ་འདུན་ལྷག་མའི་སྡེ་ཞེས་བྱ་བ་བསྟན་པའི་ཕྱིར། དགེ་སློང་མའི་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་སྟེ། མདོར་ན། སྨྱན་དང་རྩ་བ་མེད་པ་དང༌། །གསུམ་པོ་བག་ཙམ་ཡོད་པ་དང༌། །བཞི་པོ་དེ་ནི་ཆུང་ཟད་ཡིན། །ལྔ་པོ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་པར་ལམ་དག་དང༌། །ཀླུང་གི་ཕ་རོལ་བཏང་བ་དང༌། །ཤི་བའི་ཆགས་པ་ལེན་པ་དང༌། །དགེ་སློང་མ་ཡི་བཟོད་བྱེད་དང༌། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །དད་པ་ཞེ་སྡང་འཇིགས་པ་དང༌།། གཉིས་པོ་འདུས་པས་སྦྱོར་བ་དང༌། །དེ་ཡི་རྗེས་སུ་ཕྱོགས་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བཅུ་གཉིས་སྡེ་མོ་དག་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་སྨྱན་བྱེད་པར་ཞུགས་པ་དང༌། བྲམ་ཟེ་དང༌། ཁྱིམ་བདག་རྣམས་ཀྱིས་དགེ་སྦྱོང་མ་འདིས་ནི་སྐྱོ་མི་ཤེས་ཏེ། བུད་མེད་ལ་སྐྱེས་བའི་ཚིག་གིས་སྨྱན་བྱེད་བྲམ་ཟེ་དང་ཁྱིམ་བདག་གི་བུད་མེད་ཀྱང་དེ་ལྟར་སྨྱན་བྱེད་ན། དེ་དག་བྲམ་ཟེ་དང་ཁྱིམ་བདག་གི་བུད་མེད་རྣམས་དང་ཁྱད་ཅི་ཡོད། དེ་དག་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་སྤྲོ་ཞེས་སྨོད་ཅིང་


DTG156_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྙེན་པར་འཛེར་ཏོ། །དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་བ་དང༌། བཀའ་སྩལ་པ། བཅུ་གཉིས་སྡེ་ལ་ཁྱོད་ཀྱིས་སྨྱན་བྱས་པ་བདེན་ནམ། བཙུན་པ་མད་དོ་ཞེས་གསོལ་ནས། རྣམ་གྲངས་དུ་མས་སྨད་དེ། ཉན་ཐོས་མ་རྣམས་ཀྱི་ཕྱིར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་འམ་མཛའ་ན་མོར་སྨྱན་བྱེད་ན་ཐ་ན་སྐད་ཅིག་པ་དེ་ཉིད་ཀྱང་རུང་སྟེ། ཆོས་འདི་ནི་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་འབྱུང་བར་བྱས་ཏེ་དགེ་འདུན་གྱི་ལྷག་མའོ། །ངེས་པ་ནི་རྣམ་པ་གསུམ་སྟེ། བདག་པོ་ངེས་པ་དང༌། དངོས་པོ་ངེས་པ་དང༌། དུས་ངེས་པའོ། །དེ་ལ་བདག་པོ་ངེས་པ་ནི་གཅིག་ལ་གཅིག་འཕྲིན་སྐྱེལ་བའོ། །དངོས་པོ་ངེས་པ་ནི་སྐྱེས་པ་དང་བུད་མེད་དོ། །དུས་ངེས་པ་ན་ཐི་ན་སྐད་ཅིག་ཕྲད་པའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་སྟེ། དེ་དང་འདྲ་བ་གཞན་ཡང་ངོ། །བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཅེས་བྱ་བ་ནི་གཅིག་ལ་དུས་འཕྲིན་སྐྱེ་ལ་ཞིང་དུས་འདེབས་པའོ། །ཆུང་མ་འམ་མཛའ་ན་མོ་ཞེས་བྱ་བ་ནི་ཆུང་མ་བདུན་དང་མཛའ་ན་མོ་བཅུའོ། །ཆུང་མ་བདུན་གང་ཞེ་ན་འདི་ལྟ་སྟེ། ཆུ་ལས་བྱིན་པ་དང༌། ནོར་གྱིས་ཉོས་པ་དང། རྒྱལ་མཚན་གྱིས་འཕྲོགས་པ་དང༌། དགའ་བས་གནས་པ་དང༌། དགབ་པས་གནས་པ་དང༌། མཉམ་དུ་འཚོ་བ་དང༌། དེའི་སྐད་ཅིག་པའོ། །མཛའ་ན་མོ་བཅུ་ལ་ཕ་དང་མ་དང༌། མིང་པོ་དང༌། ཕུ་ནུ་མོ་དང༌། སྒྱུག་མོ་དང༌། གཡོས་པོ་དང༌། གཉེན་དང་རིགས་དང༌། རུས་ཀྱིས་བསྲུངས་པ་དང༌། འཁྲུགས་པ་མེད་པ་ཅན་དང་བཅུའོ། །མས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་གཞོན་ནུ་མ་གང་ཁྱིམ་ཐབ་དུས་ལས་འདས་སམ། སྨྱོས་སམ། སེམས་འཁྲུགས་སམ། དགྲའི་ཡུལ་ལམ། གཞན་དུ་བྲོས་བར་གྱུར་ནས་དེ་མའི་དྲུང་ན་གནས་ཏེ། དེ་ལ་གཞན་ཞུགས་ཀྱིས་དོགས་པའི་ཕྱིར་བསྲུངས་ཤིན་ཏུ་བསྲུངས་སྦས། ཤིན་ཏུ་སྦས་པའོ། །མིང་པོས་བསྲུངས་པའི་བར་དུ་སྔ་མ་བཞིན་ནོ། །སྒྱུག་མོ་དང༌། གཡོས་པོས་བསྲུངས་པ་ནི་ཕ་མ་དང་ཁྱིམ་ཐབ་དུས་ལས་འདས་པ་ཡང་སྔ་མ་བཞིན་ནོ། །གཉེན་གྱིས་བསྲུངས་པ་ནི་


DTG156_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རབས་བདུན་ཚུན་ཆད་ཀྱི་རིགས་སུ་གནས་པ་ནི་གཉེན་ནོ། །དེ་ཕན་ཆད་ནི་གཉེན་མ་ཡིན་ནོ། །རིགས་ཀྱིས་བསྲུངས་པ་ནི་རིགས་རྣམ་པ་བཞིའོ། །རུས་ཀྱིས་བསྲུངས་པ་ནི་ཀཽ་སྱ་དང༌། བད་སྱ་དང༌། གཽ་ཏ་མ་ལ་སོགས་ཏེ། ཕ་མ་དང༌། ཁྱིམ་ཐབ་དུས་འདས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འཁྲུལ་པ་མེད་པ་ནི་མུ་སྟེགས་ཅན་གྱི་དགེ་སྦྱོང་ངམ་ཁྱིམ་ཐབ་གཅིག་ལས་གཞན་མི་ཚོལ་བ་འམ་མུ་སྟེགས་ཀྱི་དགེ་བསྙེན་ཡང་རུང་བའོ། །ཆོས་ཞེས་བྱ་བ་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་སོ། །ཐོག་མ་ཉིད་ཀྱི་ལྟུང་བར་འགྱུར་ཞེས་བྱ་བ་ནི་བྱས་མ་ཐག་ཏུའོ། །དབྱུང་བར་བྱ་བ་ནི་འབྱུང་བར་བྱེད་པའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་གྱི་དབང་དུ་གྱུར་དགེ་འདུན་ལ་རག་ལས་དགེ་འདུན་གྱི་དབང་བྱ་བ་སྟེ། ལྟུང་བ་འདི་ལ་དགེ་འདུན་གྱིས་དབྱུང་བར་འགྱུར་གྱི་གང་ཟག་མ་ཡིན་ཞིང་པས་ཕམ་པ་བརྒྱད་ནི་ལྷག་མ་མ་ལུས། འདི་ནི་དགེ་འདུན་གྱིས་གསོ་བའི་ལྷག་མ་ལུས་པའི་ཕྱིར་དགེ་འདུན་གྱི་ལྷག་མའོ། །དེ་ལ་ལྟུང་བ་གང་ཞེ་ན་བདག་ཉིད་ཀྱིས་འཕྲིན་བླངས་ལ་བདག་ཉིད་ཀྱིས་བཟླུགས་པ། བདག་ཉིད་ཀྱིས་བསྐྱལ་བའམ། དགེ་སློང་མ་བདག་ཉིད་ཀྱིས་འཕྲིན་བླངས། འཕྲིན་པ་ལ་བཟླུགས། འཕྲིན་པ་ལ་བསྐྱལ་བ་འམ། འཕྲིན་པ་འབའ་ཞིག་ལས་གོང་མ་བཞིན་དུ་བྱས་པ་དང༌། ཡང་འཕྲིན་གྱི་བར་དུ་ལན་གསུམ་གྱི་ཐ་མར་ལྷག་མར་འགྱུར་རོ། །དབང་ཡོད་པ་ལས་འཕྲིན་བླངས་པ་ཡང་ལན་གསུམ་གྱི་ཐ་མར་ལྷག་མར་འགྱུར་རོ། །དབང་མེད་པ་ལ་འཕྲིན་བླངས། དབང་མེད་པ་ལ་བཟླུགས། དབང་ཡོད་པ་ལ་ལན་བསྐྱལ་ན་ཉེས་བྱས་གཉིས་དང༌། སྦོམ་པོ་གཅིག །དགེ་སློང་མས་དབང་མེད་པ་ལ་འཕྲིན་བླངས། དེ་ལ་བཟླུགས་དེ་ལ་ལན་བསྐྱལ་ན་ཉེས་བྱས་གསུམ་སྟེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །ཆུང་མ་དང་པོ་གསུམ་འཐབས་པ་ལས་བསྡུམས་པ་ལ་རྣམ་པ་བདུན་ཏེ། འཐབས་མ་ཐག་པ་བསྡུམས་ན་ཉེས་བྱས་གཅིག །ཅུང་ཟད་ལོན་པ་བསྡུམས་ན་ཉེས་བྱས་གཉིས། རྩ་བཅད་པ་ལ་ཉེས་བྱས་གསུམ་རྡོ་བོར་བ་ལ་ཉེས་བྱས་གསུམ་དང་སྦོམ་པོ་གཅིག །བརྩད་པ་ལ་ཉེས་བྱ་གསུམ་དག་སྦོམ་པོ་གཉིས། ཆུང་མ་མ་ཡིན་པ་ཞེས་བསྒྲགས་པ་ལ་ཉེས་བྱས་གསུམ་སྦོམ་པོ་གསུམ་


DTG156_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གཅིག །དྲིལ་བརྡུངས་པ་ལས་བསྡུམས་ན་ཉེས་བྱས་གསུམ་སྦོམ་པོ་བཞི་ལྷག་མ་གཉིས། ཆུང་མ་བཞི་དང་མཛའ་ན་མོ་བཅུ་ནི་འཐབས་མ་ཐག་ཏུ་བསྡུམས་ན་ལྷག་མར་འགྱུར་རོ། །དགེ་སློང་མ་ཁྱིམ་པའི་དེར་སོང་སྟེ། བུ་མོ་འདི་ཅིའི་ཕྱིར་བག་མར་མི་གཏོང་ཞེ་འམ། ཁྱེའུ་འདིའི་ཆུང་མ་ཅིའི་ཕྱིར་མི་བླང་ཞེ་ན། ཁྱེའུ་འདི་གྱོས་སྒྱུག་གི་ཁྱིམ་དུ་ཅིའི་ཕྱིར་མི་འགྲོ་ཞེས་བྱས་རུང༌། བུ་མོ་འདི་ཁྱིམ་ཐབ་ཀྱི་ཁྱིམ་དུ་ཅིའི་ཕྱིར་མི་འགྲོ་ཞེས་དྲིས་ན་ཉེས་བྱས་སུ་འགྱུར། ཡན་ལག་བཞིས་ལྷག་མར་འགྱུར་ཏེ་མིའི་བུད་མེད་དབྱད་བཟོད་པ་སྔར་མ་འདུས་པ་འདུས་པར་ཡང་གྱུར་པའོ། །ལྷག་མ་དང་པོ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་སྦོམ་དགའ་མོས་འཐབ་པ་དང༌། འཁྲུགས་པ་དང༌། རྩོད་པའི་ཚེ་དགེ་སློང་མ་རྣམས་ལ་རྩ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་པར་བྱེད་དེ། དེས་ན་དགེ་སློང་མ་རྣམས་བག་འཆུམས་པ་དང་སྤ་གོང་པར་གྱུར་པས་ཀླག་པ་དང་ཁ་ཏོན་དང་ཡིད་ལ་བྱ་བ་རྣམས་ཉམས་པར་གྱུར་ཏེ་མི་དགའ་ཞིང་འཁོད་དོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་ཞེ་སྡང་ཅན་ཞིག་ཁྲོས་ནས་གནོད་པར་བྱེད་དེ་ཇི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་མ་གཙང་མ་མ་ཉེས་པ་ལ་རྩ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་རྩ་བ་མེད་པར་གྱུར་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པ་ཞིག་པས་ཁྲོས་ཏེ་སྨྲས་སོ་ཞེ་ན་ཡང་ཆོས་འདི་གཉིས་ཀྱིས་ལྟུང་བར་གྱུར་ལ་འབྱུང་བར་བྱ་སྟེ། དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མའོ། །ཞེ་སྡང་ཞེས་བྱ་བ་ནི་འཁྲུག་པའོ། །ཁྲོས་ནས་གནོད་པར་བྱེད་ཅེས་བྱ་བ་ནི་ཡི་མ་རངས་ཏེ་འཁྲུག་པ་མ་བཏོང་ངོ༌། །ཅི་ནས་ཀྱང་འདི་ཚང་པར་སྤྱོད་པ་དང་དྲལ་བློ་སྙམ་ཞེས་བྱ་བའི་ཅི་ནས་ཀྱང་འདི་དགེ་སྦྱོང་གི་ལས་འབྲེལ་པར་བྱེད་པའོ། །དགེ་སློང་མ་གཙང་མ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཉེས་པ་མེད་ཅེས་བྱ་བ་ནི་ལྟུང་བ་མ་བྱུང་བའོ། །རྩ་བ་མེད་པར་


DTG156_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མཐོང་བ་དང་ཐོས་པ་དང་དོགས་པ་མེད་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་བརྒྱད་པོ་ལས་གང་ཡང་རུང་བའོ། །ཆོས་ཀྱི་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྒྲགས་སོ། །སྐུར་བ་ཞེས་བྱ་བ་ནི་སླང་བཏང་བའོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་ཕྱིས་ཞིག་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་འགྱོད་པ་སྐྱེས་ནས་རབ་ཏུ་འགྱོད་པའོ། །རྩོད་པ་དེ་ཡང་རྩ་བ་མེད་པར་གྱུར་ཞེས་བྱ་བ་ནི་རྩོད་པ་ལ་རྣམ་པ་བཞི་སྟེ། འཁྲུག་པའི་རྩོད་པ་དང༌། མི་འདོམས་པའི་རྩོད་པ་དང༌། ལྟུང་བའི་རྩོད་པ་དང༌། བྱ་བའི་རྩོད་པའོ། །རྩ་བ་མེད་ཅེས་བྱ་བ་ནི་གོང་མ་བཞིན་ནོ། །དགེ་སློང་མ་ཡང་ཞེས་སྡང་ལ་གནས་ཞེས་བྱ་བ་ནི་སྐུར་བ་གད་པ་པར་འདོད་པའོ། །ཁྲོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའོ། །ཆོས་འདི་ཡང་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་ལྟུང་བ་བྱུང་མ་ཐག་པས་སོ། །དབྱུང་བར་བྱ་བ་ནི་འབྱུང་བར་འགྱུར་བའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལྟུང་བ་གང་ཞེ་ན། དགེ་སློང་མ་གཙང་མ་ལ་སྐུར་ན་རྣམ་པ་བཅུས་ལྟུང་བར་འགྱུར་རོ། །རྣམ་པ་ལྔས་ན་ལྟུང་བར་མི་འགྱུར་རོ། །དགེ་སློང་མ་མི་གཙང་བ་ལ་སྐུར་ན་རྣམ་པ་བཅུ་གཅིག་གིས་ལྟུང་བར་འགྱུར་རོ། །རྣམ་པ་དྲུག་གིས་ལྟུང་བར་མི་འགྱུར་རོ། །དེ་ལ་གཙང་མ་ལ་སྐུར་ན་བཅུས་ཉེས་པར་འགྱུར་བ་ནི་དེས་མ་མཐོང་མ་ཐོས་མི་དོགས་པར་འདུ་ཤེས་སྦས་ནས་མཐོང་ཐོས་དོགས་ཞེས་ཟེར་བ་དང༌། སྔོན་ཐོས་པ་དང་དོགས་པ་ལས་བརྗེད་ནས་ངས་ཐོས་ནས་ངས་ཐོས་དོགས་ཏེ་མ་བརྗེད་དོ་ཞེས་ཟེར་བ་དང༌། ཐོས་ལ་ཡིད་ཆེས་པ་དང༌། ཐོས་ལ་ཡིད་མ་ཆེས་པར་མཐོང་ངོ་ཞེས་ཟེར་བ་དང༌། ཐོས་ལ་དོགས་པ་དང༌། ཐོས་ལ་མི་དོགས་པར་ངས་མཐོང་ངོ་ཞེས་པ་དང༌། དོགས་ལ་དོགས་བཞིན་དུ་ངས་མ་མཐོང་ངོ་ཞེས་ཟེར་བ་རྣམ་པ་བཅུ་གང་ལྟར་སྨྲས་ན་ཡང་རུང་སྟེ། རེ་རེ་ལ་ཡང་ལྷག་མ་རེ་རེར་འགྱུར་རོ། །རྣམ་པ་ལྔས་ན་ལྟུང་པར་མི་འགྱུར་བ་གང་ཞེ་ན། དེས་མ་མཐོང་མི་ཐོས་མི་དོགས་ལ་འདུ་ཤེས་མ་སྦས་ཏེ། ངས་མ་མཐོང་མ་ཐོས་མི་དོགས་ཞེས་ཟེར་བ་དང༌། ཐོས་དོགས་པ་ལ་བརྗེད་ནས་འདུ་ཤེས་མ་སྦས་ཏེ།


DTG156_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དོགས་དེ་བརྗེད་དོ་ཞེས་ཟེར་བ་སྟེ་དེ་ལྟར་ན་རྣམ་པ་ལྔས་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་གཙང་མ་ལ་མི་གཙང་བའི་ཚུལ་དུ་སྣང་བ་ལ་སྐུར་བ་ཡང་དེ་བཞིན་དུ་སྦྱར་ཏེ། དགེ་སློང་མ་མི་གཙང་བ་ལ་སྐུར་ན་བཅུ་གཅིག་གིས་ཉེས་པར་འགྱུར་བ་དང་དྲུག་གིས་ཉེས་པར་འགྱུར་བ་ཡང་གོང་མ་བཞིན་དུ་བཤད་དེ། སྐབས་འདིར་ནི་མཐོང་བ་ལས་བརྗེད་ནས་མ་བརྗེད་ཅེས་ཟེར་བས་ཉེས་པར་འགྱུར་བ་དང༌། མཐོང་བ་ལས་བརྗེད་ནས་བརྗེད་དོ་ཞེས་ཟེར་བས་ཉེས་པ་མ་མེད་པ་དེ་གཉིས་ཀྱིས་བསྣན་ཏེ། བཅུ་གཅིག་དང་དྲུག་ཏུ་བཞག་སྟེ། ཅིའི་ཕྱིར་ཞེ་ན་གཙང་མ་ལ་ནི་མཐོང་བ་ལས་བརྗེད་པ་དང་མ་བརྗེད་པ་མེད་པའི་ཕྱིར་རོ། །དགེ་སློང་མ་མི་གཙང་བ་ལ་སྐུར་ན་བཅུ་གཅིག་གིས་ཉེས་པར་འགྱུར་བ་དང་དྲུག་གིས་ཉེས་པར་མི་འགྱུར་བ་དེ་བཞིན་དུ། དགེ་སློང་མ་མི་གཙང་བའི་ཚུལ་དུ་སྣང་བ་ལ་སྐུར་པ་ཡང་དེ་བཞིན་དུ་སྦྱར་རོ། །དྲིལ་བརྡུངས་པ་དང་རི་མོར་བྲིས་པ་དང་བདག་གིས་ཤེས་པ་བཞིན་དུ་ཀུན་གྱིས་ཤེས་ན་ཉེས་པ་མེད་དོ། །ཡན་ལག་བཞིས་ལྷག་མར་འགྱུར་ཏེ། བྲལ་བར་འདོད་པ། འདུ་ཤེས་སྦས་པ། སྐུར་བ་བཏབ་པ། གཞན་གྱི་དོན་གོ་བའོ། །ལྷག་མ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྦོམ་དགའ་མོས་བག་ཙམ་གྱི་ཆ་ལས། དགེ་སློང་མ་རྣམས་ལ་སྐུར་བ་འདེབས་པ་དང་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བསླབ་བའི་གནས་བཅས་སོ། །ཡང་དགེ་སློང་མ་གང་ཞེ་སྡང་ཅན་ཞིག་ཁྲོས་ནས་གནོད་པར་བྱེད་དེ་ཅི་ནས་ཀྱང་ཚངས་བར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་མ་གཙང་མ་མ་ཉེས་པ་ལ་གཞན་གྱི་ཆ་མ་ཡིན་པ་ཕས་ཕམ་པའི་ཆོས་ཀྱིས་སྐུར་པ་ལ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པར་གྱུར་ལ་གཞན་གྱི་ཆ་མ་ཡིན་པས་རྩོད་པ་དེ་ཡང་བག་ཙམ་གྱི་ཆ་ལས་ཆོས་འགའ་ཞིག་བླངས་པར་ཟད་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པ་ཞིག་ཁྲོས་ཏེ་སྨྲས་སོ་ཞེ་ན་ཡང་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ། འབྱུང་བར་བྱ་སྟེ་དགེ་འདུན་གྱི་ལྷག་མའོ། །གཞན་ནི་གོང་མ་དང་འདྲ། གཞན་


DTG156_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆ་མ་ཡིན་ཞེས་བྱ་བ་ནི་དངོས་པོ་གཞན་ལ་དེ་ལས་ཆར་བླངས་ཏེ་གཞན་ལ་སྐུར་བའོ། །ཡང་གཞན་ཞེས་བྱ་བ་ནི་འཁོར་བ་ལས་གཞན་པ་སྟེ། འཁོར་བ་དང་མི་མཐུན་པ་ནི་མྱ་ངན་ལས་འདས་པ་སྟེ་མྱ་ངན་ལས་འདས་པའི་ཆ་མ་ཡིན་པས་ཕས་ཕམ་པ་བརྒྱད་ཀྱིས་སྐུར་པའོ། །རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པར་གྱུར་ལ་ཞེས་བྱ་བ་ནི་རྩོད་པ་བཞི་སྟེ། མི་མཐུན་པའི་ཕྱིར་རྩོད་པ་དང༌། ལུང་བསྒོ་བ་མེད་པའི་ཕྱིར་རྩོད་པ་དང༌། ཉེས་པའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །གཞན་གྱི་ཆ་མ་ཡིན་པས་རྩོད་པ་དེ་ཡང་བག་ཙམ་གྱི་ཆ་ལས་ཆོས་འགའ་ཞིག་བླངས་པར་ཟད་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། རི་དགས་ཕོ་དང་རི་དགས་མོའོ། །ཡན་ལག་ནི་གོང་མ་དང་འདྲ་ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་མཐོང་ན། དེས་དེ་ཕམ་པ་མ་ཡིན་སྙམ་དུ་བསམས་པ་ལས་དེད་འདུ་ཤེས་པས་ནས་དགེ་སློང་མ་ལ་ཕས་ཕམ་པ་བྱུང་བ་བདག་གིས་མཐོང་ངོ་ཞེ་ན་ལྷག་མར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཕས་ཕམ་པ་བྱུང་བ་ལས་ལྷག་མ་ཡིན་ནོ་སྙམ་དུ་སེམས་ཏེ། ཕས་ཕམ་པས་སྐུར་བ་དང༌། དགེ་སློང་མ་ལ་ཕས་ཕམ་པ་བྱུང་བ་ལྟུང་བ་ཡིན་ནོ་སྙམ་པ་ལས་ཕམ་པས་སྐུར་པ་དང༌། དེ་བཞིན་དུ་ཕས་ཕམ་པ་བྱུང་བ་ལས་སོ་སོར་བཤགས་པ་ཡིན་ནོ་སྙམ་དུ་བསམ་ཀྱང་རུང་ཉེས་བྱས་ཡིན་ནོ་སྙམ་དུ་བསམས་ཀྱང་རུང་སྟེ། ཕས་ཕམ་པས་སྐུར་ན་ལྷག་མར་འགྱུར་རོ། །དགེ་སློང་མའི་ལྷག་མ་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །མཉན་དུ་ཡོད་པ་དེ་ན་སྤོས་འཚོང་བའི་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་འདུག་སྟེ། གཙུག་དགའ་མོས་ཉོ་ཞིང་འཚོང་བའི་རྣམ་པ་དེ་ལ་བྱེད་དོ། །གཙུག་དགའ་མོ་སྤོས་འཚོང་བ་དེ་ལ་ཆགས་ཏེ། ཁྱེའུ་དེས་ཀྱང་རིན་ཉུང་ཡང་རྫས་མང་དུ་སྟེར་རོ། །དགེ་སློང་མ་གང་ལ་ཉོ་བ་ཅུང་ཟད་ཅིག་ཡོད་ན་དེ་དག་གཙུག་དགའ་མོ་ལ་བཅོལ་ཏེ། དེ་ཡང་ཅུང་ཟད་ཅིག་བདག་གིར་ལེན་ཏོ། །དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས་རྣམ་པ་དུ་མས་སྨད་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་


DTG156_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར་གྱུར་ལ་སྐྱེས་པ་ཆགས་པར་མ་གྱུར་པ་ལས་ཅུང་ཟད་ཅིག་བླངས་ན། ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་འབྱུང་བར་བྱ་སྟེ་དགེ་འདུན་ལྷག་མའོ། །ཆགས་པར་གྱུར་ཞེས་བྱ་བ་ནི་ཆགས་པའོ། །ཀུན་དུ་དཀྲིས་པའོ། །ཅུང་ཟད་ཅེས་བྱ་བ་ནི་ཅུང་ཟད་པའོ། །བླངས་ཞེས་བྱ་བ་ནི་ལེན་པའོ། །ཆེས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་སོ། །ཐོག་མ་ཉིད་ཀྱིས་ལྟུང་བའོ་ཞེས་བྱ་བ་ནི་ལྟུང་བ་བྱུང་མ་ཐག་པའོ། །ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མ་ཆགས་པས་སྐྱེས་པ་ཆགས་པ་ལས་ཅུང་ཟད་ཅིག་བླངས་ན་ལྷག་མར་འགྱུར་རོ། །དགེ་སློང་མ་ཆགས་ལ་སྐྱེས་པ་མ་ཆགས་པ་དང༌། །དགེ་སློང་མ་མ་ཆགས་ལ་སྐྱེས་པ་ཆགས་པ་ལས་ཅུང་ཟད་ཅིག་བླངས་ན་ཉེས་སྦོམ་པོའོ། །གཉི་ག་མ་ཆགས་ལ་ཅུང་ཟད་ཅིག་བླངས་ན་ཉེས་བྱས་སོ། །ལྷག་མ་བཞི་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །ནམ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆགས་པས་སྐྱེས་པ་ཆགས་པ་ལ་ཅུང་ཟད་ཀྱང་མ་ལོན་པར་བསླབ་པའི་གནས་བཅས་པས་ན་གཙུག་དགའ་མོ་ཕྱིས་ཀྱང་དེར་འགྲོ་སྟེ། དེ་ལ་དགེ་སློང་མ་དག་གིས་ཁྱོད་གང་ནས་འོངས་ཞེས་དྲིས་ན། དེས་བདག་ཅུང་ཟད་ཅིག་གི་ཕྱིར་སོང་ངོ་ཞེས་སྨྲས་སོ། །དགེ་སློང་མ་དག་གིས་འོ་ན་ཅི་སྟོན་པས་བསླབ་པའི་གནས་མ་བཅས་སམ་ཞེས་དེ་སྐད་སྨྲས་པ་དང༌། སྦོམ་དགའ་མོས་གཙུག་དགའ་མོ་ལ། ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཅུང་ཟད་ཅིག་བླངས་ཀྱང་སླའོ་ཞེས་སྨྲས་པ་དང༌། དེ་ཡང་དེ་བཞིན་དུ་འགྲོའོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ། ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཆགས་པ་མེད་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅུང་ཞིག་བླངས་ཏེ་ཁྱོད་ལ་སླའོ་ཞེས་ཟེར་ན་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འདི་སྐད་ཅེས་བྱ་བ་ནི་སྨྲ་བའོ། །ཀྱེ་ཁྱོད་ཆགས་པར་མ་གྱུར་ཞེས་བྱ་བ་ནི་


DTG156_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆགས་པའོ། །ཆགས་པ་མེད་པ་ཞེས་བྱ་བ་ནི་ཆགས་པར་མ་གྱུར་པའོ། །སྐྱེས་པ་ཆགས་པར་གྱུར་པ་ལས་ཅུང་ཟད་ཅིག་བླངས་ན་སྐྱེས་པ་ཆགས་པར་གྱུར་པ་ལས་སོ། །ཅུང་ཟད་ཅིག་བླངས་ཞེས་བྱ་བ་ནི་དངོས་སུ་ཟད་དོ། །ཁྱོད་ལ་སླའོ་ཞེས་བྱ་བ་ནི་ཆགས་པ་མེད་པས་སླའོ། །གཞན་ནི་གོང་མ་དང་འདྲའོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ཇི་ཙམ་དུ་དགེ་སློང་མ་ལ། ཀྱེ་ཁྱོད་ཆགས་པ་མེད་ན་སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ཞིག་ཅེས་ཟེར་ན་ལྷག་མར་འགྱུར་རོ། །ལྷག་མ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །ནམ་དགེ་སློང་མ་མཛའ་མོས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་བདེན་པས་སྐུར་ཏེ་དགེ་སློང་མ་རྣམས་ཀྱིས་བསྐྲད་པས། །དེར་སོང་ནས་རང་གི་ཁྱིམ་ན་གནས་པ་ལས་ནད་ཀྱིས་བཏབ་བོ། །དེ་ལ་ནུ་མོ་དགེ་སློང་མ་གྲོགས་མི་ཅན་ཞེས་བྱ་བ་ཞིག་ཡོད་དོ། །དེ་འཆི་བའི་འཁོར་དེ་ལ་ཕྲད་ཀྱིས་མྱུར་དུ་ཤོག་ཅིག་པར་སྤྲིང་ངོ༌། །དེ་ཡང་སོང་སྟེ་མཛའ་མོ་དེའི་ནུབ་མོ་དུས་ལས་འདས་སོ། །གྲོགས་མོ་ཅན་ཡང་དེ་ཉིད་དུ་ཞག་ལོན་ན། །མཛའ་མོའི་ཁྱིམ་ཐབ་ཀྱིས་མཛའ་བོ་ཞིག་ཁྱིམ་དུ་སོང་བ་དེ་ལ་དེས་བུས་པ་འདི་དག་སུས་བསྐྱང་བར་བྱ་ཞེས་སྨྲས་པ་དང༌། ངེས་གྲོགས་མོ་ཅན་དེ་ཉིད་ལ་ཚོལ་ཅིག་དང༌། བུས་པ་རྣམས་སྐྱོང་བར་བྱེད་དོ་ཞེས་སྨྲས་པས་མོས་ཐོས་ནས་འདི་སྙམ་དུ་བསམས་སོ། །གལ་ཏེ་བདག་གིས་ཚིག་གི་ལན་སྨྲས་ན་ནི་ཚངས་པར་སྤྱོད་པ་ལས་བྲལ་ལོ་སྙམ་ནས་ཅང་མི་སྨྲ་བར་འདུག་གོ །ནམ་ལངས་ནས་གྲོགས་མོ་འགྲོ་བར་ཆས་པ་དང་མཛའ་མོའི་ཁྱིམ་ཐབ་གྱིས་གར་འགྲོ་བུས་པ་འདི་དག་སུས་བསྐྱང་ཞེས་སྨྲས་ནས་དེས་དེ་ལ་བཟུང་བར་བྱས་པ་དང༌། གྲོགས་མོ་ཅན་གྱིས་ཁྱོད་བུས་པ་དང་བཅས་ཏེ་མེ་དོང་དུ་ལྷུང་ཞིག་སྨྲས་ཏེ་བྲོས་སོ། །དགེ་སློང་མ་དག་གིས་ཁྱོད་མཚན་གཅིག་ཏུ་གང་དུ་ཉལ་ཞེས་དྲིས་པ་དང༌། དེ་བཞིན་དུ་སྨྲས་སོ། །འོ་ན་ཁྱོད་ཀྱི་གྲོགས་སུ་ཡིན་ཞེས་སྨྲས་པ་དང༌། གྲོགས་མོ་ཅན་གྱིས་གང་ཡང་མེད་དོ་ཞེས་སྨྲས་པ་དང༌། དགེ་སློང་མ་དག་གིས་ཁྱོད་ནི་སྟོབས་དང་ལྡན་པ་འགའ་ཞིག་གིས་ཟིན་ན་ཚངས་བར་སྤྱོད་པ་དང་བྲལ་ན་ཇི་ལྟར་


DTG156_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེས་སྨྲས་པ་དང༌། དེ་ལྟར་གྱུར་པ་སྔ་མ་བཞིན་དུ་སྟོན་པ་ལ་གསོལ་བ་དང༌། ཉན་ཐོས་མ་རྣམས་ལ་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་གཅིག་པུ་མཚན་མོ་དབྱར་མོ་ཐད་ནས་བྱུང་ནས་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་དབྱུང་བར་བྱ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གྲོགས་མོ་ཅན་ནོ། །གཅིག་པུ་ཞེས་བྱ་བ་ནི་ཟླ་མེད་པའོ། །དབྱར་མོ་ཐང་ནས་བྱུང་ཞེས་བྱ་བ་ནི་མཚན་མོ་གཞན་དུ་སྐྱ་རེངས་ཀྱིས་ཆོད་པའོ། །གཞན་ནི་གོང་དུ་བཤད་པ་དང་འདྲའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་ཡང་དགེ་སློང་མ་གང་གཅིག་པུ་དབྱར་མོ་ཐང་གི་ཕྱི་རོལ་དུ་སྐྱ་རེངས་ཀྱིས་ནོན་པར་བྱེད་ན་ཐམས་ཅད་ལ་འང་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །དགེ་ཚུལ་མ་དང་ལྷན་ཅིག་གཞན་དུ་སྐྱ་རེངས་ཀྱིས་ནོན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་དང་གཞན་དུ་སྐྱ་རེངས་ཀྱིས་ནོན་པར་བྱེད་ན་ཉེས་བྱས་ཀྱི་ལྷུང་བར་འགྱུར་རོ། །གལ་ཏེ་ཕྱི་བཞིན་འོང་བའི་དགེ་སློང་མ་དེས་སྨྲས་སམ། ཤི་འམ། ཁྲིམས་རལ་ལམ། ཉམས་སམ། བབས་སམ། ཕ་རོལ་གྱི་འཁོར་ཏམ། ཡུལ་གཞན་དུ་བྲོས་པར་གྱུར་པ་དང༌། བར་ཆད་བརྒྱད་པོ་ལས་བར་ཆད་གང་ཡང་རུང་སྟེ་བྱུང་བར་གྱུར་ན་ཉེས་པ་མེད་དོ། །ལྷག་མ་དྲུག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྦོམ་དགའ་མོས་ཉིན་པར་གཅིག་པུ་སོང་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་ཆོས་བཤད་དོ། །དེ་ལ་དགེ་སློང་མ་དག་གི་སི་ཁྱོད་གཅིག་པུ་མ་འགྲོ་ཤིག་ཚངས་པར་སྤྱད་པའི་བར་ཆད་དུ་གྱུར་ཏ་རེ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་ངས་སྦོས་འཚང་གི་ཁྱེའུ་རྡོག་པས་བསྣུན་ཏེ། གན་ཏ་ལོག་ཏུ་བོར་ནས་ཁྲག་སྐྱུགས་སུ་བཅུག་པ་མ་མཐོང་ངམ་ཞེས་སྨྲས་པ་དང༌། དེ་དག་གིས་ཐམས་ཅད་སྤོས་འཚོང་གི་ཁྱེའུ་མི་འདྲའོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་སྔ་མ་བཞིན་དུ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཅིག་པུ་དབྱར་མོ་ཐང་ནས་སོད་ན་ཆོས་འདི་ཐོག་མ་ཉིད་ཀྱིས་ལྟུང་པར་འགྱུར་ལ། འབྱུང་བར་བྱ་སྟེ། དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །


DTG156_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་ཉིན་མོ་ཞེས་བྱ་བ་ནི་ཟླ་མེད་པའོ། །དབྱར་མོ་ཐང་ནས་སོང་ན་ཞེས་བྱ་བ་ནི་གཞན་དུ་ཉི་མ་ནུབ་པར་གྱུར་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ཇི་ཙམ་དུ་དབྱར་མོ་ཐང་ནས་གཅིག་པུ་སོང་ལ་གཞན་དུ་ཉི་མ་ནུབ་པར་གྱུར་ན་ཐམས་ཅད་ལ་འང་ལྷག་མར་འགྱུར་རོ། །དགེ་ཚུལ་མ་དང་ལྷན་ཅིག་དབྱར་མོ་ཐང་ནས་སོང་སྟེ། གཞན་དུ་ཉི་མ་ནུབ་ན་ཉེས་པ་སྦོམ་པའོ། །དགེ་སློང་མ་དང་ལྷན་ཅིག་དབྱར་མོ་ཐང་ནས་སོང་སྟེ། གཞན་དུ་ཉི་མ་ནུབ་ན་ཉེས་བྱས་སོ། །གལ་ཏེ་ཁྲིམས་ཟླ་དམས་སམ་ཤི་བ་འམ། བབས་སམ། ཕ་རོལ་གྱི་འཁོར་ཏམ། ཡུལ་གཞན་དུ་བྲོས་པར་གྱུར་ཏམ། བར་ཆད་བརྒྱད་ལས་གང་ཡང་རུང་བ་ཞིག་བྱུང་ན་ཉེས་པ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །ལྷག་མ་བདུན་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །སྦོམ་དགའ་མོས་རྒྱལ་པོའི་ཁབ་ཏུ་འོང་བའི་འདྲོན་པོ་མང་པོ་དང་ལྷན་ཅིག་ཏུ་ཆས་ཏེ། གཅིག་པུ་གྲོང་ཁྱེར་དྲུག་ཏུ་སོ་སོར་འདོང་བའི་འདྲོན་པོ་མང་པོ་དང་ལྷན་ཅིག་ཏུ་དང་ནས་ངལ་ཆད་དེ་རིམ་གྱིས་སླར་དགེ་སློང་མའི་དབྱར་མོ་ཐང་དུ་འོངས་སོ། །དེ་ནས་དགེ་སློང་མ་དག་ལ་ལུས་མཉེར་བཅུག་ཅིང་ངལ་སོས་པར་བྱེད་དོ། །དགེ་སློང་མ་དག་གིས་ཁྱེད་གང་ནས་འོངས་ཞེས་དྲིས་པ་དང༌། བདག་གྲོང་ཁྱེར་ཆེན་པོ་དྲུག་གི་ལམ་བགྲོད་དེ་འདིར་འོངས་སོ། །དགེ་སློང་མ་དག་གིས་སྨྲས་པ་ཁྱོད་ནི་མཐུ་དང་ལྡན་པ་འགའ་ཞིག་གིས་ཟིན་ན་ཚངས་པར་སྤྱད་པའི་བར་ཆད་དུ་མི་འགྱུར་བའམ། སྦོམ་དགའ་མོས་སྨྲས་པ། སྤོས་འཚོང་གི་ཁྱེའུ་ཁྲག་དྲོན་པོ་སྐྱུགས་པ་མ་ཐོས་སམ་ཞེས་གོང་མ་བཞིན་དུ་སྨྲས་པ་དང༌། དགེ་སློང་མས་སྨྲས་པ་ཐམས་ཅད་སྤོས་འཚོང་གི་ཁྱེའུ་འདྲ་བར་འགྱུར་རམ་ཞེས་བྱས་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཅིག་པུ་ལམ་དུ་ཞུགས་ཤིང་འགྲོ་ན་ཆོས་འདི་ལ་ཐོག་མ་ཉིད་ཀྱིས་ལྷུང་བར་འགྱུར་ལ་འབྱུང་བར་བྱས་ཏེ། དགེ་འདུན་གྱི་ལྷག་མའོ། །དགེ་སློང་མ་གཅིག་པུ་ཞེས་བྱ་བ་ནི་གོང་མ་དང་


DTG156_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །ལམ་ཞེས་བྱ་བ་ནི་དགོན་པའི་ལམ་མོ། །གཞན་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མ་ཇི་ཙམ་དུ་གཅིག་པུ་ལམ་དུ་ཞུགས་ཤིང་སོང་ན་ལྷག་མར་འགྱུར་རོ། །དགེ་ཚུལ་མ་དང་དགེ་སློང་མ་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་སོང་ན་ཉེས་པའི་ཁྱད་བར་ནི་གོང་མ་བཞིན་ནོ། །དགེ་སློང་མ་གཅིག་པུ་གྲོང་ཁྱེར་གྱི་བར་དུ་ནི་རྒྱང་གྲགས་གཅིག་ལས་འདས་ན་ལྷག་མ་དགོན་པ་ཡང་དེ་བཞིན་ནོ། །རྒྱང་གྲགས་གཅིག་ཙམ་དུ་ཕྱིན་ནས་ཕྱིར་ལྡོག་གོ་སྙམ་སྟེ་སོང་བ་ལས་ཕྱིར་ལྡོག་ན་སྦོམ་པོའོ། །ལྷག་མ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དགེ་སློང་མ་མང་ཞིག་ལྗོངས་རྒྱུར་དོང་བ་ལས་ཆུ་བོ་ཁྱིམ་ལྡན་གྱི་འགྲམ་དུ་ཕྱིན་པ་དང་གྲུ་ཕ་རོལ་དུ་འདུག་གོ །དེ་ནས་དགེ་སློང་མནག་མོ་ཞེས་བྱ་བ་སྔོན་མཉན་པ་མོ་ཡིན་ཏེ། དེས་བདག་གིས་ཕ་རོལ་དུ་བརྒལ་ནུས་ཀྱིས་སོང་ལ་གྲུ་ཕ་གི་ཚུར་ཁྲིད་དེ་འོང་ངོ་ཞེས་སྨྲས་ཏེ་གྲུ་ཕྱིར་རྒྱལ་བ་དང་ངལ་ནས་ཤི་ལ་ཐུག་སྟེ། དགེ་སློང་མ་དག་གིས་ནག་མོ་མ་འཇིགས་མ་སྡངས་པར་སྐྱོལ་ཅིག་ཅེས་བོས་སོ། །ནག་མོ་ཡང་ཉོན་མོངས་ཤིང་དེའུ་མ་བརྒལ་བ་ལས་ཕ་རོལ་གྱི་ངོགས་སུ་ཕྱིན་ནོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཅིག་ཕུ་ཀླུང་གི་ཕ་རོལ་དུ་བརྒལ་ན་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་དབྱུང་བར་བྱ་བ་སྟེ། དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ནག་མོའོ། །གཅིག་པུ་ཞེས་བྱ་བ་ནི་ཟླ་མེད་པའོ། །ཀླུང་གི་ཕ་རོལ་བརྒལ་ཞེས་བྱ་བ་ནི་རྐྱལ་བའོ། །ལྷག་མ་ཞེས་བྱ་བའི་བར་དུ་ནི་སྔ་མ་བཞིན་ནོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མ་གཅིག་པུ་ཀླུང་གི་ཕ་རོལ་དུ་བརྒལ་ཏམ་རྐྱལ་ཏེ་བརྒལ་ན་ལྷག་མའོ། །རྩང་ལག་གི་ཕ་རོལ་ཏུ་བརྒལ་ན་ཉེས་བྱས་སོ། །དགེ་ཚུལ་དང་ལྷན་ཅིག་འགྲོགས་ན་སྦོམ་པོའོ། །དགེ་སློང་མ་དང་ལྷན་ཅིག་འགྲོགས་ན་ཉེས་བྱས་སོ། །ལྷག་མ་དགུ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་དམག་དཔོན་ཀནྟ་ཤཀ་ཏི་ཀ་ཞེས་བྱ་བ་


DTG156_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ལ་འདོང་བའི་འོག་ཏུ་དེ་དག་གི་ཆུང་མ་སྐྱེས་པ་གཞན་དག་དང་ཡོངས་སུ་སྤྱོད་དོ། །དེ་དག་དམག་ལས་སླར་ལྷགས་ནས་ཐོས་པ་དང་དེ་དག་བཅིངས་ནས་ལྕག་གིས་ཀྱང་གཞུས་སོ། །དེ་ལྟར་བྱས་ཀྱང་གཏོད་དུ་མ་བཏུབ་ནས་དེ་དག་གིས་བསམས་པ་རི་བྲགས་ཀྱི་གྲོང་རྣམས་དབང་དུ་གྱུར་ན་བདག་ཅག་གི་ཆུང་མ་དབང་དུ་མ་ཁུགས་སྙམ་ནས་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་དོང་ནས་ལྷ་མཁྱེན་པར་མཛོད་ཅིག །བདག་གི་བུད་མེད་ཁྲིམས་ལས་འགལ་བར་བགྱིད་པས་ཆད་པས་བཅད་པའི་ཁྲིམས་བཅས་སོ་ཞེས་གསོལ་བ་དང༌། རྒྱལ་པོས་ཀྱང་རྗེས་སུ་ཡི་རང་ངོ༌། །དུས་ཕྱི་ཞིག་ན་དམག་དཔོན་མེ་ན་ཞེས་བྱ་བའི་བུ་མོ་ནི་ཀ་ཞེས་བྱ་བ་དེ་ཁྲིམས་དང་འགལ་ཏེ། དེ་མང་པོས་ཆད་པ་བཅད། ཁྱིམ་ཐབ་ཀྱིས་ནི་ཡོངས་སུ་བཏང༌། རྒྱལ་པོས་ནི་བསྒོ་བ་དང༌། དེས་མང་པོ་ལ་གསོལ་ནས་འཕྲལ་དུ་མི་གསད་ཅིང་ཞག་བདུན་ནས་བསད་པར་གནང་བ་དང༌། དེ་ཡང་དུ་ཞིང་འདུག་སྟེ། སྤྱིན་པ་ནི་བྱིན་བསོད་ནམས་ནི་བྱེད་དོ། །སྦོམ་དགའ་མོ་བསོད་སྙོམས་ལ་སོང་སྟེ། མེ་ནི་ཀའི་ཁྱིམ་དུ་ཕྱིན་པ་དང་ཁྱོད་ཅིའི་ཕྱིར་དུ་ཞེས་འདྲིས་པ་དང་དེས་ཀྱང་ཞིབ་ཏུ་སྨྲས་སོ། །སྦོམ་དགའ་མོས་འོ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། དེས་སྨྲས་པ་སུ་ཞིག་གིས་བདག་རབ་ཏུ་འབྱིན་སྦོམ་དགའ་མོས་རང་རབ་ཏུ་དབྱུང་ངོ་ཞེས་སྨྲས་ནས། དེ་རབ་ཏུ་ཕྱུང་བ་དང༌། ཀནྟ་ཤག་ཏི་ཀས་ཐོས་ནས་དེ་ལྟར་མི་གནང་གིས་ཞག་བདུན་ཚང་བ་དང་བསད་དོ་ཞེས་སྨྲས་པ་སྦོམ་དགའ་མོས་ཐོས་ནས་མེ་ནེ་ཀ་ཁྲིད་དེ་བཙུན་མོ་ཕྲེང་ལྡན་མ་ལ་གསོལ་པ་དང༌། དེས་སྨྲས་པ་ཅི་བུད་མེད་ཟད་དམ་དེ་ལྟ་བུ་རབ་ཏུ་དབྱུང་བ་མི་རིགས་མོད་ཀྱི་ངས་རྒྱལ་པོ་ལ་གསོལ་ཞེས་བྱས་ནས་དེ་ལྟ་བུར་གྱུར་པ་རྒྱལ་པོ་གསལ་རྒྱལ་ལ་གསོལ་པ་དང༌། རྒྱལ་པོས་བློན་པོ་ལ་བསྒོ་བ་རབ་ཏུ་བྱུང་བ་བསད་ན་ང་ལ་མི་སྙན་གྱིས་མ་བསད་ཅིག་ཅེས་བྱས་པ་དང༌། ཀནྟ་ཤག་ཏི་ཀ་འཕྱ་སྟེ་དེ་ལྟ་བུ་ཅིའི་ཕྱིར་རབ་ཏུ་འབྱིན་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གིས་བུད་མེད་མང་པོ་མཐུན་པས་བཅད་ཅིང་ཁྱིམ་ཐབ་ཀྱིས་ཡོངས་སུ་བཏང་ལ། །རྒྱལ་པོས་ཀྱང་བསྒོ་བར་ཤེས་བཞིན་


DTG156_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རབ་ཏུ་ཕྱུང་ན་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་དབྱུང་བར་བྱ་བ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔོན་དགའ་མོའོ། །བུད་མེད་གང་ཞེས་བྱ་བ་ནི་མེ་ནེ་ཀའོ། །མང་པོས་མཐུན་པས་བཅད་ཅེས་བྱ་བ་ནི་རྒྱལ་རིགས་ཀནྟ་ཤག་ཏིའི་སྡེ་རྣམས་ཀྱིས་སོ། །ཁྱིམ་ཐབ་གྱིས་ཡོངས་སུ་བཏང་ཞེས་བྱ་བ་ནི་ཁྱོས་སོ། །རྒྱལ་པོས་ཀྱང་བསྒོ་ཞེས་བྱ་བ་ནི་གྲོས་མཐུན་པར་བྱས་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་སམ། གཞན་གྱིས་བསྒོ་བར་གྱུར་པའོ། །རབ་ཏུ་བྱུང་ན་ཞེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ཅི་ཙམ་དུ་དེ་དང་འདྲ་བ་ཡིན་པར་ཤེས་བཞིན་དུ་རབ་ཏུ་ཕྱུང་ན་ཡང་ཐམས་ཅད་ལ་འང་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །ལྷག་མ་བཅུ་པ་རྫོགས་སོ།། །།མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་པོ་ཞིག་འདུག་སྟེ། དེ་ནད་ཀྱིས་བཏབ་ནས་འཆི་པའི་ཁར་དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས་སོ། །སྦོམ་དགའ་མོ་ཡང་བསོད་སྙོམས་ལ་སོང་སྟེ་ཁྱིམ་བདག་དེའི་ཁྱིམ་དུ་འོངས་ཏེ་ཁྱིམ་བདག་ནད་མེད་ཅིག་ཇི་ལྟ་ཞིང་འདུག་བདེ་བར་འཚོ་འམ་ཞེས་སྨྲས་པ་དང༌། དེས་ཀྱང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །སྦོམ་དགའ་མོས་སྨྲས་པ་ཁྱིམ་བདག་ཁྱེད་ཀྱིས་སྦྱིན་པ་བྱིན་པ་རྗེས་སུ་ཡི་རང་ན། བུད་མེད་ཀྱི་བུས་པ་ནི་རྙེད་པ་ཆུང་ན། བདག་ལ་སྐལ་བ་བྱིན་པར་གྱིས་ཤིག་ཅེས་སྨྲས་པ་དང༌། །ནད་པས་སྨྲས་པ། ཐམས་ཅད་བཏང་ལགས་སོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་ཁྱོད་ཀྱི་ཁྱིམ་ནས་མ་རྙེད་པར་འགྲོ་བ་མི་རིགས་སོ། །ཁྱིམ་བདག་དེ་ལ་བུ་ལོན་གྱི་ཆགས་རྒྱ་ཙམ་ཞིག་ཡོད་དེ་དེ་སྦོམ་དགའ་མོ་ལ་བསྟན་ཏེ། འདི་ལས་མ་ལུས་ཏེ་བཞེད་ན་སྣོམས་ཤིག །དེས་ཀྱང་ཆགས་རྒྱ་ཁྱེར་རོ། །ནད་པས་སྨྲས་པ། རིགས་ཀྱི་བུ་དེ་དབུལ་མོད་ཀྱིས་བརྫུན་མི་མཆི་བས་ཅི་ཕུལ་བ་ལོང་ལ་དེ་སྙོན་མ་རྨོངས་ཤིག་ཅེས་སྨྲས་སོ། །སྦོམ་དགའ་མོས་བདག་ཅག་ནི་སྡོམ་པ་ལ་གནས་པས་དེ་ལྟར་ག་ལ་བྱེད་ཅེས་སྨྲས་ནས། །ཁྱིམ་བདག་དེ་དུས་འདས་པ་དང༌། སྦོམ་དགའ་མོས་རིགས་ཀྱི་བུ་དེ་བཟུང་ནས་ཉོན་མོངས་དང་ཁྱིམ་བདག་དག་འཕྱ་སྟེ། ཅིའི་


DTG156_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་དགེ་སློང་མས་ཤི་བའི་ནོར་དད་པར་བྱེད་ཅེས་མི་སྙན་པར་བརྗོད་དོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས། བསླབ་པའི་གནས་བཅས་སོ། །ཡང་དགེ་སློབ་མ་གང་ཤི་བའི་ནོར་ཆགས་པ་འདས་ན་ཆོས་འདི་ཡང་ཐོག་མ་ཉིད་ཀྱིས་ལྟུང་བར་འགྱུར་ལ་དབྱུང་བར་བྱ་བ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤི་ཁའི་ནོར་ཆགས་པ་བདའ་ཞེས་བྱ་བ་ནི་བདག་གིས་བྱས་པའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་ཇི་ཙམ་དུ་ཤི་བའི་ནོར་རབ་ཏུ་བྱུང་བའམ་གཉེན་བཤེས་ལ་སོགས་པ་གཞན་གྱིས་བྱིན་ཡང་རུང་སྟེ། ཤི་བའི་ནོར་ཉོན་མོངས་པར་བྱས་ཏེ་བདས་ན་བླངས་མ་ཐག་ཏུ་ལྷག་མར་འགྱུར་རོ། །གལ་ཏེ་དགེ་འདུན་གྱི་འམ་ཉོན་མ་མོངས་པ་ཞིག་ཏུ་ཁུགས་ན་ཉེས་པ་མེད་དོ། །ལྷག་མ་བཅུ་གཅིག་པ་རྫོགས་སོ།། །།མཉན་དུ་ཡོད་པ་ན་དགེ་སློང་མ་རྣམ་པར་འཁྱམ་པ་ཞེས་བྱ་བ་ཞིག་ཡོད་དེ། །ཁ་ངན་ཅན་ཁོང་ཁྲོ་བ་མན་གདུ་སྨྲ་བ་ཞིག་སྟེ། དེས་དགེ་སློང་མ་ཐམས་ཅད་མི་དགའ་བར་བྱས་སོ། །དེ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་སློང་མ་རྣམས་དེ་ལ་ཇི་ལྟ་བུར་གྱུར་པ་མི་སྙན་པར་སྨྲའོ། །རྣམ་པར་འཁྱམ་པའི་བུ་མོ་གཙུག་མོ་ཞེས་བྱ་བ་ཞིག་ཡོད་དེ། དེས་མ་འོངས་པ་དང་ཐམས་ཅད་བཟླས་ཏེ། དེ་ཐོས་པ་དང༌། དགེ་སློང་མ་རྣམས་ལ་ཚིག་གདུག་པས་ཤིན་ཏུ་གནོད་པར་བྱེད་དོ། །དགེ་སློང་མ་དག་གིས་ཇི་ལྟར་གཙུག་མོས་ཐོས་པ་ཐམས་ཅད་བཟླས་པར་ཤེས་ན། དེ་དག་གིས་གཙུག་མོ་སྤང་བའི་ལས་བྱས་སོ། །དེ་ཡང་དུ་བཞིན་དུ་མ་ལ་བདག་ལ་དགེ་སློང་མ་དག་གིས་སྤང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་མས་ཐོས་ནས་ཁྲོས་ཏེ། དེ་དག་ཉིད་ཡུལ་འདི་ནས་གཞན་དུ་སྤོང་བར་ཤོག་ཤིག་ཅེས་སྨྲས་ཏེ། །བུམ་མོ་ཁྲིད་ནས་མཚམས་ཀྱི་ཕྱི་རོལ་དུ་དབྱུང་བར་བྱས་སོ། །དགེ་སློང་མ་དག་གིས་ཁྱོད་ཀྱི་བུ་མོ་དེད་ཀྱིས་སྤང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་དེ་ཁྲོས་ནས་འདི་ངས་ཕྱུང་ངོ༌། །དགེ་སློང་མ་དག་གིས་གང་དུ་ཇི་ལྟར་ཕྱུང༌། དེས་སྨྲས་པ་མཚམས་ཀྱི་ཕྱི་རོལ་དུའོ། །དགེ་སློང་མ་དག་གིས་མཚམས་ཀྱི་ཕྱི་རོལ་དུ་དེ་ལྟར་དབྱུང་དུ་རུང་ངམ། །དེས་སྨྲས་པ་རུང་ངམ་མི་རུང་ཡང་སླ་སྟེ་ངས་ཕྱུང་ནོ་ཞེས་སྨྲས་པ་དང་དེ་ལྟར་གྱུར་


DTG156_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོན་པ་ལ་གསོལ་ནས་དགེ་སློང་མ་རྣམས་ལ་བསླང་པའི་གནས་བཅས་སོ། །ཡང་དགེ་སློང་མ་དག་གིས་དགེ་སློང་མ་གང་ལ་དགེ་སློང་མའི་དགེ་འདུན་གྱིས་སྤང་བའི་ལས་བྱས་པ་ཤེས་བཞིན་དུ་དེ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་གཡོ་འདོར་བར་བྱས་ན་ཆོས་འདི་ཡང་ཐོག་མར་ཉིད་ཀྱིས་ལྟུང་བར་འགྱུར་ལ་དབྱུང་བར་བྱ་བ་སྟེ་དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་རྣམ་པར་འཁྱམ་པའོ། །དགེ་སློང་མ་གང་ལ་ཞེས་བྱ་བ་ནི་གཙུག་དགའ་མོའོ། །དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྤང་བའི་ལས་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་གིས་ཤེས་སམ་གཞན་གྱིམ་སྨྲས་པའོ། །མཚམས་ཀྱི་ཕྱི་རོལ་དུ་སོང་ནས་གཡོ་འདོར་བར་བྱས་ཞེས་བྱ་བ་ནི་དགེ་འདུན་ལ་བཟོད་པར་གསོལ་ཞིང་ཉེས་པ་འདོར་བའོ། །གཞན་ནི་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་ཇི་ཙམ་དུ་ཤེས་བཞིན་དུ་མཚམས་ཀྱི་ཕྱི་རོལ་དུ་གཡོ་འདོར་བར་བྱས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །ལྷག་མ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྔོན་མུ་སྟེགས་བྱེད་ལས་རབ་ཏུ་བྱུང་བ་དགེ་སློང་མ་དུས་ཅན་ཞེས་བྱ་བ་དེ། དགེ་སློང་མ་དག་དང་འཐབ་ཅིང་རྩོད་པར་གྱུར་ཏེ། ཐབ་མོ་བྱུང་བའི་ཚེ་སངས་རྒྱས་དང་ཆོས་དང་དགེ་འདུན་བཏང་ངོ༌། །འདི་ལྟ་སྟེ་ཤཱ་ཀྱའི་དགེ་སྦྱོང་ཉི་ཚེ་ཚུལ་ཁྲིམས་དང་ལྡན་ཡོན་ཏན་དང་ལྡན་པར་མ་ཟད་དེ། །དགེ་སྦྱོང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ་གཞན་དག་ཀྱང་ཡོད་ཀྱིས་དེ་དག་གི་དྲུང་དུ་ཚངས་པར་སྤྱད་པ་སྤྱད་དོ་ཞེས་དེ་སྐད་ཟེར་བ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ་དགེ་སློང་མ་ཁྱོད་ཀྱིས་ཚིག་འཇམ་པོར་བསྒོ་ཤིག །དགེ་སློང་མ་དག་གིས་དེ་བཞིན་དུ་བསྒོ་བ་དང༌། དེ་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་སྡིག་པའི་ལྟ་བ་མི་གཏོང་ནས་དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་མ་དག་གིས་དེ་བཞིན་དུ་བསྒོ་བ་དང་སྔ་མ་བཞིན་དུ་མཉན་ནས་དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་སྔ་མ་བཞིན་དུ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་རྩོད་པར་གྱུར་འཐབ་པར་གྱུར། མཚང་འབྲུ་བར་གྱུར། འགྱེད་པར་གྱུར། སངས་


DTG156_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གཏོང་ངོ༌། །ཆོས་གཏོང་ངོ༌། །དགེ་འདུན་གཏོང་ངོ༌། །འདི་ལྟ་སྟེ། ཤའྐྱའི་སྒྲས་དགེ་སྦྱོང་རྣམས་ཀྱི་ཉི་ཚེའི་ཚུལ་ཁྲིམས་དང་ལྡན། ཡོན་ཏན་དང་ལྡན་པ་དགེ་བའི་ཆོས་དང་ལྡན་པའི་དགེ་སྦྱོང་དུ་མ་ཟད་དེ། དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ་དགེ་བའི་ཆོས་དང་ལྡན་པ་གཞན་དག་ཀྱང་ཡོད་ཀྱིས། དེ་དག་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་རྩོད་པར་གྱུར། མཚང་འབྲུ་བར་གྱུར། འཐབ་པར་གྱུར། འགྱེད་པར་གྱུར་པའི་ཚེ། སངས་རྒྱས་གཏོང་ངོ༌། །ཆོས་གཏོང་ངོ༌། །དགེ་འདུན་གཏོང་ངོ༌། །འདི་ལྟ་སྟེ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཉི་ཚེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དེས་པ་དགེ་བའི་ཆོས་དང་ལྡན་པའི་དགེ་སྦྱོང་དུ་མ་ཟད་དེ། དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ་དགེ་བའི་ཆོས་དང་ལྡན་པ་གཞན་ཡང་ཡོད་ཀྱིས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་སྡིག་པ་ལ་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས་གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་དངོས་པོ་གཏོང་ན་ནི་ལེགས་གལ་ཏེ་མ་བཏང་ན་ཆོས་འདི་ནི་ལན་གསུམ་པ་དབྱུང་བར་བྱ་སྟེ། དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དུས་ཅན་མའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གཏོང་ངོ་ཞེས་བྱ་བ་ནི་རྐང་གཉིས་ཀྱི་ནང་ན་མཆོག་དང༌། འདོད་ཆགས་དང་བྲལ་བའི་མཆོག་དང༌། མང་དུ་འདུས་པའི་ནང་ན་མཆོག་གོ །འདི་ལྟ་སྟེ། ཤཱཀྱའི་དགེ་སྦྱོང་ཉི་ཚེ་ཚུལ་ཁྲིམས་དང་དགེ་བའི་ཆོས་དང་ལྡན་པར་མ་ཟད་དོ་ཞེས་བྱ་བའི་བར་དུ་སྡིག་པ་ལས་ལྟ་བར་བྱེད་པ་དང་བསླབ་པ་ཉམས་པར་བྱེད་པའོ། །དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དགེ་བའི་ཆོས་དང་ལྡན་པ་གཞན་ཡང་ཡོད་དོ་ཞེས་


DTG156_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་འདི་ལས་ཕྱི་རོལ་གྱི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཡོད་པའི་ཐ་ཚིག་གོ །དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་ནི་བསླབ་པ་འབུལ་བར་མངོན་སུམ་དུ་སྟོན་པའོ། །དེ་སྐད་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་དུས་ཅན་ནོ། །དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཚིག་འཇམ་པོས་བསྒོ་བར་བྱ་སྟེ། སྔར་བསྒོ་བ་བཞིན་ནོ། །ཚིག་འཇམ་པོས་བསྒོ་བ་ལས་དངོས་པོ་དེ་གཏོང་ན་ནི་ལེགས་ཞེས་བྱ་བ་དེ་ལྟར་ན་བཟང་པོའོ། །གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། སྔར་བསྒོ་བ་བཞིན་ནོ། །གཞན་ནི་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེ་ན། ཚིག་འཇམ་པོས་བསྒོ་བའི་ཚེ་མ་བཏང་ན་ཉེས་བྱས་སོ། །གསོལ་བ་བྱེད་པའི་ཚེ་མ་བཏང་ན་སྦོམ་པའོ། །ལས་དང་པོའི་ཚེ་མ་བཏང་ན་སྦོམ་པོ་གཉིས། ལས་གཉིས་པའི་ཚེ་མ་བཏང་ན་སྦོམ་པོ་གསུམ། ལས་གསུམ་པ་མ་རྫོགས་པར་དངོས་པོ་དེ་གཏོང་ན་ནི་ལེགས་མི་གཏོང་ན་ལྷག་མར་འགྱུར་རོ། །ཆོས་ལྟར་མ་ཡིན་ན་འདུལ་བ་ལྟར་མ་ཡིན་པར་བསྒོ་བ་དང༌། ཆོས་བཞིན་དུ་བྱེད་ལ་དགེ་འདུན་མ་འདུས་པ་དང༌། །ཆོས་བཞིན་མི་བྱེད་ལ་དགེ་འདུན་འདུས་པ་དང༌། ཆོས་དང་འདུལ་བ་དང་སྟོན་པས་བསྟན་པ་བཞིན་དུ་མ་བསྒོ་ན་ལྟུང་བ་མེད་དོ། །ཆོས་དང་འདུལ་བ་བཞིན་དུ་བསྒོ་བ་ལས་མ་བཏང་ན་ལྷག་མའོ། །དགེ་སློང་མ་དེ་སྟན་ལ་འདུག་བཞིན་དུ་འཕགས་མ་དག་བདག་ལ་ལྷག་མ་བྱུང་ངོ་ཞེས་མ་སྨྲས་ན་བཅབས་པར་འགྱུར་ཏེ། དེ་མ་བཤགས་པར་གསོལ་བ་དང༌། གསོལ་བ་དང་གཉིས་ཀྱི་ལས་དང། གསོལ་བ་དང་བཞིའི་ལས་མྱོང་བར་གྱུར་ན་ཐམས་ཅད་དུ་ཡང་ཉེས་བྱས་སོ། །ལྷག་མ་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྦོམ་དགའ་མོ་དགེ་སློང་མ་དག་དང་ལྷན་ཅིག་ཏུ་འཐབ་ཅིང་རྩོད་པ་དང་མ་ཚང་འབྲུ་བར་གྱུར་པ་དེ་ལ་དགེ་སློང་མ་དག་གིས་དེ་ལྟར་མ་བྱེད་ཅིག་པར་བསྒོ་ན། དེ་འདི་སྐད་དུ་འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པ་དང་ཞེས་དང་དང་གཏི་མུག་དང་འཇིགས་པས་འགྲོའོ། །འདི་ལྟར་དགེ་སློང་མ་ཁ་ཅིག་ནི་རྩོད་པ་ལས་བཟློག །ཁ་ཅིག་ནི་མ་བཟློག་གི་ཞེས་ཟེར་བ་དང༌། དེ་ལྟར་གྱུར་པ་སྟོན་པ་


DTG156_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་ནས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་ཚིག་འཇམ་པོས་བསྒོ་ཞིག་ཅེས་བྱ་བ་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་རྩོད་པར་གྱུར། མཚང་འབྲུ་བར་གྱུར། འཐབ་པར་གྱུར། འགྱེད་པར་གྱུར་ཅིང་འདུག་པ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་མ་རྩོད་ཅིག །མཚང་མ་འབྲུ་ཞིག །མ་འཐབ་ཅིག །མ་འགྱེད་ཅིག་ཅེས་བསྒོ་སྟེ་བཟློག་ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པས་འགྲོའོ། །ཞེ་སྡང་གིས་འགྲོའོ། །གཏི་མུག་གིས་འགྲོའོ། །འཇིགས་པས་འགྲོའོ། །འདི་ལྟར་དགེ་སློང་མ་ཁ་ཅིག་ནི་རྩོད་པ་ལས་བཟློག་ཁ་ཅིག་ནི་མ་བཟློག་གོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་མ་རྩོད་ཅིག །མཚང་མ་འབྲུ་ཞིག །མ་འཐབ་ཅིག །མ་འགྱེད་ཅིག་ཅེས་དགེ་སློང་མ་རྣམས་ཀྱིས་བསྒོ་ན། འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པས་འགྲོ། །ཞེ་སྡང་གིས་འགྲོ། །གཏི་མུག་གིས་འགྲོ། །འཇིགས་པས་འགྲོ་སྟེ། འདི་ལྟར་དགེ་སློང་མ་ཁ་ཅིག་ནི་རྩོད་པ་ལས་བཟློག །ཁ་ཅིག་ནི་མ་བཟློག་གོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་འདོད་པས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེས་སྡང་གིས་འགྲོ་།གཏི་མུག་གིས་འགྲོ། །འཇིགས་པས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ལས་གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས་གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ལས་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་དུ་དབྱུང་བར་བྱ་སྟེ་དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །མ་རྩོད་ཅིག་མ་འཐབ་


DTG156_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་བྱ་བ་ནི་དེ་ལས་བཟློག་པའོ། །འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པས་འགྲོའོ་ཞེས་བྱ་བ་ནི་འདོད་པས་སོ། །ཞེ་སྡང་གིས་འགྲོའོ་ཞེས་བྱ་བ་ནི་ཞེ་སྡང་གིས་སོ་ཞེས་སྨྲ་བའོ། །གཏི་མུག་གིས་འགྲོའོ་ཞེས་བྱ་བ་ནི་གཏི་མུག་གོ་ཞེས་སྨྲའོ། །འཇིགས་པས་འགྲོའོ་ཞེས་བྱ་བ་ནི་འཇིགས་སོ་ཞེས་སྨྲ་བའོ། །འདི་སྐད་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འདི་སྐད་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཚིག་འཇམ་པོས་བསྒོ་བར་བྱ་སྟེ་སྔ་མ་བཞིན་ནོ། །ཚིག་འཇམ་པོས་བསྒོ་བ་ལས་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དེ་ལས་ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མ་ལ་ཚིག་འཇམ་པོས་བསྒོ་བའི་ཚེ་མ་བཏང་ན་ཉེས་བྱས་སོ། །གཞན་ནི་ཐམས་ཅད་གོང་དུ་བཤད་པ་བཞིན་ནོ། །ལྷག་མ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་རིཥྚ་དང་ཨུ་པ་རིཥྚ་འདུས་ཤིང་འཁོད་པ་ལས་འཕྱར་སྙེགས་ལུས་ལ་རྡེག་པར་བྱེད་ནས། དེ་དག་ལ་དགེ་སློང་མ་དག་གིས་དེ་ལྟར་མ་བྱེད་པར་སོ་སོ་ན་འཁོད་པར་གྱིས་ཤིག །འོན་ཀྱང་དགེ་བའི་ཆོས་འཕེལ་བར་འགྱུར་གྱིས་འགྲིབ་བར་མི་འགྱུར་རོ་ཞེས་བསྒོ་ན་ཡང༌། ཉན་དུ་མི་བཏུབ་པས་དེ་ལྟར་གྱུར་པར་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་དགེ་སློང་མ་འདི་གཉིས་ལ་ཚིག་འཇམ་པོས་བསྒོ་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་དག་གིས་དེ་ལྟར་བསྒོ་ན་ཉན་དུ་མ་བཏུབ་པ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཤིག་ཅེས་པ་ནས་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་འདུས་ཤིང་འཁོད་པས་འཕྱར་སྙེགས་ལུས་ལ་རྡེགས་པར་བྱེད་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་དག་ཀྱེད་འདུ་ཞིང་མ་འཁོད་ཅིག །ཁྱེད་འདུ་ཞིང་འཁོད་པས་དགེ་བའི་ཆོས་རྣམས་འབྲི་བར་འགྱུར་གྱིས་འཕེལ་བར་མི་འགྱུར་བར་ཤེས་བར་བྱའོ། །ཕུ་ནུ་མོ་ཁྱེད་སོ་སོ་མ་འཁོད་ཅིག །ཁྱེད་ཅག་སོ་སོ་ན་འཁོད་དང་དགེ་བའི་ཆོས་རྣམ་པར་འཕེལ་བར་འགྱུར་གྱི་འབྲི་བར་མི་འགྱུར་


DTG156_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤེས་པར་བྱའོ་ཞེས་བསྒོ་ཤིག །དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས། དངོས་པོ་དེ་གཏོང་ན་ནི་ལེགས་གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་དབྱུང་བར་བྱ་སྟེ་དགེ་འདུན་གྱི་ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་རིཥྚ་དང༌། ཨུ་པ་རིཥྚ་འོ། །འདུ་ཞིང་འཁོད་ཅེས་བྱ་བ་ནི་གཅིག་ཏུ་འདུས་པའོ། །འཕྱར་སྙེགས་ལུས་ལ་རྡེག་ཅེས་བྱ་བ་ནི་རྡེག་པའོ། །སྙེགས་ཞེས་བྱ་བ་ནི་རྩེད་མོས་བྱེད་པའོ། །ལུས་ལ་རྡེག་པ་ནི་གད་མོ་འདོན་པའོ། །དགེ་སློང་མ་དེ་དག་ཅེས་བྱ་བ་ནི་རིཥྚ་དང༌། ཨུ་པ་རིཥྚའོ། །དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །དེ་སྐད་བསྒོ་བར་བྱ་ཞེས་བྱ་བ་ནི་ཚིག་འཇམ་པོས་སོ། །གཞན་ནི་གོང་དུ་བཤད་པ་བཞིན་ཏེ་ལྟུང་བའི་ཁྱད་པར་ཉེས་བྱས་གཅིག་དང་སྦོམ་པོ་གསུམ་དང་ལྷག་མ་གཅིག་བྱུང་བ་ཡང་གོང་མ་དང་འདྲའོ། །ཆོས་བཞིན་དུ་ལས་མ་བྱས་ན་ལྷག་མར་མི་འགྱུར་བ་དང༌། སྟན་ལས་མ་ལངས་པར་བདག་ལ་ལྷག་མ་བྱུང་ངོ་ཞེས་མ་སྨྲས་ན་བཅབས་པའི་ཉེས་པར་འགྱུར་བ་ཡང་སྔ་མ་བཞིན་དུ་བཤད་དེ། །འོག་ནས་འབྱུང་བ་རྣམས་ཀྱང་ཐམས་ཅད་དེ་བཞིན་དུ་བཤད་པར་རིག་པར་བྱའོ། །ལྷག་མ་བཅོ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ།། །ནམ་དགེ་སློང་མ་ཨ་རིཥྚ་དང་ཨུ་པརིཥྚ་འདུ་ཞིང་འཁོད་པ་ལས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ནས་སོ་སོ་ནས་འཁོད་པར་གྱུར་པ་དང༌། སྦོམ་དགའ་མོ་དེ་དག་གཉིས་ཀྱི་གན་དུ་སོང་སྟེ་ཕྱིན་ནས་འདི་སྐད་སྨྲས་ཏེ། ཁྱོད་ཅིའི་ཕྱིར་ན་སོ་སོ་ན་འཁོད་ཚུར་ཤོག །ཁྱེད་འདུས་ཏེ་འཁོད་ན་དགེ་བའི་ཆོས་འཕེལ་བར་འགྱུར་གྱི་འགྲིབ་པར་མི་འགྱུར་རོ་སྨྲས་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་ཚིག་འཇམ་པོས་བསྒོ་ཤིག་ཅེས་བྱས་ནས་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། ཡང་དགེ་སློང་མ་གང་དགེ་སློང་མ་དག་སོ་སོ་ནས་འཁོད་པར་ཤེས་ལ། སོ་སོ་ན་འཁོད་པ་དེ་


DTG156_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གན་དུ་སོང་ནས་ཕུ་ནུ་མོ་ཁྱེད་ཅག་སོ་སོར་མ་གནས་ཤིག །ཁྱེད་སོ་སོར་གནས་པས་དགེ་བའི་ཆོས་རྣམ་པར་འཕེལ་བར་མི་འགྱུར་གྱིས་འགྲིབ་པར་འགྱུར་བར་ཤེས་པར་བྱའོ། །ཕུ་ནུ་མོ་ཁྱེད་འདུས་ཏེ་འཁོད་ཅིག་ཁྱེད་འདུས་ཏེ་འཁོད་པ་དང༌། དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་གྱི་མི་འབྲི་བར་ཤེས་པར་བྱའོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དགེ་སློང་མ་གང་དེ་དག་སོ་སོ་ན་གནས་པར་ཤེས་ལ། སོ་སོ་ན་གནས་པ་དེ་དག་གི་གན་དུ་སོང་ནས་ཕུ་ནུ་མོ་ཁྱེད་སོ་སོར་མ་གནས་ཤིག །ཁྱེད་སོ་སོ་ན་འཁོད་པས་དགེ་བའི་ཆོས་རྣམས་འཕེལ་བར་མི་འགྱུར་གྱི་འབྲི་བར་འགྱུར་བར་ཤེས་པར་བྱའོ། །ཁྱེད་ཅག་འདུས་ཏེ་འཁོད་ཅིག་འདུས་ཏེ་འཁོད་དང་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་གྱི་འབྲི་བར་མི་འགྱུར་བར་ཤེས་པར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་དངོས་པོ་འདི་ལྟ་བུ་ཐོང་ཤིག་ཅེས་དེ་སྐད་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས། གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ནི་དངོས་པོ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལས་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས་དངོས་པོ་དེ་བཏང་ན་ནི་ལེགས་གལ་ཏེ་མི་གཏོང་ན་ཆོས་འདི་ལ་ལན་གསུམ་པས་དབྱུང་བར་བྱ་སྟེ་དགེ་འདུན་གྱི་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་གང་དག་སོ་སོ་ནས་འཁོད་ཅེས་བྱ་བ་ནི་ཐ་དད་དུ་གནས་པའོ། ཤེས་ལ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་པ་འམ་གཞན་གྱིས་བསྟན་པའོ། །དེ་དག་གི་གན་དུ་སོང་ཞེས་བྱ་བ་ནི་དེའུ་དྲུང་དུ་སོང་བའོ། །སོ་སོ་ན་མ་གནས་ཞེས་བྱ་བ་ནི་ཐ་དད་དུ་མ་འདུག་ཅིག་པའོ། །ཁྱེད་སོ་སོར་གནས་པས་དགེ་བའི་ཆོས་རྣམས་འཕེལ་བར་མི་འགྱུར་གྱི་འབྲི་བར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་ནི་དགེ་བའི་ཆོས་སྐྱེ་བར་མི་འགྱུར་བའོ། །ཁྱེད་འདུས་ཏེ་འཁོད་ཅིག་ཅེས་བྱ་བ་ནི་གནས་གཅིག་ཏུ་འདུས་ཤིག་པའོ། །དགེ་བའི་ཆོས་འཕེལ་བར་འགྱུར་གྱི་མི་འབྲི་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའི་དོན་ནོ། །འདི་སྐེད་ཟེར་ཞེས་བྱ་


DTG156_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྨྲ་བའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འདི་སྐད་བསྒོ་ཞེས་བྱ་བ་ནི་ཚིག་འཇམ་པོས་སོ། །གཞན་ནི་གོང་མ་དང་འདྲའོ། །ལྷག་མ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་ན་ཉན་ཐོས་ཆེན་མོ་གཽ་ཏ་མ་རི་དེ་མ་དང༌། ཨུཏྤལའི་ཁ་དོག་དང་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དབྱར་རྒྱལ་པོའི་ཁབ་ཏུ་ཚུལ་དུ་བཞུགས་སོ། །དེའི་ཚེ་ན་མུ་གེ་བྱུང་སྟེ། བསོད་སྙོམས་སློང་བས་རྙེད་དཀའ་བ་ནི་མེ་ངན་བཞིན་ནོ། །དེའི་ཚེ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་འཐབ་ཅིང་རྩོད་པར་གྱུར་ཅིང་འདུག་གོ །སྦོམ་དགའ་མོས། དགའ་མོ་དང༌། ཉེ་དགའ་མོ་དང༌། གཙུག་དགའ་མོ་དག་ལ་སྨྲས་པ། དགའ་མོ་ཉེ་དགའ་མོ་ཚུར་ཤོག་དགེ་སློང་མའི་དགེ་འདུན་དབྱེའོ། །འཁོར་ལོ་ཡང་དབྱེ་བར་བྱའོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོ་སྟོན་པའི་ཉན་ཐོས་མ་རྣམས་ནི་རྫུ་འཕྲུལ་ཆེ་ཕ་རོལ་གྱི་སེམས་ཤེས་པས་ན་བདག་ཅག་གཡོས་པ་ཡང་ཤེས་པ་ཡོད་ན་མི་ནུས་པ་སྙམ། དགའ་མོ་དེ་ལ་ཐབས་ཡོད་དོ། །སྦོམ་དགའ་མོས་ཐབས་གང་ཡིན། དགའ་མོ་ཚུར་ཤོག །བདག་གིས་གནས་བརྟན་དག་ཆོས་གོས་དང་ཟས་དང་ཡོ་བྱད་དག་གིས་བསྟབས་པར་བྱ། དགེ་སློང་མ་རྣམས་ནི་ཉེ་བར་བཅར་ལ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། ཡིད་ལ་བྱེད་པ་རྣམས་ཀྱིས་བསྡུ་ཞིང་དབང་དུ་དགུག་གོ །སྦོམ་དགའ་མོ་ཐབས་དེ་ནི་རུང་ངོ་ཞེས་ཏེ། དེ་དག་སྦྱོར་བ་ལས་དགེ་སློང་མ་དག་གིས་ཚོར་ནས། དེར་གྱུར་པ་སྟོན་པ་ལ་གསོལ་ནས་ཚིག་འཇམ་པོས་བསྒོ་ཤིག་ཅེས་བྱ་བ་ནས། གསོལ་བཞིའི་ལས་ཀྱིས་བསྒོ་བ་དང༌། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་དོན་དེ་ཉིད་ལ་མཐུ་བསྐྱེད་དེ་མངོན་དུ་བཟུང་སྟེ་འདུག་གོ །དེའི་གྲོགས་མོ་རྗེས་སུ་ཕྱོགས་པ་དགའ་མོ་དང་བསྙེན་དགའ་མོ་དང་གཙུག་དགའ་མོ་དག་གིས་སྨྲས་པ། འཕགས་མ་ཁྱེད་ཀྱིས་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅང་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བའོ། །དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་


DTG156_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་ནོ། །དགེ་སློང་མ་འདི་གང་ལ་དད་ཅིང་བཟོད་པ་དག་ཀྱང་དེ་ལ་དད་ཅིང་བཟོད་དོ་ཞེས་བྱ་བ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་དགའ་མོ་དང་བསྙེན་དགའ་མོ་དང་གཙུག་དགའ་མོ་དག་ཚིག་འཇམ་པོས་བསྒོ་ཤིག་ཅེས་བྱ་བ་ནས། བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་ལ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་རབ་ཏུ་བཟུང་ནས་རབ་ཏུ་འཛིན་ཅིང་འདུག་ན། དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་དགེ་སློང་མའི་དགེ་འདུན་མཐུན་པ་ལ་དབྱེ་བའི་ཕྱིར་མ་འཇུག་ཅིག །དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་མ་འཇུག་ཅིག །འཕགས་མ་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་མཐུན་བ་དང༌། དགེ་སློང་མའི་དགེ་འདུན་དང་མཐུན་པ་དང༌། དགེ་སློང་མའི་དགེ་འདུན་དང་སྡུམ་པ་དང༌། མི་ཕྱེད་པ་དང༌། ཀུན་དགའ་བ་དང༌། མི་རྩོད་པ་དང༌། རྩེ་གཅིག་པ་དང༌། འདོན་པ་མཚུངས་པ་དང༌། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་བཞིན་དུ་སྟོན་པའི་བསྟན་པ་རྒྱས་པར་བྱ་བའི་ཕྱིར་བདེ་བ་ལ་རེག་པར་གནས་པར་གྱིས་ཤིག །འཕགས་མ་ཁྱོད་ཀྱིས་དགེ་འདུན་དབྱེ་བར་བྱ་བའི་དངོས་པོ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོས་བར་བྱ་བའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ལས་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ལ་ལན་གཉིས་ལན་གསུམ་དུ་དབྱུང་བར་བྱ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་ཞེས་བྱ་བ་ནི་ཡིད་གཅིག་པའོ། །དབྱེ་ཞེས་བྱ་བ་ནི་གཉིས་སུ་འབྱེད་པའོ། །ཞུགས་ཞེས་བྱ་བ་ནི་ཕྱིར་བརྟུན་པའོ། །དབྱེ་བར་བྱ་བའི་ཕྱིར་


DTG156_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དབྱེ་བར་བྱ་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ། ལེགས་པར་ཤིན་ཏུ་བཟུང་བའོ། །རྩོད་པ་ཞེས་བྱ་བ་ནི་བཞི་སྟེ། འཁྲུག་པས་རྩོད་པ་དང༌། མི་སྟོན་པས་རྩོད་པ་དང༌། ལྟུང་བའི་རྩོད་པ་དང༌། བྱ་བའི་རྩོད་པའོ། །འདི་སྐད་བསྒོ་ཤིག་ཅེས་བྱ་བ་ནི་ཚིག་འཇམ་པོས་སོ། །གཞན་ནི་སྔར་བཤད་པ་བཞིན་ནོ། །ལྷག་མ་བཅུ་བདུན་པ་རྫོགས་སོ།། །།དེ་ནས་སྟོན་པ་གདན་དེ་ལ་བཞུགས་བཞིན་དུ་ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅའ་བར་དགོངས་ནས་དགེ་སློང་མ་དག་ལ་གསུངས་པ། དགེ་སློང་མའི་དགེ་འདུན་ལ་བྱ་བ་ཅུང་ཟད་ཅིག་ཡོད་ཀྱིས་མ་ལྡང་ཞིག །དགེ་སློང་མ་དེ་ལ་གྲོགས་དགེ་སློང་མའི་རྗེས་སུ་ཕྱོགས་པ། དབྱེན་དུ་སྨྲ་བ་གཅིག་གམ། གཉིས་སམ་མང་པོ་འང་རུང་སྟེ། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་དགེ་སློང་མ་ཁྱེད་ལ་དགེ་སློང་མ་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅུང་ཟད་ཀྱང་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བའོ། །འདུལ་བ་སྨྲ་བའོ། །དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་དད་ཅིང་བཟོད་པ་བདག་ཅག་ཀྱང་དེ་ལ་བཟོད་དོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ཁྱོད་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པ་ལ་དབྱེ་བར་ཞུགས་ཏེ། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་སུ་འགྱུར་ཏེ། རྗེས་སུ་ཕྱོགས་ནས་དབྱེན་དུ་སྨྲ་བར་བྱེད་དེ། དགེ་སློང་མ་རྣམས་ལ་དགེ་སློང་མ་འདི་ནི་ཆོས་སྨྲའོ། །འདུལ་བ་སྨྲའོ། །དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་དད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་དད་ཅིང་བཟོད་དོ་ཞེས་དེ་སྐད་མ་སྨ་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་མ་ཡིན་པར་སྨྲའོ། །དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་འདུལ་བ་མ་ཡིན་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་སྤྱོད་པའོ། །དགེ་སློང་མ་


DTG156_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་གྱིས། དགེ་སློང་མ་འདི་གང་ལ་དད་ཅིང་བཟོད་པ་དེ་ལ་ཁྱེད་དད་ཅིང་བཟོད་པར་མ་བྱེད་པར་ཁྱེད་དགེ་འདུན་དང་མཐུན་པ་དང༌། འདུམ་པ་དང༌། མི་ཕྱེད་པ་དང༌། མི་རྩོད་པ་དང༌། རྩེ་གཅིག་པ་དང༌། འདོན་པ་མཚུངས་པ་དང༌། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་བཞིན་སྟོན་པའི་བསྟན་པ་རྒྱས་པར་བྱ་བའི་ཕྱིར་བདེ་བ་ལ་རེག་པར་གནས་པར་གྱིས་ཤིག །དགེ་སློང་མ་ཁྱེད་དགེ་འདུན་དབྱེ་བ་འདི་འདྲ་བ་རྗེས་སུ་ཕྱོགས་ནས་དབྱེན་དུ་སྨྲ་བ་ཐོང་ཤིག་ཅེས་དེ་སྐད་བསྒོ་ཤིག །དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས། གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤོང་བར་བྱེད་པའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ལས། གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་དབྱུང་བར་བྱ་སྟེ། དགེ་འདུན་གྱི་ལྷག་མའོ། །དགེ་སློང་མ་དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གྲོགས་དགེ་སློང་མ་ཞེས་བྱ་བ་ནི་དགའ་མོ་དང༌། བསྙེན་དགའ་མོ་དང་གཙུག་དགའ་མོའོ། །རྗེས་སུ་ཕྱོགས་ཞེས་བྱ་བ་ནི་གཅིག་ཏུ་དད་ཅིང་གཅིག་ཏུ་སྦྱོར་བའོ། །དབྱེན་དུ་སྨྲ་ཞེས་བྱ་བ་ནི་དབྱེ་བར་སྨྲ་བའོ། །གཅིག་གམ་གཉིས་སམ་མང་པོ་ཞེས་བྱ་བ་ནི་གཉིས་ཡན་ཆད་མང་པོའོ། །དགེ་སློང་མ་དག་ཅེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །དེ་སྐད་ཅེས་བྱ་བ་ནི་སྨྲ་བའོ། །དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་འདི་ལ་ཅང་མ་ཟེར་ཅིག་ཅེས་བྱ་བ་ནི་སྦོམ་དགའ་མོ་ལའོ། །དགེ་འམ་སྡིག་པ་ཡང་རུང་ཞེས་བྱ་བ་ནི་དགེ་བ་ལ་འཇུག་པར་མི་བྱ་ཞིང༌། སྡིག་པ་ལས་བཟློག་མི་དགོས་ཞེས་ཟེར་བའོ། །དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བའོ་ཞེས་བྱ་བ་ནི་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་སྨྲ་བའོ། །དགེ་སློང་མ་འདི་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གང་ལ་དད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་དད་ཅིང་བཟོད་དོ་ཞེས་བྱ་བ་ནི་དངོས་སུ་ཟད་དོ། །གཞན་ནི་གོང་དུ་བཤད་ཟིན་པ་དང་འདྲའོ། །ལྷག་མ་བཅོ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་


DTG156_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བུའི་རི་ཞེས་བྱ་བ་ན་དགེ་སློང་མ་བཅུ་གཉིས་སྡེ། དགའ་མོ་དང༌། བསྙེན་དགའ་མོ་དང༌། སྦོམ་དགའ་མོ་ལ་སོགས་པ་འཁོར་དེ་དག་ཀྱང་ཁྱིམ་སུན་འབྱིན་པའི་ཆོས་ཀུན་ཏུ་སྦྱོར་ཏེ། སྐྱེས་པ་དང་སྟེག །གང་རྒྱངས་བྱེད། སྟན་གཅིག་ལ་འདུག །སྣོད་གཅིག་གི་ནང་དུ་ཟ། ཕོར་བུ་གཅིག་གི་ནང་ན་ཆང་སྣ་མང་པོ་འཐུང༌། གར་བྱེད་གླུ་ལེན། ལེན་དུ་འཇུག་རོལ་མོ་མཁས་པ་རྣམས་ལ་བྱ་དགའ་སྦྱིན། གོས་བརྩེ། བྲང་རྒྱུག །གླང་པོ་ཆེ་ལ་སོགས་པ་སྟེ་བྱོལ་སོང་སྣ་ཚོགས་ཀྱི་སྐད་འབྱིན། དེ་དག་འཐབ་པ་ལྟར་ཡང་བྱེད། བྱེད་དུ་འཇུག་སྟེ། དགེ་སྦྱོང་གི་ལས་མ་ཡིན་པ་འདི་དག་དང་གཞན་དག་ཀྱང་བྱེད་ཅིང་བྱེད་དུ་འཇུག་པས་སྲིན་བུའི་རི་དེར་དགེ་སློང་མ་མ་འོངས་པ་རྣམས་ནི་མི་འོང༌། འོངས་པ་རྣམས་ཀྱི་དགེ་སློང་མ་སྡིག་ཅན་གྱི་གནས་སོ་ཞེས་སྤོང་ངོ༌། །དེ་ནས་དགེ་སློང་མ་མང་ཞིག་ལྗོངས་རྒྱུ་ཞིང་དོང་བ་ལས་སྲིན་བུའི་རིར་ཕྱིན་ཏེ། དེ་དག་སྔ་དྲོ་སྲིན་བུའི་རིར་བསོད་སྙོམས་ལ་ཞུགས་པ་དང༌། དེ་དག་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་སླར་བྱུང་སྟེ། བསོད་སྙོམས་ཅུང་ཟད་ཀྱང་མ་རྙེད་ནས་དེ་དག་གིས་བསམས་པ། སྲིན་བུའི་རི་འདིར་སྔོན་འབྱོར་བ་རྒྱས་པ་སྐྱེ་བོ་མང་པོས་གང་སྟེ་བསོད་སྙོམས་ཀྱང་རྙེད་ན་ད་ནི་བདག་ཅག་ལྷུང་བཟེད་སྟོང་པར་སླར་ལོག་ལ་སྟོན་པའི་ཉན་ཐོས་བྱིས་པ་ལྟ་བུ་མི་གསལ་བ་མི་མཁས་པ་དག་གིས་རིགས་ཀྱི་སྐྱེས་པ་དང་བུས་པ་དག་ལ་ཁ་ངན་མང་དུ་སྨྲས་གྲང་སྙམ་མོ། །དེའི་ཚེ་ན་སྲིན་བུའི་རིའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་དག་གནས་བཟང་པོ་ཞིག་ན་དོན་ཞིག་གི་ཕྱིར་འདུས་ཤིང་འཁོད་དོ། །དེའི་ཚེ་ན་དགེ་བསྙེན་ཆུར་འཇུག་ཅན་ཞེས་བྱ་བ་དེས་དགེ་སློང་མ་མང་པོས་བསོད་སྙོམས་མ་རྙེད་པ་མཐོང་ནས་དེ་དག་ལ་ཇི་ལྟ་བུར་གྱུར་པ་སྨྲས་སོ། །འཕགས་མ་དག་བདག་ལ་རྗེས་སུ་བརྩེ་བའི་ཕྱིར་མཉན་དུ་ཡོད་པར་བཞུད་ལ་ཇི་ལྟར་གྱུར་པ་སྟོན་པ་ལ་གསོལ་ཅིག་ཅེས་བྱ་བ་དང༌། དགེ་སློང་མ་དག་གིས་ཀྱང་དེ་བཞིན་དུ་ཁས་བླངས་སོ། །དེ་ནས་དགེ་སློངས་མ་རྣམས་དགེ་བསྙེན་དེས་བཟའ་བ་དང༌། བཅའ་བས་ཚིམ་པར་བྱས་ནས་སྟན་ལས་ལངས་ཏེ་དོང་ངོ༌། །དེ་ནས་མཉན་དུ་ཡོད་པར་ཕྱིན་པ་དང༌། ཇི་ལྟར་གྱུར་པ་དགེ་སློང་མ་དག་ལ་སྨྲས་པ་


DTG156_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྔ་མ་བཞིན་དུ་སྟོན་པ་ལ་གསོལ་པ་དང༌། བཀའ་སྩལ་བ། སྐྱེ་དགུའི་བདག་མོ་དགེ་སློང་མ་ལྔ་བརྒྱ་དང་སོང་ལ་དེ་དག་བསྒྲད་པའི་ལས་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་དག་ཀྱང་སྟོན་པས་གསུངས་པ་བཞིན་དུ་ལམ་གྱི་བར་དུ་འཁོད་ཅིང་གླེང་བ་པོ་ཆོས་ལྔ་དང་ལྡན་པ་བསྐོས་ཏེ། འཁོར་ལྔ་བརྒྱ་དང་སྲིན་བུའི་རིར་ཕྱིན་པ་དང༌། བཅུ་གཉིས་སྡེས་སྐྱེ་དགུའི་བདག་མོ་ལ་སོགས་པ་བདག་ཅག་ལ་བསྐྲད་པའི་ལས་བྱེད་དུའང་ཞེས་ཐོས་ནས་བཟང་མོ་དང༌། མཛེས་མ་དང༌། རྒྱལ་མཐའ་དག་གིས་བསམས་པ་སྐྱེ་དགུའི་བདག་མོས་དེ་དག་ལ་བསྐྲད་པའི་ལས་བྱས་ན་བདག་ཅག་ལའང་བྱེད་དུ་འོང་ངོ་སྙམ་ནས་ནུབ་ཕྱོགས་ཀྱི་སྒོར་བྱུང་སྟེ། མཉན་དུ་ཡོད་པར་ཕྱིན་པ་དང༌། དེ་དག་གིས་བཤགས་པ་དང་བསྡམ་པར་བྱ་བ་རྣམས་བྱས་ནས་དགེ་སློང་མ་རང་བཞིན་དུ་གནས་པ་དང་ལྷན་གཅིག་ཏུ་གནས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་འཁོར་དང་བཅས་པས་དེ་དག་བསྐྲད་པའི་ལས་བྱས་ནས་དེ་དག་སླར་ལོག་སྟེ། མཉན་དུ་ཡོད་པར་ཕྱིན་པ་དང༌། ཇི་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་སོང་ངོ༌། །དེ་ནས་དགེ་སློང་མ་དགའ་མོ་ལ་སོགས་པས་བསམས་པ་གང་ས་ཉིད་ལས་གྲེད་པ་དེ་ནི་ས་ཉིད་ལ་བརྟེན་ཏེ་ལྡང་ངོ༌། །བདག་ཅག་ཀྱང་སྟོན་པ་དང་དགེ་སློང་མའི་དགེ་འདུན་ལ་བཟོད་པར་གསོལ་ལོ་ཞེས་མཉན་དུ་ཡོད་པར་དོང་སྟེ་ཕྱིན་པ་དང་སྟོན་པས་བཀའ་སྩལ་པ་བཞིན་དུ་དགེ་སློང་མ་དག་ཀྱང་ཁྱིམ་སུན་འབྱིན་པའི་དགེ་སློང་མ་དག་གིས་ཕྱག་བྱས་པ་དང༌། གཏམ་ཡང་མི་ཟེར་ཕྱག་ལན་ཡང་མི་སྟེར་ནས་དེ་དག་མཛེས་དགའ་མོ་དག་དང་ཕྲད་ན་ཡང་སྔ་མ་བཞིན་དུ་གཏམ་དང་ཕྱག་ལན་མི་སྟེར་བ་དང༌། དེ་དག་གིས་སྨྲས་པ་གཞན་དག་གིས་བདག་ཅག་ལ་མི་སྨྲ་བ་ནི་ཡུས་ན། མཛེས་དགའ་མོ་དང་བདག་ཅག་གིས་ཁྱིམ་སུན་འབྱིན་པའི་ལས་བྱས་པར་འདྲ་ན་ཁྱེད་ཅག་ཅིའི་ཕྱིར་བདག་ཅག་ལ་མི་སྨྲ་དེ་དག་གིས་སྨྲས་པ་ཁྱེད་ཟེར་བ་ཡང་བདེན་མོད་ཀྱིས། ངེད་ཀྱིས་ཉེས་པ་བཤགས་ཟིན་པས་ན་གནས་ངན་ལེན་ཁྱེད་དང་ལྷན་ཅིག་མི་སྤྱད་དོ་ཞེས་བྱ་བ་དང༌། དེ་དག་གིས་སྨྲས་པ་འདི་ན་དགེ་སློང་མ་ཁ་ཅིག་ནི་འདི་འདོད་པ་དང༌། ཞེ་སྡང་དང༌། གཏི་མུག་དང་འཇིགས་པས་འགྲོ་སྟེ། ཉེས་པ་འདྲ་བ་ལས་ཁ་ཅིག་ནི་བསྐྲད་ཁ་ཅིག་ནི་མ་བསྐྲད་ཅེས་བྱ་བ་དང༌། དེ་ལྟར་


DTG156_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་སྟོན་པ་ལ་གསོལ་ནས། ཚིག་འཇམ་པོས་བསྒོ་ཤིག་ཅེས་བྱ་བ་ནས་བསླབ་པའི་གནས་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མ་གང་ཞིག་གྲོང་ངམ་གྲོང་རྡལ་ཞིག་ན་གནས་ཤིང་འཁོད་པ་དེ་དག་ཀྱང་རིགས་སུན་པ་དང༌། སྡིག་པའི་ཆོས་ཀུན་ཏུ་སྤྱོད་དེ། དེ་དག་རིགས་སུན་པར་སྣང་ངམ་ཐོས་སམ་རབ་ཏུ་ཤེས་སམ་དེ་དག་གིས་སྡིག་པའི་ཆོས་ཀྱང་ཀུན་ཏུ་སྤྱོད་པར་སྣང་ངམ་ཐོས་སམ་རབ་ཏུ་ཤེས་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ཁྱེད་རིགས་སུན་པ་དང༌། སྡིག་པའི་ཆོས་ཀུན་དུ་སྤྱོད་དེ། ཁྱེད་ཀྱིས་རིགས་སུན་པར་སྣང་ངོ། །ཐོས་སོ། །རབ་ཏུ་ཤེས་སོ། །ཁྱེད་ཀྱིས་སྡིག་པ་འང་ཀུན་ཏུ་སྤྱོད་པར་སྣང་ངོ་ཐོས་སོ་རབ་ཏུ་ཤེས་སོ། །དགེ་སློང་མ་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས་དེང་ཤིག་ཅེས་དེ་སྐད་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པས་འགྲོའོ། །ཞེ་སྡང་གིས་འགྲོའོ། །གཏི་མུག་གིས་འགྲོའོ། །འཇིག་པས་འགྲོ་སྟེ། ལྟུང་བ་བྱུང་བར་འདྲ་བ་ལས་དགེ་སློང་མ་ཁ་ཅིག་ནི་བསྐྲད། ཁ་ཅིག་ནི་མ་བསྐྲད་དོ་ཞེས་དེ་སྐད་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ཁྱེད་འདི་ན་དགེ་སློང་མ་ཁ་ཅིག་ནི་འདོད་པས་འགྲོའོ། །ཞེ་སྡང་གིས་འགྲོའོ། །གཏི་མུག་གིས་འགྲོའོ། །འཇིགས་པས་འགྲོ་སྟེ། ལྟུང་བ་བྱུང་བ་འདྲ་བ་ལས་དགེ་སློང་མ་ཁ་ཅིག་ནི་བསྐྲད། ཁ་ཅིག་ནི་མ་བསྐྲད་ཅེས་དེ་སྐད་ཅེས་མ་ཟེར་ཅིག །དགེ་སློང་མ་ཁྱེད་རིགས་སུན་པ་དང་སྡིག་པའི་ཆོས་ཀུན་ཏུ་སྤྱོད་དེ། ཁྱེད་ཀྱིས་རིགས་སུན་པར་སྣང་ངོ། །ཐོས་སོ་རབ་ཏུ་ཤེས་སོ། །སྡིག་པ་ཡང་ཀུན་ཏུ་སྤྱོད་པར་སྣང་ངོ་ཐོས་སོ་རབ་ཏུ་ཤེས་སོ། །དགེ་སློང་མ་འདོད་པས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དང༌། གཏི་མུག་གིས་འགྲོའོ་འཇིགས་པས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས། གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་དེ་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་


DTG156_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ནི་ཆོས་འདི་ཡང་ལན་གསུམ་དུ་དབྱུང་བར་བྱ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་མང་ཞིག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་པའོ། །གྲོད་ངམ་གོང་རྡལ་ཞིག་ན་གནས་ཤིང་ལ་བོད་ན་ཞེས་བྱ་བ་ནི་སྲིན་བུའི་རིའོ། །དེ་དག་ཀྱང་རིགས་སུན་པར་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་ཕྱིར་རིགས་སུན་པ་ཞེས་བྱ་སྟེ། གནས་དད་ལོངས་སྤྱོད་གཅིག་པའོ། །གནས་པ་གང་ཞེ་ན། སྐྱེས་པ་དང་ལྷན་ཅིག་སྟེག་པ། རྩེན་པ། གད་རྒྱངས་བྱེད་པ་ཡིན་ཏེ། དེ་ལྟར་ན་གནས་པའོ། །ལོངས་སྤྱོད་གཅིག་པ་གང་ཞེ་ན། ཟང་ཟིང་དང་མེ་ཏོག་དང་འབྲས་བུ་དང་ལོ་ཤིང་ལ་སོགས་པ་སྟེ། དེ་ལྟར་ན་ལྷན་ཅིག་སྤྱོད་པའོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་ཅེས་བྱ་བ་ནི་ཁ་ན་མ་ཐོ་བའི་ཆོས་ཀུན་དུ་སྤྱོད་པའོ། །དེ་དག་གིས་རིགས་སུན་པར་ཀུན་དུ་སྣང་ཞེས་བྱ་བ་ནི་མིག་གིས་སོ། །ཐོས་སོ་ཞེས་བྱ་བ་ནི་རྣ་བས་སོ། །རབ་ཏུ་ཤེས་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པར་སྣང་ངོ༌། །ཐོས་སོ་རབ་ཏུ་ཤེས་སོ་ཞེས་པ་ནི་སྔ་མ་བཞིན་ནོ། །དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་དགའ་མོ་ལ་སོགས་པའོ། །དགེ་སློང་མ་རྣམས་ཞེས་བྱ་བ་འདི་ཆོས་འདི་ལ་ཞུགས་པའོ། །འདི་སྐད་ཅེས་བྱ་བ་ནི་ཚིག་འཇམ་པོས་སོ། །གཞན་ནི་སྔ་མ་བཞིན་ནོ། །ལྷག་མ་བཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་ཏི་ཤ་སྲུང་ལ་ལྟུང་བ་བྱུང་ནས། དེ་ལ་དགེ་སློང་མ་ཕན་པར་འདོད་པ་བདེ་བར་འདོད་པ་དག་གིས་གླེང་དྲན་པར་བྱ་སྟེ། ཕུ་ནུ་མོ་ཁྱོད་འདི་ལྟར་ཤེས་པར་གྱིས་ཤིག །ཁྱོད་ལ་ལྟུང་བ་བྱུང་གིས་བཤགས་པར་བྱོས་ཤིག་ཅེས་བསྒོ་བ་དང༌། གང་ལ་ལྟུང་བ་བྱུང་བ་དེ་སླར་བྱེད་གྲང༌། ཁྱེད་ལ་བྱུང་ན་གཞན་སུ་ཞིག་བྱེད། གང་འགྱོད་པར་གྱུར་པའོ། །ཁྱེད་ནི་རུས་དང་རིགས་ཐ་དད་པ་ལས་རབ་ཏུ་བྱུང་སྟེ། དཔེར་ན་ཤིང་ཐ་དད་པའི་འདབ་མ་རླུང་གིས་ཁྱེར་ནས་གཅིག་ཏུ་བསྡུས་གཅིག་ཏུ་སྤུངས་པ་བཞིན་དུ་རུས་དང་རིགས་ཐ་དད་པ་ལས་རབ་ཏུ་བྱུང་སྟེ། ཁྱེད་དགེ་ཡང་རུང༌། སྡིག་ཀྱང་རུང༌། ཅུང་


DTG156_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་བདག་ལ་མ་སྨྲ་ཤིག །བདག་ཀྱང་ཁྱོད་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅུང་ཟད་ཀྱང་མི་སྨྲའོ། །ཁྱེད་བདག་ལ་སྨྲ་བའི་ཚིག་གི་ལམ་ཐོང་ཤིག །ཁྱོད་ཀྱིས་བདག་ལ་སྨྲས་པས་ཆོག་གོ་ཞེས་སྨྲས་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་ཚིག་འཇམ་པོས་བསྒོ་ཤིག་ཅེས་བྱས་པ་ནས་བསླབ་པའི་གནས་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་བསྟན་པར་གཏོགས་པ་དང༌། བདེ་བར་གཤེགས་པའི་མདོ་སྡེར་གཏོགས་པའི་བསླབ་པའི་གནས་ཀྱིས་དགེ་སློང་མ་དག་གི་ཆོས་དང་མཐུན་པ་འདུལ་བ་དང་མཐུན་པས་བསྒོ་ན། ངག་མི་ཉན་ཏེ། འཕགས་མ་དག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག །བདག་ཀྱང་འཕགས་མ་དག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅུང་ཟད་ཀྱང་མི་སྨྲའོ། །འཕགས་མ་ཁྱོད་ཀྱིས་བདག་ལ་ཚིག་གི་ལམ་ཕྱིར་མི་ལྡོག་པར་བྱ་བ་བྱོས་ཤིག །བདག་ལ་སྨྲས་པས་ཆོག་གོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་དེ་དག་གིས་འཕགས་མ་ཁྱོད་བསྟན་པར་གཏོགས་པ་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པའི་བསླབ་པའི་གནས་རྣམས་ཀྱིས་དགེ་སློང་མ་དག་གིས་ཆོས་དང་མཐུན་པ་འདུལ་བ་དང་མཐུན་པས་བསྒོ་ན། བདག་ཉིད་ངག་མི་ཉན་པར་མ་བྱེད་པར་ངག་ཉོན་ཅིག །འཕགས་མ་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པས་བསྒོ་སྟེ། འཕགས་མས་ཀྱང་དགེ་སློང་མ་རྣམས་ལ། ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་གིས་དག་གཅིག་ཉན་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་འབྱིན་པས། དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་འཕེལ་བར་འགྱུར་རོ། །འཕགས་མ་ཁྱོད་དག་མི་ཉན་པའི་ལས་ཀྱི་མཐའ་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ན། གལ་ཏེ་དངོས་པོ་དེ་གཏོང་ན་ནི་


DTG156_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་གལ་ཏེ་དངོས་པོ་དེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་དུ་དབྱུང་བར་བྱ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་ཏི་ཤ་སྟེ། གཞན་ཡང་དེ་དང་འདྲའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ཞེས་བྱ་བ་ནི། རིགས་པ་དང་མཐུན་པས་ཉེས་པ་བྱུང་བ་དང༌། །ཤོགས་ཤིག་ཅེས་བསྒོ་པ་ན་བྱེད་དུ་མི་བཏུབ་ཅིང་ལོག་པར་འཛིན་པའོ། །བསྟན་པར་གཏོགས་པ་བསླབ་པའི་གནས་ཞེས་བྱ་བ་ནི་ལྟུང་བས་སྡེ་ལྔ་ལ་བྱའོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་ཞེས་བྱ་བ་ནི་སྟོན་པ་ལ་བདེ་བར་གཤེགས་པ་ཞེས་བྱ་སྟེ། དེས་བསྟན་པའི་མདོ་སྡེ་འམ། ཡང་ན་མདོ་སྡེ་ཀུན་བསྟན་པ་འམ། སངས་རྒྱས་ཀྱིས་བསྟན་པའམ། ཉན་ཐོས་ཀྱིས་བསྟན་པའོ། །དགེ་སློང་མ་དག་གིས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །ཆོས་དང་མཐུན་པ་འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་ཆོས་དང་འདུལ་བ་དང་སྟོན་པས་བསྟན་པ་བཞིན་དུ་རིམ་གྱིས་ཕན་པ་ལ་ཞུགས་པའི་ཕྱིར་བསྒོ་བའོ། །བདག་ངག་མི་ཉན་ཅེས་བྱ་བ་ནི་དེ་ལ་གདམས་ཤིང་རྗེས་སུ་བསྟན་པ་ལ་བདག་ཉིད་མ་གཏོགས་པར་བྱེད་པའོ། །འཕགས་མ་དག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག་ཅེས་བྱ་བ་ནི་འཕགས་མ་ནི་སྙན་ཚིག་གོ །དགེ་བ་ལ་ནི་མ་གཞུག་ཅིག །སྡིག་པ་ལ་ནི་མ་བཟློག་ཅིག་པའོ། །བདག་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག་ཅེས་བྱ་བ་ནི་བདག་ཉིད་ཀྱི་ཕྱིར་ཕ་རོལ་གྱི་ཚིག་གི་ལམ་འགོག་པའོ། །བདག་ཀྱང་འཕགས་མ་དག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཞེས་བྱ་བ་ནི། དགེ་བ་ལ་མི་གཟུང་ངོ༌། །སྡིག་པ་ལས་མི་ལྡོག་སྟེ། བདག་ཉིད་ཀྱི་ཕྱིར་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པས་སྤོང་བར་བྱེད་པའོ། །ཚིག་གི་ལམ་བཟློག་ཤིག་ཅེས་བྱ་བ་ནི་ཞི་བར་བྱོས་ཤིག་ང་ལ་རྗེས་སུ་སྟོན་པར་ཁྱེད་སུས་བསྒོས་ཞེས་བྱ་བའོ། །སྨྲས་པ་ཆོག་གོ་ཞེས་བྱ་བ་ནི་འདི་སྐད་དུ་སྨྲས་པས་


DTG156_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་འཚེ་ཅི་དགོས་ཆོག་གོ །ཁྱེད་ཅག་ཉིད་ལ་ཕན་པ་ལ་འཇུག་པར་གྱིས་ཤིག །གཞན་ལ་གླེངས་ཏེ་ཅི་བྱ་ཞེས་པའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་ཏི་ཤའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་མན་ཆད་ནི་གོང་དུ་བཤད་པ་བཞིན་ནོ། །ལྷག་མ་ཉི་ཤུ་པ་རྫོགས་སོ།། །།འཕགས་མ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་བཤད་ཟིན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་ཞིང་སྤྲོ་བ་བསྐྱེད་པའོ། །བཅུ་གཉིས་ནི་ཉེས་པ་དང་པོ་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་དགེ་འདུན་གྱིས་བཟློག་ཀྱང་རུང་མ་བཟློག་ཀྱང་རུང༌། བྱས་མ་ཐག་ཏུ་ཉེས་པ་རྣམ་པར་གཞག་པའི་ཕྱིར་རོ། །བརྒྱད་པ་ནི་ལན་གསུམ་གྱི་བར་དུའོ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་དང་བསླབ་པ་གཏོང་བ་ནས་བཀའ་བློ་མི་བདེ་བའི་བར་བརྒྱད་པོ་རྣམས་ནི་དགེ་འདུན་གྱིས་བཟློག་སྟེ། མི་ལྡོག་ན་ལན་གསུམ་པའི་ཚིག་ཚོགས་མ་ཐག་ཏུ་དགེ་འདུན་གྱིས་བཀའ་བཅག་པས་ཉེས་པ་རྣམ་པར་གཞག་པའི་ཕྱིར་རོ། །དགེ་སློང་མ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ནི་ཉེས་པ་ལས་དབྱུང་བའི་ཆོས་རྣམས་སྟོན་ཏེ། འདི་ལ་ཡང་རྣམ་པ་ལྔས་བཤད་དེ། ཉེས་པ་དང༌། བསམ་པ་དང༌། ཉེས་པའི་ཆད་པའི་ལས་དང༌། སྤྱད་པ་དང༌། གང་ཟག་བསྟན་པའོ། །དེ་ལ་ཉེས་པ་བསྟན་པ་ཞེས་བྱ་བ་ནི་དགེ་སློང་མས་དེ་དག་ལ་ཉེས་པ་གང་ཡང་རུང་བ་ཞིག་བྱས་ལ་ཞེས་བྱ་བ་ཡིན་ཏེ། །དེ་དག་ལས་ཉེས་པ་གང་ཡང་རུང་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ཉི་ཤུ་ལས་གང་ཡང་རུང་བའོ། །བསམ་པ་གཏན་པ་ཞེས་བྱ་བ་ནི་ཇི་སྲིད་དུ་ཤེས་བཞིན་དུ་བཅས་པ་དེ་སྲིད་དུ་མི་འདོད་པ་བཞིན་དུ་ཆད་པ་བྱེད་དུ་གཞུག་གོ་ཞེས་བྱ་བའོ། །དེ་ལ་ཇི་སྲིད་དུ་ཞེས་བྱ་བ་ནི་ཞག་གམ་ཟླ་བ་འམ་ལོ་ཡང་རུང་ངོ༌། །དེ་བཞིན་དུ་ཞེས་བྱ་བ་ནི་ཉེས་པ་བྱུང་ཡང་ཉེས་པར་མི་ཤེས་སམ་དྲན་པ་ཉམས་པ་ཡང་རུང་སྟེ། བཅབས་པའི་སེམས་མེད་པས་ཞག་འདས་ཀྱང་དེ་ལ་མཚན་མོ་བཅབས་པའི་ཉེས་པ་མེད་པའི་ཕྱིར་རོ། །བཅབས་པ་ཞེས་བྱ་བ་ནི་མཚན་མོ་བཅབས་པ་དང༌། སེམས་ཀྱིས་བཅབས་པའོ། །དེ་ལ་མཚན་མོ་བཅབས་པ་ནི་ལྷག་མ་བྱུང་ན་བཅབས་པར་སེམས་བསྐྱེད་དེ་སྐྱ་རེངས་ཀྱིས་ཆོད་པའོ། །སེམས་ཀྱིས་བཅབས་པ་ནི་ཉེས་


DTG156_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང་ནས་བཅབས་པར་སེམས་བསྐྱེད་གང་ལ་གང་སྐྱ་རེངས་ཀྱིས་མཆོད་པའོ། །སྐབས་འདིར་མི་འདོད་བཞིན་དུ་ཆད་པ་བྱེད་དུ་གཞུག་པ་ནི་འདི་གཉི་ག་གཟུང་ངོ༌། །བཤགས་པར་འདོད་པ་ལས་བརྗེད་དེ་མ་བཤགས་ན་བཅབས་པའི་ཉེས་པ་མེད་ཞག་རེས་ཉེས་བྱས་རེ་རེའོ། །འོན་པ་དང། སྐད་བརྡ་མི་ཕྲད་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་གནས་པ་དང༌། རང་བཞིན་དུ་གནས་པ་མ་ཡིན་པ་དང༌། ཕས་ཕམ་པ་བྱུང་བ་དང༌། མཚམས་མེད་པ་ལྔ་བྱས་པ་དང༌། ཁྱིམ་དང༌། དགེ་ཚུལ་མ་ལ་སོགས་པ་ལ་མཐོལ་ན་མཐོལ་བར་མི་ཆུད་དེ་བཅབས་པའི་ཉེས་པ་ནི་མེད། ཉེས་བྱས་ནི་ཡོད་དོ། །བཅབས་པ་བཤགས་པར་བསམས་པ་ལས་དྲན་པ་ཉམས་སམ། ཁྱིམ་པར་བབས་ཏེ་སླར་དྲན་པ་རྙེད་ཅིང་རབ་ཏུ་བྱུང་ན། དྲན་པ་ཉམས་པ་དང༌། བཅབས་པ་བཀོལ་ཏེ། སྔ་ཕྱི་ཇི་སྲིད་བཅབས་པ་དེའི་ཆད་པ་བྱེད་དུ་གཞུག་གོ །ལྷག་མ་གཉིས་དུས་གཅིག་ཏུ་བྱུང་སྟེ། ཟླ་བ་གཉིས་བཅབས་པ་ལས་ཅིག་སྔར་མཐོལ་ཏེ། ཆད་པ་ཟླ་བ་གཉིས་ཚང་བའི་ཚེ་ཅིག་ཤོས་ཀྱང་མཐོལ་ན་ཟླ་བ་གཉིས་ཀྱིས་ཆད་པ་དེ་ཡང་བྲལ་བར་བྱ་སྟེ། དུས་གཅིག་ཏུ་མཐོལ་ན་ཡང་ཆད་པ་ཟླ་བ་གཉིས་སུ་ཟད་པའི་ཕྱིར་རོ། །ཟླ་བ་གཉིས་བཅབས་པ་ཇི་ལྟ་བར་གཞན་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །གང་ཉེས་པ་བྱུང་ནས་ཇི་སྲིད་དུ་བཅབས་པའི་ཞག་མི་མངོན་པ་དེས་ནི། གཙང་མའི་མཐའ་ནས་བཟུང་སྟེ་ཆད་པ་བྱེད་དུ་གཞུག་གོ །ཉེས་པ་བྱུང་ན་བཅབས་པ་ལས་མཐོལ་ནས་སྔ་མའི་ཆད་པ་བྱེད་པའི་ཚེ། ཉེས་པ་སྔ་མ་དང་འདྲ་བ་འམ་མི་འདྲ་བ་གཞན་བྱུང་ན་ཆད་པ་སྔ་མ་བླངས་པ་སྤང་ལ་བུབ་སྟེ། ཆད་པ་གཞི་ནས་བླངས་ནས་བྱེད་དུ་གཞུག་སྟེ། འདི་ནི་གཞི་ནས་བླངས་པའི་ཆད་པ་ཞེས་བྱའོ། །གལ་ཏེ་ཆད་པ་དེ་ཉིད་བྱེད་པའི་ཚེ་ཡང་ཉེས་པ་བྱུང་ན་སྔ་མ་སྤང་ལ་བུབ་སྟེ། ཡང་ཆད་པ་གཞི་ནས་བཟླས་ཏེ་བྱེད་དུ་གཞུག་གོ །འདི་ནི་གཞི་ནས་བླངས་པ་བཟླས་པའི་ཆད་པ་ཞེས་བྱའོ། །མི་འདོད་བཞིན་དུ་ཆད་པ་བྱེད་དུ་གཞུག་ཅེས་བྱ་བ་ནི་མི་བཏུབ་ན་བཏང་བ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་མི་བཏུབ་ན་གཉེན་པོ་ལ་མི་བརྟེན་པའི་ཕྱིར་དགར་བའི་ལས་


