cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་རེ་བདུན་པ།

འདུལ་བ། སུ།

མཛད་པ་པོ། ཀླུ་སྒྲུབ། ཆོས་ཀྱི་ཚོང་དཔོན། འདུལ་བའི་ལྷ། དབྱིག་གི་བཤེས་གཉེན། གསང་བས་བྱིན། རྟག་པའི་རྡོ་རྗེ། ཀ་མ་ལ་ཤཱི་ལ། ཀ་ལྱཱ་ཎ་མི་ཏྲ། བ་ལ་ཤྲཱི་བྷ་དྲ། སློབ་དཔོན་བྷ་བྱ། སུ་ན་ཡ་ཤྲཱི།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།
ཀླུ་སྒྲུབ།


DTG167_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཱུ་ལ་སརྦ་ཨསྟི་བཱ་དི་ཤྲ་མ་ཎེ་ར་ཀ་རི་ཀཱ། བོད་སྐད་དུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཐམས་ཅད་མཁྱེན་དང་ཆོས། །འཕགས་པའི་ཚོགས་ལ་ཕྱག་འཚལ་ཏེ། །དགེ་ཚུལ་གྱི་ནི་ཆོ་ག་རྣམས། །མདོ་ཙམ་ངེས་པར་བཤད་པར་བྱ། །ཤཱཀྱ་སེང་གེའི་བསྟན་པ་ལ། །དད་པས་རབ་ཏུ་བྱུང་ནས་ནི། །བརྟུལ་ཞུགས་བརྟན་པས་རབ་བསྒྲིམས་ཏེ། །བདག་གི་ལུས་བཞིན་བསླབ་པ་བསྲུང༌། །ནམ་གྱི་ཆ་སྨད་མལ་ནས་ལངས། །ནམ་ལངས་བར་དུ་ཁ་ཏོན་བྱ། །གདོང་དང་སོ་ཡི་དྲི་བཀྲུས་ནས། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །འདི་དག་བྱ་ཞེས་དྲིས་ནས་ནི། །དཀྱིལ་འཁོར་ལ་སོགས་རྣམ་བྱའི་ཕྱིར། །ཉ་ཕྱིས་ལ་སོགས་ཆུ་བརྟག་སྟེ། །


DTG167_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དང་བར་གཏིང་རིམ་བཞིན་ནོ། །ཉ་ཕྱིས་ལ་སོགས་མེད་ན་ཡང༌། །ཁྱོར་བ་འམ་འདབ་མས་བུམ་པ་དགང༌། །ཆུ་ཡི་སྐྱེ་བོ་ཆེ་ཆུང་རྣམས། །ཡུན་ནི་རིང་བར་ནན་ཏན་བརྟག །སྙིང་རྗེ་ཅན་གྱིས་ཁུ་བ་རྣམས། །རབ་ཏུ་བརྟགས་ཏེ་སྤྱད་པར་བྱ། །སྲོག་ཆགས་ཡོད་ན་ལེགས་པར་བཙག །སྲོག་ཆགས་རྣམས་ལ་གནོད་མི་བྱ། །རྩྭ་དང་ལྕི་བ་ཤིང་ལ་སོགས། །དགོས་པ་གང་དང་གང་ཡང་རུང༌། །དེ་དག་སྲོག་ཆགས་མེད་པར་བྱ། །སྡོམ་པས་སྲོག་ཆགས་བསད་པ་བསྲུང༌། །སྟན་ཆུ་ས་དང་སོ་ཤིང་དང༌། །འདག་པའི་ཆལ་ཡང་སྟ་གོན་བྱ། །ལྷུང་བཟེད་བཀྲུ་ལ་སོགས་པ་དང༌། །བླ་མའི་དགོས་པ་ཐམས་ཅད་བྱ། །དེ་ནས་དུས་རིག་ཕྱག་བྱས་ཏེ། །དེ་བཞིན་གུས་པས་ཐལ་སྦྱར་ནས། །འཚལ་མ་འཚལ་ཞེས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ལག་པ་བཀྲུས་ནས་ཚུལ་བཞིན་དུ། །དེ་ནས་མི་སྨྲ་ཚོད་རིག་པར། །བྲུ་བའི་ནད་ལས་བཟློག་པའི་ཕྱིར། །བཟའོ་སྙམ་པའི་སེམས་ཀྱིས་བཟའ། །ཟོས་ཤིང་དེ་བཞིན་འཐུང་བ་དང༌། །རུང་བའི་ཆུ་ནི་དེ་འོག་ཏུ། །སྦྱིན་པ་ཡང་དག་སྤེལ་བྱའི་ཕྱིར། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །མན་ངག་


DTG167_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་བསམ་གཏན་བྱ། །རབ་ཏུ་འབད་དེ་བཀླག་པར་བྱ། །སྡོམ་དང་ཆོ་ག་མཁས་པ་དང༌། །སྒྲུབ་པ་དག་ལ་བརྩོན་པར་བྱ། །བརྟུལ་ཞུགས་གནས་སེམས་མ་ཉམས་པས། །ཆེད་དུ་བསམས་ཏེ་མ་ནོར་བར། །མི་གཞན་བདག་གམ་གཞན་རྣམས་ཀྱིས། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཚུལ་ཁྲིམས་ལྡན་ནམ་ཚུལ་ཁྲིམས་འཆལ། །དེ་བཞིན་ནད་ཀྱིས་བཏབ་པ་ལ། །གང་ཐོས་སྡུག་བསྔལ་ཉམ་ཐག་སྟེ། །ངེས་འཆིའི་ཆོས་གཏམ་དེ་མི་བྱ། །སྨན་དང་སྔགས་དང་རིག་པ་དང༌། །འཆི་བའི་ཕྱོགས་སུ་བཏང་བ་དང༌། །མི་གཞན་ཐབས་རྣམས་སྣ་ཚོགས་ཀྱིས། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །དུད་འགྲོ་དང་ནི་སེམས་དམྱལ་དང༌། །ཡི་དགས་འོན་ཏེ་ལྷ་ཡང་རུང༌། །བསད་ན་ངན་འགྲོར་ལྟུང་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །བརྟུལ་ཞུགས་ཅན་གྱིས་བསད་སྙམ་སྟེ། །ལུས་དང་ངག་གིས་བཤམས་པ་ལས། །སྐྱེ་བོ་གསོན་ཡང་དེ་ལ་ནི། །ཁ་ན་མ་ཐོ་རྣམ་གསུམ་འགྱུར། །རྡོ་དབྱུག་ཁུ་ཚུར་འཚོག་པ་དང༌། །དེ་ལས་གཞན་པའི་གནོད་པ་དང༌། །བ་ལང་ལ་སོགས་གནོད་མི་བྱ། །རྟ་ལ་སོགས་པ་མི་ཞོན་ནོ། །དགེ་ཚུལ་བདག་གམ་གཞན་རྣམས་ཀྱིས། །རྐུ་སེམས་མཐུ་དང་འཇབ་བུ་ཡིས། །འཁྲུལ་པ་མེད་པར་མི་གཞན་གྱིས། །གནས་ནས་མ་ཤ་ལྔ་ཙམ་མམ། །རང་གི་ཡུལ་ནས་བྱུང་བ་གང༌། །ཀཱར་ཥཱ་པ་ཎ་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །སྦྱོར་བའི་ཚེ་ན་ཉེས་བྱས་སོ། །རྡོག་གུ་རྩ་བ་འབྲས་བུའི་ཤིང༌། །སྡོང་བུ་ལོ་མ་ཤུན་པ་ཆུ། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང༌། །ཞིང་དང་ལོ་ཏོག་ས་གཞི་དང༌། །གྲུ་དང་ཤིང་དང་ཤོ་གམ་དང༌། །དེ་བཞིན་གྲུ་ཡི་བཙས་རྣམས་དང༌། །སྲོག་ཆགས་རྐང་པ་མེད་པ་དང༌། །རྐང་གཉིས་རྐང་མངས་རྐུ་བ་དང༌། །བརྟུལ་ཞུགས་ཅན་གྱིས་མི་ཡི་ནོར། །དབྱིག་ལ་སོགས་པ་གང་ཡང་རུང༌། །རྐུ་བའི་སེམས་ཀྱིས་གང་བརྐུས་ཀྱང༌། །རིན་ཐང་ཚང་ན་སྡོམ་པ་ཞིག །ལྷུང་བཟེད་ལ་སོགས་རྐུན་ཁྱེར་ན། །ཆོས་བཤད་ནས་ནི་བསྒྲུབ་པར་བྱ། །ཡང་ན་རི་བའི་རིན་གྱིས་བླུ། །དེ་ལྟར་


DTG167_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཉེས་བྱས་སོ། །སྡོམ་ཅན་ཉམས་པ་མེད་སེམས་ཀྱིས། །ཉམས་པ་མེད་པའི་སྒོ་གསུམ་དུ། །ཆགས་པས་ནོར་བུ་ནང་དུ་འདས། །དགའ་བ་ཚོར་ན་བརྟུལ་ཞུགས་ཉམས། །སྐྱེས་པ་བུད་མེད་མ་ནིང་གི །ཚན་ཀར་པོར་ཏི་མནན་པ་ལས། །གང་གི་བདེ་བའི་རོ་མྱོང་བ། །དེ་ཡང་སྡོམ་པ་ཞིག་པར་འགྱུར། །ཡན་ལག་སྐྱེས་ནས་བདེ་འདོད་པས། །གདུག་པ་སྦྲུལ་གྱི་ཁར་བཅུག་སླ། །ལུས་ལ་སྔོམ་པ་མི་གཞིག་ཅེས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །གལ་ཏེ་སྤྲུལ་གྱིས་བསད་གྱུར་ཀྱང༌། །ཚུལ་ཁྲིམས་གནས་ལ་དེ་ཕན་ཏེ། །ཚུལ་ཁྲིམས་ཉམས་པ་སྡུག་བསྔལ་ཡིན། །མྱ་ངན་འདས་ལའང་སྒྲིབ་པར་འགྱུར། །ལྷ་དག་མཐོང་ཞེས་དེ་ཡི་སྒྲ། །ཐོས་པར་གྱུར་དང་ཀུན་སྨྲ་དང༌། །གང་ན་བདག་འདུག་ལྷ་འོང་ཞིང༌། །བདག་ཀྱང་དེ་ཡི་དྲུང་འགྲོ་དང༌། །དེ་བཞིན་དྲི་ཟ་གྲུལ་བུམ་ཀླུ།། གནོད་སྦྱིན་ལྟོ་འཕྱེ་ཆེན་པོ་དང༌། །ཤ་ཟ་ཡི་དགས་མི་འམ་ཅི། །མཐོང་ངོ་ཞེས་ལ་སོགས་སྨྲས་དང༌། །བསམ་གཏན་མངོན་ཤེས་ཚད་མེད་དང༌། །རྒྱུན་ཞུགས་ལ་སོགས་འབྲས་བུ་དང༌། །ལམ་ལ་རབ་ཏུ་ཞུགས་པའང་རུང༌། །བདག་གིས་ཐོབ་ཅེས་སྨྲ་ན་ནི། །དོན་རིག་པ་ལ་བརྫུན་པའི་ཚིག །ཁྱད་པར་ཐོབ་པའི་བདག་ཉིད་ཅན། །མ་ཉམས་ང་རྒྱལ་མེད་བཞིན་དུ། །སྨྲས་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཁྱད་པར་ཐོབ་པ་མ་གཏོགས་པར། །དེ་ལས་གཞན་པའི་བརྫུན་ཆིག་རྣམས། །དེ་དག་ཐམས་ཅད་སྡིག་མང་འགྱུར། །དེས་ནི་འོག་མར་ལྟུང་བར་འགྱུར། །ཇི་ལྟར་མཛའ་བོ་འབྱེད་འགྱུར་བ། །ཕྲ་མའི་ཚིག་རྣམས་སྨྲ་མི་བྱ། །ཐུན་ཚགས་སུ་ནི་སྨྲ་བ་དང༌། །ཚིག་རྩུབ་སྨྲ་བར་མི་བྱའོ། །ངན་དུ་ཟེར་ལ་ངན་མི་བརྗོད། །གཤེ་བ་ལ་ཡང་སླར་མི་གཤེ། །མཚང་འབྲུ་བ་ལ་སླར་མི་བྲུ། །བརྡེག་པ་ལ་ཡང་སླར་མི་བརྡེག ། བློ་ལྡན་བསླབ་པ་འདོད་པ་ཡིས། །བསྒྲིམས་ཏེ་ངག་གི་སྐྱོན་རྣམས་སྤངས། །དེ་ལྟར་འགྱུར་བར་རིག་ནས་ནི། །ངག་རྣམས་ཤིན་ཏུ་བསྡམ་པར་བྱ། །འབྲུ་བཏགས་ཕབས་དང་སྦྱར་བ་ཡི། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང༌། །སྡོང་བུ་མེ་ཏོག་འབྲས་བུ་ལས། །སྦྱར་བའི་ཁུ་བ་བཙོས་


DTG167_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆང༌། །དེས་ནི་མྱོས་པར་འགྱུར་རིག་ནས། །སྡོམ་ཅན་ཕན་འདོད་མི་བཏུང་ངོ༌། །དེ་འཐུངས་ན་ནི་དྲན་ཉམས་ཤིང༌། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། །བག་མེད་པ་ལས་བརྟུལ་ཞུགས་ཉམས། །དེ་བས་སྟོན་པའི་བཀའ་དྲན་བྱ། །མྱོས་འགྱུར་ཉེས་པ་འཕེལ་འགྱུར་བ། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །གླུ་གར་དེ་བཞིན་སིལ་སྙན་རྣམས། །སྡོམ་ལ་གནས་པས་མི་བྱའོ། །ལུས་ལ་སྤོས་ཀྱིས་མི་བྱུག་གོ །ཙནྡན་ལ་སོགས་མི་བསྐུའོ། །ཡུང་དང་གུར་གུམ་ལ་སོགས་པ། །ཁ་དོག་རྣམས་སུ་བྲི་མི་བྱ། །མེ་ཏོག་མགོ་རྒྱན་ཕྲེང་བ་དག །བརྟུལ་ཞུགས་ཅན་གྱིས་གདགས་མི་བྱ། །གསེར་ལ་སོགས་པའི་རྒྱན་རྣམས་ཀྱིས། །བདག་ལ་བརྒྱན་པར་མི་བྱའོ། །དུད་པ་ལ་སོགས་མིག་སྨན་རྣམས། །མིག་མིན་བར་མི་བྱུག་གོ །ཤིང་ཁྲི་ཁྲུ་གང་མཐོ་བ་དང༌། །བ་སོ་ལ་སོགས་བརྒྱན་པའི་ཁྲི། །དམའ་ཡང་ཉལ་ཁྲི་བཟང་པོ་ལ། །ཉལ་ལ་སོགས་པ་མི་བྱའོ། །གླུ་གར་ལ་སོགས་བསྟན་པ་དང༌། །གང་ལ་དྲེགས་པ་སྐྱེ་འགྱུར་བ། །དྲེགས་པའི་ཡན་ལག་སྤངས་ནས་ནི། །བརྟུལ་ཞུགས་གནས་ཞེས་བརྗོད་པ་ཡིན། །ཉི་མ་ཕྱེད་མཚམས་མན་ཆད་ནས། །སྐྱ་རེངས་མ་ཤར་བར་དུ་ནི། །དེ་ནི་རྒྱལ་བས་དུས་མིན་གསུངས། །སྡོམ་ཅན་གྱིས་ནི་དེར་མི་བཟའ། །སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། །དེ་ཡི་སྐབས་སུ་ཟོས་པ་ནི། །དེ་ནི་བདག་ཤེས་སྡོམ་པ་སྟེ། །བཟའ་བའི་དུས་སུ་ཟོས་པ་ཡིན། །དུས་མིན་དུས་སུ་འདུ་ཤེས་ན། །ནམ་ཡང་བཟའ་བར་མི་བྱའོ། །སྨན་པས་ཉོན་མོངས་བསྒོས་ན་ནི། །ནད་པས་ཉེས་པར་མི་འགྱུར་རོ། །ས་ལེ་སྦྲམ་ནི་གསེར་ཡིན་ཏེ། །དངུལ་ཞེས་བྱ་བ་དངུལ་ཉིད་དོ། །སྦྱིན་བདག་རྣམས་ཀྱིས་དེ་ཕྱིན་ན། །བརྟུལ་ཞུགས་ཅན་གྱིས་མི་བླང་ངོ༌། །བདག་གིས་རུང་བ་མ་ཡིན་འདིས། །རུང་བའི་དངོས་པོ་བཙལ་སྙམ་དུ། །དེ་ལྟར་མངོན་པར་བསམས་ནས་ནི། །དེ་ནས་གཞན་ཞིག་ལེན་དུ་གཞུག །དཀོན་མཆོག་གསུམ་གྱི་ཆེད་ཀ་དང༌། །ཚངས་པ་མཚུངས་པར་སྤྱོད་རྣམས་ཀྱིས། །གསེར་དང་དངུལ་ལ་རེག་གྱུར་ཀྱང༌། །ཉེས་པར་འགྱུར་བ་མ་ཡིན་ནོ། །འདོད་


DTG167_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པས་བར་དུ་གཅོད་བྱེད་ཅེས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་དེ། །བར་དུ་གཅོད་པར་མི་འགྱུར་ཞེས། །དགེ་ཚུལ་གཏི་མུག་མ་སྨྲ་ཅིག །དེ་སྐད་སྨྲ་ན་དགེ་འདུན་གྱི། །ལོངས་སྤྱོད་ཀུན་དང་ཕྲལ་ནས་ནི། །གཙུག་ལག་ཁང་ནས་བསྐྲད་པར་བྱ། །དེ་ནས་རོ་དང་འདྲ་བར་འགྱུར། །འཕྱར་དང་རྟ་གད་བྱེད་ལ་སོགས། །འཆི་བར་བསམས་ཏེ་མི་བྱའོ། །གླལ་ཚེ་ལག་ལ་སོགས་པ་ཡིས། །ཁ་དགབ་པར་ཡང་ནན་ཏན་བྱ། །རྒན་ལ་སྦྲིད་བྱུང་ཕྱག་བྱ་སྟེ། །གཞོན་ལ་ནད་མེད་གྱུར་ཅེས་བརྗོད། །ཁྱིམ་པ་སྦྲིད་པ་བྱུང་བ་ལ།། ཡུན་རིང་འཚོ་ཞེས་བརྗོད་པར་བྱ། །བླ་མ་གནས་པའི་མདུན་དག་ཏུ། །སྣབས་དང་མཆིལ་མ་མི་འདོར་ཞིང༌། །སོ་ཤིང་བཅའ་བར་མི་བྱའོ། །དེ་བཞིན་སྟན་ལ་མི་འདུག་གོ །མདུན་དུ་བཅག་པར་མི་བྱ་ཞིང༌། །ཁྱེད་རེངས་སུ་ཡང་མི་དབྱུང་ངོ༌། །རྒན་ལ་སོགས་པའི་སྡོམ་ཅན་ལ། །གུས་བཅས་ཞེ་སར་བཅས་པར་བྱ། །ལག་པ་དག་པར་བསྙལ་ན་ནི། །བུམ་པ་ལ་སོགས་རྡུལ་མེད་བྱ། །ཆུ་ཡང་ཡོངས་སུ་བཙགས་ནས་སུ། །བརྟགས་ནས་རུང་བ་བླང་བར་བྱ། །གནས་མ་བཅས་པར་གནས་མི་བྱ། །དགེ་འདུན་མལ་ཆ་ལ་སོགས་པར། །དྲན་པ་མེད་པར་འདུག་མི་བྱ། །དྲན་དང་ལྡན་ན་ཉེས་མེད་དོ། །སོ་བཀྲུ་བ་དང་ཆུ་བཏུང་དང༌། །བཤང་གཅི་བྱེད་དུ་འགྲོ་བ་དང༌། །མཚམས་ནང་སྟོན་ལ་ཕྱག་བྱ་བ། །དེ་དག་མ་ཞུས་ཉེས་མེད་དོ། །བརྟུལ་ཞུགས་ཅན་གྱིས་བྱ་བ་གཞན། །དེ་དག་ཐམས་ཅད་མ་ལུས་པར། །གལ་ཏེ་བླ་མར་མ་ཞུས་པར། །བྱས་ན་དེ་ལ་ཉེས་བྱས་སོ། །མཆོད་རྟེན་ལ་སོགས་ཕྱག་བྱས་ཏེ། །མི་ཉལ་བྱས་ནས་དེ་འོག་ཏུ། །བླ་མའི་རྐང་བཀྲུས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་ཀུན་ཞུས་ཏེ། །རྐང་པ་གཉིས་ཀ་བཀྲུས་ནས་ནི། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །བསྒྲིམས་ཏེ་མི་ཉལ་བ་བྱས་ཏེ། །དེས་ནི་བདེན་པར་སྨྲ་བར་བྱ། །ལྡང་དང་སྣང་བའི་འདུ་ཤེས་ཀྱིས། །སེང་གེ་ཉལ་ཐབས་བཞིན་དུ་བྱ། །དྲན་དང་ལྡན་ཞིང་དགེ་རྒྱུད་དང༌། །དེ་བཞིན་མྱུར་དུ་སད་ནས་ནི། །ཇི་སྐད་བསྟན་པ་བཞིན་དུ་བྱ། །ཇི་ལྟར་ཉོན་མོངས་མྱུར་ཟད་དང༌། །བྱང་ཆུབ་དམ་པ་ཐོབ་འགྱུར་བ། །དེ་ལྟར་བསྒྲིམས་དང་


DTG167_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱ། །ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ།
ཀ་མ་ལ་ཤཱི་ལ།


DTG167_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ། དཔེར་ན་ས་གཞི་ལ་ས་བོན་བཏབ་ནས་ས་བོན་ལ་བརྟེན་ནས་མྱུ་གུ། མྱུ་གུ་ལ་བརྟེན་ནས་འདབ་མ། འདབ་མ་ལ་བརྟེན་ནས་སྡོང་བུ། སྡོད་བུ་ལ་བརྟེན་ནས་མེ་ཏོག །མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་དེ་བཞིན་དུ། ཚུལ་ཁྲིམས་ས་གཞི་དང་འདྲ་བ་ལ་བརྟེན་ནས་མྱུ་གུ་ལ་སོགས་པ་ལྟ་བུའི་ཏིང་ངེ་འཛིན་གྱི་ཕུང་པོ་འབྱུང་ངོ༌། །ཏིང་ངེ་འཛིན་གྱི་ཕུང་པོ་བྱུང་ནས་དེའི་འོག་ཏུ་མེ་ཏོག་ལྟ་བུའི་ཤེས་རབ་ཀྱི་ཕུང་པོ་འབྱུང་ངོ༌། །ཤེས་རབ་ཀྱི་ཕུང་པོ་བྱུང་ནས་དེའི་འོག་ཏུ་རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འབྲས་བུ་ལྟ་བུ་འབྱུང་ངོ༌། །དེ་བས་ན་དགེ་བ་ཐམས་ཅད་འབྱུང་བའི་གཞི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་ལ་ནན་ཏན་བྱའོ། །དགེ་སྦྱོང་གི་བསླབ་ཚིག་ལྔ་བཅུ་པ་འདི་མགོ་མཇུག་ཏུ་བསྡུ་ན་དོན་རྣམ་པ་བརྒྱད་ཀྱིས་འཆད་དེ། གང་ཞེ་ན། བསྟོད་ཅིང་ཕྱག་འཚལ་བ་བསྟན་པ་དང༌། བསླབ་པ་ཉམས་སུ་བླང་བ་དང༌། སྔ་དྲོའི་དུས་ན་ལས་གང་བྱ་བ་དང༌། ཟས་ཀྱི་བྱ་བ་བྱས་པའི་འོག་ཏུ་ལས་གང་བྱ་བ་དང༌། ཕས་ཕམ་པའི་གནས་དང༌། བསླབ་པ་ཕྲ་མོའི་གནས་དང༌། ཕྱི་དྲོ་ཕན་ཆད་ཇི་ལྟར་བྱ་བ་དང༌། བརྒྱད་པ་འབྲས་བུ་ཇི་ལྟར་བྱ་བ་བཞིན་དུ་བསྟན་པའོ། །དེ་ལ་མགོན་པོ་ཞེས་བྱ་བ་ནས་བརྩམས་ཏེ། མདོ་ཙམ་ངེས་པར་བཤད་པར་བྱ། །ཞེས་བྱ་བ་ཡན་ཆད་ཀྱིས་རང་གི་ལྷ་ལ་བསྟོད་ཅིང་ཕྱག་འཚལ་བ་བསྟན་ཏོ། །ཤཱཀྱ་སེང་གེ་ཞེས་བྱ་བ་ནས་བརྩམས་ཏེ། བདག་གི་ལུས་བཞིན་བསླབ་པ་བསྲུང༌། །ཞེས་བྱ་བ་ཡན་ཆད་ཀྱིས་བསླབ་པ་ཉམས་སུ་བླང་བ་བསྟན་ཏོ། །ནམ་གྱི་ཆ་སྨད་ཅེས་བྱ་བ་ནས་བརྩམས་ཏེ། སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་བྱ་བ་ཡན་ཆད་ཀྱིས་སྔ་དྲོའི་དུས་


DTG167_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་གང་བྱ་བ་བསྟན་ཏོ། །མན་ངག་ཡོད་ན་བསམ་གཏན་བྱ། །ཞེས་བྱ་བ་ནས་བརྩམས་ཏེ། བསྒྲུབ་པ་ལ་ནི་བརྩོན་པར་བྱ། །ཞེས་བྱ་བ་ཡན་ཆད་ཀྱིས་དགེ་བ་བྱ་བ་བསྟན་ཏོ། །བརྟུལ་ཞུགས་གནས་སེམས་ཞེས་བྱ་བ་ནས་བརྩམས་ཏེ། ངག་རྣམས་ཤིན་ཏུ་བསྡམ་པར་བྱ། །ཞེས་པ་ཡན་ཆད་ཀྱིས་ཕས་ཕམ་པའི་གནས་བསྟན་ཏོ། །འབྲུ་བཏགས་ཕབས་དང་སྦྱར་བ་ཡི། །ཞེས་བྱ་བ་ནས་བཟུང་ནས། གུས་བཅས་ཞེས་བཅས་པར་བྱ། །ཞེས་བྱ་བ་ཡན་ཆད་ཀྱིས་བསླབ་པ་ཕྲ་མོ་རྣམས་བསྟན་ཏོ། །ལག་པ་དག་པར་བསྙལ་ནས་ནི། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྐད་བསྟན་པ་བཞིན་དུ་བྱ། །ཞེས་པ་ཡན་ཆད་ཀྱིས་ཕྱི་དྲོ་ཕན་ཆད་ཀྱི་བྱ་བ་བསྟན་ཏོ། །ཇི་ལྟར་ཉོན་མོངས་མྱུར་ཟད་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །དེ་ལྟར་བསྒྲིམས་དང་ལྡན་པར་བྱ། །ཞེས་བྱ་བས་ནི་འབྲས་བུ་བསྟན་ཏོ། །དེ་ལ་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱི་ལྷ་ནི་དཀོན་མཆོག་གསུམ་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། མགོན་པོ་ཐམས་ཅད་མཁྱེན་ཞེས་བྱ་བ་ནི་སངས་རྒྱས་ལ་བསྟོད་ཅིང་ཕྱག་འཚལ་བ་བསྟན་ཏེ། སངས་རྒྱས་ལ་བསྟོད་པ་ཡང་གཞན་གྱི་དོན་མཛད་པ་དང༌། རང་གི་དོན་ཕུན་སུམ་ཚོགས་པ་བརྙེས་པའི་སྒོ་ནས་བསྟོད་དེ། དེ་ལ་མགོན་པོ་ཞེས་བྱ་བས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་སྟོན་ཏེ། སེམས་ཅན་ངན་སོང་གསུམ་དུ་སྐྱེས་པ་རྣམས་དེ་ལས་ཐར་པའི་སྐྱབས་མཛད་པ་དང༌། ལྷ་དང་མིར་སྐྱེས་པ་སྐྱེ་རྒ་ན་འཆིས་གཙེས་པ་ཐམས་ཅད་ཀྱི་སྐྱབས་མཛད་པས་ན་སངས་རྒྱས་ལ་མགོན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་ངན་སོང་གསུམ་དུ་སྐྱེས་པ་རྣམས་ལ་ནི་འོད་ཟེར་བཀྱེ་བ་དང་སྤྲུལ་པའི་སྐུ་བསྟན་པའི་སྒོ་ནས་ངན་སོང་ལས་ཐར་པར་མཛད་དོ། །ལྷ་དང་མིར་སྐྱེས་པ་སྐྱེ་རྒ་ན་འཆིས་གཙེས་པ་རྣམས་ལ་ནི་འཕགས་པའི་བདེན་པ་བཞི་བཤད་ཅིང་དེ་ལ་བཀོད་ནས་སྐྱེ་རྒ་ན་འཆི་ལས་ཐར་པའི་སྒོ་ནས་སྐྱབས་མཛད་དོ། །ཐམས་ཅད་མཁྱེན་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཚོགས་པ་བརྙེས་པ་བསྟན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་


DTG167_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཇི་སྙེད་དུ་ཤེས་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཤེས་ཤིང༌། དེ་དག་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་ཤེས་པས་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། འདི་དག་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སངས་རྒྱས་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱར་རོ། །ཆོས་ཞེས་བྱ་བས་ནི་ཆོས་ལ་བསྟོད་ཅིང་ཕྱག་འཚལ་བར་བསྟན་ཏེ། དེ་ལ་ཆོས་ལ་ཡང་རྣམ་པ་གསུམ་མོ། །གང་ཞེ་ན། བཤད་པའི་ཆོས་དང༌། སྒྲུབ་པའི་ཆོས་དང༌། འབྲས་བུའི་ཆོས་སོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ནི་བཤད་པའི་ཆོས་སོ། །རང་གི་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་སྒྲུབ་པའི་ཆོས་སོ། །མྱ་ངན་ལས་འདས་པ་ནི་འབྲས་བུའི་ཆོས་སོ། །ཆོས་དེ་གསུམ་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱར་རོ། །འཕགས་པའི་ཚོགས་ལ་ཞེས་བྱ་བས་དགེ་འདུན་ལ་བསྟོད་པ་བསྟན་ཏེ། ཉོན་མོངས་པ་དང་སྡིག་པའི་ཆོས་ལས་རིང་དུ་སྤངས་པ་ལ་ནི་འཕགས་པ་ཞེས་བྱ་ལ། འཕགས་པའི་གང་ཟག་དེ་ལྟ་བུ་མང་པོ་ལ་ནི་འཕགས་པའི་ཚོགས་ཞེས་བྱ་སྟེ། དེ་ཡང་མདོར་ན་སློབ་པའི་གང་ཟག་དང༌། མི་སློབ་པའི་གང་ཟག་འཕགས་པ་གཉིས་ཡོད་དོ། །དེ་ལ་སློབ་པའི་གང་ཟག་ནི་བདུན་ཡོད་དེ། རྒྱུན་དུ་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང༌། ཕྱིར་མི་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང༌། དགྲ་བཅོམ་པ་ལ་འཇུག་པ་དང་བདུན་ནོ། །མི་སློབ་པའི་གང་ཟག་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། དེ་དག་ལ་ཡང་ཕྱག་འཚལ་ཏེ་ཞེས་བྱ་བ་སྦྱར་རོ། །དེ་ལ་ཕྱག་འཚལ་བ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱིས་ཕྱག་འཚལ་བ་དང༌། དག་གིས་ཕྱག་འཚལ་བ་དང༌། ཡིད་ཀྱིས་ཕྱག་འཚལ་བའོ། །དེ་ལ་ལུས་ཀྱིས་ཕྱག་འཚལ་བ་ནི། དཔྲལ་བ་གཏུགས་པ་ཐལ་མོ་སྦྱར་བ་ལ་སོགས་པ་བྱེད་པའོ། །ངག་གིས་ཕྱག་འཚལ་བ་ནི་དེ་དག་གི་ཡོན་ཏན་ཚིག་ཏུ་རྗོད་པར་བྱེད་པའོ། །ཡིད་ཀྱིས་ཕྱག་འཚལ་བ་ནི་དེ་དག་ལ་དད་པ་དང་དགའ་བ་དང་མོས་བའི་སེམས་ཀྱིས་ཕྱག་འཚལ་


DTG167_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ཕྱག་འཚལ་ནས་ཞེས་བྱ་བའི་དོན་ཏོ། །ཕྱག་འཚལ་ནས་ཅི་བྱ་ཞེ་ན། དགེ་ཚུལ་གྱི་ནི་ཆོ་ག་རྣམས། །མདོ་ཙམ་ངེས་པར་བཤད་པར་བྱ། །ཞེས་བྱ་བ་སྨོས་ཏེ། དགེ་ཚུལ་དགེ་སྦྱོང་རྣམས་ཀྱི་བསླབ་ཚིག་དང་ལས་སུ་བྱ་བ་རྣམས་ལ་བྱའོ། །མདོ་ཙམ་ངེས་པར་བཤད་པར་བྱ་བ་ནི་དགེ་སྦྱོང་གི་བསླབ་ཚིག་དང་ལས་སུ་བྱ་བ་རྣམས་ནི་ཀཱ་རི་ཀཱ་སུམ་བརྒྱ་པ་དང༌། འདུལ་བ་འབུམ་གྱི་ནང་ནས་འབྱུང་བས་དེར་བརྟག་པར་བྱའོ། །འདིར་མདོ་ཙམ་སྟེ། མི་བྱར་མི་གནང་བའི་དམིགས་པ་ཉི་ཚེ་ཙམ་ཞེས་བྱ་བའི་དོན་ཏོ། །རང་གི་ལྷ་ལ་ཕྱག་འཚལ་བ་དང་བསྟོད་པའི་བཤད་པ་རྫོགས་སོ།། །།བསླབ་པ་ཉམས་སུ་བླང་བ་ཡང་ཚིག་རྣམ་པ་བཞི་ཞིག་གིས་སྟོན་ཏེ། གང་ཞེ་ན། ཆོས་ཕུན་སུམ་ཚོགས་པ་དང༌། གང་ཟག་ཕུན་སུམ་ཚོགས་པ་དང༌། སྒྲུབ་པ་ཕུན་སུམ་ཚོགས་པ་དང༌། ཇི་ལྟར་བསྒྲུབ་པར་བྱ་བའོ། །ཤཱཀྱ་སེང་གེའི་བསྟན་པ་ལ། །ཞེས་བྱ་བས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་ཆོས་ཕུན་སུམ་ཚོགས་པ་ཡང་ཚིག་རྣམ་པ་གཉིས་སོ། །སྟོན་པ་ཕུན་སུམ་ཚོགས་པ་དང༌། བསྟན་པ་ཕུན་སུམ་ཚོགས་པའོ། །ཤཱཀྱ་སེང་གེ་ཞེས་བྱ་བས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་གསུང་དབྱངས་རྣམ་པར་དག་པ་དང་ཐུགས་རྣམ་པར་དག་པས་ན་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། ཤཱཀྱ་ཞེས་བྱ་བས་གདུང་རུས་རྣམ་པར་དག་པ་སྟོན་ཏེ། སྤྱིར་མི་རྣམས་ཀྱི་ནང་དུ་སྐྱེས་པ་ལ་རིགས་རྣམ་པ་བཞི་ཡོད་དེ། དམངས་རིགས་དང༌། རྗེའུ་རིགས་དང༌། བྲམ་རྗེའི་རིགས་དང༌། རྒྱལ་རིགས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཤཱཀྱ་རྣམས་ཀྱི་ནང་དུ་གཽ་ཏ་མའི་རིགས་ཀྱི་གདུང་རུས་དང་ལྡན་པས་ན་ཤཱཀྱ་ཞེས་བྱའོ། །ཤཱཀྱ་ཞེས་བྱ་བས་ནི་གདུང་རུས་རྣམ་པར་དག་པ་སྟོན་ཏོ། །སེང་གེ་ཞེས་བྱ་བས་ཐུགས་རྣམ་པར་དག་པ་སྟོན་ཏོ། །དཔེར་ན་སེང་གེ་ནི་དཔའ་བོའི་སེམས་དང་ལྡན་པས་རི་དགས་རྣམས་ཀྱིས་མི་སྐྲག་ཅིང་རི་དགས་རྣམས་སེང་གེས་ཟིལ་གྱིས་གནོན་པ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱང་མི་འཇིགས་པ་བཞི་བརྙེས་པའི་ཐུགས་


DTG167_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པས་བདུད་དང་མུ་སྟེགས་པ་རི་དགས་དང་འདྲ་བས་སངས་རྒྱས་ཟིལ་གྱིས་མི་ནོན་ཅིང་སྐྲག་པར་བྱེད་མི་ནུས་ལ། སངས་རྒྱས་ནི་བདུད་དང་མུ་སྟེགས་རི་དགས་དང་འདྲ་བ་རྣམས་ཟིལ་གྱིས་གནོན་ཅིང་སྐྲག་པར་བྱེད་པས་ན་སངས་རྒྱས་ལ་སེང་གེ་ཞེས་བྱ་སྟེ། དེ་བས་ན་སེང་གེའི་སྒྲས་ཐུགས་དག་པ་སྟོན་ཏོ། བསྟན་པ་ཞེས་བྱ་བས་བསྟན་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །སློབ་མ་རྣམས་ལ་འདི་དག་ནི་བསྒྲུབ་པར་བྱ་བ་ཡིན། འདི་དག་ནི་སྤང་བར་བྱ་བ་ཡིན་ནོ་ཞེས་སྟོན་པའི་ཆོས་ལ་བསྟན་པ་ཞེས་བྱ་སྟེ། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད་དང༌། མངོན་པའི་ཆོས་ཀྱི་སྡེ་སྣོད་དོ། །དེ་ལས་རབ་ཏུ་བྱུང་བ་རྣམས་ཀྱིས་བསླབ་ཚིག་རྣམ་པ་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། སེམས་ཀྱི་བསླབ་པ་དང༌། ཤེས་རབ་ཀྱི་བསླབ་པའོ། །དེ་འདུལ་བའི་སྡེ་སྣོད་ཀྱི་ནང་ནས་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འབྱུང་ངོ༌། །མདོ་སྡེའི་སྡེ་སྣོད་ལས་ནི་ལྷག་པ་སེམས་ཀྱི་བསླབ་པ་འབྱུང་ངོ༌། །མངོན་པའི་ཆོས་ཀྱི་སྡེ་སྣོད་ནས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་འབྱུང་སྟེ། དེ་ལྟར་སྡེ་སྣོད་གསུམ་ལ་བསྟན་པ་ཞེས་བྱའོ། །དད་པས་རབ་ཏུ་བྱུང་ནས་ནི། །ཞེས་བྱ་བས་གང་ཟག་ཕུན་སུམ་ཚོགས་པ་སྟོན་ཏེ། གང་ཟག་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཀྱིས་ཕུན་སུམ་ཚོགས་སོ། །གང་ཞེ་ན། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དད་པ་ཞེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ལས་དང་འབྲས་བུ་ལ་སོགས་པ་ནི་ཡོད་པར་ཡིད་ཆེས་པ་དང༌། དཀོན་མཆོག་གསུམ་ལ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་སེམས་པ་དང༌། འཕགས་པའི་ལམ་ནི་བསྒྲུབ་པར་འདོད་པ་དང༌། མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་སེམས་ལ་ནི་དང་བ་ཞེས་བྱའོ། །དད་པས་ཞེས་བྱ་བ་ནི། དད་པའི་སེམས་ཀྱིས་རྒྱུར་བྱས་ནས། །ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་ནས་ནི་ཞེས་བྱ་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་ཚིག་བཅུ་མནོས་པ་ལས་རབ་ཏུ་བྱུང་བ་ཞེས་བྱའོ། །ཡང་ན། དད་པས་རབ་ཏུ་བྱུང་ནས་ནི། །ཞེས་བྱ་བའི་ཚིག་འདིས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་སྐྲ་


DTG167_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་ཞེས་རབ་ཏུ་བྱུང་བའི་མཚན་ཉིད་གསུངས་པའི་དོན་བསྟན་པ་ཡིན་ཏེ། ཚིག་འདིས་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཞི་བསྟན་པ་ཡིན་ནོ། །རྣམ་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །ལས་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དག །བསམ་པ་ཕུན་སུམ་ཚོགས་པའོ། །དེ་ལ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ་ཞེས་བྱ་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཚུལ་དེ་ལས་ཉོན་མོངས་པ་སྤོང་བ་དང་མཐུན་པའི་ཚུལ་ཡིན་པས་ཁྱིམ་ན་གནས་པའི་ཚུལ་ལས་འཕགས་པ་ཡིན་ནོ། །དད་པས་ཡང་དག་བ་ཁོ་ནར་ཞེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏེ། བུ་ལོན་མ་འཁོར་བ་དང་རྒྱལ་པོ་ལ་སོགས་པའི་འཇིགས་པས་རབ་ཏུ་བྱུང་བ་མ་ཡིན་གྱི་དད་པའི་སེམས་ཀྱིས་རབ་ཏུ་བྱུང་བ་ཡིན་ནོ། །རབ་ཏུ་བྱུང་ཞེས་བྱ་བས་ནི་ལས་ཕུན་སུམ་ཚོགས་པ་བསྟན་ཏེ། བྱ་བ་མཆོག་ཏུ་གྱུར་པ་ལ་ཞུགས་པའི་ཕྱིར་རོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བྱ་བས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། བུ་སྨད་དང་ཉེ་དུ་ལ་སོགས་པའི་འཇིགས་པ་མི་བཟད་པའི་གནས་སྤངས་ནས་ཁྱིམ་མེད་པར་ཤིང་དྲུང་དང་བྲག་ཕུག་ན་གནས་པས་ན། གནས་ཕུན་སུམ་ཚོགས་པའོ། །རབ་ཏུ་བྱུང་ནས་ནི་ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་བརྟན་པས་རབ་བསྒྲིམས་ཏེ། །ཞེས་བྱ་བས་སྒྲུབ་བ་ཕུན་སུམ་ཚོགས་པ་སྟོན་ཏེ། བརྟུལ་ཞུགས་ཞེས་བྱ་བས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བའི་བསླབ་པ་ལ་བྱའོ། །དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའི་བསླབ་ཚིག་ནི་ཕས་ཕམ་པ་བཞིའོ། །བཅས་པའི་ཁ་ན་མ་ཐོ་བའི་བསླབ་ཚིག་ནི་ཆང་མི་བཏུང་བ་ལ་སོགས་པ་རྣམ་པ་དྲུག་གོ །བརྟན་པས་རབ་བསྒྲིམས་ཏེ་ཞེས་བྱ་བས་ནི་ལུས་ངག་ཡིད་གསུམ་གྱིས་རབ་ཏུ་བསྒྲིམས་ལ་ཕས་ཕམ་པ་མི་འབྱུང་བར་བྱ་བའི་ཕྱིར་བསྟན་པ་སྟེ། ཉེས་པ་ཕྲན་ཚེགས་ཀྱང་མི་འབྱུང་བར་བསྲུང་བའོ། །དེ་ཡང་ཤིང་ཆེན་པོ་བསྲུང་ན་དེ་ལ་བསྐོར་བའི་ར་བ་དང་ཤིང་ཐགས་


DTG167_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཅི་ནས་ཀྱང་མི་གཞིག་པར་བྱའོ། །དེ་དང་འདྲ་བར་ཕས་ཕམ་པ་མི་འབྱུང་བར་བྱ་ན་ར་བ་དང་ཤིང་ཐགས་ལྟ་བུའི་བསླབ་པ་ཕྲན་ཚེགས་རྣམས་མ་ཞིག་པར་བསྲུང་ན་ཚུལ་ཁྲིམས་བརྟན་པར་བསྲུང་བ་ཡིན་ནོ། །བདག་གི་ལུས་བཞིན་བསླབ་པ་བསྲུང༌། །ཞེས་བྱ་བས་ཇི་ལྟར་བསྒྲུབ་པར་བསྟན་ཏེ། དཔེར་ན་བདག་གི་ལུས་འདི་ལ་དུག་དང་ཚེར་མ་དང་ངམ་གྲོག་ལ་སོགས་པས་འཆི་བར་མི་འགྱུར་བར་བསྲུང་བ་དང༌། བཟའ་བ་དང་བགོ་བ་དང་སྨན་ལ་སོགས་པས་ཅི་ནས་ཀྱང་མི་བརྙས་པར་བྱ་བའི་ཚུལ་དུ་བསྲུང་བ་དང་འདྲ་བར་ཚུལ་ཁྲིམས་ཀྱང་ཅི་ནས་ཀྱང་མི་ཞིག་པར་བསྲུང་བ་དང། རྣམ་པར་དག་པའི་ཚུལ་དུ་བསྲུང་བའོ། །བསླབ་པ་ཉམས་སུ་བླང་བའི་བཤད་པ་རྫོགས་སོ།། །།སྔ་དྲོའི་དུས་ན་ལས་གང་བྱ་བ་བསྟན་པ་ལ་རྣམ་པ་བརྒྱད་བྱ་བར་བསྟན་ཏེ། ཁ་ཏོན་བྱ་བ་དང༌། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང༌། མཁན་པོ་དང་སློབ་དཔོན་ལ་སྙུན་གསོལ་ནས་ལས་སུ་བྱ་བ་ཞུ་བ་དང༌། ཆུ་བརྟག་པ་དང༌། མཁན་པོ་དང་སློབ་དཔོན་གྱི་ལས་སུ་བྱ་བ་བསྒྲུབ་པ་དང༌། ཞུ་བ་དང༌། ཟས་བཟའ་བ་དང༌། བསོད་ནམས་བསྔོ་བ་དང་བརྒྱད་བྱའོ། །ནམ་གྱི་ཆ་སྨད་མལ་ནས་ལངས། །ནམ་ལངས་བར་དུ་ཁ་ཏོན་བྱ། །ཞེས་བྱ་བས་ཁ་ཏོན་བྱ་བ་བསྟན་ཏོ། །དེ་ནམ་གྱི་ཆ་སྨད་ནི་མཚན་གཅིག་ལ་ཐུན་ལྔར་བགོས་པ་ལས་ཐོ་རངས་ལ་བྱ་སྟེ། ཐོ་རངས་མལ་ནས་ལངས་ནས་ནི་ཙོག་ཙོག་པོར་འདུག་ལ་ལྷ་མ་སྲིན་ལ་ཆོས་ཀྱི་སྦྱིན་པ་བྱའོ་སྙམ་དུ་བསམས་ནས་ལྷ་མ་སྲིན་རྣམས་ལ་ཚིགས་སུ་བཅད་པ་སྟེར་བ་ལ་བོས་ཏེ་ནམ་ལངས་ཀྱི་བར་དུ་ཁ་ཏོན་ཅི་ནུས་སུ་བྱའོ། །ཁ་ཏོན་བྱས་པའི་བསོད་ནམས་སེམས་ཅན་ཀུན་གྱི་དོན་དུ་བསྔོ་བའོ། །གདོང་དང་སོ་ཡི་དྲི་བཀྲུས་ནས། །རྫོགས་སངས་རྒྱས་ལ་གུས་ཕྱག་བྱ། །ཞེས་བྱ་བས་དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་བསྟན་ཏེ། ལངས་ནས་ཆུ་དང་སོ་ཤིང་ལ་སོགས་པས་སོ་དང་གདོང་གི་དྲི་མ་བཀྲུས་ནས་རྫོགས་སངས་རྒྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གུས་པས་ཕྱག་བྱའོ། །དེ་ལ་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པར་བརྙེས་པས་ན་རྫོགས་པ་ཞེས་བྱའོ། །སྐྱེས་བུ་གཉིད་ལས་སངས་


DTG167_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་མ་རིག་པ་སྤངས་ནས། མ་རིག་པའི་གཉིད་ལས་སངས་པས་ན་སངས་རྒྱས་ཞེས་བྱའོ། །གུས་ཕྱག་བྱ་ཞེས་བྱ་བས་གུས་པར་ཕྱག་བྱ་བ་ལ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱིས་གུས་པར་ཕྱག་བྱ་བ་དང༌། ངག་གིས་གུས་པར་ཕྱག་བྱ་བ་དང༌། ཡིད་ཀྱིས་གུས་པར་ཕྱག་བྱ་བའོ། །དེ་ལ་ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཞི་བའི་ཚུལ་གྱིས་ཕྱག་བྱ་བ་ནི་ལུས་ཀྱིས་གུས་པར་ཕྱག་བྱ་བའོ། །མི་དྲག་མི་ངལ་བའི་དབྱངས་གྱིས་དེ་བཞིན་གཤེགས་པ་ལ་བསྟོད་པ་ནི་ངག་གིས་གུས་པར་ཕྱག་བྱ་བའོ། །ལུས་ཀྱིས་གུས་པར་ཕྱག་བྱ་བའི་སྔོན་རོལ་དུ་སངས་རྒྱས་བཅོམ་ལྡན་འདས་ནི་ཉེས་པ་ཐམས་ཅད་སྤངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཐུགས་རྗེ་ཆེན་པོ་ཅན་ཞེས་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་གཞི་ཡིན་པས་ཕྱག་བྱ་བའི་གནས་ཡིན་ནོ་སྙམ་དུ་སེམས་པ་ནི་ཡིད་ཀྱིས་གུས་པར་ཕྱག་བྱ་བ་སྟེ། དེ་ལྟ་བུའི་སེམས་སྔར་བསྐྱེད་ལ་དེ་ནས་གདོད་ལུས་ངག་གིས་ཕྱག་བྱ་བས་ཕྱག་བྱའོ། །བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པར་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །འདི་ངག་བྱ་ཞེས་དྲིས་ནས་ནི། །དཀྱིལ་འཁོར་ལ་སོགས་རྣམ་བྱའི་ཕྱིར། །ཞེས་བྱ་བས་མཁན་པོ་དང་སློབ་དཔོན་ལ་སྙུན་གསོལ་ནས་ལས་སུ་བྱ་བ་ཞུ་བ་བསྟན་ཏེ། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་བྱ་བ་ལ་དེ་ལྟར་སངས་རྒྱས་ལ་ཕྱག་བྱས་པའི་འོག་ཏུ་བླ་མ་སྟེ་མཁན་པོ་དང་སློབ་དཔོན་གྱི་གནས་སུ་སོང་ལ་སྒོ་འཕར་ལ་ལག་པས་དལ་གྱིས་བརྡུང་བའམ། སེ་གོལ་གཏོགས་ཏེ་ནང་དུ་ཤོག་ཅིག་ཅེས་ཟེར་ན་ནང་དུ་འགྲོ་བར་བྱའོ། །དེ་ལྟར་སྒྲ་མ་བྱུང་ན་ཡང་ལན་གཉིས་ཀྱི་བར་དུ་དེ་བཞིན་དུ་བྱའོ། །དེ་སྟེ་སྒྲ་མ་བྱུང་ན་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་དུ་བྱའོ། །དེ་ནས་ནང་དུ་ཤོག་ཅིག་ན་གདོད་ནང་དུ་འགྲོ་བར་བྱའོ། །ཐུག་ཐུབ་ཏུ་མི་བྱ་བར་ཚུལ་འདི་ལྟར་བྱ་བ་ནི་དགེ་སྦྱོང་གི་ཚུལ་ཞི་བ་དང་དུལ་བའི་རང་བཞིན་ཡིན་པའི་ཚུལ་བསྟན་པར་བྱ་བ་དང༌། ཐུག་ཐུབ་ཏུ་ཞུགས་ན་བླ་མ་རྣམས་ཀྱིས་དགེ་བའི་བར་ཆད་དུ་གྱུར་


DTG167_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སེམས་འཁྲུག་པར་འགྱུར་བས་བླ་མའི་སེམས་མི་འཁྲུག་པར་བྱ་བའི་ཕྱིར་ཚུལ་དེ་ལྟར་བྱའོ། །དེ་ནས་བླ་མས་ནང་དུ་ཤོག་ཅིག་ཅེས་སྨྲས་ཏེ་ནང་དུ་ཞུགས་ནས་ཅི་བྱ་ཞེ་ན། དེའི་ཕྱིར། ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །ཞེས་བྱ་བ་སྨོས་ཏེ། ཁམས་ཀྱི་སྒྲས་ནི་ས་དང་ཆུ་དང་མེ་དང་རླུང་དང་འབྱུང་བ་ཆེན་པོ་བཞི་ལ་བྱ་སྟེ། འབྱུང་བ་ཆེན་པོ་བཞི་ཤས་ཆེ་ཆུང་དུ་གྱུར་པ་ལས་ནད་དུ་འགྱུར་རོ། །དེ་ལ་སའི་ཁམས་ཤས་ཆེན་ནི་ཁ་ཟས་མི་འཇུ་ཞིང་ལུས་ལྕིའོ། །ཆུའི་ཁམས་ཤས་ཆེ་ན་ནི་བད་ཀན་ཤས་ཆེའོ། །མེའི་ཁམས་ཤས་ཆེ་ན་ནི་མཁྲིས་པ་ཅན་དུ་འགྱུར་རོ། །རླུང་གི་ཁམས་ཤས་ཆེ་ན་ནི་རླུང་ནད་ཅན་དུ་འགྱུར་རོ། །དེ་ལྟར་ནང་དུ་ཞུགས་ནས་ཞི་བ་དང་དུ་ལ་བ་དང་སྲིད་ཞུའི་ཚུལ་གྱིས་ཕྱག་བྱ་སྟེ། ཁམས་བཞི་མ་སྙོམས་པ་ལས་སྙུན་དུ་གྱུར་པ་མཆིས་སམ་མ་མཆིས་སྙུན་གསོལ་ལོ། །སོགས་པའི་སྒྲས་ནི་མཚན་མོ་བདེ་བར་མནལ་ལམ་མ་མནལ། དགོངས་པ་ལ་བར་ཆད་དུ་གྱུར་ཏམ་མ་གྱུར་ཞེས་བྱའོ། །དེ་ལྟར་སྙུན་གསོལ་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ན། འདི་དག་བྱ་ཞེས་དྲིས་ནས་ནི། །དཀྱིལ་འཁོར་ལ་སོགས་རྣམ་བྱའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྙུན་གསོལ་བའི་འོག་ཏུ་མཆོད་རྟེན་ལ་ཕྱག་བྱ་ཞིང་བསྐོར་བ་དང་བཤང་གཅི་ཆེ་ཆུང་དུ་འགྲོ་བ་མ་གཏོགས་པར་ནང་པར་སྔ་དྲོའི་བར་དུ་ཅི་དང་ཅི་བྱ་བ་ཐམས་ཅད་ཞུའོ། །དེ་ལྟར་ཞུས་པའི་འོག་ཏུ་དཀྱིལ་འཁོར་བྱས་ལ་དེ་ནས་གདོད་གཡར་ཚུས་བཟའོ། །སོགས་པའི་སྒྲས་ནི་མེ་ཏོག་དང་བདུག་པ་ལ་སོགས་པ་མཆོད་པ་ཡང་བསྡུའོ། །ཉ་ཕྱིས་ལ་སོགས་ཆུ་བརྟགས་ཏེ། །སྟེང་དང་བར་གཏིང་རིམ་བཞིན་ནོ། །ཉ་ཕྱིས་ལ་སོགས་མེད་ན་ཡང༌། །ཁྱོར་བའམ་འདབ་མས་བུམ་པ་དགང༌། །ཆུ་ཡི་སྐྱེ་བོ་ཆེ་ཆུང་རྣམས། །ཡུན་མི་རིང་བར་ནན་ཏན་བརྟག །སྙིང་རྗེ་ཅན་གྱིས་ཁུ་བ་རྣམས། །རབ་ཏུ་བརྟགས་ཏེ་སྤྱད་པར་བྱ། །སྲོག་ཆགས་ཡོད་ན་ལེགས་པར་བཙག །སྲོག་ཆགས་རྣམས་ལ་གནོད་མི་བྱ། །རྩྭ་དང་ལྕི་བ་ཤིང་ལ་སོགས། །དགོས་པ་གང་དང་གང་ཡང་རུང༌། །དེ་དག་སྲོག་ཆགས་མེད་པར་བྱ། །སྡོམ་པས་སྲོག་ཆགས་གསད་པ་སྲུང༌། །ཞེས་བྱ་བས་ཆུ་ལ་སོགས་པ་བརྟག་པར་བསྟན་ཏེ། དེ་དག་


DTG167_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྱས་ནས་གཡར་ཚུས་ཐོབ་པའི་འོག་ཏུ་ཅི་བྱ་ཞེ་ན། དེའི་ཕྱིར། ཉ་ཕྱིས་ལ་སོགས་ཆུ་བརྟགས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཏུ་ཆུ་ཚགས་ལྔ་འདུལ་བ་ལས་གསུངས་པའི་ཆུ་ཚགས་གང་ཡང་རུང་བ་ཅིག་གིས་ཆུ་བཙག་གོ །དེ་ལ་ཆུ་ཚགས་ལྔ་ནི་རིལ་བ་དང༌། གྲུ་གསུམ་པ་དང༌། ཡུ་བ་ཅན་དང༌། ཆོས་ཅན་ཞེས་བྱ་བ་དང༌། གྲོལ་བར་བྱེད་པའི་རས་སོ། །དེ་ལྟར་ཆུ་བཙགས་ནས་བཙགས་པ་ཙམ་གྱིས་ཀྱང་མི་ཆོག་སྟེ། ཉ་ཕྱིས་ལ་སོགས་པ་ཆུས་གང་བར་བཀང་ལ་སྲོག་ཆགས་ཡོད་དམ་མེད་བརྟག་གོ །སོགས་པའི་སྒྲས་ནི་དུང་ཕོར་རྣམས་ཀྱང་བསྡུས་སོ། །ཇི་ལྟར་བརྟག་ཅེ་ན། དེའི་ཕྱིར། སྟེང་དང་བར་གཏིང་རིམ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། བརྟག་པའི་རིམ་པ་ནི་ཐོག་མར་ཆུའི་སྟེང་ན་སྲོག་ཆགས་ཡོད་དམ་མེད་བརྟག་གོ །དེ་ནས་བར་དུ། དེ་ནས་གཏིང་སྟེ་ཞབས་སུ་བརྟགས་ལ། སྲོག་ཆགས་མེད་ན་ནི་ཆུ་དེ་སྤྱད་དུ་རུང་ངོ༌། །སྲོག་ཆགས་ཡོད་ན་ནི་ཆུ་དེ་སྤྱད་དུ་མི་རུང་བས་སླར་སྔ་མའི་གནས་སུ་དབོའོ། །གལ་ཏེ་ཉ་ཕྱིས་དང་དུང་ཕོར་མ་འབྱོར་ན་ཇི་ལྟར་བྱ་སྙམ་པ་ལ། དེའི་ཕྱིར། ཉ་ཕྱིས་ལ་སོགས་མེད་ན་ཡང༌། །ཁྱོར་བ་འམ་འདབ་མས་བུམ་པ་དགང༌། །ཞེས་བྱ་བ་སྨོས་ཏེ། ཉ་ཕྱིས་དང་དུང་ཕོར་མ་འབྱོར་ན་ཡང་ཁྱོར་བ་བཀང་སྟེ་བརྟག་གོ །འདིར་ཡང་སྟེང་དང་བར་གཏིང་རིམ་བཞིན་དུ་བརྟག་པ་ནི་སྔ་མ་བཞིན་ནོ། །འདིའི་སྐབས་སུ་ཇི་ལྟར་བརྟག་ཅེ་ན། དེའི་ཕྱིར། ཆུ་ཡི་སྐྱེ་བོ་ཆེ་ཆུང་རྣམས། །ཡུན་མི་རིང་བར་ནན་ཏན་བརྟག ། ཅེས་བྱ་བ་སྨོས་ཏེ། ཆུ་བརྟག་པ་ཡང་མིག་ནད་ཀྱིས་ཕོག་པའམ། མིག་ལིང་ཏོག་གིས་ཁེབས་པས་ནི་མི་བརྟག་གི་མིག་གསལ་བས་ཆུ་ན་གནས་པའི་སྲོག་ཆགས་ཕྲ་མོ་དང་སྦོམ་པོ་རྣམས་ཡོད་དམ་མེད་བརྟག་གོ །མིག་གསལ་བས་བརྟགས་ན་ཡང་ཡུན་རིང་དུ་མིག་བགྲད་དེ་བལྟས་ན་མིག་ཟི་ཟི་པོར་འགྱུར་བས་སྲོག་ཆགས་མི་མཐོང་པའི་ཕྱིར་ཡུན་མི་རིང་བར་ཡང་ནས་ཡང་དུ་མིག་གསལ་བ་ས་བརྟག་སྟེ། སྲོག་ཆགས་མེད་པར་ཡིད་ཆེས་ཀྱི་བར་དུ་བརྟག་གོ །དེ་བས་ན་ནན་ཏན་བརྟག་ཅེས་སྨོས་ཏེ། སྲོག་ཆགས་མེད་པར་ཡིད་ཆེས་ཤིང་ཐེ་ཚོམ་མེད་


DTG167_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་བལྟའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་བརྟག་ཅེ་ན། དེའི་ཕྱིར་སྙིང་རྗེ་ཅན་གྱིས་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་རྣམས་ནི་སེམས་ཅན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་སྙིང་རྗེ་དང་ལྡན་པ་ཡིན་པས། དེའི་ཕྱིར་སེམས་ཅན་གྱི་གནོད་པ་བསལ་བའི་དོན་དུ་སྲོག་ཆགས་ཡོད་དམ་མེད་བརྟག་གོ །གལ་ཏེ་ཆུ་ལས་སྐྱེས་པའི་སྲོག་ཆགས་ནི་མེད་ཀྱི་སྦྲང་བུ་ལ་སོགས་པ་གློ་བུར་དུ་འོངས་པས་ཆུ་དེ་སྲོག་ཆགས་དང་ལྡན་པར་གྱུར་པ་དང༌། ཁ་ཟས་ཀྱི་ཁུ་བ་ལ་སོགས་པ་ལ་གློ་བུར་གྱི་སྲོག་ཆགས་ཡོད་པར་གྱུར་ན་དེ་དག་དོར་བར་ཇི་ལྟར་བྱ་སྙམ་པ་ལ་ཁུ་བ་རྣམས་རབ་ཏུ་བརྟགས་ཏེ་སྤྱད་པར་བྱ་ཞེས་བྱ་བ་སྨོས་ཏེ། ཆུ་བཙགས་པ་དང་ཁ་ཟས་ཀྱི་ཁུ་བ་ལ་གློ་བུར་དུ་འོངས་པའི་སྲོག་ཆགས་ཡོད་པར་གྱུར་ན་ཡང་ཡོད་དམ་མེད་ལེགས་པར་བརྟགས་ཏེ་སྤྱད་པར་བྱའོ། །དོར་བར་ནི་མི་བྱའོ། །ཐབས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། སྲོག་ཆགས་ཡོད་ན་ལེགས་པར་བཙག །སྲོག་ཆགས་རྣམས་ལ་གནོད་མི་བྱ། །ཞེས་བྱ་བ་སྨོས་ཏེ། བཙགས་པ་དང་ཁ་ཟས་ཀྱི་ཁུ་བ་ལ་གློ་བུར་དུ་འོངས་པའི་སྲོག་ཆགས་ཡོད་ན་ལེགས་པར་མ་སྣད་པར་བཙགས་པར་རིག་པ་ནི་བཙག །ལག་པས་བསལ་བར་རིག་པ་ནི་ལེགས་པར་བསལ་ལ་སོ་སོའི་གནས་སུ་མ་སྣད་མ་ཤི་བར་བསྐྱལ་བར་བྱའོ། །དེ་ལ་ཆུ་གྲང་མོ་ལ་གནས་པའི་སྲོག་ཆགས་རྣམས་ཆུ་དྲོན་མོ་ལ་བསྐྱལ་ན་གནོད་པར་འགྱུར་བས་ཆུ་གྲང་མོ་ཉིད་དུ་བསྐྱལ་ལོ། །ཆུ་དྲོན་མོ་ལ་གནས་པའི་སྲོག་ཆགས་རྣམས་ཆུ་གྲང་མོ་ལ་བསྐྱལ་ན་གནོད་པར་འགྱུར་བས་ཆུ་དྲོན་མོ་ཉིད་དུ་བསྐྱལ་ལོ། །གལ་ཏེ་མ་བྱས་པར་སྲོག་ཆགས་དང་བཅས་པའི་ཆུ་འཐུངས་སམ། སྲོག་ཆགས་རྣམས་རང་རང་གི་གནས་མ་ཡིན་པར་བསྐྱལ་ཏེ། ཤི་བར་གྱུར་ན་སྲོག་ཆགས་ཀྱི་གྲངས་དུ་ཡོད་པའི་ཉེས་བྱས་ཀྱི་གྲངས་ཀྱང་དེ་སྙེད་ཅིག་འཐོབ་བོ། །ཆུ་བཙགས་ཏེ་བརྟགས་པ་དེ་ཡང་དེ་རིང་ལྟ་བུའི་ནང་པར་བརྟགས་ན། དེའི་ཕྱི་དེ་ཉིད་ཀྱི་ནང་པར་གྱི་བར་དུ་སྤྱད་པར་བྱར་རུང་ངོ༌། །ཆུ་རྣམ་པ་ལྔ་ནི་བདག་གིས་མ་བཙགས་མ་བརྟགས་ཀྱང་སྤྱད་དུ་རུང་བའི་ཆུ་སྟེ། ལྔ་གང་ཞེ་ན། ཁོ་ར་ཁོར་ཡུག་འདོམ་གང་དུ་བརྟགས་པའི་ཆུ་དང༌། ཁྲོན་པ་ལ་སོགས་པ་དང༌། དགེ་སློང་ཡོན་ཏན་ཅན་གྱི་ཆུ་དང༌། དགེ་


DTG167_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་ཆུ་དང༌། ཡིད་ཆེས་པའི་ཆུའོ། །དེ་ལ་ཁོར་ཁོར་ཡུག་འདོམ་གང་དུ་བརྟགས་པའི་ཆུ་ནི་ལྟེང་ཀ་འམ་མཚེའུ་ལ་སོགས་པའི་དབུས་སུ་བུས་མོ་ནུབ་ཙམ་དུ་སོང་ལ་སྲོག་ཆགས་ཡོད་དམ་མེད་བརྟགས་ཏེ་མེད་པར་གྱུར་ན་འདོམ་གང་ཁོར་ཁོར་ཡུག་ཏུ་བརྟགས་པ་ཡིན་པར་སྤྱད་དུ་རུང་ངོ༌། །ཁྲོན་པ་ལ་སོགས་པའི་ཆུ་ནི་ཁྲོན་པ་དང་ལྟེང་ཀ་དང་རྫིང་ལ་སོགས་པར་ཉ་ཕྱིས་གང་གི་ཆུ་བླངས་ཏེ། སྲོག་ཆགས་ཡོད་དམ་མེད་བརྟགས་ཏེ་མེད་ན་ཉིན་ཞག་གཅིག་གི་བར་དུ་སྤྱད་དུ་རུང་ངོ༌། །དགེ་སློང་ཡོན་ཏན་ཅན་གྱི་ཆུ་ནི་དགེ་སློང་ཚུལ་ཁྲིམས་ལ་གནས་པ་སྡིག་པ་ལ་འཛེམ་པས་ཆུ་བཙགས་ཏ་བཙགས་པ་ལ་བདག་གིས་མ་བརྟགས་མ་བཙགས་པར་སྤྱད་དུ་རུང་ངོ༌། །དགེ་འདུན་གྱི་ཆུ་ནི་དགེ་འདུན་སྤྱིའི་ཆུ་ལྟ་བུ་བརྟགས་ནས་བཙགས་ཏེ་བཞག་པ་ལ་ནི་བདག་གིས་མ་བརྟགས་མ་བཙགས་ཀྱང་སྤྱད་དུ་རུང་ངོ༌། །ཡིད་ཆེས་པའི་ཆུ་ནི་བྲག་ཁ་འམ། རི་ཁ་གཟར་པོ་ནས་འབབ་པའི་ཆུ་འམ། སའི་འོག་ནས་གྱེན་དུ་རྡོལ་པའི་ཆུ་མིག་ལྟ་བུ་ལ་སྲོག་ཆགས་ཡོད་མི་སྲིད་པས་ཡིད་ཆེས་པའི་ཆུ་ཞེས་བྱ་སྟེ་སྤྱད་དུ་རུང་ངོ༌། །ཆུ་བཙགས་པའི་བསླབ་ཚིག་ནི་དགེ་སློང་མོས་པ་ཅན་གྱི་སྲོག་ཆགས་དང་བཅས་པའི་ཆུས་ཆག་ཆག་དང་དཀྱིལ་འཁོར་ལ་སོགས་བྱས་པ་ལས་བཅས་སོ། །དེའི་ཕྱིས་དགེ་སྦྱོང་གིས་ཆུ་ཚགས་ལྔ་ལས་གང་ཡང་རུང་བ་ཅིག་མེད་པར་གནས་སུ་མི་རུང་ངོ༌། །མེད་པར་གནས་ན་ཉེས་བྱས་སུ་འགྱུར་རོ། །ཆུ་ལ་དེ་ལྟར་བརྟགས་ཤིང་བཙགས་ནས་སྲོག་ཆགས་མེད་པར་བྱས་ཏེ་སྤྱད་ན། འོ་ན་རྩྭ་དང་ཤིང་ལ་སོགས་པ་ལ་སྲོག་ཆགས་ཡོད་ན་ཇི་ལྟར་སྤྱད་སྙམ་པ་ལ། དེའི་ཕྱིར། རྩ་དང་ལྕི་བ་ཤིང་ལ་སོགས། །དགོས་པ་གང་དང་གང་ཡང་རུང༌། །དེ་དག་སྲོག་ཆགས་མེད་པར་བྱ། །ཞེས་བྱ་བ་སྨོས་ཏེ། མལ་གྱི་འོག་ཏུ་གདིང་བའི་རྩ་ལ་སོགས་པ་དང༌། དཀྱིལ་འཁོར་དང་ཁང་པ་བཀྲུ་བའི་ལྕི་བ་དང༌། མ་བུད་པའི་ཤིང་དང༌། སོགས་པའི་སྒྲས་ནི་ས་ལ་སོགས་པའི་ཡང་བསྡུས་ཏེ། དགེ་སྦྱོང་གིས་སྤྱད་པར་བྱ་བའི་རྫས་གང་ཅི་ཡང་རུང་སྟེ་ཀུན་ལ་སྲོག་ཆགས་ཡོད་དམ་མེད་བརྟགས་ནས་སྲོག་ཆགས་ཡོད་ན་བཙགས་ལ་སྲོག་ཆགས་རྣམས་ཀྱང་རང་རང་གི་གནས་སུ་བདེ་བར་བསྐྱལ་ཏེ།


DTG167_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་མེད་པར་བྱས་ནས་སྤྱད་པར་བྱའོ། །ཆུའི་སྐབས་སུ་བཤད་པ་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པའི་ཕྱིར། སྡོམ་པས་སྲོག་ཆགས་བསད་པ་བསྲུང༌། །ཞེས་བྱ་བ་སྨོས་ཏེ། དགེ་སྦྱོང་རྣམས་ནི་སྙིང་རྗེ་ཅན་ལ་ཁྲིམས་དང་ལྡན་པ་ཡིན་པས་ཅི་ནས་ཀྱང་སེམས་ཅན་ཆེ་ཕྲ་ཀུན་གྱི་བསད་པ་བསྲུང་སྟེ། སེམས་ཅན་གང་ཡང་མི་བསད་དོ། །ཞེས་བྱ་བའི་དོན་ཏོ། །སྟན་ཆུ་ས་དང་སོ་ཤིང་དང༌། །འདག་པའི་ཆལ་ཡང་སྟ་གོན་བྱ། །ལྷུང་བཟེད་བཀྲུ་ལ་སོགས་པ་དང༌། །བླ་མའི་དགོས་པ་ཐམས་ཅད་བྱ། །ཞེས་བྱ་བས་མཁན་པོ་དང་སློབ་དཔོན་གྱི་ལས་སུ་བསྒྲུབ་པ་བསྟན་ཏེ། དེ་ལྟར་བརྟགས་པ་དང་བཙགས་པའི་འོག་ཏུ། བླ་མའི་དགོས་པ་ཐམས་ཅད་བྱ། །ཞེས་སྦྱར་ཏེ། བླ་མ་ནི་མཁན་པོ་དང་སློབ་དཔོན་ལ་བྱ་སྟེ། དེའི་དགོས་པ་ནི་མཁན་པོ་དང་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཉམས་སུ་བླང་སྟེ་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་བླང་བ་དེ་དག་ཀྱང་གང་ཞེ་ན། དེ་བསྟན་པའི་ཕྱིར། སྟན་ཆུ་ས་དང་སོ་ཤིང་དང༌། །འདག་པའི་ཆལ་ཡང་སྟ་གོན་བྱ། །ཞེས་བྱ་བ་སྨོས་ཏེ། མཁན་པོ་དང་སློབ་དཔོན་གྱི་ལས་སུ་བྱ་བ་ནི་ནང་བར་མཁན་པོ་དང་སློབ་དཔོན་གང་དུ་ཁ་གདོང་བཀྲུ་བའི་གནས་སུ་གདན་གདིང་བ་དང༌། བཀྲུ་བའི་ཆུ་དང་སོ་ཤིང་དང༌། འདག་པ་ལི་ཆལ་ལ་སོགས་པ་སྟ་གོན་བྱ་སྟེ། གཤེགས་པ་དང༌། བཤང་གཅི་བྱེད་པའི་གནས་སུ་ས་དང་འདབ་མ་དག་ཀྱང་སྟ་གོན་བྱས་ཏེ་བཞག་གོ །དེ་ཙམ་ཞིག་བྱས་པས་ཆོག་གམ་ཞེ་ན། མི་ཆོག་པར་བསྟན་པའི་ཕྱིར། ལྷུང་བཟེད་བཀྲུ་ལ་སོགས་པ་དང༌། །ཞེས་བྱ་བ་སྨོས་ཏེ། འདིར་མཁན་པོ་དང་སློབ་དཔོན་གྱི་ལྷུང་བཟེད་བཀྲུའོ། །སོགས་པའི་སྒྲས་ནི་ཆོས་གོས་བཀྲུ་ཞིང་བཙེམ་པ་དང་གནས་བྱི་དོར་བྱ་བ་ལ་སོགས་པ་ལས་སུ་བྱ་བ་ཐམས་ཅད་བྱའོ། །དེ་ནས་དུས་རིག་ཕྱག་བྱ་སྟེ། །དེ་བཞིན་གུས་པར་ཐལ་སྦྱར་ནས། །ཟས་བཟའ་བྱ་ཞེས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ཞེས་བྱ་བས་ཞུས་ནས་ཟས་བཟའ་བ་བསྟན་ཏེ། དེ་ནས་ཞེས་བྱ་བས་ནི་བླ་མའི་དགོས་པ་ཐམས་ཅད་བྱས་པའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དུས་རིག་ཕྱག་བྱས་ལ་དགེ་སློང་རྣམས་ཀྱི་ཟས་བཟའ་བའོ། །དུས་ནི་སྐྱ་རེངས་ཤར་བ་ནས་བརྩམས་ཏེ། འཛམ་བུའི་གླིང་གི་ཉི་མ་དྲོས་མན་ཆད་དེ། དེའི་བར་དུ་ཟས་


DTG167_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བར་གནང་བའི་དུས་རིག་ནས་ཞེས་བྱའོ། །ཕྱག་བྱས་ཏེ། དེ་བཞིན་གུས་པས་ཐལ་སྦྱར་ནས། །ཞེས་བྱ་བ་ལ་མཁན་པོ་འམ་སློབ་དཔོན་ལ་ཕྱག་བྱས་ཏེ། དེ་བཞིན་ནང་པར་སྔར་ཞུས་པ་བཞིན་དུ་ལུས་ཀྱིས་མ་གུས་པ་རྐང་པ་བརྐྱང་བ་དང༌། ལག་པ་བརྐྱང་བ་ལ་སོགས་པ་བྱེད་པ་དང༌། ངག་གིས་མ་གུས་པ་རྟ་གད་བྱེད་པ་ལ་སོགས་པ་བཏང་ལ། ལུས་དང་ངག་ཞི་བ་དང་དུལ་བར་བྱ་སྟེ། ཐལ་མོ་སྦྱར་ལ་འཚལ་མ་འཚལ། །ཞེས་བླ་མ་མཁན་པོ་དང་སློབ་དཔོན་ལ་བརྟུལ་ཞུགས་ཅན་དེ་དགེ་སློང་གིས་དེ་ལྟར་ཞུའོ། །ལག་པ་བཀྲུས་ནས་ཚུལ་བཞིན་དུ།། དེ་ནི་མི་སྨྲ་ཚོད་རིག་བྱ། །ཞེས་བྱ་བས་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། ལག་པ་བཀྲུས་ནས་ཞེས་བྱ་བ་ནི་ལག་པ་དང་ལྷུང་བཟེད་གཉིས་ཀ་བཀྲུས་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་དུ་ཞེས་བྱ་བས་ནི་ཟས་བཟའ་བའི་ཚེ་གཡས་གཡོན་དུ་མི་བལྟའོ། །ཁ་ཟས་འབྲིམ་པ་ལ་མི་བལྟའོ། །ཧ་ཅང་ཁམ་ཆེར་མི་ཟའོ། །དེ་ནི་མི་སྣ་ཚོད་རིག་བྱ། །ཞེས་བྱ་བ་ནི་ཟས་ཟ་བའི་ཚེ་གད་མོ་མི་བགད་དོ། །གཏམ་མི་བྱའོ། །རྐན་སྒྲ་མི་གཏོག་གོ །ཅག་ཅག་མི་བྱའོ། །ཚོད་རིག་ཅེས་བྱ་བ་ནི་ཧ་ཅང་མང་དུ་མི་བཟའ་ལ། ཧ་ཅང་ཉུང་དུ་ཟོས་ན་ཡང་དགེ་བ་བྱེད་མི་ནུས་པས་ཅི་ཙམ་གྱི་དགེ་བ་བྱེད་པ་དེ་ཙམ་གྱི་ཚོད་དེ་ཙམ་ཞིག་བཟའོ། །བྲུ་བའི་ནད་ལས་བཟློག་པའི་ཕྱིར། །བཟའོ་སྙམ་པའི་སེམས་ཀྱིས་བཟའ། །ཞེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པས་བཟའ་བར་བྱ་བ་བསྟན་ཏེ། འདི་ལྟར་ཟས་ཟ་བའི་ཚེ་སྟོབས་ཆེ་བ་དང་གཟུགས་མཛེས་པར་འདོད་པའི་བསམ་པས་ཟོས་ན་ནི་ཟས་ཟོས་པ་དེ་ཉིད་མི་དགེ་བར་འགྱུར་རོ། །ཟས་མ་ཟོས་ན་ལུས་ཉམ་ཆུང་བས་དགེ་བ་བྱེད་མི་ནུས་པའི་ཕྱིར་དགེ་བ་བྱེད་པའི་དོན་དུ་ཟས་བཟའོ་སྙམ་པའི་སེམས་ཀྱིས་ཟས་ཟོས་ན་ཟས་ཟོས་པ་དེ་ཉིད་དགེ་བར་འགྱུར་རོ། །དེ་གཉིས་གང་དུ་ཡང་མ་གཏོགས་པར་ཁ་ཟས་བཟའོ་སྙམ་སྟེ་ཟས་ཟོས་པ་དེ་ཉིད་ལུང་མ་བསྟན་དུ་འགྱུར་རོ། །དེ་བས་ན་ཟས་ཟ་བའི་ཚེ་ཡང་ཟས་མ་ཟོས་ན་བཀྲེས་པའི་ནད་ཀྱིས་འདེབས་སོ། །བཀྲེས་པའི་ནད་ཀྱིས་བཏབ་ན་དགེ་བ་བྱེད་མི་ནུས་པས། ཁ་ཟས་ཟོས་ལ་བཀྲེས་པའི་ནད་བཟློག་ལ་དགེ་བ་བྱའོ་སྙམ་པའི་བསམ་བས་ཟས་བཟའ་བར་བྱ་སྟེ། དེ་ལྟ་བུའི་


DTG167_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བཟང་པོས་ཟོས་ན་ཁ་ཟས་ཟོས་པ་དེ་དགེ་བར་འགྱུར་རོ། །ཟོས་ཤིང་དེ་བཞིན་འཐུངས་པ་དང༌། །རུང་བའི་ཆུ་ཡིས་དེ་འོག་ཏུ། །སྦྱིན་པ་ཡང་དག་འཕེལ་བྱའི་ཕྱིར། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་བྱ་བས་བསོད་ནམས་བསྔོ་བ་བསྟན་ཏེ། ཟོས་ཤིང་ཞེས་བྱ་བས་ནི་བཟའ་བ་ལྔ་ཟོས་ཤིང་བཅའ་བ་ལྔ་འཆོས་སོ། །དེ་ལ་བཟའ་བ་ནི་ཁ་ཟས་ལ་བྱའོ། །བཅའ་བ་ནི་སྤྱན་གཟིགས་ལ་བྱའོ། །དེ་བཞིན་འཐུངས་པ་དང་ཞེས་བྱ་བས་ནི་བཏུང་བར་བྱ་བ་འཐུངས་པའོ། །རུང་བའི་ཆུ་ཡིས་ཞེས་བྱ་བ་ནི་བཙགས་ཤིང་བརྟགས་པའི་ཆུས་ལག་པ་དང་ཁ་བཀྲུས་ལ། དེའི་འོག་ཏུ་ལྷུང་བཟེད་ཀྱང་དག་པར་བཀྲུ་བར་བྱའོ། །དེའི་འོག་ཏུ། སྦྱིན་པ་ཡང་དག་འཕེལ་བྱའི་ཕྱིར། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་བྱ་བ་ལ། ལག་པ་དང་ལྷུང་བཟེད་བཀྲུས་པའི་འོག་ཏུ་སྦྱིན་པའི་ཡོན་བདག་གི་སྨོན་ལམ་བདག་དང་གཞན་ལ་གནོད་པར་འགྱུར་བ་བཟློག་སྟེ། སྦྱིན་པའི་འབྲས་བུ་ལྷ་དང་མིའི་ལུས་ཐོབ་པའི་ལོངས་སྤྱོད་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་སྦྱིན་པའི་ཡོན་བདག་གི་དོན་དུ་ཚིགས་སུ་བཅད་པ་གཅིག་བཀླགས་པ་དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོའི་དོན་དུ་ཚིགས་སུ་བཅད་པ་གཅིག་བཀླགས་ཏེ་དེ་ལྟར་ཚིགས་སུ་བཅད་པ་གཉིས་ཤིག་གདོན་ཏོ། །མན་ངག་ཡོད་ན་བསམ་གཏན་བྱ། །རབ་ཏུ་འབད་དེ་བཀླག་པར་བྱ། །སྡོམ་དང་ཆོ་ག་མཁས་པ་དང༌། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །ཞེས་བྱ་བས་དགེ་བ་བྱ་བ་བསྟན་ཏེ། དེ་རྣམ་པ་བཞི་ཡོད་དེ་བསམ་གཏན་བྱ་བ་དང༌། བཀླག་པ་དང༌། ལྟུང་བ་དང༌། མི་ལྟུང་བ་ལ་མཁས་པ་དང༌། ཚུལ་ཁྲིམས་མ་ཉམས་པར་བསྲུང་བར་བྱའོ། །མན་ངག་ཡོད་ན་བསམ་གཏན་བྱ། །ཞེས་བྱ་བས་བསམ་གཏན་བྱ་བར་བསྟན་ཏེ། དེ་ལ་ཡང་གང་ཟག་རྣམ་པ་བཞི་ཡོད་དེ། འདོད་ཆགས་ལ་སྤྱོད་པའི་གང་ཟག་དང༌། ཞེ་སྡང་ལ་སྤྱོད་པའི་གང་ཟག་དང༌། གཏི་མུག་ལ་སྤྱོད་པའི་གང་ཟག་དང༌། རྣམ་པར་རྟོག་པ་ལ་སྤྱོད་པའི་གང་ཟག་གོ །དེ་ལ་འདོད་ཆགས་ལ་སྤྱོད་པའི་གང་ཟག་གིས་ནི་མི་གཙང་བ་བསྒོམ་མོ། །ཞེ་སྡང་ལ་སྤྱོད་པའི་གང་ཟག་གིས་ནི་སེམས་ཅན་ཐམས་ཅད་གཉེན་བཤེས་དང་ཉེ་དུ་བཞིན་དུ་སྡུག་པ་དང་ཕངས་པར་བསྒོམ་མོ། །གཏི་མུག་ལ་


DTG167_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་གང་ཟག་གིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་བཞིན་འབྱུང་བ་དང་ལུགས་ལས་བཟློག་པའི་མཚན་ཉིད་བསྒོམ་མོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་གང་ཟག་གིས་ནི་དབུགས་ཕྱི་ནང་དུ་རྒྱུ་བ་བསྒོམ་མོ། །སྒོམ་པ་འདི་དག་ནི་བདུད་རྩིའི་སྒོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ནོ། །གལ་ཏེ་བསམ་གཏན་འདི་དག་ལ་སོགས་པ་མན་ངག་གང་མཁན་པོ་དང་སློབ་དཔོན་ལ་ཐོས་ནས་ཟས་ཟོས་པའི་འོག་ཏུ་བསམ་གཏན་བྱའོ། །རབ་ཏུ་འབད་དེ་ཀླག་པར་བྱེད། །ཅེས་བྱ་བས་བཀླག་པར་བྱ་བ་བསྟེན་ཏེ། གལ་ཏེ་བསམ་གཏན་བསྒོམ་པའི་མན་ངག་མེད་ན་བཀླག་པར་བྱ་སྟེ་ཁ་ཏོན་བྱ་བའམ། དྷརྨ་གླེགས་བམ་ལ་བཀླག་པར་བྱ་བའོ། །དེ་ལྟར་ཀློག་པའི་དུས་ན་ཡང་རབ་ཏུ་འབད་དེ་བཀླག་པར་བྱའོ། །དཀྱིལ་འཁོར་དང་མཆོད་པ་ལ་སོགས་པ་བྱས་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་བསྡུས་ནས་ལྷ་ཀླུ་ལ་སོགས་པ་ལ་ཆོས་ཀྱི་སྦྱིན་པ་བྱའོ། །ཧ་ཅང་ཡང་མི་དྲག་ཧ་ཅང་ཡང་མི་དལ་བར་རེན་པར་བྱ་སྟེ། ཟུར་ཕྱིན་པར་བཀླག་གོ །བཀླགས་པའི་རྗེས་ལ་ཡང་བསོད་ནམས་བདག་དང་སེམས་ཅན་གྱི་དོན་དུ་བསྔོའོ། །སྡོམ་དང་ཆོ་ག་མཁས་པ་དང༌། །ཞེས་བྱ་བས་ལྟུང་བ་དང་མི་ལྟུང་བར་བྱ་བ་ལ་མཁས་པར་བྱ་བ་བསྟན་ཏེ། སྡོམ་པའི་སྒྲ་ནི་ཕས་ཕམ་པ་བཞི་ལ་བྱ་ལ། ཆོ་གའི་སྒྲ་ནི་སྦོམ་པོ་དང་ཉེས་བྱས་ལ་སོགས་པ་བསླབ་ཚིག་ཕྲ་མོ་དང་དགེ་སྦྱོང་གི་བྱ་བ་རྣམས་ལ་བྱ་སྟེ། མཁས་པ་ཞེས་བྱ་བས་ནི་འདི་ཙམ་གྱི་ཕས་ཕམ་པར་འགྱུར་ལ། འདི་ཙམ་གྱིས་ཕས་ཕམ་པར་མི་འགྱུར་ཞེས་ཤེས་པར་བྱ་བ་དང། འདི་དག་ནི་ཉེས་བྱས་ཡིན། འདི་དག་ནི་བདག་གི་ལས་སུ་བྱ་བ་ཡིན། འདི་དག་ནི་བདག་གི་ལས་སུ་བྱ་བ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །ཞེས་བྱ་བས་ཚུལ་ཁྲིམས་ལྷུར་ལེན་པ་བསྟན་ཏེ། ཕས་ཕམ་པ་དང་སྦོམ་པོ་དང་ཉེས་བྱས་ལ་སོགས་པ་མི་འབྱུང་བར་བསྲུང་བ་ཉིད་བསྒྲུབ་པར་བྱ་བ་ལ་བརྩོན་པ་ཡིན་ནོ། །ད་ནི་ཕས་ཕམ་པའི་གནས་འཆད་དེ། དེ་ལ་ཕས་ཕམ་པའི་དོན་ཅི་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱལ་པོ། །བདག་ནི་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་བོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་བྱང་


DTG167_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་བདག་གི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱ་བའི་གྲོགས་སམ་མིག་ལྟ་བུ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཉོན་མོངས་པ་བཅོམ་ནས་ཆོས་ཀྱི་རྒྱལ་པོའི་གནས་ཐོབ་པར་བྱ་བ་ཡིན་པ་ལས། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་ཀྱིས་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པར་བྱས་པས་བདག་གིས་ཆོས་ཀྱི་རྒྱལ་པོའི་གནས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་སྐལ་བ་མེད་པ་ལ་ཕས་ཕམ་པ་ཞེས་པ་བྱ་སྟེ། ཉོན་མོངས་པའི་གནས་སུ་གྱུར་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕས་ཕམ་པ་རྣམ་པ་བཞི་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བའོ། །ཕས་ཕམ་པ་འབྱུང་བའི་རྒྱུ་ནི་རྣམ་པ་གསུམ་སྟེ། ཞེ་སྡང་དང༌། འདོད་ཆགས་དང༌། གཏི་མུག་གོ །དེ་ལ་ཞེ་སྡང་ལས་ནི་སྲོག་གཅོད་པའི་ཕས་ཕམ་པ་འབྱུང་ངོ༌། །འདོད་ཆགས་ལས་ནི་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པའི་ཕས་ཕམ་པ་འབྱུང་ངོ༌། །གཏི་མུག་ལས་ནི་བརྫུན་དུ་སྨྲ་བའི་ཕས་ཕམ་པ་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་ལོ་བཅུ་གཉིས་ཀྱི་བར་དུ་ལྟ་བ་མཉམས་སྐྱོན་མེད་པས། དེས་ན་བཅོམ་ལྡན་འདས་ཀྱིས་འདིར་མདོར་བསྡུས་ཏེ། ཉན་ཐོས་རྣམས་ལ་སོ་སོར་ཐར་པའི་མདོ་བཤད་དེ་བསྟན་པ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གོལ། །ངག་རྣམས་བསྲུངས་ཤིང་ཡིད་ཀྱང་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་སྤྱོད་ཅིང༌། །ལས་རྣམས་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུང་བའི་ལམ་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་སློབ་པར་ཟད་དོ། །ལོ་བཅུ་གཉིས་འདས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སྐྱོན་དང་ཕན་འབྱུང་ངོ༌། །དེ་ལ་དང་པོ་སྲོག་གཅོད་པའི་ཕས་ཕམ་པ་བཤད་དེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཡུལ་བྲི་ཛིའི་ལྗོངས་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ཐང་ཤིང་གི་ནགས་སྟུག་བོ་ན་


DTG167_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ལ་མི་གཙང་བ་བསྒོམ་དུ་བཅུག་ནས་དགེ་སློང་དག་མི་གཙང་བ་ལ་བརྟེན་ནས་བསྒོམ་པ་ལན་མང་དུ་བྱས་ནས་འབྲས་བུ་ཆེ་ཞིང་ལེགས་པ་ཆེན་པོར་འགྱུར་རོ་ཞེས་བསྔགས་པ་བརྗོད་པས། དགེ་སློང་རྣམས་ཀྱིས་མི་གཙང་བ་བསྒོམས་པས་ལུས་རྣག་ཅན་འདིས་ཡིད་བྱུང་སྒྱིད་ལུག་སྟེ། རྣམ་པར་སྨོད་ཅིང་མཚོན་གྱིས་ཀྱང་འདེབས། དུག་ཀྱང་ཟ། འགེགས་ཀྱང་འགེག །གཡང་དུ་ཡང་མཆོང༌། དགེ་སློང་གིས་ཀྱང་དགེ་སློང་ཡང་གསོད། དེ་ནས་དགེ་སློང་ཞིག་ལུས་ལ་རྣམ་པར་སྨོད་ཅིང་རི་དགས་དབྱིག་པ་ཅན་དགེ་སྦྱོང་སྲུང་བ་ལ་འདི་སྐད་ཅེས་སྨྲའོ། །བཞིན་བཟངས་ང་སོད་ཅིག་དང་ཆོས་གོས་ཀྱང་ཁྱོད་ཀྱིར་འགྱུར་རོ། །དེ་ནས་དབྱིག་པ་ཅན་གྱིས་དེའི་སྲོག་བཅད་ནས་རལ་གྲི་ཁྲག་ཅན་ཆུ་བོ་དགའ་སྐྱེད་ལ་འཁྲུའོ། །དེ་ནས་ལྷའི་བུའི་བདུད་ཅིག་ཆུ་བོའི་རྒྱུན་ལ་མ་རེག་ཙམ་དུ་འདུག་ནས་དབྱུག་པ་ཅན་ལ་ལེགས་པའི་བསོད་ནམས་མང་དུ་སྤེལ་ལོ། །སེམས་ཅན་ནོ་ཞེས་བསྟོད་པས་དབྱིག་པ་ཅན་ཡང་ཆོས་གོས་དང་ལྷུང་བཟེད་འདོད་པས་བསོད་ནམས་བྱའོ་སྙམ་ནས་རལ་གྲི་རྣོན་པོ་མཆན་དུ་བཅུག་སྟེ། གཙུག་ལག་ཁང་ནས་འཆག་སའི་བར་དུ་གཅིག་ནས་གཅིག་ཏུ་དགེ་སློང་དྲུག་ཅུའི་བར་དུ་སྲོག་བཅད་ནས་དགེ་སློང་རྣམས་ཉུང་ཞིང་འགྲིབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གསོ་སྦྱོང་བཅོ་ལྔ་པའི་ཚེ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། རྒྱུ་རྐྱེན་གང་གིས་ད་ལྟ་ངའི་དགེ་སློང་ཉུང་ཞིང་འགྲིབས་པར་གྱུར་ཞེས་སྨྲས་པ་དང་ཇི་ལྟ་བུར་གྱུར་པ་རྒྱས་པར་གསོལ་ཏོ། །བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གསོད་དམ། བཙུན་པ་འགུམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན་ཞེས་རྣམ་གྲངས་དུ་མས་སྨད་ནས། ལེགས་པ་བཅུ་གཟིགས་པའི་ཕྱིར་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་ཡུལ་བྲི་ཛི། གང་ཟག་ནི་དབྱིག་པ་ཅན་དགེ་སྦྱོང་སྲུང༌། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གསོད་པ་དང༌། དངོས་པོ་ནི་མིར་ཆགས་པའོ། །སྲོག་གཅོད་པའི་ཕས་ཕམ་པ་འདི་རྣམ་པ་གསུམ་གྱིས་བསྟན་ཏེ། ཕས་ཕམ་པའི་གནས་བསྟན་པ་དང༌། སྦོམ་པོའི་གནས་བསྟན་པ་