DTG156_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཆད་པ་ཅི་ཞིག་བྱེད་དུ་གཞུག་ཅེ་ན། ཆད་པ་བྱེད་པ་དང༌། མགུ་བ་སྤྱོད་པ་གཉིས་ནི་འདྲའོ། །ཆད་པ་དང་མགུ་བ་བྱེད་པའི་ཚུལ་ནི་འདྲ་སྟེ། རང་བཞིན་དུ་གནས་པ་དང༌། ཕྱག་བྱ་བ་བདག་གིར་མི་བྱ། སྟན་གཅིག་ལ་འདུག་པར་མི་བྱ། སྟན་མཐོ་བ་འམ་མཉམ་པ་ཉིད་ལ་མ་ཡིན། བསྟབས་ཏེ་འདུག་པར་མི་བྱ། མདུན་ན་འཆག་པར་མི་བྱ། ཕྱི་ནས་འགྲོ་བའི་དགེ་སྤྱོང་མ་འགྲོ་བར་བྱའོ། །གཡོགས་པ་གཅིག་གི་ནང་དུ་གནས་པར་མི་བྱ། གཞན་རབ་ཏུ་མི་འབྱུང༌། བསྙེན་པར་རྫོགས་པར་མི་བྱ། གནས་བཅའ་བ་མི་སྦྱིན། དགེ་ཚུལ་བསྡུ་བའི་ལས་མི་བྱ། གསོལ་བ་ལ་སོགས་པའི་ལས་བྱེད་པར་མི་བསྐོ། དགེ་སློང་མ་རྣམས་ལ་གླེང་བར་མི་བྱ། རང་བཞིན་དུ་གནས་པ་རྣམས་ཀྱིས་རྐང་བ་བཀྲུ་བ་དང༌། སྒོ་དབྱེ་བ་དང༌། མེ་མར་འབྱུང་བ་དང༌། གཙུག་ལག་ཁང་བསྐུ་བ་དང༌། ཕྱག་དར་བྱ་བ་དང༌། བཤང་གཅི་སའི་ཝ་བཀྲུ་བ་དང༌། ས་དང་ལོ་མ་དང༌། གྲོང་དྲོ་བསལ་བ་རླུང་ཡབ་ཀྱིས་གཡབ་པ་དང༌། མལ་སྟན་སྦ་བ་དང༌། ལྷུང་བཟེད་ཀྱི་གཞི་བསལ་བར་བྱའོ། །བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ནི་འོག །དགེ་ཚུལ་མ་རྣམས་ཀྱི་གོང་དུ་འདུག་པར་བྱའོ། །སྟོན་པ་འདུག་པ་གསོལ་ཞིང་བསྟོད་པ་དང༌། གཎྜཱི་བརྡུང་བར་བྱ་བ་དང༌། དྲི་གཙང་ཁང་ཕྱགས་པ་དང༌། ཆག་ཆག་གདབ་པ་དང༌། ཚེས་གྲངས་རྣམས་བརྗོད་པར་བྱའོ། །ཆད་པ་དང་མགུ་བ་ཞག་ཏུ་སྤྱད་པ་ཡང་དགེ་འདུན་འདུས་པ་རྣམས་ལ་བརྗོད་པར་བྱ་སྟེ། རེ་རེའི་དྲུང་དུ་ནི་མ་ཡིན་ནོ། །ཆད་པ་དང་མགུ་བ་སྤྱད་པ་ཡང། ཆད་པ་འམ་མགུ་བར་བྱེད་པའམ། ཆད་པ་དང་མགུ་བར་བྱ་བ་བྱས་ཟིན་པ་འམ། བསླབ་པ་བྱིན་པ་ལ་སོགས་པའི་ཚོགས་ཀྱི་ནང་དུ་མི་བྱའི་གང་ན་རང་བཞིན་དུ་གནས་པ་ཡོད་པ་དེར་སྤྱད་པར་བྱའོ། །འདི་དབྱེ་བ་མང་མོད་ཀྱིས་འདིར་མདོ་ཙམ་ཞིག་བསྟན་ཏོ། །ཉེས་པའི་ཆད་པའི་ལས་བསྟན་པ་ཞེས་བྱ་བ་ནི་དགེ་སློང་མས་མི་འདོད་བཞིན་དུ་ཆད་པ་བྱས་ནས་དེའི་འོག་ཏུ་དགེ་འདུན་གཉི་ག་མགུ་བར་བྱའོ་ཞེས་བྱ་བ་ཡིན་ཏེ། ཆད་པ་དང་མགུ་བ་སྤྱད་པའི་ཚུལ་ནི་གོང་དུ་བཤད་པ་དང་འདྲ་བས་མ་བཤད་དེ། དེའི་འོག་ཏུ་ཞེས་བྱ་བ་ནི་ཆད་པ་བྱས་པའི་འོག་ཏུའོ། །དགེ་འདུན་གཉི་ག་ཞེས་


DTG156_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་དགེ་སློང་ཕའི་དགེ་འདུན་དང༌། དགེ་སློང་མའི་དགེ་འདུན་ནོ། །མགུ་བར་བྱའོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་གཉི་ག་མགུ་བར་བྱོས་ཤིག་པའོ། །སྤྱོད་པ་བསྟན་པ་ཞེས་བྱ་བ་ནི་དགེ་སློང་མས་མགུ་བར་བྱས་ནས་དབྱུང་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ན་ཞེས་བྱ་བའོ། །དེ་ལ་དབྱུང་བ་ལ་ཐོགས་ཏེ་ཞེས་བྱ་བ་ནི་ཇི་ལྟར་དུག་མདས་ཕོག་པ་ཇི་སྲིད་དུ་མ་ཕྱུང་བ་དེ་སྲིད་དུ་མི་བདེ་བ་དང་འདྲ་བར་ཉེས་པ་བྱས་པ་འདི་ཡང་དགེ་འདུན་གཉི་གས་གསོལ་བ་དང་བཞིའི་ལས་ཀྱིས་མ་ཕྱུང་ན་ཡུན་རིང་པོར་ངན་སོང་གསུམ་དུ་མི་བདེ་བ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་བའི་ཕྱིར་རོ། །ཆོས་དང་མཐུན་པར་བྱས་ན་ཞེས་བྱ་བ་ནི་ཉེས་པ་བྱུང་བ་དེས་ཇི་སྲིད་དུ་བཅབས་པའི་ཆད་པ་ཡང་ཆོས་བཞིན་དུ་བཅད། ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་གཉི་ག་ལ་མགུ་བ་ཡང་ཆོས་བཞིན་དུ་བྱས་པའོ། །གང་ཟག་བསྟན་པ་ཞེས་བྱ་བ་ནི་གང་ན་དགེ་འདུན་གཉི་གའི་ཚོགས་བཞི་བཅུ་ཡོད་པ་དེར་དགེ་སློང་མ་དེ་དབྱུང་བར་བྱའོ། །དགེ་འདུན་གཉི་ག་ལས་བཞི་བཅུར་གཅིག་གིས་མ་ཚང་བས་གལ་ཏེ་དགེ་སློང་མ་དེ་ཕྱུང་ན་དགེ་སློང་མ་དེ་ཡང་མ་ཕྱིན་པ་དགེ་འདུན་གཉི་ག་ཡང་སྨད་པར་འགྱུར་ཏེ། དེ་ལ་ནི་དུས་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དེ་ལ་གཉི་གའི་ཚོགས་བཞི་བཅུ་ཞེས་བྱ་བ་ནི་དགེ་འདུན་མ་ཡང་ཉི་ཤུ་དགེ་འདུན་ཕ་ཡང་ཉི་ཤུ་སྟེ་དེ་ལས་ཉུང་དུ་མི་གནང་བའི་ཕྱིར་བཞི་བཅུ་ཞེས་སྨོས་པར་ཟད་ཀྱི་དེ་ལས་ལྷག་ན་བརྒྱ་སྟེ་ཅི་སྙེད་ཀྱང་རུང་ངོ༌། །དགེ་སློང་མ་དེ་དབྱུང་བར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །དེ་ཡང་མ་ཕྱིན་ལ་བྱ་བའི་ཉེས་པ་ལས་སོ། །སྨད་པར་འགྱུར་ཏེ་ཞེས་བྱ་བ་ནི་དགེ་འདུན་གཉི་ག་ལ་འདས་པ་དང་བཅབས་པའི་ཉེས་བྱས་ཡོད་པའི་ཕྱིར་རོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ཉེས་པ་བྱུང་བའི་གང་ཟག་དེ་ལ་ཚངས་པར་འགྱུར་ཞིང་ཉེས་པ་ལས་ཕྱིན་པའི་དུས་ནི་འབྱིན་པར་བྱེད་པའི་ཆོས་སྔར་བསྟན་པ་ལས་བྱུང་བ་བཞིན་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཟག་ཆད་པ་དང་མགུ་བ་སྤྱོད་པ་རྣམ་པ་དྲུག་ཡོད་དེ། ཐམས་ཅད་གནག་པ་དང༌། ཕལ་ཆེར་གནག་པ་དང༌། ཕྱེད་གནག་པ་དང༌། ཕྱོགས་གཅིག་གནག་པ་དང༌། ཅུང་ཟད་གནག་པ་དང༌། ནག་པོ་


DTG156_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །དེ་ལ་ཐམས་ཅད་གནག་པ་ནི་ཆད་པ་རྣམ་པ་གསུམ་དང༌། མགུ་བ་རྣམ་པ་གསུམ་དང༌། འབྱུང་བ་བདུན་ཏེ་ཐམས་ཅད་ཆོས་བཞིན་མ་ཡིན་པས་བྱས་པའོ། །ཕལ་ཆེར་གནག་པ་ནི་གང་ཆད་པ་ནི་ཆོས་བཞིན་ལ་གཞན་དྲུག་པོ་ཐམས་ཅད་ཆོས་བཞིན་མ་ཡིན་པའོ། །ཕྱེད་གནག་པ་ནི་གཉིས་ཆོས་བཞིན་ལ། གཞན་ལྔ་པོ་རྣམས་ཆོས་བཞིན་མ་ཡིན་པའོ། །ཕྱོགས་གཅིག་གནག་པ་ནི་གསུམ་ཆོས་བཞིན་ལ་བཞི་ཆོས་བཞིན་མ་ཡིན་པའོ། །ཅུང་ཟད་གནག་པ་ནི་དྲུག་ཆོས་བཞིན་ལ། གཅིག་ཆོས་བཞིན་མ་ཡིན་པའོ། །ནག་པོ་མེད་པ་ནི་ཐ་མའི་དབྱུང་བ་ཡང་ཆོས་བཞིན་པ་སྟེ། དེ་བས་ན་ནག་པོ་མེད་པས་ནི་ཉེས་པ་ལས་བྱུང་བ་ཡིན་གྱི་སྔ་མ་རྣམས་ནི་མ་ཡིན་ནོ། །གང་ཟག་རྣམ་པ་དྲུག་གིས་ནི་དགེ་སློང་མ་གཅིག་གི་མདུན་དུ་བཤགས་པས་ཚང་བར་འགྱུར་ཏེ། དྲུག་གང་ཞེ་ན་མདོ་སྡེ་དང༌། འདུལ་བ་དང༌། མ་མོ་ཟད་པར་འཛིན་པ་དང༌། ཤིན་ཏུ་ངོ་ཚ་ཡོད་དེ་གང་དག་རྐྱེན་དེས་འཆི་བར་འགྱུར་བ་དང༌། དགེ་འདུན་གྱི་གནས་བརྟན་མ་དང་གྲགས་ཤིང་བསོད་ནམས་ཆེ་བ་སྟེ། བསམ་པ་རྣམ་པར་དག་པས་ཉེས་པ་ལས་དབྱུང་བ་ཡིན་གྱི་ཆད་པའི་ལས་ཀྱིས་ནི་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་དག་པ་དྲི་བ་ནི་གོ་སླ་བས་འདིར་བཤད་པ་མ་བྱས་སོ། །ལྟུང་བའི་དངོས་པོ་རྣམས་བསྟན་པ་ལ་སྔར་ཕྱེ་བའི་གཉིས་པ་སྟེ་དགེ་འདུན་ལྷག་མའི་སྡེའི་བཤད་པ་རྣམས་རྫོགས་སོ།། །།ལྟུང་བའི་དངོས་པོ་བསྟན་པ་ལ་ལྔར་ཕྱེ་བའི་གསུམ་པ་སྟེ། ལྟུང་བའི་སྡེ་རྣམས་འདིར་སྟོན་ཏོ། །འདི་ལ་ཡང་གཉིས་སུ་དབྱེ་སྟེ། སྤང་བའི་ལྟུང་བ་དང༌། ལྟུང་བའོ། །དེ་ལ་སྤང་བའི་ལྟུང་བ་ནི་སུམ་ཅུ་རྩ་གསུམ་པའོ། །ལྟུང་བ་ནི་བརྒྱ་བརྒྱད་ཅུ་སྟེ། སྤང་བའི་ལྟུང་བ་རྣམས་བསྟན་པའི་ཕྱིར། མདོར་ན། ཞག་བཅུར་བཅང་དང་བྲལ་བར་མི་བྱ་དང༌། །ཟླ་བ་དང་ནི་འབྲུ་དང་མི་བླང་དང༌། གཉེན་མིན་མི་བླང་སྟོད་གཡོགས་དང༌། །པགས་པ་གཉིས་དང་ཕོ་ཉ་རིན་བསྐུར་བའོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཞག་བཅུར་བཅང་དང་ཞེས་བྱ་བ་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་སྦོམ་དགའ་མོ་གོས་མང་པོར་གྱུར་ཏེ། བསོད་སྙོམས་ལ་འཇུག་པའི་ཚེ་གོས་གཞན་


DTG156_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན་ཏེ། དེ་བཞིན་དུ་ཟན་ཟ་བ་དང༌། མཁན་མོ་དང༌། སློབ་དཔོན་གྱི་དྲུང་དུ་འགྲོ་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་གོས་ལེན་རེ་བརྗེ་བས་བྱ་བ་དང་བྱེད་པ་མང་བར་གྱུར་ཏེ། དགེ་བ་སྣ་ཚོགས་ཀྱི་བར་ཆད་དུ་གྱུར་པས་དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས། སྦོམ་དགའ་མོ་རྣམ་པ་དུ་མས་སྨད་དེ་བསླབ་པའི་གནས་བཅས་སོ། །དགེ་སློང་མས་ཆོས་གོས་ཟིན་ཏེ། གཏན་པ་ཕྱུང་ནས་ཆོས་གོས་ལྔ་ཆོངས་ཤིག་དེ་ལས་ལྷག་པར་འཆང་ན་སྤོང་བའི་ལྟུང་བའོ། །དེ་ལྟར་སྟོན་པས་བསླབ་པའི་གནས་བཅས་པ་དང༌། ཁྱིམ་བདག་གི་བུད་མེད་ཞིག་གིས་བསམས་པ། སྐྱེ་དགུའི་བདག་མོ་ནི་ལྷ་དང་མིའི་མཆོད་གནས་ཡིན་ན། དེ་ལ་བདག་གིས་རིན་ཐང་ཆེན་པོའི་གོས་ཤིག་བསྐོན་ནོ་སྙམ་པ་ལས། དེའི་ཚེ་ཨུཏྤ་ལའི་ཁ་དོག་མ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་ཏེ། རིམ་གྱིས་བསོད་སྙོམས་རྒྱུ་བ་ལས། ཁྱིམ་བདག་གི་བུད་མེད་དེའི་གན་དུ་ཕྱིན་པ་དང་དེས་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྐྱེ་དགུའི་བདག་མོ་གང་ན་བཞུགས། དེས་སྨྲས་པ་དབྱར་མོ་ཐང་ནའོ། །ཁྱིམ་བདག་གི་བུད་མེད་ཀྱིས་སྨྲས་པ། འཕགས་མ་མཁྱེན་པར་མཛོད་ཅིག །བདག་གིས་ཡུན་རིང་མོ་ནས་བསམས་པ། སྐྱེ་དགུའི་བདག་མོ་ལ་རིན་ཐང་ཆེན་པོའི་གོས་ཤིག་བསྐོན་སྙམ་ནས་བདག་ཅག་ཁྱིམ་པ་མོ་ནི་བྱ་བ་མང་བས་ན། འཕགས་མས་གོས་འདི་སྐྱེ་དགུའི་བདག་མོ་ལ་བསྐོན་པར་ཅི་གནང༌། དེ་ནས་ཨུཏྤ་ལའི་ཁ་དོག་མས་བསམས་པ། མ་བླངས་ན་ནི་སྐྱེ་དགུའི་བདག་མོའི་རྙེད་པ་ཡང་སྟོར་ལ། བུད་མེད་དེའི་བསོད་ནམས་ཀྱང་འགག་པར་འགྱུར་སྙམ་ནས་གོས་དེ་བླངས་ཏེ་སྐྱེ་དགུའི་བདག་མོའི་གན་དུ་སོང་སྟེ། དེ་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང༌། དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་སྟེ། ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅའོ། །དགེ་སློང་མས་གོས་ཟིན་ཏེ་གཏན་པ་ཕྱུང་ནས། གོས་ལྷག་པ་རུང་བར་མ་བྱས་པ་རིང་ན་ཞག་བཅུའི་བར་དུ་ཆོངས་ཤིག་དེ་ལས་འདས་པར་བཅངས་ན་སྤོང་བའི་ལྟུང་བའོ། །དགེ་སློང་མས་གོས་ཟིན་ཏེ་གཏན་པ་ཕྱུང་


DTG156_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གོས་ཟིན་ལ་གཏན་པ་མ་ཕྱུང་བ་ཡང་ཡོད། གཏན་པ་ཕྱུང་ལ་གོས་མ་ཟིན་པ་ཡང་ཡོད། གོས་ཟིན་ལ་གཏན་པ་ཕྱུང་བ་ཡང་ཡོད། གོས་ཀྱང་མ་ཟིན་ལ་གཏན་པ་ཡང་མ་ཕྱུང་བ་ཡང་ཡོད་དོ། །གོས་ཟིན་ཞེས་བྱ་བ་ནི་བཀྲུས་དྲུབས་ཁ་དོག་བསྒྱུར་བའོ། །གཏན་པ་ཕྱུང་ཞེས་བྱ་བ་ནི་ཚུལ་ནས་བྱུང་ནས་དགེ་སློང་མ་ཐམས་ཅད་སྤྱིའི་གོས་གཏན་པ་དྲུབས་ནས། ཟླ་བ་ལྔ་ཡུལ་རྒྱུ་ཞིང་གོས་ཚུལ་དུ་དོང་བ་ལས་ཟླ་བ་ལྔ་ལོན་ཏེ་ཕྱིར་ལྷགས་ནས་སྤྱིའི་ཆོས་གོས་ལ་གཏན་པ་ཕྱུང་ནས། སོ་སོའི་ཆོས་གོས་ལ་སྔགས་བཏབ་པའོ། །ཞག་བཅུ་ཞེས་བྱ་བ་ནི་གོས་ལྷག་རྙེད་པ་ནས་བཟུང་སྟེ་ཞག་བཅུའི་བར་དུའོ། །གོས་ལྷག་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལས་ལྷག་པའོ། །རུང་བར་མ་བྱས་ཞེས་བྱ་བ་ནི་གོས་ལྷག་གི་སྔགས་ཀྱིས་མ་བཏབ་པའོ། །ཆོངས་ཤིག་ཅེས་བྱ་བ་ནི་བདག་གིས་བྱ་བའོ། །དེ་ལས་འདས་པར་བཅངས་ན་ཞེས་བྱ་བ་ནི་དེ་ལས་ཐལ་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ལ་ལྟུང་བ་བཤགས་པའོ། །ཞག་བཅུ་ལ་ཉིན་རེ་གོས་རེ་རེ་སྟེ་གོས་བཅུ་རྙེད་ན། ཐོག་མ་རྙེད་པའི་གོས་ཞག་བཅུ་འདས་ན་དེའི་ཤུགས་ཀྱིས་གཞན་ཞག་མ་ཚང་པ་ཡང་སྤང་ངོ༌། །སྔ་ཕྱི་གོས་རེ་རེ་ཞིག་རྙེད་ན་ཕྱི་ནས་རྙེད་པ་རུང་བར་བྱས་ན། སྔར་རྙེད་པར་རུང་བར་བྱོས་ཤིག །སྔར་རྙེད་པ་རུང་བར་མ་བྱས་ལ་ཞག་བཅུ་འདས་ན་སྔ་མ་ནི་སྤང༌། གོས་ཕྱི་མ་རུང་བར་བྱས་པ་ནི་སྤང་མི་དགོས་སོ། །གོས་རྒྱུ་དང་དབྱིབས་བརྟགས་པ་རྣམས་ནི་མཁན་པོ་དང་སློབ་དཔོན་ལ་བསྡོའོ། །མ་བརྟགས་པ་རྣམས་ནི་ཡོན་བདག་ལ་བསྡོའོ། །ཕྱོགས་བཅུའི་དགེ་འདུན་དང་དཀོན་མཆོག་གསུམ་གྱི་དཀོར་དང་མ་འདྲེས་པ་མཚམས་གཅིག་གི་དགེ་འདུན་གྱི་རྫས་ནི་གཙུག་ལག་ཁང་གཞན་གྱི་དགེ་སློང་ལ་བསྡོའོ། །མ་བསྡོས་ཏེ་ཞག་བཅུ་འདས་ན་དགེ་འདུན་གྱི་རྫས་སྤང་བར་འགྱུར་རོ། །ཆོས་གོས་སྔགས་ཀྱིས་བཏབ་པ་ནི་བྱིན་གྱིས་བརླབ་པ་ཞེས་བྱ། གོས་ལྷག་སྔགས་ཀྱིས་བཏབ་པ་ནི་རུང་བར་བྱས་པ་ཞེས་བྱ་སྟེ། དགེ་སློང་མས་གོས་ལྷག་མ་སྤངས་ཀྱང་བྲལ་བར་མ་བྱས། བྲལ་བར་བྱས་ཀྱང་ལྟུང་བ་མ་བཤགས་པ་སྟེ། དེ་ལ་གསུམ་ལས་གཅིག་མ་བྱས་


DTG156_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང༌། གཉིས་དང་གསུམ་ཆར་མ་བྱས་ཀྱང་རུང་སྟེ། དེའི་ཤུགས་ཀྱིས་ལྟུང་བཟེད་དང༌། དེའི་སྣོད་དང༌། ཕོར་བུ་འམ། སྐ་རགས་སམ། དགེ་སྦྱོང་གི་ཡོ་བྱད་གང་ཡང་རུང༌། རྫས་ལྷག་སྤང་བ་བྱུང་བའི་སྔོན་རོལ་ན་སྔགས་ཀྱིས་མ་ཐེབས་པ་ཀུན་སྤང་ངོ༌། །སྤང་བའི་ལྟུང་བ་དང་པོ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་རྣམས་གོས་མང་ཞིག་རྙེད་པར་གྱུར་ཏེ། དེ་དག་གིས་གོས་དེ་རྣམས་བཀྲུས་དྲུབས་ཁ་དོག་བསྒྱུར་ཏེ། གཏུར་བུའི་ནང་དུ་བཅུག་ནས་དགེ་སློང་མ་གཞི་ན་འཁོད་པ་རྣམས་སུ་གཏམས་ནས། ཤམ་ཐབས་དང་བླ་གོས་བགོས་ཏེ། ལྗོངས་རྒྱུ་ཞིང་དོང་བ་དང༌། ལུས་མ་ཡོགས་ཤིང་ཤ་སྣང་བར་གྱུར་ལ། དགེ་སློང་མ་གཞི་ན་འཁོད་པ་དག་ཀྱང་དེ་དག་གི་གོས་སྐེམས། འདིང༌། སྤྲུག །སྡུད་ཅིང་སྦེད་པས་ན་བྱ་བ་དང་བྱེད་པ་མང་བས་དགེ་བའི་བར་ཆད་དུ་གྱུར་ཏེ། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་སྟེ། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས། གསོ་དཀའ་བ་དང་དགང་དཀའ་བའི་ཉེས་པས་སྨད་ནས་ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་མས་གོས་ཟིན་ལ་གཏན་པ་ཕྱུང་ནས་གལ་ཏེ་ནུབ་གཅིག་ཆོས་གོས་ལྔ་ལས་ཆོས་གོས་གང་ཡང་རུང་བ་ལས་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་སྤང་བའི་ལྟུང་བའོ། །དེ་ལྟར་བསླབ་པའི་གནས་བཅས་ནས་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་ན་སྐྱེ་དགུའི་བདག་མོ་རྒྱལ་པོའི་ཁབ་དགེ་སློང་མའི་དབྱར་མོ་ཐང་རྒྱལ་པོའི་ཀུན་དགའ་ཞེས་བྱ་བ་ན་འདུག་གོ །དེ་ནས་སྐྱེ་དགུའི་བདག་མོ་བཅོ་ལྔའི་གསོ་སྦྱོང་གི་ཚེ། དགེ་སློང་མའི་དགེ་འདུན་དང་གསོ་སྦྱོང་ལ་འདུས་ཤིང་འདུག་གོ །དགེ་སློང་མ་ཆོས་སྦྱིན་མ་ཡང་གསོ་སྦྱིན་གྱི་གནས་སུ་སོང་བ་ལས་ཆུ་བོ་དབྱར་བཟངས་བྲུག་པས་སྦྱར་མ་གཤེར་ཏེ་སྐམ་པ་ལ་རིང་དུ་ཐོགས་ཏེ། གསོ་སྦྱིན་གྱི་གནས་སུ་སོང་སྟེ་ཕྱིན་པ་དང་གནས་བརྟན་མ་དག་གིས་བདག་ཅག་ནི་ཁྱོད་མ་འོངས་པ་ལ་རིང་ཞིག་ཐོགས་སོ་ཞེས་བྱས་པ་དང༌། ཆོས་སྦྱིན་མས་ཀྱང་ཇི་ལྟ་བུར་གྱུར་པ་སྨྲས་ནས། འཕགས་མ་རྣམས་བདག་ནི་རྒས་ཏེ། སྦྱར་མ་ལྕི་བས་བཀུར་མི་ནུས་ན་ཇི་ལྟར་བགྱི་གྱིས་ཤིག་ཅེས་སྨྲས་པ་དང༌། དེ་ལྟར་གྱུར་པ་


DTG156_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་གསོལ་ནས་དགེ་སློང་མ་ཆོས་སྦྱིན་མ་རྒས་པ་སྦྱར་མ་དང་བྲལ་བར་མི་འགྱུར་བའི་སྡོམ་པ་བྱིན་ཅིག་ཅེས་བཀའ་སྩལ་ཏེ། དེ་བས་ན་སྔ་མ་ནི་བཅས་འདན་གནང་བ་སྟེ། དེ་ལྟར་ན་ཉན་ཐོས་མ་རྣམས་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་མ་གོས་ཟིན་ཏེ་གཏན་པ་ཕྱུང་ནས་གལ་ཏེ་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་ནུབ་གཅིག་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །གཏན་པ་ཕྱུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་གོས་ལྔ་ཞེས་བྱ་བ་ནི་སྦྱར་མ་དང༌། སྟོད་ཆགས་དང༌། ནང་གཡོགས་དང༌། གོང་ལུགས་དང༌། རྡུལ་གཟན་ནོ། །ནུབ་གཅིག་ཅེས་བྱ་བ་ནི་ཞག་གཅིག་གི་སྐྱ་རེངས་ཀྱིས་ཆོད་པའོ། །མཚམས་ཀྱི་ཕྱི་རོལ་ཞེ་བྱ་བ་ནི་གྲོང་ཤིང་ཐགས་ཀྱིས་བསྐོར་བའི་མཚམས་ནི་ཤིང་ཐགས་ནས་གླང་དྲུག་གིས་འདྲེན་པའི་འོད་མའི་ཤིང་རྟའི་ཁོར་ཡུག་དང་བྱ་གག་འཕུར་བ་ཆུན་ཆད་དོ། །གྲོང་རྩིག་པས་བསྐོར་བའི་གྲོང་ནི་བ་ལང་དང༌། ལུག་གི་མིག་རྡུལ་གར་བབས་པ་ཚུན་ཆད་དང༌། རང་བཞིན་གྱིས་ངོ་ཚ་བ་བཤང་གཅི་སྐྱེལ་བ་ཚུན་ཆད་དོ། །འོབས་ཀྱིས་བསྐོར་བའི་གྲོང་ནི་འོབས་ནས་སྐས་ཁྲུ་བཅུ་གཉིས་པ་ཚུན་ཆད་དོ། །ཡང་ན་ཕྱག་དར་གྱི་ཕུང་པོའི་སྟེང་ནས་བོང་བ་འདྲིལ་ནས་གར་ཕྱིན་པ་ཚུན་ཆུད་དོ། །ཚོང་འདུས་ཀྱི་གྲོང་ནི་ཚོང་པ་སྤུན་མ་བགོས་པའི་ཚོང་དུས་ཀྱི་ཕྱི་ནས་འདོམ་གང་ཚུན་ཆད་དོ། །གྲུ་ནི་ཕྱི་རོལ་འདོམ་གང་ཚུན་ཆད་དང་ཡང་ན་ཕུར་པ་བཏབ་སྟེ་གྲུ་འདོགས་པ་ཚུན་ཆད་དོ། །ཤིང་དྲུང་ནི་ལོ་མ་རླུང་གིས་བསྐྱོད་དེ་གར་ལྟུང་བ་དང༌། ཐིགས་པ་ཟགས་པའི་ས་དང༌། ཉི་མ་ཕྱེད་ནས་གྲིབ་མ་ཉི་མ་གར་འཁོར་བ་ཚུན་ཆད་དོ། །འབྲོག་དགོན་པ་ནི་འདོམ་གང་ཚུན་ཆད་མཚམས་སོ། །ཤིང་ཕལ་མོ་ཆེའི་ནི་ལོ་མ་འདྲེས་ནས་མཚམས་མ་ཕྱེ་བ་ཚུན་ཆད་དོ། །མ་འབྲེལ་བ་ལ་ནི་འདོམ་གང་ཚུན་ཆད་དོ། །འདྲོན་པ་ལམ་དུ་ཞུགས་པ་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དོ། །མཚམས་ཀྱི་བར་དུ་ནི་ཆོས་གོས་ཀྱི་མཐའ་ལུས་དང་མ་བྲལ་བར་བྱའོ། །མཚམས་དེ་རྣམས་ཀྱི་ཕྱི་རོལ་དུ་ཆོས་གོས་ལུས་ལ་བདག་ནང་དུ་འདུག་གམ་བདག་ཕྱི་རོལ་ན་འདུག་


DTG156_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་གོས་ནང་དུ་ལུས་ཏེ་ཞག་གཅིག་གི་སྐྱ་རེངས་ཀྱིས་ཆོད་ན་སྤང་བར་འགྱུར་རོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཞེས་བྱ་བ་ནི་གནང་བ་བཀོལ་བའོ། །སྤངས་པའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ཏ་ལྟུང་བ་བཤགས་པའོ། །སྤང་བ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་རྣམས་གོས་སྔོན་པོ་ཞིག་རྙེད་ན་དེ་མི་ལངས་ཏེ་བཞག་ནས་ནམ་འདི་འདྲ་བ་ཞིག་རྙེད་ན་གདོད་གོས་བྱའོ་སྙམ་མོ། །སྔོན་པོ་ཇི་ལྟ་བ་བཞིན་དུ་སེར་པོ་དང༌། དམར་པོ་དང༌། སྡུག་པོ་དང༌། སྲབ་མོ་ཡང་ངོ༌། །གང་སུ་ཡང་རུང་སྟེ། ཆོས་གོས་ཚོལ་བས་བྱ་བ་དང༌། བྱེད་པ་མང་བས་དགེ་བའི་བར་ཆད་དུ་གྱུར་ནས། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མས་ཆོས་གོས་ཟིན་ཏེ་གཏན་པ་ཕྱུང་ནས་དུས་མ་ཡིན་པའི་གོས་རྙེད་ལ་འདོད་ན་དགེ་སློང་མ་དེས་གོས་དེ་ལོངས་ཤིག །བླངས་ནས་གལ་ཏེ་ལངས་ན་ནི་མྱུར་དུ་གོས་སུ་དྲུབས་ཏེ་ཆོངས་ཤིག །ཁལ་ཏེ་མ་ལངས་ན་གོས་ཁ་མ་ལངས་པར་རྙེད་དུ་རེ་བ་ཡོད་ན་དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་བར་དུ་ཞོག་ཤིག །དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བའོ། །དགེ་སློང་མས་ཆོས་གོས་ཟིན་ལ་གཏན་པ་ཕྱུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་གཏན་པ་བཏིང་ན་སྟོན་ཟླ་ཐ་ཆུངས་ནས་དཔྱིད་ཟླར་བ་ཉའི་བར་དུ་ཟླ་བ་ལྔ་ནི་དུས་ཞེས་བྱའོ། །དེ་ཕན་ཆད་ནི་དུས་མ་ཡིན་པའོ། །གཏན་པ་མ་བཏིང་ན་ཐམས་ཅད་ཀྱང་དུས་མ་ཡིན་ནོ། །གོས་རྙེད་དུ་རེ་བ་ཡོད་ན་ཞེས་པ་ནི་མ་དང་ཕ་དང་མིང་པོ་དང་ཕུ་ནུ་མོ་དང༌། མཁན་པོ་དང་སློབ་དཔོན་དང་དུས་སྟོན་གྱི་ཚེ་རྙེད་དུ་རེ་བའོ། །ཁ་མ་ལངས་ཞེས་བྱ་བ་ནི་ཆོས་གོས་ལྔའི་ཁ་མི་ལངས་པའི་ཕྱིར་རོ། །སྤངས་པའི་ལྟུང་བ་ཞེས་བྱ་བ་ནི་ལྟུང་བ་བཤགས་པ་ལས་དངོས་པོ་སྤང་བའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན། ཚེས་གཅིག་ལ་གོས་ཤིག་རྙེད་ལ་རེ་མེད་དམ་སྣོན་མི་རྙེད་དུ་དོགས་ན་བྱིན་གྱིས་རློབས་ཤིག །ཡང་ན་རུང་བར་གྱིས་ཤིག །ཡང་ན་བསྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །དེ་ལྟར་མ་བྱས་ན་ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བའོ། །ཚེས་གཅིག་ལ་གོས་ཤིག་ཉེད་ན་ཚེས་བཅུ་གཅིག་


DTG156_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོས་ཕྱི་མ་རྙེད་ན་སྔ་མའི་ཤུགས་ཀྱིས་ཞག་བཅུར་སྡོད་དུ་མི་སྣང་ངོ༌། །ཁ་ལངས་པ་སེར་པོ་ཞིག་རྙེད་དུ་རེ་བ་ལས་ཕྱིས་ཁ་དོག་མི་མཐུན་པ་ཞིག་རྙེད་ན་ཟླ་བ་གཅིག་ཏུ་སྡོད་དུ་མི་གནང་ངོ༌། །གཉི་ག་ཁ་མ་ལངས་པ་རྙེད་དུ་རེ་བ་ཡོད་ན་ཟླ་བ་གཅིག་ཏུ་གནང་ངོ༌། །གོས་ལ་རྣམ་པ་ལྔ་སྟེ། བདག་པོ་ཡོད་པ་དང༌། བདག་པོ་མེད་པ་དང༌། སོང་ནས་ཕྱིར་འོངས་པ་དང༌། དུར་ཁྲོད་པ་དང༌། ཕྱག་དར་ཁྲོད་པའོ། །ཆོས་གོས་སྦྱར་མ་གསར་བ་ནི་ཉིས་རིམ་དུ་སྦྱར། རྙིང་པ་ནི་བཞི་རིམ་དུ་སྦྱར། ཚེམ་བུ་ནི་དུ་ཡང་རུང་ངོ༌། །སྣམ་བུ་དགུ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པ་ནི་དཀྱིལ་འཁོར་ཕྱེད་དང་གསུམ་པའོ། །བཅོ་ལྔ་པ་དང་བཅུ་བདུན་པ་དང་བཅུ་དགུ་པ་ནི་དཀྱིལ་འཁོར་ཕྱེད་དང་བཞི་པའོ། །ཉི་ཤུ་གཅིག་དང་ཉི་ཤུ་གསུམ་པ་དང་ཉི་ཤུ་ལྔ་པ་ནི་དཀྱིལ་འཁོར་ཕྱེད་དང་ལྔའོ། །སྣམ་བུ་ཉིད་ཤུ་ལྔ་ལས་ལྷག་ན་ཚེམ་བུའོ། །ཞིང་ཁྲུ་གསུམ་དང་ཆུར་ཁྲུ་ལྔའོ། །ཡང་ན་ཁྲུ་ཕྱེད་དང་ལྔ་དང་ཕྱེད་དང་གསུམ་མོ། །ལྔ་པ་ན་ཞིང་ཁྲུ་གསུམ་ཆུར་ཁྲུ་ལྔའོ། །ཡང་ཁྲུ་ཕྱེད་དང་གསུམ་དང་ཆུར་བཞིའོ། །འཁོར་གསུམ་ཡོད་པ་དེས་ཀྱང་ཆུད་དོ། །སྤང་བ་གསུམ་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་དགའ་ལྡན་གནས་ནས་རྣམ་པ་ལྔ་ལ་གཟིགས་ཏེ། རིགས་དང་ཡུལ་དང་རུས་དང་དུས་དང་བུད་མེད་ལ་གཟིགས་ནས་ཡུལ་གྱི་དབུས་སེར་སྐྱ། ཡབ་ཟས་གཙང་མ། ཡུམ་སྒྱུ་མའི་ལྷ་མོའི་ལྷུམས་སུ་གཤེགས་ནས་བཙས་པའི་ཉིན་མོ་མཉན་དུ་ཡོད་པར་རྒྱལ་པོ་ཨུ་ར་ཚངས་པས་བྱིན་གྱི་བུ་གསལ་རྒྱལ་དང༌། རྒྱལ་པོའི་ཁབ་ཏུ་པདྨ་ཆེན་པོའི་དུ་གཟུགས་ཅན་སྙིང་པོ་དང༌། ཀཽ་ཤཱ་མྦཱིར་སྡེ་རྒྱལ་གྱི་བུ་ཤར་བ་དང༌། གྲོང་ཁྱེར་རབ་རྒྱལ་དུ་མཐའ་ཡས་མུ་ཁྱུད་ཀྱི་བུ་རབ་སྣང་བཙས་ཏེ། རྒྱལ་པོ་དེ་རྣམས་ན་རེ་ས་ཆེན་པོ་གཡོས་པ་ནི་ངེད་ཀྱི་བུའི་ཡོན་ཏན་ཏེ། ཡོན་ཏན་ལས་བུའི་མིང་རྣམས་ཀྱང་བརྟགས་སོ། །མཚན་མཁན་གྱིས་མཚན་བལྟས་ན། རབ་ཏུ་བྱུང་ན་ནི་མངོན་པར་འཚང་རྒྱའོ། །རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་བདུན་དང་ལྡན་པར་འགྱུར་རོ། །མཚན་ནི་དོན་ཐམས་ཅད་གྲུབ་པར་བཏགས་སོ། །རྒྱལ་པོ་ཆེན་པོ་བཞི་ཡང་སྐྲག་


DTG156_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཔྱ་འྦུལོ། །ཤཱཀྱ་ལྔ་བརྒྱ་གཡོག་མོས་པ་ཅན་ལྔ་བརྒྱ་ལྔ་བརྒྱ་དང་རྟ་དང་བ་ལང་ཅང་ཤེས་ལྔ་བརྒྱ་ལྔ་བརྒྱའང་དེ་དང་དུས་གཅིག་ཏུ་བཙས་སོ། །དོན་ཐམས་ཅད་གྲུབ་པས་དཀའ་བ་ལོ་དྲུག་སྤྱད་ནས་དོན་མེད་པར་གཟིགས་ནས་ཡུལ་བདེ་འགྲོར་གྲོང་དཔོན་གྱི་བུ་མོ་དགའ་མོ་དང་དགའ་སྟོབས་ཀྱིས་ལན་བཅུ་དྲུག་ཏུ་བཞོས་པའི་འོ་མ་སྦྲང་རྩི་ཅན་གྱི་ཐུག་པ་གསོལ་ནས་ཀླུའི་རྒྱལ་པོ་དུས་ཅན་གྱི་རྩྭ་གསེར་གྱི་ཁ་དོག་ལྟ་བུའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཏིང་སྟེ་སྟེང་དུ་བཞུགས་ནས་ནམ་གྱི་གུང་ཐུན་ལ་བདུད་བཏུལ་ནས་མངོན་པར་སངས་རྒྱས་སོ། །ཐོག་མར་ཡུལ་འཁོར་མོ་འཇིག་ཏུ་ཉེ་ལྔ་དང་གྲོང་དཔོན་གྱི་བུ་ལྔ་བཅུ་སྟེ་བཏུལ། བ་ལང་གི་གནས་སྟུག་པོར་དྲུག་ཅུ་སྡེ་བཏུལ། བཟང་པོར་མི་ཕྱེད་པ་དང་དགའ་མོ་དང་དགའ་སྟོབས་བདེན་པ་ལ་བཀོད། ལྟེང་རྒྱས་སུ་རལ་པ་ཅན་སྟོང་དང་ག་ཡ་མགོའི་མཆོད་རྟེན་དུ་དགེ་སློང་སྟོང་པོ་ཆོ་འཕྲུལ་གྱིས་བཏུལ། ཡུལ་མཉམ་དགའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལྷ་སྟོང་ཕྲག་བརྒྱད་ཅུ་དང་བྲམ་ཟེ་བརྒྱ་སྟོང་བདེན་པ་ལ་བཀོད། རྒྱལ་པོའི་ཁབ་ཏུ་མཽད་གལ་གྱི་བུ་དང་ཤཱ་རིའི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་རབ་ཏུ་ཕྱུང་མཉན་དུ་ཡོད་པར་གསལ་རྒྱལ་བཏུལ་ནས་མཉན་དུ་ཡོད་པ་ན་བཞུགས་སོ། །ཡབ་ཀྱིས་འཆར་ཀ་དེར་བཏང་ནས་སྤྱན་དྲངས་སོ། །འཆར་ཀ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཤཱ་རིའི་བུས་རབ་ཏུ་བྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་སེར་སྐྱར་གཤེགས་ནས་ཡབ་དང་ཤཱཀྱའི་རིགས་རྣམས་བཏུལ་ཏེ་བདེན་པ་ལ་བཀོད་དོ། །མཉན་དུ་ཡོད་པར་འཆར་ཀ་བསོད་སྙོམས་ལ་སོང་པ་ཆུང་མ་སྦེད་མས་མཐོང་ནས་དུད་མོ་བཏབ་སྟེ། ང་བོར་ཏེ་ཅི་བྱ་ཞེས་པ་དང༌། ཁྱོད་པས་བྱང་ཆུབ་སེམས་དཔའི་བཙུན་མོ་གྲགས་འཛིན་མ་དང༌། མགོ་ཕྱི་ཀ་ལ་སོགས་པ་དྲུག་སྟོང་བོར་ནས་རབ་ཏུ་བྱུང་ན། འདམ་དང་འདྲ་བ་ཁྱོད་ཅིག་ཅེས་ཞེས་པ་དང༌། འོ་ན་བདག་ཀྱང་རབ་ཏུ་འབྱུང་ངོ༌། །དེ་བཞིན་དུ་སང་རབ་ཏུ་དབྱུང་ངོ་ཞེས་སྨྲས་སོ། །འཆར་ཀ་འགྱོད་དེ་ད་ལྟར་ལྟུང་བཟེད་ནག་པོ་ཅན་དག་འཕྱ་ཞིང་འདུག་ན་གལ་ཏེ། དགེ་སློང་མ་འདི་རབ་ཏུ་ཕྱུང་ན་དྲུག་སྡེ་པོས་དགེ་སློང་མ་འདི་རབ་ཏུ་ཕྱུང་ངོ་ཞེས་ཇེ་ཐུ་འཕྱ་བར་འགྱུར་རོ་སྙམ་ནས་རྒྱལ་པོའི་ཁབ་ཏུ་བྲོས་ཏེ་ཚུལ་


DTG156_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུགས་སོ། །སྤེད་མ་ཕྱི་དེ་ཉིན་པར་འཆར་ཀ་ལ་བསྡད་དེ་མེད་ནས་ངུ་ཞིང་འདུག་པ་སྐྱེ་དགུའི་བདག་མོས་མཐོང་ནས་རབ་ཏུ་ཕྱུང་ངོ༌། །ཚུལ་ནས་བྱུང་ནས་ཕྱིར་མཉན་དུ་ཡོད་པར་ཕྱི་ནས་ཁ་ཏོན་ཟེར་ཞིང་འདུག་པ་ལ་སྦེད་མ་ཕྱག་འཚལ་དུ་འོངས་པ་དང༌། སྦུན་གྱི་སྤྱད་པ་རྣམས་དྲན་ནས་འདོད་ཆགས་ལངས་པ་སྦེད་མས་ཤེས་ཏེ་བྲོས་སོ། །འཆར་ཀས་མགོ་རེག་མ་སྡོད་ཅིག་ཅེས་བདས་པ་དང་བརླ་ལ་རེག་སྟེ་ཁུ་བ་གཏོར་རོ། །དེ་ནས་འདོད་ཆགས་ཞི་བ་དང་སྦེད་མ་སླར་ལོག་སྟེ་སྨད་གཡོགས་བསྐྲུས་ཏེ་ལྟ་ཞེས་པ་དང༌། ཁུ་བ་མཐོང་བ་དང་མོ་འདོད་ཆགས་ལངས་ཏེ། ཁུ་བ་བཀོག་སྟེ་མངལ་སྒོར་བཅུག་བ་དང་སེམས་ཅན་དང་ལྡན་པར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་ཁྱོད་འཆར་ཀ་དང་ཉལ་ལོ་ཞེས་པ་དང༌། བདག་འཆར་ཀ་དང་རེག་ཀྱང་མ་རེག་གོ་ཞེས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །འདི་ཕམ་པར་གྱུར་པ་མ་ཡིན་གྱིས་དབེན་པར་ཞོག་ལ་ཟས་ཀྱིས་མ་བྲེལ་བར་ཞོག་ཤིག །བུ་ནི་འོད་སྲུངས་གཞོན་ནུ་ཞེས་བྱ་བ་ཕྱིས་དགྲ་བཅོམ་པར་འགྱུར་རོ། །དེ་ནས་སྟོན་པས་དགོངས་པ་གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུར་བཅུག་པའི་ཉེས་དམིགས་སུ་འགྱུར་རོ་སྙམ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཉེན་མ་ཡིན་པའི་དགེ་སློང་གོས་རྙིང་འཁྲུ་བ་འམ་འཚེད་དམ་འཆག་ན་སྤང་བའི་ལྟུང་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་ཕའི་བརྒྱུད་ཟུང་བདུན། མའི་བརྒྱུད་ཟུང་བདུན་གྱི་བར་དུ་གཉེན་པའོ། །གོས་ཞེས་བྱ་བ་ནི་བལ་དང་སྲིན་བལ་དང༌། ཤ་ནའི་ཤུན་པ་ལ་སོགས་པའོ། །རྙིང་པ་ཞེས་བྱ་བ་ནི་ཟླ་བ་བཞི། འཁྲུ་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་བཅུག་པ་ཙམ་ཡང་ངོ༌། །འཚེད་ཅེས་བྱ་བ་ནི་ཚོན་གྱི་ནང་ན་སྨྱུག་པ་ཙམ་ཡང་ངོ༌། །འཆག་ཅེས་བྱ་བ་ནི་ལག་མཐིལ་གྱིས་བརྡབས་པའོ། །སྤྲད་བའི་ལྟུང་བའོ་ཞེས་པ་ནི་དངོས་པོ་སྤངས་ལ་ལྟུང་བ་བཤགས་པའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་གཉེན་པ་མ་ཡིན་པ་ལ་གཉེན་མ་ཡིན་པར་འདུ་ཤེས་པ་དང༌། གཉེན་མ་ཡིན་པ་ལ་ཐེ་ཚོམ་ཟ་བཞིན་འཁྲུ་འཆག་ལ་སོས་པ་བྱས་ན་ལྟུང་བའོ། །གཉེན་ཡིན་པ་ལ་མ་ཡིན་པར་དུ་ཞེས་པ་དང་གཉེན་ལ་ཐེ་ཚོམ་ཟ་སྟེ་བྱས་ན་གཉི་ག་ཉེས་


DTG156_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །སྤང་བའི་ལྟུང་བ་བཞི་བ་རྫོགས་སོ།། །།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་བ་བླངས་སོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་དེ་ལོངས་སྤྱོད་ཟད་པར་གྱུར་ཏོ། །ཁྱིམ་བདག་དེས་བདག་ནི་རྒས་ཏེ་ནོར་བསྒྲུབ་མི་ནུས་སོ་སྙམ་ནས་ཆུང་མ་ལ་བཟང་མོ་རབ་ཏུ་འབྱུང་ངོ་ཞེས་སྨྲས་པ་དང༌། མོ་ན་རེ་ཇོ་བར་ལྟར་བདག་ཀྱང་རབ་ཏུ་བྱའོ་ཞེས་བྱས་པ་དང༌། དེས་དེ་ལ་དེ་བཞིན་དུ་བྱའོ་ཞེས་ཏེ། གཅིག་ནི་དགེ་སློང་མའི་ནང་ན་རབ་ཏུ་འགྱུར་རོ། །ཁྱོད་ནི་དགེ་སློང་ཕའི་ནང་ན་རབ་ཏུ་འབྱུང་ངོ༌། །དུས་ཕྱི་ཞིག་ན་དགེ་སློང་དེ་བསོད་སྙོམས་ལ་ཞུགས་པ་དང༌། དེས་གོས་རྙིང་པ་མཐོང་ནས་ཁྱོད་ལ་ལྟ་ཡོད་དམ་ཞེས་སྨྲས་པ་དང༌། བདག་ལ་མ་མཆིས་སོ་ཞེས་སྨྲས་པ་དང༌། དགེ་སློང་དེས་རང་གི་སྦྱར་མ་བྱིན་ནོ། །དེས་སྟོན་པས་ཀུན་དགའ་བོ་ལ་ཁྱོད་སོང་ལ་དགེ་སློང་དག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་བར་དད་པ་རྣམས་ཆོས་གོས་དང་ཆོས་ཤིག་ཅེས་བཀའ་སྩལ་བ་དང༌། ཀུན་དགའ་བོས་ཀྱང་དེ་བཞིན་དུ་བསྒོ་ནས་སྟོན་པ་འཁོར་དང་བཅས་པ་ལྗོངས་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་ན་སྟོན་པ་གླང་པོ་ཆེ་ལྟར་གཡས་ཕྱོགས་སུ་གཟིགས་ནས། དགེ་སློང་ཞིག་བལ་གོས་ཉི་ཚེ་དང་ལྗོངས་རྒྱུ་ཞིང་འགྲོ་པ་གཟིགས་སོ། །དེ་ནས་ཀུན་དགའ་བོ་ལ། ཀུན་དགའ་བོ་དགེ་སློང་སྦྱར་གནས་པ་དག་གིས་གོས་ཀྱི་རྙེད་པ་མེད་དམ། བཙུན་པ་རྙེད་པ་མཆིས་སོ། །འོ་ན་ཅིའི་ཕྱིར་སྦྱར་མ་མེད་པར་ལྗོངས་རྒྱུར་འགྲོ། བཙུན་པ་དགེ་སློང་འདིས་སྦྱར་མ་དགེ་སློང་མ་ལ་བཙལ་ཏེ། །ཀུན་དགའ་བོ་ཅི་དགེ་སློང་མ་གཉེན་མ་ཡིན་པའི་དགེ་སློང་ལ་གོས་ལེན་ཏམ། བཙུན་པ་ལེན་ཏོ། །དེ་ནས་སྟོན་པས་དགེ་སློང་མ་རྣམས་ལ་སྨད་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཉེན་མ་ཡིན་པའི་དགེ་སློང་ལས་གོས་བླངས་ན་བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །གཉེན་མ་ཡིན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གོས་ཞེས་བྱ་པ་ནི་ལྡུམ་བུ་ཤ་ན་ཀ་ལ་སོགས་པའོ། །ལེན་ཞེས་བྱ་བ་ནི་ཉམས་སུ་བླངས་པའོ། །བརྗེ་བ་མ་གཏོགས་ཞེས་


DTG156_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་བརྗེ་བ་བཀོལ་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་གཉེན་མ་ཡིན་པར་འདུ་ཤེས་པ་དང༌། གཉེན་མ་ཡིན་ནམ་ཞེས་ཐེ་ཚོམ་ཟ་ཞིང་བླངས་ན་ལྟུང་བའོ། །གཉེན་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པ་དང། གཉེན་ཡིན་པ་ལ་གཉེན་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བཞིན་བླངས་ན་ཉེས་བྱས་སོ། །དགེ་འདུན་ལ་དབུལ་བའི་ནང་དུ་གཏོགས་པ་དང༌། ཚིག་སྙན་པར་སྨྲས་ཏེ་བྱིན་པ་དང༌། བསྙེན་པར་རྫོགས་པར་བྱ་བ་ལ་བྱིན་པ་དང༌། རྐུན་པོས་ཕྲོགས་པ་དང༌། རིན་གྱིས་འོག་ཏུ་བྱིན་པ་དང༌། བརྗེས་ཏེ་བྱིན་པ་དང༌། གྲགས་པ་དང༌། བསོད་ནམས་ཆེན་པོ་དང་ལྡན་པ་ལ་འཕགས་མ་ཐུགས་བརྩེ་བའི་སླད་དུ་ཞེས་ཤིག་ཅེས་ཆགས་པ་མེད་པར་ཕུལ་ཏེ་སོང་ན་ལྟུང་བ་མེད་དོ། །སྤང་བའི་ལྟུང་བ་ལྔ་པ་རྫོགས་སོ།། །།སྟོན་པ་མ་མཉན་དུ་ཡོད་པ་ན་བཞུགས་སོ། །དེ་ནས་སྤོམ་དགའ་མོ་སྔ་དྲོའི་དུས་ལ་བསོད་སྙོམས་ལ་ཞུགས་ཏེ། ཁྱིམ་བདག་གཅིག་གིས་ཁྱིམ་དེར་སོང་བ་དེའི་ཆུང་མ་རྒྱན་གྱིས་བ་ཀླུབས་ནས་སྒོ་ཁྱད་དུ་འདུག་པས། སྦོམ་དགའ་མོ་མཐོང་བ་དང་ཕྱག་འཚལ་ནས་སྦོམ་དགའ་མོས་ཆོས་བཤད་དོ། །དེ་ཡང་དག་པ་སྐྱེས་ནས་རས་ཡུག་ཅིག་གསོལ་ལོ་ཞེས་བྱས་པ་དང༌། སྦོམ་དགའ་མོས་དེ་ལ། སང་དག་འཆི་འམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བརྟུལ་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་དང་བཤེས་པ་མ་ཡིན་ནོ། །ཞེས་འབྱུང་བ་ཁྱོད་ཀྱིས་མ་ཐོས་སམ་ཞེས་བྱ་བ་ནས། ཁྱིམ་བདག་གི་ཆུང་མའི་བླ་གོས་བླངས་ཏེ་བྱིན་པའི་ཚིག་བཤད་བྱས་ནས་སོང་ངོ༌། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཅིའི་ཕྱིར་ན་དགེ་སློང་མ་གང་སྦྱིན་པ་དེས་མ་མགུ་སྟེ། དེའི་གོས་ན་ན་གྱིས་ཕྲོགས་ཞེས་མི་སྙན་པར་འཛེར་ཏེ། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གཉེན་མ་ཡིན་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ལས་གོས་བླངས་ན་སྤང་བའི་ལྟུང་བའོ་ཞེས་བཅས་པ་དང༌། དགེ་སློང་མ་མང་ཞིག་ལྗོངས་རྒྱུ་ཞིང་དོང་བ་ལས་རྐུན་པོས་བཅོམ་པ་དང༌། དེ་དག་གིས་བསམ་པ། སྟོན་པས་གཉེན་མ་ཡིན་པའི་ཁྱིམ་པ་ལ་སློང་དུ་མ་གནང་སྙམ་


DTG156_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་དག་རིམ་གྱིས་མཉན་དུ་ཡོད་པར་བྱིན་པ་དང༌། དགེ་སློང་མ་དག་གོས་བསླངས་ནས་དེ་དག་གིས་ཀྱང་སོ་སོ་ནས་གོས་ཀྱིས་བཤུགས་སོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ། དགེ་སློང་མ་རྣམས་སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་སྟེ་བསླབ་པའི་ཚིག་བཅའོ། །དགེ་སློང་མ་གང་གཉེན་མ་ཡིན་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ལས་གོས་སློང་ན་དུས་ལ་བབ་པ་མ་གཏོགས་ཏེ་སྤང་བའི་ལྟུང་བའོ། །དེའི་དུས་ནི་འདི་ལྟ་བུ་དགེ་སློང་མའི་གོས་ཕྲོགས་པ་དང༌། གོས་བརླག་པ་དང༌། གོས་ཚིག་པ་དང༌། གོས་རླུང་གིས་ཁྱེར་བ་དང༌། གོས་ཆུས་ཁྱེར་བའི་འདི་ལྟ་བུ་ནི་དུས་སོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱོས་པའོ། །ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །དེ་ཉིད་དུ་མ་ཡིན་ཞེས་པ་ནི་ང་མ་བཞིན་ནོ། །གོས་ཞེས་བྱ་བ་ནི་བལ་དང་ཤ་ན་ཀ་ལ་སོགས་པའོ། །དུས་མ་གཏོགས་ཞེས་པ་ནི་དུས་བཀོལ་བ་སྟེ། རྐུན་པོས་ཁྱེར་ཞེས་པ་ནི་རྐུན་པོ་འམ་གཡོན་ཅན་གྱིས་ཕྲོགས་པའོ། །བརླག་ཅེས་བྱ་བ་ནི་བརླག་གམ་བརྗེད་པའོ། །ཚིག་པ་དང་རླུང་གི་ཁྱེར་བ་དང༌། ཆུས་ཁྱེར་བ་ཞེས་བྱ་བ་ནི་དེ་ཁོ་ནའོ། །ལྟུང་བར་འགྱུར་བ་ནི་རིན་ཐང་དང་ཁྲུ་དང་ཁ་དོག་སྟེ། རིན་ཐང་ནི་ཀཱཪྵཱ་པ་ཎ་ལྔ་རི་བ་ཞིག་བླངས་ཏེ་ལྔ་རི་བ་ཐོང་ན་སློང་པའི་ཚེ་ཉེས་བྱས། ཐོབ་ན་སྤང་བའི་ལྟུང་བའོ། །ཀཱཪྵཱ་པ་ཎ་གཞན་ནི་དུ་རིབ་སློང་བ་དེ་བཞིན་དུ་སྦྱར། ཀཱཪྵཱ་པ་ཎ་ལྔ་རི་བ་ཞིག་བླངས་པ་ལས་ལྔ་རི་བ་ཞིག་ཐོབ་ན་སློང་བའི་ཚེ་ཉེས་བྱས། ལྷག་པར་ཐོབ་པ་ལ་ཉེས་པ་མེད་དོ། །ཁ་དོག་སྔོན་པོ་ཞིག་བླངས་ཏེ་སྔོན་པོ་ཐོབ་ན་བླང་པའི་ཉེས་བྱས། ཐོབ་ན་སྤང་བའི་ལྟུང་བའོ། །སྔོན་པོ་ཇི་ལྟ་བ་དེ་བཞིན་ཁ་དོག་གཞན་དང་སྟུག་པོ་དང་སྲབ་མོ་ཡང་དེ་བཞིན་ནོ། །གོས་སྔོན་པོ་ཞིག་བསླངས་པ་ལས་སེར་པོ་ཞིག་ཐོབ་ན་སློང་བའི་ཚེ་ཉེས་བྱས་ཐོབ་ན་ཉེས་པ་མེད་དོ། །ཁྲུ་གཞན་ཡང་དེ་བཞིན་ནོ། ཁྲུ་ལྔ་བླངས་པ་ལས་ལྷག་པར་ཐོབ་ན་སློང་བའི་ཚེ་ཉེས་བྱས། ལྷག་པར་ཐོབ་པ་ལ་ལྟུང་བ་མེད་དོ། །ཁ་ཚར་དང་རས་མ་བསླངས་པ་ལས་རས་ཡུག་གམ་རས་ཆེན་ཐོབ་པ་ལ་ལྟུང་བ་མེད་དོ། །སྤང་བ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །


DTG156_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགེ་སློང་མ་མང་ཞིག་རྐུན་པོས་བཅོམ་མོ། །སྦོམ་དགའ་མོས་དེ་དག་ལ་སྨྲས་པ། སྟོན་པས་ནི་དགེ་སློང་མ་རྐུན་པོས་བཅོམ་པའི་ཕྱིར་གོས་སློང་དུ་གནང་ན་ཁྱེད་ཅིའི་ཕྱིར་མི་སློང༌། དེ་དག་གིས་སྨྲས་པ། མི་ནུས་སོ། །སྦོམ་དགའ་མོས་འོ་ན་ཁྱོད་ཀྱི་ཕྱིར་ངས་བླང་ངོ༌། །དེ་དག་གིས་སྨྲས་པ། དེ་ལྟར་ན་སློངས་ཤིག་ཅེས་བྱས་པ་དང༌། སྦོམ་དགའ་མོས་དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་ལ་ཆོས་བཤད་ནས་གོས་མང་ཞིག་བསླངས་ཏེ་བཟང་པོ་ནི་བདག་གིས་ཁྱེར་ངན་པ་ནི་དགེ་སློང་མ་དག་ལ་བྱིན་ཏེ། དེ་དག་གོས་རྙིང་པའི་འཚེམས་ཤིང་འཁོད་པ་དང་དགེ་སློང་མ་དག་གིས་མཐོང་ནས་སྨྲས་པ། ཁྱོད་ཀྱིས་གོས་མང་ཞིག་ཐོབ་ཅེ་ན། ཅིའི་ཕྱིར་གོས་རྙིང་པ་འཚེམས། དགེ་སློང་མ་དག་གི་སྨྲས་པ། ཁྱེད་ཀྱིས་ནི་ཐོས་པར་ཟད་ཀྱིས་ངེད་ཀྱིས་ནི་མཐོང་མོད་ཀྱིས་སྦོམ་དགའ་མོས་བཟང་པོ་ནི་ཁྱེར་ངན་པ་ནི་ངེད་ལ་བྱིན་ནོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས། སྦོམ་དགའ་མོ་རྣམ་པ་དུ་མས་སྨད་དེ་བསླབ་པའི་གནས་བཅས་སོ། །དགེ་སློང་མ་གོས་འཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ་གོས་ཆུས་ཁྱེར་ཡང་རུང༌། གཉེན་མ་ཡིན་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ལས་གོས་སློངས་ཤིག་གལ་ཏེ་བྲམ་ཟེའམ་ཁྱིམ་བདག་དེ་དག་དད་པ་ཅན་ཏེ་དུས་ཀྱི་གོས་མང་པོ་འབུལ་ལ། འདོད་ན་དགེ་སློང་མ་དེས་དེ་ལས་སོང་གཡོགས་དང་སྨད་གཡོགས་ལས་གོས་ཁག་པར་མ་ལེན་ཅིག་དེ་ལས་ལྷག་པར་བླངས་ན་སྤང་བའི་ལྟུང་པའོ། །དགེ་སློང་མ་གོས་རྐུན་མོས་ཁྱེད་རམ་ཆུས་ཁྱེར་རམ་ཞེས་པ་ནས་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་བར་དུ་ནི་སྔ་མ་བཞིན་ནོ། །སྟོད་གཡོགས་ལས་ལྷག་པར་ལེན་ཅེས་པ་ནི་རྣམ་པ་གཉིས་ཏེ། དགེ་སློང་མ་དང་ཁྱིམ་པའོ། །ཁྱིམ་པའི་སྟོང་གཡོགས་ནི་རས་ཁྲུ་བཅུ་གཉིས་པའོ། །སྨད་གཡོགས་ཀྱི་རས་ནི་སྲིད་དུ་ཁྲུ་བདུན་ཞེས་དུ་ཁྲུ་གཉིས་སོ། །དགེ་སློང་མ་སྟོང་གཡོགས་ནི་རས་མ་བསྒོས་པ་ཞིག་ན་ནི་སྦྱར་མ་ཉིས་རིམ་དང༌། སྨད་གཡོགས་སྲིད་དུ་ཁྲུ་ལྔ་ཞེང་དུ་ཁྲུ་དོའོ། །དེ་ལས་ལྷག་པར་བསླངས་ཞེས་པ་ནི་དེ་ལས་འདས་པའོ། །སྤང་པའི་ལྟུང་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་ཁྱིམ་པའི་སྟོད་


DTG156_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་དང་སྨད་གཡོགས་བླངས་ཏེ། ཁྱིམ་པའི་སྟོད་གཡོགས་ཐོབ་པ་ལས་ལྷག་པར་བླངས་ན་བསླང་བའི་ཚེ་ཉེས་བྱས་ཐོབ་པ་ན་ལྟུང་བའོ། །དགེ་སློང་མ་སྟོད་གཡོགས་དང་སྨད་གཡོགས་ཀྱང་དེ་བཞིན་ནོ། །ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་བསླང་བ་སེ་ཐོབ་ན་མི་ལངས་ན་མ་སློངས་ཤིག །ལྷག་མའང་མ་བྱིན་ཅིག །དགེ་སློང་མའི་སྟོད་གཡོགས་དང་སྨད་གཡོགས་བླངས་ཏེ། ཐོབ་ན་མ་ལངས་ན་སློངས་ཤིག །ལྷག་ན་ཕྱིར་བྱིན་ཅིག །གོས་སྤངས་པར་གྱུར་པ་དེ་མ་སྤངས་སམ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་རོ། །སྤང་བ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་ཞུགས་སོ། །དེ་ན་ཁྱིམ་བདག་ཅིག་གཞན་གྱི་ཆུང་མ་དང་ཉལ་བ་དང༌། ཆུང་མས་མ་ཉལ་ཅིག་ཅེས་བསྒོ་ནས་བཏུང་ནས་ཆུང་མ་ཡང་སྐྱེས་པ་གཞན་དག་དང་ཉལ་བར་གྱུར་ཏེ། ཁྱིམ་སོ་ཀུན་ནི་ཞིག་ནས་བྲན་མོ་མངགས་གཞུག་པ་ཅིག་ཡོད་པ་ལ། ཁྱིམ་སོ་ཞིག་གོ་ཞེས་ཟེར་ནས་གཉི་གས་རྟག་ཏུ་བརྡེག་སྟེ་སྡུག་བསྔལ་བར་འགྱུར་རོ། །དུས་ཕྱི་ཞིག་ན་སྦོམ་དགའ་ཁྱིམ་བདག་བཟའ་ཤུག་དེ་གཉིས་ལ་ཆོས་བཤད་ན་ས་ལོག་པར་སྤྱོད་པ་བཏང་སྟེ་སྐྱབས་སུ་སོང༌། བསླབ་ཚིག་ལ་བཀོད་དེ་ལངས་ཏེ་སོང་ངོ༌། །བྲན་མོས་བསམས་པ་ཅུང་ཟད་བདག་ལ་ལེགས་པའི་དཔལ་ཡོན་དུ་གྱུར་པའང་སྦོམ་དགའ་མོ་དྲི་ནི་ཡིན་ན་དེ་ལ་ཕན་ཞིག་ཕྱའོ་སྙམ་པ་དང༌། དེ་ནས་དུས་ཕྱི་ཞིག་ན་ཆུང་མ་ན་རེ་ཇོ་བོ་སྦོམ་དགའ་མོས་ནི་བདག་ཅག་གཉིས་ཀྱི་གེ་བའི་བཤེས་གཉེན་བགྱིས་ཏེ་དྲི་མ་དང་ཕྲལ་ནས་བསླབ་ཚིག་ལ་བཀོད་ན་དེ་ལ་ཕན་པ་ཅུང་ཟད་ཅིག་དབུལ་བར་བྱའོ་ཞེས་བྱས་པ་དང༌། ཁྱིམ་བདག་གིས་རས་ཡུག་ཅིག་བསྐོན་ནོ་ཞེས་སྨྲས་པ་དང༌། བྲར་མོས་ཐོས་ཏེ། སྦམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་བདག་དེར་འོངས་པ་དང་འཕགས་མ་དགྱེས་པ་སྐྱེད་ཅིག །ཁྱིམ་བདག་ཕོ་མོ་གཉིས་ཀྱིས་ཁྱེད་ལ་རས་ཡུག་ཅིག་སྦྱིན་པར་བྱས་སོ། །དེ་ནས་སྦོམ་དགའ་མོ་བྲམ་མོ་ལ་ཡིད་མ་ཆེས་བཞིན་དུ། དེ་གཉིས་ཀྱི་ཁྱིམ་དུ་སོང་ནས་བདག་གིས་ད་དུང་རས་དེ་ཐོབ་པོ་ཞེས་སྨྲས་པ་དང༌། ཁྱིམ་བདག་གིས་བདག་


DTG156_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གིས་གསང་སྟེ་བགྲོས་ནས་འཕགས་མས་སུ་ལ་གསན་ཞེས་བྱས་པ་དང༌། སྦོམ་དགའ་མོས་ན་རབ་ཏུ་བྱུང་ནས་ཡུན་རིང་དུ་ལོན་ན་དེ་ཙམ་ཡང་མི་ཤེས་སམ་ཞེས་པ་དང༌། དེ་གཉིས་ཀྱི་རས་ཡུག་དེ་ཕུལ་བ་དང༌། མ་མགུ་ནས་ཁྱེད་གཉིས་རས་ལུག་འདི་བྱིན་པའི་བསོད་ནམས་ནི་ཡོད་ལ། སྤྱད་པའི་བསོད་ནམས་ནི་མེད་ཀྱིས་འདི་ཁྱེར་ལ་རས་གཞན་བྱིན་ཅིག་ཅེས་བྱས་པ་དང༌། ཁྱིམ་བདག་གི་ཆུང་མས་ཁྱོལ་ཇོ་བོ་ཚོང་དུས་ནས་རས་བཟང་པོ་ཞིག་ལོང་ལ་ཕུལ་ཅིག །ཁྱིམ་བདག་གིས་ཀྱང་སྦོམ་དགའ་མོ་ཁྲིད་ནས་ཚོང་དུས་རས་རིན་ཐང་ཆེན་པོ་ཞིག་ཚོར་བ་ལས་ཉོས་ནས་སྦོམ་དགའ་མོ་ལ་ཕུལ་ལོ། །ཚོང་པ་དེ་ཡང་དུས་ཚང་ནས་ཁྱིམ་བདག་དེས་རིན་པ་ཐང་ཆེན་པོ་མ་འཁོར་ནས་ཚོང་པས་བཟུང་བ་དང༌། དད་པའི་བྲམ་ཟེ་དང་ཁྱིམ་པ་རྣམས་འཕྱ་ནས་དེ་ལྟ་བུར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་གཉེན་མ་ཡིན་པས་གོས་ཀྱི་རིན་ཞིག་སྤགས་ནས་བདག་གིས་གོས་ཀྱི་རིན་འདིས་ནི་འདི་ལྟ་བུ་འདི་འདྲ་པའི་གོས་ཞིག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་ན། དེ་ལ་གོས་རུང་བ་དུས་སུ་སྐོན་ནོ་སྙམ་པ་ལས། དེ་ལ་སྔར་མ་བསྒོ་བར་གལ་ཏེ་དགེ་སློང་མ་དེ་རྣམ་པར་རྟོག་པ་འགའ་ཞིག་བྱུང་ཚེ། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ། བཟང་པོ་འདོད་པའི་ཕྱིར་ཚེ་དང་ལྡན་པ་བདག་གི་ཕྱིར་གང་གོས་ཀྱི་རིན་སྤགས་པའི་གོས་ཀྱི་རིན་དེས་ཚེ་དང་ལྡན་པ་གོས་འདི་ལྟ་བུ་འདི་འདྲ་བ་ཞིག་ཉོས་ལ་གོས་རུང་བ་དུས་སུ་བདག་ལ་བསྐོན་ན་ལེགས་སོ་ཞེས་སྨྲས་ཏེ་གོས་མངོན་དུ་གྲུབ་ན་སྤང་བའི་ལྟུང་བའོ། །དགེ་སློང་མའི་ཕྱིར་ཞེས་བྱ་ནས་ཁྱིམ་བདག་ཅེས་པའི་བར་དུ་ནི་སྔ་མ་བཞིན་ནོ། །གོས་ཀྱི་རིན་ཞེས་པ་ནི་གསེར་དང་དངུལ་ལ་སོགས་པའོ། །གོས་འདི་ལྟ་བུ་འདི་འདྲ་བ་ཉོས་ཞེས་བྱ་བ་ནི་རྒྱུ་དང་དབྱིབས་བརྟགས་པ་གང་ཡང་རུང་བའོ། །དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་ན་ཞེས་པ་སྦོམ་དགའ་མོའོ། །དེ་ལ་གོས་རུང་བ་བསྐོན་ནོ་ཞེས་བྱ་བ་ནི་སྤྱད་དུ་བཟོད་པའོ། །སྔར་མ་བསྒོ་ཞེས་བྱ་བ་ནི་སྔར་མ་སྦྲན་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ཞེས་བྱ་བ་ནི་འདི་ལྟར་སློང་བར་འགྱུར་བའོ། །གོས་ཀྱི་རིན་དེས་གོས་འདི་ལྟ་བུ་


DTG156_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་བ་ཉོས་ཞེས་བྱ་བ་ནི་བདུན་ལས་གང་ཡང་རུང་བའོ། །བཟོང་པོ་འདོད་ཅེས་བྱ་བ་ནི་མཆོག་འདོད་པའོ། །ཉེས་པ་ཇི་ལ་བུ་ཞེ་ན་རིན་དང་ཁ་དོག་དང་ཁྲུ་ཚད་དེ་གོང་མ་དང་འདྲའོ། །སྐུད་པ་བླངས་པ་ལས་རས་མ་ཐོབ་བམ་རས་མ་བླངས་པ་ལས་རས་ཆེན་ཐོབ་པ་ལ་ཉེས་པ་མེད་དོ། །སྤང་བ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་ཏེ། བསླབ་པའི་གནས་བཅས་སོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ཏེ། ཁྱད་པར་ནི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མས་སོ་སོ་ནས་གོས་ཀྱི་རིན་ཞིག་སྤགས་ཏེ་ཞེས་སྨོས་སོ། །ལྟུང་བ་ལྕི་ཡང་ཁྱད་པར་གོང་མ་དང་འདྲ་སྟེ། སྤང་བ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྦོམ་དགའ་མོ་སྔ་དྲོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུ་བ་ལས་བློན་པོ་བྲམ་ཟེད་བྱར་བྱེད་ཀྱི་ཁྱིམ་དུ་སོང་ངོ༌། །དེས་དབྱར་བྱེད་ལ་ཆོས་བཤད་པ་དང༌། དེ་ཡང་ཆོས་ལ་དགའ་བས་ཀཱཪྵཱ་པ་ཎ་དྲུག་ཅུ་གསོལ་ལོ་ཞེས་བྱས་པ་དང༌། སྦོམ་དགའ་མོས་སྦྱིན་པའི་ཚིག་བཅད་བྱས་ཏེ་སོང་ངོ༌། དབྱར་ཟླ་བ་གསུམ་འདས་ཏེ་ཆོས་གོས་བྱས་ཏེ་དབྱར་བྱེད་ཀྱི་གན་དུ་སོང་སྟེ་ཕྱིན་པ་དང༌། དབྱར་བྱེད་ལ་མཁྱེན་པར་མཛོད་ཅིག་བདག་ནི་མཉན་དུ་ཡོད་པར་སྟོན་པ་ལ་ཕྱག་འཚལ་དུ་མཆིའོ་ཞེས་སྨྲས་པ་དང༌། །འཕགས་མ་རྒྱ་མཚོའི་ཕ་རོལ་དུ་གཤེགས་ཀྱང་པ་ཎ་དྲུག་ཅུ་བསྐུར་རོ་ཞེས་བྱས་པ་དང༌། སྦོམ་དགའ་མོས་ཚིགས་བཅད་བྱས་ཏེ་སོང་ངོ༌། །མཉན་དུ་ཡོད་པར་ཕྱིན་པ་དང༌། དེ་ཉིད་དུ་དགེ་སློང་མའི་དབྱར་མོ་ཐང་ན་འདུག་གོ །དེ་ནས་དབྱར་བྱེད་ཀྱི་ཚོང་པ་ལ་པ་ཎ་དྲུག་ཅུ་བསྐུར་ཏེ། ཚོང་པ་མཉན་དུ་ཡོད་པ་ན་དགེ་སློང་མའི་དབྱར་ཁང་དུ་ཕྱིན་ནས་སྦོམ་དགའ་མོ་བཞུགས་སམ་ཞེས་དྲིས་པ་དང༌། དགེ་སློང་མ་དག་གིས་བསོད་སྙོམས་ལ་སོང་ངོ་ཞེས་བྱས་པ་དང༌། ཚོང་པ་སླར་ལོག་སྟེ་བདག་གི་འདི་ལྟ་བུ་ཞིག་ཏུ་བྱོན་ཅིག་གསུངས་ཤིག །དེ་ནས་སོང་བ་དང་སྦོམ་དགའ་མོས་འོངས་པ་ལ་དགེ་སློང་མ་དག་གིས་རྒྱས་པར་སྨྲས་ནས། སྦོམ་དགའ་མོས་དགེ་སློང་མ་ཞིག་ཁྲིག་དེ་སོང་པ་དང༌། ཚོང་པས་རྒྱང་རིང་པོ་ནས་འོངས་པ་མཐོང་ནས་འདི་ནི་རིངས་པར་འོངས་པ་ལས་ན་སྦོམ་དགའ་མོ་ཡིན་པར་ངེས་སོ་སྙམ་མོ། །སྦོམ་དགའ་མོ་


DTG156_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འོངས་ནས་ཚོང་པ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་ཁྱེར་ཏེ་འོངས་སམ་སྨྲས་པ་དང་ཚོང་པས་ཀྱང་ཕུལ་ལོ། །དེ་ནས་ཚོང་པའི་ཁྱེའུ་གསར་དུ་དད་པ་སྐྱེས་པ་ཞིག་ལ་གཏམས་ནས་སོང་ངོ༌། །ཚོང་པའི་ཁྲིམས་ལས་ཉི་མ་ཤར་ནས་ཚོང་དུས་སུ་མ་གྲམས་ན་ཀཱར་ཥཱ་པ་ཎ་དྲུག་ཅུས་ཆད་པས་གཅོད་དོ། །སྦོམ་དགའ་མོས་ནང་པར་ཀཱར་ཥཱ་པ་ཎ་བྱིན་ཅིག་ཅེས་བྱས་པ་དང༌། ཁྱེའུས་འཕགས་མ་ཅུང་ཟད་བཞེས་ཤིག་སྦོམ་དགའ་མོས་དེ་ལྟར་མི་རུང་གི་བྱིན་ཅིག་ཅེས་གོས་ཀྱི་མཐའ་ནས་བཟུང་བ་དང༌། ཁྱེའུ་ཁྲོས་ཏེ་ཀཱར་ཥཱ་པ་ཎ་ཕྱུང་སྟེ་མདུན་དུ་བོར་བ་དང༌། སྦོམ་དགའ་མོས་སྨྲས་པ། གྲོངས་ལ་བྱིན་ཅིག་ཁྱེའུ་བགྲང་བ་ལ་ཞུགས་པ་དང་ཉི་མ་ཤར་ནས་ཀཱར་ཥཱ་པ་ཎ་དྲུག་ཅུ་ཕབ་པོ། །དེ་ནས་ཕ་མས་སྨྲས་པ་ཁྱོད་ཀྱིས་ནོར་ཇི་སྙེད་ཅིག་བསྒྲུབས་ནས་ཀཱར་ཥཱ་པ་ཎ་དྲུག་ཅུ་བཅལ། དེས་སྨྲས་པ་ཤཱཀྱའི་དགེ་སློང་མ་ལ་དད་པ་ནི་དེ་ལྟར་འགྱུར་རོ། །ཁྱིམ་པ་དག་གིས་རིགས་ཀྱི་བུ་དད་པ་སྐྱེས་མ་ཐག་ཏུ་མྱུ་གུ་བཅད་དོ་ཞེས་འཕྱ་ཞིང་མི་སྙན་པར་བརྗོད་དོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མའི་ཕྱིར་རྒྱལ་པོ་འམ་བློན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འམ། ལྗོངས་ཀྱི་མི་འམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཀྱང་རུང༌། ཕོ་ཉའི་ལག་ཏུ་གོས་ཀྱི་རིན་བསྐུར་ཏེ། ཕོ་ཉ་ཁྱོད་ཀྱིས་གོས་ཀྱི་རིན་འདི་འདྲ་བ་འདི་ལྟ་བུ་དུས་སུ་རུང་བའི་གོས་ཤིག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་བསྐོན་ཅིག་ཅེས་བསྒོ་བ་ལས། ཕོ་ཉ་དེ་ཡང་གོས་ཀྱི་རིན་དེ་ཁྱེར་ནས་དགེ་སློང་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། དགེ་སློང་མ་དེ་ལ་འཕགས་མ་མཁྱེན་པར་མཛོད་ཅིག །ཁྱེད་ལ་གོས་ཀྱི་རིན་འདི་དག་ནི་རྒྱལ་པོ་འམ། བློན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མི་འམ། ལྗོངས་ཀྱི་མི་འམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་མིང་འདི་ཞེས་བྱ་བས་བསྐུར་གྱིས་འཕགས་མ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་དེ་སྐད་ཟེར་བ་དང༌། དགེ་སློང་མ་དེས་ཕོ་ཉ་ལ་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་དག་ནི་གོས་ཀྱི་རིན་ལེན་དུ་མི་རུང་གི་དུས་སུ་རུང་བའི་གོས་ཤིག་རྙེད་ན་ནི་བདག་ཅག་ལེན་ཏོ་ཞེས་དེ་སྐད་སྨྲོས་ཤིག །གལ་ཏེ་ཕོ་ཉ་དེས་དགེ་སློང་མ་དེ་


DTG156_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་འཕགས་མ་རྣམས་ཀྱིས་ཞལ་ཏ་དང་འཕགས་མ་རྣམས་ལ་ཞལ་ཏར་བགྱི་བ་ལྟ་ཅི་མཆིས་སམ། དེ་སྐད་ཟེར་བ་དང་དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པ་བསྟན་ཏེ། ཀུན་དགའ་འམ། དགེ་བསྙེན་ཡང་རུང༌། འདི་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བ་སྟེ། འདི་དག་ནི་དགེ་སློང་མ་རྣམས་ལ་ཞལ་ཏ་བྱེད་དོ་ཞེས་བྱོས་ཤིག །དེ་ནས་ཕོ་ཉ་དེས་གོས་ཀྱི་ཟིན་དེ་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདིས་གོས་འདི་ལྟ་བུ་འདི་འདྲ་བ་ཞིག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་དེ་སྐད་སྨྲས་ཏེ། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་ལ་ཤིན་ཏུ་ལེགས་པར་བསྒོ་ཞིང་བསྟན་ནས། དགེ་སློང་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། དགེ་སློང་མ་དེ་ལ་འཕགས་མས་ཞལ་ཏ་བགྱིད་པ་གང་ལགས་པ་བསྟན་པ་དེ་ལ་བདག་གིས་ལེགས་པར་བསྟན་གྱིས་དེའི་གན་དུ་བཞུད་ཅིག་དང༌། ཁྱེད་ལ་དུས་སུ་རུང་བ་བསྐོན་ནོ་ཞེས་དེ་སྐད་ཟེར་བ་དང་དགེ་སློང་མ་གོས་འདོད་པ་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་པ་ལ་བདག་ལ་གོས་དགོས་སོ། །ཚེ་དང་ལྡན་པ་ཞལ་ཏ་པ་ལ་བདག་ལ་གོས་དགོས་སོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་ཅིག །དྲན་པར་གྱིས་ཤིག །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་ནས་གལ་ཏེ་གོས་གྲུབ་པ་ལྟ་ན་ནི་ལེགས་གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་འོག་ཏུ་སྣང་བའི་ཕྱོགས་སུ་ཅང་མི་སྨྲ་བར་འདུག་ཅིག །དེ་ལྟར་ལན་བཞི་ལན་ལྔ་ལན་དྲུག་གི་འོག་ཏུ་སྣང་བའི་ཕྱོགས་སུ་ཅང་མི་སྨྲ་བར་འདུག་ནས། གལ་ཏེ་གྲུབ་ན་ནི་ལེགས་གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་ཡང་གོས་གྲུབ་པའི་ཕྱིར་བརྩལ་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བའོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ཐོང་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཕྱིར་གང་གོས་ཀྱི་རིན་བསྐུར་བ་སྟེ། དགེ་སློང་མ་དེའི་གོས་ཀྱི་རིན་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག་ཚེ་དང་ལྡན་པ་དག་རང་གི་ནོར་དེ་ཆུད་མ་གསན་ཅིག་ཅེས་བསྒོ་ཤིག་དེ་ལ་དེའི་དུས་ཡིན་ནོ། །རྒྱལ་པོ་ཞེས་པ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པའོ། །བློན་


DTG156_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱ་བ་ནི་རྒྱལ་པོ་ལ་བློ་དང་གྲོས་ཀྱིས་འཚོ་བའོ། །བྲམ་ཟེ་ཞེས་བྱ་བ་ནི་གཙང་སྦྲ་ཅན་ནོ། །ཁྱིམ་བདག་ནི་ཕྱུག་པོའོ། །ལྗོངས་ཞེས་པ་ནི་ཡུལ་མིའོ། །ནོར་ཅན་ཞེས་པ་ནི་བྱེ་བ་སྙེད་ཀྱི་ཕྱུག་པོའོ། །ཚོང་དཔོན་ཞེས་པ་ནི་ཐབས་བྱིན་པའོ། །དེད་དཔོན་ཞེས་པ་ནི་འདྲོན་པ་མང་པོའི་དཔོན་པོའོ། །ཕོ་ཉའི་ལག་ཏུ་བསྐུར་ཞེས་པ་ནི་མི་རྣམ་གསུམ་མོ། །གོས་ཀྱི་རིན་ཞེས་པ་ནི་གསེར་དང་དངུལ་ལོ། །དུས་སུ་རུང་བའི་གོས་ཞེས་བྱ་བ་ནི་སྤྱད་དུ་འོས་པའོ་གོས་འདོད་པའི་དགེ་སློང་མ་ཞེས་པ་ནི་གོས་དགོས་པར་གྱུར་པའོ། །ཀུན་དགའ་ར་བ་ཞེས་པ་ནི་རུང་བར་བྱེད་པའོ། །དགེ་བསྙེན་ཞེས་པ་ནི་སྐྱབས་སུ་སོང་བའོ། །སྣང་བའི་ཕྱོགས་ཞེས་པ་ནི་བཞི་སྟེ། རྫ་མཁན་དང༌། འདྲེག་མཁན་གྱི་གནས་དང༌། ཁྲོན་པའི་དྲུང་དང༌། ཞིང་ལས་བྱེད་པའི་གནས་ཚོང་དུས་དང་བཞིའོ། །བསྐུལ་བའི་སྒོ་དྲུག་སྟེ། ཁྱོད་འདིར་བྱོན་ནམ། དེའི་ཕྱིར་རོ། །བདེ་བར་བྱོན་ཏམ། དོན་དེའི་ཕྱིར་རོ། །གདན་ལ་བཞུགས། བཅའ་བ་འཚོ། །བཟའ་བ་ཟོ། །བཏུང་བ་འཐུང༌། དོན་དེའི་ཕྱིར་ཞེས་པ་དང་དྲུག་སྟེ། དེའི་ཕྱིར་དོ་ན་དེ་མ་གོ་ཞེས་ཟེར་ན་དངོས་སུ་སྨྲོས་ཤིག །དོན་དེ་དྲུག་མ་ཐོས་སམ་ཚིག་ཟུར་གྱིས་སྨྲས་པས་ཕ་རོལ་གྱི་ཚིག་མ་གོ་ན་དྲུག་པོ་གོ་བའི་བར་དུ་སྨྲས་ཤིག །ཡང་ན་བདག་པོ་ཤིག་ཅེས་བྱ་བ་ནི་ཉེ་གནས་སམ་འགྲོ་བ་དག་འགྲོ་བའོ། །དེ་ལྟར་བྱས་པའི་འོག་ཏུ་ཞལ་ཏ་པས་གོས་ཕུལ་ན་ཐོག་མའི་ནོར་བདག་ཉིད་ལ་ཕུལ་ཅིག་ཅེས་སྨྲོས་ཤིག །གལ་ཏེ་ཞལ་ཏ་པས་དགེ་སློང་མ་དེ་ལ་འཕགས་མས་འདི་བཞེས་ཤིག་དང་བདག་གིས་དེའི་སེམས་མགུ་བར་བྱའོ་ཞེས་ཟེར་ན། དགེ་སློང་མས་གོས་དེ་ལོང་ཤིག་གལ་ཏེ་དགེ་སློང་མས་རྣམ་པ་འདི་ལྟ་བུ་རྣམས་མ་བྱས་པར་བསླངས་ན་ཐམས་ཅད་དུ་སྤང་བའི་ལྟུང་བར་འགྱུར་རོ། །དེ་ལ་ལྟུང་བ་ཇི་ལྟ་བུ་ཞེ་ན་མི་མ་ཡིན་པས་བྱིན་ཏེ། མི་མ་ཡིན་པས་ཕོ་ཉ་བྱས་མི་མ་ཡིན་པས་རུང་བར་བྱས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་ཕོ་ཉ་བྱས་མིས་རུང་བར་བྱས་ན་ཉེས་བྱས། མི་མ་ཡིན་པས་བྱིན་མིས་ཕོ་ཉ་བྱས་མིས་རུང་བར་བྱས་ན་ཉེས་བྱས། མིས་བྱིན་མིས་ཕོ་ཉ་བྱས་མི་མ་ཡིན་པས་རུང་བར་བྱས་ན་ཉེས་བྱས། མི་མ་ཡིན་པས་ཕོ་ཉ་བྱས་མིས་རུང་བར་བྱས་ན་ཉེས་བྱས། མིས་བྱིན་མིས་ཕོ་ཉ་བྱས་མིས་རུང་བར་བྱས་ན་སྤང་བའི་ལྟུང་བའོ། །སྤང་བའི་ལྟུང་བ་བཅུ་པ་དང་པོ་


DTG156_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སོ།། །།མདོར་བསྟན་པ་ནི། མི་བླང་མཚན་བཏབ་སྣ་ཚོགས་དང༌། །ཉོ་ཞིང་ཚོང་བར་བྱེད་པ་དང༌། །ལྷན་པ་ལྔ་མེད་ལྷུང་བཟེད་དང༌། །བདག་བསླངས་ལེགས་པར་འཐག་འཇུག་དང༌། །མི་སྦྱིན་བསྔོས་པ་ཞག་བདུན་པ། །སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་བཅུ་གཉིས་སྡེས་རང་གི་ལག་གིས་ས་ལེ་སྦྲམ་དང་དངུལ་ལེན་ཅིང་ལེན་དུ་འཇུག །ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུའི་སྟེང་དུ་འཇོག་པ་ལ་བྲམ་ཟེ་དང་ཁྱིམ་བདག་འཕྱ་སྟེ། དགེ་སློང་མ་མགོ་རེག་མ་རང་གི་ལག་གིས་ས་ལེ་སྦྲམ་དང་དངུལ་ལེན་དུ་འཇུག་སྟེ། རབ་ཏུ་བྱུང་བ་དག་ཀྱང་དེ་ལྟར་བྱེད་ན་དེ་དག་ཁྱིམ་པ་དང་ཁྱད་པར་ཅི་ཡོད། དེ་དག་ལ་བསོད་སྙོམས་སྦྱིན་པར་སུ་ཞིག་སེམས་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མ་གང་རང་གི་ལག་གིས་ས་ལེ་སྦྲམ་དང་དངུལ་ལེན་ནམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བའོ། །དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ། །རང་གི་ལག་གིས་ཞེས་པ་ནི་ལག་ནས་ལག་གིས་སོ། །ས་ལེ་སྦྲམ་དང་དངུལ་ཞེས་པ་ནི་གསེར་དང་དངུལ་ལོ། །ལེན་ཞེས་པ་ནི་བདག་ཉིད་དོ། །ལེན་དུ་འཇུག་ཅེས་པ་ནི་གཞན་གྱི་ལའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན། བཅྭ་བརྒྱད་དེ་དེ་ལ་མངོན་སུམ་དུ་གྱུར་པ་དགུ་སྟེ། འདི་ལོང་འདི་ནས་ལོང་འདི་ཙམ་ལོང༌། འདི་ཞོག་འདིར་ཞོག་འདི་ཙམ་ཞོག །འདི་ཁྱེར་འདི་ནས་ཁྱེར་འདི་སྙེད་ཅིག་ཁྱེར། འདི་ལོང་ཞེས་བྱ་བ་ནི་གསེར་དང་དངུལ་ལོ། །འདི་ནས་ལོང་ཞེས་བྱ་བ་ནི་སྒྲོམ་མམ་སྒྲོ་བ་འམ་གཟེབ་ནས་སོ། །འདི་སྙེད་ལོང་ཞེས་བྱ་བ་ནི་སྲང་བརྒྱ་འམ་སྟོང་ངོ༌། །མངོན་སུམ་དུ་གྱུར་པ་འདི་དགུ་ལ་འདི་ལོང་ཞེས་བསྒོ་ན་སྤང་བར་འགྱུར་རོ། །མངོན་སུམ་དུ་མ་གྱུར་པ་དགུ་ཡང་གོང་དུ་མངོན་སུམ་དུ་གྱུར་པ་དགུ་ལ་གོང་དུ་གསུམ་བཤད་པས་འོག་མ་དྲུག་ཀྱང་དེ་བཞིན་རིག་པར་བྱ་བ་བཞིན་དུ་མངོན་སུམ་དུ་མ་གྱུར་པ་དགུ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ནས་ལོང་ཞེས་བསྒོ་ན་ཉེས་བྱས་སུ་འགྱུར་རོ། །གསེར་དང་དངུལ་དང་མུ་ཏིག་དང་བཻ་ཌཱུཪྻ་དང་དུང་དང་ཤེལ་དང་ས་ལེ་སྦྲམ་དང་ཨསྨ་གརྦྷ་ལ་རེག་ན་ལྟུང་པའོ། །


DTG156_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི་དོང་ཙེ་མཚན་མས་བཏབ་པ་སྡོམ་པ་ལ་རེག་ན་ཉེས་བྱས། ལྕགས་དང་ཟངས་དང་ཁར་བ་དང་རོ་ཉེ་དང་ཚོན་མོ་སྟེང་ལ་རེག་ན་ཉེས་པ་མེད་དོ། །ཐ་ན་སོག་མའི་ཕྲེང་བ་དང་ནོར་བུ་མ་ཕུག་པ་དང་མཐིང་བུ་ལ་རེག་ན་ཉེས་བྱས་སོ། །སྟོན་པ་མཉན་དུ་ཡོད་པ་ན་བཞུགས་ཏེ། ཡུལ་ཙམ་པ་ན་ཁྱིམ་བདག་དད་པ་བཟང་པོས་བྱིན་ཞེས་བྱ་བའི་གཙུག་ལག་ཁང་དགེ་སློང་མ་དག་ཅིག་ཚུལ་དུ་ཞུགས་ཏེ། དབྱར་ཚུལ་ནས་འབྱུང་ཀར་བདག་ཅག་ནི་སྟོན་པ་ལ་ཕྱག་འཚལ་དུ་འདོང་གིས་གོས་སྩོལ་ཅིག་ཅེས་པ་དང༌། འཕགས་མ་གོས་བཟང་པོ་མ་མཆིས་ཏེ། ཚོར་པ་འོང་བ་ལ་སྐད་ཅིག་ཅུང་བཞེས་ཤིག །དེ་ལས་བཟང་པོ་འཇལ་ཏེ་གསོལ་ལོ་ཞེས་བྱས་པ་དང༌། མེད་ན་གོས་ངན་པའང་རུང་གིས་བྱིན་ཅིག །བདག་ནི་བཟང་པོ་སྦྱིན་ན་ངན་པ་གསོལ་དུ་མི་རུང་སྟེ། ཁྱེད་རིང་ན་ན་བཟའི་རིན་ཀཱར་ཥཱ་པ་ཎ་སྣོམས་ཏེ། བཞུད་ཅིག་ཅེས་པ་དང༌། བདག་ཅག་ཀཱར་ཥཱ་པ་ཎ་ལེན་དུ་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་དོང་ངོ༌། །དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་གོས་ངན་ན་ཅི་ཉེས་ཞེས་པ་དང༌། དགེ་སློང་མ་དག་གིས་རྒྱས་པར་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཁྱིམ་བདག་གམ་བྲམ་ཟེ་ལ་གོས་ཀྱི་རིན་ལོང་ཤིག་བསླངས་ནས་སྦྱིན་བདག་གམ་ཞལ་ཏ་པ་ལ་བསྔོས་ཤིག་པར་རྗེས་སུ་གནང་བ་བཅས་སོ། །ཞལ་ཏ་བྱེད་པ་ཡུལ་གཞན་དུ་སོང་ན་ཡང་དེ་ཉིད་ལ་བརྟེན་པར་བྱའོ། །དགེ་སློང་མས་མི་རུང་བ་ཞིག་རྙེད་ན་ལོང་ལ་དགེ་སློང་མའི་མདུན་དུ་བྱིན་གྱིས་རློབས་ཤིག་དགོངས་ཤིག་བདག་མིང་འདི་ཞེས་བགྱི་བས་མི་རུང་བའི་དངོས་པོ་འདི་ལྟ་བུ་ཞིག་རྙེད་པས། རུང་བའི་དངོས་པོ་བསྒྲུབས་སོ། །དེ་བཞིན་ལན་གཉིས་ལན་གསུམ་དུའོ། །སྤང་བ་བཅུ་གཅིག་པ་རྫོགས་སོ།། །། སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་བཅུ་གཉིས་སྡེ་མཚན་མས་བཏབ་པ་སྣ་ཚོགས་ལ་སྤྱོད་དེ། སྦྱོར་བར་བྱེད། སྤེལ་བར་བྱེད། འཕེལ་བར་བྱེད། སྒྱུར་བར་བྱེད། བརྡུངས་པས་བརྡུངས་པ་ཉོ། །བརྡུངས་པས་མ་བརྡུངས་པ་ཉོ་བས་ཁྱིམ་པ་དག་སྨོད་ཅིང་


DTG156_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྙན་པ་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། ཡང་དགེ་སློང་མ་གང་མཚན་མས་བཏབ་པ་མང་པོར་སྒྱུར་བར་བྱེད་ན་སྤང་བའི་ལྟུང་བའོ། །དགེ་སློང་མ་ཞེས་པ་ནི་སྔ་མ་བཞིན་ནོ། །རྣམ་པ་མང་པོ་ཞེས་པ་ནི་མཚན་མས་བཏབ་པའོ། །མང་པོར་སྤྱོད་པར་བྱེད་ཅེས་པ་ནི་གསེར་དངུལ་ལོ། །སྤང་བའི་ལྟུང་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་སྤྱོད་པ་ཞེས་བྱ་བ་ནི་ཡུལ་ཕྱོགས་ཚོལ་ཞིང་རྟ་ཚོལ་ཡུལ་ཕྱོགས་སུ་བྲིན་པའི་ཟོང་རྣམས་རྫོང་ངོ༌། །གསེལ་བའི་རྣམས་ཚོལ། གྲོ་བ་དང་རས་ཕྱིས་དང་སྨྱི་གུ་ཚོལ་ཞིང་སྐྱེད་ཚོལ་ནམ་གྲུབ་ཀྱི་བར་དུ་ཉེས་བྱས། གྲུབ་ན་ལྟུང་བའོ། །སྤེལ་བ་ནི་བརྒྱད་ཀ་དང་བདུན་ཀ་དང་བཅུ་ཀར་གཏོང་ཞིང་གོང་མ་བཞིན་དུ་མ་གྲུབ་ཀྱི་བར་དུ་ཉེས་བྱས། གྲུབ་ན་སྤང་བའོ། །འཕེལ་བར་བྱེད་པ་ན་འཕྲལ་དུ་བ་དང༌། རྐང་སོ་དང་གྱུར་དུ་གཏོང་ཞིང་སྣོད་དང་ཡི་གེ་ཚོལ་བའི་བར་དུ་གོང་མ་བཞིན་ཏེ་ཉེས་བྱས་དང་ལྟུང་བ་ཡང་གོང་མ་དང་འདྲའོ། །སྒྱུར་བར་བྱེད་པ་ནི་ནོར་བུ་བྲེ་གང་མུ་ཏིག་བྲེ་གང་དུ་གཏོང་བ་དང༌། མུ་ཏིག་བྲེ་གང་ནོར་བུ་བྲེ་གང་དུ་གཏོང་ཞིང་སྤང་བ་དང་ཞེས་བྱ་བ་ནས་སྤང་བའི་བར་དུ་སྔ་མ་བཞིན་ནོ། །བརྡུངས་པས་བརྡུངས་པ་ཉོ་ཞེས་བྱ་བ་ནི་མཚན་མས་བཏབ་པའི་གསེར་གྱིས་མཚན་མས་བཏབ་པའི་གསེར་ཚོལ་བ་སྟེ། གཞན་ཡང་དེ་བཞིན་དུ་རིག་པར་བྱའོ། །སྟོན་པས་དེ་ལྟར་བསླབ་པའི་གནས་བཅས་པ་དང༌། དགེ་སློང་མའི་གཙུག་ལག་ཁང་ཞིག་པར་གྱུར་ཏེ་སྦྱིན་བདག་འོངས་ནས་འཕགས་མ་ཅིའི་ཕྱིར་གཙུག་ལག་ཁང་ཞིག་པར་གྱུར། དགེ་སློང་མ་དག་གིས་གཙུག་ལག་ཁང་གི་བདག་པོ་དུས་ལས་འདས་སོ་ཞེས་སྨྲས་པ་དང༌། དེ་དག་གིས་དགེ་སློང་མའི་གཙུག་ལག་ཁང་ཞིག་པ་གསོ་བའི་ཕྱིར་མཚན་མས་བཏབ་པ་མང་ཞིག་དགེ་སློང་མ་ལ་ཕུལ་ཏེ། འཕགས་མ་བདག་གིས་མི་ཟད་པར་བགྱི་བ་འདི་སྤེལ་ལ་ཁེ་ཅི་མཆིས་པ་གཙུག་ལག་ཁང་གི་ལས་གསར་པ་གྱིས་ཤིག་ཅེས་དེ་ལ་བྱིན་ནོ། །དགེ་སློང་མ་དག་གིས་དེ་སྦས་པ་དང་བཀའ་སྩལ་པ། དགེས་ལོང་མས་སྤེལ་ཅིག་དེ་དག་གིས་དབུལ་པོ་དག་ལ་བྱིན་པ་དང༌། སླར་མ་ཁུགས་ནས་མ་དད་པ་དང༌། དགེ་བ་སྙེན་དབུལ་པོ་ལ་མ་སྦྱིན་པར་གཏའ་ཉི་རིམ་ཞོག་


DTG156_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚེས་གྲངས་ཀྱང་དྲི་བར་བྱོས་ལ་ཟླ་བ་རེ་རེ་ཞིང་སྐྱེད་ཀྱང་ལོངས་ཤིག །དེས་ནི་ལས་སར་པ་བྱོས་ཤིག །དགེ་སློང་མས་ཀུན་ཏུ་སྤྱོད་པའི་ཆོས་བཅས་པ་བཞིན་དུ་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །སྤང་བའི་ལྟུང་བ་བཅུ་གཉིས་བ་རྫོགས་སོ།། །། སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་བཅུ་གཉིས་སྡེ་མཚན་མས་བཏབ་པ་རྣམ་པ་མང་པོས་ཉེ་ཞིང་ཚོང་པ་ལ་ཞུགས་ཏེ་སྐྱེད་ཅིང་འབྱིན་པར་བྱེད། ཉོ་ཞིང་འཚོང་བར་བྱེད་དོ། །ཇི་ལྟར་སྐྱེད་པར་བྱེད་ཅེ་ན། གལ་ཏེ་གྲོང་དང་གྲོང་ཁྱེར་ན་རིན་ཐང་ཆེ་ལ་ཡུལ་ཕྱོགས་ན་རིན་ཐང་ཆུང་ན་དེའི་ཚེ་དེ་ནས་ཉོ་ཞིང་འདྲེན་ནོ། །ཇི་ལྟར་འབྱིན་པར་བྱེད་ཅེ་ན། ནམ་གྲོང་ཁྱེར་ན་རིན་ཐང་ཆུང་བར་གྱུར་ལ་ཡུལ་ཕྱོགས་ན་རིན་ཐང་ཆེ་ན་དེའི་ཚེ་དེར་འབྱིན་ཏོ། །དེ་བཞིན་དུ་ལོ་ལེགས་པའི་ཚེ་ཉོས་ལ་མུ་གེ་བྱུང་བའི་ཚེ་འཚོང་བ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་ཞིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བཅུ་གཉིས་སྡེ་ལ་ཁྱེད་ཀྱིས་དེ་འདྲ་བ་མི་མཛེས་པ་བྱས་པ་བདེ་ན་ནམ་ཞེས་བཀའ་སྩལ་པ་དང༌། བཙུན་པ་མད་དོ་ཞེས་གསོལ་ནས་རྣམ་པ་དུ་མས་སྨད་དེ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་རྣམ་པ་དུ་མར་ཉོ་ཞིང་མཚང་བར་བྱེད་ན་སྤང་པའི་ལྟང་བའོ། །རྣམ་པ་དུ་མ་ཞེས་བྱ་བ་ནི་རྣམ་པ་མང་པོར་ཉོ་ཞིང་འཚོང་བའོ། །བྱེད་ཅེས་བྱ་བ་ནི་དེ་བཞིན་སྦྱོར་བའོ། །གཞན་ནི་གོང་མ་བཞིན་ནོ། །དེ་ལྟུང་བ་ཇི་ལྟ་བུ་ཞེ་ན་ཁེའི་ཕྱིར་ཉོ་ཁེའི་ཕྱིར་འཚོང་ན་དེ་ལ་ཉོ་བའི་ཚེ་ཉེས་བྱས། འཚོང་ན་སྤང་བའི་ལྟུང་བའོ། །ཁེ་མ་ཡིན་པའི་ཕྱིར་ཉོས་ལ། ཁེ་མ་ཡིན་པའི་ཕྱིར་འཚོང་ན་ཉེས་པ་མེད་དོ། །ཁེའི་ཕྱིར་ཉོས་ལ་ཁེ་མ་ཡིན་པའི་ཕྱིར་འཚོང་ན་ཉོ་བའི་ཚེ་ཉེས་བྱས་སོ། །འཚོང་བ་ལ་ཉེས་པ་མེད་དོ། །ཁེ་མ་ཡིན་པའི་ཕྱིར་ཉོས་ལ་ཁེའི་ཕྱིར་འཚོང་ན་ཉོ་བའི་ཚེ་ཉེས་པ་མེད་དོ། །འཚོང་ན་སྤང་བའི་ལྟུང་བའོ། །ཡུལ་གཞན་དུ་སྦྱོར་ཞིང་སྡུན་གྱི་བུ་ལོན་འཇལ་ལོ་སྙམ་པ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོང་བ་ན་བཞུགས་སོ། །དེའི་ཚེ་སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ན་དྲི་འཚོང་བའི་ཁྱེའུ་ཞིག་ལ་ལྷུང་


DTG156_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ཟླུམ་པོ་ཡོངས་སུ་དང་བ་སྤྱད་དུ་བཟོད་པ་ཞིག་ཡོད་དོ། །སྦོམ་དགའ་མོས་མཐོང་ནས་སུའི་ཞེས་སྨྲས་པ་དང༌། དྲི་འཚོང་བའི་ཁྱེའུས་འདི་བདག་གི་ལགས་སོ་ཞེས་བྱ་བ་དང༌། དེ་ལྟར་ནང་ལ་ཅིའི་ཕྱིར་མི་སྦྱིན། ཁྱེའུ་ན་རེ་རིན་གྱིས་འཇལ་ན་རུང་ངོ༌། །ང་ལ་རིན་མེད་ཀྱི་སྐྱེས་བུ་སའི་ལྷུང་བཟེད་ཀྱིས་གསེར་གྱི་ལྷུང་བཟེད་རྙེད་ན་ད་འགྱོད་དུ་ཅི་ཡོད་ཅེས་འབྱུང་བ་མ་ཐོས་སམ། ཕམ་པར་མི་འགྱུར་གྱིས་ཚུར་ལྟ། ཁྱེའུས་ལྷུང་བཟེད་མ་སྟེར་བ་དང༌། ཚོང་དཔོན་ཞིག་དེར་འོངས་པས་ཕྱག་བྱ་པ་དང༌། ཁྱོད་ཀྱི་ཕྱག་སྐོམ་པོས་ཅི་རུང་ཞེས་པ་དང༌། ཚོང་དཔོན་གྱིས་ལྷུང་བཟེད་ཀཱར་ཥཱ་པ་ཎ་དྲུག་ཅུས་ཉོས་ཏེ་སྦོམ་དགའ་མོ་ལ་ཕུལ་ལོ། །དེ་ལ་སྦྱིན་པའི་ཚིགས་བཅད་བྱས་ནས་དྲི་འཚོང་བ་ལ་སྐྱེས་བུ་དམ་པ་འདིས་ཀཱར་ཥཱ་པ་ཎ་འདི་སྙེད་ཅིག་བྱུང་བ་ལ་ལྟོས། ཁྱོད་ནི་སེར་སྣ་བྱས་པས་ཡི་དགས་ལྐོག་རློན་པོར་སྐྱེ་བར་འགྱུར་རོ་ཞེས་བྱས་ནས་དབྱར་མོ་ཁང་དུ་སོང་སྟེ་ལྷུང་བཟེད་སྤྱོམ་ཞིང་འདུག་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་ཏེ་ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔར་མ་ཚང་བ་རྟག་ཏུ་སྤྱོད་དུ་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར། གཞན་བཙལ་ན་སྤང་བར་འགྱུར་རོ། །དེ་ལྟར་བསླབ་པའི་གནས་བཅས་པ་དང༌། དགེ་སློང་མ་ཞིག་བསོད་སྙོམས་སྤྱོད་པའི་ལྷུང་བཟེད་ཟག་པས་སྦྲང་མ་འདུས་པ་དང༌། བུས་པ་དག་གིས་བསྐོར་ནས་འཕགས་མས་འཁོར་མང་པོའི་ལས་བྱས་པ་ལ་ལྟོས་ཞེས་འཛེར་ཏོ། །མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་འཕགས་མས་ཞལ་ནས་གསུངས་བ་ནི་བཟང་ན་མི་བཟང་བར་བྱེད་པ་འདི་ཅི་ཞིག །དགེ་སློང་མས་སྨྲས་པ་ཁྱིམ་བདག་ཁོ་མོས་མི་བཟང་བ་ཅི་བྱས། འོ་ན་ཅིའི་ཕྱིར་ཁྱོད་བུས་པ་རྣམས་ཀྱིས་བསྐོར་ཞིང་འགྲོ། །ཁོ་མོའི་ལྷུང་བཟེད་ཟག་གོ །གཞན་ཅིའི་ཕྱིར་སྦྱར། སྟོན་པས་ལྷུང་བཟེད་སྤྱད་བཟོང་པ་ཡོད་བཞིན་དུ་གཞན་ཚོལ་དུ་མ་གནང་ངོ༌། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། ལྷུང་བཟེད་ཟག་པ་ལྷན་པ་ལྡས་གློན་ཅིག །འཇོག་འཇོག་པོ་དང་གཟེར་བུ་དང༌། རུས་སྦལ་གྱི་སོ་ལྟ་བུ་དང༌། ལེབ་ལེབ་པོ་དང༌། ལྕགས་ཕྱེས་སོ། །ལྕགས་ཕྱི་ནའི་བྲུ་མར་དང་བསྲེས་ལ་མེ་ལ་བསྲེག་པར་བྱའོ།།


DTG156_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་ནས་དགེ་སློང་མ་ཞིག་ལྷུང་བཟེད་དུམ་བུ་ལྔར་གྱུར་པ་དང༌། སྐུད་པས་བཙེམས་ནས་རུང་བར་བྱས་ཏེ་བསོད་སྙོམས་ལ་འགྲོའོ། །ཟན་ཟོས་ནས་ཡང་སླར་སྐུད་པ་བཀྲོལ་ཏེ་རུང་བར་བྱས་ཏེ་འཇོག་པ་དང༌། དགེ་བའི་བར་ཆད་དུ་གྱུར་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བཀའ་སྩལ་པ་སྔ་མ་ནི་བཅས་པའོ། །འདི་ནི་རྗེས་སུ་གནང་བའོ་ཞེས་བསླང་བའི་གནས་བཅས་སོ། །དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་ལས་ལྷག་པར་རུང་བར་སྦྱད་དུ་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་བཙལ་ཏེ་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བའོ། །དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་དུ་བྲིམས་ལ། དགེ་སློང་མའི་འཁོར་ན་གང་གི་ལྷུང་བཟེད་ཐ་མར་གྱུར་པ་དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་ཐ་མར་ཆག་པ་ལ་ཐུག་གི་བར་དུ་བྱིན་གྱིས་བརླབས་པར་མི་བྱ། བསྐུར་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱའི། བགས་ཀྱིས་དལ་བུས་སྤྱོད་ཅིག་ཅེས་སྦྱིན་ཏེ་དེ་ལ་ནི་དུས་ཡིན་ནོ། །ལྷན་པ་ལྔ་ལས་ཉུང་བ་ནི་སྔར་མ་ཆོག་པའོ། །ལྷུང་བཟེད་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པ་སྟེ་སྤྱད་དུ་བཟོད་པའོ། །ལྷུང་བཟེད་གཞན་ཚོལ་ཞེས་བྱ་བ་ནི་གཉིས་པའོ། །བཟང་པོ་འདོད་ཅེས་བྱ་བ་ནི་མཆོག་འདོད་པའོ། །ལྷུང་བཟེད་གྲུབ་ཅེས་བྱ་བ་ནི་ལྷུང་བཟེད་རྙེད་པའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་དགེ་སློང་མ་གང་ཡིན་པའོ། །ལྷུང་བཟེད་ཅེས་བྱ་བ་ནི་ལྷུང་བཟེད་ལྷག་མར་གྱུར་པའོ། །དགེ་སློང་མའི་འཁོར་དུ་ཕུལ་ཅིག་ཅེས་བྱ་བ་ནི་ལྷུང་བཟེད་འབྲིམ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་ལ། གནས་བརྟན་ནས་བྲིམས་ལ་ཀུན་གྱི་ཐ་མར་གྱུར། ལྷུང་བཟེད་དོ་དགེ་སློང་མས་བྱིན་གྱིས་མ་བརླབས་བར་མ་བསྐུར་བར་ཐ་མ་ཆག་པ་ལ་ཐུག་གིས་བར་དུ་བགས་ཀྱི་སྤྱོད་ཅིས་བྱིན་ཅིག །དེས་ཀྱང་ལྷུང་བཟོད་ཀྱི་སྣོད་གཉིས་བྱོས་ལ། གང་བཟང་བའི་ནང་དུ་བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་ཆུག་ཅིག །གང་ངན་པའི་ནང་དུ་བྱིན་གྱིས་བརླབས་པ་ཆུག་ཤིག །ཁ་ཟས་བཟང་བ་དང་འཇམ་པ་དང་སྣོད་ལ་མི་གཟན་ན་ནི་བྱིན་གྱིས་མ་བརླབས་པའི་ནང་དུ་ཆུག་ཤིག །ངན་པ་དན་རྩུབ་མོ་ནི་བྱིན་གྱིས་བརླབས་


DTG156_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་དུ་ཆུག་ཤིག །འཁྱེར་བའི་མི་ཡོད་ན་བྱིན་གྱིས་བརླབས་པ་དེ་ལ་བསྐུར་ཅིག །ལྷན་པ་མེད་པ་ནི་བདག་ཉིད་ཁྱེར་ཅིག །ཁྱེར་བ་མེད་ན་ནི་ཕྲག་པ་གཡས་པ་ལ་ནི་བྱིན་གྱིས་བརླབས་པ་ཁྱེར་ཅིག །ཕྲག་པ་གཡོན་པ་ལ་ནི་མ་གླན་པ་ཐོགས་ཤིག །ཐ་མ་ཆག་པ་སྤྱད་དུ་མི་རུང་བའི་བར་དུ་ཆོངས་ཤིག །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་ལྷུང་བཟེད་རྡོལ་བ་ལྷན་པ་གཅིག་གླན་པས་སྤྱད་དུ་བཟོད་པ་མི་གློན་པར་ལྷུང་བཟེད་སྤྱད་དུ་བཟོད་པ་ཡོད་བཞིན་དུ་ལྷུང་བཟེད་གཞན་ཚོལ་ན་ཉེས་བྱས་རྙེད་ན་སྤང་བའི་ལྟུང་བའོ། །དེ་བཞིན་དུ་ལྷན་པ་ལྔའི་བར་དུའང་དེ་དང་འདྲའོ། །དགེ་སློང་མས་ལྷུང་བཟེད་རྡོལ་བར་འགྱུར་ཏེ། ལྷན་པ་གཅིག་གིས་སྤྱད་བཟོད་པ་དེ་གླན་ཏེ། དེ་ལྟར་ལྷུང་བཟེད་སྤྱོད་དུ་ཡོད་བཞིན་དུ་ལྷུང་བཟེད་གཞན་ཚོལ་ན་ཉེས་བྱས་སོ། །རྙེད་པ་སྤང་བའི་ལྷུང་བའོ། །དེ་བཞིན་དུ་ལྷན་པ་བཞིའི་བར་དུ་གོང་མ་དང་འདྲའོ། །དགེ་སློང་མས་ལྷན་པ་ལྔས་གླན་པའི་རིགས་པ་དེས། གླན་ཀྱང་རུང༌། མ་གླན་ཀྱང་རུང༌། ལྷུང་བཟེད་གཞན་ཚོལ་ན་ཉེས་པ་མེད་དོ། །རིན་གྱིས་ཉོས་སམ། བརྗེས་ཏེ་རྙིད་ན་ཉེས་པ་མེད། ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེ་ནས་སྦོམ་དགའ་མོ་འདི་སྙམ་དུ་སེམས་ཏེ། སྟོན་པས་བསླབ་པའི་གནས་བཅས་ཏེ་རྙེད་པ་ཅུང་ཟད་ཀྱང་བསྒྲུབ་ཏུ་མེད་དོ་སྙམ་ནས། མཉན་དུ་ཡོད་པའི་ཤར་ཕྱོགས་ཀྱི་སྒོ་ན་ཡུགས་ས་མོ་ལྔ་བརྒྱ་ཙམ་རས་ཀྱི་སྐུད་པ་འཁལ་ཞིང་འཁོད་དོ། །དེ་དག་གི་ཐད་དུ་སོང་བ་དང༌། དེ་དག་གི་ནང་ནས་གཅིག་ལྔས་ཏེ་སྟན་བཏིང་ནས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །སྦོམ་དགའ་མོས་དེ་དག་ལ་ཆོས་བཤད་པ་ལ་ཞུགས་ཏེ། ཁྱེད་སྔོན་དགེ་བའི་ལས་བྱས་པས་མིར་སྐྱེས་ན་ད་ཡང་འཇིག་རྟེན་ཕྱི་མའི་རྒྱགས་ཟོང་མི་སྒྲུབ་བམ། དེ་དག་གིས་སྨྲས་པ། །འོ་ན་ཅི་ཞིག་བཀའ་སྩལ། ཁྱོད་ཀྱིས་དགེ་འདུན་མ་ལ་པ་ཤོས་སྩོལ་ཞིང་གོས་རེ་རེ་བསྐོན་ནུས་སམ། འཕགས་མ་མི་འབྱོར་ཏོ། །འོ་ན་བཅུ་གཉིས་སྡེ་ལ་དབུལ་ནུས་སམ། འཕགས་མ་མི་


DTG156_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །འོ་ན་ང་གཅིག་པུ་ལ་དབུལ་ནུས་སམ་མི་ནུས་སོ། །འོ་ན་ཁྱེད་ཐམས་ཅད་ཀྱིས་ང་ལ་སྐུད་པ་ཞོ་གཉིས་འབུལ་ནུས་སམ། དེ་ནི་ནུས་སོ་ཞེས་སྨྲས་པ་དང༌། དེ་དག་གིས་སྐུད་པ་ཞོ་གཉིས་གཉིས་བྱིན་ཏེ་སྦོམ་དགའ་མོས་ཐ་ག་པ་ཆུང་མར་བཅས་པ་ཞིག་འདུག་པ་དེ་ལ་རས་དེ་ཐོགས་ཤིག་ཅེས་བྱས་པ་དང༌། དེས་ཀྱང་བཏགས་ཏེ་སྦོམ་དགའ་མོ་ལ་བྱིན་ནོ། །སྦོམ་དགའ་མོ་མཉན་དུ་ཡོད་པའི་ལྷོ་དང་བྱང་དང་ནུབ་ཕྱོགས་སུ་སོང་ནས། །དེ་བཞིན་དུ་སྐུད་པ་བླངས་ནས་ཐག་པའི་གན་དུ་སོང་ནས་འཐག་ཏུ་བཅུག་པ་དང༌། ཐ་ག་པས་སྨྲས་པ་རས་སྔ་མ་ཡང་བུ་ལོན་སྐྱིན་པོ་བྱས་ཏེ་ཟོས་པ་ཡང་ང་རུང་མ་འཁོར་བས་ན་འཐག་མི་ནུས་སོ་ཞེས་བྱ་བ་དང༌། སྦོམ་དགའ་མོ་ཁྲོས་ནས་བཙུན་མོ་ཕྲེང་ལྡན་མ་ལ་གསོལ་པ་དང༌། བློན་པོ་ཆེན་པོ་ཞེས་བྱ་བ་གཏང་ངོ༌། །དེ་ནས་ཀྱང་སྐུད་པ་བླང་ནས་རང་རྟ་ལ་བསྐུར་ཏོ། །ཐ་ག་པ་སྤྱི་ཆེར་འཐག་ཏུ་ཆུག་པ་དང༌། ཐ་ག་པས་སྐུད་པ་ངོ་ཤེས་ནས་མི་འཐག་གོ་ཞེས་བྱས་པ་དང༌། སྦོམ་དགའ་མོས་བློན་པོ་ཆེན་པོ་ལ་བརྩོན་རར་གཞུག་པར་རིགས་སོ་ཞེས་བྱས་པ་དང༌། དེས་ཀྱང་དེ་བཞིན་དུ་བཙོན་རར་བཅུག་པ་དང༌། ཐ་ག་པ་སྐྲག་ནས་རས་བཏགས་ཏེ་སྦོམ་དགའ་དགའ་མོ་ལ་བྱིན་པ་དང༌། རྔན་པ་བྱིན་དུ་རེ་བ་ལས་མ་བྱིན་པ་དང་སྨོད་ཅིང་མི་སྙན་པ་ཟེར་རོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་བདག་ཉིད་ཀྱིས་བསླངས་པའི་སྐུད་པ་གཉེན་མ་ཡིན་པའི་ཐ་ག་པ་ལ་གོས་འཐག་ཏུ་བཅུག་ན་སྤང་བའི་ལྟུང་བའོ། །བདག་ཉིད་ཀྱིས་བསླངས་པ་ནི་རང་གིས་བསླངས་པའོ། །སྐུད་པ་ཞེས་པ་ནི་ཁ་ཅིག་གིས་ནི་ཞོ་གཅིག་ཁ་ཅིག་གིས་ནི་སྲང་ཕྱེད་ཁ་ཅིག་གིས་ནི་ཞོ་གཉིས་བྱིན་པའོ། །གོས་ཞེས་བྱ་བ་ནི་བདུན་ལས་གང་ཡང་རུང་བའོ། །འཐག་ཏུ་བཅུག་ཅེས་བྱ་བ་ནི་དངོས་པོ་ཟིན་པར་བྱེད་པའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་གཉེན་མ་ཡིན་པ་ལས་བསླངས། གཉེན་མ་ཡིན་པ་ལ་འཐག་ཏུ་བཅུག་ན་བསླངས་པའི་ཚེ་ཉེས་བྱས་སོ། །འཐག་པ་ལ་ལྟུང་བ་མེད་དོ། །གཉེན་མ་ཡིན་པ་ལས་བསླངས་པ་དག་གིས་བཏགས་ན་ཉེས་བྱས་གཉིས་སོ། །གཉེན་མ་ཡིན་བས་


DTG156_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ན་སྤང་བའི་ལྟུང་བའོ། །དགེ་སློང་མས་གཉེན་ལ་སྐུད་པ་བསླངས་ཏེ། གཉེན་མ་ཡིན་པས་བཏགས་ན་སྤོང་བའི་ལྟུང་བའོ། །དེས་ཏེ་གཉེན་གྱིས་བཏགས་ན་ཉེས་པ་གཉི་ག་མེད། དེས་ཏེ་བདག་གིས་བཏགས་ན་ཉེས་བྱས་གཅིག་ཏུ་ཟད་དོ། །རྔན་པ་བྱིན་ཏེ་འཐག་ཏུ་བཅུག་པ་དང་ལས་དང་པོ་པ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་བཅོ་ལྔ་བ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྦོམ་དགའ་མོས་ཁྱིམ་བདག་བཟའ་ཤུག་སྐྱབས་སུ་འགྲོ་བའི་ཚིག་ལ་བཀོད་པ་དང༌། དེ་གཉིས་ཀྱིས་འཕགས་མ་སྦོམ་དགའ་མོ་ལ་རས་ཤིག་བསྐོན་ནོ་སྙམ་ནས་དེ་དག་གིས་ཐ་ག་པ་ལ་སྐུད་པ་བྱིན་ནས་འཐག་ཏུ་བཅུག་པ་སྦོམ་དགའ་མོས་ཐོས་ནས། ཐ་ག་པའི་གནས་སུ་སོང་སྟེ་སྨྲས་པ། བཞིན་བཟངས་རས་འདི་ནི་ཁོ་མོའི་ཕྱིར་འཐག་གིས་ལེགས་པར་ཐོགས་ཤིག་ཅེས་བསྒོའོ། །དེ་ནས་བཙུན་མོ་ཕྲེང་ལྡན་མ་ལ་བསོད་སྙོམས་བླངས་ནས་དེས་ཀྱང་བདག་ཆོས་བཞིན་དགུས་སྦོམ་དགའ་མོའི་ལྷུང་བཟེད་བཀང་སྟེ་བྱིན་ནོ། །སྦོམ་དགའ་མོས་སོང་སྟེ་ཐ་ག་པ་ལ་བྱིན་ནས་གོས་འདི་ངའི་ཡིན་གྱིས། སྲིད་དང་ཞེང་འདི་ཙམ་བྱོས་ལ་ལེགས་པར་ཐོགས་ཤིག་ཅེས་སྨྲས་ནས་སོང་ངོ༌། །དེ་ནས་སྦོམ་དགའ་མོ་ཉིན་གཅིག་བཞིན་ལན་གསུམ་དེར་འོངས་ཏེ་ཐ་ག་པས་འཕགས་མ་སྐུད་པ་བས་སོ། སྦོམ་དགའ་མོས་སྨྲས་པ་ཁྱིམ་བདག་དེའི་ཁྱིམ་དུ་སོང་ལ་ལོངས་ཤིག་ཅེས་བསྒོ་བ་དང༌། ཐ་ག་པས་ཀྱང་སྐུད་པ་བས་སོ་ཞེས་ཁྱིམ་བདག་ལས་ལན་གསུམ་གྱི་བར་དུ་བསླངས་པ་དང། ཁྱིམ་བདག་གིས་རས་བཟང་པོ་མཐོང་ནས་སྦོམ་དགའ་མོ་ལ་མི་སྦྱིན་པར་བཤམས་པ་དང༌། ཐ་ག་པ་ལ་ང་ཁྱིམ་བདག་གི་ཁྱིམ་དེར་འདུག་པའི་ཚེ་ཁྱེར་ཏེ་ཤོག་ཤིག་ཅེས་སྨྲས་ནས་སྦོམ་དགའ་མོ་ཁྱིམ་བདག་ལ་ཆོས་འཆད་ཅིང་འདུག་གོ །ཐ་ག་པས་རས་དེ་ཁྱེར་ཏེ་དེར་འོངས་པ་དང་ཁྱིམ་བདག་གིས་སྐད་ཅིག་མ་འོངས་ཤིག་པའི་བརྡ་བྱས་པ་དང༌། ཐ་ག་པས་རས་དེ་སྦོམ་དགའ་མོ་ལ་བསྟན་ནས་དེས་ཀྱང་བླངས་ཏེ་སྦྱིན་པའི་ཚིགས་བཅད་བྱས་པ་དང༌། ཁྱིམ་བདག་མོས་ཚུར་སྩོལ་ཚུར་བཞིན་བགྱིས་ལ་འབུལ་ལོ། །དེས་སྨྲས་པ་ཚུལ་བཞིན་ཇི་ལྟ་བུ།


DTG156_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་གསོལ་ལོ། །སྦོམ་དགའ་མོས་ཅི་བདག་ལ་ངན་པ་ཅིག་བསྐོན་པར་སེམས་སམ། འདི་ཁ་དོག་བསྒྱུར་དགོས་ཞེས་བྱས་ནས་རས་ཁྱེར་ཏེ་སོང་ངོ༌། །ཐ་ག་པས་ཁྱིམ་བདག་ལ་བདག་ལ་རྔན་པ་བྱིན་ཅིག །དེས་སྨྲས་པ་ངས་དེ་སུ་ལ་བྱིན་པ་དེར་རྔན་པ་སློངས་ཤིག །སྦོམ་དགའ་མོ་ལ་བདག་ལ་རྔན་པ་སྩོལ་ཅིག་བྱས་པ་དང༌། སྦོམ་དགའ་མོས་པའི་བག་ཆོས་དང༌། མར་དང༌། བུ་རམ་བརྩིས་ན་ཁྱོད་ཀྱིས་སླར་ང་ལ་མང་དུ་འབྲུལ་བར་འགྱུར་རོ་ཞེས་བྱས་ནས་གཉི་གར་ཡང་རེ་བ་ཆད་ནས་ཐ་ག་པ་འཕྱ་སྟེ། གང་ལ་ཕན་དུ་རེ་སྟེ་བྱས་པས་དེ་སླར་གནོད་པར་གྱུར་ཏོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མའི་ཕྱིར་གཉེན་མ་ཡིན་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཞིག་གིས་གཉེན་མ་ཡིན་པའི་ཐག་པ་ལ་གོས་འཐག་ཏུ་བཅུག་པ་ལས། དགེ་སློང་མ་དེ་ལ་གལ་ཏེ་སྔར་མ་བསྒོ་བར་དེ་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་གཉེན་མ་ཡིན་པའི་ཐ་ག་པའི་གན་དུ་སོང་སྟེ་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་བདག་གི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐག་པ་གོས་འདི་ཐག་རན་པ་བཟང་བ་དང༌། ཡུག་ཁྱིམ་ཆེ་བ་དང༌། འཇུར་མདུད་མེད་པར་ཐོགས་ལ་བཅགས་ན་ལེགས་སོ། །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟ་སྟེ། ངས་བཟའ་བའམ་བཅའ་བའམ་ཟས་ཀྱི་རིན་ཅུང་ཟད་ཅིག་སྦྱིན་ནོ་ཞེས་དེ་སྐད་སྨྲས་ནས། གལ་ཏེ་དགེ་སློང་མ་དེས་གོས་བསྒྲུབ་པའི་ཕྱིར། འདི་ལྟ་སྟེ་བཟའ་བའམ། བཅའ་བའམ་ཁ་ཟས་ཀྱི་རིན་ཅུང་ཟད་ཅིག་བྱིན་ཏེ། གོས་གྲུབ་ནས་སྤང་བའི་ལྟུང་བར་འགྱུར་རོ། །གཞན་ནི་དངོས་སུ་ཟད། སྔར་མ་བསྒོ་ཞེས་པ་ནི་མགྲོན་དུ་མ་བོས་པའོ། །དེ་རྣམ་པར་རྟོག་པ་འགའ་ཞིག་བྱུང་ཞེས་བྱ་བ་ནི་བྲ་ན་མོ་ལས་ཐོས་པའོ། །ཡུག་ཁྱིམ་ཆེ་ཞེས་བྱ་བ་ནི། ཞེང་འདི་ཙམ་ཆུར་འདི་ཙམ་མོ། །འཇུག་མདུད་མེད་ཅེས་པ་ནི་དངོས་སོ། །ཆོགས་ཤིག་པ་ནི་འཇམ་པ་དང་སྡུག་པ་དང་ཆགས་བཟང་པོའོ། །བཟའ་བ་དང་བཅའ་བ་ཞེས་བྱ་བ་ནི་ལྔའོ། །ཁ་ཟས་ཀྱི་རིན་ཞེས་བྱ་བ་ནི་བཟའ་བ་ལྔའོ། །གོས་བསྒྲུབ་པའི་ཕྱིར་ཞེས་པ་ནི་ཐོབ་པར་བྱའོ། །


DTG156_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གྲུབ་པ་ཞེས་བྱ་བ་ནི་ཐོབ་པའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་གོས་བསྒྲུབ་པའི་ཕྱིར་ཆས་ནས་བཟའ་བ་དང་བཅའ་བ་ལ་སོགས་པ་ཐ་ག་པ་ལ་བྱིན་ཏེ་གོས་མ་གྲུབ་ཀྱི་བར་དུ་ཉེས་བྱས་སོ། །གྲུང་ན་སྤང་བའི་ལྟུང་བའོ། །ཕྱོགས་འདི་ལྟ་བུ་ཞིག་ན་གོས་འཐག་གིས་དེ་ལ་བྱོས་ཤིག་ཅེས་བྱས་ན་ལྟུང་བ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྤང་བའི་ལྟུང་བ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྦོམ་དགའ་མོས་སློབ་མ་ལ་གོས་བྱིན་ནས་སྨྲས་པ་ཚུར་ཤོག་ལྷན་ཅིག་ལྗོངས་རྒྱུ་ཞིང་སྦྱོང་དུ་འདོད་དོ་ཞེས་བྱ་བ་ལས་དེར་འགྲོར་མི་བཏུབ་ནས་སྦོམ་དགའ་མོས་ཆོས་གོས་ཕྲོགས་སོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་ལ་ཆོས་གོས་བྱིན་ཏེ། དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་ཏེ་མི་དགའ་བར་གྱུར་སླར་ཕྲོགས་ས་མ་འཕྲོག་ཏུ་བཅུག་ཀྱང་རུང་དགེ་སློང་མ་ཁྱོད་ལ་གོས་འདི་མི་སྦྱིན་གྱིས་སླར་བྱིན་ཅིག་ཅེས་དེ་ལ་དེ་སྐད་ཀྱང་སྨྲས་ན་དགེ་སློང་མ་དེས་ཆོས་གོས་དེའི་ལྷག་མ་ཡོད་པ་སླར་བྱིན་ཏེ་བགོས་ན་སྤང་བའི་ལྟུང་བའོ། །གོས་ཞེས་བྱ་བ་ནི་བལ་ལ་སོགས་པ་བདུན་ནོ། །བྱིན་པ་ཞེས་བྱ་བ་ནི་བྱིན་པའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་དུའོ། །ཁྲོས་འཁྲུགས་རྔམས་ཏེ་ཞེས་བྱ་བ་ནི་འཁྲུག་པ་མ་ཞི་བའོ། །ལྷག་མ་ཡོད་ཅེས་བྱ་བ་ནི་དེ་ལྷག་མ་ཇི་ཙམ་ཡོད་པའོ། །བྱིན་ཅིག་ཅེས་བྱ་བ་ནི་གཏན་སྤང་བའོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་ལུས་ཀྱིས་འཕྲོགས་པ་དང༌། ངག་དང་ལུས་གཉི་གས་ཕྲོགས་པའོ། །ལུས་ཀྱིས་དྲངས་ཏེ་གོས་ཀྱི་མཐའ་དང་ལུས་སུ་མ་བྲལ་གྱི་བར་དུ་ཉེས་བྱས་སོ། །ལུས་དང་བྲལ་ན་ལྟུང་བའོ། །ངག་གིས་ཕྲོགས་ན་ཡང་དེ་བཞིན་ནོ། །ཁྱིམ་པ་འཕྲོག་ཏུ་བཅུག་ན་ཉེས་བྱས། ལུས་དང་བྲལ་ན་ལྟུང་བ་དགེ་སློང་མ་གང་གིས་དགེ་སློང་མ་ལ་བྱིན་པ། དགེ་སློང་མ་གང་གིས་འཕྲོག་ཏུ་བཅུག་ན་ལྟུང་བའོ། །ལུས་དང་མ་བྲལ་གྱི་བར་དུ་ཉེས་བྱས་རེ་རེ། །ལུས་དང་བྲལ་ནས་ཕྲོགས་པ་ནི་ལྟུང་བའོ། །འཕྲོག་ཏུ་བཅོལ་བ་ལ་ཉེས་བྱས། དགེ་སློང་མ་འཕྲོག་ཏུ་བཅུག་ན་ལྟུང་བའོ། །ལུས་དང་མ་བྲལ་ན་གཉི་ག་


DTG156_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བྱས། བྲལ་ན་དགེ་སློང་མ་ལ་ནི་ཉེས་བྱས། འཆོལ་བ་ལ་ནི་ལྟུང་བའོ། །དོན་གཞན་དང་འདུལ་བའི་ཕྱིར་ན་ཉེས་པ་མེད་དོ། །གཞན་གང་ཞེ་ན་སློབ་དཔོན་དང་མཁན་པོས་སློབ་མ་འཇིགས་པ་དང་བཅས་པའི་ས་ཕྱོགས་སམ་དུས་མ་ཡིན་པ་འམ་ཆུ་ངོགས་སམ་གཡང་ས་ལྟ་བུར་འགྲོ་བ་ལས་ཆོས་གོས་ཕྲོགས་ན་ཉེས་པ་མེད་དོ། །འདུལ་བའི་ཕྱིར་ཞེས་བྱ་བ་ནི་སློབ་མ་སྡིག་པའི་གྲོགས་པོ་ལ་བརྟེན་ཏན། དེ་དང་ལམ་དུ་འགྲོ་བར་འགྱུར་བ་ལས་བཟློག་པའི་ཕྱིར་ཆོས་གོས་ཕྲོགས་པ་ལ་ཉེས་པ་མེད། ལས་དང་པོ་པ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་ཁྱིམ་བདག་ཅིག་ལོག་པར་ལྟ་བ་ལས་ཕྲལ་ཏེ། སྐྱབས་སུ་སོང་བའི་བསླབ་ཚིག་ལ་གཞག་གོ །དགེ་སློང་མ་དག་གིས་འཕགས་མ་ཁྱོད་ཀྱིས་ཁྱིམ་པ་གང་ཞིག་བསླབ་ཚིག་ལ་གཞག་ཅེས་དྲིས་པ་དང་འདིའོ། །ཁོ་མོ་ཅག་གིས་ནི་དེ་ལ་སྔན་ཆད་བསླངས་པ་གཟར་བུ་གང་ཡང་ཐོབ་པ་མྱོང་ངོ༌། །ཨུཏྤ་ལའི་ཁ་དོག་མས་སྨྲས་པ། གལ་ཏེ་ནུས་ན་དགེ་སློང་མའི་དགེ་འདུན་ལ་བཤོས་སྦྱར་དུ་གཞོག་གོ་ཞེས་སྨྲས་ནས། ཁྱིམ་བདག་དེའི་གན་དུ་སོང་སྟེ་ཁྱོད་ཀྱིས་དགེ་འདུན་མའི་བཤོས་སོ་སྦྱོར་ནུས་སམ་ཞེས་སྨྲས་པ་དང༌། དེས་ཀྱང་སྦྱོར་རོ་ཞེས་སྨྲས་སོ། །ཨུཏྤ་ལའི་ཁ་དོག་མས་ཅི་གོས་དང་བཅས་པ་སྦྱོར་རམ་གོས་མེད་པར་སྦྱོར་ཞེས་སྨྲས་པ་དང༌། ཁྱིམ་བདག་གིས་དགེ་འདུན་བཤོས་གསོལ་ནས་རས་ཡུག་གཅིག་འབུལ་ལོ་ཞེས་སྨྲས་ནས་དགེ་འདུན་མ་སྤྱན་དྲངས་ཏེ་དེའི་ནུབ་མོ་བཟའ་བ་དང་བཅའ་བ་སྦྱར་རོ། །དེ་ལྟ་བུ་སྦོམ་དགའ་མོས་ཐོས་ནས་རས་ཟུང་གཅིག་པོ་དེ་ངས་མ་ཐོབ་ན་སྦོམ་དགའ་མོ་མ་ཡིན་ནོ་ཞེས་སྨྲས་ནས་ཁྱིམ་བདག་གི་གན་དུ་སོང་ནས་ཕྱིན་པ་དང༌། ཁྱིམ་བདག་གིས་ཅི་དང་ཅི་སྦྱོར་བ་ཞིབ་ཏུ་སྨྲས་པ་དང༌། སྦོམ་དགའ་མོས་ཁྱིམ་བདག་ཁྱོད་སྦྱིན་པའི་བསོད་ནམས་ནི་ཡོད་ན། སྤྱད་པའི་བསོད་ནམས་ནི་མེད་མོད་ཀྱི། ཤཱཀྱའི་བུ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཅིག་ལ་བྱིན་ཅིག །ཁྱིམ་བདག་གིས་དེ་ལྟ་བུ་ཡོན་ཏན་དང་ལྡན་པ་ནི་ཁྱོད་ལགས་ཀྱིས་


DTG156_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྣོམས་ཤིག །སྦོམ་དགའ་མོས་བསམས་པ་དེའུ་རེ་བསྐུར་ན་ནི་མི་རིགས་པར་འགྱུར་སྙམ། དགེ་འདུན་མ་ལ་བཤོས་གསོལ་ཟིན་ནས། ཁྱོད་རས་དེ་རྒན་རིམས་ནས་སྟོན་ལ་ཁོ་མོའི་པང་དུ་འོར་ཅིག་ཅེས་བསྒོ་བ་དང༌། ཁྱིམ་བདག་གིས་ཀྱང་ཕྱི་དེ་ཉིན་དགེ་སློང་མའི་དགེ་འདུན་བཤོས་གསོལ་ནས་རྒན་རིམས་ནས་རས་ཟུང་རེ་བསྟན་ནས་སྦོམ་དགའ་མོའི་པང་པར་གཞག་གོ །དགེ་སློང་མ་གོས་འགེད་པས་སྦོམ་དགའ་མོ་ལ་རས་ཟུང་དེ་ཚུར་སྩོལ་དང་བསྒོ་བར་བྱའོ། །སྦོམ་དགའ་མོས་རས་དེ་ནི་ང་ལ་ཁྱིམ་བདག་གིས་བྱིན་ནོ་ཞེས་སྨྲས་པ་དང༌། དགེ་སློང་མ་དག་གིས་ཁྱིམ་བདག་ལ་སྨྲས་ན་མད་དོ་ཞེས་གསོལ་བ་དང༌། དགེ་འདུན་མའི་རྙེད་པ་གང་ཟག་བདག་གིར་བསྔོས་སོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་གིར་བསྔོས་ན་སྤང་བའི་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་ལ་རྣམ་པ་གཉིས་ཏེ། ཁ་ཟས་རྙེད་པ་དང་གོས་ཀྱི་རྙེད་པའོ། །སྐབས་འདིར་ནི་གོས་ཀྱི་རྙེད་པ་ལ་བྱའོ། །བསྔོས་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའོ། །བདག་ཉིད་ཀྱིར་བསྔོས་ཞེས་བྱ་བ་ནི་རང་གི་ཆེད་དུའོ། །སྤང་བའི་ལྟུང་བ་ནི་སྔ་མ་བཞིན་ནོ། །ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་གིར་བསྔོས་ན་སྤང་བའི་ལྟུང་བའོ། །གང་ཟག་གཅིག་ལ་བསྔོས་པ་གང་ཟག་གཞན་ལ་བསྔོས་པ་ནས་གཅིག་ལ་བསྔོས་པ་གཉིས་ཀྱིས་བསྔོས་པ་ལ་སོགས་ཏེ། དགེ་འདུན་སྡེ་གཉིས་གཅིག་ལས་གཅིག་ཏུ་འམ་ཐུན་མོང་པ་ལས་གཅིག་ཏུ་འམ། སྐུ་གཟུགས་དང་མཆོད་རྟེན་གྱི་ཡན་ལག་གང་ལ་བསྔོས་ཀྱང་རུང་སྟེ། གཅིག་ལ་གཅིག་ཏུ་བསྣོར་བ་ནི་བསྔོ་བའི་ཚེ་ཉེས་བྱས། ཐོབ་པ་ཡང་ཉེས་བྱས་དང་པོའོ། །སྤང་བའི་ལྟུང་བར་གྱུར་པ་མ་གཏོགས་པ་གཞན་བསྣོར་བ་ཐམས་ཅད་ཀྱང་སྦྱོར་བའི་ཚེ་ཉེས་བྱས་དང་ཐོབ་ན་ཡང་ཉེས་བྱས་སོ། །དགེ་སློང་མས་ཕམ་བབས་བཟའ་བའི་རྙེད་པ་གཅིག་


DTG156_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྔོས་པ་གཞན་ལ་བསྔོས་པ་དང༌། བྱོལ་སོང་གཅིག་ལ་བསྔོས་པ་གཞན་ལ་བསྔོས་ན་ཉེས་བྱས་སུ་འགྱུར་རོ། །བཙལ་ཏེ་མ་རྙེད་ན་ཉེས་པ་མེད་དོ། །བསྐྱིས་པ་ཐང་བཞིན་དུ་བསགས་པ་དང་བརྙན་པོར་བྱིན་པ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་བཅོ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་གཽ་ཏ་མ་སྐྱེ་དགུའི་བདག་མོའི་ལྷན་ཅིག་སྤྱོད་པ་དང་ཉེ་གནས་རྣམས་སྨན་གང་ཡང་རུང་སྟེ། དེ་ནས་བླངས་དེ་ནས་ཡང་སླར་བླངས། ཟས་ཕྱེ་ན་དང་འདྲེས་པ་ཕན་ཚུན་འདྲེས་པ་རང་གི་རྒྱུད་ཀྱིས་མྱགས་ནས་གང་དབྱེར་མི་རྟོག་པ་དེ་ལྟ་བུ་དུས་དང་དུས་མ་ཡིན་པར་ཟ་བས་ན་དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ན་བ་རྣམས་ལ་གང་ཕན་པའི་ཡིག་འབྱེད་པའི་སྨན་གསུངས་པ་འདི་ལྟ་སྟེ། མར་དང༌། འབྲུ་མར་དང༌། སྤྲང་རྩི་དང༌། བུ་རམ་སྟེ་དེ་དག་འདོད་ན་དགེ་སློང་མ་རྣམས་ལ་ཞག་བདུན་དུ་བྱིན་གྱིས་བརླབས་ལ་སྤགས་པ་ཡོངས་སུ་སྤྱད་པ་བཞིན་དུ་བཟའ་བར་བྱའོ། །དེ་ལས་འདས་པར་ཟོས་ན་སྤང་བའི་ལྟུང་བའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའི་རྣམས་སོ། །ན་བའི་རྣམས་ཞེས་བྱ་བ་ནི་མི་བདེ་བ་རྣམས་ལའོ། །ཕན་པའི་ཡིག་འབྱེད་ཅེས་བྱ་བ་ནི་སྨན་དང་མཐུན་པའོ། །མར་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་ཞེས་བྱ་བ་ནི་དངོས་སུ་ཟད་དོ། །འདོད་ན་ཞེས་བྱ་བ་ནི་དགོས་པར་གྱུར་པའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ན་བར་གྱུར་པའོ། །རང་གིས་བྱིན་གྱིས་རློབས་ཤིག་ཅེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྤགས་པ་ཡོངས་སུ་སྤྱད་པ་བཞིན་དུ་བཟའ་བར་བྱའོ་ཞེས་བྱ་བ་ནི་ཐོག་མར་བྱིན་ལེན་བྱས་ནས་བཟའ་བར་བྱའོ། །དེ་ལས་འདས་ཞེས་བྱ་བ་ནི་ཞག་བདུན་འདས་པའོ། །དེ་ལས་སྨན་གང་དེ་ནས་བླངས་དེ་ནས་སླར་ཡང་བླངས། །ཟས་ཀྱི་ཕྱེ་མར་འདྲེས་ཏེ་རང་གི་རྒྱུད་ཀྱིས་མྱགས་ནས་ཕན་ཚུན་འདྲེས་ཏེ་གང་དབྱེར་མི་རྟོག་པ་དེ་ལྟ་བུ་དགེ་སློང་མ་ཁྱིམ་པ་དང་དགེ་སྦྱོང་ལ་བྱིན་ཅིག །དེ་རྣམས་ལས་བཟློག་པ་ནི་དགེ་སློང་མས་བྱིན་ལེན་བྱོས་ལ་དགེ་སློང་མའི་མདུན་དུ་བྱིན་གྱིས་རློབས་ཤིག །འཕགས་མ་དགོངས་ཤིག་བདག་མིང་འདི་ཞེས་བགྱི་བས་སྨན་འདི་བདག་དང་


DTG156_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་སྤྱོད་པའི་ཕྱིར་ཟག་བདུན་དུ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །ཉིན་གཅིག་བཞིན་དུ་ཇི་ལྟར་ཟོས་པ་དེ་ཡང་དགེ་འདུན་ལ་བརྗོད་པར་བྱ་སྟེ། བདག་གིས་དེང་ཞག་གཅིག་འཚལ་ལགས་ཏེ། ཕྱི་ན་ཞག་འདི་སྙེད་ཅིག་ལུས་སོ་ཞེས་ཞག་རེ་རེ་བཞིན་དུ་བརྗོད་ཅིང་བཟའ་བར་བྱའོ། །ལྟུང་བ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་ཚེས་གཅིག་ལ་སྨན་ཞིག་རྙེད་ལ། ཚེས་གཉིས་ལ་ཡང་གཞན་ཞིག་རྙེད་ལ། དགེ་སློང་མས་སྔ་མ་དེའི་ཞག་བདུན་ཚུན་ཆད་ཟོ་ཞིག་ཡང་ན་ཕྱི་མའོ། །ཡང་ན་ཕྱི་མ་སྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །མ་བསྐུར་རམ་གཞན་ལམ་བྱིན་ཏེ་ཞག་བརྒྱད་པོའི་སྐྱ་རེངས་ཀྱིས་ཆོད་ན་སྤང་བའི་ལྟུང་བའོ། །དེ་བཞིན་དུ་ཚེས་གཉིས་པོ་དང་གསུམ་པོ་ནས་བདུན་པོའི་བར་དུ་དེ་བཞིན་དུ་སྦྱར་རོ། །དགེ་སློང་མས་སྨན་སྤངས་པར་གྱུར་ལ་ཞག་ལོན་པར་མ་བྱས་པ་དང༌། ཞག་ལོན་པར་བྱས་ལ་ལྟུང་བ་མ་བཤགས་པ་དང༌། གསུམ་ཆར་མ་བྱས་སམ་གཅིག་མ་བྱས་པ་འདྲ་སྟེ། གཞན་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་ངོ༌། །སྤང་བ་བཅུ་དགུ་པ་རྫོགས་སོ།། །།བསྡུས་པའི་མདོ་སྡེ། ལྷུང་བཟེད་སོགས་བྱེད་སོ་སོ་སྟེ། །སྐྱེ་བོ་མོང་པོ་དགེ་སློང་མ་ཡང་གཉིས། །ཀུན་དུ་སྦྱོར་བའི་ཚོགས་ནི་བརྗོད་པ་ཡིན། །མདོར་ན། ལྷུང་བཟེད་རྣམས་ནི་སོགས་པ་དང༌། །བྱ་བ་ཆོས་གོས་བརྗེ་བ་དང༌། །དུས་མིན་ཆོས་གོས་དུས་སུ་དང༌། །མཚན་མས་བཏབ་པ་བླང་མི་བྱའོ། །སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་གྲུབ་ཅིང་རྙེད་པ་རྣམས་བསགས་ཏེ། བདག་ཅག་ཉིད་ཀྱང་མི་སྤྱོད་དགེ་སློང་མ་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་དེ། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །དགེ་སློང་མས་ལྷུང་བཟེད་ལྷག་པ་རིང་ན་ཞག་གཅིག་ཏུ་ཆོངས་ཤིག་དེ་ལས་ལྷག་པར་བཅངས་ན་སྤང་བའི་ལྟུང་བའོ། །རིང་ན་ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་ལས་འདའ་བའོ། །ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་ལྷུང་བཟེད་ལས་ལྷག་པའོ། །དེ་ལས་འདས་པར་བཅངས་ན་


DTG156_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དེ་ལས་འདས་པར་བཅངས་པའོ། །ཚེས་གཅིག་ལ་ལྷུང་བཟེད་རྙེད་ནས་གཉིས་ལས་ལྷུང་བཟེད་གཞན་ཞིག་རྙེད་ན་དགེ་སློང་མ་དེས་ཚེས་གཅིག་པོའི་དེ་ཉིད་བྱིན་གྱིས་རློབས་ཤིག་ཕྱི་མ་སྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །མ་སྐུར་མ་བྱིན་ཏེ། ཕྱི་དེ་ནང་པར་གྱི་སྐྱ་རེ་ངས་ཀྱིས་ནོན་ན་སྤང་བའི་ལྟུང་བའོ། །ཚེས་གཅིག་ལ་མ་ཡིན་གྱི་ཚེས་གཉིས་ལ་རྙེད་ཚེས་གསུམ་ལ་རྙེད་ན། དགེ་སློང་མ་དེས་ཚེས་གཉིས་པའི་སྔ་མ་དེ་བྱིན་གྱིས་རློབས་ཤིག །ཕྱི་མ་སྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །མ་སྐུར་རམ་གཞན་ལས་བྱིན་ན་ཕྱི་དེ་ཉིན་མོའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བའོ། །དེ་བཞིན་དུ་ཚེས་གཉིས་ནས་བརྒྱད་ཀྱི་བར་དུ་མ་རྙེད་ན། དགུ་ལ་ལྟུང་བཟེད་གཅིག་རྙེད་དེ། ཚེས་བཅུ་ལ་ཡང་ལྷུང་བཟེད་གཞན་ཞིག་དེས་རྙེད་ན་དགེ་སློང་མ་དེས་ཚེས་དགུ་པའི་ལྷུང་བཟེད་སྔ་མ་དེ་བྱིན་གྱིས་རློབས་ལ་ཕྱི་མ་སྐུར་ཅིག །ཡང་ན་གཞན་ལ་བྱིན་ཅིག །མ་སྐུར་རམ་གཞན་ལ་མ་བྱིན་ཏེ་ཕྱི་དེ་ཉིན་མོའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བའོ། །དགེ་སློང་མས་ཚེས་གཅིག་ལ་ལྷུང་བཟེད་གཉིས་རྙེད་དེ། ཚེས་གཉིས་ལ་ཡང་དེ་གཞན་ཞིག་རྙེད་ན་དགེ་སློང་མ་དེས་ཚེས་གཉིས་པོའི་སྔ་མ་འམ་ཕྱི་མ་ལས་གང་ཡང་རུང༌། ལྷུང་བཟེད་གཅིག་བྱིན་གྱིས་རློབས་ཤིག །སྤང་བ་ནི་སྔ་མ་བཞིན་ནོ། །ཚེས་གཅིག་ལ་མ་ཡིན་གྱི་ཚེས་གཉིས་ལའམ་དགུའི་བར་དུ་སྟེ། ཚེས་བཅུ་ལ་ཡང་གཞན་ཞིག་རྙེད་ན་དགེ་སློང་མ་དེས་ཚེས་དགུ་པོའི་སྔ་མ་དེའམ་ཕྱི་མ་ཡང་རུང༌། མ་བསྐུར་ན་སྤང་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མས་ཚེས་གཅིག་གི་ཉིན་མོ་ལྷུང་བཟེད་མང་ཞིག་རྙེད་ལ། ཚེས་གཉིས་ལ་ཡང་དེས་གཞན་ཞིག་རྙེད་ན་སྤང་བའི་བར་དུ་སྔ་མ་བཞིན་ནོ། །ལྷུང་བཟེད་ཆུང་བའམ་ལྷུང་བཟེད་སྐྱ་བོ་ལ་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་ཉི་ཤུ་པ་རྫོགས་སོ།། །།ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །བུད་མེད་ཀྱི་བུ་དགེ་སློང་མ་རྣམས་དྲན་པ་ཉམས་པ་ན་བདག་སུ་སྦྱར་མ་གང་ཡིན། སྟོད་གཡོགས་གང་ཡིན། ནང་གཡོགས་གང་ཡིན། གང་ལུགས་གང་ཡིན་རྔུལ་གཞན་གང་ཡིན་པ་མི་ཤེས་སོ། །དེ་ནས་གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོ་སྟོན་


DTG156_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་གལ་བ་དེར་སོང་སྟེ་ཕྱིན་པ་དང་སྤྱི་བོས་ཕྱག་འཚལ་ནས། དེ་ལྟ་བུར་གྱུར་པ་རྒྱས་པར་གསོལ་པ་དང༌། སྟོན་པས་དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་བྱིན་གྱིས་རློབ་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྦོམ་དགའ་མོས་ཟླ་བ་ཕྱེད་ཅིང་ཆོས་གོས་བྱིན་གྱིས་རློབ་པར་མི་བྱེད་དེ། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས། སྟོན་པས་སྦོམ་དགའ་མོ་རྣམ་པ་དུ་མས་སྨད་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་ཆོས་གོས་རྣམས་བཟླ་བ་ཕྱེད་ཅིང་བྱིན་གྱིས་མ་བརླབས་ན་སྤང་བའི་ལྟུང་བའོ། །གཞན་ནི་དངོས་སུ་ཟད་ཆོས་གོས་རྣམས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལྔ་ལ་བྱ་སྟེ། སྦྱར་མ་དང༌། སྟོད་གཡོགས་དང་ནང་གཡོགས་དང་གང་ལུགས་དང་རྡུལ་གཟན་ནོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་སོ་སོར་བྱིན་གྱིས་བརླབས་པའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་ལས་གང་ཡང་རུང་བ་བྱིན་གྱིས་མ་བརླབས་ན་སྤང་བའི་ལྟུང་བའོ། །སྤང་བ་ཉི་ཤུ་གཅིག་པ་རྫོགས་སོ།། །།གཏན་པ་ཞེས་བྱ་བ་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྟོན་པས་དགེ་སློང་མ་རྣམས་ཀྱིས་གཏན་པ་ཕྱུང་ཤིག་ཅེས་བཀའ་སྩལ་པ་དང། སྦོམ་དགའ་མོས་དུས་ལ་མ་བབ་པར་གཏན་པ་སྦས་ཏེ་ཅི་ཞིག་བྱས་དབྱུང་ངོ་ཞེས་སྨྲས་པ་དང༌། དགེ་སློང་མ་དག་གིས་སྨྲས་པ་འདི་དབྱུང་བའི་དུས་མ་བབ་བོ། །སྦོམ་དགའ་མོས་གཏན་པའི་དུས་ཞེས་བྱ་བ་གང་ཡིན་ཞེས་སྨྲས་ཏེ་གཏན་པ་བྱུང་ངོ༌། །དགེ་སློང་མ་དག་ཆོས་གོས་ལྔ་ཁྱེར་ནས་ལྗོངས་རྒྱུ་ཞིང་དོང་བ་དང༌། དགེ་སློང་མ་དག་གིས་ཅི་འཕགས་མ་རྣམས་ཀྱིས་གཏན་པ་མ་བཏིང་ངམ་ཞེས་དྲིས་པ་དང༌། དགེ་སློང་མ་དག་གིས་བཏིང་ངོ་ཞེས་སྨྲས་པ་དང༌། དེ་ལྟར་བཏིང་ན་ཅིའི་ཕྱིར་ཆོས་གོས་ལྔ་དང་ལྗོངས་རྒྱུ་ཞིང་དོང༌། དེ་དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །དགེ་སློང་མ་གང་དུས་མ་ཡིན་པར་གཏན་པ་ཕྱུང་ན་སྤང་བའི་ལྟུང་བའོ། །དུས་ལ་མ་བབ་པར་གཏན་པ་ཕྱུང་ཞེས་བྱ་བ་ནི་གཏན་པའི་དུས་གང་ཡིན་ཞེ་ན། སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་འབྲིང་པོའི་བར་དུ་སྟེ། འདི་ནི་གཏན་པའི་གོས་ཀྱི་དུས་སོ། །དེ་ཕན་ཆད་


DTG156_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུས་མ་ཡིན་ནོ། །ཕྱུང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤངས་ལ་ལྟུང་བ་བཤགས་པར་བྱ་བའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་གང་ཅུང་ཟད་གཏན་པ་དུས་ལ་མ་བབ་པར་ཕྱུང་ན་ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་རྐུན་པོས་བཅོམ་པའི་ཕྱིར་འབྱིན་ན་ཉེས་པ་མེད་དོ། །སྤང་བའི་ལྟུང་བ་ཉི་ཤུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྟོན་པས་དགེ་སློང་མ་རྣམས་ལ་དུས་ལ་མ་བབ་པར་གཏན་པ་མ་འབྱིན་ཞེས་བཀའ་སྩལ་པས་ན། སྦོམ་དགའ་མོ་དུས་ལ་བབ་ཀྱང་གཏན་པ་བྱིན་དུ་མི་བཏུབ་སྟེ་དེ་ཉིད་པའི་དམིགས་སུ་གྱུར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་ཚིག་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དུས་ལ་བབ་ཀྱང་གཏན་པ་མི་འབྱིན་ན་སྤང་བའི་ལྟུང་བའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་སྟེ་གང་གཞན་ཡང་དེ་དང་འདྲའོ། །དུས་སུ་གཏན་པ་མི་འབྱིན་ན་ཞེས་བྱ་བ་ནི་གཏན་པའི་དུས་གང་ཞེ་ན། སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་འབྲིང་པོའི་ཉའི་བར་དུ་ནི་གོས་ཀྱི་དུས་སོ། །མི་འབྱིན་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །སྤང་བའི་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་སྤང་བའི་ལྟུང་བ་བཤགས་པར་བྱའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་དུས་ལ་བབ་བཞིན་དུ་གཏན་པའི་གོས་མི་འབྱིན་ན་ཐམས་ཅད་དུ་ཡང་སྤང་བའི་ལྟུང་བའོ། །སྤང་བའི་ལྟུང་བ་ཉི་ཤུ་གསུམ་པ་རྫོགས་སོ། །།མཚན་མས་བཏབ་ཅེས་བྱ་བ་ནི་མཉན་དུ་ཡོད་པ་ན་གསེར་མ་གར་ཞིག་ཡོད་དེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་སོ། །གསེར་མགར་གྱིས་བསམ་པ། བདག་གིས་ཆུང་མ་འདི་ཁྱིམ་སོ་ཟིན་ཏམ་མ་ཟིན་བགམ་མོ་སྙམ་ནས། གསེར་གྱི་འཁོར་ལོ་ཞིག་དེའི་མདུན་དུ་གཞག་སྟེ་སོང་ངོ༌། །དེ་ནས་སྡོམ་དགའ་མོས་སྔ་དྲོ་བསོད་སྙེམས་ཀྱི་ཕྱིར་གསེར་མགར་དེའི་ཁྱིམ་དུ་ཞུགས་ནས་དེས་བུ་མོ་ལ་བསོད་སྙོམས་བླངས་ནས་ཕྱིར་བྱུང་བ་དང༌། གསེར་གྱི་འཁོར་ལོ་དེ་མཐོང་སྟེ་བཀྲ་མི་ཤིས་པ་འདི་བོར་ཅིག་ཐོང་ཤིག་བདག་གིས་ཐོག་མར་ཁྱེར་ལ་ཟས་ཀྱི་སྨན་བླང་བའི་མི་རིགས་ཀྱི་གསེར་གྱི་སྨན་བླང་གིས་བྱིན་ཅིག་ཅེས་སྨྲས་པ་


DTG156_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དེ་ཡང་ཅི་ཡང་མི་སྨྲ་བར་འདུག་གོ །སྦོམ་དགའ་མོས་ཅང་མི་ཟེར་བ་ནི་ཁས་བླངས་པའི་ཐ་ཚིག་གོ་ཞེས་སྨྲས་ཏེ། གསེར་གྱི་འཁོར་ལོ་ཁྱེར་ཏེ་སོང་ངོ༌། །གསེར་མ་གར་དེ་སླར་འོངས་ཏེ། གསེར་གྱི་འཁོར་ལོ་དེ་ག་རེ་རྨས་ན། བུ་མོ་ན་རེ་རབ་ཏུ་བྱུང་མ་ཞིག་འོངས་ཏེ་དེས་ཁྱེར་ཏེ་སོང་ངོ་ཞེས་སྨྲས་པ་དང་གསེར་མགར་གྱིས་སྦོམ་དགའ་མོ་བཟུང་སྟེ་ངའི་གསེར་ཅིའི་ཕྱིར་རྐུ། སྦོམ་དགའ་མོ་ན་རེ་ང་ནི་མ་བྱིན་པར་མི་ལེན་ནོ་ཞེས་སྨྲས་ནས་དེའི་གདོང་དུ་བོར་བ་དང་གསེར་མགར་གྱིས་སྦོམ་དགའ་མོའི་གདོང་དུ་ཤིན་ཏུ་བརྡེགས་ནས་འཕྱ་ཞིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་མཚན་མས་བཏབ་པ་སློང་ན་སྤང་བའི་ལྟུང་བའོ། །མཚན་མས་བཏབ་ཅེས་བྱ་བ་ནི་གསེར་དང་དངུལ་ལོ། གཞན་ནི་གོང་མ་དང་འདྲའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་གག་ཇི་ཙམ་དུ་ཁྱིམ་པའི་དེར་སོང་སྟེ། མཚན་མ་བཏབ་པ་བླངས་ན་ཐམས་ཅད་ཀྱང་སྤང་བའི་ལྟུང་བར་འགྱུར་རོ། །སྤང་བའི་ལྟུང་བ་ཉི་ཤུ་བཞི་པ་རྫོགས་སོ།། །།མདོར་ན། ཆོས་གོས་སོ་སོ་བྱས་ནས་ནི། །ཕྱི་ཕྱིར་དུ་ནི་མི་གཏོང་བ། །གཞན་ཕྱིར་ཆོས་གོས་མལ་སྟན་གཙུག་ལག་ཁང༌། །སྐྱེ་བོ་མང་པོས་རྙེད་དང་དགེ་འདུན་ཕྱིར་སློང་བའོ། །ཆོས་གོས་ལྕི་བ་ཡང་བར་གྱུར་པ་ཐ་མ་སྟེ། །དགེ་སློང་མ་གཉིས་འདུས་ལ་ལུག་བལ་དྲུག །བཅུ་ལས་འདས་པ་ལྷུང་བཟེད་ཆུང་དུ་དབྱར། །རས་ཅན་དེ་དག་བྱ་མ་ཡིན། །ལྷག་མ་རྣམས་ནི་བྱ་བའོ། །སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་སྦོམ་དགའ་མོ་ཆོས་གོས་ངན་པར་གྱུར་ཏེ་སྦྱར་མ་ཡང་ཤིན་ཏུ་རྙིངས་སོ། །སྔ་དྲོ་བཙུན་མོ་ཕྲེང་ལྡན་མའི་དེར་སོང་ནས་ཆོས་བཤད་པ་དང༌། བཙུན་མོས་འཕགས་མའི་ཆོས་གོས་ཅིའི་ཕྱིར་ངན། སྦོམ་དགའ་མོས་སྨྲས་པ། བདག་ལ་ཆོས་གོས་སྦྱིན་པའི་ཁྱིམ་ཐབ་དང་བུ་མཆིས་སམ་ཞེས་སྨྲས་པ་དང༌། བཙུན་མོ་ཕྲེང་ལྡན་མས་གོས་ཕྲག་ཅིག་གཟེབ་ནས་ཕྱུང་སྟེ་སྦོམ་དགའ་མོ་ལ་ཕུལ་བ་དང༌། བཙུན་མོ་ཁྱེད་ལ་བཏང་བའི་བསོད་ནམས་ནི་མཆིས་ན་ཡོངས་སུ་སྤྱད་པའི་བསོད་ནམས་མ་མཆིས་ཀྱིས། དྲུབ་པའི་གླ་དང་ཚོན་གྱི་རིན་བྱིན་ཅིག་སྨྲས་པ་དང༌། དེས་ཀྱང་བྱིན་ནོ། །སྦོམ་དགའ་མོས་དེ་དག་ཀུན་བཙོངས་ཏེ་ཟོས་


DTG156_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོས་ངན་བཞིན་དུ་བཙུན་མོའི་གན་དུ་སོང་ངོ༌། །བཙུན་མོས་འཕགས་མ་ཅི་ད་དུང་ཡང་ན་བཟའ་རྣམས་འདི་ལྟར་ངན་བཞིན་དུ་བཞུགས་སམ། སྦོམ་དགའ་མོས་བཙུན་མོ་རྗེས་སུ་ཡི་རང་བར་མཛོད་ཅིག །ཉེས་པ་བརྒྱད་ལས་ཐར་བའི་གཏེར་དུ་བྲུབས་སོ། །དེ་སྐད་ཅེས་སྨྲས་པ་དང༌། བཙུན་མོས་འཕགས་མ་ཇི་སྐད་གསུངས་དྲིས་ནས་སྦོམ་དགའ་མོས་བདག་གི་བུ་ག་འདི་དག་དགབ་བ་གོས་བཟང་པོ་མི་དགོས་ཏེ་ཕྱག་དར་ཁྲོད་པས་ཀྱང་འཚལ་ལོ། །བདག་གི་ལུས་གྲེ་བ་འདི་ནི་དགང་དཀའ་སྟེ། ཤིང་རྟའི་ལྟེ་བའི་མིག་བཞིན་སྣུམ་གྱིས་མ་བསྐུས་ཀྱི་བར་དུ་མི་འཁོར་བ་དང་འདྲ་སྟེ། འདི་དགང་བའི་ཕྱིར་དེ་དག་བག་ཆོས་སྣ་ཚོགས་སུ་སྦྱར་ཏོ་ཞེས་སྨྲས་པ་དང་བཙུན་མོས་ཐོས་ནས་འཕྱ་སྟེ་ཅིའི་ཕྱིར་ན། དགེ་སློང་མ་འདི་དག་གོས་ལུས་ལ་བགོ་བ་རྣམས་ཁའི་སྒོར་བསྒྲུབ་པ་རིགས་སམ་ཞེས་སྨྲས་པ་དང༌། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་སྔ་མ་བཞིན་དུ་བཅས་སོ། །ཡང་དགེ་སློང་མ་གང་ཆོས་གོས་ཀྱི་དངོས་པོ་གཞན་ཁའི་སྒོར་སྦྱར་ན་སྤང་བའི་ལྟུང་བའོ། །གོས་ཞེས་བྱ་བ་ནི་ལྡུམ་བུ་ཤ་ན་ཀ་ལ་སོགས་པ་དེ་བདུན་ལས་གང་ཡང་རུང་བའོ། །དངོས་པོ་གཞན་ཞེས་བྱ་བ་ནི་དངོས་པོ་གཞན་དུ་བསྡོས་པའོ། །ཁའི་སྒོར་སྒྲུབ་ཅེས་བྱ་བ་ནི་བཅའ་པ་རྣམ་པ་ལྔ་ལ་སོགས་པ་ཉོས་ཏེ་མགྲིན་པར་མིད་པའོ། །སྤང་བའི་ལྟུང་བ་ནི་དངོས་པོ་སྤང་བ་ལ་ཉེས་པ་བཤགས་པར་བྱའོ། །ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་གོས་ཀྱི་དངོས་པོ་གཞན་དག་ཀྱང་རུང༌། དངོས་པོ་ཆུང་ཟད་ཅིག་ཁའི་སྒོར་བསྒྲུབས་ཏེ་ཟོས་ན་སྤང་བའི་ལྟུང་བའོ། །སྤང་བའི་ལྟུང་བ་ཉི་ཤུ་ལྔ་པ་རྫོགས་སོ།། །། སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་སྦོམ་དགའ་མོས་ཡང་དེ་བཞིན་དུ་ཆོས་གོས་ངན་པ་དང་སྔ་དྲོ་བསོད་སྙོམས་ལ་ཞུགས་ཏེ་ཁྱིམ་པ་དང་བྲམ་ཟེའི་ཁྱིམ་དུ་སོང་ནས་ཆོས་བཤད་པ་དང༌། དེ་དག་གི་ཆུང་མས་འཕགས་མའི་ན་བཟའ་ངན་ཏོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་ཁོ་མོ་ལ་ཁྱིམ་ཐབ་བམ་བུས་སྦྱར་ཞིང་ཁྱེད་ལ་སྦྱིན་པ་ལྟ་བུ་མེད་དོ། །ཁྱིམ་བདག་གི་ཆུང་མས་དེ་ལྟར་ན་འཕགས་མའི་ན་བཟའ་བདག་གིས་སྦྱར་རོ་ཞེས་སྨྲས་ནས། ལ་ལས་ནི་སྐུད་པ་བྱིན། ལ་ལས་ནི་ཐག་པའི་གླ་བྱིན། ཁ་ཅིག་གིས་ནི་དྲུབས་པའི་གླ་བྱིན། ལ་ལས་ནི་ཚོན་གྱི་རིན་བྱིན་པ་དང་ཐམས་


DTG156_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཟོས་ཏེ་ཉེས་པ་བརྒྱད་ལས་ཐར་པའི་གཏེར་དུ་བྲུབས་སོ། །རྗེས་སུ་ཡི་རང་བར་བྱོས་ཤིག་ཅེས་པའི་བར་དུ་སྔ་མ་བཞིན་ནོ། །དེ་དག་གིས་འཕགས་མ་ཁྱེད་ཀྱིས་ཅི་ཞིག་བགྱིས་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྨྲས་པ་ཁོ་མོ་ལ་གོས་བཟང་པོ་ཅི་ཞིག་བྱ། བུ་ག་འདི་དག་མི་སྣང་བ་ཙམ་གྱིས་ཕྱག་དར་ཁྲོད་ཅི་ལྟ་བུ་ཡང་རུང་སྟེ། ཡོགས་པ་ཙམ་གྱིས་ཆོག་གོ་ཞེས་བྱས་ནས་དགེ་སློང་མས་སོ་སོའི་གོས་ཁའི་སྒོར་སྦྱར་རོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་སོ་སོ་ནས་གོས་རྙེད་པ་ཁའི་སྒོར་བྱས་ན་སྤང་བའི་ལྟུང་བའོ། །སོ་སོའི་གོས་ཞེས་བྱ་བ་ནི་ཁ་ཅིག་གིས་སྐུད་པ། ཁ་ཅིག་གིས་ནི་བཏགས་པའི་གླ། ཁ་ཅིག་གིས་ནི་ཚོན་རིན་བྱིན་པའོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་ལ་རྣམ་པ་གཉིས་ཏེ། གོས་རྙེད་པ་དང་ཟས་རྙེད་པའོ། །སྐབས་འདིར་ནི་གོས་རྙེད་པ་ལ་བྱའོ། །ཁའི་སྒོར་སྦྱོར་ཞེས་བྱ་བ་ནི་དེ་བཙོངས་ནས་བཅའ་བ་ལྡ་དང་བཟའ་བ་ལྔ་སྦྱར་བ་སྟེ་མགྲིན་པར་མིད་ན་སྤང་བའི་ལྟུང་བ་སྔ་མ་བཞིན་ནོ། །སྤང་བ་ཉིད་ཤུ་དྲུག་པ་རྫོགས་སོ།། །།མལ་སྟན་ཞེས་བྱ་བ་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྦོམ་དགའ་མོ་དབྱར་ཁང་དུ་འདུག་པ་དང་དེར་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་དེར་ལྷགས་སོ། །སྦོམ་དགའ་མོས་དེ་དག་ལ་ནོར་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་རྣམ་པ་བདུན་བརྗོད་དེ་ཆོས་བཤད་པ་དང་དེ་དག་གི་སེམས་དགའ་བར་གྱུར་ཏེ། འཕགས་མ་བདག་ཅག་གིས་ཅི་ཞིག་གྱིས་ཤིག་པ་བཀའ་སྩོལ་ཅིག་སྨྲས་པ་དང༌། ཁོ་མོའི་གཙུག་ལག་ཁང་འདི་ནི་མལ་ཆ་དང་སྟན་མེད་དོ་ཞེས་སྨྲས་པ་དང༌། ཁྱིམ་བདག་གི་ཆུང་མ་དག་གིས་མལ་ཆ་དང་སྟན་གྱི་རིན་བྱིན་པ་དང༌། སྦོམ་དགའ་མས་དེ་དག་ཐམས་ཅད་ཟོས་སོ། །སྦོམ་དགའ་མོས་དུས་ཕྱི་ཞིག་ན་བྲམ་ཟེའི་ཁྱིམ་བདག་གི་ཆུང་མའི་ཁྱིམ་དུ་སོང་བ་ནས། ཆོས་བཤད་པ་དང༌། ཁྱིམ་བདག་གི་ཆུང་མ་དག་གིས་འཕགས་མ་མལ་སྟན་དེ་དག་མཇལ་ཏམ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་ལུས་འདི་ནི་གག་ཏུ་རྩ་བཏིང་བ་ལ་ཡང་གཞན་དུ་རུང་ན་ཟ་འོག་སྟན་གྱིས་ཅི་ཞིག་བྱ། རོ་ལྟ་བུ་འདི་དག་དཀའ་བ་ནི་ཤིང་རྟའི་ལྟེ་བ་མ་བསྐུས་ན་འགྲོར་མི་བཏུབ་པ་


DTG156_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འདི་གོང་བའི་ཕྱིར་ཁུར་བ་ལ་སོགས་པ་ཞིམ་པོ་མང་དུ་སྦྱར་རོ་ཞེས་སྨྲས་པ་དང༌། ཁྱིམ་བདག་གི་ཆུང་མ་དག་འཕྱ་སྟེ་ཅིའི་ཕྱིར་ན་དགེ་སློང་མས་འདི་ལྟར་མལ་ཆ་དང་སྟན་གྱི་ཕྱིར་རྙེད་པ་ཁའི་སྒོར་སྦྱར་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་མལ་ཆ་དང་སྟན་གྱི་ཕྱིར་བསྔོས་པའི་རྙེད་པ་ཁའི་སྒོར་སྦྱར་ན་སྤང་བའི་ལྟུང་བའོ། །མལ་ཆ་དང་སྟན་ཞེས་བྱ་བ་ནི་ཉལ་བ་དང་སྟན་གྱི་ཕྱིར་རོ། །རྙེད་ཅེས་བྱ་བ་ལ་རྣམ་པ་གཉིས་ཏེ། གོས་རྙེད་པ་དང་ཟས་རྙེད་པའོ། །སྐབས་འདིར་མལ་ཆ་དང་སྟན་རྙེད་པ་ལ་བྱའོ། །ཁའི་སྒོར་སྦྱོར་ཞེས་བྱ་བ་བཙོངས་ཏེ་བཅའ་བ་ལྔ་དང་བཟའ་བ་ལྔར་སྦྱར་ཏེ་མགྲིན་པར་མིད་པའོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་མལ་ཆ་དང་སྟན་གྱི་རྙེད་པ་གང་ཇི་ཙམ་ཡང་རུང་ཁའི་སྒོར་སྦྱར་ན་སྤང་བའི་ལྟུང་བའོ། །སྤང་བ་ཉི་ཤུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །སྦོམ་དགའ་མོས་དགེ་སློང་མའི་གཙུག་མའི་གཙུག་ལག་ཁང་ཞིག་པ་སླར་བཅོས་པའི་ཕྱིར་བྲམ་ཞེ་དང་ཁྱིམ་བདག་གི་ཆུང་མ་སྦོམ་དགའ་མོའི་ཐད་དུ་ལྷགས་པ་དེ་དག་ལ་ཆོས་བཤད་ནས་ཁྱིམ་བདག་གི་ཆུང་མ་དག་གིས་གཙུག་ལག་ཁང་སླར་བཅོས་པའི་ཕྱིར་ནོར་བསྡུས་ཏེ་བྱིན་ནོ། །སྦོམ་དགའ་མོས་དེ་ཐམས་ཅད་ཟོས་སོ། །ཁྱིམ་བདག་གི་ཆུང་མ་དག་ཕྱིས་ཀྱང་དེར་ལྷགས་ཏེ། དབྱར་མོ་ཁང་མ་བཅོས་ཀྱི་ཞིག་ཅིང་འདུག་པ་མཐོང་ནས། འཕགས་མ་ཅིའི་ཕྱིར་དབྱར་མོ་ཁང་མ་བཅོས་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྤྱིལ་པོ་དེ་ཙམ་གང་དུ་འང་རུང་བསྐྱབ་པ་ཙམ་གྱིས་གནས་པར་རུང་ན། དབྱར་མོ་ཁང་ཆེན་པོས་ཅི་ཞིག་བྱ། དེ་དག་ནི་བདག་གིས་རོ་ཀེང་རུས་བྲེལ་བ་འདིར་བྲུ་བས་སོ་ཞེས་སྨྲས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་འཕྱ་སྟེ། ཅིའི་ཕྱིར་ན་དགེ་སློང་མས་དགེ་འདུན་གྱི་རྙེད་པ་བདག་གིར་བཀུར་རོ་ཞེས་མི་སྙེན་པར་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་དབྱར་མོ་ཁང་གི་ཕྱིར་བསྡོས་པའི་རྙེད་པ་ཁ་སྒོར་སྦྱར་ན་ཡང་སྤང་བའི་ལྟུང་བའོ། །དགེ་སློང་མ་ཞེས་བྱ་བ་ནི་སྟོན་པའི་ཉན་ཐོས་མའོ། །རྙེད་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ།


DTG156_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་ཟས་རྙེད་པའོ། །སྐབས་འདིར་ནི་གཙུག་ལག་ཁང་གི་རྙེད་པ་ལ་བྱའོ། །གང་ཟག་བདག་གི་ཕྱིར་ཞེས་བྱ་བ་ནི་རང་གི་ཕྱིར་རོ། །བསྡོས་ཞེས་བྱ་བ་ནི་བདག་ལའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་གང་ཅི་ཙམ་ཡང་རུང་གནས་ཀྱིར་བསྔོས་པའི་རྙེད་པ་ཁའི་སྒོར་སྦྱར་ན་ཐམས་ཅད་སྤང་བའི་ལྟུང་བའོ།། །སྤང་བ་ཉི་ཤུ་བརྒྱད་པ་རྫོགས་སོ།། །།སྐྱེ་བོ་མང་པོ་ཞེས་བྱ་བ་ནི་སྟོན་པ་མ་ཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་མང་ཞིག་ལྗོངས་རྒྱུ་ཞིང་ལྷགས་སོ། །དེ་དག་གི་ཕྱིར་སྦོམ་དགའ་མོས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་སོང་ནས་བསླང་བ་དང་རྙེད་པ་མང་ཞིག་གྲུབ་བོ། །དེ་ཐམས་ཅད་བདག་གིར་བྱས་པ་དང༌། དགེ་སློང་མ་རྣམས་འཕྱ་སྟེ། ཅིའི་ཕྱིར་ན་དགེ་སློང་མ་སྐྱེ་བོ་མང་པོའི་ཕྱིར་རྙེད་པ་གང་ཟག་ཉིད་ཀྱི་ཕྱིར་བསྡོས་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་སྐྱེ་བོ་མང་པོའི་ཕྱིར་བསྡོས་པའི་རྙེད་པ་གང་ཟག་བདག་གིར་བསྡོས་ན་སྤང་བའི་སྟུང་བའོ། །སྐྱེ་བོ་མང་པོའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་རོ། །རྙེད་ཅེས་བྱ་བ་རྣམ་པ་གཉིས་ཏེ། སྐབས་འདིར་ནི་ཁ་ཟས་རྙེད་པ་ལ་བྱའོ། །གཞན་ནི་དངོས་སུ་ཟད་དོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་གང་ཇི་ཙམ་དུ་སྐྱེ་བོ་མང་པོའི་ཕྱིར་རྙེད་པ་གང་ཟག་ཉིད་ཀྱི་ཕྱིར་བསྡོས་ན་སྤང་བའི་ལྟུང་བའོ། །སྤང་བ་ཉི་ཤུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དགེ་སློང་མ་སྦོམ་དགའ་མོ་ཡང་དགེ་སློང་མའི་དགེ་འདུན་གྱི་ཕྱིར་རྙེད་པ་དེར་ཁྱེར་ན་བདག་གིས་བྱས་སོ་ཞེས་དགེ་སློང་མས་ཐོས་ནས་འཕྱ་སྟེ། ཅིའི་ཕྱིར་ན་དགེ་སློང་མས་དགེ་འདུན་གྱི་ཕྱིར་བསྡོས་པའི་རྙེད་པ་གང་ཟག་གི་ཕྱིར་བསྔོའོ་ཞེས་མི་སྙན་པར་འཛེར་རོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་གང་ཟག་བདག་ཉིད་ཀྱི་ཕྱིར་བསྔོས་ན་སྤང་བའི་ལྟུང་བའོ་།དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་རོ། །རྙེད་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྐབས་འདིར་ནི་གཉིས་ཀ་ལ་བྱའོ། །བསྡོས་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུའོ། །གཞན་ནི་ཐམས་ཅད་གོང་མ་བཞིན་ནོ། །སྤང་བ་སུམ་ཅུ་པ་རྫོགས་སོ།། །།


DTG156_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པ་འགྲོལ་བ་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་སྟེ། གཙུག་དགའ་མོ་དྲི་འཚོང་བའི་ཁྱེའུ་ལ་ཆགས་ནས་མོ་དེའི་ཚོང་ཁང་དུ་སོང་ནས་རྫས་གང་ཅུང་ཟད་ཉོས་པ་མོ་དེ་ལ་ཆགས་པས་ན་དེས་ཐུམ་བུར་བཅིང་ཞིང་བཅིངས་པ་དང༌། ཡང་དང་ཡང་འགྲོལ་ཞིང་དེའི་ཚིག་ཉམས་སུ་ལེན། ལན་ལྡོན་ཅིང་གཏམ་ཟེར་རོ། །དེ་ལ་དགེ་སློང་མ་དག་གིས་བཟློག་ཀྱང༌། དེ་བཞིན་དུ་ཚིག་ཉམས་སུ་ལེན་ནོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་ཚིག་བཅས་སོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་གང་ཟག་བདག་ཉིད་ཀྱི་ཕྱིར་བསྡོས་ན་སྤང་བའི་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ། །བཅིང་ཞིང་བཅིངས་པའི་ཐུམ་བུ་ཞེས་བྱ་བ་ནི་ཉོས་པའོ། །འགྲོལ་ཞེས་བྱ་བ་ནི་འགྲོལ་བ་ཡང་བྱེད་པའོ། །ཉེས་པ་ཇི་ལྟ་བུ་ཞེ་ན་གང་ཇི་ཙམ་དུ་བཅིང་ཞིང་བཅིངས་པའི་ཐུམ་བུ་འགྲོལ་ཏེ། དེའི་ཚིག་ཀྱང་ཉམས་སུ་བླངས་ན་ལྟུང་བར་འགྱུར་རོ། །སྤང་བ་སུམ་ཅུ་གཅིག་པ་རྫོགས་སོ།། །།ལྕི་ལ་རིན་ཆེ་ཞེས་བྱ་བ་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀད་ཤག་ཏི་ལ་ལ་བ་རིན་པོ་ཆེ་རིན་ཐང་ཆེར་རི་བ་ཞིག་བྱིན་ནོ། །དེས་ཀྱང་ལ་བ་དེ་ཆོས་སྦྱིན་མ་ལ་ཕུལ་ལོ། །ཆོས་སྦྱིན་མས་ཀྱང་ལ་བ་དེ་བླངས་ནས་ཆོས་གོས་ཀྱི་གདང་ལ་བཀལ་ཏེ་གཞག་གོ །གཙུག་དགའ་མོ་ཆོས་སྦྱིན་གྱི་ཁྱིམ་དུ་འོངས་ནས་ཕྱག་བྱས་པ་དང༌། དེས་ལ་བ་རིན་པོ་ཆེ་མཐོང་ནས་འཕགས་མ་ལ་བ་འདི་གང་ནས་འོངས་ཞེས་དྲིས་དྲིས་པ་དང༌། དེས་ཀྱང་ཞིབ་ཏུ་སྨྲས་སོ། །གཙུག་དགའ་མོས་ལྷ་དང་མིས་མཆོད་པ་ཁྱོད་ལ་སུ་ཞིག་མི་སྟེར་ཞེས་སྨྲས་པ་དང༌། ཆོས་སྦྱིན་མས་ཅི་འདོད་དམ་ཞེས་སྨྲས་པ་དང༌། གཙུག་དགའ་མོས་འཚལ་ལོ་ཞེས་བྱས་པ་དང༌། དེ་ལ་ལ་བ་བྱིན་མ་ཐག་ཏུ་བགོས་ནས་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་འཕྱ་སྟེ། ཨེ་མའོ་དགེ་སྦྱོང་མ་རྣམས་འདོད་པའི་ཡོན་ཏན་གྱིས་གཟིར་ཏོ། །ཅིའི་ཕྱིར་ན་དགེ་སློང་མ་རྣམས་ཀྱིས་རྒྱལ་པོ་ལ་རིགས་པའི་གོས་བགོས་སོ་ཞེས་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་ལྕེ་


DTG156_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རིན་ཆེ་བའི་གོས་བཅངས་ན་སྤང་བའི་ལྟུང་བའོ། །ལྕི་བ་ཞེས་བྱ་བ་ནི་སྲང་བརྒྱ་འམ་དེ་ལས་ལྷག་པ་འདས་པའོ། །རིན་ཆེ་ཞེས་བྱ་བ་ནི་ཀཱར་ཥཱ་པ་ཎི་ཉི་ཤུ་འམ་དེ་ལས་འདས་པའོ། །གོས་ཞེས་བྱ་བ་ནི་ཀ་ཤི་ཀའི་ཕྲ་མོ་འམ་སྲིན་བལ་ལས་བྱས་པའོ། །འཆང་ཞེས་བྱ་བ་ནི་བདག་གིར་བྱེད་བའོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་གང་ཇི་ཙམ་དུ་ལྕི་ལ་རིན་ཐང་ཆེ་བའི་གོས་བཅངས་ན་སྤང་བའི་ལྟུང་བའོ། །སྤང་བ་སུམ་ཅུ་གཉིས་པ་རྫོགས་སོ།། །།ཡང་ལ་རིན་ཆེ་ཞེས་བྱ་བ་ནི་སྟོན་པ་མཉན་དེ་ཡོད་པ་ན་བཞུགས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་རིན་ཆེ་བ་ཞིག་བཙུན་མོ་ཕྲེང་བ་ཅན་ལ་བྱིན་པ་དང༌། དེས་ཀྱང་སྐྱེ་དགུའི་བདག་མོ་ལ་བྱིན་ནས་གོས་ཀྱི་གདང་ལ་བཀལ་ནས་གཞག་པ་དང་གཙུག་དགའ་མོས་མཐོང་ནས། འཕགས་མ་ཡང་ལ་བཟང་བ་འདི་སུའི་ལགས་ཞེས་སྨྲས་པ་དང༌། ཅི་འདོད་དམ་འཚལ་ལོ་ཞེས་བྱས་པ་དང་དེ་ལ་བྱིན་ནོ། །དེས་ཡང་བ་དེ་བགོས་ཏེ་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་དགའ་འཕྱ་བ་ནས་བསླབ་པའི་ཚིག་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གོས་ཡང་ལ་རིན་ཆེ་བ་འཆང་ན་སྤང་བའི་ལྟུང་བའོ། །ཡང་ཞེས་བྱ་བ་ནི་སྲང་ལྔའམ་དེ་ལས་ཆུང་བའོ། །རིན་ཆེ་ཞེས་བྱ་བ་ནི་ཀཱར་ཥཱ་པ་ཎི་ཉི་ཤུ་འམ་དེ་ལས་ལྷག་པའོ། །གོས་ཞེས་བྱ་བ་ནི་ཀ་ཤི་ཀའི་ཕྲ་མོ་འམ། སྲིན་བ་ལ་ལས་བྱས་པའོ། །འཆང་ཞེས་བ་ནི་བདག་གིར་བྱེད་པའོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ཇི་ཙམ་དུ་ཡང་ལ་རིན་ཆེ་བའི་གོས་བཅངས་ན་ཐམས་ཅད་སྤང་བའི་ལྟུང་བའོ། །སྤང་བ་སུམ་ཅུ་གསུམ་པ་རྫོགས་སོ།། །།དགེ་སློང་མ་དང་འབྲེལ་པར་གཉིས། །དྲུག་པོ་དག་དང་ལུག་བལ་དང༌། །ལྷུང་བཟེད་རིང་ན་ཞག་བཅུ་དང༌། །མ་ཚང་དབྱར་གྱི་རས་ཆེན་དང༌། །དེ་དག་འདིར་ནི་བྱ་མ་ཡིན། །ལྷག་མ་རྣམས་ནི་བྱ་བའོ། །དགེ་སློང་དག་གིས་མཚུངས་པ་ཟུང་བ། །དེ་དག་རྣམས་ཀྱི་ལྷག་མ་ནི། །སུམ་ཅུ་ལས་ནི་རྩ་གསུམ་མོ། །དགེ་སློང་མའི་ཡིད་བསྒྲགས་པ་ཡིན་ནོ། །བདག་གིས་དགེ་སློང་མའི་སྤང་བའི་ལྟུང་བ་སུམ་ཅུ་རྩ་གསུམ་པའི་ཆོས་རྣམས་བཤད་ཟིན་ཏེ། བདག་གིས་དགེ་སློང་མ་རྣམས་ལ་ཅི་ནས་དེ་ལ་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་


DTG156_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ཏེ། འཕགས་མ་རྣམས་ཡོངས་སུ་དག་པས་ན་ཅང་མི་སྨྲ་སྟེ་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་མ་རྣམས་འདི་ནི་ལྟུང་བ་བརྒྱ་བརྒྱད་ཅུའི་ཆོས་རྣམས་ཏེ། ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་ལས་འབྱུང་ངོ༌། །མདོར་ན། དགེ་སློང་བརྫུན་སྐྱོན་ཕྲ་མ་བྱེད་པ་དང༌། སྐྱོ་སྡོགས་བྱེད་དང་འཆང་པ་དང༌། །ཀློག་དང་གནས་ངན་ལེན་དང་ཆོས། །མཛའ་དང་ཁྱད་དུ་གསོད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཡང་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་གྱི་ཀུན་དགའ་ར་བ་ན་གནས་སོ། །དེའི་ཚེ་ན་དང་པའི་བྲམ་ཟེ་དང་ཁྱིམ་བདག་དེར་ལྷགས་ནས་སྒྲ་གཅན་འཛིན་སྟོན་པ་ག་ལ་བཞུགས་ཞེས་དྲིས་སོ། །གལ་ཏེ་སྟོན་པ་འོད་མའི་ཚལ་ན་བཞུགས་ན་ནི་དེ་བྱ་རྒོད་ཀྱི་ཕུང་པོ་ནའོ་ཞེས་ཟེར་ཏེ། སྟོན་པ་བྱ་རྒོད་ཕུང་པོ་ན་བཞུགས་ན་ནི་འོད་མའི་ཚལ་ནའོ་ཞེས་ཟེར་ལ་གཞན་ནས་གཞན་དུ་སྟོན་པས་དེ་དག་གིས་བཙལ་ཀྱང་མ་རྙེད་ནས་ལུས་ངལ་ཆད་དེ། སྒྲ་གཅན་འཛིན་ག་ལ་བ་དེར་སོང་ནས་སྒྲ་གཅན་འཛིན་གྱིས་ཁྱེད་ཅག་གིས་སྟོན་པ་མཐོང་ངམ་བཙུན་པ་མ་མཐོང་ངོ༌། །སྒྲ་གཅན་འཛིན་གྱིས་བགད་པ་དང་དེ་དག་སྨོད་ཅིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་རྣམ་གྲངས་དུ་མས་སྨད་དེ། ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོད་གཅིག་ལས་ནི་འདས་པ་ཡིས། །བརྫུན་དུ་སྨྲ་བའི་ལུས་ཅན་ནི། །འཇིག་རྟེན་ཕ་རོལ་སྤང་བ་སྟེ། །སྡིག་པ་མི་བྱེད་མེད་པའོ། །ཚུལ་ཁྲིམས་ངན་པ་སྡོམ་མེད་པ། །གྲོང་གི་བསོད་སྙོམས་ཟ་བ་པས། །མེ་ལྕེ་ཚད་བ་འབར་འདྲ་བའི། །ལྕགས་ཀྱི་ཐུ་ལུམ་ཟ་བ་སླ། །ཞེས་སྨད་དེ་བསླབ་པའི་གནས་བཅས་སོ། །ཤེས་བཞིན་དུ་བརྫུན་དུ་སྨར་ན་ལྟུང་བའོ། །ཤེས་བཞིན་ཤེས་བྱ་བ་ནི་བཏགས་པའོ།། བརྫུན་སྨྲ་ན་ཞེས་བྱ་བ་ནི་བརྫུན་ལ་རྣམ་པ་དགུ་ཡང་ཡོད། །རྣ་པར་བརྒྱད་ཀྱང་ཡོད། །རྣམ་པ་བདུན་ཡང་ཡོད། རྣམ་པ་དྲུག་ཀྱང་ཡོད། རྣམ་པ་ལྔ་ཡང་ཡོད། རྣམ་པ་བཞི་ཡང་ཡོད། རྣམ་པ་གསུམ་ཡང་ཡོད། རྣམ་པ་གཉིས་ཀྱང་ཡོད་དོ། །དེ་ལ་བརྫུན་རྣམ་པ་དགུ་ནི་རྩ་བ་མེད་པར་ཕས་ཕམ་པ་དང༌། ལྷག་མ་དང༌། ལྟུང་བ་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་དང་


DTG156_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང༌། ལྟ་བ་དང༌། སྤྱོད་པ་དང༌། འཚོ་བ་ལོག་པར་ཞུགས་པའོ། །བརྒྱད་ནི་གོང་མ་ལྔའི་སྟེང་དུ་རྩ་བ་མེད་པར་མཐོང་བ་ཐོས་པ་དང་དོགས་པའོ། །བདུན་ནི་གོང་མ་བཞིའི་སྟེང་དུ་རྩ་བ་མེད་པར་མཐོང་བ་དང་ཐོས་པ་དང་ཐོས་པ་དང་དོགས་པའོ། །དྲུག་ནི་དགེ་སློང་གིས་བརྫུན་དུ་སྨྲ་བར་འདོད་དེ། འདི་སྙམ་དུ་སེམས་ཏེ་བརྫུན་དུ་སྨྲའོ་སྙམ་དུ་སེམས་པ་དང༌། བརྫུན་དུ་སྨྲ་བའི་ཚེ་འདི་སྙམ་དུ་སེམས་ཏེ་བརྫུན་ཟེར་རོ་སྙམ་པ་དང༌། སྨྲས་ན་ཡང་འདི་སྙམ་དུ་སེམས་ཏེ་བདག་གིས་བརྫུན་དུ་སྨྲས་སོ་སྙམ་པ་དང་རྩ་བ་མེད་པར་མཐོང་ཐོས་དགོས་པ་གསུམ་དང་དྲུག་གོ །ལྔ་ནི་དང་པོར་སྨོས་པ་ལྔའོ། །བཞི་ནི་དང་པོ་བཞི་ལ་བྱའོ། །གསུམ་ནི་གོང་དུ་དྲུག་སྨོས་པའི་གསུམ་པ་གཉིས་ལས་གང་ཡང་རུང་བའོ། །གཉིས་ནི་བརྫུན་དུ་སྨྲ་བའི་ཚེ་འདི་སྙམ་དུ་སེམས་ཏེ་བརྫུན་དུ་ཟེར་རོ་སྙམ་པ་དང༌། བརྫུན་དུ་སྨྲས་ནས་ཡང་འདི་སྙམ་དུ་སེམས་ཏེ་བདག་གིས་བརྫུན་དུ་སྨྲས་སོ་སྙམ་པའོ། བརྫུན་དུ་སྨྲས་པ་གཅིག་པོ་ནི་མེད་དོ། །གཞན་ཡང་བརྫུན་རྣམ་པ་ལྔ་ཡོད་དེ་ཕམ་པའི་བརྫུན་ནི་བརྡ་ཕྲད་པར་ཟད་དོ། །ལྷག་མའི་བརྫུན་ནི་རྩ་བ་མེད་པར་ཕམ་པར་སྐུར་བའོ། །སྦོམ་པོའི་བརྫུན་ནི་དགེ་སློང་མ་དེས་དགེ་འདུན་གྱི་དབུས་སུ་ཆོས་ལ་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པ་ལ་ཆོས་སུ་སྒྲོགས་པའོ། །ཉེས་བྱས་ཀྱི་བརྫུན་ནི་སོ་སོར་ཐར་པར་འདོད་པ་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིས་པ་ན་མ་དག་བཞིན་དུ་མི་སྨྲ་བར་འདུག་པའོ། །འདི་བཞི་མ་གཏོགས་པར་གཞན་བརྫུན་དུ་སྨྲས་པ་ཐམས་ཅད་ལྟུང་བར་འགྱུར་རོ། །ལྟུང་བ་ཞེས་བྱ་བ་ནི་ངན་སོང་ངན་འགྲོ་བྱོལ་སོང་ཡི་དགས་སེམས་ཅན་དམྱལ་བར་ལྟུང་ཞིང་སྲེག་པ་འཚེད་པར་བྱེད་པའོ། །ཉེས་པ་འདི་མ་བཤགས་སམ་སོ་སོར་མ་བཤགས་ན་དགེ་བའི་ཆོས་ལ་སྒྲིབ་པར་བྱེད་པས་ན་ལྟུང་བ་ཞེས་གསུངས་སོ། །དེ་ལ་ཉེས་པ་གང་ཞེ་ན། མདོར་ན། བརྗེད་དང་ཐེ་ཚོམ་ཟ་བ་དང༌། །འདུ་ཤེས་པ་ནི་ཐ་མའོ། །དེས་མ་མཐོང་མ་ཐོས་མ་ཤེས་རྣམ་པར་མ་ཤེས་བཞིན་དུ་མཐོང་ཐོས་ཤེས་རྣམ་པར་ཤེས་ཟེར་ན་ཚིག་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །དེས་མཐོང་བར་གྱུར་པ་ལས་བརྗེད་དེ་འདུ་ཤེས་སྦས་ནས་ངས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །ངས་ཐོས་ངས་ཤེས་ཞེ་འམ་རྣམ་པར་ཤེས་ཞེས་


DTG156_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ན་ཚིག་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །དེས་མཐོང་བར་གྱུར་ལ་དེ་ཡང་ཐེ་ཚོམ་དུ་གྱུར་ཏེ། དེས་ཐོས་ཤིང་རྣམ་པར་ཤེས་པ་ལས་ཐེ་ཚོམ་དུ་གྱུར་ནས། ངས་མཐོང་རྣམ་པར་ཤེས་པ་ལ་ཐེ་ཚོམ་དུ་གྱུར་ནས་མེད་དོ་ཞེས་ཟེར་ན་ཚིག་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །མཐོང་ཡང་མ་མཐོང་བའི་འདུ་ཤེས་སུ་གྱུར། རྣམ་པར་ཤེས་ཀྱང་མི་ཤེས་པའི་འདུ་ཤེས་སུ་གྱུར་ཞེས་པའི་བར་དུ་འདུ་ཤེས་སྦས་ནས། མཐོང་ངོ་རྣམ་པར་ཤེས་སོ་ཞེས་ཟེར་ན་ཚིག་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །དེ་བཞིན་དུ་རྣམ་པ་འདི་བཞི་ནང་བསྣོར་ཏེ། མཐོང་ལ་ཤེས་ཞེས་ཟེར་བ་དང༌། མཐོང་ལ་བརྗེད་ནས་ཤེས་པ་ནི་མ་བརྗེད་ན་ངས་མཐོང་བ་ནི་མ་བརྗེད་ཀྱིས་ཤེས་པ་ནི་བརྗེད་དོ་ཞེས་ཟེར་ན་ཚིག་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །དེ་བཞིན་དུ་ཐེ་ཚོམ་དུ་འདུ་ཤེས་ཀྱང་ནང་བསྣོར་ཏེ་བཤད་པར་བྱའོ། །ལྟུང་བ་དང་པོ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་བཅུ་གཉིས་སྡེ་དག་དགེ་སློང་མ་རྣམས་ལ་མིའི་སྐྱོན་ནས་སྨྲས་ཏེ། འཕགས་མ་འདི་ནི་ཞར་མའོ་ཞེས་པ་དང༌། སྒུར་མོ་དང༌། ལྐོག་བློ་དང༌། ཐེང་མོ་ཞེས་བོས་པས་དགེ་སློང་མ་རྣམས་བག་འཆུམས་པ་དང་སྤ་གོང་བར་གྱུར་ཏེ། ལུང་འབོགས་པ་དང་ཁ་ཏོན་ཡིད་ལ་བྱེད་པ་བཏང་ནས། མི་དགའ་བར་གྱུར་ནས་དོན་ཉུང་བའི་དགེ་སློང་མ་དག་འཕྱ་སྟེ། དེ་ལྟར་གྱུར་པ་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །མིའི་སྐྱོན་ནས་སྨྲས་ན་ལྟུང་བའོ། །མིའི་སྐྱོན་ནས་སྨྲས་ཞེས་པ་བརྒྱད་དེ། རིགས་དང༌། བཟོ་དང༌། ལས་དང༌། མཚན་མ་དང༌། ནད་དང༌། ལྟུང་བ་དང༌། ཉོན་མོངས་པའོ། །དེ་ལ་རིགས་ཀྱི་སྐྱོན་ནི་རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུ་རིགས་དང༌། བྲན་རིགས་ལས་རབ་ཏུ་བྱུང་ན་དགེ་སྦྱོང་ག་ལ་ཡོད། ཚངས་པ་ག་ལ་ཡོད་ཅེས་སྨྲས་ན་དེ་དག་སྤ་གོང་ཡང་རུང་མ་གོང་ཡང་རུང་སྟེ། གོང་མ་གཉིས་ལ་ཉེས་བྱས། འོག་མ་གསུམ་ལ་ལྟུང་བའོ། །དགེ་སློང་མས་མིའི་སྐྱོན་ནས་སྨྲ་བར་བསམས་ཏེ། བྲམ་ཟེ་ལས་རབ་ཏུ་བྱུང་བ་ནས་བྲན་ལས་རབ་ཏུ་བྱུང་ན་ཞེས་པའི་བར་དུ་ཁྱེད་ལ་དགེ་སློང་དང་ཚངས་པ་ག་ལ་ཡོད་རང་གི་བཟོ་སློབས་ཤིག །འདི་ལྟ་


DTG156_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བྲམ་ཟེའི་སྤྱོད་ལམ་དང༌། གཙང་སྦྲ་དང༌། ཆོ་ག་དང༌། ཨོཾ་ཞེས་བྱ་བ་དང༌། བྷོ་ཞེས་བྱ་བ་དང༌། སྦྱིན་པ་དང༌། སློངས་ཤིག་ཅེས་སྨྲས་པ་དང༌། རྒྱལ་རིགས་ལས་རབ་ཏུ་བྱུང་བ་རང་གི་བཟོ་སློབས་ཤིག །འདི་ལྟ་སྟེ། གླང་པོ་ཆེའི་གཉའ་བར་ཞོན་པ་དང༌། ཤིང་རྟ་ལ་ཞོན་པ་དང། འཕོང་བྱ་བ་དང༌། རྒྱལ་ཆོས་དང༌། རྒྱལ་པོའི་བྱ་བ་རྣམས་སློབས་ཤིག་ཅེས་སྨྲས་པ་དང༌། ཁྱེད་རྗེའུའི་རིགས་ལས་རབ་ཏུ་བྱུང་བས་ན། རང་གི་བཟོ་ཞིང་རྨོ་བ་དང༌། ཕྱུགས་བཙའ་བ་དང༌། ཚོང་བྱ་བ་སློབས་ཤིག་སྨྲས་པ་དང༌། དམངས་རིགས་ལས་རབ་ཏུ་བྱུང་བས་ན་རང་གི་བཟོ་ཟོར་བ་གདབ་པ་དང༌། ཁུར་ཤིང་ཐོགས་པ་ལ་སོགས་པ་སློབས་ཤིག །བྲན་རིགས་ལས་རབ་ཏུ་བྱུང་བས་རང་གི་བཟོ་ལུས་ཕྱི་བ་དང༌། མཉེ་བ་དང༌། བང་ཙེན་དུ་འགྲོ་བ་དང༌། གཞན་ཡང་བྲན་གྱི་བཟོ་ལས་སློབས་ཤིག་ཅེས་དེ་སྐད་སྨྲས་ན། སྤ་གོང་ཡང་རུང་མ་གོང་ཡང་རུང་སྟེ། གོང་མ་གཉིས་ལ་ཉེས་བྱས། འོག་མ་གསུམ་ནི་ལྟུང་བའོ། །ལས་ཀྱི་སྐྱོན་ཡང་ཚིག་གོང་མ་བཞིན་དུ་སྨོས་པ་ལ་ཁྱད་པར་ནི་ལས་ཞེས་སྨོས་ཏེ། ལྟུང་བ་དང་ཉེས་བྱས་ཀྱང་གོང་མ་དང་འདྲའོ། །བཟོ་དང་ལས་ཀྱི་སྐབས་སུ་སྐུད་རིས་དང༌། མགར་བ་དང༌། རྫ་མཁན་དང༌། འདྲེག་མཁན་ལ་སོགས་པ་ལས་དང་བཟོ་སྣ་ཚོགས་ཀྱང་བརྗོད་པར་བྱའོ། །དགེ་སློང་མས་མིའི་སྐྱོན་ནས་སྨྲ་བར་བསམས་ཏེ་ཚེ་དང་ལྡན་པ་ཁྱོད་ཐེང་པོ་ལས་རབ་ཏུ་བྱུང་ན། དགེ་སྦྱོང་ག་ལ་ཡོད་ཚངས་པ་ག་ལ་ཡོད་ཅེས་སྨྲས་ན་དགེ་སློང་མ་སྤ་གོང་ཡང་རུང་མ་གོང་ཡང་རུང་སྟེ་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ཞར་བ་དང༌། སྒུར་པོ་དང༌། འཕྱེ་བོ་དང༌། གྲུམ་པོ་ལ་སོགས་པ་སྟེ། དེའི་མཚན་མའི་སྐྱོན་དང་སྦྱར་རོ། །གོང་མ་བཞིན་དུ་བརྗོད་ལ་མཛེ་ཅན་དང༌། འབྲུམ་བུ་དང༌། གཡན་པ་དང༌། ཤ་བཀྲ་དང༌། རྔོ་དང་རིམས་ལ་སོགས་པ་སྟེ། སྤ་གོང་ཡང་རུང་མ་གོང་ཡང་རུང་བའི་བར་དུའོ། །དེ་དག་ནི་ནད་ཀྱི་སྐྱོན་དང་སྦྱར་རོ། །དེ་ལ་ལྟུང་བ་ཞེས་པ་ནི་ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་སྡེ་ལྔ་བྱུང་ཞེས་ཟེར་བའོ། །ཁྱོད་ནི་ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། གཡོ་དང་སྒྱུ་དང་ངོ་ཚ་དང་ཁྲེལ་མེད་པ་དེ་ལྟ་བུ་ལས་


DTG156_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བས་དགེ་སྦྱོང་དང་ཚངས་པ་ག་ལ་ཡོད་ཅེས་སྨྲས་ན་ལྟུང་བར་འགྱུར་ཏེ་འདི་ནི་ཉོན་མོངས་པ་དང་སྦྱར་རོ། །སངས་རྒྱས་མཚོ་ཞེས་བྱ་བ་བྲམ་ཟེ་ལས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་ནི་ཉེས་པ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ནད་ཀྱིས་གཟིར་བ་ལ་ཉེས་པ་མེད་དོ། །ལྟུང་བ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་བཅུ་གཉིས་སྡེ་རྣམས་ཕྲ་མ་ལ་ཞུགས་པས་དགེ་སློང་མ་དག་བག་འཆུམས་པ་དང་སྤ་གོང་ཞིང་འཛེམ་པར་གྱུར་པས་ལུང་འབོགས་པ་དང་ཁ་ཏོན་དང་རྣལ་འབྱོར་དང་ཡིད་ལ་བྱ་བ་བཏང་སྟེ། དེ་ཡུན་རིང་པོ་ནས་མཛའ་ཞིང་སྡུག་པ་ཆོས་བཞིན་དུ་འཁོད་པ་ཡང་བྱེ་བར་གྱུར་ནས། དོན་ཉུང་དུ་མ་རྣམས་འཕྱ་ཞིང་མི་སྙན་པར་འཛེར་ཏོ། །དེ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ནས་རྣམ་གྲངས་དུ་མས་སྨད་དོ། །དགེ་སློང་མ་དག་སྔོན་བྱུང་བ་ནགས་ཚང་ཚིང་ཞིག་ན་སེང་གེ་མོ་སྦྲུམ་མ་ཞིག་འདུག་སྟེ་ཆོས་ཉིད་ཀྱིས་སེང་གེ་བུ་བྱུང་ཀར་ཤའི་ཚོགས་བྱེད་དོ། །སེང་གེ་མོ་དེ་ཕྱུགས་མང་པོའི་ཕྱི་བཞིན་འབྲངས་ནས། བ་ཞིག་བེའུ་བྱུང་ནས་བེའུ་སྐྱོང་བའི་ཕྱིར་ཁྱུ་ལས་ཡན་ཏེ་ཕྱིར་ལུས་པ་དང་སེང་གེ་མོ་དེས་བ་བསད་དེ་རང་གི་གནས་སུ་ཁྱེར་བ་དང༌། བེའུ་དེ་ཡང་མའི་ཞོ་འདོད་པས་མའི་ཕྱི་བཞིན་དུ་སོང་ངོ༌། །སེང་གེ་མོས་བསམས་པ་བེའུ་འདི་ཡང་བསད་དོ་སྙམ་པ་ལས་གལ་ཏེ་བདག་གི་བུ་བྱུང་ན་དེའི་གྲོགས་སུ་རུང་སྙམ་ནས་དེ་མ་བསད་དེ། དེའི་བུ་བྱུང་ནས་རང་གི་བུ་དང་བེའུ་གཉིས་ཀ་ཞོས་གསོས་ཏེ་སྐྱེས་པ་དང༌། སེང་གེ་མོ་ནད་ཀྱིས་བཏབ་སྟེ་འཆི་ཀར་སྨྲས་པ། བུ་ཁྱོད་གཉིས་ངའི་ནུ་མ་འཐུངས་པའི་སྤུན་ཡིན་གྱིས། འཇིག་རྟེན་འདི་ཕྲ་མ་ཅན་གྱིས་གང་བས་ན། ང་ཤི་བའི་འོག་ཏུ་སུ་ཅི་ཟེར་ཡང་ཁྱེད་གཉིས་མ་ཉན་ཅིག་ཅེས་བྱས་ནས་དུས་ལས་འདས་སོ། །སེང་གེ་དེ་དང་ཁྱུ་མཆོག་གཉིས་ཤ་ཚོན་པོ་དང་རྩི་མཆོག་ལ་ཟ་བས་ཆེར་གྱུར་ཏོ། །སེང་གེ་དེའི་ཕྱི་བཞིན་དུ་ཝ་རྒན་པོ་གཅིག་སྙོགས་ཤིང་དེའི་ལྷག་རོལ་དག་ཟ་ཞིང་འདུག །ཕྱི་བཞིན་དུ་ཡང་འབྲང༌། སེང་གེས་རི་དགས་ཚོན་པོ་བསད་དེ་ཤ་ཟོས་ནས་མྱུར་དུ་རང་གི་གནས་སུ་འོངས་ནས་ཁྱུ་མཆོག་


DTG156_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ལྷན་ཅིག་རྩེ་ཞིང་འདུག་གོ །ཝ་རྒན་པོ་དེས་བསམས་པ། སེང་གེ་གར་འགྲོ་བ་ལྟའོ་སྙམ་ནས། ཕྱི་བཞིན་དུ་སོང་བ་དང༌། ཁྱུ་མཆོག་དང་རྩེ་བ་མཐོང་ནས་འདི་ནི་བདག་གི་ལྟོའི་དགྲ་ཡིན་གྱིས་དེ་གཉིས་ཀྱི་བར་དུ་དབྱེན་བྱའོ་སྙམ་ནས། ཁྱུ་མཆོག་གི་མདུན་དུ་རྣ་བ་ཕབ་ནས་འདུག་པ་དང༌། ཁྱུ་མཆོག་གིས་སྨྲས་པ། ཞང་པོ་རླུང་དྲོ་བ་དང་གདུག་པ་མ་ལངས་སམ་གྲང༌། དེས་སྨྲས་པ། ཚ་བོ་རབ་ཏུ་འབར་བའི་རླུང་ལངས་སོ། །སེང་གེ་འདི་ན་རེ་ཁྱུ་མཆོག་ཤ་ཁྲག་དང་ལྡན་པ་འདི་ངས་གུད་ནས་ཤ་མ་རྙེད་ན་འདིའི་ཤ་བཟའོ་ཞེས་ཟེར་རོ། །དེས་སྨྲས་པ། ཞང་པོ་དེ་སྐད་མ་ཟེར་ཅིག །ངེད་ཅག་གཉིས་ཀྱི་མ་འཆི་བའི་ཁར་བསྒོ་བ་ནི། འཇིག་རྟེན་འདི་ན་ཕྲ་མ་ཅན་གྱིས་གང་བས་ཁྱེད་གཉིས་ང་ཤི་བའི་འོག་ཏུ་སུའི་ངག་ཀྱང་མཉན་ཅིག་ཅེས་བསྒོའོ། །དེས་སྨྲས་པ་ཚ་བོའི་ངག་མཉན་པས་ཁྱེད་མ་རུང་བར་གྱུར་ཏོ། །འོ་ན་ཅི་མངོན། སེང་གེ་རང་གི་གནས་ནས་བྱུང་ནས་རྐང་ལག་རྒྱོང་ངོ༌། །དེའི་འོག་ཏུ་གླལ་ལོ། །གླལ་ནས་ཕྱོགས་བཞིར་བལྟས་ཏེ་སེང་གེའི་སྒྲ་གསུམ་བསྒྲགས་པ་ནས་ཁྱེད་ཀྱི་མདུན་དུ་འོངས་དང༌། དེ་ན་བདག་འདིས་བསད་དོ་སྙམ་དུ་རིག་པར་བྱོས་ཤིག །དེ་ནས་སེང་གེའི་ནག་དུ་སོང་བ་དང་རྣ་བ་ཕབ་སྟེ་འདུག་པ་དང༌། སེང་གེས་ཞང་པོ་རླུང་དྲོ་བ་གདུག་བ་མ་ལངས་སམ་ཞེས་སྨྲས་པ་དང༌། ཚ་བོ་རླུང་རབ་ཏུ་ཚ་བ་ལངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱུ་མཆོག་ན་རེ་འདིའི་མས་ངའི་མ་བསད་དེ་རྩའི་སེང་གེ་འདི་ངས་མི་འཆོར་གྱིས་ལྟོ་དྲལ་ཏེ་བསད་དོ་ཞེས་ཟེར་བའི་ཕྱིར་རོ། །དེས་ཞང་པོ་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ནས་ཁྱེད་གཉིས་སུའི་ངག་ཀྱང་མཉན་ཅིག་ཅེས་བསྒོའོ་ཞེས་པའི་བར་དུ་སྔ་མ་བཞིན་དུ་སྨྲས་པ་དང༌། དེས་སྨྲས་པ། ཚ་བོ་བདག་གིས་བསྒོ་བ་མ་ཉན་པས་ཁྱོད་མ་རུང་བར་འགྱུར་རོ། །འོ་ན་ཅི་མངོན་ཁྱུ་མཆོག་རང་གི་གནས་ནས་ཕྱུང་སྟེ་རྐང་ལག་རྐྱོང་ངོ༌། །དེའི་འོག་ཏུ་འབོད་དོ། །བོས་ནས་ས་འཐོར་རོ། །དེ་ནས་སྒྲ་ཕྱུང་སྟེ་ཁྱོད་ཀྱི་གན་དུ་འོང་བ་དང༌། དེ་ནས་བདག་འདིས་བསད་དོ་སྙམ་དུ་རིག་པར་བྱོས་ཤིག །དེ་གཉིས་རྟག་ཏུ་ཡང་དེ་བཞིན་བྱེད་མོད་ཀྱི་ནམ་ཡང་མཚན་མར་མ་བཟུང་ངོ༌། །དེ་ནས་དུས་གཞན་ཞིག་ན་རི་དགས་ཀྱི་རྒྱལ་པོ་


DTG156_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་གནས་ནས་བྱུང་ནས་རྐང་ལག་རྐྱོང་གོང་མ་བཞིན་དུ་གླལ། ཕྱོགས་བཞིར་བལྟས། སྒྲ་ཆེན་པོ་གསུམ་ཕྱུང་ནས་ཁྱུ་མཆོག་གི་གནས་སུ་འོང་ངོ༌། །ཁྱུ་མཆོག་ཀྱང་གོང་དུ་སྨོས་པ་བཞིན་དུ་སེང་གེའི་མདུན་དུ་འོངས་པ་དང༌། ཁྱུ་མཆོག་ཀྱང་འདིས་ནི་བདག་བསད་དོ་སྙམ་དུ་བསམས། སེང་གེ་ཡང་འདི་ནི་ཝ་ཟེར་བ་བཞིན་དུ་འོངས་པས་ན་འདིས་ནི་བདག་བསད་དོ་སྙམ་ནས། སེང་གེས་ཁྱུ་མཆོག་གི་ནོག་ཏུ་གཅིག་བསྣུན་པ་དང༌། ཁྱུ་མཆོག་གིས་ཀྱང་སེང་གེའི་ལྟོར་གཅིག་བསྣུན་ནས་ལྟོ་དྲལ་ཏེ་གཉིས་ཀ་ཤི་ནས་ལྷས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་བོ་མ་རབས་བསྟེན་ན་ནི། །མིག་གིས་བཟང་པོ་མཐོང་མི་འགྱུར། །སེང་གེ་ཁྱུ་མཆོག་མཛའ་བ་ལ། །ཝ་ཡིས་ཐ་དད་ཕྱེ་ལ་ལྟོས། །དགེ་སློང་མ་དག་བྱོལ་སོང་དུ་གྱུར་པ་དེ་གཉིས་ཀྱང་ཕྲ་མ་ཞུགས་པ་ལས་གསོད་པའི་སེམས་བྱུང་ན། མི་ལྟ་སྨོས་ཀྱང་ཅི་དགོས་ཀྱི་དེ་བས་ན་ཕྲ་མ་མ་བྱེད་ཅིག །དགེ་སློང་མས་དགེ་སློང་མ་ལ་ཕྲ་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་མ་དག་སྔོན་བྱུང་བ་ནགས་ཚང་ཚིང་ཞིག་ན་སེང་གེ་ཕྲུ་གུར་བཅས་པ་དང༌། སྟག་ཕྲུ་གུར་བཅས་པ་ཞིག་འདུག་པ་ལས་སེང་གེ་མོ་བཟས་ལ་སོང་བ་དང༌། དེའི་ཕྲུ་གུ་དེ་འཁྱམས་པ་ལས་སྟག་གི་ཚང་དུ་འོངས་སོ། །སྟག་གིས་མཐོང་ནས་བསད་དོ་སྙམ་པ་དང༌། ཡང་བསམས་པ་འདི་བདག་གི་བུ་འདིའི་གྲོགས་སུ་རུང་གིས་བསད་པར་མི་བྱའོ་སྙམ་ནས་དེས་དེ་ལ་ནུ་མ་སྣུན་པར་བརྩམས་སོ། །སེང་གེ་མོས་ཀྱང་སྤྱོད་ཡུལ་དུ་བརྒྱུས་ནས་འོངས་པ་དང༌། ཕྲུ་གུ་མི་སྣང་ནས་བཙལ་བ་ན་སྟག་མོས་སྣུན་པར་མཐོང་ངོ༌། །མཐོང་ནས་རང་ཉིད་སྐྲག་སྟེ་འབྲོས་པར་བརྩམས་པ་དང༌། དེ་ལ་སྟག་མོས་སྨྲས་པ། ནུ་མོ་མ་འབྲོས་ཤིག་དང་ལྷན་ཅིག་ཏུ་འཁོད་པར་བྱ་སྟེ། འདི་ལྟར་ཁོ་མོས་སྤྱོད་ཡུལ་དུ་སོང་བ་ན་ཁྱོད་ཀྱིས་ཁོ་མོའི་ཕྲུ་གུ་ལ་མཁོ་བ་སྟོབས་ཤིག །གལ་ཏེ་ཁྱོད་ཀྱིས་སྤྱོད་ཡུལ་དུ་འགྲོ་བར་གྱུར་ན། ཁོ་མོས་ཀྱང་ཁྱོད་ཀྱི་ཕྲུ་གུ་ལ་མཁོ་བ་བསྟབ་པར་བྱའོ། །དེས་ཀྱང་དེ་སྐད་ཐོས་ནས་དེ་བཞིན་བརྩམས་པར་ཁས་བླངས་ཏེ་ལྷན་ཅིག་ཏུ་འཁོད་དོ། །དེ་གཉིས་ཀྱིས་སེང་གེའི་ཕྲུ་གུའི་མིང་ནི་མཆེ་བཟངས་ཞེས་བྱ་བ་


DTG156_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྟག་གི་ཕྲུ་གུའི་མིང་ནི་དཔུང་བཟངས་ཞེས་བྱ་བར་བཏགས་ནས་བསྐྱེད་བསྲིངས་པས་ཆེར་སོན་པར་གྱུར་ཏོ། །དུས་གཞན་ཞིག་ན་སེང་གེ་མོ་དང་སྟག་མོ་གཉིས་ནད་ཀྱིས་བཏབ་ནས་འཆི་ཁར་བུ་གཉིས་ལ་ཁ་ཆེམས་གོང་མ་བཞིན་སྨྲས་ནས་དུས་བྱས་སོ། །སེང་གེ་དང་སྟག་གཉིས་ནི་རྟག་ཏུ་ཤ་དང་ཁྲག་དག་ཟོས་ཤིང་འཐུངས་ནས། སེང་གེ་ནི་མྱུར་བ་མྱུར་བས་ཚང་དུ་འཇུག་ཅིང་སྟག་ནི་ཡུན་རིང་པོས་ཕྱི་ནས་འོངས་སོ། །དུས་གཞན་ཞིག་ན་སྟག་གིས་ལྷག་རོལ་སྦས་པ་དེ་ཟོས་ནས་མྱུར་དུ་འོངས་པ་དང༌། དེ་ལ་སེང་གེས་སྨྲས་པ། ཁྱོད་སྔོན་ཆད་ཡུན་རིང་པོས་ཕྱི་ནས་འོངས་ལ། དེང་མྱུར་དུ་འོངས་བ་འདི་ལ་རྒྱུ་ཅི་ཡོད་ཅེས་དྲིས་པ་དང༌། སྟག་གིས་སྨྲས་པ། ཁོ་བོས་ལྷག་རོལ་སྦས་པར་གྱུར་པ་དག་ཟོས་ནས་འོངས་སོ། །སེང་གེས་སྨྲས་པ། ཁོ་བོས་ནི་རི་དགས་དམ་པ་དག་བསད་ནས་ཤ་དམ་པ་དག་ཟོས་ཤིང་ཁྲག་དམ་པ་དག་འཐུངས་ནས་ལྟོས་པ་མེད་པར་འགྲོའོ། །སྟག་གིས་སྨྲས་པ། ཁྱོད་ནི་སྟོབས་དང་ལྡན་པ་ཡིན་གྱི། ཁོ་བོས་ནི་དེ་ལྟར་བྱེད་པར་མི་ནུས་སོ། །སེང་གེས་དེ་ལ་བདག་ཅག་ལྷན་ཅིག་འདོང་ངོ་ཞེས་སྨྲས་ནས་ལྷན་ཅིག་འགྲོ་བར་བརྩམས་སོ། །ཡང་སེང་གེ་དེ་ལ་ཝ་རྒན་པོ་ལྷག་མ་ཟབ་ཅིག་ཕྱི་བཞིན་དུ་འབང་བ་དེས་བསམས་པ། སྟག་འདི་ནི་བདག་གི་ལྟོའི་དགྲ་ཡིན་གྱིས། འདི་གཉིས་ཀྱི་བར་དུ་དབྱེན་བྱའོ་སྙམ་ནས། སེང་གེའི་མདུན་དུ་འདུག་པ་དང་དྲིས་ལན་སྔ་མ་བཞིན་ལས། སྟག་འདི་ན་རེ་ཁོ་བོའི་རྩ་བའི་སེང་གེ་དེ་གར་སོང༌། དེས་ཁོ་བོ་ལ་ལྷག་མ་ཟར་བཅུག་གིས་ངས་དེ་ངེས་པར་གསད་པར་བྱའོ་ཞེས་ཟེར་རོ། །སེང་གེས་སྨྲས་པ་ཞང་པོ་དེ་སྐད་མ་ཟེར་ཅིག །ངེད་གཉིས་ལ་མ་གཉིས་ཀྱིས་འཆི་བའི་ཁར་བསྒོ་བ་ཞེས་པ་ནས་བདག་འདིས་གསོད་དོ་སྙམ་དུ་རིག་པར་གྱིས་ཤིག་གི་བར་གོང་དུ་ཁྱུ་མཆོག་ལ་སྨྲས་པའི་སྐབས་བཞིན་སྦྱར་རོ། །དེའི་འོག་ཏུ་ཡང་སྟག་གི་མདུན་དུ་འདུག་པ་དང་དྲིས་ལན་སྔ་མ་བཞིན་ལས། སེང་གེ་འདི་ན་རེ་ཁོ་བོའི་རྩ་བའི་སྟག་དེ་གར་སོང་དེ་ངེས་པར་གསད་པར་བྱའོ་ཞེས་ཟེར་རོ། །སྟག་གིས་སྨྲས་པ། ཞང་པོ་དེ་སྐད་མ་ཟེར་ཅིག །ངེད་གཉིས་ལ་མ་གཉིས་ཀྱིས་འཆི་བའི་ཁར་བསྒོ་


DTG156_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་པ་ནས་བདག་འདིས་གསོད་དོ་སྙམ་དུ་རིག་པར་གྱིས་ཤིག་གི་བར་དུ་ཡང་གོང་མ་བཞིན་སྦྱར་རོ། །དེ་གཉིས་རྟག་ཏུ་དེ་བཞིན་བྱེད་མོད་ཀྱི་ནམ་ཡང་མཚན་མར་མ་བཟུང་ངོ༌། །དེ་ནས་དུས་གཞན་ཞིག་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་དེས་གནས་ནས་བྱུང་ནས་རྐང་ལག་རྐྱོང༌། དེའི་འོག་ཏུ་གླལ། དེ་ནས་བལྟས། སྒྲ་ཆེན་པོ་ཐང་གསུམ་ཕྱུང་ནས་སྟག་གི་མདུན་དུ་འོངས་སོ། །སྟག་གིས་ཀྱང་དེ་བཞིན་དུ་བྱས་ནས། སེང་གེའི་མདུན་དུ་འོངས་པ་ན། གང་གི་ཚེ་རྒྱུད་ལ་དབྱེན་གྱི་ས་བོན་བཏབ་པ་དེས་མཚན་མར་བཟུང་ནས་སེང་གེས་བསམས་པ། འདིས་ནི་བདག་གསོད་དོ་སྙམ་པ་དང༌། སྟག་གིས་ཀྱང་འདིས་ནི་བདག་གསོད་དོ་སྙམ་དུ་བསམས་སོ། །ཡང་སེང་གེས་བསམས་པ། བདག་ནི་སྟོབས་དང་ལྡན་ལ། སྟག་འདི་ནི་དེ་ལྟ་མ་ཡིན་ན་འདིས་བདག་རྒོལ་མི་ནུས་ཀྱིས་ཇེ་བརྟག་པར་བྱའོ་སྙམ་ནས་ཚིགས་སུ་བཅད་པས་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང༌། །རྩལ་དང་ཤུགས་དང་ལྡན་པ་ཡི། །མཆེ་བཟངས་ལ་ནི་རྒོལ་བྱེད་པའི། །དཔུང་བཟངས་དེ་ནི་ལེགས་པ་ཡིན། །སྟག་གིས་ཀྱང་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང༌། །རྩལ་དང་ཤུགས་དང་ལྡན་པ་ཡི། དཔུང་བཟངས་ལ་ནི་རྒོལ་བྱེད་པ། །མཆི་བཟངས་དེ་ནི་ལེགས་པ་ཡིན། །སེང་གེས་ཁྱོད་ལ་དེ་སྐད་སུ་ཟེར་ཞེས་སྨྲས་པ་དང༌། དེས་སྨྲས་པ་ཝ་འདིའོ། །སྟག་གིས་ཁྱོད་ལ་དེ་སྐད་སུ་ཟེར་ཞེས་སྨྲས་པ་དང༌། དེས་སྨྲས་པ་ང་ལ་ཡང་ཝ་འདིས་སོ། །སེང་གེས་བསམས་པ་འདི་ནི་ངེད་ཀྱི་དབྱེན་བྱས་སོ་སྙམ་ནས། དེ་ནས་ཝ་དེ་ལ་ཐལ་མོ་ཅིག་བསྣུན་ཏེ་བསད་པ་དང༌། ལྷས་ཚིགས་སུ་བཅད་པ་སྨྲས་པ། གཞན་གྱི་ཚིག་གིས་མཛའ་བོ་སྤང་མི་བྱ། །གཞན་གྱི་སྨྲས་པ་རྣམས་ལ་བརྟག་པར་བྱ། །འབྱེད་པར་འདོད་པ་རྣམས་ནི་སྐབས་ཚོལ་གྱིས། །དེ་བས་དབྱེན་ཅན་སྐྱེ་བོ་བསྟེན་མི་བྱ། །ཝ་འདི་ཐ་མ་ཐ་ཤལ་ཏེ། །ཝ་ནི་བརྫུན་དུ་སྨྲ་བ་ཡིན། །མཛའ་བོ་འབྱེད་པ་ཕྲ་མ་ཅན། །བསད་པས་གཉི་ག་བདེ་བར་འགྱུར། །དགེ་སློང་མ་རྣམས་སྲོག་ཆགས་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་དེ་གཉིས་ཀྱང་ཕྲ་མ་ཞུགས་པས་བསད་པའི་སེམས་སུ་གྱུར་ན་མིར་གྱུར་ནས་མིར་གྱུར་པ་ལྟ་ཅི་སྨོས་ཀྱིས། དེ་ལྟ་བས་ན་དགེ་སློང་མས་དགེ་


DTG156_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་ལ་ཕྲ་མར་སྨྲ་བ་ལ་མ་འཇུག་ཤིག །དགེ་སློང་མས་དགེ་སློང་མ་ལ་ཕྲ་མ་སྨྲས་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ནས་སྟོན་པས་རྣམ་པ་དུ་མས་སྨད་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་དགེ་སློང་མ་ལ་ཕྲ་མ་བྱེད་ན་ལྟུང་བའོ། །ཕྲ་མ་ཞེས་བྱ་བ་ནི་ཕྲ་མ་བྱ་བར་བསམས་ཏེ་ཚིག་ཏུ་བརྗོད་པའོ། །གཞན་ནི་གོང་མ་བཞིན་ནོ། །ཉེས་པ་ཇི་ལྟ་ཞེ་ན། མདོར་ན། རིགས་དང་བཟོ་དང་ལས་རྣམས་དང༌། །མཚན་མ་དག་དང་ནད་དང་ལྔ། །ལྟུང་བ་ཉེ་བའི་ཉོན་མོངས་དང༌། །ངན་དུ་སྨྲ་བ་ཐ་མའོ། །ཐ་ག་སྐུད་རིས་གཟོད་མཁན་དང། །ལྕགས་དང་མགར་མཁན་ལྷམ་མཁན་དང༌། །རྫ་མཁན་འདྲེག་མཁན་ཤིང་མཁན་དང༌། །སྨིག་མ་མཁན་དང་བྲན་རིགས་སོ། །དགེ་སློང་མ་ཕྲ་མ་བྱ་བར་བསམས་ནས་ཚེ་དང་ལྡན་པ་ཁྱོད་བྲམ་ཟེ་ལས་རབ་ཏུ་བྱུང་བས་ན། ཁྱོད་ལ་དགེ་སྦྱོང་དང་ཚངས་པ་ག་ལ་ཡོད་ཅེས་འཛེར་ཏོ། །དགེ་སློང་མ་གང་ལ་མིང་འདི་ཞེས་བྱ་རུས་འདི་ཞེས་བྱའོ་ཞེས་མིང་ནས་བརྗོད་དེ་དེ་སྐད་དུ་སྨྲ་ན་ཉེས་བྱས་སུ་འགྱུར་རོ། །རྒྱལ་རིགས་ཀྱང་དེ་བཞིན་དུ་བཤད་དོ། །རྗེའུ་རིགས་ལ་སོགས་པ་མིང་ནས་བརྗོད་ན་ལྟུང་བར་འགྱུར་རོ། །ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །མདོར་ན་གོང་དུ་དྲུག་པོ་ལས་གང་ཡང་རུང་སྟེ། ཁྱོད་ལ་ཡོད་དོ་ཞེས་ཁ་ཟེར། གཅིག་ལ་གཅིག་ཕར་མ་ཟེར་ཞིང་གང་ཟག་འབྱེད་པའོ། །ལྟུང་བ་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བཅུ་གཉིས་སྡེ་དག་དགེ་འདུན་མ་མཐུན་པས་ཆོས་བཞིན་རྩོད་པ་སྤང་བར་ཤེས་བཞིན་དུ་སླར་ཡང་ལས་དེ་སྐྱོ་སྔོགས་བྱེད་དོ། །རྩོད་པ་འདི་ནི་ལེགས་པར་མ་སྤངས་ལ་གདོད་སྤང་བར་བྱའོ། །འདི་ནི་ལེགས་པར་མ་སྦྱངས་ཀྱི། སླར་ཡང་སྦྱང་དགོས་སོ། །འདི་ནི་ལེགས་པར་ཞི་བར་མ་བྱས་ཀྱི་སླར་ཡང་ཞི་བར་བྱ་དགོས་སོ་ཞེས་དགེ་སློང་མ་རྣམས་ལ་རྩོད་པ་ཡང་ལས་ཀྱི་སྐྱོ་སྔོགས་བྱས་པས་བྱ་བ་དང་བྱེད་པ་མང་བར་གྱུར་པས། ཀླག་པ་དང་རྣལ་འབྱོར་དང་ནང་དུ་སེམས་ཞི་བར་བྱ་བ་གཏང་བས་དེ་ལྟ་བུར་གྱུར་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བསླབ་པའི་གནས་བཅས་སོ། །ཡང་


DTG156_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མི་མཐུན་པས་ཆོས་བཞིན་དུ་རྩོད་པ་སྤངས་པར་ཤེས་ལ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའོ། །མཐུན་ཞེས་བྱ་བ་ནི་གཅིག་ཏུ་མཐུན་པའོ། །ཆོས་བཞིན་ཞེས་བྱ་བ་ནི་ཇི་ལྟར་འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བའོ། །རྩོད་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། འཁྲུག་པའི་རྩོད་པ་དང༌། མི་སྟོན་པའི་རྩོད་པ་དང༌། ཉེས་པས་རྩོད་པ་དང༌། བྱ་བའི་རྩོད་པའོ། །སྤངས་པར་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུའོ། །ཤེས་ལ་ཞེས་བྱ་བ་ནི་རང་གིས་རིག་པར་གྱུར་པ་དང༌། གཞན་གྱིས་བསྒོ་བའོ། །ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ཅེས་བྱ་བ་ནི་སླར་ཡང་བྱེད་པར་འདོད་པའོ། དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་མས་འཁྲུག་པའི་རྩོད་པ་ལ་འཁྲུག་པའི་རྩོད་པར་འདུ་ཤེས་ཤིང་སྤངས་པ་ལ་སྤངས་པར་འདུ་ཤེས་པ་དང༌། སྤངས་པ་ལ་ཐེ་ཚོམ་དུ་གྱུར་པ་ཞིག་གིས་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བར་འགྱུར་རོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་པ་དང༌། མ་སྤངས་པ་ལ་ཐེ་ཚོམ་སྟེ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །དགེ་སློང་མས་འཁྲུག་པའི་རྩོད་པ་ལ་མི་སྟོན་པར་འདུ་ཤེས་ཤིང༌། སྤངས་པ་ལ་སྤངས་པར་འདུ་ཤེས་པ་དང་སྤང་བ་ལ་ཐེ་ཚོམ་སྟེ། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བར་འགྱུར་རོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་པ་དང༌། དེ་བཞིན་དུ། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་འཁྲུག་པའི་རྩོད་པ་ལ་མི་སྟོན་པའི་རྩོད་པར་འདུ་ཤེས་ཀྱང་རུང༌། ཉེས་པའི་རྩོད་པ་དང༌། བྱ་བའི་རྩོད་པར་འདུ་ཤེས་ཀྱང་རུང༌། ལྟུང་བ་གཉིས་དང་ཉེས་བྱས་གཉིས་སོ། །དེ་བཞིན་དུ་མི་སྟོན་པའི་རྩོད་པ་ལ་མི་སྟོན་པའི་རྩོད་པར་འདུ་ཤེས་པ་དང༌། མི་སྟོན་པའི་རྩོད་པ་ལ་འཁྲུག་པ་དང༌། ཉེས་པ་དང༌། བྱ་བའི་རྩོད་པར་འདུ་ཤེས་པ་འང་གོང་མ་བཞིན་དུ་བཤད་དོ། །དེ་བཞིན་དུ་ཉེས་པའི་རྩོད་པ་དང་བྱ་བའི་རྩོད་པ་གཉིས་ལ་གཅིག་ཅིང་ཡང་བཞི་བཞི་སྟེ། ལྟུང་བ་དང་ཉེས་བྱས་བཞིན་དུ་སྦྱར་རོ། །གང་ཟག་ལྔ་སྟེ། ཡུན་དུ་གནས་པ་དང༌། ལས་བྱེད་པ་དང༌། དད་པས་འབུལ་བ་དང༌། ཇི་ལྟ་བུར་ལྟ་