DTG167_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཉེས་བྱས་ཀྱི་གནས་བསྟན་པའོ། །ཕས་ཕམ་པའི་གནས་བསྟན་པ་ལ་གསུམ་སྟེ། བདག་གིས་བསད་པ་དང༌། གཞན་གསོད་དུ་བཅུག་པ་དང༌། ཐབས་ཀྱིས་བསད་པའོ། །བརྟུལ་ཞུགས་གནས་སེམས་མ་ཉམས་པས། །ཆེད་དུ་བསམས་ཏེ་མ་ནོར་བར། །མི་གཞན་བདག་གམ་གཞན་རྣམས་ཀྱིས། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་བྱ་བ་བདག་གིས་བསད་པ་དང༌། གཞན་གྱིས་བསད་པ་བསྟན་ཏེ། བརྟུལ་ཞུགས་གནས་ཞེས་བྱ་བས་བསླབ་པ་ཉམས་པར་ཡང་མ་བྱས། བསླབ་པ་ཕུལ་ཡང་མ་ཕུལ་བ་ལ་བརྟུལ་ཞུགས་གནས་ཞེས་བྱའོ། །འདིར་རྣམ་པ་བཞི་བཞག་གོ །བསླབ་པ་ཕུལ་ལ་ཉམས་པར་མ་བྱས་པ་དང༌། བསླབ་པ་ཉམས་པར་བྱས་ལམ་ཕུལ་བ་དང༌། བསླབ་པ་ཉམས་པར་ཡང་བྱས་ལ་ཕུལ་བ་དང༌། བསླབ་པ་ཉམས་པར་ཡང་མ་བྱས་ཕུལ་ཡང་མ་ཕུལ་ལོ། །དེ་ལ་བསླབ་པ་ཕུལ་ལ་ཉམས་པར་མ་བྱས་པ་ནི་འདི་ལྟར་དགེ་སྦྱོང་ཆགས་པར་གྱུར་ཏམ་མི་དགའ་འམ། སླར་འབབ་འདོད་དམ། དགེ་སྦྱོང་དོན་དུ་མི་གཉེར་བས་དགེ་སྦྱོང་གི་གན་དུ་སོང་ནས། ཚེ་དང་ལྡན་པ་དགོངས་ཤིག་བདག་མིང་འདི་ཞེས་བགྱི་བ་བསླབ་པར་འབུལ་ལོ་ཞེས་ཟེར་བ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་འབུལ་བའམ། མཁན་པོ་དང་སློབ་དཔོན་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་ལོ་ཞེས་བྱའོ། །བདག་ཁྱིམ་པ་ཡིན་ནོ་ཞེ་འམ། དགེ་བསྙེན་ཡིན་ནོ་ཞེ་འམ། མཚམས་མེད་པ་ལྔ་བྱས་པའམ། མུ་སྟེགས་ཅན་ནམ། ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་དང་ལྷན་ཅིག་འགྲོགས་སུ་མ་དགོངས་སོ་ཞེས་ཟེར་ན་བསླབ་པ་ཕུལ་བ་ཡིན་ཏེ། བསླབ་བ་ཉམས་པར་བྱས་པ་མ་ཡིན་ནོ། །ཇི་ལྟར་བསླབ་པ་ཉམས་པར་ནི་བྱས་ལ་བསླབ་པ་ཕུལ་བ་མ་ཡིན་ཞེ་ན། འདི་ལྟར་དགེ་སྦྱོང་ཆགས་ཤིང་མི་དགའ་སྟེ་འབབ་བར་འདོད་ནས་མཁྱེན་པར་མཛོད་ཅིག་ཚངས་པར་སྤྱད་པས་རབ་ཏུ་དབེན་པ་དང༌། དགོན་པ་ནི་སྤྱད་དཀའོ། །ཕམ་བུ་སྲིང་བུ་ནུ་མཁན་པོ་དྲན་ནོ། །བདག་བཟོ་སློབ་བོ། །བདག་དགའ་བའི་རིགས་རྣམས་ལ་གཏོད་ཅིག །བབས་པའི་རྟགས་སྨྲས་ཀྱང་བསླབ་པ་འབུལ་ཞེས་མ་སྨྲས་ན་བསླབ་པ་ཉམས་པར་བྱས་ཀྱི་ཕུལ་བ་མ་ཡིན་ནོ། །ཇི་ལྟར་བསླབ་པ་ཉམས་པར་ཡང་བྱས་ཕུལ་བ་ཡང་ཡིན་ཞེ་ན། དགེ་སྦྱོང་


DTG167_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་འབབ་པར་འདོད་པས་ཚངས་པར་སྤྱོད་པ་དང་དགོན་པ་ནི་དཀའོ། །ཕ་དང་མ་དང་མཁན་པོ་ལ་སོགས་པ་དྲན་ན་བདག་དགའ་བའི་རིགས་ལ་གཏོད་ཅིག་ཅེས་སྨྲ་ཞིང་ཚིག་གིས་གོ་བར་བསླབ་པ་འབུལ་ཞེས་ཟེར་ན་བསླབ་པ་ཉམས་པར་ཡང་བྱས་པ་བསླབ་པ་ཕུལ་བ་ཡང་ཡིན་ནོ། །ཇི་ལྟར་བསླབ་པ་ཉམས་པར་ཡང་མ་བྱས་ལ་ཕུལ་བ་ཡང་མ་ཡིན་ཞེ་ན། ཉམས་པའི་ཚིག་ཀྱང་མ་སྨྲས་འབུལ་བའི་ཚིག་ཀྱང་མ་སྨྲས་པའོ། །དེ་ལ་བསླབ་པ་མ་ཕུལ་ཡང་ཉམས་པར་བྱས་པས་ཀྱང་བསླབ་པ་ཉམས་པ་དང་ཕུལ་བར་འགྱུར་རོ། །བསླབ་པ་མ་ཕུལ་བ་ལས་ཉམས་པར་བྱས་པ་དང༌། བསླབ་པ་ཕུལ་ཡང་མ་ཕུལ་ལ་ཉམས་པར་ཡང་མ་བྱས་པས་ནི་ཕུལ་བར་མི་འགྱུར་རོ། །སེམས་ཉམས་པས་ཞེས་བྱ་བ་ལ་སེམས་ཉམས་པ་ནི་སྨྱོས་ཏེ་མི་དྲན་པ་ལ་བྱ་སྟེ། བདག་སྨྱོས་ཀྱང་མ་སྨྱོས་ཏེ་དྲན་བཞིན་དུ་བསད་ན་ཕས་ཕམ་པར་འགྱུར་རོ། །སྨྱོས་ཏེ་མི་དྲན་པར་འགྱུར་ནས་བསད་ན་ནི་ཕས་ཕམ་པར་མི་འགྱུར་རོ། །ཆེད་དུ་བསམས་ཏེ་ཞེས་བྱ་བ་ལ་བསད་པར་ནི་མ་བསམས་ཀྱི་རྩེད་མོ་ལ་སོགས་པ་བྱེད་བྱེད་དེ་ཤི་ནས་ཕས་ཕམ་པར་མི་འགྱུར་གྱི། ཆེད་དུ་གསད་པར་བསམས་ཏེ་ཤི་ནས་ཕམ་པར་འགྱུར་རོ། །མ་ནོར་བ་ཞེས་བྱ་བ་ལ་ཡང་མི་རྣམ་པ་གསུམ་བསད་ན་ཕས་ཕམ་པར་འགྱུར་བ་ལས། བདག་ཀྱང་མིའི་རྒྱུད་དུ་གཏོགས་པ་ཡིན་ཏེ། བདག་གིས་བདག་བསད་པ་ན་ཕས་ཕམ་པར་མི་འགྱུར་གྱི་བདག་གིས་གཞན་བསད་ན་ཕས་ཕམ་པར་འགྱུར་རོ། །བདག་གིས་གཞན་བསད་ན་བརྟུལ་ཞུགས་ཉམས་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། བདག་ཉིད་ཀྱིས་ལག་དར་ཏེ་མི་རྣམ་པ་གསུམ་བསད་ན་བརྟུལ་ཞུགས་ཉམས་པར་འགྱུར་ཏེ་ཕས་ཕམ་པ་འབྱུང་བས་དགེ་སྦྱོང་དུ་མི་རུང་ཞིང་འཕགས་པའི་བདེན་པ་མཐོང་བ་དང་མྱ་ངན་ལས་འདས་པ་ཐོབ་པའི་སྐལ་བ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བདག་གིས་བསད་པ་ལ་ཡང་རྣམ་པ་གསུམ་སྟེ། ཟིན་པའི་ལུས་སུ་གཏོགས་པ་དང༌། ཕྱི་རོལ་གྱིས་འཕངས་པ་དང༌། གཉིས་ཀ་དང་ཡང་ལྡན་པའོ། །ཇི་ལྟར་ཟིན་པའི་ལུས་སུ་གཏོགས་པས་ཤེ་ན། དགེ་སྦྱོང་གིས་གསད་སེམས་ཀྱིས་སྐྱེས་པ་དང༌། བུད་མེད་དམ་མ་ནིང་ཁུ་ཚུར་རམ་རྡོའམ་ཐ་ན་སོར་མོ་གཅིག་བསྣུན་ཏེ། ཤི་བར་གྱུར་ཅིག་སྙམ་པ་ལས་དེ་ཉིད་ཀྱི་


DTG167_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའམ་ཕྱིས་ཤི་བར་འགྱུར་ན་ནི་ཕས་ཕམ་པར་འགྱུར་རོ། །མ་ཤི་ན་ཉེས་པ་སྦོམ་པོའོ། །ཕྱི་རོལ་གྱིས་འཕངས་པ་གང་ཞེ་ན། དགེ་སྦྱོང་གིས་བསད་སེམས་ཀྱིས་མི་ལ་མདའ་འཕངས་པའམ། མདུང་དང༌། བེ་ཅོན་དང༌། ཐ་ན་རྒྱ་ཤུག་གིས་བསྣུན་ཏེ་དེས་ཤི་བར་གྱུར་ཅིག་སྙམ་པ་ལས་དེ་ཉིད་ཀྱི་ཚེའམ་དུས་ཕྱིས་ཤི་ན་ཡང་པས་ཕམ་པའོ། །མ་ཤིན་སྦོམ་པོའོ། །གཉིས་ཀ་དང་ལྡན་པ་གང་ཞེ་ན། དགེ་སྦྱོང་གིས་མི་ལ་བསད་སེམས་ཀྱིས་རལ་གྲི་དང་དབྱིག་པ་དང་མདུང་ཐུང་གིས་བསྣུན་ཏེ་འདིས་ཤི་བར་གྱུར་ཅིག་སྙམ་པ་ལས་དེ་ཉིད་ཀྱི་ཚེའམ་ཕྱིས་ཤིན་ཡང་ཕས་ཕམ་པར་འགྱུར་རོ། །མ་ཤི་ན་སྦོམ་པོའོ། །གཞན་རྣམས་ཀྱིས་བསད་ན་བརྟུལ་ཞུགས་ཉམས་པར་འགྱུར་ཞེས་བྱ་བ་ལ། མི་རྣམ་པ་གསུམ་བསད་པའི་ཕྱིར་བདག་གིས་གཞན་ལ་གསོད་དུ་བཅོལ་བ་ལས་དེས་མི་རྣམ་པ་གསུམ་གང་ཡང་རུང་བས་བསད་ན་ཕས་ཕམ་པར་འགྱུར་རོ། །འདིར་རྣམ་པ་གསུམ་བཞག་སྟེ། ཟིན་པའི་ལུས་སུ་གཏོགས་པ་དང༌། ཕྱི་རོལ་གྱིས་འཕངས་པ་དང༌། གཉིས་ཀ་དང་ལྡན་པ་བཤད་པ་ནི་སྔ་མ་བཞིན་ནོ། །ཚིག་དེ་དག་གིས་ནི་བདག་གིས་བསད་པ་དང༌། གཞན་གྱིས་བསད་པ་སྟོན་ཏོ། །ཚུལ་ཁྲིམས་ལྡན་ནམ་ཚུལ་ཁྲིམས་འཆལ། །དེ་བཞིན་ནད་ཀྱིས་བཏབ་པ་ལ། །གང་ཐོས་སྡུག་བསྔལ་ཉམ་ཐག་སྟེ། །ངེས་འཆིའི་ཆོས་གཏམ་དེ་མི་བྱ། །སྨན་དང་སྔགས་དང་རིག་པ་དང༌། །འཆི་བའི་ཕྱོགས་སུ་བཏང་བའམ། །མི་གཞན་ཐབས་རྣམས་སྣ་ཚོགས་ཀྱིས། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་ཐབས་ཀྱིས་གསོད་པ་བསྟན་ཏེ། ཐབས་ཀྱིས། ཚུལ་ཁྲིམས་ལྡན་ནམ་ཚུལ་ཁྲིམས་འཆལ། །དེ་བཞིན་ནད་ཀྱིས་བཏབ་པ་ལ། །གང་ཐོས་སྡུག་བསྔལ་ཉམ་ཐག་སྟེ། །ངེས་འཆིའི་ཆོས་གཏམ་དེ་མི་བྱ། །ཞེས་བྱ་བས་ཚིག་གི་སྒོ་ནས་ཐ་བས་ཀྱིས་གསོད་པ་རྣམས་ཤིག་བསྟན་ཏེ། དེ་ཡང་རྣམ་པ་གསུམ་ཡོད་དེ། གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ནད་ཀྱིས་བཏབ་པ་ལ་ཚུལ་ཁྲིམས་དང་ལྡན་ནམ་ཞེས་བྱ་བ་དང༌། གང་ཐོས་ཞེས་བྱ་བ་དང༌། ངེས་འཆིའི་ཆོས་གཏམ་དེ་མི་བྱ། །ཞེས་བྱ་བར་སྦྱར་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་འཚོ་བའི་ཡོ་བྱད་འདོད་པའི་ཕྱིར་ཚེ་དང་


DTG167_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཁྱོད་ཚུལ་ཁྲིམས་དང་ལྡན་པ་དགེ་པའི་ཆོས་ཅན་ཡིན་པས་འདི་ནས་ཤི་འཕོས་ནས་ཚེ་རབས་གཞན་དུ་སྐྱེས་ན་ལོ་ལེགས་པ་དང་འདྲ། མཐོ་རིས་ནི་དར་ལས་ཆོད། ཐར་པ་ནི་ཡོལ་བ་ལྟ་བུས་ཆོད་དེ་ལུས་དང་བྲལ་ནས་ལྷར་སྐྱེས་པར་འགྱུར་གྱིས་རང་གིས་རང་སོད་ཅིག་ཅེས་བསྒོ་བ་ལས་དེ་ཤི་ན་ནི་ཕས་ཕམ་པའོ། །མ་ཤི་ན་སྦོམ་པོའོ། །ཚུལ་ཁྲིམས་འཆལ་ཅེས་བྱ་བ་དང༌། གང་ཐོས་ཞེས་བྱ་བ་དང༌། ངེས་འཆིའི་ཆོས་གཏམ་དེ་མི་བྱ། །ཞེས་བྱ་བར་སྦྱར་ཏེ། ཚུལ་ཁྲིམས་འཆལ་བ་ཅན་ལ་ཡོ་བྱད་འདོད་པའི་ཕྱིར། འཆིར་གཞུག་གོ་སྙམ་དུ་བསམས་ནས་ཚེ་དང་ལྡན་པ་སྡིག་པའི་ཆོས་ཅན་ལུས་དང་ངག་གིས་ངན་པར་སྤྱོད་པ་ཁྱོད་ཇི་ཙམ་དུ་ཡུན་རིང་དུ་གསོན་པ་དེ་ཙམ་ངན་སོང་དུ་སྐྱེ་བར་འགྱུར་བའི་སྡིག་འཕེལ་བས་རང་གིས་རང་སོད་ཅིག་ཅེས་བསྒོ་བ་ལས་ཤི་ན་ཕས་ཕམ་པར་འགྱུར་རོ། །མ་ཤི་ན་སྦོམ་པོའོ། །དེ་བཞིན་ནད་ཀྱིས་བཏབ་པ་ལ། །གང་ཐོས་སྡུག་བསྔལ་ཉམ་ཐག་སྟེ། །ངེས་འཆིའི་ཆོས་གཏམ་དེ་མི་བྱ། །ཞེས་བྱ་བས་ནད་པ་སྦྱར་ཏེ། ནད་ཀྱིས་བཏབ་པའི་ནད་པ་ལ་ནད་པའི་ཡོ་བྱད་འདོད་པའི་ཕྱིར། ཚེ་དང་ལྡན་པ་ནད་བུ་ཅན་སྡུག་བསྔལ་གྱིས་རྙོངས་པ་ཇི་སྲད་དུ་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་སྡུག་བསྔལ་དུ་འགྱུར་གྱིས་རང་གིས་རང་སོད་ཅིག་ཅེས་གདོན་མི་ཟ་བར་འཆི་བའི་གཏམ་མི་བྱའོ། །གལ་ཏེ་གདོན་མི་ཟ་བར་འཆི་བར་འགྱུར་པའི་གཏམ་བྱས་པ་ལས་ཤི་ན་ཕས་ཕམ་པའོ། །མ་ཤི་ན་སྦོམ་པོའོ། །གོང་དུ་སྨོས་པ་ལྟར་བསྟན་པ་ལ་དགེ་སྦྱོང་གིས་འགྱོད་དེ་ད་ནི་བྱིས་པ་དང་འདྲ་བས་གྱི་ན་ཞིག་སྨྲས་ཀྱི་རང་མ་གསོད་ཅིག་ཅེས་བསྒོ་བ་ལས་ཤི་ཡང་རུང་མ་ཤི་ཡང་རུང་ཕྱིས་འགྱོད་དེ་བསྒོ་ན་སྦོམ་པོར་ཟད་དོ། །སྨན་དང་ཞེས་བྱ་བ་ལ། སྨན་དེ་དུག་གིས་བསད་པའི་གླེང་གཞི་ནི། བཅོམ་ལྡན་འདས་ཛེ་ཏའི་ཚལ་ན་བཞུགས་སོ། །དེ་ན་ཁྱིམ་བདག་སྟོབས་སྡེ་ཞེས་བྱ་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་པ་ཆུང་མ་དང་ཡོངས་སུ་སྤྱོད་པ་ལས་ཁྱེའུ་གཉིས་བདོག་སྟེ། ཕུ་བོ་ནི་སྡེ་པ། ནུ་བོ་ནི་ཉེ་སྡེ་ཞེས་མིང་དུ་བཏགས་སོ། །དེ་ནས་དུས་གཞན་ཞིག་ན་སྡེ་པ་གཞན་དུ་ཚོང་ལ་ཆས་པས་ནོར་མང་དུ་རྙེད་པས་དེ་ཆགས་ཏེ། ཡུན་རིང་དུ་མ་ལོག་གོ །དེ་ནས་སྡེ་བའི་ཆུང་མ་འདོད་ཆགས་ཀྱིས་ཁོལ་བར་གྱུར་ནས་ཉེ་སྡེ་ལ་ལན་དུ་མ་ཞིག་བསྒུགས་པ་ལས། ཉེ་སྡེས་ཀྱང་


DTG167_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཞིག་ན་སྤྱད་དེ་བུ་ཆགས་སོ། །དེ་ནས་སྡེ་པ་འོང་བ་ཐོས་ནས་ཉེ་སྡེས་འཇིགས་ནས་ཛེ་ཏའི་ཚལ་དུ་རབ་ཏུ་བྱུང་ངོ༌། །དེས་ཕྱིས་བདག་གི་ཁྱིམ་དུ་ཕྱིན་པ་དང༌། སྡེ་པའི་ཆུང་མས་ཁྱོ་ནི་འོང་ཁྱོད་ནི་ཐར་ན་བདག་ཇི་ལྟར་བྱ་ཞེས་དྲིས་པ་དང༌། ཉེ་སྡེས་གྲོགས་པོ་སྨན་པ་གཅིག་ལ་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་ནས། སྨན་པས་བདག་གིས་མངལ་འཇིག་པར་འགྱུར་བའི་སྨན་གྱིས་མངལ་ན་ཡོད་པ་དེ་དུམ་བུར་ཞིག་པར་འགྱུར་བ་དེ་སྦྱིན་ནོ་ཞེས་བྱས་ཏེ། སྡེ་པའི་ཆུང་མ་ལ་སྨན་ཕྱེ་མ་བླུད་པས་རུམ་ན་ཡོད་པ་ཡང་མེད་པར་གྱུར་ཏོ། །ཉེ་སྡེ་ཡང་སྨན་བྱས་པ་ལ་ཡི་རང་ནས་ཅང་མ་སྨྲས་སོ། །དུས་ཕྱི་ཞིག་ན་དེ་ལྟར་གྱུར་བ་སྐྱེ་བོ་ཀུན་གྱིས་ཐོས་ནས་དགེ་སློང་ཞེས་འཛེར་ཏོ། །དེ་ལྟར་གྱུར་པ་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་སྡེ་ལ་ཁྱོད་ཀྱིས་དེ་ལྟར་བྱས་པ་བདེན་ནམ་ཞེས་སྨྲས་ནས། བཙུན་པ་དེ་ལྟར་ནི་མ་བགྱིས་ཀྱི་རྗེས་སུ་ཡི་རང་བ་ནི་བགྱིས་སོ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་སྡེ་ལ་ནི་ལྟུང་བ་མེད་ཀྱིས་ཕྱིན་ཆད་དེ་ལྟ་བུ་ལ་ཡི་རང་ན་ཉེས་པ་དང་བཅས་པར་འགྱུར་རོ། །དགེ་སྦྱོང་གིས་སྐྱེས་པའམ་བུད་མེད་དམ་མ་ནིང་ལ་གསད་སེམས་ཀྱིས་ཁ་ཟས་ཀྱི་ནང་དུ་དུག་སྦྱར་མ་བླུགས་པ་དང༌། ཁྲུས་ཆུ་དང༌། སྐོམ་དང། བདུག་སྤོས་ཀྱི་ནང་དུ་དུག་གི་ཕྱེ་མ་བླུགས་ཏེ་འདིས་འཆི་བར་འགྱུར་རོ་སྙམ་ན་ཡང་དེ་ཉིད་ཀྱི་ཚེ་ཤི་འམ་དུས་ཕྱིས་ཤི་ན་ཕས་ཕམ་པའོ། །མ་ཤི་ན་སྦོམ་པོའོ། །དགེ་སྦྱོང་གིས་ཆང་ངམ་སྨྱོ་བའི་སྨན་བྱིན་ཏེ་ཤི་བར་གྱུར་ཅིག་སྙམ་པ་ལས་དེ་ཉིད་ཀྱི་ཚེ་འམ་ཕྱིས་ཤི་ན་ཕས་ཕམ་པའོ། །མ་ཤི་ན་སྦོམ་པོའོ། །འཆི་བའི་ཕྱོགས་སུ་བཏང་ངམ་ཞེས་བྱ་བ་ལ་དགེ་སྦྱོང་གིས་གསད་སེམས་ཀྱིས་གཡང་དུ་ཕུལ་བ་དང༌། མེར་ཕུལ་བ་དང༌། འཆི་བའི་ཕྱོགས་སུ་བཏང་བ་དང༌། སྟག་གཟིག་ལ་སོགས་པ་གཅན་གཟན་གདུག་པའི་གནས་སུ་བཏང་བ་དང༌། སྦྲུལ་དང་སྡིག་པ་ལ་སོགས་པ་སྲོག་ཆགས་གདུག་པའི་གནས་སུ་བཏང་བ་འམ། གསད་པར་འདོད་པས་གྲང་བའི་ཚེ་གྲིབ་མ་ལ་བཞག་ནས་ལྷགས་པ་ལ་བོར་བ་དང༌། དྲོ་བའི་ཚེ་ཉི་མ་ལ་བཞག་ནས་དྲོ་ཁུང་དུ་བཞག་སྟེ་ཐབས་འདིས་ཤི་བར་གྱུར་ཅིག་སྙམ་པ་ལས་དེའི་ཚེ་ཤི་འམ་ཕྱིས་ཤི་ན་ཡང་ཕས་ཕམ་པའོ། །མི་གཞན་ཐབས་རྣམས་སྣ་ཚོགས་


DTG167_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་བྱ་བ་ལ་གཞན་གསད་པའི་བསམ་པས་ཐབས་ཀྱིས་འཆི་བས་བསད་པ་འམ་ཤིང་ལ་འཆིང་བས་བསད་པ་དང༌། དེ་ལ་དགེ་སྦྱོང་གིས་གསད་སེམས་ཀྱིས་སྤྱུགས་ནས་སྟག་གཟིག་གམ་འཕར་སྤྱང་ལ་སོགས་པས་ཟོས་སམ། ཐབས་ཅི་ཡང་རུང་བས་ཤི་ན་ཕས་ཕམ་པའོ། །དགེ་སྦྱོང་གིས་གསད་སེམས་ཀྱིས་མི་ཤིང་ལ་འབྲེང་རློན་གྱིས་བཅིངས་ཏེ་བཞག་པ་ལ་སྟག་གཟིག་གམ་འཕར་སྤྱང་ལ་སོགས་པས་ཟོས་སམ་ཅིའི་ཐབས་ཀྱིས་ཤི་ཡང་ཕམ་པའོ། །དགེ་སྦྱོང་གིས་བུད་མེད་སྦྲུམ་མ་གསད་པར་བསམས་ཏེ་དཀུ་མཉེས་པ་ལས་མ་ཤི་ན་ཕས་ཕམ་པའོ། །བུ་ཤི་ལ་མ་མ་ཤི་ན་སྦོམ་པོའོ། །གཉིས་ཀ་མ་ཤི་ན་སྦོམ་པོའོ། །བུ་བསད་པར་འདོད་དེ། དཀུ་མཉེས་པ་ལས་བུ་ཤི་ལ་མ་མ་ཤི་ན་ཕས་ཕམ་པའོ། །བུ་མ་ཤི་ལ་མ་ཤི་ན་ཡང་སྦོམ་པོའོ། །གཉིས་ཀ་མ་ཤི་ན་ཡང་སྦོམ་པོའོ། །དེ་བཞིན་དུ་དགེ་སྤྱོང་གིས་གསད་སེམས་ཀྱིས་སྙིང་ཁར་འདེབས་པའི་རལ་གྲི་དང་ཆུ་གྲི་བཞག་པ་དང༌། གཏོར་མ་བཞག་པ་དང༌། ས་མདའ་དང༌། རྩང་བཙུགས་པ་ལ་སོགས་པ་བཞག་པ་ལ་ཤི་ན་ཕས་ཕམ་པའོ། །མ་ཤི་ན་སྦོམ་པོའོ། །འདི་ཡན་ཆད་ཀྱིས་ཕས་ཕམ་པའི་ཟླ་ལ་སྦོམ་པོ་ཡང་བཅད་དེ་བཤད་དོ། །ཡན་ལག་བདུན་དང་ལྡན་ན་སྲོག་གཅོད་པའི་མཚན་ཉིད་ཕས་ཕམ་པར་འགྱུར་རོ། །བདུན་གང་ཞེ་ན། མིའི་རྒྱུད་ཡིན། མི་ཡིན། གཞན་མ་ཡིན། མིར་འདུ་ཤེས། སྦྱོར་བ་བྱས། འཚོ་བ་ཉམས། བདག་མ་སྨྱོས་པའོ། །བྱོལ་སོང་དང་ནི་སེམས་དམྱལ་དང༌། །ཡི་དགས་འོན་ཏེ་ལྷ་ཡང་རུང༌། །བསད་ན་ངན་འགྲོར་ལྷུང་བ་ཡིས། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །བརྟུལ་ཞུགས་ཅན་གྱིས་བསད་སྙམ་སྟེ། །ལུས་དང་ངག་གི་སྦྱོར་བ་ལས། །སྐྱེ་བོ་གསོན་ཡང་དེ་ལ་ནི། །ཁ་ན་མ་ཐོ་རྣམ་གསུམ་འགྱུར། །ཞེས་བྱ་བས་ཉེས་པ་སྦོམ་པོའི་གནས་བསྟན་ཏེ། བྱོལ་སོང་ནི་རྟ་དང་བ་ལང་དང་ལུག་ལ་སོགས་པ་ལ་བྱ་སྟེ། དགེ་སྦྱོང་གིས་གསད་སེམས་ཀྱིས་བྱོལ་སོང་བསད་ན་སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། སེམས་ཅན་དམྱལ་བ་དང་ཞེས་བྱ་བ་སེམས་ཅན་དམྱལ་བ་ལ་རྣམ་པ་གཉིས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་


DTG167_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕྱོགས་གཅིག་པའི་སེམས་ཅན་དམྱལ་བའོ། །སེམས་ཅན་དམྱལ་བ་ཆེན་པོ་ལ་ཡང་རྣམ་པ་གཉིས་ཏེ། ཚ་བའི་སེམས་ཅན་དམྱལ་བ་དང༌། གྲང་བའི་སེམས་ཅན་དམྱལ་བའོ། །དེ་ལ་ཚ་བའི་སེམས་ཅན་དམྱལ་བ་ནི་མནར་མེད་པ་དང༌། རབ་ཏུ་ཚ་བ་དང༌། ཚ་བ་དང༌། ངུ་འབོད་ཆེན་པོ་དང༌། ངུ་འབོད་དང༌། བསྡུས་འཇོམས་དང༌། ཐིག་ནག་དང༌། ཡང་སོས་སོ། །གྲང་བའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཡང་བརྒྱད་དེ། ཆུ་བུར་དང༌། ཆུ་བུར་ཆེན་པོ་དང༌། པདྨ་དང༌། པདྨ་ཆེན་པོ་དང༌། ཨུཏྤ་ལ་དང༌། ཨུཏྤ་ལ་ཆེན་པོ་དང༌། ཧ་ཧ་ཞེས་ཟེར་བ་དང། ཧུ་ཧུ་ཞེས་ཟེར་རོ། །ཕྱོགས་གཅིག་པའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་ལྷའི་ལོངས་སྤྱོད་ཀྱང་ཡོད་ལ་བར་འགའ་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་མྱོང་བའོ། །དགེ་སྦྱོང་གིས་གསད་སེམས་ཀྱིས་སེམས་ཅན་དམྱལ་བ་བསད་ན་སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ཡི་དགས་ཞེས་བྱ་བ་ལ། ཡི་དགས་ཞེས་བྱ་བ་ནི་ཕལ་ཆེར་གཅོང་རོང་དང་མྱ་ངན་དག་ན་གནས་སོ། །དགེ་སྦྱོང་གིས་གསད་སེམས་ཀྱིས་ཡི་དགས་བསད་ན་སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ལྷ་ཡང་རུང་ཞེས་བྱ་བས་འདོད་ཁམས་ཀྱི་ལྷ་དང༌། གཟུགས་ཁམས་ཀྱི་ལྷ་དང༌། གནས་རིས་བཅུ་བདུན་ཞེས་བྱ་བ་ན་གནས་པའི་ལྷ་རྣམས་དགེ་སྦྱོང་གིས་བསད་ན་སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་བྱ་བ་གང་ཞེ་ན། སྡིག་པ་སྦོམ་པོའི་འབྲས་བུ་བསྟན་པའི་ཕྱིར། བསད་ན་ངན་སོང་ལྟུང་བའི་ཞེས་བྱ་བ་སྨོས་ཏེ། དཔེར་ན་དུག་ཆེན་པོས་ཀྱང་སྐྱེས་བུ་ཆེན་པོ་གསོད་ལ། དུག་ཆུང་དུས་ཀྱང་སྐྱེས་བུ་ཆེན་པོ་གསོད་པ་དང༌། དེ་བཞིན་དུ་མེ་སྟག་ཆེན་པོས་ཀྱང་ཡུལ་ཆེན་པོ་ཚིག་ལ་མེ་སྟག་ཆུང་དུས་ཀྱང་ཡུལ་ཆེན་པོ་སྲེག་པ་དང༌། ཕས་ཕམ་པ་བྱུང་ན་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བ་དེ་བཞིན་དུ་ཉེས་པ་སྦོམ་པོ་བྱུང་བ་ལ་ཚུལ་བཞིན་དུ་མ་བཤགས་ན་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ཅན་གྱིས་བསད་སྙམ་སྟེ། །ཞེས་བྱ་བ་ལ། དགེ་སྦྱོང་གིས་སྐྱེས་པ་དང་བུད་མེད་དང༌། མ་ནིང་སྟེ་མི་རྣམ་པ་གསུམ་ལས་གང་ཡང་རུང་བ་ཅིག་བསད་དོ་སྙམ་དུ་བསམས་ཏེ་ལུས་དང་ངག་གི་


DTG167_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་བཤམས་པ་ལས་ཞེས་བྱ་བ་ལ། ལུས་ཀྱིས་བཤམས་ཏེ་ཁུ་ཚུར་དང་ཐལ་མོ་དང་རྡོ་དབྱིག་དང་མཚོན་ཆས་ཀྱང་བཏབ། ངག་གིས་བཤམས་ཏེ་གོང་དུ་བཤད་པ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ནད་པ་རྣམས་འཆི་བའི་རིགས་སོ་ཞེས་བསྔགས་པ་བརྗོད་པ་ལས་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བོ་གསོན་ཡང་དེ་ལ་ནི། །ཁ་ན་མ་ཐོ་རྣམ་གསུམ་འགྱུར། །ཞེས་བྱ་བ་ལ། གསད་པར་ཡང་བསམས་ལུས་དང་ངག་གིས་ཀྱང་བཤམས་པ་ལས་མི་གསུམ་པོ་གསོན་ཏེ་མ་ཤི་ཡང་དགེ་སྦྱོང་དེ་ལ་ཁ་ན་མ་ཐོ་བ་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། ཡིད་ཀྱི་ཉེས་པ་སྦོམ་པོ་དང༌། ལུས་ཀྱི་ཉེས་པ་སྦོམ་པོ་དང༌། ངག་གི་ཉེས་པ་སྦོམ་པོ་ཐོབ་པར་འགྱུར་རོ། །དེ་ལ་གསད་པར་བསམས་པས་ན་ཡིད་ཀྱི་ཉེས་པ་སྦོམ་པོ་ཐོབ་པར་འགྱུར་རོ། །ལུས་ཀྱིས་བཤམས་པས་ན་ལུས་ཀྱི་ཉེས་པ་སྦོམ་པོ་ཐོབ་པར་འགྱུར་རོ། །ངག་གིས་བཤམས་པས་ན་ངག་གི་ཉེས་པ་སྦོམ་པོ་ཐོབ་པར་འགྱུར་རོ། །དེ་དག་ཚུལ་བཞིན་དུ་མ་བཤགས་ན་ངན་སོང་གསུམ་དུ་ལྟུང་ངོ་ཞེས་སྔར་བཤད་པ་བཞིན་དུ་སྦྱར་རོ། །རྡོ་དབྱུག་ཁུ་ཚུར་འཚོག་པ་དང༌། །དེ་ལས་གཞན་པའི་གནོད་པ་དང༌། །བ་ལང་ལ་སོགས་གནོད་མི་བྱ། །རྟ་ལ་སོགས་པ་མི་བཞོན་ནོ། །ཞེས་བྱ་བས་ཉེས་བྱས་ཀྱི་གནས་བསྟན་ཏེ། དེ་ཞེས་བྱ་བ་ལ་གསད་སེམས་ནི་མེད་ཀྱི་དགེ་སྦྱོང་གིས་ཁྲོ་སེམས་ཀྱིས་མི་རྣམ་པ་གསུམ་ལ་བཙོགས་ན་ཉེས་བྱས་སུ་འགྱུར་རོ། །ཁུ་ཚུར་འཚོག་པ་དང་ཞེས་བྱ་བ་ལ་གསད་སེམས་ནི་མེད་ཀྱིས། ཁྲོ་སེམས་ཀྱིས་མི་རྣམ་པ་གསུམ་བཙོགས་ན་ཉེས་བྱས་སུ་འགྱུར་རོ། །དེ་ལས་གཞན་པའི་གནོད་པ་དང་ཞེས་བྱ་བ་ནི་གསད་སེམས་མེད་པར་ཁྲོ་སེམས་ཀྱིས་མི་རྣམས་ལ་ཐལ་མོ་བསྣུན་ནམ། ལྕག་གིས་གཞུས་སམ། ལྷགས་པའི་ཚེ་གྲང་བ་ལ་བོར་ཏམ། ཚ་བའི་ཚེ་དྲོ་བ་ལ་བོར་ན་ཉེས་བྱས་སུ་འགྱུར་ཏེ་དབྱུག་པ་ལ་སོགས་པའི་གྲངས་སུ་ཕག་པ་ཉེས་བྱས་ཀྱི་གྲངས་ཀྱང་དེ་སྙེད་ཅིག་འཐོབ་བོ། །བ་ལང་ལ་སོགས་གནོད་མི་བྱ། །ཞེས་བྱ་བ་ནི་གཞན་ཡང་བ་ལང་དང་གླང་པོ་ཆེ་དང་རྟ་དང་ལུག་ལ་སོགས་པ་ལ་ཁལ་དགལ་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་མི་བྱ་སྟེ། དེ་ལྟ་བུའི་གནོད་པ་བྱས་ན་ཉེས་བྱས་སུ་འགྱུར་རོ། །རྟ་ལ་སོགས་པ་མི་བཞོན་


DTG167_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་བྱ་བ་ནི་དགེ་སྦྱོང་གིས་རྟ་དང་གླང་པོ་ཆེ་ལ་སོགས་པ་བཞོན་པར་མི་བྱ་སྟེ། ཞོན་ན་ཉེས་བྱས་སུ་འགྱུར་རོ། །དེ་ལ་གནོད་སེམས་མེད་ལ་ཡན་ལག་གཞན་ཡོད་ན་ནི་ཉེས་བྱས་སུ་བཞག་གོ །གནོད་སེམས་ཡོད་ལ་ཡན་ལག་གཞན་མི་ལྡན་ན་སྦོམ་པོའོ། །ཡན་ལག་ཐམས་ཅད་དང་ལྡན་ན་མི་དེ་ནོར་ཏེ་གཞན་བསད་ན་ཡང་སྦོམ་པོའོ། །གསད་པར་བསམས་ཏེ་སྦྱོར་བ་བྱས་པ་ལས་མ་ཤི་ན་ཡང་སྦོམ་པོའོ། །ཡན་ལག་ཐམས་ཅད་དང་ལྡན་ན་ཕས་ཕམ་པའོ། །ཕས་ཕམ་པ་བཞི་ལས་སྲོག་གཅོད་པའི་ཕས་ཕམ་པ་རྫོགས་སོ།། །།མ་བྱིན་པར་ལེན་པའི་གླེང་གཞི་ནི་བཅོམ་ལྡན་འདས་ཡུལ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་སྔོན་རྫ་མཁན་ལས་རབ་ཏུ་བྱུང་བའི་དགེ་སློང་ནོར་ཅན་ཞེས་བྱ་བ་ཞིག་རྒྱལ་པོའི་ཁབ་ཀྱི་དགོན་པ་ན་སྤྱིལ་པོ་བྱས་ནས་གནས་སོ། །དེ་ནས་ནོར་ཅན་གང་གི་ཚེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་ཕྱུགས་རྫི་དང་ཤིང་ཐུན་རྣམས་ཀྱིས་སྤྱིལ་པོ་བཤིག་དྲལ་ཅིང་རྩྭ་དང་ཤིང་རྣམས་སོ་སོར་ཁྱེར་རོ། །དེ་ལྟ་བུ་ལན་དུ་མ་ཞིག་བྱས་པ་དང་རྫ་མཁན་ནོར་ཅན་གྱིས་བསམས་པ་འདི་ལྟ་བུ་ཐམས་ཅད་དུ་གཙེས་ཤིང་སྤྱིལ་པོ་བྱེད་པ་ཡང་ཤིན་ཏུ་ཉོན་མོངས་ལ་དག་བའི་བར་ཆད་དུ་ཡང་འགྱུར་བས་འོ་ན་བདག་གིས་སྔོན་གྱི་གནས་རྗེས་སུ་བསྒྲུབ་པས་སའི་སྤྱིལ་པོ་ཞིག་བྱས་ལ་སོ་བཏང་སྟེ་གནས་སོ་སྙམ་དུ་བསམས་ནས་ཁང་བུའི་རྨང་བཏིང་ཞིང་བརྩིགས་ནས་སོ་བཏང་ནས་ཤིན་ཏུ་མཛེས་པ་མེ་ཏོག་ཛི་བ་ཀ་བཞིན་དུ་དམར་ཞིང་འཚེར་བ་ཞིག་བྱས་ཏེ་གནས་སོ། །དུས་གཞན་ཞིག་ན་བཅོམ་ལྡན་འདས་འཁོར་དགེ་སློང་རྣམས་དང་གནས་རྒྱུ་ཞིང་གཤེགས་པས་ཁང་བུ་གཟིགས་ནས་སུའི་ཡིན། དེ་ནི་དགེ་སློང་ནོར་ཅན་གྱི་ལགས་སོ་ཞེས་སྨྲས་སོ། །འདི་ལྟ་བུའི་ཕྱིར་མུ་སྟེགས་པ་རྣམས་ངལ་འཕྱ་བར་འགྱུར་གྱིས་ཁང་བུ་ཆོམས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཁང་བུ་བཅོམ་སྟེ་གནས་སོ། །དེ་ནས་ཡང་ནོར་ཅན་གྱིས་བསམ་པ་རྒྱལ་པོའི་ཁབ་གྱི་ཤིང་སྲུངས་ཀྱི་དཔོན་དང་བདག་མཛའ་བས་ཤིང་གི་ཁང་པ་ཞིག་བྱའོ་སྙམ་དུ་བསམས་ནས། ཤིང་སྲུངས་པ་ལ་ལྷས་ཤིང་བྱིན་པ་འོན་ཅིག་ཅེས་སྨྲས་པ་དང༌། ཤིང་


DTG167_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཀྱི་དཔོན་པོས་ཀྱང་ལྷས་ཕུལ་ན་བཙུན་པ་ཅི་བདེར་སྣོམས་ཤིག་ཅེས་སྨྲས་ནས། རྒྱལ་པོའི་ཁབ་ཀྱི་ཞིག་རལ་བཅོས་པའི་རྒྱུ་ཤིང་བཅད་པ་དུ་མ་ཞིག་གཤགས་གཏུབས་ཏེ་ཁྱེར་བ་གྲོང་ཁྱེར་སྲུངས་པའི་དཔོན་པོས་མཐོང་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་སོ། །རྒྱུ་མཚན་ཅན་བཀུག་སྟེ། དགེ་སློང་ཁྱོད་ནི་ཤིང་མ་བྱིན་པར་ལེན་པ་དབང་བྱས་པ་དང༌། མི་དབང་གིས་བདག་ལ་སྩལ་ཏོ། །སྔོན་ཡབ་ཀྱིས་ལྷ་ཁྱོད་རྒྱལ་པོར་དབང་བསྐུར་བའི་ཚེ་ངའི་ཡུལ་དགེ་བར་གྲགས་པས་དགེ་སློང་དང་བྲམ་ཟེ་རྣམས་རྩྭ་དང་ཤིང་དང་ཆུ་མ་བྱིན་པར་མི་སྤྱོད་པ་དེ་ཐམས་ཅད་ཅི་བདེར་སྤྱོད་ཅིག་ཅེས་ཁྱུ་མཆོག་གི་སྒྲ་ཆེན་པོ་བསྒྲགས་པ་ནི་མི་དགོངས་སམ། རྒྱལ་པོས་སྨྲས་པ། དེ་ནི་ཡོངས་སུ་བཟུང་བ་མེད་པ་ལ་བྱའི་ཡོངས་སུ་བཟུང་བ་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང༌། ཡོངས་སུ་མ་བཟུང་བ་ལ་ནི་རྒྱལ་པོས་མངའ་བགྱིར་ཅི་མཆིས་ཞེས་གསོལ་པ་དང༌། རྒྱལ་པོ་ཤིན་ཏུ་ཁྲོས་ནས་མ་བྱིན་པར་ལེན་པའི་དགེ་སློང་བསད་པར་རིགས་ན་ཁྱོད་ད་སླན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྤྱོས་ནས་སླར་བཏང་ངོ༌། །དེ་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་རྒྱལ་པོའི་གྲོང་དཔོན་དང་དེད་དཔོན་ལམ་བྱིན་པར་ལེན་པ་ཇི་ཙམ་ཞིག་བླངས་པས་སྲོག་ལ་འབབ་པ་དང་ཡུལ་ནས་དབྱུང་བའི་ཆད་པ་གཅོད་པར་བྱེད་སྨོས་ཤིག་ཅེས་བཀའ་སྩལ་པ་དང༌། ཀུན་དགའ་བོས་དེ་བཞིན་དུ་སྨྲས་པ་དང༌། མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་བླངས་པས་སྲོག་ལ་འབབ་པ་དང་ཡུལ་ནས་འབྱིན་པའི་ཆད་པ་གཅོད་དོ་ཞེས་མཆི་བ་བཅོམ་ལྡན་འདས་ལ་དེ་བཞིན་གསོལ་པས། དགེ་སློང་ནོར་ཅན་བཀུག་ནས་རྣམ་གྲངས་དུ་མར་སྨད་ནས་འདུལ་བལ་བསླབ་པའི་གནས་བཅས་སོ། །དགེ་ཚུལ་བདག་གམ་གཞན་རྣམས་ཀྱིས། །རྐུ་སེམས་མཐུ་དང་འཇབ་བུ་ཡིས། །འཁྲུལ་པ་མེད་པར་མི་གཞན་གྱི། །གནས་ནས་མ་ཤ་ལྔ་ཙམ་མམ། །རང་གི་ཡུལ་ནས་བྱུང་བ་ཡང༌། །ཀཱར་ཥཱ་པ་ཎའི་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་བྱ་བ་ལ་དགེ་ཚུལ་ནི་རབ་ཏུ་བྱུང་བའི་སྡོམ་པ་ལ་གནས་པའོ། །བདག་གིས་ཀྱང་རྐུ་སེམས་དང་ལྡན་པས་མཐུ་དང་འཇབ་བུ་


DTG167_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བརྐུས་ན་ཚུལ་ཁྲིམས་ཞིག་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་རྐུ་སེམས་དང་ལྡན་པས་མཐུ་དང་འཇབ་བུས་ཀཱར་ཥཱ་པཎའི་བཞི་ཆ་བརྐུས་ཏེ་རིན་ཐང་ཚང་ན་ཕས་ཕམ་པའོ། །རྐུ་སེམས་མེད་ན་བསྡམ་པར་བྱ་བའི་ཉེས་བྱས་གཅིག །གཞན་གྱིས་མཐུ་དང་འཇབ་བུས་བརྐུས་ན་ཚུལ་ཁྲིམས་ཞིག་པར་འགྱུར་ཏེ། བདག་ཉིད་ཀྱིས་ནི་མ་ཡིན་གྱིས་དགེ་སློང་གྲོགས་པོ་ཞིག་ལ་རྐུར་བཅུག་པ་ལས་དེས་མཐུ་དང་འཇབ་བུས་བརྐུས་ཏེ། ནོར་བདག་ཅག་སོ་སོར་བགོས་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །རིན་ཐང་མ་ཚང་ན་ཉེས་བྱས་སྦོམ་པོ་རེ་རེ་བརྐུས་ན་བརྐུས་ཤས་ཀྱི་སྐལ་བ་བླངས་ན་ཉེས་པ་སྦོམ་པོ་གཅིག །འཁྲུལ་པ་མེད་པར་མི་གཞན་གྱི་ཞེས་བྱ་བ་ལ་འཁྲུལ་པ་ནི་རྨོངས་པ་དང་མི་དྲན་པ་ཡིན་ལ་དེ་མེད་པ་ནི་སེམས་རང་བཞིན་དུ་གནས་པའོ། །ཡང་བརྐུ་བར་བྱ་བའི་རྫས་གང་ཡིན་པ་དེ་ཉིད་མངོན་པར་ཐོབ་པ་ལ་བྱ་སྟེ། བརྐུ་བར་བྱ་བའི་རྫས་ཉིད་ནི་མ་ཐོབ་ཀྱི་བར་དུ་རྫས་གཞན་གྱིས་ཐོབ་པ་ལས་འཁྲུལ་ཞེས་བྱ་སྟེ་དེ་ནི་རིན་ཐང་ཚང་ཡང་ཕས་ཕམ་པར་མི་བྱ་སྟེ་སྤོམ་པོར་འགྱུར་རོ། །མི་གཞན་ཞེས་བྱ་བ་ནི་བདག་གི་ནོར་དགར་བའི་ཚིག་སྟེ། མི་གཞན་གྱི་ནོར་བརྐུས་ན་ཕས་ཕམ་པར་འགྱུར་རོ། །བདག་གི་ནོར་བརྐུས་ན་རིན་ཐང་ཚང་ཡང་སྤོམ་པོར་མི་འགྱུར་རོ། །གནས་ནས་མ་ཤ་ལྔ་ཙམ་ཞེས་བྱ་བ་ལ་གནས་ནི་ནོར་རྫས་གནས་ནས་སྤགས་ཏེ་བར་དུ་ཆོད་རིན་ཐང་ཚང་བ་ལས་ཕམ་པའོ། །དེ་ཡང་གནས་གཅིག་སྟེ་གཞི་མ་ཉམས་པ་ལ་ཚོན་ལ་སོགས་པ་མ་གྲོགས་པ་དང༌། ས་སྒར་སྒུར་མེད་ན་གཞི་གཅིག་པ་ཞེས་བྱ་བ་སྟེ་ནམ་ཐ་དད་པ་གཅིག་གིས་མ་ཆོད་ཀྱི་བར་དུ་ཕམ་པར་མི་གཞག་གོ །མ་ཤ་ལྔ་ཙམ་ཞེས་བྱ་བ་ནི་རྒྱ་གར་གྱི་རིན་ཐང་གཞལ་ན་དངུལ་ཞོ་གཅིག་ཙམ་བརྐུས་ན་ཕམ་བར་བརྩིའོ། །ཡང་ཁ་ཅིག་གིས་ནི་ཞོའི་བརྒྱད་ཆ་གཅིག་ལ་བྱས་ཏེ་དེ་ཙམ་གྱིས་ནི་རིན་ཐང་ཚང་བར་བརྩིའོ། །རང་གི་ཡུལ་ནས་བྱུང་བ་གང་ཞེས་བྱ་བ་ནི་རིན་ཐང་ཚང་བ་ཡང་བརྐུས་བའི་དུས་དེ་ཉིད་ན་རིན་ཐང་ཚང་མ་ཚང་བརྩིའོ། །ཁ་ཅིག་བརྐུས་པའི་དུས་དེ་ཉིད་ན་རིན་ཐང་མ་ཚང་ལ་དཀོན་མོད་དང་སྦྱར་ཏེ། དུས་ཕྱི་ཞིག་ན་རིན་ཐང་ཚང་བ་ལྟ་བུ་ནི་ཕམ་པར་མི་གཞག་སྦོམ་པོའོ། །ཀཱཪྵཱ་པ་ཎའི་བཞི་ཆ་བརྐུས། །ཞེས་བྱ་བ་ནི་གོང་དུ་མ་ཤ་ལྔ་བཤད་པ་དང་འདྲའོ། །


DTG167_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་ཚེ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་དང་པོ་བརྐུ་བར་བསམས་ཏེ་སྟན་དང་ཁྲི་ལས་ལངས་པའི་དུས་ཉིད་ན་ཉེས་བྱས་སུ་འགྱུར་རོ། །རྡོ་ཁུ་རྩ་བ་འབྲས་བུ་ཤིང༌། །ཞེས་བྱ་བ་ལ་རྩ་བ་ནི་གླ་སྒང་དང་བོད་ང་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་ནི་ཤིང་ཐོག་ལ་སོགས་པའོ། །ཤིང་ནི་སྐྱེད་ཤིང་རྣམ་པ་སྣ་ཚོགས་ཏེ། དེ་དག་བརྐུས་ཏེ་རིན་ཐང་ཚང་ན་ཕམ་པ་མ་ཚང་ན་སྦོམ་པོའོ། །སྡོང་བུ་ལོ་མ་ཤུན་པ་ཆུ། །ཞེས་བྱ་བ་ལ། སྡོང་བུ་ནི་མར་དང་སྨན་ཁྲིལ་བུའི་རིགས་སུ་གཏོགས་པའོ། །ལོ་མ་ནི་ཤིང་ལོ་ལྡུམ་ལོངས་སྤྱད་པར་འོས་པར་རུང་བའོ། །ཤུན་པ་ནི་གྲོ་ག་ལ་སོགས་པའོ། །ཆུ་ནི་ཁྲུས་ཆུ་དང་བཏུང་ཆུ་ལྟ་བུ་སྟེ་རྒྱ་མཚོར་ཞུགས་པ་དང་མྱ་ངམ་ལྟ་བུར་འགྲོ་བ་སྟེ་ཆུ་ཤིན་དུ་དཀོན་པའི་དུས་ན་བརྐུ་བའོ། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང༌། །ཞེས་བྱ་བ་ནི་མེ་ཏོག་ཆུ་ནས་སྐྱེས་པ་པདྨ་དང་ཨུཏྤལ་ལ་སོགས་པའོ། །ཐང་ལས་སྐྱེས་པ་སྟེ་ནཱ་ག་གེ་སར་ལ་སོགས་པའོ། །ཞིང་དང་ལོ་ཐོག་ས་གཞི་དང༌། །ཞེས་བྱ་བ་ལ་ཞིང་གི་མུ་རྐུ་བ་སྟེ། ཡུལ་གྱི་རྒྱལ་པོའི་བཀའ་ཁྲིམས་ལས་བྱུང་བ་བཞིན་རིན་ཐང་བརྩིའོ། །ལོ་ཏོག་ནི་ཐན་པ་ཆེན་པོའི་ཚེ་གཞན་གྱི་ཞིང་ལ་ཆུ་གཏོང་བ་གཅོད་ཅིང་བདག་གི་ཞིང་ལ་ཆུ་གཏོང་བ་དང༌། ཆར་པ་ཆེ་བའི་དུས་ན་བདག་གི་ཞིང་ལ་ཆུ་བཅད་ནས་གཞན་གྱི་ཞིང་ལ་བཏང་སྟེ་བདག་གི་ལོ་ལེགས་ལ་གཞན་གྱི་ལོ་ཉེས་ན་རིན་ཐང་ཚང་ན་ཕམ་པ། མ་ཚང་ན་སྦོམ་པོའོ། །ལོ་ཏོག་གཉིས་ཀ་ལ་མ་ཕན་ཡང་བླ་སྙམ་པས་ཞིང་རྐུ་སེམས་དེ་ལྟར་བཏང་སྟེ་ཕ་རོལ་པོ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །ཞིང་རྐུ་བ་ལ་རྣམ་པ་གཉིས་ཏེ། ཤགས་བཀར་གཏོང་བ་དང་ར་བས་བསྐོར་བའོ། །དགེ་སྦྱོང་གིས་ཞལ་ཆེ་བ་འམ་ཡུལ་དཔོན་གྱི་མདུན་དུ་ཤགས་བཀྱེ་ལ་དགེ་སྦྱོང་རྒྱལ་བར་བཅད་ལ་ཁྱིམ་པས་ཀྱང་སྦྱོར་བའི་བསམ་པ་བཏང་ན་ཕམ་པ། སྦྱོར་བའི་བསམ་པ་མ་བཏང་ན་སྦོམ་པོའོ། །རྒྱལ་པོས་རྒྱལ་བར་བཅད་ན་ཡུལ་གྱི་གཙོ་བོས་རྒྱལ་བར་གྱུར་པར་གཅད་མ་ཐག་ཏུ་ཕམ་པའོ། །བསྐོར་བས་བརྐུ་བ་ནི་ཞིང་ལ་ར་བ་དང་འོབས་ལྟ་བུས་སྐོར་བར་བྱེད་པ་ན་ནམ་ལངས་ཀྱི་སྣ་མ་ཕྲད་ཀྱི་བར་དུ་སྦོམ་པོའོ། །ཕྲད་ན་ཕམ་པར་གཞག་གོ །ས་གཞི་ནི་ཁངས་དང་ཚོང་དུས་ལྟ་བུ་སྟེ། དགེ་སྦྱོང་གིས་མི་དབང་བཞིན་བརྐུས་ན་རིན་ཐང་ཚང་ན་ཕམ་


DTG167_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མ་ཚང་ན་སྦོམ་པོར་བཞག་གོ །གྲུ་དང་ཤིང་དང་ཤོ་གམ་དང༌། །ཞེས་བྱ་བ་ལ་དགེ་སློང་གིས་གྲུ་རྐུ་བར་བསམས་ཏེ་ཆུ་རྒྱུན་ལས་གྱེན་དུ་བཟློག་དེ་གྲུ་ཚུགས་ལས་གྲུ་འཇུག་ཐལ་ན་ཕམ་པ། ཆུ་རྒྱུན་ཐོག་ཐག་ཁྱེར་ཏེ་སྒུར་དང་གད་པ་དང་སྣེའུ་ཆོད་ན་སྦོམ་པོའོ། །དེ་མི་སྣང་ན་ཕམ་པ། ཐད་ཀར་རྐུ་ན་ཕ་རོལ་གྱི་འགྲམ་སྐམ་ས་ལ་ཕྱིན་ན་ཕམ་པ། དེ་ཉིད་རྫབ་དང་སའི་འོག་ཏུ་སྦས་ན་གྲུ་མི་སྣང་བར་གྱུར་ཙམ་ན་ཕམ་པའོ། །ཤིང་ནི་བཟའ་ཤིང་དང་མེ་ཏོག་གི་ཤིང་དང་གྲིབ་ཤིང་ལྟ་བུ་སྟེ་རིན་ཐང་ཚང་ན་ཕམ་པའོ། །གསེབ་ལམ་དང་ལམ་གྱི་ཤོ་གམ་ལྟ་བུ་བཀའ་ཁྲིམས་གྱིས་མི་སྦྱིན་དུ་མེ་རུང་བ་ལས་གཞན་གྱི་དགེ་སྦྱོང་གིས་བཟླས་སམ་གང་གིས་གང་ཟག་གཞན་ལ་གསངས་ཏེ་ཤོ་གམ་མ་བྱིན་ཏེ་རིན་ཐང་བརྩིས་ཏེ་ཚང་ན་ཕམ་པ། དེ་བཞིན་གྲུ་ཡི་བཙས་རྣམས་དང༌། །ཞེས་པ་དང་ཡང་སྦྱར་བར་བྱའོ། །སྲོག་ཆགས་རྐང་པ་མེད་པ་དང༌། །རྐང་མངས་རྐང་གཉིས་རྐུ་བ་དང༌། །བརྟུལ་ཞུགས་ཅན་གྱིས་མི་ཡི་ནོར། །དབྱིག་ལ་སོགས་པ་གང་ཡང་རུང༌། །རྐུ་བའི་སེམས་ཀྱིས་གང་བརྐུས་ཀྱང༌། །རིན་ཐང་ཚང་ན་སྡོམ་པ་ཞིག །ཅེས་བྱ་བ་ལ། མིའི་ལོངས་སྤྱོད་དགོས་པར་བྱ་བའི་ཕྱིར་གསོས་ཤིང་བཙལ་བ་སྲོག་ཆགས་རྐང་པ་མེད་པ་སྦྲུལ་དང་འབུ་ལྟ་བུ་དང༌། རྐང་པ་གཉིས་པ་མི་ལྟ་བུ་དང༌། ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་རྐང་མངས་སྡིག་པ་ལ་སོགས་པ་ལྟ་བུ། རང་ཉིད་ཀྱིས་བརྐུས་པ་དང༌། རྐུར་བཅུག་པ་དང༌། ཡང་གཞན་གྱི་ནོར་གསེར་དངུལ་ལྟ་བུ་རྣམས་རྐུ་བའི་སེམས་ཀྱིས་བརྐུས་ཏེ་རིན་ཐང་ཚང་ན་ཕམ་པའོ། །སྩོགས་པའི་སྒྲས་ནི་མིའི་ནོར་རྙི་དང་སྤྲེའུ་དང་བྱ་རྒྱ་དང་བོད་རྒྱ་དང་ཉ་རྒྱ་ལ་སོགས་པ་རྐུ་བ་ཡང་བསྡུ་སྟེ། འདིར་དགེ་སྦྱོང་གིས་བདག་གི་ནོར་དུ་རྐུ་སེམས་ཀྱིས་མིང་དུ་སྨོས་པ་འདི་དག་བརྐུས་ཏེ་རིན་ཐང་ཚང་ན་ཕམ་པའོ། །བདག་གི་དོན་དུ་མ་ཡིན་གྱི་ཕ་རོལ་ལ་གནོད་པ་བྱ་བའི་བསམ་པས་རྐུ་ན་ཕམ་པའོ། །གཉིས་ཀ་ལ་ཕན་གནོད་མེད་པའི་བསམ་བས་དེ་དག་དྲལ་ཞིང་བསྲེགས་ན་ཡང་སྦོམ་པོའོ། །སྙིང་རྗེའི་བསམ་པས་དལ་ཞིང་བསྲེགས་ན་ཉེས་བྱས་སོ། །དེ་དག་གིས་ཟིན་པའི་སྲོག་ཆགས་བརྐུས་ཏེ་རིན་ཐང་ཚང་ན་ཕམ་པའོ། །གཉིས་ཀ་ལ་མི་ཕན་པའི་བསམ་པས་བཏང་ན་སྦོམ་པོའོ། །སྙིང་རྗེའི་བསམ་


DTG167_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཏང་ན་ཉེས་བྱས་སོ། །སྔགས་ཀྱི་བདག་པོ་ཡོད་པའི་གཏེར་བདག་གིར་བྱ་ས་པ་སྒྲུབ་པ་ལས་གཏེར་ཕས་འོང་ན་ཇི་ཙམ་མིག་གིས་མ་མཐོང་གི་བར་དུ་སྦོམ་པོའོ། །མཐོང་སྟེ་རིན་ཐང་ཚང་ན་ལག་ཏུ་མ་ཐོབ་ཀྱང་ཕམ་པའོ། །བདག་པོ་མེད་པའི་གཏེར་བསྒྲུབས་པ་ལས་ཕས་འོང་བ་མ་མཐོང་གི་བར་དུ་ཉེས་བྱས། མཐོང་སྟེ་རིན་ཐང་ཚང་ན་སྦོམ་པོའོ། །ལྷུང་བཟེད་ལ་སོགས་རྐུན་ཁྱེར་ན། །ཆོས་བཤད་ནས་ནི་བསྒྲུབ་པར་བྱ། །ཡང་ན་རི་བའི་རིན་གྱིས་བླུ། །དེ་ལྟར་མ་བྱས་ཉེས་བྱས་སོ། །ཞེས་བྱ་བས་ནི་མ་བྱིན་པར་ལེན་པའི་དངོས་པོ་ཐམས་ཅད་ནས་ཐམས་ཅད་དུ་མི་བྱ་བར་དགག་པ་སྟེ། འདི་ལྟར་བདག་གི་འཚོ་བའི་ཡོ་བྱད་མེད་དུ་མི་རུང་བ་ལྷུང་བཟེད་དང་ཁར་གསིལ་དང༌། ཆོས་གོས་ལ་སོགས་པ་རྐུན་པོས་ཁྱེར་ཞིང་ཕྲོགས་ན་རྐུ་བའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ལ་སོགས་པ་རྣམ་པར་སྨིན་པ་ཐོབ་པར་འགྱུར་བའི་ཆོས་བཤད་ནས་སླར་བླང་བར་བྱའོ། །དེ་ལྟར་ཆོས་བཤད་པ་ལས་སླར་མ་སྟེར་ན་ཡོ་བྱད་དེ་དག་དགེ་སྦྱོང་བདག་ལ་མེད་དུ་མི་རུང་བས་ཅི་རི་བའི་རིན་གྱིས་བླུས་ཏེ་བླང་པར་བྱའོ། །དེ་ལྟར་མ་བྱས་པར་ནན་གྱིས་བླངས་སམ་ཕྲོགས་ན་ཉེས་བྱས་སུ་འགྱུར་རོ། །ཕས་ཕམ་པ་གཉིས་པ་བཤད་ཟིན་ཏོ།། །།ཕས་ཕམ་པ་གསུམ་པ་མི་ཚངས་པར་སྤྱོད་པའི་གླེང་གཞི་ནི། བཅོམ་ལྡན་འདས་ཡུལ་ཀ་ལན་ད་ཀ་གནས་པའི་གྲོང་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་ཀ་ལན་ད་ཀའི་བུ་བཟང་བྱིན་ཞེས་བྱ་བ་ཞིག་རབ་ཏུ་བྱུང་ནས་གནས་པ་ལས། དེའི་མས་བུ་ཁྱོད་ཕ་དང་མའི་ནོར་ནི་སྦྱིན་དུ་ཡོད་པ་ལ་བདག་ཅག་བཟའ་བྲན་རྒས་ཏེ་ཤི་བར་གྱུར་ན་ཀུན་ཀྱང་རྒྱལ་པོའི་ནོར་དུ་གྱུར་ན་ཁྱོད་སླར་འབབས་སུ་མི་རུང་ན་ཡང་ས་བོན་ཅུང་ཟད་ཅིག་ཞོག་ཅིག་ཅེས་བྱས་ནས། བཟང་བྱིན་གྱི་ཆུང་མ་ཟླ་མཚན་དང་ལྡན་ཞིང་དུས་ལ་བབ་པ་རྒྱན་གྱིས་ཀླུབས་ཏེ་ཁྲིད་དེ་འོངས་པ་དང༌། ཚེ་དང་ལྡན་པ་བཟང་བྱིན་ཡང་འདོད་ཆགས་བདོ་བ་དང་ཉེས་དམིགས་མ་མཐོང་བས་མི་ཚངས་པར་སྤྱོད་དོ། །དེ་ནས་དུས་མི་རིང་བ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པ་ལས་དཔྲལ་བའི་ཕྱིར། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་བའི་ཆོས་བཤད་པ་དང༌། ཚེ་དང་ལྡན་པ་བཟང་བྱིན་ཉེས་པ་དྲན་ནས་ཤིན་ཏུ་འགྱོད་ཅིང་མི་


DTG167_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ནས། དེ་དགེ་སློང་རྣམས་ཀྱིས་མཐོང་ནས་ཅི་ཉེས་སྨྲས་པ་དང༌། ཚེ་དང་ལྡན་པ་བཟང་བྱིན་གྱིས་དྲང་པོར་སྨྲས་སོ། །དེ་ལྟ་བུ་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཟང་བྱིན་ལ་རྣམ་པ་དུ་མས་སྨད་ནས་ལེགས་པ་བཅུ་གཟིགས་ཏེ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །སྡོམ་ཅན་ཉམས་པ་མེད་སེམས་ཀྱིས། །ཉམས་པ་མེད་པའི་སྒོ་གསུམ་དུ། །ཆགས་པས་ནང་དུ་ནོར་བུ་འདས། །དགའ་བ་ཚོར་ན་བརྟུལ་ཞུགས་ཉམས། །ཞེས་བྱ་བས་མི་ཚངས་པར་སྤྱོད་པ་དང༌། རང་བཞིན་བསྟན་ཏེ། སྡོམ་པ་ཅན་དགེ་སྦྱོང་བསླབ་པ་མ་ཕུལ་ཞིང་ཉམས་པ་མེད་པའི་སེམས་རང་བཞིན་དུ་གནས་པས་ཁ་དང༌། རྐུབ་དང༌། མོ་མཚན་ཏེ་སྒོ་གསུམ་པོ་འདི་དག་མ་རུལ་བ་དང༌། རྨ་མ་བྱུང་བ་དང༌། འབུ་ཞུགས་པ་ལྟ་བུ་ཉམས་པ་མེད་པ་སྤྱད་དུ་བཟོད་པར་བདག་ཉིད་ཆགས་པའི་སེམས་ཀྱིས་ནང་དུ་བཅུག་སྟེ་མཚམས་འདས་ལ། དགའ་བ་ཚོང་ན་བརྟུལ་ཞུགས་ཉམས་ཏེ་ཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡན་ལག་ནི་རྣམ་པ་ལྔ་སྟེ། སེམས་མ་ཉམས། སྒོ་གསུམ་སྤྱད་བཟོད། ཆགས་སེམས་ཡོད། མཚམས་ལས་འདས། དགའ་བ་ཚོར། དེ་རྣམས་གཅིག་དང་མི་ལྡན་ན་སྦོམ་པོར་གཞག་གོ །སྐྱེས་པ་བུད་མེད་མ་ནིང་གིས། །ཚན་ཀར་བོར་ཏེ་མནན་པ་ལས། །གང་གིས་བདེ་བའི་རོ་མྱོང་བ། །དེ་ཡང་སྡོམ་པ་ཞིག་པར་འགྱུར། །ཞེས་བྱ་བ་ནི་བདག་དགེ་སྦྱོང་མཐུ་ཆུང་ཞིང་ཞན་པ་ལ། སྐྱེས་པ་དང་བུད་མེད་དང་མ་ནིང་སྟེ། མི་རྣམ་པ་གསུམ་གྱིས་ཚན་ཀར་བོར་ཏེ་མནན་ནས་བདག་དང་དེ་དག་གི་སྒོ་གསུམ་གང་ཡང་རུང་བར་བཅུག་པའི་ཚེ། བདག་ཉིད་ཀྱིས་ཉམས་སུ་བླངས་ཏེ་དགའ་བ་ཚོར་ན་དེ་ཡང་སྡོམ་པ་ཞིག་སྟེ་ཕས་ཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཇི་ལྟར་གྱུར་ཡང་ཉམས་སུ་མི་བླང་བ་སྟོན་ཏོ། །ཡན་ལག་སྐྱེས་ནས་བདེ་འདོད་པས། །གདུག་པ་སྦྲུལ་གྱི་ཁར་བཅུག་བླ། །ལུས་ལ་དཀའ་ཐུབ་མི་གཞིག་ཅེས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ལ། གལ་ཏེ་འདོད་ཆགས་ཀྱི་དབང་གིས་བདག་གི་ཡན་ལག་སྐྱེས་བསྒྲེངས་ཏེ་ཤིན་ཏུ་བདོ་བར་གྱུར་པ་འདོད་ཆགས་དེ་དང་བྲལ་ཞིང་བདེ་བར་འདོད་པར་བྱ་བའི་ཕྱིར། སྦྲུལ་གདུག་པའི་ཁར་བཅུག་སྟེ། འདོད་ཆགས་དང་བྲལ་


DTG167_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པ་ནི་བདག་ལ་ཕན་པ་ཡིན་པས་བླའི། ལུས་ལ་བདག་གི་སྡོམ་པ་ནི་མི་གཞིག་པར་བྱའོ་ཞེས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཇི་ལྟར་ཞེ་ན། གལ་ཏེ་སྦྲུལ་གྱིས་གསད་གྱུར་ཀྱང༌། །ཚུལ་ཁྲིམས་གནས་ལ་དེ་ཕན་ཏེ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཆགས་པའི་དབང་གིས་ཡན་ལག་སྐྱེས་བསྒྲེངས་ནས་སྦྲུལ་གདུག་པའི་ཁར་བཅུག་སྟེ་ཤི་བར་གྱུར་པ་ནི་སྒོ་གསུམ་སྣང་བའི་གནས་སུ་མ་བཅུག་བ་ཚུལ་ཁྲིམས་ཅན་དེ་ལ་ཕན་ཏེ་མཐོ་རིས་སུ་སྐྱེས་པའི་ཕྱིར་རོ། །ཚུལ་ཁྲིམས་དེ་ཞིག་པར་གྱུར་པས་སྡུག་བསྔལ་ཡིན་ཏེ་ངན་སོང་གསུམ་དུ་སྐྱེའོ། །དེར་ཡང་མ་ཟད་ཀྱི་མྱ་ངན་ལས་འདས་པ་ལའང་སྒྲིབ་པར་འགྱུར་ཏེ། ཚུལ་ཁྲིམས་ཉམས་ན་ཐར་པ་མྱ་ངན་ལས་འདས་པའི་སྐལ་བ་ཡང་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕས་ཕམ་པ་གསུམ་པ་བཤད་ཟིན་ཏོ།། །།ཕས་ཕམ་པ་བཞི་པ་བརྫུན་གྱི་གླེང་གཞི་ནི། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་བཞུགས་སོ། །དེའི་ཚེ་མུ་གེ་ཆེན་པོ་བྱུང་ནས་ཁ་ཟས་ཀྱིས་ཤིན་ཏུ་བྲེལ་ཏེ་ཕ་མ་ཡང་བུ་ལ་ཁ་ཟས་མི་སྟེར་བ་ཙམ་དུ་དཀོན་པའི་ཚེ། དགེ་སློང་རྫུ་འཕྲུལ་ཅན་དང་གནས་བརྟན་རྣམས་ནི་བྱང་གི་སྒྲ་མི་སྙན་ལ་སོགས་པ་ཡུལ་གཞན་འབྱོར་ཅིང་རྒྱས་པ་དག་ཏུ་དོང་ཞིང་བདག་ཉིད་ཀྱང་ཟ། གང་ཟག་གཞན་ལ་ཡང་སྟོབས་སོ། །དེ་ལ་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་ལ་སོགས་པ་དག་གིས་ཀྱང་དགེ་སློང་དེ་དག་ལྟར་བྱ་ཞིང་དབྱར་ཚུལ་དུ་འཇུག་ཏུ་ནི་རྫུ་འཕྲུལ་ཡང་མ་ཐོབ་ཅིང་ཐོས་པ་དག་ཀྱང་ཉུང་ཞིང་དེ་ལྟར་མི་ནུས་ཀྱིས་བདག་ཅག་གིས་ཡུལ་ཉིད་དུ་དབྱར་ཚུལ་དུ་ཞུགས་ལ་བདག་ཅག་སོ་སོའི་ཡོན་ཏན་བསྒྲགས་ཏེ་རྙེད་པ་བསྒྲུབ་པོ་སྙམ་ནས་ཚུལ་དུ་ཞུགས་སོ། །དེ་ནས་ལྔ་བརྒྱ་པོ་དེ་དག་གིས་གཅིག་གིས་གཅིག་གི་ཡོན་ཏན་བརྗོད་པ་ལ་ཞུགས་སོ། །འདིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འདིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །འདིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །འདིས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། འདིས་ནི་འཇིག་རྟེན་པའི་ལམ་གྱིས་གྲུབ་བོ། །འདི་ནི་སྡེ་སྣོད་གསུམ་སྨྲ་བའོ་ཞེས་སོ་སོའི་ཡོན་ཏན་བརྗོད་པས་ཁ་ཟས་ལ་སོགས་པ་མང་པོ་དུ་མ་རྙེད་དེ་ཤ་ཁྲག་གི་ལུས་ཤིན་ཏུ་རྟས་པས་གནས་སོ། །དེ་ནས་དབྱར་


DTG167_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནས་ཚུལ་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་ཕྱིན་ཏོ། །དང་པོར་ཀུན་དགའ་བོ་དང་ཕྲད་པ་དང་སྨྲས་པ། མུ་གེ་ཆེན་པོ་བྱུང་བའི་དུས་ན་དགེ་སློང་གཞན་རྣམས་ནི་རྨྱ་སྟེ་ལྷགས་ན། ཁྱོད་ནི་ཤིན་ཏུ་ཚོ་སྟེ་བྱུང་ན་དེ་ཅིའི་རྒྱུ་ཞེས་སྨྲས་པ་དང༌། བདག་ཅག་སོ་སོའི་ཡོན་ཏན་བརྗོད་པས་རྙེད་པ་མང་པོ་བྱུང་སྟེ་ལུས་རྟས་སོ་ཞེས་སྨྲས་སོ། །ཁྱེད་ལ་ཡོན་ཏན་ཡོད་དེ་བརྗོད་དམ་མེད་དེ་བརྗོད། བདག་ཅག་ལ་ཡོན་ཏན་མེད་པར་བརྗོད་དོ་ཞེས་སྨྲས་པ་དང༌། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མིའི་ཆོས་ལས་བླ་མར་གྱུར་པ་མེད་པ་ལ་ཡོད་པ་གཞན་བཞིན་དུ་སྨ་བ་ཤིན་ཏུ་མི་རིགས་སོ་ཞེས་ཀུན་དགའ་བོ་ལ་སོགས་པ་རྣམས་ཀྱིས་སྨྲས་སོ། །དེ་ལྟར་གྱུར་པ་བཅོམ་ལྡན་འདས་ཀྱིས་གསན་ཏོ། །དེ་ནས་བཅོམ་ལྡན་འདས་གྱིས་རྣམ་པ་དུ་མས་སྨད་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ལྷ་དག་མཐོང་ཞེས་དེ་ཡི་སྒྲ། །ཐོས་པར་གྱུར་དང་ཀུན་སྨྲ་དང༌། །ཞེས་བྱ་བ་ལ། དགེ་སྦྱོང་གིས་བདག་གིས་ལྷ་མཐོང་ངོ༌། །ལྷའི་སྒྲ་ཐོས་སོ། །ལྷ་རྣམས་དང་བདག་ཏུ་སྨྲ་ཞིང་ཀུན་དུ་སྨྲ་བར་བྱེད་དོ་ཞེས་ཟེར་ན་གསུམ་ཆར་ལ་ཡང་ཕམ་པ་རེ་རེར་འགྱུར་རོ། །གང་ན་བདག་འདུག་ལྷ་འོང་ཞིང༌། །བདག་ཀྱང་དེ་ཡི་གནས་འགྲོ་དང༌། །ཞེས་བྱ་བ་ལ། དགེ་སྦྱོང་གིས་བདག་གང་ན་འདུག་པའི་གནས་སུ་ལྷ་དག་འོང་ངོ༌། །བདག་ལྷ་གང་ན་གནས་པའི་གནས་དེ་དག་ཏུ་འགྲོའོ་ཞེ་ན་ཡང་ཕམ་པ། ཇི་ལྟར་ལྷ་མཐོང་ཞིང་སྒྲ་ཐོས་ཟེར་བ་དང༌། ལྷ་དང་སྨྲ་ཞིང་ཀུན་དུ་སྨྲའོ། །བདག་འདུག་པའི་གནས་སུ་འོང་ངོ་ཞེས་སྨྲའོ། །དེ་བཞིན་དྲི་ཟ་གྲུལ་བུམ་ཀླུ། །གནོད་སྦྱིན་ལྟོ་འཕྱེ་ཆེན་པོ་དང༌། །ཤ་ཟ་ཡི་དགས་མིའམ་ཅི། །མཐོང་ངོ་ཞེས་ལ་སོགས་སྨྲའམ། །ཞེས་བྱ་བ་རྣམས་ལ་ཡང་སྦྱར་བར་བྱའོ། །བསམ་གཏན་མངོན་ཤེས་ཚད་མེད་དང༌། །རྒྱུན་ཞུགས་ལ་སོགས་འབྲས་བུ་དང༌། །ལམ་ལ་རབ་ཏུ་ཞུགས་པ་འང་རུང༌། །བདག་གིས་ཐོབ་ཅེས་སྨྲས་ན་ནི། །དོན་རིག་པ་ལས་བརྫུན་པའི་ཚིག །ཅེས་བྱ་བ་ལ། དགེ་སྦྱོང་གི་འདུ་ཤེས་སྦས་ནས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་ཐོབ་བོ་ཞེའམ། གཉིས་པ་ཐོབ་པོ་ཞེའམ། གསུམ་པ་དང་བཞི་པ་ཐོབ་བོ་ཞེས་སྨྲ་ན་ཡང་ཕམ་པ། དེ་བཞིན་དུ་མངོན་པར་ཤེས་པ་ལྔ་ལས་གང་ཡང་རུང་བ་ཞིག་ཐོབ་པོ་ཞེས་སྨྲ་ན་ཡང་ཕམ་པའོ། །ཡང་འདུ་ཤེས་སྦས་ནས་


DTG167_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་བཞི་གང་ཡང་རུང་བ་ཞིག་གྲུབ་པོ་ཞེས་ཟེར་བ་དང༌། དགེ་སྦྱོང་གི་འདུ་ཤེས་སྦས་ནས་འབྲས་བུ་བཞི་ལས་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་ཞེའམ། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པོ་ཞེས་སྨྲས་ཏེ། གཞན་གྱིས་དོན་གོ་བས་དོན་རིག་སྟེ་གོ་ན་བརྫུན་གྱི་ཚིག་སྟེ་ཕམ་པར་འགྱུར་རོ། །ལམ་ལ་རབ་ཏུ་ཞུགས་པ་ནི་དགེ་སྦྱོང་གིས་འདུ་ཤེས་སྦས་ཏེ་འཇིག་རྟེན་ལས་འདས་པའི་ལམ་བདག་གིས་ཐོབ་པོ་ཞེས་སྨྲས་ན་ཕམ་པའོ། །འཇིག་རྟེན་པའི་ལམ་གྱི་ཞི་གནས་ཀྱི་མཚན་མ་འགའ་ཞིག་ལ་བརྟེན་ཏེ་འདོད་ཆགས་དང་གནོད་སེམས་ལ་མི་སྤྱོད་དོ་ཞེས་ཟེར་ན་སྦོམ་པོར་འགྱུར་རོ། །ཁྱད་པར་ཐོབ་པའི་བདག་ཉིད་ཅན། །མ་ཉམས་ཞེས་བྱ་བ་ལ། དགེ་སྦྱོང་བདག་གིས་སེམས་མ་སྨྱོས་པ་ནད་ཀྱིས་གཟིར་བར་མ་གྱུར་ཏེ་རང་བཞིན་དུ་གནས། གོང་དུ་བསྟན་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་ཅིང་མཐོང་ཞེས་སྨྲས་ན་ཕས་ཕམ་པར་འགྱུར་གྱི། སེམས་སྨྱོས་པ་དང་ནད་ཀྱིས་གཟིར་བ་རྣམས་ནི་ཕམ་པར་མི་འགྱུར་གྱི་སྦོམ་པོར་གཞག་གོ་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་མེད་བཞིན་དུ། སྨྲས་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་བྱ་བ་ལ། སྔོན་དགེ་སྦྱོང་ཞིག་དགོན་པ་ན་གནས་པས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་བཅོམ་སྟེ། མི་འབྱུང་བར་བྱས་ནས་ཡུན་རིང་མོ་ཞིག་ལོན་པ་ན། ཉོན་མོངས་པ་མི་འབྱུང་བའི་གནས་རྣམས་ལ་བརྟགས་ན་ཉོན་མོངས་པ་མི་སྐྱེ་བས་བདག་ཅག་གིས་ཉོན་མོངས་པ་སྤངས་སོ་ཞེས་བསམས་ཤིང་བརྗོད་ནས་སླར་གྲོང་དུ་ལྷགས་པ་ལས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྩད་ནས་མ་ཕྱིན་པའི་ཕྱིར་ཉོན་མོངས་པ་སྐྱེ་བའི་ཡུལ་བུད་མེད་དང་དགྲ་ལ་སོགས་པ་མངོན་དུ་གྱུར་པ་དང་ཉོན་མོངས་པ་སླར་སྐྱེས་ནས་དགེ་སློང་དེ་དག་བདག་ཅག་གིས་ཉོན་མོངས་པ་མ་སྤངས་པར་སྤངས་སོ་ཞེས་སྤྲས་ཏེ་མིའི་ཆོས་ལས་བླ་མར་གྱུར་པའི་ཕམ་པར་མ་གྱུར་གྲང་ཞེས་བཅོམ་ལྡན་འདས་ལ་ཞུས་པ་དང༌། མངོན་པའི་ང་རྒྱལ་ཅན་དེ་ལྟ་བུ་མ་གཏོགས་ཏེ་སླན་ཆད་དེ་ལྟ་བུའི་ཁྱད་པར་ཞིག་ཐོབ་ན་ཡང་སྨྲ་བར་མི་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུ་ནི་ཕམ་པར་མི་གཞག་གོ །དགེ་སྦྱོང་གིས་འདུ་ཤེས་སྦས་ཏ། ལྷ་དང་ཀླུ་དང་གནོད་སྦྱིན་མཐོང་བ་དག་ཡོད་


DTG167_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་ནི་སྨྲ་ལ། བདག་ཉིད་ཡིན་ནོ་ཞེས་ནི་མི་སྨྲ་ན་སྦོམ་པོར་འགྱུར་རོ། །ཤ་ཟ་རྣམས་མཐོང་བ་ཡོད་དོ་ཞེས་སྨྲ་ལ། བདག་ཉིད་ཡིན་པར་མི་སྨྲ་ན་ནི་ཉེས་བྱས་སུ་འགྱུར་རོ། །དགོན་པ་ན་དགེ་སློང་དུ་གནས་པ་དེ་ལ་མི་མ་ཡིན་པ་རྣམས་ཀྱིས་གཙེས་པ་ལས་འཕགས་པ་རྣམས་ལ་མི་གཙེ་སྟེ་བདག་ལ་ཡང་མི་གཙེ་ཟེར་ན་ཕམ་པ། འཕགས་པ་རྣམས་ཀྱི་ཕྱིར་ཁྱིམ་བདག་རྣམས་སྟན་ཁྲ་བོ་འདིངས་ཏེ་བདག་གི་ཕྱིར་ཡང་ཁྱིམ་བདག་སྟན་ཁྲ་བོ་འདིངས་སོ་ཞེས་ཟེར་བ་ཡང་དོན་རིག་ན་ཕམ་པའོ། །ཁྱད་པར་ཐོབ་པ་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་འགྱུར་བ་བསྟན་ཏོ། །དེ་ལས་གཞན་པའི་བརྫུན་ཚིག་རྣམས། །དེ་དག་ཐམས་ཅད་སྡིག་མང་འགྱུར། །ཞེས་བྱ་བ་ནི་གོང་དུ་ཡོན་ཏན་ཁྱད་པར་ཅན་ཐོབ་བོ་ཞེས་བྱ་བ་ལས་མ་གཏོགས་པར་ཀུ་རེ་དང་ཀྱལ་ཀ་ལ་སོགས་པའི་ཕྱིར། བརྫུན་པའི་ཚིག་སྨྲས་ན་སྡིག་པ་མང་དུ་འགྱུར་ཏེ་ཉེས་བྱས་ལྕི་བར་འགྱུར་རོ། །ཇི་ལྟར་མཛའ་བོ་འབྱེད་འགྱུར་བ། །ཕྲ་མའི་ཚིག་རྣམས་སྨྲ་མི་བྱ། །ཞེས་བྱ་བས་ནི་ངག་གི་ཉེས་པ་གཉིས་པ་བསྟན་ཏེ་འདུམ་ཞིང་མཛའ་བར་འགྱུར་བས་འཐབ་ཅིང་དབྱེ་བར་འགྱུར་བའི་ཕྲ་མའི་ཚིག་གིས་དབྱེ་བ་རྣམས་སླར་མི་སྡུམ་ཞིང་དབྱེས་སུ་འགྱུར་བ་ཕྲ་མའི་ཚིག་རྣམས་མི་བྱའོ། །ངན་དུ་ཟེར་ལ་ངན་མི་སྨྲ། །གཤེ་བ་ལ་ཡང་སླར་མི་གཤེ། །མཚང་འབྲུ་བ་ལ་སླར་མི་འབྲུ། །རྡེག་པ་ལ་ཡང་སླར་མི་རྡེག །ཅེས་བྱ་བས་ནི་ངག་གི་ཉེས་པ་སྤོང་བ་དགེ་སྦྱོང་གི་ཚུལ་བཞི་སྟེ། བདག་ཉིད་ལ་ཉེས་པ་རྣམས་ལའང་མི་རིགས་པར་མི་བྱ་ན། སེམས་ཅན་ཉེས་པ་མེད་པ་རྣམས་ལ་བདག་ཉིད་ཀྱིས་མི་རིགས་པར་བྱ་བ་ལྟ་ཅི་སྨོས། གཞན་གྱིས་ངན་དུ་སྨྲ་བལ་སོགས་པ་བྱས་པ་སླར་ལན་མི་གླན་ནོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་བསླབ་པ་འདོད་བ་ཡིན། །བསྒྲིམས་ཏེ་ངག་གི་སྐྱོན་རྣམས་སྤང༌། །ཞེས་བྱ་བ་ནི་ངག་གི་ཉེས་པ་བཞི་པ་སྟེ། རྒྱལ་པོའི་གཏམ་དང༌། ཆོམ་པོའི་གཏམ་དང༌། ཚོང་པའི་གཏམ་ལ་སོགས་པ་ནི་ཚིག་ཀྱལ་པ་སྟེ་ངག་གི་སྐྱོན་རྣམས་ཏེ་གང་བསླབ་པར་འདོད་པའི་དགེ་སློང་བློ་དང་ལྡན་པས་སྤང་བར་བྱའོ། །དེ་ལྟར་འགྱུར་བར་རིག་ནས་ནི། །ངག་རྣམས་ཤིན་ཏུ་བསྡམ་པར་བྱ། །ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ངག་གིས་ཉེས་པ་བཞི་སྤྱད་ན་བརྫུན་དང་སྦོམ་པོ་དང་ཉེས་བྱས་སུ་རིག་


DTG167_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་དག་བསྡམ་ཞིང་སྤང་ངོ་ཞེས་བྱ་བའི་དོན་ཏོ། །ཕམ་པ་བཞི་པ་བཤད་པ་སྟེ་ཕས་ཕམ་པ་བཞིའི་བཤད་པ་རྫོགས་སོ།། །།དེ་ལྟར་ཕས་ཕམ་པའི་གནས་བསྟན་ནས། ད་ནི་བསླབ་པ་ཕྲ་མོའི་གནས་བསྟན་པའི་ཕྱིར། འབྲུ་བཏགས་ཕབས་དང་སྦྱར་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་རྣམ་པ་དྲུག་སྟེ། འབྲུ་བཏགས་ཕབས་དང་སྦྱར་བ་ཡི། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང༌། །ཞེས་བྱ་བ་ནི་ནས་འབྲས་བཏགས་ཏེ་ཆང་དུ་བྱ་བའམ། མ་བཏགས་པ་ཆང་དུ་བྱས་པ་རྣམས་ཏེ། དེ་ནི་མྱོས་པར་འགྱུར་རིག་ནས། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །ཞེས་བྱ་བར་འགྱུར་རོ། །སྡོང་བུ་མེ་ཏོག་འབྲས་བུ་ལས། །སྦྱར་བའི་ཁུ་བ་བཅོས་པའི་ཆང༌། །དེ་ནི་མྱོས་པར་འགྱུར་རིག་ནས། །ཞེས་བྱ་བ་དང༌། རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །ཞེས་བྱ་བར་སྦྱར་ཏེ། འདི་ལྟར་སྡོང་བུ་སྟེ་བུར་མ་ཤིང་བཅིར་བ་ལས་བྱས་པ་དང༌། མེ་ཏོག་འབྲས་བུ་སྟེ་རྒུན་འབྲུམ་ལ་སོགས་པ་སྦྱར་བའི་ཁུ་བས་མྱོས་ཤིང་དྲན་པ་ཉམས་པར་འགྱུར་བར་རིག་ནས་བདག་ཉིད་ཀྱང་རྩྭ་མཆོག་གིས་མི་བཏུང་ལ་གཞན་ལ་ཡང་སྦྱིན་པར་མི་བྱ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། སྡོམ་ཅན་ཕན་འདོད་མི་བཏུང་ངོ༌། །ཞེས་བྱ་བ་སྟེ། འདི་ལྟར་དགེ་སྦྱོང་སྡོམ་པ་ཅན་བསླབ་པ་ལ་གནས་པས་བདག་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་རོ། །འཐུངས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་འཐུངས་ན་ནི་དྲན་ཉམས་ཤིང༌། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། །བག་མེད་པ་ལས་བརྟུལ་ཞུགས་ཉམས། །ཞེས་བྱ་བ་སྟེ། གོང་དུ་སྨོས་པའི་ཆང་གི་རྣམ་པ་དེ་དག་འཐུངས་ཤིང་གཞན་ལ་བླུད་ན་བདག་དང་གཞན་གྱི་སེམས་རང་བཞིན་དུ་གནས་ཤིང་གསལ་བ་ཉམས་སུ་མྱོང་བའི་དྲན་པ་ཉམས་པས་ལུས་ཀྱིས་རྗེས་སུ་རྡེག་བཙོག་དང༌། ངག་གི་སྒོ་ནས་ཚིག་ངན་པ་ལ་སོགས་པ་བག་མེད་པ་འབྱུང་ངོ༌། །དེ་ལྟར་བག་མེད་པའི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་བརྟུལ་ཞུགས་ཏེ་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །དེ་བས་ན། དེ་བས་སྟོན་པའི་བཀའ་དྲན་བྱ། །མྱོས་འགྱུར་ཉེས་པ་འཕེལ་འགྱུར་བ། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །ཞེས་སྨོས་ཏེ། དེ་བས་ན་སྟོན་པ་