DTG156_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། གློ་བུར་དུ་ལྷགས་པའི་གང་ཟག་གོ །ཡུན་དུ་གནས་པ་ནི་རྩོད་པ་དེའི་ཐོག་མ་དང་བར་མ་དང༌། ཐ་མ་ཤེས་པའོ། ལས་བྱེད་པ་ནི་གང་དེ་ལས་བྱེད་པའོ། །དད་པ་འབུལ་བའི་གང་ཟག་ནི་གང་གིས་རྩོད་པ་དེ་ལ་དད་པ་ཕུལ་བའོ། །ཇི་ལྟར་མཐོང་བའི་གང་ཟག་ནི་རྩོད་པ་གང་ལ་རང་གིས་ཇི་ལྟར་ལྟ་བ་ལ་སོགས་པར་འདོད་པ་ལ་བཟོད་པ་ལྟ་བུར་སྨྲས་ཏེ། བདག་གིས་ནི་འདི་ལྟར་འདོད་ཅིང་བཟོད་དོ། །འདི་ལྟ་བུར་བལྟ་ཞིང་བྱ་བ་ནི་བདག་གི་འདོད་ཅིང་མི་བཟོད་དོ་ཞེས་ཟེར་བའོ། །གློ་བུར་དུ་འོངས་པའི་གང་ཟག་ནི་རྩོད་པ་དེའི་ཐོག་མ་དང་བར་མི་ཤེས་སོ། །དེ་ལྟར་ན་གང་ཟག་སྔ་མ་གསུམ་ལ་ནི་ལྟུང་བར་འགྱུར། ཐ་མ་གཉིས་ལ་ནི་རྩོད་པ་སྤང་བ་ལས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །ལྟུང་བ་བཞི་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་ཡན་ལག་གི་ནོར་བུ་ཞེས་བྱ་བ་ལ་སོགས་པའི་མཚན་བལྟ་བ་ལ་མཁས་པས་ཁྱིམ་བདག་དང་བྲམ་ཟེའི་ཁྱེའུ་དང་བུ་མོ་ལ་མཚན་བལྟ་ཞིང༌། ཁྱེའུ་དང་བུ་མོ་འདུ་དང་འདི་ཞེས་བྱ་བ་ནི་སྐྱིད་ཅིང་ལོངས་སྤྱོད་ཆེན་པོ་ལ་སོགས་པའི་དབང་དང་ལྡན། འདི་དང་འདི་ཞེས་བྱ་བ་ནི་དབང་ཐང་མེད་དོ་ཞེས་ལུང་སྟོན་ཅིང་ཁ་ཀྱལ་པ་དག་ཟེར་གཅིག་པུ་གྲོགས་མེད་པར་ཁྱིམ་བདག་དང་བྲམ་ཟེ་དག་ལ་ཆོས་འཆད་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་མ་འདི་དག་ནི་གཅིག་པུ་གྲོགས་མེད་པར་ཁྱིམ་བདག་དང་བྲམ་ཟེ་དག་ལ་ཆོས་འཆད། ཁྱེའུ་དང་བུ་མོ་ལ་སོགས་པའི་མཚན་བལྟ་ཞིང་ལུང་སྟོན། ཁ་ཀྱལ་པ་དག་ཀྱང་སྨྲའོ་ཞེས་མི་སྙན་པར་འཛེར་ཞིང་འཕྱ་སྨོད། དེ་ལྟར་གྱུར་པ་ཐོས་ནས། དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་སྨྲས་ནས། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྦོམ་དགའ་མོ་ལ་བཀའ་སྩལ་ནས་ལེགས་པ་བཅུ་གཅིག་གཟིགས་ཏེ། ངའི་ཉན་ཐོས་མ་རྣམས་ལ་འདུལ་བ་ལས་བསླབ་པའི་གནས་བཅའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་ལ་ཆོས་ཀྱི་ཚིགས་ལྔ་འམ་དྲུག་བཤད་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྷུང་


DTG156_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་སྟེ་གཞན་ཡང་དེ་དང་འདྲའོ། །གཅིག་པུ་ཞེས་པ་ལ་ཞེས་བྱ་བ་ནི་གྲོགས་མེད་པར་བྲམ་ཟེ་དང་ཁྱིམ་བདག་གི་སྐྱེས་པ་དག་ལ་ཆོས་འཆད་པའོ། །ཆོས་ཀྱི་ཚིག་ལྔའམ་དྲུག་བཤད་པ་ལ། ཆོས་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་ཆོས་བཤད་པ་ལ་བྱའོ། །ཚིག་ལྔའམ་ཞེས་བྱ་བ་ནི་ཕུང་པོ་ལྔའི་མིང་བརྗོད་པ་ཙམ་ལ་བྱའོ། །དྲུག་བཤད་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་གི་མིང་བརྗོད་པ་ཙམ་ལ་བྱའོ། །རིག་པའི་བུད་མེད་མ་གཏོགས་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཅིག་པུ་རིག་པའི་བུད་མེད་མེད་པར་སྐྱེས་པ་ལ་ཆོས་ཀྱི་ཚིག་ལྔའམ་དྲུག་ལས་ལྷག་པར་མ་འཆད་ཅེས་བཀའ་སྩལ་པ་དང༌། བཅུ་གཉིས་སྡེ་མོ་དག་རིག་པའི་བུད་མེད་ཀྱི་གོར་སྤྲ་མོ་དང་ལུག་མོ་དག་བཞག་ནས་ཁྱིམ་པ་དང་བྲམ་ཟེ་དག་ལ་ཆོས་ཀྱི་ཚིག་ལྔའམ་དྲུག་ལས་ལྷག་པར་འཆད་དོ། །དུས་ཕྱི་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གྲོང་དུ་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་གིས་ཆོས་བཤད་པར་གསོལ་ཞེས་བྱས་བ་དང༌། སྐྱེ་དགུའི་བདག་མོས་རིག་པའི་བུད་མེད་མེད་དོ་ཞེས་སྨྲས་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་གིས་སྦྲ་མོ་དང་ལུག་མོ་ལ་སོགས་པ་ཡོད་དོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་རིག་པའི་བུད་མེད་མ་གཏོགས་ཞེས་བཀའ་སྩལ་ཏོ། །རིག་པའི་བུད་མེད་ནི་མིའི་བུད་མེད་ཀྱང་ཡིན་ལ། སྐད་དང་ཡང་ལྡན་ཞིང་ལེགས་ཉེས་ཅི་སྨྲས་པ་བརྡ་ཕྲད་པ་ལ་བྱའོ། །མ་གཏོགས་ཞེས་བྱ་བ་ནི་སྤྲ་མོ་དང་ལུག་མོ་ལ་སོགས་པ་ལ་བྱའོ། །ལྟུང་བ་ནི་བརྒྱ་བརྒྱད་ཅུ་པོ་ཐམས་ཅད་འདྲ་སྟེ་ངན་སོང་གསུམ་དུ་བསྲེག་པ་དང༌། བཙོ་བ་དང༌། འཚེད་པར་འགྱུར་བས་ལྟུང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཤེས་རབ་རྣོན་པོས་ཐེ་ཚོམ་དྲིས་པའི་ལེན་འདེབས་སམ། སྨྱོས་པ་དང་ནད་ཀྱིས་གཟིར་བ་ལ་སོགས་པ་ལ་ལྷག་པར་བཤད་ཀྱང་ཉེས་པ་མེད་དོ། །ལྟུང་བ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་བཅུ་གཉིས་སྡེ་མོ་དག་བསྙེན་པར་མ་རྫོགས་པའི་དགེ་སློང་དང་ཁྱིམ་བདག་


DTG156_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཆོས་ཀྱི་ཚིག་དབྱངས་སུ་ཅིག་ཆར་བྲམ་ཟེ་དག་སྨྲང་ཀློག་པ་བཞིན་དུ་ཀློག་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་འཕྱ་སྨོད་ནས། འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་བུད་མེད་པ་བསྙེན་པར་མ་རྫོགས་པ་དང༌། ཆོས་ཀྱི་ཚིག་ཅིག་ཆར་འདོན་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་མོ་འམ་གང་གཞན་ཡང་དེ་དང་འདྲའོ། །བུད་མེད་བསྙེན་པར་མ་རྫོགས་པ་དང༌། ཆོས་ཀྱི་ཚིག་ཅིག་ཆར་ཀློག་ཅེས་བྱ་བ་ནི་དགེ་སློང་ངམ་ཁྱིམ་པ་ལ་སོགས་པ་དང༌། སངས་རྒྱས་དང་ཉན་ཐོས་ཀྱིས་བཤད་པའི་ཆོས་ཀྱི་ཚིག་དང་ཡི་གེ་གཅིག་པ་དབྱངས་རྒྱུད་གཅིག་པར་ཀློག་ན་ཚིག་ཉིད་སྔ་ཕྱིར་གྱུར་ན་འང་ལྟུང་བའོ། །དེ་ལ་གང་ཟག་གིས་གསུང་རབ་ལ་བརྟེན་ཏེ་གཙུག་ལག་ཁང་བརྩམས་པ་ལྟ་བུ་དག་ལྷན་ཅིག་ཀློག་ན་ཉེས་བྱས་སོ། །ཆོས་ཉན་པ་དང་སློབ་མ་དག་སྟེ། གཅིག་ལ་གཅིག་སྟོན་པ་དང༌། བརྗེད་ངས་པ་ལ་སྟོན་པ་དང༌། ནད་པ་དང་སེམས་འཁྲུགས་པ་ལ་སོགས་པ་ནི་ལྷན་ཅིག་ཀློག་ཀྱང་ཉེས་པ་མེད་དོ། །ལྟུང་བ་དྲུག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་ཉོན་མོངས་པ་མ་སྤངས་འདོད་ཆགས་དང་མ་བྲལ་བ་དག་ལ་ལྷག་མའི་ལྟུང་བ་དག་བྱུང་ནས་ཆོས་བཞིན་དུ་ལྷག་མའི་ཆད་པ་དང་མགུ་བ་དག་བྱེད་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་གིས་མཐོང་སྟེ། དགེ་སློང་མ་འདི་དག་ནི་རིན་པོ་ཆེ་དང་རིན་ཆེ་བསགས་པ་དང་འདྲ་སྟེ་དཀོན་མཆོག་གསུམ་ལ་མཆོད་པ་དག་བྱེད་དོ་ཞེས་པ་དང༌། བཅུ་གཉིས་སྡེ་མོ་དག་གིས་དགེ་སློང་མ་འདི་དག་ནི་ཚུལ་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་མ་ཡིན་གྱིས་ཆད་པ་དང་ཡིད་མགུ་བར་བྱེད་དོ་ཞེས་སྨྲས་པ་དང༌། དགེ་སློང་མ་དེ་དག་གི་ཉེ་གནས་དགེ་སྦྱོང་མ་དེ་དག་ཁྱིམ་པ་དང་བྲམ་ཟེ་དག་གིས་ཐོས་སོ། །དགེ་སློང་མ་དེ་དག་ཉེས་པ་ལས་ཚངས་པ་དེ་དག་གི་ཉེ་གནས་དགེ་སློང་མ་དག་ལ་བྱིན་ལེན་ལ་སོགས་པ་བྱོས་ཤིག་ཅེས་སྨྲས་པ་དང༌། དགེ་སློང་མ་དེ་དག་གིས་ཁྱེད་ནི་ལྟུང་བ་ཆེན་པོ་ཡང་བྱེད་ན། བྱིན་ལེན་བྱ་ཅི་དགོས་ཞེས་ཕྱིར་འཁྱལ་ལོ། །དེ་ལྟར་གྱུར་པ་བཅོམ་ལྡན་


DTG156_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངང་ལེན་གྱི་ཉེས་པ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་མོ་སྟེ་གང་གཞན་ཡང་དེ་དང་འདྲའོ། །བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངང་ལེན་གྱི་ཉེས་པ་བརྗོད་ཅེས་བྱ་བ་ནི་བསྙེན་པར་མ་རྫོགས་པའི་དགེ་སྦྱོང་མན་ཆད་ཀྱི་ཁྱིམ་པ་ལ་བྱའོ། །གནས་ངན་ལེན་ཞེས་པ་ནི་ཕས་ཕམ་པ་དང་ལྷག་མའི་ཉེས་པ་ལ་བྱའོ། །དེ་ལ་ཕས་ཕམ་པ་ལ་སོགས་པའི་ཉེས་པ་ཁྱིམ་པ་ལ་སོགས་པས་མི་ཤེས་སོ་སྙམ་སྟེ། གནས་ངན་ལེན་གྱི་ཉེས་པ་བརྗོད་ན་ལྟུང་བའོ། །མི་ཤེས་པ་ལ་ཐེ་ཚོམ་ནའང་ལྟུང་བའོ། །མི་ཤེས་པ་ལ་མི་ཤེས་སོ་སྙམ་ནའང་ཉེས་བྱས་སོ། །ཤེས་པ་ལ་ཐེ་ཚོམ་ནའང་ཉེས་བྱས་སོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་མ་དྲང་མོ་ཉེས་པ་མེད་པ་ལ་དགེ་སློང་མ་དག་གིས་གསོལ་བ་དང་ཞུ་བའི་ལས་ཀྱིས་དེའི་ཉེས་པ་སྒྲོགས་སུ་མ་བཅུག་པ་ལྟ་བུ་ལ་ནི་ཉེས་པ་མེད་དོ། །ལྟུང་བ་མན་ཆད་ཀྱི་ཉེས་པ་དགེ་འདུན་གྱིས་སྒྲོགས་སུ་བཅུག་པར་བསྙེན་པར་རྫོགས་པའི་གང་ཟག་ལ་སོགས་པ་ལ་བརྗོད་ན་ཉེས་བྱས་སོ། །ནད་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །ལྟུང་བ་བདུན་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་གནས་བརྟན་གནས་བརྟན་མ་བླ་མའི་ཁྱད་པར་ཐོབ་པ་གང་དག་ཡུལ་གཞན་ཞིག་ཏུ་ཚུལ་དུ་ཞུགས་སོ། །དེའི་དུས་ན་མུ་གེ་བྱུང་སྟེ་བསོད་སྙོམས་ལ་སོགས་པ་རྙེད་པར་དཀའ་ནས་གནས་བརྟན་མ་དེ་དག་གིས་གཅིག་ལ་གཅིག་བསྟོད་ཅིང་བླ་མའི་ཁྱད་པར་ཐོབ་པ་རྣམས་གཞན་ལ་སྨྲས་པ་དང༌། བསོད་སྙོམས་ཀྱིས་ཀྱང་མ་བྲེལ་བར་གྱུར་ཏོ། །ཚུལ་ནས་བྱུང་ནས་ཡངས་པ་ཅན་དུ་སོང་བ་དང༌། དགེ་སློང་མ་དག་གིས་བདེ་བར་འོངས་སམ། དབྱར་གནས་པའི་ཚེ་བསོད་སྙོམས་དག་གིས་བྲེལ་བར་མ་གྱུར་ཏམ་ཞེས་དྲིས་པ་དང༌། ཇི་ལྟར་གྱུར་པ་རྒྱས་པར་སྨྲས་སོ། །དོན་ཉུང་བའི་དགེ་སློང་དག་ཟང་ཟིང་


DTG156_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱི་ཕྱིར་མི་ལས་བླ་མར་གྱུར་པའི་ཡོན་ཏན་རྣམས་གཞན་ལ་སྨྲའོ་ཞེས་འཕྱ་སྨོད་དོ། །དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལའོ་ཞེས་བྱ་བ་ནས་འདུལ་བ་ལ་བསླབ་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པའི་གང་ཟག་ལ་མིའི་ཆོས་ལ་བླ་མར་གྱུར་པ་བདེན་པ་བརྗོད་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་གནས་བརྟན་མ་དག་གམ། གང་གཞན་ཡང་དེ་དང་འདྲ་བ་དག་གོ །བསྙེན་པར་མ་རྫོགས་པའི་གང་ཟག་ཅེས་བྱ་བ་ནི་གོང་མ་དང་འདྲའོ། །མིའི་ཆོས་ལ་བླ་མར་གྱུར་པ་བདེན་པ་བརྗོད་ན་ཞེས་བྱ་བ་ནི། མི་ལས་བླ་མར་གྱུར་པ་འཕགས་པའི་ཆོས་ཀྱི་ཁྱད་པར་བདག་གིས་ངེས་པར་རྫོགས་པ་རྣམས་ཟང་ཟིང་ཅུང་ཟད་ཀྱི་ཕྱིར། བསྙེན་པར་མ་རྫོགས་པའི་གང་ཟག་ལ་སྨྲས་ན་ལྟུང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མ་དད་པ་རྣམས་དད་པ་བསྐྱེད་པའི་ཕྱིར་སྨྲས་སམ། སྨྱོས་པ་དང་སེམས་འཁྲུགས་པ་ལ་སོགས་པ་ལ་ནི་ཉེས་པ་མེད་དོ། །ལྟུང་བ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་ཆོས་སྦྱིན་མ་ཞེས་བྱ་བ་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་དེ། ཆོས་གོས་ལ་སོགས་པ་ཡང་དེངས། ཅུང་ཟད་ཅི་རྙེད་པ་ལ་སོགས་པ་ཡང་དཀོན་མཆོག་གསུམ་ལ་འབུལ་ལོ། །དུས་ཕྱི་ཞིག་ན་དགེ་འདུན་རྣམས་ལ་གོས་ཀྱི་རྙེད་པ་ཞིག་གྲུབ་པ་དང༌། དགེ་སློང་མ་རྣམས་ཀྱིས་གོས་ཀྱི་རྙེད་པ་འདི་ཆོས་སྦྱིན་མ་ལ་སྩལ་ཏོ་ཞེས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་འདུས་ཏེ་མཐུན་པར་གྱིས་ལ་གསོལ་བ་དང་ཞུ་བའི་ལས་ཀྱིས་གོས་རྙེད་པ་ཆོས་སྦྱིན་མ་ལ་བྱིན་ཅིག་ཅེས་བཀའ་སྩལ་པ་དང༌། དེ་བཞིན་བྱིན་ནོ། །དེའི་འོག་ཏུ་དགེ་སློང་མ་སྦོམ་དགའ་མོས་བཅུ་གཉིས་སྡེ་ལ་སྨྲས་པ། དགེ་སློང་མ་འདི་དག་ནི་དགེ་འདུན་གྱིས་རྙེད་པའི་གོས་མཛའ་བའི་ཕྱིར་གང་ཟག་བདག་གིར་བསྡོས་སོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་མའི་དགེ་སློང་མ་དག་ཐོས་ནས་སྔར་མཐུན་པར་བྱས་པའི་འོག་ཏུ་མི་སྙན་པར་སྨྲའོ་ཞེས་འཕྱ་སྨོད་དེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལའོ་ཞེས་བྱ་བའི་བར་དུ་སྔ་མ་


DTG156_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཡང་དགེ་སློང་མ་གང་སྔར་མཐུན་ཏེ་རུང་བར་བྱས་པ་ལས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་ཏེ། དགེ་སློང་མ་དག་ལ་འདི་ལྟར་འཕགས་མ་དག་གིས་མཛའ་བའི་ཕྱིར་དགེ་འདུན་ལ་བསྡོས་པའི་རྙེད་པ་གང་ཟག་བདག་གིར་བསྡོས་སོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །སྔར་མཐུན་ཏེ་རུང་བར་བྱས་ཞེས་བྱ་བ་ནི་སྔར་ཡིད་མཐུན་པར་བྱས་ཏེ་དད་པ་ཕུལ་ནས་བྱིན་པའོ་ཞེས་བྱ་བའི་ཐ་ཚིག་གོ །མཛའ་བའི་ཕྱིར་དགེ་འདུན་ལ་བསྡོས་པའི་རྙེད་པ་གང་ཟག་བདག་གིར་བསྡོས་པ་ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མ་མཛའ་བ་འམ། སློབ་དཔོན་དང་མཁན་པོ་གཅིག་པར་མཛའ་བའི་ཕྱིར་དགེ་འདུན་གྱི་རྙེད་པ་གང་ཟག་གིར་བྱས་པ་ལ་བྱའོ། །དེ་ལ་དགེ་འདུན་མཐུན་པར་མ་བྱས་པར་བདེན་པ་ལྟ་བུ་ལ་མཛའ་བའི་ཕྱིར་བསྡོས་ཞེས་སྨྲ་འམ། སྨྱོས་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལྟུང་བ་དགུ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་དག་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་དང༌། བཅུ་གཉིས་སྡེ་དག་གིས་བསླབ་པ་ཕྲ་མོ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་གདོན་ཅི་དགོས་གང་གིས་ཉེས་པ་བྱས་པ་དག་གིས་ཉེས་པའི་དངོས་པོ་དང༌། གང་ཟག་དང་གྲོང་དང་ཡུལ་གྱི་ཕྱོགས་ལ་སོགས་པ་མངོན་དུ་བལྟར་སྣང་བས། བསྒྲག་དགོས་ནའང་དེ་དག་ལ་བསྒྲག་པའི་རིགས། ཡང་གཅིག་ཏུ་ན་ཉེས་པ་དང་བཅས་པ་དག་ནི་ཐོས་ནས་ཕྱིར་མི་དགའ་བར་འགྱུར། ཉེས་པ་མེད་པ་དག་ལ་མི་མཛའ་བར་འགྱུར་རོ་ཞེས་སྨྲས་པ་དང༌། དོན་ཉུང་ངུ་བའི་དགེ་སློང་མ་དག་བཅུ་གཉིས་སྡེ་མོ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པ་ཡང་ཁྱད་དུ་གསོད་དོ་ཞེས་འཕྱ་ཞིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ཚེ་བསླབ་པ་ཁྱད་དུ་བསད་ནས་དགེ་སློང་མ་རྣམས་ལ་ཚེ་དང་ལྡན་མ་དག་དགེ་སློང་མ་རྣམས་འགྱོད་པ་དང་ཞུམ་པ་དང༌། བག་འཆུམས་པ་དང༌། གནོད་པ་དང༌། ཡིད་ལ་གཅགས་པར་འགྱུར་བ་བསླབ་པའི་གནས་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་


DTG156_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ན་འདོན་ཅི་དགོས་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །འགྱོད་པ་དང་ཞུམ་པ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་གི་རྣམ་གྲངས་སོ། །བསླབ་པའི་གནས་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའི་སྤྱི་ལ་བྱའོ། །ཕྲན་ཚིགས་ཞེས་བྱ་བ་ནི་ལྟུང་བ་ལ་བྱའོ། །རབ་ཏུ་ཕྲན་ཚེགས་ཞེས་བྱ་བ་ནི་ཉེས་བྱས་ལ་བྱའོ། །དེ་ལ་མདོ་སྡེ་ལ་སོགས་པའི་ནང་ནས་འདུལ་བའི་བསླབ་པར་གཏོགས་པར་འབྱུང་བ་དཔེར་ན་བཅོམ་ལྡན་འདས་བྲམ་ཟེ་དམར་པོ་ལས་གླེངས་ཏེ་མིག་མངས་དང་རྒྱན་པོ་ལ་སོགས་པ་མི་བྱའོ་ཞེས་བྱ་བའི་བསླབ་བ་ཚིག་ལྟ་བུ་དག་འདོན་པའི་ཚེ་འདི་དག་ཅི་དགོས་ཞེས་ཁྱད་དུ་གསོད་ན་ཉེས་བྱས་སོ། །ཟླ་མཚན་ཟག་པའི་དུས་དག་ལྟ་བུ་འམ་སྤྱོས་པ་ལ་ཉེས་པ་མེད་དོ། །ལྟུང་བ་བཅུ་པ་རྫོགས་སོ།། །།མདོར་བསྟན་པ་ནི། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་ཕྱིས་གནོན་དང༌། །འབྱུང་སླ་བ་དང་འདེབས་པ་དང། །རིམ་པ་གཉིས་སུ་རྩིག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་ཤིང་མཁན་ལས་རབ་ཏུ་བྱུང་བ་ཅིག་ཤིང་དག་གཅོད་ཅིང་ཤིང་གི་ལས་བྱེད་པ་དང་ཤིང་ལ་གནས་པའི་ལྷ་དག་གནས་བཤིག་གོ་ཞེས་མི་དགའ་ནས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་མ་གཅོད་ཅིག་ཅེས་བསླབ་པ་བཅས་པ་དང༌། དགེ་སློང་མ་བཅུ་གཉིས་སྡེ་མོ་དག་དེད་ཀྱི་ཕྱིར་འདུལ་བ་ལ་མ་བཅས་སོ་ཞེས་རྩ་དག་གཅོད་ས་བོན་གྱི་ཚོགས་དག་འཇིག་ཏུ་བཅུག་པ་དང༌། དོན་ཉུང་ངུ་བའི་དགེ་སློང་མ་དག་འཕྱ་སྨོད་དོ། །དེ་ལྟར་གྱུར་པ་ནས་འདུལ་བ་ལ་བཅའ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་བཅུག་ན་ལྟུང་བའོ། །དེ་ལ་ས་བོན་གྱི་ཚིགས་ཞེས་བྱ་བ་རྣམ་པ་ལྔ་སྟེ་རྩ་བ་དང་སྡོང་བུ་དང༌། རྩེ་མོ་དང༌། འགས་པ་དང༌། ས་བོན་གྱི་ཡང་ས་བོན་ནོ། །དེ་ལ་རྩ་བའི་ས་བོན་ལ་ས་བོན་དུ་འང་འདུ་ཤེས་ལ་སྐྱེ་བར་ཡང་འདུ་ཤེས་ཏེ་བཅད་ནའང་ལྟུང་བའོ། །ས་བོན་སྐྱེ་བ་ཡིན་པ་ལ་ཐེ་ཚོམ་ནའང་ལྟུང་བའོ། །ས་བོན་ཡིན་པ་མི་སྐྱེ་བ་ལ་སྐྱེ་བར་འདུ་ཤེས་ནའང་ཉེས་བྱས། ཐེ་ཚོམ་ནའང་


DTG156_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །རྩ་བའི་ས་བོན་ལ་སྡོང་བུར་བསྣོར་ཏེ་སྐྱེ་བ་ལ་སྐྱེ་བར་འདུ་ཤེས་ཏེ་བཅད་ན་འང་ལྟུང་བ་སྟེ། དེ་བཞིན་དུ་ས་བོན་རྣམ་པ་ལྔ་བསྣོར་ཏེ་སྐྱེ་བ་ལ་སྐྱེ་བར་འདུ་ཤེས་ཏེ་བཅད་ན་ནི་ལྟུང་བའོ། །ཐེ་ཚོམ་ཟ་ན་འང་ལྟུང་བ་མི་སྐྱེ་བ་ལ་སྐྱེ་བར་འདུ་ཤེས་ན་ཡང་ཉེས་བྱས། ཐེ་ཚོམ་ཟ་ན་འང་ཉེས་བྱས་སོ། །འབྱུང་པོ་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་དང་སྦྲང་མ་ལ་སོགས་པ་ལ་བྱའོ། །གཤས་ཞེས་བྱ་བ་ནི་ཤིང་ངམ་རྩ་ལ་བྱའོ། །འཇིག་གམ་ཞེས་བྱ་བ་ནི་བདག་གིས་བཤིག་བའོ། །འཇིག་ཏུ་བཅུག་ཅེས་བྱ་བ་ནི་གཞན་ལ་བཅོལ་ནའོ། །ཤ་མོ་དང། ཉ་ལྕི་བས་དང༌། ཐོ་བུ་རྩེ་ལྟ་བུ་དག་བཀོག་པ་ནི་ཉེས་བྱས་སོ། །འཆག་པ་འམ་འགྲོ་བའི་ཚེ་རྩྭ་རང་ཆག་གམ་བརྟག་པ་ལྔས་རུང་བ་བྱས་པ་ལ་ནི་ཉེས་པ་མེད་དོ། །སྨྱོས་པ་དང་སེམས་འཁྲུགས་པ་ལ་སོགས་པ་ནི་ལྟུང་བ་ཐམས་ཅད་ཀྱང་འདྲ་སྟེ་ཉེས་པ་མེད་པར་བཤད་དོ། །ལྟུང་བ་བཅུ་གཅིག་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ན་དགེ་སློང་གྱད་བུ་ནོར་དགེ་འདུན་གྱི་ཞལ་ཏ་བྱེད་པའི་ཚེ་དགེ་སློང་མ་གྲོགས་མོ་དང༌། མཛའ་མོས་ཀྱང་གྱད་བུ་ནོར་ལ་འཕྱས་པ་དང༌། ལྐོག་འཕྱས་དག་བྱེད་པ་དང༌། དགེ་སློང་མ་ཚུལ་བཞིན་དུ་བྱེད་པ་དག་གིས་དགེ་སློང་གྱད་བུ་ནོར་ནི་འཁོར་གྱི་དམ་པ་ཡིན་གྱི་རྗེས་སུ་འཕྱ་བ་མི་རིགས་སོ་ཞེས་སྨྲས་ན། འོན་ཀྱང་དགེ་སློང་མ་མཛའ་མོ་ཕྱི་ཕྱིར་འཕྱ་བ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །འཕྱ་བ་འམ་གཞོགས་འཕྱས་བྱེད་ན་ལྟུང་བའོ། །འཕྱ་བའམ་ཞེས་བྱ་བ་ནི་མངོན་སུམ་དུ་འཕྱ་བའོ། །གཞོགས་འཕྱས་བྱེད་ཅེས་བྱ་བ་ནི་ལྐོག་ནས་འཕྱ་བའོ། །དེ་ལ་དགེ་སློང་གང་ཟག་བཅུ་གཉིས་ཀྱི་ལས་བྱེད་པར་གསོལ་བ་དག་ཞུ་བའི་ལས་ཀྱིས་བསྐོས་ནས་ལས་བྱེད་པའི་སྦྱོར་བ་མ་བཏང་བ་ལ་འཕྱ་ན་ལྟུང་བའོ། །སྦྱོར་བ་བཏང་བའི་དགེ་སློང་ལ་ཡང་སྔ་མའི་ལས་ཀྱིས་གླེངས་ནས་འཕྱ་འམ་གཞོགས་འཕྱས་བྱེད་ན་ཡང་ལྟུང་བའོ། །གང་ཟག་གི་ལས་བཅུ་གཉིས་སུ་གསོལ་བ་དང་ཞུ་བའི་ལས་ཀྱིས་མ་བསྐོས་པ་


DTG156_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མདོང་གསོལ་ཙམ་གྱིས་རང་གི་རིག་པས་གང་ཟག་གི་ལས་བཅུ་གཉིས་བྱེད་པ་ལྟ་བུ་འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བའོ། །གང་ཟག་ལས་སུམ་བསྐོས་པའི་དགེ་སློང་ཕལ་པ་དང་དགེ་སྦྱོང་དང་ཁྱིམ་པ་མན་ཆད་ལ་འཕྱའམ་གཞོགས་འཕྱས་བྱེད་ན་ཉེས་བྱས་སོ། །གང་ཟག་གི་ལས་སུ་བསྐོས་པ་ལས་ཆོས་བཞིན་མི་བྱེད་པ་ལ་འཕྱ་ན་ཉེས་མེད་དོ། །ལྟུང་བ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་ཡུལ་བཻ་ཤ་ལི་ན་སྟེ། དགེ་སློང་མ་མོས་པ་ཅན་ཞེས་བྱ་བ་ལྟུང་བ་བྱུང་ནས། དགེ་སློང་དང་དགེ་སློང་མ་ཚུལ་བཞིན་གནས་པ་དག་གིས་ཕན་པ་དང་བདེ་བ་དང་ཡུན་དུ་བདེ་བར་འདོད་པའི་གྲོགས་མོ་དག་གིས་ལྟུང་བ་མ་བྱེད་ཅིག་ཅེས་སྨྲས་ན། ཕྱིར་ལན་ལོག་པར་ལྡོན་ནོ། །དེ་ལྟར་གྱུར་པ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །བསྒོ་བའི་ལན་ལོག་པར་གློན་ན་ལྟུང་བའོ། །དེ་ལ་དགེ་སློང་མ་རྣམས་ཀྱིས་དགེ་སྦྱོང་མ་ཁྱོད་ནི་འདྲི་བའི་ལན་ལོག་པར་གློན་ནོ་ཞེས་ལན་ཅིག་བསྒོ་བའི་དགེ་སློང་མ་ལྟ་བུ་ལ་ནི་ཕྱིན་ཆད་དགེ་སློང་དང་དགེ་སློང་མས་ཅི་དྲིས་ཀྱང་རུང་སྟེ་ལན་ལོག་པར་གློན་པའི་བསམ་པས་འདྲི་བའི་ལན་ལོག་པར་གློན་ན་ཐམས་ཅད་དུ་ཡང་ལྟུང་བར་འགྱུར་རོ། །དགེ་སློང་མ་རྣམས་ཀྱིས་ངག་ལོག་པ་ཅན་ཡིན་ནོ་ཞེས་མ་བསྒོ་བའི་དགེ་སློང་མ་ལ་དྲིས་ཏེ་ལན་ལོག་པར་གློན་ན་ཐམས་ཅད་ཉེས་བྱས་སོ། །དགེ་སློང་དང་ཁྱིམ་པས་དྲིས་པའི་ལན་ལོག་པར་གློན་ན་ཐམས་ཅད་ཉེས་བྱས་སོ། །དྲིས་པའི་ལན་མི་སྨྲ་ན་ཡང་ཉེས་བྱས་སོ། །མི་བསད་པ་དང་བྲོས་པའི་ཕྱིར་འདྲི་ན་གཏམ་རྒྱུད་གཅིག་ཅིང་སྨྲ་བ་དང༌། སྨྲ་ན་ཟ་བའི་ཚེ་སྨྲས་མི་རུང་བ་ལྟ་བུ་ལ་ཉེས་པ་མེད་དོ། །ལྟུང་བ་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་མང་པོ་རྣམས་ཁྱིམ་བདག་ཞིག་གིས་མགྲོན་དུ་བོས་པ་དང༌། ཁྲི་དང་ཁྲིའུ་རྣམས་བླ་གབ་མེད་བར་བོར་ནས་དོང་བ་དང༌། བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་དོན་རྣམ་པ་ལྔའི་ཕྱིར་བཤོས་གཙུག་ལག་ཁང་དུ་མནོས་ནས་གསོལ་ཏེ་ནད་པ་ལ་གཟིགས་པ་དང༌། ལྷ་ལ་ཆོས་འཆད་པ་དང༌། ནང་དུ་ཡང་དག་པར་འཇོག་པ་ལ་ཞུགས་པ་དང༌། མལ་


DTG156_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལ་གཟིགས་པ་དང༌། ཉན་ཐོས་རྣམས་ལ་བསླབ་པ་བཅའ་བའི་ཕྱིར་རོ། །དུས་དེར་ནི་མལ་སྟན་གཟིགས་པར་བཞེད་དོ། །དེའི་དུས་ཆར་ཡང་བབ་མལ་སྟན་དག་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་བསྡུས་ནས་དགེ་སློང་དག་སླར་ལྷགས་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པ་ཡོན་བདག་རྣམས་ནི་ཤ་ཁྲག་ཟད་ཟད་དུ་མལ་སྟན་ལ་སོགས་པ་བྱེད་པས་མལ་སྟན་བླ་གབ་མེད་པར་མ་འདོར་ཅིག་ཅེས་བསླབ་པ་བཅས་པ་དང༌། དགེ་སློང་མ་ཚུལ་བཞིན་བྱེད་པ་དག་ནི་བཀའ་བཞིན་དུ་བྱེད། དགེ་སློང་མ་བཅུ་གཉིས་སྡེ་རྣམས་འདུལ་བ་དགེ་སློང་དག་གི་ཕྱིར་བཅས་ཀྱི་ངེད་ཀྱི་ཕྱིར་མ་ཡིན་ཞེས་མལ་སྟན་རྣམས་བླ་གབ་མེད་པར་འདོར་བ་དང༌། དོན་ཉུང་དུ་བའི་དགེ་སློང་རྣམས་འཕྱ་སྨོད་པ་ཞེས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་འམ་སྟན་ནང་ཚངས་ཅན་ནམ་ལ་བ་འམ། སྔས་སམ། གོར་བུ་བླ་གབ་མེད་པ་ལ་འདིང་ངམ་འདིང་དུ་བཅུག་པ་ལས་མ་བརྟུལ་ཏམ་བརྟུལ་དུ་མ་བཅོལ་བར་མཚམས་ཀྱི་ཕྱི་རོལ་དུ་སྟེ། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །བླ་གབ་མེད་ཅེས་བྱ་བ་ནི་སྟེང་དག་པ་མེད་པ་ལ་བྱའོ། །མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་ནི་འདོམ་བཞི་བཅུ་རྩ་དགུའི་མཚམས་ལས་འདས་པར་སོང་ན་ལྟུང་བའོ། །མཚམས་དེར་མ་འདས་ཀྱང་མལ་སྟན་བླ་གབ་མེད་པར་བཞག་པར་ཆར་ཐིགས་གཅིག་ཙམ་ཕོག་གམ། རླུང་གིས་གྲ་བཟློག་པ་ཙམ་གྱིས་ལྟུང་བའོ། །དགེ་སློང་མ་འཁོད་པ་ལ་མ་བཅོལ་ཞེས་བྱ་བ་ནི་ལྷ་ཁང་ལྟོས་གཙུག་ལག་ཁང་ལྟོས། །མལ་སྟན་ལྟོས་མལ་སྟན་སྦོས་ཞེས་ལྡེ་མིག་ཁྱོག་པོ་ལ་སོགས་པ་མ་བྱིན་པའོ། །གཏད་པ་མ་བྱིན་པའི་གནས་ལྔ་སྟེ། ནད་པ་དང༌། རྒས་པ་དང་པོ་ཚ་མེད་པ་དང༌། ཁོན་ཡོད་པ་དང༌། ཁྱིམ་པ་ལ་བཅོལ་ན་ཉེས་བྱས་སོ། །དགེ་སློང་མ་ལའང་ཉེས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་བར་ཆད་བརྒྱད་ལ་བྱའོ། །ལྟུང་བ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། ལྷོ་ཕྱོགས་


DTG156_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགེ་སློང་རྒན་ཞུགས་གཅིག་གཉིས་ཤིག་མཉན་དུ་ཡོད་པའི་གཙུག་ལག་ཁང་དུ་དབྱར་ཚུལ་དུ་ཞུགས་པ་དེ་དག་དོང་བའི་ཚེ་གཙུག་ལག་ཁང་དུ་མལ་སྟན་རྩྭ་བཏིང་བ་དག་བོར་ནས་དེ་དག་རུལ་ཅིང་སྲིན་བུ་དག་སྐྱེས་པ་དང༌། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དུ་མལ་སྟན་རྩྭ་བཏིང་བ་བསྡུས་ཏེ་བོར་ལ་སོང་ཤིག་ཅེས་བཀའ་སྩལ་པ་དང༌། དགེ་སློང་མ་བཅུ་གཉིས་སྡེ་ངེད་ཀྱི་ཕྱིར་མ་ཡིན་ནོ་ཞེས་གཙུག་ལག་ཁང་དུ་རྩྭ་བཏིང་བ་དག་མི་སྡུད་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་འཕྱ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་གནས་ཁང་དུ་རྩྭ་བཏིང་ངམ་ལོ་མ་བཏིང་ཡང་རུང་སྟེ། བཏིང་ངམ་འདིར་དུ་བཅུག་པ་ལས་མ་བརྟུལ་ཏམ་བརྟུལ་དུ་མ་བཅོལ་བར་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། དགེ་སློང་མ་འཁོད་པ་ལའང་མ་བཅོལ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །གཙུག་ལག་ཁང་དུ་རྩྭ་བཏིང་ངམ་ལོ་མ་བཏིང་པ་ལས་མ་བསྡུས་པར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོན། རྩྭའི་ནང་དུ་སྲིན་བུ་བྱུང་ངམ་རྩྭ་རླུང་གིས་བསྐྱོད་པ་ཙམ་གྱིས་ལྟུང་བའོ། །བཤད་པ་གཞན་ནི་གོང་མ་དང་འདྲ། འོག་གཞི་སྐམ་པོའམ་རྡོ་གསེག་མའི་སྟེང་དུ་བཏིང་བ་ལ་ནི་ཉེས་པ་མེད་དོ། །ལྟུང་པ་བཅོ་ལྔ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་ཚུལ་ལས་བྱུང་བའི་བཅོམ་ལྔའི་ཉིན་པར་དགེ་སློང་མ་གཞོན་ནུ་མ་དག་ལ་ཁྱེད་ཀྱི་གོས་རྙེད་པ་ལ་སོགས་པ་ཡང་བསྒྲུབ་བསོད་སྙོམས་ལ་འདོང་ཞེས་བྱས་པ་དང༌། དགེ་སློང་མ་དེ་དག་གིས་ཀྱང། རང་རང་གི་མཁན་མོ་ལ་བྱས་ནས་སྦོམ་དགའ་མོ་དང་བསོད་སྙོམས་ལ་འདོང་ངོ༌། །དེ་བཞིན་དོང་བ་ལས་སྦོམ་དགའ་མོ་ནི་གཞན་དང་གཏམ་འཛེར་ཅིང་ཕྱི་ན་འདུག །དགེ་སློང་མ་དག་སྔར་གཙུག་ལག་ཁང་ཞིག་ཏུ་སོང་སྟེ་ཉལ་བ་སྦོམ་དགའ་མོས་ཕྱིས་འོངས་ནས་དགེ་སློང་མ་དེ་དག་གི་སྟེང་དུ་བརྫིས་ཤིང་བར་དུ་འཚང་སྟེ་ཉལ་བ་དང༌། དགེ་སློང་མ་དེ་དག་ལ་མི་བདེ་བར་གྱུར་ནས་ཕྱིར་མཉན་དུ་ཡོད་པར་དོང་སྟེ་ཕྱིན་པ་དང༌། དགེ་སློང་མ་དག་གིས་དྲིས་ནས་འདུལ་བ་ལ་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་གནས་ཁང་ན་


DTG156_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་སྔ་མ་འཁོད་པ་ཤེས་བཞིན་དུ་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བའི་རྐྱེན་དེ་ཉིད་ཀྱིས་ཕྱིར་འོངས་ཏེ་མནན་ནས་སྟན་ལ་འདུག་གམ་ཉལ་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །འགྲོ་བར་འགྱུར་བའི་རྐྱེན་དེ་ཉིད་ཅེས་གང་འགྲོ་བར་འགྱུར་བ་གནོད་པར་བྱེད་པའི་རྐྱེན་དེ་ཉིད་ལ་བྱའོ། །ནད་པ་འམ་འཇིགས་པ་ལྟ་བུ་རབ་ཏུ་འཚང་ངམ་སྟེང་དུ་བརྫིས་ཏེ་ཉལ་ཡང་ཉེས་པ་མེད་དོ། །ལྟུང་བ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། གླེང་གཞི་སྔ་མ་བཞིན་དུ་སྦོམ་དགའ་མོ་ཡང་ཐོག་ཁང་བུར་ཁྲི་འམ་ཁྲིའུ་གཟེར་བུ་མེད་པ་ལ་ལུས་ཀྱི་ལྗིད་ཀྱིས་ཕབ་པ་དང༌། ཁང་པ་རྡོལ་ནས་ཁྲིའི་རྐང་པ་ལྷུང་ནས་དགེ་སློང་མ་འོག་ན་ཉལ་བའི་མགོར་ཕོག་སྟེ་གནོད་པར་གྱུར་ནས། ཕྱིས་མཉན་དུ་ཡོད་པར་ཕྱིན་ནས་དགེ་སློང་མ་དག་གིས་སྨྲས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་གནས་ཁང་གི་སྟེང་ཡང་ཐོག་གི་ཁང་བུར་ཁྲི་འམ་ཁྲིའུ་རྩ་བ་འབྱུང་སླ་བ་ལ་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་ནས་འདུག་གམ་ཉལ་ན་ལྟུང་བའོ། །རྩ་བ་འབྱུང་སླ་བ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་གཟེར་བུས་མ་བཏབ་པ་ལ་བྱའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་འོག་ན་དགེ་སློང་མ་ཉལ་བར་ཤེས་པ་ལ་བྱའོ། །གང་ཟག་གིས་གནས་ཁང་གི་ཡང་ཐོག་གམ། ཁྱིམ་པའི་གནས་ཁང་གི་སྟེང་གི་ཡང་ཐོག་ལྟ་བུར་འོག་ནས་མི་ཡོད་པར་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་ཉལ་ལམ་འདུག་ན་ཉེས་བྱས། ས་ཕུག་སྟེང་བརྟན་པོ་འམ་ཐོག་སྤང་ལེབ་ཀྱིས་བཀབ་པའི་སྟེང་ངམ། སྐྱང་ནུལ་བཟང་པོར་བྱས་པའི་སྟེང་ལྟ་བུའམ། ཁྲི་རྐང་གི་སྟེང་ཡོད་པ་ལྟ་བུར་ཉལ་ན་ཉེས་པ་མེད་དོ། །ལྟུང་བ་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། སྤོམ་དགའ་མོ་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་པ་དང༌། གྲོགས་མོ་དག་གིས་ཅིའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་ཅེས་སྨྲས་ན་སྦོམ་དགའ་མོས་སྲོག་ཆགས་འདི་དག་ངའི་སྣོད་དུ་ཅི་འདོད། ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་སོགས་པ་


DTG156_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཕྱོགས་བཞིའི་རྒྱ་མཚོར་ཅིའི་ཕྱིར་མི་འགྲོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་མའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་ལ་བསླབ་པ་བཅའ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཆུ་སྲོག་ཆགས་ཡོད་པར་ཤེས་བཞིན་དུ་རྩྭ་འམ་ལྕི་བ་འམ་ས་ལ་འདེབས་སམ་འདེབས་སུ་བཅུག་ན་ལྟུང་བའོ། །ཆུ་སྲོག་ཆགས་ཡོད་པར་ཤེས་བཞིན་དུ་ཞེས་བྱ་བ་ནི་སྲོག་ཆགས་ལ་རྣམ་པ་གཉིས་ཏེ། མིག་གིས་མཐོང་བ་དང༌། ཆུ་ཚགས་ཀྱིས་ཟིན་པའོ། །རྩྭ་འམ་ལྕི་བ་ཞེས་བྱ་བ་ནི་ཐག་པ་དང་མཎྜལ་གྱི་ལས་བྱེད་པའོ། །སྲོག་ཆགས་ཡོད་པ་ལ་ཡོད་པར་འདུ་ཤེས་པ་དང་ཐེ་ཚོམ་ནའང་ལྟུང་བ་རེ་རེའོ། །སྲོག་ཆགས་མེད་པ་ལ་ཡོད་པར་འདུ་ཤེས་པ་དང༌། ཐེ་ཚོམ་གཉིས་ལ་འང་ཉེས་བྱས་རེ་རེའོ། །དགེ་སློང་མས་སྲོག་ཆགས་ཡོད་པར་ཤེས་བཞིན་དུ་བརྟོལ་ཏེ་ཆུ་བཏང་བ་དང༌། སྐམ་ལ་སེམས་ཅན་ཡོད་པར་ཤེས་བཞིན་དུ་ཆུ་ཕབ་སྟེ་སེམས་ཅན་ཤི་བ་རྣམས་ནི་སེམས་ཅན་དུ་ཤི་བའི་གྲངས་བཞིན་དུ་ལྟུང་བ་རེ་རེར་འགྱུར་རོ། །ལྟུང་བ་བཅོ་བརྒྱད་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྫས་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་བཤད་པ་དང༌། སྦོམ་དགའ་མོས་བདག་གིས་ཀྱང་གཙུག་ལག་ཁང་ཞིག་བརྩིག་གོ་སྙམ་ནས། བྲམ་ཟེའི་ཆུང་མ་ཞིག་ལ་འདི་བཞིན་དུ་ཆོས་བཤད་དེ་དད་པ་སྐྱེས་ནས་གཙུག་ལག་ཁང་གོང་ལུགས་འདྲ་བ་ཅིག་བརྩིགས་པ་དང༌། དེའི་ནུབ་མོ་ཆར་བ་བབ་ནས་ཐམས་ཅད་ཞིག་གོ །ཡོན་བདག་བྲམ་ཟེ་མོ་དང་དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་ལ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མས་གཙུག་ལག་ཁང་ཆེན་པོ་ཞིག་བརྩིགས་ན་སྒོ་དང་གཏན་པའི་གནས་དང༌། འཇིམ་པ་དང་ཕ་གུའི་སྤེལ་མ་རིམ་པ་གཉིས་སམ་གསུམ་ཞིག་རྩིགས་ཤིག་དེ་ལས་འདས་པར་བརྩིགས་ན་ལྟུང་བའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་ལྡན་པའོ། །ཆེན་པོ་ཞེས་བྱ་བ་ནི་ཚད་དང་རིན་ཆེ་པའོ། །རིམ་པ་གཉིས་གསུམ་རྩིགས་ཤིག་དེ་ལས་འདས་པར་བརྩིགས་ན་ལྟུང་


DTG156_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ་ནི་རིམ་པ་གཉིས་སམ་གསུམ་བརྩིག་པ་མ་སྐམས་པར་དེ་ལས་འདས་པར་བརྩིགས་ན་ལྟུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་ལྟ་བུའི་རིམ་པ་དུ་ཡོད་ཀྱང་ཉེས་མེད། ཡོན་བདག་གིས་མྱུར་དུ་རྩིགས་ཤིག་ཅེས་པ་ནི་ཉེས་པ་མེད་དོ། །ལྟུང་བ་བཅུ་དགུ་པ་རྫོགས་སོ།། །།མདོར་བསྟན་པ་ནི། ཐུན་མོང་གནས་དང་ཁུར་བ་དང༌། །སྤངས་དང་སྤངས་པར་བྱར་འཇུག་དང༌། །འདུས་དང་དུས་མིན་གཞག་པའོ། །ཁ་ནས་མིད་ལ་འང་དེ་བཞིན་ནོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མུ་སྟེགས་ཅན་གཅེར་བུ་པའི་ཆོས་ལ་དད་པ་ཅིག །ཕྱོགས་བཞིའི་དགེ་སྦྱོང་རྣམས་ལ་སྦྱིན་པའི་འགྲོན་ཁང་ཆེན་པོ་ཞིག་བརྩིགས་སོ། །དུས་ཕྱི་ཞིག་ན་གཅེར་བུ་པ་དག་ཅིག་གནས་པ་དང༌། དྲུག་སྡེ་རྣམས་དེར་ལྷགས་ནས། གཅེར་བུ་པ་དག་བརྡེགས་བཙོགས་ཏེ་བསྐྲད་པ་དང༌། ཁྱིམ་བདག་དང་བྲམ་ཟེ་རྣམས་འཕྱ་སྨོད་ནས། བཅོམ་ལྡན་འདས་ཀྱིས་གནས་ཐུན་མོང་བར་ཞག་ལོན་ན་ཟན་ཟ་གཅིག་ལས་མ་ཟ་ཅིག་པར་བསླབ་པ་བཅས་པ་དང༌། དགེ་སློང་མ་ཚུལ་ཅན་རྣམས་ནི་དེ་བཞིན་བྱེད་དོ། །བཅུ་གཉིས་སྡེ་དག་ངེད་ཀྱི་ཕྱིར་མ་བཅས་སོ་ཞེས་ཟན་མང་དུ་ཟ་བར་བྱེད་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །གནས་ཐུན་མོང་པར་ཞག་ལོན་ཏེ། དགེ་སློང་མ་མི་ན་ན་ཟན་ལན་ཅིག་ཟོ་ཤིག་དེ་ལས་ལྷག་པར་ཟོས་ན་ལྟུང་བའོ། །གནས་ཐུན་མོང་ཞེས་བྱ་བ་ནི་དགེ་སྦྱོང་གང་འོངས་པ་གནས་པར་བྱ་བའི་ཕྱིར་བརྩིགས་པའོ། །དེ་ལ་དགེ་སློང་མས་གནས་ཐུན་མོང་དུ་ཞག་གཅིག་ལས་ལྷག་པར་འདུག་ན་ཞག་གྲངས་བཞིན་ཉེས་བྱས་རེ་རེ། ཟན་ལྷག་པར་ཟོས་ན་ཟན་གྲངས་བཞིན་ལྟུང་བ་རེ། གནས་དེར་འདུག་སྟེ། ཟན་གཞན་དུ་ཟ་ན་འདུག་པ་ལ་ཉེས་བྱས། གུད་ན་ཟོས་པ་ལ་ཉེས་པ་མེད། གནས་གཞན་དུ་འདུག་སྟེ་ཟན་དེར་ཟོས་ན་ལྟུང་བའོ། གནས་གཞན་དུ་འདུག་པ་ལ་ཉེས་པ་མེད་དོ། །ལྟུང་བ་ཉི་ཤུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གི་བུ་ཅིག་ཆུང་མ་ལན་བདུན་གྱི་


DTG156_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བསླངས་ཀྱང་དེ་བཞིན་དུ་ཤི་ནས་གཞན་སུས་ཀྱང་བུ་མོ་མ་བྱིན་ནོ། །ཁྱིམ་བདག་ཅིག་གི་བུ་མོ་གཡས་ཞར་མ་ཞིག་ཡོད་པ་ཡུགས་ས་པོ་དེ་ལ་བྱིན་ནོ། །གཡས་ཞར་མ་བག་མར་ལེན་པའི་དུས་སུ་སྦོམ་དགའ་མོ་ཡང་དེར་སོང་ནས་བསོད་སྙོམས་བསླངས་པ་དང༌། བྲེལ་གྱིས་སྡོད་ཅིག་ཅེས་བྱས་པ་དང༌། སྦོམ་དགའ་མོས་གཡས་ཞར་མ་འང་ངའི་ནུ་མོར་འོང་གིས་ང་ལ་བྱིན་ཅིག་ཅེས་བྱས་པ་དང༌། དེས་ཅི་འདོད་པར་བྱིན་ནོ། །དེའི་འོག་ཏུ་སྦོམ་དགའ་མོས་བཅུ་གཉིས་སྡེ་རྣམས་སློང་དུ་བཏང་ནས་དེ་བཞིན་དུ་བྱིན་པ་དང༌། དེའི་བག་མ་ལེན་པའི་རྒྱུ་ཆ་ལ་སོགས་པ་ཟད་པར་གྱུར་ནས། ཁྱེའུ་ཡུགས་ས་པོས་བསྙད་བཏགས་ཏེ་མ་བླངས་པ་དང༌། དེའི་ཕ་མ་ལ་སོགས་པ་འཕྱ་སྨོད་ཅིང་མི་སྙན་པར་འཛེར་ནས་འདུལ་བ་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མང་མོ་ཁྱིམ་རྣམས་སུ་དོང་བ་ལས་གལ་ཏེ་དེ་དག་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེའམ་ཁུར་བ་དུས་ཀྱིས་བདར་བ་འདོད་ན་དགེ་སློང་མ་དེ་དག་གིས་དེ་ལ་ལྷུང་བཟེད་གཉིས་སམ་གསུམ་གང་བར་ལོང་ཤིག །དེ་ལས་གཞན་པར་བསླངས་ན་ལྟུང་བའོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བསླངས་ནས་ཕྱི་རོལ་གྱི་ཀུན་དགའ་ར་བར་སོང་ལ་བདག་ཀྱང་བཟའ་བར་བྱ། དགེ་སློང་མ་འཁོད་པ་དང་ཡང་བགོ་བར་བྱ་སྟེ། དེ་ལ་དེ་ནི་དུས་ཡིན་ནོ། །དད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་དད་པ་ལ་བྱའོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་ཞེས་བྱ་བ་ནི་ལྷུང་བཟེད་ལ་རྣམ་པ་གསུམ་སྟེ་ཆེན་པོ་དང་འབྲིང་པོ་དང་ཆུད་དུའོ། །དེ་ལ་ཆེན་པོ་ནི་ཡུལ་མ་ག་དྷཱའི་འབྲས་སྐམ་ཕུལ་ལྔ་བཙོས་པའི་ཆན་དང་ཚོད་མ་ཤོང་བའོ། །ཆུང་དུ་ནི་ཕུལ་ཕྱེད་དང་གསུམ་བཙོས་པའི་ཆན་དང་ཚོད་མ་ཤོང་བའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །དེ་ལ་དགེ་སློང་མས་བསོད་སྙོམས་འདོད་ལ་དུས་ཀྱིས་སྟོབས་ན་ཁྱིམ་གཅིག་གི་སྒོར་ལྷུང་བཟེད་གསུམ་བླང་བར་བྱ་སྟེ། །དེ་ལས་ལྷག་པར་ཕུལ་གང་ཙམ་བསླངས་ཀྱང་ལྟུང་བའོ། །ལྷུང་བཟེད་ཆེན་པོ་གང་བ་གཉིས་དང༌། འབྲིང་པོ་གང་བར་གཅིག་བསླངས་ན་འང་ལྟུང་བའོ། །འབྲིང་པོ་གང་བ་གཉིས་དང་


DTG156_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གང་བ་གཅིག་དང་གསུམ་བསླངས་ནའང་ལྟུང་བའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་ལྷུང་བཟེད་གང་བ་གཉིས་སམ་གསུམ་བསླངས་པ་དེ་གཙུག་ལག་ཁང་དུ་ཁྱེར་ལ་དགེ་སློང་མ་རྣམས་དང་ལྷན་ཅིག་བཟའ་བར་བྱ་སྟེ། དེ་ལྟར་མ་བྱས་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ །ལྟུང་བ་ཉི་ཤུ་གཅིག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་ཟས་ཟོས་ནས་སྤངས་པའི་འོག་ཏུ་ཡང་ཁ་ཟས་བབ་ཅོལ་ཏུ་ཟ་བ་དང༌། དགེ་སློང་དང་ཁྱིམ་པ་དག་དང༌། བྲམ་ཟེ་དག་འཕྱ་སྨོད་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་དང༌། དགེ་སློང་མ་ཚུལ་བཞིན་དུ་བྱེད་པ་དག་ནི་དེ་བཞིན་དུ་བྱེད། དགེ་སློང་མ་བཅུ་གཉིས་སྡེ་དག་ཟས་ཟོས་སྤངས་པའི་འོག་ཏུ་ཁ་ཟས་བབ་ཆོལ་དུ་ཟོས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་ནས་འདུལ་བའི་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཟས་ཟོས་ཟིན་ནས་སྤངས་པ་ལ་ལྷག་མར་མ་བྱས་པར་བཅའ་བའམ་བཟའ་བ་འཆོས་ཟོས་ན་ལྟུང་བའོ། །སྤང་བ་ཞེས་བྱ་བ་ནི་ཁ་ཟས་ཟོས་ནས་ཆོག་གོ་ཞེས་སེམས་ཀྱིས་གཏང་བ་ལ་བྱའོ། །ལྷག་མར་མ་བྱས་པ་ཞེས་བྱ་བ་ནི་གཞན་གྱིས་ཟོས་པའི་ལྷག་མར་མ་བྱས་པ་སྟེ། ལྷག་མ་ནི་སྨོད་པ་མ་ཡིན་པས་དེ་ཟ་བར་གནང་བ་ཡང༌། ཁ་ཟས་སྤངས་པའི་འོག་ཏུ་ཟ་འདོད་པའི་ཕྱིར་ཆད་པ་ཡིན་པར་ཤེས་པར་བྱའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའོ། །དེ་ལ་དགེ་སློང་མ་དག་གིས་ཟན་ཟོས་པ་ནས་སྤངས་པ་ལས་སྤྱོད་ལམ་བཏང་བའི་འོག་ཏུ་ལྷག་མར་མ་བྱས་པའི་བཅའ་བ་དང་བཟའ་བ་ཟོས་ན་ལྟུང་བའོ། །སྤྱོད་ལམ་མ་ཉམས་པར་ཟོས་ན་ཉེས་བྱས། ལྷག་མར་མ་བྱས་པ་ལ་ལྷག་མར་མ་བྱས་པ་དང་ཐེ་ཚོམ་པ་གཉིས་ལ་ལྟུང་བ་རེ་རེ། ལྷག་མར་བྱས་པ་ལ་ལྷག་མར་མ་བྱས་པར་འདུ་ཤེས་པ་དང་ཐེ་ཚོམ་པ་གཉིས་ལ་འང་ཉེས་བྱས་རེ་རེར་འགྱུར་རོ། །ཤིང་ཏོག་དཀོན་པ་ལྟ་བུ་རྙེད་པའམ། ནད་པ་ལྷག་མར་མ་བྱས་པ་ཟོས་ཀྱང་ཉེས་པ་མེད་དོ། །ལྟུང་བ་ཉི་ཤུ་གཉིས་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་


DTG156_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དགེ་སློང་མ་ཅིག་ལ་ཉེ་གནས་སློབ་མ་རྒན་བླུན་ཞིག་ཡོད་པ་ན་དེ་རྟག་ཏུ་ལྟུང་བ་བྱུང་ནས་སློབ་དཔོན་གྱིས་ཉེས་པ་འཆགས་སུ་བཅུག་པ་དང༌། རྒན་བླུན་དེས་བདག་གི་སློབ་དཔོན་འདིས་རྟག་ཏུ་ཉེས་པ་འཆགས་སུ་བཅུག་ནས་བདག་གིས་ཀྱང་ཉེས་པ་ཞིག་འཆགས་སུ་གཞུག་གོ་སྙམ་མོ། །དུས་ཕྱི་ཞིག་ན་དགེ་སློང་མ་དེས་ཟན་ཟོས་ནས་སྤངས་པའི་འོག་ཏུ་ཁ་ཟས་ཞིག་རྙེད་པ་དང༌། སློབ་མ་རྒན་བླུན་དེ་ལ་ལྷག་མ་བྱེད་དུ་བཏང་བ་དང༌། དེས་བསམ་པ་བདག་གིས་ལྟུང་བ་འཆགས་སུ་གཞུག་པའི་སྐབས་རྙེད་དོ་སྙམ་ནས་ལྷག་མར་མ་བྱས་པར་བཟའ་བའི་ཕྱིར་ཁྱེར་ཏེ་འོངས་ནས་སློབ་དཔོན་ལ་ཟར་བཅུག་སྟེ། ཟན་དེ་ཟོས་པའི་འོག་ཏུ་ལྟུང་བ་ཤོགས་ཤིག་ཅེས་བྱས་པ་དང༌། སློབ་དཔོན་གྱིས་སྨྲས་པ། ངས་མ་ཉེས་ཏེ། ཁྱོད་ཉིད་ལྟུང་བ་ཤོགས་ཤིག་ཅེས་བྱས་ནས་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གིས་དགེ་སློང་མའི་ཟས་ཟོས་ནས་སྤང་བར་ཤེས་ལ་ཀླན་ཀ་བཙལ་ཏེ། དགེ་སློང་མ་འདི་ཅི་ནས་ཀྱང་ཉེས་པ་བྱུང་བར་བྱ་སྙམ་ནས་རྐྱེན་དེས་འཕགས་མ་འདི་འཆོ་འདི་ཟོ་ཞེས་ལྷག་མ་མ་བྱས་པའི་བཅའ་བ་དང༌། བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བའོ། །ཀླན་ཀ་བཙལ་ཏེ་ཞེས་བྱ་བ་ནི་ལྟུང་བའི་ཉེས་པ་འཆགས་སུ་གཞུག་པའི་ཀླན་ཀ་ཚོལ་བ་ལ་བྱའོ། །ཁ་ཟས་ལྷག་མར་མ་བྱས་པ་ལ་ལྷག་མར་མ་བྱས་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་བ་གཉིས་ལ་ལྟུང་བ་རེ་རེ། ཁ་ཟས་ལྷག་མར་བྱས་པ་ལ་མ་བྱས་པར་འདུ་ཤེས་ཤིང་ཐེ་ཚོམ་པ་ལ་འང་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་གོང་མ་དང་འདི་གཉིས་རྒྱ་གར་གྱི་ཡི་གེ་ལས་མི་འབྱུང་སྟེ། ལྟུང་བ་གཉིས་པ་འདི་ཡང་དགེ་སློང་མ་དང་སྦྱར་ན་ནི་སྦོམ་དགའ་མོའི་སློབ་མར་འོས་ཞེས་བཤད་དོ། །ལྟུང་བ་ཉི་ཤུ་གསུམ་པ་རྫོགས་སོ།། །།སྟོན་པ་ཡུལ་རྒྱལ་པོའི་ཁྱབ་ན་སྟེ། ལྷ་སྦྱིན་གྱིས་དགེ་འདུན་དབྱེ་བའི་ཕྱིར་མཚམས་ཀྱི་ནང་དུ་དགེ་འདུན་ལ་སོ་སོར་ལོགས་ཤིག་ཏུ་འདུས་ཤིང་ཟ་བ་དང༌། བཅོམ་ལྡན་འདས་ཀྱིས་མཚམས་ཀྱི་ནང་དགེ་འདུན་དུ་ལོངས་པར་ལོགས་ཤིག་ཏུ་ཟན་མ་ཟ་ཅིག་པར་བཅས་པ་དང༌། བཅུ་གཉིས་སྡེ་དག་ངེད་ཀྱི་ཕྱིར་


DTG156_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་མ་བཅས་སོ་ཞེས་མཚམས་ཀྱི་ནང་དུ་ལོགས་ཤིག་ཏུ་འདུས་ཏེ་ཟན་ཟ་བ་དང༌། དོན་ཉུང་ངུ་བའི་དགེ་སློང་མ་དག་འཕྱ་བ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །འདུས་ཤིང་ཟ་ན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ་ན་བ་དུས་སོ། །ལས་དུས་སོ། །ལམ་དུ་ཞུགས་པ་དུས་སོ། །གྱུར་ཞུགས་པ་དུས་སོ། །དུས་སྟོན་ཆེན་པོ་དང་དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །འདུས་ཤིང་ཟ་ཞེས་བྱ་བ་ནི་དགེ་འདུན་བཞི་ཡན་ཆད་མཚམས་ཀྱི་ནང་དུ་འདུས་ཤིང་ཟ་བ་ལ་བྱ། དུས་ལ་བབ་པ་མ་གཏོགས་ཞེས་བྱ་བ་ནི་དུས་འདི་རྣམས་སུ་འདུས་ཤིང་ཟ་བར་གནང་བ་ལ་བྱ། ན་བ་དུས་ཞེས་བྱ་བ་ནི་ནད་པ་གྲལ་དུ་འགྲོ་མི་ནུས་ན་ནད་གཡོག་ཚུན་ཆད་བཞི་ལ་བྱ། ལས་དུས་ཞེས་བྱ་བ་ནི་མཆོད་རྟེན་དང་གཙུག་ལག་ཁང་རྩིག་པ་ལ་བྱ། ལམ་དུ་ཞུགས་པ་ལ་དུས་ཞེས་བྱ་བ་ནི་གདུགས་ཚོད་ཡོལ་གྱིས་དོགས་པ་ལ་བྱ་སྟེ། སྔར་ལྷགས་པ་དང་ཕྱིས་ལྷགས་པ་དག་སོ་སོར་འདུས་ཤིང་ཟ་བ་ལ་བྱའོ། །གྲུར་ཞུགས་པ་དུས་ཞེས་བྱ་བ་ནི་གྲུ་ཆེན་པོ་གཅིག་གི་ནང་དུ་དགེ་སློང་མང་པོ་འཁོད་པ་དག་ཡོན་བདག་སོ་སོར་དགེ་སློང་བཞི་བཞི་འམ། ལྔ་ལྔའི་ཟན་སོ་སོར་སྦྱར་བ་ལ་བྱ། དུས་སྟོན་ཆེན་པོ་དུས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའམ་དུས་ཀྱི་སྟོན་མོ་ཇི་ལྟ་བུ་བྱེད་ཀྱང་རུང་སྟེ། སྡེར་སོ་སོར་ཞག་ཏུ་གོ་དོགས་ནས་འདུས་ཤིང་ཟ་བ་ལ་བྱ། དགེ་སྦྱོང་གི་ཟས་ཞེས་བྱ་བ་ནི་དང་པོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་མུ་སྟེགས་ཀྱི་དགེ་སྦྱོང་ཀུན་ཏུ་འཚོ་བ་ཞེས་བྱ་བས་མཚམས་ཀྱི་ནང་དུ་དགེ་སྦྱོང་དག་གི་ཟན་སྦྱར་བ་ལས་སོ་སོར་འདུས་ཤིང་ཟར་རྗེས་སུ་གནང་སྟེ། མུ་སྟེགས་ཀྱི་དགེ་སྦྱོང་གིས་མཚམས་ཀྱི་ནང་དགེ་འདུན་གྱི་ཟན་སོ་སོར་སྦྱར་ཀྱང་བཟར་གནང་བ་ལ་བྱའོ།། གནང་བའི་དུས་འདི་ལྟ་བུ་མ་གཏོགས་པར་མཚམས་ཀྱི་ནང་དུ་འདུ་ཤེས་པ་དང་ཐེ་ཚོམ་གཉིས་ལ་ལྟུང་བ་རེ་རེ། མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པ་དང་ཐེ་ཚོམ་གཉིས་ལ་ཉེས་བྱས་རེ་རེ། མཚམས་ཀྱི་ནང་དུ་དགེ་འདུན་སོ་སོར་འདུ་ཤེས་ཤིང་ཟ་བ་རྣམས་ཐ་


DTG156_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལན་ཚྭ་དང་ཆུ་ཙམ་ཡང་ཕན་ཚུན་བསྲུལ་པར་བྱ་སྟེ། །དེ་ལྟར་བསྲུལ་པ་འོངས་སམ་ཞེས་མ་དྲིས་པར་སོ་སོར་ཟན་ཟ་ནའང་དགེ་འདུན་གཉི་ག་ལས་ལྟུང་བ། མཚམས་ཀྱི་ནང་ན་གསུམ་མན་ཆད་འདུས་ཏེ་ཟ་ན་ཉེས་བྱས་ཟན་ཅུང་ཟད་ཙམ་བསྲུལ་ཏེ་ཟོས་ན་ལྟུང་བ་མེད་དོ།། ལྟུང་བ་ཉིད་ཤུ་བཞི་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་བདུན་སྡེ་རྣམས་བྱིས་པ་གཞོན་པས་བཀྲེས་པ་དང༌། དགེ་བ་དག་བྱེད་མི་ནུས་པ་དང༌། ཕྱི་དྲོའི་དུས་ཤིག་ན་ཁྱིམ་བདག་ཅིག་སྟོན་མོ་བྱེད་པའི་ཟན་ལ་ལྟ་ཞིང་འདུག་གོ ། དེ་ནས་ཁྱིམ་བདག་དེས་ཅི་འཕགས་པ་དག་ཕྱི་དྲོའི་བཤོས་བཞེད་དམ་ཞེས་བྱས་པ་དང༌། བཅུ་བདུན་སྡེ་དག་བྱིན་ཅིག་དང་ཟའོ་ཞེས་སྨྲ་ནས་དེ་དག་ཟན་ཟོས་ནས་དགེ་བ་ཆེར་སྤྱད་པ་དང༌། དྲུག་སྡེ་དག་གིས་ཅིའི་ཕྱིར་དེ་རིང་དགེ་བ་དག་ལྷག་པར་བྱེད་ཅེས་དྲིས་པ་དང༌། བཅུ་བདུན་སྡེས་ཕྱེད་ཡོལ་བའི་ཟན་དག་ཟོས་པ་རྒྱས་པར་སྨྲས་སོ། །དེ་ལྟར་གྱུར་པ་ལས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེད་ཀྱི་ཕྱིར་མ་ཡིན་ནོ་ཞེས་ཟས་དག་དུས་མེད་པར་ཟ་བ་དང༌། དོན་ཉུང་བའི་དགེ་སློང་མ་དག་འཕྱ་བ་ནས་འདུལ་བ་བཅས་པའི་བར་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དུས་ཡོལ་ནས་བཅའ་བའམ་བཟའ་བ་འཆོས་སམ་ཟོས་ན་ལྟུང་བའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་སྟེ། གང་གཞན་ཡང་དེ་དང་འདྲ་བའོ། །དུས་ཡོལ་ཞེས་བྱ་བ་ནི་དུས་ལ་རྣམ་པ་གཉིས་ཏེ། །ཕྱེད་ཡོལ་བ་དང་སྐྱ་རེངས་མ་ཤར་བའོ། །དེ་ལ་དགེ་སློང་མས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པ་དང་ཐེ་ཚོམ་པ་གཉིས་ལ་ལྟུང་བ་རེ་རེ། དུས་ལ་དུས་མ་ཡིན་པར་འདུ་ཤེས་པ་དང༌། ཐེ་ཚོམ་པ་གཉིས་ལ་ཉེས་བྱས་རེ་རེ། བཟའ་བ་ཞེས་བྱ་བ་ནི་ཕྱེ་དང༌། ཁུར་བ་དང༌། འབྲས་ཆན་དང༌། ཟན་དང་ཤ་རྣམས་སོ། །བཅའ་བ་ནི་རྩ་བ་དང་སྡོང་བུ་དང༌། མེ་ཏོག་དང༌། འབྲས་བུ་དང་ལོ་མ་རྣམས་སོ། །ལྟུང་བ་ཉི་ཤུ་ལྔ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་འཆར་བ་ནག་པོ་ཞེས་བྱ་བ་ཅིག་རྟག་ཏུ་


DTG156_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་བྱེད་ཅིང་ཟས་ཀྱི་ལྷག་མ་དག་སྦེད་ཁ་ཟས་གཤེར་བ་རྙེད་པ་དག་སྐམས་ཤིང་སྦེད་དེ། ནམ་ཡུལ་རྨུགས་ཤིང་བསོད་སྙོམས་མི་ནུས་པ་ན་ཟ་བ་དང༌། དགེ་སློང་མ་དག་འཕྱ་སྨོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་དང། དགེ་སློང་མ་ཚུལ་བཞིན་ཅན་དག་ནི་དེ་བཞིན་དུ་བྱེད། བཅུ་གཉིས་སྡེ་དག་ཁ་ཟས་ཀྱི་ལྷག་མ་སོགས་ཤིང་སྤགས་པ་རྣམས་ཟ་བ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་བཞག་པའི་བཅའ་བ་དང་བཟའ་བ་འཆོས་སམ་ཟོས་ན་ལྟུང་བའོ། །བཞག་པ་ཞེས་བྱ་བ་ནི་སྔར་བདག་གིས་བྱིན་ལེན་བྱས་ནས་རེག་པ་མཚམས་ཀྱི་ནང་དུ་བཞག་ནས། སྔ་དྲོ་འམ་ཕྱི་དྲོ་ལྟ་བུའི་དུས་ལས་ཡོལ་ན་སྤགས་པ་ཞེས་བྱ་བ་སྟེ་དེ་ལྟ་བུའི་ཁས་ཟས་ཟོས་ན་ལྟུང་བའོ། །དེ་ལ་ཕྱི་དྲོ་སྤགས་པ་ནི་བུ་རམ་དང་སྦྲང་རྩི་ལྟ་བུའོ། །དེ་ལ་དགེ་སློང་མས་སྤགས་པ་ལ་སྤགས་པར་འདུ་ཤེས་པ་དང༌། ཐེ་ཚོམ་པ་གཉིས་ལ་ལྟུང་བ་རེ་རེ། སྤགས་པ་མ་ཡིན་པ་ལ་སྤགས་པར་འདུ་ཤེས་པ་དང༌། ཐེ་ཚོམ་དུ་གྱུར་པ་ཉེས་བྱས་སོ། །ལྟུང་བཟེད་ཟས་ཀྱིས་འབགས་པ་མ་བཀྲུས་ན་ཉེས་བྱས། དེ་བཞིན་དུ་ཆོས་གོས་དང༌། རིལ་བ་དང༌། ལྡེ་མིག་ཁྱོག་པོ་ལ་སོགས་པ་ཟས་ཀྱི་ནང་དུ་འབགས་ན་ཐམས་ཅད་ཉེས་བྱ་སོ། །ལྟུང་བ་ཉི་ཤུ་དྲུག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་ནག་པོ་ཞེས་བྱ་བ་མཉན་དུ་ཡོད་པ་ན་ནད་པོ་ཆེ་ཆེན་པོ་བྱུང་སྟེ་མི་མང་པོ་ཤི་བ་དུར་ཁྲོད་དུ་བསྐྱལ་བའི་སྔས་ན་ཟན་བཞག་པ་དག་ཟ་ཞིང་ཉམས་ཚོན་པོར་གྱུར་ཏེ་རྟག་ཏུ་དུར་ཁྲོད་དུ་འགྲོ་བས་མཉན་དུ་ཡོད་པའི་སྒོ་བས། དགེ་སློང་ནག་པོ་ཆེན་པོ་འདི་ནི་རྟག་ཏུ་དུར་ཁྲོད་དུ་འགྲོ་ཞིང་གྲོང་དུ་བསོད་སྙོམས་དག་མི་སློང་ཉམས་ཚོན་པོར་གྱུར་པ་ལས་མི་ཤ་ཟ་བར་ངེས་སོ་ཞེས་ཀུན་ཏུ་བསྒྲགས་པ་དང༌། ཡུལ་མི་དག་གིས་མི་ཤ་ཟ་འམ་མི་ཟ་བགོམ་མོ་སྙམ་ནས་མི་གསོན་པོ་ཞིག་དུར་ཁྲོད་དུ་གཞག་སྟེ་སྔས་སུ་ཟན་ལྔ་བཞག་པ་དང༌། དགེ་སློང་ནག་པོ་ཆེན་པོ་


DTG156_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཟན་ལེན་དུ་སོང་བ་དང༌། ཝ་ཞིག་ཀྱང་དེར་ཟན་བཟའོ་སྙམ་ནས་དེར་འགྲོ་བ་དགེ་སློང་ནག་པོས་མཐོང་ནས་བརྒྱུགས་པ་དང་དུར་ཁྲོད་ཀྱི་མི་དེ་སྐྲག་ནས་ལངས་སོ། །ཁྱིམ་བདག་འཕྱ་བར་གྱུར་ནས་དགེ་སློང་དག་གིས་བྱིན་ལེན་མ་བྱས་པར་ཟན་མ་ཟ་ཅིག་ཅེས་པ་དང༌། དགེ་སློང་མ་དག་གིས་བྱིན་ལེན་ཇི་ལྟ་བུ་མི་ཤེས་ནས་བྱིན་ལེན་རྣམ་པ་ལྔར་གསུངས་ནས་བསླབ་པ་བཅའ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟོས་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བའོ། །མ་བྱིན་པ་ཞེས་བྱ་བ་ནི་བྱིན་ལེན་མ་བྱས་པ་ལ་བྱ་སྟེ་བྱིན་ལེན་ནི་རྣམ་པ་ལྔའོ། །ལུས་ཀྱིས་ལུས་ལ་བྱིན་པ་དང༌། ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱིན་པ་དང༌། ལུས་ཀྱིས་ཟིན་པས་ལུས་ཀྱིས་མ་ཟིན་པ་ལ་བྱིན་པ་དང༌། ལུས་ཀྱིས་མ་ཟིན་པས་ལུས་ཀྱིས་མ་ཟིན་པ་ལ་བྱིན་པ་དང༌། ཡུལ་སྨོད་པ་ཅན་དང་ལྔའོ། །ཤིང་ཏོག་ལ་སོགས་པའི་འབྲུ་རྣམས་བྱིན་ལེན་བྱ་བའི་གནས་ལྔ་སྟེ། ཁྲི་ཆེན་པོ་དང༌། ཁྲི་དང་ཁྲིའུ་དང་ཐུ་བ་དང་སླེའུ་རྣམས་སོ། ཤིང་ཐོག་ལ་སོགས་པ་བརྟག་པ་རྣམ་པ་ལྔ་སྟེ། མེ་དང་མཚོན་དང་སེན་མོ་དང་ནེ་ཙོ་དང་ཉམས་པ་རྣམས་སོ། །ཡང་རྣམ་པ་ལྔ་སྟེ། དབྱུག་པ་དང༌། གཤེགས་པ་དང༌། བཅད་པ་དང་དབུག་པ་དང་ཕྱུང་བ་རྣམས་སོ། །བྱོལ་སོང་ཅང་ཤེས་རྟ་དང་སྤྲེའུ་ལ་སོགས་པ་གཏོང་བའི་འདུ་ཤེས་དང་ལྡན་པས་བྱིན་ལེན་བྱས་ན་ཉེས་པ་མེད་དོ། །བྱིན་ལེན་མ་བྱས་པ་ལ་མ་བྱས་པར་འདུ་ཤེས་པ་དང། བྱས་པ་ལ་མ་བྱས་པར་འདུ་ཤེས་པ་བཞི་རྒྱུད་ཀྱང་གོང་མ་དང་འདྲ་བར་སྦྱར་རོ། །བྱང་གི་སྒྲ་མི་སྙན་ལྟ་བུར་བྱིན་ལེན་མ་བྱས་ཀྱང་ཉེས་པ་མེད་དོ། །ལྟུང་བ་ཉི་ཤུ་བདུན་པ་རྫོགས་སོ།། །།མདོར་བསྟན་པ་ནི། སྲོག་ཆགས་བཅས་ཆུ་གཅེར་བུ་དང༌། །དམག་ལྟར་འགྲོ་དང་གནས་པ་དང༌། །གཡུལ་ཤོམ་རྟ་དང་རྡེག་པ་དང༌། །བཟས་པ་དང་ནི་འཆབ་པའོ། །སྟོན་པ་ཡུལ་ཀཽ་ཤཱམྦཱི་ན་སྟེ། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེའི་ནང་ན་ཏི་ཤ་དང་ནནད་ཏི་ཤ་ཞེས་བྱ་བ་གཉིས་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་ཅིང་འཐུང་བ་དང༌།


DTG156_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་གྲོགས་མོ་དག་གིས་ཅིའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་ཅིང་འཐུང་ཞེས་སྨྲས་ན་སྲོག་ཆགས་འདི་དག་ཅིའི་ཕྱིར་ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་སོགས་པ་ཕྱོགས་བཞིའི་རྒྱ་མཚོར་མི་འདོང་ཞེས་སྨྲས་པ་དང༌། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་སྨོད་པ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་སྲོག་ཆགས་དང་བཅས་པའི་ཆུ་ཤེས་བཞིན་དུ་སྤྱོད་ན་ལྟུང་པའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་ཏི་ཤ་དང་ནནད་ཏི་ཤ་སྟེ། གང་གཞན་ཡང་དེ་དང་འདྲའོ། །སྲོག་ཆགས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། མིག་གིས་མཐོང་བ་དང༌། ཆུ་ཚགས་ཟིན་པའོ། །སྤྱོད་ན་ཞེས་བྱ་བ་ནི་ཆུ་སྤྱོད་པ་ལ་ཕྱི་ནང་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་ཆག་ཆག་དང་འཇི་བ་ལ་སོགས་པའི་ལས་བྱེད་པ་ལ་བྱའོ། །ནང་གི་ནི་ཟས་ཀྱི་བྱ་བ་རྣམས་དང་སྐོམ་དུ་བཏུང་བའོ། །སྐབས་འདིར་ནི་ནང་གི་བྱ་བ་རྣམས་དང་སྦྱར་རོ། །དེ་ལ་དགེ་སློང་མས་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་དང༌། ཐེ་ཚོམ་པ་ལ་ལྟུང་བ་རེ་རེ་སྦྱར་རོ། །སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་ཡོད་པར་འདུ་ཤེས་པ་དང༌། ཐེ་ཚོམ་ལ་འང་ཉེས་བྱས་རེ་རེར་འགྱུར་རོ། །དེ་བཞིན་དུ་ཤ་ཙེ་དང་ལྡུམ་སྣ་ཚོགས་པ་འང་དེ་བཞིན་དུ་བཞི་རྒྱུད་དང་སྦྱར་རོ། །ལྟུང་བ་ཉི་ཤུ་བརྒྱད་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་དགེ་སློང་ཀུན་དགའ་བོས་དུས་སྟོན་ཆེན་པོ་ཞིག་གི་ཚེ་ལག་ན་ཟས་ཀྱི་ལྷག་མ་ཁྱེར་བ་གཅེར་བུ་མ་རྒན་གཞོན་གཉིས་ཤིག་སྦྲང་མོ་བྱེད་པའི་གཞོན་ནུ་ཤོས་ལ་བྱིན་པ་དང༌། རྒན་པས་སྨྲས་པ་འཕགས་པ་ཀུན་དགའ་བོ་ཁྱོད་ལ་ཆགས་ཀྱིས་ཕྱི་བདར་དག་གྱིས་ཤིག་ཅེས་སྨྲས་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་གིས་ཐོས་ནས་འཕྱ་ཞིང་སྨོད་པ་ལས་བཅོམ་ལྡན་འདས་ཀྱིས་འདུལ་བ་བཅས་པ་དང་བཅུ་གཉིས་སྟེ་རྣམས་ངེད་ཀྱི་ཕྱིར་འདུལ་བ་མ་བཅས་སོ། །ཞེས་ཡང་དང་ཡང་གཅེར་བུ་པ་དག་ལ་ཟན་བྱིན་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་ལ་བཅས་པའི་བར་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གཅེར་བུ་པ་འམ། གཅེར་བུ་མ་འམ། ཀུན་ཏུ་རྒྱུའམ། ཀུན་ཏུ་རྒྱུ་མོའམ། རང་གི་ལག་ནས་


DTG156_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བའོ། །ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་མུ་སྟེགས་གྲངས་ཅན་གྱི་གཞུང་འཛིན་པ་ལའོ། །དེ་ལ་དགེ་སློང་མས་ཕ་མ་གཅེར་བུ་པ་འམ་ལྟ་བ་ལས་བཟློག་པའི་ཕྱིར་རམ། ཕོར་བུ་ས་ལ་གཞག་པའི་ནང་དུ་སོ་སོར་བགོས་ཏེ། བྱིན་ན་ཉེས་པ་མེད་དོ། །ལྟུང་བ་ཉི་ཤུ་དགུ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་འབངས་རི་བྲགས་ན་གནས་པ་དག་ཅིག་ལོག་ནས་དེ་དག་ལ་དམག་རྒོལ་དུ་འགྲོ་བའི་ཚེ་དྲུག་སྡེ་རྣམས་དམག་འདོང་བའི་ལམ་གར་འདུག་ནས་ཁྱེད་ཀྱི་མི་སྤྲེའུ་དང་འདྲ། བ་གླང་ནི་ཕག་དང་འདྲ། རྟ་ནི་ལུག་ལྟ་བུའོ་ཞེས་འཕྱ་ནས་དམག་མི་རྣམས་ཕྱིར་ལོག་ནས་རྒྱལ་པོས་ཅིའི་ཕྱིར་ལོག་ཅེས་སྨྲས་པ་དང༌། དེ་དག་གིས་དྲུག་སྡེས་འཕྱ་བ་རྒྱས་པར་སྨྲས་ནས། རྒྱལ་པོས་བཅོམ་ལྡན་འདས་ལ་གསོལ་ནས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་དེང་ཀྱི་ཕྱིར་མ་ཡིན་ནོ་ཞེས་དམག་ཆས་པ་ལྟ་བ་ནས་དོན་ཉུང་བ་ལ་འཕྱ་སྨོད་དེ་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དམག་ཆས་པ་བལྟར་འགྲོ་ན་དེ་འདྲའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །དམག་ཅེས་བྱ་བ་ནི་རྣམ་པ་བཞི་སྟེ། ཤིང་རྟ་དང་བ་གླང་དང༌། རྟ་དང༌། རྐང་ཐང་པའི་ཚོགས་སོ། །གཙུག་ལག་ཁང་ལམ་ཀ་ན་འདུག་སྟེ་ཆེད་དུ་བལྟར་མ་སོང་བར་མཐོང་བ་ལ་ཉེས་པ་མེད་དོ། །ལྟུང་བ་སུམ་ཅུ་པ་རྫོགས་སོ།། །།གླེང་གཞི་གོང་མ་དང་འདྲ་སྟེ། རྒྱལ་པོ་གསལ་རྒྱལ་གྱི་དམག་རི་བྲགས་པ་ལ་རྒོལ་བའི་ཚེ་མི་ཐུབ་པ་འདྲ་སྟེ་བློན་པོ་དག་གིས་བསོད་ནམས་ཆེན་པོ་དང་ལྡན་པ་འགའ་འདིར་འབོད་པར་རིགས་ཞེས་གསོལ་པ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བོས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེར་ཡུན་རིང་དུ་གནས་པས་སྐྱ་ཞིང་རིད་པར་གྱུར་པ་དང༌། རྒྱལ་པོས་བུད་མེད་དྲན་ནམ་ཅི་ཉེས་དྲིས་པ་དང༌། བདག་དགེ་སློང་དག་བལྟ་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་དྲུག་སྡེ་རྣམས་བོས་ནས་དེར་གཞག་པ་དང༌། ཡུན་རིང་དུ་གནས་ཤིང་དམག་ལ་ལྟ་བ་དང༌། འཕྱས་འདོགས་པ་


DTG156_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞག་གཉིས་ལས་འདས་པར་མ་གནས་ཤིག་ཅེས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་མོ་དག་ངེད་ཀྱི་ཕྱིར་མ་ཡིན་ཞེས་ཞག་མང་དུ་གནས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །དེ་འདྲ་བའི་རྐྱེན་གཅིག་གིས་དགེ་སློང་མ་དམག་ཆས་པ་ལ་བལྟར་འགྲོ་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ལས་འདས་པར་མི་བྱའོ། །དེ་ལས་འདས་པར་གནས་ན་ལྟུང་བའོ། །དེ་འདྲ་བའི་རྐྱེན་ཅེས་བྱ་བ་ནི་རྒྱལ་པོའམ་བློན་པོས་ཆེད་དུ་བཀུག་པ་ལ་བྱའོ། །བར་ཆད་བརྒྱད་བྱུང་ན་དེ་ལས་འདས་པར་གནས་ཀྱང་ཉེས་པ་མེད་དོ། །ལྟུང་བ་སུམ་ཅུ་གཅིག་པ་རྫོགས་སོ།། །།གླེང་གཞི་གོང་མ་དང་འདྲ་སྟེ། བཅུ་གཉིས་སྡེ་མོ་དག་དམག་གི་ནང་དུ་ཞག་གཉིས་གནས་པའི་ཚེ་གཡུལ་བཤམས་པ་དཀྲུག་ཅིང་ལྟ་བ་དང། དམག་མི་རྣམས་མི་དགའ་བར་གྱུར་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེའང་གལ་ཏེ་དགེ་སློང་མས་བཤམས་པ་དཀྲུགས་སམ། རྒྱལ་མཚན་དང་དཔུང་གི་མཆོག་གི་གཡུལ་བཤམས་པའི་དམག་ལ་ལྟ་ན་ལྟུང་བའོ། །བཤམས་པ་དཀྲུགས་སམ་ཞེས་བྱ་བ་ནི་དམག་བཤམས་པ་རྣམ་པ་བཞི་ལྟ་བུ་སྟེ། སོག་ཀ་པ་དང༌། ནམ་མཁའ་ལྡིང་ལྟ་བུ་དང༌། ནམ་གྲུའི་དབྱིབས་ལྟ་བུ་དང༌། ཟླ་བ་ཁམ་པ་ལྟ་བུ་དེ་དེ་ལྟ་བུར་དཀྲུགས་པ་ལ་བྱའོ། །རྒྱལ་མཚན་ཞེས་བྱ་བ་ནི་རྣམ་པ་བཞི་གཟུགས་བརྙན་བྲིས་པ་སྟེ། སེང་གེ་དང༌། ཁྱུ་མཆོག་དང༌། ཆུ་སྲིན་དང༌། ནམ་མཁའ་ལྡིང་ངོ༌། དཔུང་གི་མཆོག་ཅེས་བྱ་བ་ནི་སྟོབས་ཀྱི་མཆོག་ལྟ་བུ་ལ་བྱའོ། །ལྟུང་བ་སུམ་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བུད་མེད་ནི་རང་བཞིན་གྱིས་ཁྲོ་སྤྲོ་ཐུང་བས་སྦོམ་དགའ་མོ་དགེ་སློང་མ་དག་ལ་ཁུ་ཚུར་དང་ཐལ་མོ་ལ་སོགས་པས་བརྡེག་འཚོགས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་སྟེ། བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་


DTG156_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་འཁྲུགས་རྔམ་ནས་དགེ་སློང་མ་ལ་བརྡེགས་ན་ལྟུང་བའོ། །ཁྲོས་ཞེས་བྱ་བ་ནི་ཅུང་ཟད་ཁྲོས་པ་ལ་བྱའོ། །འཁྲུགས་ཞེས་བྱ་བ་ནི་དབང་དུ་གྱུར་པ་ལ་བྱའོ། །རྔམ་ཞེས་བྱ་བ་ནི་བརྡེག་པར་འདོད་པ་ལ་བྱའོ། །དེ་ལ་དགེ་སློང་མས་ཁྲོས་བའི་བསམ་པས་བརྡེག་པར་འདོད་པས་སོར་མོ་ལ་སོགས་པ་ཡན་ལག་སོ་སོར་གང་གིས་བརྡེགས་ཀྱང་ལྟུང་བ་རེ་རེར་འགྱུར་རོ། །ཁུ་ཚུར་གྱིས་བརྡེགས་ན་ལྟུང་བ་གཅིག །ཕྱགས་མ་ལྟ་བུས་བརྡེགས་ན་ཕྱགས་མའི་གྲངས་བཞིན་དུ་ལྟུང་བ་རེ་རེ། ཐལ་མོ་རིག་པའི་སྔགས་བྱེད་པའི་ཚེ་ཐལ་མོས་བསྣུན་པ་དང༌། ལེན་པ་འམ་ནད་ལ་ཕན་པའི་ཕྱིར་བསྣུན་པ་ལྟ་བུ་ནི་ཉེས་པ་མེད་དོ། །དགེ་ཚུལ་མན་ཆད་ལ་བརྡེག་པ་དང་དགེ་སློང་ལ་བསྣུན་པ་ལས་མ་ཕོགས་ན་ཉེས་བྱས་སོ། །ལྟུང་བ་སུམ་ཅུ་གསུམ་པ་རྫོགས་སོ།། །།གླེང་གཞི་གོང་མ་དང་འདྲ་སྟེ། སྦོམ་དགའ་མོས་དགེ་སློང་མ་དག་ལ་རྡེག་པར་གཟས་པ་ལས། དོན་ཉུང་ངུ་བའི་དགེ་སློང་མ་དག་འཕྱ་ནས་སྔ་མ་བཞིན་ཏེ་བསླབ་པ་བཅས་སོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་ནས་དགེ་སློང་མ་རྡེག་པར་གཟས་ན་ལྟུང་བའོ། །དཀྱུས་ཀྱི་བཤད་པ་ཡང་སྔ་མ་དང་འདྲའོ། །ལྟུང་བ་སུམ་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་གཉིས་སྡེ་མོ་དག་ལ་ལྷག་མ་དང་ཕམ་པའི་སྦོམ་པོ་དག་བྱུང་ན་བཅས་སོ། །ཕྱིས་འཐབ་མོ་བྱུང་བ་དང༌། གཅིག་ལ་གཅིག་ཉེས་པ་བྱུང་བ་གླེངས་བ་དང། དོན་ཉུང་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མའི་གནས་ངན་ལེན་གྱི་ཉེས་པ་ཤེས་བཞིན་དུ་འཆབ་ན་ལྟུང་བའོ། །གནས་ངན་ལེན་གྱི་ཉེས་པ་ཞེས་བྱ་བ་ནི་ཕམ་པའི་སྦོམ་པོ་དང་ལྷག་མ་གཉིས་ལ་བྱའོ། །དགེ་སློང་མས་ལྟུང་བ་མན་ཆད་ཀྱི་ཉེས་པ་ཤེས་བཞིན་དུ་བཅབས་ན་ཉེས་བྱས་སོ། །མདོ་སྡེ་དང་འདུལ་བ་འཛིན་པ་ལྟ་བུའི་དགེ་སློང་མའི་ཉེས་པ་གླེངས་ན་ཕྱིར་གནོད་པར་འགྱུར་བ་ལྟ་བུའམ། འཐབ་ཀྲོལ་ཅན་ལྟ་བུའི་ཉེས་པ་གླེངས་ན་འཐབ་མོ་འམ་


DTG156_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གནོད་པ་ཆེར་འགྱུར་བ་ལྟ་བུ་ནི་ཉེས་པ་ཤེས་བཞིན་དུ་མ་གླེངས་ཀྱང་ཉེས་པ་མེད་དོ། །ལྟུང་བ་སུམ་ཅུ་ལྔ་པ་རྫོགས་སོ།། །།མདོར་བསྟན་པ་ནི། བདེ་དང་མེ་དང་དད་པ་དང༌། །བསྙེན་པར་མ་རྫོགས་ཆོས་པ་སྨྲ། །དགེ་ཚུལ་མ་དང་ཁ་བསྒྱུར་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་དག་ལྷག་མ་བྱུང་ནས་དགེ་སློང་མ་གཞན་དག་གིས་གླེངས་ཏེ་འཆགས་སུ་བཅུག་པ་དང༌། སྦོམ་དགའ་མོ་དང་གཙུག་དགའ་མོ་དག་གིས་ཅི་ནས་ཀྱང་དགེ་སློང་མ་འདི་དག་ལ་འགྱོད་པ་དང་མི་དགའ་པ་སྐྱེད་དོ་སྙམ་ནས། དགེ་སློང་མ་དེ་དག་ལ་ངེད་ཀྱིས་ཟན་བླངས་ཏེ་སྦྱིན་དང་གྲོང་དུ་བསོད་སྙོམས་ལ་འདོང་ངོ་ཞེས་སྨྲས་ནས་དེ་དག་བསོད་སྙོམས་ལ་ཁྲིད་དོ། །བཅུ་གཉིས་སྡེ་སྦོམ་དགའ་མོ་ལ་སོགས་པ་ནི་རེས་ཀྱིས་གྲོང་དུ་ཟས་ཟོས་ནས་གདུགས་ཚོད་ཡོལ་བ་དང༌། དགེ་སློང་མ་གཞན་ལ་ཁྱེད་ཀྱི་ཟན་ངེད་མི་འབྱོར་གྱིས་སོང་ཤིག་ཅེས་དེ་དག་གི་ཟན་བཅད་ནས་དེ་དག་ལ་རྨྱ་བར་གྱུར་ཏེ་གློས་ཕབ་ཅིང་ཉལ་བ་དགེ་སློང་མ་དག་གིས་རྨས་པའི་བར་དུ་རྒྱས་པར་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་སོ། །ཡང་དགེ་སློང་མ་གང་ཅི་ནས་ཀྱང་དགེ་སློང་མ་འདི་ཟན་བཅད་དོ་སྙམ་ནས་ཟན་བཅད་པར་བསམས་ཏེ། རྐྱེན་དེ་ཉིད་ཀྱིས་དགེ་སློང་མ་ལ་འཕགས་མ་ཚུར་ཤོག་ཁྱིམ་དག་ཏུ་འདོང༌། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བཟང་པོ་འགྲངས་ཀྱི་བར་དུ་སྦྱིན་དུ་གཞུག་གོ་ཞེས་དེ་སྐད་སྨྲས་ལ། དེས་དེ་ལ་སྦྱིན་དུ་མ་བཅུག་གི་དེའི་འོག་ཏུ་འཕགས་མ་ཁྱོད་སོང་ཤིག་ཁྱོད་དང་ལྷན་ཅིག་འདུག་གམ་གཏམ་ཟེར་བ་ང་ལ་བདེ་བ་མེད་ཀྱི། ང་གཅིག་པུ་འདུག་གམ་སྨྲས་ན་བདེའོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །དེ་ལ་དགེ་སློང་མས་ཟན་གཅོད་པའི་བསམ་པས་ཐབས་གང་གིས་ཀྱང་རུང་སྟེ། ཟན་བཅད་ན་ལྟུང་བའོ། །སྨན་གྱི་ཆོ་ག་འམ་བསྒོ་བཞིན་དུ་བྱེད་པ་ལ་ནི་ཉེས་པ་མེད་དོ། །ལྟུང་བ་སུམ་ཅུ་དྲུག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པར་ལྗོངས་རྒྱུ་ཞིང་གཤེགས་པའི་ཚེ་དགོངས་མ་ལ་ཅིག་ཏུ་འཁོར་རྣམས་སྡོང་རྒན་


DTG156_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེའི་དྲུང་དུ་གནས་བཅས་པ་དང༌། དྲུག་སྡེ་རྣམས་མེ་མགལ་སྐོར་ཞིང་རྩེ་བ་དང༌། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེད་ཀྱི་ཕྱིར་མ་བཅས་སོ་ཞེས་མེ་ལ་རྩེ་ཞིང་མེ་འབུད་པ་དང་དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བ་ནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་མིན་བར་བདག་མེ་གཞུག་པའི་ཕྱིར་མེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བའོ། །དེ་ལ་དགེ་སློང་མ་དཀོན་མཆོག་གསུམ་གྱི་ཕྱིར་མེ་ལ་རེག་སྟེ་པོག་ཕོར་འགེངས་པའི་ཚེ་དཀོན་མཆོག་གསུམ་ལ་མཆོད་དོ་སྙམ་པའི་བསམ་པས་བྱིན་གྱིས་མ་བརླབས་ཏེ་རེག་ན་ལྟུང་བའོ། །རེག་ཏུ་བཅུག་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་སློབ་དཔོན་དང༌། ཚངས་པ་མཚུངས་པར་སྤྱོད་པ་གྲོགས་ཀྱི་ཕྱི་མེ་འབུད་ན་འང་དེ་དག་གི་ཕྱིར་རོ་ཞེས་བྱིན་གྱིས་མ་བརླབས་པར་བུས་ན་ཐམས་ཅད་ལྟུང་བར་འགྱུར་རོ། །དགེ་འདུན་གྱི་ཕྱིར་མེ་འབུད་ནའང་ཇི་སྲིད་འབུད་ཀྱི་བར་དུ་རྒྱུན་གཅིག་ཏུ་བྱིན་གྱིས་མ་བརླབས་ན་ཤིང་རེ་རེ་བཅུག་པས་ལྟུང་བ་རེ་རེར་འགྱུར། ལྟུང་བཟེད་བསྲེག་པ་དང་ཚོན་གྱི་ལས་བྱེད་པ་ན་འདི་ལྟ་བུའི་ཕྱིར་རོ་ཞེས་བྱིན་གྱིས་མ་བརླབས་ན་ཉེས་བྱས་སོ། །དེ་ལ་ནད་པའི་ཕྱིར་རམ་བྱིན་གྱིས་བརླབས་པ་རྣམས་ནི་མེ་ལ་རེག་ཏུ་བཅུག་ཀྱང་ཉེས་མེད་དོ། །མེ་མ་མུར་ཐལ་ཚན་ལ་རེག་ན་ཉེས་བྱས་སོ། །ཉི་མ་ཤར་བ་བླ་གབ་མེད་པ་ན་མེ་བུས་ན་ཉེས་པ་མེད་དོ། །ལྟུང་བ་སུམ་ཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་གཉིས་སྡེ་རྣམས་ནི་གཞོན་དར་ལ་བབ་པར་གྱུར། དྲུག་སྡེ་རྣམས་ལ་འཆར་ཀ་ནི་དགྲ་བཅོམ་པར་གྱུར། མོས་པ་ཅན་ནི་ཅང་མི་སྨྲ་བར་གྱུར། ཐ་སྐར་སྐྱེས་དང་ནབ་སོ་པོ་གཉིས་ནི་ཚེ་འཕོས། དགའ་བོ་དང་བསྙེན་དགའ་བོ་གཉིས་ནི་རྒས་འཁོགས་པར་གྱུར་ཏེ་ལུས་པ་དང༌། བཅུ་བདུན་སྡེ་རྣམས་ཀྱིས་སྔོན་བདག་ཅག་ཆུང་བའི་ཚེ་འདི་གཉིས་ཀྱིས་གཙེས་ཀྱིས། ད་ནི་དགའ་བོ་ལ་སྤངས་པའི་ལས་བྱའོ་སྙམ་ནས་དགའ་བོའི་གོས་བཀྲུའོ་ཞེས་བྲིད་ནས་དགའ་བོའི་གོས་རྣམས་ཆུར་བཅུག་སྟེ། བཅུ་བདུན་སྡེས་དགའ་བོ་ལས་དད་པ་བླངས་ནས་བསྙེན་དགའ་བོ་ཆོས་བཞིན་དུ་སྤང་


DTG156_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་བྱས་པ་དང༌། ཕྱིས་དགའ་བོས་དད་པ་མི་སྦྱིན་ནོ་ཞེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་སོ། །དེ་ལྟར་བསླབ་པ་བཅས་པས་དགེ་སློང་མ་ཚུལ་ལ་གནས་པ་དག་ནི་དེ་བཞིན་དུ་བྱེད། བཅུ་གཉིས་སྡེ་དག་དད་པ་སྔར་ཕུལ་བའི་འོག་ཏུ་ཕྱིར་ལེན་ཅིང་སྐྱོ་སྡོགས་བྱེད་པ་དང་དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་ནས། འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གིས་དགེ་འདུན་གྱི་བྱ་བ་ཆོས་བཞིན་དུ་བྱེད་པ་ལ་དགེ་སློང་མ་ལ་དད་པ་བྱིན་ནས་དེའི་འོག་ཏུ་དགེ་སློང་མ་ལ་དད་པ་སླར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །ཆོས་བཞིན་ཅེས་པས་ནི་གསོལ་བའི་ལས་དང༌། གསོལ་བ་དང་གཉིས་ཀྱི་ལས་དང་གསོལ་བ་དང་བཞིའི་ལས་ཚུལ་བཞིན་དུ་བྱེད་པའོ། །ལས་ཚུལ་བཞིན་དུ་མི་བྱེད་པ་ལས་དད་པ་ཕྱིར་བླངས་ཀྱང་ཉེས་མེད་དོ། །ལྟུང་བ་སུམ་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་རྣམས་བཅུ་བཞི་འམ་བཅོ་ལྔའི་ནུབ་མོ་ཁྱིམ་པ་དང་དགེ་སློང་གི་རྣམས་འདུས་ནས་མཚན་རངས་མེ་མར་འཛུགས་ཤིང་མདོ་སྡེ་ཀློག་པ་དང༌། དགེ་སློང་རྒན་ཞུགས་ཅིག་མེ་མར་གྱི་འོད་ལ་གཉིད་ཀྱིས་ལོག་ནས་སྔོན་གྱི་ཆུང་མ་དང་ཅི་བྱས་པ་བླ་བརྡོལ་བ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་དགེ་སློང་རྒན་པོ་རྣམས་ཀྱང་སྔོན་གྱི་ཆུང་མ་དག་དྲན་ནོ་ཞེས་འཕྱ་སྨོད་ནས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྟེ་དག་ངེད་ཀྱི་ཕྱིར་མ་ཡིན་ནོ་ཞེས་བསྙེན་པར་མ་རྫོགས་པ་དང༌། དགེ་ཚུལ་མ་དག་དང་ལྷན་ཅིག་ཉལ་བ་ལས་བསླབ་པ་བཅས་སོ། །ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པའི་གང་ཟག་དང༌། ཁྱིམ་གཅིག་གི་ནང་དུ་ནུབ་གཉིས་ལས་རིང་དུ་ཉལ་ན་ལྟུང་བའོ། །བསྙེན་པར་མ་རྫོགས་པའི་གང་ཟག་ཅེས་བྱ་བ་ནི་དགེ་ཚུལ་མན་ཆད་ལ་བྱའོ། །ཁྱིམ་ཞེས་བྱ་བ་ནི་ཁྱིམ་རྣམ་པ་བཞི་སྟེ། ཟད་པར་གཡོགས་པ་ལ་ཟད་པར་བསྐོར་བ་དང༌། ཟད་པར་གཡོགས་པ་ལ་ཟད་པར་མ་བསྐོར་བ་དང༌། ཅུང་ཟད་བསྐོར་ལ་ཅུང་ཟད་གཡོགས་པའོ། །ནུབ་གཉིས་ཞེས་བྱ་བ་ནི་འཆར་བ་དང་སྒྲ་གཅན་འཛིན་


DTG156_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་འདུག་པ་ལས། སྒྲ་གཅན་འཛིན་བཅོམ་ལྡན་འདས་ཀྱི་ནམ་སའི་སར་ཉལ་བ་དང༌། སྦྲུལ་གདུག་པས་དེའུ་ཟོས་པ་དང༌། དགེ་སློང་མ་དག་གིས་ཚུལ་མ་ཕྱི་རོལ་དུ་གཞག་པ་དང༌། བཅོམ་ལྡན་འདས་ཀྱིས་ནུབ་གཉིས་ལྷན་ཅིག་ཉོལ་ཅིག་ཅེས་རྗེས་སུ་གནང་བ་ལ་བྱའོ། །ནུབ་གཉིས་ལས་འདས་ཞེས་བྱ་བ་ནི་ནུབ་གསུམ་པའི་སྐྱ་རེངས་ཀྱིས་ཆོད་ན་ལྟུང་བར་འགྱུར་ཏེ། སྐྱ་རེངས་མ་ཤར་བའི་དུས་སུ་བདག་ཕྱིར་བྱུང་ངམ། དགེ་སྤྱོད་ཕྱིར་བྱུང་ངམ་ལངས་ཏེ་འདུག་ན་ཉེས་མེད་དོ། །ལྟུང་བ་སུམ་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དགེ་སློང་མ་ཧ་རི་སྟི་མ་དང༌། དགེ་སློང་མ་གཅིག་གནས་པ་ལས་ལྟུང་བ་མཉམ་དུ་བྱུང་ནས་དགེ་སློང་མ་གྲོགས་མོས་ནི་ལྟུང་བ་བྱུང་བ་མཐོལ་ཞིང་བཤགས་ནས་དགྲ་བཅོམ་པ་ཐོབ་པ་དང༌། དགེ་སློང་མ་ཧ་རི་སྟི་མས་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་པ་ནས་འདུལ་བ་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་དག་གིས་འཕགས་མ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུངས་ངོ༌། །འཕགས་མ་བར་དུ་གཅོད་པའི་ཆོས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་རོ། །འཕགས་མ་ཁྱོད་འདི་འདྲ་བའི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་ཐོང་ཤིག་


DTG156_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དེ་སྐད་བསྒོ་ཤིག །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས། གལ་ཏེ་དངོས་པོ་དགེ་གཏོང་ན་ནི་ལེགས། གལ་ཏེ་མི་གཏོང་ན་དངོས་པོ་དེ་སྤང་བར་བྱ་བའི་ཕྱིར་ལན་གཉིས་གསུམ་དུ་ཡང་དག་པར་བསྒོ་བར་བྱའོ། །ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་ལྟུང་བའོ། །དར་དུ་གཅོད་པ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའི་ཉེས་པ་ལ་བྱའོ། །ལན་གཉིས་ལན་གསུམ་དུ་བསྒོ་ཞེས་བྱ་བ་ལ་དང་པོ་ཚིག་འཇམ་པོས་བསྒོ་སྟེ་མ་ཉན་ན་ཉེས་བྱས། དེ་བཞིན་ལན་གཉིས་ཀྱི་བར་དུ་བསྒོ་སྟེ་མ་ཉན་ན་ཉེས་བྱས་རེ་རེ། བསྒོ་བ་ལན་གསུམ་རྫོགས་ཏེ་མ་ཉན་ན་ལྟུང་བའོ། །ཆོས་བཞིན་དུ་མ་བསྒོ་བ་ལ་མཉན་ན་ཉེས་པ་མེད། ལྟུང་བ་བཞི་བཅུ་པ་རྫོགས་སོ།། །།གླེང་གཞི་གོང་མ་དང་འདྲ་སྟེ། དགེ་སློང་མ་ཧ་རི་སྟི་མ་སྡིག་པའི་ལྟ་བ་མི་གཏོང་ནས་དགེ་སློང་མ་དག་གིས་བསྐྲད་པ་དང༌། བཅུ་གཉིས་སྡེ་དག་གིས་མ་ཧ་རི་སྟེ་མ་བསྟེན་ཅིང་ལྷན་ཅིག་གནས་ཤིང་བསྟེན་པ་ལས་བཅས། ཡང་དགེ་སློང་མ་གང་དེ་སྐད་སྨྲ་བའི་དགེ་སློང་མ་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་མ་སྤངས་པར་ཤེས་ལ་སྨྲ། ཀུན་ཏུ་སྨྲ། གནས་པར་བྱེད་སྤྱོད་པར་བྱེད་ཅིང་དང་ཁྱིམ་གཅིག་གི་ནང་དུ་ཉལ་བར་བྱེད་ན་ལྟུང་བའོ། །དེ་སྐད་སྨྲ་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་རྣམས་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྨྲ་བའོ། །ཆོས་བཞིན་མ་བྱས་ཞེས་པ་ནི་སྡིག་པའི་ལྟ་བ་སླར་མ་བཤགས་པའོ། །སྤྱོད་པར་བྱེད་ཅེས་བྱ་བ་ནི་བསྙེན་བསྐུར་ལ་སོགས་པ་བྱེད་པའོ། །སྡིག་པའི་ལྟ་བ་དེ་ལས་དབྲལ་བའི་ཕྱིར་ན་ཉེས་པ་མེད་དོ། །ལྟུང་བ་བཞི་བཅུ་གཅིག་པ་རྫོགས་སོ།། །། སྟོན་པ་རྒྱལ་པོའི་ཁ་བ་ན་སྟེ། དགེ་ཚུལ་མ་མཛེས་མ་དང༌། རྒྱལ་མཐའ་མ་ཞེས་བྱ་བ་གཉིས་དགེ་སློང་མ་གྲོགས་མོ་དག་གཅིག་དང་འདུག་པ་ལས་དེ་དག་འདོད་པ་ལ་ཆགས་པའི་ཉེས་པའི་ཉེས་པ་དག་གཅིག་བྱུང་ངོ༌། །ཉེས་པ་བྱུང་བ་དང་དེ་གཉིས་ཀྱི་གྲོགས་ཆོས་སླར་ཉེས་པ་ཆོས་


DTG156_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བྱས་བསྒྲིམས་ཤིང་འབད་པས་དགྲ་བཅོམ་པ་ཐོབ་པོ། །དུས་ཕྱི་ཞིག་ན་དགེ་ཚུལ་མ་དེ་གཉིས་མེ་ཏོག་ཐུ་བའི་ཚེ་གྲོགས་མོ་དགྲ་བཅོམ་མ་དེ་ནམ་མཁའ་ལ་འཕུར་ཞིང་འགྲོ་བའི་གྲིབ་མ་ལས་དགེ་ཚུལ་མ་དེ་གཉིས་ཀྱིས་མཐོང་ནས་དེ་གཉིས་ཀྱིས་འདོད་པ་ནི་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྨྲས་པ་དང༌། དགེ་སློང་མ་དག་འཕྱ་སྨོད་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །དགེ་ཚུལ་མ་ཞིག་འདི་སྐད་དུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་མ་དེ་ལ་དགེ་སློང་མ་དག་གིས་དགེ་ཚུལ་མ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེགས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་གྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ༌། །འདོད་པ་ལ་བར་དུ་གཅོད་པ་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་མ་ཁྱོད་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་ཐོང་ཤིག་ཅེས་དེ་སྐད་བསྒོ་ཤིག། དགེ་ཚུལ་མ་དེ་ལ་དགེ་ཚུལ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ནས་གལ་ཏེ་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། གལ་ཏེ་མིག་གཏོང་ན་དངོས་པོ་སྤང་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་ནས་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས། །གལ་ཏེ་མི་གཏོང་ན་དགེ་ཚུལ་མ་དེ་ལ་དགེ་སློང་མ་དག་གིས་ངེད་ཕྱིན་ཆད་དགེ་ཚུལ་མ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་


DTG156_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་གང་གིས་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་མ་རྣམས་དང་དགེ་ཚུལ་མ་ཞག་གཉིས་ཀྱི་བར་དུ་གང་ཉལ་དུ་དབང་བ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། བུད་མེད་བླུན་མོ་ཁྱོད་མིག་ལམ་ན་མི་སྣང་བར་བྱས་ཀྱིས་ཕར་སོང་ཤིག་ཅེས་བསྒོ་ཤིག །ཡང་དགེ་སློང་མ་གང་གིས་དགེ་ཚུལ་མ་དེ་ལྟར་མིག་ལམ་ན་མི་སྣང་བར་བྱས་པར་ཤེས་བཞིན་དུ་གནས་བྱིན་ནམ་ཡོ་བྱད་བྱིན་ནམ་དེ་དང་ཁྱིམ་གཅིག་གི་ནང་དུ་ཉལ་བར་བྱེད་ན་ལྟུང་བའོ། །གནས་བྱིན་ཞེས་བྱ་བ་ནི་ཞུར་བཅུག་པ་ལ་བྱའོ། །ལན་གཉིས་ལན་གསུམ་དུ་བསྒོ་ཞེས་བྱ་བ་ནི་དགེ་ཚུལ་མ་དེ་དག་གསོལ་བ་དང་བཞིའི་ལས་བྱེད་པར་སྣང་བའི་ཕྱོགས་སུ་བཞག་ནས་བསྒོ་བར་བྱ་བའོ། །སྡིག་པའི་ལྟ་བ་ལས་བཟློག་པའི་ཕྱིར་བསྟེན་ན་ཉེས་པ་མེད་དོ། །ལྟུང་བ་བཞི་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ཀླུ་རི་བོ་དང་དགའ་སྐྱེད་གཉིས་ཀྱི་རྟེན་བཙུགས་པ་ལ་མཆོད་པ་ཆེན་པོ་བྱེད་པའི་དུས་ན་ལྷོ་ཕྱོགས་ཀྱི་གར་མཁན་གྱིས་གར་སྣ་ཚོགས་བྱས་ནས། དེའི་འོག་ཏུ་མི་འདུས་པ་དག་གད་མོ་དབྱུང་བའི་ཕྱིར་བསྙེན་དགའ་བོ་དང་མོས་པ་ཅན་གཉིས་གཅིག་ལ་གཅིག་ཟས་ཀྱི་ལྷག་མ་བྱེད་ཅིང་ཟ་བ་ལྟར་ལྷུང་བཟེད་ཐལ་བས་བཀང་བཀང་ནས་སྟེང་དུ་བུ་རམ་ཁམ་གཅིག་བཞག་སྟེ། གཅིག་ལ་བྱིན་པ་དང༌། བུ་རམ་ཁར་བཅུག་ནས་ཐལ་བ་ཕྱིར་མགོ་སྟེང་དུ་ཕོ་བ་དང༌། གད་མོ་ཆེར་བྱུང་ནས་གར་མཁན་ཡང་རྙེད་པ་མང་དུ་གྲུབ་བོ། །དྲུག་སྡེ་རྣམས་སྙིང་ན་ནས་ཕྱི་དེ་ནང་པར་བཅུ་གཉིས་སྡེ་རྣམས་དང་གྲོས་བྱས་ནས་ཆ་ལུགས་རོལ་མོ་མཁན་ལྟར་སྒྱུར་ཏེ། མངོན་པར་བྱང་ཆུབ་པའི་གར་སྟབས་ཀེའུ་ར་ཞེས་བྱ་བ་བྱས་ནས་མི་འདུས་པ་རྣམས་ངོ་མཚར་ཆེར་གྱུར་ནས་ལྷོ་ཕྱོགས་ཀྱི་གར་གྱི་རྙེད་པ་ཡང་ཆད་པར་གྱུར་པ་དང༌། གར་མཁན་ལ་སོགས་པ་ཁྱིམ་བདག་དང་བྲམ་ཟེ་རྣམས་དགེ་སྦྱོང་འདི་དག་ནི་རོལ་མོ་མཁན་བཞིན་གོས་དཀར་པོ་གྱོན་ཞེས་འཕྱ་སྨོད་པ་ལས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མས་གོས་གསར་


DTG156_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་རྙེད་ནས་སྔོན་པོའམ་དམར་པོའམ་དུར་སྨྲིག་གམ་ཁ་དོག་རྣམ་པ་གསུམ་ལས་གང་ཡང་རུང་བ་ཞིག་ཏུ་སྒྱུར་ཅིག །གལ་ཏེ་དགེ་སློང་མས་སྔོན་པོ་འམ་དམར་པོ་འམ་དུར་སྨྲིག་དག་གམ་ཁ་དོག་རྣམ་པ་གསུམ་ལས་གང་ཡང་རུང་བ་ཅིག་གོས་ཁ་དོག་མ་བསྒྱུར་བར་སྤྱོད་ན་ལྟུང་བའོ། །སར་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། གསར་དུ་རྙེད་པ་དང༌། གོས་ཉིད་གསར་པའོ། །སྔོན་པོ་ཞེས་བྱ་བ་ནི་རྣམས་སུ་བཙོས་པའོ། །དམར་པོ་ཞེས་བྱ་བ་ནི་བཙག་ཏུ་བཙོས་པའོ། །དུར་སྨྲིག་ཅེས་བྱ་བ་ནི་སྟར་ག་དང་ཤིང་ཤུན་ལ་སོགས་པ་ལས་བཙོས་པ་སྟེ། ཁ་དོག་ནོག་བག་ཆགས་པའོ། །དེ་ལ་དགེ་སློང་མས་ཚོན་ཆེན་པོ་བརྒྱད་དེ། གུར་གུམ་དང༌། ལི་ཀྲུ་དང༌། མཚལ་དང༌། མཐིང་ཤིང་དང༌། ལེ་བརྒན་རྩི་དང༌། རྨ་ཤིང་དང༌། རྒྱ་སྐྱེགས་དང༌། བཙོད་རྣམས་སུ་ཁ་དོག་བསྒྱུར་བའི་གོས་འཆང་ན་ཉེས་བྱས་སོ། །ཐ་ན་ལྷུང་བཟེད་ཀྱི་སྣོད་ཡན་ཆད་ཁ་དོག་མ་བསྒྱུར་བར་འཆང་ན་ལྟུང་བའོ། །ལྟུང་བ་བཞི་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་ཡངས་པ་ཅན་ན་སྟེ། ཡངས་པ་ཅན་གྱི་བྱིས་པ་དག་ཅིག་རྒྱན་དག་བཀྲོལ་ནས་ཆུ་ངོས་སུ་བཞག་ནས་ཁྲུས་བྱེད་པ་ལ་ཁྲུས་ཟིན་པ་དང་རྒྱན་དག་བརྗེད་དེ་དོང་བ་ལས། རྒྱན་དེ་རྣམས་བསྙེན་དགའ་བོས་བདག་པོ་མེད་པའི་ནོར་སྙམ་ནས་བླངས་པ་དང༌། བྱིས་པ་དེ་རྣམས་ཀྱིས་ངེད་ཀྱི་རྒྱན་བརྐུས་སོ་ཞེས་བསྙེན་དགའ་བོའི་གོས་ཀྱང་དྲལ་འཕྱ་ཞིང་སྨོད་པ་ལས་བསླབ་པ་དང༌། དགེ་སློང་མ་ཚུལ་བཞིན་གནས་པ་དག་དེ་བཞིན་བྱེད་བཅུ་གཉིས་སྡེ་མོ་དག་ངེད་ཀྱི་ཕྱིར་མ་བཅས་སོ་ཞེས་ནོར་བུ་དང་རྒྱན་ལ་སོགས་པ་རིན་པོ་ཆེ་རྣམས་ལ་རེ་པ་དང༌། དོན་ཉུང་དུ་བ་རྣམས་འཕྱ་བ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་རིན་པོ་ཆེ་ལྟ་བུར་རང་གི་ལག་གིས་ལེན་ཏམ་ལེན་དུ་བཅུག་ན་ལྟུང་བའོ། །ཀུན་དགའ་ར་བའི་ནང་ན་འདུག་གམ་གནས་ཁང་གི་ནང་ན་འདུག་པ་ནི་མ་གཏོགས་སོ། །ཀུན་དགའ་ར་བའི་ནང་ན་འདུག་པ་འམ་གནས་ཁང་གི་ནང་ན་རིན་པོ་ཆེ་འམ་རིན་པོ་ཆེ་ལྟ་བུ་ཞིག་ཡོད་ན། དགེ་སློང་མ་དེ་སུའི་ཡིན་པ་དེ་ལེན་གྲང་སྙམ་དུ་སེམས་ལ་ལོང་ཤིག །དེ་ལ་དེ་ནི་


DTG156_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཡིན་ནོ། །རིན་པོ་ཆེ་ཞེས་བྱ་བ་ནི་རྒྱན་ལ་སོགས་པའམ་གསེར་དངུལ་དག་ལ་བྱའོ། །རིན་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི་མདའ་གཞུ་མཚོན་ཆ་ལ་སོགས་པ་དང༌། རོལ་མོའི་ཆ་བྱད་རྣམས་ལ་བྱའོ། །ཀུན་དགའ་ར་བ་ན་འདུག་པའམ་གནས་ཁང་གི་ནང་ན་འདུག་པ་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་ལྷ་མཚམས་མ་རྒྱན་རྣམས་བཀྲོལ་ནས་ཆོས་ཉན་པ་ལས་རྒྱན་རྣམས་གཙུག་ལག་ཁང་གི་ནང་དུ་བཀྲོལ་ཏེ་བཞག་པ་བརྗེད་ནས་སོང་བ་དང༌། ཀུན་དགའ་བོས་གཞན་གྱིས་ལེན་གྲང་སྙམ་སྟེ་བླངས་ནས། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་ངེས་སོ་སྙམ་ནས་བླངས་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དགའ་ར་བའི་ནང་ངམ། གནས་ཁང་གི་ནང་ན་རིན་པོ་ཆེར་གཏོགས་པའམ། རིན་པོ་ཆེ་ལྟ་བུ་འདུག་པ་སུའི་ཡིན་པ་ལེན་གྲང་སྙམ་དུ་སེམས་ལ་ལོང་ཤིག་ཅེས་རྗེས་སུ་གནང་བ་ལ་བྱ། དེ་ལ་དགེ་སློང་མས་ནོར་བུ་ལ་སོགས་པ་རིན་པོ་ཆེ་རྣམས་ཕུག་པ་དང་མཚན་མས་བཏབ་པ་ཐ་ན་ཟངས་ཀྱི་དོང་རྩེ་སྣ་ཆད་ལ་རེག་གམ་གཞན་རེག་ཏུ་བཅུག་ན་ཐམས་ཅད་ལྟུང་བའོ། །མ་ཕུག་པ་དང་མཚན་མས་མ་བཏབ་པ་ལ་ལེན་ནམ་ལེན་དུ་བཅུག་ན་ཉེས་བྱས། མདའ་གཞུ་ལ་སོགས་པ་རོལ་མོའི་ཆ་བྱད་རྒྱུད་ཆགས་པ་རྣམས་ལ་རེག་ན་ཐ་ན་ཆུ་སྦྲང་ཡན་ཆད་ལ་རེག་ན་ལྟུང་བའོ། །རྒྱུད་མ་ཆགས་པ་འམ་ཡན་ལག་མ་ཚང་བ་ལ་རེག་གམ་ལེན་དུ་བཅུག་ན་ཉེས་བྱས། ཀོ་བའི་དོང་རྩེ་དང་བྱིས་པ་རྩེ་བའི་མདའ་གཞུ་ལྟ་བུ་ལ་རེག་ན་ཉེས་བྱས། དེ་བཞིན་གཤེགས་པའི་གདུང་ཤ་རི་རམ་ལྟ་བུ་ལ་རེག་ན་ལྟུང་བའོ། །མཆོད་པའི་ཕྱིར་ན་ཉེས་མེད། ལྟུང་བ་བཞི་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆུ་མིག་ལྔ་བརྒྱ་ཞིག་ཡོད་པའི་ནང་ན་ཆུ་མིག་གཉིས་ཤིག་ལྷག་པར་ཡོན་ཏན་ཆེ་སྟེ། གྲང་བའི་ཚེ་ན་དྲོ། །དྲོ་བའི་ཚེ་ན་གྲང་ངོ༌། །དེ་གཉིས་གཅིག་གི་ནང་དུ་ནི་རྒྱལ་པོ་ཁྲུས་བྱེད་གཅིག་གི་ནང་དུ་བཙུན་མོ་རྣམས་ཁྲུས་བྱེད་དོ། །རྒྱལ་པོས་བདག་གི་ཡོ་བྱད་གཞན་ནི་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་བསྟབས་ན། ད་ནི་ཆུ་མིག་


DTG156_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དང་ལྡན་པ་འདི་གཉིས་སུ་ཁྲུས་མཛད་པར་བསྟབ་པོ་སྙམ་ནས། བཙམ་ལྡན་འདས་ལ་གསོལ་པ་དང༌། རྒྱལ་པོ་ཁྲུས་བྱེད་པའི་ཆུ་མིག་ཏུ་ནི་དྲུག་སྡེ་རྣམས་འཁྲུ། བཙུན་མོ་རྣམས་ཁྲུས་བྱེད་པའི་ཆུ་མིག་ཏུ་ནི་བཅུ་གཉིས་སྡེ་རྣམས་རྟག་ཏུ་ཁྲུས་བྱེད་པས་རྒྱལ་པོ་དང་བཙུན་མོ་རྣམས་ཁྲུས་བྱེད་པའི་བར་ཆད་དུ་གྱུར་ནས། ཁྱིམ་བདག་དང་བྲམ་ཟེ་རྣམས་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་དང་འགལ་བར་བྱས་ན་དུས་ལ་བབ་པ་མ་གཏོགས་ཏེ་ལྟུང་བའོ། །དེ་ལ་དུས་ནི་འདི་ཡིན་ནོ། །དཔྱིད་སྨད་ཀྱི་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་གྱི་དང་པོ་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་རབ་ཏུ་ཚ་བའི་དུས་ཡིན་ནོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ཆར་བབ་པ་དུས་སོ། །དེ་ལ་དེ་ནི་དུས་ཡིན་ནོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་བྱ་བ་ནི་དགེ་སློང་མ་རྣམས་དྲི་མ་མི་འཁྲུ་ཞིང་དྲི་མ་དང་བཅས་པར་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་དང་བྲམ་ཟེ་རྣམས་ཁྱེད་དྲི་མས་རྣམ་པར་གྲོལ་བའི་ལམ་ཚོལ་ཞེས་འཕྱ་བ་ནས་ཟླ་བ་ཕྱེད་ཕྱེད་ཅིང་རྗེས་སུ་གནང་བ་ལ་བྱའོ། །དཔྱིད་སྨད་ཀྱི་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་གྱི་དང་པོ་ཟླ་བ་ཕྱེད་དང་གསུམ་ཞེས་བྱ་བ་ནི་དབྱར་ཟླར་བ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དུ་ཟླ་བ་ཕྱེད་དང་གསུམ་པོ་འདི་ནི་ཚ་བའི་དུས་པས་རྟག་ཏུ་འཁྲུར་གནང་ངོ༌། །ལྷག་མ་ནི་ནད་པའི་དུས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཚ་བའི་དུས་ཟླ་བ་ཕྱེད་དང༌། གསུམ་པོ་མ་གཏོགས་པར་རྐྱེན་འདི་ལྟ་བུ་དག་བྱུང་ན་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །ལྟུང་བ་བཞི་བཅུ་ལྔ་པ་རྫོགས་སོ།། །།མདོར་བསྟན་པ་ནི། བྱོལ་སོང་འགྱོད་པ་མཛུབ་མོ་དང༌། །རྩེ་དང་ལྷན་ཅིག་དངང་བྱེད་དང༌། །སྦེད་དང་གདེང་མེད་རྩེ་བ་མེད། །སྐྱེས་པ་མེད་པར་ལམ་དུ་འགྲོ། །སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་འཆར་བ་འཕོང་སློབ་པའི་སློབ་དཔོན་ཞིག་འདུག་པའི་སློབ་མ་དག་གི་གན་དུ་སོང་ནས་མདའ་ལྔ་འཕངས་ཏེ་བྱ་རོག་བསད་པ་དང༌། འཕོང་སློབ་པའི་སློབ་དཔོན་གྱིས་འཆར་བ་ལ་མི་སྙན་པར་བསྒྲགས་པའི་ཕྱིར། སློབ་མ་དག་


DTG156_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་རོག་གི་རོ་བསྐུར་ནས་གྲོང་ཁྱེར་ཐམས་ཅད་དུ་སྒྲོགས་སུ་བཅུག་པ་དང༌། ཁྱིམ་བདག་དང་བྲམ་ཟེ་དག་དགེ་སྦྱོང་ཚིག་པའོ་ཞེས་འཕྱ་སྨོད་པ་ལས་བསླབ་པ་བཅས་པ་དང༌། དགེ་སློང་མ་བཅུ་གཉིས་སྡེ་དག་ངེད་ཀྱི་ཕྱིར་མ་བཅས་སོ་ཞེས་ཤེས་བཞིན་དུ་སྲོག་ཆགས་བྱོལ་སོང་དག་གསོད་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ་བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བསད་ན་ལྟུང་བའོ། །བག་མ་བྱས་པ་ལས་བྱོལ་སོང་ཤི་ན་ཐམས་ཅད་ཉེས་བྱས། བག་དང་བཅས་བཞིན་དུ་ཤི་ན་ཉེས་པ་མེད་དོ། །ལྟུང་བ་བཞི་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེས་དགེ་སློང་མ་གཞན་དག་གི་འགྱོད་པ་སྐྱེད་ཅིང་མི་དགའ་བར་བྱེད་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་ནས་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་གི་ཆེད་དུ་བསམས་ཏེ་ཅི་ནས་ཀྱང་དགེ་སློང་མ་འདི་སྐད་ཅིག་མི་དགའ་བར་བྱའོ་སྙམ་ནས་རྐྱེན་དེ་ཉིད་ཀྱིས་དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བའོ། །ཡང་དགེ་སློང་མ་གོང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་སྟེ། གང་གཞན་ཡང་དེ་དང་འདྲའོ། །དེ་ལ་དགེ་སློང་མས་ཕ་རོལ་ལ་འགྱོད་པ་སྐྱེད་པའི་བསམ་པས་ཁྱོད་བསྙེན་པར་རྫོགས་པའི་ཚེ་རྒྱལ་པོ་འདི་ཞེས་བྱ་བ་དང༌། ཉི་མ་དང་ཟླ་བ་གཟའ་ལ་ཞུགས་པ་དང༌། ས་གཡོས་པ་ཤེས་སམ་ཞེས་དྲིས་ན། དེས་མི་ཤེས་ཞེས་སྨྲས་པ་དང༌། འོ་ན་ཁྱོད་ལོ་ཉི་ཤུ་མ་ལོན་ཞེས་འགྱོད་པ་སྐྱེད་པའམ་མཁན་པོ་དང་སློབ་དཔོན་གྱི་ཆོས་གོས་དག་ཁྱེར་རམ་ཞེས་དྲིས་པ་དང༌། ཁྱེར་རོ་ཞེས་སྨྲས་ནས་ཁྱོད་ཕམ་པ་བྱུང་ངོ་ཞེའམ། ཁྱོད་ནི་མཁན་པོ་དང་སློབ་དཔོན་ཉེས་པ་ཅན་བསྐྲད་པའི་སློབ་མ་ཡིན་ནོ་ཞེའམ། ཁྱོད་འཇིགས་པའི་ས་འདི་ལྟ་བུར་ཕྱིན་ནོ་ཞེས་ཟེར་བས་བདག་ཉིད་དྲ་བཅོམ་པར་སྟོན་ཏོ་ཞེའམ་ཐབས་འདི་རྣམས་གང་གིས་ཀྱང་རུང་སྟེ། འགྱོད་པ་སྐྱེས་ན་ལྟུང་བ་རེ་རེའོ། །འོ་མ་དང་མར་དང༌། ཉ་ཤ་ཟོས་པས་མཛེ་ཅན་དུ་འགྱུར་རོ་ཞེས་ཟེར་ན་ཉེས་བྱས་སོ། །ཕན་


DTG156_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པའི་ཕྱིར་ཁྱོད་ལ་གཞན་གྱིས་འདི་སྐད་དུ་འགྱོད་པ་བསྐྱེད་ན་འགྱོད་པ་མ་སྐྱེ་ཤིག་ཅེས་བསྟན་པ་དང༌། འདུལ་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པའི་གྲོང་དུ་མ་འཇུག་ཤིག་ཅེས་བསྟན་པ་ལ་ཉེས་མེད་དོ། །ལྟུང་བ་བཞི་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་གཉིས་སྡེ་མོ་དག་གཅིག་ལ་གཅིག་ག་ག་ཚིལ་དག་བྱེད་པ་དང༌། དོན་ཉུང་དུ་པས་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་ལ་མཛུབ་མོས་ག་ག་ཚིལ་བྱེད་ན་ལྟུང་བའོ། །དེ་ལ་དགེ་སློང་མས་མཛུབ་མོ་རེ་རེས་ག་ག་ཚིལ་བྱེད་ན་ལྟུང་བ། ཁུ་ཚུར་གྱིས་བྱེད་ན་ལྟུང་བ་གཅིག །སྨྲེ་བ་བསྟན་པའི་ཕྱིར་ན་ཉེས་པ་མེད་དོ། །ལྟུང་བ་བཞི་བཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་བདུན་སྡེ་རྣམས་ཆུ་བོ་ཨ་ཛིར་བ་ཏི་ཞེས་བྱ་བ་ན་ཁྲུས་བྱེད་ཅིང་འཁོད་པ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་བཙུན་མོ་ཕྲེང་ལྡན་མ་ལ་ཁྱོད་ཀྱི་ཡོན་གནས་དག་རྩེད་མོ་བྱེད་པ་ལ་ལྟོས་ཞེས་བྱས་པ་དང༌། ཕྲེང་ལྡན་མས་རྒྱལ་པོ་ཉིད་བགྲེས་ཀྱང་བདག་ལ་རྩེ་ན། བཅུ་བདུན་སྡེ་རྣམས་ནི་གཞོན་པས་རྩེ་པས་རྩེ་བས་ལྟ་ངོ་མཚར་ཅི་ཆེ་ཞེས་སྨྲས་སོ། །དེའི་ཚེ་བཅུ་བདུན་སྡེའི་ནང་ཨུ་པཱ་ལི་ཞེས་བྱ་བ་དགྲ་བཅོམ་པ་ཞིག་ཡོད་པ་དེས་རྒྱལ་པོ་འཕྱ་བར་ཤེས་ནས། རྫུ་འཕྲུལ་བསྐྱེད་དེ་བཅུ་བདུན་སྡེ་རྣམས་འཁོར་དང་བཅས་པ་ནམ་མཁའ་ལ་འཕུར་བ་དང༌། ཕྲེང་ལྡན་མས་རྒྱལ་པོ་ལ་བཅུ་བདུན་སྡེ་ནམ་མཁའ་ལ་འཕུར་ཞིང་མཛེས་པ་ལ་གཟིགས། སེམས་ནི་གློག་དང་འདྲ་ཉོན་མོངས་པ་ནི་ཡེ་ཤེས་ཀྱིས་སྤོང་བས་སེམས་ཅན་གྱི་དྲོད་བཟུང་དུ་མི་རུང་ངོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་བཅོམ་ལྡན་འདས་ཀྱིས་གསན་ནས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེད་ཀྱི་ཕྱིར་མ་ཡིན་ནོ་ཞེས་རྟག་ཏུ་ཆུ་ལ་རྩེ་ཞིང་ཆུ་ལ་ཁྲུས་བྱེད་པ་དང་དོན་ཉུང་དུ་བའི་དགེ་སློང་མས་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཆུ་ལ་རྩེ་ན་ལྟུང་བའོ། །དེ་ལ་དགེ་སློང་མས་ཆུ་ལ་རྩེ་ན་དངོས་པོ་དགུས་རེ་རེས་ཀྱང་ལྟུང་བར་འགྱུར་ཏེ། ཁྲུས་རས་བཅིང་བ་དང༌། ཆུར་


DTG156_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང༌། ལྟེ་བ་མན་ཆད་ནུབ་པ་དང༌། བྱི་འཛུལ་བྱེད་པ་དང༌། འགྲམ་གཅིག་ནས་གཅིག་ཏུ་བྱུང་བ་དང༌། སྦལ་སྐད་ཟེར་བ་དང༌། ཆུ་རྔ་བརྡུང་བ་དང༌། ཆུ་རྒྱུན་ལས་བཟློག་པ་དང༌། གཅིག་ལ་གཅིག་ཆུ་འཐོར་བ་སྟེ་འདི་རྣམས་གང་བྱས་ཀྱང་དངོས་པོ་རེ་རེས་ལྟུང་བར་འགྱུར་རོ། །རྩེ་བའི་བསམ་པ་མེད་པས་འཁྲུ་ན་ཉེས་མེད་དོ། །ཆུ་ལ་རྩེ་བའི་བསམ་པས་སོར་མོ་མན་ཆད་ཆུའི་ནང་དུ་བཅུག་ན་ཉེས་བྱས་སོ། །ལྟུང་བ་བཞི་བཅུ་དགུ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་འཕགས་པ་མ་འགགས་པ་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་ཐོབ་པར་བྱས་པས་རུས་པའི་རི་ལས་ནི་བསྒྲལ། མཆི་མ་དང་ཁྲག་གི་རྒྱ་མཚོ་ནི་བསྐམས་པས། བཅོམ་ལྡན་འདས་ལ་དྲིན་ལ་ལན་གླན་ན། བཅོམ་ལྡན་འདས་ཀྱང་སེམས་ཅན་དག་འདུལ་བ་ལ་དགྱེས་པས་བདག་གིས་སེམས་ཅན་དག་འདུལ་ན། བཅོམ་ལྡན་འདས་ཀྱི་དྲིན་ལན་ལོན་པར་འགྱུར་རོ་སྙམ་ནས་ཡུལ་གཞན་དུ་སོང་བ་དང༌། ཁྱིམ་བདག་ཅིག་ལ་བུ་མི་སྲིང་གསུམ་ཡོད་པ་ལས་བུ་མོ་ངོ་མཚར་དུ་འཕྱོ་བ་ཞིག་པས། འཕགས་པ་མ་འགགས་པ་དེར་འོངས་པ་ལ་ཆགས་ནས། ཆགས་པའི་མཚན་མ་དག་བསྟན་ནས་འཕགས་པ་མ་འགགས་པ་ལ་འཛིན་དུ་ཆས་པ་དང༌། མ་འགགས་པ་ནམ་མཁའ་ལ་འཕགས་ནས་རྫུ་འཕྲུལ་དག་བསྟན་པ་དང༌། མོ་ཡང་དད་པ་སྐྱེས་ནས་བདེན་པ་མཐོང་བར་གྱུར་ཏོ། །བདེན་པ་མཐོང་ནས་འཕགས་པ་མ་འགགས་པ་བཤོས་ལ་སྤྱན་དྲངས་པ་དང༌། མ་འགགས་པས་ཟན་ཟ་བའི་ཚེ་སྒོ་དམ་དུ་གཅོད་ན་ཟན་བཟའ་ཞེས་སྨྲས་པ་དང༌། མོས་ཀྱང་དེ་བཞིན་དུ་ཁས་བླངས་ནས་མ་འགགས་པ་ཟན་ཟ་བའི་ཚེ་བུ་མོ་དེའི་མིང་པོ་ཁྱེའུ་གཉིས་ལ་བྲམ་ཟེ་དང་ཁྱིམ་བདག་གཞན་གྱི་བུ་དག་གིས་ཁྱེད་ཀྱི་སྲིང་མོ་ནི་སྦྱར་མ་སྟེ་ཡ་མཚན་ཀུན་དང་ཉིན་ཞག་འདས་པར་བྱེད་དོ་ཞེས་སྨྲས་པ་དང༌། ཁྱེའུ་དེ་གཉིས་ཁྲོས་ནས་མ་འགགས་པ་བསད་པའི་ཕྱིར་རལ་གྲི་ཕྱུང་སྟེ་བརྒྱུགས་པ་དང༌། སྒོ་ལ་མཐར་ནས་མ་འགགས་པས་ཀྱང་ཁྱེའུ་དེ་གཉིས་ལ་ཆོས་བཤད་དེ་བདེན་པ་མཐོང་བར་བྱས་ནས་མ་


DTG156_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་ལ་དགེ་སློང་དག་གིས་རྨས་པ་ནས་རྒྱས་པར་སྦྱར་ཏེ་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་མོ་རྣམས་ངེས་ཀྱི་ཕྱིར་མ་བཅས་སོ་ཞེས་སྐྱེས་པ་དང་ཁྱིམ་གཅིག་གི་ནང་དུ་ཉལ་བར་བྱེད་པ་དང༌། དོན་ཉུང་དུ་མས་འཕྱ་བ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་སྐྱེས་པ་དང་ཁྱིམ་གཅིག་གི་ནང་དུ་ཉལ་ན་ལྟུང་བའོ། །ཁྱིམ་ཞེས་བྱ་བ་ཟད་པར་གཡོགས་པ་ལྟ་བུ་བཞི་རྒྱུད་གོང་མ་དང་འདྲའོ། །དེ་ལ་དགེ་སློང་མས་ཁང་པའི་ཡང་ཐོག་ཏུ་ཉལ་ལོ། སྐྱེས་པ་འོག་ཁང་དུ་ཉལ་ན་ཡང་ན་སྐས་དབྱུང་བར་བྱ། ས་སྐས་ཡོད་ན་མཐོངས་དགབ་པར་བྱའོ། །དེ་ལྟར་མ་བྱས་ན་ལྟུང་བར་འགྱུར་རོ། །དེ་བཞིན་དུ་འོག་ཁང་དང་བར་ཁང་ལ་སོགས་པ་ཡང་སྦྱར་ཏེ། སབ་མོ་དང་རིབ་མ་དང་ཡོལ་བ་ལ་སོགས་པ་ཡང་དེ་བཞིན་དུ་བར་མ་ཆད་མ་བྱས་ན་ལྟུང་བར་འགྱུར་རོ། །མ་ནིང་ལ་སོགས་པ་མི་མ་ཡིན་པ་ཕོ་དག་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་ན་ཉེས་བྱས་སོ། །ལྟུང་བ་ལྔ་བཅུ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོང་པ་ན་སྟེ། དེའི་ཚེ་དགེ་སློང་མ་སྦོམ་དགའ་མོས་གཟུགས་མི་སྡུག་པར་བསྒྱུར་ནས་དགེ་སློང་མ་དག་ལ་བསྡིགས་ཤིང་སྡངས་པར་བྱེད་པ་དང༌། དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་ལ་སྡངས་པར་བྱེད་དུ་འཇུག་ན་ཐ་ན་རྩེད་མོ་བྱ་བར་བསམས་ན་ཡང་ལྟུང་བའོ། །དགེ་སློང་མས་དགེ་སློང་མ་སྡངས་པར་བྱ་བའི་ཕྱིར་སོལ་རིས་བྲིས་སམ། གཟུགས་སྡོང་དུམ་འདྲ་བར་མི་སྡུག་པར་བསྒྱུར་ཏེ་གནོད་སྦྱིན་ལ་སོགས་པའི་གཟུགས་འདི་འདྲའོ་ཞེ་འམ། སྒྲ་མི་སྙན་པར་ཕྱུང་སྟེ། གནོད་སྦྱིན་ལ་སོགས་པའི་སྒྲ་འདི་འདྲའོ་ཞེ་འམ། ལུས་ལ་རྩུབ་པོ་རེག་པར་བྱས་ཏེ་གནོད་བྱིན་ལ་སོགས་པའི་རེག་པ་འདི་འདྲའོ་ཞེས་བདག་བྱེད་དམ་གཞན་བྱེད་དུ་བཅུག་ཀྱང་རུང་སྟེ། ཐམས་ཅད་ལྟུང་བའོ། །ལྷའི་གཟུགས་ལ་སོགས་པ་ནས་འཇམ་པས་རེག་པའི་བར་དུ་བྱས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དྲི་ཞིམ་པ་དང་མི་ཞིམ་པའི་ཁྱད་པར་ཡང་གོང་མ་བཞིན་ནོ། །དགེ་སློང་མ་དང་ཁྱིམ་པ་ལ་


DTG156_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་བསྡིགས་ན་ཉེས་བྱས་སོ། །ཉོན་མོངས་པ་ལས་དགྲོལ་བའི་ཕྱིར་ལམ་རྒྱུད་ལྔའི་སེམས་ཅན་གྱི་གཟུགས་དང་རྒྱུད་ལ་སོགས་པ་བསྟན་ཅིང་བཤད་པ་ལ་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་གཅིག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་འཁོར་དང་བཅས་པ་བཤས་ལ་སྤྱན་དྲངས་སོ། །དེའི་ཚེ་དྲུག་སྡེ་དང་བཅུ་བདུན་སྡེ་རྣམས་རྫིང་ཞིག་གི་འགྲམ་དུ་ཕྱིན་པ་དང༌། དྲུག་སྡེས་བཅུ་བདུན་སྡེ་ལ་སྨྲས་པ། འུ་བུ་ཅག་ཆུའི་ནང་དུ་བྱིའུ་བྲུལ་བྱས་ཏེ། སུ་རིང་དུ་འདུག་ཕོད་པ་ལྟའོ་ཞེས་སྨྲས་པ་ནས། བཅུ་བདུན་སྡེ་དག་ཆུའི་ནང་དུ་ཞུགས་ཏེ་བྱིའུ་བྲུལ་བྱེད་པ་དང༌། དྲུག་སྡེ་རྣམས་ཀྱིས་དེ་དག་གི་གོས་རྣམས་བསྡུས་ནས་སྦས་ཏེ་སོང་ངོ༌། །བཅུ་བདུན་སྡེ་དག་ཆུའི་ནང་ནས་བྱུང་བ་དང༌། གོས་རྣམས་མེད་ནས་རྫིང་གི་འགྲམ་ན་སྒྲེན་མོར་འཁོད་པའི་ཚེ། འཕགས་པ་མཽ་དགལ་གྱི་བུ་ཡང་དེར་འོངས་ནས་མཽ་དགལ་གྱི་བུས་ཏིང་ངེ་འཛིན་གྱིས་དགོངས་ཏེ་དེ་དག་གི་གོས་རྣམས་ཕྱུང་སྟེ་བྱིན་ནོ། །དེ་ལྟ་བུར་གྱུར་པ་ལས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེས་ཀྱི་ཕྱིར་མ་བཅས་སོ་ཞེས་གཞན་གྱི་གོས་དང་ཡོ་བྱད་ལ་སོགས་པ་སྦེད་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་འམ་དགེ་ཚུལ་ལམ་དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ་ལྷུང་བཟེད་ཀྱི་སྣོད་དྲ་བའམ་སྐོམ་བཏུབ་བའི་སྣོད་དམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་དག་ཀྱང་རུང་བ་ཞིག་སྦེད་དམ་སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །དགེ་སློང་མས་ཕ་རོལ་ཀུ་རེ་བྱ་བའི་ཕྱིར་ཐ་ན་ལན་ཚྭའི་སྣོད་ཡན་ཆད་སྦེད་དམ་སྦེད་དུ་འཇུག་ན་ལྟུང་བའོ། །བར་ཆད་བརྒྱད་བྱུང་བ་ལྟ་བུའི་ཕྱིར་ན་སྦས་ཀྱང་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་མང་དུ་ཟ་མང་དུ་འཐུངས་པས་བསོད་སྙོམས་དག་འདུག་པའི་ཆོས་གོས་དག་རྡུལ་དང་དྲི་


DTG156_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མས་མ་རུང་བར་གྱུར་པ་དང༌། གོས་དྲི་མ་ཅན་དག་སློབ་མ་རྣམས་ལ་བྱིན་ནོ། །སློབ་མ་དག་གིས་གོས་དྲི་མ་ཅན་དག་བཀྲུས་ནས་དགུར་གྱི་ནང་དུ་སྦས་ཏེ་གཞག་པ་དང༌། སྤོམ་དགའ་མོས་སློབ་མ་དག་ལ་མ་བྱས་པར་གོས་དེ་ཕྱུང་ནས་གྱོན་ཏེ་དྲི་མ་ཅན་དུ་གྱུར་པ་དང༌། སློབ་མ་དག་མི་དགའ་བར་གྱུར་ནས་འཕྱ་སྨོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་གིས་དགེ་སློང་མ་ལ་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་གྱོན་ན་ལྟུང་བའོ། །གདེང་མེད་པ་ཞེས་བྱ་བ་ནི་བདག་གི་གོས་སུ་བྱིན་གྱིས་མ་བརླབས་པ་ལ་བྱའོ། །དེ་ལ་དགེ་སློང་མས་མཛའ་བོའི་འདུ་ཤེས་ཡོད་དམ་མཐོང་ན་དགའ་བར་འགྱུར་བ་ལྟ་བུ་ནི་གྱོན་ནའང་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་གསུམ་པ་རྫོགས་སོ།། །།།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་དགེ་སློང་མ་གཞན་དག་ལ་རྩ་བ་མེད་པར་ལྷག་མའི་ཆོས་ཀྱིས་སྐུར་ཅིང་དེའི་ཕྱིར་རྩོད་ཅིང་གཅིག་ལ་གཅིག་འཐབ་པར་གྱུར་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་དོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཞེ་སྡང་ཅན་ཞིག་ཁྲོས་ནས་མ་རངས་ཏེ། དགེ་སློང་མ་གཙང་མ་ཉེས་པ་མེད་པ་ལ་རྩ་བ་མེད་པའི་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བའོ། །གཙང་མ་ཞེས་བྱ་བ་ནི་ལྷག་མ་ལ་སོགས་པའི་ཉེས་པ་མ་བྱུང་བ་ལ་བྱའོ། །དེ་ལ་དགེ་སློང་མས་དགེ་སློང་མ་ཉེས་པ་མེད་པ་ལ་ཉེས་པ་མེད་པར་འདུ་ཤེས་ཏེ་བཟོད་པ་ནས་ལྟ་བའི་བར་དུ་སྦས་ནས་སྐུར་ན་ལྟུང་བའོ། །དེ་བཞིན་དུ་ཐེ་ཚོམ་ནའང༌། ལྟུང་བ་ལྷག་མ་བྱུང་བ་ལས་ལྷག་མ་མ་བྱུང་བར་འདུ་ཤེས་ནས་ལྟ་བའི་བར་དུ་སྦས་ཏེ་ལྟུང་བས་སྐུར་ནའང་ལྟུང་བ། ཉེས་པ་མ་བྱུང་བ་ལས་ཉེས་པ་བྱུང་བར་འདུ་ཤེས་པ་དང༌། ཐེ་ཚོམ་པ་གཉིས་ལ་ཉེས་བྱས་རེ་རེ། ལྷག་མ་ཉིད་བྱུང་བ་ལ་བྱུང་ངོ་ཞེས་སྨྲས་པ་ལ་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཡུལ་ཙམ་པ་ཞེས་བྱ་བ་ན་ཐ་ག་པ་གཞོན་ནུ་ཅིག་འདུག་པས་


DTG156_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་དུ་ཡོད་པར་སོང་སྟེ་ཆུང་མ་ཞིག་བླངས་སོ། །ཆུང་མ་བླངས་ནས་རིང་པོ་མ་ལོན་པར་ཆུང་མ་དང་འཐབ་མོ་བྱུང་ནས་ཐ་ག་པ་དེ་ཡུལ་ཙམ་པར་འགྲོའོ་ཞེས་ཆས་པ་དང༌། སྦོམ་དགའ་མོ་ལམ་དུ་འགྲོ་བ་དང་ཕྲད་དོ། །ཐག་པས་སྦོམ་དགའ་མོ་ལ་གར་འགྲོ་ཞེས་དྲིས་ནས་སྦོམ་དགའ་མོས་ཡུལ་ཙམ་པར་འགྲོའོ་ཞེས་སྨྲས་སོ། །འོ་ན་འགྲོགས་སོ་ཞེས་དེ་གཉིས་འགྲོགས་ཏེ་སོང་བ་དང༌། ཐག་པའི་ཆུང་མས་ཁང་ཐོག་ཏུ་བྱུང་སྟེ་བལྟས་ན་དེ་གཉིས་འགྲོགས་པར་མཐོང་ངོ༌། །དེས་སྐད་ཆེར་ཕྱུང་སྟེ། དགེ་སྦྱོང་མགོ་རེག་མས་པའི་ཁྱོ་ཁ་དྲངས་སོ་ཞེས་བོས་པ་དང༌། གྲོང་ཁྱེར་གྱི་མི་རྣམས་ཀྱིས་བསྙགས་ནས་སྦོམ་དགའ་མོ་བརྡེགས་པ་དང༌། སྦོམ་དགའ་མོས་མིག་དག་སྐྲངས་བཞིན་དུ་དགེ་སློང་མ་དག་གི་གན་དུ་ཕྱིན་ནས་དགེ་སློང་མ་དག་གིས་སྨྲས་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་སྐྱེས་པ་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་འགྲོ་ན་ཐ་ན་གྲོང་གཞན་ཞིག་ཏུ་ཕྱིན་ན་ཡང་ལྟུང་བའོ། །དགེ་སློང་མ་སྐྱེས་པ་དང་ལམ་དུ་ཞུགས་ཏེ་འགྲོ་ན་རྒྱང་གྲགས་ཕྱེད་ཚུན་ཆད་དུ་ནི་ཉེས་བྱས། རྒྱང་གྲགས་གཅིག་ལས་འདས་ན་ལྟུང་བའོ། །ལམ་མཚོན་པའི་ཕྱིར་རམ། ལམ་མི་ཤེས་ཏེ་འགྲོགས་པ་ལ་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་ལྔ་པ་རྫོགས་སོ།། །།མདོར་བསྟན་པ་ནི། འགྲོན་པ་མང་པོ་རྐུན་མ་དང༌། །བརྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མ་གུས་ཆང་འཐུང་དུས་མིན་པའོ། །སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་ཚོང་པའི་འདྲོན་པ་མང་པོ་དག་དང་འགྲོགས་ཤིང་གསེབ་ལམ་དུ་བྱུང་སྟེ་དོང་བ་དང་ཤོ་གམ་པས་བདས་ནས་ཤོ་གམ་གྱི་ལམ་ལས་འབྱོལ་ཞིང་གསེབ་ལམ་དུ་འགྲོ་བ་ཉིད་དགེ་སློང་མ་འདི་ཡིན་ནོ་ཞེས་སྦོམ་དགའ་མོ་ལ་བརྡེགས་སོ། །སྦོམ་དགའ་མོས་སྣད་བཞིན་དུ་སླར་གཙུག་ལག་ཁང་དུ་ཕྱིན་པ་དང༌། དགེ་སློང་མ་དག་གིས་སྨྲས་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་འདྲོན་པ་མང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་ཞུགས་ནས་འགྲོ་ན་ལྟུང་བའོ། །ཉེས་པ་ལྕི་ཡང་གི་ཁྱད་པར་དང་


DTG156_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གནང་མི་གནང་གི་རིམ་པ་ནི་གོང་མ་དང་འདྲའོ། །ལྟུང་བ་ལྔ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་རང་གིས་ས་བརྐོར་འཇུག་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དག་དགེ་སྦྱོང་འདི་དང་ངེད་དུ་ཐ་དད་ཅི་ཡོད་ཅེས་འཕྱ་སྨོད་པ་ནས་སམ་བརྐོ་ཤིག་ཅེས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེད་ཀྱི་ཕྱིར་མ་ཡིན་ཞེས་ས་བརྐོ་ཞིང་བརྐོར་འཇུག་པ་དང༌། དོན་ཉུང་དུ་པ་དག་འཕྱ་བ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ཞོ། །ཡང་དགེ་སློང་གང་རང་གི་ལག་གིས་ས་བརྐོ་འམ་བརྐོར་འཇུག་ན་ལྟུང་བའོ། །ས་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། འཐས་པ་དང་མ་འཐས་པའོ། །འཐས་པའི་ས་ནི་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བའོ། །མ་འཐས་པའི་ས་བརྐོས་ན་ཉེས་བྱས། སའི་ཤས་ཆེ་ལ་བྱེ་མ་ཆུང་སར་རྡོ་ཕྱུང་ངམ། ལྕི་བ་བརྐོས་ན་ལྟུང་བའོ། །བྱེ་མ་ཆེ་ན་ཉེས་བྱས། ཕུར་པ་བཏབ་ན་ལྟུང་བའོ། །ཕྱུང་ན་ཉེས་བྱས། ཕུར་པ་བཙུགས་པའི་ཁུང་དུ་བཙུགས་ན་འང་ཉེས་བྱས། རྩིག་པ་དང་གདངས་འཕན་མེད་པ་ལས་བཤིག་ན་ལྟུང་བའོ། །འཕན་ནམ་སེར་ཀ་ཡོད་པ་བཤིག་ན་ཉེས་བྱས། བརྩིགས་པ་བཀོག་པ་དང༌། རླམ་ཆགས་པ་ཕྱིས་པ་དང༌། འདམ་བསྒུལ་ལམ་བསྒུལ་དུ་བཅུག་གམ། དོན་མེད་པར་ས་ལ་རི་མོ་འདྲི་ན་ཉེས་བྱས་གཞན་ཡང་མཐུན་མཐུན་དུ་རྒྱས་པར་སྦྱར་རོ། །ལྟུང་བ་ལྔ་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཤཱཀྱ་མིང་ཆེན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ཟླ་བ་བཞིར་མགྲོན་དུ་བྱས་སོ། །ཟླ་བ་བཞི་ཚང་ནས་དྲུག་སྡེ་རྣམས་འགྲོར་མི་བཏུབ་ཅིང་དེ་ན་འདུག་པ་དང༌། བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་མགྲོན་དུ་བོས་པ་དེ་ལས་ལྷག་པར་ཟས་བདག་གིར་བྱེད་ཅིང་མ་འདུག་ཤིག་པར་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་ངེད་ཀྱི་ཕྱིར་མ་ཡིན་ནོ་ཞེས་ཅི་སྲིད་དུ་མགྲོན་དུ་བོས་པ་དེ་ལས་ལྷག་པར་གནས་ཤིང་ཁ་ཟས་བདག་གིར་བྱེད་པ་དང༌། དོན་ཉུང་དུ་མའི་དགེ་སློང་མ་རྣམས་འཕྱ་སྨོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་བསླབ་པ་


DTG156_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཟླ་བ་བཞི་མགྲོན་དུ་བྱས་ནས་དགེ་སློང་མས་བདག་གིར་གྱིས་ཤིག་དེ་ལས་ལྷག་པར་བདག་གིར་བྱས་ན་ལྟུང་བའོ། །སོ་སོར་མགྲོན་དུ་བྱས་པ་དང༌། །ཡང་ཡང་མགྲོན་དུ་བྱས་པ་དང༌། དུས་ཀྱིས་མགྲོན་དུ་བྱས་པ་དང༌། རྟག་ཏུ་མགྲོན་དུ་བྱས་པ་མ་གཏོགས་ཏེ་དེ་ལས་དེ་ནི་དུས་ཡིན་ནོ། །སོ་སོར་མགྲོན་དུ་བྱས་ཞེས་བྱ་བ་ནི་དགེ་འདུན་སྤྱིར་ཟླ་བ་བཞིར་མགྲོན་དུ་བྱས་པ་ལས། དེའི་ནང་ནས་ཁ་ཅིག་མིང་གིས་བཏུས་ཏེ་ཟླ་བ་བཞི་ལས་རིང་དུ་བཞག་པ་ལ་བྱའོ། །དུས་ཀྱིས་མགྲོན་དུ་བོས་ཞེས་བྱ་བ་ནི་ཇི་སྲིད་མགྲོན་དུ་བོས་པ་ལས་རིང་དུ་མི་འདུག་ཏུ་མི་རུང་བར་དུས་ཀྱིས་འཆུ་བ་ལ་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་ཚེ་གཅིག་ཏུ་མགྲོན་དུ་བྱས་པ་ལ་བྱའོ། །དེ་ལ་དགེ་སློང་གིས་ཇི་སྲིད་དུ་མགྲོན་དུ་བོས་པ་ལས་ཟན་གཅིག་ཙམ་ལྷག་པར་ཟ་ནའང་ལྟུང་བའོ། །ཡོན་བདག་གིས་བ་ཟས་ངང་པ་བསྔོས་པ་ལས། བཟང་པོར་བསྣོར་ཏེ་བསླངས་ན་གང་བསླངས་ཀྱང་རུང་ལྟུང་བ་རེ་རེའོ། །ངན་པར་བསྣོར་ཏེ་བསླངས་ན་ཉེས་བྱས་སོ། །ནད་པ་ལ་ཉེས་པ་མེད་དོ། །ལྟུང་བ་ལྔ་བཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཕོ་མོ་གཉིས་ཀའི་བསླབ་པ་ཐུན་མོང་བ་ཅིག་བཅས་ནས། དགེ་སློང་གཅིག་དགེ་སློང་མ་རྣམས་ལ་བསྒོར་བཏང་བ་དང༌། དགེ་སློང་དེས་ཀྱང་དགེ་སློང་མ་གཅིག་ལ་སྨྲས་སོ། །དགེ་སློང་མ་དེས་དགེ་སློང་མ་རྣམས་ལ་བསྒོ་བ་དང༌། དགེ་སློང་མ་བཅུ་གཉིས་སྡེ་དག་བྱིས་པ་གླེན་པ་ཁྱེད་ལྟ་བུས་བསྒོ་བ་ལས་ངེད་མི་ཉན་ནོ་ཞེས་ཕྱིར་འཁྱལ་ཞིང་སྨྲས་པ་དང༌། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་ཞེས་བྱ་བ་ནས་བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འཕགས་པ་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་ན། འདི་སྐད་ཅེས་བདག་ནི་དགེ་སློང་མ་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ལ་མ་དྲིས་ཀྱི་བར་དུ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱེད་ཅག་གི་ཚིག་གི་བསླབ་པ་འདི་ལ་མི་བསླབ་པོ་ཞེས་ཟེར་ན་ལྟུང་བའོ། །


DTG156_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤེས་པར་འདོད་པའི་དགེ་སློང་མས་ཀྱང་བསླབ་པ་འདི་ལ་སློབས་ཤིག་དགེ་སློང་མས་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ལ་དྲིས་ཤིག་དེ་ལ་དེ་ནི་དུས་ཡིན་ནོ། །བྱིས་བ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་སྤྱིར་མི་ཤེས་པ་ལ་བྱའོ། །གླེན་པ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བའི་དོན་མི་ཤེས་པ་ལ་བྱའོ། །མི་གསལ་བ་ཞེས་བྱ་བ་ནི་ཅུང་ཟད་ཤེས་ཀྱང་མདོ་སྡེ་དང་འདུལ་བའི་ཚིག་མི་གསལ་བ་ལ་བྱའོ། །མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་སོ་སོར་མཚམས་འབྲེལ་བར་མི་ཤེས་པ་ལ་བྱའོ། །ཀུན་ཤེས་པར་འདོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཁྱད་པར་ཤེས་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་དགེ་སློང་མས་བསླབ་པ་སློབས་ཤིག་ཅེས་རིགས་པར་བསྒོ་བ་ལས་བྱིས་པའོ་ཞེས་བྱ་བ་ལ་སོགས་པ་གཟུང་གཞན་ལས་སྨོས་པའི་ཚིག་གང་སྨོས་ཏེ་སྨྲས་ཀྱང་རུང་མ་མཉན་ན་ཐམས་ཅད་ལྟུང་བའོ། །ལྟུང་བ་ལྔ་བཅུ་དགུ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་གཉིས་སྡེ་རྣམས་ལྐོག་བུར་ཉན་ཅིང་གཅིག་ལ་གཅིག་ཚིག་དག་སྐྱེལ་བ་དང༌། དགེ་སློང་མ་རྣམས་འཐབ་ཅིང་རྩོད་པར་གྱུར་ནས་དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་བ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་འཐབ་པར་གྱུར་མཚང་འབྲུ་བར་གྱུར། མི་མཐུན་པར་གྱུར་ཅིང་འཁོད་པ་ལས་དགེ་སློང་མ་འདི་དག་ཇི་སྐད་ཟེར་བ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟ་བུར་སྟ་གོན་བྱའོ་སྙམ་ནས་ཅང་མི་སྨྲ་བར་བཞབས་ཏེ་ཉན་ཅིང་འདུག་ན་ལྟུང་བའོ། །དེ་ལ་དགེ་སློང་མས་སྒྲ་ཐོས་པ་ཙམ་དུ་ཉན་ན་ཉེས་བྱས་སོ། །སྒྲ་དང་དོན་གཉི་ག་ཐོས་པར་ཉན་ན་ལྟུང་བའོ། །དེ་བཞིན་དུ་ར་བ་དང་ཡོལ་བ་དང་སབ་མོ་ལ་སོགས་པའི་ཕག་ནས་མཉན་པ་འང་དེ་བཞིན་ནོ། །རྩོད་པ་བྱུང་བ་ཞི་བར་བྱ་བའི་བསམ་པས་ཉན་ན་ཉེས་པ་མེད་དོ། །དགེ་སློང་མ་གྲོགས་ཀྱིས་དེར་འགྲོ་ན་སེ་གོལ་དང་སྐད་དང་རྟིང་སྒྲ་དག་མི་འབྱིན་ཅིང་འཇབ་པའི་ཚུལ་དུ་འགྲོ་ན་ཉེས་བྱས་སོ། །ལྟུང་བ་དྲུག་ཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་གཉིས་སྡེ་དག་དགེ་འདུན་ཆོས་བཞིན་


DTG156_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བྱེད་པའི་འཕྲོ་ལས་སྟན་ལས་ལངས་ཏེ་འགྲོ་བ་དང༌། དགེ་སློང་མ་རྣམས་ལ་འཕྱ་སྨོད་པ་ནས་འདུལ་བ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དགེ་འདུན་ཆོས་བཞིན་དུ་རྣམ་པར་གདོན་མི་ཟ་བའི་གཏམ་ཟེར་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏ་འགྲོ་ལ་དགེ་སློང་མ་འཁོད་པ་ལ་ཡང་མ་སྨྲས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །རྣམ་པར་གདོན་མི་ཟ་བའི་གཏམ་ཟེར་བ་ན་ཞེས་བྱ་བ་ནི། གསོལ་བ་དང་བཞི་ལ་སོགས་པའི་ལས་བརྒྱ་རྩ་གཅིག་གང་ཡང་རུང་བ་ལ་བྱའོ། །དགེ་སློང་མས་རྐྱེན་བྱུང་སྟེ་འགྲོ་ན་རྐྱེན་བྱུང་ངོ་ཞེས་མ་སྨྲས་པར་སོང་ན་དགེ་འདུན་གྱི་སྒྲ་ཐོས་ཀྱི་བར་དུ་ནི་ཉེས་བྱས། སྒྲ་དང་དོན་གཉི་ག་མི་ཐོས་པར་སོང་ན་ལྟུང་བའོ། །རྐྱེན་བྱུང་ངོ་ཞེས་སྨྲས་ཏེ་སོང་བ་ལ་ཉེས་པ་མེད་དོ། །ལྟུང་བ་དྲུག་ཅུ་གཅིག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་མ་གུས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་རྣམས་འཕྱ་སྨོད་པ་ནས་འདུལ་བ་ལ་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །གུས་པར་མི་བྱེད་ན་ལྟུང་བའོ། །དེ་ལ་དགེ་སློང་མས་དགེ་འདུན་དང་ཁང་སྐྱོང་ལ་སོགས་པ་ལ་སྟན་ལོང་ཤིག་ཅེ་འམ། སོང་ཤིག་ཅེས་བྱ་བ་ལ་སོགས་པ་རིགས་པའི་ཚིག་གིས་བསྒོ་བ་མ་མཉན་པ་ནི་དགེ་འདུན་ལ་མ་གུས་པ་ཞེས་བྱ་སྟེ་ལྟུང་བའོ། །སློབ་དཔོན་དང་མཁན་པོ་ལ་སོགས་པ་གྲོགས་མོ་རྣམས་ཀྱིས་འདུག་ཤིག་ཅེས་བྱ་བ་ལ་སོགས་པ་རིགས་པའི་ཚིག་གིས་བསྒོ་བ་མ་ཉན་ན་ཉེས་བྱས་སོ། །ལྟུང་བ་དྲུག་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཁྱིམ་བདག་རྟོགས་ལྡན་གྱི་བུ་དགེ་སློང་བདེར་འོངས་དགྲ་བཅོམ་པ་ཐོབ་པའི་འོག་ཏུ་ཡུལ་སྦལ་ཀར་ཞེས་བྱ་བ་ན་ཨ་མྲ་མུ་སྟེགས་ཞེས་བྱ་བའི་ཀླུ་འདུལ་དུ་སོང་བ་ལས། སླར་འོང་བའི་ལམ་ཡོགས་སུ་སྔོན་གྱི་མཛའ་བོ་བ་ལང་རྫི་ཞིག་གིས་ཟན་ལ་བོས་ནས་བ་ལང་ལ་བླུད་པའི་ཆང་ཉུང་ཟད་ཅིག་སྐོམ་དང་བསེས་ཏེ་བླུད་པ་དང༌། བདེ་བར་འོངས་ར་རོ་ནས་ཚོང་དུས་ཀྱི་དབུས་སུ་འགྱེལ་བ་དང༌། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་


DTG156_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདེ་བར་འོངས་ཀྱི་ཐོག་ཏུ་རྡོའི་ཁང་བུ་ཞིག་སྤྲུལ་ཏོ། །དེ་ལྟར་གྱུར་པ་ལས་བསླབ་པ་བཅས་པ་དང་དགེ་སློང་མ་རྣམས་ཀྱིས་བདག་ཅག་གི་ཆང་གི་སླད་དུ་ཇི་ལྟ་བུར་བསླབ་པར་བགྱི་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་ཆང་འཐུང་བའི་ཉེས་པ་རྣམས་བཤད་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །འབྲུའི་ཆང་དང་འབྲས་བུའི་ཆང་མྱོས་པར་འགྱུར་བ་འཐུངས་ན་ལྟུང་བའོ། །འབྲུའི་ཆང་ཞེས་བྱ་བ་ནི་ནས་འབྲས་ལ་སོགས་པའི་ཆང་ལ་བྱའོ། །འབྲས་བུའི་ཆང་ཞེས་བྱ་བ་ནི་རྒུན་འབྲུམ་ལ་སོགས་པ་ལ་བྱའོ། །དེ་ལ་དགེ་སློང་མས་ཆང་གི་ཁ་དོག་དང་རོ་དང་ཆང་གི་དྲི་དང་མྱོས་པར་འགྱུར་བ་སྟེ་འདི་བཞི་དང་ལྡན་པའི་ཆང་འཐུངས་ན་ལྟུང་བའོ། །འདི་གཅིག་དང་མི་ལྡན་པའི་ཆང་འཐུངས་ན་ཉེས་བྱས་སོ། །ཆང་ནར་མ་སོན་པ་འཐུངས་ན་ཉེས་བྱས། དགེ་སློང་མས་བཟའ་བ་དང་བཏུང་བ་ལ་སོགས་པ་མྱོས་པར་འགྱུར་བ་ཤེས་བཞིན་དུ་ཟོས་སམ་འཐུངས་ན་ཉེས་བྱས་སོ། །མཛེ་ནད་བྱུང་བའི་ཕྱིར་ལུས་བསྐུ་བ་འམ། ཁ་ནད་བྱུང་བའི་ཕྱིར་ཁར་བླུགས་ནས་ཕོ་བ་ལ་ཉེས་པ་མེད་དོ། །ལྟུང་བ་དྲུག་ཅུ་གསུམ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དྲུག་སྡེ་འཆར་བ་དགྲ་བཅོམ་པ་ཐོབ་པའི་འོག་ཏུ་ཁྱིམ་བདག་གི་ཆུང་མ་གཏུམ་མོ་ཞེས་བྱ་བའི་མནའ་མ་ལ་འདོད་ཆགས་སྨད་པའི་ཆོས་བཤད་པ་དང༌། གཏུམ་མོའི་མནའ་མའི་བྱི་པོ་མི་རྒོད་ཀྱིས་འཆར་བའི་མགོ་བཅད་པའི་བར་དུ་རྒྱས་པར་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་དང༌། དགེ་སློང་མ་བཅུ་གཉིས་སྡེ་དག་དགེ་སློང་མ་འཁོད་པ་དག་ལ་མ་སྨྲས་པར་དུས་དང་དུས་མ་ཡིན་པར་གྲོང་དུ་འཇུག་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྨོད་པ་ནས་འདུལ་བ་ལ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་དུས་མ་ཡིན་པར་གྲོང་དུ་འཇུག་ལ་དགེ་སློང་མ་འཁོད་པ་ལ་མ་སྨྲས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །དུས་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་དྲོ་ལ་བྱའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་སྔོན་དགེ་སློང་མ་གཅིག་གོས་ལྷག་རྣམས་ཁྱིམ་པ་ཅིག་གི་ཁྱིམ་དུ་གཏམས་ཏེ་གཞག་པ་ལས། ཁྱིམ་བདག་དེའི་ཁྱིམ་མེ་ཤོར་ནས་དགེ་སློང་


DTG156_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེས་དགེ་སློང་མ་རྣམས་ལ་སྨྲས་ཀྱི་བར་དུ་གོས་ལྷག་མ་རྣམས་ཀྱང་མེས་ཚིག་པ་དང༌། དགེ་སློང་མ་དེ་ལས་གླེངས་ཏེ་བར་ཆད་བརྒྱད་བྱུང་ན་དགེ་སློང་མ་འཁོད་པ་ལས་མ་བྱས་པར་སོང་ཡང་ཉེས་པ་མེད་དོ་ཞེས་རྗེས་སུ་གནང་བ་ལ་བྱའོ། །དེ་ལ་དགེ་སློང་མས་དགེ་སློང་མ་འཁོད་པ་ལ་འཁོད་པར་འདུ་ཤེས་བཞིན་མ་བྱས་པ་དང༌། ཐེ་ཚོམ་ཟ་བ་ལ་ལྟུང་བ་རེ་རེ། མི་འཁོད་པ་ལ་འཁོད་པར་འདུ་ཤེས་པ་དང༌། ཐེ་ཚོམ་པ་གཉིས་ལ་ཉེས་བྱས་ཏེ་གོང་མའི་བཞི་རྒྱུད་དང་འདྲ་བར་སྦྱར་རོ། །ལྟུང་བ་དྲུག་ཅུ་བཞི་པ་རྫོགས་སོ།། །། མདོར་བསྟན་པ་ནི། ཁྱིམ་དང་མཚན་མོ་ད་གདོད་དང༌། །ཁབ་རལ་ཁྲི་དང་བདལ་བ་དང༌། །གདིང་དང་གཡན་པ་དག་དགབ་པ་དང༌། །བདེ་བར་གཤེགས་ཀྱི་ཆོས་གོས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་དགེ་སློང་མ་དགའ་མོ་སྔ་དྲོ་ཆོས་གོས་གྱོན་ལྟུང་བཟེད་ཐོགས་ནས་ཁྲིམས་ཟླ་དགེ་སློང་མ་གཞན་དག་དང་ཡོན་བདག་གཞན་ཞིག་གི་ཁྱིམ་དུ་སོང་སྟེ། དེ་ལ་མཐུན་པའི་ཆོས་བསྟན་པས་མངོན་པར་དད་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་གྱི་ཕྱིར་བཤོས་སྦྱོར་བར་བསྐུལ་ཏོ། །དེ་ནས་ཕྱི་ཉིན་གྱི་ཚེ་དགེ་སློང་མའི་དགེ་འདུན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། ཁྱིམ་བདག་དེའི་བཀད་ས་གང་ན་བ་དེར་སོང་སྟེ་སྟན་བཏིང་བ་ལ་འདུག་པའི་བར་དུའོ། །དགེ་སློང་མ་དགའ་མོ་བྱ་བ་དག་མང་དུ་བྱེད་པ་མང་བས་གདུགས་ཚོད་ལས་ཡོལ་དུ་བྱེད་པ་དང༌། དགེ་སློང་མ་དེ་དག་གིས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་དགེ་སློང་མའི་དགེ་འདུན་བསྙེན་བཀུར་བའི་དུས་ལ་བབ་བོ། །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་ག་ལ་འཚལ་བ་ཤོས་ཀྱི་ཞལ་ཏ་བ་དགའ་མོས་འཚལ་ཏོ་ཞེས་པ་ནས་དོན་ཉུང་དུ་མའི་དགེ་སློང་མ་དག་འཕྱ་བར་གྱུར་ཏེ། དེ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱི་སྔ་རོལ་དང༌། ཟས་ཟོས་ཀྱི་འོག་ཏུ་ཁྱིམ་དུ་རྒྱུ་བར་མི་བྱའོ། །དེ་ན་ཞལ་ཏ་བ་དང་བཤོས་ཀྱི་བསྐུལ་མ་བཏབ་པ་ཞིག་ཡོད་ན་དེ་དག་དགེ་འདུན་གྱི་བྱ་


DTG156_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། དགེ་འདུན་གྱི་བྱེད་པ་ཞིག་ཡོད་པ་ལས་ཉམས་པར་གྱུར་པས། བཀའ་སྩལ་པ། ཟས་ཀྱི་སྔ་རོལ་ནི་ཁྱིམ་གཉིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་ནས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡང་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་ཟས་ཀྱི་སྔ་རོལ་དང་ཟས་ཀྱི་འོག་ཏུ་གྲོང་རྒྱུ་ཞིང་འགྲོ་ལ། ཁྱིམ་པ་འདུག་པ་ལ་མ་བསྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགའ་མོའོ། །ཟས་ཡོད་པ་ན་ཟས་དང་བཅས་པའོ། །ཁྱིམ་ནི་ཁྱིམ་བདག་གི་ཁྱིམ་དུ་མགྲོན་དུ་བོས་པའོ། །ཟས་ཀྱི་སྔ་རོལ་ནི་སྔ་དྲོའི་དུས་སོ། །ཟས་ཟོས་ཀྱི་འོག་ཏུ་ཞེས་བྱ་བ་ནི་ཕྱེ་མ་རེད་ཀྱི་དུས་སོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟ་བུ་ཞེ་ན་ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་དག་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་པ་ལས་ཟས་ཀྱི་སྔ་རོལ་དུ་ཁྱིམ་གཉིས་གཉིས་སུ་འགྲོ་བ་ལས་ཆེད་དུ་བསམས་ནས་ཁྱིམ་གསུམ་དུ་འགྲོ་ན་ལྟུང་བའོ། །ཟས་ཟོས་ཀྱི་འོག་ཏུ་ཁྱིམ་གསུམ་དུ་འགྲོ་བ་ལས་ཆེད་དུ་བསམས་ནས་ཁྱིམ་བཞིར་འགྲོ་ན་ལྟུང་བའོ། །གལ་ཏེ་ཁྱིམ་བདག་ལ་བྱས་ཏེ་སོང་ན་ཉེས་པ་མེད་དོ། །ལྟུང་བ་དྲུག་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་འཆར་བ་བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་པས། དེ་ནམ་མ་ནངས་སྐྱ་རེངས་མ་ཤར་བར་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་བཙུན་མོ་ལ་ཆོས་བཤད་པ་ལས་བཅས་ཏེ། ཕྱིས་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་ལ་མ་བཅས་སོ་ཞེས་ནམ་མ་ནངས་པར་རྒྱལ་པོའི་ཕོ་བྲང་དུ་འདོང་བས་དེ་ལྟ་བུར་གྱུར་པ་དགེ་སློང་མ་དག་གིས་བཅོམ་ལྡན་འདས་ལ་གསོལ་ཞེས་བྱ་བ་ནས། བསླབ་པ་བཅས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ནམ་མ་ནངས་སྐྱ་རེངས་མ་ཤར་རིན་པོ་ཆེ་ལྟ་བུ་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོའི་གཏན་པ་འམ་གཏན་པའི་ཉེ་འཁོར་ལས་འདས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བའོ། །


DTG156_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དང་འདྲ་བ་གཞན་ཡང་ངོ༌། །ནམ་མ་ནངས་ཞེས་བྱ་བ་ནི་ནམ་མ་ཟད་པའོ། །སྐྱ་རེངས་མ་ཤར་ཞེས་བྱ་བ་ལ་སྐྱ་རེངས་ལ་གསུམ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོའོ། །སྐབས་འདིར་དམར་པོ་ལ་བྱའོ། །མ་ཤར་ཞེས་བྱ་བ་ནི་མ་བྱུང་བའོ། །རིན་པོ་ཆེ་ཞེས་བྱ་བ་ནི་མཚན་མོ་སྣང་བར་བྱེད་པ་སྟེ། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་ལ་བྱའོ། །རིན་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི་འཐབ་མོའི་ཆ་བྱད་ཐམས་ཅད་དང༌། རོལ་མོའི་ཆ་བྱང་དུ་གཏོགས་པ་རྣམས་སོ། །རྒྱལ་པོ་ཞེས་བྱ་བ་ནི་དབང་བསྐུར་བ་སྟེ་ཐ་ན་བུད་མེད་ཀྱང་རུང་ངོ༌། །གཏན་པ་ཞེས་བྱ་བ་ནི་གསུམ་སྟེ། རྒྱལ་པོ་དང་གྲོང་ཁྱེར་དང་བཙུན་མོའི་འཁོར་གྱི་སྒོ་གཏན་ནོ། །སྐབས་འདིར་ནི་རྒྱལ་པོའི་གྲོང་ཁྱེར་གྱི་སྒོ་གཏན་འདས་པར་བཟུང་ངོ༌། །ཉེ་འཁོར་ནི་དེའི་གཡས་གཡོན་ནོ། །འདས་ན་ཞེས་བྱ་བ་ནི་སོང་བའོ། །རྐྱེན་མ་གཏོགས་ཞེས་བྱ་བ་ནི་གནང་བའོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་ནམ་མ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་སམ་ཐེ་ཚོམ་ཟ་ཡང་རུང༌། རྒྱལ་པོ་དང་གྲོང་ཁྱེར་གྱི་སྒོ་གཏན་ལས་འདས་ན་ལྟུང་བའོ། །ནམ་མ་ནངས་པ་ལ་མ་ནངས་པར་འདུ་ཤེས་པ་དང༌། ཐེ་ཚོམ་ཟ་བ་ནི་ཉེས་བྱས་སོ། །ནམ་མ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་སམ་ཐེ་ཚོམ་ཟ་བཞིན་དུ་བཙུན་མོའི་འཁོར་གྱི་གཏན་པ་ལས་འདས་ན་ཉེས་བྱས། ནམ་ནངས་པ་ལམ་ནངས་པར་འདུ་ཤེས་པ་དང་ཐེ་ཚོམ་ཟ་བ་ཡང་ཉེས་བྱས་ཉིད་དོ། །རྒྱལ་པོ་འམ་བཙུན་མོ་འམ་རྒྱལ་བུ་འམ་བློན་པོས་བོས་པ་དང་བར་ཆད་བརྒྱད་ལས་གང་ཡང་རུང་བ་བྱུང་སྟེ་དེར་སོང་ན་ཉེས་པ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལྟུང་བ་དྲུག་ཅུ་དྲུག་པ་རྫོགས་སོ།། །། གླེང་གཞི་མཉན་དུ་ཡོད་པ་ན་སྟ། དྲུག་སྡེ་པོ་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། རི་མོ་དང༌། བླ་མ་དང༌། གཅེས་པ་དང༌། ཡིད་ལ་འཛིན་པ་དང༌། སེམས་རྩེ་གཅིག་པ་དང༌། གུས་པར་ཡང་མི་ཉན་ལ། དགེ་སློང་རྣམས་ལ་ཡང་ཚེ་དང་ལྡན་


DTG156_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཆོས་འདི་ཡང་མདོའི་ནང་དུ་གཏོགས་ཤིང་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ་ཞེས་བྱས་པ་དང༌། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཁྱོད་སྔོན་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་ཐོས་སམ་ཅི་ན་དེ་སྐད་ཟེར། དེ་དག་ན་རེ་ངེད་ཀྱི་ལས་འདི་གཅིག་པུའམ་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་ལ་ཡང་རྟོག་མོད་ཅེས་ཟེར་བ་དགེ་སློང་དག་གིས་སྟོན་པ་ལ་གསོལ་ནས་བསླབ་བ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་འདི་དགེ་སློང་མ་རྣམས་ལ་མ་བཅས་སོ་ཞེས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་གོང་མ་སྐད་དུ་ཟེར་བས་དགེ་སློང་མ་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བསླབ་པ་བཅས་པའི་བར་དུ་སྔ་མ་བཞིན་ནོ། །ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ཚེ། འཕགས་མ་དག་ཇི་ལྟར་ཆོས་འདི་ཡང་མདོའི་ནང་དུ་འདུས་མདོའི་ནང་དུ་གཏོགས་པར་བདག་གིས་ད་གཟོད་ཤེས་སོ་ཞེས་དེ་སྐད་ཟེར་ལ། དེ་གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་མ་འདི་སྔོན་གྱི་གསོ་སྦྱོང་གི་ཚེ་ལན་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས། དགེ་སློང་མ་དེ་མི་ཤེས་པས་ནི་མི་འགྲོལ་ཏེ། དེ་ལ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་འཆགས་སུ་གཞུག་པའི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་འདོན་པའི་ཚེ་བསྟི་སྟང་བྱེད་ཅིང་ཆོས་མི་ཉན། བླ་མར་མི་བྱེད། རུས་པ་བཞིན་དུ་མི་བྱེད། ཡིད་ལ་མི་འཛིན། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་ཉན། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མི་ཉན་པས་དགེ་སློང་མ་ཁྱོད་མ་རྙེད་པའོ། །རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་པའོ། །ལེགས་པ་མ་རྙེད་པའོ་ཞེས་འགྱོད་དུ་གཞུག་གོ །དགེ་སློང་མ་དེ་ལ་འགྱོད་པར་བྱ་བ་ནི་འདི་ཡིན་ཏེ་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དང་འདྲ་བ་གཞན་ཡང་ངོ༌། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ནི་གསོ་སྦྱིན་གྱི་དུས་སོ། །སོ་སོར་ཐར་པ་ནི་ཕས་ཕམ་པ་བཞི་ནས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པའི་བར་དག་གོ །མདོ་བཤད་ཅེས་བྱ་བ་ནི་ཡང་དག་པར་བཀོད་པའོ། །འདོན་པ་ཞེས་


DTG156_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རབ་ཏུ་བསྒྲགས་པའོ། །ཇི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོའི་ནང་ནས་འབྱུང་བ་ཡིན་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་བའོ། །གསོ་སྦྱིན་གྱི་ལས་གཉིས་གསུམ་ཞེས་པ་ནི་དེས་སོ་སོར་ཐར་པའི་མདོ་ལན་གཉིས་སམ་གསུམ་ཐོས་པའོ། །ལན་མང་དུ་ལྟ་ཅི་སྨོས་ཞེས་པ་ནི་ལན་མང་དུའོ། །མི་ཤེས་པས་ནི་མི་འགྲོལ་ཞེས་པ་ནི་གལ་ཏེ་མི་ཤེས་ན་ཡང་དེ་བཞིན་དུ་མི་གཏོང་གི་ལྟུང་བ་དང་བཅས་པ་ཡིན་པར་བསྟན་པའོ། །དེ་ལྟུང་བ་གང་འབྱུང་བ་ཞེས་བྱ་བ་ནི་ལྟུང་བ་སྔ་ལྔ་ལས་གང་ཡང་རུང་བའོ། །དེ་ཆོས་བཞིན་དུ་བྱེད་དུ་གཞུག་ཅེས་པ་ནི་འཆགས་སུ་གཞུག་པའོ། །བསྟི་སྟང་བྱེད་ཅིང་ཆོས་མི་ཉན་བླ་མར་མི་བྱེད་ཅེས་པ་ནི་རིམ་གྲོ་དང་བཙུན་པར་མི་བྱེད་པའོ། །རུས་པ་བཞིན་མི་བྱེད་ཅེས་པ་ནི་དཔེ་སྟེ། ཇི་ལྟར་ལུས་ཀྱི་གཙོ་བོ་རུས་པ་བཞིན་སོ་སོར་ཐར་པ་ལ་གཙོ་བོར་མི་འཛིན་པའོ། །ཡིད་ལ་མི་འཛིན་ཅེས་པ་ནི་སེམས་ལ་འདྲིས་པར་མི་བྱེད་པའོ། །སེམས་རྩེ་གཅིག་ཏུ་མི་བྱེད་པ་ནི་སེམས་ཐམས་ཅད་གཅིག་ཏུ་མི་སྡུད་པའོ། །རྣ་བླགས་ཏེ་མི་ཉན་ཅེས་པ་ནི་རྣ་བའི་དབང་པོ་དེར་མི་གཏོང་པའོ། །སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མི་ཉན་ཅེས་པ་ནི་དབང་པོ་རྣམས་མ་བསྡུས་པའི་ཕྱིར་རོ། །མ་རྙེད་པ་ཞེས་པ་ནི་དགེ་བའོ། །རྙེད་པ་མ་ཡིན་ནོ་ཞེས་པ་ནི་དགེ་བ་དེ་མ་རྙེད་པའི་ཕྱིར་རོ། །ཉེས་པ་རྙེད་པའོ་ཞེས་པ་ནི་དགེ་བ་རྙེད་པ་མ་ཡིན་པའི་ཕྱིར་རོ། །ལེགས་པ་མ་རྙེད་པ་ནི་དེ་ཉིད་མ་ཐོབ་པའོ། །འགྱོད་དུ་གཞུག་ཅེས་པ་ནི་ཉེས་པ་ལ་ཡིད་བྱུང་ཞིང་སྐྱོ་བར་བྱ་བ་སྟེ། འགྱོད་དུ་འཇུག་པའི་འོག་ཏུ་འཆགས་སུ་གཞུག་པའོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་གང་ཞེ་ན། དགེ་སློང་མས་ལྟུང་བ་སྡེ་ལྔའི་ནང་དུ་གཏོགས་པ་འདོན་པའི་ཚེ་བསྟི་སྟང་དང་བླ་མ་དང་དུས་པ་བཞིན་དུ་མི་བྱེད། ཡིད་ལ་མི་འཛིན་སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་ཉན་སེམས་ཐམས་ཅད་ཀྱིས་བསམས་ཏེ་མི་ཉན་པར་བདག་གིས་ད་གདོད་ཆོས་འདི་མདོའི་ནང་དུ་གཏོགས་ཤིང་


DTG156_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པར་ཤེས་སོ་ཞེས་ཟེར་ན་ཐམས་ཅད་ལྟུང་བའོ། །ལམ་ལོག་པར་རྒས་པ་དང༌། མི་ཤེས་པར་བདེན་པ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལྟུང་བ་དྲུག་ཅུ་བདུན་པ་རྫོགས་སོ།། །།གླེང་གཞི་མཉན་དུ་ཡོད་པ་ན་སྟེ། བ་སོ་མཁན་ཆོས་ཅན་སྔོན་གཅེར་བུ་པ་ལ་དད་པ་ཞིག་གནས་པར་བསོད་སྙོམས་པ་ཞིག་གིས་ཆོས་བཤད་དེ་བཏུལ་ནས་བསླབ་པའི་གནས་ལ་བཀོད་དེ་རྫས་ལས་བྱུང་བའི་བསོད་ནམས་བཤད་པ་དང༌། ཆོས་ཅན་རང་གི་བཟོས་དགེ་འདུན་ལ་བསྙེན་བཀུར་བགྱིའོ་ཞེས་བྱས་པ་དང༌། དགེ་སློང་མ་རྣམས་ཀྱིས་བསོ་དང་རུས་པ་དང་རྭ་ལས་ཁབ་རལ་བྱེད་དུ་བཅུག །དགེ་སློང་མ་བཅུ་གཉིས་སྡེས་ཀྱང་རིན་མ་བྱིན་པར་ཁབ་རལ་མང་དུ་བཅོལ་བས་བསོ་དང༌། རུས་པ་དང༌། རྭ་ཡང་ཟད་དེ་དབུལ་པོར་གྱུར་པས་གཅེར་བུ་པ་དག་འཕྱ་སྟེ། འདི་ངེད་ལ་དགའ་བའི་ཚེ་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་ན་ད་ནི་དགེ་སློང་ཤཱཀྱའི་བུ་ལ་དགའ་བས་ཟན་ཡང་མེད་དོ་ཞེས་མི་སྙན་པར་ཟེར་ཏེ། དེ་ལྟ་བུར་གྱུར་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བཅུ་གཉིས་སྡེ་རྣམ་གྲངས་དུ་མས་སྨད་དེ། འདུལ་བ་ལ་བསླབ་པའི་གནས་བཅས་པའི་བར་དུ་སྔ་མ་བཞིན་ནོ། ཡང་དགེ་སློང་མ་གང་བ་སོ་འམ་རུས་པའམ་རྭའི་ཁ་བ་རལ་བྱེད་དུ་བཅུག་ནས་བཅག་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དང་འདྲ་བ་གཞན་ཡང་ངོ༌། །བ་སོ་དང་རུས་པ་དང་རྭ་ནི་དངོས་སུ་ཟད་ཁབ་རལ་ནི་རྣམ་པ་གཉིས་ཏེ། ཁ་གབ་ཅན་དང་གློ་གབ་ཅན་ནོ། །བྱེད་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་སོ། །བཅག་ནས་ཞེས་བྱ་བ་ནི་དངོས་པོ་དེ་སྔར་ཆོག་ལ་གདོང་ལྟུང་བ་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་གང་ཞེ་ན། དགེ་སློང་མས་བ་སོའམ། རུས་པ་འམ། རྭ་ཡང་རུང་ཁབ་རལ་བྱས་སམ་བྱེད་དུ་བཅུག་ན་ཐམས་ཅད་དུ་ལྟུང་བའོ། །གང་གི་མདུན་དུ་འཆགས་པའི་ཚེ་དེས་ཀྱང་ཁྱོད་ཀྱིས་དངོས་པོ་བཅག་གམ་ཞེས་དྲིས་ཤིག །མ་དྲིས་པར་ཉེས་པ་བཤགས་ན་གཉི་ག་ལ་ཉེས་བྱས་ཏེ་ལྟུང་བ་ཡང་བཤགས་པར་མི་འགྱུར་


DTG156_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མ་ཟིན་པར་བཏོང་བ་དང༌། ཟིན་ཏེ་མི་འཆབ་པ་དང༌། གཞན་གྱི་ཕྱིར་བྱེད་པ་ནི་ཉེས་བྱས་སོ། །བྱས་པ་རྙེད་པ་དང་བྱས་པ་སྤྱོད་པ་ནི་ཉེས་པ་མེད། ཁབ་རལ་རྣམ་པ་བཞི་ནི་འཆད་དུ་གནང་སྟེ། ར་གན་དང་ཟངས་དང༌། ཁར་བ་དང༌། ལྕགས་ཀྱིའོ། །ལས་དང་པོ་ལ་སོགས་པ་ལ་ཉེས་པ་མེད་དོ། །ལྟུང་བ་དྲུག་ཅུ་བརྒྱད་པ་རྫོགས་སོ།། །།གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་ལྗོངས་རྒྱུ་ཞིང་མཉན་དུ་ཡོད་པར་ཕྱིན་ནས་རྐང་པ་བཀྲུས་ཏེ་ཁྲི་ཐུང་དུ་བ་ཅིག་གི་སྟེང་དུ་འདུག་པ་དང༌། དཔྱིད་ཚ་བས་སྤྲུལ་གདུག་པ་ཞིག་ཀྱང་ཚ་བས་ཉེན་ཏེ་བསིལ་བར་འདོད་པས་དགེ་སློང་དེས་ཁྲིའུའི་དྲུང་དུ་རྐང་པ་བཀྲུས་པའི་གནས་དེར་ཉལ་འོ། །དགེ་སློང་དེ་ཡང་ལམ་གྱིས་དུབ་པས་ལུས་འགྱུར་ཞིང་མགོ་འཆོག་སྟེ། ལུས་ཡང་དང་ཡང་བཏུད་པ་དང༌། སྤྲུལ་གྱིས་འདིས་བདག་ལ་གནོད་པ་བྱེད་དོ་སྙམ་ནས་དགེ་སློང་དེའི་འཕྲལ་བར་བཟུང་བས་དུས་ལས་འདས་སོ། །དེ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ནས་ཕྱིན་ཆད་ཁྲི་རྐང་ཐུང་ངུ་ལ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང༌། བཅུ་གཉིས་སྡེ་དག་གིས་ཁྲི་རྐང་པ་ཁྲུ་བཅུ་གཉིས་པ་བྱས་ཏེ་སྐས་བཙུགས་ནས་ཉལ་བར་བྱེད་པ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་བསླབ་པ་བཅས་སོ། །དགེ་སློང་མའི་དགེ་འདུན་གྱིས་ཁྲིའམ་ཁྲིའུ་བྱེད་ན་རྐང་པ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་གྱིས་ཤིག །དེ་ལས་ལྷག་པར་བྱས་ན་བཅད་ནས་ལྟུང་བའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །སོར་བརྒྱད་ཀྱི་ཚད་དུ་གྱིས་ཤིག་ཅེས་བྱ་བ་ནི་སྟོན་པའི་སོར་དེ་མི་ཐ་མལ་པའི་ཁྲུ་ཚད་མ་གང་ངོ༌། །བཅད་ན་ཞེས་བྱ་བ་ནི་ལྷག་མ་བཅད་ནས་ལྟུང་བ་བཤགས་སོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་གང་ཞེ་ན་དགེ་སློང་མས་ཇི་ཙམ་དུ་བདེ་བར་གཤེགས་པའི་སོར་བརྒྱད་ལས་ཆུང་ཟད་ཅིག་ལྷག་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་ལྷག་མ་བཅད་དམ་ཞེས་དྲིས་ཤིག་མ་དྲིས་པར་བཤགས་ན་གཉི་ག་ལ་ཉེས་བྱས་ཏེ། ལྟུང་བ་ཡང་བཤགས་པར་མི་འགྱུར་


DTG156_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བས་སླར་ཡང་བཤགས་པར་བྱའོ། །ལྟུང་བ་དྲུག་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བསྙེན་དགའ་བོས་སྔ་ཕྱིར་ཁྲི་ཐོབ་པ་རྣམས་རྒན་རིམས་ཀྱིས་ཕྲོགས་པས་ཡང་མལ་སྟན་བསྒོ་བའི་དུས་ལ་བབ་པ་དང༌། གཞན་གྱིས་ཁྲི་ཕྲོགས་སུ་དོགས་པའི་ཕྱིར་ཁྲི་ཤིང་བལ་གྱིས་བདལ་ཏེ་གཞག་གོ །ཡང་དགེ་སློང་རྒན་རིམས་ཤིག་འོངས་ཏེ། བསྙེན་དགའ་བོ་ལ་འདི་སུའི་ཁྲི། འདི་བདག་གི་ཤིང་བལ་ལོ་ཞེས་བྱས་པ་དང༌། དགེ་སློང་གཞན་ཞིག་གིས་ཤིང་བལ་ནི་བསྙེན་དགའ་བོའི་ཡིན། ཁྲི་ནི་དགེ་འདུན་གྱིའོ་ཞེས་སྨྲས་པ་དང༌། བསྙེན་དགའ་བོ་ཁྲོས་ནས་ཤིང་བལ་བསྡུས་ཏེ་ཉུང་ཟད་ཅིག་སྟེང་དུ་གཏོར་རོ། །དགེ་སློང་དེ་ཡང་མ་བརྟགས་པར་ཉལ་བས་ནམ་ནགས་ཏེ་ལངས་ན་ཤིང་བལ་གྱིས་ལུས་ཀུན་གཡོགས་ཤིང་སྐྱ་བོར་གྱུར་ཏོ། །དགེ་སློང་དག་གིས་ཁྱོད་འབྲས་ཀྱི་གཡུལ་ན་ཉལ་ལ་མ་ཞེས་བྱས་པ་དང༌། ཇི་ལྟར་གྱུར་པ་རྒྱས་པར་སྨྲས་ཏེ། དགེས་ལོང་དག་གིས་སྟོན་པ་ལ་གསོལ་ནས་བསླབ་པ་བཅས་པ་དང༌། བཅུ་གཉིས་སྡེ་རྣམས་འདི་དགེ་སློང་མ་རྣམས་ལ་མ་བཅས་སོ་ཞེས་དགེ་འདུན་གྱི་ཁྲིའུ་དང་ཁྲི་ལ་ཤིང་བལ་བདལ་བས་དོན་ཉུང་ངུ་བའི་དགེ་སློང་མ་རྣམས་ཀྱིས་སྟོན་པ་ལ་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཤད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲིའུ་འམ་ཁྲི་ལ་ཤིང་བལ་བདལ་ཏམ་བདལ་དུ་བཅུག་ན་བསྡུས་ནས་ལྟུང་བའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །དེ་ལ་ཤིང་བལ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། རྩྭ་ཀ་ཤ་དང༌། ཤིང་མར་ཀ་དང༌། ཤིང་ཞོམ་པ་དང༌། རས་བལ་དང༌། ལྕང་མའི་བལ་ལོ། །བདལ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བདལ་དུ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །བསྡུས་ནས་ཞེས་བྱ་བ་ནི་བདལ་བ་བསྡུས་པའི་འོག་ཏུ་ལྟུང་བ་བཤགས་པར་བྱའོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟ་བུ་ཞེ་ན། དགེ་སློང་མས་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་བལ་བདལ་ཏམ་བདལ་དུ་བཅུག་ན་ཐམས་ཅད་དུ་ལྟུང་བའོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་བདལ་བ་བསྡུས་སམ་


DTG156_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དྲིས་ཤིག །མ་དྲིས་པར་བཤགས་ན་གཉི་ག་ལ་ཉེས་བྱས་ཏེ་ལྟུང་བ་ཡང་བཤགས་པར་མི་འགྱུར་བས་སླར་ཡང་བཤགས་པར་བྱའོ། །ལྟུང་བ་བདུན་ཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་རྣམས་གདིང་བ་རིང་པོར་བྱས་ནས་རིངས་སོ་ཞེས་བཅད། ཐུང་ངུར་བྱས་ནས་ཐུངས་སོ་ཞེས་སླར་སྡུད་དེ་བྱ་བ་མང་པོས་དགེ་བའི་བར་ཆད་དུ་གྱུར་པས་རྣམ་གྲངས་དུ་མས་སྨད་དེ། དུལ་བ་ལ་བསླབ་པའི་གནས་བཤད་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་མ་གདིང་བ་བྱེད་ན་ཚད་བཞིན་དུ་གྱིས་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོ་སྟེ། སྲིད་དུ་མཐོ་གང་གིས་བསྲིངས་ཤིག་དེ་ལས་ལྷག་པར་བྱས་ན་བཅད་ནས་ལྟུང་བའོ། །གདིང་བ་ཞེས་བྱ་བ་ནི་སྟན་ནོ། །སྲིད་དུ་བདེ་བར་གཤེགས་པའི་མཐོ་དོ་ནི་ཁྲུ་ཚད་མ་གསུམ་མོ། །ཞང་དུ་མཐོ་ཕྱེད་དང་དོ་ལ་ཁྲུ་ཚད་མ་གཉིས་དང་སོར་དྲུག་གོ །སྲིད་དུ་མཐོ་གང་གིས་བསྲིངས་ཤིག་ཅེས་བྱ་བ་ནི་གལ་ཏེ་ལུས་རིངས་ཏེ་མི་ཆོག་ནའོ། །ལྷག་པར་བྱས་ན་ཞེས་བྱ་བ་ནི་དེ་ལས་འདས་པའོ། །བཅད་ནས་ཞེས་བྱ་བ་ནི་དངོས་པོ་ལྷག་མ་བཅད་ནས་ལྟུང་བ་བཤགས་པར་བྱའོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་གང་ཞེ་ན། དགེ་སློང་མས་གདིང་བ་སྲིད་དུ་ཁྲུ་ཕྱེད་དང་ལྔ། ཞེང་དུ་ཁྲུ་དོ་དང་སོར་དྲུག་ལས་ལྷག་པར་བྱས་ན་ཐམས་ཅད་དུ་ལྟུང་བའོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་དངོས་པོ་ལྷག་པ་བཅད་དམ་ཞེས་དྲིས་ཤིག་མ་དྲིས་ན་གཉི་ག་ལ་ཉེས་བྱས་སོ། །ལྟུང་བ་ཡང་བཤགས་པ་སླར་བཤགས་པར་བྱའོ། །ལྟུང་བ་བདུན་ཅུ་གཅིག་པ་རྫོགས་སོ།། །།གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དེ་ན་དགེ་སློང་མ་ཞིག་གཡན་པས་བཏབ་སྟེ་གཡན་པ་དགབ་པ་མེད་པར་བསོད་སྙོམས་ལ་སོང་བ་ལས་སྦྲང་མ་དག་འདུ་བར་གྱུར་པ་དང༌། ཁྱིམ་བདག་དང་བྲམ་ཟེ་རྣམས་འཕགས་མ་འཁོར་མང་ཞེས་འཕྱ་བ་དགེ་སློང་མ་དག་གིས་སྟོན་པ་ལ་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཤད་དེ། དགེ་སློང་མ་


DTG156_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གཡན་པ་དགབ་པར་བྱེད་ན་ཚད་བཞིན་དུ་གྱིས་ཤིག །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞི། ཞེང་དུ་མཐོ་དོའོ། །དེ་ལས་ལྷག་པར་བྱས་ན་བཅད་ནས་ལྟུང་བའོ། །དེ་ལ་གཡན་པ་དགབ་པ་ནི་ནད་ཀྱི་གོས་སོ། །སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞི་ནི་ཁྲུ་ཚད་མ་དྲུག་གོ །ཞེང་དུ་མཐོ་དོ་ནི་ཁྲུ་ཚད་མ་གསུམ་མོ། །དེ་ལ་ལྟུང་བ་གང་ཞེ་ན་དགེ་སློང་མས་ཅི་ཙམ་དུ་གཡན་པ་དགབ་པ་སྲིད་དུ་ཁྲུ་དྲུག་ཞེང་དུ་ཁྲུ་གསུམ་ལས་ལྷག་པར་བྱས་ན་ཐམས་ཅད་དུ་ལྟུང་བའོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་དངོས་པོ་ལྷག་མ་བཅད་དམ་ཞེས་དྲིས་ཤིག །མ་དྲིས་པར་བཤགས་ན་གཉི་ག་ལ་ཉེས་བྱས་སོ། །ལྟུང་བ་ཡང་བཤགས་པ་མ་ཡིན་པས་སླར་བཤགས་པར་བྱའོ། །ལྟུང་བ་བདུན་ཅུ་གཉིས་པ་རྫོགས་སོ།། །།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བསྙེན་དགའ་བོ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚ་ང་དང༌། དེ་ལས་ལྷག་པའི་ཚད་དུ་གོས་བྱས་ཏེ་གྱོན་པས་དེ་ལྟར་མི་གནང་ངོ་ཞེས་དགེ་སློང་མ་རྣམས་ལ་བསླབ་པ་བཅས་པ་དང༌། སྦོམ་དགའ་མོས་བསླབ་པ་འདི་དགེ་སློང་མ་རྣམས་ལ་མ་བཅས་སོ་ཞེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དང༌། དེ་ལས་ལྷག་པའི་ཚད་དུ་ཆོས་གོས་བྱེད་པས། དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་སྟེ། སྟོན་པ་ལ་གསོལ་ནས་སྦོམ་དགའ་མོ་རྣམ་གྲངས་དུ་མས་སྨད་དེ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་ན་ལྟུང་བའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །བདེ་བར་གཤེགས་པའི་མཐོ་བཅུ་ལ་ཁྲུ་ཚད་མ་བཅོ་ལྔའོ། །མཐོ་དྲུག་ལ་ཁྲུ་དགུའོ། །གཞན་ནི་བརྡ་ཕྲད་པར་ཟད་དོ། །དེ་ལ་ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་གང་ཞེ་ན། དགེ་སློང་མ་ཇི་ཙམ་དུ་བདེ་


DTG156_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་བྱས་སམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ནད་ཀྱིས་གཟིར་བདག་ལ་ལྟུང་བ་མེད་དོ། །ལྟུང་བ་བདུན་ཅུ་གསུམ་པ་རྫོགས་སོ།། །།མདོར་བསྟན་པ་ནི། སྒོག་སྐྱ་སྤང་བར་བྱ་བ་དང༌། །རྨོངས་ཀྱང་བྲེག་པར་མི་བྱ་དང༌། །སོར་མོའི་ཚིགས་གཉིས་མི་འདའ་དང༌། །ཐལ་མོ་བརྡེག་པར་མི་བྱ་དང༌། །རྗེན་པ་བཙོ་བར་མི་བྱ་དང༌། །ཆུས་ཀྱང་གཏོར་པར་མི་བྱ་དང༌། །སྔོན་པོ་བཤད་པ་མི་དོར་དང༌། །རྩིག་པའི་རྒྱབ་ཏུ་དོར་མི་བྱ། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་ཏེ། འཁོར་མང་པོ་རྣམས་ལ་ཆོས་འཆད་པ་ལས་དགེ་སློང་ཅིག་བདེན་པ་མཐོང་བའི་རྒྱུ་དང་ལྡན་པར་མཁྱེན་ནས་ཆོས་བསྟན་ན་དེས་བདེན་པ་མཐོང་བར་མ་གྱུར་ཏེ། ཅིའི་ཕྱིར་བདེན་པ་མཐོང་བར་མ་གྱུར་ཅེས་བརྟགས་ན། དགེ་སློང་དེས་སྒོག་སྐྱ་ཟོས་པས་བདེན་པ་མཐོང་བར་མ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྒོག་པ་ཟ་བར་མི་བྱ་སྒོག་པ་ཟོས་པར་གྱུར་ན་བདེན་པ་མཐོང་བའི་བར་ཆད་དུ་ཡང་འགྱུར་ལྷའི་འཁོར་རྣམས་ཉན་པ་དང༌། སྲུང་མ་དག་ཀྱང་མི་དགའ་བར་གྱུར་པ་ལས་བཅོམ་ལྡན་འདས་ཀྱིས་ཟར་མ་གནང་བ་དང༌། དགེ་སློང་མ་རྣམས་སྒོག་སྐྱ་ཟ་བར་གྱུར་བ་ལས་མི་གནང་བར་བཅས། ཡང་དགེ་སློང་མ་གང་སྒོག་སྐྱ་ཟ་ན་ལྟུང་བའོ། །དགེ་སློང་མ་མིན་པར་སྒོག་སྐྱ་ཟ་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ན་བར་གྱུར་པ་མཚམས་ཀྱི་ཕྱི་རོལ་དུ་འདུག་ལ་བཟའ་བར་བྱའོ། །སྒོག་པ་ཟ་བའི་ཚེ་ཀློག་འདྲི་དང་ཁ་ཏོན་དག་ཀྱང་མི་བྱ། ཁྱིམ་པ་རྣམས་ལ་ཡང་ཆོས་མི་བསྟན། གཙུག་ལག་ཁང་དུ་ཕྱག་ལ་སོགས་པ་འང་མི་བྱ། དགེ་འདུན་གྱི་ཕྱི་སར་ཡང་འགྲོ་བར་མི་བྱ། ནད་སོས་ནས་ལུས་དང་ཆོས་གོས་ལ་སོགས་པ་ཁྲུས་བྱས་ནས། གདོད་གཙུག་ལག་ཁང་དུ་སྔོན་བཞིན་དུ་གནས་པར་བྱའོ། །ལྟུང་བ་བདུན་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བདག་རང་གི་


DTG156_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་སྤུ་རྣམས་བྲེགས་ནས་ཆུ་བོ་ཨ་ཛིར་བ་ཏིར་གཏོར་ཁྱིམ་བདག་མོ་དང་ཁྲུས་བྱེད་པ་ལས་ངོམས་པར་གྱུར་ཏེ། ངའི་འདྲ་བར་ཐིག་ལེ་ཅན་འདི་ཤིན་ཏུ་སྡུག་ཅིང་མཛེས་པས་ཁྱེད་ཀྱང་བྲེག་པའི་རིགས་སོ་ཞེས་བསྟན་པ་ལས། ཁྱིམ་བདག་འཕྱ་ཞིང་མ་དད་པར་གྱུར་པ་ལས་བཅས། ཡང་དགེ་སློང་མ་གང་རྨོངས་འབྲེག་ན་ལྟུང་བའོ། །ཡང་དགེ་སློང་མས་ཆེན་དུ་བསམས་ཏེ་གསང་བའི་སྤུ་འབྲེག་ན་ལྟུང་བར་འགྱུར་རོ། །དེ་ལ་ཉེས་པ་མེད་པ་ནི་རྨ་བྱུང་བར་གྱུར་ཏམ། ཤུ་བ་བྱུང་བར་གྱུར་ན། དགེ་འདུན་མ་ལ་ཞུས་ཏེ་བྲེག་པར་བྱ། མ་དྲིས་ན་ཉེས་བྱས་སོ། །ལྟུང་བ་བདུན་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་འཁོར་མང་པོ་ལ་ཆོས་འཆད་པའི་ཚེ་དགེ་སློང་མའི་འཁོར་རྣམས་ཁྱིམ་མི་མོ་བཞིན་དུ་དྲི་མི་ཞིམ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཁྲུས་གྱིས་ཤིག་པར་བཀའ་སྩལ་ནས། སྦོམ་དགའ་མོས་མཛུབ་མོའི་ཚིགས་གཉིས་འདས་པར་བཀྲུས་ན་རྨ་བྱུང་ཞིང་སྣད་པར་གྱུར་ཏེ་དུ་བ་ལས་དགེ་སློང་མ་དག་གིས་ཐོས་ཏེ་ཅིའི་ཕྱིར་དུ་ཞེས་སྨྲས་ན། གསང་བའི་ཕྱོགས་འཁྲུ་བའི་ཚེ་མཛུབ་མོའི་ཚིགས་གཉིས་འདས་པར་བཀྲུས་པས་སྣད་པར་གྱུར་ཏེ་ངུའོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་བས་འཕྱ་བ་ལ་བཅས་སོ། །ཡང་དགེ་སློང་མ་གང་འཁྲུ་བ་ན་སོར་མོའི་ཚིགས་གཉིས་ལས་འདས་པར་བཅུག་སྟེ་འཁྲུ་ན་ལྟུང་བའོ། །དེ་སློང་མ་ཁྲུས་བྱེད་པའི་ཚེ་མཛུབ་མོའི་ཚིགས་གཉིས་ལ་འདས་པར་བཅུག་སྟེ་འཁྲུ་ན་ལྟུང་བའོ། །ཚིགས་གཉིས་མ་འདས་ན་ཉེས་བྱས། །ལྟུང་བ་བདུན་ཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་འདོད་ཆགས་ཀྱིས་གཟིར་བར་གྱུར་ནས་འདིས་ཉེས་བྱས་སོ་ཞེས་མོ་མཚན་ལ་བརྡེགས་པ་དང༌། སྣད་པར་གྱུར་ཏེ་ངུས་པ་ལས་དགེ་སློང་མ་དག་གིས་ཅིའི་ཕྱིར་དུ་ཞེས་སྨྲས་ནས། འདོད་ཆགས་སྐྱེས་པ་ལས་མོ་མཚན་ལ་བརྡེགས་ཏེ་སྣད་ནས་ངུའོ་ཞེས་སྨྲས་པ་དང༌། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་


DTG156_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དང། བཀའ་སྩལ་པ་དགེ་སློང་མ་འདོད་ཆགས་སྐྱེས་ནས་སེམས་གདུལ་བར་རིགས་པ་ལས་སེམས་མི་གདུལ་བར་མོ་མཚན་བརྡེགས་ན་ལྟུང་བར་འགྱུར་རོ་ཞེས་བཅས། ཡང་དགེ་སློང་མ་གང་གསང་བའི་ཕྱོགས་སུ་ཐལ་མོ་བརྡེགས་ན་ལྟུང་བའོ། །དགེ་སློང་མས་ཇི་ཙམ་དུ་ཆེད་དུ་བསམས་ཏེ་གསང་བའི་ཕྱོགས་སུ་ཐལ་མོ་བརྡེགས་ན་ལྟུང་བའོ། །ལྟུང་བ་བདུན་ཅུ་བདུན་པ་རྫོགས་སོ།། །།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་བསམས་པ་བདག་གིས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་གྱིས་བསྟབས་ན། རང་གི་ལག་གིས་དར་ཏེ་བཙོས་པ་དེ་ལྟ་བུ་ཞིག་བཅོམ་ལྡན་འདས་ལ་མ་གསོལ་གྱིས་བདག་གི་ལག་དར་ཏེ་བཙོས་པ་ཞིག་གསོལ་ཞེས་ཞུས་པ་དང༌། བཀའ་སྩལ་པ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ནི་རང་གིས་བཙོས་པའམ། དགེ་སློང་གིས་བཙོས་པ་བཟའ་བར་མ་བརྟགས་སོ་ཞེས་བཀའ་སྩལ་པ་ལས། ཕྱིས་དགེ་སློང་མ་ཞིག་བདག་ཉིད་ཀྱིས་རྗེན་པ་འཚོད་ཅིང་ཟ་བ་ལས་བཅས། ཡང་དགེ་སློང་མ་གང་རྗེན་པ་འཚེད་ན་ལྟུང་བའོ། །རྗེན་པ་འཚེད་ཅེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་སྔར་གཞན་གྱིས་མ་བཙོས་པར་བདག་འཚེད་ན་ལྟུང་བའོ། །དེ་ལ་ཉེས་པ་མེད་པ་ནི་སྔར་གཞན་གྱིས་བཙོས་པ་ལས་མ་ཚོས་པའམ། སྔར་ལྷན་ཅིག་བསྣུན་པ་བདག་ཉིད་ཀྱིས་བཙོས་ནའང་ཉེས་པ་མེད་དོ། །ལྟུང་བ་བདུན་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་དང་འོད་སྲུངས་ཆེན་པོ་ཟམ་པའི་འོག་ཏུ་ཕྲད་པ་དང༌། སྦོམ་དགའ་མོས་སྨྲས་པ་འདི་ནི་སྔོན་མུ་སྟེགས་ཅན་རིགས་དམའ་བ་ལས་རབ་ཏུ་བྱུང་བའོ་ཞེས་ཚིག་གིས་སྦོས་ནས་ཆུས་ཀྱང་གཏོར་བ་ལས་བཅས་སོ། །ཡང་དགེ་སློང་མ་གང་འཁོར་གྱི་གཙོ་བོ་ལ་ཆུ་གཏོར་ན་ལྟུང་བའོ། །འཁོར་གྱི་གཙོ་བོ་ལ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ནམ་དགེ་སློང་ཕ་ལ་བྱ་སྟེ་དགེ་སློང་མས་ཆེད་དུ་བསམས་ཏེ་ཆུ་གཏོར་ན་ལྟུང་


DTG156_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལ་ཉེས་པ་མེད་པ་ནི་བརྒྱལ་བར་གྱུར་པ་ལས་ཆུ་གཏོར་རམ་ནད་ཀྱིས་བཏབ་པ་ལ་ཆུ་གཏེར་ན་ཉེས་པ་མེད་དོ། །ལྟུང་བ་བདུན་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་བཞུགས་ཏེ། སྦོམ་དགའ་མོས་ལྡུམ་པ་ཞིག་ལ་ཤང་ཙོ་བསླངས་པ་ལས་མ་བྱིན་པ་དང༌། དེའི་ནུབ་མོ་འཁྲུ་སྨན་འཐུངས་ཏེ་ངན་སྐྱུགས་བསགས་ནས་ཤང་ཙེ་ཟད་པར་བསྐུས་པ་དང༌། ཁྱི་དག་གིས་ཟོས་ནས་ལྡུམ་པ་དེ་མ་དད་ཅིང་འཕྱ་བ་ལས་བཅས་ཡང་དགེ་སློང་མ་གང་རྩྭ་སྔོན་པོ་ལ་བཤད་བ་འདོར་ན་ལྟུང་བའོ། །དགེ་སློང་མས་ས་གཞན་ཡོད་བཞིན་དུ་སྔོན་པོའི་ས་ཕྱོགས་སུ་བཤང་བ་འདོར་ན་ལྟུང་བའོ། །ཉེས་པ་མེད་པ་ནི་ཕྱོགས་ཐམས་ཅད་སྡོ་སྟེ་ས་གཞན་མེད་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱད་ཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་མང་དུ་ནི་ཟ་ཉུང་དུ་ནི་མི་འཐུང་བ་ལས་བཤང་བ་གཅི་བ་དག་མང་བར་གྱུར་ཏེ། ནུབ་མོ་གཙུག་ལག་ཁང་གི་སྒོ་བཅད་པས་ངན་སྐྱུགས་སྣོད་དུ་བསགས་པ་ལས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་དཔལ་འཕེལ་ཞེས་བྱ་བ་བཀའ་ཆད་ཅིག་བཅད་པ་ལས། དེའང་རྒྱལ་པོ་ལ་བཟོད་པ་གསོལ་དུ་འགྲོ་བའི་ལམ་དུ་དགེ་སློང་མའི་དབྱར་མོ་ཁང་གི་དྲུང་དུ་བྱུང་བ་ལས་སྦོམ་དགའ་མོས་མ་བརྟགས་པར་མི་གཙང་བའི་བུམ་པ་རྩིག་པའི་རྒྱབ་ཏུ་འཕངས་པ་ལས་དེའི་མགོ་བོར་ཕོག་ནས་དཔལ་འཕེལ་གྱིས་བསམས་པ། ཡང་ན་ནི་བདག་ལ་བཀྲ་ཤིས་པར་འགྱུར། ཡང་ན་ནི་བདག་ལ་མི་དགེ་བར་འགྱུར་རོ་ཞེས་བསམས་ནས་སོང་སྟེ་རྒྱལ་པོ་ལ་བཟོད་པར་གསོལ་བ་དང༌། རྒྱལ་པོས་ཀྱང་བཟོད་པར་གནང་སྟེ་བློན་པོ་དེ་ཡང་དགའ་བར་གྱུར་ནས་བདག་ལ་མི་གཙང་བའི་བུམ་པས་འཐོར་བ་གང་ཡིན་པ་དེ་ལ་རས་ཆེན་པོ་ཞིག་སྦྱིན་ནོ་སྙམ་ནས། དགེ་སློང་མའི་དབྱར་མོ་ཁང་དུ་སྨྲས་པ་དང༌། སྦོམ་དགའ་མོ་ཡིན་པར་གྱུར་ཏེ་དེ་ལ་བྱིན་ནོ། །ཕྱིས་སྦོམ་དགའ་མོ་དགེ་སློང་མ་གཞན་དག་དང་འཐབ་པར་གྱུར་པ་དང༌། ངའི་བཤང་བ་ཙམ་ཡང་ཁྱོད་ཀྱིས་མི་ནུས་ཏེ་ངའི་བཤད་བས་ཀྱང་རས་ཆེན་པོ་འདི་ལྟ་བུ་རྙེད་དོ་ཞེས་ངོམས་པ་ལས་བཅས་


DTG156_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགེ་སློང་མས་གང་མ་བརྟགས་པར་རྩིག་པའི་རྒྱབ་ཏུ་བཤད་བ་འདོར་ན་ལྟུང་བའོ། །དགེ་སློང་མས་རྩིག་པའི་རྒྱབ་ཏུ་སྔར་མ་བརྟགས་པར་བཤད་བ་འདོར་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱད་ཅུ་གཅིག་པ་རྫོགས་སོ།། །། མདོར་བསྟན་པ་ནི། སྐྱབས་ཡོད་པར་ནི་སྐྱེས་པ་དང༌། །དགེ་སློང་དང་ཡང་འགྲེང་མི་བྱ། །བླ་གབ་མེད་པར་སྐྱེས་པ་དང༌། །གཅིག་པུ་དགེ་སློང་གནས་མི་བྱ། །རྣ་བར་བཤུབ་པར་བྱེད་པ་གཉིས། །བདག་ལ་བརྡེག་པར་མི་བྱ་དང༌། །ཚངས་པར་སྤྱོད་པ་མནལ་རྡོ་དང། །ལེགས་པར་མ་མཐོང་མི་གླེང་ངོ༌། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་སྤོས་འཚོང་ཁྱེའུ་དང་གནས་ཁང་གཅིག་ཏུ་འདུག་ཏུ་མ་གནང་བ་དང༌། སྦོམ་དགའ་མོས་བསམས་པ་གནས་ཁང་གཅིག་གི་ནང་དུ་འདུག་ཏུ་མ་གནང་ན་ཡང་འགྲེང་བ་ནི་ཉེས་པ་མེད་དོ་སྙམ་ནས། སྤོས་འཚོང་ཁྱེའུ་དང་འགྲེང་ཞིང་གཏམ་རྣམ་པ་སྣ་ཚོགས་སྨྲ་བ་ལས་བཅས། །ཡང་དགེ་སློང་མ་གང་སྐྱེས་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བའོ། །དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་ནི་ཁྱིམ་རྣམ་པ་བཞི་གོང་དུ་སྨོས་པ་དང་འདྲའོ། །བདག་ཀྱང་གཅིག་པུ་སྐྱེས་པ་ཡང་གཅིག་པུ་སྟེ། །གཞན་མེད་པར་དབེན་པར་འགྲོ་ཞིང་གཏམ་ཟེར་ན་ལྟུང་བའོ། །ཉེས་པ་མེད་པ་ནི་ཕ་མིང་དང་གཏམ་ཟེར་བ་ལ་ཉེས་པ་མེད་དོ། །ལྟུང་བ་བརྒྱད་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་རྣམས་བསོད་སྙོམས་ལ་དོང༌། དེའི་ཚེ་དགེ་སློང་མ་སྦེད་མ་ལ་ཁང་སྐྱོང་གི་རེས་བབ་སྟེ། གཙུག་ལག་ཁང་གི་ཕྱག་དར་བྱེད་ཅིང་འདུག་པ་ལས་འཆར་བ་ཡང་དེར་འོངས་ཏེ་འགྲོ་ཞིང་སྔོན་གྱི་གཏམ་རྣམ་པ་སྣ་ཚོགས་ཟེར་བ་ལས་དགེ་སློང་མ་ནད་པ་ཞིག་གིས་མཐོང་ནས། དགེ་སློང་མ་དག་སླར་ལྷགས་ན་གཙུག་ལག་ཁང་གི་ཕྱག་དར་ལ་སོགས་པ་མ་ཟིན་ནས། ཅིའི་ཕྱིར་མ་ཟིན་ཞེས་སྨྲས་པ་དང༌། ནད་པ་དེས་ཇི་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་ཏེ་དགེ་སློང་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་དང་


DTG156_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲའོ། །ལྟུང་བ་བརྒྱད་ཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་བསམས་པ་དབེན་པ་སྐྱབས་ཡོད་པར་ནི་འགྲེང་ཞིང་གཏམ་ཟེར་དུ་བཅོམ་ལྡན་འདས་ཀྱིས་མ་གནང་བས། བླ་གབ་མེད་པར་འགྲེང་ཞིང་གཏམ་བྱས་ཀྱང་ཉེས་པ་མེད་དོ་སྙམ་ནས། འགྲེང་ཞིང་གཏམ་རྣམ་པ་སྣ་ཚོགས་ཟེར་བ་ལས་བཅས་སོ། །ཡང་དགེ་སློང་མ་གང་སྐྱེས་པ་དང༌། ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲའོ། །ལྟུང་བ་བརྒྱད་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦེད་མ་དང་འཆར་བ་གཉིས་བླ་གབ་མེད་པར་འགྲེང་ཞིང་གཏམ་རྣམ་པ་སྣ་ཚོགས་ཟེར་བ་ལས་བཅས་ཏེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བའོ། །འདིའི་ཁྱད་པར་ཡང་གོང་མ་དང་འདྲའོ། །ལྟུང་བ་བརྒྱད་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་གཅིག་པུ་གནས་ཁང་གཅིག་ན་གནས་པ་ལས་ཕྱེམ་རེད་ཁར་སྤོས་འཚོང་གི་ཁྱེའུ་ཁྲིའི་འོག་ཏུ་སྦས་ཏེ་བཞག་ནས། དེའི་འོག་ཏུ་བརྗེད་དེ་ཁྱེའུ་དེ་བྱུང་ནས་སྦོམ་དགའ་མོ་ཡང་སྐྲག་པར་གྱུར་ནས་རྐུན་པོ་བྱུང་ངོ་ཞེས་ཁུས་བཏབ་པ་དང༌། དགེ་སློང་མ་དག་གིས་སྨྲས་ཏེ་སྤོས་འཚོང་ཡིན་པ་དང་འཕྱ་བས། བཅོམ་ལྡན་འདས་ཀྱིས་ཁྱིམ་ཟླ་མེད་པར་དགེ་སློང་མ་གཅིག་པུ་མ་གནས་ཤིག །གཅིག་པུ་གནས་ན་ལྟུང་བར་འགྱུར་རོ་ཞེས་བཅས། ཡང་དགེ་སློང་མ་གང་གཅིག་པུ་གནས་ཁང་ན་གནས་ན་ལྟུང་བའོ། །དགེ་སློང་མས་ཤེས་བཞིན་དུ་གཅིག་པུ་གནས་ཁང་གཅིག་གི་ནང་དུ་གནས་པར་བྱེད་ན་ལྟུང་བའོ། །བསམ་གཏན་གྱི་མཐུ་ཁུགས་སུ་ཉེ་པའམ་ཁུགས་ཟིན་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱད་ཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་སྐྱེས་པའི་རྣ་བར་བཤུབས་པ་ལས་བཅས། ཡང་དགེ་སློང་མ་གང་སྐྱེས་པའི་རྣ་བར་བཤུབས་


DTG156_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྟུང་བའོ། །ལྟུང་བ་བརྒྱད་ཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོའི་རྣ་བར་སྐྱེས་པས་བཤུབས་པ་ལས་བཅས། ཡང་དགེ་སློང་མ་གང་སྐྱེས་པས་རྣ་བར་བཤུབས་པ་ཉན་ན་ལྟུང་བའོ། །ལྟུང་བ་བརྒྱད་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་དགེ་སློང་དག་གི་རྣ་བར་བཤུབས་པ་ལས་བཅས་སོ། །ཡང་དགེ་སློང་མ་གང་དགེ་སློང་གི་རྣ་བར་བཤུབས་ན་ལྟུང་བའོ། །ལྟུང་བ་བརྒྱད་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོའི་རྣ་བར་དགེ་སློང་དག་གིས་བཤུབས་པ་ཉན་པ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་གིས་རྣ་བར་བཤུབས་པ་ཉན་ན་ལྟུང་བའོ། །ལྟུང་བ་དགུ་བཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་དགེ་སློང་མ་གཞན་དང་འཐབ་པ་ལས་དེའི་འོག་ཏུ་ཁྲོས་ནས་བདག་ཉིད་ལ་བརྡེག་པ་ལས་བཅས། ཡང་དགེ་སློང་མ་གང་ཁྲོས་ནས་བདག་ལ་བརྡེགས་ན་ལྟུང་བའོ། །དེ་ལ་དགེ་སློང་མས་ཇི་ཙམ་དུ་ཁྲོས་འཁྲུགས་རྔམས་ཏེ། བདག་ཉིད་ལ་ཁུ་ཚུར་དང་ཐལ་མོ་དང་རྡོ་དབྱུག་གིས་བརྡེགས་ཀྱང་རུང་སྟེ་ལྟུང་བར་འགྱུར་རོ།། ལྟུང་བ་དགུ་བཅུ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་ལ་ཁྱིམ་བདག་གིས་ཅི་དག་མཐོང་ངམ་ཐོས་སམ་ཞེས་སྨྲས་ནས། མཐོང་རེ་དཀོན་མཆོག་གསུམ་མེད་པར་གྱུར། ཚུལ་ཁྲིམས་མེད་པར་གྱུར་ཅེས་པ་ལས་བཅས། ཡང་དགེ་སློང་མ་གང་ཚངས་པར་སྤྱོད་པ་མནའ་རྡོར་བྱེད་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདའ་བའོ། །དེ་ལ་མནའ་རྡོར་བྱེད་ཅེས་བྱ་བ་ནི་དེ་ལ་མནའ་འདོར་བའོ། །དེ་ལ་མཐོང་རེ་སངས་རྒྱས་མེད་པར་གྱུར་ཅིག་ཅེས་བྱ་ན་འང་ལྟུང་བའོ། །ཆོས་ཞིག་པར་གྱུར་ཅིག་ཅེས་བྱ་ནའང་ལྟུང་བའོ། །དགེ་འདུན་མེད་པར་གྱུར་ཅིག་ཅེས་ཟེར་ན་འང་ལྟུང་བའོ། །ངའི་ཚུལ་ཁྲིམས་ལ་གཏོགས་ཞེས་ཟེར་ན་ལྟུང་བའོ། །དགེ་སློང་གྲོགས་དགའ་བ་དང༌། ཕ་མ་དང༌། ཁྱིམ་


DTG156_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ལ་མནའ་རྡོར་བྱེད་ན་ཉེས་བྱས་སོ། །མནའ་རྡོར་བྱེད་ན་ཉེས་བྱས། ལྟུང་བ་དགུ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་མང་པོ་རྣམས་དགེ་འདུན་གྱི་ལྷག་མ་བྱུང་བའི་གང་ཟག་དང་ཉེས་པ་གཞན་བྱུང་བ་རྣམས་ལ་མཐོང་བ་དང་ཐོས་པ་དང་དོགས་པ་མེད་པར་སྤང་བའི་ལས་བྱེད་པ་ལས་བཅས། ཡང་དགེ་སློང་མ་གང་ལེགས་པར་མ་མཐོང་བ་ལ་སོགས་པ་གླེངས་ན་ལྟུང་བའོ། །ཡང་དགེ་སློང་མས་ཉེས་པ་མ་མཐོང་བར་གླེངས་ཏེ་སྤང་བའི་ལས་བྱེད་ན་འང་ལྟུང་བ། མ་ཐོས་པར་གླེངས་ནའང་ལྟུང་བའོ། །མི་དོགས་པར་གླེངས་ན་ཡང་ལྟུང་བའོ། །སོ་སོ་ནས་བསྣོར་ཏེ་གླེངས་ན་ཡང་ལྟུང་བའོ། །ལྟུང་བ་དགུ་བཅུ་གསུམ་པ་རྫོགས་སོ།། །།མདོར་བསྟན་པ་ནི། མུན་པ་རྒྱ་སྐྱེགས་ཆང་ཆང་དང༌། །མ་གཏད་པར་ནི་འགྲོ་མི་བྱ། །ཁྱིམ་པ་དག་གི་སྟན་ལ་འང་མིན། །དེ་ལ་གནས་པར་བྱ་མ་ཡིན། །སྔ་ན་གནས་པར་ཤེས་པ་དང༌། །ནད་པ་ལ་ཡང་ངན་གྲོགས་བྱ། །དབྱར་མོ་ཁང་ནས་བསྐྲད་མི་བྱ། །ཁྲི་དང་གདིང་བ་གཅིག་ལ་འང་མིན། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ལ་དག་ཅིག་ལྗོངས་རྒྱུར་དོང་བ་ལས། ཁར་པ་མུན་ཅན་ཞིག་ཏུ་མ་བརྟགས་པར་ནུབ་མོ་ནང་དུ་ཞུགས་པ་ལས་ཁྱིམ་པ་དག་གིས་བཟུང་སྟེ། མི་ཚངས་པར་སྤྱད་པ་ལས་བཅས། ཡང་དགེ་སློང་མ་གང་མ་བརྟགས་པར་གནས་ན་ལྟུང་བའོ། །ཅི་ཙམ་དུ་དགེ་སློང་མས་ཁང་པ་སྔར་མུན་ནག་ཅན་དུ་མ་བརྟགས་པ་ལ་མ་བརྟགས་པར་ཤེས་བཞིན་དུ་འདུག་ན་ལྟུང་བར་འགྱུར་རོ། །སྔར་བརྟགས་སམ་མུན་པ་མེད་པ་ནི་ཉེས་པ་མེད་དོ། །ལྟུང་བ་དགུ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་འདོད་ཆགས་ཀྱིས་གཟིར་ནས་ཁྱིམ་མི་མོ་རྣམས་ལ། ཁྱེད་ཁྱིམ་ཐབ་མེད་པའི་ཚེ་འདོད་ཆགས་ཀྱིས་གཟིར་བ་ན་ཐབས་ཅི་ལྟར་འདོད་ཆགས་སེལ། དེ་དག་གིས་སྨྲས་པ། རྒྱ་སྐྱེགས་ཀྱི་ཆང་ཆང་པོ་འཛུད་དོ། །དེ་ནས་ཡང་བཙུན་མོ་ཕྲེང་ལྡན་མའི་དེར་སོང་སྟེ། སྦོམ་དགའ་མོས་སྨྲས་པ། རྒྱལ་པོ་བྱ་བ་དང་བྱེད་བ་དག་ལ་སོང་བའི་ཚེ་འདོད་ཆགས་ཀྱིས་གཟིར་