DTG167_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བཀའ་ཚད་མ་དྲན་པར་བྱས་ལ་དྲན་པ་ཉམས་ཤིང་མྱོས་པར་འགྱུར་བའི་གནས་ཉེས་པ་རྣམ་པ་དུ་མ་འཕེལ་བར་བྱེད་པའི་རྒྱུ་རྩྭ་མཆོག་གིས་ཀྱང་རེག་པར་མི་བྱ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆང་འཐུངས་ན་ཉེས་བྱས་སུ་འགྱུར་བ་བཞིན་དུ་གླུམ་དང་སྦང་མ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་ཆང་ལ་ཆང་གི་ཁ་དོག་དང་དྲི་དང་རོ་དང་མྱོས་པར་འགྱུར་བའི་མཐུ་དང་བཞི་ཆར་ལྡན་པ་འཐུངས་ན་ཉེས་པར་གཞག་གོ །སྦྲང་རྩི་དང་བྲོ་བ་ལ་སོགས་པ་མྱོས་པའི་མཐུ་ཡོད་དུ་ཟིན་ཀྱང་ཁ་དོག་དང་དྲི་དང་རོ་ལ་སོགས་པ་དང༌། འཇིག་རྟེན་ལ་སོགས་པ་སྨད་པ་མ་ཡིན་པས་དེ་དག་གིས་མྱོས་པ་ནི་མ་ཡིན་ནོ། །གལ་ཏེ་དགེ་སྦྱོང་ནད་ཀྱིས་ཐེབས་ཏེ་ཆང་གི་ཆོ་ག་བྱ་དགོས་ན་ཆང་གིས་ལུས་ལ་བསྐུ་བར་བྱའོ། །ཡི་ག་འཆུས་པ་ཕན་པར་བྱ་ན་ཡང་ཁར་བླུགས་པ་ལས་བཏུང་བར་མི་བྱའོ། །ཆང་མ་འཐུངས་ན་ཡང་མི་འཚོ་བ་ཙམ་དུ་ཐུག་ན་བསྐོལ་བ་ཆང་གི་རོ་དང་མྱོས་པའི་མཐུ་མེད་པར་བྱས་ཏེ། ཆང་དང་རོ་ཉམས་པ་དང་ཁ་དོག་དང་འདྲ་བ་ཙམ་བྱའོ། །གླུ་གར་རོལ་མོའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གི་ཕྱིར་གཙུག་ལག་ཁང་བརྩིགས་ནས་དུས་སྟོན་ཆེན་པོ་བྱས་པའི་ཚེ། ལྷོ་ཕྱོགས་ནས་གར་མཁན་འོངས་ཏེ་དྲུག་སྡེ་ཅི་བྱེད་པའི་ལད་མོ་བཟླས་པ་དང༌། དྲུག་སྡེ་ཁྲོས་ནས་དུས་གཞན་ཞིག་ན་དུས་སྟོན་བྱེད་པའི་གར་མཁན་ལ་གནོད་པའི་ཕྱིར་དྲུག་སྡེས་བྲོ་གར་བྱས་པ་དང༌། སྐྱེ་བོ་ཀུན་གར་མཁན་ལ་མི་ལྟ་བར་དྲུག་སྡེས་བྲོ་གར་བྱེད་པ་ལ་བལྟས་ནས་རོལ་མོ་མཁན་གྱིས་རྙེད་པ་མ་གྲུབ་སྟེ། འཚོ་བ་ཆད་ནས་རོལ་མོ་མཁན་ཁ་ཟེར་བ་ལ་བཅས། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཞེ་སྡང༌། ཉེས་པ་ནི་གླུ་གར་རོལ་མོའི་སྒྲ་བྱེད་པའོ། །གླུ་གར་དེ་བཞིན་སིལ་སྙན་རྣམས། །སྡོམ་ལ་གནས་པས་མི་བྱའོ། །ཞེས་བྱ་བས་དྲེགས་པའི་ཉེས་པ་སྤང་བ་སྟོན་ཏེ། དེ་ལ་གླུ་ནི་ཤར་དང་གནད་ར་ལ་སོགས་པའོ། །གར་ནི་རྐང་ལག་གཡོབ་ཅིང་ལུས་སྒྱུར་བར་བྱེད་པའོ། །དེ་གཉིས་སྡོམ་པ་ལ་གནས་པས་བྱས་ན་ཉེས་བྱས་སུ་འགྱུར་རོ། །གཞན་བྱེད་དུ་མི་གཞུག་སྟེ་བྱེད་དུ་བཅུག་


DTG167_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉེས་བྱས་སོ། །སིལ་སྙན་ནི་མཆོད་པའི་ཡོ་བྱད་དང་རོལ་མོའི་ཆ་བྱད་དོ། །དེ་གསིལ་ཞིང་དཀྲོལ་བ་རྣམ་པ་སྣ་ཚོགས་ཏེ། དེ་དག་སྡོམ་པ་ལ་གནས་པས་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་རྒྱ་གས་ཤིང་དྲེགས་པར་འགྱུར་བའམ། ཡན་ལག་འཁོར་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཆོད་པ་བྱ་བའི་ཕྱིར་གླུ་གར་བྱེད་དུ་བཅུག་ན་ཡང་གླུ་གར་བྱེད་དུ་མི་གཞུག །ལྷ་དང་ལྷ་མ་ཡིན་གྱི་དབང་པོས་མཆོད་པ་ལྟར་སངས་རྒྱས་ཀྱི་ཞབས་ཀྱི་རྡུལ་ལ་མཆོད་པ་གྱིས་ཤིག་ཅེས་བྱས་ལ་བྱེད་དུ་གཞུག་གོ །ཡང་ན་གནང་བ་ནི་སེམས་ཅན་གཞན་རྣམས་དད་པ་བསྐྱེད་པའི་ཕྱིར། དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་བསྟོད་ར་རྣམས་དབྱངས་དང་གླུ་བསྲེས་ཏེ་བྱས་ན་ཉེས་པ་མེད་དོ། །གླུ་དབྱངས་དག་མི་ཤེས་ཏེ་སློབ་འདོད་ན་ཡང་ཤེས་པ་ཁྲིད་དེ་གནས་དབེན་པར་སློབ་ཏུ་གཞུག་གོ །འདིར་བླུ་གར་ལ་སོགས་པ་དངོས་སུ་མ་བྱས་ཀྱང་ཆུ་ལ་སོགས་པ་ལ་བརྡ་ཐབས་དང་ལག་ཐབས་སུ་བྱད་ན་ཡང་ཉེས་བྱས་སོ། །ཕྲེང་བ་དང་སྤོས་དང་བྱུག་པ་དང༌། རྒྱན་འདོགས་པའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་གཙུག་ལག་ཁང་གི་དུས་སྟོན་བྱེད་པ་ན་དྲུག་སྡེ་ཁ་དོག་གིས་བརྒྱན་ནས་གར་བྱས་པ་ལ་བཅས་སོ། །ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཞེ་སྡང༌། ཉེས་པ་ནི་རྒྱན་ཕྲེང་དང་ཁ་དོག་འཆང་བའོ། །ལུས་ལ་སྦོས་ཀྱིས་མི་བྱུག་སྟེ། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་ཕྱེད་དང་གསུམ་གྱིས་ཁ་དོག་གི་ཉེས་པ་སྟོན་ཏོ། །དེ་ལ་ལུས་ལ་སྤོས་ཀྱིས་བྱུག་པ་ནི་ལུས་ཀྱི་མདོག་མཛེས་པ་དང་དྲི་ཞིམ་པར་བྱ་བའི་ཆེད་དུ་ཨ་ཀ་རུ་དང་འབུ་སུག་ལ་སོགས་པ་དྲི་ཞིམ་པོའི་རྣམ་པ་ལྡེ་གུ་དང་ཕྱེ་མར་བྱས་ཏེ་ལུས་ལ་བསྐུ་ཞིང་གདགས་པར་མི་བྱའོ། །དེ་བཞིན་དུ་ཙནྡན་ལ་སོགས་པ་མི་བསྐུའོ། །ཡུང་དང་གུར་གུམ་ལ་སོགས་པས། ཁ་དོག་རྣམས་སུ་མ་བྲིའོ་སྟེ། མིང་གིས་སྨོས་པ་འདི་རྣམས་ཀྱིས་ཀྱང་ལུས་ཀྱི་མཛེས་ཤིང་སྤ་བ་དང་དྲི་ཞིམ་པར་བྱ་བའི་ཆེད་དུ་ལུས་ལ་གདགས་ཤིང་བསྐུ་བ་དཔྲལ་བ་ལ་རེས་སུ་མི་བྱའོ། །སྩོགས་པའི་སྒྲས་ནི་མཚལ་དང་ལི་ཁྲི་དང༌། ཁ་དོག་མཛེས་པར་འགྱུར་བའི་རྒྱུ་གཞན་དག་ཀྱང་བསྡུའོ། །མེ་


DTG167_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་མགོ་རྒྱན་ཕྲེང་བ་དག །བརྟུལ་ཞུགས་ཅན་གྱིས་གདགས་མི་བྱ། །ཞེས་བྱ་བ་ནི་མེ་ཏོག་བརྒྱུས་པའི་ཆུན་པོས་མགོ་དང་མགུལ་དུ་མི་གདགས་ཤིང་སྤང་ངོ་ཞེས་བྱ་བའི་དོན་ཏོ། །གསེར་ལ་སོགས་པའི་རྒྱན་རྣམས་ཀྱིས། །བདག་ལ་བརྒྱན་པར་མི་བྱའོ། །ཞེས་བྱ་བ་ལ། དགེ་སྦྱོང་བདག་ཉིད་གསེར་དང་དངུལ་དང་མུ་ཏིག་ལ་སོགས་པ་ནོར་བུ་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བདག་གི་མགུལ་དང་རྐང་ལག་ལ་སོགས་པ་བརྒྱན་ཅིང་གདགས་པར་མི་བྱའོ། །དུད་པ་ལ་སོགས་མིག་སྨན་རྣམས། །མིག་མི་ན་བར་མི་བྱུག་གོ །ཞེས་བྱ་བ་ནི་དགེ་སློང་བདག་ཉིད་མིག་མི་ན་བར་མཚལ་དང་གུར་གུམ་དང་ག་བུར་དང་དུད་པ་སྦྱར་བ་ལ་སོགས་པས་མིག་ལ་བསྐུ་བར་མི་བྱའོ། །ལུས་ཀྱི་མདོག་མཛེས་པ་དང་ཆགས་པ་སྐྱེ་བར་བྱ་བའི་ཕྱིར་མེ་ལོང་དང་ཆུ་དང་བ་ལ་བལྟ་བར་མི་བྱ། སེན་མོ་མི་བཅོས། ཆགས་པའི་བསམ་པས་སོ་རྩིལ་སོགས་པ་བཟའ་ཞིང་མཆུ་དམར་པོར་མི་བྱའོ། །གཡན་པ་དང་འབྲུམ་བུའི་ནད་མེད་པར་ལུས་འཇམ་པ་དང༌། མཛེས་པར་བྱ་བའི་ཕྱིར་རྡོ་དང་སོ་ཕག་གིས་མི་བྲུད། ཁྲུས་ཆུ་ལ་སོགས་པའི་ནང་དུ་དྲི་ཞིམ་པོ་སྣ་ཚོགས་སྦྱར་ལ་མི་བླུགས། ཡོན་བདག་དང་པ་ཅན་འགའ་ཞིག་དྲི་འབུལ་ཏེ་ལུས་ལ་མི་བསྐུར་མི་རུང་ན་ཡང་ཡིད་བསྲུང་བའི་ཕྱིར་སྐད་ཅིག་ཙམ་བསྐུས་ལ་ཡོན་བདག་སོང་མ་ཁད་དུ་མ་ཚོར་བར་དབྱིའོ། །རིམས་ནད་དང་གཡན་པའི་ནད་ལ་ཕན་པའི་ཕྱིར་ཙནྡན་དང་གུར་ཀུམ་གྱིས་ལུས་ལ་བསྐུ་དགོས་ན་འཇིག་རྟེན་པས་མི་འཕྱ་བར་བསྐུའོ། །ཤིང་ཁྲི་ཁྲུ་གང་མཐོ་བ་དང༌། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གཅིག་གིས་མཐོན་པོ་ན་འདུག་པའི་ཉེས་པ་བསྟན་ཏེ། ཤིང་ཁྲི་ཁྲུ་གང་ལས་མཐོ་བ་ཞེས་བྱ་བ་སྟེ་དེ་ལ་ཉལ་བར་མི་བྱའོ། །བ་སོ་ལ་སོགས་བརྒྱན་པའི་ཁྲི། །དམའ་ཡང་ཉལ་ཁྲི་བཟང་པོ་ལ། །ཉལ་ལ་སོགས་པ་མི་བྱའོ། །ཞེས་བྱ་བ་ནི་ཁྲུ་གང་སྙེད་དུ་མི་མཐོ་ཟིན་ཀྱང་བ་སོ་དང་དུང་དང་རྭ་ལས་བྱས་པའི་ཁྲི་འམ། དེ་དག་གིས་བརྒྱན་པའི་ཁྲི་བཟང་པོ་དམའ་ཡང་ཉལ་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། མལ་སྟན་མཐོན་པོ་དང་བཟང་པོ་དང་ཆེན་པོ་ལ་ཉལ་ན་མལ་གྱི་བདེ་བ་ལ་ཆགས་ཤིང་རློམ་སེམས་འབྱུང་བའི་ཕྱིར་དང༌། གཞན་དུ་ན་བཀྲ་མི་ཤིས་པར་ཡང་འཆད་པས་ཉལ་བར་མི་བྱའོ། །གནང་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཁ་དོན་དུ་འདོན་


DTG167_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཆད་པའི་ཚེ་ནི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཁྲི་ལ་འདུག་ཏུ་གནང་ངོ༌། །དེ་ལ་འདུག་པའི་ཚེ་ཡང་ཆགས་ཤིང་བདེ་བའི་བསམ་པས་ནི་འདུག་པར་མི་བྱའོ། །འདུ་བྱེད་ཐམས་ཅད་སྐད་ཅིག་མི་རྟག་པའི་རང་བཞིན་ཡིན་པར་བསམས་ཏེ་འདུག་པར་བྱའོ། །གདིང་བ་ཀོ་ལྤགས་འཆང་བ་གནང་བ་ནི་ཡུལ་མཐའ་འཁོབ་དང་ལྷགས་པ་ཆེ་བ་དག་ཏུ་ནི་མལ་གོས་དང་སྟན་གཉིས་ཀ་ཀོ་ལྤགས་ལས་བྱེད་དུ་གནང་གི་ཡུལ་དབུས་མ་ག་དྷཱའི་ཕྱོགས་སུ་ནི་མི་གནང་ངོ༌། །ཀོ་ལྤགས་བཅང་དུ་གནང་བ་ཡང་གཞན་གྱི་གནང་གི་པ་གླང་དང་སྟག་དང་སེང་གེ་དང་དོ་མ་དང་དྲེད་དང་རྟ་དང་བྱི་ལའི་པགས་པ་འདི་བདུན་བཀྲ་མི་ཤིས་ཤིང༌། འཇིག་རྟེན་པ་རྣམས་ཀྱིས་སྨད་ཅིང་དཀོན་པ་ཡིན་པ་སྤྱོད་ཅིང་འདུག་ཏུ་མི་གནང་ངོ༌། །ནད་ཀྱི་གཞི་ལ་ཕན་ན་ནི་སྨན་པས་བསྒོ་བ་ལ་ཉེས་པ་མེད་དོ། །གླུ་གར་ལ་སོགས་བསྟེན་པ་དང༌། །གང་ལ་དྲེགས་པ་སྐྱེ་མི་འགྱུར། །དྲེགས་པའི་ཡན་ལག་སྤངས་ནས་ནི། །བརྟུལ་ཞུགས་གནས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་ནི་དྲེགས་པའི་ཉེས་པ་སྤངས་པའི་ཕན་ཡོན་ཡིན་ཏེ། འདི་ལྟར་གླུ་དང་གར་ལ་སོགས་པ་དངོས་པོ་གནག་བསྟེན་ཅིང་གནས་ན་དྲེགས་པ་དང་རྒྱགས་པ་སྐྱེ་བར་འགྱུར་བའི་དྲེགས་པའི་ཡན་ལག་གམ་དངོས་པོ་དེ་ཡང་སྤང་སྣ་བརྟུལ་ཞུགས་གནས་པ་སྟེ། སྡོམ་པ་ལ་གནས་པ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉི་མ་ཕྱེད་མཚམས་ཕན་ཆད་ནས་།ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གསུམ་གྱིས་ནི་དུས་མ་ཡིན་པས་ཟས་ཟ་བའི་ཉེས་པ་བསྟན་ཏོ། །དེ་ལ་དགེ་སྦྱོང་གིས་ཟས་ཟ་བའི་དུས་མ་ཡིན་པ་ནི་རང་གི་གནས་འཛམ་བུའི་གླིང་དུ་ཉི་མ་ཕྱེད་མཚམས་ཚུན་ཆད་ནས་བཟུང་སྟེ་སྐྱ་རེངས་མ་ཤར་བར་དུ་ཟ་བའི་དུས་མ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། དགེ་སྦྱོང་སྡོམ་པ་ལ་གནས་པས་དུས་དེར་ཟས་མི་བཟའ་བར་བྱ་སྟེ། དེ་བས་ན། ཉི་མ་ཕྱེད་མཚམས་ཕན་ཆད་ནས། །སྐྱ་རེངས་མ་ཤར་དུས་མིན་ཏེ། །དེ་ནི་རྒྱལ་བས་དུས་མིན་གསུངས། །སྡོམ་ཅན་རྣམས་ཀྱིས་དེར་མི་བཟའ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །འོ་ན་དགེ་སྦྱོང་གི་ཟས་བཟའ་བའི་དུས་གང་ཞེ་ན། སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། །དེ་ཡི་སྐབས་སུ་ཟོས་ན་ནི། །དེ་ནི་བདག་


DTG167_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྡོམ་པ་སྟེ། །བཟའ་བ་དུས་སུ་ཟོས་པ་ཡིན། །ཞེས་བྱ་བས་བསྟན་ཏེ། འདི་ལྟར་རང་གི་གནས་ནི་འཛམ་བུའི་གླིང་དུ་སྐྱ་རེངས་ཤར་པ་ཉི་མ་ཕྱེད་མ་ཡོལ་གྱི་བར་སྐབས་དེར་བཟའ་བ་ཟོས་པ་ནི་བདག་ཤེས་བཞིན་དང་ལྡན་པ་སྡོམ་པ་ལ་གནས་པ་སྟེ་དགེ་སྦྱོང་གིས་གནས་བཟའ་བའི་དུས་སུ་ཟོས་པ་ཡིན་ཏེ་དེ་ནི་དུས་ཡིན་ནོ། །དུས་མིན་དུས་སུ་འདུ་ཤེས་ནས། །ནམ་ཡང་བཟའ་བར་མི་བྱའོ། །ཞེས་བྱ་བ་ནི་ཕྱེད་མཚམས་ཕན་ཆད་དུ་ས་མ་ཡིན་པ་ལས་དུས་ཡིན་ནོ་སྙམ་པའི་འདུ་ཤེས་བཞག་ནས་བཟའ་བ་རྣམས་བཟའ་བར་བྱ་བ་ནི་ནམ་ཡང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དུས་མ་ཡིན་པར་བཟར་གནང་བ་ནི། སྨན་པས་ཉོན་མོངས་བསྒོ་ན་ནི། །ནད་པས་ཉེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔ་དྲོ་ཟོས་པས་འཚོ་བར་མི་ནུས་ན་ཕྱི་དྲོ་ཡང་ཟོ་ཅིག་ཅེས་སྨན་པས་བསྒོ་ན་ཉེས་པར་མི་འགྱུར་བ་དང༌། ལམ་དུ་ཞུགས་ཏེ་དཔག་ཚད་གཅིག་ཙམ་དུ་འགྲོ་བ་དང༌། མུ་གེ་ཆེན་པོ་བྱུང་སྟེ་ཉམ་ཐག་པའི་དུས་སུ་ནི་དུས་དང་སྦྱར་བའི་གཏོལ་མེད་པས་ནམ་ཟས་རྙེད་པའི་ཚེ་དུས་མ་ཡིན་པར་བཟར་གནང་ངོ༌། །དགེ་སློང་བ་ལང་བདག་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པས་མིད་པ་གཉིས་ཡོད་པར་གྱུར་ན་སྔ་དྲོ་ནི་མིད་པ་གཅིག་ནས་ནང་དུ་རྒྱུ། ཕྱི་དྲོ་ནི་གཅིག་ནས་ཕྱིར་རྒྱུ་ཞིང་ཟ་བའི་དུས་ཡིན་པས་དེ་ལྟ་བུ་ནི་དང་པོ་ཁམ་གཅིག་གཉིས་ཙམ་གྱིས་ཕྱིར་བོར་ཏེ་སླར་ཁ་བཀྲུ་བར་བྱ། དེའི་ཕྱི་མ་ཕན་ཆད་བཟའ་བར་བྱའོ། །དེ་ལྟ་བུ་མ་གཏོགས་པ་རྣམས་ནི་སྒྲེགས་པའི་ཁྲོད་ན་ཁ་ཟས་ཀྱི་ཚལ་མ་ཞིག་བྱུང་ན་ཁ་ཟས་དང་བཅས་པར་མི་བྱའི་བརྟགས་པའི་ཆུས་ཁ་དག་པར་བཀྲུ་བར་བྱའོ། །ས་ལེ་སྦྲམ་ནི་གསེར་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གསུམ་གྱིས་དབྱིག་འཆང་བའི་ཉེས་པ་སྤང་བ་སྟོན་ཏེ། དགེ་སྦྱོང་གིས་བདག་གི་ཆེད་དུ་གསེར་ས་ལེ་སྦྲམ་དང༌། བདོག་པ་ལ་སོགས་པ་དང༌། དངུལ་ལ་སོགས་པ་སྟེ་རིན་པོ་ཆེ་རྣམས་སྦྱིན་བདག་རྣམས་ཀྱིས་དེ་བྱིན་ན། བདག་ཉིད་ཀྱིས་ཀྱང་མི་བླང་ལ། །གཞན་ཡང་ལེན་དུ་མི་གཞུག་གོ །གལ་ཏེ་དེ་ལྟར་མ་བྱས་པར་བླངས་ན་ཉེས་བྱས་ཏེ་ལྕི་བར་འགྱུར་རོ། །དགེ་སྤྱོང་གིས་ཁབ་རལ་དང་གིར་ཤུབས་ལ་སོགས་པ་རྭ་དང་བ་སོ་དང་རུས་པ་ལས་བྱས་པ་དང༌། གསེར་དངུལ་ལ་སོགས་པ་ལས་


DTG167_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའམ། གསེར་དངུལ་དང་རིན་པོ་ཆེས་སྤྲས་པ་ལ་སོགས་པ་གདགས་ཤིང་བཅང་བར་མི་བྱ་སྟེ་བྱས་ན་ཉེས་བྱས་སོ། །ཚོན་མོ་སྟེང་དང་ཞ་ཉེ་དང་ཁར་བ་ལ་སོགས་པ་ལ་རེག་ན་ཉེས་བྱས་སོ། །འོ་ན་དགེ་སྦྱོང་གསེར་དངུལ་ལ་སོགས་པ་ལ་ཅི་ནས་ཀྱང་རེག་ཏུ་མི་རུང་ངམ་ཞེ་ན། བདག་གིས་རུང་བ་མ་ཡིན་འདིས། །རུང་བའི་དངོས་པོ་བཙལ་སྙམ་དུ། །དེ་ལྟར་མངོན་པར་བསམས་ནས་ནི། །དེ་ནས་གཞན་ཞིག་ལེན་དུ་གཞུག །ཅེས་སྨོས་ཏེ། དགེ་སྦྱོང་གིས་བསམས་པ་འདི་གཞན་ཏེ། བདག་གིས་གསེར་དངུལ་ལ་སོགས་པ་རུང་བའི་དངོས་པོ་མ་ཡིན་པ་འདིས། རུང་བའི་དངོས་པོ་ཆོས་གོས་གསུམ་བཙལ་བའི་ཟོང་དང༌། གསེར་དངུལ་ཅུང་ཟད་མ་བཅངས་ན་འཚོ་བ་འཆད་པར་འགྱུར་བས་འཚོ་བའི་ཕྱིར་དང༌། སྨན་མེད་ནད་ཀྱིས་གཙེས་པར་འགྱུར་བས་སྨན་བཙལ་བའི་ཟོང་གི་ཕྱིར་བཅང་ཞིང་བླང་ངོ་སྙམ་དུ་བསམས་ཏེ་དགེ་བསྙེན་ནམ་ཁྱིམ་བདག་གཞན་ལེན་དུ་གཞུག་གོ །ཡང་ཉེས་པར་མི་འགྱུར་བ་ནི། དཀོན་མཆོག་གསུམ་གྱི་ཆེད་ཀ་དང༌། །ཚངས་པ་མཚུངས་པར་སྤྱོད་རྣམས་ཀྱི། །གསེར་དང་དངུལ་ལ་རེག་གྱུར་ཀྱང༌། །ཉེས་པར་གྱུར་པ་མ་ཡིན་ནོ། །ཞེས་པ་སྟེ། འདི་ལྟར་དཀོན་མཆོག་གསུམ་གྱི་ཆེད་དུ་སྟེ་དེའི་དཀོར་དུ་གཏོགས་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་མཁན་པོ་དང་སློབ་དཔོན་གཅིག་པའི་དགེ་སྦྱོང་གི་ཡོ་བྱད་ལྟ་བུ་དང༌། མཁན་པོ་དང་སློབ་དཔོན་གྱི་ཡོ་བྱད་དུ་གཏོགས་པའི་གསེར་དངུལ་ལ་དགེ་སྦྱོང་བདག་གིས་རེག་ཀྱང་ཉེས་པར་མི་འགྱུར་རོ། །ཡང༌། བདག་གིས་རུང་བ་མ་ཡིན་འདིས། །རུང་བའི་དངོས་པོ་བཙལ་སྙམ་དུ། །ཞེས་བྱ་བ་ནི་གསེར་དངུལ་འདིས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལུགས་སུ་བླུགས་ཤིང་རིས་སུ་བྲིས་པ་དང༌། དྷརྨ་བྲིས་ཤིང་གླེགས་བམ་དུ་བྱས་པ་དང༌། དགེ་འདུན་སྤྱི་ལ་འབུལ་བའི་བསམས་པས་བླངས་ན་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགེ་སྦྱོང་གིས་ཁེ་སྦོགས་འདོད་པའི་ཕྱིར་བདག་གི་ནོར་གཞན་ལ་འཚོད་དུ་བཅོལ་ཏམ། གཞན་གྱི་ནོར་བདག་གིས་བླངས་ཏེ་ཚོང་བྱས་ན་ཉེས་བྱས་སོ། །དཀོན་མཆོག་གསུམ་གྱི་ཕྱིར་རམ། དེ་ལྟར་མ་བྱས་ན་སྨན་ཟོང་ཙམ་ཡང་མེད་ལ་འཚོ་བ་ཡང་འཆད་པར་འགྱུར་བ་ཞིག་གམ། བསོད་ནམས་བྱ་བ་ཞིག་ཏུ་བསམས་


DTG167_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཚོང་གི་ཁེ་སྤོགས་བྱ་དགོས་ན་ཡང་བདག་ཉིད་ཀྱིས་མི་བྱའི། ཁྱིམ་པ་གཞན་ལ་བཅོལ་བར་བྱའོ། །དེ་ལྟར་བཅོལ་བའི་འོས་མེད་ན་ཡང་བདག་ཉིད་ཚོར་བྱེད་པའི་ཚེ་བདག་གིས་ནན་དང་མཐུས་མི་བྱའོ། །རུང་གནམ་མི་རུང་དགའ་མི་དགའ། །ཞེས་ལན་གསུམ་གྱི་བར་དུ་དྲིས་ལ། མི་དགའ་བ་མེད་དེ་རུང་ངོ་ཞེས་ཟེར་ན་ཚོང་བྱའོ། །ཕ་རོལ་པོ་མ་དད་བཞིན་དུ་ནན་གྱིས་ཚོང་བྱས་ཏེ་རིན་བརྩིས་ལ་ཐོབ་ན་ཕམ་པར་འགྱུར་རོ། །དེ་ལྟར་འདི་ཡན་ཆད་དུ་དགེ་སྦྱོང་གི་བསླབ་ཚིག་བཅུ་པོ་མདོ་ཙམ་དུ་བཤད་ཟིན་ཏོ།། །།འདོད་པས་བར་དུ་གཅོད་བྱེད་ཅིང༌། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ་ནི་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་བརྟེན་པ་རྣམས་ནི་མོ་ཐ་རིས་དང་ཐར་པ་ལ་བར་དུ་གཅོད་པའོ་ཞེས་བཀའ་སྩལ་པ་ལས། ཉེ་དགའི་སློབ་མ་དགེ་སྦྱོང་ཚེར་མ་ཅན་དང་མཆོད་སྦྱིན་གཉིས་ན་རེ་འདོད་པས་པར་དུ་གཅོད་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་དེ་ལྟར་མ་ཡིན་ཏེ། འདོད་པ་ལ་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ་དེའི་དོན་བདག་གིས་ཤེས་སོ་ཞེས་སྨྲས་པ་ལས། བཅོམ་ལྡན་འདས་ལ་གསོལ་ཏེ་བཀའ་སྩལ་པ། དེ་སྐད་དུ་སྨྲ་བ་ལ་དང་པོར་ཚིག་འཇམ་པོས་སྨྲོས་ཤིག །དེས་མ་བཏུབ་ན་གསོལ་བ་དང༌། བཞིའི་ལས་ཀྱིས་དགེ་ཚུལ་གཏི་མུག་མ་སྨྲ་ཤིག་ཅེས་བསྒོ་ཞིག །དེ་སྐད་དུ་བསྒོ་བ་ལས་ཀྱང་མ་བཏུབ་སྟེ་དེ་སྐད་སྨྲ་ན་དགེ་འདུན་གྱིས་འཚོ་བའི་ཡོ་བྱད་དུ་གཏོགས་པ་ལོངས་སྤྱོད་རྣམས་དང་ཕྲལ་ནས། གཙུག་ལག་ཁང་ནས་བསྐྲད་པར་བྱའོ། །དེ་ལྟར་བསྐྲད་པའི་དགེ་སྦྱོང་དེ་ནི་དགེ་སྦྱོང་དང་གཉིས་གནས་ཁང་གཅིག་ཏུ་ཉལ་བ་གནང་བ་དེ་ལ་མེད་ན། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་སྤྱོད་པ་གཅིག་ཅིང་ཡོ་བྱད་གཅིག་པ་དང༌། ལྟ་བ་གཅིག་པ་རྣམས་ཀྱང་དེ་ལ་མེད་པས་ན། དེ་ནས་རོ་དང་འདྲ་བར་འགྱུར་རོ། །འཕྱར་དང་རྟ་གད་བྱེད་ལ་སོགས། །འཆི་བར་བསམས་ཏེ་མི་བྱའོ། །ཞེས་བྱ་བ་ལ། རབ་ཏུ་བྱུང་བ་རྣམས་ནི་དུལ་ཞིང་ཞི་བའི་རང་བཞིན་པས། གདོལ་པ་དང་མ་རབས་ཀྱི་ཆོས་ལུས་ཀྱི་སྒོ་ནས་མཆོང་ཞིང་བརྒལ་བ་ལ་སོགས་པ་དག་དང༌། ངག་གི་སྒོ་ནས་རྟ་གད་དྲག་པོ་ལ་སོགས་པ་མི་བྱའོ། །ཅིའི་ཕྱིར་ཞེ་ན། འཕྱར་བ་ནི་མ་བརྟགས་པའི་ཆོས་ཡིན་


DTG167_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། རྟ་གད་དང་གག་ཚིལ་བྱེད་པ་ནི་རླུང་འཚུབ་ཅིང་སྔོན་ཤི་བདག་བྱུང་བས། དེའི་ཕྱིར་འཆི་བར་བསམས་ཤིང་མི་བྱའོ། །གླལ་ཚེ་ལག་ལ་སོགས་པ་ཡིས། །ཁ་དགབ་པར་ཡང་ནན་ཏན་བྱ། །ཅིའི་ཕྱིར་ཞེ་ན། སོ་སྣང་བ་དང་གཅན་གཟན་ཆད་པ་ལྟར་ཤིན་ཏུ་མི་མཛེས་པའི་ཕྱིར་རོ། །རྒན་ལ་སྦྲིད་བྱུང་ཕྱག་བྱ་སྟེ། །གཞོན་ལ་ནད་མེད་གྱུར་ཞེས་བྱ། །ཁྱིམ་པ་སྦྲིད་པ་བྱུང་བ་དང༌། །ཡུན་རིང་སོས་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ལས། རྒན་པ་ནི་བདག་པས་ཚུལ་ཁྲིམས་དང་ཤེས་པ་རྒན་པའམ་མཁན་པོ་དང་སློབ་དཔོན་ནོ། །གཞོན་པ་ནི་བདག་པས་དེ་དག་གིས་དམའ་བ་ཆུང་བའོ། །ཡུན་རིངས་པོས་ཞེས་བྱ་བ་ནི་ཁྱིམ་པ་རྣམས་ནི་ཚེ་རིང་བ་ལ་དགའ་བའི་ཕྱིར་རོ། །བླ་མ་དག་གི་མདུན་དག་ཏུ། །སྣབས་དང་མཆིལ་མ་མི་དོར་ཞིང༌། །སོ་ཤིང་བཅའ་བར་མི་བྱའོ། །དེ་བཞིན་སྟན་ལ་མི་འདུག་ཅིང༌། །མདུན་དུ་བཅག་པར་མི་བྱའོ། །གོས་གཅིག་དག་ཀྱང་བགོ་མི་བྱ། །ཁྱེད་རེངས་སུ་ཡང་མི་དབྱུང་ངོ༌། །ཞེས་བྱ་བ་ལ། མཁན་པོ་དང་སློབ་དཔོན་དང་ཤེས་པ་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་འཕགས་པ་རྣམས་ནི་བླ་མ་སྟེ། དེ་དག་གི་མདུན་དུ་མིང་གིས་འབྱུང་བ་དེ་དག་མི་དོར་མི་བྱའོ། །ཅིའི་ཕྱིར་ཞེ་ན། མ་རབས་སྨད་པའི་ཆོས་ཡིན་པ་དང། མ་གུས་ཤིང་བསྙེམས་པའི་ཚུལ་ཡིན་པས་སྤང་བར་བྱའོ། །སོ་ཤིང་ཟ་ན་ཡང་ཕུ་རུང་གིས་ཁ་བཀབ་སྟེ་བཟའ་བར་བྱའོ། །བླ་མ་རྣམས་ལ་ཇི་ལྟར་བྱ་ཞེ་ན། རྒན་པོ་རྣམས་ལ་སྡོམ་ཅན་གྱིས། །གུས་བཅས་ཞེ་སར་བཅས་པར་བྱ་བ་སྟེ། རྒན་པ་གོང་དུ་སྨོས་པ་རྣམས་ལ་ལུས་ཀྱི་སྒོ་ནས་ཀྱང་གུས་ཤིང་ཞི་བར་བྱ་བ་དང༌། ངག་གི་སྒོ་ནས་ཀྱང་ཚིག་འཇམ་ཞིང་གསོང་པོར་སྨྲ་བ་དང་ཞེ་ས་དང་བཅས་པར་བྱའོ། །བསླབ་པ་ཕྲ་མོའི་གནས་བསྟན་ཟིན་ཏོ།། །།ལག་པ་དག་པར་བསྙལ་ནས་ནི། །བུམ་པ་ལ་སོགས་རྡུལ་མེད་བྱ། །ཞེས་བྱ་བ་ནི་ཟས་ཟོས་པའི་འོག་ཏུ། ཁ་ལག་ལེགས་པར་བཀྲུས་ནས་ནང་པར་སྤྱད་པར་བྱ་བའི་ཆུ་བཙག་ཅིང་བླང་བར་བྱའོ། །ཆུའི་སྣོད་བུམ་པ་ལ་སོགས་པ་རྡུལ་དང་དྲི་མ་མེད་པར་སྲོག་ཆགས་མད་པར་བརྟགས་ནས་ཆུ་ཡང་བཙག་ཅིང་བླང་བར་བྱ་སྟེ། ཆུ་བཙག་པའི་ཐབས་ནི། སྲོག་ཆགས་ཡོད་ན་ལེགས་པར་བཙག །ཅེས་པའི་སྐབས་སུ་


DTG167_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བཞིན་ནོ། །གནས་མེད་པར་ནི་གནས་མི་བྱ། །ཞེས་བྱ་བ་ནི་བསྙེན་པར་རྫོགས་ནས་ལོ་བཅུའམ། ལྔ་མ་ལོན་གྱི་བར་དུ་གནས་མ་བཅས་པར་གནས་སུ་མི་དབང་བས་དགེ་སྦྱོང་རྣམས་ཀྱིས་གནས་མེད་པར་ཞག་གཅིག་ཀྱང་གནས་སུ་མི་གནང་ངོ་ཞེས་བཀའ་སྩལ་ཏོ། །དགེ་འདུན་མལ་སྟན་ལ་སོགས་པ། །དྲན་པ་མེད་པར་འདུག་མི་བྱ། །ཞེས་བྱ་བ་ནི། དགེ་འདུན་སྤྱིའི་མལ་ཆ་དང་སྟན་ཁྲི་དང་ཁྲིའུ་ལ་སོགས་པ་ནི་ཤིན་ཏུ་སྤྱད་པར་བྱ་བ་མ་ཡིན་པས་མི་རྟག་པ་ལ་སོགས་པའི་ཆོས་དྲན་པར་བྱས་ཏེ་འདུག་པར་མི་བྱའོ། །དེ་ལྟ་བུའི་དྲན་པ་མེད་པར་ནི་འདུག་པར་མི་བྱའོ། །དེ་ལྟ་བུའི་ཆོས་ཡིད་ལ་བྱེད་པ་དང་ལྡན་པས་འདུག་ཏུ་གནང་སྟེ། དེ་བས་ན་དྲན་དང་ལྡན་ན་ཉེས་མེད་དོ། །སོ་བཀྲུ་བ་དང་ཆུ་བཏུང་དང༌། །བཤང་གཅི་བྱེད་དུ་འགྲོ་བ་དང༌། །མཚམས་ནང་སྟོན་ལ་ཕྱག་བྱ་བ། །དེ་དག་མ་ཞུས་ཉེས་མེད་དོ། །ཞེས་བྱ་བའི་མིང་གིས་འབྱུང་བ་འདི་དག་ནི་མཁན་པོ་དང་སློབ་དཔོན་ལ་མ་ཞུས་ཀྱང་ཉེས་པར་མི་འགྱུར་རོ་ཞེས་བསྟན་ཏོ། །བརྟུལ་ཞུགས་ཅན་གྱིས་བྱ་བ་གཞན། །དེ་དག་ཐམས་ཅད་མ་ལུས་པར། །གལ་ཏེ་བླ་མ་མ་ཞུས་པར། །བྱས་ན་དེ་ནི་ཉེས་བྱས་འགྱུར། །ཞེས་བྱ་བ་ལ། དགེ་སྦྱོང་གིས་བསྒོམ་ཞིང་བཀླག་པར་བྱ་བ་དང༌། གོས་དྲ་བ་དང་འདྲུབ་པ་ལ་སོགས་པ་ལས་སུ་ཅི་བྱ་བ་ཀུན་ཀྱང་མཁན་པོ་ལ་ཞུ་བར་བྱ་སྟེ། གལ་ཏེ་མ་ཞུས་པར་སྣ་འགའ་བྱས་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །མཆོད་རྟེན་ལ་སོགས་ཕྱག་བྱས་ཏེ། །མི་ཉལ་བྱས་ནས་དེ་འོག་ཏུ། །བླ་མའི་རྐང་བཀྲུ། །ཞེས་བྱ་བ་ལ། ནུབ་མོ་དགེ་སྦྱོང་གིས་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་ལ་ཕྱག་བྱས་ཏེ། ཞུ་བའི་གནས་གང་ཡིན་པའི་གང་ཟག་ལ་སང་ནང་པར་གྱི་བར་དུ་མི་ཉལ་བར་དགེ་བ་རྔོ་ཐོགས་ཚད་དུ་བགྱི་ཞེས་ཞུ་ཞིང་དེ་ལྟར་བྱས་པའི་འོག་ཏུ་མཁན་པོ་དང་སློབ་དཔོན་གཉིས་ཀ་དང་བླ་མ་རྣམས་ཀྱི་རྐང་པ་ཆུ་གཙང་མས་བཀྲུ་བར་བྱའོ། །བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་ཀུན་ཞུས་ཏེ། །ཞེས་བྱ་བ་ནི་དེ་ལྟར་བླ་མའི་རྐང་ལག་བཀྲུ་བར་བྱས་ནས་དགེ་བ་ལ་སོགས་པ་ཅི་བྱ་བརྟུལ་ཞུགས་ཅན་དགེ་སྦྱོང་བདག་གིས་ཞུས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཅི་བྱ་ཞེ་ན། རྐང་པ་གཉིས་ཀ་བཀྲུས་ནས་ནི། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །བསྒྲིམས་ཏེ་མི་


DTG167_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བྱ་བ་སྟེ། །ཞེས་བྱ་བ་སྟེ། སླར་བདག་གི་གནས་ཁང་དུ་ཕྱིན་ནས། རྐང་པ་གཉིས་དག་ཏུ་བཀྲུས་ཏེ་ཞུས་པ་བཞིན་ནམ་གྱི་ཆ་སྟོད་སྲོད་དང་ནམ་གྱི་ཆ་སྨད་ཐོ་རངས་ལ་བསྒྲིམས་པ་བརྩོན་འགྲུས་ཆེན་པོས་མི་ཉལ་བར་དགེ་སྦྱོར་བྱའོ། །དེ་ལྟར་བྱས་ན་ཞུས་པ་བཞིན་དགེ་སྦྱོང་དེས་ནི་བདེན་པར་སྨྲ་བར་འགྱུར་ཏེ། ཞུས་པ་བཞིན་དུ་བྱས་པ་ཡིན་ནོ། །ལྡང་དང་སྣང་བའི་འདུ་ཤེས་ཀྱིས། །སེང་གེའི་ཉལ་ཐབས་བཞིན་དུ་བྱ། །ཞེས་བྱ་བ་ལ། གཉིད་འོང་སྟེ་མལ་དུ་ལུས་ཕབ་པའི་ཚེ་ན་ཡང་བསམ་པ་མེད་པར་ཉལ་བར་མི་བྱའི། མྱུར་དུ་ལྡང་བའི་བསམ་པ་དང་མྱུར་དུ་སང་ཅིང་སྣང་བའི་འདུ་ཤེས་ཡིད་ལ་བྱས་ནས་སེང་གེ་བཞིན་དུ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱའོ། །དྲན་དང་བསམ་པའི་རྒྱུད་དག་དང༌། །དེ་བཞིན་མྱུར་དུ་སད་ནས་ནི། །ཇི་སྐད་བསྟན་པ་བཞིན་དུ་བྱ། །ཞེས་བྱ་བ་ལ། དེ་ལྟར་སྣང་བ་དང་ལྡང་བའི་འདུ་ཤེས་ཀྱིས་ཉལ་བ་ནི་དྲན་པའི་བསམ་པ་དང་ལྡན་པ་ཞེས་བྱ་བ་སྟེ། དེས་ནི་མྱུར་དུ་སད་ཅིང་ལྡང་བར་འགྱུར་རོ། །དེ་ལྟར་སད་ནས། ནམ་གྱི་ཆ་སྨད་མལ་ནས་ལངས། །ནམ་ལངས་བར་དུ་ཁ་ཏོན་བྱ། །ཞེས་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་ཅིང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱི་དྲོ་ཕན་ཆད་ཀྱི་བྱ་བ་བསྟན་ཟིན་ཏེ། །ད་ནི་ཚིག་རྐང་གསུམ་གྱིས་དགེ་སྦྱོང་གི་བསླབ་ཚིག་བསྲུང་བ་དང༌། སྔ་དྲོ་དང་ཕྱི་དྲོའི་དུས་སུ་ཁ་ཟས་བཟའ་ཞིང་ཆུ་གཙང་བ་དང༌། མཁན་པོ་དང་སློབ་དཔོན་དང་བླ་མ་རྣམས་ལ་ལུས་ངག་གི་སྒོ་ནས་བཀུར་སྟི་ལ་སོགས་པའི་ལས་སུ་བྱ་བ་ཇི་ལྟར་བསྟན་པ་བཞིན་དུ་ཉམས་སུ་བླངས་ཏེ་བསྒྲུབས་ན་ཡོན་ཏན་དང་འབྲས་བུ་གསུམ་འཐོབ་བོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་ཉོན་མོངས་མྱུར་ཟད་ནས། །བྱང་ཆུབ་དམ་པ་འཐོབ་འགྱུར་བ། །དེ་ལྟར་བསྒྲིམས་དང་ལྡན་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་བསྒྲིམས་དང་ལྡན་པར་བྱ། །ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་ནན་ཏན་བྱས་ན་ཚེ་འདིར་ཡང་ཉོན་མོངས་པ་མྱུར་དུ་ཟད་པར་འགྱུར་ལ། མ་འོངས་པ་ན་ཡང་བྱང་ཆུབ་རྣམ་པ་གསུམ་ལས་དམ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དགེ་སྤྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པ་མདོ་ཙམ་དུ་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།

ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དགེ་ཚུལ་གྱི་བྱ་བ།


DTG167_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཨ་སྟི་བཱ་དི་ཤྲ་མ་ཎེ་ར་ཀ་ར་ཎ། བོད་སྐད་དུ། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དགེ་ཚུལ་གྱི་བྱ་བ། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱིས་ཞེས་བྱ་བ་ནི་དུས་གསུམ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང༌། འདུས་མ་བྱས་བཞི་དང༌། ཁ་དོག་བཅུ་གཉིས་དང༌། དབྱིབས་བརྒྱད་དང༌། འདི་དག་ལ་སོགས་པ་རྫས་སུ་ཡོད་པར་འདོད་ཅིང༌། དོན་དམ་པར་ཡང་དེ་བཞིན་དུ་ལྟ་བས་ན་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱའོ། །རྣམས་ཀྱི་ཞེས་པ་སྔ་མ་འདས་པའི་དགེ་ཚུལ་དང༌། ད་ལྟར་བྱུང་བའི་དགེ་ཚུལ་དང༌། མ་འོངས་པའི་དགེ་ཚུལ་དང༌། དེ་དག་གི་བྱ་བ་ཡིན་པས་ན་རྣམས་ཞེས་བྱའོ། །དགེ་ཚུལ་ཞེས་པ་ནི་ངལ་བ་བྱེད་པའི་དོན་ཏོ། །ཁ་ཏོན་བྱ་བ་ལ་སོགས་པས་དུབ་ཅིང་ངལ་བའི་ཕྱིར་ཏེ། དོན་དུ་ན་དགེ་བ་ལ་བརྟུན་པའམ། དགེ་བ་སྤྱོད་པ་ལ་དགེ་ཚུལ་ཞེས་བྱ་སྟེ། ཞིབ་ཏུ་འོག་ནས་འཆད་དོ། །བྱ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། བསྒྲུབ་པར་བྱ་བ་དང༌། བསྲུང་བར་བྱ་བའོ། །དེ་ལ་བསྒྲུབ་པར་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་བོ། །བསྲུང་བར་བྱ་བ་ནི་ཚུལ་ཏེ་བསླབ་པར་བྱ་བའོ། །ཡང་ན་དགེ་ཚུལ་དུ་གྱུར་པའམ། དགེ་ཚུལ་གྱིས་ཇི་ལྟར་བྱ་བའོ། །མགོན་པོ་ཞེས་བྱ་བ་ནི་སངས་རྒྱས་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་རྟེན་དང་དཔུང་གཉེན་དུ་གྱུར་པས་ན་མགོན་པོ་ཞེས་བྱའོ། །ཐམས་ཅད་ཅེས་བྱ་བ་ནི་ཕྱི་ནང་གི་རྒྱུ་རྐྱེན་དང༌། དུས་གསུམ་དང༌། དུས་ཀྱིས་བསྐལ་པ་དང༌། རང་བཞིན་གྱིས་བསྐལ་པ་ལ་སོགས་པའོ། །མཁྱེན་དང་ཞེས་པ་ནི། ཐོགས་པ་དང་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱིས་རྟག་ཏུ་སེམས་པ་རྣམས་དང༌། ཤེས་བྱ་མཐའ་དག་མ་ལུས་པར་མཁྱེན་པའོ། །ཆོས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་བྱ་བ་སྟེ། དེ་ལ་འདུལ་བས་ནི་དུལ་བར་བྱས། མདོ་སྡེས་ནི་ཞི་བར་བྱས། མ་མོས་ནི་མྱ་ངན་ལས་འདས་པར་བྱེད་པའི་ཕྱིར་ཆོས་ཞེས་བྱའོ། །ཡང་ན་ཡིག་འབྲུ་ཙམ་ལ་མི་བྱའི། མྱ་ངན་ལས་འདས་པའི་ལམ་གང་ཟག་ལ་བདག་མེད་པའི་ཆོས་སོ། །འཕགས་པའི་ཞེས་བྱ་བ་ནི། ཁམས་གསུམ་གྱི་ཉོན་མོངས་པ་ལས་རིང་དུ་གྱུར་པའམ། རྒྱང་བསྲིངས་པའི་ཕྱིར་འཕགས་པའོ། །ཚོགས་ལ་ཞེས་བྱ་བ་ནི་དེ་ཡང་གང་ཞེ་ན། ཟག་པ་ཟད་པ། ཁུར་བོར་བ།


DTG167_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་དག་སྟེ། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱི་ཚོགས་ཏེ། དེ་དག་འདུས་པ་ལ་བྱའོ། །ཡང་ན་ད་ལྟར་གྱི་དགེ་འདུན་བཞི་ཡན་ཆད་དོ། །དེ་ལ་ཟག་པ་ནི་འདོད་པ་དང་མ་རིག་པ་དང༌། ལྟ་བ་དང༌། སྲིད་པའི་ཟག་པའོ། །ཁུར་བོར་བ་ནི་ཕུང་པོ་ལྔའི་ཁུར་བོར་བའོ། །དགྲ་བཅོམ་པ་ནི་ལས་གཅིག་དང་ཉོན་མོངས་པའི་དགྲ་བཅོམ་པའམ་བདག་ཏུ་འཛིན་པའི་དགྲ་བཅོམ་པའོ། །ཕྱག་འཚལ་ཏེ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ལུས་དང༌། ངག་དང༌། ཡིད་ཀྱིས་ཕྱག་བྱ་བའོ། །དེ་ལ་ལུས་ཀྱིས་ཕྱག་བྱ་བ་ནི། ལུས་སྨད་ལྔས་ལ་གཏུགས་པའོ། །ངག་གིས་ཕྱག་བྱ་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང་བསྟོད་པ་བྱེད་པའོ། །ཡིད་ཀྱིས་ཕྱག་བྱ་བ་ནི། སངས་རྒྱས་དག་མངོན་པར་བཞུགས་པར་རྩེ་གཅིག་ཏུ་དམིགས་པའོ། །དེ་ལ་ཡང་ནད་པ་ཚབས་པོ་ཆེའི་ནི་ཡན་ལག་དང་ལྡན་པས་བྱའོ། །ནད་པ་ནི་ཡན་ལག་གཉིས་དང་ལྡན་པས་སོ། །མི་ན་བས་ནི་ཡན་ལག་གསུམ་ཀས་སོ། །དགེ་བ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་དགེ་བ་སྟེ། དེ་ལ་ལུས་ཀྱི་སྒོ་ནས་དགེ་བ་ནི། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་སྤོང་བའོ། །ངག་གི་དགེ་བ་ནི་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཐུན་ཚགས་སུ་སྨྲ་བ་དང༌། ཚིག་རྩུབ་མོ་དག་སྤངས་པའོ། །ཡིད་ཀྱི་དགེ་བ་ནི་ལོག་པར་ལྟ་བ་དང༌། ངན་དུ་སེམས་པ་དང༌། ཆགས་སེམས་སྤངས་པའོ། །ཡང་ན་ལུས་ཀྱི་དགེ་བ་སྤྱོད་ལམ་བཞི་མཛེས་པ་དང༌། ངག་གི་དགེ་བཅལ་ཅོལ་དུ་མི་སྨྲ་ཞིང་དུས་སུ་སྨྲ་བ་དང༌། ཡིད་ཀྱི་དགེ་བ་དཀོན་མཆོག་གསུམ་རྗེས་སུ་དྲན་ཞིང་ཚད་མེད་པ་བཞི་དང་ལྡན་པའོ། །ཚུལ་གྱི་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་བཞིའོ། །ཆོ་ག་རྣམས་ཞེས་བྱ་བ་ནི། ཚུལ་ཁྲིམས་བཅུ་དང༌། དགེ་ཚུལ་རྣམས་ཀྱི་ཆོ་གའོ། །མདོ་ཙམ་ཞེས་བྱ་བ་ནི་འདུལ་བ་འབུམ་པའི་ནང་ནས་དགེ་སློང་ཁྲིམས་ཉིས་བརྒྱ་ལྔ་བཅུ་འབྱུང་བ་ལས་དགེ་ཚུལ་མི་སྲུང་བ་ནི་དགེ་འདུན་ལྷག་མ་བཅུ་གསུམ་དུ་ཟད་མོད་ཀྱི། ཐམས་ཅད་ནི་ལྷག་ཏུ་མ་མཆིས་ཏེ་རྩ་བ་ཉི་ཚེ་བཏུས་པས་ན་མདོ་ཙམ་ཞེས་བྱའོ། །ངེས་པར་ཞེས་བྱ་བ་ནི། མཁན་པོས་རང་བཟོ་བྱས་པ་ནི་མ་ཡིན་གསུངས་རབ་ཀྱི་ལུང་


DTG167_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ནང་ནས་བཏུས་པས་ན་ངེས་པ་ཞེས་བྱ་བའོ། །བཤད་པར་བྱ་ཞེས་པ་ནི་བསྟན་པ་དང་བཤད་པ་དང༌། སྨྲས་པ་ཞེས་པ་ནི་རྣམ་གྲངས་སོ། །ཡང་ན་དེ་ལྟར་ཕྱག་བཙལ་བ་དང༌། དམ་བཅས་པ་དང་གདམས་ངག་ལྟ་བུར་སྟོན་ཏོ། །ཤཱཀྱ་ཞེས་པ་ནི་དེ་ཡང་སྟོན་པ་རྣམས་ཀྱིས་དམ་བཅས་པས་སྔོན་ཏེ། གང་ཞེ་ན། ཁྱིམ་པའི་རིགས་ཡོངས་སུ་དག་པ་དང༌། རབ་ཏུ་བྱུང་བའི་རིགས་ཡེ་ཤེས་ཡོངས་སུ་དག་པར་བསྟན་ཏོ། །དེ་ལ་ཤཱཀྱ་ཞེས་བྱ་བ་ནི་རིགས་བཞི་ཡོད་པས་རྒྱལ་རིགས་ཀྱི་ནང་ན་ཡང་ཤཱཀྱའི་རིགས་གཙང་ཞིང་ཁ་དྲག་པའི་ནང་དུ་བཅོམ་ལྡན་འདས་འདུལ་བའི་དབང་གི་ཕྱིར་དགའ་ལྡན་གནས་ནས་རིགས་དེར་སྐྱེས་པ་ན་རིགས་ལ་མཚན་དུ་གསོལ་ཏོ། །ཤཱཀྱའི་བསྟན་པ་ལ་བདག་ཉིད་དད་པས་རབ་ཏུ་བྱུང་བས་ལུས་བཞིན་བསླབ་པ་བསྲུང་བར་བསྟན་ཏོ། །སེང་གེ་ཞེས་པ་ནི་བྱོལ་སོང་གི་རྒྱལ་པོ་སེང་གེ་རལ་པ་ཅན་ཇི་ལྟར་རི་དགས་ཐམས་ཅད་ཟིལ་གྱིས་གནོན་པ་དེ་བཞིན་དུ་སངས་རྒྱས་ཀྱང་མུ་སྟེགས་ཅན་དང་ཕྱིར་རྒོལ་བ་ཐམས་ཅད་སྦ་བཀོང་ཞིང་ཟིལ་གྱིས་གནོན་པར་མཛད་དེ། །སེང་གེ་དང་འདྲ་བའི་ཕྱིར་དཔེ་དེ་ལས་མཚན་དུ་གསོལ་ཏོ། །འདིས་ནི་རབ་ཏུ་བྱུང་བའི་ཡོངས་སུ་དག་པར་སྟོན་ཏོ། །བསྟན་པ་ལ་ཞེས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་གསུམ་སྟེ། ཐེག་པ་ཆེན་པོའི་གསུང་རབ་མདོ་སྡེ་བཅུ་གཉིས་ལ་བྱའོ། །དད་པས་ཞེས་པ་ནི་དཀོན་མཆོག་གསུམ་དང་ལྡན་པ་བཞི་དང༌། ལས་དང་འབྲས་བུ་ལ་ཡིད་ཆེས་ཤིང་མངོན་པར་དད་པས་སེམས་དང་བའོ། །རབ་ཏུ་བྱུང་བས་ཞེས་པས་རབ་ཏུ་བྱུང་བ་ལ་རྣམ་པ་བཞི་སྟེ། ཕྱི་རོལ་གྱི་རྐྱེན་གྱིས་ཕོངས་ཏེ་རབ་ཏུ་བྱུང་བ་ནི་མ་སྨོས་ཏེ། འདིར་ནི་ཁྱིམ་པའི་མཚན་མ་སྤངས་ཏེ། དགེ་ཚུལ་གྱི་མཚན་མ་དང་ལྡན་པ་ཡིན་གྱི། རྐྱེན་གྱིས་རབ་ཏུ་བྱུང་བ་ནི་མ་ཡིན་ནོ། །བརྟུལ་ཞུགས་ཞེས་པ་ནི་མུ་སྟེགས་ཀྱི་བརྟུལ་ཞུགས་ཞེས་བྱ་བ་ཡོད་མོད་ཀྱི། འདིར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡི་དམ་དུ་འཛིན་པ་ལ་བརྟུལ་ཞུགས་ཞེས་བྱའོ། །བརྟན་པས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དེ་ཡང་སྐད་ཅིག་གམ་ལོ་ཟླའི་བར་དུ་སྡོམ་པ་བླངས་ཏེ་དེ་ལ་གནས་པ་མ་ཡིན་གྱི་ན་མ་འཚོའི་བར་དུའམ་སྙིང་བོ་བྱང་ཆུབ་ལ་ཐུག་གི་བར་དུ་ཞེས་དམ་


DTG167_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ནི་བརྟན་པས་ཏེ། ཇི་ལྟར་དང་པོ་ཡི་དམ་བཅས་པ་ལས་སླར་མི་ལྡོག་ཅིང་མི་ནུར་བ་ནི་བརྟན་པར་བྱའོ། །སྡོམ་པ་ལ་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བག་བྱ་བའི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་གོ །དེ་ལ་ལུས་དང༌། ངག་དང༌། ཡིད་ཀྱི་སྒོ་གསུམ་སྡོམ་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ། །ཆང་མི་འཐུང་བ་ནི་བག་བྱ་བའི་ཡན་ལག་གོ །ལྷག་པ་རྣམས་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ །རབ་བསྒྲིམས་ཏེ་ཞེས་པ་ནི་ནན་ཏན་གྱིས་འབད་པའི་དོན་ཏོ། །ཡང་ན་དཀའ་ཐུབ་བསླབ་པ་ལ་ཐེ་ཚོམ་དང་ནེམ་ནུར་མེད་པར་བསླབ་པ་ལ་རིམ་གྲོ་བྱ་བའོ། །ཡང་ན་ཉེས་བྱས་ཡན་ཆད་ལ་འཛེམ་པ་སྟེ། དཔེར་ན་རྒྱལ་བུ་རྒྱང་གྲགས་གཅིག་ཏུ་མར་ཁུ་ཁྱེར་བ་དང་འདྲ་བར་བལྟའོ། །ཡང་ན་བདག་གི་ལུས་ལ་རྨའི་སྐྱོན་སྤངས་པ་བཞིན་དུ་བསྒྲིམས་ཏེ་ཤིན་ཏུ་བག་བྱའོ། །བདག་གི་ལུས་བཞིན་བསླབ་པ་སྲུངས། །ཞེས་པ་ནི་དཔེར་ན་སེམས་ཅན་ཐམས་ཅད་ནི་བདག་གི་ལུས་ལས་འཕགས་པ་མེད་དེ། དེ་ལ་སྐྱོན་བྱུང་དི་དོགས་ནས་རིམ་གྲོ་བྱེད་ཅིང་འབད་པ་དེ་བཞིན་དུ། ཚུལ་དང་པོ་ཆོ་ག་དང་ཁྲིམས་བཅུ་ཐམས་ཅད་ལ་ཡང་སྐྱོན་མི་འབྱུང་བར་བསྲུང་ཞིང་འབད་པར་བྱའོ། །ནམ་གྱི་ཆ་སྨད་མལ་ནས་ལངས། །ཞེས་པ་ནི་རྒྱ་གར་གྱི་ཚུལ་གྱིས་མཚན་གཅིག་ལན་ནམ་གྱི་བཞི་ཆར་བགོས་ཏེ། བཞི་ཆ་གསུམ་འདས་ནས་གཅིག་ལུས་པ་ཙམ་ན་མི་ཉལ་བར་ཙོག་བུར་འདུག་སྟེ་སེམས་གསལ་བར་བྱའོ། །ནམ་ལངས་བར་དུ་ཞེས་པ་ནི་ནམ་མཁའ་ལ་ཉི་མའི་འོད་ཀྱིས་ཁྱབ་པར་བཤད་པའམ། ཡང་ན་ནམ་ལངས་པའི་ཚད་ནི་ལག་མཐིལ་གྱི་རི་མོ་སྣང་བ་ལ་གཟུང་ངོ༌། །ཁ་དོན་དུ་བྱ་ཞེས་བ་ནི་མདོ་སྡེའམ། འདུལ་བའམ། སྔགས་སམ་གང་བསླབ་པ་ལ་རྒྱུན་དུ་དྲན་པར་བྱ་བའི་ཕྱིར་ཁ་དོན་བྱའོ། །གདོང་དང་སོ་ཡི་དྲི་བཀྲུས་ནས། །ཞེས་པ་ནི། ནམ་ལངས་ནས་ཀ་ཤི་པ་ལྟ་བ་ལ་ཕྲག་པ་ལ་ཐོགས་ཏེ། དྲན་པ་དང་ལྡན་བཞིན་དུ་ཕྱི་རོལ་དུ་ཁ་གདོང་དག་པར་བཀྲུའོ། །དེ་ལྟར་ཡང་སྒེག་ཅིང་ཆགས་པའི་ཕྱིར་ནི་མ་ཡིན་གྱི། སྐྱེ་བོ་དག་གིས་མི་འཕྱས་པ་དང༌། དཀོན་མཆོག་གི་སྤྱན་སྔར་མི་མཛེས་པ་སྤངས་པའི་ཕྱིར། ཁ་གདོང་དང་སོའི་དྲི་མ་བཀྲུས་ནས་གཙང་བར་བྱའོ། །རྫོགས་ཞེས་བྱ་བ་ནི་མཁྱེན་པ་དང་


DTG167_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཐར་ཕྱིན་པར་བྱ་བ་རྫོགས་པ་ལ་བྱ་བའམ། ཡང་ན་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ཏེ་རྫོགས་པ་ལ་ཡང་བྱ། །སངས་པ་ནི་མ་རིག་པ་ལ་སོགས་པའི་གཉིད་དང་མི་ཤེས་པའི་སྒྲིབ་པ་ལས་སངས་པ་སྟེ། དཔེར་ན་མི་གཉིད་ཀྱིས་ལོག་པ་ལས་སངས་པ་བཞིན་ནོ། །རྒྱས་པ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་ཞིག་རྒྱས་པ་སྟེ། དཔེར་ན་པདྨ་རྒྱས་པ་བཞིན་ནོ། །ལ་གུས་ཕྱག་བྱ་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བཞུགས་པར་བསམས་ཏེ། དེ་ལ་མཆོད་པ་དང་སྐོར་བ་ལ་སོགས་པ་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞེས་འབྱུང་བས། ཉན་ཐོས་དག་ལ་མི་བྱ་བར་སྟོན་ཏོ། །བླ་མ་གནས་པའི་སྒོ་གླགས་ལ། །ཞེས་པ་ནི། ཐམས་ཅད་ཀྱི་གམ་དུ་འགྲོ་ན་ཡང་སྒོ་བརྡུང་མོད་ཀྱིས། འོན་ཀྱང་ཞུ་བའི་ཕྱིར་འགྲོ་བ་ཡིན་པས་མཁན་པོའམ་སློབ་དཔོན་གང་ན་བཞུགས་པ་དེ་བླ་མ་ཞེས་བྱའོ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་པ་ནི་ཧ་ཅང་དྲག་པར་མི་བརྡུང་སྟེ། རན་པར་དལ་གྱིས་བརྡུང་བར་བྱས་ཏེ། སུ་ཡིན་ཞེས་ཟེར་ན་མིང་ནས་ཕྱུང་སྟེ་ནང་དུ་ཤོག་ཅིག་ཟེར་ན་འགྲོ་ཞིང་ཅི་ཡང་མི་ཟེར་ན་ལན་གསུམ་གྱི་བར་དུ་བརྡུང་ངོ༌། །འོན་ཀྱང་ཅང་མི་ཟེར་ན་བླ་མ་གཞན་དག་ལ་ཞུས་ལ་མཎྜལ་དག་བྱའོ། །ནང་ཞུགས་གུས་པས་བླ་མ་ལ། །ཞེས་པ་ནི། ནང་དུ་འགྲོ་བའི་ཚ་སྒེ་དལ་གྱིས་ཕྱེ་ལ་ཐུག་ཆོམ་མེད་པར་བྱ། དེ་ནས་ནང་དུ་ཕྱིན་ནས་གུས་པར་ཐལ་མོ་སྦྱར་ཏེ། དེ་ལ་ཐོག་མར་ཕྱག་བྱས་ནས་པུས་མོ་ས་ལ་བཙུགས་ནས་འདུག་པར་བྱའོ། །ཁམས་བདེ་མི་བདེ་ལ་སོགས་དྲི། །ཞེས་པ་ནི། འབྱུང་བ་ཆེན་པོ་བཞིའི་ཁམས་མི་མཉམ་པ་ལས་ནང་དུ་གྱུར་པས་ཐུགས་བདེའམ་མི་བདེ་ཞེས་གུས་པར་སྙུན་གསོལ་ཏོ། །འདི་མན་ཆད་མ་རབས་སྤངས་པར་བྱའོ་ཞེས་སྟོན་ཏོ། །འདི་དག་བྱ་ཞེས་དྲིས་ནས་ནི། །ཞེས་པ་ནི། ཆག་ཆག་གདབ་མཎྜལ་བགྱི་བ་སྤྱིར་སུག་ལས་འཚལ་བགྱི་བ་མཆིས་ན་ཡང་ཚུལ་ལས་མི་འགལ་བར་འཚལ་ཞེས་ཞུའོ། །དཀྱིལ་འཁོར་ཞེས་པ་ནི་གྲུ་བཞི་དང་ཟླུམ་པོ་དང༌། ཟླ་གམ་ལ་སོགས་པའོ། །ལ་སོགས་རྣམས་བྱ་ཞེས་པ་ནི། སྨོན་ལམ་གདབ་པ་ཡན་ཆད་མཆོད་པའི་ཆོ་ག་རྫོགས་པར་བྱེད་པར་འཚལ་པའི་དོན་ཏོ། །ཉ་ཕྱིས་ལ་སོགས་ཆུ་བརྟག་སྟེ། །ཞེས་


DTG167_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྲོག་ཆགས་ལ་སྙིང་བརྩེ་བའི་ཕྱིར་ཁར་ཕོར་དུང་ཕོར་ཉ་ཕྱིས་འདབ་མ་བུམ་པ་ལ་སོགས་པའི་ནང་དུ་སྐྱེ་བོ་ཡོད་དམ་མེད་བརྟག་གོ །སྟེང་དང་བར་གཏིང་རིམ་བཞིན་ནོ། །ཞེས་བྱ་བ་ནི་ཉ་ཕྱིས་ལ་སོགས་ཆུས་བཀང་བ་ལ་ཆུའི་སྟེང་དང་དབུས་དང་ཞབས་སུ་ཕྲ་མོ་ཅི་ཡོད་པ་རིམ་པ་བཞིན་དུ་བརྟག་གོ །ཉ་ཕྱིས་ལ་སོགས་མེད་ན་ཡང༌། །ཞེས་བྱ་བ་ནི་ཆུ་བརྟག་པའི་སྣོད་ཉ་ཕྱིས་ལ་སོགས་པ་མེད་ན་འོག་ནས་འབྱུང་བ་བཞིན་བྱའོ། །སྐྱོར་བ་འམ་འདབ་མས་བུམ་པ་དགང༌། །ཞེས་པ་ནི་རྐྱེན་ཞིག་བྱུང་སྟེ་ཆ་བརྟག་པའི་སྣོད་མེད་ན་ལག་པའི་སྐྱོར་བ་འམ་ཤིང་གི་འདབ་མ་འམ་ཤོ་མང་ལ་སོགས་པའི་ནང་དུ་ཆུས་བཀང་སྟེ་བརྟག་གོ །ཆུ་ཡི་སྐྱེ་བོ་ཆེ་ཆུང་རྣམས། །ཞེས་པ་ནི། ཆུའི་ནང་དུ་སྐྱེས་པའི་སྐྱེ་བོ་ཆེ་ཕྲ་རྣམས་ཏེ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེས་པས་ན་སྐྱེ་བོ་ཞེས་བྱ་སྟེ། དབང་མེད་པར་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །འདིའི་སྐབས་སུ་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་པའི་ཚུལ་མི་བྱའོ། །ཡུན་མི་རིང་བ་ར་ནན་ཏན་བལྟ། །ཞེས་པ་ནི། སེམས་ཅན་ཡོད་དམ་མེད་པའི་བརྟགས་པའི་ཚད་ནི། ཤིང་རྟའི་འཁོར་ལོ་འོད་མས་བཀང་བ་གླང་དོར་དྲུག་གིས་ལན་ཅིག་འཁོར་བའི་ཚད་ཀྱིས་བཟུང་སྟེ། དེ་ལས་ཡུན་ཐུང་ན་ཡང་མི་རྟོགས། ཡུན་རིང་ན་ཡང་མིག་སྦྲིད་དེ་མི་མཐོང་བས་ཅི་རན་དུ་བརྟག་པའི་ཚད་ནི་འདི་ཡིན་ནོ། །སྙིང་རྗེ་ཅན་གྱིས་ཁུ་བ་རྣམས། །ཞེས་པ་ནི་སྙིང་རྗེ་ནི་རྒྱུ་ཡིན་ཏེ། དེ་དང་ལྡན་པས་ཚོད་མའི་ཁུ་བ་དང་རྩབ་མོའི་ཁུ་བ་ལ་སོགས་པ་ཤིན་ཏུ་ལེགས་པར་བརྟག་གོ །རབ་ཏུ་བརྟགས་ཏེ་སྤྱད་པར་བྱ། །ཞེས་པ་ནི། ཇི་ལྟར་ཆུ་བརྟགས་པ་བཞིན་དུ་འཕྲལ་དུ་སྤྱད་དུ་དགོས་པའམ། བཏུང་བ་ལ་སོགས་པ་ཡང་དེ་བཞིན་དུ་བརྟག་གོ །སྲོག་ཆགས་ཡོད་ན་ལེགས་པར་བཙག །ཅེས་པ་ནི། སྲོག་ཆགས་ལ་མི་གནོད་པར་བྱ་བའི་ཕྱིར། གལ་ཏེ་ཆུ་ཚགས་ཀྱི་རས་དེ་ཐགས་བཟང་པོ་ཞིག་ལ་བཙགས་ཏེ། ཆུ་འཛག་ཏུ་མི་བཏུབ་པ་དང༌། ཆང་བཙིར་གྱིས་བཙིར་ན་སྲོག་ཆགས་ཞར་བར་འགྱུར་བའི་ཕྱིར་དེ་ལྟར་མི་བྱ་སྟེ། ཆུ་ཚགས་ཀྱི་རས་ཀྱི་དང་དུ་བག་ཡངས་སུ་བཙག་གོ །སྲོག་ཆགས་རྣམས་ལ་གནོད་མི་བྱ། །ཞེས་པ་ནི། ཆུ་ཚགས་ལ་ཆགས་ཤིང་འདུག་པའི་སེམས་ཅན་རྣམས་ཐང་ལ་སོགས་པར་མི་དོར་བར་གང་ནས་འོངས་པའི་གནས་དེར་སླར་ལེགས་པར་


DTG167_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་ལོ། །རྩྭ་དང་ཞེས་པ་ནི་གོས་སྐམས་པའམ། བཙོ་བླག་བྱས་པའི་གཞིའི་རྩྭ་དག་གོ །ལྕི་བ་ཞེས་པ་ནི་དཀྱིལ་འཁོར་དང༌། བཀྲུ་བཤལ་བྱ་བ་དང་གནས་ཁང་དུ་བྱུག་པ་ལ་སོགས་པ་དག་གོ །ཤིང་ཞེས་པ་ནི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དག་གིས་གནང་བའི་ཤིང་ངམ། ལྡམ་ལྡུམ་དག་གོ །ལ་སོགས་ཞེས་པ་ནི་དགེ་སློང་དང་དགེ་ཚུལ་གྱི་ཡོ་བྱད་ཀྱི་དགོས་པ་ཀུན་བསྡུའོ། །དགོས་པ་གང་དང་གང་ཡང་རུང༌། །ཞེས་པ་ནི་དགོས་སོ་ཅོག་སྟེ། སྒོ་དང་ཚ་དང་ཚོད་མ་དང༌། འབྲུ་དང་ཤིང་ཐོག་དང་ཞོ་དར་ལ་སོགས་པ་དང༌། ཚོན་དང་སེན་མོད་ཆུ་དང་མེ་ལ་སོགས་པ་བརྟག་གོ །དེ་དག་སྲོག་ཆགས་མེད་པར་བྱ་སྟེ་ཞེས་པ་ནི། རྩྭ་ལ་སོགས་པ་ཅི་དགོས་པ་ཐམས་ཅད་ལ་སེམས་ཅན་མེད་པར་བྱའོ། །སྡོམ་པ་ཞེས་པ་ནི་ལུས་དང་ངག་གི་ཉེས་པ་སྡོམ་པའོ། །སྲོག་ཆགས་ཞེས་པ་ནི་སྐྱེས་གནས་བཞི་ལས་སྐྱེས་པའི་འཚོ་བའི་དབང་པོ་དང་ལྡན་པའོ། །བསད་པ་བསྲུང་ཞེས་པ་ནི། ལུས་དང་ངག་དང་ཡིད་གསུམ་སྔོམ་པ་དང་ལྡན་པས་ལུས་ཀྱི་ཉེས་པ་གསོད་པ་སྟེ་དེ་ཡང་བསྲུང་ངོ༌། །གསོད་པ་ཞེས་པ་ནི་འཚོ་བ་དང་བྲལ་བར་བྱེད་པའོ། །འདི་ཡན་ཆད་ནི་གནོད་པ་སྤངས་པར་བསྟན་པའོ། །བསྟན་ཞེས་པ་ནི་མཁན་པོའམ་སློབ་དཔོན་གྱི་སྒོམ་པ་དང་དགེ་བ་སྤྱོད་པའི་སར་སྟན་ནས་ཁྲིའུ་དག་གང་དགོས་པ་གདིང་ངོ༌། །ཆུ་ཞེས་པ་ནི་ཕྱི་རོལ་ཆེ་ཆུང་དང་རིལ་བ་བཀྲུ་བ་དང༌། ལུས་ཀྱི་ཁྲུས་བྱ་བ་ལ་སོགས་པའི་ཆུའོ། །ས་ཞེས་པ་ནི་ཕྱི་རོལ་ཆེན་པོའི་བཀྲུ་བའི་ས་དང་མཎྜལ་བྱ་བའི་ས་དག་གོ །སོ་ཤིང་ཞེས་པ་ནི་ནང་པར་གྱི་སོ་ཤིང་དག་ཀྱང་བྱས་ཏེ་གཞག་གོ །འདག་པའི་ཆལ་ཡང་སྟ་གོན་བྱ། །ཞེས་པ་ནི་ལྕི་སྐམ་གྱི་རིལ་བུར་བྱས་ཏེ། སྨྱུག་མའི་གསེབ་ཏུ་གཟེར་བུ་ལ་བཅུག་ལ་ཆབ་ཁུང་ཆེ་ཆུང་གི་སར་གཞག་གོ །རྒྱ་གར་གྱི་ནི་བ་གླང་གཞོན་ནུའི་ལྕི་བ་དང་ས་བསྲེས་ཏེ་རིལ་བུར་བྱས་ནས་དེས་འཁྲུ་བས་ན་དེ་དག་འདག་པའི་ཆལ་ཞེས་བྱའོ།། ཡང་ན་བུལ་ཏོག་དང་སག་པས་དྲི་མ་འདག་པར་བྱེད་པས་ན་འདག་པའི་ཆལ་ཞེས་དེ་དག་ཀྱང་མཁན་པོ་དང་སློབ་དཔོན་གྱི་ཕྱིར་སྟ་གོན་བྱའོ། །ལྷུང་བཟེད་བཀྲུ་བ་ལ་སོགས་པ་དང་ཞེས་པ་ནི། བདག་ཉིད་ལྷུང་བཟེད་དང་ཁམ་ཕོར་ཁ་གཟར་ལ་སོགས་པ་བཀྲུས་ཏེ་གྲོང་དུ་འཇུག་པར་བྱའོ། །ཟས་


DTG167_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བའི་ཚེ་བཤལ་མ་དང་ཟོས་ཟིན་ནས་བཀྲུ་ཞིང་སྐམས་ཏེ་གནས་སུ་གཞག་གོ །བླ་མའི་དགོས་པ་ཐམས་ཅད་བྱ། །ཞེས་པ་ནི་དགེ་སློང་ཐམས་ཅད་ཀྱང་བླ་མ་བཞིན་གྱི། སྐབས་འདིར་ནི་དེ་དག་ལ་མི་བྱའོ། །གནས་བཅས་པ་རྣམས་བླ་མ་ཞེས་བྱ་སྟེ། དེའི་དགོས་པ་ཐམས་ཅད་ཀྱང་བྱའོ། །འདི་མན་ཆད་ནི་ང་རྒྱལ་མེད་པར་བསླབ་པའི་རིམ་པར་བྱེད་པར་སྟོན་ཏོ། །དེ་ནས་དུས་རིག་ཕྱག་བྱ་སྟེ། །དུས་རྣམ་པ་གཉིས་ཏེ། བསོད་སྙོམས་ལ་འཇུག་པའི་དུས་ཤེས་པར་བྱ་བ་དང༌། གཙུག་ལག་ཁང་ན་འདུག་པའི་ཚེ། གཎྜཱི་བརྡུངས་ན་དུས་སུ་རིག་པར་བྱ་སྟེ་དེ་གཉིས་གང་ཡིན་པ་ལ་ཚུལ་བཞིན་དུ་བྱའོ། །དེ་བཞིན་གུས་པས་ཐལ་སྦྱར་ནས། །ཞེས་པ་ནི་བླ་མ་ལ་གུས་པའི་ཚུལ་དེ་ལྟར་བྱའོ། །འཚལ་མ་འཚལ་ཞེས་བླ་མ་ལ། །ཞེས་པ་ནི་གསུམ་གྱི་ཞུ་བའི་ཚུལ་བཞིན་དུ་བྱའོ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ཞེས་པ་ནི་སངས་རྒྱས་ཀྱི་བཀའ་ལུང་བཞིན་དུ་བྱེད་པ་ནི། བརྟུལ་ཞུགས་ཅན་ཞེས་བྱ་སྟེ་དགེ་ཚུལ་བཞིན་དུ་ཞུ་བ་ལ་བྱའོ། །ལག་པ་བཀྲུས་ནས་ཞེས་པ་ནི་གདུགས་ཚོད་ལ་བབ་པའི་ཚེ་ལག་པ་དག་པར་བཀྲུའོ། །ཚུལ་བཞིན་དུ་ཞེས་པ་ནི་ཟན་ཟ་བའི་ཚེ་ཁམ་གྱིས་ཁ་བཀང་སྟེ་མི་སྨྲ་བ་དང༌། ཕུ་ཕུ་དང༌། ཅག་ཅག་དང། རྐན་གཏོགས་པ་དང༌། གཞི་བ་པའི་རོ་མྱང་བ་དང༌། འགྲམ་པ་སྤོ་བ་དང༌། སྒྲ་དང་ཁམ་འཕྲོ་ལ་སོགས་པར་མི་བྱའོ། །དེ་ནི་མི་སྨྲ་ཞེས་པ་ནི་ཟས་ཟ་བའི་ཚེ་བདག་གཙང་སྦྱོར་ཞིག་ཡིན་ན་ནི་སྨྲའོ། །གཙང་སྤྱོར་ཡིན་ཏེ་སྨྲ་ན་ཡང་ཁ་ཟས་ཡོད་བཞིན་སྨྲ་བར་མི་བྱའོ། །ཚོད་རིག་བྱ་ཞེས་པ་ནི་ཧ་ཅང་འགྲངས་པ་ཡང་མ་ཡིན། བཀྲེས་པ་ཡང་མ་ཡིན་པར་ཟས་ཀྱི་ཚོད་རན་པར་བྱའོ། །འཁྲུ་བའི་ནད་ལས་བཟློག་པའི་ཕྱིར། །ཞེས་པ་ནི་ཞིམ་པ་དང་ཆགས་པའི་ཕྱིར་བཟའ་བ་མ་ཡིན་གྱི། དགེ་བ་སྤྱད་པའི་ཕྱིར་ལུས་གསོ་བའོ། །ཅིའི་ཕྱིར་ཞེ་ན། ལུས་ནི་ཁམས་གསུམ་གྱི་སྐྱེ་ཤི་ལས་སྒྲོལ་བའི་གཟིངས་ལྟ་བུ་ཡིན་པས་དེའི་ཕྱིར་ལུས་གསོ་བར་བྱའོ། །བཟའོ་སྙམ་པའི་སེམས་ཀྱིས་བཟའ། །ཞེས་པ་ན་དེ་ལྟ་བུའི་འདུ་ཤེས་ཀྱིས་ཁ་ཟས་བཟའོ། །ཟོས་ཤིང་དེ་བཞིན་འཐུངས་པ་དང༌། །ཞེས་པ་ནི། གདུགས་ཚོད་ཟོས་ཏེ་བཏུང་བ་ལས་རྩ་བ་མོ་འཐུངས་པ་ལ་སོགས་པ་འཐུངས་


DTG167_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚུལ་འོག་ནས་འབྱུང་བ་བཞིན་བྱའོ། །འདི་མན་ཆད་ནི་ཁ་བཀྲུ་བའི་ཆོ་ག་སྟོན་ཏོ། །རུང་བའི་ཆུ་ཡིས་ཞེས་པ་ནི་སྔར་བཙགས་ནས་བཞག་པའི་ཆུ་དེས་ཁ་ལན་གསུམ་བཤལ་ཏེ། བོར་ནས་ལན་ཅིག་ཅི་རན་ཙམ་ཞིག་ལྟོ་བར་བཏུང་ངོ༌། །དེའི་འོག་ཏུ་ཞེས་པ་ནི་ཟས་ཟོས་པའི་འོག་ཏུ་འོག་ནས་འབྱུང་བ་བཞིན་དུ་བྱའོ། །སྦྱིན་པ་ཡང་དག་སྤེལ་བའི་ཕྱིར། །ཞེས་བྱ་བ་ནི་ཁ་བཀྲུས་ནས་ཡོན་བདག་གི་བསོད་ནམས་ཕྱིན་ཅི་ལོག་ཏུ་འཕེལ་བ་དག་དགག་སྟེ། སྔོན་བྲམ་ཟེས་སྨོན་ལམ་བཏབ་པས་དགེ་སློང་ལྔ་བརྒྱ་གླང་དུ་སྐྱེས་པ་དག་དགག་པའི་ཕྱིར་རོ། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་པ་ནི་ཞལ་ནས་གསུངས་པའི་ཚིགས་བཅད་གཅིག་དང་བདག་ལ་བསྔོ་བའི་ཚིགས་བཅད་གཅིག་སྟེ་གཉིས་ཤིག་བརྗོད་པར་བྱའོ། །འདི་མན་ཆད་ནི་འཚལ་མ་འཚལ་ཞེས་དེའི་འོག་ཏུ་དགེ་བ་ཇི་ལྟར་བྱ་བའི་གོ་རིམས་དང་ཐབས་བསྟན་པའོ། །མན་ངག་ཡོད་ན་བསམ་གཏན་བྱ། །ཞེས་པ་ནི། དགེ་བའི་བཤེས་གཉེན་གྱི་བསམ་གཏན་གྱི་ལུང་སྟོན་པས་ཏེ་བསམ་གཏན་དང་པོ་ནི་འདི་ལྟར་བྱའོ། །དེའི་གཉེན་པོ་ནི་འདི་ལྟར་བསྐྱེད་དོ་ཞེས་ལུང་སྟོན་ནུས་ཡོད་ན་དེའི་མན་ངག་མནོས་ཏེ་བསམ་གཏན་བྱའོ། །རབ་ཏུ་འབད་དེ་བཀླག་པར་བྱ། །ཞེས་པ་ནི་དེ་ལྟར་ལུང་སྟོན་པ་མེད་ན་ལེ་ལོའི་དབང་དུ་མ་གྱུར་ཅིང་སེམས་མ་ཡེངས་པར་ཚིག་དང་དོན་བསྟུན་ཅིང་ཡི་གེའི་འབྲུ་རྣམས་ཀྱང་ཟུར་ཕྱིན་འདོད་ཀྱང་བསམ་ཞིང་བཏོན་ནམ་བཀླག་པ་དག་བྱའོ། །ཡང་དགེ་སྦྱོང་གི་ལས་ནི་གཉིས་ཏེ། སྒོམ་པ་དང་ཀློག་པའོ། །སྡོམ་དང་ཆོ་ག་མཁས་པ་དང༌། །ཞེས་པ་ནི་འཁོར་ལོ་སྡོམ་པ་དང་ལྡན་པ་ལ་བྱ། བསླབ་པ་ལྕི་ཡང་ལས་སུ་བྱའམ། བྱེ་བྲག་ཕྱེད་པར་བྱའོ། །ཡང་ན་སྡོམ་པ་ལ་མཁས་པར་བྱ་བ་ནི་བསླབ་ཚིག་བཅུའི་ཚིག་ལ་མཁས་པའོ། །ཆོ་ག་མཁས་པ་ནི་སྤྱོད་ལམ་བཞིར་ཇི་ལྟར་སྤྱད་པ་དང་མཁན་པོ་ལ་སོགས་པ་ལ་ཇི་ལྟར་སྤྱད་གསལ་བར་བྱེ་བྲག་ཕྱེད་ཅིང་གསལ་བའོ། །ཡང་ན་སྡོམ་པ་ནི་སྒོ་གསུམ་སྡོམ་པའོ། །ཆོ་ག་ནི་གཞུང་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་ཞིང་དྲག་དལ་མེད་པར་བི་ཝང་གི་བརྒྱུད་བཞིན་དུ་བྱའོ། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །ཞེས་པ་ནི། སྡོམ་པ་ཇི་ལྟ་བུ་དང༌། ཆོ་ག་ཇི་ལྟར་བྱུང་བ་དེ་བཞིན་དུ་ལུས་དང་ངག་གིས་དེ་བཞིན་དུ་བསྒྲུབ་ཅིང་ཉམས་སུ་ལེན་ནའོ། །དོན་


DTG167_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་གྱི་ན་ཤེས་པ་ཙམ་དུ་ཟད་དེ། དེ་ཁོ་ན་བཞིན་དུ་མི་བསྒྲུབས་ན་དེ་དག་ལ་མཁས་ཀྱང་དོན་མེད་དོ། །ཡང་ན་སྒྲུབ་པ་ནི་བླ་ན་མེད་པའི་བྱང་ཆུབ་བོ། །བརྩོན་པ་ནི་ནན་ཏན་གྱིས་འབད་པར་བྱའོ། །འདི་ཚུན་ཆད་ནི་ཚུལ་ཁྲིམས་བཅུའི་དངོས་པོར་བསྟན་ཏེ། དེ་དག་ལས་གྱང་རྩ་བ་བཅས་པའི་རིམ་པ་བཞིན་དུ་མ་བཞག་གི་དགེ་བ་བཅུའི་རིམ་པ་ལྟར་བཞག་པས་དང་པོར་སྲོག་གཅོད་པ་འཆད་དེ་དེ་ལ་བསླབ་ཚིག་བཅུ་པ་ཀུན་གྱིས་སྡོམ་པ་མེད་པར་འགྱུར་བ་མ་ཡིན་གྱི། རྩ་བ་བཞི་ལས་གཅིག་ཞིག་པས་མེད་པར་འགྱུར་རོ། །བཞི་པོ་དེ་ཡང་ཡན་ལག་དང་མི་ལྡན་ན་མེད་པ་མ་ཡིན་གྱི། མིའི་རྒྱུད་དང་རྒྱུད་མ་ཡིན་པས་བྱེ་བྲག་དབྱེའོ། །འདི་ནི་དངོས་པོ་ལ་བབ་སྟེ། དེ་ཡང་བསྡུས་པའི་དོན་བཅུའོ། །དེ་ཡང་གང་ཞེ་ན། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་འཐུང་བ་དང༌། གར་ལ་སོགས་པ་བྱེད་པ་དང༌། ཕྲེང་བ་ལ་སོགས་པས་མི་བརྒྱན་པ་དང༌། བླ་མའི་ཁྲི་སྟན་ལ་མི་འདུག་པ་དང༌། དུས་མ་ཡིན་པའི་ཟས་སྤང་བ་དང༌། གསེར་དངུལ་ལེན་པ་སྤང་བ་དང་བཅུའོ། །གསོད་པ་ནི་རྩིས་མགོ་རྣམ་པ་ལྔ་དང་ལྡན་ན་ཕམ་པར་འགྱུར་ཏེ། གང་ཞེ་ན། མི་ཡིན་པ་དང༌། མིར་འདུ་ཤེས་པ་དང། གསོད་སེམས་ཡོད་པ་དང༌། གསོད་པར་སྦྱོར་བ་དང༌། འཚོ་བའི་དབང་པོ་འགག་པ་དང༌། ཡན་ལག་དེ་དག་ལྔ་དང་ལྡན་པས་མིའི་རྒྱུད་གསུམ་ལས་གང་ཡང་རུང་སྟེ། བསྡུས་ན་ཕམ་པར་འགྱུར། ཡན་ལག་གཅིག་དང་མི་ལྡན་ན་ཉེས་བྱས་སུ་འགྱུར། དེ་དང་པོ་བཅས་པ་ནི་སངས་རྒྱས་ཡུལ་སྤྲེའུ་རྫིང་གི་ལྗོངས་ན་བཞུགས་པའི་ཚེ། དགེ་སློང་ཞིག་མི་གཙང་བའི་བསམ་གཏན་བསྒོམས་ནས་ལུས་མི་གཙང་བས་སྐྱོ་བར་གྱུར་ཏེ། དགེ་སློང་དབྱུག་པ་ཅན་ལ་གསོད་དུ་བཅུག་པས་བཅས་སོ། །བརྟུལ་ཞུགས་གནས་པ་ཞེས་པ་ནི་བརྟུལ་ཞུགས་ལ་གནས་པ་ནི་ཁོ་ནས་འབྱུང་སྟེ། སྡོམ་པ་ལ་གནས་པའི་དོན་ཏོ། །སེམས་མ་ཉམས་པ་ཞེས་པ་ནི་རྣམ་པ་བཞི་ལྟ་བུར་སེམས་ཀྱང་མ་ཉམས་པ་སྟེ། གང་ཞེ་ན་འདྲེ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། མྱོས་པར་གྱུར་པ་དང་འབྱུང་བ་ཆེན་པོ་བཞིའི་ལས་ཉམས་པར་གྱུར་པ་དང༌། སྔོན་གྱི་ལས་ཀྱི་རྣམ་པར་


DTG167_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ལས་གྱུར་པ་དང༌། གནད་དུ་བབས་ཏེ་བརྒྱལ་ནས་མི་དྲན་པར་འགྱུར་རོ། །ཆེད་དུ་བསམས་ཏེ་མ་ནོར་བར། །ཞེས་པ་ནི་མི་དེ་ཁོ་ན་ཡིན་གྱིས་ཞེས་ཏེ་དེ་ཁོ་ན་ལ་དམིགས་ཏེ་གསད་པར་ཡང་བསམས་ཏེ། གསོད་སེམས་ཡང་ལྡན་ལ་ནོར་ཀྱང་མ་ནོར་བའོ། །མི་གཞན་བདག་གམ་གཞན་རྣམས་ཀྱི། །ཞེས་པ་ནི་གསོད་ན་སྡོམ་པ་མེད་པར་འགྱུར་བས་བདག་ལས་གཞན་པའི་མིའོ། །དེ་ལ་མི་དང་མིར་ཟིན་པའོ། །དེ་ལ་མི་ལ་ཡང་རྣམ་པ་གསུམ་སྟེ། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གསུམ་མོ། །མིར་ཟིན་པ་ནི་མིའི་མངལ་ན་དབང་པོ་གསུམ་དང་ལྡན་པ་ལ་བྱ་སྟེ། འཚོ་བའི་དབང་པོ་དང༌། ཡིད་ཀྱི་དབང་པོ་དང༌། ལུས་ཀྱི་དབང་པོ་སྟེ་གསུམ་དང་ལྡན་པའོ། །གསོད་པར་སྦྱོར་བ་ལ་གཉིས་ཏེ། བདག་གིས་བསམས་པ་འམ། གཞན་ལ་བཅོལ་ཏེ་གསོད་དུ་བཅུག་པའོ། །གཞན་ལ་བཅོལ་བ་ལ་ཡང་རྣམ་པ་གཉིས་ཏེ། བྲིད་པ་ལས་དང༌། མངོན་སུམ་དུ་བཅོལ་བའོ། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་པ་ནི། འཚོ་བའི་དབང་པོ་དང་བྲལ་ན་དགེ་ཚུལ་གྱི་སྡོམ་པ་ཞིག་པར་འགྱུར་རོ། །ཚུལ་ཁྲིམས་ལྡན་ནམ་ཞེས་པ་ནི། །གསོད་པར་བྱེད་པའི་ཚིག་སྟེ་ནད་པ་འཆི་བར་བྱ་བའི་ཕྱིར་ཁྱོད་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱང་བསགས། ཚུལ་ཁྲིམས་དང་ཡང་ལྡན་པས་མཐོ་རིས་དང་ཐར་པ་ནི་དར་དང་ཡོལ་བས་ཆོད་པ་ཙམ་གྱིས་མྱུར་དུ་ཤི་ཡང་སྡིག་པ་མི་འཕེལ་གྱི། འཆི་བར་རིགས་སོ་ཞེས་བསྔགས་པ་བརྗོད་པའོ། །ཚུལ་ཁྲིམས་འཆལ་ཞེས་པ་ནི་ནང་པ་ལ་ཁྱོད་ཀྱི་ཚུལ་ཁྲིམས་ངན་པའི་སྟེང་དུ་འདིར་ཇི་སྲིད་དེ་གནས་པ་དེ་སྲིད་སྡིག་པ་སོག་ཅིང་འདུག་པས་དམྱལ་བར་ཡུན་རིང་དུ་གནས་པར་འགྱུར་གྱིས་འདུག་པར་མི་རིགས་ཏེ། མྱུར་དུ་འཆི་བར་རིགས་སོ་ཞེས་བསྔགས་པ་བརྗོད་པ་དག་སྨྲ་བའོ། །ཚིག་གིས་གསད་པར་བྱ་བའི་ཡུལ་གསུམ་སྟེ་ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་ངན་པ་དང་ནད་པ་ལའོ།། དེ་དག་ལ་ཡོ་བྱད་སྡུ་གུ་བདོག་པ་དེ་འདོད་པའི་ཕྱིར་དེ་དག་ལ་འཆི་བའི་བསྔགས་པ་བརྗོད་དེ། །དེས་ཤི་ན་དོམ་པ་ཞིག་གོ །དེ་ལས་བཟློག་པ་ལས་ཤི་འམ་མ་ཤི་ཡང་རུང་སྟེ། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་ནད་ཀྱིས་བཏབ་པ་ལ། །ཞེས་པ་ནི་ནད་ཀྱིས་སྡུག་བསྔལ་ཞིང་མི་བདེ་བར་འདུག་པ་


DTG167_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤི་ན་ནད་འདི་དང་བྲལ་བར་འགྱུར་རོ། །འཆི་བའི་རིགས་སོ་ཞེས་བསྔགས་པ་བརྗོད་ཅིང་མཚོན་བྱིན་ནམ་མཚོན་ཐོགས་པ་གཉེར་བའོ། །ནད་པ་བསླང་པ་ལ་དེས་དབུགས་བཅད་དེ་ཤི་བ་ལ་ཉེས་པ་མེད་དོ། །གང་ཐོས་ཞེས་པ་ནི་དེ་ལྟར་དེ་གསུམ་ལ་གང་དང་གང་ཐོས་པའོ། །སྡུག་བསྔལ་ཉམ་ཐག་སྟེ་ཞེས་པ་ནི་ཚུལ་ཁྲིམས་ངན་པ་ཡང་ངན་སོང་གི་རྒྱུ་ཡིན་པས་སྡུག་བསྔལ་ལོ། །ཚུལ་ཁྲིམས་དང་ལྡན་པ་ཡང་ད་ལྟར་ལུས་ལ་སྡུག་བསྔལ་བར་བལྟའོ། །ནད་པ་ནི་འཕྲལ་དུ་ཉམ་ཐག་གོ །ངེས་འཆིའི་ཆོས་གཏམ་དེར་མི་བྱ། །ཞེས་པ་ནི་ངེས་པའམ་གདོན་མི་ཟ་བར་འཆི་བར་འགྱུར་བའི་གཏམ་ནད་པ་དག་ལ་མི་བྱའོ། །སྨན་དང་ཞེས་པ་ནི་ནད་པ་དང་མི་མཐུན་པ་འཆི་བར་འགྱུར་བ་མི་སྦྱིན་ནོ། །དེ་ལ་འཆི་བའི་སྨན་ནི་དཔེར་ན་རྐུན་པོ་ལག་པ་གཅད་པ་མི་དྲུག་ཅུ་ལ་དགེ་སློང་མས་རྩབ་མོ་ལན་ཚྭ་ཅན་གྱི་བྱིན་པས་རྐུན་པོ་ན་བ་ལྟ་བུའོ། །རྩ་བ་མོ་ལན་ཚྭ་ཅན་ནི། རྒྱ་གར་གྱི་སྐད་ཀྱིས་ཀཉྫིན་ཞེས་བྱའོ། །ཁམས་མི་མཉམ་པ་དང་མི་འཕྲོད་པའི་སྨན་ཅི་ཡང་རུང་སྟེ་མི་སྦྱིན་ནོ། །སྔགས་དང་ཞེས་པ་ནི་གསང་སྔགས་ཨ་བྷི་ཙ་ར་སྟེ། མངོན་སྤྱོད་པའོ། །རིག་པ་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་པ་སྟེ། དེ་ལ་འཇིག་རྟེན་པའི་རིག་པ་ནི་མུ་སྟེགས་ཅན་ནམ་བྲམ་ཟེའི་རིག་པའོ། །འཇིག་རྟེན་ལས་འདས་པའི་རིག་པས་ནི་སངས་རྒྱས་པའི་རིག་པ་སྟེ། རིག་པ་དེ་གཉིས་གང་ཡང་རུང་བས་ཕ་རོལ་ལ་གནས་པར་བྱེད་པའོ། །འཆི་བའི་ཕྱོགས་སུ་བཏང་བའམ། །ཞེས་པ་ནི། དགེ་སྦྱོང་ལ་དབང་པོ་ཡོད་ན་མི་དག་འགུམ་ཁུངས་སུ་བཏང་བའམ། ཡང་ན་མི་འཕྲོད་པའི་ཡུལ་དང༌། གནོད་སྦྱིན་གདུག་པའམ། གཅན་ཟན་ཁྲོ་བོའི་གདུག་པའི་གནས་སམ། མི་རྒོད་ཡོད་པའི་ཕྱོགས་སུའམ། ར་རོ་བ་གཡང་ས་ཕྱོགས་སུ་བཏང་བ་ལ་སོགས་པས་ཏེ། འཆི་བར་བསྒྲུབ་པའི་གནས་སུ་བཏང་བའོ། །མི་གཞན་ཞེས་པ་ནི་བདག་བསད་པ་ལ་སྔོམ་པ་ཞིག་པར་མི་འགྱུར་བས་གཞན་མི་ཡིན་པའི་མི་གཞན་དག་གོ །ཐབས་སྣ་ཚོགས་ཀྱིས་ཞེས་པ་ནི་གོང་དུ་སྨོས་པར་ཟད་དོ། །དུག་དང་གཏོར་མ་འཛོལ་དང་ས་མདའ་ལ་སོགས་པས་འཆི་བར་འགྱུར་བའི་ཐབས་འདི་ལྟ་བུ་སྣ་ཚོགས་ཀྱིས་བརྡས་ཀྱང་རུང་རྩས་མགོ་དང་


DTG167_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ་དེ་ལ་རྩིས་མགོ་ཚང་བ་མང་ཡང་ལྕི་ཡང་ཡོད་དེ། གསོད་སེམས་དང་མི་ལྡན་པ་ལ་རྩིས་མགོ་གཞན་དང་ལྡན་ཀྱང་ཉེས་བྱས་ཕྲ་མོར་འགྱུར་རོ། །གསོད་སེམས་དང་ལྡན་པ་ལ་མ་ཤི་བ་ནི་ཉེས་བྱས་སྦོམ་པོར་འགྱུར་རོ། །བསད་ན་བརྟུལ་ཞུགས་ཉམས་པར་འགྱུར། །ཞེས་པ་ནི་སྲོག་བཅད་པ་ཙམ་གྱིས་སྡོམ་པ་ཉམས་པར་འགྱུར་ཏེ། མི་བསད་པ་འབའ་ཞིག་གིས་སྡོམ་པ་ཞིག་པར་འགྱུར་རོ། །འདི་མན་ཆད་ཅི་ཞིག་གིས་ལས་སུ་བྱས་ནས་ཀྱང་རུང་སྟེ། དགེ་ཚུལ་དུ་མི་རུང་བར་མི་འགྱུར་བས་གོང་མ་ལས་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ། །བྱོལ་སོང་དང་ནི་ཞེས་པ་ནི་བདེ་འགྲོ་ལས་བྱོལ་ཏེ། ངན་འགྲོའི་གནས་སུ་སྐྱེས་པ་ཀླུ་མན་ཆད་དང༌། གྲོག་སྦུར་ཡན་ཆད་དོ། །སེམས་དམྱལ་དང་ཞེས་པ་ནི་དམྱལ་བ་ཆེན་པོར་མ་ཕྱིན་ཀྱང་སོ་སོ་རེ་རེའི་དམྱལ་བས་ཏེ། དཔེར་ན་རྒྱ་མཚོར་སོང་སོང་བ་ལས། རྒྱ་མཚོའི་གླིང་ན་དམྱལ་དང་ཕྲད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་དགས་ཞེས་པ་ནི་ཕྱག་དར་ཁྲོད་ཀྱི་འདྲེ་ཡང་ཆད་དོ། །འོན་ཏེ་ལྷ་ཡང་རུང་ཞེས་པ་ནི་ཤིང་ལྷ་ཡན་ཆད་ནས་འགོ་མིན་གྱི་གནས་ཀྱི་ལྷའི་བར་དུའོ། །བསད་ན་ངན་སོང་ལྷུང་བའི་ཞེས་པ་ནི། བྱོལ་སོང་ནས་ལྷའི་བར་དུ་དེ་དག་བསད་ན་ངན་སོང་གསུམ་དུ་ལྟུང་ངོ༌། །སྡིག་པ་སྤོམ་པོ་ཐོབ་པར་འགྱུར། །ཞེས་པ་ནི་དགེ་སྦྱོང་གི་ཚུལ་ཁྲིམས་ལས་ཐལ་བྱུང་དུ་བླངས་པས་སྦོམ་པོ་ཞེས་སྨོས་ཀྱི། དགེ་ཚུལ་ལ་ནི་ཉེས་བྱས་སུ་འགྱུར་རོ། །བརྟུལ་ཞུགས་ཅན་གྱིས་བསད་སྙམ་སྟེ། །ཞེས་པ་ནི་སྔོམ་པ་ལ་གནས་པས་མི་ལ་སོགས་པ་གསོད་པར་སེམས་པས་སོ། །ལུས་དང་ཞེས་པ་ནི་ལུས་ཀྱིས་མདའ་འཕངས་པ་དང་རལ་གྲི་དང་མདུང་ལ་སོགས་པས་འདེབས་པའོ། །ངག་གིས་བཤམས་པ་ལས་ཞེས་པ་ནི་ངག་གིས་འཆི་བའི་བསྔགས་པ་བརྗོད་པ་ལ་སོགས་པའོ། །སྐྱེ་བོ་གསོན་ཡང་དེ་ལ་ནི། །ཞེས་པ་ནི་གསད་པར་ཡང་བསམས་ལ། ཆས་ཀྱང་ཆས་ཏེ་མདའ་ལ་སོགས་པས་ཕོག་གམ་འཆི་བར་འགྱུར་བའི་བསྔགས་པ་བརྗོད་པར་འགྱུར་བ་ལས་བདག་གིས་དེ་ཡང་དག་པར་ཤི་སྙམ་པ་ལས། དེ་ཕྱིས་སོང་སྟེ་མ་ཤི་ཡང་འོག་མ་ལྟར་འགྱུར་རོ། །ཁ་ན་མ་ཐོ་རྣམ་གསུམ་འགྱུར། །ཞེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བའི་ཁ་ན་མ་ཐོ་བ་དང༌། རྩ་བའི་ཁ་ནམ་ཐོ་བ་དང༌། རྒྱབ་ཀྱི་ཁ་ན་མ་ཐོ་བའོ། །དེ་ལ་


DTG167_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་ཁ་ནམ་ཐོ་བ་ནི་ཐོག་མར་གསད་པར་སེམས་པའོ། །རྩ་བའི་ཁ་ན་མ་ཐོ་བ་ནི་གསོད་པའི་ཚེ་སྟེ། ལུས་ཀྱིས་འདེབས་པ་དང༌། ངག་གིས་བསྔགས་པ་བརྗོད་པའི་ཚེ་བསད་སྙམ་པའོ། །རྒྱབ་ཀྱི་ཁ་ན་མ་ཐོ་བ་ནི་ཕྱིས་རྗེས་སུ་ཡི་རང་བ་སྟེ། དུས་གཞན་དུ་ངས་བསད་དེ་ཞེས་ཡི་རང་ཞིང་ཡང་དང་ཡང་དུ་སེམས་པའོ། །དེ་ལྟར་ན་སྦྱོར་བའི་ཁ་ན་མ་ཐོ་བ་དང༌། རྩ་བའི་ཁ་ན་མ་ཐོ་བ་དང༌། རྒྱབ་ཀྱི་ཁ་ན་མ་ཐོ་བའོ། །དེ་ལ་དང་པོ་ནི་འགྱོད་པས་ཚངས། བར་མ་ནི་གང་ཟག་ལ་མཐོལ་བས་ཚངས། ཐ་མ་ནི་དཀོན་མཆོག་གསུམ་དང་དགེ་འདུན་ལ་མཐོལ་བས་ཚངས་པར་འགྱུར་རོ། །དེ་བཞིན་དུ་བསོད་ནམས་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ལས་ཐམས་ཅད་ལ་ཡང་སྦྱར་རོ། །རྡོ་དབྱུག་ཁུ་ཚུར་འཚོག་པ་དང༌། །ཞེས་པ་ནི་འདི་དག་ཀྱང་གསོད་པའི་ཡན་ལག་ཏུ་བསྡུའོ། །དེ་ལས་གཞན་པའི་གནོད་པ་དག །ཅེས་པ་ནི་རྡོ་དབྱུག་ལ་སོགས་པ་སྦྱོར་བའམ་གནོད་པའི་རྒྱུར་གྱུར་པ་གང་ཡང་རུང་བས་མི་ལ་ཡང་འཚོག་པ་ནས་སྦྱོར་བ་ཡན་ཆད་དུ་ཕ་རོལ་ལ་གནོད་པར་འགྱུར་བའི་བག་མི་བྱའོ། །བ་གླང་ལ་སོགས་གནོད་མི་བྱ། །ཞེས་པ་ནི་ཕྱུགས་སོ་ཅོག་བསྡུ་སྟེ། དེ་དག་ལ་གནོད་པ་མི་བྱའོ། །རྟ་ལ་སོགས་པ་མི་ཞོན་ནོ། །ཞེས་པ་ནི་དཀོན་མཆོག་གསུམ་དང༌། ཕ་མ་དང༌། རྒྱལ་པོའི་ཆད་ལ་མི་འགྲོར་མི་རུང་ཞིང་རྐང་གིས་འགྲོ་མི་ནུས་ཀྱི་བར་དུ་བྱའོ། །མི་ནུས་ན་བཞོན་ཏེ། དེ་ཡང་ཕ་རྐང་ཆག་ལ་ཞོན་པ་བཞིན་དུ་སྙིང་རྗེ་བྱའོ། །འདི་ཡན་ཆད་བསད་པའི་བཤད་པ་འདས།། །།ད་ནི་མ་བྱིན་པར་ལེན་པ་འཆད་དེ། དེ་ཡང་ཡན་ལག་དྲུག་དང་ལྡན་ན་ཕམ་པ་སྟེ་གང་ཞེ་ན། མ་བྱིན་པར་ལེན་པ་དང༌། རྐུ་སེམས་ཡོད་པ་དང༌། རིན་ཐང་ཚང་བ་དང༌། མིས་ཡོངས་སུ་བཟུང་བ་དང༌། བཟུང་བར་འདུ་ཤེས་པ་དང༌། བདག་གིར་བྱས་པའོ། །ཡན་ལག་དེ་རྣམས་དང་ལྡན་ན་ཕམ་པ། དེ་དག་གཅིག་དང་ཡང་མི་ལྡན་ན་ཉེས་བྱས་སུ་འགྱུར་རོ། །དེ་དག་དང་པོ་བཅས་པ་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ་རྫ་བ་ལས་རབ་ཏུ་བྱུང་བའི་དགེ་སློང་ནོར་ཅན་གྱིས་རབ་ཏུ་བྱུང་ཞིང་མ་བྱིན་པར་བླངས་པས་བཅས་སོ། །དགེ་ཚུལ་ཞེས་པ་ནི་དགེ་བའི་ཕྱོགས་ལ་འབད་པའམ། རྩོལ་བར་བྱེད་དེ་དལ་བའི་ཕྱིར་ན་དགེ་ཚུལ་ཞེས་བྱའོ། །


DTG167_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གམ་གཞན་རྣམས་ཀྱི་ཞེས་པ་ནི་རྐུན་པོ་ལ་རྣམ་པ་གཉིས་ཏེ། བདག་ཉིད་ཀྱིས་རྐུ་བ་དང༌། གཞན་རྣམས་ལ་རྐུ་བ་བཅོལ་བའོ། །བཅོལ་བ་ལ་ཡང་རྣམ་པ་གཉིས་ཏེ། མངོན་སུམ་དུ་བཅོལ་བ་དང༌། ཐ་ན་སྤྲིངས་ནས་བཅོལ་བའོ། །རྐུ་སེམས་ཞེས་པ་ནི་རྐུའོ་སྙམ་པའི་སེམས་ཀྱིས་བརྐུ་བའོ། །མཐུ་དང་ཞེས་པ་ནི་བཙན་ཐབས་སུ་འཕྲོག་པ་ལྟ་བུའོ། །འཇབ་བུ་ཡིས་ཞེས་པ་ནི་རྐུན་པོ་ལ་མང་སྟེ། འཇབ་བུ་དང༌། སྒྱུ་དང༌། གཡོ་དང༌། དོར་ལ་སོགས་པ་བྱས་ཏེ་བརྐུ་བའོ། །འཁྲུལ་པ་མེད་པར་ཞེས་པ་ནི་བདག་གི་ཡིན་པར་འདུ་ཤེས་པ་དང༌། ནོར་བ་མེད་པ་སྟེ། མདོར་ན་བདག་གི་རྫས་སུ་མ་ནོར་བ་སེམས་མྱོས་པ་ལ་སོགས་པར་མ་གྱུར་པ་དེ་ནི་རྐུ་སེམས་དང་ལྡན་པའི་དོན་ཏོ། །མི་གཞན་གྱི་ཞེས་པ་ནི་བདག་གི་རྫས་བརྐུས་ཀྱང་ཕམ་པར་མི་འགྱུར་ཏེ། སྔོན་བཅས་པ་མ་ཡིན་པས་ཡན་ལག་ཏུ་མི་དགོས་པའི་ཕྱིར་རོ། །བདག་ལས་གཞན་ཏེ་ཕ་རོལ་ལོ། །གནས་ནས་ཞེས་པ་ནི་མ་བསྐྱོད་ན་ཇི་ལྟར་རྐུ་སེམས་དང་ལྡན་ཡང་སྔོམ་པ་ཞིག་པར་མི་འགྱུར་ཏེ། མདོར་ན་རྫས་ལ་སོགས་པ་གང་ན་འདུག་པའི་མཚམས་ལས་འདས་པའོ། །མཚམས་ནི་བར་དུ་ནམ་མཁས་ཆོད་པ་དང༌། ས་དག་ལས་སའི་ཁ་དོག་ལྟ་བུ་འདས་པ་དང༌། ཕྱུགས་ཚོན་པོ་ཞིག་ན་རྒྱབ་ལས་མགོའམ་མཇུག་གི་མཐའ་ལས་བྲལ་བ་དང༌། རིད་དེ་མ་ཤི་ན་རྩིབ་མའི་དག་ལ་ལས་བྲལ་བའོ། །མ་ཤ་ལྔ་ཙམ་ཞེས་པ་ནི་ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུ་རི་བས། ཀཱར་ཥཱ་པ་ཎ་བཞི་ཆ་ལ་མ་ཤ་ཀ་ལྔའོ། །དེ་ལ་མ་ཤ་ཀ་ནི་དབྲིའོ། ཀཱར་ཥཱ་པ་ཎ་ནི་དབྲི་བ་མེད་དོ། །དེ་བཞིན་དུ་དངུལ་ལ་ནི་འགྱུར་བ་མེད་དོ། །འབྲུ་དག་ལ་ནི་ཡང་རུང་དུ་འགྱུར་ཏེ། དངུལ་ཞོ་གཅིག་གི་ཆ་ལས་བརྩིས་ཏེ། མ་ཤ་ཀ་ལྔ་ལ་ཕམ་པའོ། །རང་གི་ཡུལ་ནས་བྱུང་བ་གང༌། །ཞེས་པ་ནི་ཡུལ་ཐང་བརྩན་པར་བྱ་སྟེ། བདག་གང་ན་འདུག་པ་དང༌། རྐུན་མོ་ཡུལ་གང་དུ་བྱས་པ་མདོར་ན་ཡུལ་དེ་ཉིད་ཀྱི་རིན་ཐང་བརྩི་བའོ། །ཀཱར་ཥཱ་པ་ཎི་བཞི་ཆ་བརྐུས་ཞེས་པ་ནི་མ་ཤ་ཀ་ལྔ་ནས་ཡར་བརྩིས་ཏེ། ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུ་ཡོད་པས། ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུ་ཡོད་པས། ཀཱར་ཥ་པ་ཎ་བཞི་ཆ་ལས་མ་ཤ་ཀ་ལྔ་སྟེ། རིན་ཐང་བརྩིས་ན་ཞོ་བཞིའི་བརྒྱད་ཆ་གཅིག་གོ །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པ་ནི་དངུལ་


DTG167_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞོ་གཅིག་གི་བརྒྱད་ཆ་ཡོད་པ་དེ་བརྐུས་ན་ཕམ་པར་འགྱུར་རོ། །སྦྱོར་བའི་ཚེ་ན་ཉེས་བྱས་སོ་ཞེས་པ་ནི་དགེ་སློང་གི་ལྟར་ཉེས་པ་རྣམས་མང་དུ་དབྱེར་མེད་དོ། །ཐོག་མར་བརྐུ་བར་བཤམས་པ་ནས། རྫས་དུ་ལ་རང་གནས་ནས་མ་སྤགས་ཀྱི་བར་དུ་ཉེས་བྱས་སུ་འགྱུར་རོ། །རྡོ་ཁུ་ཞེས་པ་ནི་ཉུང་རྡོག་ལྟ་བུ་ལ་སོགས་པའོ། །རྩ་བ་ཞེས་པ་ནི་སྨན་ལ་སོགས་པའོ། །འབྲས་བུ་ཞེས་པ་ནི་ཤིང་ཐོག་སྟེ། ཀུ་ཤུ་དང་ཁམ་བུ་དང་རྒུན་འབྲུམ་ལ་སོགས་པའོ། །ཤིང་ཞེས་པ་ནི་སྐྱེད་ཤིང་ལྟ་བུ་སྟེ་ལོ་མ་དང༌། ཤིང་ཏོག་དང་འབྲས་བུ་བཟང་པོ་སྐྱེས་པའི་ཤིང་ལྟ་བུ་སྟེ། རྩ་གཞན་བཅད་ན་ཉེས་བྱས། རྩ་བ་གཅིག་བཅད་ན་རིན་ཐང་བརྩིའོ། །སྡོང་བུ་ཞེས་པ་ནི་བུར་མ་ཤིང་དང་ལྕུག་མ་ལ་སོགས་པ་ལྟ་བུ་སྟེ། སྤགས་སམ་བཅད་ན་ཕམ་པར་འགྱུར་རོ། །ལོ་མ་ཞེས་པ་ནི་ཤང་རྩེ་དག་བསྡུས་ཏེ་ཚོད་པ་དང་ཡུངས་ཀར་ལྟ་བུ་དག་བརྐུས་ནའོ། །ཤུན་པ་ཞེས་པ་ནི། ཤིང་རྩ་ལ་སོགས་པའོ། །ཆུ་ཞེས་པ་ནི་ཤིང་ཆུ་དང་མྱ་ངམ་དུ་འགྲོ་བའི་བཏུང་ཆུ་རྣམས་ཁྱེར་ཏེ་དོང་བ་ལས་མིའི་བཏུང་ཆུ་བརྐུས་ན་ཕམ་པའོ། །ཕྱུགས་ཀྱིས་བརྐུས་ན་ཉེས་བྱས་སུ་འགྱུར་རོ། །མེ་ཏོག་ཞེས་པ་ནི་མེ་ཏོག་རྣམ་པ་གཉིས་ཏེ་འོག་ནས་འབྱུང་བ་དག་གོ །ཆུ་སྐྱེས་ཞེས་པ་ནི་པདྨོ་ལ་སོགས་པ་ལྟ་བུ་སྟེ། ཆུའི་ནང་དུ་སྐྱེས་པའི་མེ་ཏོག་གོ །ཐང་སྐྱེས་ཞེས་པ་རི་ལས་སྐྱེས་པ་སྟེ། ཐང་ལས་སྐྱེས་པའི་མེ་ཏོག་ཀྱང་བསྡུའོ། །ཞིང་དང་ཞེས་པ་ནི་རྐུ་བ་ལ་རྣམ་པ་གཉིས་ཏེ། ཐམས་ཅད་རྐུ་བ་དང་མུ་ནས་རྐུ་བའོ། །དེ་ཡང་བསྐོར་བ་དང་ཁད་ཀྱིས་རྐུ་བའོ། །དེ་ལ་ཡང་བསྐོར་བ་ནི་ཞིང་དེར་བས་བསྐོར་བ་སྟེ། ཀུན་ནས་ར་བའི་མཚམས་འབྱོར་ཏེ་བདག་པོས་བསམ་པ་ཐག་བཅད་ན་ཕམ་པ། མི་དབང་བ་ལ་ཤགས་འགྱེད་པའམ། དབང་ཡོད་པས་མི་དབང་བཞིན་དུ་ཐོབ་པར་བཅད་ན་ཕམ་པ། རྟོག་ཅེས་པ་ནི་གཉིས་ཏེ། རྐུ་བའམ་མ་རུངས་པར་བྱེད་པས་ཏེ། དཔེར་ན་ཤྭ་ཁ་སྒྱུར་བ་ལྟ་བུ་སྟེ། དེས་མ་རུང་བར་གྱུར་པའི་རིན་ཐང་ཚང་ན་ཕམ་པ། ས་གཞི་དང་ཞེས་པ་ནི་གནས་ཁང་དང་གཙུག་ལག་ཁང་དང་ཚོང་ཁང་དག་གི་གཞི་ལ་སོགས་པ་ལྟ་བུ་སྟེ། ཞིང་རྐུ་བའི་རྩིས་མགོ་ལྟ་བུ་དང་འདྲའོ། །གྲུ་དང་ཞེས་པ་ནི་གྲུ་རྐུ་བ་


DTG167_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པ་བཞི་སྟེ། ཆུའི་རྒྱུན་དུ་རྐུ་བ་དང༌། རྒྱུན་ལས་གྱེན་དུ་རྐུ་བ་དང༌། ཐད་ཀར་རྐུ་བ་དང༌། བཅིངས་པའི་རྒྱུན་དུ་རྐུ་བའོ། །ཐད་ཀར་རྐུ་བ་ནི་མི་སྣང་བའི་ཚད་ཀྱིས་བཟུང་ངོ༌། །གྱེན་དུ་རྐུ་བ་ནི་གྲུ་གང་འཕགས་པས་ཕམ་གྱི། མ་ངེས་པ་ནི་ཆུའི་ནང་དུ་ནུབ་པས་ཕམ་མོ། །ཤིང་ཞེས་པ་ནི་ལོ་མ་ལ་སོགས་པ་བཟང་པོ་སྐྱེ་བའི་ཤིང་དང༌། ཡང་ན་ཤིང་དག་གོ །ཤོག་མ་དང་ཞེས་པ་ནི་བདག་གི་ཤོ་གམ་འདས་ན་རིན་ཐང་བརྩི། གཞན་གྱི་བདག་གིས་བཟླས་ཏེ་བླངས་ན་ཡང་རིན་ཐང་བརྩི་བདག་ཉིད་ཀྱི་ནོར་མ་ཡིན་ཏེ། དཀོན་མཆོག་དང་ཕ་མ་ལ་སོགས་པ་ནི་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་གྲུ་ཡི་བཙས་རྣམས་དང༌། །ཞེས་པ་ནི་གོང་མའི་ཤོ་གམ་བཞིན་དུ་སྒྲོལ་གྲུ་འདས་པའམ་དབྱར་དབབ་པའི་ཕྱིར་གྲུ་ལ་བདག་གྱེན་དུ་འམ་ཆུ་འབྱམ་དང་ཐད་ཀར་ཡང་རུང་སྟེ། ཞོན་ལ་མ་བྱིན་པ་ལ་རིན་ཐང་བརྩིའོ། །སྲོག་ཆགས་རྐང་པ་མེད་པ་དང༌། །ཞེས་པ་ནི་དངོས་སུ་སྦྲུལ་ལྟ་བུ་སྟེ། དེ་ཡང་རྒྱལ་པོའི་གཉེར་བ་ལ་ནན་ཏུར་དག་བྱ་བའི་དགོས་པ་དང༌། འཚེ་བའི་ཕྱིར་ཏེ་ནེའུ་ལེ་དང་སྦྲུལ་འཐབ་པ་དག་མཛའ་བར་བྱས་ནས་འཚོ་བ་ཚོལ་ཏེ་དེ་ལྟ་བུ་བརྐུས་ན་རིན་ཐང་བརྩིའོ། རྐང་གཉིས་ཞེས་པ་ནི་མི་དང་བྱ་སྟེ། དེ་ལ་བྱ་ནི་ཁྲའམ་ལོངས་སྤྱོད་ཀྱི་ཕྱིར་ཁྲུང་ཁྲུང་དང་ངང་པ་ལ་སོགས་པའི་གསོན་མ་དག་གོ །མི་ནི་མཚན་མ་དང༌། དུས་དང་གནས་སུ་ཕྱིན་པས་བསམ་མོ། །བྱ་ནི་རྐུ་བའི་ཕྱིར་སྒྲོགས་པའམ་གནས་ས་ནས་བདག་གི་གནས་སུ་སྦུར་བས་ཕམ། རྐང་མངས་རྐུབ་དང་ཞེས་པ་ནི་རྐང་པ་བཞི་པ་ཡན་ཆད་ལ་བྱ་སྟེ། སྦྲང་སེར་དང་སྲིན་བུ་པད་པ་དང་སྡིག་པ་དག་གོ །དེ་ལ་སྦྲང་སེར་ནི་རྒྱ་མཚོར་དགོས་སོ། །སྲིན་བུ་ནི་སྨན་པ་ལ་དགོས་སོ། །སྡིག་པ་ནི་རྒྱལ་པོའི་ནན་ཏུར་དུ་དགོས་སོ། །བརྟུལ་ཞུགས་ཅན་གྱིས་ཞེས་པ་ནི་བསླབ་ཚིགས་བཅུ་ལ་ཞུགས་པའོ། །མིའི་ནོར་ཞེས་པ་ནི་མདོར་བསྡུས་ཏེ་མིའི་ནོར་དུ་གཏོགས་སོ་ཅོག་གིས་སྡུམ་པ་བཞི་པར་འགྱུར་རོ། །དབྱིག་ལས་ཞེས་པ་ནི་རིན་པོ་ཆེ་ལ་སོགས་པའི་ནོར་ཆེན་པོའོ། །སྩོགས་པ་ཞེས་པ་ནི་གསེར་དང་དངུལ་དང་གཡུ་དང་མུ་ཏིག་དང་དར་ཟབ་ལ་སོགས་པ་ཆུང་དུ་ཡན་ཆད་ཀྱང་བསྡུའོ། །གང་ཡང་རུང་བ་ཞེས་པ་ནི་མདོར་བསྡུས་པའི་ཚིག་གོ །རྐུ་བའི་སེམས་ཀྱིས་གང་བརྐུས་


DTG167_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། །ཞེས་པ་ནི་མཛའ་ཡང་རུང་མི་མཛའ་ཡང་རུང་སྐད་ཅིག་ཙམ་བླངས་པ་ལ་སོགས་ཏེ། རྐུ་སེམས་ཡོད་ན་སྡོམ་པ་ཞིག་པར་འགྱུར་བས། དེ་ལྟར་ཁྱད་པར་དུ་དབྱེ་བའི་ཕྱིར་རྐུ་སེམས་དང་ལྡན་པའི་འདུ་ཤེས་ཀྱིས་མིའི་ནོར་དུ་གཏོགས་པ་གང་ཡང་རུང་འོག་ནས་འབྱུང་བ་བཞིན་དུ་འགྱུར་རོ། །རིན་ཐང་ཚང་ན་སྡོམ་པ་ཞིག །ཅེས་པ་ནི་དངུལ་སྐྱ་ཞོ་གཅིག་གི་བརྒྱུད་པ་ཚང་ན་སྡོམ་པ་ཞིག་པར་འགྱུར་རོ། །ལྷུང་བཟེད་ལ་སོགས་རྐུན་ཁྱེར་ནས། །ཞེས་པ་ནི་འཚོ་བའི་ཡོ་བྱད་ཀྱི་མཆོག་ནི་ལྷུང་བཟེད་དང་ཆོས་གོས་དག་ཡིན། དེ་དག་རྐུན་པོས་ཁྱེར་ན་ཐབས་འོག་ནས་འབྱུང་བ་བཞིན་དུ་བྱའོ། །ཆོས་བཤད་ནས་ནི་བསྒྲུབ་པར་བྱ། །ཞེས་པ་ནི་རྐུན་པོ་ལ་གདོང་ལ་དེ་ནི་དགོས་པ་ལ་ཁྱེར་ལ་ནོར་ཆེན་པོ་མི་རུང་ན་ཕྱིར་བྱིན་ཅིག་ཅེས་བྱ་སྟེ། བྱིན་ན་ནི་ལེགས་ཏེ་དེ་མ་བྱིན་ན་འདི་སྐད་ཅེས་བྱའོ། །འདི་དག་བརྐུས་ནང་ན་སོང་གསུམ་དུ་འགྲོ་བ་ལ་སོགས་པ་བཞིན་དུ་བཤད་དོ། །ཡང་ན་རི་བའི་རིན་གྱིས་བླུ། །ཞེས་པ་ནི་འདི་ལྟར་བྱས་ན་ཤིན་ཏུ་སྡུག་བསྔལ་བར་འགྱུར་གྱིས་སླར་བྱིན་ཅིག་ཅེས་བྱའོ། །དེ་སྟེ་མི་སྟེར་ན་རི་བའི་རིན་གྱིས་བླུའོ། །དེ་ལྟར་མ་བྱས་ཉེས་བྱས་འགྱུར། །ཞེས་པ་ནི་དགེ་སློང་གིས་ཡོ་བྱད་དཀོན་པའི་ཕྱིར་དེ་ལྟར་མ་བྱས་པར་བླངས་ན་ཉེས་བྱས་པའི་དམིགས་པ་ནི་སེམས་ཐག་མ་ཆད་པ་ལས་བྱེ་བྲག་ཏུ་བྱས་ཏེ་བཤད་པ་ཡིན་ནོ། །འདི་ཆེད་དུ་མ་བྱིན་པར་ལེན་པ་འདས་སོ།། །།ད་ནི་མི་ཚངས་པར་སྤྱོད་པ་འཆད་དེ། དེ་ཡང་ཡན་ལག་གསུམ་དང་ལྡན་ན་ཕམ་སྟེ། གང་ཞེ་ན། བཅུག་པ་དང༌། རེག་པ་དང༌། དགའ་བར་ཚོར་བ་གསུམ་དང་ལྡན་པར་ཕོའི་སྒོ་གཉིས་དང་མོའི་སྒོ་གསུམ་སྟེ། གང་དུ་སྤྱད་ཀྱང་བསམ་པ་གཅིག་དང་མི་ལྡན་ན་ཉེས་བྱས་སོ། །དེ་ལ་དང་པོ་བཅས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་བྱང་ཆུབ་སྟེ། ཉན་ཐོས་ཀྱི་འཁོར་དང་ལྡན་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་ཀྱང་ཚངས་པར་སྤྱོད་པ་ལ་གནས་ཏེ་ལྟུང་བ་མེད་དོ། །ལོ་བཅུ་གསུམ་ལ་འདས་ནས་བབ་པའི་ཚེ་ཚོང་དཔོན་གྱི་བུ་བཟང་སྦྱིན་གྱིས་མི་ཚངས་པར་སྤྱད་པ་ལས་ལྟུང་བ་དང་པོ་བཅས་པའོ། །སྡོམ་ཅན་ཞེས་པ་ནི་ཚུལ་ཁྲིམས་བསྲུངས་ཏེ་མ་ཞིག་པར་གནས་པའི་སྡོམ་པ་དང་ལྡན་པས་སྡོམ་པ་


DTG167_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་བྱའོ། །ཉམས་པ་མེད་སེམས་ཀྱིས་ཞེས་པ་ནི་རྣམ་པ་བཞི་ལྟ་བུ་སེམས་ཀྱང་མ་ཉམས་པ་སྟེ། བཞི་གང་ཞེ་ན། འདྲེ་གདོན་ལ་སོགས་པས་བྱིན་གྱིས་བརླབས་ནས་མྱོས་པ་ལྟ་བུ་མ་ཡིན་པ་དང༌། འབྱུང་བ་ཆེན་པོ་བཞིའི་ཁམས་ཉམས་པར་གྱུར་པ་མ་ཡིན་པ་དང༌། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་ཡིན་པ་དང༌། གནད་དུ་བབ་སྟེ་བརྒྱལ་བ་ལྟ་བུ་མ་ཡིན་པ་སྟེ། མདོར་ན་སེམས་དྲན་པ་གསལ་བཞིན་དུ་འོག་མ་ལྟར་བྱས་ན་ཉེས་པར་འགྱུར་རོ། །ཉམས་པ་མེད་པའི་སྒོ་གསུམ་དུ། །ཞེས་པ་ནི་སྐྱེས་པ་ལ་ནི་སྒོ་གཉིས། སྒོ་དེ་དག་མེས་ཚིག་པ་ལྟ་བུའམ། རུལ་བ་ལྟ་བུའམ། ཞིག་པའམ། འབུ་ཞུགས་པ་ལྟ་བུར་མ་གྱུར་པར་འོག་ནས་འབྱུང་བ་བཞིན་དུ་བྱས་ན་ཉེས་པར་འགྱུར་རོ། །ཆགས་པས་ནང་དུ་ནོར་བུ་འདས། །ཞེས་པ་ནི་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་བྱས་ནས་ཁའི་ནང་དུ་སོ་ལས་འདས་པ་དང༌། རྐུབ་ནི་འཛུམས་པའི་མཚམས་འདས་པ་དང། མོ་མཚན་ནི་ཕྱི་ཤུན་གྱི་མཚམས་སུ་ནོར་བུ་ནུབ་ཅེས་པས་མཚམས་འདས་ཞེས་བྱའོ། །དགའ་བར་ཚོར་ན་བརྟུལ་ཞུགས་ཉམས། །ཞེས་པ་ནི་བདག་གིར་བྱས་ན་ཞེས་བྱ་བའི་དོན་ཏོ། །ཕས་བྱེད་དམ་ཚུས་བྱེད་ཀྱང་རུང་སྟེ། ཉམས་སུ་ལེན་ན་སྡོམ་པ་ཞིག་གོ །དགེ་སློང་མ་ནི་ཕས་བྱེད་པ་བཅབས་པ་ཡོད་དོ། །དེས་ན་ཁས་བླང་ཞིང་ཉམས་སུ་ལེན་ན་སྡོམ་པ་ཞིག་གོ །སྐྱེས་པ་ཞེས་པ་ནི་དགེ་སློང་མ་ནི་སྐྱེས་པའོ། །ཡང་ན་དགེ་ཚུལ་ཕས་སྐྱེས་པ་ཉིད་ལ་བྱའོ། །བུད་མེད་ཅེས་པ་ནི་དགེ་ཚུལ་ཕ་ནི་དགེ་ཚུལ་ཕ་ལ་བུད་མེད་ཀྱིས་སོ། །མ་ནིང་གིས་ཞེས་པ་ནི་མ་ནིང་ལྔ་སྟེ། མཚན་གཉིས་པ་དང༌། ཟླ་བ་ཕྱེད་ཅིང་འགྱུར་བ་དང༌། མཚན་མ་དང་གསུམ་མོ། །མཚན་ཁང་བོར་ཏེ་མནན་པ་ལས། །ཞེས་པ་ནི་གོང་མ་གསུམ་གྱི་མཐུ་རྩལ་གྱིས་མནན་ཏེ་མི་ཚངས་པར་སྤྱོད་པའོ། །གང་གིས་བདེ་བའི་རོ་མྱོང་བ། །ཞེས་པ་ནི་གང་གིས་ཉམས་སུ་བླངས་ཏེ་དགའ་བར་ཚོར་བའོ། །དེས་ནི་སྙོམ་པ་ཞིག་པར་འགྱུར། །ཞེས་པ་ནི་ཚོར་བ་དེ་ཡང་ཚུལ་ཁྲིམས་མེད་པར་རོ། །ཡན་ལག་སྐྱེས་ནས་ཞེས་པ་ནི་ཕེ་མཚན་འདོད་ཆགས་ཀྱི་ཡན་ལག་སྐྱེས་པ་ཞེས་བྱའོ། །བདེ་བ་འདོད་པས་ཞེས་པ་ནི་འདོད་ཚགས་འདོད་པ་དེ་ཞི་བར་བྱ་བའི་བདེ་བ་འདོད་པ་དང་


DTG167_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་ཚོར་བའི་བདེ་བ་འདོད་པ་ལ་བྱའོ། །གདུག་པ་སྦྲུལ་གྱི་ཁར་བཅུག་པ། །ཞེས་པ་ནི་ཚུལ་ཁྲིམས་དང་བྲལ་ན་གསོན་ཡང་མི་རུང་སྟེ། དེ་བས་ན་འདོད་ཆགས་ཀྱི་ཉོན་མོངས་པ་དེ་བཟློག་པའི་ཕྱིར་གསུངས་པས་སྦྲུལ་གདུག་པ་རྣམ་པ་གཉིས་ཡོད་དེ། སྒོ་གསུམ་གྱི་སྦྲུལ་དུག་ཅན་ནོ། །དེ་ལ་སྦྲུལ་དུག་ཅན་གྱི་ཁར་བཅུག་སྟེ་ཤི་བ་ནི་ཤི་ཡང་མ་ཤི་ཞེས་བྱའོ། །སྒོ་གསུམ་གྱི་སྦྲུལ་གདུག་པ་ཅན་གྱི་དབང་དུ་གྱུར་ནས་ཚུལ་ཁྲིམས་ཉམས་པ་ནི་ཚེ་རབས་དུ་མར་སྦྲུལ་གྱིས་ཟིན་པར་གྱུར་བསམ་ཤིན་ཡང་ཤི་བ་ཞེས་བྱའོ། །ལུས་ལ་དགའ་ཐུབ་མི་ཞིག་ཅེས་པ་ནི་ལུས་ཀྱི་དཀའ་ཐུབ་གསུམ་ལས་སྐབས་འདིར་ནི་ཚངས་པར་སྤྱོད་པ་ལ་བྱ་སྟེ། དོན་དུ་ན་སྦྲུལ་གདུག་པའི་ཁར་བཅུག་ཀྱང་བླའི། སྡོམ་པ་ཅན་གྱིས་ནམ་དུ་ཡང་ནི་མི་ཚངས་པར་མི་སྤྱོད་དོ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །ཞེས་པ་ནི་དེ་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །གལ་ཏེ་སྦྲུལ་གྱིས་བསད་གྱུར་ཀྱང༌། །ཞེས་པ་ནི་སྦྲུལ་གདུག་པའི་ཁར་བཅུག་ནས་འཆི་སྟེ་འཆི་བར་གྱུར་ཀྱང་ངོ༌། །ཚུལ་ཁྲིམས་གནས་ལ་དེ་ཕན་ཏེ། །ཞེས་པ་ནི་དེས་ཤི་ན་ཡང་ཚུལ་ཁྲིམས་མི་འཇིག་སྟེ། མེད་པས་མེད་འགྱུར་བས་མཐོ་རིས་སུ་སྐྱེས་པས་ན་དེ་ནི་ཕན་པ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པ་སྡུག་བསྔལ་ཡིན། །ཞེས་པ་ནི་ཆོས་ལ་གནས་པས་མྱུར་དུ་བདག་ཤི་བླའོ། །ཆོས་ལ་རྒྱབ་ཀྱིས་ཕྱོགས་པའང་ཅིར་མི་རུང༌། །ཆོས་གནས་སུམ་ཅུ་རྩ་གསུམ་ལྷ་ཡི་བདེ་བ་འཐོབ། །ཆོས་ཐོབ་བྲལ་བ་མྱུར་དུ་ངན་སོང་འཇིགས་ལྟུང་ངོ༌། །ཁྱིམ་བདག་དེ་ན་ཕས་མི་རྒོད་བརྒྱད་ཅུ་ལ་སྨྲ་བ་དེ་ལྟ་བུ་སྟེ། ཚུལ་ཁྲིམས་མེད་པ་དེ་ནི་སྡུག་བསྔལ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་སྒྲིབ་པར་འགྱུར་རོ། །དེ་ལྟ་བས་ན་ཚུལ་ཁྲིམས་དང་མི་ལྡན་པའི་དགེ་སྦྱོར་ནི་ཁང་པ་ཕུག་རྡོལ་ཅན་མེས་ཚིག་པའི་མགལ་དུམ་དང་འདྲའོ། །མྱ་ངན་འདས་ལ་སྒྲིབ་པར་འགྱུར། །ཞེས་པ་ནི་དེ་ལྟར་ཚུལ་ཁྲིམས་ཞིག་པར་གྱུར་ན་ངན་སོང་དུ་ལྟུང་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། མྱ་ངན་ལས་འདས་པའི་བར་དུ་ཡང་གཅོད་པར་འགྱུར་རོ། །དེ་འཁོར་བའི་ཡན་ལག་ཐམས་ཅད་ལ་ཡང་མི་ཚངས་པར་སྤྱོད་པ་ཞེས་བྱའོ། །མདོར་


DTG167_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་བྱང་བའི་ཐབས་ཙམ་དུ་གསུངས་སོ། །ཇི་ལྟར་ཞེ་ན། ལུས་ཀྱིས་དཔྱད་དུ་མེད་ན་ཡིད་ཀྱིས་བརྟགས་པ་མང་དུ་མི་བྱེད་པའི་ཕྱིར་རོ། །འདི་ཡན་ཆད་དུ་མི་ཚངས་པར་སྤྱོད་པའི་བཤད་པ་འདས་སོ།། །།ད་ནི་བརྫུན་དུ་སྨྲ་བ་འཆད་དེ། དེ་ཡང་ཡན་ལག་ལྔ་དང་ལྡན་ན་ཕམ་སྟེ། ལྔ་གང་ཞེ་ན། བླ་མའི་ཆོས་ཡིན་པ་དང༌། འདུ་ཤེས་བསྒྱུར་བ་རང་ཉིད་ཀྱིས་ཁར་སྨྲས་པ་དང༌། ངས་ཐོབ་བོ་ཞེས་བརྗོད་པ་དང་ལྡན་པ་དང༌། གཞན་གྱིས་དོན་གོ་བའོ། །ཡན་ལག་འདི་ལྔ་དང་ལྡན་ན་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། དགེ་སྦྱོང་གི་འབྲས་བུ་བཞི་ལ་སོགས་པ་ཐོབ་པོ་ཞེས་པ་ནས་ལྷ་དང་ཀླུ་ལ་སོགས་པ་མཐོང་ངོ་ཞེས་བྱ་བའི་བར་དུ་སྨྲས་ན་ཕམ་པར་འགྱུར་རོ། །ཡན་ལག་གཅིག་དང་མི་ལྡན་ན་ཉེས་བྱས་སུ་འགྱུར་རོ། །དེ་ལ་དང་པོ་བཅས་པ་ནི་སངས་རྒྱས་ཡུལ་ཡངས་པ་ཅན་གྱི་འོད་མའི་གྲོང་འདབ་ན་བཞུགས་པའི་ཚེ། ཉ་པ་ལྔ་བརྒྱལ་དེ་བཞིན་གཤེགས་པས་ཆུ་སྲིན་ཉའི་རིགས་ཀྱི་རྣམ་པར་སྨིན་པ་བཤད་པ་ལས་སེམས་གཡོས་ཏེ། དགེ་སློང་དུ་གྱུར་པ་ལྔ་བརྒྱ་པོས་དེ་མུ་གེ་ཆེན་པོ་ཞིག་བྱུང་སྟེ། ཉ་པའི་རིགས་ཀྱི་གྲོང་འདབ་དུ་སྤྱོད་པ་བཅས་ནས་བདག་ཅག་གཅིག་གིས་གཅིག་ཡོན་ཏན་མེད་པར་བསྟོད་པ་ལས་བཅས། ལྷ་དག་ཀུན་སྨྲ་དང་ཞེས་པ་ནི་ལྷ་དང་ཕན་ཚུན་ལྷན་ཅིག་གཏམ་བྱས་ཏེ། དེ་དང་བདེ་བར་གནས་པ་ལ་སོགས་པ་ན་གཉེན་དང་མཛའ་བའི་ཚུལ་དུ་སྨྲ་བ་ལ་སོགས་པའོ། །གང་ན་བདག་འདུག་ལྷའོ་ཞེས་པ་ནི་ང་གང་ན་བར་ལྷ་དག་འོང་ཞེས་ཟེར་བའོ། །མཐོང་ཞིང་ཞེས་པ་ནི་བདག་གིས་ལྷ་མཐོང་བ་དང༌། ལྷས་ཀྱང་བདག་མཐོང་ཞེས་པའོ། །དེའི་སྒྲ་ཞེས་པ་ནི་གཅིག་གི་སྒྲ་གཅིག་གིས་ཐོས་པའོ། །ཐོས་པར་གྱུར་གང་ཞེས་པ་ནི་ལྷས་སྨྲས་པ་བདག་གིས་ཐོས་པ་དང༌། བདག་གི་སྒྲ་ལྷས་ཐོས་ཞེས་ཟེར་བའོ། །བདག་ཀྱང་དེ་དག་གམ་འགྲོ་དང༌། །ཞེས་བ་ནི་ང་ལྷའི་གན་དུ་འགྲོའོ་ཞེས་ཟེར་བའོ། །དེ་བཞིན་ཞེས་པ་ནི་གང་ཇི་ལྟར་བདག་གིས་ལྷ་མཐོང་བ་དང༌། དེ་དང་གཏམ་བྱས་ཞེས་པ་ནི་ལྷན་ཅིག་འགྲོགས་ནས་ཟེར་བ་དེ་བཞིན་སྨྲའོ། །དྲི་ཟ་ཞེས་པ་ནི་དྲིས་བཅོས་པས་ན་དྲི་ཟ་ཞེས་བྱའོ། །གྲུལ་བུམ་ཞེས་པ་ནི་ཡི་དགས་གླུགས་པ་ཆེན་པོའོ། །ཀླུ་ཞེས་པ་ནི་བྱོལ་


DTG167_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གི་རྒྱལ་པོའོ། །གནོད་སྦྱིན་ཞེས་པ་ནི་གནོད་སྦྱིན་མདོག་དང་མདངས་འཕྲོག་པའོ། །ལོ་འཕྱེ་ཆེན་པོ་དང་ཞེས་པ་ནི། སྦྲུལ་ལྟ་བུ་གསུས་པས་འགྲོ་བའོ། །ཤ་ཟ་ཡི་དགས་ཞེས་པ་ནི་དངོས་སུ་ཟད། མིའམ་ཅི་ཞེས་པ་ནི་མིའི་ལུས་ལ་རྟ་མགོ་ཅན་ནོ། །མཐོང་ངོ་ཞེས་ལ་སོགས་པ་སྨྲའོ་ཞེས་པ་ནི་དྲི་ཟ་ནས། མི་འམ་ཅིའི་བར་དུ་མིང་གིས་སྨོས་པ་དེ་དག་བདག་གིས་མཐོང་ངོ༌། །དེ་དག་གིས་ཀྱང་བདག་མཐོང༌། དེ་དག་དང་ཡང་ལྷན་ཅིག་ཏུ་འགྲོགས་སོ་ཞེས་ཟེར་བའོ། །བསམ་གཏན་ཞེས་པ་ནི་གཟུགས་ཀྱི་བསམ་གཏན་བཞི་དང༌། གཟུགས་མེད་པའི་བསམ་གཏན་བཞི་པ་སྟེ། འཇིག་རྟེན་གྱི་བསམ་གཏན་བརྒྱད་དོ། །མངོན་ཤེས་ཞེས་པ་ནི། མངོན་པར་ཤེས་པ་ལྔ་འམ་དྲུག་གོ །ཚད་མེད་དང་ཞེས་པ་ནི་ཚད་མེད་པ་བཞིའོ། །རྒྱུན་ཞུགས་ལ་སོགས་འབྲས་བུ་དང༌། །ཞེས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་བརྒྱ་རྩ་བརྒྱད་སྤངས་པས་རྒྱུན་དུ་ཞུགས་པའོ། །འདོད་པའི་ཁམས་ཀྱི་བསྒོམ་པར་བྱ་བའི་ཉོན་མོངས་པ་དགུ་སེལ་བས། དྲུག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའོ། །འདོད་པའི་ཁམས་ཀྱི་དགུ་ཆར་སྤངས་པ་ནི། ཕྱིར་མི་འོང་བའོ། །སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་དགྲ་བཅོམ་པའོ། །ལམ་ལ་རབ་ཏུ་ཞུགས་པའང་རུང་ཞེས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཐོབ་བོ་ཞེས་བྱ་བ་ལ་སོགས་པའོ། །བདག་གིས་ཐོབ་ཅེས་སྨྲ་ན་ནི་ཞེས་པ་ནི་མི་ལས་བླ་མའི་ཆོས་གང་སྨྲ་བ་དེ་གོང་དུ་བཤད་པའི་ཡོན་ཏན་དེ་ལྟ་བུ་ལ་སོགས་པ་དག་མ་ཐོབ་པར་ཐོབ་ཅེས་སྨྲ་བའོ། །དོན་རིག་པ་ལ་བརྫུན་པའི་ཚིག་ཅེས་པ་ནི་ཕ་རོལ་པོ་དེ་བས་སམ། གླེན་པའམ་བྱིས་པ་ལ་སོགས་པ་ཡིན་ཏེ། ཚུལ་སྨྲ་བ་ལ་འདུ་ཤེས་སྦས་ཏེ། དེས་ཀྱང་དེ་དང་པར་ཤེས་པའམ། རིག་པའི་འདུ་ཤེས་མེད་པར་སྦས་ལ་དོན་གཞན་དུ་འདུག་ལ་ཚིག་གཞན་དུ་སྨྲ་བའོ། །ཁྱད་པར་ཐོབ་པའི་ཞེས་པ་ནི་གོང་མ་ལྟར་ཡོན་ཏན་རྣམ་པ་དེ་དག་ཅིག་ལྟོས་ནས་ཁྱད་པར་དུ་སྨྲ་བའོ། །བདག་ཉིད་ཅན་ཞེས་པ་ནི་དེ་དང་ལྡན་པའི་བདག་ཉིད་དུ་གྱུར་ཏོ་ཞེས་ཟེར་ནའོ། །མ་ཉམས་ཞེས་པ་ནི་མི་དྲན་པར་ཡང་མ་གྱུར་ཏེ། སེམས་ཉམས་པའོ། །ང་རྒྱལ་མེད་བཞིན་དུ་ཞེས་པ་ནི་


DTG167_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བའི་ང་རྒྱལ་ཏེ་སྔོན་དགེ་སྦྱོང་དགོན་པའི་ཡུལ་མངོན་སུམ་དུ་བྱུང་བའི་ཕྱིར་ང་རྒྱལ་སྐྱེས་པ་མ་ཡིན་པས་གདེང་མེད་བཞིན་དུ་འོག་མ་ལྟར་སྨྲས་ན་ཉེས་པར་འགྱུར་རོ། །སྨྲས་ན་སྡོམ་པ་ཉམས་པར་འགྱུར། །ཞེས་པ་ནི་སྨྲས་ཏེ་ཕ་རོལ་པོས་དོན་གོ་ན་ཚུལ་ཁྲིམས་མེད་པར་འགྱུར་རོ། །འདི་མན་ཆད་ནི་སྡོམ་པ་ཞིག་པར་མི་འགྱུར་བའི་ཡན་ལག་སྟོན་ཏོ། །ཁྱད་པར་ཐོབ་པ་མ་གཏོགས་པ། །ཞེས་པ་ནི་གོང་དུ་སྣོས་པ་ལྟག་མཐོང་ལ་སོགས་པ་དག་ནི་བསམ་གཏན་ལ་བརྟེན་ནས་མཐོང་བར་འགྱུར་བའི་ཕྱིར། ཁྱད་པར་འཐོབ་དང་གདེང་ཡོད་པ། །དེས་སྨྲས་ན་ནི་ཉེས་པར་མི་འགྱུར་རོ། །དེ་ལས་གཞན་པའི་བརྫུན་ཚིག་རྣམས། །ཞེས་པ་ནི་གོང་དུ་སྨོས་པ་མ་གཏོགས་པར་གཞན་ཅི་ཡང་རུང་བའི་བརྫུན་ཚིག་ནི་བསམ་གཏན་ལ་བརྟེན་ཏེ་མཐོང་བར་མི་དགོས་པ་མཐོང་བ་དང༌། ཤེས་པར་རུང་བ་སྡོམ་པ་ཞིག་པར་མི་གཞག་སྟེ། རྩ་བ་བཞི་ཆར་ཡང་ཉེས་པར་མི་འགྱུར་བར་དབྱེའོ། །འདིར་ཡང་ཉེས་པར་འགྱུར་བར་དབྱེ་སྟེ། གོང་མ་ལས་བརྫུན་ཕྲན་ཚེགས་ཕྱག་དར་ཁྲོད་ན་ཤ་ཟ་དག་མཐོང་ངོ་ཞེས་བྱ་བ་དང༌། ཤེས་བཞིན་གྱིས་བརྫུན་ཕྲན་ཚེགས་དག་སྨྲས་ན་ཉེས་པའི་དམིགས་འོག་མ་ལྟར་འགྱུར་རོ། །དེ་དག་ཐམས་ཅད་སྡིག་མང་འགྱུར། །ཞེས་པ་ནི་དེ་དག་སྨྲས་ན་བསོད་ནམས་མ་ཡིན་པ་མང་དུ་འཕེལ་ཏེ། དེས་ངན་སོང་དུ་ནི་ཁྲིད་པར་བྱེད་ལ་སྡོམ་པ་ནི་འཇིག་པར་མི་འགྱུར་རོ། །དེས་ནི་འོག་མར་ལྟུང་བར་བྱེད། །ཅེས་པ་ནི་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲས་པ་དེས་ནི་མི་ལས་འོག་མ་གསུམ་དུ་ལྟུང་བར་བྱེད་དོ།། །། འདི་མན་ཆད་ནི་ཕྲ་མོའི་ཉེས་པ་འཆད་དེ། ཇི་ལྟར་མཛའ་བོད་བྱེ་འགྱུར་བའི། །ཞེས་པ་ནི་མི་གཉིས་ཡིད་མཐུན་ཞིང་མཛའ་བ་ད་ལ་ཐབས་གང་གིས་དབྱེ་བར་འགྱུར་བའི་ཚིག་འོག་མ་ལྟ་བུའི་ཚིག་སྨྲས་སོ། །ཕྲ་མའི་ཚིག་རྣམས་སྨྲ་མི་བྱ། །ཞེས་བྱ་བ་ནི་ཞེ་སྡང་གིས་དབྱེ་བའི་ཕྱིར་ཚིག་བདེན་པ་ཡང་རུང་བརྫུན་པ་ཡང་རུང་སྟེ། ཕན་ཚུན་བསྐྱལ་ཞིང་སྨྲ་བར་མི་བྱའོ། །ཕྲ་མ་ལ་རྣམ་པ་གཉིས་ཏེ་ཞེ་སྡང་གིས་དབྱེ་བ་དང༌། ཕན་པར་བྱ་བའི་ཕྱིར་དབྱེ་བ་སྟེ། དེ་ལ་ཕན་པར་བྱ་བའི་ཕྱིར་དབྱེ་བའི་ཕྲ་མ་ཟེར་པ་ནི་ཉེས་པར་མི་གཞག་གོ །འདི་དག་ནི་དགེ་ཚུལ་གྱི་ཁྲིམས་ཀྱི་དངོས་པོ་མ་ཡིན་མོད་


DTG167_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། ངག་གི་ཉེས་པ་སྤང་བའི་སྐབས་སུ་དགེ་བ་བཅུའི་རྒྱུད་ཀྱིས་བསྡམས་ནས་ངག་གི་སྐྱོན་འདི་དག་སྤང་བར་བསྟན་ཏོ། །ཐུན་ཚགས་སུ་ནི་སྨྲ་བ་དང༌། །ཞེས་བྱ་བ་འདི་ཚིག་རྐང་འདིས་ཐུན་ཚགས་སུ་སྨྲ་བ་འཆད་དེ། དགོས་པའི་དོན་མེད་པར་སྒྲུང་གཏམ་དང༌། ལྡེའུ་དང། གླུ་ཚིག་དང༌། སྙན་ངག་དང༌། གར་དང༌། བྲེ་མོ་གཏམ་དང༌། བོན་སྨྲ་བ་ལ་སོགས་པ་སྨྲས་པའོ། །ཚིག་རྩུབ་སྨྲ་བར་མི་བྱའོ། །ཞེས་བྱ་བ་ནི་ཕ་རོལ་ཞེས་འདེ་བས་པའི་ཚིག་དག་སྨྲ་བར་མི་བྱའོ། །འདི་མན་ཆད་ནི་དགེ་སྦྱོང་གི་ཚུལ་བཞི་སྟོན་ཏེ། དེ་ལ་དགེ་སྦྱོང་དུ་གྱུར་ཏམ། དགེ་སྦྱོང་ཞེས་བྱ་བ་དེ་ཐོབ་ནས་འདི་དག་བསྲུང་དགོས་སོ། །ངན་དུ་ཟེར་ལའང་ངན་མི་བརྗོད། །ཅེས་བྱ་བ་ནི་ཕ་རོལ་ཚིག་ངན་པ་ཕའི་ཤ་ཟོ་ཞེས་ཟེར་བ་ལ་སོགས་པའི་ཚིག་ངན་པ་ཟེར་ཡང་ཚུལ་འདིའི་ལན་ཚིག་ངན་པའི་བག་ཟུར་ཡང་སྨྲ་བར་མི་བྱའོ། །གཤེ་ལ་ལན་དུ་སླར་མི་གཤེ། །ཞེས་བྱ་བ་ནི་ཕས་ཚུར་བདག་ལ་ངན་པ་འདི་ཞེས་པ་ལ་སོགས་པའི་ཚིག་ངན་པས་བརྒྱད་བཀག་ཀྱང༌། དེའི་ལན་གཤེ་བའི་ཚིག་དག་ཀྱང་མི་བྱའོ། །མཚང་འབྲུ་བ་ལ་སླར་མི་འབྲུ། །ཞེས་པ་ནི་ཕས་ཚུར་བདག་ལ་སྐྱོན་ཅི་ཡོད་པའི་བག་མཚང་འབྲུ་བ་དེ་ལ་སླར་དེའི་མཚང་འབྲུ་བག་ཙམ་ཡང་མི་བྱའོ། །རྡེག་པ་ལ་ཡང་སླར་མི་རྡེག །ཅེས་བྱ་བ་ནི་ཕས་ཚུར་མཚོན་ཆ་དང༌། དབྱུག་པ་ལ་སོགས་པ་དག་གིས་བདག་ལ་བརྡེག་ཀྱང་དེའི་ལན་དུ་རྡུལ་ཙམ་མི་བྱའོ། །བློ་ལྡན་ཞེས་བྱ་བ་ནི་བློ་དང་ཤེས་རབ་དང་རིག་པ་དང་རྟོགས་པ་དག་ནི་རྣམ་གྲངས་ཏེ། མདོར་ན་ཤེས་རབ་དང་ལྡན་ཞེས་བྱ་བའི་དོན་ཏོ། །བསླབ་པ་འདོད་པ་ཡིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྟན་པའི་བསླབ་པའམ། ཚུལ་ཁྲིམས་དེ་ལ་དད་པས་སོ། །བསྒྲིམས་ཏེ་ཞེས་བྱ་བ་ཤིན་ཏུ་ནན་ཏན་དུ་འབད་དོ། །དག་གི་སྐྱོན་རྣམས་སྤང་ཞེས་པ་ནི་ཕ་རོལ་པོའི་ཡིད་མི་དགའ་བར་གྱུར་ན་བདག་ཀྱང་དེས་དམྱལ་བདག་ཏུ་ཁྲིད་པར་བྱད་པས་སྐྱོན་ཏེ། དེ་བས་ན་ངག་གི་སྐྱོན་རྣམས་སྤང་བར་བྱ་བ་ཐམས་ཅད་ལས་བྱུང་བས་ན་དང་པོ་ངག་གི་ཉེས་པ་བསྡམ་པར་བྱའོ། །དེ་ལྟར་འགྱུར་བར་རིག་ནས་ནི། །ཞེས་བྱ་བ་ནི་དེ་ལྟར་ངག་དེའི་ཉེས་པ་བཞི་ནི་བཤད་ད་འདས་སོ།། །།ད་ནི་ལྔ་བ་ལ་བབ་སྟེ། ཆང་མི་བཏུང་བ་འཆད་དོ། །འབྲུ་བཏགས་ཕབས་དང་སྦྱར་བ་ཡི། །ཞེས་བྱ་


DTG167_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ས་བོན་བཏབ་ནས་ལོ་ཏོག་ལས་སྐྱེས་པའི་གྲོ་ནས་དང་འབྲས་ལ་སོགས་པ་ཀུན་བསྡུས་ཏེ། ལོ་ཏོག་ལས་བཏགས་པའི་ཆང་སྟེ། ཟན་ཆང་ལྟ་བུ་ཕབས་དང་སྦྱར་བ་ཆང་དུ་ཡང་གྱུར། ཆང་དུ་ཡང་འདུ་ཤེས། བདག་གིས་ཀྱང་འཐུངས། མྱོས་པར་ཡང་འགྱུར་ནའོ། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང། །ཞེས་བྱ་བ་ནི་ཆང་གི་རྣམ་གྲངས་ཏེ། རྐུན་འབྲུམ་དང༌། བུར་མ་སྤང་རྩི་ལས་ཆང་དུ་བྱས་པ་དང༌། མེ་ཏོག་དང་ལོ་ཏོག་ཐམས་ཅད་ཀྱི་ཆང་ངོ༌། །དེ་ལ་ཆང་ལ་རྣམ་པ་བཞི་སྟེ། ཁ་དོག་གི་ཆང་དང༌། དྲིའི་ཆང་དང༌། རོའི་ཆང་དང༌། མཆུ་ཆང་གི་དང་བཞིའོ། །དེ་ལ་མཐུ་དང་མི་ལྡན་པར་འཐུངས་པས་ནི་ཉེས་བྱས་ལ་བརྩིའོ། །གཞན་ཡང་རྣམ་པ་མང་དུ་འཆད་དེ། རྒྱ་གར་སྐད་ཀྱིས་པར་མ་འཐུངས་ན་ཉེས་པའོ་ཞེས་འཆད་དོ། །ཡང་རོ་ཅན་མི་བཏུང་སྟེ་འཐུངས་ན་ཉེས་བྱས་སོ་ཞེས་འཆད་དོ། །སྡོང་བུ་ཞེས་བྱ་བ་ནི་བུ་རམ་ཤིང་གི་ཆང་དག་གོ །མེ་ཏོག་གང་ཞེས་བྱ་བ་ནི་སྦྲང་ཆང་དག་གོ །འབྲས་བུ་ལས་ཞེས་བྱ་བ་ནི་རྒུན་ཆང་དག་བསྡུའོ། །སྦྱར་བའི་ཁུ་བ་འབྲས་བུའི་ཆང༌། །ཞེས་བྱ་བ་ནི་ཕབས་དང་སྦྱར་བའི་ཆང་ངོ༌། །དེས་ནི་མྱོས་པར་འགྱུར་རིག་ནས། །ཞེས་བྱ་བ་ནི་རྒྱ་གར་གྱི་སྐད་དུ་མར་ཏ་ཞེས་བྱ་སྟེ། བར་མ་དང་སྦྱོར་བར་འགྱུར་བ་ཀུན་མི་སྣང་སྟེ། དེ་ལ་མདོར་བསྡུས་ཏེ་སྨྲས་པའོ། །སྡོམ་ཅན་ཕན་འདོད་མི་བཏུང་ངོ༌། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་གནས་པ་བདག་ལ་ཕན་པར་འདོད་པས་གོང་དུ་སྨྲས་པའི་ཆང་དེ་དག་མི་བཏུང་ངོ༌། །དེ་འཐུངས་ནས་ནི་ཞེས་བྱ་བ་ནི་འཐུངས་ན་ཅི་ཉེས་ཤེ་ན། གོང་མ་ལྟར་དུ་འགྱུར་རོ། །དྲན་པ་ཉམས་ན་ཞེས་བྱ་བ་ནི་མྱོས་པའི་བློར་འགྱུར་རོ། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། །ཞེས་བྱ་བ་ནི་སྡོམ་པ་ལ་ཞུགས་པ། སྡོམ་པ་ལ་གནས་པ། སྡོམ་པ་དང་ལྡན་པ་དེ་ཚུལ་ཁྲིམས་ཞིག་པར་འགྱུར་རོ། །དཔེར་ན་ཆུང་བ་དགེ་བསྙེན་ཅིག་ལ་རྐྱལ་བྱ་བའི་ཕྱིར་ཆང་རྫེའུ་གང་དང་ལུག་ཅིག་བུད་མེད་ཅིག་ཁྲིད་དེ་འོངས་པ་ལས་ཆང་འཐུངས་པ་དང་ཁྲིམས་ལྔ་ཆར་དྲལ་བ་ལྟ་བུའོ། །བག་མེད་པ་ལས་བརྟུལ་ཞུགས་ཉམས། །ཞེས་བྱ་བ་ནི་གོང་མ་བསྣན་ཏེ་སྨྲས་པ་ཙམ་དུ་ཟད་དོ། །ཡང་ན་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་དང་གསུམ་ལུས་དང་ངག་གིས་བསྲུང་བ་སྟེ། ཕམ་པའི་གཞི་ནི་ཚུལ་ཁྲིམས་ཀྱི་ཡན་ལག་


DTG167_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གླུ་གར་དག་ནི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ། ཁྱིམ་པ་ལས་ཁྱད་པར་དུ་བྱའོ། །དེ་བས་སྟོན་པའི་བཀའ་དྲན་བྱ། །ཞེས་བྱ་བ་ནི་སངས་རྒྱས་དེ་ཕྱིན་ཅི་མ་ལོག་པར་སྟོན་པའོ། །དེ་བས་ན་ཇི་སྐད་གསུངས་ཤེ་ན། ཆང་ནི་ཉེས་དགུ་མཚོན་པ་སྟེ། །བག་ཆགས་བསྒྲིབས་པས་རྣལ་འབྱོར་ཉམས། །ཞེས་བཀག་པས་ན་དེའི་བཀའ་དྲན་པར་གཞག་གོ །མྱོས་འགྱུར་ཉེས་པ་འཕེལ་འགྱུར་བ། །ཞེས་བྱ་བ་ནི་ཆང་འཐུངས་པས་མྱོས་པ་ཙམ་དུ་མ་ཟད་ཀྱི་ཉེས་པ་གཞན་ཡང་མང་དུ་འཕེལ་བར་འགྱུར་གྱི། རྩ་མཆོག་ཙམ་ཡང་མི་བཏུང་ངོ༌། །དེ་བས་ན་རྩའི་ཐོར་ཏོ་ལ་ཆགས་པ་ཙམ་ཡང་མི་བཏུང་ན་མང་དུ་འཐུངས་པ་ལྟ་ཅི་སྨོས། ད་འདི་མན་ཆད་དགེ་ཚུལ་གྱི་བསླབ་ཚིགས་བཅུའི་དངོས་པོ་ལ་ལྔ་ནི་འདས། ད་ནི་དྲུག་པ་ལ་བབ་སྟེ། གླུ་གར་མི་བྱ་བར་འཆད་དོ། །གླུ་གར་དེ་བཞིན་སིལ་སྙན་རྣམས། །ཞེས་བྱ་བ་ནི་རོལ་མོའི་སྤྱད་དང་རོལ་མོ་བྱ་བ་ཐམས་ཅད་བསྲུང་བ་སྟེ། བདག་ཉིད་ཀྱང་མི་བྱ། གཞན་བྱེད་དུ་ཡང་མི་གཞུག །བདག་ཉིད་ཉན་པའི་ཕྱིར་ན་དཀོན་མཆོག་གི་སྤྱན་སྔར་བྱེད་དུ་ཡང་མི་གཞུག །བདག་ཉན་པའི་ཕྱིར་མ་ཡིན་མོད་ཀྱི། དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་ནི་ཉེས་པ་མེད་དོ། །དྲིལ་བུ་དཀྲོལ་བ་དང་དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་ཉེས་པ་མེད་དོ། །ཆུ་ལ་བྱེའུ་ཟུལ་བྱེད་པ་ལ་སོགས་པ་ཆུ་ལ་རྩེ་བ་སྣ་ཚོགས་ཀྱང་མི་བྱའོ། །རྐྱལ་མི་ཤེས་ན་དབེན་པར་བསླབ་པ་དང་སྨན་པས་བསྒོས་ཏེ། སྨན་གྱི་ཆོ་གས་ཆུའི་ནང་དུ་རྒྱལ་བ་དག་ལ་ཉེས་པ་མེད་དོ། །གླུའི་དབྱངས་ཐམས་ཅད་མི་བྱའོ། །ཆོས་འཆད་པ་དང་ཡི་གེ་ཀློག་པ་དང། དཀོན་མཆོག་གསུམ་ལ་བསྟོད་པའི་ཚེ་དབྱངས་ལེན་པ་ལ་ཉེས་པ་མེད་དོ། །སྡོམ་པ་ལ་གནས་པས་མི་བྱའོ། །བསླབ་ཚིགས་བཅུའི་དངོས་པོ་ལས་དེ་ཡན་ཆད་དྲུག་ནི་འདས། ད་ནི་བདུན་པ་ལ་བབ་སྟེ། ལུས་ལ་སྤོས་ཀྱིས་མི་བྱུག་པ་འཆད་དོ། །ལུས་ལ་སྤོས་ཀྱིས་མི་བྱུག་སྟེ། །ཞེས་བྱ་བ་ནི་ལུས་ལ་དྲི་ཞིམ་པོའི་བག་ཐམས་ཅད་ཀྱིས་མི་བྱུག་མི་བསྐུའོ། །ལུས་ལ་མདངས་བཟང་བ་དང༌། དྲི་ཞིམ་པར་བྱ་བའི་ཕྱིར་རོ། །གོས་ལ་སོགས་པ་ལ་མི་བྱུག་གོ །ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་འཁོར་བ་ལ་ཆགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཙནྡན་ལ་སོགས་མི་བསྐུའོ། །ཞེས་བྱ་བ་ནི་དྲི་


DTG167_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་པོར་སྦྱར་བ་ལ་སོགས་པ་ལུས་ལ་མི་བྱུག་གོ །ཡུང་དང་གུར་གུམ་ལ་སོགས་པས། །ཞེས་བྱ་བ་ནི་མདངས་ནི་གུར་གུམ་དག་མདངས་སེར་པོར་འདོད་པའི་ཕྱིར་མི་བྱའོ། །ཁ་དོག་རྣམས་སུ་བྲི་མི་བྱ། །ཞེས་བྱ་བ་ནི་སེར་པོ་ལ་སོགས་པའི་ཁ་དོག་དག་གོ །མེ་ཏོག་མགོ་རྒྱན་ཕྲེང་བ་དང༌། །ཅེས་བྱ་བ་ནི་མེ་ཏོག་གང་ཡང་རུང༌། སྐུད་པ་དག་དང༌། ཤིང་བུ་དག་ལ་བརྒྱུས་པའི་ཕྲེང་བ་དག་གི་སེ་རལ་ཁ་ལ་སོགས་པར་མི་གདགས་སོ། །བརྟུལ་ཞུགས་ཅན་གྱིས་གདགས་མི་བྱ། །ཞེས་བྱ་བ་ནི་བསླབ་པ་ལ་གནས་པས། འདི་དག་གདགས་པར་མི་བྱའོ། །གསེར་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་གསེར་དངུལ་ལ་སོགས་པའི་སོར་གདུབ་དང༌། རྣ་ཆ་དང༌། མགོ་རྒྱན་དང༌། དཔུང་རྒྱན་དག་གིས་བདག་བརྒྱན་པར་མི་བྱའོ། །དུད་པ་ལ་སོགས་མིག་སྨན་རྣམས། །ཞེས་བྱ་བ་ནི་ལི་ཁྲི་དང་མཚལ་ལ་སོགས་པ་མིག་སྨན་རྣམས་ཀྱིས། མིག་མི་ན་བར་མི་བསྐུའོ། །འདི་ཡན་ཆད་དགེ་ཚུལ་གྱི་བསླབ་ཚིགས་བཅུའི་དངོས་པོ་ལས་བདུན་ནི་འདས། ད་ནི་བརྒྱད་པ་ལ་བབ་སྟེ། བླ་མའི་ཁྲི་ལ་མི་འདུག་པ་འཆད་དེ། ཤིང་ཁྲི་ཁྲུ་གང་མཐོ་བ་དང༌། །ཞེས་བྱ་བ་ནི་ཁྲི་འམ་སྟེགས་བུ་ཁྲུ་གང་ཡན་ཆད་ལས་མཐོ་བ་དག་གོ །བ་སོ་ཞེས་བྱ་བ་ནི་བ་སོ་ལས་བྱས་པའི་ཁྲི་དག་གོ །ལ་སོགས་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པའོ། །བརྒྱན་པའི་ཁྲི་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་དང༌། གསེར་དངུལ་ལ་སོགས་པས་བརྒྱན་པའི་ཁྲིའོ། །དམའ་ཡང་ཉལ་ཁྲི་བཟང་པོ་ལས། །ཞེས་བྱ་བ་ནི་བ་སོ་དང་རིན་པོ་ཆེ་ལ་སོགས་པས་བརྒྱན་པའི་ཁྲི་ཁྲུ་གང་དུ་མ་ཕྱིན་ཀྱང༌། དེ་ཉིད་རིན་པོ་ཆེའི་ཡིན་པས་དམའ་ཡང་ཉེས་པའོ། །ཆོས་འཆད་པ་དང་ཁ་ཏོན་བྱེད་པ་ལ་གནང་ངོ༌། །ཉལ་ལ་སོགས་པ་མི་བྱའོ། །ཞེས་བྱ་བ་ནི་ཆོས་འཆད་པའི་ལྷའི་ཡུལ་དུ་ཕྱིན་པའི་ཚེ། རིན་པོ་ཆེ་འབའ་ཞིག་སྤྱོད་པ་དང༌། གཞན་ཡང་རིན་པོ་ཆེ་འབའ་ཞིག་སྤྱོད་པའི་ཡུལ་ན་ནི་རིན་པོ་ཆེ་ལ་སོགས་པའི་ཁྲི་ལ་ཉལ་ཞིང་འདུག་ཀྱང་ཉེས་པ་མེད་དོ། །ཆོས་འཆད་པའི་ཚེ་ན་ཁྲི་མཐོན་པོ་ལ་འདུག་ཀྱང་ཉེས་པ་མེད་དོ། །གླུ་གར་ལ་སོགས་པ་ཞེས་བྱ་བ་ནི་བོན་སྨྲང་དང༌། སྒྲུང་གཏམ་དང༌། རྩེད་མོ་དང༌། འབོད་པ་དག་བསྡུའོ། །བསྟན་པ་དང་ཞེས་བྱ་བ་ནི་གླུ་གར་ལ་སོགས་པ་བདག་ཉིད་འདོད་པའོ། །གང་ལས་དྲེགས་པ་སྐྱེ་འགྱུར་བ། །


DTG167_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གོང་དུ་སྨྲས་པ་དེ་དག་ལ་བརྟེན་ནས་རྒྱགས་པས་དང་དྲེགས་པས་ཏྲོག་ཏྲོག་པོར་འགྱུར་བས། དྲེགས་པའི་ཡན་ལག་སྤངས་ནས་ནི། །ཞེས་བྱ་བ་ནི་དེ་ལྟར་དྲེགས་པའི་རྐྱེན་དུ་གྱུར་བ་དེ་དག་སྤངས་ནས། བརྟུལ་ཞུགས་གནས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་སྟེ། བསླབ་པ་ལ་གནས་ཞེའམ་སྡོམ་པ་དང་ལྡན་ཞེས་བྱ་བ་ཡིན་ནོ། །འདི་ཡན་ཆད་དུ་དགེ་ཚུལ་གྱི་བསླབ་ཚིགས་བཅུའི་དངོས་ལས་བརྒྱད་ནི་འདས། ད་ནི་དགུ་པ་ལ་བབ་སྟེ། ཉི་མ་ཕྱེད་མན་ཆད་ཟས་མི་བཟའ་བ་འཆད་དེ། ཉི་མ་ཕྱེད་མཚམས་མན་ཆད་ནས། །སྐྱ་རེངས་མ་ཤར་དུས་མིན་ཏེ། །ཞེས་བྱ་བ་ནི་སྐྱ་རེངས་ལ་རྣམ་པ་གསུམ་སྟེ། སྔོ་རེང་དང༌། སེར་རེང་དང༌། དམར་རེང་ངོ༌། །དེ་ལ་སར་རེང་མེད་པའི་ཚད་ཀྱིས་བཟུང་སྟེ། དེ་ནི་རྒྱལ་བས་དུས་མིན་གསུངས། །ཞེས་བྱ་བ་ནི་ཉི་མ་ཕྱེད་མན་ཆད་ནས་སྐྱ་རེངས་མ་ཤར་གྱི་བར་དུ་ཁ་ཟས་བཟའ་བའི་དུས་མ་ཡིན་ནོ་ཞེས་བདུད་བཞི་ལས་རྒྱལ་བའི་རྒྱལ་བས་གསུངས་སོ། །སྡོམ་ཅན་གྱིས་ནི་དེར་མི་བཟའ། །ཞེས་བྱ་བ་ནི་བསླབ་པ་ལ་གནས་པས་དུས་མ་ཡིན་པ་དེར་བཟའ་བ་ལྔ་དང་བཅའ་བ་ལྔ་དག་མི་བཟའོ། །སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། །ཞེས་བྱ་བ་ནི་དུས་གང་དག་ཏུ་བཟའ་ཞེ་ན། སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཀྱི་བར་དུ་བཟའོ། །དེ་ཡི་སྐབས་སུ་ཟོས་ནས་ནི། །ཞེས་བྱ་བ་ནི། བདག་གིས་ཀྱང་དུས་སུ་ཟོས་པར་ཤེས་བ་དང་སྡོམ་པ་ལ་གནས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་བདག་ཤེས་པའི་སྡོམ་པ་མ་ཡིན་ནོ། །བཟའ་བའི་དུས་སུ་ཟོས་པ་ཡིན། །ཞེས་བྱ་བ་ནི་དེ་ལྟར་སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཕྱེད་ཀྱི་བར་དུ་ཡང་ཡིན་ལ། དུས་ཡིན་པར་ཡང་འདུ་ཤེས་ཡོད་བཞིན་དུ་ཟོས་པ་ནི་བཟའ་བའི་དུས་སུ་ཟོས་པ་ཡིན་ཞེས་བྱའོ། །དུས་མིན་དུས་སུ་འདུ་ཤེས་ནས། །ཞེས་བྱ་བ་ནི་ཉི་མ་ཕྱེད་ཙམ་ཕན་ཆད་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཟའ་བའི་དུས་མ་ཡིན་པ་ལ་དུས་སོ་ཞེས་འདུ་ཤེས་པར་བྱས་ནས་ནམ་ཡང་བཟའ་བར་མི་བྱ་སྟེ། དུས་མ་ཡིན་པ་ལ་འདུ་ཤེས་སོ་ཞེས་འདུ་ཤེས་པར་བྱས་ནས། ནམ་ཡང་བཟའ་བ་ལྔ་དང་བཅའ་བ་ལྔ་དག་བཟའ་བར་མི་བྱའོ། །སྨན་པས་ཉོན་མོངས་བསྒོ་ནས་ནི། །ཞེས་བྱ་བ་ནི་ན་བའི་རྐྱེན་ཅིག་གིས་ཉི་མ་ཕྱེད་མན་ཆད་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཟའ་བའི་


DTG167_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་ཡིན་པའི་ཚེ། སྨན་དཔྱད་ཀྱིས་དེར་ཁ་ཟས་མ་ཟོས་ན་ཉེན་ཆེད་པོར་འགྱུར་གྱིས་ཁ་ཟས་ཟོ་ཤིག་ཅེས་བསྒོ་ན། ནད་པས་ཉེས་པར་མི་འགྱུར་རོ། །འདི་མན་ཆད་ནི་དགེ་ཚུལ་བའི་བསླབ་ཚིགས་བཅུའི་དངོས་པོ་ལས་དགུ་ནི་འདས། ད་ནི་བཅུ་ལ་བབ་སྟེ། གསེར་དངུལ་ལ་མི་རེག་པ་འཆད་དོ། །ས་ལེ་སྦྲམ་ནི་གསེར་ཡིན་ཏེ། །ཞེས་བྱ་བ་ནི་རྒྱ་གར་ལས་གཟུགས་དངུལ་ཅན་ཞས་བྱ་བ་འབྱུང་སྟེ། གསེར་དངུལ་ཞེས་བྱ་བ་གོ་རིམས་བཞིན་དུ་སྦྱར་ཏེ། དངུལ་ཞེས་བྱ་བ་དངུལ་ཉིད་ཡིན། །ཞེས་བྱ་བའོ། །སྦྱིན་བདག་རྣམས་ཀྱིས་དེ་བྱིན་ཞེས་བྱ་བ་ནི་བདག་གི་གསེར་དངུལ་ཡིན་པ་བདག་གི་འདུ་ཤེས་པ་ལ་ཉེས་པར་མ་གྱུར་ཏེ། ད་བས་ན་སྦྱིན་བདག་གིས་ཡིན་པས་རྒྱལ་པོའམ་དད་པའི་བྲམ་ཟེ་ལ་སོགས་པས་བྱིན་ན། བརྟུལ་ཞུགས་ཅན་གྱིས་མི་བླང་ངོ༌། །ཞེས་བྱ་སྟེ། བསླབ་པ་ལ་གནས་པའི་སྡོམ་པ་ཅན་གྱིས་སོ། །བདག་གིས་རུང་བ་མ་ཡིན་འདིས། །ཞེས་བྱ་བ་ནི། གསེར་དངུལ་དེ་དག་དགེ་ཚུལ་གྱིས་བཟུང་བར་མ་བརྟགས་པ་ཡིན་པས་ན་གསེར་དངུལ་འདིས་རུང་བའི་དངོས་པོ་བཙལ་སྙམ་དུ་ཞེས་བྱ་བ་སྟེ། ལྷུང་བཟེད་དམ་ཆོས་གོས་སམ་སྨན་དག་ཏུ་བསྒྱུར་རོ། །དེ་ལྟར་མངོན་པར་བསམས་ནས་ནི། །ཞེས་བྱ་བ་ནི་གོང་དུ་སྨྲས་པ་ལྟར་བསམ་པ་མངོན་པར་འདུ་བྱས་ནས། དེ་ནས་གཞན་ཞིག་ལེན་དུ་གཞུག །ཅེས་བྱ་བ་ནི་དེ་ནས་གདོད་གཡོག་གམ་སྐྱེ་བོ་དག་ལེན་དུ་གཞུག་གོ །དཀོན་མཆོག་གསུམ་གྱི་ཆེད་ཀ་དང༌། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་གསེར་དངུལ་གྱིས་མཆོད་པ་ལ་ནི་ཉེས་པ་མེད་དོ། །ཚངས་པ་མཚུངས་པར་སྤྱོད་རྣམས་ཀྱི། །ཞེས་བྱ་བ་ནི་དགེ་སློང་དང་དགེ་ཚུལ་གྲོགས་པོ་དག་གི་སྟེ། མདོར་ན་བདག་གིས་མ་ཡིན་པའི། །གསེར་དང་དངུལ་ལ་རེག་གྱུར་ཀྱང༌། །ཞེས་བྱ་བ་ནི་རིན་པོ་ཆེ་དག་བསྡུས་ཏེ། དེ་དག་ལ་བདག་གིས་རེག་ཅིང་བཟུང་ཡང༌། ཉེས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་སྟེ། བསླབ་པ་ཉམས་པར་མི་འགྱུར་རོ། །འདི་མན་ཆད་ནི་དགེ་ཚུལ་དང༌། བླ་མ་དང༌། འོག་མའི་ཁྱད་པར་དང་རིམ་པར་སྟོན་ཏོ། །འདོད་པས་བར་དུ་གཅོད་བྱེད་ཅེས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་དེ། །བར་དུ་གཅོད་པར་མི་འགྱུར་ཞེས། །དགེ་ཚུལ་གཏི་མུག་མ་སྨྲ་ཤིག་


DTG167_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ནི་སྡེ་བཅས་པའི་དགེ་ཚུལ་ཀཎྜ་ཀ་དང་མ་ཧཱ་ཞེས་བྱ་བ་གཉིས་ཡོད་དེ། དེ་སྐད་ཅེས་ཟེར་བ་ལས་བཅས་ཏེ། དགེ་ཚུལ་བག་མེད་པ་བྱུང་རྒྱལ་དུ་སྨྲ་བ་ཁ་ཅིག་འདི་སྐད་ཅེས་ཟེར། འདོད་པ་དེ་དག་བར་དུ་སྤྱད་ཀྱང་དགེ་བ་སྤྱོད་པ་དང་ཐར་བར་འགྱུར་བ་ལ་བར་དུ་གཅོད་བྱེད་ཅེས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་དེ་སྤྱད་ཀྱང༌། དག་བ་སྤྱོད་པ་དང་ཐར་པར་འགྱུར་བ་དག་གི་བར་ཆད་དག་ཏུ་མི་འགྱུར་རོ། །དགེ་ཚུལ་ཞེས་དགེ་ཚུལ་གཏི་མུག་པ་དག་ལ་མ་སྨྲ་ཤིག །དེ་སྐད་སྨྲས་ན་དགེ་འདུན་གྱིས། །ཞེས་བྱ་བ་ནི་དགེ་ཚུལ་གྱིས་གོང་མ་སྐད་དུ་སྨྲས་ན། དེ་ནི་དགེ་འདུན་གྱིས། ལོངས་སྤྱོད་ཀུན་དང་ཕྲལ་ནས་ནི། །ཞེས་བྱ་སྟེ། ཆོས་ཀྱི་ལོངས་སྤྱོད་དང༌། ཟང་ཟིང་གི་ལོངས་སྤྱོད་དང་ཕྲལ་ནས། གཙུག་ལག་ཁང་ནས་བསྐྲད་པར་བྱ། །ཞེས་བྱ་བ་ནི་གཙུག་ལག་ཁང་གི་ནང་ནས་གཎྜཱི་བརྡུངས་ཏེ། མཚམས་ཀྱི་ཕྱི་རོལ་དུ་ཕྱུང་སྟེ་བསྐྲད་པའོ། །དེ་ནས་རོ་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་དགེ་བའི་ཕྱོགས་ཉམས་པའམ་ཞིག་པས་དགེ་ཚུལ་དེ་རོ་དང་འདྲ་སྟེ་ཇི་ལྟར་རོ་ལ་ཡོན་ཏན་མེད་པ་བཞིན་དུ། དེ་ཡང་དགེ་བའི་ཕྱོགས་ཉམས་པས་རོ་དང་འདྲའོ། །ཡང་ན་རོ་དང་འདྲ་བར་བྱས་ནས་བསྐྲད་ཅེས་འབྱུང་བས་ན། ཤི་བའི་གཎྜཱི་བརྡུངས་ཏེ་བསྐྲད་པའི་ཕྱིར་རོ། །འཕྱར་དང་རྟ་གད་བྱེད་ལ་སོགས། །ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལ་སེམས་མི་གནས་ཤིང༌། སྔོན་དགོད་པ་ལ་སོགས་པ་བྱེད་པ་དག་དྲན་ནམ་འཕྱར་རམ་གཡེང་བ་ལ་སོགས་པ་མི་བྱའོ། །བླ་མ་དང་དགེ་འདུན་གྱི་མདུན་དུ་རྟ་གད་ལ་སོགས་པ་རྩེད་མོའི་བག་མི་བྱའོ། །འཆི་བར་བསམས་ཤིང་མི་བྱའོ། །ཞེས་བྱ་བ་ནི་རྐྱེན་གང་ལ་བསམ་སྟེ་མི་བྱ་ཞེ་ན། འཆི་བ་ལ་བསམས་ནས་སོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་སྟེ། དགེ་ཚུལ་དག་སྐད་ཅིག་མ་ལ་འཆི་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་མི་རྟག་པ་ཆེན་པོ་འཆི་བ་དེ་འུ་རེ་འོང་སྟེ། ཇི་ཙམ་ན་འང་བ་གཏོལ་མེད་པས་བསོད་ནམས་མ་བསགས་པར་འཆི་ན་མི་རུང་ངོ་ཞེས་དེ་ལྟ་བུར་བསམས་ནས་མི་བྱའོ། །གླལ་ཚེ་ལག་པས་ཞེས་པ་ནི་སྔོན་དགེ་སྦྱོང་ཞིག་ཁ་གླལ་བའི་ཚེ་ན་གཅིག་གིས་དེར་ཕོ་མཚན་བཅུག་པ་ལས་བཅས་པ་ལྟ་བུའོ། །དགེ་ཚུལ་ལ་དགེ་འདུན་གྱི་ནང་དུ་འདུག་གམ་བླ་