DTG156_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐབས་གང་གིས་ཞི་བར་བྱེད། བཙུན་མོས་སྨྲས་པ། དེ་ནི་ཁྱིམ་མི་མོས་བྱས་པ་ཡིན་ན། ཁྱེད་རབ་ཏུ་བྱུང་བས་ཅི་ཞིག་བྱ། སྦོམ་དགའ་མོས་སྨྲས་པ། བདག་ཀྱང་འདོད་ཆགས་ཀྱིས་རབ་ཏུ་གཟིར་བར་གྱུར་ཏོ། །བཙུན་མོས་སྨྲས་པ། རྒྱ་སྐྱེགས་ཀྱི་ཆང་ཆང་གིས་ཞི་བར་བགྱིད་དོ། །དགེ་སློང་མ་སྦོམ་དགའ་མོ་ཡང་ནམ་འདོད་ཆགས་ཀྱིས་གཟིར་བར་གྱུར་པ་དེ་ན་རྒྱ་སྐྱེགས་ཆང་ཆང་རྟིང་བ་ལ་སྦྱར་ཏེ་འཇུག་པ་ལས། དེའི་དུས་སུ་ཁང་པ་མེ་ཤོར་བས་རྟིང་བ་ལ་ཆགས་བཞིན་དུ་བྱུང་བ་དང༌། མེ་གསོད་པའི་ར་མདའ་བ་ཁྱིམ་པ་དག་གིས་མཐོང་སྟེ། སྦོམ་དགའ་མོ་ལ་འདི་ཇི་ཞེས་དྲིས་ན་ཁྱེད་ཀྱིས་མ་ལ་དྲིས་ཤིག །སྲིང་མོ་ལ་དྲིས་ཤིག་ཅེས་བྱས་པས་ཁྱིམ་པ་རྣམས་འཕྱ་བ་ལས་བཅས། ཡང་དགེ་སློང་མས་རྒྱ་སྐྱེགས་ཀྱི་ཆང་ཆང་འཇུག་ན་ལྟུང་བའོ། །ཡང་དགེ་སློང་མས་འདོད་ཆགས་ཀྱི་དབང་གིས་ཆེད་དུ་བསམས་ཏེ་རྒྱ་སྐྱེགས་ལ་སོགས་པའི་ཆང་ཆང་འཇུག་ན་ལྟུང་བའོ། །ལྟུང་བ་དགུ་བཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་གྲོང་གི་དབུས་སུ་ཁྱིམ་མི་མོ་རྣམས་བསྡུས་ནས་ཁ་ཕུག་ཏུ་བལྟས་ཏེ་ཆོས་མང་དུ་སྟོན་ཅིང་འཆད་པ་ལས། ཁྱིམ་མི་མོ་རྣམས་ཁྱིམ་གྱི་བྱ་བ་དང་བྱེད་པས་བྲེལ་ཏེ་སོ་སོར་ལངས་ཏེ་དོང་བ་དང༌། སྦོམ་དགའ་མོ་ཁ་ཕུག་ཏུ་བལྟས་པས་མ་མཐོང་སྟེ། ད་དུང་ཡང་ཆོས་སྒྲོགས་པ་ལས། གྲོགས་མོ་ཁྱོད་སུ་ལ་ཆོས་འཆད་ཅེས་དྲིས་ན་ཁྱིམ་མི་མོ་རྣམས་ལ་འཆད་དོ་ཞེས་སྨྲས་པ་དང༌། དེས་སྨྲས་པ་ཁྱིམ་མི་མོ་རྣམས་ནི་དོང་ཟིན་ཏོ་ཞེས་སྨྲས་ནས། དེ་དག་གིས་ཀྱང་སྟན་རྣམས་བོར་ཏེ་སོང་བ་ལས། སྟན་རྣམས་རྐུན་པོ་དག་གིས་ཁྱེར་ཏེ་སྟོར་བར་གྱུར་ནས་ཁྱིམ་པ་རྣམས་མ་དད་པར་གྱུར་པ་ལས་བཅས། ཡང་དགེ་སློང་མ་གང་ཆོས་འཆད་ན་ཁྱིམ་པའི་སྟན་ཁྱིམ་པ་ལ་མ་གཏད་པར་སྟན་བོར་ཏེ་སོང་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མས་ཅི་ཙམ་དུ་ཁྱིམ་མི་མོ་རྣམས་ལ་ཆོས་འཆད་པའི་ཚེ་ཁྱིམ་པ་རྣམས་དོང་བར་ཤེས་བཞིན་དུ། སྟན་བདག་ཉིད་ཀྱིས་མ་བརྟུལ་ཏམ། ཁྱིམ་པ་ལ་བརྟུལ་


DTG156_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་མ་བསྒོ་བར་སོང་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ཆང་ནི་ཉེས་བྱས། དེ་ལས་རིང་དུ་སོང་ན་ལྟུང་བའོ། །བར་ཆད་བརྒྱད་བྱུང་ན་ཉེས་མེད་དོ། །ལྟུང་བ་དགུ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་ཞུགས་པ་ལས་ཁྱིམ་བདག་གཙང་སྦྲ་ལ་དགའ་བ་ཞིག་གི་སྒོར་ཕྱིན་ཏེ། །ཁྱིམ་བདག་དེའི་མལ་སྒོ་ཁྱམས་ན་འདུག་པ་བུ་མོ་ཞིག་བསྲུང་ཞིང་མིས་རེག་པ་ལྟ་ཅི་སྨོས་ཏེ། ཆུང་ངུ་ན་སྦྲང་མ་ཡང་འདུག་ཏུ་མི་རུང་སྟེ་སྐྲོད་པ་ལས་སྦོམ་དགའ་མོས་སྨྲས་པ། མཚན་བཟངས་མོ་བསོད་སྙོམས་བྱིན་ཅིག་ཅེས་སྨྲས་པ་དང༌། བུ་མོས་སྨྲས་པ་བདག་ནི་མལ་འདི་སྲུང་ངོ༌། །སྦོམ་དགའ་མོས་སྨྲས་པ་བསོད་སྙོམས་ཁྱེར་ཤོག །དེའི་བར་དུ་སྲུང་ངོ་ཞེས་ནས་བུ་མོས་བསོད་སྙོམས་ལེན་དུ་སོང་བའི་འོག་ཏུ་སྦོམ་དགའ་མོས་རྐང་པ་མ་བཀྲུས་པ་ཁྱིམ་བདག་དེའི་མལ་ཐོག་ཏུ་འདུག་པ་ལས། ཁྱིམ་བདག་དེ་མ་དད་ཅིང་འཕྱ་བ་ལས་བཅས། ཡང་དགེ་སློང་མ་མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་ན་ལྟུང་བའོ། །དགེ་སློང་མས་ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཁྱིམ་པའི་སྟན་ལ་འདུག་ན་ལྟུང་བའོ། །ལྟུང་བ་དགུ་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་ཅིག་ལྗོངས་རྒྱུར་དོང་བ་ལས་ཕྱེ་མ་རེད་དགོངས་སུ་ཁྱིམ་བདག་པོ་ནི་མེད། ཁྱིམ་བདག་མོ་ལ་དྲིས་ནས་དེར་ཉལ་བ་ལས་ཁྱིམ་བདག་ཀྱང་ཕྱིས་འོངས་ཏེ། དེ་ཆུང་མ་དང་ཡོངས་སུ་སྤྱོད་པ་ལས། དེའི་ཆུང་མ་ཉོར་ཞིང་སྐད་མི་སྙེན་པར་ཟེར་བ་ལས་དགེ་སློང་མ་དེ་དག་གིས་ཐོས་ཏེ་དགེ་སློང་མ་གཞོན་ནུ་མ་ཞིག་གིས་གད་མོ་ཤོར་ནས། ཁྱིམ་བདག་དེ་ལ་འཕྱ་ཞིང་མི་སྙན་པར་ཟེར་བ་ལས་བཅས་སོ། །ཡང་དགེ་སློང་མ་གང་ཁྱིམ་བདག་ལ་མ་དྲིས་པར་གནས་པར་བྱེད་ན་ལྟུང་བའོ། །དགེ་སློང་མས་ཇི་ཙམ་དུ་ཁྱིམ་བདག་པོ་ལ་མ་དྲིས་པར་ཁྱིམ་བདག་གི་ཁྱིམ་དུ་ཞག་ལོན་པར་བྱེད་ན་ལྟུང་བའོ། །བུད་མེད་དབང་ཆེ་བ་ཡུགས་ས་མོ་ལ་དྲིས་པ་ལ་ཉེས་པ་མེད་དོ། །ལྟུང་བ་དགུ་བཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་ལྗོངས་སུ་རྒྱུ་ཞིང་དོང་བ་ལས། ཁྱིམ་བདག་གི་གྲོང་དུ་ཕྱིན་ཏེ། དེ་ན་སྔ་ན་དགེ་སློང་


DTG156_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོད་པ་གང་གིས་ཁྱིམ་པའི་ཐ་སྙད་ཀྱིས་བསུ་བ་དང༌། ཕྱག་བྱས་པ་ལ་སོགས་པ་མ་བྱས་པས་སྦོམ་དགའ་མོ་ཁྲོས་ཏེ། དེ་དག་བསྐྲད་ནས་བདག་ཉིད་དེར་གནས་པ་ལ་བཅས། ཡང་དགེ་སློང་མ་གང་ཁྱིམ་པའི་ཁྱིམ་ན་སྔོན་གནས་པ་སྐྲོད་ན་ལྟུང་བའོ། །ཡང་དགེ་སློང་མ་གང་གིས་ཁྱིམ་པའི་ཁྱིམ་ན་དགེ་སློང་མ་སྔ་མ་གནས་པ་ལས་བདག་ཕྱིས་འོངས་ཏེ་ཁྲོས་ནས་སྐྲོད་པར་བྱེད་ན་ལྟུང་བའོ། །དེ་ལ་ཉེས་པ་མེད་པ་ནི་གནས་དེ་ནས་མ་བསྐྲད་ན་སྲོག་ལ་སྨན་པའམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ཙམ་གྱི་ཚོད་ན་ཉེས་པ་མེད་དོ། །ལྟུང་བ་དགུ་བཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་སློབ་མ་དང་ཉེ་གནས་དག་སྔར་བསྙེན་ནས། ཕྱིས་ནད་ཀྱིས་བཏབ་པར་གྱུར་པ་ལ་ནད་གཡོག་དང་སྨན་དང་སྨན་དང་ཟས་དག་མ་བྱིན་པ་ལས་བཅས། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང། ཉེ་གནས་བསྙེན་པ་ལ་ནད་ཀྱིས་བཏབ་ནས་གྲོགས་མི་བྱེད་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་མ་དང་ཉེ་གནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ལ་དེའི་འོག་ཏུ་ན་བར་གྱུར་ལ་ནད་གཡོག་མི་བྱེད་ན་ལྟུང་བའོ། །སྨན་མི་བྱེད་ན་ཡང་ལྟུང་བའོ། །ཁ་ཟས་ལ་སོགས་པས་གསོ་བར་མི་བྱེད་ན་ཡང་ལྟུང་བའོ། །བདག་ལ་མེད་ན་གཞན་ལས་བཙལ་ཏེ་སྦྱིན་ནོ། །བདག་མི་ཁོམ་ན་གཞན་ལ་ཡང་བཅོལ་ཏེ་ནད་གཡོག་བྱེད་དུ་གཞུག་གོ །ཡོ་བྱད་མ་རྙེད་པ་འམ། མེད་པ་འམ་བར་ཆད་བརྒྱད་བྱུང་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་པ་རྫོགས་སོ།། །། སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བསམས་པ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་སྤང་བ་ཕུན་སུམ་ཚོགས་པ་དང་ལྡན་པས་དེ་དང་ལྷན་ཅིག་གནས་པར་ཡང་བདག་གིས་མི་ནུས། ཆོས་སྦྱིན་མ་ནི་འཁོར་མང་བས་དེ་དང་གནས་པར་ཡང་བདག་གིས་མི་ནུས་ཏེ། གཽ་ཏ་མ་རིད་དེ་མ་དང་ལྷན་ཅིག་ཏུ་གནས་སོ་སྙམ་ནས། དེ་དང་ལྷན་ཅིག་ཏུ་གནས་པར་གྱུར་པ་ལས། སྲོད་ཀྱི་རུས་སུ་སྦོམ་དགའ་མོ་ཟས་བཟང་པོའི་གཏམ་དང༌། ཟས་ཞིམ་པོའི་གཏམ་མང་དུ་བྱེད་ཅིང་དེ་འབའ་ཞིག་གིས་ནམ་ནངས་པར་བྱེད་དེ། སློབ་མ་དག་ལ་ཆོས་མི་སློབ་བོ། །དེ་ནས་སྔ་དྲོའི་


DTG156_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བསོད་སྙོམས་ལ་འཇུག་པར་བྱེད་དོ། །སྦོམ་དགའ་མེ་རྟག་པར་ཡང་དེ་ལྟར་བྱེད་པ་ལས་གཽ་ཏ་མ་རིད་དེ་མས་དེའི་འཁོར་རྣམས་མི་དགེ་བ་ལས་བཟློག་སྟེ་དགེ་བ་ལ་བཙུད་པ་ལས་སྦོམ་དགའ་མོ་ཁྲོས་འཁྲུགས་རྔམས་ནས་གཽ་ཏ་མ་རིད་དེ་མ་འདི་སྔོན་བུ་ཤ་ཟ་བ་ཡིན་ནོ་ཞེས་འཛེར་ཅིང་བསྐྲད་པ་ལས་བཅས། ཡང་དགེ་སློང་མ་གང་དབྱར་མོ་ཁང་ནས་དགེ་སློང་མ་སྐྲོད་ན་ལྟུང་བའོ། །དགེ་སློང་མས་ཇི་ཙམ་དུ་ཁྲོས་འཁྲུགས་རྔམས་ཏེ། དགེ་སློང་མའི་གཙུག་ལག་ཁང་ནས་དགེ་སློང་མ་སྐྲོད་དམ་སྐྲོད་དུ་འཇུག་གམ་བར་ཆད་བརྒྱད་བྱུང་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་རིད་དེ་དང་ཨ་རི་སྟ་གཉིས་ཁྲི་གཅིག་གི་སྟེང་མཐང་སྤྲད་ཅིང་ཉལ་བ་ལས། དོན་ཉུང་ངུ་བའི་དགེ་སློང་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཉལ་ན་ལྟུང་བའོ། །ཡང་དགེ་སློང་མས་ཆེད་དུ་བསམས་ཏེ་ཁྲི་གཅིག་གི་སྟེང་དུ་གོས་གཅིག་གི་ནང་དུ་མཐང་སྤྲད་དེ་ཉལ་ན་ལྟུང་བའོ། །རྗེས་སུ་གནང་བ་ནི་དགེ་སློང་མ་དག་ཅིག་ལྗོངས་རྒྱུ་ཞིང་དོང་བ་ལས། ཁྱིམ་བདག་གི་གྲོང་དུ་གནས་པར་གྱུར་པ་ལས། ཁྱིམ་བདག་གི་མལ་ཁྲི་དག་བརྙན་པོར་བྱིན་པ་དང༌། ཁྱིམ་པའི་དེན་ཁྲི་ཉུང་བས་བཅོམ་ལྡན་འདས་ཀྱིས་ཁྲི་གཅིག་གི་སྟེང་དུ་ཉལ་དུ་མ་གནང་ངོ་ཞེས་ཁ་ཅིག་ས་ལ་ཉལ་བར་གྱུར་པ་དང༌། ཕྱིས་བཀའ་སྩལ་པ་ཁྲི་ཉུང་ཞིང་དགེ་སློང་མ་མང་ན་ཁྲི་གཅིག་གི་སྟེང་དུ་གཉིས་ཉལ་བར་གནང་སྟེ། བར་དུ་གཏུར་བུ་དང༌། ཆོས་གོས་ཀྱིས་ཆོད་ཅིག་དང་ཉེས་པ་མེད་དོ་ཞེས་བཀའ་སྩལ་ཏོ། །ལྟུང་བ་བརྒྱ་རྩ་གཉིས་པ་རྫོགས་སོ།། །།མདོར་བསྟན་པ་ནི། དབྱར་མ་ཚང་བར་མི་འགྲོ་དང༌། །དབྱར་གནས་དེ་ནས་འགྲོ་བ་དང༌། །དོགས་དང་བཅས་པའི་ཡུལ་འཁོར་གཉིས། །ལྷ་རྟེན་ཁང་པ་ཐ་མ་ཡིན། །ལོ་ནི་བཅུ་གཉིས་མ་ལོན་དང༌། །ལོན་ཡང་བསྐོས་པ་མ་ཡིན་གྱིས། །ཁྱིམ་སོ་བཟུང་ན་བཅུ་གཉིས་དང༌། །དེ་ཡང་དགེ་འདུན་མ་བསྐོས་ནའོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་དབྱར་ཚུལ་དུ་ཞུགས་པ་ལས། ཟླ་བ་མ་ཚང་བར་


DTG156_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དྲལ་ཏེ། ལྗོངས་རྒྱུ་ཞིང་འགྲོ་བ་ལ་བཅས། ཡང་དགེ་སློང་མ་གང་དབྱར་མ་ཚང་བར་ལྗོངས་རྒྱུ་ཞིང་འགྲོན་ལྟུང་བའོ། །དགེ་སློང་མས་དབྱར་ཚུལ་དུ་ཞུགས་ན་ཟླ་བ་གསུམ་གྱི་བར་དུ་ཚང་བར་ཚུལ་བསྲུང་བར་བྱའོ། །ཟླ་བ་གསུམ་མ་ཚང་བར་ཚུལ་དྲལ་ན་ལྟུང་བའོ། །བར་ཆད་བརྒྱད་བྱུང་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཚུལ་བྱུང་བའི་འོག་ཏུ་ལྗོངས་རྒྱུ་བ་སྤྱོད་ཅིག་ཅེས་གསུངས་པ་ལས་བཅས། ཡང་དགེ་སློང་མ་དབྱར་གནས་ནས་ལྗོངས་རྒྱུ་ཞིང་མི་འགྲོ་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གང་གཞན་ཡང་དེ་དང་འདྲ་བ་དག་གོ །དབྱར་གནས་ཞེས་བྱ་བ་ནི། དབྱར་ཟླ་བ་གསུམ་དུ་ཚུལ་བསྲུངས་པའོ། །ལྗོངས་རྒྱུ་ཞིང་མི་འགྲོ་ན་ཞེས་བྱ་བ་ནི་ཚུལ་ནས་བྱུང་བའི་འོག་ཏུ་ལྗོངས་རྒྱུ་ཞིང་མི་སྤྱོད་པའོ། །དགེ་སློང་མས་ཚུལ་ནས་བྱུང་བའི་འོག་ཏུ་ཐ་ན་ཉིན་ཞག་ཙམ་ཡང་ལྗོངས་རྒྱུ་བ་མི་སྤྱོད་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་རྩ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སོང་མ་ལྗོངས་རྒྱུ་བ་སྤྱོད་ཅིག་ཅེས་བཀའ་སྩལ་པ་ལས། སྦོམ་དགའ་མོས་ཡུལ་དོགས་པ་དང་བཅས་པ། འཇིགས་ཤིང་བག་ཚ་བ་དང་བཅས་པའི་ཕྱོགས་སུ་ལྗོངས་རྒྱུ་བ་ལས་མི་རྒོད་དག་གིས་བཅོམ་པ་ལས་བཅས། ཡང་དགེ་སློང་མ་གང་ཡུལ་འཁོར་དོགས་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོན་ལྟུང་བའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དོགས་པ་དང་བཅས་ཞེས་བྱ་བ་ནི་མི་རྒོད་དག་ཡོད་པར་དོགས་པའོ། །འཇིགས་པ་དང་བཅས་ཞེས་བྱ་བ་ནི་མི་རྒོད་དག་གིས་བཅོམ་པར་མངོན་དུ་སྣང་ངོ༌། །བག་ཚ་བ་དང་བཅས་ཞེས་བྱ་བ་ནི་གཅན་གཞན་གཏུམ་པོ་མི་ལ་ཟ་བ་དག་གནས་པའོ། དགེ་སློང་མས་ཇི་ཙམ་དུ་ཤེས་བཞིན་དུ་དེ་འདྲ་བའི་ཡུལ་འཁོར་དུ་ལྗོངས་རྒྱུ་ཞིང་འགྲོན་ལྟུང་བའོ། །བར་ཆད་བརྒྱད་བྱུང་སྟེ་དེར་མི་འགྲོར་མི་རུང་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་ལྔ་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་ཞིག་ལྗོངས་རྒྱུ་


DTG156_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དོང་བ་ལས། ཕ་རོལ་པོ་གཞན་དག་འཁྲུགས་ཤིང་དམག་འགྱེད་པའི་ནང་དུ་ཕྱིན་ཏེ། དེ་དག་གིས་མི་ཚངས་པར་སྤྱད་ནས་ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་པ་ལས་བཅས། ཡང་དགེ་སློང་མ་གང་ཡུལ་འཁོར་འཁྲུགས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བའོ། །ཡང་དགེ་སློང་མ་ཤེས་བཞིན་དུ་ཡུལ་འཁྲུགས་པའི་ནང་དུ་འགྲོན་ལྟུང་བར་འགྱུར་རོ། །འཁྲུགས་པ་དེའི་ནང་དུ་རྒྱལ་པོ་འམ་བློན་པོ་དག་གིས་ནན་གྱིས་བཀུག་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་རྣམས་ལ་བཀའ་སྩལ་པ། འཇིག་རྟེན་གྱི་ལྷ་ལ་མཆོད་ཅིག་དང༌། ལྷ་དགའ་ན་འོག་ཞིང་སྟོན་པར་འགྱུར་ཞེས་གསུངས་པ་ལས། དགེ་སློང་མ་དག་ཀྱང་མ་མོའི་ཚོགས་དང་འཇིག་རྟེན་པའི་ལྷ་ལ་བརྟེན་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་པ་དང༌། བཀའ་སྩལ་པར་ཁྱིམ་པ་རྣམས་ལ་ལྷ་མཆོད་པར་གསུངས་ཀྱི་རབ་ཏུ་བྱུང་བ་ལ་མ་ཡིན་ནོ་ཞེས་གསུངས་པ་དང༌། ཕྱིས་དྲུག་སྡེ་པོ་དང་བཅུ་གཉིས་སྡེ་རྣམས་ལྷའི་རྟེན་ཁང་དུ་སོང་ནས་ལ་ལ་ལྷ་ལ་སྨོད་ཅིང་མི་སྙན་པར་ཟེར་རོ། །དེ་ལ་མི་དགའ་བར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། ལྷའི་རྟེན་ཁང་དུ་སོང་ནས་མི་སྙེན་པར་ཟེར་ཅིང་སྨྲ་ན་ལྟུང་བའོ་ཞེས་བཅས། ཡང་དགེ་སློང་མ་གང་ལྷ་ཁང་རྣམས་སུ་སོང་ནས་སྨྲ་བར་བྱེད་ན་ལྟུང་བའོ། །དགེ་སློང་མས་འཇིག་རྟེན་པའི་ལྷའི་རྟེན་ཁང་དུ་སོང་ནས་སྨོད་ཅིང་མི་སྙན་པར་ཟེར་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དགེ་སློང་མས་རྟེན་ཁང་དུ་ཕྱིན་ནས་སེ་གོལ་བརྡབས་ཏེ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རྒྱུད་གཉིས་སམ་གསུམ་བརྗོད་པར་བྱའོ། །དེ་ལྟར་མ་བྱས་ན་འང་ཉེས་བྱས་སོ། །ལྟུང་བ་བརྒྱ་རྩ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་བདག་བསྙེན་པར་རྫོགས་ནས་ལོག་བཅུ་གཉིས་མ་ལོག་བར་གཞན་དག་རབ་ཏུ་འབྱུང་ཅིང་བསྙེན་པར་རྫོགས་པའི་མཁན་མོ་བྱེད་པ་ལས། །དོན་ཉུང་ངུ་མས་འཕྱ་བ་ལས་བཅས་ཡང་དགེ་སློང་མ་གང་ལོ་བཅུ་གཉིས་མ་ལོན་པར་རབ་ཏུ་འབྱིན་པ་བསྙེན་


DTG156_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱེད་ན་ལྟུང་བའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལོ་བཅུ་གཉིས་མ་ལོན་པར་ཞེས་པ་ནི་བདག་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པའོ། །རབ་ཏུ་འབྱིན་བསྙེན་པར་རྫོགས་པར་བྱེད་ཅེས་པ་ནི་གཞན་གྱི་མཁན་མོ་བྱེད་པའོ། །དེ་ལ་དགེ་དགེ་སློང་མས་བདག་ལོ་བཅུ་གཉིས་མ་ལོན་པར་ཤེས་བཞིན་དུ་རབ་ཏུ་འབྱིན་པ་དང༌། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །ལོ་བཅུ་གཉིས་ལོན་ཀྱང་ཆོས་ལྔ་དང་མི་ལྡན་བཞིན་དུ་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པའི་མཁན་མོ་བྱེད་ན་ལྟུང་བའོ། །ཆོས་ལྔ་དང་ལྡན་ཡང་ལོ་མ་ཚང་ན་ལྟུང་བའོ། །ལྟུང་བ་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་ལོ་བཅུ་གཉིས་ལོན་ནོ་ཞེས་ནས་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་དེ། །འཁོར་འཆང་བའི་སྔོམ་པ་དགེ་འདུན་ལས་མ་ཐོབ་བཞིན་དུ་བདག་ཉིད་ཀྱིས་སློབ་མའི་འཁོར་འཆང་པ་ལས་བཅས། ཡང་དགེ་སློང་མ་གང་དགེ་འདུན་ལས་འཁོར་འཆང་དུ་གནང་བའི་སྡོམ་པ་མ་ཐོབ་པར་འཁོར་འཆང་ན་ལྟུང་བའོ། །དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་ལ་ཆོས་ལྔ་དང་ལྡན་པར་གྱུར་ཀྱང་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པའི་མཁན་མོ་བྱེད་ཅིང་འཁོར་འཆང་བའི་སྡོམ་པ་དགེ་འདུན་ལ་གསོལ་ཅིག །དགེ་འདུན་གྱིས་སྡོམ་པ་སྦྱིན་པར་བྱའོ། །འཁོར་འཆང་བའི་སྡོམ་པ་མ་གསོལ་ཏམ། དགེ་འདུན་ལ་སྡོམ་པ་མ་ཐོབ་བཞིན་དུ་འཁོར་འཆང་ན་ལྟུང་བའོ། །ལྟུང་བ་བརྒྱ་རྩ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་བུད་མེད་ཁྱིམ་སོ་མྱོང་བ་རབ་ཏུ་བྱུང་བ་རྣམས་ལོ་བཅུ་ལོན་ལ་ལོ་གཉིས་ཀྱི་བར་དུ་བསླབ་པའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བྱིན་ལ། ལོ་བཅུ་གཉིས་ལོན་ཀྱང་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་གསུངས་པ་ལས། སྦོམ་དགའ་མོས་ཁྲིམས་མ་ཕོག་པར་ལོ་བཅུ་གཉིས་ཀྱང་མ་ལོན་པར་ཐལ་བྱུང་བསྙེན་པར་རྫོགས་པར་བྱས་པ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །ཡང་དགེ་སློང་མ་བུད་མེད་བག་མ་མྱོང་བ། བར་


DTG156_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་མ་ཕོག །ལོ་བཅུ་གཉིས་ཀྱང་མ་ལོན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །ལྟུང་བ་རྒྱ་རྩ་བཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་ཀྱང་བསླབ་པའི་ཆོས་དྲུག་དང༌། རྗེས་སུ་མཐུན་པའི་ཆོས་དྲུག་མ་བྱིན་པར་ཐལ་བྱུང་དུ་བསྙེན་པར་རྫོགས་པར་བྱས་པ་ལ་བཅས། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་ན་ཡང་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲའོ། །ལྟུང་བ་བརྒྱ་རྩ་བཅུ་གཅིག་པ་རྫོགས་སོ།། །།མདོར་བསྟན་པ་ནི། མང་པོ་སྡོམ་པ་བྱས་པ་དང༌། །སྦྲུམ་མ་དང་ནི་མི་སློབ་དང༌། །བསྡུས་ནས་ཡལ་བར་དོར་བ་དང༌། །བཀར་བར་བྱ་བ་ཐ་མའོ། །ལོ་ནི་ཉི་ཤུ་མ་ལོན་དང༌། །ལོན་ཡང་སྡོམ་པ་མ་བྱིན་དང༌། །གཏུམ་མོ་མྱ་ངན་གཟིར་བ་དང༌། །ཆོས་དྲུག་རྣམས་ལ་མ་བསླབ་པའོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་བདག་ཉིད་ཀྱིས་སློབ་མ་དང་ཉེ་གནས་ཀྱི་འཁོར་མང་དུ་བསྡུས་ཤིང་དེའི་ཐོག་ཏུ་གཞན་གྱི་སློབ་མ་དང་ཉེ་གནས་དག་འཁོར་དུ་བསྡུས་པས་མང་ཆེས་ཏེ། དེ་དག་ལ་ཆོས་ཀྱང་མི་སྟོན། ཁ་ཏོན་གྱི་ལུང་ཡང་མི་འབོགས་པ་ལས། དེ་དག་གིས་ཆོས་དག་མ་ལོབས་བ་ལས་བཅས། ཡང་དགེ་སློང་མ་གང་འཁོར་མང་པོ་འཆང་བར་དགེ་འདུན་ལས་སྡོམ་པ་མ་ཐོབ་བར་འཁོར་འཆང་ན་ལྟུང་བའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །འཁོར་མང་དུ་འཆང་ཞེས་བྱ་བ་ནི་སློབ་མ་དང་ཉེ་གནས་མང་དུ་སྡུད་པའོ། །སྡོམ་པ་མ་ཐོབ་ཅེས་བྱ་བ་ནི་དགེ་འདུན་ལས་སོ། །དགེ་སློང་མས་འཁོར་མང་དུ་འཆང་བའི་སྡོམ་པ་མ་ཐོབ་བཞིན་དུ་འཁོར་མང་པོ་འཆང་ཞིང་འཆད་པ་དང༌། ཁ་ཏོན་ལ་སོགས་པའི་ལུང་མི་འབོགས་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་རྩ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་སོང་བ་ལས། བུད་མེད་སྦྲུམ་མ་ཅིག་དང་ཕྲད་དེ་དེའང་རབ་ཏུ་བྱུང་ནས་ཕྱི་བཞིན་དུ་ཁྲིད་པ་ལས་ལམ་དུ་བུ་བྱུང་བ་དང༌། ཁྱིམ་བདག་རྣམས་ཀྱིས་མཐོང་སྟེ་དགེ་སློང་མ་འདི་དག་


DTG156_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཚངས་པར་སྤྱོད་དོ་ཞེས་འཕྱ་ཞིང་མ་དད་པ་ལས་བཅས། ཡང་དགེ་སློང་མ་གང་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བའོ། །དགེ་སློང་མས་བུད་མེད་སྦྲུམ་མར་ཤེས་བཞིན་དུ་རབ་ཏུ་འབྱིན་ན་ལྟུང་བའོ། །སྦྲུམ་མར་མི་ཤེས་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པན་སྟེ། དགེ་སློང་མ་སྦོམ་དགའ་མོས་སློབ་མ་ལ་ཆོས་མ་བསྟན་ཅིང་ཡལ་བར་བོར་བ་ལས་བཅས། ཡང་དགེ་སློང་མ་གང་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་ནས་མི་སྟོན་ན་ལྟུང་བའོ། །དགེ་སློང་མས་སློང་མ་ཉེ་གནས་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་ལ་ཚུལ་ཁྲིམས་ལ་སོགས་པ་མ་བསྟན་ཏམ། ཆོས་གཞན་ཡང་མ་བསྟན་ན་ལྟུང་བར་འགྱུར་རོ། །བདག་ཉིད་འཆད་མི་ཤེས་ན་ཡང་གཞན་མཁས་པ་དག་ལ་བཅོལ་བར་བྱའོ། །མ་བཅོལ་ན་ཡང་ཉེས་བྱས་སོ། །ལྟུང་བ་བརྒྱ་རྩ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་སློབ་མ་ཉེ་གནས་དག་བསྙེན་པར་རྫོགས་པར་བྱས་ནས་ན་བར་གྱུར་པ་ལ་ནད་གཡོག་ཀྱང་མི་བྱེད། སྨན་དང་ཟས་ལ་སོགས་པ་ཡང་མི་སྟོབས་པ་ལས་དེ་དག་ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་ཏེ། དོན་ཉུང་ངུ་བའི་དགེ་སློང་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་ན་ལྟུང་བའོ། །དགེ་སློང་མས་སློབ་མ་ན་བར་གྱུར་བ་དག་ལ་ནད་གཡོག་མི་བྱེད་ན་ལྟུང་བར་འགྱུར་རོ། །ཟས་དང་སྨན་གྱིས་མི་སྟོབས་ན་འང་ལྟུང་བའོ། །བདག་ལ་མེད་ནའང་གཞན་ལ་བཙལ་ཏེ་འང་སྦྱིན་བར་བྱའོ། །དེ་ལྟར་མ་བྱས་ན་ཉེས་བྱས་སོ། །ལྟུང་བ་བརྒྱ་རྩ་བཅོ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་ཁྱིམ་བདག་མོ་ཞིག་ཁྱོ་ལམ་རིང་པོར་སོང་བའི་འོག་ཏུ་རབ་ཏུ་བྱུང་བ་ལས། ཕྱིས་ཁྱོ་སླར་འོངས་པ་དང་ཆུང་མ་སླར་ཕྲོགས་ཏེ་ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་པ་ལས་བཅས། ཡང་དགེ་སློང་མ་གང་རབ་ཏུ་བྱུང་ནས་མ་བཀར་ན་ལྟུང་བའོ། །དགེ་སློང་མས་གཞན་གྱི་བུད་མེད་རབ་ཏུ་བྱུང་ལ། དེ་ལ་གནོད་པ་འམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ལ་


DTG156_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མ་བྱས་སམ་གུད་དུ་མ་བཀར་ན་ལྟུང་བར་འགྱུར་རོ། །དེ་ལྟར་མི་ཤེས་པ་ལ་ཉེས་བ་མེད་དོ། །ལྟུང་བ་བརྒྱ་རྩ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་བཅོ་བརྒྱད་ལོན་ན་ལོ་གཉིས་སུ་བར་ཁྲིམས་སྲུང་དུ་བཅུག་ལ། ལོ་ཉི་ཤུ་ལོན་ན་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཀའ་སྩལ་བ་ལས། སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པར། བར་ཁྲིམས་ཕོག་སྟེ་ཐལ་བྱུང་བསྙེན་པར་རྫོགས་པར་བྱས་པ་ལས་བཅས། ཡང་དགེ་སློང་མ་གང་གཞོན་ནུར་གྱུར་པ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱས་ན་ལྟུང་བའོ། །དགེ་སློང་མས་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་བཅུ་བརྒྱད་ལོན་པ་ལ་ལོ་གཉིས་ཀྱི་བར་དུ་བར་ཁྲིམས་ཕོག་ལ་ལོ་ཉི་ཤུ་ན་བསྙེན་པར་རྫོགས་པར་བྱ་བའི་རིགས་པ་ལས། དེ་ལྟར་མ་བྱས་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །ལྟུང་བ་བརྒྱ་རྩ་བཅུ་བདུན་པ་རྫོགས་སོ།། །།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །སྐྱེ་དགུའི་བདག་མོ་ཆེན་མོས་གསོལ་བ། དགེ་སློང་ཕ་དང་དགེ་སློང་མ་གཉིས་བསྙེན་པར་རྫོགས་པར་བྱ་བ་ལ་རིམ་པ་དང་ཁྱད་པར་ཅི་མཆིས་ཞེས་གསོལ་བ་དང་བཀའ་སྩལ་པ་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལོ་གཉིས་ཀྱི་བར་ཁྲིམས་ཀྱང་བསྲུངས་ལ། ལོ་ཉི་ཤུ་ལོན་པ་ཞིག་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་གིས་སྟན་རྣམས་ཐིང་ལ་གཎྜཱི་བརྡུངས་ཏེ། དགེ་འདུན་ཐམས་ཅད་འདུས་ནས་གསོལ་བ་དང་ལས་ཀྱིས་ཚངས་པར་སྤྱོད་པའི་ཉེ་གནས་ཀྱི་སྡོམ་པ་དགེ་སློང་མ་རྣམས་ཀྱིས་བྱིན་ཅིག །དེའི་འོག་ཏུ་དགེ་སློང་མ་གཉི་གའི་ཚོགས་འདུས་ལ། གསོལ་བ་དང་བཞིའི་ལས་ཀྱིས་དགེ་སློང་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་གསུངས་པ་ལ། ཕྱིས་དགེ་སློང་མ་དག་གིས་ཚངས་པར་སྤྱོད་པའི་ཉེ་གནས་ཀྱི་སྡོམ་པ་མ་བྱིན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་བྱས་པ་ལས་བཅས། ཡང་དགེ་སློང་མ་གང་གཞོན་ནུར་གྱུར་བ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །དགེ་སློང་མ་ཚངས་པར་སྤྱོད་པའི་ཉེ་གནས་ཀྱི་སྡོམ་པ་སྔར་མ་བྱིན་པར་བསྙེན་


DTG156_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱེད་ན་ལྟུང་བའོ། །ལྟུང་བ་བརྒྱ་རྩ་བཅོ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་ཞུགས་པ་ལས་བུད་མེད་གཉིས་ཤིག་འཐབ་མོ་འགྱེད་པ་མཐོང་སྟེ། དེ་གཉིས་ལས་སྐེ་རྩ་སྒྲེང་ཞིང་གྲོགས་ཀྱི་གཡོ་མཚང་མང་དུ་འདྲུ་བ་ལས། སྦོམ་དགའ་མོས་བསམས་པ། བུད་མེད་འདིར་རབ་ཏུ་བྱུང་ན་བདག་འཐབ་མོ་བྱེད་པའི་གྲོགས་སུ་རུང་ངོ་ཞེས་དེ་རབ་ཏུ་ཕྱུང་ནས་ཕྱི་བཞིན་དུ་ཁྲིད་དོ། །ཕྱིས་སྦོམ་དགའ་མོ་དགེ་སློང་མ་གཞན་དག་དང་འཐབ་པར་གྱུར་པའི་ཚ། དགེ་སློང་མ་དེ་ཅང་མི་ཟེར་བར་འདུག་གོ །སྦོམ་དགའ་མོས་སྨྲས་པ། ཁྱོད་ངའི་འཐབ་མོའི་གྲོགས་སུ་འགྱུར་བར་བྱ་བའི་ཕྱིར་རབ་ཏུ་བྱུང་ན་ཅིའི་ཕྱིར་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་བཞིན་དུ་ཅང་མི་སྨྲ་བར་འདུག །དེས་སྨྲས་པ་སྔོན་ཁྱིམ་མི་མོ་དེ་དག་གི་གཡོ་མཚང་ནི་ངས་ཀྱང་ཤེས་ཀྱི། དགེ་སློང་མ་འདི་དག་གི་གཡོ་མཚང་ནི་ངས་ཀྱང་མི་ཤེས་སོ་ཞེས་སྨྲས་པ་དང་སྦོམ་དགའ་མོས་སྨྲས་པ་སྐྱེ་དགུའི་བདག་མོ་ཆེན་མོ་ནི་ལྕི་བ་བརྒྱད་ཁས་བླངས་པ་ལས་བསྙེན་པར་རྫོགས་པ་ཡིན། ཨུཏྤ་ལའི་ཁ་དོག་མ་ནི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་སྨད་འཚོང་མ་བྱེད་པ་ཡིན། གཽ་ཏ་མ་རིང་དེ་མ་ནི་སྔོན་བུ་ཤ་ཟོས་པ་ཡིན་ནོ་ཞེས་དགེ་སློང་མ་དག་གི་གཡོ་མཚང་བསྟན་པ་དང༌། ཕྱིས་དགེ་སློང་མ་དག་འཐབ་མོ་བྱུང་བའི་ཚེ་དེ་དག་གི་གཡོ་མཚང་སྨྲ་ཞིང་དེ་སྐད་ཟེར་བ་ལས་བཅས། ཡང་དགེ་སློང་མ་གང་བུད་མེད་གཏུམ་མོ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །དགེ་སློང་མས་བུད་མེད་གཏུམ་མོ་འཐབ་མོ་རྒོད་པར་ཤེས་བཞིན་དུ་རབ་ཏུ་ཕྱུང་ན་ལྟུང་བའོ། །དེ་ལྟར་མི་ཤེས་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་རྩ་བཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་སོང་བ་ལས་བུད་མེད་དང་ཁྱིམ་ཐབ་དང་བུ་དག་ཤི་བའི་མྱ་ངན་གྱིས་གཟིར་ཞིང་དུ་བ་རབ་ཏུ་ཕྱུང་བ་ལས། ད་རབ་ཏུ་ཕྱུང་ཡང་རྟག་ཏུ་ངུ་ཞིང་མྱ་ངན་བྱེད་པར་གྱུར་ཏེ། ཆུང་ངུ་ན་རྨི་ལམ་དུ་ཡང་སྟོན་ཅིག་ཅེས་ཟེར་རོ། །དེ་ལྟར་གྱུར་པ་དོན་ཉུང་ངུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་མྱ་ངན་གྱིས་གཟིར་བའི་


DTG156_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རབ་ཏུ་བྱུང་ན་ལྟུང་བའོ། །དགེ་སློང་མས་བུད་མེད་མྱ་ངན་གྱིས་མནན་བ་མྱ་ངན་མ་སངས་བར་ཤེས་བཞིན་དུ་རབ་ཏུ་བྱུང་ན་ལྟུང་བའོ། །ལྟུང་བ་བརྒྱ་ཉི་ཤུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བསྙེན་པར་རྫོགས་པར་འདོད་པ་ལ་ལོ་གཉིས་ཀྱིས་བར་དུ་ཁྲིམས་མ་ཕོག་ཀྱང་ལོ་གཉིས་མ་བསྲུངས་པར་ཐལ་བྱུང་བསྙེན་པར་རྫོགས་པར་བྱས་པ་ལས་བཅས། ཡང་དགེ་སློང་མ་གང་ལོ་གཉིས་སུ་ཆོས་དྲུག་དང་མཐུན་པའི་ཆོས་དྲུག་ལ་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་པའོ། །དགེ་སློང་མས་ཆོས་དྲུག་དང་མཐུན་པའི་ཆོས་དྲུག་ལ་མ་བསླབས་པར་ཤེས་བཞིན་དུ་ཐལ་བྱུང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བའོ། །དེ་ལ་ཆོས་དྲུག་ཅེས་པ་ནི་གཅིག་པུ་ལམ་དུ་མི་འགྲོ་བ་དང༌། གཅིག་པུ་ཆུ་མི་རྒལ་བ་དང༌། སྐྱེས་པ་ལ་རེག་པར་མི་བྱ་བ་དང༌། སྐྱེས་པ་དང་ཁྱིམ་གཅིག་གི་ནང་དུ་ཞག་ལོན་པར་མི་བྱ་བ་དང༌། སྨྱན་མི་བྱ་བ་དང། གྲོགས་ཀྱི་ཁ་ན་མ་ཐོ་བ་ཕས་ཕམ་པའམ་ལྷག་མ་བྱུང་བ་མཐོང་ན་མི་བཅབ་བོ། །རྗེས་སུ་མཐུན་པའི་ཆོས་དྲུག་ནི་གསེར་དངུལ་ལ་རེག་པར་མི་བྱ་བ་དང༌། གསང་བའི་སྤུ་མི་བྲེག་པ་དང༌། ས་མི་བརྐོ་བ་དང༌། རྩྭ་སྔོན་མོ་མི་གཅད་པ་དང༌། བྱིན་ལེན་བྱ་བ་དང༌། སྤངས་པའི་ཁ་ཟས་མི་བཟའ་བའོ། །ལྟུང་བ་བརྒྱ་ཉི་ཤུ་གཅིག་པ་རྫོགས་སོ།། །།མདོར་བསྟན་པ་ནི། ཆོས་དྲུག་རྣམས་ལ་བསླབ་པ་དང༌། ཁྱིམ་ཐབ་ཀྱིས་ཀྱང་མ་བཏང་དང༌། །གལ་ཏེ་བདག་ལ་གོས་བྱིན་དང༌། །ཕྱི་ནས་ཁྱོད་ནི་མི་དགའ་དང༌། །ལོ་རེ་བཞིན་དུ་མ་གནང་དང། །ཞག་གིས་ཆོད་པའི་དད་པ་དང༌། །ཟླ་བ་ཕྱེད་ཅིང་གདམས་པ་དང༌། །དགེ་སློང་མེད་པའི་གསོ་སྦྱིན་ནོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་ཚུལ་མ་རྣམས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལོ་གཉིས་བསླབས་ནས་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཀའ་སྩལ་ན། སྦོམ་དགའ་མོའི་སློབ་མ་རྣམས་ལ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བསླབས་ཀྱང་ད་དུང་བསྙེན་པར་རྫོགས་པར་བྱེད་དུ་མི་བཏུབ་པས་དོན་ཉུང་དུ་བས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ལོ་གཉིས་སུ་ཆོས་


DTG156_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བསླབ་པར་ཤེས་ལ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བར་འགྱུར་རོ། །དགེ་སློང་མས་བདག་ཉིད་ཀྱི་སློབ་མ་བར་ཁྲིམས་མ་ནོས་ནས་ལོ་གཉིས་ལ་ལོན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བར་འགྱུར་རོ། །སློབ་མ་དེ་ཉིད་ན་བར་གྱུར་ཏམ་བར་ཆད་བརྒྱད་གཅིག་བྱུང་ན་ཉེས་མེད་དོ། །ལྟུང་བ་བརྒྱ་ཉི་ཤུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་སོང་བ་ལས། ཁྱོ་ཤུག་གཉིས་ཤིག་འཐབ་པ་མཐོང་ནས། སྦོམ་དགའ་མོས་དེའི་ཆུང་མ་ལ་ཁྱོད་རབ་ཏུ་བྱུང་ཤིག་ཅེས་བསྒོ་ནས་དེའི་ཁྱོ་མ་དད་བཞིན་དུ་རབ་ཏུ་བྱུང་བ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་ཐབ་ཀྱིས་མ་བཏང་བར་ཤེས་བཞིན་དུ་བུད་མེད་རབ་ཏུ་འབྱིན་ན་ལྟུང་བའོ། །དགེ་སློང་མས་གཞན་གྱི་བུད་མེད་ཁྱིམ་ཐབ་ཀྱིས་མ་བཏང་བར་ཤེས་བཞིན་དུ་རབ་ཏུ་འབྱིན་ན་ལྟུང་བའོ། །ཁྱིམ་ཐབ་རིང་པོར་སོང་སྟེ་ཐལ་བྱུང་མ་འཁོར་བ་འམ་བུད་མེད་རང་དབང་ཡོད་ན་ཉེས་མེད་དོ། །ལྟུང་བ་བརྒྱ་ཉི་ཤུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་མ་དགའ་མོ་ལ་སློབ་མ་དག་གིས་བདག་ཅག་བསྙེན་པར་རྫོགས་པར་བྱ་བར་གསོལ་ཞེས་བྱས་བ་དང༌། སྦོམ་དགའ་མོས་སྨྲས་པ་དང༌། ང་ལ་ཆོས་གོས་བྱིན་ཅིག་དང་གདོད་བསྙེན་པར་རྫོགས་པར་བྱའོ་ཞེས་ནས་དེ་དག་ཆོས་གོས་བྱིན་ནས་དེའི་འོག་ཏུ་གདོད་བསྙེན་པར་རྫོགས་པར་བྱས་པ་དང་དོན་ཉུང་ངུ་པས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་བསྙེན་པར་རྫོགས་འདོད་པ་ལ་གལ་ཏེ་ང་ལ་ཆོས་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་དེ་སྐད་ཟེར་ན་ལྟུང་བའོ། །དགེ་སློང་མས་སློབ་མ་བསྙེན་པར་རྫོགས་པར་འདོད་པ་ལ་རྔན་པ་ཆོས་གོས་དག་ལེན་ན་ལྟུང་བར་འགྱུར་རོ། །སློབ་མ་ཆོས་གོས་མང་ལ་སེར་སྣ་ཅན་ཞིག་ན་སེར་སྣ་དང་དབྲལ་པའི་ཕྱིར་ཐབས་དེས་བསླངས་ན་ཉེས་མེད་དོ། །ལྟུང་བ་བརྒྱ་ཉིད་ཤུ་བཞི་བ་རྫོགས་སོ།། །།སྟེན་པ་མཉན་དུ་ཡོད་པ་ན་སྟེ། གཽ་ཏ་མ་རིང་དེ་ཁྱིམ་པ་མོ་དག་ལ་ཆོས་བཤད་པའི་རྗེས་ལ་ཁྱོད་ཁྱིམ་གྱི་བྱ་བ་རྣམས་ཐོང་ཤིག་དང་ཕྱིས་རབ་ཏུ་བྱུང་ངོ་ཞེས་


DTG156_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ནས། དེ་དག་གིས་ཁྱིམ་གྱི་བྱ་བ་རྣམས་བཏང་སྟེ། བདག་ཅག་རབ་ཏུ་དབྱུང་དུ་གསོལ་ཞེས་བྱས་པ་དང༌། དེས་རབ་ཏུ་མ་ཕྱུང་ངོ༌། །དེས་རབ་ཏུ་མ་ཕྱུང་བ་དང་ཁྱིམ་མི་མོ་རྣམས་འཕྱ་བར་གྱུར་ཏེ། བདག་ཅག་གིས་ཁྱིམ་གྱིས་བྱ་བ་རྣམས་ཀྱང་བཏང་བ་ལས་རབ་ཏུ་མ་ཕྱུང་ངོ་ཞེས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་བདག་མོ་ཁྱིམ་སོ་ཐོང་ཤིག་དང་ཕྱིས་ཁྱོད་རབ་ཏུ་དབྱུང་བ་མི་དཀའོ་ཞེས་དེ་སྐད་སྨྲས་ལ། དེའི་འོག་ཏུ་རབ་ཏུ་མི་འབྱིན་ན་ལྟུང་བའོ། །དགེ་སློང་མས་ཁྱིམ་མི་ལོ་ལ་ཁྱིམ་སོ་ཐོང་ཤིག་དང་ཕྱིས་རབ་ཏུ་དབྱུང་ངོ་ཞེས་སྨྲས་པ་ལས་དེའི་འོག་ཏུ་མ་ཕྱུང་ན་ཐམས་ཅད་དུ་འོང་ལྟུང་བ་འགྱུར་རོ།། བར་ཆད་བརྒྱད་ལ་སོགས་པའི་གློ་བུར་བ་བྱུང་བ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་ཉི་ཤུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་བུད་མེད་མང་པོས་རབ་ཏུ་འབྱིན་པར་གསོལ་བ་ལ་དེ་དག་ཅིག་ཅར་རབ་ཏུ་འབྱིན་པར་མི་བྱེད་ཅིང་ཀུན་ཀྱང་ལོ་རེ་རེ་ཞིང་རེ་རེ་བསྔོས་ལ། མིང་ཡང་ལོ་གཅིག་མ་ལོ་གཉིས་མ་ཞེས་བཏགས་ཤིང་འབོད་པ་དང༌། དགེ་སློང་མ་གཞན་དག་གིས་ཁྱོད་ཅིའི་ཕྱིར་དེ་སྐད་འབོད་ཅེས་དྲིས་ན། དེ་དག་གི་མིང་ནི་ལོབས་དཀའ་སྟེ་དེ་སྐད་དུ་འབོད་ན་བདེའོ་ཞེས་དེ་སྐད་དུ་སྨྲས་པ་ལས་དོན་ཉུང་ངུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ལོ་རེ་ཞིང་རབ་ཏུ་འབྱིན་ན་ལྟུང་བའོ། །དགེ་སློང་མས་བུད་མེད་རབ་ཏུ་འབྱུང་བར་གསོལ་བ་ལས་ཅིག་ཅར་དུ་རབ་ཏུ་མི་འབྱིན་ཞིང་ལོ་རེ་ཞིང་རེ་རེ་འབྱིན་པར་བྱེད་ན་ལྟུང་བའོ། །གཉིས་ཀ་མིང་མཐུན་པ་ལས་ལོ་གཅིག་མ་ཞེས་འབོད་པ་དང་ལོ་རེ་བཞིན་དུ་གསོལ་དུ་འོངས་པའི་ཐད་ཀར་རབ་ཏུ་འབྱིན་པ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་ཉི་ཤུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་བཞུགས། སྦོམ་དགའ་མོ་ཟླ་བ་ཕྱེད་ཀྱི་ཚེ་དགེ་སློང་ཕ་ལ་ལུང་སྟོན་པར་གསོལ་བའི་དད་བ་བླངས་ནས་དགེ་སློང་མའི་གསོ་སྦྱིན་གྱི་དུས་སུ་དད་པ་མི་ལེན་པ་དང༌། དགེ་སློང་མ་གཞན་གྱིས་ཅིའི་ཕྱིར་དད་པ་མི་ལེན་ཅེས་དྲིས་པ་དང༌། གསོ་སྦྱིན་སྔ་མའི་ཚེ་དད་པ་བླངས་པས་ཆོག་མོད་ཅེས་པ་ལས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཞིག་གིས་མཆོད་པའི་དད་པ་བྱིན་ན་ལྟུང་བའོ། །དགེ་སློང་མས་གསོ་སྦྱིན་གྱི་དུས་སུ་དད་པ་མི་ལེན་པར་གསོ་སྦྱིན་སྔ་མའི་


DTG156_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་ཆོག་གོ་ཞེས་ཟེར་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་ཉི་ཤུ་བདུན་པ་རྫོགས་སོ།། །།ན་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཕྱེད་ཕྱེད་ཅིང་ཅིང་དགེ་འདུན་པ་ལ་ཆོས་བསྟན་པ་ལུང་ནོས་ཤིག་ཅེས་གསུངས་པ་ལས། དགེ་སློང་མ་བཅུ་གཉིས་སྡེ་རྣམས་བདག་ཅག་སྡེ་སྣོད་གསུམ་དང་ལྡན་པས་ལུང་ནོད་མི་དགོས་སོ་ཞེས་ལུང་མི་ནོད་པ་ལས་བཅས། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་གདམས་པ་དང་རྗེས་སུ་བསྟན་པ་མི་ཉན་ན་ལྟུང་བའོ། །དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་བཤད་པའི་རིགས་པ་ལས་ཆོས་བཤད་པའི་ལུང་མི་ནོད་ན་ལྟུང་བར་འགྱུར་རོ། །གདམས་པ་ཞེས་བྱ་བ་ནི་མདོ་ཙམ་བསྟན་པའོ། །རྗེས་སུ་བསྟན་པ་ཞེས་བྱ་བ་ནི་རྒྱས་པར་འཆད་པའོ། །ལྟུང་བ་བརྒྱ་ཉི་ཤུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། །དགེ་སློང་མ་དག་ཅིག་ལྗོངས་རྒྱུར་དོང་བ་ལས། དགེ་སློང་མེད་པའི་གནས་སུ་གསོ་སྦྱིན་བྱས་ཏེ། དོན་ཉུང་ངུས་པས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་མེད་པར་གསོ་སྦྱིན་བྱེད་ན་ལྟུང་བའོ། །དགེ་སློང་མས་ཆེད་དུ་བསམས་ཏེ་དགེ་སློང་མེད་པའི་གནས་སུ་གསོ་སྦྱིན་བྱས་ན་ལྟུང་བར་འགྱུར་རོ། །ལམ་རིང་པོར་འགྲོ་བའི་ཚེ་གསོ་སྦྱིན་གྱི་དུས་ལ་བབ་ན་དགེ་སློང་མེད་ན་འང་ཉེས་མེད་དོ། །གང་ན་དགེ་སློང་གི་དགེ་འདུན་ཡོད་པ་ལ་སེམས་ཀྱིས་དམིགས་ཤིང་བྱིན་གྱིས་བརླབ་པར་བྱའོ། །ལྟུང་བ་བརྒྱ་ཉི་ཤུད་གུ་པ་རྫོགས་སོ།། །།མདོར་བསྟན་པ་ནི། །དགེ་སློང་མེད་པར་དབྱར་མི་ངས། །དབྱར་གནས་ནས་ཀྱང་སྐབས་དབྱེ་དང༌། །ཚོགས་ལའང་ཁང་ན་མི་སྨྲ་དང༌། །མི་སྙན་ཟེར་དང་སེར་སྣ་ལྔ། །སྤངས་ནས་བཟའ་བར་མི་བྱ་དང༌། །རྒྱུད་ཀྱང་གཞག་པར་མི་བྱའོ། །སྟོན་པ་མཉན་དུ་ཡོད་པ་ན་དགེ་སློང་མ་དག་ཅིག་དགེ་སློང་མེད་པའི་གཙུག་ལག་ཁང་དུ་ཚུལ་དུ་ཞུགས་པ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གཙུག་ལག་ཁང་དུ་དབྱར་གནས་ཤིང་ཚུལ་དུ་འཇུག་ན་ལྟུང་བའོ། །དགེ་སློང་མ་དབྱར་ཚུལ་དུ་འཇུག་པའི་ཚེ་དགེ་དགེ་སློང་པ་ལ་བརྟེན་ནས་ལུང་མནོས་ཤིང་ཚུལ་དུ་འཇུག་དགོས་པ་ལས། ཆེད་དུ་དགེ་སློང་ཕ་མ་མེད་པའི་


DTG156_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སོང་སྟེ། དགེ་སློང་མ་འབའ་ཞིག་ཚུལ་དུ་འཇུག་པར་བྱེད་ན་ལྟུང་བར་འགྱུར་རོ། །ཚུལ་དུ་འཇུག་པའི་ཐད་ཀར་དགེ་སློང་ཐམས་ཅད་བབས་སམ་ཤི་བར་གྱུར་ན་ཉེས་མེད་དོ། །ལྟུང་བ་བརྒྱ་སུམ་ཅུ་བ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཚུལ་ནས་བྱུང་བའི་ཚེ་དགེ་འདུན་སྡེ་གཉིས་ལ་མཐོང་བ་དང་ཐོས་པ་དང་དོགས་པ་གསུམ་གྱི་སྒོ་ནས་གླེང་བ་གསོལ་ཅིག་ཅེས་བཀའ་སྩལ་བ་ལས། ཕྱིས་སྦོམ་དགའ་མོ་ཚུལ་ནས་བྱུང་བའི་ཚེ་དགེ་འདུན་གཉིས་ཀ་ལ་གླེང་བ་མི་གསོལ་བ་ལས་བཅས། ཡང་དགེ་སློང་མ་གང་དབྱར་གནས་ནས་དགེ་འདུན་གཉི་ག་ལས་གནས་གསུམ་པོ་དག་གི་སྐབས་མི་འབྱེད་ན་ལྟུང་བའོ། །ཇི་ཙམ་དུ་དགེ་སློང་མས་ཚུལ་ནས་འབྱུང་བའི་ཚེ་དགེ་འདུན་སྡེ་གཉིས་ལས་མཐོང་བ་དང༌། ཐོས་པ་དང༌། དོགས་པ་གསུམ་གྱིས་གོ་ནས་གླེང་བར་མི་གསོལ་ཞིང༌། དགེ་སློང་མ་ཉི་ཚེ་ཚུལ་ལས་འབྱུང་བར་བྱེད་ན་ཀུན་ལ་ལྟུང་བར་འགྱུར་རོ། །ཉེས་མེད་པ་ནི་གོང་མ་དང་འདྲའོ། །གོང་མ་དང་གཉི་ག་ལ་འང་ལྕི་བའི་ཆོས་སུ་གཏོགས་སོ། །ལྟུང་བ་བརྒྱ་སུམ་ཅུ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་དགེ་སློང་མའི་དགེ་འདུན་ལ་ཚིག་མི་སྙན་པ་སྣ་ཚོགས་ཀྱིས་བསྡིགས་པར་བྱེད་པ་དང༌། དོན་ཉུང་ངུ་བས་འཕྱས་པ་ལས་བཅས། ཡང་དགེ་སློང་མ་གང་ཚོགས་ལ་ངན་དུ་ཟེར་ན་ལྟུང་བའོ། །དགེ་སློང་མས་ཆེད་དུ་བསམས་ཏེ་དགེ་འདུན་འདུས་པའི་ཚོགས་ལ་ཚིག་ངན་པ་སྣ་ཚོགས་ཀྱིས་སྐྲག་པ་འམ་འཇིགས་པར་བྱ་བའི་ཕྱིར་བསྡིགས་ན་ལྟུང་བའོ། །དགེ་སློང་མ་དེ་ཐམས་ཅད་ཆོས་མ་ཡིན་པ་ལ་ཕྱོགས་པར་གྱུར་ཏེ། གཏོང་དུ་མི་བཏུབ་པ་ལས་བསྡིགས་པས་ནི་ཉེས་མེད་དོ། །ལྟུང་བ་བརྒྱ་སུམ་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་དག་དགེ་འདུན་མའི་ཚོགས་ལ་མྱ་ངན་གྱི་ཚིག་སྨྲ་བ་ལས་དོན་ཉུང་ངུ་བས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཚོགས་ལ་མི་སྙན་པར་ཟེར་ན་ལྟུང་བའོ། །དགེ་སློང་མས་དགེ་འདུན་མའི་ཚོགས་ལ་མྱ་ངན་གྱི་ཚིག་ཏུ་སྨྲ་བ་ལ་སོགས་པ་ནི་སྦྱར་མ་འདི་ཞེས་བྱ་བ་ལ་


DTG156_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ། མྱ་ངན་གྱི་ཚིག་ཏུ་འགྱུར་རོ་ཅོག་གང་སྨྲས་ཀྱང་ལྟུང་བའོ། །ལྟུང་བ་བརྒྱ་སུམ་ཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་དག་ལྗོངས་རྒྱུ་བ་ལས་དེ་དག་གིས་ཁྱིམ་བདག་དག་ལ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགྲ་བཅོམ་པ་དག་གི་ཡོན་ཏན་བརྗོད་དེ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་མའི་ནང་ན་མཆོག་གནས་བརྟན་རྒྱལ་མོ་ལྟ་བུར་གསུངས། ཨུཏྤ་ལའི་མདོག་ནི་ཐོས་པ་འཛིན་པའི་མཆོག་ཏུ་གསུངས། ཆོས་སྦྱིན་མ་ནི་མདོ་སྡེ་རྣམ་པར་འཛིན་པའི་ནང་ན་མཆོག་ཏུ་གསུངས། གཽ་ཏ་མ་རིད་དེ་མ་ནི་འདུལ་བ་འཛིན་པའི་མཆོག་ཏུ་གསུངས་ཏེ། དེ་ལ་སོགས་པའི་ཀུན་གྱི་ཡོན་ཏན་བསྔགས་པ་ལས། སྦོམ་དགའ་མོས་ཐོས་པར་གྱུར་པ་དང་ཕྲག་དོག་སྐྱེས་ནས་དེ་དག་དེ་མ་ཡིན་ཏེ། སྐྱེ་དགུའི་བདག་མོ་ནི་ལྕི་བའི་ཆོས་བརྒྱད་ཁས་བླངས་པ་ལས་རབ་ཏུ་བྱུང་བ་ཡིན། ཨུཏྤ་ལའི་ཁ་དོག་ནི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་སྨད་འཚོང་བར་བྱེད་པ་ཡིན། ཆོས་སྦྱིན་མ་ནི་འཕྲིན་གྱིས་རབ་ཏུ་བྱུང་བ་ཡིན། གཽ་ཏ་མ་རིད་དེ་མ་ནི་བུ་ཤ་ཟོས་པ་ཡིན་ནོ་ཞེས་བསྔགས་པ་ལས་སེར་སྣ་བྱེད་ཅིང་མི་སྙན་པར་བསྒྲགས་པ་ལས། ཁྱིམ་པ་དག་གིས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་མ་གཞན་གྱི་ཡོན་ཏན་བསྔགས་པ་ཐོས་ན་ཕྲག་དོག་གི་སེམས་ཀྱིས་དེ་ལ་མི་སྙན་པར་སྒྲོགས་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་སུམ་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་གྲོང་མི་དག་ཅིག་ལ་ཆོས་བཤད་ནས་དེ་དག་དད་པར་གྱུར་པ་དང༌། ཕྱིས་དགེ་སློང་མ་གཞན་དག་གྲོང་དེར་བསོད་སྙོམས་ལ་འགྲོ་བ་དང༌། དེ་ལ་འགོག་པར་བྱེད་དེ། གྲོང་འདི་དག་ང་ཉིད་ཀྱིས་དད་པར་བྱས་པ་ཡིན་པས་ཁྱེད་སུ་ཡང་དེར་མ་འདོད་ཤིག་ཅེས་འགོག་པ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་གཞན་བསོད་སྙོམས་ལ་འཇུག་པའི་ཚེ། གྲོང་ལ་སེར་སྣ་བྱེད་ཅིང་གཞན་ལ་འགོག་པར་བྱེད་ན་ལྟུང་བའོ། །དགེ་སློང་མ་སྡིག་ཅན་དུ་གྱུར་པས་གྲོང་མི་དེ་དག་སྔར་བདག་


DTG156_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དད་པར་བྱས་པ་མི་དད་པར་འགྱུར་གྱིས་དོགས་པ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་སུམ་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་གནས་ཁང་མང་དུ་བརྩིགས་ཏེ། དགེ་སློང་མ་གསར་དུ་འོངས་པ་གནས་ཁང་མེད་པ་དག་ལ་འང་བརྙན་པོར་མི་སྟེར་བ་ལས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་གནས་ཁང་ལ་སེར་སྣ་བྱེད་ན་ལྟུང་བའོ། །དགེ་སློང་མ་གནས་ཁང་ལ་སེར་སྣ་བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་གསར་དུ་འོངས་པ་འམ། གནས་མེད་པ་དག་ལ་གནས་འཆུགས་པར་མི་བྱེད་ན་ལྟུང་བར་འགྱུར་རོ། །གནས་ཁང་དོག་པར་གྱུར་ན་གདིང་བ་ཙམ་གྱི་ཚད་དུ་ཡང་ངས་གཞི་བགོ་བར་བྱའོ། །དེ་ལྟར་མ་བྱས་ན་ཡང་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་སུམ་ཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་གཞན་གྱིས་སྔར་བསོད་སྙོམས་བསླངས་ཀྱིས་དོགས་པའི་ཕྱིར་ནང་པར་སྔ་རབ་ཏུ་བསོད་སྙོམས་ལ་འོངས་པ་ལས། བྲམ་ཟེ་དག་བཀྲ་ཤིས་བྱས་པའི་སྒོར་ཕྱིན་པ་དང་དགེ་སྦྱོང་མ་མགོ་རེག་མ་འདི་དག་མཐོང་བས་ལྟས་ངན་ཏོ་ཞེས་ཤིན་ཏུ་བརྡེགས་ཏེ། མིག་དག་ཀྱང་སྐྲངས་ནས་སླར་གནས་སུ་ཕྱིན་པ་དང་དགེ་སློང་མ་དག་གིས་ཅིའི་ཕྱིར་མིག་སྐྲངས་ཞེས་དྲིས་པ་དང་དེས་ཀྱང་ཞིབ་ཏུ་སྨྲས་སོ། །དེ་ལྟ་བུར་གྱུར་པ་དོན་ཉུང་དུ་པས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བའོ། །རྙེད་པ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཟས་ཀྱི་རྙེད་པ་དང༌། གོས་ཀྱི་རྙེད་པའོ། །སྐབས་འདིར་ཟས་ཀྱི་རྙེད་པ་དང་སྦྱར་རོ། །དགེ་སློང་མས་ཟས་ཀྱི་རྙེད་པ་ལ་ཕྲག་དོག་བྱ་བའི་ཕྱིར་དགེ་སློང་མ་གཞན་དག་བསོད་སྙོམས་ལ་འདོང་བ་ལ་ངས་མ་བསླངས་ཀྱི་བར་དུ་ཁྱེད་མ་སློང་ཤིག་ཅེས་བསྒོ་ན་འང་ལྟུང་བར་འགྱུར་རོ། །གཞན་པས་སྔར་སོང་སྟེ་བདག་ཉིད་ཀྱིས་བསླངས་ཏེ་ཟས་གྲུབ་ན་འང་ལྟུང་བའོ། །ལྟུང་བ་བརྒྱ་སུམ་ཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་སློབ་མ་དང་ཉེ་གནས་དག་ལ་ཆོས་མི་སློབ་ཅིང་རྒུན་འབྲུམ་དང་བལ་པོ་སེའུ་དག་མཉེད་ཅིང་ལས་ངན་པ་མང་དུ་བྱེད་དུ་བཅུག་པ་ལས་སློབ་མ་དག་གིས་ཆོས་བཤད་པར་གསོལ་བ་དང༌། སྦོམ་དགའ་མོས་སྨྲས་པ་ངས་འཕགས་པ་དྲུག་སྡེ་པ་རྣམས་


DTG156_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་ཀྱི་ཕྱིར་བ་ལ་པོ་སེའུ་དང་རྒུན་འབྲུ་དག་མཉེད་མཉེད་དེ་ནི་ལག་པ་ཆུ་བུར་གྱིས་གང༌། ཕྱག་འཚལ་འཚལ་ནས་ཀླད་པའི་སྐྲ་བྱི་ཞིང་པུས་མོ་འང་རྡོལ། ཐེ་ཚོམ་འདྲི་འདྲི་སྟེ་ཁ་ཆུ་བུར་གྱིས་གང་སྟེ། དེ་ལྟ་བུ་དཀའ་བ་མང་པོ་སྤྱད་པས་ཆོས་ཐོས་པ་དེ་དང་ཁྱེད་ཀྱིས་ལས་མང་པོ་མ་བྱས་པར་ཅིའི་ཕྱིར་ཆོས་བསྟན་ཞེས་ཟེར་བ་ལས་བཅས། ཡང་དགེ་སློང་མ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བའོ། །དགེ་སློང་མས་སློབ་མ་དང་ཉེ་གནས་དག་ཆོས་འདྲིའམ་གཞན་དག་ཆོས་འདྲི་ཡང་རུང་སྟེ་ཕྲག་དོག་དང་སེར་སྣའི་བསམ་པས་མི་སྟོན་ན་ལྟུང་བར་འགྱུར་རོ། །བདག་ལ་ཀླན་ཀ་ཚོལ་ལམ་ཤེས་སམ་མི་ཤེས་བགམ་པའི་ཕྱིར་འདྲི་བ་ལ་མ་བསྟན་ན་འང་ཉེས་མེད་དོ། །ལྟུང་བ་བརྒྱ་སུམ་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཁ་ཟས་བྱིན་ལེན་བྱས་ནས་མདུན་དུ་བཞག་སྟེ་ཟ་བའི་ཚེ། ཟ་བཞིན་དུ་ལངས་ཤིང་ལས་བྱེད། དེ་ནས་ཡང་སླར་འདུག་ཅིང་ཟ་བ་ལས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཟས་ཟོས་ཏེ་སྤངས་ནས་ཟོས་ན་ལྟུང་བའོ། །ལྷག་མར་མ་བྱས་པའི་ཟས་ཟོས་ན་འང་ལྟུང་བར་འགྱུར་རོ་ཞེས་གོང་དུ་བཤད་པ་དང་ཁྱད་པར་ཅི་ཡོད་ཅེ་ན། གོང་མ་ནི་སྤྱོད་ལམ་ལས་ཀྱང་ཉམས་སེམས་ཀྱི་རྒྱུད་ཀྱིས་ཀྱང་མི་བཟའ་བར་བཅད་ནས་ཁ་ཟས་ཞིག་རྙེད་དེ་ཟ་བར་འདོད་ན་ལྷག་མར་གྱིས་ཏེ་ཟོ་ཤིག་ཅེས་གསུངས། འདིར་ནི་ཁ་ཟས་ཟ་བའི་ཚེ་སེམས་ཀྱི་རྒྱུད་ཀྱིས་མ་བཅད་པར་འཕྲལ་དུ་སྤྱོད་ལམ་ལས་ཉམས་པར་བྱེད་ཅིང༌། ཡང་ཟ་ཡང་འདུག་པར་བྱེད་པ་ལས་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་སུམ་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་སྔ་དྲོའི་དུས་སུ་བསོད་སྙོམས་ལ་ཞུགས་པ་དང་ཁྱིམ་བདག་མོ་ཞིག་གི་སྒོར་བསོད་སྙོམས་བསླངས་པ་ལས། ཁྱིམ་བདག་མོ་དེ་དུ་བ་མཐོང་ནས་སྦོམ་དགའ་མོས་ཅིའི་ཕྱིར་དུ་ཞེས་དྲིས་པ་དང༌། དེས་བདག་གི་བུ་ཐོན་བུ་བྱུང་བས་བུའི་བྱ་བ་དག་མ་འཚལ་ཏེ་ཁྱོད་ཀྱིས་མཁྱེན་ནམ་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྨྲས་པ་ཁྱོད་ནི་ཁབ་ཁྲིན་དང་འདྲ་སྟེ་ལས་གཅིག་པུ་བྱེད་ཤེས་པར་འགྱུར་གྱི། ངས་ནི་ལས་ཀྱི་གནས་


DTG156_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཟོའི་གནས་ཐམས་ཅད་ཤེས་ཀྱི་ང་ལ་བསོད་སྙོམས་བྱིན་ཅིག །ངའི་མཁན་མོ་བྱིན་ནམ་ཚངས་པ་མཚུངས་པར་སྤྱོད་པ་དང་མཛའ་མོའི་བསོད་སྙོམས་ཀྱང་བྱིན་ཅིག །ཁྱོད་ཀྱི་བུའི་བྱ་བ་ངས་བྱའོ་ཞེས་སྨྲས་ནས་ཁྱིམ་བདག་མོ་དེས་ཀྱང་བསོད་སྙོམས་མང་དུ་བྱིན་ནོ། །དེ་ནས་སྦོམ་དགའ་མོས་བུ་དེ་ལེགས་པར་བཀྲུས་ལེགས་པར་ཕྱིས་ནས། མཚོག་མ་སྲ་བར་བྱ་བའི་ཕྱིར་ས་ལྕི་བའི་འཇི་བས་བསྐུས། གནོད་པ་བསྲུང་བའི་ཕྱིར་སྒོ་ཀའི་ས་ལས་དཔལ་བར་ཐིག་ལེ་གསུམ་བྱས་ནས་བསོད་སྙོམས་མང་དུ་ཁྱེར་ཏེ་སོང་ངོ༌། །དེའི་འོག་ཏུ་དེའི་ཁྱིམ་ཐབ་ཀྱང་འོངས་ནས་བུའི་བྱ་བ་བྱས་པ་མཐོང་ནས་ཆུང་མ་ལ་སྨྲས་པ། བཟང་མོ་བུའི་བྱ་བ་བདག་ལེགས་པར་བྱས་པ་ནི་ལེགས་སོ་ལེགས་སོ་ཞེས་སྨྲས་པ་དང༌། དེས་སྨྲས་པ་བདག་གིས་ནི་མ་འཚལ་གྱི་སྦོམ་དགའ་མོས་བགྱིས་སོ་ཞེས་སྨྲས་པ་དང༌། དེས་སྨྲས་པ་ཕྱིས་ཀྱང་དགེ་སློང་མ་དག་འོངས་པ་དང་བྱེད་དུ་ཆུག་ཤིག་ཅེས་སྨྲས་སོ། །དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་བསོད་སྙོམས་ལ་ཞུགས་པ་ལས་ཁྱིམ་དེའི་སྒོར་ཕྱིན་ནོ། །ཁྱིམ་བདག་མོ་དེས་སྨྲས་པ། འཕགས་མ་བུའི་བྱ་བ་བྱོས་ཤིག་ཅེས་སྨྲས་པ་དང༌། སྐྱེ་དགུའི་བདག་མོས་སྨྲས་པ་སྔོན་བྱང་ཆུབ་སེམས་དཔའ་ལྷུམས་ནས་བྱུང་བ་མ་གཏོགས་པར་གཞན་གྱི་བུའི་བྱ་བ་བྱེད་ངས་མ་མྱོང་བའི་སྟེང་དུ། དགེ་སློང་མས་ཁྱོད་ཀྱི་བུའི་བྱ་བ་བྱས་ན་ནི་ཁྱོད་ལ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་ལོ་ཞེས་སྨྲས་པ་དང༌། ཁྱིམ་བདག་མོ་དེས་སྔོན་སྦོམ་དགའ་མོས་བུའི་བྱ་བ་བྱེད་པ་དག་ཞིབ་ཏུ་སྨྲས་པ་དང༌། ཁྱིམ་བདག་མོ་དེས་ཐོས་ནས་དགེ་སློང་མ་རྣམས་འཕྱ་ཞིང་མི་སྙན་པ་ཟེར་བ་ལས་བཅས། ཡང་དགེ་སློང་མ་གང་རྒྱུད་འཇོག་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྒྱུད་ཅེས་བྱ་བ་ནི་བུས་པ་ཆུང་ངུ་ལ་བྱ་སྟེ་རིགས་ཀྱི་རྒྱུད་ལ་བྱའོ། །འཇོག་ཅེས་བྱ་བ་ནི་འཁྲུ་བ་དང་འཕྱི་བ་དང༌། གོས་བསྐོན་པ་དང༌། ཟས་བསྙོད་ཅིང་རྩེད་མོ་ལ་སོགས་པའོ། །དགེ་སློང་མས་གཞན་གྱི་བུ་ཆུང་ངུ་འཁྲུ་བར་བྱེད་དམ་འཕྱི་བར་བྱེད་དམ་གོས་བསྐོན་ནམ་ཟས་བསྙོད་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །གཉེན་དུ་འོངས་པ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་བཞི་བཅུ་


DTG156_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་སོ།། །།མདོར་བསྟན་པ་ནི། ཁྲུས་རས་བཅང་བར་བྱ་བ་དང༌། །ཆོས་གོས་བཀྲུ་བར་བྱ་བ་དང༌། །སྦྱར་མ་དང་ནི་བརྗེ་བ་དང༌། །དགེ་སྦྱོང་ཆོས་གོས་སྦྱིན་པ་དང༌། །སྨེ་གབ་དང་ནི་ཚོགས་ཀྱི་གོས། །དབུལ་པོ་ཡི་རང་བྱེད་པ་དང༌། །གཏན་པ་དབྱུང་བར་བྱ་བ་དང༌། །ཆོས་གོས་བགོ་བཤའ་བྱ་བའོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་ཆུ་བོ་ཨ་ཙིར་བ་ར་ཏའི་ནང་ན་ཁྱིམ་མི་མོ་དག་དང་ལྷན་ཅིག་ཁྲུས་བྱེད་པའི་ཚེ་དེ་དག་ལ་རྨོངས་བསྟན་ནས་ངའི་སྤུ་ཕྱོགས་གཅིག་ཏུ་འཁྱིལ་ཞིང་ལྕང་ལོ་ཅན་དུ་འདུག་པ་ལྟོས་ཞེས་དེ་དག་ལ་ངོམ་པ་དང༌། དགེ་སློང་མ་གཞན་དག་འཕྱ་བར་གྱུར་པ་ལས་བཀའ་སྩལ་པ། ཕྱིན་ཆད་ཁྲུས་བྱེད་ན་ཁྲུས་རས་གྱོན་ལ་ཁྲུས་གྱིས་ཤིག་ཅེས་བཅས། ཡང་དགེ་སློང་མ་གང་ཁྲུས་རས་མི་འཆང་ན་ལྟུང་བའོ། དགེ་སློང་མས་ཁྲུས་རས་མེད་པར་ཁྲུས་བྱེད་ན་འབབ་ཆུ་འམ་ལྟེང་ཀའི་ནང་ན་འང་རུང་སྟེ། དང་པོར་ཆུར་ཞུགས་ནས་ལྟེ་བར་མ་ཕྱིན་གྱི་བར་དུ་ནི་ཉེས་བྱས། ལྟེ་བ་འདས་ན་ལྟུང་བའོ། །ཆུ་བཅུས་པ་ཞིག་ལ་ཁྲུས་བྱེད་ན་འང་དང་པོ་མགོ་ནས་ཡས་བླུགས་ནས་ལྟེ་བར་མ་ཕྱིན་གྱི་བར་དུ་ཉེས་བྱས། ལྟེ་བ་ལས་བླངས་འདས་ན་ལྟུང་བར་འགྱུར་རོ། །གཅིག་པུར་ཁང་པ་དབེན་པ་ན་ཁྲུས་བྱེད་ན་ཁྲུས་རས་མེད་ན་འང་ཉེས་མེད་དོ། །ལྟུང་བ་བརྒྱ་བཞི་བཅུ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་ཤམ་ཐབས་ཁྲག་གིས་ཕོག་པ་ཁྱེར་ནས་ཁྲུས་མཁན་གྱི་ནང་དུ་སོང་སྟེ། བཞིན་བཟངས་ངའི་འདི་ཁྲུས་ཏེ་བྱིན་ཅིག་ཅེས་སྨྲས་པ་དང༌། དེས་སྨྲས་པ་གོས་ཕལ་འཁྲུ་བའི་ནང་དུ་ཆུག་ཤིག་ཅེས་བསྒོ་བ་དང་སྦོམ་དགའ་མོས་ཀྱང་དེར་བཅུག་གོ །དེའི་འོག་ཏུ་ཁྲུས་མཁན་དེས་གོས་བཀྲུ་བར་བཤམས་པ་དང༌། སྦོམ་དགའ་མོའི་ཤམ་ཐབས་དེ་ཁྲག་གིས་ཕོག་པ་མཐོང་ནས་འདིས་ངའི་གོས་ཐམས་ཅད་མི་གཙང་བས་འཕགས་ཏེ་མ་རུང་བར་གྱུར་ཏོ་ཞེས་དེ་ཡང་ཁྲོས་པར་གྱུར་པ་ལས་བཅས། ཡང་དགེ་སློང་མ་གང་བཙོ་བླག་མཁན་ལ་ཆོས་གོས་འཁྲུར་བཅོལ་ན་ལྟུང་བའོ། །དགེ་སློང་མས་ཁྲུས་མཁན་ལ་གོས་རྙིང་པ་འཁྲུར་བཅོལ་ན་ཐམས་ཅད་དུ་ལྟུང་བར་འགྱུར་


DTG156_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྟུང་བ་བརྒྱ་བཞི་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྟེ་སྤང་བའི་སྐབས་ན་བཤད་པ་དང་མཐུན། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་མི་རློབ་ན་ལྟུང་བའོ། །སྡོམ་གྱི་ཚིགས་སུ་བཅད་པ་ལས་ཀྱང་མི་འབྱུང་བས་ལྷག་མ་འདྲ་ནས་ལྟུང་བའི་གྲངས་སུ་མ་སྩལ་ཏོ། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་ལ་བུ་མིང་སྲིང་གཉིས་བདོག་པ་དང༌། ཁྱིམ་བདག་དེ་དུས་ལས་འདས་པའི་འོག་ཏུ་བུ་མིང་སྲིང་གཉིས་མ་དང་གསུམ་རབ་ཏུ་བྱུང་ངོ༌། །དེའི་མིང་པོའི་མིང་ནི་མོས་པ་ཅན་ཞེས་བྱ། སྲིང་མོའི་མིང་ནི་མོས་མ་ཅན་ཞེས་བྱ་སྟེ། དུས་ཕྱི་ཞིག་ན་མོས་པ་ཅན་དེ་སྦྱར་མ་བཟང་པོ་ཅིག་གྱོན་ཏེ། དགེ་སློང་མའི་དབྱར་མོ་ཁང་དུ་འོངས་པ་དང༌། མོས་མ་ཅན་གྱིས་ཆོས་གོས་སྦྱར་མ་དེ་བླངས་ཏེ་ཁྱེར་ནས་བདག་གི་རྙིང་པ་ནི་མོས་པ་ཅན་ལ་བྱིན་ནོ། །མོས་པ་ཅན་གྱིས་ཆོས་གོས་རྙིད་པ་དེ་ཡང་ལེགས་པར་བཀྲུས། ལེགས་པར་ཁ་དོག་བསྒྱུར་ཏེ་བཟང་པོར་བྱས་ནས་དབྱར་མོ་ཁང་དུ་སོང་བ་དང༌། མོས་མ་ཅན་གྱིས་མཐོང་ནས་སྨྲས་པ། ཁྱོད་བདག་གི་ཆོས་གོས་སླར་ཁྱེར་ལ་ང་བདག་གི་བྱིན་ཅིག་མོས་སྨྲས་པ་དང༌། དེས་ཀྱང་བྱིན་ནོ། །དགེ་སློང་མ་གཞན་དག་གིས་མོས་མ་ཅན་ལ་སྨྲས་པ། ཁྱོད་གཙང་མའི་རིས་ཀྱི་ལྷ་བཞིན་དུ་རྟག་ཏུ་གོས་བཟང་པོ་ཤེ་དག་གིས་ཆ་བར་བྱེད་ན་ག་ལས་རྙེད་ཅེས་སྨྲས་ན། དེས་ཀྱང་ཞིབ་ཏུ་སྨྲས་ནས། དགེ་སློང་མ་དེ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་འཁོར་གྱི་གཙོ་བོ་དང་སྦྱར་མ་རྗེ་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མོས་མ་ཅན་ལྟ་བུའོ། །འཁོར་གྱི་གཙོ་བོ་ཞེས་བྱ་བ་ནི་དགེ་སློང་པའོ། སྦྱར་མ་ཞེས་བྱ་བ་ནི་ཆོས་གོས་གསུམ་གང་ཡང་རུང་སྟེ་བརྗེས་ན་ལྟུང་བའོ། །ལྟུང་བ་བརྒྱ་བཞི་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། ཀླུ་རི་བོ་དང༌། སྐྱས་ཀྱི་དུས་སྟོན་བྱེད་པའི་ཚེ། ལྷོ་ཕྱོགས་ནས་གར་མཁན་དག་ཅིག་ལྷགས་ཏེ། དྲུག་སྡེ་པོའི་ཚུལ་དུ་གར་བྱ་བའི་ཕྱིར་སྦོམ་དགའ་མོའི་གན་དུ་སོང་སྟེ། ཆོས་གོས་རྣམས་བརྙས་ནས་སྦོམ་དགའ་མོས་གླ་མང་དུ་བླངས་སོ། །དེ་ནས་གར་མཁན་དེ་དག་གིས་


DTG156_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་བགོས་ཤིང་དྲུག་སྡེའི་ཚུལ་དུ་གར་བྱས་པ་དང༌། དྲུག་སྡེ་པོ་དག་ཁྲོས་ནས་སྦོམ་དགའ་མོ་ལ་སོགས་པ་བཅུ་གཉིས་སྡེ་དག་བརྡེགས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་དགེ་སྦྱོང་གི་གོས་ཁྱིམ་པ་ལ་འཚོང་ན་ལྟུང་བའོ་ཞེས་བཅས། ཡང་དགེ་སློང་མ་གང་དགེ་སྦྱོང་གི་གོས་ཁྱིམ་པ་ལ་བྱིན་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སྦྱོང་གི་གོས་ཞེས་བྱ་བ་ནི་ཆོས་གོས་ལྔ་ལས་གང་ཡང་རུང་བའོ། །ཁྱིམ་པ་ལ་འཚོང་ཞེས་བྱ་བ་ནི། ཟས་སམ་གོས་ཀྱི་རིན་དུ་འཚོང་བ་སྟེ། དགེ་སློང་མས་འཚོང་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བཞི་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཀའ་སྩལ་པ། དགེ་སློང་མས་སྨེ་གབ་ཆོངས་ཤིག་ཅེས་བཀའ་སྩལ་པ་དང༌། སྦོམ་དགའ་མོས་སྔ་དྲོ་བསོད་སྙོམས་ལ་ཞུགས་པའི་ཚེ་ཁྲག་གིས་བྱིན་པ་ལ་ཕོག་པ་ཁྱིམ་པ་དག་གིས་མཐོང་སྟེ། དེ་དག་གིས་ཅི་ཡིན་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྨྲས་པ་ཅི་ཡིན་པ་མི་ཤེས་ན་མ་ལ་དྲིས་ཤིག །སྲིང་མོ་ལ་དྲིས་ཤིག་ཅེས་སྨྲས་པ་དང༌། དེ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་སྨེ་གབ་མི་འཆང་ན་ལྟུང་བའོ། །དགེ་སློང་མས་སྨེ་གབ་མི་འཆང་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བཞི་བཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བཙུན་མོ་ཕྲེད་ལྡན་མའི་གན་དུ་ཕྱིན་པ་དང་བཙུན་མོ་ཕྲེད་ལྡན་མའི་དགེ་སློང་མ་སྨེ་གབ་འཆང་ན་གནང་བར་ཐོས་ནས། དགེ་སློང་མ་སྤྱི་ལ་སྨེ་གབ་ཀྱི་རྒྱུ་གོས་སྣ་ཚོགས་ལས་མང་དུ་བསྐུར་བ་དང༌། དེ་དག་ཐམས་ཅད་སྦོམ་དགའ་མོས་བདག་གིར་བྱེད་པ་ལས་བཅས། ཡང་དགེ་སློང་མ་གང་ཚོགས་ཀྱི་གོས་བདག་གིར་བྱེད་ན་ལྟུང་བའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཚོགས་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ནོ། །གོས་ཞེས་བྱ་བ་ནི་སྨེ་གབ་ཀྱི་གོས་སོ། །དགེ་སློང་མས་དགེ་འདུན་གྱི་སྤྱི་ལ་བསྔོས་པར་ཤེས་བཞིན་དུ་བདག་གིར་བྱས་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བཞི་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་


DTG156_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ན་སྟེ། སྦོམ་དགའ་མོས་ཚུལ་ནས་བྱུང་བའི་འོག་ཏུ་གཏན་པ་གདིང་བའི་དུས་ལ་བབ་པ་དང༌། ཁྱིམ་བདག་དབུལ་པོ་ནད་པ་ཞིག་གི་གན་དུ་སོང་སྟེ། བཞིན་བཟངས་དགེ་འདུན་ལ་གཏན་པའི་གོས་ཕུལ་ཞེས་བསྒོ་བ་དང༌། དེས་སྨྲས་པ་བདག་ནི་དབུལ་ཞིང་ནད་པ་བས་ཆོས་གོས་མི་འབྱོར་ཏེ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་སྨྲས་པ་ཚོང་པ་ལས་སྔ་སྐྱིན་གྱིས་ལ་རིན་ཕྱིས་བཅོལ་ཞེས་སྨྲས་ནས། ཚོང་པའི་གན་དུ་ཁྲིད་དེ་གཏུགས་ནས་རས་རིན་པོ་ཆེ་ཞིག་ཁྱེར་རོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་ནད་པ་དེས་རས་རིན་མ་འཁོར་ནས། དེས་བཟུང་སྟེ་ཉི་ཚན་ལ་བཏགས་པས་མ་དད་ཅིང་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དབུལ་པོའི་རྒྱུད་གོས་ཀྱི་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་ན་ལྟུང་བའོ། །དགེ་སློང་མས་གཏན་གདིང་བའི་གོས་ཁྱིམ་ལ་དབུལ་པོ་འམ་ནད་པ་སྦྱོར་མི་བཟོད་པ་ལ་སློང་ཞིང་སྦྱོར་དུ་འཇུག་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བཞི་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཀའ་སྩལ་པ། དགེ་སློང་མ་དག་ཆོམ་པོ་དག་གིས་བཅོམ་སྟེ། གློ་བུར་དུ་ལྷགས་ན་གཏན་པ་གློ་བུར་དུ་ཕྱུང་ལ་དགེ་སློང་མ་དེ་དག་ལ་གོས་བྱིན་ཅིག །གཏན་པ་འབྱིན་པའི་ཚེ་འང་དགེ་སློང་མ་ཐམས་ཅད་འདུས་ཤིག་ཅེས་བཀའ་སྩལ་པ་ལས། སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་བཅས། ཡང་དགེ་སློང་མ་གང་གཏན་པ་འབྱིན་པར་མི་འདུ་ན་ལྟུང་བའོ། །དགེ་སློང་མ་དགེ་འདུན་གློ་བུར་དུ་གཏན་པ་འབྱིན་པའི་ཚེ་མི་འདུ་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བཞི་བཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཀའ་སྩལ་པ། ཟླ་བ་ལྔ་ཚང་ཡང་དུས་སུ་གཏན་པ་ཕྱུང་ལ་དགེ་སློང་མ་ཐམས་ཅད་འདུས་ཏེ་རྙེད་པ་བགོས་ཤིག་ཅེས་གསུངས་པ་ལས། སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་བཅས། ཡང་དགེ་སློང་མ་ཆོས་གོས་ཀྱི་རྙེད་པ་བགོ་བཤའ་བྱེད་པར་མི་འདུ་ན་ལྟུང་བའོ། །གཏན་པ་ཕྱུང་བའི་འོག་ཏུ་གོས་ཀྱི་རྙེད་པ་བགོ་བཤའ་བྱེད་པར་མི་འདུ་ན་ལྟུང་བའོ། །ལེན་པར་མི་འདོད་ན་མ་འདུས་ཀྱང་ཉེས་པ་མེད་དོ། །ལྟུང་བ་བརྒྱ་བཞི་བཅུ་དགུ་པ་རྫོགས་སོ།། །།མདོར་བསྟན་པ་ནི། ཚུར་ཤོག་རྣམ་པར་ཞི་བྱ་དང༌། །


DTG156_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ནས་འགྲོ་བར་བྱེད་པ་དང༌། །གཙུག་ལག་བསླབ་པར་མི་བྱ་དང༌། །མི་སྦྱིན་ལ་ཟས་མི་བཙོང་དང༌། །ཁྱིམ་གྱི་སོ་ནམ་མི་བྱ་དང༌། །ཁྲི་འདུག་བསྙེན་བཀུར་བྱེད་པ་དང༌། །བལ་བཀལ་བར་ཡང་མི་བྱ་དང༌། །གདུགས་དང་མཆིལ་ལྷམ་མི་བཅང་ངོ༌། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་སློབ་མ་དང་ཉེ་གནས་དག་གི་འཐབ་གཅུགས་བྱས་ནས་དེ་དག་འཐབ་པར་གྱུར་པ་དང༌། སླར་གཅུགས་པར་མི་བྱེད་དོ། །དགེ་སློང་མ་དག་གིས་འཐབ་པ་ཅིའི་ཕྱིར་མི་གཅུགས་ཞེས་བྱས་ན། སྦོམ་དགའ་མོས་སྨྲས་པ་འདི་དག་འཐབ་འདོད་ན་ཅིའི་ཕྱིར་མགོས་མགོ་བོ་མི་རྡུང༌། འཐབས་ཀྱང་སླའོ་ཞེས་ཟེར་བ་དང་དོན་ཉུང་དུ་མས་འཕྱ་བ་ལས་བཅས། །ཡང་དགེ་སློང་མ་གང་གཅུགས་ནུས་ལ་འཐབ་མོ་ཞི་བར་མི་བྱེད་ན་ལྟུང་བའོ། །དགེ་སློང་མས་སློབ་མ་དང་ཉེ་གནས་གང་འཐབ་ཀྱང་རུང་སྟེ། གཅུགས་ནུས་བ་ཞིན་དུ་གཅུགས་པར་མི་བྱེད་དམ། ཆེད་དུ་གཅུགས་བྱས་ཏེ་འཐབ་ནའང་ལྟུང་བའོ། །ལྟུང་བ་བརྒྱ་ལྔ་བཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་གཙུག་ལག་ཁང་སྒོ་བཅད་དེ་ལྡེ་མིག་ཀྱོག་པོ་ཐོགས་བཞིན་དུ་ལྗོངས་རྒྱུར་སོང་བ་ལས། དགེ་སློང་མ་གཞན་གྱིས་སྒོ་མ་ཕྱེད་དེ་མེ་ཤོར་བ་ལས་བཅས། ཡང་དགེ་སློང་མ་གང་དབྱར་མོ་ཁང་བོར་ཏེ་འགྲོ་ན་ལྟུང་བའོ། །དགེ་སློང་མས་གཙུག་ལག་ཁང་སྒོ་བཅད་དེ། ལྡེ་མིག་གཞན་ལ་མ་བཞག་པར་ལྗོངས་རྒྱུར་འགྲོ་ན་ལྟུང་བའོ། །ལྡེ་མིག་བཞག་པ་བརྗེད་དམ་བར་ཆད་བརྒྱད་བྱུང་བ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་ལྔ་བཅུ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་ཞུགས་པ་ལས། སྤོས་འཚོང་གི་ཁྱེའུ་འཇིག་རྟེན་གྱི་རིག་པ་སློབ་པ་མཐོང་བ་དང་དེ་ལ་ཆགས་པར་གྱུར་ནས་བདག་ལ་རིག་པ་སློབས་ཤིག་ཅེས་སྨྲས་པ་དང༌། སྦོས་འཚང་གི་ཁྱེའུས་མོ་ལ་བསླབས་ཏེ། སི་རི་བྷུ་སི་རི་བྷུ་སི་རི་བྷུ་སི་རི་སྭཱཧཱ། སྦོམ་དགའ་མོ་ཡང་ལོབས་བཞིན་དུ་ད་དུང་ང་ལ་སློབས་ཤིག་ཅེས་ཡང་ནས་ཡང་དུ་སློབ་པ་ལས་སྤོས་འཚོང་གི་ཁྱེའུ་ཡང་ཁྲོས་ནས། གཏུམ་མོ་མགོ་རེག་


DTG156_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱོད་དགོས་པ་མེད་དོ་ཞེས་སྨྲས་ཤིང་ལངས་ཏེ་སོང་ངོ༌། །དགེ་སློང་མ་གཞན་དག་གིས་སྨྲས་པ་ཅིའི་ཕྱིར་ལོབས་བཞིན་དུ་ཡང་སློབ་ཅེས་དྲིས་པ་དང༌། དེ་ལ་ཆགས་པས་ན་ལྷན་ཅིག་འདུག་ན་བདག་དགའོ་ཞེས་ཟེར་བ་ལས་འཕྱ་སྟེ་བཅས། ཡང་དགེ་སློང་མ་གང་ཁྱིམ་པ་ལས་གཙུག་ལག་སློབ་ན་ལྟུང་བའོ། །དགེ་སློང་མས་སྐྱེས་པ་ལ་ཆགས་པའི་ཕྱིར་དེ་ལ་བདག་ཉིད་རིག་པ་སློབ་ན་ལྟུང་བའོ། །ལྟུང་བ་བརྒྱ་ལྔ་བཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྐྱེས་པ་གཞན་ཞིག་དང་ཕྲད་པ་དང་དེ་ལ་ཆགས་ནས་ཚུར་ཤོག་ངས་ཁྱོད་ལ་རིག་པ་བསླབ་པོ་ཞེས་སྔར་ལོབས་པ་དེ་སྐྱེས་པ་དེ་ལ་ཡང་སློབ་པོ། །དེས་སྨྲས་པ་བདག་ལོབས་སོ་ཞེས་བྱས་པ་དང་མོས་སྨྲས་པ། ད་དུང་ཡང་སློབས་ཤིག་ཅེས་བྱས་པ་དང༌། དེ་ཡང་ཁྲོས་ནས་མགོ་རེག་མ་གཏུམ་མོ་ཁྱོད་དང་རིག་པ་འདི་གཉི་ག་ང་ལ་དགོས་པ་མེད་དོ་ཞེས་སྨྲས་ཏེ་སོང་བ་ལས་བཅས། ཡང་དགེ་སློང་མ་གང་སྐྱེས་པ་ལ་གཙུག་ལག་སློབ་ན་ལྟུང་བའོ། །དགེ་སློང་མ་གང་སྐྱེས་པ་ལ་ཆགས་པའི་ཕྱིར་རིག་པ་སློབ་ཏུ་འཇུག་ན་ལྟུང་བའོ། །ལྟུང་བ་བརྒྱ་ལྔ་བཅུ་གསུམ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་བསོད་སྙོམས་མང་དུ་རྙེད་ནས། ཁ་ཟས་གཤེར་བ་དག་ནི་ཟ། ཕྱེ་མ་ལ་སོགས་པ་སྐམ་པོ་དག་གིས་གོས་དག་ཉོ་བར་བྱེད་པ་ལས་དོན་ཉུང་དུ་བའི་དགེ་སློང་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཁ་ཟས་འཚོང་ན་ལྟུང་བའོ། །དགེ་སློང་མས་ཕྱེ་ལ་སོགས་པ་བསོད་སྙོམས་ཀྱི་ཁ་ཟས་ཀྱིས་གོས་ཉོ་བར་བྱེད་ན་ལྟུང་བའོ། །ལྟུང་བ་བརྒྱ་ལྔ་བཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་སྔ་དྲོ་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་པ་ཞིག་གི་སྒོར་ཕྱིན་པ་དང་བུད་མེད་གཞོན་ནུ་མ་ཞིག་ཏུ་ཞིང་འདུག་པ་མཐོང་ནས། ཁྱོད་ཅིའི་ཕྱིར་དུ་ཞེས་དྲིས་པ་དང༌། བདག་ནི་ཁྱིམ་གསར་དུ་ཕུབ་པ་ཞིག་ཁྱིམ་གྱི་བྱ་བ་དག་མ་འཚལ་ཏེ་དུའོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་སྨྲས་པ། ང་ལ་བསོད་སྙོམས་མང་དུ་བྱིན་ན་ཁྱིམ་གྱི་བྱ་བ་རྣམས་ངས་བྱའོ་ཞེས་སྨྲས་པ་དང༌། དེས་ཀྱང་བསོད་སྙོམས་


DTG156_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱིན་ནས་སྦོམ་དགའ་མོས་ཀྱང་དེའི་ཁྱིམ་ཕྱག་དར་བྱས་ཆག་ཆག་གིས་བཏབ་སྣོད་སྦྱད་དག་བཀྲུས་ཏེ་ལེགས་པར་གཞག་ནས་སླར་བསོད་སྙོམས་ཁུར་ཏེ་སོང་ངོ༌། །ཕྱིས་སྐྱེ་དགུའི་བདག་མོ་ཡང་བསོད་སྙོམས་ལ་ཞུགས་པ་དང་ཁྱིམ་བདག་མོ་དེས་སྨྲས་པ་འཕགས་མ་ཁྱིམ་གྱི་བྱ་བ་བདག་མཛོད་ཅིག་ཅེས་བྱས་པ་དང༌། སྐྱེ་དགུའི་བདག་མོས་སྨྲས་པ། སྔོན་རབ་ཏུ་མ་བྱུང་བའི་ཚེ་རྒྱལ་པོ་ཟས་གཙང་མའི་ཁྱིམ་གྱི་བྱ་བ་རྣམས་ངས་བྱས་པ་མ་གཏོགས་པར་གཞན་གྱི་ཁྱིམ་གྱི་བྱ་བ་བྱེད་མ་མྱོང་བའི་སྟེང་དུ། དགེ་སློང་མས་ཁྱོད་ཀྱི་ཁྱིམ་གྱི་བྱ་བ་བྱེད་ན་ཁྱོད་ལ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་ལོ་ཞེས་སྨྲས་པ་དང༌། དེས་སྨྲས་པ། འོ་ན་སྦོམ་དགའ་མོས་ངའི་ཁྱིམ་གྱི་བྱ་བ་མང་དུ་བྱས་སོ་ཞེས་རྒྱས་པར་སྨྲས་སོ། །དེ་ནས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་གྱི་བྱ་བ་བྱེད་ན་ལྟུང་བའོ། །དགེ་སློང་མས་ཁྱིམ་གྱི་བྱ་བ་བྱེད་ན་ལྟུང་བར་འགྱུར་རོ། །བདག་གི་གཉེན་ཡིན་ན་ཉེས་མེད་དོ། །ལྟུང་བ་བརྒྱ་ལྔ་བཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་ཉིན་མོ་གནས་པའི་སར་ཁྲིའུ་དང་ཁྲི་སྟན་དག་སློབ་མ་དང་ཉེ་གནས་དགལ་བསྐུར་ཞིང་དེ་ལ་བདག་འདུག་ན་བསྙེན་བཀུར་བྱེད་པ་བདག་གིར་བྱེད་པ་ལས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཁྲི་ལ་འདུག་ཅིང་བསྙེན་བཀུར་བྱེད་པ་བདག་གིར་བྱེད་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་མ་དང་ཉེ་གནས་དང་སློབ་མ་དག་ཁྲི་སྟན་ཡང་མང་དུ་སྐྱེད་ཅིང་དེ་ལ་བདག་འདུག་པར་བྱེད་དམ། དེ་ལ་བདག་གིར་བསྙེན་བཀུར་ཉམས་སུ་ལེན་ན་ལྟུང་བའོ། །ན་བ་དང་རྒན་མོ་ལ་ཉེས་མེད། ལྟུང་བ་བརྒྱ་ལྔ་བཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། གཙུག་དགའ་མོ་ལས་བཅས་ཏེ། དེའི་གླེང་གཞི་ཡང་གོང་མ་ཁྱིམ་གྱི་བྱ་བ་བྱེད་པ་དང་འདྲ་སྟེ། དགེ་སློང་མས་བལ་འཁལ་ན་ལྟུང་བར་འགྱུར་རོ། །ལྐོག་ཏུ་དབེན་པར་འདུག་སྟེ། རྒྱ་ཅང་དང༌། ལྕག་པོ་དང་གླེགས་ཐག་ཙམ་འཁལ་ཞིང་འཐག་སྟེ། དགེ་སློང་ཕའི་བྱ་བར་བསམས་ན་ཉེས་མེད་དོ། །ཡང་དགེ་སློང་མ་བལ་འཁལ་ན་ལྟུང་པའོ། །ལྟུང་བ་


DTG156_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལྔ་བཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་གདུགས་ཐོགས་ཤིང་གྲོང་དུ་འཇུག་པ་ལས་ཁྱིམ་པས་འཕྱ་སྟེ་བཅས། ཡང་དགེ་སློང་མ་གང་གདུགས་འཆང་ན་ལྟུང་བའོ། །དགེ་སློང་མས་གདུགས་ཐོགས་ཤིང་གྲོང་དུ་འགྲོ་ན་ལྟུང་བའོ། །ལྟུང་བ་བརྒྱ་ལྔ་བཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་མཆིལ་ལྷམ་རྩེག་མ་རི་མོ་ཁྲ་བོས་བྲིས་པ་གཡོན་ནས་ཁྱིམ་པའི་གྲོང་དུ་འཇུག་པ་ལས་ཁྱིམ་པས་འཕྱ་སྟེ་བཅས། ཡང་དགེ་སློང་མ་གང་མཆིལ་ལྷམ་ཁྲ་བོ་བྱས་ཏེ་འཆང་ན་ལྟུང་བའོ། །དགེ་སློང་མས་མཆིལ་ལྷམ་རྩེག་མ་རི་མོ་ཅན་ཁྲོ་བོར་བྱས་ཏེ་འཆང་ངམ་གྱོན་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་ལྔ་བཅུ་དགུ་པ་རྫོགས་སོ།། །།མདོར་བསྟན་པ་ནི། ལག་པ་འབྲུམ་བུ་བྱུང་བ་དང༌། །དགེ་སློང་མ་ཡི་འཕྱོན་མ་དང༌། །དགེ་སློང་མ་ནི་ཕྱིར་མི་གཞུག །དགེ་སློང་མ་དང་དགེ་ཚུལ་མ། །ཁྱིམ་བདག་མོ་ཡང་ཕྱིར་མི་གཞུག །ཀུན་དུ་རྒྱུ་མོ་དེ་བཞིན་ནོ། །སྤོས་དང་ཏིལ་གྱི་ཚིགས་མས་སྐུད། །རྟག་ཏུ་བསུག་པར་མི་བྱའོ། །སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་དགེ་སློང་མ་གཙུག་དགའ་མོ་དབུང་པ་ལ་རྨ་ཞིག་བྱུང་བ་ལས། དེ་སྨན་པ་ལ་འཆིང་དུ་བཅུག་པ་ལས་སྨན་པ་དེ་ལ་ཆགས་ཏེ། ཡང་དང་ཡང་འཆིང་ཞིང་འགྲོལ་དུ་བཅུག་པ་ལས། སྨན་པ་ཁྲོས་ཏེ་མགོ་རེག་མ་ཁྱོད་ལ་སྨན་བྱེད་པ་སུ་སྤྲོ་ཞེས་ལངས་ཏེ་སོང་ངོ༌། །དེ་ནས་དགེ་སློང་མ་དག་གིས་གཙུག་དགའ་མོ་ལ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་ཅེས་དྲིས་པ་དང༌། དེས་སྨྲས་པ་སྐྱེས་པ་དང་ཅུང་ཞིག་ལྷན་ཅིག་འདུག་ཅིང་རེག་ན་བདེ་འོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་བའི་དགེ་སློང་མ་དག་ཁྱོད་གཙུབ་ཤིང་དང་འདྲ་སྟེ། འདི་ལྟར་ཆགས་སོ་ཞེས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་ལག་པ་ལ་འབྲུམ་བུ་བྱུང་བ་སྐྱེས་པ་ལ་ཡང་དང་ཡང་བཅིངས་པ་འགྲོལ་དུ་བཅུག་ན་ལྟུང་བའོ། །དགེ་སློང་མས་ལུས་ལ་རྨ་བྱུང་བ་ཆགས་པའི་སེམས་ཀྱིས་སྐྱེས་པ་ལ་ཡང་དང་བཅིངས་པ་འགྲོལ་དུ་བཅུག་ན་ཐམས་ཅད་དུ་འང་ལྟུང་བར་འགྱུར་རོ། །ཕ་དང་བུ་དང་གཉེན་ལ་གཉེན་པའི་དྲན་པས་འཆིང་དུ་


DTG156_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ན་ཉེས་མེད་དོ། །ལྟུང་བ་བརྒྱ་དྲུག་ཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བུད་མེད་སྨད་འཚོང་མ་གཅིག་རབ་ཏུ་བྱུང་ངོ༌། །དེ་ནས་བུད་མེད་དེ་རབ་ཏུ་བྱུང་ངོ་ཞེས་སྔོན་རྩེ་རྩེ་བའི་སྐྱེས་བུ་དག་ཐོས་པ་དང༌། ད་ནི་གོས་དང་ཟས་ཀྱང་སྦྱར་མི་དགོས་པར་ཡོངས་སུ་སྤྱད་དོ་ཞེས་དགེ་སློང་མའི་དབྱར་མོ་ཁང་དུ་འོངས་ནས་དེ་དང་སྟེག་ཅིང་དུས་དག་འདེབས་པ་ལས་དོན་ཉུང་དུ་མས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་བུད་མེད་འཕྱོན་མ་རབ་ཏུ་འབྱིན་ན་ལྟུང་བའོ། །མི་ཤེས་པ་ལ་ཉེས་མེད་དེ་རབ་ཏུ་ཕྱུང་བའི་འོག་ཏུ་ཡུལ་གཞན་དུ་བཀར་བར་བྱའོ། །ལྟུང་བ་བརྒྱ་དྲུག་ཅུ་གཅིག་པ་རྫོགས་སོ།། །།སྟོན་པ་ཡུལ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་དགེ་སློང་མ་གྲོགས་མོ་བདག་གི་ལུས་མར་དང་བག་ཕྱེས་ཕྱིར་བཅུག་པ་དང༌། དེ་དག་གིས་ཅི་བྱ་ཞེས་དྲིས་ན། འདི་ལྟར་ཕྱིས་ན་ལུས་འཇམ་ཞིང་དཀར་བས་འདོད་པ་ཅན་དག་གི་སྙིང་དགར་གཞུག་གོ་ཞེས་སྨྲས་པ་དང་དོན་ཉུང་དུ་མ་དག་གིས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་མ་ལུས་ཕྱིར་འཇུག་ན་ལྟུང་བའོ། །དགེ་སློང་མས་བཟང་དུ་འདོད་པའི་ཕྱིར་དགེ་སློང་མ་ལུས་ཕྱིར་འཇུག་ན་ལྟུང་བའོ། །ལྟུང་བ་བརྒྱ་དྲུག་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་དགེ་སློང་མ་ལུས་འཕྱིར་བཅུག་པ་ལས་བཅས། ཡང་དགེ་སློང་མ་གང་དགེ་སློང་མ་ལུས་འཕྱིར་འཇུག་ན་ལྟུང་བའོ། །འདི་ཡང་ལྟུང་བའི་ཁྱད་པར་གོང་མ་དང་འདྲའོ། །ལྟུང་བ་བརྒྱ་དྲུག་ཅུ་གསུམ་པ་རྫོགས་སོ།། །། སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་དགེ་ཚུལ་མ་ལུས་འཕྱིར་འཇུག་པ་ལས་བཅས། ཡང་དགེ་སློང་མ་གང་ལུས་འཕྱིར་འཇུག་ན་ལྟུང་བའོ། །འདི་ཡང་ལྟུང་བའི་ཁྱད་པར་གོང་མ་དང་འདྲའོ། །ལྟུང་བ་བརྒྱ་དྲུག་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བསམས་པ། དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལས་འཕྱིར་འཇུག་ཏུ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་ན། ཁྱིམ་བདག་མོ་འཕྱིར་གཞུག་ན་ཉེས་མེད་སྙམ་དུ་བསམས་ཏེ། ཁྱིམ་བདག་མོ་ལུས་འཕྱིར་བཅུག་པ་དང༌། དགེ་སློང་མ་དག་གིས་ཅི་བྱ་ཞེས་དྲིས་ན། སྦོམ་


DTG156_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མོས་སྨྲས་པ། ཁྱིམ་མི་མོས་ཕྱིས་པ་ལ་ཉེས་མེད་དོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་མ་དག་གིས་འཕྱས་ཏེ་བཅས་སོ། །ཡང་དགེ་སློང་མ་གང་ཁྱིམ་བདག་མོ་འཕྱིར་འཇུག་ན་ལྟུང་བའོ། །དགེ་སློང་མས་ཁྱིམ་བདག་མོ་ལ་འཕྱིར་འཇུག་ན་འང་ལྟུང་བའོ། །བཟང་དུ་རེ་བའི་བསམ་བས་ཕུ་ནུ་མོ་དག་འཕྱིར་འཇུག་ན་ལྟུང་བའོ། །མ་དང་ཕུ་ནུ་མོ་དང་བུ་མོ་བདག་ན་བ་ལ་ཕན་པས་འཕྱིར་བཅུག་པ་ལ་ཉེས་མེད། ལྟུང་བ་བརྒྱ་དྲུག་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོང་པ་ན་སྟེ། སྦོམ་དགའ་མོས་ཀུན་དུ་རྒྱུ་མོ་ལ་ལུས་འཕྱིར་བཅུག་པ་ལས་བཅས། ཡང་དགེ་སློང་མ་གང་ཀུན་དུ་རྒྱུ་མོ་ལ་འཕྱིར་བཅུག་ན་ལྟུང་བའོ། །འདིའི་ཁྱད་པར་ཡང་གོང་མ་དང་འདྲའོ། །ཀུན་ཏུ་རྒྱུ་མོ་ཞེས་བྱ་བ་ནི་མུ་སྟེགས་གྲངས་ཅན་ལས་རབ་ཏུ་བྱུང་བའོ། །ལྟུང་བ་བརྒྱ་དྲུག་ཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་ལུས་ལ་སྤོས་ཀྱིས་བསྐུས་པ་དང༌། དགེ་སློང་མ་དག་གིས་སྤོས་ཉུག་སྟེ་ཅི་བྱ་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྨྲས་པ། །ངས་སྐྱེས་པ་དག་འདོད་པ་སྐྱེད་དུ་གཞུག་གོ་ཞེས་སྨྲས་པ་དང་དོན་ཉུང་དུ་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་སྤོས་ཀྱིས་ཉུག་ན་ལྟུང་བའོ། །དགེ་སློང་མ་ལུས་ལ་སྤོས་བསྐུས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ན་བ་ལ་ཕན་པའམ་ཧ་ཅང་དྲི་མི་ཞིམ་པར་གྱུར་པ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་དྲུག་ཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་ཏིལ་གྱི་ཚིགས་མས་ལུས་བསྐུས་ཤིང་མཉེས་པ་དང༌། དགེ་སློང་མ་དག་གིས་ཅི་བྱ་ཞེས་དྲིས་པ་དང༌། འདིས་བསྐུས་ན་ལུས་མཉེན་ཅིང་གཞན་དག་འདོད་པ་སྐྱེད་དུ་གཞུག་གོ་ཞེས་སྨྲས་པ་དང༌། དོན་ཉུང་དུ་མ་དག་གིས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ཏིལ་གྱི་ཚིགས་མས་ཉུག་ན་ལྟུང་བའོ། །དགེ་སློང་མས་ཏིལ་གྱི་ཚིགས་མས་ལུས་ལ་ཉུག་ན་ལྟུང་བའོ། །ནད་བ་ལ་ཕན་ན་ཉེས་མེད་དོ། །ལྟུང་བ་བརྒྱ་དྲུག་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་བཅུ་གཉིས་སྡེ་དག་ཁྲུས་བྱེད་ཅིང་དྲག་ཏུ་ཡང་ནས་ཡང་དུ་བསུག་གོ །དེ་ལྟར་བྱེད་པ་དགེ་སློང་མ་དག་གིས་ཅི་བྱ་ཞེས་དྲིས་པ་དང༌། གོང་དུ་


DTG156_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པ་མར་དང་བག་ཕྱེ་དང་ཏིལ་གྱིས་བསྐུར་ནི་བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། དེ་ཆུས་དྲག་ཏུ་བསུག་ཅིང་བཀྲུས་ལ་ལུས་འཇམ་ཞིང་དཀར་པོར་བྱའོ་ཞེས་སྨྲས་པ་དང་དོན་ཉུང་དུ་མ་དག་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་དྲག་ཏུ་བསུག་ན་ལྟུང་བའོ།། དགེ་སློང་མས་ལུས་དཀར་པོར་བྱ་བའི་ཕྱིར་ཆུས་དྲག་ཏུ་བསུག་ཅིང་བཀྲུས་ན་ལྟུང་བའོ། །ལྟུང་བ་བརྒྱ་དྲུག་ཅུ་དགུ་བ་རྫོགས་སོ།། །།མདོར་བསྟན་པ་ནི། སྐབས་མ་ཕྱེ་བར་འདྲི་བ་དང༌། །ཁྱིམ་པ་རྒྱན་རྣམས་མི་བཅང་དང༌། །ལག་པ་སྦྲེལ་ཞིང་འཁྲུ་བ་དང༌། །གར་བྱེད་གླུ་ལེན་རོལ་མོ་དཀྲོལ། །དགེ་སློང་མ་ཡི་གནས་ཁང་ནས། །གཅིག་པུ་སྤ་བྲང་བྱེད་མི་འགྲོ། །ཨུ་ཤིང་དང་སོ་མངས་དང༌། །སྨྱིག་བཤད་ཆོས་ཀྱི་རྒྱན་མི་བཅང༌། །སྟོན་པ་མཉན་དུ་ཡོད་པ་ན་སྟེ། །སྦོམ་དགའ་མོས་དགེ་སློང་ཕའི་གནས་ཁང་དུ་སོང་ནས་དགེ་སློང་ཅིག་ལ་དེས་སྐབས་མ་ཕྱེ་བར་ཆོས་དག་དྲིས་ནས་དགེ་སློང་དེས་ལན་མ་ཐེགས་ཏེ་སྨ་བབ་པར་གྱུར་པ་བཅོམ་ལྡན་འདས་ཀྱི་སྙན་དུ་བདས་ནས། ད་ཕྱིན་ཆད་དགེ་སློང་མས་སྐབས་མ་ཕྱེ་བར་དགེ་སློང་ཕ་ལ་ཆོས་མ་འདྲི་ཞིག་ཅེས་བསླབ་པ་བཅས་སོ། །ཡང་དགེ་སློང་མ་གང་སྐབས་མ་རྙེད་པར་དགེ་སློང་ཕ་ལ་དྲི་བ་འདྲི་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་གིས་ཆོས་བཤད་པར་གནང་བའི་སྐབས་མ་ཕྱེ་བར་ཤེས་བཞིན་དུ་ཆོས་འདྲི་ནི་ལྟུང་བར་འགྱུར་རོ། །སྔར་བཤད་པར་གསོལ་ཏེ་གནང་བ་ལས་ཆོས་བརྟགས་ཤིང་འདྲི་རྟོག་བྱེད་པ་ལ་ཉེས་མེད་དོ། །ལྟུང་བ་བརྒྱ་བདུན་ཅུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྔ་དྲོ་བསོད་སྙོམས་ལ་སོང་བ་ལས། ཁྱིམ་བདག་ཕྱུག་པོ་ཅིག་གི་སྒོར་ཕྱིན་པ་ནས་ཁྱིམ་བདག་དེ་དག་གི་རྒྱན་བཀྲོལ་ཏེ་བཞག་པ་མཐོང་ནས་བླངས་ཏེ། བདག་གི་ལུས་བརྒྱན་པ་དང༌། ཁྱིམ་བདག་གིས་ངེད་ཀྱི་རྒྱན་དག་གིས་བརྒྱན་ཏེ་ཅི་བྱ་ཞེས་དྲིས་པ་དང༌། སྦོམ་དགའ་མོས་སྨྲས་པ། ངས་ཅི་ཙམ་དུ་བཟང་བ་ལྟ་འོ་ཞེས་བྱས་པ་དང༌། མགོ་རེག་མ་ཁྱོད་ལ་རྒྱན་ཅི་དགོས་རྒྱན་ཡང་བཟང་བ་མེད་ཅེས་འཕྱ་ཞིང་མ་དད་པ་ལས་བཅས། ཡང་དགེ་སློང་མ་གང་ཁྱིམ་པའི་རྒྱན་འཆང་ན་ལྟུང་བའོ། །དགེ་སློང་མ་ཁྱིམ་པའི་ནང་དུ་འགྲོ་ཞིང་རྒྱན་གྱིས་བརྒྱན་ན་