DTG167_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚེ་གླལ་བྲོ་ན་ཁ་མི་གདོང་ཞིང་དགབ་པར་བྱའོ། །སྒྲེགས་པ་ནི་དྲི་ང་བའི་ཕྱིར་ཁ་དགབ་པར་བྱའོ། །སོགས་པ་ཡིས་ཞེས་བྱ་བ་ནི་གོས་དག་གི་མཐའ་འམ། ལོ་མ་དག་གིས། ཁ་དགབ་པར་ཡང་ནན་ཏན་བྱ། །ཞེས་བྱ་བ་སྟེ་རིམ་གྲོ་དང་ནན་ཏན་དག་བྱའོ། །རྒན་ལ་སྦྲིད་བྱུང་ཕྱག་བྱ་སྟེ། ཞེས་བྱ་བ་ནི་བླ་མ་འམ་གོང་མའི་ཁྱད་པར་བསྟན་ཏེ། བདག་པས་རྒན་པ་ཞིག་ཡིན་ན་ནི་དགེ་ཚུལ་དང༌། དགེ་སློང་གང་ཡང་རུང་སྟེ། དེ་དག་སྦྲིད་པ་བྱུང་ནས་ཕྱག་བྱའོ། །གཞོན་ལ་ནད་མེད་གྱུར་ཅེས་བྱ། །ཞེས་བྱ་བ་ནི་བདག་པས་ཁྲིམས་ཀྱིས་གཞོན་པ་ལ་སྦྲིད་པ་བྱུང་ན་ནི་ནད་མེད་གྱུར་ཅེས་བྱའོ། །ཁྱིམ་པའི་སྦྲིད་པ་བྱུང་བ་ལ། །ཡུན་རིངས་སོས་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ནི་ཁྱིམ་པ་ཕོ་མོ་དག་ལ་སྦྲིད་པ་བྱུང་ན་ཡུན་དུ་འཚོ་བར་ཤོག་ཅིག་ཅེས་བྱའོ། །བླ་མ་རྣམས་ཀྱི་མདུན་དག་ཏུ། །སྣབས་དང་མཆིལ་མ་མི་འདོར་ཞིང༌། །སོ་ཤིང་བཅའ་བར་མི་བྱའོ། །ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་བདག་པས་རྒན་པ་དང༌། མཆོད་རྟེན་དག་གི་མདུན་དག་ཏུ་སྣབས་དང་མཆིལ་མ་དང་སོ་ཤིང་བཅའ་བ་དང༌། འཁྲུལ་པའི་བག་ཐམས་ཅད་མི་འདོར་རོ། །ས་གཞན་དུ་མཆིལ་མ་འདོར་ན་ཡང་སེ་གོལ་བརྡབས་ཏེ་དོར་བར་བྱའོ། །དེ་བཞིན་སྟན་ལ་མི་འདུག་གོ །བླ་མ་དག་འཆག་གམ་འགྲོ་བའི་མདུན་དུ་སྟན་ལ་འདུག་པར་མི་བྱའོ། །མདུན་ན་འཆག་པར་མི་བྱ་ཞིང༌། །ཞེས་བྱ་བ་ནི་ཆོས་འཆད་པ་ལ་སོགས་པའི་ཚེ་དེ་དག་གི་མདུན་དུ་འཆག་པར་མི་བྱའོ། །ཁྱེད་རེངས་སུ་ཡང་མི་འབྱུང་སྟེ། །ཞེས་བྱ་བ་ནི་ཤམ་ཐབས་འབའ་ཞིག་གོན། ཆོས་གོས་མ་གྱོན་པར་འདུག་པར་མི་བྱའོ། །རྒན་ལ་སོགས་པ་སྡོམ་ཅན་གྱི། །ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་བདག་པས་གཞོན་པ་ལ་ཡང་ཡོན་ཏན་ཆེ་བ་མཁས་ཤིང་མང་ལ་ཡོན་ཏན་གྱིས་བརྒྱན་པ་ལ། གུས་བཅས་ཞེ་སར་བཅས་པར་བྱ། །ཞེས་བྱ་བ་ནི་འདུད་པ་དང༌། གུས་པ་དང༌། ཕྱག་བཅལ་བ་དང༌། རྗེ་ས་བྱའོ། །ལག་པ་དག་པར་བསྙལ་ནས་ནི། །ཞེས་བྱ་བ་ནི་བདག་ཉིད་སྔར་ལག་པ་དྲི་མ་མེད་པར་ནན་ཏན་དུ་བསྙལ་ནས། བུམ་པ་ལ་སོགས་རྡུལ་མེད་བྱ། །ཞེས་བྱ་བ་སྟེ། རྫ་མ་ལ་སོགས་པ་ཆུ་སྣོད་ཆེ་ཆུང་ཀུན་རྡུལ་དང་དྲི་མ་དག་མེད་པར་བྱས་ནས་སོ། །ཆུ་ཡང་ཡོངས་


DTG167_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཙགས་ནས་སུ། །ཞེས་བྱ་བ་ནི་དགོས་པའི་དོན་དུ་ཆུ་ཀུན་བཙགས་ཏེ། ལ་ལ་མ་བཙགས་པ་ལྟ་བུ་མ་ཡིན་གྱི། ཐམས་ཅད་བཙགས་པའི་ཐ་ཚིག་གོ །བརྟགས་ཏེ་རུང་ན་བླང་བར་བྱ། །ཞེས་བྱ་བ་ནི་ཆུ་བཙགས་པ་བའི་ཞིག་གིས་མི་ཆོག་གོ །ཡིད་ཆེས་པར་བརྟགས་ཏེ་སེམས་ཅན་མེད་པར་གྱུར་པའི་ཆུ་དེ་ནི་རུང་བྱའོ། །གནས་མ་བཅས་པར་གནས་མི་བྱ། །ཞེས་བྱ་བ་ནི་མཁན་པོ་དག་མེད་ན་ཡང་བདག་གར་འོངས་པའི་གནས་དེ་ན། དགེ་སློང་ཡོན་ཏན་ཅན་ཆོས་འདུལ་བ་ལ་མཁས་པ་དགེ་སྦྱོང་འཆོས་ཤིང་འདུལ་ནུས་པ་ལ་གསོལ་བ་བཏབ་སྟེ་གནས་པར་བྱའོ། །དགེ་འདུན་མལ་ཆ་ལ་སོགས་ལ། །ཞེས་བྱ་བ་ནི། དགེ་འདུན་གྱི་སྔས་དང་གློ་གནས་དགབ་པ་དང༌། འོག་ཏུ་གདིང་བ་དག་བསྡུའོ། །དྲན་པ་མེད་པར་འདུག་མི་བྱ། །ཞེས་བྱ་བ་ནི་གང་ཟག་གོང་བཞིན་དུ་སྤྱད་དུ་མི་རུང་སྟེ། མཐའ་ལ་གཞར་ཡང་ཅི་ནས་ཀྱང་དགེ་འདུན་གྱི་མལ་ཆ་དག་ལ་མི་གནོད་པ་དྲན་པ་ཉེ་བར་གཞག་ནས་འདུག་པར་བྱའོ། །སྔོན་དགེ་སྦྱོང་རྒྱབ་ནག་ལྟར་གདིང་བ་མེད་པར་དགེ་འདུན་གྱི་མལ་ཆ་དང་སྟན་དག་ལ་ཤམ་ཐབས་རེག་པར་མི་བྱའོ། །དྲན་དང་ལྡན་ན་ཉེས་མེད་དོ། །ཞེས་བྱ་བ་ནི། དགེ་འདུན་གྱི་མལ་ཆ་དང་སྟན་དག་ལ་ཤམ་ཐབས་ཀྱིས་མི་རེག་པར་འདུག་གོ །དྲན་པ་དང་ལྡན་བཞིན་པ་ལ་ཉེས་པ་མེད་དོ། །འདི་མན་ཆད་ནི་མཁན་པོ་དག་ལ་མ་ཞུས་ཀྱང་ཉེས་པ་མེད་པ་སྟོན་ཏེ། སོ་བཀྲུ་བ་དང་ཆུ་བཏུང་དང༌། །ཞེས་བྱ་བ་ནི། སོ་ཤིང་བཟའ་བ་དང༌། བཀྲུ་བ་དང༌། རྐང་ལག་བཀྲུ་བ་དང༌། སྐོམ་ཆུ་བཏུང་བ་དང༌། འདི་དག་ཞུ་མི་དགོས་སོ། །བཤང་གཅི་བྱེད་དུ་འགྲོ་བ་དང༌། །ཞེས་བྱ་བ་ནི་ཕྱི་རོལ་ཆེ་ཆུང་དུ་འགྲོ་བ་དག་གོ །མཚམས་ནང་སྟོན་ལ་ཕྱག་བྱ་བ། །ཞེས་བྱ་བ་ནི་མཚམས་ཀྱི་ནང་དུ་སྐུ་གཟུགས་དང་མཆོད་རྟེན་ལ་ཕྱག་བྱའོ། །དེ་དག་མ་ཞུས་ཉེས་མེད་དོ། །ཞེས་བྱ་བ་ནི་སོ་ཤིང་ཟ་བ་ནས་སྟོན་པའི་སྐུ་གཟུགས་དག་ལ་ཕྱག་བྱ་བའི་བར་དུ་མ་ཞུས་ཀྱང་ཉེས་པ་མེད་དོ། །བརྟུལ་ཞུགས་ཅན་གྱིས་བྱ་བ་གཞན། །ཞེས་བྱ་བ་ནི། བསླབ་པ་ལ་གནས་པས་གོང་དུ་མིང་སྨོས་པ་རྣམས་མ་གཏོགས་པ་གཞན་ཐམས་ཅད་ཞུའོ། །དེ་དག་ཐམས་ཅད་ཡིད་ཀྱིས་བསྡམས་པའི་ཉེས་བྱས་སུ་འགྱུར་རོ། །མཆོད་རྟེན་ལ་སོགས་ཕྱག་བྱ་སྟེ། །ཞེས་བྱ་བ་


DTG167_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཆོད་རྟེན་ལ་སོགས་པའི་དོན་ཏོ། །མི་ཉལ་བྱས་ན་དེ་འོག་ཏུ། །ཞེས་བྱ་བ་ནི་སྲོད་ལ་དགེ་བ་ཁ་ཏོན་དག་བྱས་ནས། བླ་མའི་རྐང་བཀྲུས་བླ་མ་ལ། །ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་དག་སྲོད་ལ་དགེ་བ་བྱས་ནས་ཉལ་བའི་ཚེ་དེ་དག་གི་རྐང་པ་དག་བཀྲུའོ། །བརྟུལ་ཞུགས་ཅན་གྱི་ཀུན་ཞུས་ཏེ།། ཞེས་བྱ་བ་ནི་བསླབ་པ་ལ་གནས་པས་མལ་དག་བྱའོ། །རྐང་ལག་བཀྲུའོ། །སྲོད་ཐོ་རངས་ཀྱི་དགེ་བ་དག་འཚལ་ལོ་ཞེས་ད་དག་ཀུན་ཞུའོ། །རྐང་པ་གཉི་ཀ་བཀྲུས་ནས་ནི། །ཞེས་བྱ་བ་ནི་བདག་ཉིད་ཀྱི་རྐང་བ་བཀྲུ་བར་བྱ་བའི་དོན་ཏོ། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །ཞེ་བྱ་བ་ནི་མཚན་གཅིག་ལ་ཐུན་བཞིར་བགོས་པའི་ཐུན་དང་པོ་དང་ཐ་མ་གཉིས་སོ། །ཡང་ན་སྲོད་དང་ཐོ་རངས་གཉིས་སོ། །བསྒྲིམས་ཏེ་མི་ཉལ་བྱ་བ་སྟེ། །ཞེས་བྱ་བ་ནི་ལྟག་ཏུ་སྨོས་པ་དེ་དག་ལ་བསྒྲིམས་ཏེ་མི་ཉལ་བར་བགྱིའོ། །དེས་ནི་བདེན་པར་སྨྲ་བར་བྱ། །ཞེས་བྱ་བ་ནི་ཇི་ལྟར་ཞུས་པ་དེ་བཞིན་དུ་བསྒྲིམས་ཏེ་བྱས་ན་ནི་བརྫུན་དུ་མི་འགྱུར་གྱི། ཇི་སྐད་དུ་ཞུས་པ་དེ་བཞིན་དུ་མ་བྱས་ན་ཤེས་བཞིན་གྱི་བརྫུན་ཡང་བྱས་སོ་ཞེས་པའི་དོན་ཏོ། །ལྡང་དང་སྣང་བའི་འདུ་ཤེས་ཀྱིས། །ཞེས་བྱ་བ་ནི་ནམ་འདི་ཙམ་ན་ལྡང་ངོ་ཞེས་ནམ་གྱི་མཚན་མ་ཡིད་ལ་སྣང་བར་བྱས་ནས། དེ་ཁོ་ནའི་དུས་སུ་སང་པར་འགྱུར་བའི་ཕྱིར་ལྡང་དང་སྣང་བའི་མཚན་མ་ཡིད་ལ་བྱའོ། །སེང་གེའི་ཉལ་ཐབས་བཞིན་དུ་བྱ། །ཞེས་བྱ་བ་ནི་ཇི་ལྟར་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལག་པ་གཡས་པ་འོག་ཏུ་བཅུག་སྟེ་ཉལ་བ་དེ་བཞིན་དུ། ལག་པ་གཡས་པ་འགྲམ་པའི་འོག་ཏུ་བཅར་ཏེ། གཡས་ཕྱོགས་སུ་ཉལ་བའོ། །འདོད་ཆགས་ལ་སྤྱོད་པ་དག་གི་གཡོན་ཕྱོགས་སུ་ཉལ་བས། འདོད་ཆགས་སྤང་བར་སྦྱོར་བ་ཀུན་གཡས་ཕྱོགས་ཀྱིས་ཉལ་བའི་ཕྱིར། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་དང་དེ་ལྟ་བུའི་ཚུལ་དུའོ། །དྲན་དང་ལྡན་ཞིང་དགེ་རྒྱུད་དང༌། །ཞེས་བྱ་བ་ནི་དེ་ལྟར་དྲན་པ་དང་ལྡན་པར་བྱས་ནས་ཉལ་ཀར་ཡང་དཀོན་མཆོག་གསུམ་དང༌། མཆོད་རྟེན་ཆེན་པོ་བརྒྱད་ལ་སོགས་པ་དགེ་བའི་རྒྱུན་དུ་བྱས་ནས་ཉལ་ན་རྨི་ལམ་ན་ཡང་དགེ་བ་སྤྱོད་པའི་ཕྱིར་རོ། །དེ་བཞིན་མྱུར་དུ་སད་ནས་ནི། །དེ་ལྟར་བྱས་ནས། ཇི་སྐད་བསྟན་པ་བཞིན་དུ་བྱ། །ཞེས་བྱ་བ་ནི། ཇི་སྐད་ཞུས་པ་དང༌། གོང་


DTG167_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པ་བཞིན་དུ་བྱའོ། །ཇི་ལྟར་ཉོན་མོངས་མྱུར་ཟད་དང༌། །ཞེས་བྱ་བ་ནི་དེ་དག་འདོར་ཅི་དགོས་ཤེ་ན། ཉོན་མོངས་པ་ལས་འབྱུང་ངོ༌། །ལས་ལས་ཀྱང་ཚེ་འབྱུང་ངོ༌། །ཚེ་ལས་ཀྱང་ཉོན་མོངས་པ་འབྱུང་བའི་ཕྱིར་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡང་ཚུལ་དེ་ལྟ་བུ་ལགས་ཏེ། དེ་ལྟ་བས་ན་ཉོན་མོངས་པའི་དུག་ཟད་པར་བྱ་བ་ཆེད་ཆེའོ། །བྱང་ཆུབ་དམ་པ་ཐོབ་འགྱུར་བ། །ཞེས་བྱ་བ་ནི་ཉན་ཐོས་དག་བྱང་ཆུབ་ཡིན་མོད་ཀྱི། དེ་དག་དམ་པ་མ་ཡིན་པས་དེ་དག་ལ་ནི་མི་བྱའོ། །བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་དམ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་གོང་མར་བསྒྲུབས་སོ། །མ་ནུས་ན་ཞར་ལ་འགྲུབ་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་ལ། དེ་ལྟར་བསྒྲིམས་དང་ལྡན་པར་བྱ། །ཞེས་བྱ་བ་ནི་སྨོན་ལམ་གདབ་པ་དང་ལྡན་པར་བྱའོ། །ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དགེ་ཚུལ་གྱི་བྱ་བ་རྫོགས་སོ།། །།

དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ།
ཀ་ལྱཱ་ཎ་མི་ཏྲ།


DTG167_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲ་མ་ཎེ་ར་ཤིཀྵ་པ་ད་སཱུ་ཏྲ། བོད་སྐད་དུ། དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །དགེ་འདུན་ལ་ཡང་ཕྱག་འཚལ་ཏེ། །དགེ་ཚུལ་ཆེད་དུ་བྱ་བ་ཡི། །མདོ་ནི་ཅུང་ཟད་བཤད་པར་བྱ། །དེ་བཞིན་གཤེགས་པས་དགེ་ཚུལ་རྣམས་ཀྱི་བསླབ་པའི་གཞི་བཅུ་པོ་གང་དག་མདོར་བསྡུས་ཏེ་གསུངས་པ་ནི་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བའི་བསླབ་པའི་གཞི་དང༌། མ་བྱིན་པར་ལེན་པ་དང༌། མི་ཆངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གར་དང་གླུ་དང་རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་འབྱུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་དང༌། མལ་མཐོན་པོ་དང༌། མལ་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤོང་བའི་བསླབ་པའི་གཞི་ཞེས་བྱ་བའོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅུ་པོ་མདོར་བསྡུས་ཏེ་གསུངས་པ་ཡིན་ནོ། །གང་ཡང་བཙུན་པ་ཤཱཀྱ་འོད་ཀྱིས་དེ་དག་ཏུ་གཏོགས་པའི་ཚིག་ལེའུར་སྦྱར་བ་དང༌། གང་ཡང་ཁོ་བོས་སློབ་དཔོན་དང་མཁན་པོ་དག་ལས་ཅུང་ཟད་བསླབ་པའི་ཕྱིར་ཁོ་བོས་ཚངས་པ་མཚུངས་པར་སྤྱོད་


DTG167_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་དོན་དུ་མདོ་ཅུང་ཟད་བརྩམ་པར་བྱའོ། །སྲོག་གཅོད་པ་སྤོང་བ་ཞེས་བྱ་བ་ནི་བསམས་བཞིན་དུ་བུད་མེད་དང་སྐྱེས་པ་དང་མ་ནིང་དང༌། ལྷའི་འགྲོ་བར་གཏོགས་པའི་སྲོག་གཅོད་པར་མི་བྱེད་ཅིང༌། གཞན་གྱི་སྒོ་ནས་ཀྱང་མི་བྱེད་པ་དང༌། སྔགས་པ་ལ་སོགས་པ་ལ་ཐབས་ཀྱིས་གསོད་པར་མི་བྱེད་པ་དང༌། གསད་པར་བྱ་བའི་ཕྱིར་བཟུང་བ་དང༌། གསོད་བཞིན་པ་དང༌། གསོད་པ་ལ་བག་མེད་པར་མི་བྱེད་པ་དང༌། སྲོག་གཅོད་པ་མཐོང་བ་ལ་ཡིད་དགའ་བར་མི་བྱེད་པ་དང༌། ཐམས་ཅད་དུ་བྱ་བ་མ་ཡིན་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་ལ། སྦྱོར་བར་ཡང་མི་བྱེད་ཅིང་གཞན་དག་ལ་སྲོག་གཅོད་པར་ཡང་དག་པར་འཛིན་དུ་མི་འཇུག་པ་དང༌། སྲོག་ཆགས་གྲོག་སྦུར་ཕྲ་མོ་རྣམས་ཀྱང་བསམས་བཞིན་གསོད་པར་མི་བྱེད་པའོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སོགས་པ་ལོངས་སྤྱད་པར་མི་བྱའོ། །དྲན་པ་དང་ཤེས་བཞིན་དང་ལྡན་པ་རྣམས་ཉི་མ་ཤར་བ་ན་ཆུ་ལ་སོགས་པ་བརྟག་པར་བྱ་ཞིང་མི་གཡོ་བ་འདི་ལ་བརྟག་པར་བྱ་སྟེ། ལྷའི་མིག་གིས་མ་ཡིན། ཡུན་རིང་དུ་མ་ཡིན། མྱུར་བར་མ་ཡིན་ཞིང༌། དུས་ཇི་སྲིད་ཀྱིས་སེམས་དག་པའི་དུས་དེ་སྲིད་དུ་བརྟག་པར་བྱའོ། །བརྟགས་པ་འདི་ཡང་ཇི་སྲིད་དུ་ཉི་མ་མ་ཤར་བ་དེ་སྲིད་དུ་ལོངས་སྤྱད་དུ་རུང་བ་ཡིན་ནོ། །བཙགས་པ་ལ་སོགས་པ་དང་འབྲེལ་པ་སྐྱོན་མེད་པར་བྱས་ནས་བརྟགས་པའི་ཆུ་ལམ་དུ་འགྲོ་བའི་ཚེ་རྒྱང་གྲོགས་ལྔའི་བར་དུ་བཏུང་བར་བྱའོ། །ཆུ་ཚགས་ལྔ་པོ་རྣམས་ཀྱི་ནང་ནས་གདོན་མི་ཟ་བར་ཆུ་ཚགས་གཅིག་བཅངས་ནས་ལམ་དུ་འགྲོ་བར་བྱའོ། །ཆུ་ཚགས་ལྔ་ནི་ཆུ་ཚགས་གྲུ་གསུམ་དང༌། བུམ་ཚགས་དང་རིལ་བ་ཞབས་ཚགས་ཅན་དང༌། བུམ་ཚགས་གཅེའུ་ཅན་དང༌། བསལ་ཚགས་སོ། །རང་གིས་མ་བརྟགས་པའི་ཆུ་ནི་ཡིད་ཆེས་པའི་ཚིག་གིས་ཉེ་བར་ལོངས་སྤྱད་པར་མི་བྱའོ། །གལ་ཏེ་གཞན་དང་མ་འདྲེས་པ་ཡིན་ན་རྒྱང་གྲགས་ཀྱི་མཐའི་བར་དུ་ཆུ་ཀླུང་འབབ་པ་ལ་བརྟགས་ནས་བཏུང་བར་བྱའོ། །ཆུས་གང་བའི་བུམ་པ་ལ་སོགས་པ་ལ་བརྟག་པར་བྱའོ། །ཆུ་བཙགས་པ་ནི་གལ་ཏེ་སྲོག་ཆགས་ཡོད་ན་ཆུའི་ཁྲོན་པ་དབེན་པར་ཐར་པར་བྱེད་པའི་སྣོད་ཀྱིས་སྲོག་ཆགས་དང་བཅས་པ་བཏང་ཞིང་དབོ་བར་བྱ་སྟེ། ས་ལ་དབོ་བར་མི་བྱའོ། །སྲོག་ཆགས་


DTG167_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བའི་ཆུ་ལ་ཡང་མ་ཡིན་ནོ། །མི་སྨྲ་བར་གྱུར་པ་དང་ཤེས་བཞིན་དང་ལྡན་པ་རྣམས་ཀྱིས་ལོ་མ་ལ་སོགས་པ་ལ་བརྟག་པར་བྱའོ། །ལོ་མ་ལ་སོགས་པ་ལ་བརྟགས་པ་ན་གལ་ཏེ་སྲོག་ཆགས་ཡོད་ན་རྩྭ་སྔོན་པོ་དང་བཅས་པའི་སའི་ཕྱོགས་སུ་དོར་བར་བྱའོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་དང༌། སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བར་གྱུར་ན་ཉེ་བར་ལོངས་སྤྱད་པར་མི་བྱའོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གཞི་གསུམ་གྱི་ཡོངས་སུ་དག་པའི་ཤ་ཡིན་ན་བཟའ་བར་བྱའོ། །གང་དང་གང་བཟའ་བའམ་བཏུང་བར་གྱུར་པ་དེ་དང་དེ་དག་ཉིད་སོ་སོར་བརྟག་པར་བྱའོ། །གོས་ལ་སོགས་པ་རྣམས་ལ་སྲོག་ཆགས་རྣམས་བརྟག་པར་བྱ་ཞིང་དག་པར་བྱའོ། །དུས་དང་དུས་སུ་ཟང་ཟིང་ཆུ་དང་བཅས་པ་དང་ཟང་ཟིང་མེད་པར་ལོངས་སྤྱོད་པའི་བུམ་པ་གཙང་བར་བྱ་ཞིང༌། བཀྲུ་བ་དང་བསྐམ་པར་བྱ་སྟེ། གང་གི་ཕྱིར་སྣོད་སྐྱོན་དང་བཅས་པར་ཡིན་ན་སྲོག་ཆགས་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཤིག་རྣམས་ནི་རས་མར་བཅུག་ལ་རྩིག་པ་ལ་སོགས་པ་བུ་གའི་ནང་དུ་གཞུག་པར་བྱའོ། །རྩྭ་ཤིག་རྣམས་ནི་དཔྱིད་ཀྱི་དུས་སུ་རྩྭ་འདུར་བ་དང་བཅས་པའི་བསིལ་བའི་ས་ཕྱོགས་སུ་དོར་བར་བྱ་ཞིང༌། དགུན་ནི་དྲོ་བའི་ཕྱོགས་སུའོ། །ནད་པ་ལ་དུག་དང་མཚོན་དང་འདོད་པའི་ཟས་བཏུང་བ་སྦྱིན་པར་མི་བྱའོ། །སྨན་པ་མཁས་པ་ལ་དྲིས་ནས་འདི་ལ་འདོད་པའི་ཟས་དང་བཏུང་བ་དང་སྨན་སྦྱིན་པར་བྱའོ། །གླེན་པ་དང་མི་ཤེས་པ་ལ་འདིའི་སྨན་དཔྱད་བརྟག་པར་མི་བྱ་མོད་ཀྱི། འོན་ཀྱང་མཁས་པ་ལ་བརྟེན་པར་བྱའོ། །གང་གིས་འདིའི་སེམས་གཞན་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཆོས་ནད་པ་ལ་བཤད་པར་མི་བྱའོ། །འདི་ལ་ནད་ཀྱི་འཇིགས་པ་ལས་ཐར་ཏེ་ཚེ་རིང་ཞིང་བརྟན་པ་དང༌། བདེ་བར་འགྱུར་བ་དེ་ལྟར་སྨྲ་བར་བྱའོ། །འདི་ཇི་སྲིད་དུ་ཆོས་སྤྱོད་པར་འཆོ་བ་དེ་སྲིད་དུ་དགེ་བ་མང་པོ་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྤྲོ་བ་བསྐྱེད་པར་ཡང་བྱའོ། །ནད་པ་ལ་འཆི་བའི་བསྔགས་པ་བརྗོད་པར་མི་བྱའོ། །འཆི་བ་ཡང་དག་པར་འཛིན་པར་བྱེད་དུ་མི་གཞུག་གོ །བརྩེ་བ་མེད་པའི་སེམས་ཀྱིས་ནད་གཡོག་མི་བྱའོ།།


DTG167_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ན་རྙེད་པ་འཐོབ་པའི་ཕྱིར་ཡང་མ་ཡིན་ནོ། །རིམ་གྲོ་དམ་པའི་ནད་གཡོག་བྱའོ། །རྡེག་པར་མི་བྱའོ། །སྦྱོར་དུ་གཞུག་པར་མི་བྱའོ། །རྣམ་པར་འགྱུར་བར་མི་བྱའོ། །འཇིགས་པར་མི་བྱའོ། །ཀུན་ནས་དཀྲིས་པ་ལ་གནས་པས་ཁྲོ་བ་ལ་བཟོད་པར་བྱའོ། །རྡོ་ལ་རི་མོ་བྲིས་པ་ལྟ་བུའི་སེམས་སུ་མི་བྱ་མོད་ཀྱི། འོན་ཀྱང་ཆུ་ལ་རི་མོ་བྲིས་པ་ལྟ་བུར་བྱའོ། །བསམས་བཞིན་དུ་འགྱོད་པར་མི་བྱའོ། །བཞད་གད་ཀྱི་ཕྱིར་ག་ག་ཚིལ་མི་བྱའོ། །བརྒྱ་ལ་ནད་པ་ན་རེ་གལ་ཏེ་ཁྱོད་ངའི་དགྲ་ལ་སོགས་པ་གསོད་པར་བྱེད་དམ་གཞན་ལ་བསྒོ་ནས་གསོད་པར་བྱེད་པ་དེ་ལྟ་ན་ང་ནད་ལས་ལྡང་བ་དང་འཚོ་བ་ཡིན་པར་སྨྲ་བའི་ཚིག་དེ་རྣམས་ནི་རྣམ་པ་ཐམས་ཅད་དུ་མི་བྱའོ། །ནད་ཕས་ཁྱོད་ང་གསོད་དམ་གཞན་བསྒོ་ནས་གསོད་པའི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ། །གཞན་བསྒོ་ནས་གསོད་པར་བྱེད་པ་ཡང་མི་བྱའོ། །ནད་པས་སྲོག་གཅོད་པར་མི་བྱའོ། །ཤི་བའི་རོ་ལ་ཕོལ་ཡོད་པ་དེ་ལ་དྲལ་ནས་སྲོག་ཆགས་བརྟགས་ཏེ་བསྲེག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་པར་བྱའོ། །སེམས་ཅན་འདི་རྣམས་ཉམས་སམ། བཅིངས་སམ་ཕམ་པར་གྱུར་ཏམ། ཆད་པས་གཅད་པ་ལ་ལྟོས་པ་མེད་པའི་སེམས་སུ་མི་བྱའོ། །དེ་ལྟ་བུ་ལ་སོགས་པའི་སྲོག་གཅོད་པ་རྣམ་པ་དུ་མ་ཡིན་པ་དེའི་ཕྱིར་སྲོག་གཅོད་པ་རྣམ་པ་ཐམས་ཅད་དུ་ཐབས་ཐམས་ཅད་ཀྱི་སྒོ་ནས་སྲོག་ལ་བབ་ཀྱང་བསྲུང་བར་བྱའོ། །ཇི་སྐད་བརྗོད་པ་ལས་འདས་ན་ཐམས་ཅད་འདིར་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་བདག་ཉིད་ཀྱི་སྲོག་བསྲུང་བ་དེ་བཞིན་དུ་གཞན་དག་གི་ཡང་བསྲུང་བར་བྱ་བ་སྟེ། གང་གི་ཕྱིར་སྲོག་གཅོད་པར་བྱེད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་སྤོང་བར་འགྱུར་བ་དང༌། དམྱལ་བར་ཡང་ལྟུང་བར་འགྱུར་པའི་ཕྱིར་རོ། །ཐམས་ཅད་དུ་ཡང་ཐབས་ཐམས་ཅད་ཀྱི་སྒོ་ནས་ཤེས་བཞིན་དང་ལྡན་པར་བྱའོ། །དགེ་ཚུལ་གྱི་བསླབ་བའི་གཞིའི་མདོ་ལས་སྲོག་གཅོད་པ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་དང་པོའོ།། །།མ་བྱིན་པར་ལེན་པ་སྤོང་བ་ཞེས་བྱ་བ་ནི། རྐུ་སེམས་ཀྱིས་དགེ་འདུན་ནམ་གང་ཟག་གི་རྫས་མི་ལེན་ཅིང་གཞན་གྱི་སྒོ་ནས་ཀྱང་མི་ལེན་ལ། རྐུ་སེམས་ཀྱིས་གནས་


DTG167_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞན་དུ་བསྐྱོད་པར་མི་བྱེད་པའོ། །གལ་ཏེ་རྫས་དགོས་པ་ཡིན་ལ། ཡིད་གཅུགས་པ་ཡིན་ན། ཡིད་གཅུགས་པ་དང་འབྲེལ་པས་བླང་བར་བྱའི། རྐུ་བའི་བློས་ནི་མ་ཡིན་མོད་ཀྱི་འོན་ཀྱང་དེ་དང་འདྲ་བའམ་རིན་དུ་གྱུར་པ་སྦྱིན་པར་བྱ་སྙམ་པ་འདི་ལྟ་བུའི་སེམས་ཀྱིས་བླང་བར་བྱ་ཞིང༌། དེ་དང་འདྲ་པ་བགྲངས་ལ་རིན་སྦྱིན་པར་བྱའོ། །གཙུག་ལག་ཁང་མང་པོ་རུང་མོད་ཀྱི་ཐམས་ཅད་ནས་རྙེད་པ་ལ་སོགས་པ་བླང་བར་ནི་མི་བྱ་སྟེ། གང་ཁོ་ནར་གནས་པ་དེ་ཁོ་ནར་བླང་པར་བྱའོ། །རྐུ་སེམས་ཀྱིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་བླང་བར་མི་བྱའོ། །གཏམས་པ་དབྲོག་པར་མི་བྱའོ། །གལ་ཏེ་ཁྱིམ་པ་འགའ་ཞིག་གིས་གཏམས་ཏེ་བཞག་པ་ལས་ང་ཤི་ན་ཁྱོད་ཀྱི་ཡིན་ནོ་ཞེས་སྨྲ་བ་ན་ལོངས་སྤྱོད་པ་ལ་ཉེས་པ་མེད་དོ། །འོན་ཏེ་མ་དང་ཕ་དང་བུ་དང་ཉེ་དུ་དང་བཤེས་རྣམས་ལ་བྱིན་ཅིག་ཟེར་ན་སྦྱིན་པར་བྱའོ། །གལ་ཏེ་དགེ་འདུན་ལ་ཕུལ་ཅིག་ཟེར་ན་དབུལ་བར་བྱའོ། །འོན་ཏེ་ཅུང་ཟད་ཀྱང་མ་སྨྲས་བར་ཤི་བར་གྱུར་ན་ཉམས་པར་མི་བྱའོ། །གལ་ཏེ་མ་དང་ཕ་དང་བུ་དང་ཉེ་དུ་ལ་སོགས་པ་སློང་དུ་འོངས་ནས་ཆེ་གེ་མོས་ཁྱོད་ལ་འདི་དང་འདི་བཞག་པ་ལ་ཁོ་བོ་ནི་དེའི་ཉེ་དུ་ཡིན་བས་དེ་ཁོ་བོ་ལ་བྱིན་ཅིག་ཅེས་ཟེར་ན། གལ་ཏེ་ཉེ་དུ་ཡིན་པར་ཤེས་པར་གྱུར་ན་དབང་པོའི་མངོན་སུམ་དུ་སྦྱིན་པར་བྱའོ། །གང་གི་ཕྱིར་ཁྱིམ་པ་རྣམས་ནི་ལྟོས་པ་དང་བཅས་པས་དུས་བྱེད་ལ། རབ་ཏུ་བྱུང་བ་རྣམས་ནི་ལྟོས་པ་མེད་པས་ཡིན་ནོ། །འོན་ཏེ་འགའ་ཞིག་ཀྱང་སློང་དུ་འོང་བ་མེད་ན། དེའི་ཆེད་དུ་ཤི་བའི་བསོད་ནམས་བྱའོ། །དགེ་སློང་ངམ་དགེ་ཚུལ་གྱིས་ཉེ་བར་བཞག་སྟེ་ཤི་བར་གྱུར་ན་དགེ་འདུན་ལ་དབུལ་བར་བྱའོ། །གལ་ཏེ་འགའ་ཞིག་གིས་ཅུང་ཟད་བཅོལ་ཏེ་བཞག་པར་གྱུར་ལ། དེ་དུས་གཞན་དུ་ནི་གཞན་འགའ་ཞིག་ལེན་དུ་བཏང་ན་དེ་འདི་ལ་སྦྱིན་པར་བྱ་སྟེ། མྱུར་བ་ཉིད་དུ་ནི་སྤྱིན་པར་མི་བྱ་མོད་ཀྱི་འོན་ཀྱང་འདི་སྐད་དུ་དང་རྟགས་ཁྱེར་ལ་ཤོག་ཤིག་ཅེས་བརྗོད་པར་བྱ་ཞིང། གལ་ཏེ་ཁྱེར་ཏེ་འོངས་པ་ན་དང་རྟགས་འདྲ་བར་གྱུར་ན་སྦྱིན་པར་བྱའོ། །ཡང་ན་ཆེ་གེ་མོ་ལ་ངས་འདི་དང་འདི་ལྟ་བུའི་དང་རྟགས་བྱིན་པ་དེས་ཁྱོད་ལ་གཏད་པར་བྱ་བ་ཡིན་པར་དེ་ཉིད་ཀྱིས་བརྗོད་ན་སྦྱིན་པར་བྱའོ། །ཡང་ན་ཕོ་ཉའི་ཐད་དུ་མི་ཤེས་པ་ཡིན་ན་རང་ཉིད་ཀྱིས་གཏད་པར་བྱ་བའམ་


DTG167_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་པའི་ལག་ཏུ་བསྐུར་བར་བྱའོ། །རྐུན་མ་དང་ལྷན་ཅིག་གྲོགས་པོ་མི་བྱ་ཞིང་ལམ་བསྟན་པར་ཡང་མི་བྱའོ། །དེ་དང་ལྷན་ཅིག་འགྲོ་བར་མི་བྱའོ། །རྐུན་མ་ལ་ཉེ་བར་མཁོ་བ་བཅང་བར་མི་བྱའོ། །རྔོན་པ་ལ་སོགས་པ་རྣམས་ཀྱིས་རི་དགས་ལ་སོགས་པ་སྐྱབས་ཀྱི་དོན་དུ་གཙུག་ལག་ཁང་དུ་བྲོས་ནས་འོངས་པ་ཡིན་ན་དེ་དག་བསྲུང་བར་བྱའོ། །ཤི་ན་དེ་དག་ཉིད་ལ་སྦྱིན་པར་བྱའོ། །གལ་ཏེ་བུ་ལོན་བླངས་ནས་དུས་ལས་འདས་པར་གྱུར་ན་བགོ་བར་བྱས་ལ། ཡོ་བྱད་ལ་སོགས་པ་རྣམས་ཀྱིས་བུ་ལན་དེ་དག་པར་བྱའོ། །ནད་པ་འཆི་འདོད་བས་ནད་གཡོག་ལ་འདི་སྐད་དུང་ཤིན་ངའི་གོས་ལ་སོགས་པ་གང་ཡིན་དེ་ཁྱོད་ཀྱི་ཡིན་ནོ་ཞེས་སྨྲས་ན་བླང་བར་བྱའོ། །འོན་ཏེ་གཞན་ནམ་དགེ་འདུན་གྱི་ཡིན་ཟེར་ན་བླང་བར་མི་བྱའོ། །གྲུར་ཞུགས་པ་ན་ལྷུང་བཟེད་ལ་སོགས་པ་གོ་བར་བྱ་སྟེ་གཏོང་བ་ན་ངས་བཏང་གི་བཟུང་ངམ་ཞེས་སྨྲས་པ་ན། གལ་ཏེ་ལྷུང་ན་རིན་སྦྱིན་པར་མི་བྱའོ། །མ་སྨྲས་པར་ལྷུང་ན་རིན་སྦྱིན་པར་བྱའོ། །གོས་ལ་སོགས་པ་གཙུག་ལག་ཁང་གི་ནང་དུ་ལྷུང་བ་རྙེད་པར་གྱུར་ན། གལ་ཏེ་འགའ་ཞིག་འོངས་ནས་འཕགས་པ་ངའི་འདི་དང་འདི་ལྟ་བུ་སྟོར་བ་དེ་ཁྱེད་ཀྱིས་གལ་ཏེ་བླངས་ན་དེ་སྦྱིན་པར་བྱའོ་ཞེས་ཟེར་ན་བླངས་མོད་ཀྱི་འོན་ཀྱང་དན་རྟགས་ཅི་ཡོད་ཅེས་བརྗོད་པར་བྱའོ། །གལ་ཏེ་དང་རྟགས་དང་བཅས་པར་རྗོད་པར་བྱེད་ན་དབང་པོའི་མངོན་སུམ་དུ་སྦྱིན་པར་བྱའོ། །འོན་ཏེ་ཅུང་ཟད་ཀྱང་རྨེད་དུ་འོངས་པ་མེད་ན་རང་གིས་ལོངས་སྤྱད་པར་བྱ་བ་མ་ཡིན་གྱི་དགེ་འདུན་ལ་དབུལ་བར་བྱའོ། །གཞན་ལ་སྙད་བརྟགས་པར་སྨྲ་བས་ཕ་རོལ་པོ་གཞན་གྱི་ནོང་དབྲོག་པར་མི་བྱའོ། །མ་བྱིན་ལེན་པ་ལ་གཞན་དག་ཡང་དག་པར་འཛིན་པར་བྱེད་དུ་མི་གཞུག་གོ །སྤྲོ་བར་ཡང་མི་བྱའོ། །ནད་པས་ནི་བྱིན་པ་ལ་རྐུ་སེམས་ཀྱིས་བླང་བར་མི་བྱའོ། །གཞན་གྱི་སྒོ་ནས་ཀྱང་བླང་བར་མི་བྱའོ། །གཅིག་ཡིན་ཡང་མ་བྱིན་པར་ལེན་པ་རྣམ་པ་དུ་མ་ཡིན་པ་དེའི་ཕྱིར་སྲོག་ལ་བབ་ཀྱང་མ་བྱིན་པར་བླང་བར་མི་བྱའོ། །ཇི་ལྟར་བདག་ཉིད་ཀྱི་ནར་བསྲུང་བ་དེ་ལྟར་གཞན་གྱི་ཡང་ཡིན་ཏེ། གང་གི་ཕྱིར་མ་བྱིན་པར་ལེན་པར་བྱེད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྤོང་བར་འགྱུར་བ་དང༌། དམྱལ་བར་ལྟུང་བར་ཡང་འགྱུར་བའི་ཕྱིར་རོ། །དེའི་


DTG167_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མ་བྱིན་པར་ལེན་པ་ནི་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཀྱི་སྒོ་ནས་བསྲུང་ཞིང་ཐམས་ཅད་དུ་ཤེས་བཞིན་དང་ལྡན་པར་བྱ་བ་ཡིན་ནོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་མ་བྱིན་པར་ལེན་པ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་གཉིས་པའོ།། །། མི་ཚངས་པར་སྤྱོད་པ་སྤོང་བ་ཞེས་བྱ་བ་ནི་བུད་མེད་ཀྱི་ཟག་བྱེད་དང་བཤང་བ་དང་ཁའི་ལམ་རྣམས་སུ་རང་གི་ཡན་ལག་གི་རྣམ་པ་བཅུག་ནས་རེག་པ་བདག་གིར་མི་བྱེད་པའོ། །དེ་བཞིན་དུ་སྐྱེས་པ་དང༌། མ་ནིང་དང༌། མི་དང༌། དུད་འགྲོའི་འགྲོ་བར་གཏོགས་པ་ལ་སོགས་པ་རྣམས་ལ་ཡང་ངོ། །ཚོར་བ་དང༌། རང་བཞིན་ཉམས་པའི་གནས་སྐབས་དང༌། མི་འདོད་པ་ལས་གལ་ཏེ་མི་ཚངས་པར་སྤྱོད་པར་བྱེད་པ་ན་བདག་གིར་མི་བྱའོ། །ཁྱིམ་པ་དང༌། དགེ་སློང་དང༌། དགེ་ཚུལ་གཞན་དང་ལྷན་ཅིག་ལུས་ལ་རེག་པས་ཉལ་བར་མི་བྱ་མོད་ཀྱི་འོན་ཀྱང་སོ་སོར་ཐ་དད་པར་བྱའོ། །གནས་མ་རྙེད་ན་གོས་ཀྱིས་ལུས་སོ་སོར་དཀྲིས་ལ་མལ་གཅིག་ཏུ་ཉལ་བར་བྱའོ། །མུ་སྟེགས་ཅན་དང་ཁྱིམ་པ་དང་ལྷན་ཅིག་ནུབ་གསུམ་པ་ལ་ཉལ་དུ་མི་རུང་ངོ༌། །སྣང་བ་ལ་ཡང་མ་ཡིན་ནོ། །བསམས་བཞིན་དུ་ཁུ་བ་དབྱུང་བར་མི་བྱའོ། །རྨི་ལམ་གྱི་ནང་དུ་ནི་ཉེས་པ་མེད་དོ། །གང་ལའམ་དེ་ལའམ་ཐབས་གང་གིས་སམ། ངེས་ཡན་ལག་གི་རྣམ་པ་བཟུང་བ་སྔོན་དུ་འགྲོ་བས་བརྩལ་ཏེ་ཁུ་བ་དབྱུང་བར་མི་བྱའོ། །བུད་མེད་དག་མཐོང་ནས་འདོད་ཆགས་ཀྱི་སེམས་སུ་གྱུར་ན་མི་སྡུག་པ་བསྒོམ་པར་བྱའོ། །བུད་མེད་ལ་འཁྲིག་པ་བསླང་བར་མི་བྱའོ། །འཁྲིག་པའི་རྒྱུ་མཚན་ཡང་བསྟན་པར་མི་བྱའོ། །འཁྲིག་པའི་གཏམ་མི་བྱའོ། །བུད་མེད་དང་ལྷན་ཅིག་དབེན་པར་ཉི་མ་ནུབ་ཀྱི་བར་དུ་འདུག་པར་མི་བྱའོ། །ཡང་དང་ཡང་དུ་བུད་མེད་ལ་བལྟ་བར་མི་བྱའོ། །གལ་ཏེ་འགའ་ཞིག་འགའ་ཞིག་ཏུ་མི་ཚངས་པར་སྤྱོད་པར་བྱེད་པ་དེར་འགྲོ་བར་མི་བྱའོ། །དེར་འདུག་པར་མི་བྱ་ཞིང་བལྟ་བར་ཡང་མི་བྱའོ། །བུད་མེད་ལ་རེག་པར་མི་བྱའོ། །ཆུ་ལ་ལྷུང་བ་ཉེ་བར་བྱུང་ཤིག་ཅེས་འོ་དོད་འབོད་པར་བྱེད་པ་ལ། འགའ་ཞིག་ཀྱང་གནས་པ་མེད་ན་མ་དང་བུ་མོ་དང་སྲིང་མོའི་འདུ་ཤེས་བྱས་ཏེ་ཉེ་བར་གདོན་པར་བྱའོ། །བུད་མེད་རྣམས་ལ་ཆགས་པ་མེད་པའི་སེམས་ཀྱིས་ཆོས་སྨྲ་


DTG167_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །གཅིག་པུ་བུད་མེད་རྣམས་ལ་ཆོས་བསྟན་པར་མི་བྱའོ། །བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་མི་བྱའོ། །སྟན་གཅིག་ལ་འདུག་པར་མི་བྱའོ། །ལམ་དུ་འགྲོ་བར་ཡང་མི་བྱའོ། །གལ་ཏེ་སྐྱེས་པ་ཡོད་ན་ཉེས་པ་མེད་དོ། །བུད་མེད་རྣམས་མཐོང་ན་ལོའི་ཚད་དང་རྗེས་སུ་མཐུན་པར་ཤེས་ནས་མ་དང་བུ་མོ་དང་སྲིང་མོའི་འདུ་ཤེས་སུ་བྱའོ། །བུད་མེད་གནས་ཁང་དུ་འཇུག་པ་སྦྱིན་པར་མི་བྱའོ། །གལ་ཏེ་སྨན་ལ་སོགས་པ་དང་དགེ་བའི་ཕྱོགས་བྱེད་ན་ཉེས་པ་མེད་དོ། །དེར་ཡང་གཅིག་པུ་འདུག་པར་མི་བྱའོ། །བུད་མེད་དང་ལྷན་ཅིག་བཟའ་བར་མི་བྱའོ། །སྣོད་མེད་ན་ཕ་མ་དག་དང་ལྷན་ཅིག་དབེན་པའི་ཕྱོགས་སུ་བཟའ་བར་བྱའོ། །ཡང་ན་དེ་དག་འུ་བུ་ཅག་ལྷན་ཅིག་བཟའོ་ཞེས་ཟེར་ན་བདག་ཉིད་དབེན་པའི་ཕྱོགས་སུ་བཟའ་བར་བྱའོ། །གལ་ཏེ་བུད་མེད་བྱ་བ་མ་ཡིན་པ་མི་རིགས་པས་མགྲོན་དུ་གཉེར་ན་ལྷག་པར་གནས་པར་མི་བྱའོ། །བུད་མེད་གལ་ཏེ་མདུན་དུ་བུད་མེད་སླུ་ཞིང། བུད་མེད་གཡོ་བྱེད་ཅིང༌། བུད་མེད་སྒྱུ་བྱེད་པ་ལ་བལྟ་བར་མི་བྱའོ། །ལམ་དུ་འགྲོ་བས་བུད་མེད་དང་ལྷན་ཅིག་རེག་པས་འགྲོ་བར་མི་བྱའོ། །བུད་མེད་ཀྱི་གཏམ་མི་བྱའོ། །གང་དུ་བུད་མེད་ཁྲུས་བྱེད་པ་དེས་མི་བྱའོ། །བུད་མེད་གཅེར་བུ་ཡོད་པ་དེར་འདུག་པར་མི་བྱ་ཞིང་བལྟ་བར་ཡང་མི་བྱའོ། །རང་གོས་མེད་པས་ཀྱང་བུད་མེད་ཀྱི་དྲུང་དུ་འདུག་པར་མི་བྱའོ། །བུད་མེད་ཀྱི་ཡན་ལག་དང་ཉིང་ལག་ལ་བལྟ་བར་མི་བྱའོ། །བུད་མེད་འཁྲིག་པ་ཡང་དག་པར་འཛིན་པར་བྱེད་དུ་མི་གཞུག་གོ །གཞན་ལ་འཁྲིག་པའི་ཕྱིར་རིན་སྦྱིན་པར་མི་བྱའོ། །བུད་མེད་ཀྱི་གར་དང༌། གླུ་དང་རོལ་མོ་དང༌། གོས་རྣམས་དང༌། རྒྱན་རྣམས་ཀྱི་སྒྲ་ལ་ཉན་པས་རོ་མྱང་བར་མི་བྱའོ། །བུད་མེད་ཀྱི་ཐད་ལས་དྲིལ་ཕྱིས་དང༌། ཁྲུས་དང༌། བསྐུ་མཉེ་བདག་གིར་མི་བྱའོ། །ཨེ་མ་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་ཀྱི་ཚངས་པར་སྤྱོད་པ་ལ་བརྟེན་པ་འདིས་ལྷ་ཉིད་དམ། གཞན་གང་ཡང་རུང་སྙོམ་དུ་སྨོན་པས་ཚངས་པར་སྤྱོད་པ་སྤྱད་པར་མི་བྱའོ། །བུད་མེད་དང་ལྷན་ཅིག་དགོད་པ་དང་རྩབ་ཧྲལ་དང་རྩེད་མོ་མི་བྱའོ། །མི་ཚངས་པར་སྤྱོད་པ་བྱེད་པ་ལ་ལྟ་བ་དང་དགའ་བར་མི་བྱ་ཞིང་སྤྲོ་བར་ཡང་མི་བྱའོ། །གང་ཡང་གཞོན་ནུ་མི་ཚངས་པར་སྤྱོད་པ་ལ་འཁྲིག་པའི་


DTG167_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྟེན་པའི་མཐུ་དང་ལྡན་པ་དེ་ཡང་སྔར་བསྟན་པའི་རྣམ་པས་ཡོངས་སུ་དོར་བར་བྱའོ། །གལ་ཏེ་ནད་པ་འདི་སྐད་དུ་གང་བདག་བུད་མེད་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཅིང་བདག་ལ་བུད་མེད་ཁྱེར་ཏེ་འོང་བ་དེ་ལྟན་བདག་འཚོའོ་ཞེས་སྨྲ་ན་རྐྱེན་དེས་མི་འཚོ་ན་ཡང་འདི་ལ་ཀུན་ཏུ་སྦྱིན་པར་མི་བྱའོ། །ནད་པས་མི་ཚངས་པར་སྤྱོད་པ་མི་བྱའོ། །མི་ཚངས་པར་སྤྱོད་པ་བྱེད་བ་ལ་ལྟ་བ་ཐག་རིང་པོར་ཡོངས་སུ་སྤང་བར་བྱའོ། །ཇི་ལྟར་འབར་བའི་མེའི་ཕྲེང་བས་ཁྱབ་པ་ཡོངས་སུ་དོར་བར་བྱ་བ་ཡིན་པ་དེ་བཞིན་དུ་བུད་མེད་ཀྱང་ཡོངས་སུ་དོར་བར་བྱའོ། །དེ་ལྟ་བུ་ལ་སོགས་པ་མི་ཚངས་པར་སྤྱོད་པ་རྣམ་པ་དུ་མ་ཡིན་པ་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཐབས་ཐམས་ཅད་ཀྱི་སྒོ་ནས་སྲོག་ལ་བབ་ཀྱང་མི་ཆངས་པར་སྤྱོད་པ་བསྲུང་བར་བྱ་སྟེ། གང་གི་ཕྱིར་མི་ཚངས་པར་སྤྱོད་པ་བྱེད་པ་ལ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྤོང་བ་དང༌། དམྱལ་བར་ལྟུང་བ་ཡང་ཡིན་ནོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་མི་ཚངས་པར་སྤྱོད་པ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་གསུམ་པའོ།། །།བརྫུན་དུ་སྨྲ་བ་སྤོང་བ་ཞེས་བྱ་བ་ནི་མིའི་ཆོས་བླ་མ་མེད་པ་ལ་མེད་བཞིན་དུ་ཡོད་པར་མི་སྨྲ་བ་སྟེ། འདི་ལྟ་སྟེ། དཔེར་ན་ལྷ་ལ་སོགས་པ་རྣམས་མཐོང་ངོ༌། །ལྷ་ལ་སོགས་པ་རྣམས་ཀྱིས་ཀྱང་བདག་མཐོང་ངོ༌། །ལྷ་ལ་སོགས་པ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་ལ་སོགས་པ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པ་དང༌། འབྲས་བུ་དང༌། མངོན་པར་ཤེས་པ་དང༌། འདུ་ཤེས་མེད་པ་ལ་སོགས་པ་ཟག་པ་མེད་པའི་ཆོས་རྣམས་བདག་གིས་ཐོས་པ་མི་སྨྲ་བའོ། །སྟན་ཁྲ་བོ་ལ་སོགས་པ་ནི་དགྲ་བཅོམ་པས་རྙེད་ལ། བདག་གིས་ཀྱང་དེ་རྙེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །བདག་གིས་དགྲ་བཅོམ་པ་ཐོབ་སྟེ་བདག་ཁྱད་པར་ཐོབ་པ་ལས་ཡོངས་སུ་ཉམས་སོ། །ཁྱིམ་འདི་གང་གིས་ཡིན་པ་འདོད་ཆགས་དང་བྲལ་བ་ཡིན་ཏེ། བདག་གིས་ཡང་འདི་ཡིན་ནོ། །དགྲ་བཅོམ་པས་བདག་མཐོང་ནས་སྨིན་པར་བྱེད་པ་དེ་ལ་སོགས་པའི་ཚིག་བརྗོད་པར་མི་བྱའོ། །བདག་གི་ཕྱིར་རམ་ཟང་ཟིང་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་བརྗོད་


DTG167_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ། །བདག་གི་ལུས་སམ་ངག་གིས་སྡིག་པའི་ལས་ཅུང་ཟད་བྱས་པ་དེ་ལ་མཁན་པོ་ལ་སོགས་པ་རྣམས་ཀྱིས་ཅི་འདི་དང་འདི་ལྟ་བུ་ཁྱོད་ཀྱིས་བྱས་སམ་ཞེས་འདྲི་ན་དེ་ལ་ཇི་ལྟར་གྱུར་པ་བཞིན་དུ་བརྗོད་པར་བྱའོ། །ཉེ་དུ་དང་གྲོགས་ལ་སོགས་པ་རྣམས་དང༌། གཞན་དང་གཞན་གྱི་ལུས་དང་ངག་གིས་སྡིག་པའི་ལས་ཅུང་ཟད་བྱས་པར་གྱུར་ན་དེ་ལ་རྒྱལ་པོའི་ཕོ་བྲང་འཁོར་དུ་གཏོགས་པའམ། གཞན་གྱི་འཁོར་དུ་གཏོགས་པའི་དབང་པོ་ལ་འཕགས་པ་འདིས་ཅི་ཞིག་བྱས་ཞེས་འདྲི་བར་གྱུར་ན། དེ་ལ་འདི་སྐད་དུ་གལ་ཏེ་འདི་ལ་ཉེ་བར་གནོད་པ་ཅུང་ཟད་ཀྱང་མི་བྱེད་པ་དེ་ལྟ་ན་བདག་ཆེ་བཞི་བྱེད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་མི་བྱེད་ཅེས་ཟེར་ན་དམ་ཚིག་ལ་བཀོད་ན་ཇི་ལྟ་བ་བཞིན་དུ་གྱུར་པའི་ཆེ་བཞི་དབྱེ་བར་བྱའོ། །འོན་ཏེ་མི་སྨྲ་ན་རྣམ་པ་ཐམས་ཅད་དུ་སྲོག་ལ་བབ་ཀྱང་བརྗོད་པར་མི་བྱའོ། །བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་སྨྲ་བར་མི་བྱའོ། །སློབ་དཔོན་དང་མཁན་པོ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དྲིས་པའི་ཚིག་ལ་གཞན་དང་གཞན་དུ་སྤྲོ་བར་མི་བྱ་མོད་ཀྱི། འོན་ཀྱང་གཡོ་སྒྱུ་བྱེད་པ་མ་ཡིན་པས་གང་ཁོ་ན་དྲིས་པ་དེ་ཁོ་ན་བརྗོད་པར་བྱའོ། །གལ་ཏེ་མི་གསད་པར་བྱ་བ་བྲོས་པ་མཐོང་ན་དེ་ལ་གསོད་པར་བྱེད་པས་ཁྱོད་ཀྱིས་འདི་ལྟ་བུ་བྲོས་པ་མཐོང་ངམ་ཞེས་འདྲི་ན། དེ་ལ་གཞན་དང་གཞན་སྤྲོ་བར་བྱའོ། །དེ་ལྟར་བྱས་པ་ན་གལ་ཏེ་འཕགས་པས་སྨྲ་བར་བྱ་བ་རྗོད་ཅིག་ཅེས་ཟེར་ན་རེ་ཞིག་སེན་མོ་མཐོང་ངོ་རེ་ཞིག་ནམ་མཁའ་མཐོང་ངོ་ཞེས་བརྗོད་པར་བྱའོ། །དེ་ལྟར་བྱས་ཀྱང་འཕགས་པས་སྨྲ་བར་བྱ་བ་རྗོད་ཅིག །གཞན་དྲིས་པ་ན་གཞན་ལུང་བསྟན་པས་ཅི་བྱ་ཞེས་ཟེར་ན། ཕྱོགས་བཞིར་བལྟས་ཏེ་འདི་སྐད་དུ་དོན་དམ་པར་སེམས་ཅན་མ་མཐོང་ཞེས་བརྗོད་པར་བྱའོ། །ཉེ་བར་གནོད་པ་རྣམས་ཡོངས་སུ་བསྲུང་བའི་ཕྱིར་གཞན་དང་གཞན་དུ་སྤྲོ་བར་བྱའོ། །སློབ་དཔོན་དང་མཁན་པོ་རྣམས་ཅུང་ཟད་སྨྲ་ན་ཆོས་དང་ལྡན་པའི་ཚིག་རྣམས་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་དང༌། དགྲ་བཅོམ་པ་དང༌། སློབ་དཔོན་དང༌། མཁན་པོ་དང༌། དགེ་འདུན་དང༌། དགེ་འདུན་གྱི་གནས་བརྟན་དང༌། རྒྱལ་པོ་དང༌། དེའི་འཁོར་རྣམས་ཀྱི་ཚིག་སྤང་བར་བྱ་བ་མ་ཡིན་ནོ། །རྣམ་པར་འགྱུར་


DTG167_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་པའི་སློབ་དཔོན་དང་མཁན་པོ་ནི་དོར་བར་བྱའོ། །ཚིག་རྩུབ་པོ་སྨྲ་བར་མི་བྱའོ། །མིའི་སྐྱོན་ནས་སྨྲ་བར་མི་བྱའོ། །ཆེ་གེ་མོའི་རིགས་ནི་རིགས་འདི་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། དེ་བཞིན་དུ་རྫ་མཁན་དང༌། མགར་བ་ལ་སོགས་པའི་རིགས་ཀྱང་ངོ༌། །ཕྲ་མ་མི་བྱའོ། །ནད་པས་བརྫུན་སྨྲ་བར་མི་བྱའོ། །གཞན་ལ་བརྫུན་དུ་སྨྲ་བ་ཡང་དག་པར་འཛིན་དུ་གཞུག་པར་མི་བྱ་ཞིང༌། སྤྲོ་བ་བསྐྱེད་པར་མི་བྱའོ། །དེ་ལྟ་བུ་ལ་སོགས་པ་བརྫུན་དུ་སྨྲ་བ་རྣམ་པ་དུ་མ་ཡིན་པ་དེའི་ཕྱིར་སྲོག་ལ་བབ་ཀྱང་ཤེས་བཞིན་དུ་བརྫུན་དུ་སྨྲ་བར་མི་བྱའོ། །བརྫུན་དུ་སྨྲ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཐབས་ཐམས་ཅད་དུ་བསྲུང་བར་བྱ་སྟེ། གང་གི་ཕྱིར་བརྫུན་དུ་སྨྲ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྤོང་བར་འགྱུར་བ་དང༌། དམྱལ་བར་ལྟུང་བར་འགྱུར་བའི་ཕྱིར་རོ། །བསླབ་པའི་གཞི་བཞི་པོ་འདི་རྣམས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་སྲོག་ལ་བབ་ཀྱང་འདི་རྣམས་ནད་པས་ཀྱང་སྤྱད་པར་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་བརྫུན་དུ་སྨྲ་བ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་བཞི་པའོ།། །།འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བའི་ཁུ་བ་སྤོང་བ་ཞེས་བྱ་བ་ནི་འབྲུའི་ཆང་དང༌། བཅོས་པའི་ཆང་ཐ་ན་རྩྭའི་མཆོག་མས་ཀྱང་བཏུང་བར་མི་བྱེད་པའོ། །འབྲུའི་ཆང་ནི་ཟས་ཀྱི་བཏུང་བའོ། །བཅོས་པའི་ཆང་ནི་མེ་ཏོག་དང་སྔོན་བུའི་བཏུང་བའོ། །མྱོས་པར་འགྱུར་བ་ན་འབྲས་བུའི་བཏུང་བའོ། །མྱོས་པར་བྱེད་པའི་འབྲས་བུ་གང་ཡིན་པ་དེ་ནི་བཟའ་བར་མི་བྱ་སྟེ་ཀོ་ཊ་བ་ཡང་ངོ༌།། མྱོས་པར་འགྱུར་བའི་བཏུང་བ་ལ་མྱོས་པར་འགྱུར་བར་འདུ་ཤེས་པའམ། ཡིད་གཉིས་ཟ་བའམ་མྱོས་པར་འགྱུར་བ་མ་ཡིན་པ་ལ་མྱོས་པར་འགྱུར་བར་འདུ་ཤེས་པར་བཏུང་བར་མི་བྱའོ། །ཚིགས་མ་བཟའ་བར་མི་བྱའོ། །མྱོས་པར་འགྱུར་བ་བསྐོལ་བ་ལ་ཉེས་པ་མེད་དེ། དེ་ཡང་གལ་ཏེ་མྱོས་པར་འགྱུར་བའི་རོ་དང་དྲི་དང་བྲལ་བ་ཡིན་ཞིང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་ལ་ཉེས་པ་མེད་དོ། །གཞན་ལ་འབྲུའི་ཆང་དང་བཅོས་པའི་ཆང་གི་ཁུ་བ་མི་སྦྱིན་ཞིང་སྦྱིན་དུ་ཡང་མི་གཞུག་གོ །འབྲུའི་ཆང་དང་བཅོས་པའི་ཆང་གི་རིན་མི་སྦྱིན་ཞིང་སྦྱིན་དུ་ཡང་མི་གཞུག་གོ །


DTG167_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པས་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བའི་བཏུང་བ་བཏུང་བར་མི་བྱ་སྟེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡང་ཡིན་པའི་ཕྱིར་རོ། །བསྐོལ་བའི་ཁུ་བའི་རྣམ་པ་ལྟ་བུ་དང༌། ཚ་བ་ལྟ་བུ་བཏུང་བར་བྱའོ། །བུམ་པ་ནི་གསུམ་སྟེ། བཤང་བའི་བུམ་པ་དང༌། གཅི་བའི་བུམ་པ་དང༌། ཆང་གི་བུམ་པའོ། །དེ་ལ་ཇི་ལྟར་བསྟན་མ་ཐག་པའི་བུམ་པ་གཉིས་པོ་ཡོངས་སུ་དོར་བར་བྱ་བ་ཡིན་པ་དེ་བཞིན་དུ་ཆང་གི་བུམ་པ་ཡང་ངོ༌། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་མཆོག་མས་ཀྱང་མི་སྦྱིན་ཞིང་མི་བཏུང་ངོ་ཞེས་གསུངས་སོ། །འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བའི་བཏུང་བ་ཡང་དག་པར་འཛིན་དུ་མི་གཞུག་གོ །དེ་ལྟ་བུ་ལ་སོགས་པ་མྱོས་པར་འགྱུར་བའི་བཏུང་བ་རྣམ་པ་དུ་མ་ཡིན་པ་དེའི་ཕྱིར་འབྲུའི་ཆང་དང་བཅོས་པའི་ཆང་ཐབས་ཐམས་ཅད་ཀྱི་སྒོ་ནས་ཐམས་ཅད་དུ་བསྲུང་བར་བྱ་སྟེ། གང་གི་ཕྱིར་འབྲུའི་ཆང་དང་བཅོས་པའི་ཆང་འཐུངས་པ་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་སྤོང་བར་འགྱུར་བ་དང༌། དམྱལ་བར་ལྟུང་བར་ཡང་འགྱུར་བའི་ཕྱིར་རོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་འབྲུའི་ཆང་དང་བཅོས་པའི་ཆང་གི་བཏུང་བ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་ལྔ་པའོ།། །།གར་དང་གླུ་དང་རོལ་མོའི་སྒྲ་སྤོང་བ་ཞེས་བྱ་བ་ནི་གར་དང་གླུ་དང་རོལ་མོའི་སྒྲ་མི་བྱ་ཞིང་གཞན་བྱེད་དུ་གཞུག་པར་ཡང་མི་བྱ་བའོ། །མཆོད་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང༌། རྒྱུན་ཆགས་གསུམ་པ་ལ་དབྱངས་ཀྱིས་འདོན་པར་བྱེད་པ་ལ་ཉེས་པ་མེད་དོ། །དབྱངས་ཀྱི་ང་རོ་རང་བཞིན་མངོན་པར་མི་ཤེས་ན་དབེན་པར་ཞུགས་ཏེ་བསླབ་པར་བྱའོ། །གར་མཁན་ལ་སོགས་པ་གར་བྱེད་པ་ལ་བལྟ་བར་མི་བྱའོ། །གང་དུ་གར་བྱེད་པ་དང༌། གླུ་ལེན་པ་དེར་འདུག་པར་མི་བྱའོ། །སྟེང་དུ་འགྲོ་བ་དང༌། མཆོང་བ་དང༌། རྒྱུག་པ་དང༌། རྩེད་མོ་མི་བྱའོ། །ཆུ་ལ་རྩེད་མོ་ཉམས་སུ་མྱོང་བར་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་གར་དང་གླུ་དང་རོལ་མོ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་དྲུག་པའོ།། །།ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་དང་སྤོང་བ་ཞེས་བྱ་བ་ནི་ཕྲེང་བ་དང༌།


DTG167_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སིལ་མ་དག་བདག་གི་ལུས་ལ་མི་འདོགས་པ་དང༌། རང་ལ་དྲིའི་ཆུས་ཁྲུས་མི་བྱེད་པ་དང༌། དགའ་བའི་ཕྱིར་གདུ་བུ་དང༌། དཔུང་རྒྱན་དང༌། མགུལ་རྒྱན་ལ་སོགས་པས་བདག་ཉིད་ཀྱི་ལུས་ལ་རྒྱན་མི་བྱེད་པ་དང༌། བདག་ཉིད་ལ་དྲི་ཞིམ་པོའི་རྫས་ཀྱིས་ཉུག་པ་ལ་སོགས་པ་མི་བྱེད་ཅིང༌། ལུས་ལ་དྲི་ཞིམ་པོའི་རྫས་ཀྱིས་ཡང་དག་པར་འབྱུག་པར་མི་བྱེད་པའོ། །ཆོས་གོས་ལ་བདུག་སྤོས་ཀྱིས་བདུག་པར་མི་བྱའོ། །གལ་ཏེ་དྲི་མི་ཞིམ་པ་ཡིན་ན་དྲི་ང་བ་སྤང་བའི་ཕྱིར་ཆོས་གོས་ལ་བདུག་སྤོས་ཀྱིས་བདུག་པ་དེ་ཉིད་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་ལ་སོགས་པ་དྲི་མ་ཞིམ་པོའི་རྫས་ཀྱིས་ཉུག་པར་བྱའོ། །གལ་ཏེ་དགེ་བསྙེན་དད་བ་ཅན་གྱིས་དྲི་ཆུ་དང་ཁྲུས་བྱེད་ན་བཀྲུ་བར་བྱས་ཏེ། དེའི་བསོད་ནམས་སྤེལ་བར་བྱ་བའི་ཕྱིར་རོ། །ཨུཏྤལ་སྔོན་པོ་ལ་སོགས་པའི་མེ་ཏོག་རྙེད་པར་གྱུར་ན་བསྣམ་པར་བྱ་སྟེ། སློབ་དཔོན་དང༌། མཁན་པོ་དང༌། དགེ་སློང་དང༌། འཇིག་རྟེན་པའི་མདུན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་དྲི་ཞིམ་པོ་ཐམས་ཅད་ནི་མི་ག་དང་རྗེས་སུ་མཐུན་པ་ཡིན་ནོ། །སོ་ཕག་དག་གིས་རྐང་པ་དག་མ་གཏོགས་པའི་ལུས་ལ་ཡོངས་སུ་བྲུད་པར་མི་བྱའོ། །གལ་ཏེ་དད་པ་ཅན་དག་གིས་ལག་པ་རྐང་པ་དག་ལ་དྲི་ཞིམ་པོས་འབྱུག་པར་བྱེད་ན་དེའི་མདུན་དུ་དོར་བར་མི་བྱའོ། །དེ་བཞིན་གཤེགས་པ་དང༌། ཉན་ཐོས་ཀྱི་སྐུ་གཟུགས་དང༌། མཆོད་རྟེན་དག་ལ་རྗེས་སུ་བྱུག་པར་བྱའོ། །གལ་ཏེ་དེ་ཁྱོད་འདི་ལྟར་ལོངས་སྤྱོད་པར་མཛོད་ཅིག་ཅེས་ཟེར་ན་དེའི་ཕྱིར་དགེ་བསྙེན་གྱི་ཚིག་ལས་ལོངས་སྤྱོད་པར་བྱའོ། །ནད་པ་ལ་སྨན་པའི་ཚིག་གིས་དྲི་ཞིམ་པོ་འབྱུག་པ་དང༌། དྲིའི་ཆུས་ཁྲུས་བྱེད་ན་ནད་པ་ལ་ཉེས་པ་མེད་དོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་ཕྲེང་བ་དང་སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་བདུན་པའོ།། །།མལ་མཐོན་པོ་དང༌། མལ་ཆེན་པོ་སྤོང་བ་ཞེས་བྱ་བ་ལ་མལ་མཐོན་པོ་ནི་གང་ཞིག །སྟན་ལ་འདུག་པའི་རྐང་པ་ས་ལ་མ་རེག་པ་ཡིན་ལ། མལ་ཆེན་པོ་ནི་དངུལ་དང་གསེར་དང་མུ་ཏིག་ལ་སོགས་པ་རྣམས་ལས་


DTG167_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡིན་ཏེ། དེ་ལ་ཉལ་བ་དང་འདུག་པར་མི་བྱའོ། །དངུལ་དང་གསེར་དང་ནོར་བུ་དང་མུ་ཏིག་ལ་སོགས་པ་རྣམས་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པའི་འདུ་ཤེས་ཀྱིས་འདུག་ལ་ཆོས་ཉན་པ་སྦྱིན་པར་བྱ་སྟེ། དམ་པའི་ཆོས་མཆོད་པའི་ཕྱིར་རོ། །སྟན་མཐོན་པོ་བཀྲ་བའམ་ཉེ་བར་བཀྲ་བ་ལ་འདུག་སྟེ་ཆོས་མཉན་པ་སྦྱིན་པར་བྱའོ། །མ་གསོལ་བར་ཆོས་ཉེ་བར་བསྟན་པར་མི་བྱའོ། །བཀྲ་བ་དང་ཉེ་བར་བཀྲ་བའི་སྟན་ལ་ཐུན་མོང་གི་གནས་སྐབས་སུ་འདུག་པར་མི་བྱའོ། །གལ་ཏེ་དད་པ་ཅན་གྱིས་ཁྱིམ་གྱི་ནང་དུ་ཉེ་བར་མགྲོན་དུ་བོས་པ་དེར་དངུལ་དང་གསེར་ལ་སོགས་པ་རྣམས་ལས་བྱས་པའི་སྟན་བསྟབས་པར་གྱུར་ན། དེ་ལ་མི་རྟག་པའི་འདུ་ཤེས་ཀྱིས་འདུག་པར་བྱ་བ་དང༌། དད་པ་ཅན་རྣམས་ལ་ཆོས་སྦྱིན་ཞིང་ལོངས་སྤྱད་པར་བྱ་བའི་ཡང་ཕྱིར་རོ། །གཡོགས་མ་མེད་པར་དགེ་འདུན་ནམ་གང་ཟག་གི་མལ་ཆ་དང་སྟན་ལ་སོགས་པ་ལོངས་སྤྱད་པར་མི་བྱའོ། །ཀོ་ལྤགས་ཀྱི་རང་བཞིན་ནམ། ཀོ་ལྤགས་དང་བརྟགས་པའི་སྟན་ལ་འདུག་པར་མི་བྱ་བ་དང༌། ཉལ་བར་ཡང་མི་བྱ། ཁྱིམ་པའི་ཁྱིམ་གྱི་ནང་དུ་སྟན་མེད་ན་འདུག་པ་ལ་ཉེས་པ་མེད་དོ། །གཙུག་ལག་ཁང་གི་ནང་དུ་ཤིང་གི་རང་བཞིན་གྱི་ལྷམ་བགོ་བར་མི་བྱའོ། །གཅི་བའི་ཁང་པའམ། བཤང་བའི་ཁང་པའམ། ཁྱིམ་གྱི་ནང་དུ་ནི་དོར་བར་མི་བྱའོ། །རྗེས་སུ་མ་གནང་བར་སྟན་ལ་འདུག་པར་མི་བྱའོ། །མཛེ་ཅན་གྱིས་ཀྱང་མ་ཡིན་ཏེ། དགེ་འདུན་གྱི་ཁྲི་དང་མལ་ཆ་དང་སྟན་ལ་སོགས་པ་ཡང་སྤང་བར་བྱའོ། །གཙུག་ལག་ཁང་གི་ཕྱི་རོལ་དུ་འདིའི་གནས་ཁང་བྱའོ། །ནད་པའམ་རྒན་པོ་དག་གིས་ནི་ཁྱོགས་ལ་འགྲོ་བར་བྱའི། ཐུན་མོང་གི་གནས་སྐབས་སུ་ནི་གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟའི་བཞོན་པས་འགྲོ་བར་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་མལ་མཐོན་པོ་དང་མལ་ཆེན་པོ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་བརྒྱད་པའོ།། །།དུས་མ་ཡིན་པའི་ཁ་ཟས་སྤོང་བ་ཞེས་བྱ་བ་ནི་དུས་མ་ཡིན་པར་ཟ་བར་མི་བྱེད་པ་སྟེ། ཇི་སྲིད་སྐྱ་རེངས་སྔོན་པོ་ཤར་ནས་རང་གི་ཉི་མ་ཕྱེད་ཀྱི་བར་དེ་སྲིད་དུ་དུས་ཡིན་ལ། དེ་ལས་གཞན་པ་ནི་དུས་མ་ཡིན་པའོ། །ནང་པར་ལངས་ནས་གདོང་བཀྲུ་བར་བྱའོ། །དུས་ལས་


DTG167_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་བ་ན་ལོ་མ་དང་འབྲས་བུ་ལ་སོགས་པ་ལོངས་སྤྱད་པར་མི་བྱ་ཞིང༌། ཟང་ཟིང་ཡོངས་སུ་མ་དག་པ་ཅུང་ཟད་ཀྱང་སྤྱད་པར་མི་བྱའོ། །རྒུན་འབྲུམ་ལ་སོགས་པའི་བཏུང་བ་མྱོས་པར་མི་འགྱུར་བ་དང༌། ཙང་ཤུ་དག་རས་ཀྱིས་བཙགས་ལ་ཟང་ཟིང་མེད་པར་བྱས་ནས། དུས་མ་ཡིན་པར་བཏུང་བར་བྱའོ། །སྐོམ་པར་གྱུར་ན་བུ་རམ་དང་ལྷན་ཅིག་པ་དང་སྦྲང་རྩི་དང་ལྷན་ཅིག་པའི་ཆུ་ཡོངས་སུ་བཙགས་ཏེ་དུས་མ་ཡིན་པར་བཏུང་བར་བྱའོ། །ཡ་རབས་རྣམས་ཀྱིས་གནང་བའི་ཉ་དང་ཤ་གང་ཡིན་པ་ད་ནི་གཞི་གསུམ་གྱིས་ཡོངས་སུ་དག་པ་ན་ལོངས་སྤྱད་པར་བྱའོ། །རོ་ལ་སོགས་པ་ལ་སྲེད་པར་མི་བྱའོ། །ཤན་པ་ལས་ཁྱིམ་པ་དད་པ་ཅན་གྱིས་ཉོས་ལ་བཟའ་བར་བྱའོ། །ཤ་རྗེན་པ་མི་ཟའོ། །ནད་པ་ལ་དུས་མ་ཡིན་པར་ཟ་བ་ལ་ཉེས་པ་མེད་དོ། །ནད་པ་ཉིད་ནི་ནུས་པ་མེད་པ་ཉིད་མཐར་ཐུག་པ་ཡིན་ནོ། །ཟང་ཟིང་དང་བཅས་པའི་ཆུ་ལ་སོགས་པ་བཏུང་བར་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་དུས་མ་ཡིན་པའི་ཟས་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་དགུ་པའོ།། །།གསེར་དངུལ་ལེན་པ་སྤོང་བ་ཞེས་བྱ་བ་ནི་ས་ལེ་སྦྲམ་དང་དངུལ་བདག་གིར་བྱེད་པ་མི་རུང་བ་ཡིན་གྱི། ལེན་པ་ནི་རུང་བ་ཡིན་ནོ། །འགའ་ཞིག་གསེར་དང་དངུལ་ལ་སོགས་པ་ཡོན་གྱི་ཆེད་དུ་འབུལ་བར་བྱེད་ན། དེ་ལ་འདི་སྐད་དུ་ངའི་ཆོས་གོས་དང་བཟའ་བ་ཉོས་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །ཡང་ན་འདིས་བདག་གིས་ཆོས་གོས་དང་བཟའ་བ་ལ་སོགས་པ་ཉོ་བར་བྱའོ་སྙམ་པ་འདི་ལྟ་བུའི་སེམས་ཀྱིས་བླང་བར་བྱ་བའམ། སྦྱིན་བདག་སྤྲོ་བར་བྱ་སྟེ་བླང་བར་བྱའོ། །གླང་པོ་ཆེ་དང༌། རྟ་དང༌། བ་ལང་དང༌། ཁྱི་དང༌། ཕག་དང༌། བུད་མེད་དང༌། སྐྱེས་པ་དང༌། ཁྱེའུ་དང༌། བུ་མོ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ལ་སོགས་པའི་ཡོན་ནི་བླང་བར་མི་བྱའོ། །ལོག་པར་འཚོ་བས་རྙེད་པ་བསྒྲུབ་པར་མི་བྱའོ། །ཚུལ་འཆོས་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་གསེར་དངུལ་ལེན་བ་སྤོང་བ་ཞེས་བྱ་བའི་བསླབ་པའི་གཞི་བཅུ་པའོ།། །།ཁྱིམ་པའི་


DTG167_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྤོང་བ་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་བདག་གོས་གྱོན་པ་དེ་ལྟར་གོས་གྱོན་པར་མི་བྱེད་པ་དང༌། ཉིན་པར་ཕྱི་རོལ་ནས་གོས་དཀར་པོ་དང༌། ཁ་ཚར་རིང་པོ་ཅན་གྱོན་པར་མི་བྱེད་པའོ། །ཚོན་རྩི་གསུམ་པོ་དག་གིས་ཁ་བསྒྱུར་བར་བྱས་ནས་འཆང་དུ་རུང་སྟེ། ཚོན་རྩི་གསུམ་ནི་དུར་སྨྲིག་དང༌། ནི་ལི་ཀ་དང༌། དམར་པོ་དག་ཡིན་ནོ། །ཚོན་ཆེན་པོ་བརྒྱད་པོ་དག་ནི་མི་རུང་སྟེ། མཚལ་དང༌། རྒྱ་སྐྱེགས་དང༌། བཅོད་དང༌། གུར་གུམ་དང༌། མཐིང་ཤིང་དང༌། ལི་ཁྲི་དང༌། རྨ་ཤིང་དང༌། ལ་བརྒན་ཞེས་བྱ་བ་ནི་ཚོན་ཆེན་པོ་དག་ཡིན་ནོ། །ཆོས་གོས་ཐམས་ཅད་ནི་སྔོན་པོའི་ཁ་དོག་ཅན་དུ་བགོ་བར་མི་བྱའོ། །ཁྲ་བོ་ཉེ་བར་བཀྲ་བའི་གདུགས་བཅང་བར་མི་བྱའོ། །སྟེའུའི་སོ་ཅི་ལྟ་བ་དེ་བཞིན་དུ་སེན་མོ་གཅད་པར་བྱའོ། །དགོན་པར་གནས་པས་ནི་སྐྲ་སོར་གཉིས་ལས་ལྷག་པར་གཞག་པར་མི་བྱའོ། །གྲོང་མཐའ་བས་ནི་དེ་ལས་དམན་པའོ། །གྲི་གུ་དང་ཆན་པས་སྐྲ་བྲེག་པར་མི་བྱའོ། །བྱིན་པ་དང༌། མཆན་ཁུང་དང༌། རྐེད་པ་དང༌། སྨིན་མ་བྲེག་པར་མི་བྱའོ། །སྐྲ་བྲེགས་པའི་རྗེས་ལ་ཁྲུས་བྱའོ། །ཚོགས་པ་མེད་ན་ཡན་ལག་ལྔ་བཀྲུ་བར་བྱའོ། །ཕྱོགས་གང་དུ་སྐྲ་བྲེགས་པའི་ཕྱོགས་དེར་ཆག་ཆག་གདབ་པར་བྱ་ཞིང་སྐྱང་ནུལ་བྱའོ། །རྔའི་རྣམ་པ་ལྟ་བུའམ་མདུང་རྩིའི་རྣམ་པ་ལྟ་བུའི་དཀྱིལ་འཁོར་བྱའོ། །མིག་ལ་དུད་པ་བྱུག་པར་མི་བྱའོ། །གལ་ཏེ་མིག་ན་བ་ཡིན་ན་ཉེས་པ་མེད་དོ། །མེ་ལོང་ལ་གདོང་བ་ལྟ་བར་མི་བྱའོ། །སྐྱོ་བ་བསྐྱེད་པའི་ཆེད་དུ་ནི་ཉེས་པ་མེད་དོ། །ཁུར་ལྕི་བ་མི་བསྐུར་ཞིང༌། ཕྲག་པ་དང༌། རྐེད་པ་དང༌། མགོ་བོ་རྣམས་ཀྱིས་བསྡུས་ཁུར་བུ་མ་ཡིན་ནོ། །ཆུའི་ཕྱོགས་སུ་རྩ་བར་ཞྭ་གཟུང་བར་བྱའོ། །སྨད་ཤམ་ཐབས་ཀུན་ནས་ཟླུམ་པོར་བགོ་བར་བྱ་ཞིང༌། སྟོད་དུ་ཀུན་ནས་ཆོས་གོས་ཀྱང་ངོ༌། །བྱ་བ་བྱེད་པའི་ཚེ་ཆོས་གོས་ཀྱི་མཐའ་མར་མདུད་པ་བཅིངས་ལ་ལས་བྱའོ། །རྣམ་པ་ཐམས་ཅད་དུ་ཁྱིམ་པའི་རྟགས་ཀུན་ཏུ་སྤྱད་པར་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་ཁྱིམ་པའི་རྟགས་སྤོང་བ་ཞེས་བྱ་བ་རྫོགས་སོ།། །།རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་ཞེས་བྱ་བ་ནི་རེ་ཞིག་རིམ་གྱིས་བརྗོད་པར་བྱ་སྟེ། མཁན་པོ་དང་སློབ་དཔོན་དག་ལ་ཉེ་བར་


DTG167_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བར་བྱའོ། །ཇེ་དང་པོར་བཤང་བ་དང་གཅི་བའི་ཁང་པར་འགྲོ་བར་བྱ་སྟེ། ཆོས་གོས་བརྫེས་ལ་སེ་གོལ་བྱས་ནས་འཆག་པའི་ཁང་པར་འཇུག་པར་བྱའོ། །བཤང་བ་དང་གཅི་བ་བྱས་ནས་མཆན་ཁུང་དུ་བུམ་པ་བཟུང་སྟེ་ལག་པ་གཡོན་པས་བཤང་བའི་ལམ་དང་པོར་ས་འཇམ་པོའམ་བོང་བས་ཕྱི་བར་བྱའོ། །དེ་ནས་ས་ཕུང་གསུམ་པོ་དག་གིས་བཤང་བའི་ལམ་དག་པར་བྱས་ནས་ཕྱིར་བྱུང་སྟེ། རྗེས་སུ་མཐུན་པའི་གནས་སུ་ས་ཕུང་བདུན་སོ་སོར་གཞག་པར་བྱའོ། །དེ་ནས་གཞན་ས་ཕུང་བདུན་པོ་དག་གིས་ལག་པ་གཡོན་པ་དག་པར་བྱའོ། །དེ་ནས་ལག་པ་གཉིས་ས་ཕུང་དེ་རྣམས་ཀྱིས་དག་པར་བྱའོ། །ས་བླངས་ནས་སེན་མོའི་དྲི་མ་བསལ་བར་བྱའོ། །ས་བླངས་ནས་ལག་ངར་དག་པར་བཀྲུ་བར་བྱའོ། །བུམ་པ་ནི་ས་ཕུང་གཅིག་གིས་དག་པར་བྱའོ། །བྱིན་པ་དག་དང་རྐང་པ་དག་བཀྲུ་བར་བྱའོ། །རབ་ཏུ་དབེན་པའི་ཕྱོགས་སུ་བཤང་གཅི་བྱའོ། །དེ་དག་དང་ཉེ་བར་གཏམ་སྣ་ཚོགས་མི་བྱ། ཡུན་རིང་དུ་གནས་པར་ཡང་མི་བྱའོ། །ཁ་དོན་དང་བཙོ་བླག་ལ་སོགས་པ་ཡང་དེར་མི་བྱའོ། །དེ་ལས་དལ་བུས་འོངས་ནས། དལ་བུ་དལ་བུས་སྒོ་གཏན་ཕྱེ་སྟེ། གནས་ཁང་དུ་འཇུག་པར་བྱ་ཞིང་སྒོ་སྐྱེས་ལ་མ་བརྗེད་པར་བྱའོ། །རུང་བའི་ཆུའི་ལག་པ་དག་མཁྲིག་མའི་བར་དུ་བཀྲུ་བའམ་ཕྱི་བ་བྱའི། རྡུལ་ལམ་སས་ནི་མ་ཡིན་ནོ། །རིལ་བ་སྤྱི་བླུགས་ཐོགས་ཏེ་རབ་ཏུ་དབེན་པའི་ཕྱོགས་སུ་སོང་ནས་སོ་ཤིང་དོར་བར་བྱའོ། །སོ་ཤིང་ནི་རྣམ་པ་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུ་དང༌། ཆེན་པོ་ནི་སོར་བཅུ་གཉིས་པའོ། །ཆུང་ངུ་ནི་སོར་བརྒྱད་པའོ། །འབྲིང་ནི་དེ་དག་ལས་བར་པའོ། །དེ་རྣམས་ལས་གཞན་གང་ཡང་རུང་བས་དོར་བར་བྱའི་ཤིན་ཏུ་རྩུབ་པ་དང་ཕྲ་བ་དག་གིས་དང་ཡུན་རིང་དུ་ཡང་མ་ཡིན་ནོ། །དེ་རྣམ་པ་གཉིས་སུ་བཀས་ཏེ་ཕན་ཚུན་འབྲུད་པ་ལ་དལ་བུས་ལྕེ་བཞར་བར་བྱའོ། །ཆུས་བཀྲུ་བའམ་རྡུལ་ལམ། སོ་ལ་བྲུད་པར་བྱའོ། །དེ་བཞིན་གཤེགས་པའམ། མཆོད་རྟེན་ནམ། སློབ་དཔོན་ནམ། མཁན་པོའི་མདུན་དུ་སོ་ཤིང་དོར་བར་མི་བྱའོ། །དགེ་སློང་མཆོག་ཏུ་གནས་བརྟན་རྣམས་ཀྱི་དྲུང་དུ་མ་ཡིན་ནོ། །ཉེ་བར་ལོངས་སྤྱོད་


DTG167_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་མ་ཡིན་ནོ། །འཆག་ས་དང་ཉེ་བར་མ་ཡིན་མོད་ཀྱི་འོན་ཀྱང་རབ་ཏུ་དབེན་པར་བྱའོ། །ཁ་གདོང་བཀྲུས་ནས་དེ་མ་ཐག་བ་ཉིད་དུ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དེ་གལ་ཏེ་མཁན་པོ་ལ་ཕྱག་བྱེད་ན་མཁན་པོས་གདོང་བཀྲུ་བ་དང་སོ་ཤིང་དོར་བར་བྱས་ནས། དེའི་ཕྱིར་དགོངས་སུ་གསོལ་ཞེས་བྱ་བས་ཕྱག་བྱས་ནས་གུས་པ་དང་བཅས་པས་བསྐུལ་ལ་མཉམ་མམ་དྲི་བ་དང༌། ཀུན་ཏུ་དྲི་བར་བྱའོ། །མཁན་པོ་དགོངས་སུ་གསོལ། ཆག་ཆག་དང༌། ཕྱག་དར་དང༌། སྐྱང་ནུལ་དང༌། ཀློག་པ་དང༌། ཁ་དོན་དང༌། ཀུན་ཏུ་སྤྱོད་པ་དག་བགྱིད་ཅེས་ཞུ་བར་བྱའོ། །བརྩམ་པའི་བྱ་བ་ཐམས་ཅད་ཀུན་ཏུ་དྲི་བར་བྱའོ། །ཀུན་ཏུ་ཞུས་ཏེ་དེ་བཞིན་གཤེགས་པ་ལ་དཀྱིལ་འཁོར་བྱ་བ་དང༌། ཆག་ཆག་དང༌། ཕྱག་དར་དང༌། སྐྱང་ནུལ་དང༌། བསྟོད་པ་མངོན་པར་བརྗོད་པ་དག་བྱ་བ་དང༌། དེ་བཞིན་གཤེགས་པ་ལ་བསྐོར་བ་བྱ་བ་དང༌། ཡན་ལག་ལྔས་དགེ་སློང་རྣམས་ལ་ཕྱག་དག་བྱའོ། །ཚུལ་ཁྲིམས་འཆལ་པ་ལ་ཡན་ལག་ལྔས་ཕྱག་མི་བྱའོ། །ནང་དང་བཅས་པ་ལའང་ཕྱག་མི་བྱའོ། །གཉིས་པོ་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའོ། །དེའི་རྗེས་ལ་ཉི་མ་ཤར་བ་ན་ཆུ་བརྟག་པར་བྱའོ། །མཁན་པོ་ལ་ཀུན་ཏུ་ཞུས་ཏེ་མདུན་དུ་འགྲོ་བ་གུས་པར་བྱའོ། །མ་ཞུས་པར་མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱེད་པ་དང༌། ཆུ་བཏུང་བ་དང༌། སོ་ཤིང་དོར་བ་དང༌། བཤང་གཅི་དག་བྱའོ། །མ་ཞུས་པར་ནི་ཐ་ན་ཁབ་མིག་ཏུ་སྐུད་པ་གཞུག་པར་ཡང་མི་བྱའོ། །མཁན་པོ་གནས་པ་མེད་ན་གནས་ཀྱི་སློབ་དཔོན་ལ་ཞུ་བར་བྱའོ། །གནས་ཀྱི་སློབ་དཔོན་གནས་པར་མ་གྱུར་ན་དགེ་སློང་འགྲོགས་བཤེས་ལ་ཀུན་ཏུ་ཞུ་བར་བྱའོ། །མ་ཞུས་པར་གནས་པར་མི་བྱའོ། །གནས་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ཚུལ་ཁྲིམས་འཆལ་བ་དང༌། ནང་དང་བཅས་པ་དང༌། ལྷན་ཅིག་གང་དུའང་འགྲོ་བར་མི་བྱའོ། །དྲན་པ་དང་ཤེས་བཞིན་དང་ལྡན་པ་དང༌། གཉའ་ཤིང་གང་ཙམ་བལྟ་བ་དང༌། ཕྱོགས་སུ་མི་བལྟ་བ་དང༌། ཞི་བའི་སྤྱོད་ལམ་དང༌། གཏམ་སྣ་ཚོགས་མི་བྱེད་པ་དང༌། ཆོས་ཀྱི་གཏམ་སྨྲ་བ་འམ། འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །


DTG167_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མཆོད་སྟོན་གྱི་དུས་སུ་དགེ་འདུན་གྱི་ནང་དུ་འཇུག་པ་ན་ཆོས་གོས་ཀྱི་མཐའ་མར་སྒྲོ་གུ་བཅིངས་ནས་ལག་པ་གཉིས་བཀྲུས་ཏེ། རྐང་པ་དག་བཀྲུས་ནས་གུས་པ་དང་བཅས་པས་དགེ་འདུན་གྱི་ནང་དུ་འཇུག་པར་བྱས་ལ། གྲལ་རིམས་ཇི་ལྟ་བ་བཞིན་དུ་འདུག་སྟེ། དྲན་པ་དང་ཤེས་བཞིན་དང་ལྡན་པས་ལོངས་སྤྱད་པར་བྱའོ། །སྐད་གསང་མཐོན་པོས་བྲིམ་པར་བྱ་བ་འབྲིམ་དུ་མི་གཞུག་གོ །བྱིན་ཅིག་བྱིན་ཅིག་ཅེས་བརྗོད་པར་མི་བྱ་མོད་ཀྱི་འོན་ཀྱང་བྲིམས་ཤིག་ཅེས་སོ། །བསོད་སྙོམས་ལ་ཡོངས་སུ་ལོངས་སྤྱོད་པ་ནི་རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཇི་སྲིད་ཁོ་ནར་ལུས་འདི་གནས་པར་བྱ་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་ལོངས་སྤྱད་པར་བྱའོ། །བཅའ་བ་དང་བཟའ་བ་ལ་སོགས་པ་གྱ་ནོམ་པ་རྙེད་ན་དེ་མཁན་པོ་དང་སློབ་དཔོན་དག་ལ་བསྟབས་པར་བྱའོ། །དེ་དག་གིས་ཀྱང་ཚོད་རིག་པར་བྱ་བ་ཡིན་ནོ། །ཁ་ཁམ་དང་བཅས་པས་སྨྲ་བར་མི་བྱའོ། །ཁམ་ཆུང་བའམ། ཆེ་བ་གཞུག་པར་མི་བྱ། མགྲོན་དུ་མ་བོས་པའི་ཟས་མི་བཟའ། སྒོག་པ་བཟའ་བར་མི་བྱའོ། །ནད་པས་ནི་སྨན་པས་ལུང་ཕོག་ན་བཟའ་བར་བྱའོ། །ཇི་སྲིད་དུ་དྲི་དང་མ་བྲལ་བ་དེ་སྲིད་དུ་དབེན་པའི་ཕྱོགས་སུ་གནས་པར་བྱའོ། །དགེ་འདུན་གྱི་ནང་དུ་མཆི་ལ་ལྷམ་བགོས་ནས་འཇུག་པར་མི་བྱའོ། །ཟས་ཀྱི་ཚོད་རིག་པར་བྱ་བ་ཡིན་ནོ། །བྱ་རོག་རྣམས་ཀྱིས་ལྷག་མར་བྱས་པ་གང་ཡིན་པ་དེ་ནི་མཆུས་སླེབ་ཚད་བོར་ནས་བཟའ་བར་བྱའོ། །ཆེད་དུ་མི་བྱ་བར་ཟས་ཀྱི་ཆང་པ་གཞག་པར་བྱའོ། །སྣོད་དམ་ཚོགས་པ་མེད་ན་ཕ་མ་དང་ཉེ་དུ་རྣམས་སམ། འགྲོགས་བཤེས་དང༌། ཚུལ་ཁྲིམས་དང་ལྡན་པའི་དགེ་ཚུལ་དང་ལྷན་ཅིག་དབེན་པའི་ཕྱོགས་སུ་བཟའ་བར་བྱའོ། །ཚུལ་ཁྲིམས་འཆལ་པ་དང༌། ལྷན་ཅིག་བཟའ་བར་ནི་མི་བྱའོ། །ཟང་ཟིང་མེད་པའི་ཆུ་དང༌། ལྕེ་བཞར་དང༌། སོ་ཤིང་དག་གིས་ཁ་ཟང་ཟིང་མེད་པར་བྱའོ། །དེ་ནས་མཁན་པོ་ལ་ཡན་ལག་ལྔས་ཕྱག་བྱས་ནས་ཀུན་དུ་ཞུ་བར་བྱའོ། །མཁན་པོ་དགོངས་སུ་གསོལ། ཀློག་པ་དང༌། ཁ་དོན་དང༌། ཀུན་དུ་སྤྱོད་པ་དག་སྤྱད་པར་ཞུའོ་ཞེས་ཞུས་ནས།


DTG167_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པ་དང་ཁ་ཏོན་ལ་སོགས་པ་བྱའོ། །ཟན་ཟོས་པའི་དེ་མ་ཐག་ཉིད་དུ་སྦྱིན་བདག་གི་ཡོན་བཤད་པར་བྱའོ། །སྒྲ་བརྡ་བྱས་ནས་མཆིལ་མ་ལ་སོགས་པ་དོར་བར་བྱའོ། །དགེ་འདུན་གྱི་རྩིག་པའམ། ཀ་བའམ་ཁང་པའམ། རྗེས་སུ་མཐུན་པའི་གནས་པ་གཞན་དུ་ནི་མ་ཡིན་ནོ། །ཤམ་ཐབས་ཀྱི་མཐའ་མ་གཉིས་དང་དབུས་སུ་བཟུང་ནས་ཡ་གད་ལ་སོགས་པ་ལ་འཛེགས་པ་དང་ཐུར་དུ་འབབ་པ་དང༌། ཉིན་པར་གཉིད་ལོག་པར་བྱའོ། །སློབ་དཔོན་དང་མཁན་པོ་དག་གི་ཐད་དུ་མ་དང་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །དེ་དག་ལ་ཡང་རྐང་པ་དག་བཀྲུ་བ་ལ་སོགས་པས་བསྙེན་བཀུར་བྱའོ། །དེ་དག་གིས་ཀྱང་དེའི་སྟེང་དུ་བུ་ལྟ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །དེ་དག་ལ་ཡང་སྟོན་བ་བཞིན་དུ་གུས་པས་བསྙེན་བཀུར་བྱའོ། །མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ཡིན་ན་ཡང་སློབ་དཔོན་དང་མཁན་པོ་དང་མ་དང་ཕ་དང་ནད་པ་དག་ལ་བསྙེན་བཀུར་བྱའོ། །སློབ་དཔོན་དང་མཁན་པོ་ལ་སོགས་པ་རྣམས་ལ་མུན་ཁུང་དུ་ཕྱག་མི་བྱ། ནད་པ་རྣམས་ལ་མ་ཡིན། གོས་གཅིག་པ་རྣམས་ལ་མ་ཡིན། ཁྱིམ་གྱི་ནང་དུ་གནས་པ་རྣམས་ལ་མ་ཡིན། ཟས་ཟ་བ་རྣམས་ལ་མ་ཡིན། ཁ་ཟང་ཞིང་དང་བཅས་པ་རྣམས་ལ་མ་ཡིན། བཤང་བ་དང་གཅི་བའི་ཁང་པའི་སྟེང་དུ་གནས་པ་རྣམས་ལ་མ་ཡིན། བྱ་བ་གཞན་ལ་སེམས་གཡེངས་པ་རྣམས་ལ་ཕྱག་མི་བྱའོ། །རང་ཉིད་དེ་ལྟ་བུར་གྱུར་པས་ཀྱང་ཕྱག་མི་བྱའོ། །ཕྱག་བྱེད་པར་འདོད་པས་དགོངས་སུ་གསོལ་ཞེས་བརྗོད་པར་བྱའོ། །ཅང་མི་སྨྲ་བར་བྱེད་ན་ཕྱག་དག་བྱའོ། །ཡང་མ་བྱེད་ཅིག་ཅེས་ཟེར་ན་མི་བྱའོ། །སློབ་དཔོན་དང་མཁན་པོ་དང་ཚོངས་པ་མཚུངས་པར་སྤྱོད་པ་རྣམས་མཐོང་ནས་དེ་མ་ཐག་པ་ཉིད་དུ་སྟན་སྤོང་བར་བྱའོ། །ཕྱག་ནི་རྣམ་པ་གཉིས་ཏེ། སྒྱིད་པ་ནས་བཟུང་བ་དང༌། ཡན་ལག་ལྔས་སོ། །གལ་ཏེ་བདག་ཉིད་སྐྲ་བྲེགས་པར་གྱུར་ན་སློབ་དཔོན་དང་མཁན་པོ་ལ་སོགས་པ་དང༌། བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་བྱའོ། །སློབ་དཔོན་དང་མཁན་པོ་ལ་སོགས་པ་རྣམས་ཀྱི་སྐྲ་བྲེགས་པར་གྱུར་ན་ཡན་ལག་ལྔས་ཕྱག་བྱའོ། །གསར་བུ་དང་ཁྱིམ་པ་དག་གིས་གལ་ཏེ་ཕྱག་བྱས་པར་གྱུར་ན་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །


DTG167_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་ལ་ཕྱག་མི་བྱ། ལྷ་གཞན་དག་ལ་ཕྱག་མི་བྱའོ། །ལམ་དུ་འགྲོ་བའི་ཚེ་ལྷ་གཞན་གྱི་རྟེན་མཐོང་ན་བདེ་བར་གཤེགས་པའི་ཚིགས་སུ་བཅད་པ་གདོན་པར་བྱའོ། །ཁྲོན་པ་ལ་སོགས་པ་རྣམས་ནས་ཆུ་བླངས་ནས་སྦྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་གདོན་པར་བྱའོ། །ཤིང་ལྗོན་པའི་རྩ་བ་དང༌། ལྷ་ཁང་ལ་སོགས་པ་རྣམས་སུ་གནས་པ་ན་རྒྱུན་ཆགས་གསུམ་པ་བརྗོད་པར་བྱའོ། །རྒྱུན་ཆགས་གསུམ་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང༌། བསོད་ནམས་ཡོངས་སུ་བསྡོ་བ་དང༌། ངེས་པར་བྱ་བ་དག་ཡིན་ནོ། །ལག་པ་དག་དང་རྐང་པ་དག་བཀྲུས་ནས་ཆོས་གོས་རྣམས་སྤྲུགས་ལ་མཆིལ་ལྷམ་དག་ཕྱིས་ཏེ་ཞི་བའི་སྤྱོད་ལམ་གྱིས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །དེ་གླལ་བར་གྱུར་ན་ལག་བའམ་གཞན་གོས་ཀྱིས་ཁ་དགབ་པར་བྱའོ། །མཆོད་རྟེན་གྱི་གྲིབ་པའམ་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་གྲིབ་མ་མཐོང་ནས་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་བརྗོད་ལ་འགོམ་པར་བྱའོ། །འཐབ་པར་བྱེད་པའམ། འཐབ་ཏུ་གཞུག་པའམ། བལྟ་བར་ཡང་མི་བྱའོ། །རྒྱན་པོ་བྱེད་པ་མི་བྱའོ། །གང་དུ་ཆོ་ལོ་བྱེད་པ་དེར་འདུག་པར་མི་བྱའོ། །དབང་པོ་བྱེད་པ་དེར་འདུག་པར་མི་བྱའོ། །གཉའ་བོ་མི་བྱའོ། །ཆོས་ཟོང་དུ་མི་བྱའོ། །བསོད་ནམས་ཀྱི་བློས་ལས་བྱའི་གླ་རྔན་གྱིས་ནི་མ་ཡིན་ནོ། །དད་པས་སྤྱིན་པར་བྱ་བ་དགེ་འདུན་ནམ་གང་ཟག་ལས་བྱུང་བ་ཡོངས་སུ་ལོངས་སྤྱད་ནས་སྙོམ་ལས་ཀྱིས་དུས་འདའ་བར་མི་བྱའོ། །འོན་ཀྱང་ཀློག་པ་དང་ཁ་ཏོན་དག་གིས་སོ། །རྒོད་པ་མེད་པ་དང་རྣམ་པར་གཡེངས་བ་མེད་པར་བྱའོ། །གནས་བརྟན་རྣམས་དང་བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང༌། ཞེས་དང་བཅས་པར་བྱའོ། །མུ་ཅོར་མ་ཡིན་པ་དང༌། རྣམ་པར་གཡེངས་པའི་ཚིག་མ་ཡིན་པར་བྱའོ། །ངོ་ཚ་དང་ལྡན་པར་བྱ་ཞིང་དབང་པོའི་སྒོ་བསྡམ་པར་བྱའོ། །གསོང་པོར་སྨྲ་བ་དང༌། དགའ་བའི་གཏམ་དང༌། ཀྱེ་ཚུར་ཤེག་འོངས་པ་ལེགས་སོ་ཞེས་སྨྲ་བ་དང༌། ཁྲོ་གཉེར་མེད་པ་དང༌། འཇུམ་པ་སྔོན་དུ་འགྲོ་བར་བྱའོ། །དུས་སུ་མཁན་པོ་ལ་ཀུན་ཏུ་དྲི་བར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། ཀུན་ཏུ་དྲི་བ་ནི་བདག་


DTG167_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པ་དང༌། ཁ་ཏོན་དང༌། ཀུན་ཏུ་སྤྱོད་པ་དག་བགྱིད་ཅིང༌། མཚན་མོའི་ཐུན་དང་པོ་དང༌། མཚན་མོའི་ཐུན་ཐ་མ་ལ་མི་ཉལ་བར་སྦྱོར་བ་ལ་རྗེས་སུ་བརྩོན་པར་བགྱིད་དོ་ཞེས་ཀུན་ཏུ་དྲི་བར་བྱའོ། །ཀུན་ཏུ་དྲིས་ནས་ཀྱང་ཀློག་པ་དང༌། ཁ་ཏོན་ལ་སོགས་པ་དག་བྱ་ཞིང་མཚན་མོའི་ཐུན་དང་པོ་དང༌། མཚན་མོའི་ཐུན་ཐ་མ་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དུ་བྱའོ། །དུས་སུ་སྤྱད་པར་བྱའི་དུས་མ་ཡིན་པར་སྤྱད་པར་མི་བྱའོ། །འདུག་པ་ལ་མཁས་པ་དང༌། ཉལ་བ་ལ་མཁས་པར་བྱའོ། །འདུག་པ་དང་ཉལ་བ་ལ་སོ་སོར་བརྟག་པར་བྱའོ། །ཤིན་ཏུ་ཁྱད་པར་ཅན་དང༌། ཤིན་ཏུ་དམན་པའི་གོས་བགོ་བར་མི་བྱའོ། །ལྷག་པར་ཆགས་པ་མེད་པའམ། མགོ་ལྷག་པར་གཡོགས་པ་མེད་པར་བྱ་བའམ། རྐང་པའི་སྟེང་དུ་རྐང་པ་མི་གཞག་པའམ། ཀུན་ནས་གཡོགས་པར་མི་བྱ་བའམ། དེ་བཞིན་གཤེགས་པའམ། སློབ་དཔོན་ནམ་མཁན་པོའམ་གནས་བརྟན་རྣམས་སམ། དགེ་སློང་རྣམས་ཀྱི་མདུན་དུ་འདུག་པར་མི་བྱའོ། །དེ་དག་གི་མདུན་དུ་བཅག་པར་ཡང་མི་བྱ་བ་ཉིད་དོ། །འདུག་པ་ལ་འགྲེང་སྟེ་ཆོས་བཤད་པར་མི་བྱ། ཉལ་བ་ལ་འདུག་པས་མ་ཡིན། སྟན་ཆེས་མཐོ་བར་འདུག་པ་ལ་སྟན་ཆེས་དམའ་བར་འདུག་པས་མ་ཡིན། མགོ་ཞྭ་ཅན་དང། ཅོད་པན་ཅན་ལ་མ་ཡིན། བླང་པོ་ཆེ་ལ་ཞོན་པ་དང༌། རྟ་དང་ཤིང་རྟ་དང་ཁྱོགས་ན་འདུག་པའམ། མཆིལ་ལྷམ་ཅན་ལ་མ་ཡིན་ནོ། །ལྷུང་བཟེད་གཉིས་བཅང་བར་བྱ་སྟེ། ས་དང་ལྕགས་ཀྱི་རང་བཞིན་ནོ། །གོ་བར་བྱ་བའི་ཕྱིར་དང༌། ཁྱི་རྣམས་བསྐྲད་པར་བྱ་བའི་ཕྱིར་ཁར་སིལ་སྒྲ་དང་ལྡན་པ་བཅང་བར་བྱའོ། །རྒན་པོ་ལ་ནི་གནས་བརྟན་ནམ། བཙུན་པའི་ཚིག་གིས་བརྗོད་པར་བྱའོ། །བར་མ་ལ་ནི་གནས་བརྟན་གྱི་ཚིག་གིས་སོ། །གསར་བུ་ལ་ནི་ཚེ་དང་ལྡན་པའི་ཚིག་གིས་སོ། །སློབ་དཔོན་དང་མཁན་པོ་དང་གནས་བརྟན་རྣམས་ལ་ནི་ཚེ་དང་ལྡན་པའི་ཚིག་གིས་ཀུན་ཏུ་བརྗོད་པར་མི་བྱའོ། །གཞན་དག་ལ་སློབ་དཔོན་དང་མཁན་པོ་དག་གི་མིང་གིས་བརྗོད་པར་མི་བྱའོ། །དབྱར་རྣམས་ལས་སྔ་མ་འམ་ཕྱི་མ་དག་ཏུ་དབྱར་ཉེ་བར་ཁས་བླངས་བར་བྱའོ། །སྔ་མ་ནི་ཇི་སྲིད་དབྱར་ཟླ་ཐ་ཆུངས་ཀྱི་ཟླ་བའི་ཚེས་གཅིག་ནས། སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་དགག་དབྱེའི་


DTG167_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེ་སྲིད་དུ་དབྱར་འདྲལ་བར་མི་བྱའོ། །ཕྱི་མ་ནི་ཇི་སྲིད་སྟོན་ཟླར་བའི་ཚེས་གཅིག་ནས་སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔའི་བར་དེ་སྲིད་དུ་དབྱར་འདྲལ་བར་མི་བྱའོ། །དེ་ལྟར་ཡང་དབྱར་ཉེ་བར་ཁས་བླང་བར་བྱ་སྟེ། མཁན་པོའམ། སློབ་དཔོན་ནམ། དགེ་སློང་གཞན་དག་གི་མདུན་དུ་ཙོག་པུས་འདུག་སྟེ། ཐལ་མོ་སྦྱར་བ་བྱས་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱའོ། །མཁན་པོ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དབྱར་ཟླ་འབྲིང་པོ་ཉེ་བར་བསྒྲུབ་པའི་དུས་ཡིན་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་དབྱར་ཟླ་འབྲིང་པོ་དབྱར་ཉེ་བར་བསྒྲུབ་པའི་དུས་ཡིན་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་ཇི་སྲིད་དུ་འདི་ལྟ་སྟེ། གནས་རལ་བ་དང༌། འདྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་ཆེ་གེ་མོ་ཞེས་བགྱི་བ་དང༌། ཞལ་ཏ་བྱེད་པ་ཆེ་གེ་མོ་ཞེས་བགྱི་བ་དང༌། ནད་གཡོག་བྱེད་པ་ཆེ་གེ་མོ་ཞེས་བགྱི་བ་དང༌། སྤྱོད་ཡུལ་གྱི་གྲོང་ཁྱེར་ཆེ་གེ་མོ་ཞེས་བགྱི་བས་དབྱར་ཟླ་བ་གསུམ་ཉེ་བར་ཁས་བླང་བར་བགྱི་སྟེ། བདག་དབྱར་འདི་ནས་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཐབས་ཡིན་ནོ། །ལེགས་སོ།། དབྱར་ཉེ་བར་ཁས་བླངས་ནས་གལ་ཏེ་གཞན་གང་ཡང་རུང་བ་ཞིག་ཏུ་འགྲོ་བ་ན་ཆོས་ཀྱི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པར་བྱའོ། །མཁན་པོའམ། སློབ་དཔོན་ནམ་དགེ་སློང་གཞན་གང་ཡང་རུང་བའི་མདུན་དུ་ཕྱག་འཚལ་ནས་ཙོག་པུས་འདུག་སྟེ་འདི་སྐད་བརྗོད་པར་བྱའོ། །མཁན་པོ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་གི་དགེ་ཚུལ་མིང་འདི་ཞེས་བགྱི་བ་ཆོས་དང་ལྡན་པའི་བགྱི་བ་ཉིད་ཀྱིས་ཞག་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ནས་མཆིས་ཤིང་བདག་གི་དབྱར་གྱི་གནས་འདི་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་མོ། །ཐབས་ཡིན་ནོ། །ལེགས་སོ། །བྱིན་གྱིས་བརླབས་ནས་འགྲོ་བ་ན་ཞག་བདུན་ནས་སླར་ལྡོག་པར་བྱ་ཞིང་དེ་བཞིན་དུ་ལན་གཉིས་དབྱར་འདྲལ་


DTG167_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱའོ། །སྲོག་གི་བར་ཆད་དང༌། ཚངས་པར་སྤྱོད་པའི་བར་ཆད་དང༌། བསོད་སྙོམས་ཆད་པར་གྱུར་ན་དབྱར་རལ་བ་ལ་ཉེས་པ་མེད་དོ། །དེ་ཇི་ལྟ་བ་བཞིན་དུ་དབྱར་ཕྱི་མ་ཁས་ལེན་པ་དང༌། ཁས་བླངས་པ་བྱིན་གྱིས་བརླབས་པ་དག་ཅི་རིགས་པར་བརྗོད་པར་བྱའོ། །དེ་ནས་དགག་དབྱེའི་ཉིན་མོ་དགག་དབྱེ་བྱའོ། །འདི་ལྟར་དགག་དབྱེ་བྱ་སྟེ། མཁན་པོའམ་སློབ་དཔོན་ནམ་གཞན་གང་ཡང་རུང་བའི་མདུན་དུ་ཙོག་པུས་འདུག་པ་ཉིད་ཀྱིས་ལག་པས་རྩྭ་དཱུར་བ་ལ་བཟུང་སྟེ། ཐལ་མོ་སྦྱར་བ་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །མཁན་པོ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དགེ་འདུན་མ་ཚོགས་པས་དེང་དེ་སྲིད་ཚུན་ཆད་མཁན་པོའི་མདུན་དུ་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་ཡང་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་ཚོགས་པ་དང་ལྷན་ཅིག་དགག་དབྱེ་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཐབས་ཡིན་ནོ། །ལེགས་སོ། །ཅུང་ཟད་སྡིག་པའི་ལས་བྱས་པ་གང་ཡིན་པ་དེ་ནི་མཁན་པོའམ་སློབ་དཔོན་ནམ་གཞན་དགེ་སློང་གང་ཡང་རུང་བའི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ལ་སོ་སོར་བཤགས་པར་བྱའོ། །མཁན་པོ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་དུས་འདིའི་ནང་དུ་ལུས་དང་ངག་ལས་བྱུང་བའི་ཉེས་བྱས་ཀྱི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་བ་གང་ཡིན་པ་དེ་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བས། ཉེས་བྱས་ཀྱི་ལྟུང་བ་དཔག་ཏུ་མ་མཆིས་པ་དེ་འདི་ཉིད་དུ་མཐོལ་རབ་ཏུ་སྟོན་ཏོ། །འཆགས་སོ། །རྣམ་པར་སྨད་དོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་ཉེས་བྱས་ཀྱི་ལྟུང་བ་དཔག་ཏུ་མ་མཆིས་པ་རྣམས་སྤངས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལྟུང་བར་མཐོང་ངམ། མཐོང་ངོ༌། །ཕྱིན་ཆད་སྡོམ་མམ། སྡོམ་མོ། །ལེགས་པར་ཤིན་ཏུ་སྡོམ་པར་བྱེད་དམ། སླན་ཆད་དེ་ལྟར་མི་བགྱིད་


DTG167_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཐབས་ཡིན་ནོ། །ལེགས་སོ། །བཤགས་ནས་སླར་མི་བྱེད་ཅིང་དེ་ལྟར་བཤགས་ན་བདག་བདེ་བ་ལ་རག་པར་གནས་པར་འགྱུར་རོ། །བཤགས་པ་བྱས་ནས་ཀྱང་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ་མཁན་པོའམ་སློབ་དཔོན་ནམ་གཞན་དགེ་སློང་གང་ཡང་རུང་བ་ལ་ཕྱག་བྱས་ནས་མདུན་དུ་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་ལྟུང་བ་བྱིན་གྱིས་བརླབས་ཤིང་བཤགས་ཏེ། བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །ཐབས་ཡིན་ནོ། །ལེགས་སོ། །ཐམས་ཅད་དུ་བསླབ་པ་ལ་གུས་པར་བྱའོ། །ཡོངས་སུ་དག་པར་ཡང་ཚུལ་ཁྲིམས་ཡོངས་སུ་བསྲུངས་བ་ལས་རྙེད་པ་འཐོབ་པ་དང༌། མཐོ་རིས་ལ་སོགས་པ་མཐོ་བ་དང༌། ལེགས་པར་ཚངས་པར་སྤྱོད་པ་དང་བཅས་པས་རང་གི་ཡོན་ཏན་གྲགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། གྲགས་དང་རྙེད་པ་འཐོབ་པ་དང། །ཕ་རོལ་དུ་ནི་མཐོ་རིས་དག །བདེ་བ་གསུམ་པོ་དོན་གཉེར་པས། །ཤེས་བཞིན་དུ་ནི་ཚུལ་ཁྲིམས་བསྟེན། །ཞེས་གསུངས་སོ། །ཡང༌། གནས་རྣམས་འདི་དག་མཐོང་བ་ཡིས། །མཁས་པ་ཚུལ་ཁྲིམས་ལ་བརྟེན་པ། །འཕགས་པའི་མཐོང་བ་ཐོབ་པ་སྟེ། །འཇིག་རྟེན་དུ་ནི་ཞི་བ་འཐོབ། །ཅེས་གསུངས་སོ། །མེ་ཏོག་དྲི་ནི་རྫི་ཕྱོགས་མི་ན་མི་འགྲོ། །རྩྭའམ་རྒྱ་སྤོས་ཙནྡན་ཡང་མ་ཡིན། །མཁས་རྣམས་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །སྐྱེས་བུ་དམ་པས་ཕྱོགས་རྣམས་ཀུན་ཏུ་འགྲོ། །རྒྱ་སྤོས་དང་ནི་ཙནྡན་ཉིད། །དབྱར་གྱི་དུས་ཀྱི་ཨུཏྤལ་བཅས། །དྲི་ཡི་རྣམ་པ་དེ་དག་ལས།། ཚུལ་ཁྲིམས་དྲི་ནི་བླ་ན་མེད། །ཚུལ་ཁྲིམས་རྣམ་པར་མ་དག་པས། །དམྱལ་བའི་སྡུག་བསྔལ་ཆེན་པོ་ཡིན། །འདི་ལྟ་སྟེ་མིག་དབྱུང་བ་དང༌། ཤིང་བཞིན་དུ་གཤགས་པ་དང༌། འབྲས་བུ་བཞིན་དུ་བཙོས་པ་དང༌། བུ་རམ་ཤིང་བཞིན་བཙིར་བ་དང༌། གཏུན་གྱིས་ཕྱེ་མར་འཐག་པ་དང༌།


DTG167_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་དང༌། རྐང་པ་དང༌། ལྕེ་གཅོད་པ་དང༌། ཟངས་བསྐོལ་བ་འཐུང་བ་དང༌། ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བ་དང༌། ཐལ་ཚན་གྱི་ཆུ་བོ་ལས་རྒལ་བ་དང༌། ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་ལ་འཛེག་པ་དང༌། ལྕགས་ཀྱི་བུམ་པའི་ནང་དུ་འཇུག་པ་དང༌། མཆེ་བ་རྣོན་པོ་ཅན་གྱི་ཁྱིས་ཟ་བ་དང༌། རལ་གྱི་ལོ་མའི་ནགས་ཚལ་ལ་འཛེག་པ་སྟེ། དེ་ལྟ་བུ་ལ་སོགས་པ་དང༌། རྣམ་པ་དུ་མས་དམྱལ་བ་རྣམས་སུ་སྲེག་པ་དང༌། འཚེ་བ་དང༌། རྡུང་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཏེ། ལྷའི་ཕོ་ཉའི་མདོ་དང༌། སྟོབས་ལ་མཁས་པའི་མདོ་ལས་བལྟ་བར་བྱའོ། །ཡི་དགས་རྣམས་ཀྱང་བཀྲེས་པ་དང༌། སྐོམ་པ་དང༌། གནོད་པའི་སྡུག་བསྔལ་རྣམས་དང༌། དུད་འགྲོ་གཅིག་ལ་གཅིག་ཟ་བའི་འཇིགས་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཏེ། ཚུལ་ཁྲིམས་ཡོངས་སུ་མ་དག་པ་ལ་ཉེས་དམིགས་དེ་ལྟ་བུ་དང་གཞན་ཡང་ཡིན་ནོ། །ཇི་ལྟར་དགེ་སློང་རྣམས་ཆོས་བཞི་དང་ལྡན་པས་དགེ་སློང་མ་ཡིན་པར་གྱུར་པ་དེ་བཞིན་དུ་དགེ་ཚུལ་ཡང་དགེ་ཚུལ་མ་ཡིན་པར་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་སྲོག་ལ་བབ་ཀྱང་ཡོངས་སུ་དག་པར་ཚུལ་ཁྲིམས་བསྲུང་བར་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླང་བ་རྫོགས་སོ།། །།དགེ་ཚུལ་རྣམས་ཀྱི་བསླབ་པའི་གཞི། །ཡང་དག་བསྡུས་པ་བྱས་པ་ལས། །བསོད་ནམས་བྱུང་བ་གང་བསགས་པས། །སྐྱེ་བོ་དགེ་བའི་སྐལ་ལྡན་ཤོག །།མདོ་སྡེ་འཛིན་པའི་སློབ་དཔོན་ཀ་ལྱཱ་ཎ་མི་ཏྲས་མཛད་པ། དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་རྫོགས་སོ།། །། ཁ་ཆེའི་མཁན་པོ་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི་ཏ་མ་ཧཱ་ཛ་ན་དང༌། ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་ཁ་ཆེའི་པཎྜི་ཏ་པ་ར་ཧེ་ཏ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བཅོས་ཤིང་ཞུས་པའོ།། །།

གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ།
བ་ལ་ཤྲཱི་བྷ་དྲ།


DTG167_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ན་དཱ་ན་པུང་ལ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་གཞི་དང་ཡོན་ཏན་རྒྱུད། །ཀུན་མཁྱེན་ལ་ནི་ཕྱག་འཚལ་ནས། །དང་པོ་གླེང་གཞི་


DTG167_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱུང་བའི། སྟོན་བྱེད་ཅུང་ཟད་བཤད་པར་བྱ། །མ་ཡི་ཚིག་ནི་ཐོབ་པའི་ཕྱིར། །བཟང་བྱིན་ས་བོན་འདུ་ཤེས་ཀྱིས། །སྤོང་བྱེད་ཡུལ་དུ་འཁྲིག་པ་བྱུང༌། །དང་པོ་ཆུ་བུར་བྱུང་བ་ཡིན། །དེ་མ་ཐག་ཏུ་མ་བྱིན་ལེན། །རབ་ཏུ་འཐོབ་པར་བཤད་པར་བྱ། །རྒྱལ་པོའི་ཁབ་ཏུ་ནོར་ཅན་གྱིས། །ཤིང་ནི་མ་བྱིན་ལེན་པ་བྱུང༌། །མི་སྡུག་ཆོས་དང་ཕྲད་པའི་ཕྱིར། །རི་དགས་དབྱིག་པ་ཅན་ཕྲད་ན། །སྲོག་གཅོད་པ་ཡི་བསླབ་གཞི་འདི། །སྤོང་བྱེད་ཡུལ་དུ་ཀུན་ཏུ་བྱུང༌། །བསོད་ནམས་དོན་དུ་གཉེར་བ་ཡི། །ཡིད་འོང་འགྲམ་གྱི་དགེ་སློང་གིས། །བསམ་གཏན་དེ་མེད་སྟོན་བྱེད་ཕྱིར། །ཡངས་པ་ཅན་དུ་བརྫུན་ཚིག་སྨྲས། །འཆར་ཀ་ཡིས་ནི་མཉན་ཡོད་དུ། །བསོད་སྙོམས་ཕྱིར་ནི་སྔོན་དུ་བྱུང༌། །དེ་ནས་བྱུང་ནས་ཆགས་བཅས་པས། །ཁུ་བ་འབྱིན་པ་བྱུང་བ་ཡིན། །ཆོས་ནི་སྟོན་པར་བྱེད་བཞིན་དུ། །དེ་ཡིས་ཀུན་དུ་ཆགས་པ་ལས། །དགེ་འདུན་ལྷག་མའི་ལྟུང་བ་ནི། །ལུས་ཀྱི་རེག་པ་བྱུང་བ་ཡིན། །དེ་ཉིད་ཀྱིས་དེར་རྒྱ་སོགས་ཀྱིས། །གནས་ངན་ལེན་ཚིག་བྱས་པ་ཡིན། །གལ་ཏེ་དེ་སྟོབས་བཅས་ཡིན་ན། །དེ་ལས་ཉེས་པ་ཡོངས་སུ་འཛིན། །ད་ལྟའི་དགེ་སློང་ཚུལ་ཁྲིམས་ལྡན། །དགེ་བའི་ཆོས་ཅན་ཚངས་སྤྱོད་དེ། །བདག་ལ་བསྙེན་བཀུར་བྱེད་པ་ཡི། །བསྔགས་པ་བརྗོད་པ་འདི་ཡང་བཅས། །དགེ་སློང་ནག་པས་མཉན་ཡོད་དུ། །བུད་མེད་འདོད་པས་ཁྱིམ་རྣམས་སུ། །སྐྱེས་པས་བླང་བར་བྱས་པ་སྟེ། །སྨན་ནི་རྫོགས་པར་བྱས་པ་ཡིན། །དེ་ཡང་ཁང་པར་རབ་གསུངས་པ། །གང་ཚེ་ཚད་ལས་འདས་པ་དང༌། །དགེ་སློང་རྣམས་ཀྱི་ཆོས་ལུགས་འདས། །དེ་ཡིས་ལྟུང་བ་རྫོགས་པར་འགྱུར། །དྲུག་སྡེས་ལྗོན་ཤིང་བཅད་ནས་ནི། །རྗེས་སུ་གནང་བར་མ་བྱས་པར། །གནས་ཁང་དག་ནི་ཆེན་པོར་བྱས། །དགེ་འདུན་ལྷག་མ་ཐོབ་པ་ཡིན། །དགེ་སློང་མཛའ་བོ་ས་ལས་སྐྱེས། །རྒྱལ་པོའི་ཁབ་ཏུ་མཛའ་བོ་ཡིས། །གྱད་བུ་ནོར་ལ་ལྷག་མེད་ཀྱིས། །ཡང་དག་མིན་པར་སྐུར་བ་བཏབ། །དེས་ནི་རི་དགས་མཐོང་བའི་ཕྱིར། །ཉེས་པ་བག་ཙམ་ཕྱོགས་གཏོགས་པ། །ཉོན་མོངས་བཅས་པ་དེ་ལ་ནི། །ཞེ་འགྲས་རྒྱུ་ནི་བཞག་པ་ཡིན། །རྒྱལ་པོའི་ཁབ་དག་ཉིད་དུ་ནི། །ལྷས་མཆོད་


DTG167_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་དགེ་འདུན་དག །ལས་ཀྱིས་རྗེས་སུ་འབྲང་ཡིན་ཕྱིར། །ལྷས་བྱིན་གྱིས་ནི་ཐ་དད་ཕྱེ། །དེར་ནི་ཀོ་ཀ་ལི་ཀ་སོགས། །ཆོས་ནི་རྣམ་འགྱུར་བྱེད་པ་ཡི། །དགེ་སློང་སྡིག་པའི་ལས་ཅན་རྣམས། །དེ་དག་དེ་ཡི་གྲོགས་སུ་གྱུར། །རེ་ལྡེ་རི་ལ་གནས་བཅས་པའི། །ནབ་སོ་འགྲོ་མགྱོགས་ལ་སོགས་པས། །ཁྱིམ་རྣམས་སུན་ཕྱུང་མཉན་ཡོད་དུ། །འདིར་ནི་བསླབ་པ་བཅས་པ་ཡིན། །ལྟུང་བ་མི་འདོད་བདུན་པ་ཡིན། །ཀཽ་ཤཱ་མ་བཱི་རུ་དགེ་སློང་ལ། །རྣམ་འགྱུར་བཀའ་བློ་མི་བདེ་བར། །ཉམས་པར་གྲགས་པ་མ་ཡིན་ནམ། །དགེ་འདུན་ལྷག་མ་གླེང་གཞི་རུ། །ཡང་དག་དགོས་པ་བཤད་པ་ཡིན། །ད་ནི་འཆད་པར་འགྱུར་རྣམས་ཀྱི། །མདོར་བསྡུས་ནས་ནི་བཤད་པར་བྱས། །མཉན་ཡོད་དུ་ནི་འཆར་ཀ་ཡིས། །སྦེད་མ་དང་ནི་ལྷན་ཅིག་ཏུ། །བརླ་དང་བརླ་སྤྲད་དབེན་པར་གནས། །དེ་ཚེས་ག་མ་ཡིས་མཐོང༌། །རྒྱལ་པོའི་ཁབ་ཏུ་ཤི་རི་ཀས། །གསོ་སྦྱོང་འཕགས་དང་ལྷན་ཅིག་ཏུ། །ལེགས་སྐྱེས་ཚིག་གིས་རྣམ་པར་བྱས། །འདས་མ་ཐག་པ་དེ་བཞིན་བྱས། །དགེ་སློང་རྣམས་ཀྱིས་མཉན་ཡོད་དུ། །གོས་ལྷག་བྱིན་གྱིས་མ་བརླབས་པར། །ཞག་བཅུ་ལས་ནི་འདས་པར་བཅངས། །དེ་ཕྱིར་སྤངས་བ་ཉིད་དུ་ཤེས། །སྟོད་གཡོགས་སྨད་གཡོགས་བཅས་འགྲོ་བས། །སྐྱ་རེངས་དག་ནི་ཤར་བ་ལས། །དགེ་འདུན་གནང་བ་མ་གཏོགས་པ། །དགེ་སློང་རྣམས་ལ་འབྲལ་བ་བཤད། །གོས་ནི་མང་པོ་མེད་པ་ཡིན། །དགེ་སློང་གི་ནི་ཁ་སོགས་ཕྱིར། །འདོད་པས་བརྟགས་ན་ཟླ་གཅིག་ཏུ། །གཞག་བྱ་ལྷག་པར་མ་ཡིན་ནོ། །ཆོས་བསྟན་པས་ནི་གང་གི་ཚེ། །འཆར་ཀ་ཆགས་ནས་དགེ་སློང་མ། །ཉེ་དུ་མ་ཡིན་སྦེད་མ་ཡི། །ལམ་མཆོག་ཏུ་ནི་གོས་ཁྲུས་བྱས། །ཉེ་དགའ་སྒོ་ན་གནས་པ་ཡིས། །ཨུཏྤ་ལ་ཡི་མདོག་ལ་ནི། །རས་ཀྱི་མཆོག་ནི་བླངས་པ་ལ། །བརྗེ་བ་མ་གཏོགས་བླང་མི་བྱ། །ཉེ་དགའ་ཡིས་ནི་ཁྱིམ་པ་ལ། །ཆོས་བསྟན་ནས་ནི་དུས་བྱུང་གྲོས། །དེ་མེད་པར་ནི་དེ་ཡིས་ཀྱང༌། །མངོན་དུས་ཕྱེད་ཀྱིས་བགོས་པ་ཡིན། །དྲུག་སྡེ་རྣམས་ནི་ཆགས་ནས་ནི། །སྟོད་གཡོགས་སྨད་གཡོགས་བཅས་ལྷག་པར། །སློང་


DTG167_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཕྲོག་པའི་དགེ་སློང་རྣམས། །རུང་བ་ལ་ནི་བརྟེན་པ་ཡིན། །ཉེ་དགའ་ཡིས་ནི་གཞན་དག་གི །འཁྲིག་པ་ན་ནི་ཆགས་པ་བརྟུལ། །ཇི་སྲིད་རྣམ་པར་སྤགས་པའི་གོས། །དེས་ནི་མངོན་དུས་ཕྱེད་ཀྱིས་བགོས། །གོས་ནི་སོ་སོར་སྤགས་པ་ལས། །ཅུང་ཟད་ཙམ་གྱི་ཕྱོགས་ཀྱིས་ཤེས། །དེས་ནི་དེ་ཡི་ཇི་སྲིད་དུ། །མངོན་དུས་ཕྱེད་ཀྱིས་བསླངས་པ་ཡིན། །དབྱར་འབྱེད་ཀྱིས་ནི་ཕོ་ཉ་ལ། །གཟོད་བྱིན་ནས་ནི་ཉེ་དགའ་དེས། །སྤོས་འཚོང་དེ་ལ་ཆད་པ་དེས། །དགག་པ་རབ་ཏུ་བྱས་པ་ཡིན། །དགེ་སློང་གིས་ནི་སྟན་གྱི་ཕྱིར། །སྲིན་བལ་ལས་ནི་བྱས་པ་ཡིན། །སྲོག་ཆགས་གསོད་པའང་དེ་ཡི་ཕྱིར། །སྟན་ལས་དེ་ནི་ལྡོག་པ་ཡིན། །དེ་བཞིན་དེ་ཉིད་དག་ལ་ནི། །བལ་གྱི་སྟན་ལས་ཆས་སྐྱེས་ཏེ། །བལ་ནི་ནག་པོ་ཚོལ་གྱུར་པས། །དེ་ཕྱིར་ཀློག་པ་ཉམས་པར་གྱུར། །འཁོབ་བལ་གྱིས་ནི་ཆ་གཅིག་དང༌། །དེ་བཞིན་དུ་ནི་དཀར་པོ་དང༌། །བལ་ནི་ནག་པོ་ཕྱེད་ཕྱིན་ཏེ། །འདི་ནི་སྟན་དུ་བྱ་བ་ཡིན། །སྟན་བྱས་ནས་ནི་དགེ་སློང་གིས། །ལོ་དྲུག་པར་དུ་བཅངས་བྱས་ཏེ། །ལས་སར་པ་ནི་མ་གཏོགས་པར། །དེ་ཡི་ནང་དུ་དོར་བྱའི་ཕྱིར། །རབ་ཏུ་དད་བྱས་ཚོང་པ་ཡིས། །གང་ཚེ་གོས་ཀྱི་སྦྱིན་པ་ཕུལ། །མཐོ་གང་བར་གྱིས་གླན་བྱ་བ། །ཞེས་བྱའི་བསླབ་པ་བཅས་པ་ཡིན། །དྲུག་སྡེས་ནེ་བ་ལ་ཡུལ་དུ། །ཕྱིན་ནས་དེ་ནས་སླར་འོངས་ཏེ། །ཤིང་རྟ་ཡི་ནི་ཚོགས་ཀྱི་བལ། །དེ་དག་གིས་ནི་ཁུར་གྱིས་ཁྱེར། །འཕགས་མ་སྐྱེ་དགུ་བདག་མོ་ལ། །འཆར་ཀས་བལ་གྱི་ལས་ཀྱི་ཕྱིར། །ཅུང་ཟད་བལ་རྨེལ་བཅོལ་དེའི་ཕྱིར། །ཉེ་དུ་མིན་པས་རྨེལ་མི་བྱ། །ས་ལེ་སྦྲམ་ལེན་རྒྱལ་ཁབ་ཏུ། །ནོར་བུ་གཙུག་ཕུད་ཅན་གྱིས་བཀག །དྲུག་སྡེ་དག་ནི་དེ་བཞིན་དུ། །ཡོངས་སུ་ལེན་པར་བྱེད་པའང་ཡིན། །མཉན་ཡོད་དུ་ནི་ཉེ་དགའ་ཡིས། །གཅེར་བུ་པ་ལས་ལ་བ་བླངས། །དེ་ཕྱིར་དཀོན་མཆོག་མ་གཏོགས་པར། །མངོན་མཚན་ཅན་ནི་བཀག་པ་ཡིན། །དེ་དག་ཉིད་ལ་མདོར་བསྡུས་ནི། །ཉོ་ཚོང་དག་ནི་བྱུང་བ་ཡིན། །དེ་ཕྱིར་དེ་ནི་ཉོ་ཚོང་དག །དགེ་སློང་རྣམས་ལ་རབ་ཏུ་བཀག །རྙེད་ཅིང་རྙེད་ཅིང་ལྷུང་བཟེད་རྣམས། །སྐྱེས་བུ་ཆེ་བའི་སྟོབས་རྣམས་ནི། །རྨོངས་


DTG167_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་ནི་འཆང་བར་བྱེད། །འོན་ཀྱང་ཞག་བཅུ་བཅང་བྱ་སྟེ། །དེ་ལས་ལྷག་པར་བཅང་མི་བྱ། །གང་ཕྱིར་དེ་བཞིན་ཉེ་དགའ་ནི། །བསོད་སྙོམས་པ་ཡི་སྦྱོར་བ་ཡིན། །ལྷུང་བཟེད་ཡོངས་སུ་བཙལ་བར་བྱས། །དེ་ཚེ་ཐུབ་པས་བཀག་པ་ཡིན། །བསླངས་པས་སྔོན་འགྲོ་སྣལ་མ་ཡིས། །དགེ་སློང་ཉེ་དགས་རྒྱལ་པོ་ཡི། །སྐྱེས་བུ་ཆེ་བའི་སྟོབས་ཀྱིས་ནི། །རས་ཡུག་འཐག་ཏུ་བཅུག་པ་ཡིན། །ཆུང་མ་དང་ནི་ལྷན་ཅིག་ཏུ། །ཁྱིམ་བདག་གང་ཞིག་དེ་ཡིས་བཏུལ། །ཇི་སྲིད་དེ་ཡི་ཁྱིམ་སོང་ནས། །འཐག་པ་བསྐྱེད་པར་མི་བྱའོ། །སྦྱིན་པ་བྱིན་པའི་རྒྱུ་ཡིས་སུ། །དགའ་བོས་ཆོས་ལ་སྣམ་སྦྱར་བྱིན། །ཁྲོས་པས་སླར་ཡང་དེ་ལས་བླངས། །དེ་ཕྱིར་སྤང་པའི་ལྟུང་བར་ཤེས། །དབྱར་གནས་ཀྱི་ནི་རྙེད་པ་དག །དབྱར་གྱི་ནང་དུ་བགོ་མི་བྱ། །དྲུག་སྡེ་རྣམས་ཀྱིས་འབད་པ་ཡིས། །དབྱར་གྱི་ནང་དུ་བགོས་པ་ཡིན། །དགོན་པ་པ་ཡི་སྡོམ་བརྩོན་གྱི། །ཆོས་གོས་ཁྱིམ་གཞན་ཡོད་ན་ནི། །ཞག་དྲུག་མཚམས་ཀྱི་ཕྱི་རོལ་དུ། །གནས་བྱ་བདུན་པ་མ་ཡིན་ནོ། །གཅེར་བུས་ཁྲུས་བྱས་ལས་བྱུང་བའི། །དབྱར་གྱི་རས་ཆེན་ཚོལ་ལགས་ན། །རྟག་ཏུ་དུས་མིན་དེ་སྲིད་དུ། །ཐུབ་པ་ཡིས་ནི་དགག་པ་མཛད། །ཁྱིམ་པ་འགའ་ཡིས་དགེ་འདུན་ལ། །སྔར་ནི་ཆོས་གོས་བསྡོམ་པ་ལས། །མཐུ་དང་ལྡན་ཕྱིར་ཉེ་དགའ་ཡིས། །བདག་ཉིད་ལ་ནི་ཡོངས་སུ་བསྒྱུར། །འཕགས་པ་པི་ལིན་ད་པ་ཡི། །སློབ་མས་སྨན་དག་བསྲེས་པ་ལས། །ཇི་སྲིད་འཚོ་བའི་འདུ་ཤེས་ཀྱིས། །རྒྱལ་པོའི་ཁབ་ཏུ་ཟོས་པ་ཡིན། །སྤང་བ་རྣམས་ཀྱི་གླེང་གཞི་ནི། །ཅུང་ཟད་ཕྱོགས་ཙམ་བསྟན་པ་ཡིན། །ད་ནི་དག་པའི་ལྟུང་བྱེད་པའི། །ཡང་དག་བསྒྲུབ་ཕྱིར་བསྟན་པར་བྱ། །སྒྲ་གཅན་དང་ནི་ལག་རྒྱུད་ཀྱི། །དད་པ་ཅན་རྣམས་རྣམ་འགྱུར་ཞིང༌། །རྒོལ་བ་དེ་ལྟར་གྱུར་བ་ཡིན། །རྒྱལ་པོའི་ཁབ་ཏུ་བརྫུན་ཚིག་སྨྲས། །ཁྲོས་པར་གྱུར་པའི་དྲུག་སྡེ་ཡིས། །དགེ་སློང་རྣམས་ལ་མཉན་ཡོད་དུ། །སྐྱེས་བུ་སྨན་པས་སྟོན་བྱེད་ཚིག །ཁྱེད་ནི་ཐེང་པོ་ཡིན་སྨྲས་གྲག །དགེ་སློང་དབྱེ་བའི་བྱེད་པ་པོར། །དེ་ཡང་དེར་ནི་རབ་ཏུ་བསྒྲགས། །འདི་ནས་ཐོས་ནས་གཞན་སོང་སྟེ། །ཕྱིན་ཅི་ལོག་ཏུ་སྨྲ་བར་བྱེད། །ཆོས་ཀྱིས་ཀྱང་ལས་བྱས་པ་ཡང༌། །སྐྱོ་སྤོགས་


DTG167_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ཤེས་ནས་ནི། །ལེགས་བྱས་སླར་ནི་བྱ་བ་ལ། །ཞི་བ་དག་ནི་མ་ཡིན་ཉིད། །ཡན་ལག་ནོར་བུའི་རིགས་ཐོབ་ནས། །བུད་མེད་ཡུལ་ལ་སྟོན་པ་བཀག །དེ་ཡིས་རིག་པ་གནས་པ་དང༌། །ཐེ་ཚོམ་ཅན་ལ་སྟོན་པར་བྱེད། །བྲམ་ཟེ་སྔགས་ནི་འདོན་པ་ལྟར། །དགེ་ཚུལ་རྣམས་དང་ལྷན་ཅིག་ཏུ། །དགེ་སློང་མཉམ་པའི་ཚིག་དག་གིས། །ཆོས་ནི་འདོན་པར་བྱེད་པ་ཡིན། །གནས་བརྟན་འདི་ནི་ཆོས་བསྙེན་བཀུར། །བྲམ་ཟེ་རྣམས་ནི་སྨྲ་བར་བྱེད། །མ་ཡིན་དེ་དག་ལྷག་མ་ཅན། །དྲུག་སྡེ་དག་ནི་སྟོན་པར་བྱེད། །ཆུ་ཀླུང་ཡིད་འོང་འགྲམ་གནས་པའི། །དགེ་སློང་དག་གི་བདེན་པ་ཡིན། །བླ་མའི་ཆོས་ནི་ཟབ་པའི་ཕྱིར། །ཡངས་པ་ཅན་དུ་སྨྲས་པ་ཡིན། །རྒྱལ་པོའི་ཁབ་ཏུ་གྱད་ནོར་ལ། །ཚོགས་པས་གསོལ་བ་བྱས་ནས་ནི། །དགེ་འདུན་གྱིས་ནི་ཆོས་གོས་བྱིན། །མཛའ་བོ་སོགས་ཀྱིས་སྐུར་བ་བཏབ། །མཉན་ཡོད་དུ་ནི་ཟླ་ཕྱེད་ཅིང༌། །སོ་སོར་ཐར་པ་རྟག་ཏུ་འདོན། །ཅི་ཡི་ཕྱིར་ནི་རྨ་སོས་པ། །འདྲལ་བར་བྱེད་པ་དྲུག་སྡེས་ཤེས། །སྔོན་ནི་ཤིང་མཁན་གྱུར་པ་ཡིས། །ཤིང་བཅད་ནས་ནི་གཙུག་ལག་ཁང༌། །བྱས་ཏེ་ལྷ་ཉིད་དག་ལ་ཡང༌། །མཆོག་ཏུ་གནོད་པ་བྱུང་གྱུར་པ། །དགེ་འདུན་གྱི་ནི་ལས་དང་འབྲེལ། །རྒྱལ་པོའི་ཁབ་ཏུ་ཕྱིན་པ་ཡི། །གྱད་ནོར་དེ་ལ་དེ་དག་གིས། །ཡོན་ཏན་སུན་པར་བྱས་པ་ཡིན། །མདོར་བསྡུས་པ་ནི་ཀཽ་ཤཱ་མ་བཱིར། །འདུན་པ་དེ་ཡིས་ལྟུང་ཤེས་ནས། །ཁས་ལེན་པར་ནི་མི་བྱེད་པས། །བསྒོ་བ་རྣལ་གཟོན་པ་ཡིན། །དགེ་སློང་དག་གིས་མཉན་ཡོད་དུ། །གནས་མལ་བླ་གབ་མེད་བོར་ནས། །ཟས་ཀྱི་དོན་དུ་སོང་བར་གྱུར། །དེ་ནས་ཐུབ་པས་གསུངས་མཛད་དོ། །ལྷོ་ཕྱོགས་ནས་ནི་འོངས་པ་ཡི། །བསྙེན་བཀུར་དོན་དུ་དགེ་སློང་དག །རྒྱལ་བྱེད་ཚལ་དུ་ཕྱིན་པ་ཡིན། །རྩྭ་ཡི་སྟན་ནི་བཏིང་ནས་སོང༌། །སྔོན་ནི་འཆར་ཀས་མཉན་ཡོད་དུ། །སློབ་མ་གཙུག་ལག་ཁང་དུ་ཕྱུང༌། །སླར་ནི་བྱ་བ་མ་ཡིན་ཏེ། །བཟློག་པའི་དོན་དུ་བྱས་པ་ཡིན། །དེས་ནི་འདུ་འཛིའི་གཏམ་བྱས་ནས། །ཕྱི་ནས་སྒོ་ནི་འབྱེད་པར་བྱེད། །ཉལ་བ་རྣམས་ཀྱིས་བར་དེ་ནི། །ཉལ་བ་རྣམས་ལ་གནོད་པ་བྱས། །ཁྲོས་པར་གྱུར་པས་ཉེ་དགའ་


DTG167_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །འབྱུང་དུ་རུང་བའི་ཁྲི་རྐང་གིས། །དེར་འོག་འདུག་པའི་གྲོགས་པོ་ཡི། །མགོ་ནི་མཚན་མོ་འགས་པར་བྱས། །འདུན་པ་ཡིས་ནི་ཀཽ་ཤཱ་མ་བཱིར། །སྲོག་ཆགས་དག་དང་བཅས་པ་ཡི། །ཆུ་དང་ས་དག་ངེས་པར་བསྲེས། །ཕྱི་ནས་རྩྭ་དང་ལྕི་སོགས་བསྲེས། །ཆུ་ཁུང་མེད་པ་ཉིད་དང་ནི། །སྦྱང་གི་རྣམ་པ་ལྟ་བུ་ཡི། །འདིར་ནི་གཙུག་ལག་ཁང་པ་བརྩིགས། །དེ་ལྟ་བུ་ནི་མི་བྱའོ། །མཉན་ཡོད་དུ་ནི་དྲུག་སྡེ་ཡིས། །དགེ་སློང་རྣམས་ཀྱིས་མ་བསྐོས་པར། །དགེ་སློང་མ་རྣམས་གདམས་པ་ཡིན། །ཕན་ཚུན་འདོད་པས་གཟུང་བར་བྱས། །དགའ་བྱེད་ཀྱིས་ནི་དུས་མིན་པར། །དགེ་སློང་མ་རྣམས་ཆོས་སྟོན་བྱས། །ཕྱི་རོལ་དུ་ནི་གནས་པའི་བར། །སྐྱེ་བོ་རྣམས་ཀྱིས་སྨན་པ་ཡིན། །ཟང་ཟིང་དག་ནི་ཅུང་ཟད་ཙམ། །དགེ་སློང་མ་ཡི་དགག་དབྱེ་ལ། །འཇིགས་པ་མེད་པར་བྱ་ཕྱིར་ཕུལ། །དེ་ཕྱིར་ཉེ་དགས་སྐུར་པ་བཏབ། །འཆར་ཀས་འདིར་ནི་སྐུད་པ་ཡིས། །སྦེད་མ་ཡི་ནི་ཆོས་གོས་ལ། །སྦེད་མ་འཁྱུད་པ་དང་ལྡན་པའི། །རང་གི་གཟུགས་ནི་བྲིས་པར་གླན། །དགེ་སློང་མ་ནི་བརྩོན་པ་ཡིས། །དགེ་སློང་གིས་ནི་ཆོས་གོས་བྱིན། །ལྷག་མ་མེད་པས་གནོད་པའི་ཕྱིར། །དེ་བཞིན་དུ་ནི་བསླབ་པ་བཅས། །སྦོམ་དགའ་མོ་ཡི་གྲོགས་དང་ནི། །ལྷན་ཅིག་དྲུག་སྡེ་འགྲོ་བར་བྱེད། །ཆུང་མར་སྨྲ་བའི་གླེང་གཞི་ལས། །དེ་ཕྱིར་སྨད་པར་བྱས་པ་ཡིན། །དེ་ཉིད་ཀྱི་ནི་རྒྱུན་གནས་ཏེ། །གྲུ་ཡི་བ་ཞོན་པས་འགྲོ་མི་བྱ། །རྒྱུན་ཕྱོགས་སུ་ཡང་མི་བྱ་ཉིད། །འབད་པ་ཡིས་ནི་ཕ་རོལ་འགྲོ། །སྔོན་གྱི་རྩེད་མོ་རྣམས་དང་ནི།། ཉམས་རྣམས་དང་ནི་དྲན་པ་ཡིས། །འཆར་ཀ་སྦེད་མ་ལྷན་ཅིག་ཏུ། །དབེན་པར་ལྷན་ཅིག་འདུག་སྟེ་གནས། །དེ་ནི་རིམ་པ་དེ་ཉིད་ཀྱིས། །དབེན་པར་གནས་ཏེ་སྤྱོད་མ་ཡིན། །དགེ་སློང་གིས་ནི་དགེ་སློང་མ། །དེ་ཉིད་ཀྱང་ནི་བསྒྲུབ་འདིར་ཤེས། །སྦྱིན་པ་པོ་ནི་དེ་དག་གིས། །ལྔ་པོ་རྣམས་ལ་བསད་སྙོམས་སྤགས། །དྲུག་སྡེ་རྣམས་ལ་དགེ་སློང་མ། །སྦོམ་དགའ་མོ་ཡིས་བསྐོ་ཤམ་བྱས། །དྲག་ཤུལ་ཅན་གྱིས་མགྲོན་བོས་པའི། །དྲུག་སྡེས་ཡངས་པ་ཅན་དུ་ནི། །ཨ་མྲ་དང་ནི་ཁུར་བ་དང༌། །གཞན་དུ་ཟོས་ནས་མ་དད་བྱས། །མཉན་ཡོད་དུ་ནི་ཕྱི་རོལ་ཏུ།


DTG167_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བ་རྣམས་ཀྱི་ཕྱིར། །ཁྱིམ་པ་ཡི་ནི་འདུག་གནས་བྱས། །དྲུག་སྡེས་དེར་སོང་མ་དད་གྱུར། །གཡས་ཞར་བག་མར་བླངས་པ་ཡིས། །རྒྱུ་མཚན་བཟང་བ་གང་ཡིན་པ། །ལྷུང་བཟེད་བྱུར་བུར་བསྒྲུབ་པ་ཡིས། །དྲུག་སྡེས་བླངས་པས་དེ་མ་གྲུབ། །སྤངས་པ་དང་ནི་མ་སྤངས་པ། །དྲུག་སྡེ་དག་གིས་ཟོས་པ་ཡིན། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས། །ཕྱིས་ནི་ལྷག་པོར་རྗེས་སུ་གནང༌། །སློབ་དཔོན་འདི་ཡིས་བདག་ཀུན་དུ། །ཀླན་ཀ་དག་ནི་བཙལ་སྙམ་ནས། །ཡང་ཡང་ལྟུང་བྱུང་རྒན་ཞུགས་དེས། །ལྷག་པོར་མ་བྱས་པས་བསླུས་གྲག །རྒྱལ་པོའི་ཁབ་ཀྱི་གནས་སུ་ནི། །དགེ་སློང་ལྔ་བརྒྱ་དང་ལྷན་ཅིག །ལྷ་སྦྱིན་གྱིས་ནི་བཟའ་བ་ཟོས། །དེ་ཚེ་འདུས་ཤིང་ཟ་བ་དྲན། །མཉན་ཡོད་སྐྱེད་མོས་ཚལ་དུ་ནི། །ཁྱིམ་པ་རྣམས་དང་ལྷན་ཅིག་ཏུ། །བཅུ་བདུན་སྡེ་ཡིས་བཟའ་བ་ཟོས། །དེ་ཕྱིར་དུས་མིན་བསླབ་པ་བཅས། །དགེ་སློང་ནག་པོས་འབྲས་ཆན་ནི། །བསོད་སྙོམས་བྱས་ཏེ་བསྐམ་བྱས་ནས། །བཞག་པར་བྱས་པ་མ་ཡིན་ནམ། །དེ་ཕྱིར་དེ་ནི་བསླབ་པ་བཅས། །དུར་ཁྲོད་གཅན་གཟན་ཟོས་པའི་ཕྱིར། །ནག་པོ་ཆེན་པོ་སྨད་པ་ཡིན། །བྱིན་ལེན་མ་བྱས་པ་ཡི་ཟས། །བཀག་པ་དྲུག་སྡེ་རྣམས་ཀྱིས་ཟོས། །དེ་མ་ཐག་ཏུ་སེར་སྐྱ་བཞིན། །མིང་ཆེན་གྱི་ནི་གནས་སུ་ནི། །ཟ་བཞིན་པ་ཡི་དྲུག་སྡེ་ཡིས། །གཞན་ནས་འོ་མ་བླངས་ནས་སྤྱད། །འདུས་པས་སྲོག་ཆགས་དང་འདྲེས་པའི། །ཆུ་ནི་གང་ཕྱིར་ཉེར་སྤྱད་པ། །དེ་ཕྱིར་བཅོམ་ལྡན་འདས་ཀྱིས་ནི། །ཀཽ་ཤཱམ་བཱིར་ནི་བཀག་ཅེས་གྲགས། །ཚོང་པ་ཆགས་དེ་ལ་གནོད་ཕྱིར། །འཆར་ཀ་ཁྱིམ་དུ་མྱུར་སོང་ནས། །ཆོས་ནི་སྟོན་པར་བྱེད་པ་ཡིས། །གནས་པར་འགྱུར་བ་མ་ཡིན་ནམ། །དེར་དེ་ལྟ་བུའི་རྣམ་པ་རུ། །ཤེས་ནས་འཆར་ཀ་དེ་བཞིན་ཡང༌། །ཁྱིམ་དུ་མྱུར་དུ་སོང་ནས་ནི། །སྒོ་ཡི་རྒྱབ་ཏུ་གནས་པ་ཡིན། །མཉན་ཡོད་སྐུད་འཁལ་རྣམས་ཟས་ལ། །འཕགས་པ་ཀུན་དགའ་ཞལ་ཏ་བྱེད། །གཅེར་བུ་མོ་ལ་འཁུར་བ་གཉིས། །ལྟུང་བས་ཉེས་པ་ཀུན་ནས་སློང༌། །དམག་ནི་འཐབ་ཕྱིར་ཡང་དག་འབྱུང༌། །དྲུག་སྡེས་བོང་བུ་ལྟར་སྨྲས་པས། །ཁྲོས་པར་གྱུར་པ་དེ་ཡི་ཚེ། །


DTG167_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ལ་ལྟ་བར་གྱུར་པ་བཀག །དེ་ཚེ་དེ་ལྟར་ཉིད་སོང་བ། །དེ་དག་གིས་ནི་སྨད་ཅིང་དཀྲུགས། །གནས་པར་མི་བྱ་རྐྱེན་ཡོད་ན། །ནུབ་གཉིས་བར་དུ་གནས་པར་བྱ། །གང་ཕྱིར་དེ་ན་གནས་པས་ཀྱང༌། །བཤམས་པའི་རིམ་པ་དཀྲུགས་བྱེད་ཅིང༌། །འཇིགས་པ་སྐྱེད་པར་བྱེད་པ་ཉིད། །དེ་ཕྱིར་ཐུབ་པས་བཀག་པ་ཡིན། །ཉེ་དགའ་ལ་ནི་བརྟེན་པ་ནི། །བཅུ་བདུན་སྡེ་རྣམས་བཙོ་བླག་གི །ལས་ཀྱི་དོན་དུ་རབ་ཏུ་བོས། །དེ་དག་མི་ཉན་དེ་ཚེ་རྡེག །དེ་བཞིན་དུ་ནི་ལས་བྱའི་ཕྱིར། །མངོན་བརྗོད་གང་ཚེ་མི་བྱེད་ལ། །དེ་ཡིས་དེ་དག་རྡོག་པར་གཟས། །དེ་ཚེ་བསླབ་པ་བཅས་པ་ཡིན། །དགེ་འདུན་ལྷག་མ་བཅས་པར་ནི། །དགེ་སློང་ཆོས་ཀྱིས་མཐོང་འགྱུར་ཏེ། །ཉེ་དགའ་ཡིས་ནི་བཟློག་བྱས་ཀྱང༌། །དེས་ནི་དགེ་འདུན་ལ་རིག་བྱས། །སྔོན་གྱི་གནོད་པ་བྱེད་པ་ཡི། །རྒྱུ་མཚན་ཡོངས་སུ་བསམས་ནས་ཀྱང༌། །ཉེ་དགས་དགེ་སློང་ཆོས་ཀྱི་ནི། །ཟན་ནི་ཡོངས་སུ་གཅོད་པར་བྱེད། །ལྗོན་པ་ལ་ནི་མེ་བཏང་བས། །སྦྲུལ་ནི་ལྟུང་བར་གྱུར་ཕྱིར་དང༌། །དྲུག་སྡེས་མགལ་མེས་བསྐོར་བྱས་ཕྱིར། །མེ་ལ་རེག་པ་བཀག་པ་ཡིན། །ཉེ་དགའ་གནས་ནས་དབྱུང་བའི་ཕྱིར། །དགེ་སློང་རྣམས་ཀྱིས་སྦྱོར་བ་བརྩམས། །འདུན་པ་བྱིན་པ་དགའ་བ་ཡིས། །སླར་ནི་ཉམས་པར་བྱས་པ་ཡིན། །དགེ་ཚུལ་རྣམས་དང་དགེ་སློང་རྣམས། །ལྷན་ཅིག་ཏུ་ནི་ཉལ་བ་བཀག །སྒྲ་གཅན་འཛིན་ལ་བརྟེན་ནས་ནི། །ནུབ་གཉིས་རྗེས་སུ་གནང་པ་དང༌། །རྒྱལ་པོའི་ཁབ་ཏུ་བད་ཚ་ཆོས། །སྡིག་ཅན་ལྟ་བུ་ཀུན་ཏུ་སྐྱེས། །ཉེས་བ་བྱེད་པའི་འཆི་ལྟས་ནི། །བཟློག་བཞིན་དུ་ཡང་དེ་མི་གཏོང༌། །གནས་ནས་ཕྱུང་ཡང་ཉེ་དགའ་ཡིས། །འདུ་འཛིའི་གཏམ་གྱིས་གནས་པར་བྱེད། །སྔར་སྨོས་ཆོས་དང་ཟང་ཟིང་གིས། །མཆོག་ཏུ་ལྟུང་བ་བཅས་པར་འགྱུར། །ལྟུང་བ་བྱུང་ནས་གྲོལ་བ་ཡང༌། །ཚེར་མ་དང་ནི་ཆེན་པོ་པའི། །མཐོང་བའི་ཡུལ་དུ་གྱུར་བའི་བར། །བསྙིལ་བསྡུད་པ་ཡི་ཉེས་པ་ཡིན། །རི་བོ་ཡིད་འོང་དུས་སྟོན་ཚེ། །གར་མཁན་གྱི་ནི་བཞད་གད་པའི། །དྲུག་སྡེ་དག་གིས་དཀར་པོའི་གོས། །གོན་བྱས་དེ་ནི་མི་བྱའོ། །ལི་ཙྪའི་སྐྱེད་མོས་ཚལ་དང་ནི། །རོལ་མོ་རྒྱན་དང་དེ་བཞིན་དུ། །གཡུལ་འགྱེད་པ་ན་སྤྱོད་པའི་ཕྱིར། །


DTG167_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པར་རིག་པའི་ཉེས་པ་བྱུང༌། །རྒྱལ་པོ་ཁབ་ཀྱི་ཆུ་དྲོན་དུ། །དྲུག་སྡེ་དག་གིས་གཟུགས་ཅན་སྙིང༌། །གནོད་བྱས་དེ་ནི་རབ་ཏུ་བཀག །ཇི་སྲིད་ཟླ་ཕྱེད་རྗེས་སུ་གནང༌། །འཆར་ཀ་ཡིས་ནི་མཉན་ཡོད་དུ། །བསོད་སྙོམས་དོན་དུ་འགྲོ་བྱེད་པས། །འཕོང་ཀི་གནས་སུ་ཞུགས་ནས་ནི། །ཇི་སྲིད་བྱ་རོག་གསད་པར་བྱས། །ཉེ་དགའ་ཡིས་ནི་བགྲོས་བྱས་ནས། །ཤིན་ཏུ་ཐོས་པར་འཛིན་བྱེད་པའི། །གཞོན་ནུ་བཅུ་བདུན་སྡེ་རྣམས་ལ། །འགྱོད་པ་སྐྱེད་པའི་གཏམ་བྱས་སོ། །དེ་རྣམས་ཀྱི་ནི་གནས་དང་གཅིག །དགེ་སྐོས་སུ་ནི་ཡང་དག་སྦྱར། །ཡང་དག་ནང་དུ་ཞུགས་གཉིད་ལོག །དེ་ཁྲོས་ག་ག་ཚིལ་གྱིས་ཤི། །དེ་དག་ཆུ་ཀླུང་གནས་ཅན་དུ། །རྩེད་མོས་ཀུན་ཏུ་གནས་པའི་ཕྱིར། །རྒྱལ་པོས་མི་དག་རིག་པར་བྱེད། །ཆུ་ལ་རྩེ་བ་བཀག་པ་ཡིན། །མ་འགགས་པས་ནི་ལམ་ཞུགས་པས། །སྐྱེས་བུ་མེད་པའི་བུད་མེད་དང༌། །ལྷན་ཅིག་ཁྱིམ་དུ་ཉལ་བྱས་པས། །དེ་ཕྱིར་ཉེས་དམིགས་བྱུང་བར་གྱུར། །ཉེ་དགས་ལ་བ་གྱོན་ནས་ནི། །མཚན་མོ་ཀློག་པ་མངོན་བརྩོན་པའི། །བཅུ་བདུན་སྡེ་ཡི་བདག་ཉིད་དག །ངེས་པ་ཉིད་དུ་སྐྲག་པར་བྱེད། །ཉེ་དགའ་ལ་སོགས་པ་དག་གིས། །ཆུ་ནང་ནུབ་པ་བཅུ་བདུན་སྡེའི། །ལྷུང་བཟེད་ལ་སོགས་སྦ་བྱས་པས། །བཟའ་བའི་དོན་དུ་སོང་བ་ཡིན། །ཉེ་དགས་རང་གི་ཆོས་གོས་ནི། །སློབ་མ་རྣམས་ལ་བྱིན་པ་དག །སླར་ནི་སྤྱད་ནས་སླར་ཡང་ནི། །དེ་བཞིན་དུ་ནི་བཞག་པ་ཡིན། །རྒྱལ་པོའི་ཁབ་ཏུ་དེ་བཞིན་དུ། །གྱད་བུ་ནོར་ལ་དེ་དག་གིས། །ཆོས་གོས་མགོ་ལ་རེག་མཐོང་ནས། དགེ་འདུན་ལྷག་མས་སྐུར་པ་བཏབ། །དགེ་སློང་མཉན་ཡོད་དུ་འགྲོ་ཞིང༌། །ཐག་མཁན་བུད་མེད་དེ་བཞིན་སོང༌། །ང་ཡི་ཆུང་མ་འདིར་ཁྱེར་སྙམ། །ཐག་པ་ཡིས་ནི་བརྡེག་པར་བྱས། །རྒྱལ་པོའི་ཁབ་ཏུ་དགེ་སྦྱོང་ཞིག །ཤོ་གམ་འཇོམས་པའི་ཚོང་པ་དང༌། །ལྷན་ཅིག་འགྲོ་བར་གྱུར་པ་ན། །ཤོ་གམ་པས་མཐོང་བཅོམ་པར་གྱུར། །འཕགས་པ་སྤངས་ནས་སྐྱེས་པ་དེས། །བྱིས་པ་ཉི་ཤུ་མ་ལོན་པ། །བསྙེན་པར་རྫོགས་པར་བྱས་པ་དག །དེ་དག་བཀྲེན་པས་ངུ་བར་བྱེད། །ཉེ་དགའ་ལ་སོགས་རྣམས་ཀྱིས་ནི། །མཉན་ཡོད་དུ་ནི་བརྟེན་བྱས་ནས། །ས་ནི་རྐོའམ་


DTG167_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྐོར་འཇུག་བྱས། །དེ་ཕྱིར་ཆད་པས་ཀུན་ནས་བསླང༌། །མིང་ཆེན་གྱིས་ནི་ཟླ་བ་བཞིར། །འཕགས་པའི་དགེ་འདུན་བསྟབས་པས་ན། །དྲུག་སྡེ་དེ་ལས་ལྷག་པར་ཡང༌། །སྤོང་བར་བྱེད་པས་དེ་ཕྱིར་བཀག །དགེ་འདུན་གཉིས་གཏོགས་བསླབ་པ་ནི། །ལམ་པ་ཡིས་ནི་བསྒོ་བྱས་པ། །རྨོངས་པ་ཁྱོད་ལ་སུ་ཞིག་སློབ། །དྲུག་སྡེ་དག་གིས་རབ་ཏུ་སྤངས། །བཅུ་བདུན་སྡེ་ཡི་བདག་ཉིད་ནི། །དྲུག་སྡེ་གནས་ནས་དབྱུང་བའི་ཚེ། །མཉན་ཡོད་དུ་ནི་གྲོས་བྱེད་པར། །དེ་དག་སོང་ནས་ཉན་རྣ་བྱས། །ཉེ་དགའ་གནས་ནས་དབྱུང་ལ་སོགས། །དེ་ལྟར་དེ་དག་གིས་བརྩམས་པ། །སྟན་ལ་ལ་བ་བཞག་ནས་ནི། །དེ་ཕྱིར་དགའ་བོ་མི་སྨྲ་སོང༌། །གང་ཚེ་དགེ་འདུན་གྱིས་ངེས་པར། །རྩོད་པ་ཞི་བར་བྱས་པ་ན། །དགེ་སློང་ནག་པ་རྒྱལ་ཁབ་ཏུ། །མ་གུས་པ་ནི་བྱས་པ་ཡིན། །འཕགས་པ་ལེགས་འོང་བཟང་པོ་ཡིས། །ཆང་དང་བསྲེས་པའི་བཏུང་བ་དག། མཉན་ཡོད་དུ་ནི་འཐུངས་ནས་སུ། །མྱོས་པར་གྱུར་པས་སྲང་དུ་འགྱེལ། །གཏུམ་མོའི་མནའ་མའི་ཁྱིམ་དུ་ནི། །འཆར་ཀས་སྟན་ལ་ཉེར་སྤྱད་ཕྱིར། །སོང་བར་གྱུར་ནས་ཇི་སྲིད་དུ། །ཉེ་བར་བསད་པར་གྱུར་པ་ཡིན། །ཁྱིམ་པ་རབ་ཏུ་དད་གྱུར་པས། །ཇི་སྲིད་དེ་ཡི་ཚིག་གིས་ནི།། དགེ་འདུན་མགྲིན་དུ་བོས་པས་ན། །ཉེ་དགའ་ཁྱིམ་གཞན་སོང་ནས་འདུག །དེས་ནི་འཆར་ཀ་མྱུར་རབ་ཏུ། །འཕྲེང་ལྡན་མ་ནི་གློག་པའི་ཕྱིར། །བཙུན་མོའི་ཕོ་བྲང་དུས་མིན་སོང༌། །བསླབ་པ་བཅས་པ་ཀུན་ནས་བསླང༌། །དྲུག་སྡེ་རྣམས་ནི་སོ་སོར་ཐར། །མ་གུས་པས་ནི་ཉན་པར་བྱེད། །འདི་ནི་སངས་རྒྱས་ཀྱིས་བཤད་པར། །ཁོ་བོ་ཅག་གིས་དག་གདོད་ཐོས། །བ་སོ་མཁན་པོ་ཆོས་ཀྱིས་ནི། །རང་བཟོས་དགེ་སློང་མགྲོན་དུ་གཉེར། །སྦྱིན་པའི་སྦྱོར་བས་ལོངས་སྤྱོད་དག །ཟད་པར་ཉེ་བར་སོང་བར་གྱུར། །རྐང་པ་དམའ་བའི་ཁྲི་དག་ཀྱང༌། །སྔོན་ནི་སྡོམ་བརྩོན་ལྟ་བུ་ཡི། །དབང་དུ་བྱས་ནས་བཀག་པ་སྟེ། །ཁྲུ་གང་གི་ནི་ཚད་དང་ལྡན། །དགེ་འདུན་ཁྲི་ནི་ཉེ་དགའ་ཡི། །གཞན་གྱིས་ཐོབ་པར་འགྱུར་སྙམ་དུ། །ཤིང་བལ་གྱིས་ནི་གོས་པར་བྱས། །ཤིང་བལ་གྱིས་ནི་དཀར་པོར་གྱུར། །དགེ་སློང་མང་པོ་ལ་བརྟེན་ནས། །གོས་ཀྱི་ཚོགས་ནི་


DTG167_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་གྱུར། །གདིང་བའི་ཚད་ནི་མཐོ་གསུམ་སྟེ། །ཞེང་དུ་ཕྱེད་ཀྱི་ཚད་ཡིན་ནོ། །གཡན་པའི་ནད་ལ་བརྟེན་ནས་ནི། །གཡན་པ་དག་པ་པར་བཤད་པ་ཡིན། །མཐོ་བཞི་དང་ནི་མཐོ་གཉིས་ཀྱི། །ཚད་དང་ལྡན་པའི་བར་དུ་བྱས། །ཆོས་གོས་བསྲུང་བར་བྱ་བའི་ཕྱིར། །དབྱར་གྱི་གོས་ནི་རས་ཆེན་བྱ། །མཐོ་རྣམས་ཕྱེད་དང་གསུམ་དང་ནི། །དྲུག་དག་ཁོ་ན་ལྷག་མི་བྱ། །ཉེ་དགའ་ཡིས་ནི་མཉན་ཡོད་དུ། །ཐུབ་པ་ཡིས་ནི་ཆོས་གོས་བྱས། །མཐོ་བཅུ་དག་གི་ཚད་དང་ནི། །དྲུག་ཅེས་བྱ་བ་དག་ཀྱང་ཡིན། །ད་ནི་སོ་སོར་བཤགས་པའི་ཆོས། །བཤད་པར་བྱས་ཏེ་གཞན་དག་གི །བྱུང་བ་རྗེས་སུ་འབྲངས་ནས་ནི། །འཆང་བར་འགྱུར་བ་དེ་བཞིན་བཤད། །རྒྱལ་པོའི་ཁབ་ཏུ་ཉ་དགའ་ཡིས། །ཨུཏྤ་ལ་མདོག་དགེ་སློང་མའི། །བསོད་སྙོམས་དག་ནི་རབ་ཏུ་བླངས། །ཀུན་ཏུ་བརྒྱལ་ནས་སལ་འགྱེལ། །དྲུག་སྡེས་བདག་ཅག་མཉན་ཡོད་དུ། །སྦོམ་དགའ་མོ་ལ་སྟོན་མོའི་ཚེ། །གྱ་ནོམ་བསྐོ་ཤམ་གྱིས་ཞེས་བརྗོད། །དེ་ཡིས་ཀྱང་ནི་དེ་ལྟར་བྱས། །ཡངས་པ་ཅན་དུ་སྦྱིན་བཏང་བས། །སེང་གེའི་ལོངས་སྤྱོད་མ་ལུས་འགྲིབ། །དེ་ཕྱིར་ཁྱིམ་དུ་བསོད་སྙོམས་ཕྱིར། །འགྲོ་བར་མི་བྱ་ཞེས་གྲགས་སོ། །དགོན་པ་དྲུག་སྡེ་རྣམས་ལ་ནི། །སེར་སྐྱ་གཞི་ན་གནས་པ་ཡི། །གོས་དང་བྲལ་བའི་བུད་མེད་རྣམས། །དེ་ཡིས་བྱིན་ལེན་སྟོབས་སུ་བཅུག །རི་དགས་གནས་སུ་སྡོམ་བརྩོན་གྱིས། །ཁྱིམ་པ་རྣམས་ཀྱི་ཚུལ་དུ་ནི། །ཆོས་གོས་རྣམས་ནི་གོམས་པར་འགྱུར། །ཟླུམ་པོ་རུ་ནི་དྲུབ་པར་བྱ། །སྨད་གཡོགས་ཀྱི་ནི་དྲུག་དག་དང༌། །སྟོད་གཡོགས་ཀྱི་ནི་གསུམ་རྣམས་ཀྱི། །བྱེད་པ་པོ་ནི་དྲུག་སྡེར་བཤད། །དེ་ཕྱིར་བསླབ་པ་རབ་ཏུ་བསྟན། །ཤིན་ཏུ་བསྡམ་སོགས་ལྔ་རྣམས་དང༌། །མགོ་གཡོགས་སོགས་ཀྱིའང་དེ་བཞིན་དུ། །མཆོད་སོགས་ལྡན་པ་ལྔ་རྣམས་ཀྱི། །ལུས་དག་ལྔ་ནི་དེ་བཞིན་ནོ། །བྲམ་ཟེའི་སྟན་ལ་མཉན་ཡོད་དུ། །ཉེ་དགའ་འདུག་པ་ལ་བརྟེན་ནས། །རྗེས་སུ་གནང་བ་མ་བྱས་པར། །སྟན་ལ་འདུག་པ་བཀག་པ་ཡིན། །འཕགས་པ་འཆར་ཀ་ལ་བརྟེན་ནས། །བྱིས་པ་བསད་པར་གྱུར་པ་ཡིན། །དེ་ཕྱིར་ཁྱིམ་དུ་མ་བརྟགས་པར། །


DTG167_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ནི་རབ་ཏུ་བཀག་པ་ཡིན། །བཙུན་མོའི་འཁོར་དུ་མ་སྦྱངས་པའི། །ཁྲིའུ་ལ་ནི་འདུག་པའི་ཕྱིར། །དེ་ཕྱིར་དེ་ལ་བརྟེན་ནས་ནི། །ལུས་ཀུན་གྱིས་ནི་འདུག་པ་དཀའ། །འཆག་པར་འགྱུར་བ་དྲུག་པོ་ཡི། །འདུག་པའི་བདག་ཉིད་དག་གི་ཡང༌། །བྱེད་པོ་དྲུག་སྡེར་ཤེས་བྱ་ཡི། །གཞན་ནི་བརྗོད་པར་མི་བྱ་ཡི། །བྱིས་པ་གསོད་རི་མཉན་ཡོད་དུ། །རྟོགས་ལྡན་ཁྱིམ་དུ་དྲུག་སྡེ་ཉིད། །བྱིན་ལེན་བརྒྱད་ཀྱི་བྱེད་པ་པོར། །ཡང་དག་པར་ནི་བཤད་པ་ཡིན། །ཟས་བྱས་ལེགས་བྱས་ལྔ་རྣམས་ཀྱི། །ཙུག་ཙུག་ལ་ཡང་དེ་བཞིན་ནོ། །ཐ་དད་བྱེད་པ་ལྔ་རྣམས་ཀྱི། །མཉན་ཡོད་དུ་ནི་ཤེས་པར་བྱ། །ལག་པ་ལྡག་པ་ལྔ་རྣམས་དང༌། །འཕྱ་བ་དག་ནི་གསུམ་པོ་དང༌། །རྟོགས་ལྡན་ཁྱིམ་དུ་ཆུ་འབོད་པའི། །གང་ཡིན་པ་ནི་བཞི་པ་ཡི། །ལྷུང་བཟེད་གཅིག་གིས་དྲུག་སྡེ་ཡིན། །དགུ་པོ་ཡིས་ནི་དགེ་སློང་གཞན། །འགྲེང་བར་བྱེད་སོགས་ལྔ་པོ་ནི། །དྲུག་སྡེ་ཞེས་བྱར་རབ་ཏུ་གྲགས། །མགོ་གཡོགས་ལ་སོགས་ལྔ་རྣམས་དང༌། །དེ་བཞིན་གླང་ཆེན་སོགས་ཞོན་བ། །དོ་ཀེར་ཅན་སོགས་ལ་དེ་བཞིན། །འཁར་བ་དྲུག་ལ་དེ་ཉིད་ཤེས། །ཉེ་དགའ་ཡིས་ནི་བཤད་པ་དག །འགྲེངས་ནས་བཏང་པར་བྱས་པ་དག །སེར་སྐྱའི་གྲོང་དུ་དེ་དག་ཉིད། །དེ་ཡིས་རྩྭ་སྔོན་ཉམས་པར་བྱས། །བཙོ་གླག་མཁན་གྱི་བཀྲུ་བཤལ་སར། །ཉེ་དགས་མི་གཙང་བས་བཀང་བའི། །གྱོ་མོ་རབ་ཏུ་བཅུག་པ་ཡིན། །དེ་ཕྱིར་སྨོད་པ་ཀུན་དུ་སློང༌། །མཉན་ཡོད་དུ་ནི་ལྗོན་ཤིང་རྩེར། །མངོན་པར་འཛེག་པར་བྱས་ནས་ནི། །བསོད་སྙོམས་ལེན་པའི་དགེ་སློང་ལ། །ལྟ་བ་རབ་ཏུ་བརྩམས་པ་ཡིན། །འགྱེད་དང་མི་གདམས་པ་དང་ནི། །ལྟུང་དང་བྱ་བ་ཞེས་བྱ་བའི། །རྩོད་པ་བཞི་པོ་འདི་དག་ཉིད། །རྗེས་སུ་རྟོགས་པར་བྱ་བ་ཡིན། །མུ་ཏིག་གིས་ཕུལ་མུ་ཏིག་ལས། །ཆོས་ཀྱི་སྐལ་བ་བགོ་བའི་ཕྱིར། །མདོ་སྡེ་འཛིན་སོགས་རྩོད་པ་ལས། །མཉན་ཡོད་དུ་ནི་དེ་དག་བྱུང༌། །གང་མང་རབ་ཏུ་འབྱེད་པ་དང༌། །གཅིག་ཏུ་ངེས་པར་བྱེད་པ་ཡིས། །གཉིས་ཀྱིས་འགྱེད་པ་ཞི་བྱེད་པ། །སྔོན་ནི་ཐུབ་པས་བསྟན་པ་ཡིན། །མངོན་སུམ་དྲན་དང་མ་སྨྱོས་པས། །མི་གདམས་པ་ནི་ཞི་བར་བྱེད། །ཡང་དག་ལྟུང་བའི་རང་བཞིན་གྱིས། །གསུམ་པ་གཞན་ནི་ཁས་བླངས་


DTG167_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང། །རྩྭ་བཀྲམ་པ་དང་མངོན་སུམ་དང༌། །དེ་ཉིད་ཚོལ་བས་ཞི་བར་བྱེད། །བྱ་བའི་བདག་ཉིད་ཞི་བ་ནི། །བདུན་པོ་དེ་ཡིས་ངེས་པར་འགྱུར། །བསླབ་པ་འདོད་པའི་དགེ་སློང་གིས། །རྩོད་པ་སྟན་ལ་དབབ་བྱའི་ཕྱིར། །གནས་ནི་རབ་ཏུ་གཟུང་བྱ་སྟེ། །བརྩོན་པས་གནས་ནི་རྣམ་པར་དབྱེ། བསྡུས་པའི་དགེ་པ་འདི་ལས་ནི། །བདག་གིས་བསོད་ནམས་གང་བསགས་དེས། །འདི་ནི་འཇིག་རྟེན་ཉོན་མོངས་དང༌། །ཉེ་བའི་ཉོན་མོངས་སྤོང་བར་ཤོག །བསླབ་པའི་ས་ལ་བརྟེན་ནས་ནི། །མདོ་ཡི་གཞུ་ནི་བཟུང་ནས་ནི། །སེམས་ཀྱི་མདའ་ནི་བཀང་བྱས་ནས། །ཉོན་མོངས་དགྲ་རྣམས་ཉམས་པར་བྱས། །གལ་ཏེ་ཁྱོད་ལ་ཐར་པ་ཡི། །ཁྱིམ་དུ་གནས་པར་འདོད་ཡོད་ན། །དེ་ལྟ་བས་ན་ཁྱོད་ཀྱིས་ནི། །སེམས་ཅན་དོན་བྱེད་ལ་འབད་ཀྱི། །བྱང་ཕྱོགས་ཀྱི་ཁ་ཆེའི་ཡུལ་ནས་བྱུང་བའི་པཎྜི་ཏ་འདུལ་བ་འཛིན་པ་ཤཱཀྱའི་དགེ་སློང་བ་ལ་ཤྲཱི་བྷ་དྲས་མཛད་པ་གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ་རྫོགས་སོ།། །།ཐོ་ལིང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དགེ་ཚུལ་གྱི་དང་པོའི་ལོ་དྲི་བ།


DTG167_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲ་མ་ཎེ་ར་པཪྵཱ་གྲཾ། བོད་སྐད་དུ། དགེ་ཚུལ་གྱི་དང་པོའི་ལོ། སངས་རྒྱས་ལ་ཕྱག་འཚལ་ལོ། །མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ།། དགུང་ལ་ཀུན་དུ་བདེའམ་ཞེས་དྲི། ཆག་ཆག་དང་ཕྱག་དར་དང་དཀྱིལ་འཁོར་བགྱིད། ཀློག་པ་དང༌། ཁ་ཏོན་དང་དགེ་བའི་ཕྱོགས་ཀྱི་ཀུན་དུ་སྤྱོད་པ་རྣམས་ལ་ཆོས་དང་མཐུན་པར་བགྱིད། གཎྜཱིའི་དུས་སུ་བརྗོད་པར་བྱ་བ་ཡང་ངོ༌། །མཁན་པོ་དགོངས་སུ་གསོལ། །ཕྱག་འཚལ་ལོ། །བདེ་བར་གསོལ་ལམ་ཞེས་དྲི། ཀློག་པ་དང་ཁ་ཏོན་བགྱིད། ངལ་བསོ་བ་ཡང་ངོ༌། །མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ། །གདུགས་ལ་ཀུན་དུ་བདེའམ་ཞེས་དྲི། རྐང་པ་དག་བཀྲུ། མཆིས་མལ་བཤམ། སྲོད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་བགྱིད།


DTG167_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་སོ་བ་ཡང་ངོ༌། །སློབ་དཔོན་དགོངས་སུ་གསོལ། ཕྱག་འཚལ་ལོ། །དགུང་ལ་ཀུན་ཏུ་བདེའམ་ཞེས་དྲི། ཆག་ཆག་དང་ཕྱག་དར་ཡང་དེ་བཞིན་ནོ། །བདག་དཀྱིལ་འཁོར་བགྱིད་ཅེས་སོ། །ཀློག་པ་དང་ཁ་ཏོན་དང་དགེ་བའི་ཕྱོགས་ཀྱི་ཀུན་དུ་སྤྱོད་པ་སྦྱིན་པ་ལ་སོགས་པའོ། །གཎྜཱིའི་དུས་སུ་ཡང་ཟས་སོ། །འཆག་པ་དང་འདུག་པ་དང་ཞབས་ལ་བསྐུ་མཉེ་ལ་སོགས་པའོ། །ཐོས་པ་དང་བསམ་པ་ལ་སོགས་པ་ཐམས་ཅད་བགྱིད། དེ་ནི་ཁྱོད་ཀྱི་རྗེས་སུ་གནང་བས་སོ། །རྒྱལ་པོ་ཤག་བྱུང་བའི་དུས་ན་ལོ་དགུ་བརྒྱ་བཞི་བཅུ་རྩ་ལྔ་ལོན་པའི་འོག་ཏུ་དཔལ་ལྡན་ས་སྐྱོང་ལྷ་རྣམ་པར་རྒྱལ་བས་རྒྱལ་སྲིད་མཛད་ནས་ལོ་བཅུ་དགུ་འདས་པ་ན། དབྱར་ཟླ་ར་བའི་མར་གྱི་ངོའི་ཚེས་གསུམ་ལ་ཡུལ་མ་ག་དྷཱའི་དཔལ་སེང་གེ་གོ་ཆ་འབྱུང་བའི་གཙུག་ལག་ཁང་ཆེན་པོར་རབ་ཏུ་བྱུང༌། བདག་ཉིད་ནི་ཤཱཀྱའི་དགེ་ཚུལ་མཐའ་ཡས་དཔལ་སྐྱོང་ངོ༌། །ཚེ་དང་ལྡན་པ་ཁྱོད་ལོ་དུ་ལོན་ཞེ་ན། ལོ་དུ་ལོན་པའམ་མ་ལོན་ནོ། །དུས་གང་ཞེ་ན་སོ་གའོ། །སོ་ག་ནས་ཅི་ཙམ་ན་ཐོབ་ཅེ་ན། ཞག་གཉིས་དམན་པའི་ཟླ་བ་གསུམ་མོ། །ཟས་ཀྱི་སྔ་རོལ་ལམ་ཟས་ཀྱི་འོག་རོལ་ཞེ་ན། བདག་ཟས་ཀྱི་སྔ་རོལ་ལོ། །སྐྱེས་བུ་དང་རྩ་བའི་ཚད་དུ་ཞེ་ན། སྐྱེས་བུ་དང་རྩ་བ་གཅིག་གི་ཚད་ཀྱི་གྲིབ་མའོ། །མཁན་པོ་གང་ཡིན་ཞེ་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བླ་མ་མཁན་པོ་ལྷ་དབང་སྐྱོང་ངོ༌། །སློབ་དཔོན་གང་ཞེ་ན། བདག་གི་སློབ་དཔོན་རིན་ཆེན་འབྱུང་གནས་སྐྱོང་ངོ༌། །དུས་གང་ཞེ་ན། ལྔ་རྣམས་སོ། །ལྔ་རྣམས་གང་ཞེ་ན། དགུན་དང༌། སོ་ག་དང༌། དབྱར་དང༌། དབྱར་ཐུང་དུ་དང༌། དབྱར་རིང་པོའོ། །དེ་ལ་དགུན་གྱི་ཚད་ཇི་ཙམ་ཞེ་ན། ཟླ་བ་བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ་དང༌། དགུན་ཟླ་ཐ་ཆུངས་དང༌། དཔྱིད་ཟླ་ར་བའོ། །སོ་ག་ཇི་ཙམ་ཞེ་ན། ཟླ་བ་བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། དཔྱིད་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་དང༌། དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་བོ་རྣམས་སོ། །དབྱར་གྱི་ཚད་ཇི་ཙམ་ཞེ་ན། ཟླ་བ་གཅིག་སྟེ། དབྱར་ཟླ་ཐ་ཆུངས་སོ། །དབྱར་ཐུང་དུའི་ཚད་ཇི་ཙམ་ཞེ་ན། ཉིན་ཞག་གཅིག་


DTG167_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཉིན་ཞག་གཅིག་པོ་གང་ཞེ་ན། སྟོན་ཟླ་ར་བའི་ཚེས་གཅིག་གི་ཉིན་ཞག་གཅིག་གོ །དབྱར་རིང་པོའི་ཚད་ཇི་ཙམ་ཞེ་ན། ཉིན་ཞག་དེས་མ་ཆོག་པའི་ཟླ་བ་གསུམ་མོ། །ཟླ་བ་གསུམ་པོ་གང་ཞེ་ན། སྟོན་ཟླ་ར་བ་དང༌། སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་སོ། །ཡང་སྨྲས་པ། གཅིག་གིས་དམན་པའི་ཟླ་བ་རྣམས། །བཞི་རྣམས་དེ་བཞིན་བཞི་པོ་རྣམས། །ཟླ་བ་གཅིག་ཡིན་ཞག་གཅིག་ཡིན། །ཞེས་བྱ་དུས་རྣམས་ལྔ་པོར་དྲན། །སྡེ་པ་གང་ཞེ་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའོ། །སྡེ་པ་དུ་ཞེ་ན། བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་དང༌། འཕགས་པ་དགེ་འདུན་ཕལ་ཆེན་པ་དང༌། འཕགས་པ་དགེ་འདུན་མང་བོས་བཀུར་བ་དང༌། འཕགས་པ་གནས་བརྟན་པའོ། །དེ་དག་ལ་དབྱེ་ན་དུ་ཡོད་ཅེ་ན། བཅོ་བརྒྱད་དོ། །བཅོ་བརྒྱད་པོ་རྣམས་གང་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དབྱེ་བ་ནི་བཞིའོ། །དེ་བསྟན་པར་བྱ་སྟེ། འོད་སྲུངས་པ་དང་ས་སྟོན་སྡེ། །ཆོས་སྲུང་བ་ཡི་མིང་ཅན་རྣམས། །གཞི་ཀུན་ཡོད་པར་སྨྲ་བ་སྟེ། །འདོད་པའི་བྱེ་བྲག་འབའ་ཞིག་གི །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །དགེ་འདུན་པ་ལ་ཆེན་དབྱེ་བ་ནི། །དྲུག་སྡེ་ཤར་གྱི་རི་བོ་དང༌། །དེ་བཞིན་བྱང་གི་རི་བོ་དང༌། །དབུས་པ་ཞེས་བྱ་དེ་ལས་གཞན། །རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། །གཞན་ནི་དེ་བཞིན་བཏགས་པར་སྨྲ། །འཇིག་རྟེན་འདས་པར་སྨྲ་བ་སྟེ། །དེ་དག་ཏུ་ནི་ཡང་དག་སྨྲ། །མང་པོས་བཀུར་བའི་དབྱེ་བ་ནི། །རྣམ་པ་ལྔར་ནི་མཁས་པས་བསྔགས། །གོས་དམར་བ་དང་སྲུང་བ་པ། །ས་སྒྲོགས་རིས་དང་དེ་བཞིན་གཞན། །མང་དུ་ཐོས་རྣམས་སྨྲ་བ་དང༌། །གནས་མའི་བུ་ཡི་མིང་ཅན་རྣམས། །རྒྱལ་བྱེད་ཚལ་ན་གནས་པ་དང༌། །འཇིགས་བྱེད་རི་ལ་གནས་པ་དང༌།། གཙུག་ལག་ཁང་ཆེན་ལ་གནས་པ། །གནས་བརྟན་རྣམས་ནི་གསུམ་དུ་འདོད། །ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་ངེས་པ་ཡིན། །བསླབ་པ་རྣམས་དུ་ཞེ་ན། བཅུ་རྣམས་སོ། །བཅོ་པོ་རྣམས་གང་


DTG167_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཆངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །དུས་མིན་ཟས་དང་གསར་དངུལ་སྤོང་བ་སྟེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང༌། །མཐར་བྱེད་ང་ཡི་མཚེ་བ་འབྱུང་བའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཉོན་མོངས་དགྲ་ཡི་གཡུལ་ལས་རྒྱལ་བྱེད་ཚུལ། །ལྟུང་བར་འགྱུར་བའི་ཆོས་དུ་ཞེ་ན། བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། མིའི་ཆོས་བླ་མའི་ཚིག་སྨྲ་བའོ། །དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་དུ་ཞེ་ན། བཞི་རྣམས་སོ། །བཞི་པོ་རྣམས་གང་ཞེ་ན། ཁྲོས་ཀྱང་སླར་མི་ཁྲོ་བ་དང༌། གཤེ་ཡང་སླར་མི་གཤེ་བ་དང༌། མཚང་བྲུས་ཀྱང་སླར་མི་བྲུ་བ་དང༌། རྡེག་ཀྱང་སླར་མི་རྡེག་པའོ། །ཡིད་བརྟན་པ་རྣམས་དུ་ཞེ་ན། ལྔ་རྣམས་སོ། །ལྔ་པོ་རྣམས་གང་དག་ཅེ་ན། ཆུ་ཚགས་ཡིད་བརྟན་པ་དང༌། བཀོད་མ་ཡིད་བརྟན་པ་དང༌། རྫིང་བུ་ཡིད་བརྟན་པ་དང༌། དགེ་སློང་ཡིད་བརྟན་པ་དང༌། དགེ་འདུན་ཡིད་བརྟན་པའོ། །ཡོངས་སུ་ལོངས་སྤྱད་པ་རྣམས་དུ་ཞེ་ན། ལྔ་རྣམས་སོ། །ལྔ་རྣམས་གང་ཞེ་ན། བདག་པོས་ཡོངས་སུ་ལོངས་སྤྱད་པ་དང༌། བྱིན་པས་ཡོངས་སུ་ལོངས་སྤྱད་པ་དང༌། རྗེས་སུ་གནང་བས་ཡོངས་སུ་ལོངས་སྤྱད་པ་དང༌། སྐྱིན་པོས་ཡོངས་སུ་ལོངས་སྤྱད་པ་དང༌། ཡོངས་སུ་ལོངས་མ་སྤྱད་པ་དང་ལྔའོ། །དེ་སྐད་དུ་ཡང༌། མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་ལེན་སྤྱོད་པ་ཡིན། །བསམ་གཏན་འདོན་དང་ལྡན་པ་དང༌། །རྗེས་སུ་གནང་རྣམས་དཀའ་ཐུབ་ཅན། །སྐྱིན་པོས་སྤྱོད་པ་ལྷག་མ་རྣམས། །ལེ་ལོས་ཉམས་པའི་བདག་ཉིད་ཡིན། །གཙུག་ལག་ཁང་སོགས་ཉེར་ལོངས་སྤྱོད། །ཚུལ་འཆལ་རྣམས་ཀྱིས་བཀག་པའོ། །ཞེས་སོ། །ལོ་ཚོགས་རྣམས་ཀྱི་གསོ་སྦྱོང་དུ་ཞེ་ན། ཉི་ཤུ་རྩ་བཞི་རྣམས་སོ། །རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྤྱོད་བཅུ་བཞི་པའོ། །ལྷག་མ་རྣམས་ནི་བཅོ་ལྔ་པའོ། །དགེ་ཚུལ་


DTG167_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དང་པོའི་ལོ་དྲི་བ་རྫོགས་སོ།། །།ཁ་ཆེའི་མཁན་པོ་ན་ར་ས་དེ་བ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྒྱལ་བའི་ཤེས་རབ་ཀྱིས་བསྒྱུར་བའོ།། །།

དགེ་སློང་གི་དང་པོའི་ལོ་དྲི་བ།


DTG167_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷི་ཀྵུ་བཪྵཱ་གྲཾ་པྲྀཙྪ། བོད་སྐད་དུ། དགེ་སློང་གི་དང་པོའི་ལོ་དྲི་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ། །དགུང་ལ་བདེའམ་ཞེས་དྲི། ཆག་ཆག་དང་ཕྱག་དར་དང༌། མཎྜལ་བགྱིད། ཀློག་པ་དང༌། ཁ་ཏོན་དང༌། དགེ་བའི་ཕྱོགས་ཀྱི་ཀུན་དུ་སྤྱད་པ་ལ་ཆོས་དང་མཐུན་པར་བགྱིད། གཎྜཱིའི་དུས་སུ་བརྗོད་པར་བྱ་བ་ནི། མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ། །བདེ་བར་གསོལ་ལམ་ཞེས་དྲི། ཀློག་པ་དང༌། ཁ་ཏོན་བགྱིད། ཅུང་ཞིག་ངལ་བསོ་ཞེས་ཞུ། མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ། །གདུགས་ལ་འདེའམ་ཞེས་དྲི། རྐང་པ་དག་བཀྲུ། མཆིས་མལ་འཆའ། སྲོད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་བགྱིད། ཅུང་ཞིག་ངལ་བསོ་ཞེས་ཞུ། སློབ་དཔོན་དགོངས་སུ་གསོལ། ཕྱག་འཚལ་ལོ། །དགུང་ལ་བདེའམ་ཞེས་དྲི། ཆག་ཆག་དང༌། ཕྱག་དར་དང༌། མཎྜལ་ལ་སོགས་པ་བགྱིད། ཀློག་པ་དང་ཁ་ཏོན་བགྱིད། བསམ་གཏན་བགྱིད་ཅེས་ཞུ། གཎྜཱིའི་དུས་སུ་ནི། ཟས་ལ་ཀུན་དུ་སྤྱད་པར་བགྱིད། ཞབས་ལ་སྐུ་མཉེ་ལ་སོགས་པ་བགྱིད། མཉན་པ་དང་བསམ་པ་ལ་སོགས་པ་བགྱིད་ཅེས་ཞུ། དེ་ནི་ཁྱོད་ཀྱི་རྗེས་སུ་གནང་བས་སོ། །གློ་བུར་དུ་འོངས་པ་ལ་དྲི་ཞིང་ལན་གདབ་པ། ལོ་དུ་ལོན་ཞེ་ན། ལོ་ལོན་པའམ་མ་ལོན་པ་ཞེས་བྱ་བ་ལ་སོགས་པ་བརྗོད། དུས་གང་ཞེ་ན། སོས་ཀའི་དུས་ལ་སོགས་པའོ། །ཅི་ཙམ་ཐོབ་ཅེ་ན། ཟླ་བ་གཅིག་གམ། ཟླ་བ་ཕྱེད་དམ། ཞག་བཅུ་པ་ལ་སོགས་པའོ། །ཟས་ཀྱི་སྔ་རོལ་ལམ་ཟས་ཀྱི་འོག་རོལ་ཞེ་ན། དེ་བཞིན་དུ་ཟས་ཀྱི་སྔ་རོལ་ལམ་ཟས་ཀྱི་འོག་རོལ་ཞེས་ལན་གདབ་བོ། །སྐྱེས་བུ་དུ་དང་རྩ་བ་དུ་ཞེ་ན། སྐྱེས་བུ་གཅིག་དང་རྩ་བ་གཉིས་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །མཁན་པོ་གང་ཡིན་ཞེ་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བླ་མ་མཁན་པོ་ཆེ་གེ་མོ་ཞེས་བྱའོ། །ལས་བྱེད་པའི་སློབ་


DTG167_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གང་ཞེ་ན། སློབ་དཔོན་ཆེ་གེ་མོ་ཞེས་སོ། །གསང་སྟེ་བ་སྟོན་པའི་སློབ་དཔོན་གང་ཞེ་ན། སློབ་དཔོན་ཆེ་གེ་མོ་ཞེས་སོ། །དུས་སུ་ཡོད་ཅེ་ན་ལྔའོ། །ལྔ་པོ་དག་གང་ཞེ་ན། དགུན་དང༌། སོས་ཀ་དང༌། དབྱར་དང༌། དབྱར་ཐུང་དུ་དང༌། དབྱར་རིང་པོ་ཞེས་བྱ་བའོ། །དེ་ལ་དགུན་གྱི་ཚད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ། །བཞི་པོ་དག་གང་ཞེ་ན། དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ་དང༌། དགུན་ཟླ་ཐ་ཆུངས་དང༌། དཔྱིད་ཟླ་ར་བ་ཞེས་སོ། །སོས་ཀའི་དུས་ཚོད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ། །དཔྱིད་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་དང༌། དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་དག་གོ །དབྱར་གྱི་དུས་ཇི་ཙམ་ཞེ་ན། ཟླ་བ་གཅིག་སྟེ། དབྱར་ཟླ་ཐ་ཆུངས་སོ། །དབྱར་ཐུང་དུའི་དུས་ཇི་ཙམ་ཞེ་ན། ཉིན་ཞག་གཅིག་སྟེ། ཉིན་ཞག་གཅིག་པོ་གང་ཡིན་ཞེ་ན། སྟོན་ཟླར་བ་ཚེས་གཅིག་གི་ཉིན་ཞག་གོ །དབྱར་རིང་པོའི་ཚད་ཇི་ཙམ་ཞེ་ན། ཉིན་ཞག་དེ་ཉིད་མ་ཚང་བའི་ཟླ་བ་གསུམ་མོ། །ཟླ་བ་གསུམ་པོ་དག་གང་ཡིན་ཞེ་ན། སྟོན་ཟླ་ར་བ་དང༌། སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་སོ། །ཡང་སྨྲས་པ། ཞག་གཅིག་མ་ཚང་ཟླ་གསུམ་དང༌། །བཞི་དང་དེ་བཞིན་བཞི་པ་དང༌། །ཟླ་བ་གཅིག་ཡིན་ཞག་གཅིག་ཡིན། །ཞེས་བྱ་དུས་ནི་ལྔ་པོར་བརྗོད། །སྡེ་པ་གང་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པའོ།། །།དེའི་དབྱེ་བ་གང་ཞེ་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པའོ། །ཡང་སྡེ་པ་དུ་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་དང༌། འཕགས་པ་དགེ་འདུན་ཕལ་ཆེན་པ་དང༌། འཕགས་པ་མང་པོས་བཀུར་བ་དང༌། འཕགས་པ་གནས་བརྟན་པའོ། །དེ་དག་ལ་དབྱེ་བ་དུ་ཡོད་ཅེ་ན། བཅོ་བརྒྱད་དོ། །བཅོ་བརྒྱད་པོ་གང་དག །ཇི་ལྟར་ན་བཅོ་བརྒྱད་དུ་འགྱུར་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་དབྱེ་བ་བཞིའོ། །དེ་བསྟན་པར་བྱ་སྟེ། འོད་སྲུངས་ཞེས་བྱས་སྲུང་དང༌། །ཆོས་སྲུང་བ་ཞེས་བྱ་བ་དང༌། །གཞི་ཀུན་ཡོད་པར་སྨྲ་བ་སྟེ། །ལྟ་བའི་བྱེ་བྲག་འབའ་ཞིག་གི །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །དགེ་འདུན་ཕལ་ཆེན་དབྱེ་བ་ནི། །དྲུག་སྟེ་ཤར་གྱི་རི་བོ་དང༌། །དེ་བཞིན་ནུབ་རི་ཞེས་བྱ་དང༌། །གང་གནས་ཞེས་བྱ་དེ་ལས་གཞན།།


DTG167_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། །གཞན་ནི་དེ་བཞིན་བཏགས་པར་སྨྲ། །འཇིག་རྟེན་འདས་སྨྲ་ཞེས་བྱ་བ། །དེ་དག་ཏུ་ནི་ཡང་དག་སྨྲས། །མང་པོས་བཀུར་བའི་བྱེ་བྲག་ནི། །རྣམ་པ་ལྔར་ནི་མཁས་པས་བསྒྲགས། །གོས་དམར་བ་དང་སྲུང་བ་པ། །ཀུ་རུ་ཀུལླེ་དེ་ལས་གཞན། །མང་དུ་ཐོས་པ་ཞེས་བྱ་དང༌། །གནས་མ་བུ་ཞེས་བྱ་བའོ། །རྒྱལ་བྱེད་ཚལ་ན་གནས་པ་དང༌། །འཇིགས་མེད་རི་ལ་གནས་པ་དང༌། །གཙུག་ལག་ཁང་ཆེན་ལ་གནས་དང༌། །གནས་བརྟན་དབྱེ་བ་གསུམ་དུ་འདོད། །དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་ངེས་པ་ཡིན། །རྟེན་དུ་ཞེ་ན། བཞི་སྟེ། བཞི་པོ་གང་དག་ཅེ་ན། གོས་ཕྱག་དར་ཁྲོད་ལ་བརྟེན་པ་དང༌། ཟས་བསོད་སྙོམས་ལ་བརྟེན་པ་དང༌། གནས་མལ་ཤིང་དྲུང་ལ་བརྟེན་པ་དང༌། །སྨན་བཀུས་ཏེ་བོར་བ་ལ་བརྟེན་པའོ། །ལྟུང་བར་གྱུར་པའི་ཆོས་དུ་ཞེ་ན། བཞི་སྟེ། བཞི་པོ་གང་དག་ཅེ་ན། མི་ཚངས་པར་སྤྱོད་པ་དང༌། གཞན་གྱི་ནོར་འཕྲོག་པ་དང༌། མིའི་སྲོག་གཅོད་པ་དང༌། མིའི་ཆོས་བླ་མ་སྨྲ་བའོ། །དགེ་སྦྱོང་དུ་བྱེད་པའི་ཆོས་དུ་ཞེ་ན། བཞི་སྟེ། བཞི་པོ་གང་དག་ཡིན་ཞེ་ན། གཤེ་བ་ལ་ཡང་སླར་མི་གཤེ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བ་དང༌། བརྡེགས་ཀྱང་སླར་མི་རྡེག་པ་དང༌། མཚང་བྲུས་ཀྱང་སླར་མི་བྲུ་བའོ། །ལྟུང་བ་རིས་དུ་ཡོད་ཅེ་ན། ལྔ་སྟེ། ལྔ་པོ་གང་དག་ཅེ་ན། ཕས་ཕམ་པར་འགྱུར་བའི་རིས་དང༌། དགེ་འདུན་ལྷག་མའི་རིས་དང༌། ལྟུང་བྱེད་ཀྱི་རིས་དང༌། སོ་སོར་བཤགས་པའི་རིས་དང༌། བསླབ་པའི་རིས་ཞེས་བྱ་བའོ། །དེ་ལ་ཕས་ཕམ་པར་འགྱུར་བ་དུ་ཡོད་ཅེ་ན། བཞི་སྟེ། བཞི་པོ་གང་དག་ཡིན་ཞེ་ན། མི་ཚངས་པར་སྤྱོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་གསོད་པ་དང༌། མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མའི་ཆོས་དུ་ཡོད་ཅེ་ན། བཅུ་གསུམ་མོ། །བཅུ་གསུམ་པོ་གང་དག་ཡིན་ཞེ་ན། འབྱིན་པ་དང། ལུས་ཀྱིས་རེག་པ་དང༌། འཁྲིག་ཚིག་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། སྨྱན་བྱེད་པ་དང༌། ཁང་པ་རྩིག་པ་དང༌། གཙུག་ལག་ཁང་རྩིག་པ་དང༌། གཞི་མེད་པའི་ཆོས་ཀྱིས་སྨྲ་བ་དང༌། གཞན་གྱི་ཆ་དང་མཐུན་པས་རྗེས་སུ་སྨྲ་བ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་


DTG167_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བར་བྱེད་པའོ། །ལྟུང་བྱེད་ཀྱི་ཆོས་དུ་ཡོད་ཅེ་ན། བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག་པའོ། །སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་གང་དག་ཡིན། ལྟུང་བ་འབའ་ཞིག་དགུ་བཅུ་ནེ་གང་དག་ཡིན། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་ནི་གོས་འཆང་བ་དང༌། འབྲལ་བ་དང༌། ཟླ་བ་གཅིག་ལས་ལྷག་པ་དང༌། འཁྲུར་འཇུག་པ་དང༌། ལེན་པ་དང༌། སློང་བ་དང༌། སྟོད་གཡོགས་སྨད་གཡོགས་མཐར་ཐུག་པ་ལས་ལྷག་པ་དང༌། མ་བསྟབས་པའི་གོས་ཀྱི་རིན་དང༌། སོ་སོ་བ་དང༌། གོས་ཀྱི་རིན་བསྐུར་བ་ཞེས་བྱ་བའོ། །སྲིན་བལ་དང༌། ནག་པོ་འབའ་ཞིག་དང༌། ཆ་གཉིས་དང༌། ལོ་དྲུག་དང༌། གདིང་བ་མཐོ་གང་མ་གླན་པ་དང༌། བལ་ཁུར་བ་དང༌། བལ་གྱི་ལས་དང༌། གསེར་དངུལ་ལེན་པ་དང༌། མངོན་མཚན་ཅན་དང༌། ཉོ་ཚོང་ངོ༌། །ལྷུང་བཟེད་ལྷག་པ་འཆང་བ་དང༌། ལྷུང་བཟེད་གཞན་ཚོལ་བ་དང༌། འཐག་པ་དང༌། འཐག་པ་བསྐྱེད་པ་དང༌། བྱིན་འཕྲོག་དང༌། བརྟད་པ་ལས་བྱུང་བ་དང༌། ཞག་དྲུག་ལས་ལྷག་པར་འབྲལ་བ་དང༌། དབྱར་གྱི་གོས་རས་ཆན་གྱི་དང༌། བསྔོས་པ་གཞན་དུ་བསྐྱུར་བ་དང༌། ཞག་བདུན་བ་ཞེས་བྱ་བ་དག་གོ །ལྟུང་བ་འབའ་ཞིག་དགུ་བཅུ་གང་དག་ཡིན་ཞེ་ན། བརྫུན་དུ་སྨྲ་བ་དང༌། དགེ་སློང་གི་སྐྱོན་སྨྲ་བ་དང༌། དགེ་སློང་གི་དབྱེན་དང༌། ལས་དཀྲུགས་པ་དང༌། སྟོན་པ་དང༌། འདོན་པ་དང༌། གནས་ངན་ལེན་བརྗོད་པ་དང༌། མི་ཆོས་བླ་མ་སྒྲོགས་པ་དང༌། སྐུར་པ་འདེབས་པ་དང༌། བསླབ་པ་ལ་ཁྱད་དུ་གསོད་པའོ། །ས་བོན་འཇོམས་པ་དང༌། འཕྱ་བ་དང༌། བསྒོ་བ་དང༌། མལ་ཁྲི་དང༌། གདིང་བ་དང༌། གཙུག་ལག་ཁང་ནས་སྐྲོད་པ་དང༌། ཕྱིས་གནོན་བྱེད་པ་དང༌། རྐང་པ་དབྱུང་བའི་ཁྲི་ལ་འདུག་པ་དང༌། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང༌། གཙུག་ལག་ཁང་ཞེས་བྱ་བའོ། །མ་བསྐོས་པར་སྟོན་པ་དང༌། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་དང༌། གོས་སྦྱིན་པ་དང༌། གོས་བྱེད་པ་དང༌། དགེ་སློང་མ་དང་བཅས་པའི་ལམ་དང༌། དགེ་སློང་མ་དང་བཅས་པའི་ཆུ་ལ་འགྲོ་བ་དང༌། བུད་མེད་དང་སྟན་གཅིག་པ་དང༌། དགེ་སློང་མ་དང་གནས་གཅིག་པ་དང༌། དགེ་


DTG167_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མས་ཉེ་བར་སྦྱོར་དུ་བཅུག་པའི་ཟས་སོ། །ཟས་ཡང་ཡང་ཟ་བ་དང༌། འདུག་གནས་གཅིག་ཏུ་ལྷག་པར་ཟ་བ་དང༌། ལྟུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་དང༌། སྟན་གཅིག་པའི་ཟས་དང༌། སྤངས་པ་ལ་སྟོབས་པ་དང༌། འདུས་ཤིང་ཟ་བ་དང༌། དུས་མ་ཡིན་པར་ཟ་བ་དང༌། སོགས་འཇོག་ཟ་བ་དང༌། བྱིན་ལེན་མ་བྱས་པར་ཟ་བ་དང༌། བསོད་པ་བླངས་ནས་ཟ་བའོ། །ཡང་སྲོག་ཆགས་ཡོད་པའི་ཆུ་ལ་སྤྱོད་པ་དང༌། ཉལ་པོ་བྱེད་པར་འདུག་པ་དང༌། དེར་འགྲེང་བ་དང༌། གཅེར་བུ་པ་ལ་སྦྱིན་པ་དང༌། དམག་ལ་ལྟ་བ་དང༌། དེར་ཞག་གཉིས་ལས་ལྷག་པར་གནས་པ་དང༌། དེར་ཡང་བཤམས་པ་དཀྲུགས་པ་དང༌། རྡེག་པ་དང༌། གཟས་པ་དང༌། དགེ་སློང་གི་ལྟུང་བ་འཆབ་པའོ། །ཟས་གཅོད་པ་དང༌། མེ་ལ་རེག་པ་དང༌། འདུན་པ་ཕྱིར་ལེན་པ་དང༌། བསྙེན་པར་མ་རྫོགས་པ་དང༌། ནུབ་གཉིས་ལས་ལྷག་པར་ཉལ་བ་དང། བར་ཆད་ཀྱི་ཆོས་བར་དུ་མི་གཅོད་ཟེར་བ་དང༌། དེ་དང་གནས་གཅིག་ཏུ་ཉལ་བ་དང༌། དགེ་ཚུལ་བསྙིལ་བསྡུད་པ་དང༌། ཁ་དོག་མ་བསྒྱུར་བ་དང༌། གཞན་གྱི་རིན་པོ་ཆེ་ལ་རེག་པ་དང༌། ཁྲུས་ཡང་ཡང་བྱེད་པའོ། །དུད་འགྲོ་གསོད་པ་དང༌། འགྱོད་པ་བསྐྱེད་པ་དང༌། གཡའ་དགག་པ་དང༌། ཆུ་ལ་རྩེ་བ་དང༌། བུད་མེད་དང་ལྷན་ཅིག་ཉལ་བ་དང༌། སྡངས་པར་བྱེད་པ་དང༌། སྦེད་པ་དང༌། གདེང་མེད་པར་སྤྱོད་པ་དང༌། གཞི་མེད་པར་སྐུར་བ་དང༌། བུད་མེད་དང་འགྲོན་ལམ་དུ་འགྲོགས་པའོ། །རྐུན་མ་དང་འགྲོགས་པ་དང༌། ལོ་མ་ཚང་བར་བསྙེན་པར་རྫོགས་པ་དང༌། ས་རྐོ་བ་དང༌། ལྷག་པར་བདག་གིར་བྱེད་པ་དང༌། བསླབ་པ་སྟོན་པ་ལས་ཕྱིར་ཟློག་པ་དང༌། ཉན་རྣས་འདུག་པ་དང༌། མི་སྨྲ་བར་འགྲོ་བ་དང༌། མ་གུས་པ་དང་ཆང་འཐུང་བ་དང༌། དུས་མ་ཡིན་པར་སྤྱོད་པ་ཞེས་བྱ་བའོ། །གྲོང་དུ་རྒྱུ་བ་དང༌། རྒྱལ་པོའི་ཁྱིམ་དུ་ནུབ་མོ་འགྲོ་བ་དང༌། བསླབ་པའི་གཞི་འདོན་པ་ན་རྒོད་པས་གནས་པ་དང༌། ཁབ་རལ་སྒྲུབ་པ་དང༌། ཁྲི་རྐང་མཐོན་པོ་བྱེད་པ་དང༌། ཤིང་བལ་བཏིང་བ་དང༌། གདིང་བ་དང་གཡན་པ་དག་དགབ་པ་དང༌། དབྱར་གྱི་གོས་རས་ཆེན་གྱི་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་དག་གོ །སོ་སོར་བཤགས་པའི་ཆོས་དུ་ཡོད་ཅེ་ན། བཞི་


DTG167_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དགེ་སློང་མ་ལ་བསོད་སྙོམས་ལེན་པ་དང༌། དེ་ཞལ་ཏ་བྱེད་པ་ལ་མ་བསྒོ་བར་ཟ་བ་དང༌། ཁྱིམ་སྡོམ་པས་བསྡམས་པ་འདྲལ་བ་དང༌། དགོན་པ་འཇིགས་པ་དང་བཅས་པའི་ཞེས་བྱའོ། །བསླབ་པའི་ཆོས་དུ་ཞེ་ན། བརྒྱ་རྩ་བཅུ་གཉིས་ཏེ། གང་དག་ཅེ་ན། ཤམ་ཐབས་ལ་ཡང་རྣམ་བདུན་ཏེ། ཀུན་ནས་ཟླུམ་པོར་བགོ་བ་དང༌། ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་དང༌། གླང་པོ་ཆེའི་སྣ་ལྟ་བུ་དང༌། རྟ་ཡའི་ལོ་མ་ལྟ་བུ་དང༌། འབྲུའི་ཕུར་མ་ལྟ་བུ་དང༌། སྦྲུལ་མགོའི་གདེངས་ཀ་ལྟ་བུར་མ་ཡིན་པར་ཅིག་ཅར་བསླབ་པར་བྱའོ། །དེ་ལ་ཆོས་གོས་ལ་ཡང་རྣམ་པ་གསུམ་སྟེ། ཆོས་གོས་ཟླུམ་པོར་བགོ་བ་དང༌། ཧ་ཅང་རྩེངས་པ་དང༌། འཇོལ་བ་མ་ཡིན་པར་བགོ་བའོ། །ཤིན་ཏུ་བསྡམས་པ་ལ་སོགས་པ་ནི་ལྔ་སྟེ། ཁྱིམ་དུ་འགྲོ་བའི་བསླབ་པའོ། །ཤིན་ཏུ་བསྡམས་པ་དང༌། ལེགས་པར་བགོས་པ་དང༌། སྒྲ་བསྐྱུང་བ་དང༌། མིག་མི་གཡེངས་པ་དང༌། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བའོ། །མགོ་གཡོགས་པ་ལ་སོགས་པ་ནི་ལྔ་སྟེ། ཁྱིམ་དུ་འགྲོ་བའི་བསླབ་པའོ། །མགོ་མི་གཡོགས་པ་དང༌། མི་བརྫེ་བ་དང༌། མི་གཟར་བ་དང༌། གཉའ་གོང་དུ་མི་བསྣོལ་བ་དང༌། ལྷག་པར་མི་བསྣོལ་བའོ། །མི་མཆོད་བ་ལ་སོགས་པ་ལྔ་ཡང༌། ཁྱིམ་དུ་འགྲོ་བའི་བསླབ་པ་སྟེ། མི་མཆོང་བ་དང༌། མི་བརྐྱང་བ་དང༌། ཙོག་པུས་མ་ཡིན་པ་དང༌། བྲང་བས་མ་ཡིན་པ་དང༌། དཀུར་མི་བརྟེན་པའོ། །ལུས་ལ་སོགས་པ་ལྔ་ཡང༌། ཁྱིམ་དུ་འགྲོ་བའི་བསླབ་པ་སྟེ། ལུས་མི་བསྒྱུར་བ་དང༌། ལག་པ་མི་ཀྱོག་པ་དང༌། མགོ་མི་བསྒྱུར་བ་དང། ཕྲག་པ་མི་སྤྲད་པ་དང༌། ལག་པ་མི་སྦྲེལ་བའོ། །འདུག་པར་བྱ་བ་སྟན་ནི་དགུ་སྟེ། ཁྱིམ་དུ་འདུག་པའི་བསླབ་པའོ། །སྟན་ལམ་བསྐོ་བ་དང༌། མ་བརྟགས་པ་དང༌། ལྗིད་ཀྱིས་མི་དབབ་པ་དང༌། རྐང་པ་མི་བསྣོལ་བ་དང༌། བརླ་མི་བསྣོལ་བ་དང༌། ལོང་དུ་མི་བརྩེགས་པ་དང༌། རྐང་པ་མི་དགུག་པ་དང༌། རྐང་པ་མི་གདངས་པ་དང༌། མདོམས་མི་བསྟན་པའོ། །བྱིན་ལེན་བྱ་བ་ནི་བརྒྱད་དེ། ཟས་བླང་བའི་དུས་ཀྱི་བསླབ་པའོ། །ལེགས་པར་ཟས་བླང་བ་དང༌། མུ་དང་མཉམ་པར་མ་ཡིན་པ་དང༌། ཚོད་མ་དང་མཉམ་པར་མ་ཡིན་བ་དང༌། མཐར་ཚིགས་དང༌། ལྷུང་


DTG167_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ལ་བལྟ་བ་དང༌། མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང༌། འདོད་པའི་ཕྱིར་ཕན་ཚུན་མི་དགབ་པ་དང༌། བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་རོ། །ཟས་ལ་ལེགས་པར་བྱ་བ་དྲུག་ནི། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། ལེགས་པར་ཟས་བཟའ་བ་དང༌། ཁམ་ཧ་ཅང་མི་ཆེ་བ་དང༌། ཆུང་བ་མ་ཡིན་པ་དང༌། རན་པ་དང༌། མ་གཟས་པར་ཁ་མི་གདངས་པ་དང༌། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བའོ། །ཙུག་ཙུག་ལ་སོགས་པ་ལྔ་ཡང༌། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། ཙུག་ཙུག་དང༌། ལྕག་ལྕག་དང༌། ཧུ་ཧུ་དང༌། ཕུ་ཕུ་མི་བྱ་བ་དང༌། ལྕེ་ཕྱུང་སྟེ་ཟས་མི་ཟ་བའོ། །འབྲུ་ནས་ཐ་དད་བྱེད་པ་ལྔ་ཡང༌། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། འབྲུ་ནས་ཐ་དད་དུ་མ་ཡིན་པ་དང༌། འཕྱས་མི་གདགས་པ་དང༌། མཁུར་བ་མི་སྤོ་བ་དང༌། རྐན་མི་གཏོགས་པ་དང༌། ཁམ་འཕྲོར་མི་གཅད་པར་ཟས་བཟའ་བའོ། །ལག་པ་ལྡག་པ་ལ་སོགས་པ་ལྔ་ཡང༌། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ་ལག་པ་མི་སྤྲུགས་པ་དང༌། ལྷུང་བཟེད་མི་བྱོག་པ་དང༌། ལག་པ་མི་ལྡག་པ་དང༌། ལྷུང་བཟེད་མི་བསྐྱམ་པ་དང༌། མཆོད་རྟེན་འདྲ་བ་བཅོམ་སྟེ་མི་བཟའ་བའོ། །འཕྱས་ལ་སོགས་པ་རྣམ་པ་བཞི་ནི། གཞན་གྱི་སེམས་བསྲུང་བ་ལ་སོགས་པའི་བསླབ་པ་སྟེ། འཕྱས་ཀྱི་བསམ་པས་མི་བལྟ་བ་དང༌། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བ་དང༌། ཟས་དང་འབགས་པས་དྲུང་ན་མོ་ལ་མི་གཏོར་བ་དང༌། མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ་སྟེ། ལྷུང་བཟེད་ཀྱི་བསླབ་པ་སྟེ་ཟས་ཀྱི་ལྷག་མ་ལྷུང་བཟེད་ཀྱིས་མི་དོར་བ་དང༌། གཞི་མེད་པར་ལྷུང་བཟེད་མི་གཞག་པ་དང༌། གད་ཁར་མ་ཡིན་པ་དང༌། གཡང་སར་མ་ཡིན་པ་དང༌། དཀན་གཟར་པོར་ལྷུང་བཟེད་མི་གཞག་པ་དང༌། འགྲེང་སྟེ་མི་བཀྲུ་བ་དང། གད་ཁ་དང༌། གཡང་ས་དང༌། དཀན་གཟར་བོ་མ་ཡིན་པར་ལྷུང་བཟེད་གཞག་པར་བྱ། རྒྱུན་ལས་བཟློག་སྟེ་མི་བཅུ་བར་བསླབ་པར་བྱའོ། །འགྲེང་བར་བྱེད་པ་ལ་སོགས་པ་ལྔ་ནི། ཆོས་བཤད་པའི་དུས་ཀྱི་བསླབ་པ་སྟེ། མི་ན་བར་འདུག་པ་དང༌། ཉལ་བ་དང༌། སྟན་


DTG167_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་པོ་ལ་འདུག་པ་དང༌། མདུན་དུ་འགྲོ་བ་དང༌། ལམ་ནས་འགྲོ་བ་ལ་འགྲེང་བ་དང༌། འདུག་པ་དང༌། དམའ་བ་ལ་འདུག་པ་དང༌། ཕྱི་ནས་འགྲོ་བ་དང༌། འགྲམ་ནས་འགྲོ་བ་ལ་ཆོས་མི་བཤད་པའོ། །མགོ་གཡོགས་པ་རྣམ་པ་ལྔ་ཡང༌། ཆོས་བཤད་པའི་དུས་ཀྱི་བསླབ་པ་སྟེ། མི་ན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉར་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་དོ། །དོ་ཀེར་ཅན་ལ་སོགས་པ་ལྔ་ཡང༌། དུས་དེའི་བསླབ་པ་སྟེ། མི་ན་བར་སྐྲ་དོ་ཀེ་ར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། ཕྲེང་བ་ཅན་དང། དཀྲིས་པ་ལ་ཆོས་མི་བཤད་དོ། །གླང་ཆེན་ལ་སོགས་པ་བཞོན་བ་ལྔ་ཡང༌། དུས་དེའི་བསླབ་པ་སྟེ། གླང་པོ་ཆེ་དང༌། རྟ་དང༌། ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་རྣམས་ལ་ཆོས་མི་བཤད་དོ། །ལག་ན་འཁར་བ་ལ་སོགས་དྲུག་འདི་ཡང་དེའི་དུས་ཀྱི་བསླབ་པ་སྟེ། མི་ན་བར་ལག་ན་འཁར་བ་དང༌། གདུགས་དང༌། མཚོན་ཆ་དང༌། རལ་གྲི་དང༌། དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད་དོ། །ན་བ་རྣམ་པ་བཞི་རྣམས་ཏེ། མི་ན་བའི་དུས་ཀྱི་བསླབ་པར་བྱའོ། །མི་ན་བར་འགྲེང་བས་དུས་ཀྱིས་བཤང་གཅི་མི་བྱ། ཆུའི་ནང་དུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་རོ། །རྩྭ་སྔོན་པོ་ལ་དེ་དག་མི་དོར་རོ། །གནོད་པ་མ་བྱུང་བར་ཤིང་ལ་མི་གང་ལས་འཐོར་མི་འཛེག་པར་བསླབ་པར་བྱའོ། །དེ་ལྟ་བུའི་བསླབ་པའི་གནས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལྷག་པ་འདི་དག་བསྲུངས་ཤིང་མ་འདས་ན་དེའི་འབྲས་བུ་ནི་གང༌། ཕན་ཡོན་ནི་ཅི་ཡོད། གང་གིས་མ་བསྲུངས་ཤིང་འདས་པ་དེ་དག་གི་རྣམ་པར་སྨིན་པ་ནི་གང་ཡིན་ཉེས་དམིགས་ནི་ཅི་ཡོད་ཅེ་ན། དེ་ལ་གང་བསྲུངས་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར། འཆི་བའི་དུས་བྱེད་པའི་ཚེ་འགྱོད་པ་མེད་པར་འགྱུར་རོ། །དེ་ལ་ཕས་ཕམ་པར་འགྱུར་བ་བསྲུངས་ན། ལུས་ཞིག་པའི་འོག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་འདུན་ལྷག་མ་བསྲུངས་ན་ལུས་


DTG167_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པའི་འོག་ཏུ་འཕྲུལ་དགའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ལ་ལྟུང་བ་སྦོམ་པོ་བསྲུངས་ན་ལུས་ཞིག་པའི་འོག་ཏུ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ལྟུང་བྱེད་བསྲུངས་ན་འཐབ་བྲལ་དུ་སྐྱེའོ། །སོ་སོར་བཤགས་པ་བསྲུངས་པས་ནི་སུམ་ཅུ་རྩ་གསུམ་པའོ། །བསླབ་པའི་ཆོས་བསྲུངས་པས་ནི་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷར་སྐྱེའོ། །གལ་ཏེ་ཡང་དག་པར་བསྟེན་ན་ནི་མྱ་ངན་ལས་འདས་སོ། །དེ་ལ་དེ་དག་མ་བསྲུངས་པས་ནི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྨད་པར་འགྱུར། འགྱོད་པ་དང་བཅས་པས་འཆི་བའི་དུས་བྱེད་པར་འགྱུར་རོ། །ཕས་ཕམ་པར་འགྱུར་བ་ལས་འདས་པས་ནི། ཚ་བའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །ལྷག་མའི་ཆོས་ལ་ས་འདས་པས་ནི་ངུ་འབོད་ཆེན་པོར་རོ། །ལྟུང་བ་སྦོམ་པོ་ལས་འདས་པས་ནི་ངུ་འབོད་དུའོ། །ལྟུང་བྱེད་ལས་འདས་པས་ནི་བསྡུས་འཇོམས་སུའོ། །སོ་སོར་བཤགས་པ་ལས་འདས་པས་ནི་ཐིག་ནག་ཏུའོ། །བསླབ་པའི་ཆོས་ལས་འདས་པས་ནི་ཡང་སོས་སུ་སྐྱེའོ། །མ་ངེས་པ་ནི་གཉིས་ཏེ། དབེན་པ་སྐྱབས་ཡོད་འདུག་པའོ། །རྩོད་པ་ཞི་བར་བྱེད་པའི་ཆོས་དུ་ཡོད་ཅེ་ན། རྩོང་བ་ཞི་བར་བྱེད་པའི་ཆོས་ནི་བདུན་ཏེ། མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཡིད་བརྟན་པར་བྱ་བ་དུ་ཡོད་ཅེ་ན། ལྔ་སྟེ། ལྔ་གང་དག་ཅེ་ན། ཆུ་ཚགས་ཡིད་བརྟན་པ་དང༌། བཀོད་མ་ཡིད་བརྟན་པ་དང༌། ཡིད་ཆེས་པས་ཡིད་བརྟན་པ་དང༌། དགེ་སློང་ཡིད་བརྟན་པ་དང༌། དགེ་འདུན་ཡིད་བརྟན་པའོ། །ཡོངས་སུ་ལོངས་སྤྱོད་པ་དུ་ཡོད་ཅེ་ན། བཞི་སྟེ། བཞི་པོ་གང་དག་ཅེ་ན། བདག་པོ་ཡོངས་སུ་ལོངས་སྤྱོད་པ་དང༌། བྱིན་པ་ལེན་པ་ཡོངས་སུ་ལོངས་སྐྱེད་པ་དང༌། རྗེས་སུ་གནང་བ་ཡོངས་སུ་ལོངས་སྤྱོད་པ་དང༌། སྦྱིན་པོ་ཡོངས་སུ་ལོངས་སྤྱོད་པ་དང༌། མི་སྤྱོད་པའི་ཡོངས་སུ་ལོངས་སྤྱོད་པའི་ལྔ་པའོ། །ཡང་སྨྲས་པ། མི་སློབ་པ་ནི་བདག་པོར་བཤད། །སློབ་པ་ལེན་པ་སྤྱོད་པ་ཡིན། །བསམ་གཏན་ཀློག་དང་ལྡན་པ་ནི། །གཟི་བརྗིད་ལྡན་པས་རྗེས་གནང་


DTG167_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །སྐྱོན་པོ་སྤྱོད་པ་ལྷག་མ་སྟེ། །ལེ་ལོས་ཉམས་པའི་བདག་ཉིད་ཡིན། །གཙུག་ལག་ཁང་སོགས་ལོངས་སྤྱོད་ལ། །ཚུལ་འཆལ་རྣམས་ཀྱིས་སྤྱོད་པ་བཀག །གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ། དགུན་ཟླ་འབྲིང་བོ་དང༌། དཔྱིད་ཟླ་ར་བ་དང༌། ཐ་ཆུངས་དང༌། དབྱར་ཟླ་འབྲིང་པོ་དང༌། སྟོན་ཟླ་ར་བ་དང༌། ཐ་ཆུངས་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ལྷག་མ་རྣམས་ནི་བཅོ་ལྔ་པའོ། །དགེ་སློང་དང་པོའི་ལོ་དྲི་བ་རྫོགས་སོ།། །།དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག་དངོས་གྲུབ་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །།

འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ།
ཀ་ལྱཱ་ཎ་མི་ཏྲ།


DTG167_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ན་ཡ་པྲ་ཤྣ་ཀཱ་རི་ཀཱ། བོད་སྐད་དུ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པའི་ཉི་མ་ཐེ་ཚོམ་གྱི་མུན་པ་མང་པོ་མི་བཟད་པ་བསལ་བ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉི་མ་ཐེ་ཚོམ་གྱི། །མུན་འཇོམས་ཡུན་རིངས་ཕྱག་འཚལ་ནས། །འདུལ་བ་ལས་ནི་ལེགས་བཏུས་ཏེ། །དྲི་བ་ཀུན་ལས་བཏུས་པ་བཤད། །གང་ཞིག་འདུལ་བ་ལ་བརྙས་ཞིང། །དེ་རིག་པ་ལ་རྣམ་སྨོད་པ། །བདག་ཉིད་ལ་ཡང་སྙེམས་འཆང་བ། །དེ་ཡི་ཆེད་དུ་འདི་བརྗོད་དོ། །སེམས་ཅན་མི་ཡི་འགྲོ་བ་ཡིན། །བར་ཆད་རྣམས་ཀྱང་སྤངས་པ་ལ། །སྡོམ་པ་མི་འཆགས་པར་གསུངས་པ། །ཇི་ལྟ་བུ་ཡིན་བསྒྲིམས་ཏེ་སྨྲོས། །ཕ་མ་ཆེད་དུ་བསམས་གསོད་དང༌། །དགེ་སློང་མ་ནི་སུན་ཕྱུང་དང༌། །དགེ་འདུན་དབྱེན་བྱེད་སྡོམ་པ་ཡི། །ཞིང་དུ་གསུངས་པ་ཇི་ལྟ་བུ། །སྔོན་དུ་ཕམ་པ་བྱས་གྱུར་ལ། །དགེ་སློང་རྣམས་ལ་རབ་བསྒྲིམས་ཏེ། །བསྙེན་རྫོགས་གསོལ་བ་གང་ཡིན་པ། །དེ་ལ་ཇི་ལྟར་འཆགས་འགྱུར་སྨྲོས། །བསམ་པ་ཐག་པས་དཀོན་མཆོག་གསུམ། །ཕྱིར་སྤོང་བར་ནི་བྱེད་པ་ལ། །སྡོམ་པ་མེད་པར་མི་འགྱུར་བ། །ཅི་ཕྱིར་འདི་ལ་ལན་བརྗོད་ཅིག །སྔོན་དུ་ལས་ཀྱི་ཆོ་ག་ཡིས། །ལེགས་པར་བསྙེན་པར་རྫོགས་བྱས་ཏེ། །འཁྲིག་པ་བསྟེན་བ་བྱས་ནས་ཕྱིས། །ཅི་ཕྱིར་དགེ་སློང་མིང་མི་འདོར། །གང་


DTG167_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགེ་སློང་ཉིད་གནས་ཤིང༌། །འདོད་པ་ལ་ཡང་སྟེན་བྱེད་པ། །དེ་ལ་མཐར་མ་གསུངས་ཅི་ཕྱིར། །དྲི་ཡིས་དེ་ནི་བདག་ལ་སྨྲོས། །དགེ་སློང་གཅིག་པུ་ཟླ་མེད་པར། །གནས་ན་འདུག་པར་གྱུར་པ་ལ། །ཕས་ཕམ་འགྱུར་བ་ཇི་ལྟ་བུ། །སྡོམ་བརྩོན་སོམས་ཏེ་སྨྲ་བར་གྱིས། །གང་གིས་ཡན་ལག་ལྔ་ལྡན་པས། །གཞན་གྱི་ནོར་ནི་བརྐུ་བྱས་པས། །དེ་ལ་ཕམ་པར་མ་གསུངས་པ། །དེ་ནི་ཅི་ཕྱིར་གསལ་བར་སྨྲོས། །སྡོམ་བརྩོན་བློ་ལྡན་གང་ཞིག་གིས། །གཞན་རྫས་འགྲང་འདས་བརྐུས་པ་དེ། །ཅི་ཕྱིར་ཕམ་པར་མ་གསུངས་པ། །དེ་ནི་བདག་ལ་མྱུར་དུ་སྨྲོས། །སྡོམ་བརྩོན་རིན་ཐང་ཚང་བ་ཡི། །ཡོ་བྱད་གནས་ནས་མ་སྤངས་པར། །མཐར་འགྱུར་བ་ནི་ཅི་ཕྱིར་ཀྱེ། །བདག་ལ་ངེས་པར་ལེགས་པར་སྨྲོས། །སྡོམ་བརྩོན་རྐུ་བའི་སེམས་ཀྱིས་ནི། །མ་བྱིན་གནས་ནས་སྤགས་པ་ལ། །ཕས་ཕམ་མི་གསུང་ཇི་ལྟ་བུ། །ཁྱོད་ཀྱིས་བདག་ལ་རྒྱུ་སྨྲོས་ཤིག །དགེ་སློང་ཚུལ་ཁྲིམས་ལྡན་པ་ཡིས། །མ་བྱིན་ཡན་ལག་ལྔ་ལྡན་པར། །བརྐུས་ན་ལྟུང་བ་མེད་གསུངས་པ། །ཅི་ཕྱིར་ཁྱོད་ཀྱིས་ཐེ་ཚོམ་ཆོད། །དུད་འགྲོའི་མངལ་ན་གནས་པ་ཡི། །བུ་ནི་གསད་སེམས་ཀྱིས་བསད་ན། །ཐུབ་པ་དེ་ཉིད་མཁྱེན་པ་ཡིས། །ཕམ་འགྱུར་གསུངས་པ་ཇི་ལྟ་བུ། །སྡོམ་བརྩོན་གསད་པའི་སེམས་ལྡན་གྱིས། །མི་ཡི་མངལ་ནས་ལྟུང་བྱེད་པ། །ཕམ་བྱེད་མིན་གསུངས་ཇི་ལྟ་བུ། །གལ་ཏེ་ཁྱོད་ལ་མཐུ་ཡོད་སྨྲོས། །ཕམ་བསམས་བཞིན་གསད་པ་ལ། །ཕམ་འགྱུར་མིན་ཞིང་མནར་མེད་པའང༌། མིན་ཞེས་གསུངས་པ་ཅི་ཡི་ཕྱིར། །དེ་དྲིས་བདག་གི་མདུན་དུ་སྨྲོས། བརྡ་ཕྲད་མདུན་དུ་བདག་སངས་རྒྱས། །དགྲ་བཅོམ་སྟོན་པ་ཞེས་སྨྲས་པ། །ཕམ་པར་མ་གསུངས་ཅི་ཡི་ཕྱིར། །ཁོ་བོ་དོན་དུ་གཉེར་གྱིས་སྨོས། །ཁྱོད་འབྲས་ཐོབ་ཅེས་དེ་སྐད་འདྲིས། །དེ་བཞིན་ནོ་ཞེས་གསལ་སྨྲས་ན། །ཕམ་འགྱུར་བྱེད་པ་ཡིན་གསུངས་པ། །ཅི་ཕྱིར་དོན་བཞིན་སྨྲ་བར་གྱིས། །བརྡ་ཕྲད་པ་ཡི་མིའི་མདུན་དུ། །འབྲས་བུ་རྣམ་པ་བཞི་སྨྲས་པ། །དེ་ཉིད་གཟིགས་པས་མཐར་འགྱུར་བ། །ཅི་ཡི་ཕྱིར་ན་གསུངས་པ་ཡིན། །དགེ་སློང་འབྲས་ཅིག་སྨྲ་བྱ་ལས། །གལ་ཏེ་


DTG167_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གཞན་སྨྲས་ན། །མཐར་འགྱུར་བྱེད་པ་མིན་གསུངས་པ། །ཅི་ཕྱིར་རྒྱུ་འདི་སྨྲ་བར་གྱིས། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས་ལེའུ་དང་པོའོ།། །།ཡན་ལག་བཅུ་ལྡན་འབྱིན་བྱེད་པ། །དགེ་འདུན་ལྷག་མ་བྱེད་པ་ཞེས། །བདེ་བར་གཤེགས་པས་མ་གསུངས་པ།། ཇི་ལྟར་རྒྱུ་ནི་བདག་མདུན་སྨྲོས། །འདོད་ཆགས་ལ་སོགས་མཚུངས་ལྡན་པའི། །སེམས་ཀྱིས་བུད་མེད་བཟོད་པ་ལ། །རེག་པ་དགེ་འདུན་ལྷག་མ་ཞེས། །ཐུབ་པས་མ་གསུངས་ཇི་ལྟ་བུ། །སྡོམ་བརྩོན་བསམས་བཞིན་དགེ་འདུན་གྱི། །ལྷག་མ་བྱས་ནས་ཆོ་ག་བཞིན། །བཤགས་པ་ལ་སོགས་མ་བྱས་པར། །ངག་གསུང་ཅི་ཕྱིར་ངེས་པར་སྨྲོས། །གང་ཟག་གཅིག་ལ་སྤོ་བ་དང༌། །སྤྱད་པ་ཉིད་དེ་བཞིན་པོ་དག །གང་གིས་སྲིད་པར་སྨྲ་བར་གྱིས། །ཇི་སྲིད་འཚོ་བར་རང་གི་གོས། །རབ་ཏུ་མང་པོ་མ་བསྔོས་ཤིང༌། །བྱིན་མ་བརླབས་པར་འཆང་ཡང་ནི། །དྲི་མ་མེད་པར་ཇི་ལྟར་བཞེད། །ཐ་དད་གནས་ནི་སྤངས་པའི་གནས། །གཅིག་ན་གནས་པའི་དགེ་སློང་ལ། །འབྲེལ་བའི་དྲི་མས་དྲི་མ་དང༌། །བཅས་པར་གྱུར་པ་ཇི་ལྟ་བུ། །ཟླ་བས་སྤང་གོས་དགེ་སློང་གིས། །ཇི་སྲིད་འཚོ་བར་མ་སྤངས་ན། །ཅི་ཕྱིར་ལྟུང་བ་མེད་པ་ཞེས། །གསུངས་པ་དྲི་ཡིས་གསལ་བར་སྨྲོས། །སྡོམ་བརྩོན་ཅན་ནི་ཕ་མ་ལས། །ཆོས་གོས་རུང་བ་བླངས་བྱས་ནས། །ཅི་ཕྱིར་སྤངས་པའི་ཉེས་པ་ཡིས། །དྲི་མ་ཅན་དུ་གྱུར་པར་གསུངས། །ཞག་བདུན་པ་ཡི་སྨན་དག་ནི། །ཇི་སྲིད་འཚོ་བའི་བར་བཅངས་ན། །ཇི་ལྟར་སྡོམ་བརྩོན་ལྟུང་མེད་པར།། གསུངས་པའི་དོན་དེ་སྨྲ་བར་གྱིས། །ཤེས་བཞིན་དུ་ནི་བརྫུན་གྱི་ཚིག །སྨྲས་ན་ལྟུང་བྱེད་མེ་ཡིས་ནི། །ཅི་ཡི་ཕྱིར་ན་སྡོམ་བརྩོན་ཅན། །ཤིན་ཏུ་སྲེག་མིན་གསལ་པོར་སྨྲོས། །དགེ་སློང་གིས་ནི་དགེ་སློང་ལ། །སྐྱོན་ནས་སྨྲ་བར་བྱེད་པ་ལ། །ཀུན་མཁྱེན་ཐུབ་པས་ཅི་ཡི་ཕྱིར། །ལྟུང་བྱེད་མ་གསུངས་ངེས་པར་སྨྲོས། །དགེ་སློང་ཉོན་མོངས་ཅན་སེམས་ཀྱིས། །དགེ་སློང་གིས་སྨྲས་ཕྲ་མ་ནི། །དགེ་སློང་ལ་བྱས་ཐུབ་པ་ཡིས། །ཇི་ལྟར་དག་གསུངས་ཁྱོད་བཅོལ་སྨྲོས། །སྡོམ་བརྩོན་གྱིས་ནི་རུང་བ་ཡི། །ས་བོན་རྣམ་པ་ལྔ་ཟོས་ན། །ཇི་ལྟར་ལྟུང་བྱེད་བྱེད་པར་གསུངས། །


DTG167_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བརྩོན་གྱིས་ནི་བསྒྲིམས་ཏེ་སྨྲོས། །གཡོགས་མ་མེད་པར་དགེ་འདུན་གྱིས། །གནས་མལ་རུང་བ་བཤམས་ནས་ནི། །མ་བྲུབས་མ་བལྟབས་པར་སོང་ན། །ཇི་ལྟར་བུར་ན་དག་པ་གསུངས། །སྡོམ་བརྩོན་གྱི་ནི་རུང་བའི་གོས། །ཉེ་དུ་མིན་པའི་དགེ་སློང་མ། །བྱིན་ལ་ལྟུང་བ་མེད་པ་ཞེས། །གསུངས་པ་ཅི་ཕྱིར་ངེས་པར་སྨྲོས། །མཚན་གཅིག་གནས་པའི་དགེ་སློང་དག །མང་པོ་ཁ་ཟས་མ་བསྲུལ་དང༌། །ཐ་དད་ཟ་བ་ཅི་ཡི་ཕྱིར། །དག་པར་གསུངས་པ་གསལ་བར་སྨྲོས། །ཁ་ཟས་བཅའ་བར་བྱ་ལ་སོགས། །རུང་བ་དུས་མིན་ཟ་བྱེད་པ། །ཇི་ལྟར་དག་པ་ཞེས་གསུངས་པ། །ཐེ་ཚོམ་གཏན་ལ་དབབ་པར་གྱིས། །དགེ་སློང་ཆོ་ག་སྔོན་འགྲོ་བའི། །བྱིན་ལེན་བྱས་ནས་ཟ་བྱེད་པ། །ཇི་ལྟར་ལྟུང་དང་བཅས་ཞེས་གསུངས། །ཁྱོད་ལ་མཐུ་ཡོད་གསལ་བར་སྨྲོས། །དགེ་སློང་གིས་ནི་དགེ་སློང་ལ། །ཉོན་མོངས་སེམས་ཀྱིས་རྡེག་བྱེད་པ། །ཐུབ་པས་ཇི་ལྟར་ཉེས་བྱས་གསུངས། །ཁྱོད་ཀྱིས་གསལ་བར་ལན་ཐོབ་ཅིག །སྡོམ་བརྩོན་མེ་ལ་རེག་བྱེད་པ། །ཀུན་མཁྱེན་ཐུགས་རྗེ་ལྡན་པ་ཡིས། །ཅི་ཕྱིར་ལྟུང་བ་ཉེས་བྱས་གསུངས། །དྲི་ཡིས་ངེས་པར་སྨྲ་བར་གྱིས། །དགེ་སློང་ནུབ་གཉིས་ལས་ལྷག་པར། །བསྙེན་པར་རྫོགས་དང་བྲལ་བ་དང༌། །ཉལ་བར་བྱེད་པ་ཇི་ལྟ་བུར། །ཉེས་བྱས་ལྟུང་བར་བྱེད་པར་འགྱུར། །སྡོམ་བརྩོན་ཚོན་རྩི་སྣ་གསུམ་གྱིས། །ཁ་མ་བསྒྱུར་བའི་གོས་གྱོན་པ། །ཅི་ཕྱིར་ལྟུང་བ་མེད་གསུངས་པ། །ཁོ་བོས་བཅོལ་གྱི་ཁྱོད་སྨྲོས་ཤིག །སྡོམ་བརྩོན་ཚོན་རྩི་སྣ་གསུམ་གྱིས། །ལེགས་པར་ཁ་བསྒྱུར་གོས་གྱོན་པ། །ཅི་ཕྱིར་ལྟུང་བ་བཅས་གསུངས་པ། །ཐེ་ཚོམ་གྱི་ནི་མཆོག་ཆོད་ཅིག །སྡོམ་བརྩོན་རིན་ཆེན་ལ་རེག་ན། །ཇི་ལྟར་དགེ་འདུན་ལྷག་མ་དང༌། །སྦོམ་གསུངས་མཛའ་བོ་ཁོ་བོ་ཡི། །ཐེ་ཚོམ་བརྟན་པོ་མྱུར་དུ་ཆོད། །རིན་པོ་ཆེ་དང་དེ་སྨོས་ལ། །རེག་པའི་དགེ་སློང་ཇི་ལྟ་བུར། །ཉེས་བྱས་གསུངས་པ་ཁོ་བོ་ཡི། །ཐེ་ཚོམ་བསལ་བས་རངས་པར་གྱིས། །དགེ་སློང་རིན་ཆེན་ལ་རེག་པ། །ཐུབ་པས་ཇི་ལྟར་ལྟུང་མེད་ཅེས། །གསུངས་པ་ཁོ་བོ་དོན་གཉེར་ཁྱོད། །མྱུར་དུ་གསལ་བར་སྨྲ་བར་གྱིས། །སྡོམ་བརྩོན་རྟག་ཏུ་ཁྲུས་


DTG167_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །བདེ་བར་གཤེགས་པས་ཇི་ལྟ་བུར། །ཉེས་པ་ཅིར་ཡང་མ་གསུངས་ཁྱོད། །གལ་ཏེ་འདུལ་དོན་ཤེས་ན་སྨྲོས། །གལ་ཏེ་སྡོམ་ཅན་གྱིས་ནི་དུས། །བྱིན་གྱིས་བརླབས་ནས་བརྟག་བྱེད་ན། །ཐུབ་པ་ཐམས་ཅད་གཟིགས་པ་ཡིས། །ཇི་ལྟར་ལྟུང་དང་བཅས་པར་གསུངས། །དགེ་སློང་གིས་ནི་དགེ་སློང་ལ། །གཡའ་བསྒག་བསམ་པས་ག་ག་ཚིལ། །བྱེད་པ་ཅི་ཕྱིར་ཐུབ་པ་ཡིས། །ཉེས་བྱས་ལྟུང་གསུངས་བཅོལ་གྱིས་སྨྲོས། །ལོ་ནི་ཉི་ཤུ་མ་ལོན་པ། །བསྙེན་པར་རྫོགས་པར་བྱེད་པ་ལ། །ཇི་ལྟར་ལྟུང་བ་མེད་པ་དང༌། །དེ་དོན་གཉེར་ལའང་ཆགས་པར་གསུངས། །སྡོམ་བརྩོན་མྱོས་འགྱུར་འདུ་ཤེས་ཀྱིས། །ཆང་འཐུངས་ཇི་ལྟར་ཉེས་བྱས་ཀྱི། །ལྟུང་བར་གསུངས་བ་གལ་ཏེ་མཐུ། །ཡོད་ན་དོགས་པ་མེད་པས་སྨྲོས། །སྡོམ་བརྩོན་མཚན་མོ་རིན་ཆེན་དག །འདུག་བཞིན་དུ་ནི་རྒྱལ་པོ་ཡིས། །གཏན་བརྟེན་བཙུན་མོའི་གནས་ཡོད་ལ། །གཏུགས་ན་ཇི་ལྟར་ལྟུང་བ་མེད། །གྲོང་གནས་དགེ་སློང་མ་ལ་ནི། །སྡོམ་བརྩོན་དེ་ན་གནས་དག་གིས། །ཁ་ཟས་བླངས་ན་ཇི་ལྟ་བུར། །སོ་སོར་བཤགས་བྱའི་ཉེས་བྱས་གསུངས། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས་ལེའུ་གཉིས་པའོ།། །།དགེ་སློང་སོ་སོར་ཐར་པ་ཡི། །གདོན་པ་ལྔ་ཆར་མ་བཏོན་པར། །ཇི་ལྟར་དེ་ཡི་གསོ་སྦྱོང་བྱས། །དྲི་ཡི་ཁོ་བོ་ལ་སྨོས་ཤིག །སོ་སོར་ཐར་པ་མི་འདོན་ཅིང༌། །གཞན་གྱི་དྲུང་དུ་བྱིན་མི་རློབ། །ཅི་ཕྱིར་གསོ་སྦྱོང་བྱས་འགྱུར་འདིར། །བདག་ལ་ཐེ་ཚོམ་ཡོད་ཀྱིས་སྨྲོས། །དགེ་འདུན་རྙེད་པ་དགེ་སློང་ནི། །གཅིག་པུས་བླངས་ན་ཇི་ལྟ་བུར། །ཉེས་མེད་གསུངས་པ་ཁོ་བོ་ཡིས། །དོན་དུ་གཉེར་གྱིས་ཁྱོད་གསལ་སྨོས། །སྡོམ་བརྩོན་ཅན་གྱིས་དགེ་འདུན་གྱི། །རྙེད་པ་རུང་བ་བདག་གིར་བྱས། །ལྟུང་བཅས་ཞེས་གསུངས་རྒྱུ་ཅི་ཡོད། །འབད་དེ་བདག་ལ་སྨྲ་བར་གྱིས། །མཆོད་རྟེན་ལ་ཕུལ་རྙེད་པ་གང༌། །དེ་ལས་དགེ་སློང་གིས་བླངས་ན། ཇི་ལྟར་ལང་བ་མེད་པ་ཞེས། །རྒྱལ་བས་གསུངས་པ་སྡོམ་བརྩོན་སྨྲོས། །ཉན་ཐོས་ཀྱི་ལ་བསྔོས་པའི་རྫས། །སྡོམ་བརྩོན་མཆོད་རྟེན་ལས་བླངས་ན། །ཇི་ལྟར་ལྟུང་བ་དང་བཅས་པར། །ཐུབ་པས་གསུངས་པ་སྡོམ་བརྩོན་སྨྲོས། །སྤོ་བ་སྤྱོད་གཉིས་གནས་གཅིག་ན། །གནས་བྱེད་ཅི་ཕྱིར་


DTG167_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་མེད་ཉིད། །ཁྱོད་ལ་ནུས་པ་ཡོད་ཅེ་ན། །ཁོ་བོ་ལ་ནི་ཤིན་ཏུ་སྨྲོས། །ནམ་ཡང་ལྟུང་བ་མེད་ཅེས་པ། །ཅི་ཡི་ཕྱིར་ན་ཐུབ་པ་ཡིས། །སྤོ་བར་འོས་པ་ཡིན་པར་གསུངས། །བརྩེ་ལྡན་ཁྱོད་ནི་གསལ་བར་སྨྲོས། །ལྟུང་བ་ཡོད་པ་མ་ཡིན་ལ། །གལ་ཏེ་སྤོ་བ་སྦྱིན་བྱེད་ན། །ཅི་ཕྱིར་ཐུབ་པས་ལྟུང་མེད་གསུངས། །ཁོ་བོ་ལ་ནི་ངེས་པར་སྨྲོས། །གསར་བུས་རྒན་པོ་ལས་འདས་ན། །གནས་མལ་ལེན་པར་བྱེད་པ་ལ། །ཅི་ཕྱིར་ལྟུང་བ་མེད་པར་གསུངས། །ཁོ་བོ་ཐེ་ཚོམ་བཟློག་པར་གྱིས། །གནས་མལ་དེ་ཉིད་སྤྱོད་པ་ལ། །ཅི་ཡི་ཕྱིར་ན་ཐུབ་པ་ཡིས། །ཉེས་པ་མེད་དང་ཉེས་བྱས་གསུངས། །འབོད་དེ་གསལ་བར་སྨྲ་བར་གྱིས། །དགེ་འདུན་གྱི་ནི་གནས་མལ་ལ། །རང་གི་གོས་ཀྱིས་མ་གཡོགས་པར། །སྤྱོད་པ་ཅི་ལྟར་ལྟུང་མེད་གསུངས། །བརྟུལ་ཞུགས་ཅན་གྱིས་བདག་ལ་སྨྲོས། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས་ལེའུ་གསུམ་པའོ།། །།ལྟུང་བ་རྣམ་པར་རིག་བྱེད་དམ། །ཅི་ཞིག་གཟུགས་ཅན་བསྟན་ཡོད་དམ། །ཐོགས་དང་བཅས་སམ་ཟག་བཅས་སམ། །འདུས་བྱས་ཡིན་ནམ་འོན་ཏེ་ཅི། །འཇིག་རྟེན་པའམ་ཕུང་པོར་ལྡན། །ཁམས་དང་སྐྱེ་མཆེད་ལྡན་པའམ། །ཟིན་པའམ་ལུང་བསྟན་འབྱུང་བར་ལྡན། །དེ་བཞིན་འབྱུང་བ་ལས་གྱུར་པའམ། །ཀུན་སྦྱོར་སྒྲིབ་པའམ་ཉོན་མོངས་ཅན། །ཟང་ཟིང་བཅས་པའམ་འོན་ཏེ་ན། །ཞེན་པ་བརྟན་པའམ་འཐབ་བཅས་སམ། །དམིགས་པ་དང་བཅས་ཡིན་ནམ་ཅི། །སེམས་སམ་ལས་སམ་འོན་ཏེ་ན། །རྣམ་སྨིན་བཅས་སམ་དེ་ལས་གཞན། །འདས་པའམ་མ་འོངས་ད་ལྟར་ཡིན། །དགེ་བའམ་འདོད་དང་གཟུགས་ཁམས་ལྡན། །སློབ་པའམ་འོན་ཏེ་མི་སློབ་བམ། །ཅི་ཞིག་དེ་ཉིད་སྤང་བྱའམ། །ཅི་ཞིག་བསྒོམ་པས་སྤང་བྱའམ། །འོན་ཏེ་མཐོང་བས་བྱ་བ་ཡིན། །ལུས་ཀྱི་འམ་འོན་ཏེ་ངག་གིའམ། །འོན་ཏེ་ཅི་ཞིག་སེམས་ཀྱི་ཡིན། །དགེ་སློང་བདག་ལ་མྱུར་དུ་ནི། །དོན་བཞིན་དག་ཏུ་སྨྲ་བར་གྱིས། །ཅི་དངོས་དེ་ཉིད་བྱེད་པ་ལ། །ལྟུང་བ་དང་ནི་ལྟུང་བ་མེད། །གཉིས་སུ་འགྱུར་པ་སྲིད་ཡོད་དམ། །ཁྱོད་ལ་དྲི་ཡིས་མྱུར་དུ་སྨྲོས། །ཅི་ཞིག་གང་གིས་ལྷག་མེད་པར། །འགྱུར་


DTG167_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་ནི་དེ་ཉིད་ཀྱིས། །ལྷག་མ་དང་བཅས་ལྟུང་འགྱུར་རམ། །དྲི་ཡིས་བདག་ལ་གསལ་པོར་སྨྲོས། །ཅི་ཞིག་གང་གིས་ཕས་ཕམ་པའི། །ལྟུང་འགྱུར་གཞི་ནི་དེ་ཉིད་ཀྱིས། །དགེ་འདུན་ལྷག་འགྱུར་དེ་བཞིན་ལྟུང༌། །འགྱུར་རམ་ཇི་ལྟར་བདག་ལ་སྨྲོས། །གང་གིས་དགེ་འདུན་ལྷག་འགྱུར་བའི། །གཞི་དེ་ཉིད་ཀྱིས་དགེ་སློང་ལ། །ལྟུང་བྱེད་དང་ནི་དེ་བཞིན་དུ། །ཉེས་བྱས་སུ་ཡང་ཅི་ཕྱིར་འགྱུར། །ཅི་ཞིག་གང་གིས་ལྟུང་བྱེད་པའི། །ལྟུང་བར་འགྱུར་བ་དེ་ཉིད་ཀྱིས། །སོ་སོར་བཤགས་འགྱུར་ཅི་ཡི་ཕྱིར། །དགེ་སློང་ཇི་ལྟར་འདོད་བཞིན་སྨྲོས། །གཞི་ཅི་གང་གི་ལྟུང་བྱེད་ཀྱི། །ལྟུང་བར་འགྱུར་བ་དེ་ཉིད་ཀྱིས། །ཉེས་པར་འགྱུར་རམ་དགེ་སློང་ཁྱོད། །གལ་ཏེ་ནུས་པ་ཡོད་བདག་སྨྲོས། །གང་གིས་སོ་སོར་བཤགས་པ་ཡི། །ལྟུང་བར་འགྱུར་བའི་གཞི་དེ་ཅི། །ཉེས་བྱས་སྲིད་དམ་མཐུ་ཡོད་ན། །དྲི་ཡིས་བདག་གི་མདུན་དུ་སྨྲོས། །ཇི་ལྟར་དགེ་ལུང་མ་བསྟན་པའི། །སེམས་གནས་པ་ལ་གསོད་བྱེད་པ། །མནར་བར་གསུངས་མི་དགེ་བ་ཡི། །སེམས་ལ་གནས་པ་ལས་མ་གསུངས། །དགེ་སློང་རུང་བ་གནས་གཅིག་དང༌། །མཚམས་གཅིག་གནས་བཞིན་དེ་ཡི་ཚིག །མེད་པར་དགེ་འདུན་ལས་བྱས་ན། །ཉེས་བྱས་མིན་གསུངས་ཅི་འདྲ་སྨྲོས། །ཁྱིམ་པ་གནས་བཞིན་དགེ་འདུན་གྱིས། །ལས་ཤིག་བྱས་ན་ཇི་ལྟ་བུར། །དེ་ཡིས་ལས་ཀྱང་བྱས་འགྱུར་ཞིང༌། །ལྟུང་བ་མེད་པར་འགྱུར་བ་སྨྲོས། །དགེ་དང་ལུང་མ་བསྟན་སེམས་ལ། །གནས་པ་ལ་ནི་ཇི་ལྟ་བུར། །ལྟུང་དང་བཅས་པ་ཞེས་གསུངས་སྲིད། །བདག་མདུན་ཇི་ལྟར་འདོད་པ་སྨྲོས། །ཅི་དགྲ་བཅོམ་ལ་ལྟུང་འབྱུང་ངམ། །འདི་ལ་བདག་ལ་ཐེ་ཚོམ་ནི། །བརྟན་པོ་ཡོད་ཀྱིས་འབོད་དེ་ཁྱོད། །དོགས་པ་མེད་པར་བདག་མདུན་སྨྲོས། །དགེ་འདུན་དབྱེན་བྱེད་གང་ཡང་རུང༌། །དེ་ཀུན་བསྐལ་པར་གནས་སམ་ཅི། །དགེ་སློང་གལ་ཏེ་ཁྱོད་བྱམས་ན།། ཁོ་བོའི་ཐེ་ཚོམ་མྱུར་དུ་སོལ། །དགེ་སློང་གྱུར་ནས་ལྟུང་འགྱུར་དང༌། །བཟློག་པ་ཡང་ནི་ཇི་ལྟ་བུར། །བདག་གི་ཐེ་ཚོམ་མྱུར་དུ་ཆོད། །དགེ་སློང་གཉིད་མ་ལོག་པའི་ཚེ། །ལྟུང་བ་བྱས་ནས་གཉིད་ལོག་ན། །ལྟུང་བར་འགྱུར་དང་བཟློག་པ་ཡང༌། །ཇི་ལྟར་དྲི་ཡིས་གསལ་བར་སྨྲོས། །སྟན་གཅིག་


DTG167_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་འདུག་པ་ཡི། །དགེ་སློང་ལ་ནི་རྒྱུ་གང་གིས། །ལྟུང་བ་རིས་ནི་ལྔ་བོ་དག །འབྱུང་བར་འགྱུར་བ་སྲིད་ཡོད་དམ། །དགེ་སློང་སྦྱོར་བ་གཅིག་གིས་ནི། །ཇི་ལྟར་ལྟུང་བ་སྟོང་བྱེད་འགྱུར། །གལ་ཏེ་དེ་ཉིད་རིག་ཅེ་ན། །དྲི་ཡིས་ཁྱོད་ནི་སྨྲ་བར་གྱིས། །བསམ་གཏན་དང་པོ་ལ་སོགས་ལ། །སྙོམས་པར་ཞུགས་པ་ཐུབ་པ་ཡིས། །དགེ་འདུན་ལྷག་མར་ཅི་ཡི་ཕྱིར། །རབ་ཏུ་གསུངས་པ་བདག་ལ་སྨྲོས། །དགེ་སློང་ཐ་ན་ཉེས་བྱས་ཀྱི། །ལྟུང་བ་ནམ་དུའང་མི་འབྱིན་ཀྱང༌། །འོན་ཀྱང་དགེ་སློང་མ་ཡིན་པར། །གསུངས་པ་ཅི་ཕྱིར་གསལ་བར་སྨྲོས། །དགེ་སློང་མ་ནི་ནམ་དུ་ཡང༌། །ཉེས་བྱས་ཀྱང་ནི་མི་བྱེད་ཀྱང༌། །འོན་ཀྱང་ཇི་ལྟར་དགེ་སློང་མ། །མིན་གསུངས་བདག་དོན་གཉེར་གྱིས་སྨྲོས། །གལ་ཏེ་དགེ་སློང་དགྲ་བཅོམ་མིན། །ཕ་མིན་བསད་ན་ཇི་ལྟ་བུར། །མཚམས་མེད་པ་དང་དེ་བཞིན་དུ། །ཕས་ཕམ་གསུངས་པར་འགྱུར་བ་སྨྲོས། །གཞན་གྱིས་ཚིག་སྨྲས་གཞན་ལ་ནི། །ཇི་ལྟར་ལྟུང་བ་རིས་ལྔ་པོ། །འབྱུང་བར་འགྱུར་བ་བདག་ལ་ནི། །སྡོམ་བརྩོན་མྱུར་དུ་སྨྲ་བར་གྱིས། །ཇི་ལྟར་དགེ་སློང་གཅིག་པུ་ལ། །ཕས་ཕམ་འགྱུར་བ་བཞི་འབྱུང་བ། །དྲི་ཡིས་ཁྱོད་ཀྱིས་བདག་ལ་ནི།། དོན་བཞིན་དུ་ནི་སྨྲ་བར་གྱིས། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས་ལེའུ་བཞི་པའོ།། །།འདི་ལ་གསོལ་བའི་ལས་དང་ནི། །གསོལ་བར་བཅས་པ་དུ་ཞིག་ཡོད། །ལེགས་གྲགས་དེ་དང་རྣམ་དབྱེ་བ། །ཁྱོད་ནི་འབོད་དེ་སྨྲ་བར་གྱིས། །ཚིག་ཏུ་ཡང་ནི་མི་སྨྲ་ལ། །ལུས་ཀྱི་རྩོལ་བ་མི་བྱེད་པར། །ཕས་ཕམ་ལྟུང་བ་འབྱུང་འགྱུར་བ། །ཇི་ལྟ་བུར་ནི་ཁྱོད་སྨྲོས་ཤིག །ལྟུང་བ་རིས་ལྔ་བྱས་ནས་ནི། །འཆགས་པར་ཡང་ནི་མི་བྱེད་ཅིང༌། །ཕྱིར་བཅོས་པར་ཡང་མི་བྱེད་པར། །ཇི་ལྟར་དག་པར་གསུངས་པར་སྨྲོས། །གཞན་གྱིས་ཕས་ཕམ་བྱས་གྱུར་ལ། །གཞན་ཞིག་ཕམ་པར་འགྱུར་བ་ནི། །ཐུབ་པས་ཇི་ལྟར་གསུངས་པ་དྲིས། །དེས་ན་འདི་ལྟར་བདག་ལ་སྨྲོས། །ལྟུང་བ་ཀུན་ལ་གང་གིས་ནི། །བསྟན་པ་དང་ནི་བསྡུ་བར་འགྱུར། །ངག་གིས་ཀུན་ནས་བསླང་བ་ཡི། །ཁ་ན་མ་ཐོ་གང་ཆེ་དང༌། །ལུས་ཀྱི་ཁ་ན་མ་ཐོ་ཆེ། །གང་ཡིན་


DTG167_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མས་གང་ཞིག་འགྱུར། །དགེ་འདུན་གང་ཟག་ལས་བྱུང་ཁྱེད། །ཁ་ན་མ་ཐོ་གང་ཆེར་འདོད། །སྲོག་གཅོད་རྒྱུ་ལས་སྡིག་ཆེན་ཡང༌། །ཁྱོད་ནི་གསལ་བར་སྨྲ་བར་གྱིས། །འཁྲིག་དང་བརྫུན་ལས་གང་ཡིན་ཏེ། །དེས་ནི་བདག་ལ་སྨྲ་བར་གྱིས། །མང་དུ་སྨྲ་ལྟ་ཅི་ཞིག་དགོས། །མདོར་བསྡུས་ཚིག་གཅིག་ཁྱོད་ལ་ནི། །ཁྲོ་སྤངས་མཛའ་བོར་གྱུར་བྱས་ནས། །རབ་ཏུ་བསྒྲིམས་ཏེ་སྨྲ་བར་བྱ། །སྡོམ་པ་ཀུན་ལ་ཀུན་མཁྱེན་གྱིས། །སྐྱབས་གསུམ་དགེ་སློང་ཉིད་ལ་ནི། །ཇི་ལྟ་བུར་ནི་མ་གསུངས་པ། །དེ་ནི་བདག་ལ་གསལ་བར་སྨྲོས། །དེ་ལྟར་འདུལ་བ་རྒྱ་མཚོ་ལས། །དྲི་བ་ཐིགས་པ་ཙམ་བརྒྱ་ཞིག །བདག་གིས་འབད་དེ་བརྙས་བྱེད་ལ། །མ་རངས་ནས་ནི་བརྒྱུས་པ་ཡིན། །ནོངས་བགྱིས་བླ་མས་ཐུགས་རྗེས་ཀྱང༌། །བཅོས་ཤིང་བཟོད་པ་མཛད་དུ་གསོལ། །མཐོང་བ་རྣམས་ཀྱིས་ལོང་བ་ནི། །དམ་པའི་ལམ་དུ་ཅིས་མི་གཟུང༌། །འདུལ་བ་དྲི་བ་རྣམས་བྱས་ནས།། དགེ་བ་ཟླ་བ་ལྟ་བུར་ནི། །དཀར་པོ་བརྩམས་པ་དེ་ཡིས་ནི། །འགྲོ་བ་རྟག་ཏུ་དགེ་ལེགས་ཤོག །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་ལྔ་པ་རྫོགས་སོ།། །།འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་སློབ་དཔོན་མདོ་སྡེ་འཛིན་པ་ཀ་ལྱཱ་ཎ་མི་ཏྲས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འདུལ་བ་དྲི་བ་རྒྱ་ཆེར་འགྲེལ་པ།


DTG167_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །བི་ན་ཡ་ཀ་པྲ་ཤྣ་ཊཱི་ཀ །བོད་སྐད་དུ། འདུལ་བ་དྲི་བ་རྒྱ་ཚོར་འགྲེལ་པ། བདེ་བར་གཤེགས་པ་སེང་གེ་མུ་སྟེགས་ཅན་གླང་པོ་ཆེའི་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་ངན་སྨྲ་བའི། །རྐང་གཉིས་འཇོམས་ལ་ཕྱག་འཚལ་ནས། །འདུལ་བའི་དྲི་བ་བསྡུས་པ་ཡི། །དོན་ཙམ་བདག་གིས་བཤད་པར་བྱ། །སྟོན་པ་ལ་གུས་པ་སྐྱེས་པའི་སློབ་མ་རྣམས་ནི་དེས་བསྟན་པའི་དོན་རྣམ་པར་དཔྱད་པའི་རབ་ཏུ་བྱེད་པ་ལ་ཡང་གུས་པ་སྐྱེ་བས་རབ་ཏུ་བྱེད་པར་བརྩམས་པ་ལ་རང་གིས་སྟོན་པ་རབ་ཏུ་བྱེད་པའི་དོན་གསུངས་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བརྩམ་པར་རྒྱལ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །


DTG167_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཉིད་མི་ཤེས་པའི་མུན་པ་སེལ་བའི་ཕྱིར་དང༌། ཡེ་ཤེས་ཀྱི་སྣང་བ་མཛད་པའི་ཕྱིར་ཉི་མ་ཡིན་པས་རྒྱལ་བ་ཉི་མ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་གྱི་མུན་འཇོམས་ཞེས་བྱ་བ་སྨོས་ཏེ། ཐེ་ཚོམ་ཉིད་མུན་པ་སྟེ་མུན་ནག་གོ །དེ་འཇོམས་པ་ནི་སེལ་བར་མཛད་པ་སྟེ། དངོས་པོ་དང་འབྲེལ་པའི་མི་ཤེས་པ་དྲུངས་ཕྱིན་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་བྱས་ནས་སོ། །རྒྱལ་བ་ཉི་མ་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པ་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན། དྲི་བ་ཀུན་ལས་བཏུས་པ་བཤད་ཅེས་བྱ་བ་སྨོས་ཏེ། དྲི་བ་སྟེ་བརྒལ་ཞིང་བརྟག་པ་རྣམས་བསྡུས་པ་བཤད་དོ། །ཅི་རང་གི་བློས་བྱས་པའི་དྲི་བ་བསླང་ཞིང་བསླངས་ནས་བཤད་དམ་ཞེ་ན། འདུལ་བ་ལས་བཏུས་ཏེ་ཞེས་བྱ་བ་སྨོས་ཏེ། འདུལ་བ་ནི་འདུལ་བའི་སྡེ་སྣོད་ལས་བཏུས་ཏེ། འདིས་སློབ་མ་རྣམས་འདུལ་ཞིང་རྗེས་སུ་སྟོན་པའི་ཕྱིར་རོ། །བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་པ་གཞུང་གི་ཚད་འབུམ་པའི་ཁྱད་པར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ལས་སོ། །ཆོས་མངོན་པའི་དྲི་བའི་ཚིག་ལེའུར་བྱས་པ་དག་ཀྱང་ཡོད་པས་དེའི་ཕྱིར་འདུལ་བ་ཞེས་བྱ་བ་སྨོས་སོ། །བཏུས་ཏེ་ཞེས་བྱ་བ་ནི་ཕ་ཀི་ཚུ་ཀི་སིལ་བུར་འདུག་པ་ལས་བཏུས་པ་སྟེ། འདིས་ནི་རང་གི་ཚིག་ལེའུར་བྱས་པ་བྱེད་པ་གཞན་ལ་རག་ལས་པར་རབ་ཏུ་སྟོན་ཏོ། །ཇི་ལྟར་བཏུས་ཏེ་བཤད་ཅེ་ན། ལེགས་ཞེས་བྱ་བ་སྨོས་སོ། །ལེགས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། བདག་གིས་འདི་དག་ཇི་ལྟར་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་བྱས་པ་རྣམས་བཅོམ་ལྡན་འདས་ཀྱིས་ལན་བཏབ་པ། དེ་བཞིན་དུ་བསྡུས་ཀྱི། རང་གི་བློས་དཔགས་ཏེ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མཁས་པ་རྣམས་ནི་དོན་མེད་པའི་རབ་ཏུ་བྱེད་པ་མི་བྱེད་པས་ཅིའི་ཕྱིར་བཤད་ཅེ་ན། གང་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་འདུལ་བ་ལ་སྡང་བ་སྟེ། མིང་མ་སྨོས་པའི་འདུལ་བ་ལས་ནི་འདི་བྱའོ། །འདི་མི་བྱའོ་ཞེས་བྱ་བ་ནི་འདི་ཙམ་ཞིག་ཡོངས་སུ་ཤེས་པར་འགྱུར་གྱི། འདི་ལས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་ཚིག་གི་དོན་དང་འབྲེལ་བའི་རྣམ་


DTG167_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཔྱོད་པ་ཡང་མི་བྱེད་ལ། འདིས་དེ་དག་ཡོངས་སུ་ཤེས་པར་ཡང་མི་འགྱུར་བས་རིག་བྱེད་བཞིན་དུ་བླུན་པོར་བྱེད་པའི་ངོ་བོའི་བསྟན་བཅོས་སྐམ་ཐག་ཆད་པ་འདི་རྟོགས་པ་ནི་དོན་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་བརྙས་པ་སྟེ། ཚིག་གི་དོན་ནི་འདུལ་བའི་ལྔ་ཚན་གྱི་ཡོན་ཏན་མ་ཐོས་པས་བླ་མའི་རིགས་མ་བསྟེན་པ། ངན་སོང་གསུམ་གྱི་གཡང་སར་ལྟུང་བ་ལ་གཅིག་ཏུ་གཞོལ་བ། བདེ་འགྲོ་གཉིས་ལས་ཕྱིར་ཕྱོགས་པ། ཞི་བའི་རྒྱུན་གྱི་གནས་སྐབས་ཐག་བསྲིངས་པ་དང་ཇི་ལྟར་བྲིས་པའི་བསྟན་བཅོས་གཅིག་ཙམ་རྟོགས་པས་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པས་འདྲེས་པར་དམ་བཅའ་བ། བདག་ཉིད་བསྟོད་པའི་ཉེས་པ་མ་མཐོང་བ། འདུལ་བ་ལ་སོགས་པའི་བསྟན་བཅོས་རྟོགས་པས་བློ་གསལ་བ། རྣོ་བ་དྲི་མ་མེད་པ། རྣམ་པར་དག་པར་འགྱུར་བ་སྤོང་བར་བྱེད་པའི་ཆེད་དུ་འདི་བརྩམས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལ་བརྙས་པ་ནི་མ་གུས་པའམ་སྨོད་པའོ། །དེ་ལ་རིག་པ་ཞེས་བྱ་བ་ནི་འདུལ་བ་ཤེས་པ་སྟེ་འདུལ་བ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་སྨོད་ནི་རྣམ་པར་སྨོད་པའོ། །སྙེམས་པ་ནི་དྲེགས་པའམ་ང་རྒྱལ་ལོ། །འཆང་བ་ནི་བསྲེལ་བའོ། །དེའི་ཆེད་དུ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་ལ་རྣམ་པར་སྨོད་པའི་ཆེད་དུའོ། །འདི་ཞེས་བྱ་བ་ནི་འདུལ་བའི་དྲི་བ་བསྡུས་པ་སེམས་ལ་གཞག་པའོ། །བརྗོད་དོ་ཞེས་བྱ་བ་ནི་བསྙད་པ་སྟེ། ཕྱི་རོལ་དུ་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ཞེ་སྡང་གིས་འདུལ་བ་ཤེས་པ་ཁོ་ན་ལ་རྣམ་པར་སྨོད་པར་བྱེད་ཀྱི། འདུལ་བ་ལ་ནི་མ་ཡིན་པས་འདུལ་བ་ལས་ཞེས་བྱ་བ་སྨོས་སོ། །ལ་ལ་ནི་འདི་གཉིས་ལ་སྨོད་པར་བྱེད་ཀྱི་ང་རྒྱལ་གྱིས་ཁོང་གང་བའི་སེམས་ཀྱིས་བདག་ཉིད་ཁོངས་པ་མ་ཡིན་པས་དེའི་ཕྱིར་ཡང་ཞེས་བྱ་བའི་སྒྲས་དེ་ལ་ཡོད་པའི་སྙེམས་པ་བསྡུའོ། །དྲི་བ་ཀུན་ལས་བཏུས་པ་བཤད་དོ་ཞེས་དམ་བཅས་པ་གང་གི་དོན་དུ་འདི་བརྩམས་པ་དེ་བརྗོད་དགོས་པས། སེམས་ཅན་མིའི་འགྲོ་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་སེམས་པ་ཕུན་སུམ་ཚོགས་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་རྒྱུད་མ་ཉམས་པ་སྟེ། ཐ་སྙད་པའི་བློ་མ་ཉམས་པ་ཞེས་བྱ་བའི་དོན་ཏོ། །སེམས་


DTG167_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་སྨོས་པས་ནི་སྨྱོན་པ་ལ་སོགས་པ་བཀག་གོ །མིའི་འགྲོ་བ་ནི་མིའི་འགྲོ་བར་སྐྱེས་པ་སྟེ། མིའི་འགྲོ་བ་ཞེས་སྨོས་པས་ནི་མིའི་འགྲོ་བ་མ་ཡིན་པ་བསལ་ཏོ། །བར་ཆད་རྣམས་ཀྱང་བསལ་བ་ལ་ཞེས་བྱ་བ་ནི་མ་བསད་པ་དང་ཕ་བསད་པ་ཉིད་ལ་སོགས་པ་སྡོམ་པ་སྐྱེ་བའི་གེགས་བྱེད་པ་རྣམས་མེད་པའོ། །སྡོམ་པ་ནི་དགེ་ཚུལ་ལ་སོགས་པའི་ངོ་བོ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་འགོག་པར་བྱེད་པའོ། །མི་འཆགས་པ་ནི་མི་སྐྱེ་བའོ། །གསུངས་པ་ནི་བཅོམ་ལྡན་འདས་ཀྱི་འདུལ་བ་ལས་སོ། །ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །བསྒྲིམས་ཏེ་ཞེས་བྱ་བ་ནི་འབོད་དེ་ཞེས་བྱ་བ་སྟེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །འདི་ལ་འདྲི་བའི་བསམ་པ་ནི་མིའི་འགྲོ་བ་ཡང་ཡིན་ལ། སྨྱོན་པ་ལ་སོགས་པ་བར་ཆད་ཀྱི་ཆོས་དང་ཡང་བྲལ་བ་གང་ཡིན་པ་དེ་ལ་སྡོམ་པ་སྐྱེ་བ་ཀོ་ཐེ་ཚོམ་ཡང་མེད་པ་ཁོ་ན་ཡིན་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ལས་འདི་ལ་སྡོམ་པ་སྐྱེ་བ་མེད་པ་ཉིད་དུ་གསུངས་པ་དེ་འདི་ལ་སྡོམ་པ་སྐྱེ་བའི་གེགས་ཇི་ལྟ་བུ་ཞིག་ཡོད་པར་གསུངས་པ་ཁྱོད་ཀྱིས་འབོད་དེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། བྱང་གི་སྒྲ་མི་སྙན་པའི་མིའི་དབང་དུ་མཛད་ནས་དེ་སྐད་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་རྣམས་ཀྱིས་བྱང་གི་སྒྲ་མི་སྙན་པའི་གང་ཟག་གཅིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། མ་རྫོགས་པ་ཞེས་བགྱི། ཉེ་བ་འཁོར་བསྙེན་པར་མ་རྫོགས་པའོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་བྱང་གི་སྒྲ་མི་སྙན་པ་ཡང་བར་ཆད་ཡིན་ནོ་ཞེ་ན་མ་ཡིན་ཏེ། བཀོལ་བ་ཆད་པ་ཡན་ཆད་ཡིན་ནོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་འདྲའོ། །དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱ་བ་འདིར་བར་ཆད་ཀྱི་ཆོས་ཀྱི་ནང་དུ་མ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་དག་ལའང་ཅི་རིགས་པར་ཤེས་པར་བྱའོ། །རྣམ་པ་གཅིག་ཏུ་ན་མཁན་པོ་དགེ་སློང་མ་ཡིན་པ་ཉིད་དུ་ཤེས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། མཁན་པོ་རྐུ་ཐབས་སུ་གནས་པ་ཞིག་གིས་བསྙེན་པར་རྫོགས་པར་འཚལ་བར་བསྙེན་པར་རྫོགས་པར་བགྱིད་