DTG156_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་འང་ལྟུང་བར་འགྱུར་རོ། །རྒྱན་ཞེས་བྱ་བ་ནི་མགོ་རྒྱན་དང་དཔུང་རྒྱན་དང་རྒྱན་སྣ་ཚོགས་ལ་བྱའོ། །ལྟུང་བ་བརྒྱ་བདུན་ཅུ་གཅིག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅུ་གཉིས་སྡེ་དག་ཁྱིམ་མི་མོ་ལྷན་ཅིག་ཆུ་བོ་ཨ་ཙི་ར་རར་དིར་ཁྲུས་རས་མེད་པར་ཆུའི་ནང་དུ་ཞུགས་ཏེ། ལག་པ་དག་སྦྲེལ་ཞིང་ཁྲུས་བྱེད་དེ། ཁྱིམ་མི་མོ་དེ་དག་གིས་མོ་མཚན་ལ་མཛུབ་ཚུགས་དག་བྱེད་ཅིང་གཅིག་ལ་གཅིག་འཕྱས་བཏགས་པ་ལས། ཁྱིམ་མི་མོ་རྣམས་མ་དད་ཅིང་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་ལག་སྦྲེལ་ཏེ་ཁྲུས་བྱེད་ན་ལྟུང་བའོ། །དགེ་སློང་མས་ཁྱིམ་མི་མོ་དང་ལྷན་ཅིག་ཁྲུས་ཕྱེད་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བདུན་ཅུ་གཉིས་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། དེའི་དུས་ན་རྒྱལ་རིགས་དང་བྲམ་ཟེའི་རིགས་མཛའ་སྟེ་དེ་དག་འདུས་ཤིང་རྩེ་སྟེ། འཕོང་རྩལ་དང༌། ལས་སྣ་ཚོགས་དག་གིས་འགྲན་ནོ།། དེ་ལྟར་འགྲན་པ་ལས་རྒྱལ་རིགས་རྣམས་ནི་དམག་འགྱེད་པ་ལ་མཁས་སོ། བྲམ་ཟེའི་རིགས་རྣམས་ནི་གླུ་དང་གར་ལ་མཁས་སོ། །དེ་ནས་རྒྱལ་རིགས་རྣམས་བྲམ་ཟེ་ལ་གྲ་མ་ཐུབ་ནས་དེ་དག་སྦོམ་དགའ་མོའི་གན་དུ་དོང་སྟེ། འཕགས་མ་གར་མཁྱེན་ནམ་ཞེས་དྲིས་སོ། །སྦོམ་དགའ་མོས་ངས་ཤེས་སོ་ཞེས་སྨྲས་པ་དང༌། དེ་དག་གིས་བདག་ཅག་ལ་བསླབ་ཏུ་གསོལ་ཞེས་བྱས་པ་དང༌། ང་ལ་རྔན་པ་ཡོད་ན་རུང་ངོ་ཞེས་སྨྲས་པ་དང༌། དེ་དག་གིས་ཀྱང་རྔན་པ་མང་དུ་བྱིན་ནོ། །དེ་ནས་སྦོམ་དགའ་མོས་གར་ཤ་རྫ་ག་དང༌། ཀེའུར་ལ་སོགས་པ་སྣ་ཚོགས་བསླབས་པས། རྒྱལ་རིགས་ཀྱིས་བྲམ་ཟེ་ལ་འགྲན་ཐུབ་པས། བྲམ་ཟེ་རྣམས་སྦོམ་དགའ་མོ་ལ་འཕྱ་ཞིང་མ་དད་པ་ལས་བཅས། ཡང་དགེ་སློང་མ་གང་གར་བྱེད་ན་ལྟུང་བའོ། །དགེ་སློང་མས་བདག་གར་བྱེད་ན་ལྟུང་བའོ། །གཞན་གར་བྱེད་དུ་བཅུག་ན་འང་ལྟུང་བའོ། །གར་བྱེད་པ་ལ་ལྟ་ན་འང་ལྟུང་བའོ། །དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་བྱེད་དུ་བཅུག་པ་ལ་ཉེས་མེད། ལྟུང་བ་བརྒྱ་བདུན་ཅུ་གསུམ་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། སྦོམ་དགའ་མོས་རྒྱལ་རིགས་དག་ལ་གླུ་བསླབས་པ་ལས། བྲམ་ཟེ་དག་མ་དད་དེ་འཕྱ་བ་ལས་བཅས། ཡང་


DTG156_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་གང་གླུ་ལེན་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲའོ། །དར་མ་ཀློག་པའི་ཚེ་གཏང་རག་སྙེན་པར་ཟེར་བ་ཉེས་མེད། ལྟུང་བ་བརྒྱ་བདུན་ཅུ་བཞི་པ་རྫོགས་སོ།། །།སྟོན་པ་རྒྱལ་པོའི་ཁབ་ན་སྟེ། སྦོམ་དགའ་མོས་རྒྱལ་རིགས་རྣམས་ལ་རོལ་མོའི་ཆ་སྤྱད་དཀྲོལ་ཞིང་ལེན་པ་སྣ་ཚོགས་བསླབས་པ་ལས་བྲམ་ཟེ་རྣམས་མ་དད་ནས་བཅས། ཡང་དགེ་སློང་མ་གང་རོལ་མོའི་ཆ་བྱེད་དཀྲོལ་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲའོ། །ལྟུང་བ་བརྒྱ་བདུན་ཅུ་ལྔ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་གཙུག་དགའ་མོ་ལྔ་དྲོ་བསོད་སྙོམས་ལ་ཞུགས་པ་ལས། དེས་སྐྱེས་པ་ཅིག་བསྡུས་ཏེ་དབྱར་མོ་ཁང་དུ་དུས་བཏབ་པོ། །དེ་ནས་སྐྱེས་པ་དེ་དེའི་ནུབ་མོ་དབྱར་མོ་ཁང་དུ་འོངས་པ་དང༌། དེར་མ་བདེ་ནས་གཙུག་དགའ་མོས་སྨྲ་པ་འདིར་ནི་མི་བདེའོ་ཞེས་བྱས་པ་དང༌། སྐྱེས་པ་ན་རེ་ངའི་ཁང་པར་འདོད་ཞེས་ཟེར་རོ། །གཙུག་དགའ་མོས་སྨྲས་པ་ཁྱོད་ཀྱི་གཉའ་བར་བསྐྱོན་ན་དེར་འདོད་ཞེས་བྱས་པ་དང༌། དེས་ཀྱང་གནའ་བར་བསྐྱོན་ནོ། །དེ་ནས་གཙུག་དགའ་མོས་བསམས་པ། ད་ལྟར་བཙུན་པར་བྱ་ཞིང་ཁ་དྲག་བྱ་བ་ཡང་ཚུལ་ཁྲིམས་འདི་ཡོད་པའི་ཕྱིར་བྱ་བར་ཟད་དེ། ཚུལ་ཁྲིམས་མེད་ན་ཀུན་གྱིས་བརྙས་སྨད་པར་འགྱུར་ཞེས་བསམས་ནས། ད་ནི་རྐུན་པོས་ཁྱེར་རོ་ཞེས་ཀུས་བཏབ་པ་དང༌། བྱི་བོ་འང་ཁྲོས་ནས་ཤིན་ཏུ་བརྡེགས་ཏེ་སོང་ངོ༌། །དེ་ནས་དགེ་སློང་མ་དག་གིས་ཅི་ཉེས་སྨྲས་པ་དང༌། ཇི་ལྟར་གྱུར་བ་ཞིབ་ཏུ་སྨྲས་པ་དང༌། དོན་ཉུང་དུ་མ་དག་གིས་འཕྱ་བ་ལས་བཅས། ཡང་དགེ་སློང་མ་གང་གཅིག་པུ་ཕྱི་རོལ་གྱི་ས་ཕྱོགས་སུ་འགྲོ་ན་ལྟུང་བའོ། །དགེ་སློང་མ་གཅིག་པུ་ཕྱི་རོལ་དུ་འགྲོན་ན་ཆུང་དུ་ན་ནམ་ཕྱི་སར་སོང་ན་འང་ལྟུང་བའོ། །ཁང་པ་རྩེག་མའི་ཡང་ཏོག་ཏུ་གཅིག་པུ་འགྲོ་ན་ཉེས་པ་མེད་དོ། །ལྟུང་བ་བརྒྱ་བདུན་ཅུ་དྲུག་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅུ་གཉིས་སྡེ་དག་ཨུ་ཤིར་རའི་སོ་མངས་འཆང་ཞིང་སྐྲ་བཤད་དེ་ཕྱིལ་ཕྱིལ་པོར་བྱས་པ་ལས། དགེ་སློང་མ་དག་གིས་ཅིའི་ཕྱིར་དེ་ལྟར་བྱེད། གཞན་དག་འདོད་པ་སྐྱེད་སྐྱེད་པའི་ཕྱིར་རོ་ཞེས་བྱས་པ་དང༌། དོན་ཉུང་དུ་མ་དག་འཕྱ་བ་ལས་


DTG156_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། ཡང་དགེ་སློང་མ་གང་ཨུ་ཤི་རའི་སོ་མངས་འཆང་ན་ལྟུང་བའོ། །དགེ་སློང་མས་ཨུ་ཤི་རའི་སོ་མངས་འཆང་ན་ལྟུང་བ་སྟེ། ཨུ་ཤི་ར་ཞེས་བྱ་བ་ནི་གྲེས་མའི་རྩ་བ་ལས་བྱས་པའི། །ལྟུང་བ་བརྒྱ་བདུན་ཅུ་བདུན་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅུ་གཉིས་སྡེ་མོ་རྣམས་ཨུ་ཤི་རའི་སོ་མངས་འཆང་དུ་མི་སྟེར་བ་དང་སོ་མངས་གཞན་དག་བཅངས་པ་ལས་བཅས། ཡང་དགེ་སློང་མ་གང་སོ་མངས་འཆང་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲ་བས་བཤད་པ་མ་བྱས་སོ། །ལྟུང་བ་བརྒྱ་བདུན་ཅུ་བརྒྱད་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། བཅུ་གཉིས་སྡེ་མོ་རྣམས་སོ་མངས་སྔ་མ་དེ་དག་མ་གནང་བ་དང་སྨྱིག་བཤད་བཅངས་ན་ཉེས་པ་མེད་དོ་སྙམ་དུ་བསམས་ཏེ་འཆང་བ་ལས་བཅས་སོ། །ཡང་དགེ་སློང་མ་གང་སྨྱིག་བཤད་འཆང་ན་ལྟུང་བའོ། །ལྟུང་བའི་ཁྱད་པར་ནི་གོང་མ་དང་འདྲ་སྟེ། སྨྱིག་བཤད་ཅེས་བྱ་བ་ནི་སྨིག་མའི་རྩ་བ་ཤད་ཤད་པོ་ལ་བྱའོ། །ལྟུང་བ་བརྒྱ་བདུན་ཅུ་དགུ་པ་རྫོགས་སོ།། །།སྟོན་པ་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོས་བསམས་པ། བདག་གིས་སྡན་ཆད་གཞན་ནི་ཅི་ཡང་བྱས་ན་ཆོས་ཀྱི་རྒྱན་གྱིས་མ་བརྒྱན་ཏོ་སྙམ་ནས་དེས་བདག་གི་ལུས་བསྐུ་བྱུག་ལ་སོགས་པ་བྱས་ཏེ་བརྒན་ནས་ཁང་པའི་སྒོར་སྨད་འཚོང་མའི་རྒྱལ་མཚན་བསྒྲེང་བ་དང༌། དེར་སྐྱེས་པ་དག་འོངས་ཏེ་ཀྱེ་བཟང་མོ་ཉིན་གླ་ཇི་ཙམ་ཞེས་དྲིས་པ་དང༌། དེས་སྨྲས་པ་ཀཱརའ་ཥཱ་པ་ཎ་ལྔ་བརྒྱའོ་ཞེས་བྱས་པ་དང༌། དེ་དག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་ཁང་བའི་ནང་དུ་འདོང་ཞེས་བྱས་པ་དང༌། སྦོམ་དགའ་མོས་བསམས་པ། བདག་ད་ལྟར་ཀུན་གྱིས་བཙུན་པར་བྱ་ཞིང་བསྙེན་བཀུར་བྱེད་པ་ཐམས་ཅད་ཀྱང་ཚུལ་ཁྲིམས་འདི་ཡོད་པའི་ཡོན་ཏན་ཏེ། གལ་ཏེ་ཚུལ་ཁྲིམས་འདི་དྲལ་ན་ནི་ཀུན་གྱིས་སྨད་ཅིང་བརྙས་པར་འགྱུར་རོ་སྙམ་བསམས་ནས། ཀཱར་ཥཱ་པ་ཎ་ཁྱེར་བཞིན་དུ་བྲོས་པ་ལས་དེ་དག་གིས་བསྙེགས་ཏེ་ཟིན་ནས་ཐོར་ཏོ་ལས་དྲངས་པ་དང་སྐྲ་བརྙན་ལྷུང་བས་མགོ་རེག་མ་མ་རུངས་མ་འདི་ཞེས་མི་སྙན་པ་ཟེར་བ་ལས་དགེ་སློང་མ་དག་གིས་ཐོས་ནས་འཕྱ་བ་ལས་བཅས་སོ། །ཡང་དགེ་སློང་མ་གང་ཆོས་ཀྱི་རྒྱན་འཆང་ན་ལྟུང་བའོ། །དེ་ལ་ཆོས་ཀྱི་རྒྱན་ཞེས་བྱ་བ་ནི་སྐྲ་བརྙན་ལ་བྱ་སྟེ། དགེ་


DTG156_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མས་སྐྲ་བརྣན་འཆང་ངམ་བྱས་ན་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱ་བརྒྱད་ཅུ་པ་རྫོགས་སོ།། །།བརྒྱ་རྩ་བརྒྱད་པོ་འདི་དག་ལ། །གཞན་ཡང་བདུན་ཅུ་གཉིས་ཀྱིས་བསྣན། །དགེ་སློང་ལྟུང་བ་བསྡོམས་ན་ནི། །བརྒྱ་དང་བརྒྱད་ཅུར་འདྲེས་པ་ཡིན། །སྐྲོད་པ་དང་ནི་ཡང་ཡང་དང༌། །བཟང་པོ་གནས་དང་སྨན་བྱེད་གནས་གཉིས་དང༌། །གདེང་མེད་ལོ་མ་སྟང་དང་རས་ཆེན་དང༌། །དགུ་བཅུ་པོ་ལས་བཅོ་བརྒྱད་འདི་བཀོལ་ཏེ། །བུད་མེད་ཀྱི་དང་ཐུན་མོང་མ་ཡིན་ནོ། །ལྷག་མ་འདི་དག་བྱ་བར་བྱའོ། །ཞེས་བྱ་བ་ནི་དགེ་སློང་མའི་ལྟུང་བ་བརྒྱ་བརྒྱད་ཅུར་གཞག་པ་དེ། དགེ་སློང་གི་ལྟུང་བ་དགུ་བཅུ་དགུ་ལས་ལོགས་ཤིག་ཏུ་ཐུན་མོང་མ་ཡིན་པའི་ལྟུང་བ་བརྒྱ་རྩ་བརྒྱད་ཡོད་པར་བསྟན་ཞིང༌། དགེ་སློང་དག་གི་ལྟུང་བ་དགུ་བཅུ་ལས། གང་དག་ནི་དགེ་སློང་མའི་བསླབ་པ་ཡིན། གང་དག་ནི་མ་ཡིན་པར་དབྱེ་ཞིང་བརྒྱད་ཅུར་བསྡུ་བའི་ཚུལ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨོས་སོ། །དེ་ལ་བརྒྱ་རྩ་བརྒྱད་པོ་འདི་དག་ལ། །གཞན་ཡང་བདུན་ཅུ་གཉིས་ཀྱིས་བསྣན་ཞེས་བྱ་བ་ནི་དགེ་སློང་གི་བསླབ་པ་དང་ཐུན་མོང་མ་ཡིན་པ་སོགས་སྐྱ་ཟ་ན་ལྟུང་བར་འགྱུར་བ་མན་ཆད་བརྒྱ་རྩ་བརྒྱད་ཡོད་པའི་སྟེང་དུ། དགེ་སློང་གི་ལྟུང་བ་དགུ་བཅུ་ལས་བཅོ་བརྒྱད་བཏོན་ཏེ་བདུན་ཅུ་གཉིས་ཀྱིས་བསྣན་ན། བརྒྱ་བརྒྱད་ཅུར་བསྟན་པ་ཡིན་ཏེ། ལྟུང་བ་དགུ་བཅུ་ལས་བཅོ་བརྒྱད་བཏོན་ན་ནི་ཐུན་མོང་མ་ཡིན་པ་ལ་བརྒྱ་རྩ་བརྒྱད་དུ་མེད་དེ། ཅིའི་ཕྱིར་ཞེ་ན། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་མི་རློབ་ན་ལྟུང་བའོ་ཞེས་པ་དེ། སྔར་གོང་དུ་སྤང་བའི་ལྟུང་བའི་སྐབས་སུ་ཡང་བཤད་ཟིན་ལ། དེ་ཉིད་སྡོམ་གྱི་ཚིགས་སུ་བཅད་པ་ལས་ཀྱང་མི་འབྱུང་སྟེ། ལྟུང་བ་དེ་གཅིག་ལྷག་པའི་ཕྱིར་བརྒྱ་རྩ་བརྒྱད་དུ་མེད་དོ། །འོག་ནས་གདེང་མེད་གཏོགས་པར་བཅོ་བརྒྱད་བཀོལ་ལོ་ཞེས་འབྱུང་མོད་ཀྱི་གདེང་མེད་ནི་བཀོལ་དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན་གོང་དུ་སྔོན་གྱི་ཚིག་སུ་བཅད་པ་ལས་ཀྱང་བྱུང་ལ། ལྷག་མ་མེད་པའི་ཕྱིར་ཏེ་དེ་ལྟར་ན་ཐུན་མོང་མ་ཡིན་པ་བརྒྱ་རྩ་བདུན་གྱི་སྟེང་དུ་ཐུན་མོང་གི་ལྟུང་བ་བདུན་ཅུ་རྩ་གསུམ་གྱིས་བསྣན་ཅིང་བརྒྱ་བརྒྱད་ཅུར་བསྐང་དགོས་སོ། །སྐྲོད་པ་དང་ནི་ཡང་ཡང་དང༌།


DTG156_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་གནས་དང་སྨན་བྱེད་གནས་གཉིས་དང༌། །གདེང་ཞེས་བྱ་བ་ཡིན་ཏེ། བཅོ་བརྒྱད་པོ་དེ་དག་དགེ་སློང་མ་དང་འདི་བཀོལ་ཏེ། །ཞེས་བྱ་བ་ནི་དགེ་སློང་གི་ལྟུང་བ་དགུ་བཅུ་ལས་བཅུ་ཕུང་གཉིས་པ་དགེ་སློང་མའི་ཚོགས་ཀྱི་སྟེང་དུ་བརྒྱད་པོ་འདི་བསྣན་ཏེ། སྤྱིར་བཅོ་བརྒྱད་བཀོལ་བར་བྱའོ་ཞེས་བསྟན་པ་སྟེ། གདེང་མེད་བཀོལ་དུ་མི་རུང་བའི་གཏན་ཚིགས་ནི་སྔར་བཤད་པ་བཞིན་ནོ། །ཅིའི་ཕྱིར་འདི་རྣམས་བཀོལ་ཞེ་ན། དེའི་ཕྱིར་བུད་མེད་ཀྱི་དང་ཐུན་མོང་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། བཅོ་བརྒྱད་པོ་དེ་དག་དགེ་སློང་མ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའོ། །ལྷག་མ་འདི་དག་བྱ་བ་བྱའོ་ཞེས་བྱ་བ་ནི་བཅོ་བརྒྱད་པོ་དེ་དག་ལས་གཞན་པ་རྣམས་ནི་དགེ་སློང་མའི་བསླབ་པར་གཏོགས་པར་བསྟན་པའོ། །འཕགས་མ་དག་བདག་གིས་ལྟུང་བ་བརྒྱ་བརྒྱད་ཅུ་དག་བཤད་ཟིན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་ཞིང་ཉན་པའི་འཁོར་རྣམས་སྤྲོ་བ་སྐྱེད་པའོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ན་ཡོངས་སུ་དག་པར་གནས་སམ་ཞེས་དྲིའོ། །ཅི་འདི་ནི་ཡོངས་སུ་དག་པར་གནས་སམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ན་འཕགས་མ་དག་ཡོངས་སུ་དག་ན་གང་གི་ཕྱིར་ཅང་མི་སྨྲ་བར་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་ཡོངས་སུ་དག་པ་དྲི་བ་སྟེ་གོ་སླ་བསམ་མ་བཤད་དོ། །ལྟུང་བའི་དངོས་པོ་རྣམས་བསྟན་པ་ལ་རྣམ་པར་ལྔར་ཕྱེ་བའི་གསུམ་སྟེ། ལྟུང་བའི་སྡེའི་བཤད་པ་རྣམས་རྫོགས་སོ།། །།ལྟུང་བའི་དངོས་པོ་བསྟན་པ་ལ་རྣམ་པ་སྔར་ཕྱེ་བའི་བཞི་པ་སྟེ། སོ་སོར་བཤགས་པའི་སྡེ་ཞེས་བྱ་བ་འདིར་སྟོན་གཏེ། དེའི་ཕྱིར་མངོན་བསྟན་པ་ནི། འོ་མ་ཞོ་དང་མར་སར་དང༌། མར་དང་འབྲུ་མར་བུ་རམ་དང༌། །སྦྲང་རྩི་དང་ནི་ཤ་དང་ཉ། །ཤ་སྐམ་སློབ་པ་དེས་བྱས་པའོ། །ཞེས་གསུངས་ཏེ། དེ་ལ་འོ་མ་ཞེས་བྱ་བའི་གླེང་གཞི་ནི་སྟོན་པ་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་བཅུ་གཉིས་སྡེ་མོ་དག་བུད་མེད་ཀྱི་ཡེབ་རྔམ་གྱིས། གཞན་གྱི་ཁྱིམ་ནས་འོ་མ་བླངས་ཏེ་ཡོངས་སུ་སྦྱོད་དོ། དེ་ལ་འོ་མ་སློང་བའི་ཕྱིར་ལུང་འབོགས་པ་དང་ཀློག་པ་དང་ཁ་ཏོན་དང་རྣལ་འབྱོར་དང་ཡིད་ལ་བྱེད་པ་དྲན་རང་གི་སེམས་ཀྱི་ཞིག་གནས་གཏོང་བར་གྱུར་ནས། དོན་ཉུང་དུ་མའི་དགེ་སློང་མ་དག་འཕྱ་བར་


DTG156_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་བར་དུ་སྟེ། དེ་ལྟ་བུའི་རྣམ་པ་དག་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མི་བྱའོ། །ཕྱིས་ཉོ་བར་བྱེད་དེ། དེ་ཉིད་ཉེས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོ་བར་མི་བྱའོ་གཉེན་རྣམས་ལ་སློང་བར་བྱེད་པ་དང༌། །དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཀའ་སྩལ་པ། བླང་བར་མི་བྱའོ་ཞེས་པ་ནས་དགེ་སློང་མ་ནད་པ་གཞན་ཞིག་སྨན་པས་འོ་མ་འཐུངས་ཤིག་ཅེས་བསྒོ་བ་དང༌། དེས་སྨྲས་པ། བཞིན་བཟངས་བདག་ཤིའོ། །སྨན་པས་སྨྲས་པ་ཅིའི་ཕྱིར། །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ༌། །སྨན་པས་སྨྲས་པ། ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཏེ་གནང་བར་འགྱུར་རོ། །དེ་ལྟ་བུའི་རྣམ་པ་དགེ་སློང་མ་གང་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་བར་གྱུར་ན་སྨན་པའི་ལུང་གིས་སྨན་ནི་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ནས་སྦོམ་དགའ་མོ་ནའང་དུ་རུང་མིན་འང་རུང་གཞན་གྱི་ཁྱིམ་ནས་འོ་མ་བླངས་ཏེ་ཡོངས་སུ་སྤྱད་དོ། །དེ་ལྟ་བུའི་རྣམ་པ་བཅོམ་ལྡན་འདས་ལ་གསོལ་བ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ནས་བསླབ་པ་བཅས་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་མིན་པར་བདག་གི་ཕྱིར་གཞན་གྱི་ཁྱིམ་ནས་འོ་མ་བླངས་ཏེ་འཐུངས་ན་དགེ་སློང་མ་དེ་དགེ་སློང་མའི་དབྱར་མོ་ཁང་དུ་སོང་སྟེ། །དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་སྨད་པའི་གནས་སུ་གྱུར་ནས་མི་རིགས་པ་སོ་སོར་བཤགས་པའི་ཆོས་དེ་སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་སོ་སོར་བཤགས་པར་བྱའོ། །ཡང་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་ལུས་ཀྱི་ཕྱིར་རོ། །མི་ན་བ་ནི་ནད་མེད་པའོ། །ཁྱིམ་ནི་བྲམ་ཟེ་དང༌། ཁྱིམ་བདག་གི་གནས་སོ། །འོ་མ་ནི་འོ་མ་ལྔ་སྟེ། བའི་འོ་མ་དང༌། མ་ཧེའི་འོ་མ་དང༌། རྔ་མོ་དང༌། ར་དང༌། ལུག་གི་འོ་མ་དང་ལྔའོ། །བསླངས་པ་ནི་གསོལ་བ་བཏབ་པའོ། །འཐུངས་ཞེས་བྱ་བ་ནི་མིད་པར་མིད་པའོ། །དགེ་སློང་མ་དེ་ཞེས་པ་ནི་གང་དགེ་སློང་མར་གྱུར་པའོ། །དབྱར་མོ་ཁང་དུ་སོང་ཞེས་པ་ནི་གཙུག་ལག་ཁང་དུའོ། །དགེ་སློང་མ་རྣམས་ལ་ཞེས་པ་ནི་ཆོས་འདི་ལ་སོ་སོར་


DTG156_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱ་བའོ། །བདག་སྨད་པའི་གནས་སུ་གྱུར་ཅེས་བྱ་བ་ནི་འདི་དགེ་སློང་མས་བྱ་བ་མ་ཡིན་པས་སོ། །མི་རིགས་པ་ནི་དགེ་སློང་མས་བྱས་པར་མི་རིགས་པའོ། །སོ་སོར་བཤགས་པར་བྱ་བའི་ཆོས་དེ་སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཞེས་པ་ནི་ཀུན་ལས་བཤགས་པའི་ཕྱིར་རོ། །ཆོས་འདི་སོ་སོར་བཤགས་པར་བྱའོ་ཞེས་པ་ནི་ངེས་པར་བཤགས་པར་བྱ་བའི་ཕྱིར་རོ། །དེ་ལ་ཉེས་པ་ཇི་ལྟ་བུར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་དུ་འོ་མ་བླངས་པས་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཐོབ་ན་ཉེས་བྱས་སོ། །ཡོངས་སུ་སྤྱད་ན་ཉེས་པ་སོ་སོར་བཤགས་པར་འགྱུར་རོ། །ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་རྣམས་ལ་ཉེས་མེད་དོ།། །།གླེང་གཞི་ནི་སྟོན་པ་མཉན་དུ་ཡོད་པ་ན་སྟེ། ནམ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་འོ་མ་མ་གནང་བ་དེ་ན་ཕྱིས་ཞོ་སློང་བར་བྱེད་པ་ནས་བསླབ་པ་བཅས་པའི་བར་དུ་སྟེ། ཞོ་སློང་དུ་མི་གནང་བ་ཡང་སྔར་སྨོས་དེ་བཞིན་ནོ། །དེ་ལ་འོ་མ་ལྔ་འདིར་ཞོ་ལྔར་རྒྱས་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་བཞིན་དུ་མར་སར་སློང་བ་ལས་བསླབ་པ་བཅས་པའི་བར་དུ་སྟེ། མར་སར་ལྔ་ཡང་གོང་དུ་སྨོས་པའི་འོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མར་སློང་བར་གྱུར་པ་ལས་བསླབ་པ་བཅས་ཏེ། མར་རྣམ་པ་ལྔ་ཡང་གོང་དུ་སྨོས་པའི་འོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། འབྲུ་མར་སློང་བ་ལས་བཅས་ཏེ། འབྲུ་མར་ནི་འབྲུའི་མར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བུ་རམ་སློང་བར་གྱུར་པ་ལས་བཅས་ཏེ། བུ་རམ་ནི་བུ་རམ་ཉིད་དོ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཕྱིས་སྦྲང་རྩི་སློང་བར་གྱུར་པ་ལས་བཅས་ཏེ། སྦྲང་རྩི་ནི་མངར་བའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཕྱིས་ཉ་ཤ་སློང་བར་གྱུར་པ་ལས་བཅས་ཏེ། ཉ་ཤ་ནི་ཆུ་ལ་སྤྱོད་པ་རྣམས་ཀྱིའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་ཕྱིས་ཤ་གཞན་སློང་བར་གྱུར་པ་ལས་བསླབ་པ་བཅས་ཏེ། ཤ་ནི་ཕྱུགས་ལ་སོགས་པའི་ཤའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཕྱིས་ཤ་སྐམ་སློང་བར་གྱུར་པ་ལས་བཅས་ཏེ། ཤ་སྐམ་ནི་ཤ་སྐམ་པོའོ། །བཏུང་བའི་རིམ་པ་དང་གཞན་ནི་འོ་མའི་སྐབས་སུ་སྨོས་པ་དང་མཐུན་ནོ། །


DTG156_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡངས་པ་ཅན་ན་ནམ་གྱི་ཚེ་དེད་དཔོན་སེང་གེ་བདེན་པ་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། དགེ་འདུན་གྱིས་ཀྱང་སྡོམ་པ་བཅས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དེ་དག་ཁྱིམ་དེར་འགྲོ་ཞིང་བསོད་སྙོམས་ལེན་པར་བྱེད་དོ། །དེ་ནས་དགེ་སློང་མ་དག་གིས་ཆེ་ཞེ་དག་བཅོམ་ལྡན་འདས་ཀྱིས་ཁྱིམ་འདིར་བསླབ་པའི་སྡོམ་པ་མ་བཅས་སམ་སྨྲས་པ་དང༌། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་རྣམས་ལ་བཅས་ཀྱི་དགེ་སློང་མ་ལ་ནི་མ་ཡིན་ནོ། །དེ་ནས་དོན་ཉུང་དུ་མའི་དགེ་སློང་མ་དག་འཕྱ་བར་གྱུར་ནས་དེ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལས་བསླབ་པ་བཅས་པའི་བར་དུ་སྟེ། གང་དགེ་འདུན་གྱི་སློབ་པའི་ཁྱིམ་འདི་འདྲ་བར་བསླབ་པའི་སྡོམ་པ་བྱིན་པ་ཤེས་པ་རྣམས་སུ་སྔར་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བསླངས་ནས་འཆོས་སམ་ཟོས་ན་དགེ་སློང་མ་དེ་དག་དགེ་སློང་མའི་དབྱར་མོ་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་སྨད་པའི་གནས་སུ་གྱུར་པ་མི་རིགས་པར་སོ་སོར་བཤགས་པར་བྱ་བའི་ཆོས་ཏེ། སོ་སོར་བཤགས་པར་བྱའོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ།། གང་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །སློབ་པའི་ཁྱིམ་ཞེས་བྱ་བ་ནི་བདེན་པ་མཐོང་བའོ། །བསླབ་པའི་སྡོམ་པ་བྱིན་པ་ཤེས་པ་ནི་གསོལ་བ་དང་གཉིས་སོ། །སྔར་མ་བོས་པ་ནི་སྦྱིན་བདག་གིས་མ་བོས་པའོ། སོང་སྟེ་ཞེས་བྱ་བ་ནི་སློབ་མའི་ཁྱིམ་དུའོ། །རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལག་གིས་སོ། །བཅའ་བ་དང་བཟའ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །འཆོས་སམ་ཟོས་པ་ནི་མིད་པར་མིད་པའོ། །དགེ་སློང་མ་དེ་ཞེས་བྱ་བ་ནི་གང་དགེ་སློང་མར་གྱུར་པའོ། །དབྱར་མོ་ཁང་དུ་ཞེས་པ་ནི་གཙུག་ལག་ཁང་དུའོ། །དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འཕགས་མ་དག་བདག་སྨད་པའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་དགེ་སློང་མས་བྱ་བ་མ་ཡིན་པའི་ཕྱིར་རོ། །མི་རིགས་པ་ཞེས་བྱ་བ་ནི་དགེ་སློང་མ་ལ་རིགས་པར་མི་འགྱུར་བའི་ཕྱིར་ཏེ་རང་བཞིན་


DTG156_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་འཇུག་པའོ། །གཞན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལ་ཉེས་པ་ཇི་ལྟ་བུ་ཞེ་ན། ཅི་ཙམ་དུ་དགེ་སློང་མས་སློབ་པའི་ཁྱིམ་དུ་བསླབ་པའི་སྔོམ་པ་བྱིན་པར་ཤེས་བཞིན་དུ་སྔར་མ་བོས་པར་བདག་ཉིད་སོང་སྟེ་བཅའ་བ་དང་བཟའ་བ་འཆོས་སམ་ཟོས་ན་ཐམས་ཅད་སོ་སོར་བཤགས་པར་འགྱུར་རོ། །གལ་ཏེ་སྔར་བོས་སམ་བསླབ་པའི་སྡོམ་པ་བཤིག་པར་གྱུར་པ་དང༌། ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ནད་ཀྱིས་གཟིར་བ་ལ་ཉེས་པ་མེད་དོ། །འཕགས་མ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་དག་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་གོ་སླ་བསམ་བཤད་དོ། །ལྟུང་བའི་དངོས་པོ་བསྟན་པ་ལ་རྣམ་པ་ལྔར་ཕྱེ་བའི་བཞི་པ་སྟེ་སོ་སོར་བཤགས་པར་བྱ་བའི་སྡེའི་བཤད་པ་རྣམས་རྫོགས་སོ།། །།ལྟུང་བའི་དངོས་པོ་རྣམས་བསྟན་པ་ལ་རྣམ་པ་ལྔར་བྱེ་བའི་ཐ་མ་སྟེ། ཉེས་བྱས་ཀྱི་སྡེ་བསླབ་པའི་ཆོས་མང་པོ་རྣམས་འདིར་སྟོན་ཏེ། དེའི་ཕྱིར། མདོར་བསྟན་པ་ནི། ཆོས་གོས་བསྡམས་པ་གཡོགས་པ་དང༌། །མཆོང་བ་དང་ནི་ལུས་བསྒྱུར་དང༌། །འདུག་པར་བྱ་དང་རྐང་པ་དག །མང་པོ་ཡང་དག་བསྡུས་པ་ཡིན། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་ན་ཏི་ཀའི་འོལ་མ་སེའི་གནས་ན་བཞུགས་ཏེ། དེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་དང་ཤཱ་ཀྱ་མོ་ལྔ་བརྒྱ་ཙམ་སྐྲ་བྲེགས་ནས་གོས་དུར་སྨྲིག་གྱོན་ཏེ་ཡུལ་ན་ཏི་ཀ་གང་ན་དེར་རྒྱུ་ཞིང་སོང་ངོ༌། །རིམ་གྱིས་སྤྱོད་པ་སྤྱོད་ཅིང་ཡུལ་ན་ཏི་ཀའི་འོལ་མ་སེར་ཕྱིན་ཏོ། །ནམ་གྱི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་གཽ་ཏ་མི་ལ་བརྟེན་ནས་ཆོས་དང་འདུལ་བ་འདི་ལ་དགེ་སློང་མ་རྣམས་རབ་ཏུ་བྱུང་བསྙེན་པར་རྫོགས་པར་གནང་བ་དེ་ན། དེ་དག་བདག་ཅག་གིས་གོས་ཇི་ལྟར་བགོ་བ་མི་ཤེས་ནས་དེ་ལྟ་བར་གྱུར་པ་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་ཡང་མ་ཡིན་པ་དང༌། ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ནམ་གྱི་ཚེ་བཅོམ་ལྡན་འདས་ཀྱིས་ཤམ་ཐབས་འདི་ལྟ་བུར་བགོ་བར་བྱའོ་ཞེས་བཀའ་སྩལ་པ། དེ་ན་སྐྱེ་དགུའི་བདག་མོ་ལ་སོགས་


DTG156_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་མ་རང་བཞིན་དུ་གནས་པ་རྣམས་ནི་དེ་བཞིན་དུ་གྱོན་ནོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་བཅུ་གཉིས་སྡེ་མོ་དག་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པ་དང༌། དེ་ལ་དགེ་སློང་མ་དག་གིས་ཅིའི་ཕྱིར་ཁྱེད་ཅག་ཧ་ཅང་རྩེངས་པར་གྱོན་ཞེས་སྨྲས་པ་དང་དེ་དག་གིས་སྨྲས་པ། ཁྱིམ་ན་གནས་པ་ནས་བདག་ཅག་འདི་ལྟར་གོམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཧ་ཅང་རྩེངས་པར་ཡང་བགོ་བར་མི་བྱའོ། །དེ་བཞིན་དུ་ཧ་ཅང་འཇོལ་བར་ཡང་བགོ་བར་མི་བྱའོ་ཞེས་བསླབ་པ་བཅས་པ་དང༌། དེ་དག་དཔྱི་མགོ་ལས་དམའ་བར་ཤམ་ཐབས་གྱོན་པ་དང༌། དགེ་སློང་མ་དག་གིས་ཅིའི་ཕྱིར་ཁྱེད་དཔྱི་མགོ་ལས་དམའ་བར་ཤམ་ཐབས་གྱོན་ཞེས་སྨྲས་པ་དང༌། དེ་དག་འདི་སྐད་དུ་ཁྱིམ་མི་མོ་རྣམས་འདི་ལྟར་གྱོན་ནོ། །དགེ་སློང་མ་དེ་དག་གིས་ཅི་ཁྱེད་ཁྱིམ་མི་མོ་འམ་ཞེས་སྨྲས་སོ། །དེ་ལྟ་བུར་གྱུར་པ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཀའ་སྩལ་པ། ཧ་ཅང་རྩེངས་པ་ཡང་མ་ཡིན། ཧ་ཅང་འཇོལ་བ་ཡང་མ་ཡིན་པ་དང༌། དཔྱི་མགོ་ལས་ཤམ་ཐབས་དམའ་བར་མི་བགོ་བ་དང༌། ཟླུམ་པོར་བགོ་བར་བསླབ་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅུ་གཉིས་སྡེ་མོ་དག་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་བགོས་པ་དང༌། དགེ་སློང་མ་དག་གིས་ཅིའི་ཕྱིར་ཆེ་ཞེ་ཁྱེད་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་གྱོན་ཞེས་པ་དང༌། དེ་དག་འདི་སྐད་དུ་ནོར་ཅན་དང་ཚོད་དཔོན་དང་དེད་དཔོན་རྣམས་འདི་ལྟར་གྱོན་ནོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་སྟེ། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང༌། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང༌། ནས་ཅན་གྱི་ཕུར་མ་ལྟར་མ་ཡིན་པ་དང༌། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་ཤམ་ཐབས་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཀྱང་ཤམ་ཐབས་ཀྱི་གླེང་གཞི་དང་མཐུན་པར་སྦྱར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅུ་གཉིས་སྡེ་མོ་དག་དཔུང་པ་སྒྲེན་མོར་ཕྱུང་སྟེ་ཁྱིམ་གྱི་ནང་དུ་འགྲོ་བ་དང༌། དེ་ལ་དགེ་སློང་མ་དག་གིས་སྨྲས་པ། ཆེ་ཞེ་ཁྱོད་ཅིའི་ཕྱིར་དཔུང་པ་སྒྲེན་མོར་ཕྱུང་སྟེ་འགྲོ། །དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །འཕྱོན་


DTG156_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་དག་གིས་མཐོང་ན་སྙིང་དགའ་བའི་ཕྱིར་རོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་ཏེ་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །ཁྱིམ་གྱི་ནང་དུ་ཡང་སྒྲ་མཐོན་པོ་དང་སྒྲ་ཆེན་པོར་བྱེད་ཅིང་འགྲོ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་བསྐྱུངས་ཏེ་འགྲོ་བར་བྱའོ། །དེ་ནས་ཕྱིས་ཕན་ཚུན་ལྟ་ཞིང་འགྲོ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ཕབ་སྟེ་འགྲོ་བར་བྱའོ། །དེ་ནས་མདུན་གྱིས་མི་མཐོང་བར་འགྲོ་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་ཏེ་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ། །ལེགས་པར་བགོས་པ་དང༌། སྒྲ་བསྐྱུངས་པ་དང༌། མིག་གཟུམ་པར་མི་བྱ་བ་དང༌། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་མགོ་གཡོགས་ཏེ་འགྲོ་བ་དང་དེ་ལ་ཁྱེད་ཅིའི་ཕྱིར་འདི་ལྟར་འགྲོ་ཞེས་དྲིས་པ་དང༌། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ངེད་སྔོན་གྱི་བག་སར་དུ་གྱུར་པ་ན་འདི་འདྲ་བའི་ཕྱིར་རོ། །དེ་དག་གིས་སྨྲས་པ་ཅི་ཁྱེད་ད་ལྟར་ཡང་ཁྱིམ་གྱི་བག་སར་མོ་འམ། དེ་དག་གིས་སྨྲས་པ། ཁྱེད་གང་མི་ཤེས་པ་དེ་བསལ་བར་འགྱུར་ཞིང་ཁྱེད་ཀྱང་བསླབ་པ་ལ་སློབ་པ་འགྱུར་རོ་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོགས་པར་ཁྱིམ་གྱི་ནང་དུ་འགྲོ་བར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་རྣམས་ལག་པ་གཉིས་ཀྱིས་གོང་ལུགས་བརྫེས་ཏེ་འགྲོ་བ་དང། དེ་དག་གིས་ཅིའི་ཕྱིར་ཁྱེད་འདི་ལྟར་འགྲོ་ཞེས་དྲིས་པ་དང༌། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བག་སར་མོ་ངག་འདི་ལྟར་འགྲོའོ། །དེ་དག་གིས་སྨྲས་པ་ཅི་ཁྱེད་བག་སར་མོའམ། བཅུ་གཉིས་སྔ་མོ་དག་གིས་འདི་སྐད་ཅེས་སྨྲས་སོ། །གང་མི་ཤེས་པ་དེ་སྤངས་པར་འགྱུར་ཞིང་ཁྱེད་ཀྱང་བསླབ་པ་ལ་སློབ་པར་འགྱུར་བར་བྱ་བའི་ཕྱིར་རོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྫེས་ཏེ་ཁྱིམ་གྱི་ནང་དུ་འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཆོས་གོས་ཕྲག་པ་ལ་གཟར་ཏེ་འགྲོ་བ་ནས། ཕྱུགས་རྫི་ལ་སོགས་པ་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་


DTG156_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ་ནས་གཟར་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཆོས་གོས་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་དུ་འགྲོ་བ་ནས། བྱིས་པ་དག་བྱིས་པའི་སློབ་པ་ན་སློབ་པའི་ཚེ་འདི་ལྟར་བྱེད་ཅེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉའ་གོང་དུ་མི་བསྣོལ་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཕྲག་པ་གཉི་ག་ལ་གཟར་ཏེ་ཁྱིམ་དུ་འགྲོ་བ་ནས། ཞམ་འབྲིང་བ་དག་འདི་ལྟར་འགྲོའོ་ཞེས་སྨྲས་པའི་བར་དུ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོགས་པ་དང༌། མི་བརྫེ་བ་དང༌། མི་གཟར་བ་དང༌། གཉའ་གོང་དུ་མི་བསྣོལ་བ་དང༌། ཕྲག་པ་ལ་གཟར་བ་དང༌། ཕྲག་པ་གཉི་ག་ལ་མི་གཟར་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་རྐང་པའི་བྲང་བས་འགྲོ་བ་ནས་ནལ་གྱི་བུ་དག་འདི་ལྟར་འགྲོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲང་བས་འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་འཇལ་ཐབས་སུ་འགྲོ་བ་ནས་ཤིང་རྐང་ཅན་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇལ་ཐབས་སུ་འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་ཙོག་པུས་འགྲོ་བ་ནས། ཐུན་བུ་ཐུ་བ་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་སྒུ་སྟེ་འགྲོ་བ་ནས་ཁྱིམ་ཕུག་པ་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་དཀུར་བརྟན་ཏེ་འགྲོ་བ་ནས་ནོར་ཅན་དང་ཚོང་དཔོན་དག་ནི་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲང་བས་མ་ཡིན་པ་དང༌། འཇལ་ཐབས་སུ་མ་ཡིན་པ་དང་ཙོག་པུས་མ་ཡིན་པ་དང༌། སྒུ་སྟེ་མ་ཡིན་པ་དང༌། དཀུར་མི་བརྟན་པར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་


DTG156_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྡེ་མོ་དག་ལུས་བསྒྱུར་ཞིང་འགྲོ་བར་བྱེད་པ་ནས། བ་གླང་མོ་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང༌། ལུས་མི་བསྒྱུར་བར་ཁྱིམ་གྱི་ནང་དུ་འགྲོ་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལག་པ་ཁྱོག་ཅིང་ཁྱིམ་གྱི་ནང་དུ་འགྲོ་བ་ནས། ནོར་ཅན་དང་ཚོང་དཔོན་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་མགོ་བསྒྱུར་ཞིང་ཁྱིམ་གྱི་ནང་དུ་འགྲོ་བ་ནས། སྲོག་ཆགས་རྩངས་པ་དག་ནི་འདི་ལྟར་བྱེད་དོ་ཞེས་པའི་བར་དུ་སྟེ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཕྲག་པ་སྤྲད་ཅིང་ཁྱིམ་དུ་འགྲོ་བ་ནས། ནེའུ་ལྡངས་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལག་པ་སྦྲེལ་ཏེ་ཁྱིམ་དུ་འགྲོ་བ་ནས། ནལ་གྱི་བུ་དག་འདི་ལྟར་འགྲོའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལུས་མི་བསྒྱུར་བ་དང༌། ལ་པ་མི་ཀྱོག་པ་དང༌། མགོ་མི་བསྒྱུར་བ་དང༌། ཕྲག་པ་མི་སྤྲད་པ་དང༌། ལག་པ་མི་སྤྲེལ་བར་ཁྱིམ་པའི་ཁྱིམ་དུ་འགྲོ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པར་བྱེད་པ་དང༌། དེ་དག་འཕྱ་བར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་ཨུ་ད་ཡི་ལ་བརྟེན་ཏེ་མ་བརྟགས་པར་སྟན་ལ་འདུག་པར་མི་བྱའོ་ཞེས་བསླབ་པའི་ཚིག་བཅས་པའི་ཚེ། དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་གྱི་ནང་དུ་སྟན་ལ་མ་བརྟགས་པར་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །ནམ་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་སུ་ཨུ་ད་ཡི་ཉིད་ལ་བརྟེན་ཏེ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པར་མི་བྱ་བའི་བསླབ་པའི་ཚིག་བཅས་པའི་ཚེ་བཅུ་གཉིས་སྡེ་མོ་དག་ཁྱིམ་པའི་ཁྱིམ་དུ་ལུས་ཐམས་ཅད་ཀྱི་


DTG156_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལྗིད་ཀྱིས་ཕབ་སྟེ་འདུག་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་རྐང་པས་རྐང་པ་དག་མནན་ཏེ་ཁྱིམ་པའི་ཁྱིམ་དུ་འདུག་པ་ནས། ནལ་གྱི་བུ་དག་འདི་ལྟར་འདུག་གོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་བརླ་གོང་དུ་བརླས་མནན་ཏེ། ཁྱིམ་གྱི་ནང་དུ་འདུག་པར་བྱེད་པ་ནས་ནོར་ཅན་ཚོང་དཔོན་འདི་ལྟར་འདུག་གོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལོང་བུས་ལོང་བུ་མནན་ཏེ་འདུག་པ་ནས་མྱ་ངན་ཅན་འདི་ལྟར་འདུག་གོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་རྐང་པ་བཀུག་སྟེ་ཁྱིམ་གྱི་ནང་དུ་འདུག་པ་དང༌། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་འོངས་ཏེ་རྐང་པ་ལ་ཕྱག་བྱས་པ་དང༌། དེ་རྐང་པ་བཀུག་པས་དེ་དག་མགོ་ས་ལ་ཐུག་པར་གྱུར་པ་ནས་འཕྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བཀུག་ཏེ་འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་པའི་ཁྱིམ་དུ་རྐང་པ་གདངས་ཏེ་འདུག་པ་དང༌། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་ལྷགས་ཏེ། རྐང་པ་ལ་ཕྱག་བྱས་ནས་བཅུ་གཉིས་སྡེ་མོ་དེ་དག་ཨ་རྒོ་གྱ་ཕྱེད་ལས་མི་སྟེར་ཏོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཨ་རོག་གྱ་རྫོགས་པར་མི་ཟེར། བཅུ་གཉིས་སྡེ་མོས་སྨྲས་པ་ཁྱེད་ཅིའི་ཕྱིར་རྐང་པ་གཅིག་ལ་ཕྱག་འཚལ། དེ་དག་རྐང་པ་གཉིས་པོ་ལ་ཕྱག་འཚལ་ཞིང་འཕྱ་བར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་གདངས་ཏེ་འདུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་པའི་ཁྱིམ་དུ་མདོམས་སྣང་བར་སྟན་ལ་འདུག་པ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་ཕྱག་བྱེད་པའི་ཚེ་འཕྱ་བར་གྱུར་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་མི་འདུག་པ་དང༌། སྟན་ལ་མ་


DTG156_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པར་དང༌། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང༌། རྐང་པ་མི་བསྣོལ་བ་དང༌། བརླ་མི་བསྣོལ་བ་དང༌། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང༌། རྐང་པ་མི་དགུག་པ་དང༌། རྐང་པ་མི་གདངས་པ་དང༌། མདོམས་མི་སྣང་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་པར་བྱའོ་ཞེས་པའི་བར་དུའོ། །མདོར་བསྟན་པ་ནི། ལེགས་པར་བྱས་དང་མ་འོངས་དང༌། །ཙུག་ཙུག་འབྲུ་བྱེད་ཁྲུ་བ་སྦེད། །ལག་པ་དང་ནི་འཕྱས་འདོགས་དང༌། །མ་བཏིང་བ་དང་འགྲེང་སྟེ་མིན། །སངས་རྒྱས་བཅོམ་ལྡན་འདས་ཡུལ་བརྒ་ན་སྦལ་ཀར་རའི་ནགས་ཚལ་འཇིགས་འཇིགས་ལྟན་བཞུགས་ཏེ། དེའི་ཚེ་ན་རྒྱལ་བུ་རྟོགས་ལྡན་གྱིས་སྦལ་ཀར་རིའི་ཁང་བཟངས་སར་པ་ཀོ་ཀ་ན་ད་ལྟ་བུ་བྱས་ཏེ། དེར་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མ་ཐབས་ཅིག་ཏུ་སྤྱན་དྲངས་ཏེ་དེ་ནས་རྒྱལ་བུ་རྟོགས་ལྡན་གྱི་ཁྱིམ་ཚེས་མ་དད་པ་ཤ་དག་སྟེ། དེ་དག་གིས་འབྲས་ཆན་གྱི་གོད་བུས་དགེ་སློང་མ་རྣམས་ལྷུང་བཟེད་ལ་ག་ནས་ཤོར་བའི་ཚུལ་བྱེད་དོ། །དེ་ནས་གནས་དེ་ན་བཅུ་གཉིས་སྡེ་མོ་དག་འཁོད་དོ། །དེ་དག་ཕན་ཚུན་དུ་འདི་སྐད་ཅེས་སྨྲས་སོ། །ཅི་དགའ་མོ་དང་བསྙེན་དགའ་མོ་དག་བུ་གསོད་མའི་བུ་འདི་དག་བདག་ཅག་གིས་བསྐྱང་བར་བྱའོ། །གང་གི་ཚེ་ཁ་ཟས་འདྲིམ་པ་དེའི་ཚེ་ལྷུང་བཟེད་བཟེད་པ་ལྟར་བྱ་སྟེ། ཁ་ཟས་ཀྱིས་འབྲས་ཆན་གྱི་གོང་བུ་དེ་ཡངས་ལ་ལྟུང་ངོ༌། །དོན་ཉུང་དུ་མའི་དགེ་སློང་མ་དག་འཕྱ་བར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཟས་བླང་བར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་གཞན་ཞིག་གི་ཁྱིམ་དུ་སྤྱན་དྲངས་པ་ནས། འབྲས་ཆན་དང་ཚོད་མ་ལྷུང་བཟེད་ནས་ས་ལ་བོ་བའི་ཕྱིར་ཞེས་པའི་བར་དུའོ། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཟས་བླང་བར་བྱའོ་ཞེས་པའི་བར་དུའོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་ཞེས་པ་ནས། ཁྱིམ་གྱི་ནང་དུ་སྤྱན་དྲངས་ཏེ་བཅུ་གཉིས་སྡེ་མོ་དག་ལ་འབྲས་ཆན་དང་ཚོད་མ་མཉམ་པར་བྲིམས་པ་ལས་ཕྱིས་ཀྱང་སློང་བར་བྱེད་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཚོད་མ་དང་རན་པར་བཟའ་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁྱིམ་བདག་གཞན་ཞིག་གི་ཁྱིམ་


DTG156_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟས་ཟ་བའི་ཚེ། ཚོད་མ་དག་འདྲིམ་པ་མི་ལེན་ཏེ་ཕྱིས་རིང་དུ་སོང་བ་དང་པོས་ནས་བླངས་པས་ཚོད་མ་འཁྲུལ་པར་གྱུར་ཏེ། མི་དགའ་བར་གྱུར་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་མཐར་ཆགས་སུ་བསླང་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པར་བྱེད་ནས་མ་དད་པ་འཕྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་གཞག་པར་བྱེད་པ་ནས། དད་པའི་ཁྱིམ་བདག་དག་གཙང་སྦྲར་མི་རུང་ངོ་ཞེས་འཕྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་ཟེད་པར་བྱའོ་ཞེས་པའི་བར་དུའོ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་ཁྱིམ་གྱི་ནང་དུ་སྤྱན་དྲངས་པ་ལས་དེ་ན་འབྲས་ཆན་ནི་མང་ཚོད་མ་ནི་ཉུང་དུ་གྱུར་ནས་འབྲས་ཆན་གྱིས་ཚོད་མ་བཀབ་སྟེ་ཕྱིས་ཡང་སློང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཆན་གྱིས་ཚོད་མ་མི་དགབ་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་གཞན་ཞིག་ཏུ་ཚོད་མ་ནི་མང་འབྲས་ཆན་ནི་ཉུངས་པར་གྱུར་པ་དང༌། ཡང་འདོད་པའི་ཕྱིར་ཚོད་མས་འབྲས་ཆན་དགབ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅུ་གཉིས་སྡེ་མོ་དག་སླེམ་འཕྱོ་ཞིང་ཟན་ཟ་ནས་དད་པའི་ཁྱིམ་བདག་གིས་འདི་བཞིན་དུ་ནི་གཟུགས་གྱིས་འཚོ་བ་དག་ཟ་སྟེ་མི་རིགས་སོ་ཞེས་འཕྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་འབྲས་ཆན་གཅིག་གམ་གཉིས་ནས་འབྲུམ་བུས་ཁར་འཇུག་པ་ནས། ཡིག་འཆུས་པ་དག་ཟས་ཟ་ན་འདི་ལྟར་བྱེད་དོ་ཞེས་སྨྲས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་ཧ་ཅང་ཆུང་བ་མ་ཡིན་ནོ་ཞེས་པའི་བར་


DTG156_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁམ་ལྷག་པར་བསྐྱེད་དེ་ཁར་བཅུག་པ་ནས། ཞིང་པ་དག་འདི་ལྟར་ཟའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན་པ་དང༌། ཁམ་རན་པར་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་གྲོང་དུ་ཟས་ཟ་བའི་ཚེ། དགེ་སློང་མ་རབ་ཏུ་བྱུང་མ་རྒན་མོ་ཞིག་ཁ་གདངས་ཤིང་འདུག་པར་གྱུར་པ་དང༌། དེ་ནས་སྤོམ་དགའ་མོས་དེའི་ཁར་བོང་པ་བཅུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་མ་གཟས་པར་ཁ་མི་གདངས་པར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཟ་ཞིང་སྨྲ་བར་བྱེད་དེ། དེ་ནས་དགེ་སློང་མ་དག་གིས་སྨྲས་པ། ཆེ་ཞེ་ཁྱེད་ཅིའི་ཕྱིར་དེ་ལྟར་བྱེད། དེ་དག་གིས་སྨྲས་པ་མིང་བརྗེད་པར་མི་འགྱུར་བར་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཙུག་ཙུག་བྱེད་ཅིང་ཟས་ཟ་བ་དང༌། དེ་ནས་དགེ་སློང་མ་དག་གིས་ཁྱེད་ཅིའི་ཕྱིར་དེ་ལྟར་བྱེད་ཅེས་སྨྲས་པ་དང༌། དེ་དག་གིས་སྨད་འཚོང་མ་དག་འདི་ལྟར་ཟའོ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གཞན་ཞིག་གིས་སྤྱན་དྲངས་པ་ལས་ཁྱིམ་བདག་དེ་སྣོད་ཉུང་བས་འབྲས་ཆན་སྒྲོམ་དུ་བླུགས་པ་དང་དབྱར་གྱི་དུས་སུ་དྲོད་ཆེ་བར་གྱུར་ཏོ། །བཅུ་གཉིས་སྡེ་མོ་དག་གིས་དེ་བསྟིང་བའི་ཕྱིར་འབྲས་ཆན་འདི་གྲང་གི་དབུགས་ཀྱིས་བསྲོའོ་ཞེས་པ་ནས། ཁྱིམ་བདག་དེས་ཐོས་ནས་སྐྱེངས་ཤིང་མི་དགའ་བར་གྱུར་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧུ་ཧུ་མི་བྱ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ཁྱིམ་བདག་གཞན་ཞིག་གིས་སྤྱན་དྲངས་པ་ལས་ཁྱིམ་བདག་དེ་དབུལ་པོ་ཞིག་སྟེ། དེས་དགུན་གྱི་དུས་སུ་ཁ་ཟས་གྲང་མོ་བྲིམས་པ་དང༌། དེ་དག་གིས་བསྟིང་བའི་ཕྱིར་ཕུ་ཕུ་ཞེས་བྱ་སྟེ་ཟའོ། །དེ་ནས་ཁྱིམ་བདག་དེ་མགོ་སྨད་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དག་བདག་


DTG156_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཚལ་མོད་ཀྱི། བདག་དབུལ་བས་ཇི་ལྟར་བགྱི་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུ་བུ་མི་བྱ་བར་ཟས་བཟའ་བར་བྱ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་གཞན་ཞིག་གིས་སྤྱན་དྲངས་པ་དང༌། དེས་དེ་དག་ལ་ཁ་ཟས་ངན་པ་ཞིག་བྱིན་པ་དང༌། དེ་དག་དེ་ལ་ཁ་ཟས་ཀྱི་བསྔགས་པ་བརྗོད་དོ། །གཞན་ཞིག་གིས་དེ་དག་ལ་ཁ་ཟས་བཟང་པོ་ཞིག་བྱིན་པ་དང༌། དེ་ལ་འཕྱས་འདོགས་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྔགས་པ་དང་འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་མཎྜལ་གྱི་སྟེང་དུ་ཁ་ཟས་གཏོར་ཏེ་འབྲུམ་བུ་རེ་རེ་ནས་བཏུས་ཏེ་ཁར་བཅུག་པ་དང༌། དགེ་སློང་མ་དག་གིས་ཅིའི་ཕྱིར་འདི་ལྟར་བྱེད་ཅེས་དྲིས་པ་དང༌། དེ་དག་གིས་སྨྲས་པ་ཁྱིམ་བྱ་དག་འདི་ལྟར་གཏོར་བ་ལ་ཐུའོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲུ་ནས་ཐ་དད་དུ་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁམ་ཕྱེད་ཙམ་བལྡད་དེ་ལྕེའི་རྩེ་མོར་བཞག་ནས་གཅིག་ལ་གཅིག་སྟོན་ཏེ་ཡང་བལྡད་དམ་ཞེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕེ་ཕྱུང་སྟེ་ཟས་བཟའ་བར་མི་བྱའོ་ཞེས་པའི་བར་དུའོ། །བཅུ་གཉིས་སྡེ་མོ་དག་རྐན་གཏོག་ཅིང་ཟན་ཟ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐན་གཏོགས་ཏེ་ཟན་མི་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཟན་ཁམ་གྱིས་གཅོད་ཅིང་ཟ་སྟེ། དེ་དག་ཁམ་གཅིག་ནི་ཁར་བཅུག །གཉིས་པ་ནི་ལག་པ་ན། གསུམ་པ་ནི་ལྷུང་བཟེད་ན་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང༌། ཁམ་འཕྲོར་མི་གཅད་པར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཟས་ཟ་བའི་ཚེ་མཁུར་བ་ནས་མཁུར་བར་སྤྱོད་པ་ནས། ནད་པ་དི་དག་འདི་ལྟར་ཟའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁུར་བར་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལྗོངས་རྒྱུ་ཞིང་སྤྱོད་པ་ལས་ཆུ་འགྲམ་ཞིག་


DTG156_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གི་དྲུང་དུ་ཕྱིན་ཏེ། དེ་དག་གིས་གནས་དེར་ཆོས་གོས་དག་སྤྲུགས་རྐང་ལག་བཀྲུས་ཏེ་ཟས་ཀྱི་བྱ་བ་བྱེད་པ་ལ་ཞུགས་སོ། །དེ་ནས་ཆུ་འགྲམ་གྱི་ཕ་རོལ་དུ་གཅེར་བུ་མ་དག་གཅིག་ཀྱང་ཕྱིན་ཏེ། ཟས་ཀྱི་བྱ་བ་བྱེད་པ་ལ་ཞུགས་པའི་བར་དུ་སྟེ། དེ་ནས་བཅུ་གཉིས་སྡེ་མོ་དག་རྩེ་བར་བྱ་བའི་བསམ་པས་འོས་སྲུངས་རྫོགས་བྱེད་ཀྱི་མིང་ནས་ཕྱུང་སྟེ། ཟན་གྱི་མཆོད་རྟེན་བྱས་ནས་ལ་ཕུག་གི་སྲོག་ཤིང་བཙུགས་ཏེ་གཅེར་བུ་མ་དེ་དག་ལ་ཁྱེད་ཀྱི་སྟོན་པའི་མཆོད་རྟེན་འདི་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་མཆོད་རྟེན་དེ་ལ་བཅད་ཅིང་ཟ་སྟེ། ཚིག་གཅིག་ཏུ་འདི་སྐད་ཅེས་རྫོགས་བྱེད་ཀྱི་མཆོད་རྟེན་གཞིག་གོ །དེ་ནས་གཅེར་བུ་མ་དེ་དག་ཡིད་མི་དགའ་བ་སྐྱེས་ཏེ། བདག་ཅག་གི་སྟོན་པ་དུས་ལས་འདས་སོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོད་རྟེན་འདྲ་བར་སྦྲུས་ཏེ་མི་བཟའ་བར་བསླབ་པར་ཟས་བཟའ་བར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ཁ་ཟས་ཡོད་བཞིན་དུ་ལག་པ་ལྡག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་མི་ལྡག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ལྷུང་བཟེད་བྱོག་པར་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བྱོག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་སྦོམ་དགའ་མོས་ཁམ་ཁར་བཅུག་ཏེ་ལག་པ་སྤྲུགས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་སྤྲུག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་བདག་ཁྱིམ་གཞན་ཞིག་ཏུ་སྤྱན་དྲངས་པ་དང༌། དེ་ནས་སྦོམ་དགའ་མོས་ཕྱེ་ཞིག་ཐོབ་ནས་ལྷུང་བཟེད་བསིགས་ཏེ་ངའི་ལྷུང་བཟེད་ཀྱིས་བསླངས་པའི་ཚད་འདི་ཡིན་གྱི་ད་རུང་བྱིན་ཅིག་ཅེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་མི་བསྐྱོམ་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་ཁྱིམ་བདག་གཞན་ཞིག་གིས་ཁྱིམ་དུ་དགེ་སློང་མའི་དགེ་འདུན་སྤྱན་དྲངས་ཏེ། དེ་ནས་བཟའ་བ་དང་བཅའ་བ་མང་དུ་སྦྱར་ཏེ་བྲིམས་སོ། །དེ་ནས་བཅུ་གཉིས་སྡེ་མོ་དག་གི་ནང་ན་དགེ་སློང་མ་རྒན་ཞུགས་ཞིག་ཀྱང་འདུག་པར་གྱུར་རོ། །ཁྱིམ་བདག་དེས་ཀྱང་ཐོག་མར་དགེ་སློང་མའི་


DTG156_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་མར་དང་ཕྱེ་བྲིམས་ཏེ། དེ་ནས་བཅུ་གཉིས་སྡེ་མོ་དག་གིས་ཕྱེ་མང་དུ་བསླངས་སོ། །དེ་ནས་ཁྱིམ་བདག་དེས་ཀྱང་རྒན་རིམས་སུ་ཁ་ཟས་སྣ་ཉི་ཤུ་རྩ་བརྒྱད་བྲིམས་སོ། །དེ་ནས་རྒན་ཞུགས་དེ་རྒན་རིམས་རྣམས་ལ་ལྟ་བར་བྱེད་པ་དང༌། བཅུ་གཉིས་སྡེ་མོ་ངག་གིས་རྒན་ཞུགས་དེའི་མདུན་དུ་ཟན་གོང་སྤུངས་ཏེ་བཞག་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ང་ལ་བྱིན་གྱི་ཚེ་རིན་པོ་ཆེའི་ཆར་བབ་ཅེས་གྲག་ན་ཁྱོད་ཀྱང་བསོད་ནམས་ཅན་ཞིག་སྟེ། ཟན་གོང་གི་ཆར་བབ་པོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ལ་བརྟགས་ཏེ་ཟས་བཟའ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟེད་ལ་བལྟས་འདི་ལ་ནི་མང་དུ་བྱིན་ནོ། །ངེད་ལ་ནི་ཉུང་དུ་བྱིན་ནོ་འཁོད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་བལྟ་བར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་ཁྱིམ་བདག་གཞན་ཞིག་གིས་དགེ་སློང་མའི་དགེ་འདུན་སྤྱན་དྲངས་ཏེ། མོས་པ་དང་བསྙེན་དགའ་མོ་དག་གི་ནང་དུ་དགེ་སློང་མ་གཞན་ཞིག་སྦྱར་མ་ངུར་ཁ་གྱོན་པ་ཞིག་འདུག་པ་དང་དེ་དག་གིས་ལྷུང་བཟེད་བཀྲུས་པའི་ཆུས་སྦྱར་མ་མ་རུང་བར་བྱས་པ་ནས་འཕྱས་གདགས་པའི་བར་དུ་སྟེ། དེ་དག་གིས་སྨྲས་པ་ཉོན་མོངས་པ་ངན་པ་ཁྱོད་བ་ཞིག་ལ་སྦྱར་མ་འདི་ལྟ་བུ་ཡོད་དམ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཟས་ལ་འབགས་པའི་ཆུས་དྲུང་ན་འདུག་པའི་དགེ་སློང་མ་ལ་མི་གཏོར་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལག་པ་ཟས་དང་འབགས་པས་ཅུ་སྣོད་ལ་འཛིན་པར་བྱེད་པ་དང༌། ཟས་ཀྱིས་བསྒོས་པས་སྦྲང་མ་དག་འདུ་བྱར་བྱེད་པ་དང༌། ཁྱིམ་པ་དག་གིས་མཐོང་ནས་འཕྱ་བར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །ནམ་གྱི་ཚེ་སྦལ་ཀར་རིར་ཁང་བཟངས་ཀོ་ཀན་ད་ལས་གླེངས་ཏེ། ཁྱིམ་གྱི་ནང་དུ་ཟས་དང་


DTG156_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབགས་པའི་ཆུ་དོར་དུ་མི་གནང་བ་དང༌། ཁྱིམ་བདག་གཞན་ཞིག་ལ་བརྟེན་ན་ཁྱིམ་བདག་ཡོད་པ་ལ་དྲིས་ནས་དོར་དུ་རུང་བར་གནང་བ་ལས། དེ་ནས་བཅུ་གཉིས་སྡེ་མོ་དག་མ་དྲིས་པར་ཁྱིམ་གྱི་ནང་དུ་དོར་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་དུ་མི་དབོ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །མཉན་དུ་ཡོད་པ་ན་བྲམ་ཟེའི་བུ་ཞིག་སེམས་འཁྲུགས་པར་གྱུར་པ་ལས་ཛེ་ཏའི་ཚལ་དུ་ཕྱིན་ནས་དགེ་སློང་གཞན་ཞིག་གི་ལྷུང་བཟེད་ཀྱི་ཆུས་གཏོར་བ་དང༌། དེ་སླར་རང་གི་སེམས་རྙེད་པར་གྱུར་ཏོ། །དེ་ནས་བྲམ་ཟེ་གཞན་ཞིག་གི་བུ་ཡང་སེམས་འཁྲུགས་པར་གྱུར་ནས། དེ་ནས་བྲམ་ཟེ་དེ་བྲམ་ཟེའི་ལས་ཐོབ་ནས། དགེ་སློང་མའི་དབྱར་མོ་ཁང་དུ་སོང་བ་ནས། སྦོམ་དགའ་མོ་ལས་ལྷུང་བཟེད་ཀྱི་ཆུ་བླངས་པའི་བར་དུ་སྟེ། དེས་ཀྱང་དགེ་འདུན་མའི་ཟས་ཀྱི་ལྷག་མས་བཀང་སྟེ་ཕྱུང་བ་དང༌། བྲམ་ཟེ་དེས་ཀྱང་བླངས་ཏེ་ངའི་བུ་ཤི་ཡང་བླའི་བཙོག་པར་མི་བྱའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཀྱི་ནང་དུ་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །བཅུ་གཉིས་སྡེ་མོ་དག་འགོག་གཞི་མེད་པའི་ས་ལ་ཡན་ལྷུང་བཟེད་འཇོག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་གཞིའི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བྱའོ་ཞེས་བྱའི་བར་དུའོ། །དེ་ནས་གཅུ་གཉིས་སྡེ་མོ་དག་འགྲེང་སྟེ་ལྷུང་བཟེད་དབྱུང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་མི་དབྱུང་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དགེ་སློང་མ་གཞོན་ནུ་མ་གཞན་ཞིག་འགྲེང་སྟེ་ལྷུང་བཟེད་འཁྲུ་བ་དང༌། དགེ་སློང་མ་དག་གིས་སྨྲས་པ། ཕུ་ནུ་མོ་འགྲེང་སྟེ་ལྷུང་བཟེད་མ་འཁྲུ། དེས་སྨྲས་པ་ཅིར་འགྱུར། ལྷུང་བཟེད་འཁྲུ་བ་ལས་ལག་པ་ནས་ལྷུང་སྟེ། ལྷུང་བཟེད་ཆག་པ་དང༌། དེ་དག་གིས་དེ་ལྟར་འགྱུར་རོ་ཞེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བར་མི་བྱའོ་ཞེས་པའི་བར་དུ་སྟེ། དེ་ནས་


DTG156_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་སྡེ་མོ་དག་ལྷུང་བཟེད་ལམ་ཀར་གཞག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ལམ་ཀར་གཞག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལྷུང་བཟེད་གད་ཀར་གཞག་པ་དང༌། ད་ནས་ལྷུང་བཟེད་ཆག་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷུང་བཟེད་གད་ཀར་གཞག་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་གཡང་སར་འཇོག་པ་དང༌། དཀན་གཟར་པོར་འཇོག་པ་དང༌། བཀྲུ་བ་དང༌། སྐེམས་པ་དང༌། འབབ་ཆུ་དྲ་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱི་ས་ཆུ་བཅུ་བར་བྱེད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གད་ཀར་མ་ཡིན་པ་དང༌། གཡང་སར་མ་ཡིན་པ་དང༌། དཀན་གཟར་པོར་མ་ཡིན་པར་ལྷུང་བཟེད་གཞག་པ་དང༌། བཀྲུ་བ་དང༌། སྐེམས་པ་དང༌། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །མདོར་བསྟན་པ་ནི། འགྲེང་སྟེ་མ་ཡིན་མགོ་གཡོགས་མིན། །གླང་ཆེན་དོ་ཀེར་ལག་ན་མིན། །རྩྭ་དང་ཆུ་ལ་བཤང་མི་བྱ། །ཤིང་ལ་མི་གང་མཐོར་མི་འཛེག །དེ་ནས་བཅུ་གཉིས་སྡེ་མོ་དག་འགྲེང་སྟེ་འདུག་པ་ལ་ཆོས་བཤད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་པ་ནས། ནད་པ་འོངས་ཏེ་བཀའ་སྩལ་པ། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་བཤད་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་འདུག་སྟེ་ཉལ་བ་ལ་ཆོས་བཤད་པ་ནས་བཀའ་སྩལ་པ་མི་ན་པར་ཉལ་བ་ལ་འདུག་སྟེ་བཤད་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་སྟན་དམའ་ནས་མཐོན་པོ་ལ་འདུག་པ་ལ་ཆོས་བཤད་པ་ནས་བཀའ་སྩལ་པ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ། ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ལམ་དུ་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་སྟོན་པ་ལས། བཀའ་སྩལ་པ། ལམ་དུ་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ནད་པ་མ་ཡིན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་མདུན་དུ་


DTG156_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་བཤད་པ་ལས་བཀའ་སྩལ་པ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་བཤད་པར་མི་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་མགོ་གཡོགས་པ་ལ་ཆོས་བཤད་པར་བྱེད་པ་ནས། བཀའ་སྩལ་པ། མི་ན་བར་མགོ་གཡོགས་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་པ་ནས་མིག་ནད་ཅན་འོངས་ཏེ་བཀའ་སྩལ་པ། ནད་པ་ལ་ཆོས་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་བརྫེས་པ་ལ་ཆོས་བཤད་པར་མི་བྱེད་པ་ནས་བཀའ་སྩལ་པ། བརྫེས་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་པ་ནས། བརྫེས་པ་ན་པ་དག་འོངས་ནས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ཕྲག་པ་གཉི་ག་ལ་གཟར་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་པ་ནས་ལག་པ་ན་བ་དག་འོངས་ནས་བཀའ་སྩལ་བ། ནད་པ་ལ་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་དོ་ཀེར་ཅན་ལ་བཤད་པ་དང་བཀའ་སྩལ་པ། དོ་ཀེར་ཅན་ལ་ཆོས་བཤད་པར་མི་བྱའོ་ཞེས་པའི་བར་དུ་སྟེ། རྒྱལ་པོ་དག་འོངས་ནས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ཞྭ་གོན་པ་དང༌། ལྷགས་ནས་ཆོས་བཤད་པ་དང༌། བཀའ་སྩལ་པ། ཞྭ་གོན་པ་ལ་བཤད་པར་མི་བྱའོ་ཞེས་པ་ནས་ནད་པ་དག་འོངས་ཏེ། བཀའ་སྩལ་པ། ནད་པ་ལ་ཆོས་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ཅོད་པ་ན་ཅན་དག་ལྷགས་ནས་ཆོས་བཤད་པ་དང༌། བཀའ་སྩལ་པ། ཅོད་པན་ཅན་ལ་བཤད་པར་མི་བྱའོ་ཞེས་པ་ནས། བཀའ་སྩལ་པ། ཚང་དཔོན་ནད་པ་ལ་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་མགོ་ཕྲེང་བ་ཅན་དག་ལྷགས་ནས་ཆོས་བཤད་པ་དང༌། བཀའ་སྩལ་པ། མགོ་ཕྲེང་བ་ཅན་ལ་བཤད་པར་མི་བྱའོ་ཞེས་པ་ནས་ནད་པ་ལ་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་ཐོད་བཅིངས་པ་དག་ལྷགས་ནས་ཆོས་བཤད་པ་དང༌། བཀའ་སྩལ་པ། ཐོད་བཅིངས་པ་མིན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་པ་ནས་


DTG156_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་ལ་ཆོས་བཤད་པར་བྱའོ་ཞེས་པའི་བར་དུའོ། །གླང་པོ་ཆེ་ལ་ཞོན་པ་དག་ལ་ཆོས་བཤད་པས། བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་པ་ནས། དེ་ནས་གླང་པོ་ཆེ་ཞོན་པ་དམག་འགྲོ་བ་དག་ཅིག་ཆོས་བཤད་པར་གསོལ་བ་དང༌། དེ་དག་གིས་བོབས་དང་བཤད་དོ་ཞེས་པ་ལས། དེ་དག་གིས་སྨྲས་པ་བདག་ཅག་ལ་གསོད་པའི་ཕྱིར་རྒོལ་བ་ཕྱི་བཞིན་དུ་འོང་ངོ་ཞེས་པ་ནས། བཀའ་སྩལ་པ། ནད་པ་ཞེས་བྱ་སྟེ། ཆོས་བཤད་པར་བྱའོ་ཞེས་པའི་བར་དུའོ། །དེ་བཞིན་དུ་རྟ་ཞོན་པ་དང་ཁྱོགས་དང་བཞོན་པ་གང་ཡང་རུང་བའི་སྟེང་ན་འདུག་པ་དང༌། ལྷམ་མཐོན་པོ་གྱོན་པ་ལ་ཆོས་བཤད་པ་དང༌། བཀའ་སྩལ་པ། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། ལྷམ་མཐོན་པོ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་པ་ནས་བརྟད་པ་དང་ནད་པ་ལ་བཤད་པར་བྱའོ་ཞེས་བཀའ་སྩལ་པའི་བར་དུའོ། །དེ་ནས་བཅུ་གཉིས་སྡེ་མོ་དག་ལག་ན་དབྱིག་པ་ཐོག་པ་ལ་ཆོས་བཤད་པ་དང༌། བཀའ་སྩལ་པ། མི་ན་པར་ལག་ན་དབྱིག་པ་ཐོགས་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་པ་ནས་ནད་པ་དང་རྒན་མོ་འཁར་བ་མེད་པར་འགྲོ་མི་ནུས་པས་དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་པའི་བར་དུའོ། དེ་བཞིན་དུ་དེ་དག་གིས་ལག་ན་གདུགས་ཐོགས་པ་ལ་སོགས་པ་ལ་ཆོས་བཤད་པས། བཀའ་སྩལ་པ། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཆ་ཐོགས་པ་དང༌། གོ་ཆ་གོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་པ་ནས། ནད་པ་དང་དགྲ་ལ་རྒོལ་དུ་འགྲོ་བ་རྣམས་ལ་བཤད་པར་བྱའོ་ཞེས་པའི་བར་དུའོ། །བཅུ་གཉིས་སྡེ་མོ་དག་འགྲེང་སྟེ་བཤད་གཅི་བྱེད་པས། མི་ན་བར་འགྲེང་སྟེ་བཤད་གཅི་མི་བྱ་བར་བསླབ་པར་བྱའོ་ཞེས་བསླབ་པ་བཅས་ཏེ། ནད་པ་དག་འདུག་མི་ནུས་པས་ནད་པ་ལ་རྗེས་སུ་གནང་ངོ༌། །གླེང་གཞི་སེར་སྐྱ་ན་སྟེ། སྦོམ་དགའ་མོས་རང་གི་བཙོ་བླག་མཐོང་ནས། ཀྱེ་ང་རབ་ཏུ་མ་བྱུང་ན་ཁྱེད་ཀྱིས་ང་ལ་ཇི་སྐད་དུ་འབོད། དེས་སྨྲས་པ་ཇོ་མོ་ཞེས་འབོད་


DTG156_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འོ་ན་ད་ངའི་ཆོས་གོས་ཅིའི་ཕྱིར་མི་བཀྲུ། ཁྱོད་རབ་ཏུ་བྱུང་བ་དང་བདག་བྱ་བ་མི་གཅིག་གོ་ཞེས་བཀྲུར་མ་བཏུབ་པ་དང༌། སྦོམ་དགའ་མོས་དེ་ལ་གནོད་པར་བྱ་བའི་ཕྱིར་བཀྲུ་སྨན་འཐུངས་ནས་དམྱངས་པས་གྱོ་རལ་བཀང་སྟེ། གོས་འཁྲུ་བའི་རྫིང་དུ་བླུགས་སོ། །ད་ནས་བཙོ་བླག་མཁན་གྱིས་དེར་གོས་བཀྲུས་པ་དང༌། གོས་ཀུན་མནམ་ཞིང་མ་རུང་བར་གྱུར་རོ། །སྤོམ་དགའ་མོ་དེར་འོངས་ནས། ཀྱེ་ནང་རྗེ་ཁྱོད་ཀྱི་གོས་དེ་དག་ཅི་ཉེས་དྲི་རེ་ཞིམ། དེས་སྨྲས་པ་འཕགས་མས་མ་བགྱིས་སམ། བཀྲེན་པ་ཁྱོད་དེ་ལྟར་མི་དགའ་བར་བྱའོ་ཞེས་པ་དང༌། དགེ་སློང་མ་དག་འཕྱ་བ་ལས་བཅས་ཏེ། མི་ན་བར་ཆུའི་ནང་དུ་བཤད་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། སྣ་ནས་ཟགས་པ་མི་དོར་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་ནས། ནད་པ་ལ་རྗེས་སུ་གནང་བའི་བར་དུའོ། །གླེང་གཞི་སྔ་མ་བཞིན་ཏེ། ལྡུམ་པ་ལ་ཅིའི་ཕྱིར་ཁྱོད་ང་ལ་ཚོད་མ་དང༌། མེ་ཏོག་དང་ཤང་ཚེ་དག་འབུལ་བར་མི་བྱེད། དེས་སྨྲས་པ། ནམ་ཁྱོད་ཀྱིས་བདག་ལ་འཚལ་མ་དང་རད་པ་སྩལ་པའི་དུས་ན་བདག་གིས་ཀྱང་ཕྱག་རྗེད་བགྱིས་ན། ད་ཁྱོད་ནི་རབ་ཏུ་བྱུང༌། བདག་ནི་ཁྱིམ་པ་ལགས་པས་ཞམ་རིང་རྔོ་མི་ཐོགས་པས་མི་འབུལ་ལོ་ཞེས་བྱས་པ་དང༌། སྦོམ་དགའ་མོས་དེ་ལ་གནོད་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་དམྱངས་པས་གྱོ་རལ་བཀང་ནས་ཕྱགས་མ་ཐོགས་ཏེ། ལྡུམ་རར་སོང་ནས་ལྡུམ་ར་ཐམས་ཅད་མི་གཙང་བས་བསྐུས་སོ། །མི་གཙང་བའི་དྲི་དེས་ཝ་དང་ཁྱི་དག་ལྷགས་ཏེ། དེར་འགྲེས་པས་ལྡུམ་ཀུན་མ་རུང་པར་བྱས། ལྡུམ་པ་མི་དགའ་བར་གྱུར་པ་སྦོམ་དགའ་མོས་དེར་སོང་སྟེ། ཀྱེ་ཁྱོད་ཀྱི་ལྡུམ་ར་དྲི་རེ་ཞིམ། ལྡུམ་དང་ཤང་ཚེ་དང་མེ་ཏོག་དག་རེ་མང༌། དེས་སྨྲས་པ། འདི་ནི་འཕགས་མ་ཁྱོད་ཀྱིས་བགྱིས་སོ། །དེས་བགད་དེ་དེ་ལྟར་ཁྱོད་ཤེས་པར་བྱའོ་ཞེས་སྟོན་པ་ལ་གསོལ་ནས། བཀའ་སྩལ་པ། མིན་པར་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤད་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། སྣ་ནས་ཟགས་པ་མི་དོར་བར་བསླབ་


DTG156_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་པ་ནས་ནད་པ་ལ་རྗེས་སུ་གནང་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པར་ཁང་སྐྱོང་ལས་གླེངས་ནས་ཤིང་ལ་འཛེག་ཏུ་མི་གནང་བའི་བསླབ་པ་བཅས་པ་ལས། ཕྱིས་སྦོམ་དགའ་མོས་དོན་ཅུང་ཟད་ཙམ་གྱི་ཕྱིར་ཡང་ཤིང་ལ་འཛེག་པས་དགེ་སློང་མ་དག་གིས་ཆེ་ཞེ་བཅོམ་ལྡན་འདས་ཀྱིས་བསླབ་པ་མ་བཅས་སམ། དེས་སྨྲས་པ། དེ་ཡང་དགེ་སློང་དག་ལ་བཅས་ཀྱི་དགེ་སློང་མ་དག་ལ་མ་ཡིན་ནོ་ཞེས་ཟེར། སྟོན་པ་ལ་གསོལ་ནས་བཀའ་སྩལ་པ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་གསུངས་སོ། །འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་པ་ལ་སོགས་པའི་བཤད་པ་ནི་སྔ་མ་བཞིན་ནོ། །ལྟུང་བའི་དངོས་པོ་རྣམས་བསྟན་པ་ལ་རྣམ་པ་ལྔར་ཕྱེ་བའི་ཐ་མ་ཉེས་བྱས་ཀྱི་སྡེ་བསླབ་པའི་ཆོས་མང་པོ་རྣམས་ཀྱིས་བཤད་པ་རྫོགས་ཏེ། ལྟུང་བའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །།འདི་མན་ཆད་ནི་བསླབ་པའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བ་ལ་རྣམ་པ་གཉིས་སུ་ཕྱེ་བའི་གཉིས་པ་སྟེ། རྩོད་པའི་གཉེན་པོ་རྣམས་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྩོད་པ་རྣམས་བསྟན་པ་དང༌། ཞི་བར་བྱ་བའི་ཆོས་རྣམས་བསྟན་པའོ། །དེ་ལ་རྩོད་པ་རྣམས་བསྟན་པ་ཞེས་བྱ་བ་ལ་རྣམ་པ་ལྔར་དབྱེ་སྟེ། རྩོད་པ་རྣམས་ཀྱི་གླེང་གཞི་དང༌། དེ་དག་གི་མཚན་ཉིད་དང༌། དེ་དག་གི་རྒྱུ་དང༌། དེ་དག་དགེ་བ་ལ་སོགས་པར་རྣམ་པར་གཞག་པ་དང༌། དེ་དག་གི་རྣམ་པར་དབྱེ་བ་བསྟན་པའོ། །དེ་ལ་རྩོད་པ་རྣམས་ཀྱི་གླེང་གཞི་ནི་སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་ཚལ་ན་སྟེ། བཅོམ་ལྡན་འདས་ཀྱིས་ཤཱཀྱ་བདེན་པ་ལ་བཀོད་པ་དེ་ན། དེ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་དུས་གསུམ་དུ་འོངས་པས། བཅོམ་ལྡན་འདས་ཀྱིས་ཀྱང་རྟག་ཏུ་ཆོས་བཤད་དོ། །རྒྱལ་པོ་ཟས་གཙང་མ་ཡང་ཤཱཀྱ་བ་དག་གིས་བསྐོར་ནས། དུས་གསུམ་དུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྟག་ཏུ་འདོང་བར་གོམས་ཏེ་དུས་གཞན་


DTG156_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ན་བཅོམ་ལྡན་འདས་ཀྱིས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་ཚ་བའི་ཚེ་སྦྲང་མ་ཕྲ་མོའི་སྦྲང་རྩི་ཚིགས་མ་མེད་པ་ལྟ་བུའི་ཆོས་བཤད་པས། དེ་དག་ཀྱང་མངར་བའི་ཆོས་བཤད་པ་ལ་མིག་གི་དབང་པོ་མི་འཛུམས་པར་ཉན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཆོས་ཉན་ནས་སླར་དོང་བ་དང༌། ཤཱཀྱ་མིང་ཆེན་གྱིས་རང་གི་ཁྱིམ་དུ་ཕྱིན་ནས། ཨེ་མའོ་སངས་རྒྱས་ཆོས་དགེ་འདུན། སངས་རྒྱས་འབྱུང་བ་ནི་བདག་ཅག་གི་འབྲས་བུར་གྱུར་ཏོ་ཞེས་སྨྲས་པ་དང༌། དེའི་ཆུང་མས་དྲིས་པ། །འཕགས་པའི་སྲས་དེ་ཅི་ལགས། དེ་རིང་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པས་སྲོག་ཆགས་བརྒྱ་སྟོང་དུ་མ་ཁྱད་པར་ཆེན་པོ་ཆུད་པར་གྱུར་ཏོ་ཞེས་སྨྲས་སོ། དེའི་ཆུང་མས་སངས་རྒྱས་བྱུང་བས་བདག་ཅག་གི་འབྲས་བུར་གྱུར་ཏོ་ཞེས་སྨྲས་པ་དེ་ནི་མད་དེ། ཁྱེད་ཅག་ལ་ནི་འབྲས་བུར་གྱུར་གྱི་བདག་ཅག་ལ་ནི་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་པ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་གི་བུད་མེད་ཀྱི་ཕྱིར་ནི་མ་ཡིན་ནོ། །དེས་སྨྲས་པ་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། རྗེས་སུ་བརྩེ་བ་ཡིན་གྱི་ཁྱེད་ཅག་ཀྱང་དེང་ཆོས་ཉོན་ཅིག་ཅེས་བྱས་པ་དང༌། ལྷ་དག་ནི་ཤཱཀྱ་མང་པོས་བསྐོར་ནས་བཅོམ་ལྡན་འདས་ལ་གཟིགས་པར་བཞུད་པས། བདག་ཅག་བུད་མེད་ལྷའི་སྤྱན་སྔར་ཆོས་ཉན་དུ་ངོ་ཚ་ན། དེས་ཏེ་ལྷ་དག་ནི་སྔ་དྲོ་ཆོས་ཉན། བདག་ཅག་ནི་སླད་དྲོ་ཆོས་ཉན་པར་གནང་ན་འཆིའོ། །དེ་ནས་མིང་ཆེན་གྱིས་བསམས་པ་བདག་གིས་རྒྱལ་པོ་ཟས་གཙང་མ་ལ་སྨྲས་བ་ནི་མཉན་པར་མི་འགྱུར་བས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་བཅོལ་ལོ་སྙམ་ནས་དེ་ལ་བཅོལ་བ་དང༌། དེས་ཀྱང་རྒྱལ་པོ་ལ་གསོལ་ནས་དེ་བཞིན་གནང་ངོ༌། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་ཤཱཀྱའི་ཆུང་མ་ལྔ་བརྒྱས་བསྐོར་ཏེ། ཆོས་ཉན་པའི་ཕྱིར་ནྱ་གྲོ་དྷའི་ཀུན་དགའ་བར་དོང་ངོ༌། །དེའི་ཚེ་ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་དེ་དག་དང་ལྷན་ཅིག་སོང་བ་དང༌། དེ་གཟུགས་བཟང་ཞིང་གཞོན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་ན། འདོད་ཆགས་དང་མ་བྲལ་བ་དག་ཡིད་འཕྲོག་པར་


DTG156_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ནས། སྲིང་མོ་ཁྱེད་ནི་ཡོངས་ཀྱིས་ཀྱང་དབྱིབས་ལེགས་ལ་བལྟ་ན་སྡུག་ཅིང་བཟང་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྟ་ཅི་སྨོས་ཏེ། ཁྱེད་རྒྱན་གྱིས་ཀླུབས་ཏེ་འོངས་པ་ནི་མ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། མཐུ་བོ་ཆེ་འདི་དག་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱས་པ་དང༌། དེ་ངོ་ཚ་བར་གྱུར་ནས་རྒྱན་ཐམས་ཅད་འཕོག་སྟེ་དེ་ལ་བུ་མོ་མངག་གཞུག་མ་སྐུང་བ་ཅན་ཞེས་བྱ་བ་ཆོས་ཉན་པའི་ཕྱིར་དེ་དང་ལྷན་ཅིག་འོངས་པ་རྒྱན་འདི་དག་ཁྱིམ་དུ་སྐྱོལ་ཅིག་བྱས་པ་དང༌། དེས་ཀྱང་བསྐྱལ་ནས་སླར་འོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་དང༌། ཤཱཀྱ་མོ་གཞོན་ནུ་མ་ཞིག་ཆོས་འཆད་པའི་ཚེ་རང་གི་མགུལ་ན་ཡོད་པའི་མུ་ཏིག་གི་སེ་མོ་དོ་ལ་ཆགས་པས་ཡང་དང་ཡང་དུ་ལྟ་ཞིང་ལག་པས་ཀྱང་ནོམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྟག་པའི་ཆོས་བཤད་ན་ཡང་འོན་ཀྱང་མ་བཏང་བ་དང༌། མིང་ཆེན་གྱི་ཆུང་མས་གཞོན་ནུ་མ་དེ་རང་གི་སེ་མོ་དོ་ལ་ཆགས་པར་མཐོང་ནས་འདི་སྙམ་དུ་བསམས་ཏེ། སྟོན་པས་འདུས་བྱས་མི་རྟག་པར་བཤད་པ་ན་ཡང་འདི་རང་གི་སེ་མོ་དོ་ལ་རབ་ཏུ་ཆགས་ནས་ཡང་དང་ཡང་དུ་བལྟ་ན། འདིས་གལ་ཏེ་བདག་གི་སེ་མོ་དོ་དེ་མཐོང་ན་ནི། དེའི་དྲེགས་པ་ཐམས་ཅད་མེད་པར་འགྱུར་རོ་སྙམ་དུ་ཤེས་ནས་མངག་གཞུག་མ་སྐུང་བ་ཅན་ལ་ངའི་མུ་ཏིག་གི་སེ་མོ་དོ་ལོང་ཤིག་ཅེས་བསྒོ་བ་དང༌། དེ་ཆོས་ཉན་པའི་སྐབས་མེད་པར་གྱུར་ནས་ཡིད་ལ་འདི་སྙམ་དུ་བསམས་སོ། །ཨེ་མའོ་བདག་ཆོས་འདི་ལྟ་བུ་བཤད་པ་ལས་རྗེ་མོས་མངགས་ཏེ་བཏང་བས་བར་ཆད་དུ་གྱུར་ཏེ་བྲན་དུ་གྱུར་པ་ནི་དཀའ་བར་ཤེས་ནས་སྡུག་བསྔལ་ཞིང་ཡིད་བློང་སྟེ་སྨྲེ་སྔགས་བཏོན་ནས་ཚིགས་སུ་བརྗོད་དེ་སྨྲས་པ། བྲན་གྱུར་ངན་པ་སྡུག་བསྔལ་མང་ལ་གཞན་གྱི་དབང༌། །བདག་འཚོ་ངན་པ་སྔོན་བྱས་ཆོས་ཀྱང་ཐོབ། །སྡིག་པས་རྒྱལ་བའི་ཞལ་ལ་བལྟར་མ་གྱུར། །དྲི་མེད་ཆོས་ནི་བདེ་གཤེགས་ལས་མ་ཐོས། །ཞེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ་འདི་ཡང་སྔོན་སངས་རྒྱས་ལ་བྱ་བ་བྱས་པ་ཞིག་སྟེ།


DTG156_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐུང་བས་འཁོར་བར་རྒྱུ་བ་ལས་དབྱུང་བར་བྱའོ་སྙམ་ནས་རྫུ་འཕྲུལ་གྱིས་ཚིགས་སུ་བཅད་པ་གཅིག་གྲོ་ག་ལ་བྲིས་ཏེ་དེ་ལ་ཕྱིན་ནོ། །སྐྱེ་བ་རྣམས་ནི་འཇིག་པར་འགྱུར། །དགེ་མས་ཚེ་ཡང་རིག་པར་བྱོས། །ནན་ཏན་འདུག་སྟེ་དགེ་ལ་ཉོན། །ང་བདག་གིས་ནི་བཤད་པ་ལའོ། །བུ་མོ་དེ་ཡང་དགའ་ནས་ཚིགས་བཅད་དེ་ཟློས་ཤིང་སངས་རྒྱས་དྲན་བཞིན་དུ་སོང་བ་ལས། ཚེ་ཐུང་བའི་ལས་ཀྱིས་དུས་ལ་བབ་པས་ལམ་དུ་བ་དྲུས་མ་ཞིག་གིས་འཚོ་བ་དང་བྲལ་ལོ། །དེ་སངས་རྒྱས་དྲན་བཞིན་དུ་འཆི་བའི་དུས་བྱས་པས་སིང་ག་ལའི་གླིང་དུ་སིང་ག་ལའི་རྒྱལ་པོའི་བུ་མོར་སྐྱེས་སོ། །དེ་བལྟམས་པ་དང་བཙས་པའི་ཚེ་མུ་ཏིག་གི་ཆར་བབ་པས་མིང་ཡང་མུ་ཏིག་མར་བཏགས་སོ། །དེ་ནས་དུས་གཞན་ཞིག་ན་མཉན་དུ་ཡོད་པའི་ཚོང་པ་ཅིག་རྒྱ་མཚོའི་གླིང་དུ་གྲུ་ཆེན་པོ་བཤམས་ཏེ་རྒྱ་མཚོར་ཞུགས་པ་ལས་རླུང་གི་མཐུས་སིང་ག་ལའི་གླིང་དུ་ཕྱིན་ཏོ། །དེ་ནས་རྒྱལ་པོའི་ཕོ་བྲང་དང་མི་རིང་བ་ཞིག་ནས་གནས་ཏེ། དེ་ནས་ཐོ་རངས་ལ་གླེང་གཞི་དང་བདེན་པ་མཐོང་བ་དང༌། གནས་བརྟན་དང༌། གནས་བརྟན་མའི་ཚིགས་སུ་བཅད་པ་དང༌། ཐུབ་པའི་ཚིགས་སུ་བཅད་པ་དང༌། དོན་མང་པོའི་མདོ་སྡེ་དག་རྒྱས་པར་དབྱངས་ཀྱིས་ཁ་ཏོན་དུ་བྱས་པ་དང་མུ་ཏིག་མ་ཁྱིམ་ན་འདུག་པ་སྐར་ཁུང་ནས་ཐོས་ནས་རྒྱལ་པོ་ལ་ཡབ་དབུས་ཀྱི་ཡུལ་ན་མཆིས་པ་དག་ནི་གླུ་རབ་ཏུ་མཁས་སོ་ཞེས་གསོལ་ཏོ། །དེ་ནས་དེ་དག་བཀུག་སྟེ་གླུ་ལོང་ཞེས་བྱས་པ་དང༌། ལྷ་མོ་བདག་ཅག་ནི་གླུ་མཁན་མ་ལགས་ཀྱི་སངས་རྒྱས་ཀྱི་ཚིགས་སུ་བཅད་པ་ཁ་ཏོན་བགྱིས་པ་ལགས་སོ། །མུ་ཏིག་མས་སངས་རྒྱས་ཞེས་བྱ་བ་སྔོན་མ་ཐོས་པས་ཐོས་མ་ཐག་ཏུ་སྤུ་ཟིང་ཞེས་བྱེད་དེ་ཐེ་ཚོམ་སྐྱེས་ནས་སངས་རྒྱས་ཞེས་བྱ་བ་ཅི་ཞེས་དྲིས་སོ། །དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་བསྔགས་པ་ལ་ཞུགས་ཏེ། ལྷ་མོ་གངས་ཀྱི་རི་དང་ཉེ་བ་ན་ཆུ་བོ་བ་གི་ར་ཏའི་དོགས་སེར་སྐྱའི་གནས་དྲང་སྲོང་ངལ་བསོ་བའི་གནས་ནས་མི་རིང་བ་ཞིག་ན་ཤཱཀྱ་ལས་གཞོན་ནུ་ཞིག་བྱུང་སྟེ། །བྲམ་ཟེ་དང་ལྟས་མཁན་དང་སྐར་མཁན་དག་གིས་ལུང་བསྟན་པ་ནི་དེ་སྟེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་


DTG156_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར། རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འགྱུར་རོ་ཞེས་སྒྲ་གྲགས་པ་དེ་ནི་འདི་ལྟར་སངས་རྒྱས་ཞེས་བྱའོ་ཞེས་སྨྲས་པ་དང༌། མུ་ཏིག་མས་དེ་དག་ལ་ཁྱེད་ན་མ་འདོད་པའི་ཚེ་བདག་ལ་སྦྲོན་ཅིག། དེ་དག་འགྲོ་ཀར་སྦྲན་པ་དང༌། དེ་ནས་བཅོམ་ལྡན་འདས་ལ་སྦྲིང་ཡིག་བྲིས་ཏེ་གསོལ་པ་དང༌། ལྷ་མ་ཡིན་དང་ལྷ་མིས་ཕྱག་བྱས་པ།།སྐྱེ་དང་ན་བའི་འཇིགས་ལས་མངོན་དུ་བྲལ། །གྲགས་པ་ཆེན་པོ་བསྔགས་པ་ཀུན་ཏུ་གྲགས། །དྲང་སྲོང་བདུད་རྩིའི་དངོས་པོ་མཉམ་མེད་བདག་ལའོ། །དེ་ནས་ཚོང་པ་དེ་དག་གིས་སྦྲིང་ཡིག་དེ་ཁྱེར་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང༌། བཀའ་སྩལ་བ། ཚོང་པ་ཁྱེད་ནམ་ཤིང་ག་ལའི་གླིང་དུ་འགྲོ་བའི་ཚེ་ང་ལ་སྦྲོན་ཅིག །དེ་དག་འགྲོ་ཀར་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུའི་ཚད་རི་མོར་བྲིས་ཏེ། །དེའི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་དངོས་པོ་ལྔ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང༌། མི་མཐུན་པ་དང༌། འཕགས་པའི་ལམ་གྱི་ཡན་ལག་རྣམས་བྲིས་ནས་གོང་དུ་ཚིགས་སུ་བཅད་པ། བརྩམ་པ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་བྱ་བ་ནས། སྡུག་བསྔལ་མཐའ་མར་འབྱིན་པར་འགྱུར། །ཞེས་བྱ་བའི་བར་དུ་བྲིས་ནས་བསྐུར་རོ། །དེ་ནས་མུ་ཏིག་མ་འདི་ཅི་ཡིན་ཞེས་ཚོང་པ་དག་ལ་སྨྲས་པ་དང༌། དེ་དག་གིས་རེ་རེ་ནས་ཞིབ་ཏུ་སྨྲས་སོ། །མུ་ཏིག་མས་རྟེན་ཅིང་འབྲེལ་པར་འབྱུང་པའི་ཡན་ལག་བཅུ་གཉིས་རྗེས་སུ་སེམས་པ་ལ་ཞུགས་ཏེ། ལན་གསུམ་དུ་མ་བཟླས་པར་བདེན་པ་མཐོང་བར་གྱུར་ཏེ། ཚིགས་སུ་བཅད་དེ་སྨྲས་པ། །སངས་རྒྱས་རིང་ན་བཞུགས་བཞིན་དུ། །ཤེས་རབ་ཀྱིས་ནི་མིག་སྦྱངས་ཏེ། །གང་གི་མིག་ནི་འདི་འདྲ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིང་ན་བཞུགས་བཞིན་དུ། །ལྟ་བའི་ཟུག་རྔུ་རྩ་ནས་ཕྱུང༌། །ཟུག་རྔུ་འབྱིན་པར་བྱེད་པ་ཅན། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ནས། ཚོང་པ་དག་ལ་ཁྱེད་ནམ་འགྲོ་བ་ན་བདག་ལ་གྱིས་ཤིག །དེ་དག་གིས་སྦྲན་པ་


DTG156_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང། མུ་ཏིག་མས་དེ་དག་ལ་བདག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བགྱིས་ཏེ་འདི་སྐད་དུ་གསོལ་ཅིག །མི་བདེ་བ་ཆུང་ངམ་མྱུར་དུ་བཞེངས་སམ། གནོད་པ་མ་མཆེས་སམ། མཐུ་དང་ལྡན་ནམ། བདེ་བར་སྤྱོད་དམ་ཞེས་སྨོས་ལ། ཡང་འདི་སྐད་དུ་གསོལ་ཅིག་བཙུན་པ་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་པས་ན། བདག་སེམས་ཅན་དམྱལ་བ་དང༌། བྱོལ་སོང་དང་ཡི་དགས་ལས་ནི་ཕྱུང༌། ལྷ་དང་མིའི་གནས་སུ་ནི་བཞག །འཁོར་བ་ནི་མཐར་བགྱིས། མཆི་མ་དང་ཁྲག་གི་རྒྱ་མཚོ་ནི་སྐམས། རུས་པའི་རི་ལས་ནི་རྒལ། ཐོག་མ་མ་མཆིས་པ་ཚུན་ཆད་བསགས་པ་འཇིག་ཚོགས་མང་པོར་ལྟ་བའི་རྩེ་མོ་ནི་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བགྱིས་ཏེ། བཙུན་པ་བདག་རྒལ་ཏོ། །མངོན་དུ་རྒལ་ཏོ། །ད་ནི་བཅོམ་ལྡན་འདས་དང༌། ཆོས་དང༌། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། ནམ་འཚོའི་བར་དུ་བདག་དགེ་བསྙེན་མར་གཟུང་དུ་གསོལ། མུ་ཏིག་བྲེ་གསུམ་པོ་འདི་ཡང་ཁྱེར་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕུལ་ཅིག །དེ་ནས་དེ་དག་གིས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ནས། མུ་ཏིག་ཀྱང་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཤཱཀྱ་མིང་ཆེན་གྱི་བྲན་མོ་སྐུར་བ་ཅན་ང་ལས་ཆོས་ཉན་ཏེ་སོང་བ་ལས་ལམ་དུ་བས་བསད་པ་མཐོང་ངམ། བཙུན་པ་མཐོང་ངོ༌། །དེ་ང་ལ་སེམས་དད་བཞིན་དུ་དུས་ལས་འདས་ཏེ། སིང་ག་ལའི་རྒྱལ་པོའི་བུ་མོར་སྐྱེས་ནས་མིང་མུ་ཏིག་མར་བཏགས་ཏེ། བདེན་པ་མཐོང་བ་དེས་སྐྱེས་འདི་བསྐུར་རོ། །འདི་ལ་སངས་རྒྱས་ཀྱི་སྐུ་སྐལ་གྱིས་ནི་དྲི་གཙང་ཁང་དུ་སྐྱང་ནུ་ལ་བྱོས་ཤིག །ཆོས་ཀྱི་སྐུ་སྐལ་ནི་ཆོས་འཛིན་པའི་གང་ཟག་རྣམས་ལའོ། །དགེ་འདུན་གྱིས་ནི་དགེ་འདུན་འདུས་ལ་གོས་ཤིག །སྟོན་པས་ཆོས་ཀྱི་སྐུ་སྐལ་གང་ཡིན་པ་དེ་ཆོས་འཛིན་པའི་གང་ཟག་རྣམས་ལའོ་ཞེས་གསུངས་པ་དང༌། དེའི་ཚེ་མོད་སྡེ་འཛིན་པ་རྣམས་བདག་ཅག་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མ་ལུས་པར་འཛིན་པས་ན་རྙེད་པ་འདི་བདག་ཅག་དབང་པོ་ཞེས་ཟེར། འདུལ་བ་འཛིན་པ་རྣམས་ནི་བདག་


DTG156_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་བཅོམ་ལྡན་འདས་ཀྱི་ནང་གི་མཛོད་སྲུང་བ་ཡིན་ཏེ་འདུལ་བ་མ་ལུས་པར་འཛིན་པས་རྙེད་པ་འདི་བདག་ཅག་དབང་ངོ་ཞེས་ཟེར། མ་ལྟ་བུ་འཛིན་པ་དག་གིས་བདག་ཅག་མི་མདོ་སྡེ་དང་འདུལ་བ་དག་གི་རང་དང་སྤྱིའི་མཚན་ཉིད་འཛིན་པས་རྙེད་པ་འདི་བདག་ཅག་དབང་ངོ་ཞེས་ཟེར་བས། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་དག་དེའི་ཚེ་འཐབ་ཅིང་གཤེ་བ་དང༌། ཁོན་ཅིང་འཁྲུག་པར་གྱུར་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དག་འཐབ་ཅིང་སྨོད་པར་མ་བྱེད་ཅིག །ཁོན་ཅིང་འཁྲུག་པར་མ་བྱེད་ཅིག །དགེ་སློང་དག་རྩོད་པ་ལ་རྣམ་པ་བཞི་སྟེ། མི་མཐུན་པར་སྨྲ་བ་ལས་རྩོད་པ་དང༌། ལུང་བསྒོ་བ་མེད་པ་ལས་རྩོད་པ་དང༌། ཉེས་པ་ལས་རྩོད་པ་དང༌། བྱ་བ་ལས་རྩོད་པའོ་ཞེས་གསུངས་ཏེ། འདི་ནི་གླེང་གཞིའོ།། །།དེ་ལ་མི་མཐུན་པར་སྨྲ་བའི་ཕྱིར་རྩོད་པ་ཞེས་བྱ་བ་ནི། །གང་གིས་ཆོས་སྨྲ་བ་ལས་ཟང་ཟིང་ཞིག་རྙེད་ན། ཁ་ཅིག་འདི་ཆོས་ཀྱི་ཕྱིར་ཕུལ་བས་ཆོས་དབང་ངོ་ཞེ་འམ་ཆོས་སྨྲ་བའི་གང་ཟག་ཕུལ་བས་ཆོས་འཆད་པའི་གང་ཟག་དབང་ངོ་ཞེས་ཟང་ཟིང་གི་ཕྱིར་རྩོད་པར་གྱུར་པའམ། ཆོས་ཀྱི་ལྟ་བ་ལ་སོགས་པའི་མི་མཐུན་པར་སྨྲ་བ་ལས་རྩོད་པར་གྱུར་པའོ། །ལུང་བསྒོ་བ་མེད་པ་ལས་རྩོད་པ་ཞེས་བྱ་བའི་གང་ཟག་གཙང་མ་ཉེས་པ་མེད་པ་ལ། གླེང་བའི་མི་རིགས་པ་ལས་ཉེས་པ་བྱས་སོ་ཞེས་ངན་པར་གླེངས་པས་ན། མཁན་པོ་སློབ་དཔོན་གྱིས་དེ་ལས་ཀློག་པ་དང༌། ཁ་ཏོན་ལ་སོགས་པའི་ལུང་སྟོན་པ་མེད་པ་ལས་རྩོད་པར་གྱུར་པ་སྟེ། ཇི་ལྟར་གྱད་བུ་ནོར་ལས་ཅན་དང་མཛའ་བོས་སྐུར་པ་བཞིན་ནོ། །ཉེས་པ་ལས་རྩོད་པ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའི་ཉེས་པ་བྱུང་ནས་གླེང་བའི་དགེ་སློང་གིས་གླེངས་པ་ལས་ཁས་མི་ལེན་མི་འཆགས་པ་འམ། ཉེས་པ་གཞན་ལ་གཞན་གྱིས་གླེངས་པའི་ཕྱིར་རྩོད་པའི་གླེང་གཞིར་གྱུར་པའོ། །བྱ་བ་ལས་རྩོད་པ་ཞེས་བྱ་བ་ནི་གསོལ་བའི་ལས་ལ་སོགས་པ་བརྒྱ་རྩ་གཅིག་ལས་གང་ཡང་རུང་བ་ཞིག་བྱེད་པའི་ཚེ་རྩོད་པའི་གླེང་གཞིར་གྱུར་པ་སྟེ། འདི་ནི་རྩོད་པ་རྣམས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱའོ། །དེ་ལ་མི་མཐུན་པར་སྨྲ་བ་ལས་རྩོད་པའི་རྒྱུ་ནི་ཉི་ཤུ་སྟེ། འཁྲུག་པའི་རྩ་བ་དྲུག་


DTG156_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེན་བྱེད་པའི་དངོས་པོ་བཅུ་བཞིའོ། །དེ་ལ་འཁྲུག་པའི་རྩ་བ་དྲུག་ནི་ཁྲོ་ཞིང་ཁོན་དུ་འཛིན་པ་དང༌། འཆབ་ཅིང་འཚིག་པ་དང༌། ཕྲག་དོག་ཅིང་སེར་སྣ་བྱེད་པ་དང༌། སྒྱུ་དང་གཡོ་བྱེད་པ་དང༌། ངོ་ཚ་མི་ཤེས་ཤིང་ཁྲེལ་གྱིས་མི་དོགས་པ་དང༌། སྡིག་པ་ལ་མོས་ཤིང་ལོག་པར་ལྟ་བ་བདག་ཏུ་སྨྲ་བ་བསྙེམས་པའོ། །དབྱེན་བྱེད་པའི་དངོས་པོ་བཅུ་བཞི་ནི་ཆོས་སོ་ཞེས་སྨྲ་བ་དང༌། ཆོས་མ་ཡིན་ནོ་ཞེས་སྨྲ་བ་དང༌། དེ་བཞིན་དུ་འདུལ་བའོ། །འདུལ་བ་མ་ཡིན་ནོ། །ཉེས་པའོ། །ཉེས་པ་མེད་པའོ། །ལྕི་བའོ། །ཡང་བའོ། །ལྷག་མ་ལུས་པའོ། །ལྷག་མ་མ་ལུས་པའོ། །བསྔམ་པར་བྱ་བའོ། །བཤགས་པར་བྱ་བའོ། །འདུལ་བ་ལས་འདའ་བའོ། །ངན་པར་སྨྲ་བར་འགྱུར་བའོ་ཞེས་བྱ་བ་རྣམས་ཏེ། མི་མཐུན་པར་སྨྲ་བའི་ཕྱིར་རྩོད་པ་ཐམས་ཅད་ནི་དྲུག་དང་བཅུ་བཞིའོ། །འདི་དག་ལས་བྱུང་བའི་ཕྱིར་རྒྱུ་ཞེས་བྱའོ། །ལུང་བསྒོ་བ་མེད་པ་ལ་རྩོད་པའི་རྒྱུ་ནི་གཅིག་སྟེ་ལུང་མི་སྟོན་པ་ཉིད་ལ་བྱའོ། །དེ་ནི་དགེ་འདུན་ལ་ལུང་མ་སྟོན་ཅིག་ཅེས་ཟེར་བ་དང༌། ལུང་མི་སྟོན་པ་དང༌། ལུང་མི་སྟོན་པར་འཇོག་པ་སྟེ། དེ་ལྟ་བུའི་ཕྱིར་འཐབ་ཅིང་གཤེ་བ་དང༌། ཁོན་ཅིང་འཁྲུག་པ་འདི་ནི་ལུང་བསྒོ་བ་མེད་པ་ལ་རྩོད་པའི་རྒྱུ་བ་མི་སྟོན་པ་འཇོག་པ་སྟེ། དེ་ལྟ་བུའི་ཕྱིར་འཐབ་ཅིང་གཤེ་བ་དང༌། ཁོན་ཅིང་འཁྲུག་པ་འདི་ནི་ལུང་བསྒོ་བ་མེད་པ་ལ་རྩོད་པའི་རྒྱུ་བ་ཞེས་བྱའོ། །ཉེས་པ་ལས་རྩོད་པའི་རྒྱུ་ནི་ལྔ་སྟེ། ལྟུང་བ་སྡེ་ལྔ་པོ་ཕས་ཕམ་པ་ནས་ཉེས་བྱས་ཀྱི་བར་དུ་གང་ཡང་རུང་བ་ཞིག་བྱས་པའོ། །རྒྱུ་ལྔ་པོ་དེ་དག་ཀྱང་ངག་དང་སེམས་ཀྱིས་མ་ཡིན་གྱི་ལུས་འབའ་ཞིག་ལས་འབྱུང་བ་ཡང་ཡོད་དེ། ཇི་ལྟར་བསྙེན་པར་མ་རྫོགས་པའི་གང་ཟག་ཕྱིར་མ་བྱུང་བ་ལས་ཕྱིར་བྱུང་བར་འདུ་ཤེས་ཏེ་ཉལ་བ་འམ། ཉལ་བའི་འོག་ཏུ་སྐྱེས་པ་ཕྱིས་འོངས་ནས་ཁྱིམ་ཅིག་ཏུ་ཉལ་བ་འམ།། གཉིད་ལོག་པ་ལས་མལ་སྟན་ཆེན་པོའི་སྟེང་དུ་གཞག་པ་ལྟ་བུ་ལུས་དང་སེམས་ཀྱིས་མ་ཡིན་གྱི་དག་འབའ་ཞིག་ལས་བྱུང་བ་ཡང་ཡོད་དོ། །ཇི་ལྟར་སྐྱེས་པ་ལ་མ་བསམས་བཞིན་དུ་ཚིག་དྲུག་གམ་བདུན་ལས་འདས་པར་ཆོས་བཤད་པ་ལྟ་བུའོ། །དག་གི་མ་ཡིན་གྱི་ལུས་


DTG156_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་གཉི་ག་ལས་བྱུང་བ་ཡང་ཡོད་དོ། །ཇི་ལྟར་དགེ་སློང་མས་བྱོལ་སོང་དུ་གྱུར་པའི་སྲོག་ཆགས་འཚོ་བ་དང་ཕྲལ་ན་ཇི་ལྟར་བདག་གིས་བསད་པ་བཞིན་དུ་གཞན་ལ་སྲོག་ཆགས་འཚོ་བ་དང་ཕྲོལ་ཅིག་ཅེས་ཚིག་ཏུ་ནི་མི་སྨྲ་ལ། དེ་ལྟར་བསད་ན་ལེགས་པར་བསད་པ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་བཞིན་དུ་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། མྱོས་པའི་ཁུ་བ་འཐུང་པའི་ཚེ་ཚིག་ཏུ་མི་སྨྲ་བ་ལྟ་བུའོ། །ལུས་ཀྱི་མ་ཡིན་གྱི་ངག་དང་སེམས་གཉི་ག་ལས་འབྱུང་བ་ཡང་ཡོད་དེ། ཇི་ལྟར་བསམས་པ་བཞིན་དུ་སྐྱེས་པ་ལ་ཚིག་བདུན་ལས་འདས་པར་ཆོས་བཤད་པ་ལྟ་བུའོ། །ལུས་དང་ངག་དང་སེམས་གསུམ་ཆར་ལས་འབྱུང་བ་ཡང་ཡོད་དེ། ཇི་ལྟར་སྲོག་བཅད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། མྱོས་པའི་ཁུ་བ་འཐུང་བ་དེ་ཉིད་ལ་ཚིག་གིས་ཀྱང་བསྔགས་པ་ལྟ་བུའོ། །བྱ་བ་ལ་རྩོད་པའི་རྒྱུ་ནི་བརྒྱ་རྩ་གཅིག་ཡོད་དེ། གསོལ་བའི་ལས་ཉི་ཤུ་རྩ་བཞི་དང༌། གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་དང༌། གསོལ་བ་དང༌། བཞིའི་ལས་སུམ་ཅུ་པོ་རྣམས་ཏེ། འདི་ནི་རྩོད་པ་དེ་དག་གི་རྒྱུ་བསྟན་པ་ཞེས་བྱའོ།། །། མི་མཐུན་པར་སྨྲ་བ་ལས་རྩོད་པ་དེ་ནི་དགེ་བ་ཞེས་ཀྱང་བྱ། །མི་དགེ་བ་ཞེས་ཀྱང་བྱ། ལུང་དུ་མི་སྟོན་པ་ཞེས་ཀྱང་བྱ་སྟེ། གང་དགེ་འདུན་གྱི་དོན་དུ་བྱ་བ་དང༌། དོན་དུ་སེམས་པ་དང༌། དགེ་བའི་དོན་གྱི་ཕྱིར་འཐབ་པ་དང༌། གཤེ་བ་དང༌། འཁོན་པ་དང༌། འཁྲུག་པ་དེ་ནི་དགེ་བ་ཞེས་བྱའོ། །གང་དགེ་འདུན་གྱི་དོན་དུ་མ་ཡིན་པ་དང༌། དོན་དུ་མི་སེམས་པ་དང༌། མི་དགེ་བའི་དོན་གྱི་ཕྱིར་འཐབ་པ་ལ་སོགས་པ་དེ་ནི་མི་དགེ་བ་ཞེས་བྱའོ། །གང་དགེ་འདུན་གྱི་དོན་ཡང་མ་ཡིན། དོན་མ་ཡིན་པ་ཡང་མ་ཡིན། དོན་དུ་སེམས་པ་ཡང་མ་ཡིན། མི་སེམས་པ་ཡང་མ་ཡིན། དགེ་བའི་དོན་དུ་ཡང་མ་ཡིན། མི་དགེ་བའི་དོན་དུ་ཡང་མ་ཡིན་པར་འཐབ་པ་ལ་སོགས་པ་དེ་ནི་ལུང་དུ་མི་སྟོན་པ་ཞེས་བྱའོ། །མི་མཐུན་པར་སྨྲ་བའི་རྩོད་པ་ཇི་ལྟ་བར་ལུང་བསྒོ་བ་མེད་པ་ལ་རྩོད་པ་དང༌། ཉེས་པ་ལ་རྩོད་པ་དང༌། བྱ་བ་ལ་རྩོད་


DTG156_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱང་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མི་སྟོན་པར་རྣམ་པར་གཞག་སྟེ་དགེ་བར་འདོད་པ་དང་མི་དགེ་བར་འདོད་པ་དང༌། དེ་གཉི་གར་མི་འདོད་པ་ནི་རིམ་བཞིན་དུ་སྦྱར་ཞིང་བཤད་པར་བྱ་སྟེ། འདི་ནི་རྩོད་པ་དེ་དག་དགེ་བའི་ལ་སོགས་པར་རྣམ་པ་གཞག་པ་བསྟན་པ་ཞེས་བྱའོ། །དེ་ལ་མི་མཐུན་པར་སྨྲ་བའི་རྩོད་པ་ལ་རྣམ་པ་བཞི་ཡོད་དོ། མི་མཐུན་ལ་རྩོད་པ་མེད་པ་དང༌། མཐུན་ལ་རྩོད་པ་དང༌། མི་མཐུན་ལ་རྩོད་པ་དང༌། མཐུན་ལ་མི་རྩོད་པའི། །མི་མཐུན་ལ་རྩོད་པ་མེད་པ་ནི་གང་ཐ་དད་དུ་སྨྲ་བ་ནི་ཡོད་ལ། འཐབ་ཅིང་གཤེ་བ་དང༌། འཁོན་པ་ནི་མེད་པའོ། །མཐུན་ལ་རྩོད་པ་ནི་ལུང་བསྒོ་བ་མེད་པ་དང༌། ཉེས་པ་དང་བྱ་བའི་རྩོད་པ་ནི་ཡོད་ལ་མི་མཐུན་པར་སྨྲ་བའི་རྩོད་པ་ནི་མེད་པའོ། །མི་མཐུན་ལ་རྩོད་པ་ནི་གང་དགེ་འདུན་ཐ་དད་དུ་སྨྲ་བ་དང༌། འཁྲུག་པར་མི་མཐུན་པར་བྱ་བ་དང༌། མ་གུས་པར་བྱེད་པ་དང༌། གཅིག་ཏུ་མ་ཡིན་པར་དེ་ལྟ་བུ་ཕྱིར་འཐབ་ཅིང་གཤེ་བ་དང༌། འཁོན་པར་གྱུར་པའོ། །མཐུན་ལ་མི་རྩོད་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །སྐབས་འདིར་ནི་མི་མཐུན་པར་སྨྲ་བ་ལ་རྩོད་པ་ཞེས་བྱ་བ་ནི་གསུམ་པ་བཟུང་ངོ༌། །ལུང་བསྒོ་བ་མེད་པའི་ཕྱིར་རྩོད་པ་ཡང་རྣམ་པ་བཞི་སྟེ། ལུང་མི་བསྒོ་བ་ལ་རྩོད་པ་མེད་པ་དང༌། རྩོད་པ་ལ་ལུང་བསྒོ་བ་དང༌། ལུང་ཡང་མི་བསྒོ་ལ་རྩོད་པ་དང༌། ལུང་ཡང་བསྒོ་ལ་རྩོད་པ་མེད་པའོ། །དེ་ལ་ལུང་མི་བསྒོ་ལ་རྩོད་པ་མེད་པ་ནི་གང་དགེ་འདུན་ལུང་སྟོན་དུ་མི་འཇུག་པ་དང། ལུང་མི་སྟོན་པ་ནི། ཡོད་ལ་འཐབ་པ་ལ་སོགས་པ་ནི་མེད་པའོ། །རྩོད་ལ་ལུང་བསྒོ་བ་ནི་མི་མཐུན་པར་སྨྲ་བ་དང༌། ཉེས་པ་དང་བྱ་བའི་རྩོད་པ་ནི་ཡོད་ལ། ལུང་ནི་སྟོན་པའི་ཕྱིར་རྩོད་པ་ནི་མེད་པའོ། །ལུང་ཡང་མི་བསྒོ་བ་ལ་རྩོད་པ་ནི་གང་དགེ་འདུན་ལུང་སྟོན་དུ་མི་འཇུག་པ་དང༌། ལུང་མི་སྟོན་པ་དང༌། ལུང་སྟོན་མི་འཇུག་པ་དེའི་ཕྱིར་འཐབ་ཅིང་གཤེ་བ་དང༌། འཁོན་ཅིང་འཁྲུག་པར་གྱུར་པའོ། །ལུང་ཡང་བསྒོ་ལ་རྩོད་པ་མེད་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། སྐབས་འདིར་ལུང་བསྒོ་བ་མེད་པའི་


DTG156_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྩོད་པ་ཞེས་བྱ་བ་ནི་གསུམ་པ་གཟུང་ངོ༌། །ཉེས་པའི་ཕྱིར་རྩོད་པ་ལ་ཡང་རྣམ་པ་བཞི་ཡོད་དེ། ཉེས་པ་ཡོད་པ་ལ་རྩོད་པ་མེད་པ་དང༌། ཉེས་པ་མེད་པ་ལ་རྩོད་པ་དང༌། ཉེས་པ་ཡོད་པ་ལ་རྩོད་པ་དང༌། ཉེས་པ་མེད་ལ་རྩོད་པ་མེད་པའོ། །དེ་ལ་ཉེས་པ་ཡོད་ལ་རྩོད་པ་མེད་པ་ནི་ཕས་ཕམ་པ་ནས་ཉེས་བྱས་ཀྱི་བར་གྱི་ཉེས་པ་ནི་བྱུང་ལ་འཐབ་པ་ལ་སོགས་པ་ནི་མེད་པའོ། །ཉེས་པ་མེད་པ་ལ་རྩོད་པ་ནི་མི་མཐུན་པར་སྨྲ་བ་དང༌། ལུང་བསྒོ་བ་མེད་པ་དང༌། བྱ་བའི་རྩོད་པ་ནི་ཡོད་ལ་ཉེས་པའི་ཕྱིར་རྩོད་པ་མེད་པའོ། །ཉེས་པ་ཡོད་པ་ལ་རྩོད་པ་ནི་ཕས་ཕམ་པ་ནས་ཉེས་བྱས་ཀྱི་བར་དུ་བྱུང་ལ། དེའི་ཕྱིར་འཐབ་ཅིང་གཤེ་བ་དང༌། འཁོན་ཅིང་འཁྲུག་པར་འགྱུར་བའོ། །ཉེས་པ་མེད་པ་ལ་རྩོད་པ་མད་པ་ནི། རྣམ་པ་དེ་དག་མ་གཏོགས་པ་སྟེ། འདིར་ཉེས་པའི་རྩོད་པ་ཞེས་བྱ་བ་ནི་གསུམ་བཟུང་ངོ༌།། །།བྱ་བའི་ཕྱིར་རྩོད་པ་ལ་ཡང་རྣམ་པ་བཞི་ཡོད་དེ། བྱ་བ་ཡོད་ལ་རྩོད་པ་མེད་པ་དང༌། རྩོད་པ་ཡོད་ལ་བྱ་བ་མེད་པ་དང༌། བྱ་བ་ཡང་ཡོད་ལ་རྩོད་པ་དང༌། བྱ་བ་མེད་པ་ལ་རྩོད་པའོ། །དེ་ལ་བྱ་བ་ཡོད་ལ་རྩོད་པ་མེད་པ་ནི་གང་གསོལ་བའི་ལས་ལ་སོགས་པའི་བྱ་བ་ནི་ཡོད་ལ། འཐབ་པའི་སོགས་པའི་བྱ་བ་ནི་མེད་པའོ། །རྩོད་པ་ཡོད་ལ་བྱ་བ་མེད་པ་ནི་མི་མཐུན་པར་སྨྲ་བ་དང༌། ལུང་བསྒོ་བ་མེད་པ་དང༌། ཉེས་པའི་རྩོད་པ་ནི་ཡོད་ལ་བྱ་བའི་ཕྱིར་རྩོད་པ་ནི་མེད་པའོ། །བྱ་བ་ཡང་ཡོད་ལ་རྩོད་པ་ནི་གང་གསོལ་བ་ལ་སོགས་པའི་ལས་ཀྱི་ཕྱིར་འཐབ་ཅིང་གཤེ་བ་དང༌། འཁོན་ཞིང་འཁྲུག་པར་གྱུར་པའོ། །བྱ་བ་ཡང་མེད་ལ་རྩོད་པ་མེད་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། འདིར་བྱ་བའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་གསུམ་པ་གཟུང་ངོ༌། །འདི་ནི་རྩོད་པ་དེ་དག་གི་རྣམ་པར་དབྱེ་བ་བསྟན་པ་ཞེས་བྱ་བ་སྟེ། རྩོད་པའི་གཉེན་པོ་རྣམས་བསྟན་པ་ཞེས་བྱ་བ་ལ་གཉིས་སུ་ཕྱེ་བའི་དང་པོ་རྩོད་པ་རྣམས་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །།འདིར་ནི་ཞི་བར་བྱ་བའི་ཆོས་རྣམས་བསྟན་པ་ཞེས་བྱ་བ་བསྟན་ཏོ། །འདི་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། ཞི་བར་བྱ་བའི་ཆོས་དེ་དག་གི་གནས་བསྟན་པ་དང༌། བསླབ་པའི་དངོས་པོ་སོ་སོའི་མཚན་ཉིད་བསྟན་


DTG156_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། མཇུག་བསྡུ་བ་དང༌། ཡོངས་སུ་དག་པ་དྲི་བའོ། །དེ་དག་གི་གནས་བརྟན་པ་ནི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་གསུངས་སོ། །བསླབ་པའི་དངོས་པོ་ཉིད་ཀྱི་མཚན་ཉིད་བསྟན་པ་ཡང་གཉིས་སུ་དབྱེ་སྟེ། མདོར་བསྟན་པ་དང༌། དེ་ཉིད་ཀྱི་རྣམ་པར་བཤད་པའོ། །དེ་ལ་མདོར་བསྟན་པ་ཞེས་བྱ་བ་ནི། མདོར་བསྟན་པ་ནི། མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ།། ཞེས་གསུངས་པའོ། །དེ་ཉིད་ཀྱི་རྣམ་པར་བཤད་པ་ཞེས་བྱ་བ་ནི་མངོན་སུམ་དུ་འདུལ་འོས་པ་ལ་མངོན་སུམ་དུ་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པས་འདུལ་བ་སྦྱིན་ནོ། །མྱ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་པ་སྦྱིན་ནོ། །གང༌། ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བར་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩ་བཀྲམ་པ་ལྟ་བུ་སྦྱིན་ནོ། །ཁས་བླང་བར་འོངས་པ་ལ་ཁས་བླངས་པར་བྱའོ་ཞེས་གསུངས་པའོ།། འདི་དག་ཀྱང་གང་གིས་གང་ཞི་བར་བྱ་བ་དང༌། སོ་སོའི་མཚན་ཉིད་བསྟན་པས་སྟོན་ཏེ། དེ་ལ་མི་མཐུན་པར་སྨྲ་བས་རྩོད་ན་གཉིས་ཀྱིས་ཞི་བར་བྱ་སྟེ། མངོན་སུམ་དུ་འདུལ་བ་དང་ཚུལ་ཤིང་མང་པོ་ལེན་པས་སོ། །དེ་ལ་མངོན་སུམ་དུ་འདུལ་བ་ཞེས་བྱ་བ་ནི་གང་ཟག་གསུམ་སྟེ། རྒོལ་བ་དང། །ལེན་འདེབས་བ་དང༌། གཟུ་བོ་མངོན་སུམ་དུ་གྱུར་པའོ། །རྒོལ་བས་དོན་རྣམ་པ་བཅུ་དྲུག་པོ་འདི་ལས་བསམས་ནས་གླེང་བར་བྱ་སྟེ། བདེན་པ་དང༌། དུས་དང༌། ཚོད་དང༌། དོན་དུ་ལྡན་པ་དང༌། མཐོང་བ་དང༌། ཐོས་པ་དང༌། དོགས་པ་དང༌། ལུས་དང་ངག་དང། གྲོང་དང༌། དགོན་པ་དང༌། མཚན་མོ་དང༌། ཉིན་པར་བྱས་པ་དང༌། ལྷག་མ་ལུས་པ་དང༌། ལྷག་མ་མ་ལུས་པ་དང༌། སློང་བར་ནུས་པའོ། །རྒོལ་བས་གླེངས་ཀྱང་དེའི་ཚིག་མི་བརྩན་པར་རྣམ་པ་ལྔ་སྟེ། དོན་གཏན་ལ་མ་ཕེབས་དང༌། གཅིག་


DTG156_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅིག་ཏུ་བརྒྱུད་པའི་ཚིག་དང༌། བསྙེན་པར་མ་རྫོགས་པའི་ཚིག་ལས་དོན་དུ་འཛིན་པ་དང༌། མདོ་སྡེ་མི་ཤེས་པ་དང༌། གནས་མི་ཤེས་པའོ། །སླར་ཟློག་པ་ལྔ་ནི་བརྩན་ནོ། །ལན་འདེབས་པས་ཀྱང་རྣམ་པ་བཅུ་དྲུག་པོ་འདི་རྣམས་ལས་བསམས་ནས་སྐབས་དབྱེ་བར་བྱ་སྟེ། ཅི་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། འགྱོད་པ་ཅན་ནམ། མང་དུ་ཐོས་པ་འམ། འདུལ་བ་གཏན་ལ་འབེབས་པ་ཡིན་ནམ། ཅི་མཐོང་བ་ལས་གླེང་བར་བྱེད་དམ་ཞེས་བྱ་བ་ལ་སོགས་པ་བཅུ་གཉིས་ནི་སྔ་མ་བཞིན་ནོ། །ལན་འདེབས་པའི་ཚིག་མི་བརྩན་པར་བྱ་བ་རྣམ་པ་ལྔ་སྟེ། མཚམས་སྦྱོར་བར་མི་སྨྲ་བ་དང༌། གཞན་ལས་གཞན་དུ་འགྱུར་བ་དང༌། ཕྱོགས་ལ་བརྟེན་ཏེ་ཉེས་པ་ཁས་ལེན་པ་ལས་ཀྱང་མཉེས་པར་སྨོད་པ་དང༌། དགེ་སློང་མ་རྣམས་ལ་སྐུར་པ་འདེབས་པ་དང༌། རིམ་གྲོ་མེད་པ་པའོ། །སླར་བཟློག་པ་ལྔ་ནི་བརྩན་པར་བྱའོ། །རྒོལ་བ་དང་ལན་འདེབས་པ་གཉིས་རྩོད་པའི་ཉེས་དམིགས་དེ་ཞི་བའི་ཡོན་ཏན་དུ་སྣང་ན། དེ་གཉིས་ཀྱིས་གཟུ་བོ་ཆོས་བཅུ་དྲུག་དང་ལྡན་པ་བཙལ་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང༌། སློབ་པ་ལ་འདོད་པ་དང༌། མང་དུ་ཐོས་པ་དང༌། འདུལ་བ་ལ་མཁས་པ་དང༌། གཟུ་བོ་ཆོས་བཞིན་མ་འདྲེས་པ་དང༌། འདོད་པས་མི་འགྲོ་བ་དང༌། ཞེ་སྡང་གིས་མི་འགྲོ་བ་དང༌། གཏི་མུག་གིས་མི་འགྲོ་བ་དང༌། འཇིགས་པས་མི་འགྲོ་བ་དང༌། ལས་བྱས་པ་དང༌། མ་བྱས་པར་ཤེས་པ་དང༌། འདོད་ཆགས་ཀྱིས་རྒྱལ་བའི་བཀའ་ལས་མི་འདའ་བ་དང་ཞེ་སྡང་གིས་རྒྱལ་བའི་དག་བཀའ་ལས་མི་འདའ་བ་དང༌། མ་བཅས་པ་མི་འཆའ་བ་དང༌། བཅས་པ་ལས་མི་འགྱུར་བ་དང༌། རྩོད་པ་དེ་ཞི་བར་ནུས་པ་དང༌། ཉེས་པ་ལས་སློང་བར་ནུས་པའོ། །གཟུ་བོ་ལ་རྣམ་པ་གསུམ་སྟེ། ཕྱོགས་གཉི་གའི་ཐད་དུ་བདག་ཉིད་སོང་ནས་དཀྲུགས་པར་བྱེད་པ་དང༌། གང་དག་མི་སྡོམ་པ་སྟེ། ཕྲིན་ལས་ལ་སྦྱོར་བ་དང༌། ལུས་དང་ངག་གཉི་ག་སྡོམ་པ་སྟེ། གོང་མ་གཉིས་ལས་བཟློག་པའོ། །དེ་བས་ན་ལུས་ངག་གཉིས་སྡོམ་པའི་གཟུ་བོ་བསྒོ་བར་བྱའོ། །སྔ་མ་གཉིས་


DTG156_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་མ་ཡིན་ནོ། །གཞན་ཡང་ཆོས་ལྔ་དང་ལྡན་ན་གཟུ་བོ་བུས་པ་ལྟ་བུ་ཞེས་བྱ་སྟེ། ཆོས་མ་ཡིན་པའི་ཕྱོགས་སུ་འཇུག་པ་དང༌། རྩོད་པ་འཕེལ་བར་བྱེད་པ་དང༌། གཟུ་བོ་གཞན་ལ་མདོ་སྡེས་བསྔོ་བ་དང༌། སོ་སོར་ཐར་པས་དགེ་སློང་མ་རྣམས་ལ་སྨོད་པ་དང༌། རིམ་གྲི་མེད་པའོ། །དེ་ནས་བཟློག་པ་ནི་གསལ་བའོ། །གཟུ་བོས་རྩོད་པ་ཞི་བར་བྱ་བར་ཁས་བླངས་ན། རྣམ་པ་བརྒྱད་ཀྱི་བདག་ཉིད་ལ་བརྟག་པར་བྱ་སྟེ། ཅི་བདག་གིས་རྩོད་པའི་གཞི་ཐོག་མ་ཅི་ལས་བྱུང་བ་ཤེས་སམ། བདག་གི་གྲོགས་མོ་གཟུ་བོ་ཆོས་བཞིན་བྱེད་པ་ཡིན་ནམ་སྔོན་འདྲིས་པར་འགྱུར་བ་མ་ཡིན་ནམ། ཅི་བདག་གི་ཚིག་བརྩན་པར་འགྱུར་རམ། ཉེས་པ་དེ་དག་རྣམ་པར་སྦྱང་ནུས་སམ། ལན་གླན་པར་ནུས་སམ། ཆོས་བཞིན་དུ་བྱ་བར་ནུས་སམ། ཅི་མི་དགེ་བ་ལས་སློང་བ་ལ་མཁས་སམ་ཞེས་བརྟག་པར་བྱའོ། །དེ་ནས་རྣམ་པ་བརྒྱད་ཀྱིས་གཞན་ལ་བརྟག་པར་བྱ་སྟེ། འདི་ན་འདི་ལྟར་རྒྱལ་བའི་གསུང་སྐུང་བ། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་ལྟ་ཡོད་དམ། གང་འཕྱས་ཚོལ་བ་ལ་སླར་ཟློག་པའི་གནས་བརྟན་མ་ཡོད་དམ། དེ་གཉིས་རྒྱལ་པོ་ལ་བརྟེན་པ་མ་ཡིན་ནམ། བློན་པོ་ལ་བརྟེན་པ་མ་ཡིན་ནམ། ཁྱིམ་བདག་ལ་བརྟེན་པ་མ་ཡིན་ནམ། ཕྱི་རོལ་པ་མ་ཡིན་གྱི་དགེ་འདུན་ཉིད་ལ་ཞི་བར་སྦྱོར་བ་ལྟ་ཡོད་དམ་ཞེས་བརྟག་པར་བྱའོ། །དེ་ནས་གཟུ་བོ་དེ་དག་གིས་མངོན་སུམ་དུ་འདུ་བར་རྩོད་པ་དེ་ཞི་བར་བྱའོ། །མངོན་སུམ་དུ་བྱ་བ་ནི་རྣམ་པ་གཉིས་ཏེ། གང་ཟག་མངོན་སུམ་དང༌། ཆོས་མངོན་སུམ་མོ། །དེ་ལ་གང་ཟག་མངོན་སུམ་དུ་བྱ་བ་ནི་གང་ལ་ཞི་བར་བྱ་བ་དང༌། གང་གིས་ཞི་བར་བྱེད་པ་དེ་དག་མངོན་སུམ་དུ་གྱུར་པའོ། །ཆོས་མངོན་སུམ་དུ་བྱ་བ་ན་ཆོས་ཇི་ལྟར་ཆོས་དང་འདུལ་བ་བཞིན་ནོ། །གཟུ་བོ་རྣམས་ཀྱིས་རྒོལ་བ་ལ་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། ཆོ་ག་དང༌། སྤྱོད་ཡུལ་དང༌། མཛའ་བོ་དང༌། གྲོགས་མོ་དང༌། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། འཚོ་བ་དང༌། ཐོས་པ་སྟེ། གལ་ཏེ་བརྒྱད་པོ་དེ་དག་སྡིག་པ་ཅན་དུ་གྱུར་པ་ན་མ་སྨ་ཤིག་ཅེས་བསྒོ་བར་བྱའོ། །རྒོལ་བ་ལ་ཇི་ལྟར་ལན་


DTG156_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་ལ་ཡང་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། གལ་ཏེ་བརྒྱད་པོ་དེ་སྡིག་པ་ཅན་དུ་གྱུར་ན་ཁྱོད་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོག་མ་ཇི་ལྟ་བུ་ཡིན་ཞེས་དྲིས་ལ་ཇི་ལྟར་ཁས་བླངས་པ་བཞིན་དུ་བྱེད་དུ་གཞུག་གོ །ཅི་སྟེ་ཆོ་ག་ལ་སོགས་པ་དགེ་བ་ཅན་ཞིག་ཡིན་ན་ལན་འདེབས་པ་ལ་ནི་འཇམ་པོར་སྨྲོས་ཤིག །རྒོལ་བ་ལ་ནི་ཤེས་པར་བྱོས་ལ་རྩོད་པ་དེ་ཞི་བར་བྱའོ། །གཞན་ཡང་རྣམ་པ་བཅུ་དྲུག་ཏུ་སྦྱར་བར་བྱ་སྟེ། རྒོལ་བ་ཉིད་རིག་པར་བྱ་བ་དང༌། བརྟག་པ་དང༌། འབྱུང་བ་དང༌། དྲི་བ་དང༌། དམ་འཆར་གཞུག་པ་དང༌། སྦྲོ་བར་བྱ་བ་སྟེ་རྒོལ་བ་ལ་དྲུག་ཏུ་སྦྱར་བ་བཞིན་ལན་འདེབས་པ་ལ་ཡང་དྲུག་སྟེ་བཅུ་གཉིས་དང༌། ལན་ལྔོན་པས་དམ་བཅས་པ་གཟུང་བ་དང༌། མདོ་སྡེ་དང་སྦྱར། འདུལ་བ་དང་སྦྱར། མ་མོ་དང་སྦྱར་ཞིང་རྩོད་པ་རྨ་བར་བྱའོ། །ཆོས་ལྔ་དང་ལྡན་པའི་གཟུ་བོས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ཏེ། རྗེས་སུ་བསྟན་པའི་ཚིག་ལྔ་དང༌། མངོན་སུམ་དུ་མི་ཤེས་པའི་ཕྱིར་རོ། །ལྔ་གང་ཞེ་ན་རྒོལ་བ་དང༌། ལན་འདེབས་པ་དང༌། ཆོས་བཞིན་དུ་བརྟག་པ་དང༌། ཆོས་བཞིན་དུ་མ་ཡིན་པར་རྟོགས་པ་དང༌། དམ་བཅའ་པ་བཞིན་མི་འཛིན་པའོ། །གཞན་ཡང་རྣམ་པ་ལྔ་སྟེ། རྩོད་པའི་རང་བཞིན་དང༌། འབྱུང་བ་དང༌། གཟུང་བ་དང༌། གཅད་པ་དང༌། ཞི་གནས་པས་མི་འབྱུང་བར་མི་ཤེས་པའོ། །གཞན་ཡང་རྣམ་པ་ལྔ་སྟེ། འཁྲུལ་པ་དང༌། གསང་སྟེ་སྨྲ་བ་དང༌། ནོར་བར་སྨྲ་བ་དང༌། གློ་བུར་དུ་སྨྲས་པ་འཛིན་པ་དང༌། སྨྲས་པ་ཡང་ལན་གསུམ་གྱི་བར་དུ་དམ་འཆའ་བར་མི་འཇུག་པའོ། །གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་འདུལ་བ་ཤེས་པར་བྱས་ནས། གནས་བཅུ་དྲུག་གིས་ཉེས་པ་བརྗོད་པར་བྱ་སྟེ། ལྕི་བ་དང༌། ཡང་བ་དང༌། ལྷག་མ་ལུས་པ་དང༌། ལྷག་མ་མ་ལུས་པ་དང༌། གནས་ངན་ལེན་པ་དང༌། ལུས་ཀྱི་དང༌། ངག་གི་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མི་སྟོན་པ་དང༌། བཅས་པ་དང༌། མ་བཅས་པ་དང༌། བཤགས་པར་བྱ་བ་དང༌། བསྔམ་པར་བྱ་བ་དང༌། ངན་དུ་སྨྲས་


DTG156_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། འདུལ་བའི་ལས་འདས་པར་གྱུར་པའི་རྣམ་པ་སྟེ། དེ་ལྟར་གནས་བཅུ་དྲུག་པོ་དེ་དག་གིས་ཉེས་པ་བརྗོད་ནས། གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱའོ། །བཅུ་དྲུག་པོ་ནི་འདི་ལྟ་སྟེ། ཉེས་པ་ངོར་བརྗོད་པ་དང༌། འཕྱས་འདོགས་པ་དང༌། བསྒོ་བ་བཞིན་མི་ཉན་པ་དང༌། ཅང་མི་སྨྲ་ཞིང་མི་ཉན་པ་དང༌། བསྡིགས་པ་དང༌། བསྐྲད་པ་དང༌། སླར་བསྡུམ་པ་དང༌། སྨད་པ་དང༌། མ་མཐོང་བའི་ཕྱིར་སྤང་བ་དང༌། གཉེན་པོ་མི་བརྟེན་པའི་ཕྱིར་སྤང་བ་དང༌། སྡིག་པའི་ལྟ་བ་མི་གཏོང་བའི་ཕྱིར་སྤང་བ་དང༌། ཆད་པ་དང༌། གཞི་ནས་བསློང་བའི་ཆད་པ་དང༌། ཡིད་མགུ་བར་བྱ་བ་དང༌། གཞི་ནས་བསླང་བའི་ཡིད་མགུ་བ་དང༌། གཞི་ནས་བླངས་ཏེ་སྨོས་པའོ། །དེ་ལྟར་ཆད་པའི་ལས་ཀྱིས་སྨ་ཕབ་ནས། གནས་རྣམ་པ་བཅུ་དྲུག་གིས་ལས་བྱས་ཏེ། མངོན་སུམ་དུ་གྱུར་པ་དང༌། སྐབས་ཕྱེ་བ་དང༌། མཐོང་བས་གླེངས་པ་དང༌། ཐོས་པས་གླེངས་པ་དང༌། དོགས་པས་གླེངས་པ་དང༌། མཐོང་བས་དྲན་པར་བྱས་པ་དང༌། ཐོས་པས་དྲན་པར་བྱས་པ་དང༌། དོགས་པས་དྲན་པར་བྱས་པ་དང༌། རང་གིས་ཁས་བླངས་པ་དང༌། གཞན་གྱིས་བསྐུལ་ནས་ཁས་བླངས་པ་དང༌། བརྟག་མི་དགོས་པ་དང༌། དྲི་བ་དང༌། དྲི་མི་དགོས་པ་དང༌། ཁས་ལེན་དུ་བཅུག་པ་དང༌། ཁས་ལེན་དུ་མ་བཅུག་ཀྱང་རུང་བ་ལས་བྱའོ། །དེ་ལྟར་རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་བྱས་ནས་ལེགས་པར་ཞི་བ་ཡིན་ཏེ། ཆོ་བཞིན་དུ་ལས་བྱས་པ་དང༌། དགེ་འདུན་གྱིས་བསྒོ་བ་དང༌། རྒྱལ་བའི་གསུང་བཞིན་མཐུན་པ་དང༌། རྒོལ་བ་དང་ལན་འདེབས་པ་ལ་བསྒོ་བ་དང༌། རྒོལ་བས་འདུལ་བ་ལས་མི་འགལ་བ་དང༌། ཉེས་པ་མི་འཆབ་པ་དང༌། བྱུང་བ་དང་བཅས་པ་དང༌། རྗེས་སུ་བཅས་པ་དང༌། གནང་བ་དང༌། མི་གནང་བ་དང༌། མི་གནང་བར་སྦྱོར་བ་དང༌། རྒོལ་བ་དང་ལན་འདེབས་པའི་དམ་བཅའ་བ་འཛིན་པ་དང༌། མདོ་སྡེ་སྟོན་པ་དང༌། འདུལ་བར་མཐུན་པ་དང༌། ཆོས་ཀྱི་ཚུལ་འཕེལ་བ་དང༌། ཆོས་དང་འདུལ་བ་བཞིན་ཞི་བར་བྱེད་པའོ། །སླར་བཟློག་པ་ནི་


DTG156_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཞི་བ་མ་ཡིན་ཏེ་མ་ཞི་བའོ། །གལ་ཏེ་དེས་ཀྱང་ཞི་བར་མ་ནུས་ན་དགེ་འདུན་ལ་སླར་དབུལ་བར་བྱ་སྟེ། དགེ་འདུན་གྱིས་མངོན་སུམ་དུ་འདུལ་བས་ཞི་བར་བྱའོ། །དེས་ཀྱང་ཞི་བར་མ་ནུས་ན་ཡང་མང་དུ་ཐོས་པ་གསོལ་བ་ཡོན་ཏན་དང་ལྡན་པའི་གཟུ་བོ་མཆོག་བསྐོས་ཏེ། དེས་མངོན་སུམ་དུ་འདུལ་བས་ཞི་བར་བྱའོ། །དེ་དག་གིས་ཀྱང་མ་ནུས་ན་མཆོག་གི་ཡང་མཆོག་ལ་གཏད་དེ། དེ་དག་གིས་མངོན་སུམ་དུ་འདུལ་བས་ཞི་བར་བྱའོ། །དེ་དག་གིས་ཀྱང་ཞི་བར་མ་ནུས་ན་སླར་ཡང་དགེ་འདུན་ལ་དབུལ་བར་བྱའོ། །དེ་ནས་དགེ་འདུན་གྱིས་རྩོད་པ་སྤོ་ཞིང༌། གཏོད་པར་བྱེད་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་གཅིག་བསྐོ་བར་བྱ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་མི་འགྲོ་བ་དང༌། སྤོས་པ་དང༌། མ་སྤོས་པ་ཤེས་པ་ལས་བསྐོ་ཞིང་དེས་གང་ན་གནས་བརྟན་མ་དང༌། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཐོག་མར་ཅི་ལས་རྩོད་པ་རྒྱས་པར་སྨྲོས་ལ་གཏོད་ཅིག །དགེ་འདུན་དེ་དག་གིས་ཀྱང་ཟླ་བ་དྲུག་གི་བར་དུ་དགེ་འདུན་དང༌། གང་ཟག་དང༌། ཆོས་མངོན་སུམ་གྱི་ཞི་བར་བྱའོ། །དེ་དག་གིས་ཀྱང་ཞི་བར་མ་ནུས་ན་རྩོད་པ་སྤོ་བར་བྱེད་པ་ལ་སླར་གཏོད་ཅིག །དེས་ཀྱང་མདོ་སྡེ་ལ་སོགས་པ་འཛིན་པ་ལ་སྦོ་བར་བྱ་སྟེ། དེ་དག་གིས་གང་ཟག་དང༌། ཆོས་མངོན་སུམ་གྱིས་འདུལ་ཞིང་ཞི་བར་བྱའོ། །གལ་ཏེ་མ་ནུས་ན་སླར་ཡང་རྩོད་པ་སྤོ་བ་ལ་གཏོད་ཅིག །དེས་ཀྱང་གང་ན་གནས་བརྟན་པ་གྲགས་པ་དང་ལྡན་པ་ལ་ཐོག་མ་ནས་སྨྲོས་ལ་གཏོད་ཅིག །དེས་ཀྱང་དེ་དག་ལ་ཅི་ཡང་བླང་བར་མི་བྱ། ཁ་ཏོན་ལ་སོགས་པ་ལ་ཡང་སྦྱིན་པར་མི་བྱ། མདུན་ནམ་རྒྱབ་ཏུ་འདུག་ལ། འདི་སྐད་དུ་འཕགས་མ་དག་འཐབ་པར་མ་བྱེད་ཅིག ། གཉི་གལ་རྒྱལ་བར་མི་འགྱུར་གྱི། གཅིག་པུ་ལའོ་ཞེས་སྨྲོས་ཤིག །དེས་ཞི་བར་གྱུར་ན་ལེགས་པར་ཞི་བ་ཞེས་བྱ་སྟེ། དེ་ལྟར་མངོན་སུམ་དུ་འདུལ་བ་ཡིན་ནོ། །གལ་ཏེ་གནས་བརྟན་མས་ཀྱང་ཞི་བར་མ་ནུས་ན་རྩོད་པ་སྦོ་བར་བྱེད་པ་ལ་སླར་གཏོད་ལ། དེས་ཀྱང་དགེ་


DTG156_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་སླར་དབུལ་བར་བྱ་སྟེ། དགེ་འདུན་གྱིས་ཀྱང་ཚུལ་ཤིང་མང་པོ་ལེན་དུ་བཅུག་ནས་རྩོད་པ་དེ་ཞི་བར་བྱའོ། །དེ་ལ་ཚུལ་ཤིང་འདྲིམ་པ་ལ་རྣམ་པ་བཞི་སྟེ། གང་ལ་གནས་བརྟན་མ་ཆོས་བཞིན་སྨྲ་བ་མི་མང་ན་དགབ་པར་བྱ་བ་དང༌། ཆོས་བཞིན་སྨྲ་བ་མང་ན་དགབ་པར་མི་བྱ་བ་དང༌། རྣ་བར་བ་ཤུབ་བ་སྟེ། ཁྱོད་ཀྱི་མཁན་པོ་དང་སློབ་དཔོན་ལ་སོགས་པས་ནི་ཆོས་བཞིན་གྱི་ཚུལ་ཤིང་བླངས་ཀྱི་ཁྱོད་ཀྱིས་ཀྱང་ལོང་ཤིག་ཅེས་བསྐོ་བ་དང༌། གང་ན་ནད་པ་མང་ཞིག་དགེ་འདུན་ཐམས་ཅད་ཀྱི་དང་བཞིའོ། །ཆོས་བཞིན་མ་ཡིན་པར་ཚུལ་ཤིང་ལེན་པ་རྣམ་པ་བཅུ་ཡོད་དེ། ཆོས་བཞིན་མ་ཡིན་པར་ལེན་པ་དང༌། འདུལ་བར་མི་མཐུན་པ་དང་མ་འདུས་པར་ལེན་པ་དང༌། ཅུང་ཟད་ཅིག་གི་ཉེས་པ་ཆུང་དུས་དབྱེ་བར་དོགས་པ་དང༌། གནས་བརྟེན་མའི་མཐར་མ་ཕྱིན་པ་སྦྱོར་ཟློག་པ་དང༌། ཤེས་པར་ལྡན་པ་ཁ་ལོ་སྒྱུར་བར་མི་བྱེད་ཅིང་འདུལ་བ་འཛིན་པ་ལ་སོགས་པ་མི་འདྲི་བ་དང༌། དགེ་འདུན་དབྱེ་བར་བྱ་སྙམ་དུ་སེམས་པ་དང༌། ཆོས་བཞིན་མ་ཡིན་པར་སྨྲ་བ་མང་པོར་འདོད་པ་དང༌། དགེ་འདུན་དབྱེ་བར་འདོད་པ་དང༌། ཆོས་མ་ཡིན་པར་སྨྲ་བར་འགྱུར་རོ་སྙམ་པའོ། །དེ་ལས་ཟློག་པ་རྣམ་པ་བཅུ་ནི་ཆོས་བཞིན་བླངས་པ་ཞེས་བྱའོ། །ཚུལ་ཤིང་འདྲིམ་པས་ཚུལ་ཤིང་རྣམ་པ་གཉིས་སུ་བྱ་སྟེ། ཆོས་བཞིན་སྨྲ་བའི་ཚུལ་ཤིང་ནི་དབྱིབས་དང་ཁ་དོག་དང་གཟུགས་སུ་ལྡན་པའོ། །ཆོས་མ་ཡིན་པར་སྨྲ་བའི་ཚུལ་ཤིང་ནི་སླར་ཟློག་པའོ། །དེ་ནས་ཚུལ་ཤིང་འདྲིམ་པས་ཆོས་བཞིན་སྨྲ་བའི་ཚུལ་ཤིང་ནི་ལག་པ་གཡས་པས་ཁྱེར་ཅིག །ཆོས་བཞིན་མ་ཡིན་པར་སྨྲ་བའི་ཚུལ་ཤིང་ནི་ལག་པ་གཡོན་པས་ཁྱེར་ལ། དགེ་འདུན་གྱི་མདུན་དུ་ཆོས་བཞིན་སྨྲ་བའི་ཚུལ་ཤིང་ལ་ནི་བསྔགས་པར་བྱ་སྟེ། འདི་ནི་ཆོས་བཞིན་སྨྲ་བའི་ཚུལ་ཤིང་སྟེ། དགྱེ་དགུ་མེད་པ། མི་འཁྱོར་བ། དྲང་བ། ཁ་དོག་སྡུག་པ་ཡིན་གྱི་ལོང་ཤིག་ཅེས་བསྒྲགས་པར་བྱའོ། །ཆོས་མ་ཡིན་པར་སྨྲ་བའི་ཚུལ་ཤིང་ལ་ནི་སྨད་པར་བྱ་སྟེ། འདི་ནི་ཆོས་བཞིན་མ་ཡིན་པའི་ཚུལ་ཤིང་སྟེ། དགྱེ་དགུ་ཅན། འཁྱོར་བ། མི་


DTG156_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པ། ཁ་དོག་མི་སྡུག་པ། རེག་ན་མི་བདེ་བ་ཡིན་གྱི་ལོང་ཤིག་ཅེས་བརྗོད་པར་བྱའོ། །གང་ཡང་རུང་ཆོས་མ་ཡིན་པའི་ཚུལ་ཤིང་ལ་ལག་པ་བརྐྱང་ན་ཚིག་དང་པོ་དང་གཉིས་པ་ལ་མི་བྱིན་པར་གསུམ་པ་ལ་སྦྱིན་པར་བྱ་སྟེ། འདུལ་བ་ལས་འདས་པའི་ཉེས་བྱས་ཀྱང་འཆགས་སུ་ཆུག་ཤིག །དེས་ན་སླར་བསྡུས་ཏེ་གྲོངས་ལ་གལ་ཏེ་མཉན་པར་གྱུར་ན་གནས་བརྟེན་ཅང་ཞེས་ཀཽཎྜི་ནྱའི་ཕྱིར་ཚུལ་ཤིང་གཅིག་ལོང་ལ་ཆོས་བཞིན་སྨྲ་བའི་ཚུལ་ཤིང་གི་སྟེང་དུ་མནན་ཏེ། མང་བར་གྱུར་ན་ཆོས་བཞིན་སྨྲ་བ་རྒྱལ་བ་ཡིན་པས། མ་དད་དུ་མི་གནང་བར་རྩོད་པ་དེ་ཞི་བར་བྱ་སྟེ། གང་གིས་བསྐྱོས་པ་དེ་ལྟུང་བར་འགྱུར་རོ། །གལ་ཏེ་གཅིག་པུ་དེས་བསྣན་ཀྱང་ཆོས་བཞིན་མ་ཡིན་པར་སྨྲ་བའི་མང་བར་གྱུར་ན། དགེ་བའི་ཕྱོགས་སུ་བཏང་ན་རྟག་ཏུ་རྩོད་པར་མི་རིགས་སོ་སྙམ་དུ་སེམས་ལ། སྡིག་པ་ལ་ལྟ་བཞིན་ཞོག་ལ་དེས་ཞི་བར་བྱོས་ཤིག །གང་གིས་བསྐྱོས་པ་དེའི་ཉེས་བྱས་སོ། །ཞུས་པ་ལས་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་ཚུལ་ཤིང་མ་སྤོས་རྩོད་པ་ཞི་བར་བྱས་པ་ལས། གང་གི་ཕྱོགས་སུ་ཚུལ་ཤིང་གཅིག་གིས་ལྷག་པར་གྱུར་ན། དེའི་ཕྱོགས་དེས་རྣམ་པར་ཞི་བར་བྱའོ་ཞེས་གསུངས་ན་བཙུན་པ་གལ་ཏེ་ཕྱོགས་གཉི་ག་ཚུལ་ཤིང་མཉམ་པར་གྱུར་ན་གང་གི་དབང་གིས་རྩོད་པ་རྣམས་ཞི་བར་བགྱི། ཨུ་པཱ་ལིའི་ཕྱོགས་གང་གི་དགེ་སློང་དག་མང་དུ་ཐོས་པའོ། །གཉི་ག་ཡང་གཞུང་ལ་མཚུངས་པར་གྱུར་ན་གང་གི་ཚིག་གཟུང་བར་བགྱི། གང་བྱང་བའི་ཡིན་ནོ། །གལ་ཏེ་གཉི་ག་བྱང་བར་གྱུར་ན། གང་གི་གཟུང་བར་བགྱི། གལ་ཏེ་ཕལ་ཆེར་བྱུང་བའི་ཤས་ཆེ་བ་ཡིན་ནོ་ཞེས་གསུངས་སོ། །ལུང་བསྒོ་བ་མེད་པའི་ཕྱིར་རྩོད་པ་ལ་རྣམ་པ་གསུམ་གྱིས་ཞི་བར་བྱ་སྟེ། མངོན་སུམ་དང༌། དྲན་པ་དང༌། མ་མྱོས་པ་ལས་འདུལ་བའོ། དེ་ལ་མངོན་སུམ་དུ་འདུལ་བའི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །དྲན་པས་འདུལ་བ་ནི་ཇི་ལྟར་གྱད་བུ་ནོར་ལ་ས་ཅན་དང་མཛའ་བོས་སྐུར་བ་བཏབ་པ་ལས་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱིས་ལས་གྱད་བུ་ནོར་ལ་ཉེས་པ་བྱས་པ་དྲན་ནམ་ཞེས་སྨྲས་ན། དྲན་ཏེ་མ་བྱས་


DTG156_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་སྨྲས་པ་དེ་ཉིད་ཀྱིས་རྩོད་པ་དེ་ཞི་བར་གྱུར་པ་ལྟ་བུ་སྟེ། དེ་དང་འདྲ་བ་གཞན་ཡང་བདེན་པ་མནང་བའམ། ངོ་ཚ་ཤེས་པ་དང་ལྡན་པའི་གང་ཟག་ཞིག་ལ་གཞན་གྱིས་ཉེས་པ་བྱས་སོ་ཞེས་གླེང་བའི་མི་རིགས་བ་ལ་གླེངས་པར་གྱུར་ན་དགེ་འདུན་གྱིས་དེ་ལ་ཉེས་པ་འདི་ལྟ་བུ་བྱས་པ་དྲན་ནམ་ཞེས་གསོལ་པ་དང༌། གཉིས་ཀྱི་ལས་ཀྱིས་སྨྲ་བར་བྱ་སྟེ། གལ་ཏེ་བདག་གིས་ཉེས་པ་བྱས་པར་མི་དྲན་ནོ་ཞེས་ཟེར་ན། དེ་གཉིས་ཀྱི་རྩོད་པ་ཞི་བར་བྱ་བ་དང༌། ཉེས་པ་གཞན་བྱུང་ན་གཞན་གྱིས་གླེངས་པ་དང༌། ཉེས་པ་སླར་ཆོས་བཞིན་དུ་བྱས་པ་ལ་ཡང་བྱའོ། །མ་མྱོས་པས་འདུལ་བ་ནི་ཇི་ལྟར་དགེ་སློང་བྱེ་མ་ཅན་སྨྱོས་པའི་ཚེ་ཉེས་པ་བྱས་པ་གཞན་གྱིས་གླེངས་བའི་ཕྱིར་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱེ་མ་ཅན་ལ་ཁྱོད་མྱོས་བ་སངས་ཏེ་དྲན་ཚུན་ཆད་ཉེས་པ་བྱས་པ་དྲན་ནམ་ཞེས་སྨྲས་པ་ལས། སངས་ཏེ་དྲན་ཚུན་ཆད་ཉེས་པ་བྱས་པ་མེད་དོ་ཞེས་སྨྲས་པ་དེ་ཉིད་ཀྱིས་རྩོད་པ་དེ་ཞི་བར་གྱུར་པ་ལྟ་བུའོ། །གཞན་ཡང་དེ་དང་འདྲ་བ་ལ་དེ་བཞིན་དུ་ཞི་བར་བྱའོ། །ཆོས་བཞིན་མ་ཡིན་པར་དྲན་པས་འདུལ་བ་བྱིན་པ་གསུམ་སྟེ། ཉེས་པ་ཐ་མ་བྱུང་བ་དང༌། སྨྱོས་པའི་ཚེ་ཉེས་པ་བྱུང་བ་དང། ཉེས་པ་བྱུང་བ་བསྙོན་ཅིང་ཁས་ལེན་པའོ། །དེ་ལ་དང་པོ་ནི་མ་རུང་བར་བྱ་བའི་རིགས། གཉིས་པ་ནི་མ་མྱོས་པས་འདུལ་བ་སྦྱིན་པའི་རིགས། གསུམ་པ་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་རིགས་པའི་ཕྱིར་རོ། །ཆོས་བཞིན་མ་ཡིན་པར་མ་མྱོས་པས་འདུལ་བ་སྦྱིན་པ་ནི་གཅིག་སྟེ། གང་མྱོས་པ་མ་ཡིན་པ་ལས་བདག་སྨྱོས་སོ་ཞེས་ཁས་ལེན་པ་སྟེ། དེས་ན་ཉེས་པ་གང་བྱུང་བ་དེ་ཉིད་བྱེད་དུ་གཞུག་པའི་རིགས་པའི་ཕྱིར་རོ། །ཉེས་པའི་ཕྱིར་རྩོད་པ་ལ་རྣམ་པ་བཞིས་ཞི་བར་བྱ་བ་སྟེ། ཁས་བླངས་པ་དང༌། མངོན་སུམ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང༌། རྩྭ་བཀྲམ་པ་ལྟ་བུའི་འདུལ་བས་ཞི་བར་བྱ་སྟེ། དེ་ལ་ཁས་བླངས་པས་འདུལ་བ་ནི་ཇི་ལྟར་ཉེས་པ་བྱུང་བ་ལ་གླེངས་ཀྱང་རུང༌། དྲན་པར་བྱས་སམ། དྲན་པར་མ་བྱས་ཀྱང་རུང་སྟེ། དགེ་སློང་མའི་མདུན་དུ་ཉེས་པ་འཆགས་ཤིང་ཚུལ་


DTG156_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱེད་པའོ། །དེ་ལ་ཆོས་བཞིན་མ་ཡིན་པར་ཁས་ལེན་པ་རྣམ་པ་བཅུ་སྟེ། ཉེས་པའི་རིགས་ལྔ་བྱུང་བ་ལས་མ་བྱུང་ངོ་ཞེས་ཁས་ལེན་པ་དང༌། མ་བྱུང་བ་ལས་བྱུང་ངོ་ཞེས་ཁས་ལེན་པ་སྟེ། གོང་མ་ལྔ་ནི་ཁས་བླངས་ཀྱང་ཚངས་པ་སྦྱིན་པའི་རིགས་པའི་ཕྱིར་རོ། །སླར་ཟློག་པ་བཅུ་ནི་ཆོས་བཞིན་དུ་བྱས་པའོ། །མངོན་སུམ་དུ་འདུལ་བ་ནི་རི་དགས་སྒྲའི་བུ་ནག་པོ་ལས་བརྩམས་ཏེ། འདི་ནི་མཚན་ཉིད་ཀྱང་སྔར་བཤད་པ་བཞིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ནི་དགེ་འདུན་གྱི་ནང་དུ་གླེང་བ་ཕོས་གླེངས་པའི་ཚེ། ཉེས་པ་ཁས་བླངས་པ་ལས་སླར་བསྙོན་པ་ལ་སླར་ཁས་ལེན། ཁས་ལེན་པ་ལ་ཡང་བསྙོན་ན། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྙོན་དུ་མི་གནང་བར་ཉེས་པའི་ངོ་བོ་ཉིད་གང་ཡིན་པ་ཚོལ་དུ་གཞུག་སྟེ། དེའི་ངོ་བོ་ཉིད་གཏན་ལ་མ་ཕབ་ཀྱི་བར་དུ་ཁ་ཏོན་དང༌། གསོ་སྦྱིན་ལ་སོགས་པ་ཡང་དགག་ཅིང་ནམ་ཉེས་པའི་ངོ་བོ་ཉིད་རྙེད་དེ་ཁས་བླངས་ན་ཆོས་བཞིན་དུ་བྱེད་དུ་གཞུག་པ་སྟེ། དེ་ཉིད་ཀྱིས་ཞི་བར་བྱའོ། །དེ་ལ་རྩྭ་བཀྲམ་པ་ལྟ་བུ་ནི་དགེ་འདུན་ཕྱོགས་གཉིས་སུ་ཆད་དེ་རྩོད་པ་ལས། ཕྱོགས་ཀྱི་གཙོ་བོ་གཉིས་ཀྱིས་རང་རང་གི་ཕྱོགས་ལ། བདག་ཅག་དགེ་བའི་ཕྱིར་རབ་ཏུ་བྱུང་ན་རྟག་ཏུ་རྩོད་པ་མི་རིགས་པས། ཕྱོགས་ཕ་རོལ་པོ་ལ་བཟོད་པ་བྱོས་ལ་ཉེས་པ་ཡང་བཤགས་པར་བྱའོ་ཞེས་བསྒོ་སྟེ། ནམ་ཕྱོགས་གཅིག་གི་ཕྱོགས་གཉིས་པོ་ལ་སྤུ་ཞོལ་བར་བྱེད། འབྱུང་བརྩོལ་ཕྱག་འཚལ་བར་སྟོན་ཅིང༌། ཕྱོགས་ཅིག་ཤོས་ཀྱིས་ཀྱང་དེ་བཞིན་བྱ་སྟེ། ཕན་ཚུན་ཉེས་པ་གླེང་བར་བྱ་སྟེ། དཔེར་ན་རྩྭ་བཅད་ན་རད་རོད་མེད་ཅིང་བསྣོལ་མར་ཉལ་བ་བཞིན། ཕན་ཚུན་ཉེས་པ་གླེང་བར་མི་བྱེད་པའི་ཕྱིར་རྩྭ་བཀྲམ་པ་ལྟ་བུས་རྩོད་པ་ཞི་བར་བྱས་པ་ཡིན་ནོ། །བྱ་བའི་ཕྱིར་རྩོད་པ་ནི་གཅིག་པུ་ངེས་པས་དགེ་འདུན་པས་དངོས་པོ་གང་ལ་རྩོད་པ་དེའི་གཉེན་པོ་ཞི་བར་བྱའོ། །ཇི་ལྟར་ཚངས་པ་དེ་ལྟར་གཅིག་པུ་སྟེ། །ཇི་ལྟར་བརྒྱ་བྱིན་དེ་ལྟར་གཉིས་པོ་ཡིན། །ཇི་ལྟར་རྒྱལ་པོ་དེ་ལྟར་གསུམ་པོ་སྟེ། །དེ་ལས་འདས་པ་དག་ནི་ཅ་ཅོ་པའོ། །


DTG156_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་ལས་ཞི་བར་བགྱི་བ་བདུན་མ་མཆིས་ཀྱང་རྩོད་པ་ཞི་བར་འགྱུར་བ་མཆིས་སམ། ཡོད་དེ་གལ་ཏེ་གཉིས་ལས་གཅིག་དུས་ལས་འདས་སམ། ཁྱིམ་པ་ལ་སོགས་པར་གྱུར་ཏམ། ནད་ཡུན་རིངས་སུ་བཏབ་བམ། ཡུལ་གཞན་དུ་སོང་བའོ། །དེ་ལྟ་བུས་ན་གང་གིས་ཚིགས་སུ་བཅད་པ་གཅིག་ཀླགས་ཀྱང་རུང་དེས་ཆོས་ཀྱི་རྙེད་པ་ཡོངས་སུ་སྤྱད་པར་བྱ་སྟེ་དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་གསུངས་སོ། །གང་གིས་གང་ཞི་བར་བྱ་བ་དང༌། སོ་སོའི་མཚན་ཉིད་བསྟན་པས་བསླབ་པའི་དངོས་པོ་ཡོད་པ་ཉིད་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ། །ད་ནི་མཇུག་བསྡུ་ཞིང་ཡོངས་སུ་དག་པ་དྲི་བའི་ཕྱིར། རྩོད་པ་བྱུང་བར་གྱུར་པའི་རྣམས། རྩོད་པ་ཞི་བར་བྱ་བའི་ཆོས་འདི་དག་གིས་ཆོས་དང༌། འདུལ་བ་དང༌། སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ་ཞི་བར་བྱ་རྣམ་པར་ཞི་བར་བྱའོ་ཞེས་པ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུ་གསུངས་ཏེ་དེ་ནི་གོ་སླ་བས་མ་བཤད་དོ། །རྩོད་པའི་གཉེན་པོ་རྣམས་བསྟན་པ་ཞེས་བྱ་བ་ལ། གཉིས་སུ་ཕྱེ་བའི་ཐ་མ་ཞི་བར་བྱ་བའི་ཆོས་རྣམས་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ། །སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་གཉིས་པ་བསླབ་པའི་དངོས་པོ་རྣམས་བསྟན་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་རྣམས་རྫོགས་སོ།། །།ད་ནི་བསླབ་པའི་དངོས་པོ་རྣམས་ཀྱི་དོན་བསྡུ་སྟེ་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་འཕགས་མ་དག་ཅེས་བྱ་བ་ནས་དགའ་བ་ལ་རབ་ཏུ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སོ་སོར་ཐར་པའི་ལུས་སུ་བསྡུ་བ་དང༌། སྟོན་པའི་བསྟན་པར་བསྡུ་བ་དང་རྗེས་སུ་མཐུན་པའི་ཆོས་ལ་ཡང་བསླབ་པར་གཟུང་པའོ། །དེ་ལ་སོ་སོར་ཐར་པའི་ལུས་སུ་བསྡུ་བ་ཞེས་བྱ་བ་ནི། འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་བཤད་པའི་གླེང་གཞི་བཤད་ཟིན་ཏོ། །ཕས་ཕམ་པའི་ཆོས་བརྒྱད་དང༌། དགེ་འདུན་ལྷག་མའི་ཆོས་ཉི་ཤུ་དང༌། སྤང་བའི་ལྟུང་བའི་ཆོས་སུམ་ཅུ་རྩ་གསུམ་དང༌། ལྟུང་བ་བརྒྱ་བརྒྱད་ཅུ་དང༌། སོ་སོར་བཤགས་པར་བྱ་བའི་


DTG156_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཅུ་གཅིག་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཤད་ཟིན་ཏོ་ཞེས་བྱ་བ་ཡིན་ཏེ་དགེ་སློང་མས་བསླབ་པར་བྱ་བ་ནི་འདི་རྣམས་ཡིན་པས་འདི་ནི་སོ་སོར་ཐར་པའི་ལུགས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་མས་གང་གི་གླེང་གཞི་ལས་བྱུང་བ་དེའི་མཚན་མ་ཡོངས་སུ་སྤང་བར་བྱའོ། །དེས་ཀྱང་ཞི་བར་མ་ནུས་ན་དུག་གསུམ་གྱི་གཉེན་པོ་ཡིད་ལ་བྱ་བ་དང༌། དཀོན་མཆོག་གསུམ་ལ་མཆོད་ཅིང་བསྙེན་བཀུར་གྱི་ལས་བྱས་པ་དང༌། ཟས་བསྙུང་བ་ལ་སོགས་པས་དབྲལ་བར་བྱ་སྟེ། དེས་ཀྱང་མ་ནུས་ན་ཚུལ་ཁྲིམས་རྣམ་པར་མ་དག་བཞིན་དད་པས་བྱིན་པ་ཡོངས་སུ་སྤྱད་པའི་མི་རིགས་ཀྱི་བསླབ་པ་དབུལ་བར་བྱའོ། །སྟོན་པའི་བསྟན་པར་བསྡུ་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མདོར་གཏོགས་ཤིང་མདོར་འདུས་པ་ནི་འདི་སྙེད་དོ་ཞེས་བྱ་བ་ཡིན་ཏེ། དེའི་མདོར་གཏོགས་པ་ཞེས་བྱ་བ་ནི་ཚིག་ཏུ་གཏོགས་པའོ། །མདོར་འདུས་ཞེས་བྱ་བ་ནི་དོན་འདིར་འདུས་པའོ། །འདི་སྙེད་དོ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་རྣམས་སོ། །གཞན་ནི་སྔར་བཤད་པ་དང་མཐུན་པས་མ་བཤད་དོ།། །།རྗེས་སུ་མཐུན་པའི་ཆོས་ལྔ་ལ་ཡང་བསླབ་པར་གཟུང་བ་ཞེས་བྱ་བ་ནི། གང་གཞན་ནས་འབྱུང་བ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུན་པ་དང༌། མཐུན་པ་དང༌། དགའ་བ་དང༌། མི་རྩོད་པར་སེམས་ཀུན་དུ་བསྲུང་བ་དང། དྲན་པ་དང༌། དགའ་བ་ལ་རབ་ཏུ་བརྩོན་པར་བྱའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་གང་གཞན་ནས་འབྱུང་བ་ཞེས་བྱ་བ་ནི་འདུལ་བ་དངོས་པོ་ལ་སོགས་པའི་གཞུང་ལས་འབྱུང་བའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ཡང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་དང་མཐུན་པ་དེ་དག་ལ་ཡང་ནན་ཏན་དུ་བྱའོ། །ཁྱེད་རྣམས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་སློང་མ་རྣམས་སོ། །འདུམ་པ་ཞེས་བྱ་བ་ནི་ཆོ་ག་དང་མཚན་མ་མཐུན་པ་ལ་སོགས་པ་ནི་གོང་དུ་སྨོས་པ་དྲུག་པོ་ལས་འབྱུང་བ་བཞིན་དུ་སྒྲུབས་ཤིག་པའོ། །མཐུན་པ་ཞེས་བྱ་བ་ནི་


DTG156_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བསྟན་པ་བཞི་སྟེ་ཚུལ་གཅིག་ཏུ་གྱུར་པའོ། །དགའ་བ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་མངོན་པར་འཕེལ་བ་ལ་དགའ་བའོ། །མི་རྩོད་པ་ནི་ཕན་ཚུན་ལྟ་བ་དང་ཟང་ཟིང་འདོད་པ་མི་མཐུན་པའི་རྩོད་པ་སྤངས་པའོ། །སེམས་ཀུན་དུ་བསྲུངས་པས་ནི་འདོད་པའི་ཡོན་ཏན་ལྔ་སྟེ། དབང་པོ་ལྔའི་དམིགས་པ་ལ་སེམས་མི་གཏོང་བའོ། །ཡང་ན་གཅིག་གི་ཡིད་གཅིག་གིས་བསྲུང་བའོ། །དྲན་པ་ནི་བྱ་བའི་རིགས་པ་དང༌། མི་རིགས་པའི་རྣམས་ཤེས་ཤིང་རྗེས་སུ་བསྲུང་བའོ། །དགའ་བ་ལ་རབ་ཏུ་བརྩོན་པར་བྱའོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་སྤོང་བ་ལ་ནན་ཏན་རྒྱུན་མི་འཆད་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་ཐོག་མ་ནས་གནང་བ་ཡང་མ་ལགས་སྤངས་པ་ཡང་མ་ལགས་པ་དེ་ལ་ཇི་ལྟ་བུར་བསྒྲུབ་པར་བགྱི། ཇི་ལྟར་འདུལ་བ་མདོ་ཕྲ་མོ་ལས་འབྱུང་བ་འདུལ་བའི་མདོ་བསྡུས་པ་དྲན་པར་བྱ་སྟེ། དགེ་སློང་མ་རྣམས་ངས་ཐོག་མ་ནས་གནང་བ་ཡང་མེད་སྤངས་པ་ཡང་མེད་པ་དེ་གལ་ཏེ་རུང་བ་དང་མཐུན་པ་ལ་མི་རུང་བ་དང་མི་མཐུན་ན་རུང་བའོ་སྙམ་དུ་སེམས་ལ་སྤྱད་པར་བྱའོ། །མི་རུང་བ་དང་མཐུན་ལ་རུང་བ་དང་མི་མཐུན་ན་ནི་མི་རུང་བའོ་སྙམ་དུ་སེམས་ལ་སྤང་བར་བྱའོ་ཞེས་གསུངས་སོ། །སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་གསུམ་པ་བསླབ་པའི་དངོས་པོ་རྣམས་ཀྱི་དོན་བསྡུ་བ་ཞེས་བྱ་བ་བཤད་ཟིན་ཏོ།། །།སྔོན་གྱི་ཚུལ་བསྟན་པ་ཞེས་བྱ་བ་འདིར་སྟོན་ཏེ། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སངས་རྒྱས་བདུན་གྱི་འདུལ་བ་བསྟན་པ་དང༌། དེ་དག་སྟོན་པ་གང་དག་གི་གསུང་རབ་ཡིན་པའི་ཁུངས་བསྟན་པའོ། །དེ་ལ་སངས་རྒྱས་འདུན་གྱི་འདུལ་བ་བསྟན་པ་ཞེས་བྱ་བ་ནི། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་ནས། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུ་གང་གསུངས་སོ། །བསྐལ་པ་བཟང་པོ་འདིའི་སྔ་རོལ་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔ་རོལ་ན་སྐྱེ་དགུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་རིང་ལ་ཉན་ཐོས་རྣམས་མུ་


DTG156_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཅན་གྱི་དཀའ་ཐུབ་སྤྱོད་དེ། དཀའ་ཐུབ་ལ་ནན་ཏན་བྱེད་ཅིང་དེའི་འབྲས་བུ་དང་དཀའ་ཐུབ་སྟོན་པ་ལ་མོས་ཏེ། ལམ་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་སྦྱངས། གསར་པ་ནི་མ་བྱས་ཏེ་བཀག་པས་ཆུ་ལོན་བཞིན་ཏེ་དེ་ལྟར་ན་དེ་ལྟར་ན་ཚེ་ཕྱི་མར་ཟག་པ་མེད། ཟག་པ་མེད་པས་ན་སྡུག་བསྔལ་ཟད་ཅིང་མྱ་ངན་ལས་འདའོ་ཞེས་དེ་ལྟ་བུར་སྟོན་པ་ནི་ཡང་དག་པའི་དགེ་སྦྱོང་ཡིན་ནོ་ཞེས་གསུངས་པ་ལ་མོས་ཤིང་གཞན་ལ་ཡང་སྟོན་པར་གྱུར་ཏེ། དཀའ་ཐུབ་ཀྱིས་ཉོན་མོངས་པ་སྤང་བར་མི་ནུས་པས་དེའི་གཉེན་པོར། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དཀའ་ཐུབ་ལ་ནན་ཏན་བྱེད་པའི་གཉེན་པོ་དང༌། །དེའི་འབྲས་བུ་ལ་མོས་པའི་གཉེན་པོ་དང༌། གཞན་ལ་དཀའ་ཐུབ་སྟོན་པར་མོས་པའི་གཉེན་པོ་བསྟན་པའོ། །དེ་ལ་དཀའ་ཐུབ་ལ་ནན་ཏན་བྱེད་པའི་གཉེན་པོ་བསྟན་པ་ནི། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་སྟེ། མུ་སྟེགས་ཅན་ལྟ་བུ་ལུས་ཉོན་མོངས་ཤིང་གདུང་བར་བྱེད་པ་ནི་དཀའ་ཐུབ་ཀྱི་དམ་པ་མ་ཡིན་གྱི། སེམས་གདུང་བར་བྱ་བ་དེ་གཉིས་ཤིན་ཏུ་དཀའ་བའི་ཕྱིར་དཀའ་ཐུབ་ཀྱི་དམ་པ་ནི་སེམས་ཀྱིས་བཟོད་པ་སྟེ། ཆོས་ལ་རྟོགས་པའི་བཟོད་པའོ། །དཀའ་ཐུབ་དེའི་འབྲས་བུ་ལ་མོས་པའི་གཉེན་པོ་བསྟན་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་བྱ་བ་ཡིན་ཏེ། ལུས་ལ་འཚེ་བའི་དཀའ་ཐུབ་ཀྱིས་མྱ་ངན་ལས་མི་འདའ་བའི་ཆོས་ལ་རྟོགས་པར་བཟོད་པ་དེའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དེ་ལ་བརྟེན་ནས་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་ལ་རྟོགས་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་གྱི། །དཀའ་ཐུབ་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གཞན་ལ་དཀའ་ཐུབ་སྟོན་པར་མོས་པའི་གཉེན་པོ་བསྟན་པ་ནི། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱའོ། །དེ་ལ་རབ་ཏུ་


DTG156_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཞེས་བྱ་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའོ། །གཞན་ལ་གནོད་པ་ནི་ལུས་ཉོན་མོངས་ཤིང་དོན་མེད་པའི་དཀའ་ཐུབ་ལ་གཞན་དག་འཛུད་ཅིང་ཉོན་མོངས་པའི་ཕྱིར་གཞན་ལ་གནོད་པ་ཞེས་བྱའོ། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བ་ནི་ལོག་པར་སྦྱོར་བ་ལ་གཞན་དག་འཛུད་ཅིང་ཉོན་མོངས་པར་བྱེད་པ་ཉིད་ཡང་དག་པའི་དགེ་སྦྱོང་མ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་ཞེས་བྱ་བ་ནི་སྡིག་པ་ཞི་བར་བྱ་བ་ལ་སྤྱོད་ཅིང་ལེགས་པར་སྤྱོང་བས་ན་དགེ་སྦྱོང་ཞེས་བྱ་སྟེ། དངོས་སུ་ན་འཕགས་པ་རབ་ཏུ་བྱུང་བ་རྣམས་དང༌། དེའི་རྗེས་སུ་རབ་ཏུ་བྱུང་བ་རྣམས་ལ་བྱའོ། །དེ་བས་ན་ཉོན་མོངས་པ་དང་བདེ་བར་སྤྱོད་པའི་མཐའ་གཉིས་སྤངས་པ་ཆོས་ལ་རྟོག་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདའི་དཀའ་ཐུབ་ཀྱིས་ནི་མ་ཡིན་ཞེས་གསུངས་སོ། །བསྐལ་བ་དགུ་བཅུ་རྩ་གཅིག་གི་སྔ་རོལ་སྐྱེ་དགུ་རྣམས་ཚེ་ལོ་བཅུན་ཁྲི་ཐུབ་པ་ན་སངས་རྒྱས་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་རིང་ལ་ཉན་ཐོས་ཕལ་ཆེར་མཐོ་རིས་སུ་སྨོན་ལམ་འདེབས་ཤིང་ཚངས་པར་སྤྱོད་པ་ལ་མོས་པར་གྱུར་ཏེ། མཐོ་རིས་ཉིད་ངན་འགྲོ་ལོག་པར་ལྟུང་བ་ཡིན་པས་དེ་ལས་བཟློག་པར་བྱ་བའི་གཉེན་པོར། མིག་དང་ལྡན་པས་གཡང་ས་བཞིན། །ཐོབ་པར་བྱ་བ་ཡོད་པས་ན། །མཁས་པས་འཚོ་བར་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྐྱེས་བུ་མིག་དང་ལྡན་པས་གཡང་ས་དང༌། །ལམ་མི་བདེ་བ་སྤོང་བར་བྱེད་པ་དེ་བཞིན་དུ། །གང་དག་ཤེས་རབ་ཀྱི་མིག་དང་ལྡན་པས་ཀྱང་མཐོ་རིས་གཡང་ས་ཡང་བ་དང་འདྲ་བ་སྤོང་ཞིང་ཐོབ་པར་བྱ་བའི་གནས་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། མིག་དང་ལྡན་པས་ཡང་བཞིན། །ཐོབ་པར་བྱ་བ་ཡོད་པས་ན། །ཞེས་བྱ་བ་གསུངས་སོ། །དེ་ལ་ཤེས་རབ་ནི་མིག་ལྟ་བུའོ། །ལྡན་པ་ཞེས་བྱ་བ་ནི་ཐོབ་པའོ། །བཞིན་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཉིས་སུ་འདྲེན་ཏེ། ཤེས་རབ་ནི་མིག་དང་འདྲ་བས་མིག་ཅན་བཞིན་ནོ་ཞེས་ཀྱང་འདྲེན། ཡང་གཅིག་ཏུ་ན་མཐོ་རིས་གཡང་ས་ཡང་བཞིན་ནོ་ཞེས་ཀྱང་འདྲེན་པའི་ཕྱིར་རོ། །


DTG156_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཞེས་བྱ་བ་ནི་ཐབས་ལ་མཁས་པའོ། །འཚོ་བ་ནི་ཚེ་དང་བཅས་པའོ། །འཇིག་རྟེན་ནི་སྔར་བཤད་པ་བཞིན་ནོ། །འདིར་ཞེས་བྱ་བ་ཡིན་ཚེ་འདི་ཉིད་ལའོ། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །ཞེས་བྱ་བ་ཡིན་མཐོ་རིས་སུ་སྨོན་པ་ལས་སླར་ཟློག་སྟེ། སྡིག་པའི་སྐྱེ་མཆེད་མཐོ་རིས་སུ་མོས་པ་དེ་སྡིག་པ་སྤངས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཡང་དག་པའི་ཤེས་རབ་ཀྱི་མིག་དང་ལྡན་པས་གཡང་ས་དང་འདྲ་བའི་མཐོ་རིས་དེ་ཐབས་ལ་མཁས་པས་སྤང་བར་བྱའོ་ཞེས་གསུངས་སོ།། །།བསྐལ་པ་སུམ་ཅུ་རྩ་གཅིག་འདས་པའི་སྔ་རོལ་སྐྱེ་དགུ་རྣམས་ཚེ་ལོ་དྲུག་ཁྲི་ཐུབ་པ་ན། སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་རིང་ལ་ཉན་ཐོས་རྣམས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་ཅིང༌། གཞན་དག་ངན་དུ་སྨྲ་བར་ཞུགས་པ་རྣམས་ལ་ངག་གིས་སྐུར་བ་འདེབས་ཤིང་ཡིད་ཀྱིས་གནོད་པར་བྱེད་དེ། བདག་ཉིད་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པས་ཀྱང་དགེ་སྦྱོང་གི་འབྲས་བུ་ཐོབ་པར་མི་འགྱུར་ལ། གཞན་ལ་ངན་དུ་སྨྲ་ཞིང་གནོད་པར་བྱེད་པ་ཡང་སྐྱེས་བུ་དམ་པའི་ཚུལ་མ་ཡིན་པས་དེ་དག་ལས་བཟློག་པའི་གཉེན་པོར། སྐུར་པ་མི་གདབ་གནོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ངག་གིས་སྐུར་པ་འདེབས་པའི་གཉེན་པོ་དང༌། ཡིད་ཀྱིས་གནོད་པར་བྱེད་པའི་གཉེན་པོ་དང༌། ཚུལ་ཁྲིམས་ཙམ་གྱིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འཛིན་པའི་གཉེན་པོ་བསྟན་པའོ། །དེ་ལ་ངག་གིས་སྐུད་པ་འདེབས་པའི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི། སྐུར་པ་མི་གདབ་ཅེས་བྱ་བ་ཡིན་ཏེ། མུ་སྟེགས་ཅན་ལ་སོགས་པ་ངང་ཚུལ་ངན་པ་མི་དགེ་བ་སྤྱོད་པ་རྣམས་ལ་ཚུལ་ཁྲིམས་ལ་མི་གནས་ཤིང༌། སྡིག་པ་ཅན་ནོ་ཞེས་ངན་དུ་བརྗོད་པར་མི་བྱའོ། །ཡིད་ཀྱིས་གནོད་པར་བྱེད་པའི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི། གནོད་མི་བྱ་ཞེས་བྱ་བ་ཡིན་ཏེ། གཞན་ངང་ཚུལ་ངན་པ་ཅན་རྣམས་ལ་ཡིད་ཀྱིས་གནོད་པར་མི་བསམ་པའོ། །ཚུལ་ཁྲིམས་ཙམ་གྱིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འཛིན་པའི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི།


DTG156_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པའང་བསྡོམ་པར་བྱ། ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་འཇུག །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ཡིན་ཏེ། དེ་ལ་སོ་སོར་ཐར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཏེ། །ལྟུང་བ་སྡེ་ལྔའི་ཉེས་པ་ལས་བཟློག་པའོ། །བསྔམ་པར་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་རྣམས་སོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །ཞེས་བྱ་བ་ནི་འདོད་པ་ལ་བདེ་བར་སྤྱོད་པའི་མཐའ་སྤངས་པ་སྟེ། སོ་སོར་ཐར་པ་བསྔམ་པའི་ཐོག་མར་འགོ་པ་ནི་ཟས་ཀྱི་ཚོད་རིག་པར་བྱ་བ་ཡིན་ཏེ། དེ་ལ་ཟས་ཀྱི་ཚོད་རིག་པར་བྱ་བ་ཇི་ལྟ་བུ་ཞེ་ན། དབང་པོ་རྣམས་བསྔམས་ནས། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ལུས་འདི་གནས་པར་བྱ་བ་དང༌། འཚོ་བར་བྱ་བ་དང༌། བཀྲེས་པ་བསལ་བ་དང༌། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བ་དང༌། ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང༌། གསར་རྣམས་མི་སྐྱེ་བར་བྱ་བ་དང༌། བདག་འཚོ་ཞིང་སྟོབས་དང་ལྡན་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ་དེ་ནི་ཟས་ཀྱི་ཚོད་རིག་པ་ཉིད་ཅེས་བྱའོ། །བས་མཐའི་གནས་སུ་གནས་པར་བྱ། །ཞེས་བྱ་བ་ནི་བདག་ཉིད་ཉོན་མོངས་པར་སྦྱོར་བའི་མཐའ་སྤངས་པ་སྟེ། དེ་ལྟར་ཟས་ཀྱི་ཚོད་རིག་པར་བྱས་ནས་ཀྱང༌། འདུ་འཛིའི་ནང་དུ་གནས་པར་བྱ་བ་མ་ཡིན་གྱི་གྲོང་གི་འདུ་འཛི་ལས་རིང་དུ་གྱུར་པ་བས་མཐའི་གནས་སུ་སེམས་དབེན་པར་བྱ་དགོས་པའི་ཕྱིར་ཏེ། དེ་ལ་བས་མཐའི་གནས་སུ་གནས་པར་བྱ་བ་ཇི་ལྟ་བུ་ཞེ་ན། གནས་མལ་དབེན་པ་དགོན་པ་དང༌། ཤིང་དྲུང་དང༌། ཁང་སྟོང་དང༌། རི་ཁྲོད་དང༌། རི་ཕུག་དང༌། རྩྭ་གསེབ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་དང༌། ནགས་འདབ་དང༌། བས་མཐའི་གནས་མལ་གང་ཡང་རུང་བ་དག་ཏུ་གནས་པར་བྱེད་ཅིང༌། སྒྲིབ་པ་ལྔ་


DTG156_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དག་ལས་སེམས་རྣམ་པར་སྦྱོང་ཞིང་དེ་སྒྲིབ་པ་དེ་དག་ལས་སེམས་རྣམ་པར་སྦྱང་ནས་སྒྲིབ་པ་མེད་པས་ཏིང་ངེ་འཛིན་གྱི་ཉམས་བདེ་བ་ལ་ཉེ་བར་གནས་པ་དག་ཡིན་ནོ། །དེ་ལ། བས་མཐའི་གནས་སུ་གནས་པར་བྱ། །ཞེས་སྨོས་པ་ནི་ས་འཛིན་ཙམ་དུ་ཟད་དེ། གོང་དུ་བསྟན་པའི་གནས་མལ་དབེན་པ་གང་ཡང་རུང་བའོ། །ལྷག་པའི་སེམས་ལ་ཡང་དག་འཇུག །ཅེས་བྱ་བ་ལ། ལྷག་པའི་སེམས་ནི་སོ་སོའི་སྐྱེ་བོའི་སྲིད་པ་དང་བཅས་པའི་སེམས་ལས་ལྷག་པར་གྱུར་པ་སྟེ། ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བྱའོ། །ཡང་དག་འཇུག་ཅེས་བྱ་བ་ནི་དེ་སྦྱོར་བར་བྱེད་པའོ། །དེ་ལྟ་བས་ན་མྱ་ངན་ལས་འདའ་བའི་ཚུལ་ཁྲིམས་ལ་གནས་ཏེ་འདོད་པ་ལས་བདེ་བར་སྤྱོད་པ་དང། བདག་ཉིད་ཉོན་མོངས་པར་སྦྱོར་བའི་མཐའ་གཉིས་སྤངས་ལ་ཞི་བའི་གནས་སུ་ཞུགས་ཏེ། ཞི་གནས་ལ་བརྟེན་ན་ཐར་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ནི་འདི་སྐད་དུ་སྟོན་པ་ཐམས་ཅད་སྐྱོབ་ཀྱིས་གསུངས་སོ།། །།བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སྟོང་འཇིག་རྟེན་དུ་འབྱུང་བ་ལ། དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལོ། །ཐ་མ་ནི་དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བ་འབྱུང་ངོ༌། །དེ་ལ་དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང༌། གསེར་ཐུབ་དང༌། འོད་སྲུངས་དང༌། ཤཱཀྱ་ཐུབ་པ་དང་བཞི་ནི་འདས་ཟིན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ནི་སྐྱེ་དགུ་རྣམས་ཚེ་ལོ་དྲུག་ཁྲི་ཐུབ་པ་ན་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་རིང་ལ་ཉན་ཐོས་རྣམས་ཕལ་ཆེར་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པར་གྱུར་པས་དེ་ལས་བཟློག་པའི་གཉེན་པོར། ཇི་ལྟར་བུང་བ་མེ་ཏོག་བཞིན། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞི་བས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་གསུངས་སོ། །འདིའི་


DTG156_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་དཔེ་ལས་རིག་པར་བྱ་སྟེ། ཇི་ལྟར་བུང་བ་མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་ཙམ་བླངས་ནས་དེ་ཉིད་དུ་ཆགས་ཤིང་མི་གནས་པར་སྔོན་གྱི་གནས་སུ་འཕུར་ཞིང་འགྲོ་བ་དེ་བཞིན་དུ། །རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་སྒོ་གསུམ་བསྒོམ་ཞིང་གྲོང་གི་ལོངས་སྤྱོད་ལ་མི་གནོད་པར་བསོད་སྙོམས་ཙམ་བླངས་ཏེ། རྙེད་པ་དང༌། བཀུར་སྟི་ལ་མི་ཆགས་པར་རང་གི་གནས་སུ་འགྲོ་བར་བྱའོ་ཞེས་པའི་ཐ་ཚིག་གོ །དེ་ལ་བུང་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་སོ། །མེ་ཏོག་ནི་གྲོང་ངོ༌། །ཁ་དོག་དྲི་ལ་མི་གནོད་པ་ནི་ཚུལ་ཁྲིམས་ཀྱི་ཁ་དོག་དང༌། ཏིང་ངེ་འཛིན་གྱི་དྲིལ་གནོད་པར་མི་བྱ་སྟེ། ཚིག་འདི་གཉིས་ཀྱིས་ནི་རྙེད་པ་དང༌། བཀུར་སྟི་ལ་ཆགས་པ་ལས་བཟློག་པར་བསྟན་ཏེ། །དེ་ཡང་རྙེད་པ་ལ་ཆགས་པས་ནི་ཚུལ་ཁྲིམས་ཀྱི་ཁ་དོག་ལ་གནོད་པར་འགྱུར་བ་དང༌། བཀུར་སྟི་ལ་ཆགས་པ་ནི་ཏིང་ངེ་འཛིན་གྱི་དྲིལ་གནོད་པར་འགྱུར་བའི་ཕྱིར་རོ། །དེ་བས་རྙེད་པ་ནི་ཁ་དོག་གི་སྒྲར་བསྟན་པ་ལ་བཀུར་སྟི་ནི་དྲིའི་སྒྲར་བསྟན་ཏེ། ཁུ་བ་གཞིབས་ཞེས་བྱ་བ་ནི་གྲོང་གི་ལོངས་སྤྱོད་ལ་མི་གནོད་པར་བསོད་སྙོམས་ཙམ་བླང་བའོ། །འཕུར་བ་ནི་དེ་ཉིད་དུ་མི་གནས་པའོ། །ཐུབ་པ་ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་གསུམ་ཐུབ་པའོ། །གྲོང་དུ་རྒྱུ་ཞེས་བྱ་བ་ནི་ཡོན་ཏན་གོང་མ་རྣམས་ངང་ལྡན་པས་གྲོང་གི་བསོད་སྙོམས་བླངས་ཏེ། །དེ་ཉིད་དུ་མི་གནས་མ་ལ་དབེན་པ་དག་ཏུ་བག་ཡོད་པར་སྒྲུབས་ཤིག་པའོ། །བསྐལ་བ་བཟང་པོ་འདི་གཉིས་ལ་སྐྱེ་དགུ་རྣམས་ཚེ་ལོ་སུམ་ཁྲི་ཐུབ་པ་ནས། སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་སྐུའི་རིང་ལ་ཉན་ཐོས་རྣམས་ཕལ་ཆེར་སྐྱེས་བུ་དམ་པའི་ཆོས་མ་ཡིན་པ་ལ་ཞུགས་པར་གྱུར་ཏེ། དེ་དག་བདག་ཉིད་ལ་ནི་སྟོད། གཞན་ལ་ནི་སྨོད་ཅིང་ཐོས་པའི་ལོངས་སྤྱོད་པ་དང༌། ཚུལ་ཁྲིམས་ཀྱི་ལོངས་སྤྱོད་ལ་ཞུགས་ཏེ་གཞན་དག་ལ་མི་མཐུན་པར་བརྗོད་ཅིང་བྱ་བ་དང་མི་བྱ་བར་སྦྱོར་བའི་ཉེས་པ་ལ་རྟོག་པ་ན་དེའི་གཉེན་པོར། བདག་གི་རིགས་དང་མི་རིགས་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་


DTG156_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཐོས་པའི་ལོངས་སྤྱོད་ཀྱི་རྗེས་ལ་གཞན་དག་ལ་མི་མཐུན་པར་བརྗོད་པའི་གཉེན་པོ་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་ལོངས་སྤྱོད་ལ་ཞུགས་ཏེ་དེས་གཞན་དག་ལ་བྱ་བ་དང༌། མི་བྱ་བར་སྦྱོར་བའི་ཉེས་པ་ལ་རྟོག་པའི་གཉེན་པོ་བསྟན་པའོ། །དེ་ལ་ཐོས་པའི་ལོངས་སྤྱོད་ཀྱི་རྗེས་ལ་གཞན་དག་ལ་མི་མཐུན་པར་བརྗོད་པའི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི། བདག་གི་རིགས་དང་མི་རིགས་ལ། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་ཞེས་བྱ་བ་ཡིན་ཏེ། །བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་བདག་གིས་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་བརྟག་པར་བྱའོ། །གཞན་རྣམས་ཀྱི། མི་མཐུན་པ་དང་ཞེས་བྱ་བ་ནི་བདག་གིས་ཐོས་པ་དང་ཤེས་པའི་ལོངས་སྤྱོད་ནི་བཟང༌། གཞན་དག་གིས་ཐོས་པ་དང་ཤེས་པ་ནི་དེ་ལྟ་བ་མ་ཡིན་ནོ་ཞེས་མི་མཐུན་པ་རྣམས་ལ་འཕྱས་གདགས་པར་མི་བྱའོ། །མིན་ཞེས་བྱ་བ་ནི་འདི་ཡང་ཡོད་པར་སྦྱར་རོ། །ཚུལ་ཁྲིམས་ཀྱི་ལོངས་སྤྱོད་ལ་ཞུགས་ཏེ། དེས་གཞན་དག་ལ་བྱ་བ་དང་མི་བྱ་བར་སྦྱོར་བའི་ཉེས་པ་ལ་རྟོག་པའི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི། གཞན་དག་གིས། །བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་ཡིན་ཏེ། བདག་གིས་ཚུལ་ཁྲིམས་བསྲུངས་པ་དང༌། མ་བསྲུངས་པ་དང༌། དགེ་བ་བྱས་པ་དང༌། མ་བྱས་པ་རྣམས་ལ་བརྟག་པར་བྱའི་གཞན་དག་གིས་བསྲུངས་པ་དང༌། མ་བསྲུངས་པ་དང། བྱས་པ་དང་མ་བྱས་པ་རྣམས་ལ་བརྟག་པར་མི་བྱའོ།། །།བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སངས་རྒྱས་འོད་སྲུངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་དེའི་རིང་ལ་ཉན་ཐོས་རྣམས་ལས་ཕལ་ཆེར་སྲེད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་རོལ་ཆགས་པར་གྱུར་ཏེ། དེས་ཉོན་མོངས་པ་གཏན་ནས་སྤོང་བར་མི་འགྱུར་བས་དེ་ལས་བཟློག་པའི་གཉེན་པོར། ལྷག་པའི་སེམས་ལ་བག་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། སྲེད་པའི་ཏིང་ངེ་འཛིན་གྱི་རོ་


DTG156_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ལས་བཟློག་པ་དང༌། བདེན་པ་རྣམས་མངོན་སུམ་དུ་རིག་པར་བྱ་བ་ལ་གཟུང་པ་དང༌། བདེན་པ་མཐོང་བའི་ཡོན་ཏན་བསྟན་པ་དང༌། ཀུན་དུ་སྦྱོར་བའི་ལྷག་མ་སྤང་བའི་རིམ་པ་བསྟན་པའོ། །དེ་ལ་སྲེད་པའི་ཏིང་ངེ་འཛིན་གྱི་རོ་མྱོང་བ་ལས་བཟློག་པ་ཞེས་བྱ་བ་ནི། ལྷག་པའི་སེམས་ལ་བག་བྱ་སྟེ། །ཞེས་བྱ་བའོ། །དེ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་སྐྱེ་བོ་མ་རབས་འདུ་འཛི་ཅན་ལས་ལྷག་པ་སྟེ། སྲིད་པ་དང་བཅས་པའི་ཏིང་ངེ་འཛིན་ལ་བྱའོ། །བག་བྱ་སྟེ་ཞེས་བྱ་བ་ནི་དེ་ཟག་པ་དང་བཅས་པའི་རྒྱུ་ཡིན་པའི་ཕྱིར་ཆགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བདེན་པ་རྣམས་མངོན་སུམ་དུ་རིག་པར་བྱ་བ་ལ་གཟུང་བར་བྱ་ཞེས་བྱ་བ་ནི། ཐུབ་པའི་ཐུབ་གནས་རྣམས་ལ་བསླབ། །ཅེས་བྱ་བ་ཡིན་ཏེ། དེ་ལ་ཐུབ་པ་ཞེས་བྱ་བ་ནི་སྐུ་དང་གསུང་ཐུབ་པའི་ཕྱིར་ཐུབ་པ་ཞེས་བྱ་སྟེ་སངས་རྒྱས་རྣམས་ལ་བྱའོ། །ཐུབ་གནས་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་སྟེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུའམ་ཐུབ་པའི་སྐྱེ་མཆེད་དུ་གྱུར་པའི་ཕྱིར་འཕགས་པའི་བདེན་པ་རྣམས་ལ་ཐུབ་གནས་ཞེས་བསྟན་ཏོ། །བསླབ་ཅེས་བྱ་བ་ནི་མངོན་སུམ་དུ་རིག་པར་བྱའོ། །བདེན་པ་མཐོང་བའི་ཡོན་ཏན་བསྟན་པ་ཞེས་བྱ་བ་ནི། ཉེར་ཞི་རྟག་ཏུ་དྲན་ལྡན་པ། །སྐྱོབ་པ་མྱ་ངན་མི་མངའོ། །ཞེས་བྱ་བ་ཡིན་ཏེ། དེ་ལ། ཉེར་ཞི་རྟག་ཏུ་དྲན་ལྡན་པ། །ཞེས་བྱ་བ་ནི་དེ་ལྟར་ཐུབ་པའི་སྐྱེ་མཆེད་དུ་གྱུར་པ། འཕགས་པའི་བདེན་པ་རྣམས་ལ་བསླབ་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཉེ་བར་ཞི་བའི་ཕྱིར་ཉེར་ཞི་ཞེས་བྱ་ལ། དེ་ལྟར་ཉེ་བར་ཞི་ན་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཅུ་སྤངས་ནས། བདེན་པ་མཐོང་བའི་འབྲས་བུ་འཐོབ་པར་འགྱུར་ཏེ། དེ་ནི་མི་བརྗེད་པའི་ཆོས་ཅན་ཡིན་པས་རྟག་ཏུ་དྲན་ལྡན་པ་ཞེས་བྱའོ། །སྐྱོབ་པ་མྱ་ངན་མི་མངའོ། །ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས། ཉོན་མོངས་པའི་དབང་དུ་མ་གྱུར་པ་ཉིད་སེམས་ཀྱི་རྒྱུད་སྐྱོབ་པ་ཡིན་ཏེ། དེ་ལ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་ཕྱིར་


DTG156_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་བས་ན་དེ་ནི་འདི་སྐད་དུ་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ཐོབ་ཏུ་ཟིན་ཀྱང་དེ་ནི་སྐད་ཅིག་ཉོན་མོངས་པ་མེད་མོད་ཀྱི། ཚེ་ཕྱི་མ་ལ་ཡང་སྐྱེ་ཞིང་ཞི་བར་མི་འགྱུར་བས། དྲན་པ་དང་ལྡན་པ་མ་ཡིན་ཏེ། ཐུབ་པའི་སྐྱེ་མཆེད་དུ་འགྱུར་བའི་འཕགས་པའི་བདེན་པ་རྣམས་ལ་བསླབས་ནས། རྟག་ཏུ་དྲན་པ་དང་ལྡན་ཞིང་སེམས་ཀྱི་རྒྱུད་བསྐྱབས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་མེད་དོ་ཞེས་བསྟན་པར་འགྱུར་རོ། །ཀུན་དུ་སྦྱོར་བའི་ལྷག་མ་སྤོང་བའི་རིམ་པ་བསྟན་པ་ཞེས་བྱ་བ་ནི། བྱིན་པས་བསོད་ནམས་རབ་ཏུ་འཕེལ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ལ་ཡང་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ། འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་བསྟན་པ་དང༌། ཁམས་གོང་མ་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་བསྟན་པའོ། །དེ་ལ་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་བསྟན་པ་ནི། བྱིན་པས་བསོད་ནམས་རབ་ཏུ་འཕེལ། །བསྡམས་པས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཞེས་བྱ་བ་སྟེ། འདི་དག་གིས་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། མ་རིག་པ་དང༌། ང་རྒྱལ་དང་བཞི་སྤོང་སྟེ། དེ་ཡང་ཇི་ལྟར་སྤོང་ཞེ་ན། བྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ནི་འདོད་ཆགས་སྤོང་བར་བྱེད་དེ། སྦྱིན་པ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པས། །སྦྱིན་པ་བྱས་ན་སེར་སྣའི་དྲི་མ་ཀུན་ནས་དཀྲིས་པ་དང་བྲལ་ཞིང་གཏོང་བ་སྐྱེད་དོ། །བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་རོ། །བསྡམས་པས་དགྲ་སོགས་མི་འགྱུར་རོ། །ཞེས་བྱ་བ་ནི་ཁོང་ཁྲོ་བའི་གཉེན་པོ་ཡིན་པས། ཁོང་ཁྲོ་བ་སྤོང་བར་བྱེད་དེ། ལུས་དང་ངག་དང་ཡིད་གསུམ་བསྡམས་ཤིང་གལ་ཏེ་གཞན་དག་གིས་སྨད་དམ། ཁྲོས་སམ། སྤྱོས་ཀྱང་རུང༌། ལག་པ་དང༌། བོང་བ་དང༌། དབྱུག་པ་དང༌། མཚོན་ཆའི་རེག་པ་རྣམས་ཀྱིས་བསྣུན་


DTG156_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་སྟེ། བདག་ལ་བར་ཆད་དུ་གྱུར་ན་མི་རུང་ངོ་སྙམ་ནས་སེམས་སྡང་བར་མི་བྱེད་ཅིང་སྡིག་པའི་ཚིག་མི་འབྱིན་ཏེ། དེ་ཉིད་ལ་དམིགས་ནས་བྱམས་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་གནས་ནས། དེ་གཞི་དེས་ཚེ་འདི་ལ་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་འཁོན་རབ་ཏུ་ཞི་བར་གྱུར་པ་དང༌། ཕྱི་མ་ལ་ཡང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ལ། འཁོན་པ་མང་བར་མི་འགྱུར་ཞིང་འགྲན་ཟླ་མང་བར་མི་འགྱུར་ཏེ། འཇིག་རྟེན་གྱིས་མཐོང་ན་དགའ་བར་འགྱུར་ཞིང༌། ཞེ་སྡང་གིས་དགྲ་མི་སོགས་པའི་ཕྱིར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཞེས་བྱ་བ་ནི་མ་རིག་པ་དང༌། ང་རྒྱལ་གཉིས་སྤོང་སྟེ། དེ་ལ་དགེ་བ་དང་ལྡན་པ་ཞེས་བྱ་བ་ནི་ལྷག་པའི་སེམས་ལ་བྱ་སྟེ། མ་རིག་པ་དང༌། ང་རྒྱལ་གྱི་བག་ཆགས་ཕྲ་ཞིང་སྤང་དཀའ་བའི་ཕྱིར་ལྷག་པའི་སེམས་ཀྱིས་སྤོང་ངོ༌། །སྡིག་པ་སྤོང་ཞེས་བྱ་བ་ནི་མ་རིག་པ་དང་ང་རྒྱལ་གྱི་བག་ཆགས་ལ་སྡིག་པ་ཞེས་བྱ་སྟེ། །དེ་གཉིས་ཀྱང་ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་སྟེ། བདེན་པ་མངོན་པར་རྟོགས་པའི་དུས་ན་ངན་སོང་དུ་འགྲོ་བའི་སྡིག་པའི་རྒྱུ་དེ་གཉིས་སྤོང་བར་འགྱུར་བའི་ཕྱིར་རོ། །ཁམས་གོང་མ་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་བསྟན་པ་ཞེས་བྱ་བ་ནི། ཉོན་མོངས་ཟད་པས་མྱ་ངན་འདས། །ཞེས་བྱ་བ་ཡིན་ཏེ། འདི་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་དང༌། མ་རིག་པ་དང༌། ང་རྒྱལ་ཁམས་གཅིག་ལ་ཡང་གསུམ་གསུམ་སྟེ། དྲུག་སྤོང་བར་བྱེད་དེ། དེ་ཡང་ཁམས་གོང་མ་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་འཕགས་པའི་ལམ་གྱིས་ཡོངས་སུ་གཏུགས་ནས་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་པའི་ཕྱིར་རོ། །བསྐལ་བ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་ཐུབ་པ་ན། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱུང་སྟེ། སྟོན་པ་འདིའི་རིང་ལ་


DTG156_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་རྣམས་ཕལ་ཆེར་ཉོན་མོངས་པ་མང་བས་སྡིག་པ་རྣམས་སོགས་པར་བྱེད་ཅིང་དགེ་བའི་ཕྱོགས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་ཏེ། དེས་འབྲས་བུ་ཆེན་པོ་འགྲུབ་པར་འདོད། འདོད་པ་ལ་ཉེ་བར་བསྒྲུབས་ཤིང་སེམས་ནང་དུ་འཇོག་མི་ནུས་པས་ཉེས་པ་དེ་དག་ལས་བཟློག་པར་བྱ་བ་དང༌། གཞན་ཡང་དེ་དང་དེའི་ཉན་ཐོས་རྣམས་ལ་འཕན་གཞན་འབྱུང་བས་ལོ་བཅུ་གཉིས་ཀྱི་བར་དུ་སོ་སོར་ཐར་པའི་མདོ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནས། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་བར་འདི་དག་གསུངས་སོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སྡིག་པ་སྤང་བ་དང༌། སྡིག་པ་སྤང་བའི་ཐབས་བསྟན་པ་དང༌། དེ་ལ་ཞུགས་པ་རྣམས་དྲན་པ་མི་ཉམས་པར་བྱ་བའི་ཐབས་བསྟན་པའོ། །དེ་ལ་སྡིག་པ་སྤང་ཞེས་བྱ་བ་ནི། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བའོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སྡིག་པ་རྣམས་སོགས་པའི་གཉེན་པོ་དང༌། དགེ་བའི་ཕྱོགས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་ཅིང་དེའི་འབྲས་བུ་ཆེན་པོར་འདོད་པའི་གཉེན་པོ་དང༌། འདོད་པ་ལ་ཉེ་བར་བསྒུབས་ཤིང་སེམས་ནང་དུ་འཇོག་མི་ནུས་པའི་གཉེན་པོ་བསྟན་པ་སྟེ། འདི་གསུམ་ཚིགས་སུ་བཅད་པའི་རྐང་པ་དང་པོ་གསུམ་དང་རིམ་བཞིན་ནོ། །དེ་ལ་དང་པོ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི་ལུས་ཀྱི་ཉེས་པ་གསུམ་སྤང་བར་བྱའོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་བྱ་བ་ནི་ངག་གི་ཉེས་པ་བཞི་སྤང་བར་བྱ་བའོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་ནི་ཡིད་ཀྱི་ཉེས་པ་གསུམ་སྤང་བའི་ཕྱིར་ལྷག་པའི་སེམས་ལ་བྱའོ།། འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ནི་དེ་ལྟར་སྒྲུབས་ཤིག་པའོ། །སྡིག་པ་སྤང་བའི་ཐབས་བསྟན་པ་ཞེས་བྱ་བ་ནི། ལུས་ཀྱི་སྔོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྔོམ་པ་ལེགས། །


DTG156_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་བྱ་བ་ཡིན་ཏེ། སྔར་བསྟན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་རྣམས་སྤངས་ཏེ། སྡོམ་པ་དང་ལྡན་ན་སོ་སོའི་ཉེས་པ་ལས་གྲོལ་ཞིང་ཐར་པ་ཐོབ་པར་འགྱུར་བས་ལེགས་སོ་ཞེས་བསྔགས་པའོ། །དེ་ལ་ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་བྱ་བ་ནི་གཅིག་བསྡམས་ན་ཡང་ལེགས་པ་ཡིན་ན་ཐམས་ཅད་ལྟ་ཅི་སྨོས་ཞེས་བསྟན་པའོ། །གཞན་ནི་གོ་སླ་བསམ་བཤད་དོ། །དེ་ལ་ཞུགས་པའི་རྣམས་དྲན་པ་མི་ཉམས་པར་བྱ་བའི་ཐབས་བསྟན་པ་ཞེས་བྱ་བ་ནི། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྤངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། དེ་ལ་ངག་རྣམས་བསྲུང་ཞིང་བྱ་བ་ནི་གླེང་གཞིའི་དགེ་སློང་མས་གླེངས་པའི་ཚེ་ཉེས་པ་ཆོས་བཞིན་དུ་བྱེད་པའོ། །ཡིད་ཀྱིས་རབ་བསྡམས་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་པ་རྣམས་བསྡམ་པར་བྱ་ཞིང་གཞན་གྱིས་གཙེས་ན་ཡང་ཁོང་ཁྲོ་བར་མི་བྱེད་པའོ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅེས་བྱ་བ་ནི་སྤྱོད་ཡུལ་མ་ཡིན་པ་ལྔར་མི་འགྲོ་བ་སྟེ་རྒྱལ་པོའི་ཕོ་བྲང་དང༌། །ཆང་འཚོང་བ་དང༌། གཟུགས་ཀྱིས་འཚོ་བ་དང༌། རོལ་མོ་མཁན་དང༌། རིགས་ངན་གྱི་ཁྱིམ་རྣམས་སུ་མི་འགྲོ་བ་དང༌། གཞན་ཡང་བསོད་སྙོམས་སྤྱོད་པའི་ཟས་མ་བརྟགས་པ་རྣམས་མི་བླང་བ་དང༌། ལུས་ཀྱིས་གཞན་དག་ལ་འཚེ་བར་མི་བྱེད་པའོ། །ལས་ལམ་གསུམ་ཞེས་བྱ་བ་ལ། དེ་ལ་ལས་ནི་འདུ་བྱེད་སེམས་པ་ཡིན་ཏེ། སེམས་པ་དེ་ཡང་བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་གསུམ་གྱི་དབང་དུ་འགྲོ་ཞིང་མངོན་པར་འདུ་བྱེད་པས་ན། འདི་གསུམ་ནི་ལས་ཀྱི་ལམ་ཞེས་བྱའོ། །སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་གི་ལས་རྣམས་བདུན་ནི་ལས་ཉི་ཀྱང་ཡིན་ལ་ལས་འདི་རྣམས་སློང་ཞིང་བསྐྱེད་པའི་སེམས་པ་དེ་ཡང་དེ་དག་ལ་བརྟེན་ཅིང་འཇུག་པས་ན་ལས་ཀྱི་ལམ་ཡང་ཡིན་ནོ། །རབ་སྦྱངས་ཞེས་བྱ་བ་ནི་དེ་དག་གི་སྔོམ་པ་དང་ལྡན་པའོ།། །དྲང་སྲོང་ཞེས་བྱ་བ་ནི་


DTG156_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་སྟེ། དེ་ཡང་ལས་ལམ་གསུམ་པོ་དག་སྦྱངས་པས་འཐོབ་པར་འགྱུར་བའི་ཕྱིར་རོ། །སྔོན་གྱི་ཚུལ་བསྟན་པ་ཞེས་བྱ་བ་ལ། རྣམ་པ་གཉིས་སུ་ཕྱེ་བའི་ཐ་མ་དེ་དག་སྟོན་པ་གང་དག་གི་གསུང་རབ་ཡིན་པའི་ཁུངས་བསྟན་པ་ཞེས་བྱ་བ་འདིར་སྟོན་ཏེ། དེའི་ཕྱིར། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །ལོག་པར་དད་སེལ་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱིས་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཤད། །ཅེས་བྱ་བ་གསུངས་ཏེ། འདི་ནི་ཡང་དག་པར་སྡུད་པར་བྱེད་པས། སྔར་གོང་དུ་བསྟན་པའི་སངས་རྒྱས་བདུན་གྱི་འདུལ་བ་དེ་དག་སྟོན་པ་གང་དག་གི་གསུང་རབ་ཡིན་པ་མ་འོངས་པའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་ཀྱིས་དོགས་པའི་ཕྱིར་སྨོས་ཏེ། སངས་རྒྱས་བདུན་གྱི་འདུལ་བ་སྔར་བསྟན་པ་དང་སྟོན་པ་འདི་བདུན་རིམ་བཞིན་དུ་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་སངས་རྒྱས་དྲུག་གི་མཚན་བཤད་པ་ནི། གཞན་ནས་འབྱུང་བ་བཞིན་དུ་སྦྱར་རོ། །ཤཱཀྱ་ཐུབ་པ་ཞེས་བྱ་བ་ནི་ནམ་རྒྱལ་བུ་དོན་གྲུབ་ལུམ་བི་ནིའི་ཚལ་དུ་བལྟམས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བཞག་ནས་སྐྱེ་བོ་མང་པོ་དང་ལྷ་དག་གིས་བསྐོར་ཞིང་བསྟི་སྟང་བྱས་ཏེ། གྲོང་ཁྱེར་སེར་སྐྱའི་གནས་སུ་གཤེགས་པའི་ཚེ། ཤཱཀྱ་རྣམས་ནི་ང་རྒྱལ་ཅན། ཁ་དྲག་པ། མི་འཇིགས་པ་ཡིན་ན། གཞོན་ནུ་གྲོང་ཁྱེར་དུ་གཤེགས་པས་དེ་དག་ཐུབ་པ་བཞིན་དུ་འཁོད་པར་གྱུར་པ་དང༌། རྒྱལ་པོ་ཟས་གཙང་མས་གཞོན་ནུ་འདི་ཤཱཀྱ་རྣམས་ཐུབ་པས་ན། ཤཱཀྱ་ཐུབ་པ་ཞེས་མཚན་གསོལ་བའི་ཕྱིར་རོ། །ཡང་ན་སྐུ་དང༌། གསུང་ཐུབ་པའི་ཕྱིར་ཐུབ་པ་ཞེས་བྱའོ། །གཽ་ཏམ་ཞེས་བྱ་བ་ནི་གཽའི་སྒྲ་ལས་དྲངས་ན། ཚིག་དང༌། ཕྱོགས་དང༌། ས་དང༌། འོད་དང༌། རྡོ་རྗེ་དང༌།


DTG156_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་དང༌། མཐོ་རིས་ལ་སོགས་པ་རྣམ་པ་དུ་མ་ལ་སྙེགས་མོད་ཀྱི། སྐབས་འདིར་ནི་རུས་ལ་བྱའོ། །ལྷའི་ལྟ་ཞེས་བྱ་བ་ནི་ལྷ་ལ་རྣམ་པ་གཉིས་ཏེ། རྣམ་པར་དག་པའི་ལྷ་དང༌། ཚེའི་ལྷའོ། །དེ་ལ་སངས་རྒྱས་ཐམས་ཅད་ནི་རབ་ཏུ་བྱུང་བའི་ཕྱིར་རྣམ་པར་དག་པའི་ལྷ་ཞེས་བྱ། དེ་ལས་གཞན་པ་རྣམས་ནི་སྐྱེ་བའི་ཕྱིར་ཚེའི་ལྷ་ཞེས་བྱ་བ་སྟེ། རྣམ་པར་དག་པའི་ལྷ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་སྙིགས་མ་ལྔ་པོ་སེམས་ཅན་དང༌། ཚེ་དང༌། བསྐལ་བ་དང༌། ཉོན་མོངས་པ་དང༌། ལྟ་བ་རྣམས་རྙོག་པའི་དུས་སུ་གདུལ་དཀའ་བ་རྣམས་གདུལ་ཞིང་ཁ་ལོ་སྒྱུར་བའི་ཕྱིར་ལྷའི་ལྷ་ཞེས་བྱའོ། །ཡང་ན་ཡུམ་གྱི་ལྷུམས་སུ་བལྟམས་པའི་ཚེ་འཇིག་རྟེན་གྱི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱིར་ཡང་ལྷའི་ལྷ་ཞེས་བྱའོ། །ཡང་ལྷའི་ལྷ་ཞེས་བྱ་བས་ནི་ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་སྐྱེད་པ་ཞེས་བྱ་བ་ཞིག་ཡོད་དེ། ཤཱཀྱ་དག་སུ་ཡང་རུང་བུ་པོ་དང་བུ་མོ་དག་བྱུང་ན། དེ་དག་གིས་ཐོག་མར་གནོད་སྦྱིན་ཤཱཀྱ་སྐྱེད་པའི་དྲུང་དུ་དེའི་རྐང་པ་ལ་ཕྱག་འཚལ་བའི་ཕྱིར་ཁྲིད་པར་བྱེད་དེ། རྣམ་རྒྱལ་བུ་དོན་གྲུབ་བལྟམས་པའི་དུས་དེ་ན་ཡང་རྒྱལ་པོ་ཟས་གཙང་མས་བློན་པོ་རྣམས་ལ་ཀྱེ་དེང་ལ། གཞོན་ནུ་འདི་གནོད་སྦྱིན་ཤཱཀྱ་སྐྱེད་པའི་རྐང་ཕ་ལ་ཕྱག་འཚལ་དུ་ཆུག་ཅིག་ཅེས་བསྒོ་བ་དང༌། བློན་པོ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དེའི་མདུན་དུ་ཁྲིད་དོ། །དེ་ནས་གནོད་སྦྱིན་ཤཱཀྱ་སྐྱེད་པས་བྱང་ཆུབ་སེམས་དཔའ་རྒྱང་ནས་མཐོང་བ་དང༌། དེ་རྟབས་བཞིན་མྱུར་ཞིང་རིངས་པའི་འགྲོས་སུ་སོང་ནས་བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་ཟས་གཙང་མས་ཀྱེ་གནོད་སྦྱིན་ཤཱཀྱ་སྐྱེད་པས་ཀྱང་གཞོན་ནུ་འདིའི་ཞབས་ལ་ཕྱག་བྱས་པས་འདི་ནི་ལྷའི་ནང་ན་ཡང་ལྷ་སྟེ། གཞོན་ནུ་འདིའི་མིང་ལྷའི་ལྷ་ཞེས་གདགས་སོ་ཞེས་མཚན་གསོལ་བའི་ཕྱིར་རོ། །དེ་ལ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ངན་སོང་རྣམས་འདུལ་བའི་ཕྱིར་ཡང་རྗེས་སུ་འཛིན་མོད་ཀྱི། ངན་སོང་གི་ལུས་དེ་ཉིད་ཀྱིས་


DTG156_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེན་པའི་སྣོད་དུ་མི་འགྱུར་བས་ན། དེ་གདུལ་བ་ཞེས་མ་བཤད་དེ་འཕགས་པའི་བདེན་པ་ཆུད་པའི་གནས་ནི་མི་ཡིན་པས་མི་འདུལ་ཞེས་བསྟན་ཏོ། །དེ་ཡང་ཇི་ལྟར་འདུལ་ཞིང་ཁ་ལོ་སྒྱུར་ཞེ་ན། སོར་མོའི་ཕྲེང་བ་ལ་སོགས་པ་ཞེ་སྡང་ཆེ་བ་དང། དགའ་བོ་ལ་སོགས་པ་འདོད་ཆགས་ཆེ་བ་དང༌། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གཏི་མུག་ཆེ་བ་འདུལ་བའི་སེམས་ཅན་རྟ་རྒོད་དང་འདྲ་བ་གདུལ་དཀའ་བ་རྣམས་འཇམ་པོས་གདུལ་བར་འོས་པ་ཡང་འཇམ་པོས་བཏུལ། དྲག་པོས་གདུལ་བར་འོས་པ་རྣམས་ཀྱང་དྲག་པོས་བཏུལ། གཉི་གས་གདུལ་བར་འོས་པ་རྣམས་ཀྱང་གཉི་གས་བཏུལ་ཏེ། ཐབས་བཟང་ཞིང་སླ་བས་ཐབས་བཞིན་དུ་བཏུལ་ནས་སྒྲུབ་པའི་མཆོག་མྱ་ངན་ལས་འདས་པའི་གནས་སུ་ཁ་ལོ་སྒྱུར་ཞིང་འཇོག་པས་ན། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །ཅེས་བྱའོ། །བླ་ན་མེད་ཅེས་བྱ་བ་ནི་གོང་ན་མེད་པའི་ཕྱིར་རོ། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །ཅེས་བྱ་བ་ནི། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་མགོན་པོ་སྐྱོབ་པ་ཡིན་མོད་ཀྱི། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་རྣམས་ངན་སོང་གསུམ་ལས་སྐྱོབ་ཅིང་མྱ་ངན་ལས་འདས་པའི་གནས་སུ་འཇོག་པས་ན་ཁྱད་པར་དུ་བསྟན་པའི་ཕྱིར་སྐྱོབ་པ་མཆོག་ཅེས་བྱའོ། །སངས་རྒྱས་དཔའོ་བོ་བདུན་པོ་དག །ཅེས་བྱ་བ་ནི་བདུན་བཞི་ལས་རྒྱལ་པའི་ཕྱིར་ཏེ་རྣམ་པར་གཟིགས་ལ་སོགས་པའོ། །གྲགས་ལྡན་རྣམས་ཀྱིས་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཤད། །ཅེས་བྱ་བ་ལ་གྲགས་ལྡན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བདུན་པོ་དེ་དག་གོ །གཞན་ནི་གོ་སླ་བས་བཤད་པ་མ་བྱས་སོ། །སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་བཞི་པ་སྔོན་གྱི་ཚུལ་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །། ད་ནི་སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་བསྟན་པ་ཞེས་བྱ་བ་འདིར་སྟོན་ཏེ། དེའི་ཕྱིར། འདི་ལ་སངས་རྒྱས་རྣམས་དང་གང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་མདོར་བསྟན་པ་དང༌། སྤྲོ་བ་བསྐྱེད་པ་དང༌།


DTG156_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པ་ཉིད་ལ་ནན་ཏན་བྱེད་པའི་ལེགས་པ་བརྗོད་པའོ། །དེ་ལ་སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་མདོར་བསྟན་པ་ཞེས་བྱ་བ་ནི། །འདི་ལ་སངས་རྒྱས་རྣམས་དང་གང༌། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་བཅས་གྱུར་པ་ནི། །འདུས་མ་བྱས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། འདི་ལ་ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ཉིད་ལའོ། །སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱང་གུས་ཞེས་བྱ་བ་ནི། སོ་སོར་ཐར་པ་འདི་ཉིད་ལ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་དང་དེ་དག་གི་ཉན་ཐོས་རྣམས་ཀྱང་གུས་པར་མཛད་དེ། ཐམས་ཅད་ཀྱང་འདི་ཉིད་ལ་བརྟེན་ནས་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བ་བརྙེས་ཤིང་ཐོབ་པར་འགྱུར་བའི་ཕྱིར་རོ། །འདི་ལ་གུས་དང་བཅས་པ་ནི། །འདུས་མ་བྱས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་དང་ཉན་ཐོས་མ་ཡིན་པ་སུ་ཡང་རུང་སོ་སོར་ཐར་པ་འདི་ལ་ཞེས་སྐྱེད་དེ་ཉམས་སུ་བླངས་ན་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེས་སོ་སོར་ཐར་པའི་འབྲས་བུ་མདོར་བསྟན་པའོ། །སྤྲོ་བ་སྐྱེད་པ་ཞེས་བྱ་བ་ནི། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རབ་ཏུ་དབྱུང་བར་བསྐུལ་བ་དང༌། མཐོང་བའི་ལམ་བསྐྱེད་པ་དང༌། བསྒོམ་པའི་ལམ་བསྐྱེད་པའོ། །དེ་ལ་རབ་ཏུ་དབྱུང་བར་བསྐུལ་བ་ཞེས་བྱ་བ་ནི། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་གསུངས་སོ། །བརྩམ་པར་བྱ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་བརྩལ་བའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བའོ། །རབ་ཏུ་འབྱུང་བ་ལ་ཡོན་ཏན་བཅུ་ཡོད་དེ། བུ་དང་ཆུང་མ་དང་ནོར་ལ་སྲེད་པ་མེད་པར་འགྱུར། དེ་འདོད་པ་མེད་པས་ཡོངས་སུ་འཛིན་པར་འགྱུར། དགོན་པར་གནས་པ་ལ་དགའ་བར་འགྱུར། དཀོན་མཆོག་གསུམ་ལ་རི་མོ་དང་བཅས་པར་འགྱུར། བྱིས་པའི་སྤྱོད་ཡུལ་རྣམ་པར་སྤོང་བར་བྱེད། ངན་འགྲོར་འགྲོ་བའི་ཆོས་རྣམས་སྤོང་བར་བྱེད། །བདེ་འགྲོར་འགྲོ་བའི་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད། ལྷ་དང་མི་རྣམས་ཀྱང་རྟག་ཏུ་


DTG156_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པར་བྱེད། དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བ་རྙེད་པར་འགྱུར། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་བར་འགྱུར་ཏེ། དེ་བས་ན་རབ་ཏུ་བྱུང་བ་ལ་བརྩོན་པར་བྱའོ། །མཐོང་བའི་ལམ་སྐྱེད་པ་ཞེས་བྱ་བ་ནི། སངས་རྒྱས་བསྟན་ལ་འཇུག་པར་བྱ། །ཞེས་བྱ་བ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བས་མི་ཆོག་གི །སངས་རྒྱས་ཀྱི་བསྟན་པ་འཕགས་པའི་བདེན་པ་རྣམས་ལ་འཇུག་ཅིང་མཐོང་བའི་ལམ་སྐྱེས་ནས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོངས་ཤིག་པའོ། །བསྒོམ་པའི་ལམ་སྐྱེད་པ་ཞེས་བྱ་བ་ནི། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱ། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་གླང་པོ་ཆེས་འདམ་བུའི་ཁྱིམ་བརྫིས་ན་རྡུལ་དུ་བཤིག་སྟེ་མེད་པར་བྱེད་པ་དེ་བཞིན་དུ། མཐོང་བའི་ལམ་གྱི་གོང་དུ་བསྒོམ་པའི་ལམ་བསྐྱེད་ནས། འཁོར་བའི་ཉེས་དམིགས་འཆི་བདག་གི་བདུད་དང༌། དེའི་རྒྱུ་མ་རིག་པ་ལ་སོགས་པ་བཅོམ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་བྱའོ་ཞེས་བསྟན་པའོ། །དེ་ལ་འཆི་བདག་སྡེ་རྣམས་ཞེས་བྱ་བ་ལ་འཆི་བདག་ནི་གཙོ་བོ་སྟེ་རྒྱལ་པོ་ལྟ་བུའོ། །སྡེ་རྣམས་ཞེས་བྱ་བ་ནི། སྐྱེ་བ་ལ་སོགས་པ་ཡན་ལག་བཅུ་གཅིག་པོ་རྣམས་ཏེ། དེ་དག་ནི་འཆི་བདག་དེའི་འཁོར་ཡིན་པས་དེ་དག་ཀྱང་སྤང་བར་བྱའོ་ཞེས་བསྟན་པའོ། །སོ་སོར་ཐར་པ་ཉིད་ལ་ནན་ཏན་བྱེད་པའི་ལེགས་པ་བརྗོད་པ་ཞེས་བྱ་བ་ནི། གང་ཞིག་བར་དུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་ལ་གང་ཞིག་ཅེས་བྱ་བ་ནི་སུ་ཡང་རུང་བའོ། །བག་ཡོད་པར་ཞེས་བྱ་བ་ནི་བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་བསྒོམ་པའོ། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །ཞེས་བྱ་བ་ནི། སོ་སོར་ཐར་པའི་ཆོས་འདུལ་བ་འདི་ཉིད་ལའོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །རབ་


DTG156_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཞེས་བྱ་བ་ནི་གཏན་དུའོ། །སྡུག་བསྔལ་ཐ་མར་བྱེད་པ་ནི་སྐྱེ་བའི་འཁོར་བ་སྤང་ཞིང་མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་བའི་ཕྱིར་རོ། །སོ་སོར་ཐར་པ་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་ལྔ་པ་སོ་སོར་ཐར་པ་ཉིད་ཀྱི་འབྲས་བུ་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །།ད་གསོ་སྦྱོང་གི་དགོས་པ་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་བཤད་པས་ན། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །ཞེས་བྱ་བ་གསུངས་སོ། །ཕན་ཚུན་གཅིག་གི་ཉེས་པ་ལས་གཅིག་འབྱིན་ཅིང་ཚུལ་ཁྲིམས་བསྲུང་བ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་འཇིག་རྟེན་ན་ཡུན་རིང་དུ་གནས་ཤིང་རྒྱས་པར་བྱ་བའི་ཕྱིར། ཟླ་བ་ཕྱེད་ཕྱེད་ཅིང་དགེ་འདུན་འདུས་ཏེ་སོ་སོར་ཐར་པའི་མདོ་བཏོན་ནས་གསོ་སྦྱོང་ཆོས་བཞིན་དུ་བྱེད་པ་ཡིན་ཏེ། འདི་ནི་གསོ་སྦྱོང་གི་དགོས་པའོ། །ཚིག་གཉེར་གཞན་ནི་སྔར་བསྟན་པ་དག་དང་འདྲ་བས་མ་བཤད་དོ།། །།སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་དྲུག་ལ་གསོ་སྦྱོང་གི་དགོས་པ་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །།ཚུལ་ཁྲིམས་ཇི་ལྟར་བསྲུང་བའི་ཚུལ་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར། གང་གི་ཕྱིར་ནི་མདོ་བཤད་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྡའི་རྩེ་མོ་ཇི་བཞིན་ནོ། །ཞེས་བྱ་བ་གསུངས་སོ། །དེ་ལྟར་སོ་སོར་ཐར་པའི་མདོ་བ་ཤད་ཅིང༌། གསོ་སྦྱོང་བྱེད་པ་ཡང་ཚུལ་ཁྲིམས་བསྲུང་བར་བྱ་བའི་ཕྱིར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེ་ཡང་ཇི་ལྟར་བསྲུང་བར་བྱ་ཞེ་ན། ཇི་ལྟར་གངས་ཀྱི་གཡག་ཅེས་བྱ་བ་དེ་རྔ་མའི་ཉག་མ་ཅིག་ཤིང་དག་ལ་ཐོགས་ནས། དེ་བསྲུང་བའི་ཕྱིར་མ་ཤི་བར་དུ་སྡོད་པ་དེ་བཞིན་དུ། ཉེས་བྱས་ཕྲ་མོ་ཡན་ཆད་ལ་ཡང་སྲོག་ལུས་ལ་མི་ལྟ་བར་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སོ་སོར་ཐར་པའི་བསྡུས་པའི་དོན་རྣམ་པ་བརྒྱད་དུ་ཕྱེ་བའི་བདུན་པ་ཚུལ་ཁྲིམས་ཇི་ལྟར་བསྲུང་བར་བྱ་བའི་ཚུལ་བསྟན་པ་ཞེས་བྱ་བ་བཤད་ཟིན་ཏོ།། །།


DTG156_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སོ་སོར་ཐར་པ་བསྡུས་པའི་དོན་བརྒྱད་དུ་ཕྱེ་བའི་ཐ་མ་འཇིག་རྟེན་ཡོངས་ལ་བསོད་ནམས་བསྔོ་བ་ཞེས་བྱ་བ་བསྟན་པའི་ཕྱིར། སོ་སོར་ཐར་པ་བཤད་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་བྱ་བ་གསུངས་སོ། །འདི་ནི་ཡང་དག་པར་སྡུད་པར་བྱེད་པ་དག་གིས་བརྩམས་པའི་མཐར་ཕྱིན་ནས་འགྲོ་བ་ཡོངས་ལ་བསོད་ནམས་བསྔོ་བའོ། །དེ་ལ་ཐུབ་པ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་སོ། །ཐུབ་པ་དེ་དག་གི་དབང་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། དེ་ལྟར་སོ་སོར་ཐར་པའི་མདོ་བཏོན་པའི་དགེ་བའི་རྩ་བ་ཅི་ཡོད་པ་དེ་དག་ཀྱང་གཞན་དུ་མི་བསྔོའི་འགྲོ་བ་རྣམས་བླ་ན་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་བསྔོ་བའོ། །སོ་སོར་ཐར་པའི་བཤད་སྦྱར་འདི། །འདུལ་བ་རྒྱ་མཚོ་ལས་བཏུས་པའི། །བསོད་ནམས་ཅུང་ཟད་གང་བསྐྱེད་དེས། །འགྲོ་རྣམས་སངས་རྒྱས་འགྲུབ་པར་ཤོག །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་རྫོགས་སོ།། །།