DTG167_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྙེན་བར་རྫོགས་པ་ཞེས་བགྱིའམ་བསྙེན་པར་མ་རྫོགས་པ་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་ན་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གལ་ཏེ་མི་ཤེས་ན་བསྙེན་པར་རྫོགས་བ་ཞེས་བྱའོ་ཞེས་བྱ་བ་ཡིན་ནོ། རྣམ་པ་གཅིག་ཏུ་ན་མཁན་པོ་སྤོང་བ་ལ་དགོངས་ནས་དེ་སྐད་གསུངས་ཏེ། དེ་བཞིན་དུ་འདིར་གཞུང་ནི། བསྙེན་པར་རྫོགས་པར་བགྱིད་པའི་ཚེ་མཁན་པོ་སྤོང་བར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་པ་ཞེས་བྱའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསྙེན་པར་རྫོགས་པར་བྱ་བ་དང་མཁན་པོ་དག་གི་མིང་མ་སྨོས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་གི་མིང་ནས་མི་བརྗོད་པ་དང༌། མཁན་པོའི་མིང་ནས་མི་བརྗོད་པ་དང༌། བསྙེན་པར་རྫོགས་བར་མི་ཤེས་པའོ། །དེ་བཞིན་དུ་ལས་བྱེད་པས་མཁན་པོ་དང་བསྙེན་པར་རྫོགས་པར་འདོད་པ་དང༌། དགེ་འདུན་ཏེ་གསུམ་གྱི་མིང་མི་སྒྲོགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ན་འདི་ནི་ཁྱིམ་པའམ་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བའམ་གཅེར་བུ་པའམ་འཁྲུག་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། འདི་ལ་བདག་གི་ལུང་གི་ཁུངས་ནི་མ་རྙེད་དོ། །མདོ་བྱེད་པ་ལ་བརྟེན་ནས་སྨྲས་པ་ཡིན་པར་བལྟ་བར་བྱ་སྟེ། དེ་བཞིན་དུ་འདི་ལ་མདོ་བྱེད་པས་བཤད་པ་ནི་ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལའང་མི་སྐྱེའོ། །སྒྲེན་མོ་དང་འཁྲུག་པ་དང་མཚན་དུག་མ་དག་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ཡིན་ནོ། །སྔ་མ་ལ་ཡང་མདོ་བྱེད་པས་བཤད་པ་ནི་མི་མ་ཡིན་པའི་འགྲོ་བ་པ་དང་བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་མི་སྐྱེའོ། །དེའི་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ། །དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ་ཞེས་བྱ་བ་ཡིན་ནོ། །ཕ་དང་མ་ནི་ཕ་མའོ། །ཆེད་དུ་བསམས་པ་ནི་བློ་སྔོན་དུ་བཏང་བའོ། །ཆེད་དུ་བསམས་པ་ཞེས་སྨོས་པ་


DTG167_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆེད་དུ་བསམས་པ་མ་ཡིན་པ་དེ་དགག་པའི་ཕྱིར་ཏེ། འདི་ལྟར་ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་འབྱུང་བས་ཆེད་དུ་བསམས་པ་མ་ཡིན་པར་དེ་དག་བསད་པ་ལ་མཚམས་མེད་པ་ལྡང་བར་མ་གསུངས་པའི་ཕྱིར་རོ། །གསོད་པ་ནི་གསོད་པར་བྱེད་པའོ། །དགེ་སློང་མ་ནི་སུན་ཕྱུང་དང༌། །ཞེས་བྱ་བ་ནི་དགེ་སློང་མ་མ་རུང་བར་བྱེད་པའོ། །དགེ་འདུན་དབྱེན་བྱེད་པ་ནི་དགེ་འདུན་སྟོན་པ་དང་ལམ་གཞན་ལ་འདོད་པ་སྐྱེད་པའི་སྒོ་ནས་རྣམ་གཉིས་སུ་བྱེད་པའི་ཕྱིར་ཏེ། སྟོན་དང་ལམ་གཞན་ལ་བཟོད་པ། །དབྱེ་བའོ་ཞེས་འབྱུང་བའི་ཕྱིར་རོ། །སྡོམ་པའི་ཆེད་དུ་ཞེས་བྱ་བ་ནི་སྡོམ་པ་སྐྱེ་བའི་སྣོད་ཉིད་དུའོ། །འདི་ལ་འདྲི་བའི་བསམ་པ་ནི་མ་གསོད་པ་དང༌། ཕ་གསོད་པ་དང༌། དགེ་སློང་མ་སུན་དབྱུང་བ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་ནི་འདི་ལྟར་མཚམས་མེད་པ་ལ་སོགས་པ་བྱེད་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྡོམ་པ་སྐྱེ་བ་འབྱུང་བར་མི་རུང་བ་ཉིད་དུ་གསུངས་ལ། འོན་ཀྱང་རྣམ་པ་གཞན་འགའ་ཞིག་གིས་སྡོམ་པ་སྐྱེ་བར་འོས་བ་ཉིད་དུ་ཡང་གསུངས་པས་དེ་ལྟ་བུ་ཡིན་པ་ཁོ་བོ་ལ་སྨྲོས་ཤིག་བྱ་བ་འདི་ཡིན་ནོ། །མ་བསད་པ་དང༌། ཕ་བསད་པ་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་འདི་དག་ནི་དགྲ་བཅོམ་པ་བསད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་བ་དག་གི་དཔེ་ཙམ་དུ་ཟད་དོ། །འདི་ལ་ལན་ནི་འདི་ཡིན་ཏེ། གཞན་གྱི་འདུ་ཤེས་ཀྱིས་བསད་པ་ལ་སོགས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་རྣམས་ཀྱིས་མ་བཀུམས་པའི་གང་ཟག་གཅིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཉེ་བ་འཁོར་ཁ་ཅིག་ནི་བསྙེན་པར་རྫོགས་པ་ཞེས་བྱ་ལ། ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་ཞིག་གིས་གཞན་གྱི་འདུ་ཤེས་སམ། གཞན་གྱིས་སྦྱོར་བས་མ་བསད་ན་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་མི་བྱའོ། །གང་ཞིག་གིས་ཆེད་དུ་བསམས་ཏེ་མ་བསད་པར་གྱུར་ན་འདི་ནི་བསྙེན་པར་མ་རྫོགས་


DTG167_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་བྱའོ། །མ་བསད་པ་ཇི་ལྟ་བར་ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཕ་དང་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཕ་དང་མ་དག་བཀུམས་ལ་མཐར་ཡང་མི་འགྱུར། མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་རེག་པར་ཡང་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གང་གི་ཕ་དང་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྐྱེད་པར་བྱེད་ཕ་མ་ཡིན་པའི་ཕ་དང་མ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་མས་ནི་བསྐྱེད་ལ་གཞན་གྱིས་ནི་གསོས་པས་གང་ཞིག་བཀུམས་པས་མཐར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་བ་ལགས། གང་གིས་བསྐྱེད་པའོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་བྱེད་པས་མི་མ་ཡིན་པའི་འགྲོ་བ་པ་གཉིས་ནི་མ་ཡིན་ནོ། །དེ་གཉིས་ལས་མཚམས་མེད་པར་མི་འགྱུར་རོ། །དེ་ནི་སྐྱེད་པར་བྱེད་པ་གཉིས་ལས་དེ་ཡིན་ནོ། །མ་བསད་པ་ལ་སོགས་པ་དེ་བྱས་པ་དེ་ཉིད་གཙོ་བོ་ཞེས་བཤད་དོ། །རྣམ་པ་གཅིག་ཏུ་ནམ་ལ་ཡོད་པའི་ནུར་ནུར་པོ་ཟགས་པ་དེ་གཞན་གྱི་མངལ་དུ་བླུགས་པ་ལས་སྐྱེས་པའི་མ་བསད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་གང་ལས་ཁྲག་ནི་བྱུང་བ་མ་ཞེས་བཤད་དོ། །ཡང་ན་ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་དང་སྲེད་པ་བསད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཕ་བཀུམས་ལ་མཐར་ཡང་མི་འགྱུར། མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་བསད་ནའོ། །ཉེ་བ་འཁོར་ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་ནི་མངོན་པར་སྒྲུབ་པའི་དོན་གྱིས་ཕ་ཞེས་བྱའོ། །བཙུན་པ་དགེ་སློང་གིས་མ་བཀུམས་ལ་མཐར་ཡང་མི་འགྱུར། མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་རེག་པར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་སྲེད་པ་


DTG167_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསད་ནའོ། །ཉེ་བ་འཁོར་སྲེད་པ་ནི་སྐྱེད་པའི་དོན་གྱིས་མ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། མི་ནི་སྲེད་པས་སྐྱེད་པར་བྱེད། །འདི་ཡི་སེམས་ནི་རྣམ་པར་རྒྱུག །སེམས་ཅན་འཁོར་བར་གཏོགས་པ་སྟེ། །དེ་ཡི་ལས་ནི་འཇིགས་པ་ཆེ། །ཞེས་གསུངས་སོ། །དེ་ཉིད་ལ་དགོངས་ནས། ཕ་དང་མ་ནི་བསད་བྱས་ཤིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་བར་འགྱུར་ཞེས་བཤད། །ཅེས་གསུངས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ལ་སོགས་པའི་གཞུང་ཡང་འདི་ཡིན་ཏེ། བཙུན་པ་རེ་ཞིག་དགེ་སློང་རྣམས་ཀྱིས་དགེ་སློང་མ་སུན་ཕྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཉེ་བ་འཁོར་ཁ་ཅིག་ནི་བསྙེན་པར་རྫོགས་པ་ཞེས་བྱ་ལ། ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་མ་སུན་ཕྱུང་བ་དེ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ན་ཡང་བསྙིལ་བར་བྱའོ། །གང་གིས་ལུས་ཀྱིས་རེག་པས་དགེ་སློང་མ་སུན་ཕྱུང་བ་དེ་ནི་བསྙེན་པར་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཉམས་སུ་མྱོང་བ་མེད་པའི་དགེ་སློང་མ་སུན་ཕྱུང་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཇི་ཙམ་གྱིས་ན་དགེ་སློང་མ་སུམ་ཕྱུང་བ་ཞེས་བགྱི། གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་མ་འདུན་པས་སུན་ཕྱུང་བར་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་བྱེད་པས་ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་མི་ཚངས་པར་སྤྱོད་པས་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་བཤད་དོ། །ཤུགས་ཀྱིས་ན་ཉམས་སུ་མྱོང་བ་མེད་པར་སུན་ཕྱུང་བ་ནི་དགེ་སློང་མ་སུན་ཕྱུང་བ་ཉིད་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཡང་ན་སོ་སོ་ནས་གཞི་བརྒྱད་ཀྱིས་དགེ་སློང་མ་སུན་ཕྱུང་བ་ཉིད་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་གང་ཟག་བརྒྱད་ཀྱིས་སོ་སོ་ནས་གཞི་བརྒྱད་ཀྱིས་དགེ་སློང་མ་སུན་འབྱིན་པར་བགྱིད་ན་དགེ་སློང་དེ་སུན་ཕྱུང་བ་ཞེས་བགྱིའམ། ཉེ་བ་འཁོར་སུན་


DTG167_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་བ་ཞེས་བྱའོ། །དེ་ལ་གང་ཞིག་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། བཀའ་སྩལ་པ། གང་ཡང་མ་ཡིན་ནོ། །བཙུན་པ་དགེ་སློང་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་བ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཉེ་བ་འཁོར་ཁ་ཅིག་ནི་བསྙེན་པར་རྫོགས་པ་ཞེས་བྱ་ལ། ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་དེ་བཞིན་གཤེགས་པ་ལ་ཆེད་དུ་བསམས་ཏེ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གྱུར་པ་དེ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ན་ཡང་བསྙིལ་བར་བྱའོ། །གང་གིས་དེ་བཞིན་གཤེགས་པ་ལ་ཆེད་དུ་མ་བསམས་པར་ངན་སེམས་ཀྱིས་ཁྲག་ཕྱུང་བར་གྱུར་པ་དེ་ནི་བསྙེན་པར་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །འདི་ཉིད་ལ་དགོངས་ནས། སངས་རྒྱས་བཀྲོངས་པར་མི་འདོད་པའི། །མཚམས་མེད་མ་ཡིན་ཞེས་བཤད་དོ། །བཙུན་པ་རེ་ཞིག་གང་ཟག་དགེ་འདུན་གྱི་དབྱེན་བགྱིས་པ་ཞིག་བསླབ་པ་ཕུལ་ནས་བབས་པར་གྱུར་ལ། དེ་སླར་ཡང་ལེགས་པར་གསུངས་བའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ལ། དེ་དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཉེ་བ་འཁོར་ཁ་ཅིག་ནི་བསྙེན་པར་རྫོགས་པ་ཞེས་བྱ་ལ། ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང༌། དབྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་བྱའོ། །གང་གིས་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི་བསྙེན་པར་རྫོགས་པ་ཞེས་བྱ་བས་བསྙེན་པར་རྫོགས་ནས་ཀྱང་བསྙིལ་བར་མི་བྱའོ། །ཡང་ན་ལས་ཀྱི་དབྱེན་གྱིས་བདག་ཉིད་ཀྱིས་དགེ་འདུན་གྱི་དབྱེན་ལ་དགོངས་ཏེ་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། ཀཽ་ཤཱམ་བཱིའི་དགེ་འདུན་སུས་ཕྱེ། ཆོས་མ་ཡིན་པ་སྨྲ་བ་དག་གིས་ཏེ། མཚམས་ཀྱི་ནང་ན་མཚུངས་པར་གནས་པ་ལས་


DTG167_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པའི་ཆོས་གསོ་སྦྱོང་བགྱིས་སོ་ཞེས་བྱ་བ་ཡིན་ནོ། །ཡང་ན་བཞད་གད་ཀྱི་བསམ་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། གང་ཞིག་དེ་ལྟར་ཀུ་རེའི་བསམ་པས་རྗེས་སུ་སྒྲོགས་སམ་ཚུལ་ཤིང་འབྲིམ་པར་བགྱི་ན་དགེ་འདུན་བྱེ་ཞེས་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ། །ལས་བགྱིད་པ་ལ་ཇི་ལྟར་འགྱུར་ལགས། དབྱེན་གྱི་ཉེར་བསྡོགས་ཀྱི་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དགེ་འདུན་དུ་མ་གྱུར་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། ལྔ་པ་སྤངས་པ་ཡིན་ན་དགེ་འདུན་མ་བྱེའོ་ཞེས་བརྗོད་པར་བྱའོ། །དགུ་པ་རྐུ་ཐབས་སུ་གནས་པ་ཞིག་གིས་དགེ་འདུན་ཕྱེ་ན་དགེ་འདུན་མ་བྱེའོ་ཞེས་བརྗོད་པར་བྱའོ། །མཚན་གཉིས་པ་ཞིག་གིས་ཚུལ་ཤིང་བྲིམས་སམ་རྗེས་སུ་སྒྲོགས་པར་བགྱིད་ན་ཅི་དགེ་འདུན་བྱེ་བ་ཞེས་བགྱི་འམ་མ་བྱེ་བ་ཞེས་བགྱི། བཀའ་སྩལ་པ། མ་བྱེ་བ་ཞེས་བྱ་བ་ཡིན་ནོ། །ཡང་ན་མ་འོངས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཟ་མས་ཚུལ་ཤིང་བྲིམ་ཞིང་ལས་དག་བགྱིར་དབང་ལགས་སམ། ཉེ་བ་འཁོར་མི་དབང་ངོ༌། །དེ་བཞིན་དུ་མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། མ་བཀུམས་པ་དང༌། ཕ་བཀུམས་པ་དང༌། དགྲ་བཅོམ་པ་བཀུམས་པ་དང༌། མུ་སྟེགས་ཅན་ཞུགས་པ་དང༌། རྐུ་ཐབས་སུ་གནས་པ་དང༌། ཐ་དད་དུ་གནས་པས་ཚུལ་ཤིང་བྲིམ་ཞིང་ལས་དག་བགྱིར་དབང་ལགས་སམ། ཉེ་བ་འཁོར་མི་དབང་ངོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་མདོ་བྱེད་པས་ཀྱང༌། ཆོས་དང་ཆོས་མ་ཡིན་པ་གཉི་ག་ལ་དེ་བཞིན་དུ་ཤེས་ན་མཚམས་མེད་པའོ། །དབྱེ་བ་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་ཞེས་བཤད་དོ། །འདི་ལ་འགྲེལ་པ་བྱེད་པས་ཀྱང༌། ཆོས་མ་ཡིན་པ་ལ་ཡང་ཆོས་མ་ཡིན་པ་ཉིད་དུ། ཆོས་ལ་ཡང་ཆོས་ཉིད་ཁོ་ནར་ཤེས་ཤིང་དགེ་འདུན་གྱི་དབྱེན་བྱེད་ན་མཚམས་མེད་པའི་ཁ་ན་མ་ཐོ་བ་དང་ལྡན་གྱི། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང༌། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་ལ་ནི་མ་ཡིན་ཏེ། དེ་ལ་བསམ་པ་ལོག་པར་ཞུགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །


DTG167_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་དེ་དབྱེ་བ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ། །མི་འཆགས་པའི་བློས་དབྱེན་བྱེད་པ་དང་གནས་ནས་འབྱིན་པ་དག་ལ་ནི་སྦོམ་པོའོ། །དགེ་འདུན་དུ་མ་གྱུར་པ་ཉིད་ན་ཉེས་བྱས་སོ། །དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ། །གང་ཁ་སྐོང་བར་མི་འོས་པ་དེ་མདུང་དོར་བར་ཡང་ངོ༌། །དགེ་འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་འབྲིམ་པ་མི་འཆགས་སོ། །དབྱེ་བར་བྱེད་པ་དག་དགེ་འདུན་གྱི་ཚད་མ་ཡིན་པ་དང༌། མཚམས་ཀྱི་ནང་ན་གཞན་དགེ་འདུན་གྱི་ཚད་དག་ཀྱང་མེད་པ་ཉིད་ཡིན་ན་དེ་མི་འཆགས་སོ་ཞེས་བཤད་དོ། །དེ་ཉིད་ལ་དགོངས་ནས། དགེ་སློང་ལྟ་སྤྱད་ཚུལ་ལྡན་པས། །འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུའི་གླིང་དུའོ་དགུ་སོགས་ཀྱིས། །བཤད་དོ། །སྔོན་དུ་ཕས་ཕམ་འགྱུར་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ལ་སྔོན་ཕས་ཕམ་པར་འགྱུར་བར་བྱས་པ་ནི་སྔོན་བསྙེན་པར་རྫོགས་པའི་ཚེ་ཕས་ཕམ་པར་འགྱུར་བ་བྱེད་པའི་ངང་ཚུལ་ཅན་ནི་སྔོན་ཕས་ཕམ་པར་འགྱུར་བ་བྱས་པ་སྟེ་སྔོན་ཕམ་པ་བྱུང་བ་ཞེས་བྱ་བའི་ཚིག་གོ །དེ་ལ་ཕས་ཕམ་པར་འགྱུར་བ་ནི་ཕས་ཕམ་པ་སྟེ། དགེ་སློང་གི་དངོས་པོ་དང་དེའི་འབྲས་བུ་འཕགས་པའི་ལམ་ལས་ལྟུང་བ་ཞེས་བྱ་བའི་ཐ་ཚིག་གོ །ཕས་ཕམ་པ་ལས་འབྱུང་བའི་ལྟུང་བ་ནི་ཕས་ཕམ་པར་འགྱུར་བ་སྟེ་དེ་བྱེད་པས་དེ་སྐད་ཅེས་བྱའོ། །དགེ་སློང་རྣམས་ལ་བསྙེན་པར་རྫོགས་པ་གསོལ་བ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་ལ་བསྙེན་པར་རྫོགས་པའི་དོན་དུ་གཉེར་བ་སྟེ། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་འབྱུང་བས་བསྙེན་པར་རྫོགས་པ་ནི་དགེ་འདུན་ལ་རག་ལས་པའི་ཕྱིར་རོ། །དགེ་སློང་ཞེས་སྨོས་པ་ནི་དགེ་སློང་མ་བསལ་བའི་ཕྱིར་ཏེ། འདི་ལྟར་འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་འབྱུང་བས་དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པ་ཡང་དགེ་སློང་གི་དགེ་འདུན་ལ་རག་ལས་པ་ཁོ་ན་ཡིན་ནོ། །རབ་བསྒྲིམས་ཏེ་ཞེས་བྱ་བ་ནི་བསམ་པ་ཐག་པ་ནས་ཏེ། མྱ་


DTG167_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་བསམ་པས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྒྲིམས་པ་སྨོས་པ་ནི་འཇིགས་སྐྱོབ་ཀྱི་བསམ་པས་སྡོམ་པ་ལེན་པ་སྐྱེ་བ་གང་ཡིན་པ་དེ་བསལ་བའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་སྔོན་ཕས་ཕམ་པར་འགྱུར་བ་བྱས་པ་ལའོ། །འཆགས་པ་ནི་སྐྱེ་བ་སྟེ་དོན་གྱི་དབང་གིས་ན་བསྙེན་པར་རྫོགས་པར་གཟུང་ངོ༌། །འདི་ལ་འདྲི་བའི་བསམ་པ་ནི་སྔོན་ཕམ་པ་བྱུང་བ་ལ་བཅོམ་ལྡན་འདས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཀག་གོ་ཞེས་འབྱུང་བ་འདི་ནི་ལེགས་པར་ཤེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་འདི་བསྙེན་པར་རྫོགས་པར་གནང་ངོ་ཞེས་བྱ་བ་འདི་ལྟ་བུ་ཡིན་ལ། ཁོ་བོའི་ཐེ་ཚོམ་དེ་སོལ་ཅིག་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་འདི་ཡིན་ཏེ། དགེ་སློང་མ་ཐུན་མོང་མ་ཡིན་པའི་ཕམ་པར་འགྱུར་བ་བྱས་པ་བསླབ་པ་ཕུལ་ནས་མཚན་གྱུར་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་སྔར་ཕམ་པ་བྱུང་བ་རབ་ཏུ་དབྱུང་བར་མི་བྱ་ཞིང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་དགེ་སློང་རྣམས་ཀྱིས་སྔར་ཕམ་པ་བྱུང་བ་ཞིག་རབ་ཏུ་འབྱིན་པར་བགྱིད་ཅིང་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་ཀྱང་བགྱི། ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མ་ཞིག་གིས་ཐུན་མོང་མ་ཡིན་པའི་ཕས་ཕམ་པར་འགྱུར་བའི་ལྟུང་བ་སྤྱད་ལ་དེ་བསླབ་པ་ཕུལ་ནས་བབས་པ་དང་དེ་མཚན་གྱུར་ཏེ་ཕོར་རེད་པ་དང་རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་མདོ་བྱེད་པས་ཀྱང༌། བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་རུང་བ་ཉིད་དོ། །ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་ཡང་ངོ་ཞེས་བཤད་དོ། །བསམ་པ་ཐག་པས་ཞེས་བྱ་བ་ལ་སོགས་པ་ལ་བསམ་པ་ཐག་པ་ཞེས་བྱ་བ་ནི་སྙིང་ཐག་པ་ནས་ཏེ། མི་ལྟ་བའི་


DTG167_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ཡིན་གྱི་ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དཀོན་མཆོག་གསུམ་ནི་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ཞེས་བྱ་བ་རིན་པོ་ཆེ་དང་འདྲ་བར་རྙེད་དཀའ་བའི་ཕྱིར་དང༌། རིན་ཐང་མེད་པའི་ཕྱིར་དང༌། ཕན་པ་དཔག་ཏུ་མེད་པ་མཛད་པའི་ཕྱིར་དཀོན་མཆོག་གོ །དེ་ཕྱིར་སྤོང་བར་བྱེད་པ་ལ་སྟེ། ཕྱིར་སྤོང་བ་ནི་འདོར་བ་ཡིན་པས་བདག་ལ་འདིར་མི་དགོས་སོ་ཞེས་དེ་སྐད་སྤོང་བའོ་ཞེས་བྱ་བའི་དོན་ཏོ། །མེད་པར་མི་འགྱུར་བ་ནི་འབྲལ་བར་མི་འགྱུར་བ་སྟེ་ཉམས་པར་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ལན་ནི་ལན་གདབ་པའོ། །རྗོད་ཅིག་ཅེས་བྱ་བ་ནི་སྨྲོས་ཤིག་པའོ། །འདི་ལ་ཕ་རོལ་པོའི་བསམ་པ་ནི་འགའ་ཞིག་སངས་རྒྱས་མ་ཆོས་སམ་དགེ་འདུན་སྤོང་བར་བྱེད་ཅིང་དེ་ལྟར་བསམ་པ་ཐག་པ་ནས་དཀོན་མཆོག་གསུམ་ཡོངས་སུ་སྤོང་བར་བྱེད་པ་གང་ཡིན་པ་དེས་ཐེ་ཚོམ་མེད་པ་ཁོ་ནར་ཕྱིར་སྤངས་པ་ལ་ཡིན་ནོ་ཞེས་བྱ་བ་འདི་ནི་དེ་ལྟར་བསྟན་པ་ལ་ཞུགས་པ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བདེ་བླག་ཏུ་གོ་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ཕྱིར་སྤངས་པར་མ་གསུངས་སོ་ཞེས་བྱ་བ་ཁོ་བོའི་སེམས་ཐེ་ཚོམ་གྱི་འཕྱང་ཐག་ལ་འཇུ་བ་ཡུན་རིང་པོ་ནས་བསྡོགས་པ་གཡོ་བ་འདི་ལན་ལེགས་པ་ཞིག་གིས་རྣལ་དུ་ཕོབ་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། རྟེན་ནམ་ཐར་པའི་ཚུལ་གཞན་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟར་གཞན་དུ་སྟེགས་ཅན་ལས་རབ་ཏུ་བྱུང་བའི་དགེ་སློང་མ་ནག་མོས་དགེ་སློང་མ་དག་དང་ལྷན་ཅིག་ཐབ་མོ་བྱུང་བ་དང༌། སངས་རྒྱས་སྤོང་ངོ༌། །ཆོས་དང་དགེ་འདུན་སྤོང་ངོ་ཅི་ཤཱཀྱའི་བུའི་དགེ་སློང་དག་ཁོ་ན་ཚུལ་ཁྲིམས་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ་དང༌། དེས་པ་དང་དགེ་བའི་ཆོས་ཅན་ཡིན་ནམ། དགེ་སློང་གཞན་དག་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ་དང༌། དེས་པ་དང་དགེ་བའི་ཆོས་ཅན་དག་ཡོད་ཀྱིས་བདག་གིས་དེ་དག་གི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་འདི་ནི་དེའི་ལྟུང་བ་དང་པོ་སྟེ། ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པས་དེ་ལ་དགེ་འདུན་གྱི་ལྷག་མར་འགྱུར་བར་


DTG167_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་བཞིན་དུ་འགྲེལ་པ་བྱེད་པས་ཀྱང་རྟེན་ནམ་ཐར་པའི་ཚུལ་གཞན་ཡོད་དེ། འདི་ནི་རྟེན་ནམ་ཐར་པའི་ཚུལ་མ་ཡིན་ནོ་སྙམ་པའི་བསམ་པ་འདིས་ཕྱིར་སྤང་ན་ནི་སྤངས་པར་མི་འགྱུར་རོ། །དེ་ལྟ་བུ་ཅུང་ཟད་ཡོད་དོ་ཞེའམ། དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེའམ། དེ་ལྟ་བུ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། རེ་ཞིག་བདག་ལ་ནི་དེ་དགོས་སོ་ཞེས་བྱ་བའམ། ཐར་པའི་ཚུལ་མེད་པ་ཉིད་དོ། ཚུལ་དེ་ཡོད་ཀྱང་རུང་མེད་ཀྱང་རུང་རེ་ཞིག་བདག་ལ་ནི་དེ་མི་དགོས་སོ་ཞེས་བྱ་བ་དེ་ལྟ་བུ་དག་ཏུ་རྣམ་པར་མི་རྟོག་ན་ནི་ཕྱིར་སྤངས་པ་ཡིན་ནོ་ཞེས་བཤད་དོ། །ཡང་ན་ཉམས་པའི་བསམ་པའི་དབང་དུ་མཛད་ནས་དེ་སྐད་དུ་བཤད་དེ། དེ་བཞིན་དུ་ཞུ་བའི་གཞུང་ཁ་ཅིག་ལས། བཙུན་པ་དགེ་སློང་ལ་ཁྱོད་སུ་ཡིན་ཞེས་དྲིས་པ་ལས། ང་དགེ་སྦྱོང་མ་ཡིན་ནོ་ཞེས་སྨྲས་ན་བསླབ་པ་ཕུལ་བ་ཞེས་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ། །ཅིར་འགྱུར་ལགས། ཤེས་བཞིན་དུ་བརྫུན་སྨྲས་པས་ལྟུང་བྱེད་དུའོ། །དེ་བཞིན་དུ་དགེ་ཚུལ་མའོ་ཞེས་བགྱི་བ་དང༌། དགེ་སློང་མའོ་ཞེས་བགྱི་བ་དང༌། ཁྱིམ་ན་གནས་པའོ་ཞེས་བགྱི་བ་དང༌། ཀུན་དུ་རྒྱུའོ་ཞེས་བགྱི་བ་དང༌། གཞན་མུ་སྟེགས་ཅན་ནོ་ཞེས་བགྱི་བ་དང༌། ཀླུའོ། །གནོད་སྦྱིན་ནོ། །དྲི་ཟའོ། །མི་འམ་ཅིའོ། །ཡི་དགས་སོ། །ཤ་ཟའོ། །གྲུལ་བུམ་མོ་ཞེས་བགྱིས་ན་ཐམས་ཅད་དུ་བསླབ་པ་ཕུལ་བ་ཞེས་བགྱིའམ། ཉེ་བ་འཁོར་མ་ཡིན་ཏེ། འོན་ཀྱང་ཤེས་བཞིན་དུ་བརྫུན་སྨྲས་པས་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་དོ། །དེ་བཞིན་དུ་རྣམ་པར་འབྱེད་པ་ལས་ཀྱང་ཉམས་པའི་བསམ་པ་ཁོ་ནས་སྤངས་པ་ཡིན་པར་གསུངས་པ་ཡིན་ཏེ། འདི་སྐད་དུ་འདི་ལྟར་དགེ་སློང་དགའ་བར་གྱུར་ཀྱང་རུང༌། མི་དགའ་ཡང་རུང༌། བབས་པར་འདོད་ཀྱང་རུང༌། དགེ་སློང་དོན་དུ་མི་གཉེར་བ་ཡང་རུང༌། དགེ་སྦྱོང་གིས་གནོང་ཞིང་ངོ་ཚ་ནས་སྨོད་པར་བྱེད། རྣམ་པར་སྨོད་པར་བྱེད་ཅིང་དགེ་སློང་གི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་ཤིག །བདག་མིང་འདི་ཞེས་བྱ་བ་བསླབ་པ་འབུལ་ལོ་ཞེས་སྨྲས་ན་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ནག་མོས་ཕྱིར་སྤངས་པ་བཤད་མ་ཐག་པ་ཡང་འདིར་སྦྱར་བར་བྱ་སྟེ། དེ་བཞིན་དུ་འགྲེལ་པ་བྱེད་པས་


DTG167_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། འདི་ལ་ནི་ཉམས་པའི་བསམ་པ་དགོས་སོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤྱད་པའི་སྔོན་རོལ་དུ་སྟེ། སྔོན་དུ་སྨོས་པ་ནི་དེ་ལས་གཞན་པའི་བར་ཆད་ཀྱི་ཆོས་མེད་པ་བསྟན་པ་ཡིན་ནོ། །ལས་ཀྱི་ཆོ་ག་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ལས་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ཆོ་གས་ཞེས་བྱ་བ་ནི་ཡང་དག་པའི་ཆོ་གས་ཏེ། དགེ་འདུན་དུ་ཚང་བ་དང༌། ལས་བྱེད་པ་དགེ་སློང་ཉིད་ཡིན་པ་དང༌། ཉན་པ་པོ་རྣམས་གོར་བཏུབ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཆོས་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཆོ་ག་སྨོས་པ་ནི་ལས་ལེགས་པར་མ་བྱས་པ་བསལ་བའི་ཕྱིར་རོ། །ལེགས་པར་ཞེས་བྱ་བ་ནི་བསམ་པ་ཐག་པ་ནས་ཏེ་མྱ་ངན་ལས་འདས་པའི་བསམ་པ་ཅན་ལ་དགེ་སློང་གི་སྡོམ་པ་སྐྱེ་བའི་ཕྱིར་མྱ་ངན་ལས་འདས་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ །བསྙེན་པར་རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་བསྒྲུབ་པས་ཏེ་དགེ་སློང་གི་སྡོམ་པ་སྐྱེས་པའོ་ཞེས་བྱ་བའི་དོན་ཏོ། །འཁྲིག་འབྱུང་ཞེས་བྱ་བ་ལ་འཁྲིག་པ་ནི་ཟུང་སྟེ་ཕོ་དང་མོ་ཞེས་བྱ་བ་ཡིན་ནོ། །དེ་ལས་བྱུང་བ་ནི་འཁྲིག་འབྱུང་སྟེ། ཉོན་མོངས་པ་ཅན་གྱི་བདེ་བ་སྤྱོད་པ་ཡིན་ཏེ། བཅུག་པའི་རེག་པ་བདག་གིར་བྱེད་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཕྱིས་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པའི་འོག་རོལ་དུའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་རོ། །དགེ་སློང་མིན་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བར་བྱེད་པའོ། །མི་འདོད་ཅེས་བྱ་བ་ནི་མི་འགྱུར་བའོ། །འདི་ལ་འདྲི་བའི་དོན་ནི་གང་ཞིག་ཡང་དག་པའི་ཆོ་གས་ལེགས་པར་བསྙེན་པར་རྫོགས་ཤིང་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་ཕྱིས་མི་ཚངས་པར་སྤྱོད་པ་འཁྲིག་པ་བསྟེན་པ་དེ་དག་གོ །འདི་ལྟར་ཕས་ཕམ་པར་འགྱུར་བ་སྤྱད་པས་དགེ་སློང་མ་ཡིན་པར་འགྱུར་རོ་ཞེས་བྱ་ཐེ་ཚོམ་ཡང་མེད་པ་ཉིད་དེ། འདི་ནི་ལེགས་པར་ཤེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་འདི་དགེ་སློང་ཉིད་དུ་གསུངས་པ་དེ་རྒྱུ་གང་གིས་ཡིན་པ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལས་དང་པོ་བ་ལ་དགོངས་ནས་གསུངས་པའམ། ཡང་ན་སྨྱོན་པ་


DTG167_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟེན་པའམ། ཡང་ན་སེམས་འཁྲུགས་པ་ལ་དགོངས་པའམ། ཡང་ན་ཚོར་བས་ཉེན་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་ནི་བསླབ་པ་བྱིན་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། འདི་ལྟར་བསླབ་པ་བྱིན་པ་སྟེ་ཕས་ཕམ་པར་འགྱུར་བ་སྤྱད་པ་ཡིན་ཡང་དགེ་སློང་ཉིད་དེའི་སོ་ན་འདུག་པ་ཁོ་ན་སྟེ། འདི་ལྟར་དེ་ལ་ཡང་ཕས་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་རྣམས་རྣམ་པར་གཞག་པའི་ཕྱིར་རོ། །དེ་བཞིན་དུ་འདིར་གཞུང་ནི། དགེ་སློང་ལ་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང༌། དགེ་སློང་མ་ལ་ཡང་མཐར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལྟུང་བའི་རིགས་ལྔ་ཅི་རིགས་པར་བརྗོད་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་མདོ་བྱེད་པས་ཀྱང་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་བཤད་དོ། །ཡང་ན་རྨའི་སྒོ་ཉམས་པ་དག་ཏུ་མི་ཚངས་པར་སྤྱོད་པ་བྱེད་པ་ཐུགས་ལ་བཞག་ནས་དེ་སྐད་གསུངས་པ་ཡིན་ཏེ། འདི་ལ་ནི་ཉེས་པ་སྦོམ་པོར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་འདིར་གཞུང་ནི། འདི་ལྟར་དགེ་སློང་བསྟེན་པ་འཁྲིག་པ་ལ་གཞོལ་བ་དང༌། བསྟེན་པ་ལ་འབབ་པ་དང༌། བསྟེན་པ་ལ་བབ་པའི་སེམས་སུ་གྱུར་ཅིང༌། དེ་བསྟེན་པ་ལ་གཞོལ་བ་དང༌། བསྟེན་པ་ལ་འབབ་པ་དང༌། བསྟེན་པ་ལ་བབ་པའི་སེམས་ཀྱིས་མིའི་བུད་མེད་གསོན་པ་ཉམས་པ་ལ་བར་ཆད་དང་བཅས་པས་བར་ཆད་དང་བཅས་པ་དང༌། བར་ཆད་མེད་པས་བར་ཆད་མེད་པར་ཟག་བྱེད་དུ་ཟག་བྱེད་འཇུག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ལ་གཞུང་གཞན་ནི་བཙུན་པ་དགེ་སློང་མི་ཚངས་པར་སྤྱོད་པས་ཕས་ཕམ་པར་འགྱུར་ཞིང༌། འོན་ཀྱང་མི་ཚངས་པར་སྤྱོད་པ་བགྱིས་པས་ཕས་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གང་ཞིག་གསོན་པོ་ཉམས་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་བྱེད་པ་


DTG167_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཕས་ཕམ་པར་འགྱུར་ལ། གང་ཞིག་གསོན་པོ་ཉམས་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་བྱེད་པ་ལ་ནི་ཕས་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། ཉམས་པ་དག་ལས་ནི་སྦོམ་པོ་ཞེས་བཤད་དོ། །ཡང་ན་དེ་ནི་བར་ཆད་དང་བཅས་པར་མི་ཚངས་པར་སྤྱོད་པ་བྱེད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འདི་ལ་གཞུང་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ནོ། །དེ་བཞིན་དུ་འདི་ཉིད་ལ་གཞུང་གཞན་ནི། བཙུན་པ་རེ་ཞིག་དགེ་སློང་གིས་གོས་སྟུག་པོའམ་ཕྱིང་བུས་དཀྲིས་ནས་འཇུག་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། མཐའ་ཉིད་བརྗོད་པའི་གཡོགས་པ་ནི་བསྒྲིབས་པ་སྟེ་དེས་གཡོགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ། །གཞན་གྱིས་གཡོགས་པ་ཉིད་ནི་མི་རེག་པར་འཇུག་པས་རྣམ་པ་བཤད་པ་ཡིན་ནོ་ཞེས་བཤད་དོ། །ཡང་ན་མ་རེག་པར་བཅུག་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བཤང་བའི་ལམ་མམ་གཅི་བའི་ལམ་མམ། ཁའི་ལམ་དུ་མ་རེག་པར་འཇུད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཡང་ན་བལྟབས་ཏེ་བཅུག་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བལྟབས་ནས་འཇུད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་མདོ་བྱེད་པས་བལྟབས་པ་དང་མི་རེག་པར་བཅུག་པ་གཉིས་སོ་ཞེས་བཤད་དོ། །ཡང་ན་རྨའི་ཁ་གསུམ་གྱི་མཚམས་སྦྱར་བ་འཕྲོ་མངོན་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་ཕྱེད་དུ་བཙལ་བའི་ཚལ་བ་གཉིས་སྦྱར་ནས་འཇུག་པར་བགྱིད་ན་ཅིར་འགྱུར་ལགས། གལ་ཏེ་འཕྲོ་མི་མངོན་ན་མཐར་འགྱུར་རོ། །འོན་ཏེ་འཕྲོ་མངོན་ན་ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་གཞུང་གཞན་ནི། བཙུན་པ་རེ་ཞིག་བུད་མེད་ཕྱེད་དུ་བཀུམས་པར་གྱུར་ཅིང་དེའི་རྨའི་སྒོ་གསུམ་པོ་དག་


DTG167_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཉམས་པར་གྱུར་ལ། དེ་དག་ཀྱང་དགེ་སློང་གི་ཁམ་ཚད་དང་ཁམ་ཚད་དུ་འཕྲོ་སྤྱར་ནས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་བསྟན་པར་བྱ་བའི་དབུས་ཕྱེ་བའི་མཚམས་མི་མངོན་པ་ལ་ཡང་ངོ༌། །མངོན་པ་ལ་ནི་ཚིག་འོག་མར་འགྱུར་རོ་ཞེས་བཤད་དོ། །ཡང་ན་མགོ་བཅད་པ་དང་མི་ཚངས་པར་སྤྱོད་པ་བྱེད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་མགོ་བཀུམས་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པར་གྱུར་ན་ཅིར་འགྱུར་ལགས། གལ་ཏེ་བཤང་བའི་ལམ་མམ་གཅི་བའི་ལམ་དུ་བསྟེན་པར་བྱེད་ན་མཐར་འགྱུར་རོ། །འོན་ཏེ་ཁའི་ལམ་མམ་མིད་པ་འམ་མཚན་ཁུང་དུ་བསྟེན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་མགོ་བཅད་པའི་ཁར་རོ་ཞེས་བཤད་དོ། །ཡང་ན་མཚམས་ཀྱི་ཕྱི་རོལ་དུ་མི་ཚངས་པར་སྤྱོད་པ་བྱེད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་སོའི་སླད་རོལ་གྱི་མཆུར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་མཆུ་གཉིས་ལའོ། །ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ་ཞེས་བཤད་དོ། །གང་ཞིག་དགེ་སློང་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་བྱ་བ་ནི་སྤྱིར་བསྟན་པའོ། །དགེ་སློང་གི་དངོས་པོ་ནི་དགེ་སློང་ཉིད་དོ། །དགེ་སློང་གི་སྒྲ་འཇུག་པའི་རྒྱུ་མཚན་ཞེས་བྱ་བའི་ཐ་ཚིག་སྟེ། གང་གི་དབང་གིས་འདི་དགེ་སློང་ཡིན་ནོ་ཞེས་ཐ་སྙད་འདོགས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གནས་པ་ནི་རྣམ་པར་གནས་པ་སྟེ། དགེ་སློང་གི་སྡོམ་པ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ །འདོད་པ་ལ་ཡང་བསྟེན་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའོ། །དེ་ལ་ཞེས་བྱ་བ་ནི་དགེ་སློང་ལའོ། །མཐའ་ནི་ཕས་ཕམ་པར་འགྱུར་བ་སྟེ། ལྟུང་བ་འདི་ནི་ཐ་མ་དང༌། ཐ་མལ་པ་དང༌། ཐ་ཆད་པ་དང༌། མི་མཐུན་པ་དང་མི་འཕྲོད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མ་གསུངས་པ་ནི་བཀའ་


DTG167_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྩལ་བའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་རོ། །དྲི་ཡིས་ཞེས་བྱ་བ་ནི་རྨས་ཞེས་བྱ་བ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་འདོད་པ་བསྟེན་པ་སྤྱད་པ་མཐར་མ་གསུངས་པའོ། །སྨྲོས་ཞེས་བྱ་བ་ནི་ཤོད་ཅིག་པའོ། །འདི་ལ་འདྲི་བའི་བསམ་པ་ནི་གང་ཞིག་དགེ་སློང་གི་སྡོམ་པ་ལེགས་པར་སྐྱེས་ལ་མི་ཚངས་པར་སྤྱོད་པ་བྱེད་པ་དེ་ནི་ངེས་པར་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་བྱ་བ་དེ་གོ་གསལ་བ་ཁོ་ནར་རྟོགས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་ཕས་ཕམ་པར་མ་གསུངས་བ་དེ་ཁོ་བོ་ལ་རྒྱས་པར་རབ་ཏུ་སྟོན་ཅིག་ཅེས་བྱས་པ་འདི་ཡིན་ནོ། །འདིར་ནི་སྤྱིར་མཐར་མ་གསུངས་མོད་ཀྱི། འོན་ཀྱང་ལ་ལར་ནི་ལྟུང་བ་མེད་པ། ལ་ལར་ནི་ཉེས་བྱས། ལ་ལར་ནི་ཉེས་པ་སྦོམ་པོར་གསུངས་ཏེ་ཅི་རིགས་པར་སྦྱར་རོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལས་དང་པོ་པའི་དགེ་སློང་གི་དབང་དུ་མཛད་ནས་དེ་སྐད་གསུངས་པ་ཡིན་ནོ། །ཡང་ན་སྨྱོན་པའམ། སེམས་འཁྲུགས་པའམ། ཚོར་བས་ཉེན་པའི་དབང་དུ་མཛད་པ་ཡིན་ཏེ། འདི་ལ་གཞུང་ནི་སྔ་མ་བཞིན་ནོ། །ཡང་ན་སྔར་ཕམ་པ་བྱུང་བའམ། རྐུ་ཐབས་སུ་གནས་པའམ། དང་པོ་ནས་མི་མཐུན་པ་ཅན་ནམ། ཟ་མ་འམ། དགེ་སློང་མ་སུན་ཕྱུང་བ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་མིའི་བུད་མེད་དང་ལྷན་ཅིག་ཉམས་པར་བགྱིད་ལ། མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔོན་ཕམ་པ་བྱུང་བའམ། རྐུ་ཐབས་སུ་གནས་པའམ། དང་པོ་ནས་མི་མཐུན་པ་ཅན་ནམ། ཟ་མའམ། དགེ་སློང་མ་སུན་འབྱིན་པ་ཞིག་གིས་ཉམས་པར་བགྱིད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་བ་ནི་ཉེས་བྱས་སོ་ཞེས་བཤད་དོ། །འདིར་ནི་བདག་ཉིད་དགེ་སློང་གི་ཚུལ་དུ་ཉེ་བར་སྟོན་པས་དགེ་སློང་ཉིད་དུ་ཤེས་པར་བྱའི་ཁྱད་པར་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འགྲེལ་བ་བྱེད་པས། གང་དུ་བདག་ཉིད་ཚུལ་དུ་ཉེ་བར་སྟོན་པ་དེ་ནི་དེ་དང་མཐུན་པ་མ་ཡིན་ཏེ་ཆགས་ན་དེ་ལ་ཉེས་བྱས་ཀྱི་ངོ་བོ་ཞེས་བཤད་དོ། །ཡང་ན་ཉམས་པའི་དགེ་སློང་གི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། འདི་


DTG167_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དགེ་སློང་ཉིད་ཀྱི་ཐ་སྙད་འདོགས་པ་སྟེ། དགེ་སློང་འདི་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་པ་ཡིན། སྡིག་པའི་ཆོས་ཅན་ཡིན་ཞེས་བྱ་བ་དང༌། དེ་བཞིན་དུ་དགེ་སྦྱོང་བཞི་སྟེ་ལྔ་པོ་མེད་དོ་ཞེས་འབྱུང་ངོ༌། །འདི་ཉིད་ལ་དགོངས་ནས། བུ་ལོན་ནོར་བཞིན་ཁ་ཅེ་རྣམས་འབྱུང་བ་ལ་ནི་གཉིས་སུ་འདོད་ཅེས་བཤད་དོ། །ཡང་ན་དེའི་རྨའི་སྒོ་ཉམས་པའི་དབང་དུ་མཛད་ནས་གསུངས་བའམ། བར་ཆད་དང་བཅས་པར་འཇུག་པ་ཞེས་བྱ་བ་དེའི་དབང་དུ་མཛད་པའམ། མ་རེག་པར་འཇུད་པའམ། བལྟབས་ཏེ་འཇུག་པའམ། རྨའི་སྒོ་གསུམ་མཚམས་སྦྱར་བའམ། མགོ་བཅད་པར་རམ། མཚམས་ཀྱི་ཕྱི་རོལ་དུ་འཇུག་པ་ལ་དགོངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི་ཚིག་ལེ་འུར་བྱས་པ་བཤད་མ་ཐག་པ་ལས་དགེ་སློང་སྨོས་པ་བསླབ་པ་བྱིན་པ་མ་གཏོགས་པ་རྣམས་ཡིན་ནོ། །གཞུང་དེ་ཐམས་ཅད་ལ་ཡང་མི་ཚངས་པར་སྤྱད་པ་སྤྱོད་པ་ལ་མཐར་མ་གསུངས་ཀྱི། འོན་ཀྱང་ཉེས་པ་སྦོམ་པོར་གསུངས་པས་ཉེས་པ་སྦོམ་བོའི་སྐབས་ཀྱིས་ཀྱང་དྲི་བ་དང་ལན་དག་རུང་ངོ༌། །དགེ་སློང་གཅིག་པུ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པའོ།། གནས་ནི་གནས་ལྔ་ལ་སོགས་པ་གནས་སོ། །གནས་ན་གྲོགས་དང་བཅས་པ་ཡོད་པས་གཅིག་པུ་ཞེས་བྱ་བ་སྨོས་སོ། །ཟླ་མེད་པར་ཞེས་བྱ་བ་ནི་ཟླ་གྲོགས་མེད་པ་སྟེ། ཟླ་ཞེས་བྱ་བའི་སྦྱོར་བ་ནི་འདིར་ཟླ་གྲོགས་ཀྱི་ཡུལ་ཅན་ཡིན་པར་བལྟ་བར་བྱའོ། །འདི་ལ་ཟླ་གྲོགས་མེད་པས་ན་ཟླ་མེད་པ་སྟེ་དེའོ།། ཇི་ལྟ་བུ་ཞེས་བྱ་བ་ནི་དྲི་བའོ། །སྡོམ་བརྩོན་ཞེས་བྱ་བ་ནི་དགེ་སློང་ངོ༌། །སོམས་ཏེ་ཞེས་བྱ་བ་ནི་གཟོབས་ཏེའོ། །འདི་ལ་ཕ་རོལ་བོའི་བསམ་པ་ནི་ཟླ་ལ་ལྟོས་ནས་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཕས་ཕམ་པར་འགྱུར་བ་བྱུང་ན། ཅི་དེ་གཅིག་པུ་ལ་དེ་འབྱུང་བ་གང་ཡིན་པ་སྲིད་པ་ཡོད་དམ་ཞེས་བྱ་པ་དེ་ལེགས་པར་རྟོགས་ཏེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཟླ་དང་བཅས་པའི་མི་ཚངས་པར་སྤྱོད་པ་ལ་སོགས་པར་གཏོགས་པའི་སྦྱོར་བ་བྱེད་པའི་དབང་དུ་མཛད་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་


DTG167_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་སྡུམ་པ་ལ་ཞུགས་པ་ལ་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་མཐར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དཔེར་ན་མཚན་རིངས་དད་རྒྱབ་མཉེན་ལྟ་བུ་ཞེས་བྱ་བ་ཡིན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། ཟླ་གྲོགས་སྐྱེས་བ་དང་བུད་མེད་ལ་སོགས་པ་དང་ལྷན་ཅིག་པ་ལས་ཕས་ཕམ་པར་འགྱུར་བའི་རྣམ་པར་གཞག་པ་གང་ཡིན་པའི་ངེས་པ་དེ་ནི་མེད་ཀྱི། འོན་ཀྱང་གཅིག་པུ་ལ་ཡང་སྲིད་པ་ཉིད་དེ། དཔེར་ན་མཚན་རིངས་དང་རྒྱབ་མཉེན་ལྟ་བུའོ། །ཁྱིམ་བདག་གི་བུ་ཞིག་ཕོ་མཚན་ཚད་ལས་འདས་པར་གྱུར་བ་དང་གཞི་དེས་དེའི་གཉེན་རྣམས་ཀྱིས་མཚན་རིངས་ཞེས་བྱ་བར་མིང་བཏགས་སོ། །རེ་ཞིག་ཅིག་ན་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཕོ་མཚན་དེ་རང་གི་བཤང་བའི་ལམ་དུ་བཅུག་སྟེ་རེག་པ་བདག་གིར་བྱས་སོ། །དེ་བཞིན་དུ་ཁྱིམ་བདག་གི་བུ་ཞིག་དཔེར་ན་རི་བོང་ངམ་བྱི་ལ་ལྟ་བུར་རྒྱབ་མཉེན་པོར་གྱུར་པ་དང་དེ་ལ་བརྟེན་ནས་དེའི་མིང་རྒྱབ་མཉེན་དུ་བཏགས་སོ། །རེ་ཞིག་ཅིག་ན་དེ་ཡང་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཕོ་མཚན་ཁའི་ནང་དུ་བཅུག་ནས་རེག་པ་བདག་གིར་བྱས་སོ་ཞེས་བྱ་བ་འདི་རྒྱས་པར་རྣམ་པར་འབྱེད་པ་ལས་འབྱུང་ངོ༌། །དེ་བཞིན་དུ་འདི་ཉིད་ལ་གཞུང་གཞན་ནི། བཙུན་པ་དགེ་སློང་གཅིག་པུ་གཙུག་ལག་ཁང་དུ་ཞུགས་ལ་ཕས་ཕམ་པར་འགྱུར་བ་བཞི་སྤྱོད་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། དཔེར་ན་མཚན་རིངས་དང་རྒྱབ་མཉེན་ལྟ་བུའོ། །མ་བྱིན་པར་ལེན་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་སྦྱོར་བ་བྱས་ནས་གཙུག་ལག་ཁང་དུ་ཞུགས་པ་དང་དེའི་ཡང་བརྐུས་པ་ལྟ་བུའོ། །བཀུམས་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་གསོད་པའི་སྦྱོར་བ་བྱས་ནས་གཙུག་ལག་ཁང་དུ་ཞུགས་པ་དང་དེ་ཡང་བསད་པ་ལྟ་བུའོ། །སྨྲ་བའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་འདི་སྐད་ཅེས་ང་ནི་དགྲ་བཅོམ་པ་སངས་རྒྱས་སོ་ཞེས་ཟེར་བ་ལྟ་བུའོ། །གང་གིས་ཡན་ལག་ལྔ་ལྡན་པར་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་གང་གི་ཕས་ཕམ་པ་འབྱུང་བའི་རྒྱུ་ལྔའོ། །མ་བྱིན་པ་ལེན་པ་ཉིད་དང༌། མ་


DTG167_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཀ་ལྔ་ཉིད་དང༌། རྐུ་སེམས་ཉིད་དང༌། མིའི་འགྲོ་བས་བཟུང་བ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང་ཞེས་བྱ་བ་དང་ལྡན་ཞིང་འབྱོར་བ་སྟེ། ཡན་ལག་ལྔ་ཞེས་སྨོས་པ་ནི་ཡན་ལག་གཅིག་མ་ཚང་ན་སྨད་པར་གསུངས་པ་དག་གོ །གཞན་གྱི་ནོར་ནི་གཞན་སྐྱེས་པ་དང༌། བུད་མེད་དང་མ་ནིང་ལ་སོགས་པས་བདག་གིར་བྱས་པའི་ནོར་ཏེ་འདིས་ནི་རང་གི་ནོར་བསལ་ཏོ། །ནི་ཞེས་བྱ་བ་ནི་ཁྱད་པར་དུ་བྱའོ། །རྐུ་ཞེས་བྱ་བ་ནི་བླང་བ་བྱས་པའོ། །དེ་ལ་ཞེས་བྱ་བ་ནི་དགེ་སློང་ལའོ། །དེ་ནི་ཞེས་བྱ་བ་ནི་གཞན་གྱི་ནོར་རྐུ་བར་གཏོགས་པའི་ཕས་ཕམ་པར་འགྱུར་བར་མ་གསུངས་པའོ། །གསལ་བར་སྨྲོས་ཞེས་བྱ་བར་སྦྱར་ཏེ། གསལ་བར་ཞེས་བྱ་བ་ནི་གསལ་པོར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ཞིག་གཞན་གྱི་ནོར་གྱི་རིགས་པར་བྱིན་པ་ཉིད་ལ་སོགས་པ་ཡན་ལག་ལྔ་དང་ལྡན་པ་རྐུ་བ་དེ་ལ་ཕས་ཕམ་པར་འགྱུར་བར་གསུངས་ན། འོན་ཀྱང་རྣམ་གྲངས་འགའ་ཞིག་གིས་དེ་ལ་ཕས་ཕམ་པར་འགྱུར་བར་མ་གསུངས་པ་དེ་ཁོ་བོ་ལ་ངེས་པར་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་གཞན་གྱི་དོན་དུ་རྐུ་བའི་སྐབས་ཀྱིས་གསུངས་པ་ཡིན་ནོ། །འདི་ལྟར་ཡན་ལག་ཐམས་ཅད་ཡོད་ཀྱང་གཞན་གྱི་དོན་དུ་རྐུ་བ་ལ་ཉེས་པ་སྦོམ་པོར་གསུངས་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་མ་སྨྲས་པར་གཞན་གྱི་དོན་དུ་རྐུ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི་དགེ་སློང་གིས་དགེ་སློང་ཞིག་ལ་འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་ཆེ་གེ་མོ་ཞིག་གེ་ཡོ་བྱད་དེ་ལྟ་བུ་དང་དེ་ལྟ་བུ་ཤེས་སམ། ཤེས་སོ། །སོང་ལ་དེ་རྐུས་ཤིག །གནས་ནས་གནས་སུ་སྤོགས་ཤིག་ཅེས་སྨྲས་ལ། གལ་ཏེ་རྐུ་བའི་སེམས་ཀྱིས་དེ་བརྐུས་རྫས་གནས་ནས་གནས་སུ་སྤོགས་ནས་བྱེད་པ་མཚུངས་པར་འགྱུར་རོ། །འོན་ཏེ་དེ་འདི་སྙམ་དུ་འདི་ནི་ཁོ་བོའི་ཡིན་ནོ་སྙམ་ན་ལེན་པ་ལ་ཉེས་པ་མེད་དོ། །རྐུར་འཇུག་པ་གང་ཡིན་པ་དེ་ལ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཡང་ན་བྱང་གེ་སྒྲ་མི་སྙན་གྱི་གླིང་ནས་བརྐུས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བྱང་གི་


DTG167_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མི་སྙན་གྱི་གླིང་ནས་བརྐུས་ན་ཅིར་འགྱུར་ལགས། ཉེ་བ་འཁོར་དེ་ན་མ་བྱིན་པར་ལེན་པ་ནི་མེད་དེ། གལ་ཏེ་དེར་རྐུ་བའི་སེམས་བསྐྱེད་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་ལས་ཀྱང༌། བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་དོ། །དེ་ནི་རང་གི་དང་འདྲའོ་ཞེས་བཤད་དོ། །ཡང་ན་ཕྱོགས་བཞིའི་དགེ་འདུན་གྱི་བརྐུས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་ལུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་ཕྱོགས་བཞིའི་དགེ་འདུན་གྱིས་མ་སྩལ་བ་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། བདག་པོ་ཐ་དད་པ་མ་ཡིན་པ་ནི་རང་གི་དང་འདྲའོ་ཞེས་བཤད་དོ། །ཡང་ན་འགྲོ་བ་གཞན་གྱི་ལ་བརྟེན་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། མི་མ་ལགས་པའི་མ་སྩལ་བ་ལ་མི་མ་ལགས་པའི་འདུ་ཤེས་ཀྱིས་བརྐུས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །མི་མ་ལགས་པའི་མ་སྩལ་བ་ལ་མིའི་འདུ་ཤེས་ཀྱིས་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་མིའི་རྒྱུད་ཀྱིས་ཡོངས་སུ་གཟུང་བའོ། །དེར་འདུ་ཤེས་པས་སོ་ཞེས་བཤད་དོ། །ཡང་ན་ཉེས་བྱས་སུ་གསུངས་པ་ནི་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། འདིར་ཡང་གཞུང་ནི་སྔ་མ་བཞིན་ནོ། །སྡོམ་བརྩོན་ཞེས་བྱ་བ་ལ་སོགས་པ་ལ་སྡོམ་བརྩོན་ནི་དགེ་སློང་ངོ༌། །བློ་ལྡན་ཞེས་བྱ་བ་ནི་སྔ་ཕྱི་བརྟགས་པ་སྟེ་ཆེད་དུ་བསམས་ནས་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ཞེས་བྱ་བ་ནི་གྱི་ནར་བསླང་བ་སྩལ་བ་ཡིན་ནོ། །གྲངས་འདས་ཞེས་བྱ་བ་ནི་མ་ཤ་ཀ་ལྔ་ལས་ལྷག་པའི་ཚད་དང་ལྡན་པ་སྟེ་བརྒྱ་སྟོང་རི་བ་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེ་ཞེས་བྱ་བ་ནི་སྡོམ་བརྩོན་ནོ། །ཅི་སྟེ་ཞེས་བྱ་བ་ནི་དྲི་བའོ། །དེ་ནི་ཞེས་བྱ་བ་ནི་སྨྲས་མ་ཐག་པའི་དངོས་པོའོ། །མྱུར་དུ་ཞེས་བྱ་བ་ནི་སྐྱེན་པར་རོ། །སྨྲོས་ཞེས་བྱ་བ་ནི་སྨྲོས་ཤིག་པའོ། །འདི་ལ་གཞན་གྱི་བསམ་པ་ནི་འདི་ཡིན་ཏེ། བརྒྱ་སྟོང་རི་བ་ཡང་རྐུ་ལ་ཡན་ལག་ཐམས་ཅད་ཀྱང་ཡོད་ན་གདོན་མི་ཟ་བར་ཕས་ཕམ་པར་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྐབས་འགའ་ཞིག་གིས་འདི་ཕས་ཕམ་པ་


DTG167_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་འབྱུང་བ་མ་གསུངས་པ་དེ་བདག་ལ་མ་ཐོགས་པར་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མ་ཤ་ཀ་རེ་རེ་ནས་བརྐུ་བ་ལ་བརྟེན་ནས་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་བརྐུས་ན་མཐར་འགྱུར་རོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ལ་མཐར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་མ་ཤ་ཀ་རེ་རེ་ནས་སམ། གཉིས་གཉིས་སམ། གསུམ་གསུམ་མམ། བཞི་བཞི་རྐུ་ནའོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། ཕུང་པོ་ལས་རྐུན་ལན་རེ་རེ་ཞིང་བླངས་པ་ཐ་དད་དོ་ཞེས་བཤད་དོ། །ཡང་ན་བོར་བར་འདུ་ཤེས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་རྐུ་ན་མཐར་འགྱུར་རོ་ཞེས་བཀའ་སྩལ་པ། གང་ལགས་པ། བཙུན་པ་དགེ་སློང་གིས་མ་ཤ་ཀ་སྟོང་བརྐུས་ལ་མཐར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་བོར་བའི་འདུ་ཤེས་ཀྱིས་རྐུ་ནའོ། །བོར་བའི་འདུ་ཤེས་ཞེས་བྱ་བ་ནི་འདིར་ཡོངས་སུ་བཏང་བའི་འདུ་ཤེས་དང་ངེས་པར་མ་བཏང་བའི་འདུ་ཤེས་ཞེས་བྱ་བའི་ཐ་ཚིག་གོ །སྡོམ་བརྩོན་རིན་ཐང་ཚང་བའི་ཞེས་བྱ་བ་ལ་སོགས་པ་ལ། རིན་ཐང་ཚང་བ་ནི་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་གསུངས་པའོ། །ཡོ་བྱད་ནི་གསེར་དང་དངུལ་ལ་སོགས་པ་སྟེ། འདིས་འཚོ་བ་སྦྱོར་བར་བྱེད། སྐྱོང་བར་བྱེད་པའི་ཕྱིར་རོ། །གནས་ནས་ཞེས་བྱ་བ་ནི་བཞག་པའི་ཕྱོགས་ནས་ཏེ། འདིར་བཞག་པས་ན་གནས་སོ། །མ་སྤགས་པ་ཞེས་བྱ་བ་ནི་མ་བསྐྱོད་པར་རོ། །འགྱུར་བ་ནི་ཐོབ་སྟེ་མཐའི་ལྟུང་བ་དང་ལྡན་པར་འགྱུར་རོ། །ཀྱེ་ཞེས་བྱ་བ་ནི་བོད་པའོ། །ངེས་པར་སྨྲོས་ཞེས་བྱ་བར་སྦྱར་ཏེ། ངེས་པར་ཞེས་བྱ་བར་སྦྱར་བ་ནི་གཏན་ལ་ཕབ་པར་རོ། །ལེགས་པ་ཞེས་བྱ་བ་ནི་བཟང་པོར་ཏེ་སྔ་ཕྱི་མི་འགལ་བར་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་གཞན་གྱི་བསམ་པ་ནི་གསེར་དང་དངུལ་ལ་སོགས་པའི་ནོར་མ་ཤ་ཀ་ལྔ་རི་བ་གནས་ནས་སྤགས་པ་ཙམ་ཁོ་ནས་ཕས་ཕམ་པར་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་གནས་ནས་ཀྱང་མ་སྤགས་པ་འདི་ལ་ཕས་ཕམ་པར་འགྱུར་བ་གསུངས་


DTG167_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཀྱེ་དགེ་སློང་ཁོ་བོ་ལ་ངེས་པར་ཁ་ན་མ་ཐོ་བ་མེད་པར་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ས་ཕྱོགས་ནོར་དང་བཅས་ཏེ་སྤགས་པ་ཐུགས་ལ་བཞག་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡོ་བྱད་རིན་ཐང་ཚང་བ་གནས་ནས་སྤགས་ན་མཐར་འགྱུར་རོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་དགེ་སློང་གིས་ཡོ་བྱད་རིན་ཐང་ཚང་བ་གནས་ནས་མ་སྤགས་ལ་མཐར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། དཔེར་ན་གནས་ཁང་པ་ན་འདུག་པ་དང་བཅས་ཏེ་བརྐུས་པ་ལྟ་བུའོ། །གང་དུ་བཞག་པར་འགྱུར་བའི་གནས་ནས་བརྐུས་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། གནས་དང་བཅས་པ་ཡང་མ་ཡིན་ནོ་ཞེས་བཤད་དོ། །སྡོམ་བརྩོན་རྐུ་བའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། རྐུ་བའི་སེམས་ཀྱིས་ཞེས་བྱ་བ་ནི་བརྐུ་བར་བྱ་སེམས་ཀྱིས་སོ། །མ་བྱིན་པ་ཞེས་བྱ་བ་ནི་བྱིན་པར་མ་གྱུར་པ་སྟེ་གཞན་གྱི་རྫས་ཞེས་བྱ་བའི་ཐ་ཚིག་གོ །སྤགས་པ་ལ་ཞེས་བྱ་བ་ནི་བསྐྱོད་པ་ལའོ། །རྒྱུ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་ལ་འདྲིའོ་བསམ་པ་ནི་འདི་ཡིན་ཏེ། གཞན་གྱི་ནོར་གནས་ནས་སྤགས་པའི་དགེ་སློང་ཁོ་ན་ཕས་ཕམ་པར་འགྱུར་བར་རྣམ་པར་བཞག་ན། འོན་ཀྱང་རྣམ་པ་འགའ་ཞིག་གིས་འདི་ལ་ཕམ་པར་མ་གསུངས་པ་དེ་ཁོ་བོ་ལ་སྒྱུ་ཐབས་བརྗོད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །འདི་ལ་དོན་ནི་འདི་ཡིན་ཏེ། དེ་ནི་ཕྱོགས་གཅིག་གནས་ནས་མ་འཕགས་པའི་རྐུ་བ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཡོ་བྱད་རིན་ཐང་ཚང་བ་གནས་ནས་གནས་སུ་སྦེད་པར་བྱེད་ན་མཐར་འགྱུར་རོ་ཞེས་བཀའ་སྩལ་པ་གང་ལགས་པ། དགེ་སློང་གི་ཡོ་བྱད་རིན་ཐང་ཚང་བ་ཤིན་ཏུ་རིང་བར་འཚལ་ཀྱང་མཐར་མ་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། དགེ་སློང་གི་ཡོ་བྱད་རིན་ཐང་ཚང་བ་མཐའ་གཅིག་ནས་བཟུང་སྟེ་ཤིན་ཏུ་ཐག་རིང་པོར་དྲངས་ཀྱང་མཐའ་ཅིག་ཤོས་གནས་དེ་ནས་མ་འཕགས་ན་ཉེས་པ་སྤོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལ་མདོ་བྱེད་པས་ཀྱང༌། ཕྱོགས་གཅིག་གནས་ནས་མ་འཕགས་པ་ཡང་མ་ཡིན་ནོ། །བཤལ་བ་ལ་ནི་ངོས་


DTG167_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་འདས་ནའོ་ཞེས་བཤད་དོ། །དགེ་སློང་ཚུལ་ཁྲིམས་ལྡན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ལྡན་པ་ནི་ཕས་ཕམ་པར་འགྱུར་བ་མ་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་སྨོས་པ་ནི་ཚུལ་ཁྲིམས་འཆལ་པ་ལ་སོགས་པ་བསལ་བའི་ཕྱིར་རོ། །ཡན་ལག་ལྔ་ལྡན་ཞེས་བྱ་བ་ནི་མ་བྱིན་པ་ཉིད་ལ་སོགས་པ་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་དང་བཅས་པར་ཞེས་བྱ་བའི་ཐ་ཚིག་གོ །ལྟུང་བ་མེད་པར་ཞེས་བྱ་བ་ནི་ལྟུང་བ་ཡོང་པ་མ་ཡིན་པའོ། །ཉེས་པ་མེད་པ་ཞེས་བྱ་བའི་དོན་ཏེ་འདི་ལ་ཉེས་པ་མེད་པས་སོ། །ཐེ་ཚོམ་ནི་སོ་མ་ཉིའོ། །ཆོད་ཅེས་བྱ་བ་ནི་སོལ་ཅིག་པའོ། །འདི་ལ་དོན་ནི་གལ་ཏེ་དགེ་སློང་བསྙེན་པར་རྫོགས་པ་དང་བཅས་ཤིང་མ་ཉམས་པས་གཞན་གྱི་ནོར་རྫས་མ་བྱིན་པ་ཉིད་ལ་སོགས་པ་ཡན་ལག་ལྔ་དང་ལྡན་པར་བརྐུས་ན་དེའི་ཚེ་དེ་ལ་གདོན་མི་ཟ་བར་ཕས་ཕམ་པར་འགྱུར་བ་འབྱུང་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་མ་བྱིན་པར་ལེན་པ་དེ་ལྟ་བུ་ལ་ལྟུང་བ་འགའ་ཡང་མ་གསུངས་པ་ཞེས་བྱ་བ་ནི་བདག་གི་ཐེ་ཚོམ་ཡུན་རིང་པོ་ནས་སོལ་ཅིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ལས་དང་པོ་པ་དང༌། སྨྱོན་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་ཆོས་རྐུ་བ་ལ་བརྟེན་ནས་བསྟན་པ་ཡིན་ཏེ། དེ་བཞིན་དུ་འདིར་ནི། བཙུན་པ་རྐུ་བ་དུ་ཞིག་མཆིས་ལགས། ཉེ་བ་འཁོར་དྲུག་སྟེ། བཅོམ་ནས་རྐུ་བ་དང༌། ནན་གྱིས་རྐུ་བ་དང༌། ཕྱིར་སྦྱིན་པ་རྐུ་བ་དང༌། བཞག་པ་རྐུ་བ་དང༌། གཏམས་པ་རྐུ་བ་དང༌། ཆོས་རྐུ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྐུ་བ་དྲུག་གསུངས་པ་གང་དག་ལགས་པ་དེ་དག་ལས་གང་གིས་མཐར་འགྱུར་ལགས། ཉེ་བ་འཁོར་ཆོས་རྐུ་བ་མ་གཏོགས་པ་ལྷག་མ་རྣམས་ཀྱིས་མཐར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང༌། དཔེ་བྲི་བ་ལ་ནི་ཉེས་པ་མེད་པ་ཉིད་དོ་ཞེས་བཤད་དོ། །ཡང་ན་ཕས་ཕམ་པར་འགྱུར་བའི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པར་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་མ་སྩལ་


DTG167_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བ་བླངས་པས་ཕས་ཕམ་པར་འགྱུར་ཞིང༌། འོན་ཀྱང་མ་སྩལ་བར་བླངས་ན་ཕས་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གང་གིས་མི་རྣམས་ཀྱི་ཡོ་བྱད་རིན་ཐང་ཚང་བ་མ་བྱིན་པར་བླངས་པ་དེ་ནི་ཕས་ཕམ་པར་འགྱུར་རོ། །གང་གིས་མི་མ་ཡིན་པ་རྣམས་ཀྱི་ཡོ་བྱད་རིན་ཐང་ཚང་བ་མ་བྱིན་པར་བླངས་པ་དེ་ལ་ནི་ཕས་ཕམ་པའི་ལྟུང་བར་མི་འགྱུར་རོ། །འདི་ལ་མདོ་བྱེད་པས་ཀྱང༌། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་བཤད་དོ། །དུད་འགྲོའི་མངལ་ན་ཞེས་བྱ་བ་ལ་སོགས་པ་ལ། དུད་འགྲོའི་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཕྱུགས་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །མངལ་ན་གནས་པ་ཞེས་བྱ་བ་ནི་མངལ་ན་འདུག་པའོ། །བུ་ཞེས་བྱ་བ་ནི་བུ་ཆགས་པ་ལ་སོགས་པའོ། །གསད་སེམས་ཀྱིས་ཞེས་བྱ་བ་ནི་གསོད་པའི་བསམ་པས་སོ། །གསད་ན་ཞེས་བྱ་བ་ནི་བཅོམ་ནའོ། །ན་ཞེས་བྱ་བ་ནི་དོན་གཞན་ཉེ་བར་བསྟན་པའི་ཕྱིར་ཏེ་དེས་ན་གསད་པར་གྱུར་ན་ཞེས་བྱ་བའི་དོན་ཏོ། །ཐུབ་པ་ཞེས་བྱ་བ་ནི་ཉོན་མོངས་པས་བྱས་པའི་བརྗོད་པ་མི་མངའ་བའི་ཕྱིར་ཏེ་དེས་སོ། །དེ་ཉིད་མཁྱེན་པ་ཡིས་ཞེས་བྱ་བ་ནི་བླང་བ་དང་དོར་བར་བྱ་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་མཁྱེན་པས་དེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་འདྲི་བའི་དོན་ནི་བཅོམ་ལྡན་འདས་ནི་ཁོ་བོ་ཅག་ལ་དུད་འགྲོའི་འདུ་ཤེས་ཀྱིས་སྲོག་དང་བྲལ་བའི་བསམ་པས་དུད་འགྲོའི་འགྲོ་བ་པ་གསོད་ཅིང་སྲོག་དང་ཡང་བྲལ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྟན་ལ། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ཕས་ཕམ་པར་གསུངས་པ་དེ་ཇི་ལྟ་བུ་ཡིན་པ་དེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དུད་འགྲོའི་མངལ་ན་མིའི་འགྲོ་བ་པའི་བུ་ཡོད་པ་བསད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བུད་མེད་ཀྱི་མངལ་ན་མཆིས་པའི་མི་བཀུམས་ན་ཅིར་འགྱུར་ལགས། མཐར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྡོམ་བརྩོན་ཞེས་བྱ་བ་ལ་སོགས་པ་ལ། གསད་པའི་སེམས་ལྡན་གྱིས་ཞེས་བྱ་བ་ནི་སྲོག་བཅད་པའི་བསམ་པས་སོ། །མིའི་ཞེས་བྱ་བ་ནི་མིའི་འགྲོ་བར་གཏོགས་པའོ། །ལྟུང་བྱེད་པ་ཞེས་བྱ་བ་ནི་གསོད་པར་བྱེད་པ་སྟེ་མངལ་རླུགས་པ་


DTG167_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྦྱོར་བས་གསོད་པར་བྱེད་པ་ཞེས་པའི་ཐ་ཚིག་གོ །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེའོ། །མཐུ་ཡོད་ཅེས་བྱ་བ་ནི་ནུས་པ་ཡོད་ནའོ། །འདི་ལ་བསྡུས་པའི་དོན་ནི་དགེ་སློང་གིས་མིའི་འགྲོ་བར་སྐྱེས་པའི་བུད་མེད་ཀྱི་མངལ་ལྟུང་བར་བྱེད་ན་ཕས་ཕམ་པར་འགྱུར་རོ་ཞེས་བྱ་བ་ནི་ལེགས་པར་གྲགས་ན། འོན་ཀྱང་ལ་ལར་འདི་ལ་ཕས་ཕམ་པར་མ་གསུངས་སོ་ཞེས་པ་འདི་ལ་གལ་ཏེ་ཁྱོད་ལ་སྨྲ་བའི་ནུས་པ་ཞིག་ཡོད་ན་དེ་ཁོ་བོ་ལ་ལན་ཐོབ་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མིའི་འགྲོ་བ་པའི་བུད་མེད་ཀྱི་མངལ་ན་དུད་འགྲོའི་སྐྱེ་གནས་པའི་བུ་ཡོད་པ་བསད་པ་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་མིའི་བུད་མེད་ཀྱི་མངལ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བུ་མཆིས་པ་གསོད་པར་བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དུའོ་ཞེས་བྱ་བ་ཡིན་ནོ། །ཕ་མ་བསམས་བཞིན་བསད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། མནར་མེད་པ་ཞེས་བྱ་བ་ནི་མནར་མེད་པའི་དམྱལ་བར་འགྲོ་བའི་མཚམས་མེད་པ་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལ་བདེ་བར་སྣང་བའི་བར་སྐབས་མེད་པས་སོ་ཞེས་བྱ་བ་ནི་བཤད་མ་ཐག་པ་སྐད་དུའོ། །མདུན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། །འདི་ལ་བསྡུས་པའི་དོན་ནི་བློ་སྔོན་དུ་བཏང་སྟེ་ཕ་དང་མ་བསད་ན་གདོན་མི་ཟ་བར་ཕས་ཕམ་པ་དང་མཚམས་མེད་པར་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཕས་ཕམ་པར་འགྱུར་བ་ཡང་མ་གསུངས་ལ་མཚམས་མེད་པར་ཡང་མ་གསུངས་སོ་ཞེས་བྱ་བ་འདི་ལ་ཁོ་བོ་ལ་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བསད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་ལུང་ནི། བཙུན་པ་དགེ་སློང་གིས་ཕ་མ་བཀུམས་ལ་མཐར་ཡང་མི་འགྱུར་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གང་གིས་ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཡིན་ནའོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། མི་མ་ཡིན་པའི་འགྲོ་བ་པ་གཉིས་ནི་མ་ཡིན་ནོ། །དེ་གཉིས་ལས་མཚམས་མེད་པར་མི་འགྱུར་རོ་ཞེས་བཤད་དོ། །ཡང་ན་སྐྱེད་


DTG167_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་མ་ཡིན་པའི་ཕ་མ་དག་ལ་དགོངས་ནས་དེ་སྐད་དུ་བཤད་པ་ཡིན་ཏེ། དེ་བཞིན་དུ་འདིར་ལུང་ནི། བཙུན་པ་མས་མ་བསྐྱེད་ལ་གཞན་གྱིས་ནི་བསྐྱེད་ན་གང་ཞིག་བཀུམས་པས་མཐར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་ལགས། སྐྱེད་པར་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། དེ་ནི་སྐྱེད་པར་བྱེད་པ་གཉིས་ལས་ཏེ་ཞེས་བཤད་དོ། །ཡང་ན་ཟག་པ་དང་བཅས་པའི་ལས་ཀྱིས་སྲིད་པ་དང་སྲེད་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཕ་བཀུམས་ལ་མཐར་ཡང་མི་འགྱུར། མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་རེག་པར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། ཟག་པ་དང་བཅས་པའི་ལས་ཀྱིས་སྲིད་པ་བསད་ནའོ། །ཉེ་བ་འཁོར་ཟག་པ་དང་བཅས་པའི་ལས་ཀྱིས་སྲིད་པ་ནི་མངོན་པར་བསྒྲུབ་པའི་དོན་གྱིས་ཕ་ཞེས་བྱའོ། །བཙུན་པ་དགེ་སློང་གིས་མ་བཀུམས་ལ་མཐར་ཡང་མི་འགྱུར་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་རེག་པར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་སྲེད་པ་བསད་ནའོ། །ཉེ་བ་འཁོར་སྲེད་པ་ནི་སྐྱེད་པའི་དོན་གྱིས་མ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་འདི་ནི་བཤད་མོད་ཀྱི་ཕས་ཕམ་པར་འགྱུར་བའི་སྐབས་ཀྱིས་ཡང་བཤད་དོ། །བརྡ་ཕྲད་མདུན་དུ་ཞེས་བྱ་བ་ལ་སོགས་པ་ལ་བརྡ་སྤྲད་མདུན་ཞེས་བྱ་བ་ནི་དོན་གོ་བའི་མངོན་སུམ་དུ་སྟེ། བརྡ་ཕྲད་པ་ཞེས་སྨོས་པ་ནི། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བས། །ཚིག་དོན་མངོན་པར་གོ་བའོ། །ཞེས་འབྱུང་བའི་བརྡ་མི་ཕྲད་པའི་དྲུང་དུ་ནི་ན་སྨད་པར་བཤད་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་བར་མཁྱེན་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་དང༌། འགྲོ་བ་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་དང༌། མི་སྐྱེ་བའི་ཆོས་ཅན་གྱི་ཕྱིར་རོ། །སྟོན་པ་ནི་ཕན་པ་དང་མི་ཕན་པ་ཉེ་བར་སྟོན་པའི་ཕྱིར་རོ། །དོན་དུ་གཉེར་གྱིས་ཞེས་བྱ་བ་ནི་བཅོལ་གྱིས་ཞེས་བྱ་བའོ། །དེས་ན་ཚིག་གི་དོན་ནི་གང་གི་ཚེ་དགེ་སློང་གིས་བརྡ་ཕྲད་པའི་མདུན་དུ་ང་ནི་སངས་རྒྱས་སོ། །ང་ནི་དགྲ་བཅོམ་པའོ། །ང་ནི་སྟོན་པའོ་


DTG167_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པ་དེའི་ཚེ་དེ་ལ་གདོན་མི་ཟ་བར་ཕས་ཕམ་པར་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་དེས་ཕས་ཕམ་པར་འགྱུར་བ་མ་ཡིན་པར་གསུངས་པ་དེ་ཇི་ལྟ་བུ་ཡིན་པ་དེ་ཁོ་བོ་ལ་ཇི་ལྟ་བ་བཞིན་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མིང་མཐུན་པའི་དོན་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་འདི་སྐད་དུ་སངས་རྒྱས་ཡིན་ནོ་ཞེས་སྨྲས་ན་ཅིར་འགྱུར་ལགས། གལ་ཏེ་སྡིག་པ་མི་དགེ་བའི་ཆོས་རྣམས་རྟོགས་པ་ཉིད་དང༌། རྟོགས་པར་བྱེད་པ་ཉིད་ལ་བསམས་ནས་ལུང་སྟོན་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སངས་རྒྱས་ཀྱི་ཆོས་མེད་པ་ལུང་སྟོན་པར་བྱེད་ན་ནི་མཐར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་འདི་སྐད་དུ་ང་ནི་སྟོན་པའོ་ཞེས་སྨྲས་ན་ཅིར་འགྱུར་ལགས། གལ་ཏེ་འདི་སྙམ་དུ་བདག་ནི་འདོམས་པར་བྱེད་པའོ། །རྗེས་སུ་སྟོན་པར་བྱེད་པའོ་ཞེས་བྱ་བར་བསམས་ཏེ་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སྟོན་པའི་ཆོས་ལུང་སྟོན་པར་བྱེད་ན་ནི་མཐར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་འདི་སྐད་དུ་ང་ནི་མི་སློབ་པའོ་ཞེས་སྨྲས་ན་ཅིར་འགྱུར་ལགས། གལ་ཏེ་ཉོན་མོངས་པ་སྤངས་པར་ལུང་སྟོན་ན་མཐར་འགྱུར་རོ། །འོན་ཏེ་འདི་སྙམ་དུ་བདག་ནི་བཟོ་འགའ་ལ་ཡང་མི་སློབ་བོ་ཞེས་བྱ་བར་བསམས་ཏེ་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། བླ་མ་བརྗོད་པའི་འདུན་པས་མིང་མཐུན་པའི་དོན་བརྗོད་ན་སྦོམ་པོའི་ཞེས་བཤད་དོ། །ཡང་ན། དེ་ནི་ལས་དང་པོ་པ་དང་སྨྱོན་པ་དང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་དགོངས་ནས་གསུངས་པའམ། མི་མ་ཡིན་པའི་འགྲོ་བའི་མངོན་སུམ་དུ་སྨྲས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་མི་མ་ལགས་པའི་འདུ་ཤེས་ཀྱིས་མིའི་ཆོས་བླ་མ་ལུང་སྟོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་ན་སྨྱོན་པ་དང་སེམས་འཁྲུགས་པའི་མངོན་སུམ་དུ་སྨྲས་པ་ལ་བརྟེན་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་སྨྱོན་པའི་དྲུང་དུ་མིའི་ཆོས་བླ་མ་བརྗོད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །


DTG167_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཁྲུགས་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་དབུས་པ་ལ་མཐའ་འཁོབ་པའི་ཚིག་ཏུ་སྨྲས་པ་ལ་བརྟེན་ནས་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་དབུས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་སྨྲ་བ་ལ་མིའི་ཆོས་བླ་མ་བརྗོད་ལ། དབུས་པས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ལ་མདོའི་ཁུངས་ཀྱང་གོ་རིམས་བཞིན་དུ་མ་བཅས་པ་ཉིད་ལ་ཡང་ངོ༌། །ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ༌། །མིའི་འགྲོ་བ་ལ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་བཤད་དོ། །ཡང་ན་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་གཞུང་ནི་སྔར་བཤད་པ་བཞིན་ནོ། །ཡང་ན་མངོན་པའི་ང་རྒྱལ་ལ་བརྟེན་པ་ཡིན་ཏེ། འདིར་གཞུང་ནི། བཙུན་པ་དགེ་སློང་གིས་བདག་ཉིད་ལ་མིའི་ཆོས་བླ་མ་མཆིས་ཤིང་བདོག་བཞིན་དུ་བརྗོད་ན་ཕས་ཕམ་པར་འགྱུར་ཞིང༌། འོན་ཀྱང་བདག་ཉིད་ལ་མིའི་ཆོས་བླ་མ་མཆིས་ཤིང་མི་བདོག་བཞིན་དུ་བརྗོད་ན་ཕས་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གཡོས་ཤེས་པ་ལུང་སྟོན་ན་ཕས་ཕམ་པར་འགྱུར་རོ། །མངོན་པའི་ང་རྒྱལ་གྱིས་ཀུན་ཤེས་པ་ལུང་སྟོན་ན་དེ་ལ་ཕས་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཁྱོད་འབྲས་ཐོབ་ཅེས་དེ་སྐད་དྲིས་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིས་སོ། །འབྲས་བུ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་ལམ་གྱི་འབྲས་བུ་སྟེ། དགེ་སློང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །ཞེས་འབྱུང་བའི་ཕྱིར་རོ། །དེ་སྐད་ཅེས་བྱ་བ་ནི་སྨྲས་མ་ཐག་པའི་སྐད་དུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་སྟེ་ཁས་ལེན་པའི་དོན་ཏོ། །སྨྲས་ན་ཞེས་བྱ་བ་ནི་བརྗོད་ནའོ། །དོན་བཞིན་ཞེས་བྱ་བ་ནི་དོན་གྱི་རྗེས་སུ་འབྲངས་ནས་ཏེ་དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་དོན་འདིར་ལ་ལ་ཞིག་ལ་


DTG167_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་གིས་ཁྱོད་ཀྱིས་འབྲས་བུ་ཐོབ་བམ་ཞེས་དྲིས་ལ། དེས་ཀྱང་འདི་སྐད་དུ་དེ་བཞིན་ནོ་ཞེས་ཁས་བླངས་ན། འོན་ཀྱང་དེ་ལ་ཕས་ཕམ་པར་མ་གསུངས་སོ་ཞེས་བྱ་བ་དེ་ཁོ་བོ་ལ་ངེས་པར་གསལ་བར་སྨོས་ཤིག་ཅེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ཡང་མིང་མཐུན་པའི་དོན་བརྗོད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་བལྟ་བར་བྱ་སྟེ། ལུང་ལས་འབྱུང་བ་གཞན་ཉིད་ལ་བརྟེན་ནས་ཡང་བཀོད་དོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་ལ་ཁྱིམ་བདག་ཅིག་གིས་ཁྱོད་ཀྱིས་འབྲས་བུ་ཐོབ་བམ་ཞེས་དྲིས་པ་དང༌། དེས་ཀྱང་ལོ་མ་དང་འབྲས་བུ་དང་མེ་ཏོག་དང༌། འབྲས་བུ་མ་སྨིན་པ་དག་ཅིག་བླངས་ནས་དེས་འདི་སྐད་དུ་དེ་བཞིན་ནོ་ཞེས་སྨྲས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་ལས་དང་པོ་པ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །བརྡ་ཕྲད་པའི་མིའི་མདུན་དུ་ཞེས་བྱ་བ་ལ་སོགས་པ་ལ། བརྡ་ཕྲད་པའི་ཞེས་བྱ་བའི་རྟོགས་པའོ། །མིའི་ཞེས་བྱ་བ་ནི་སྐྱེས་པ་སྟེ་མིའི་འགྲོ་བ་པའི་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་པ་སྨོས་པ་ནི་ཉེ་བར་མཚོན་པར་ཟད་དེ་བུད་མེད་ཀྱི་ཡུལ་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །མདུན་དུ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །འབྲས་བུ་རྣམ་པ་བཞི་ནི་འབྲས་བུ་བཞི་པོ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ལན་ཅིག་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་ཀྱི་འབྲས་བུ་རྣམ་པ་བཞིའོ། །དེ་ཉིད་གཟིགས་པས་ཞེས་བྱ་བ་ནི་དོན་དམ་པ་གཟིགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ ། མ་ཡིན་ཞེས་བྱ་བ་ནི་དགག་པའིའོ། །འདི་ལ་འདྲི་བའི་དོན་ནི་གང་གི་ཚེ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་མིའི་འགྲོ་བར་གཏོགས་པ་བརྡ་ཕྲད་པའི་མདུན་དུ་ལྟུང་སྟོན་པ་དེའི་ཚེ་དེ་ལ་གདོན་མི་ཟ་བར་ཕས་ཕམ་པའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ཙམ་ནི་ཤིན་ཏུ་ངེས་ལ། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་དེ་ལ་ཕས་ཕམ་པར་འགྱུར་བར་མ་གསུངས་སོ་ཞེས་བྱ་བའི་རྒྱུ་དེ་བདག་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ཡང་མིང་མཐུན་པའི་དོན་བརྗོད་པ་ལ་བརྟེན་ནས་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། སྐབས་བཞིན་དུ་གསུངས་པའི་གཞུང་ལས་བསམས་ནས་


DTG167_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀོད་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་འདི་སྐད་དུ་བདག་གིས་རིམ་གྲོར་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བྱ་སྐྱིབས་ངོགས་སུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བྱ་རྒོད་ཀྱི་ཕུང་པོ་ལ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །འོད་མའི་ཚལ་དུ་ནི་འབྲས་བུ་མཆོག་དགྲ་བཅོམ་པའོ་ཞེས་སྨྲ་ན་ཅིར་འགྱུར་ལགས། གལ་ཏེ་འདི་སྙམ་དུ་བདག་གིར་འདིར་ལུང་མནོས་ཁ་ཏོན་བྱས་ཏེ་བདག་གིས་ལེ་ལོ་མ་བྱས་སོ་ཞེས་བྱ་བ་ལས་བསམས་ནས་སྨྲས་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དག་ལུང་སྟོན་ན་ནི། མཐར་འགྱུར་བའོ། །དགེ་སློང་འབྲས་གཅིག་སྨྲ་བྱས་ལས། །ཞེས་བྱ་བ་ལ་སོགས་པ་ལ། འབྲས་གཅིག་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ནང་ནས་བརྗོད་པར་འདོད་པའི་འབྲས་བུ་གང་ཡང་རུང་བ་ཞིག་གོ །འབྲས་བུ་གཞན་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་གཞན་དེ་བརྗོད་པར་མི་འདོད་པའོ། །འདི་ལ་དོན་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སྨྲ་བར་འདོད་པའི་དགེ་སློང་གིས་གལ་ཏེ་འབྲས་བུ་གཞན་ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཅིག་ལུང་སྟོན་ན་ཅིའི་ཕྱིར་དེ་ལ་ཕས་ཕམ་པར་འགྱུར་བར་མ་གསུངས་ཞེས་བྱ་བར་བསྙད་པར་བྱ་བ་ལ་ཁྱོད་ཀྱིས་ཁོ་བོ་ལ་འབྲེལ་བ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མངོན་པར་འདོད་པ་མ་ཡིན་པའི་འབྲས་བུ་བརྗོད་པ་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལུང་བསྟན་ཏོ་སྙམ་པ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལུང་བསྟན་ཏམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལུང་བསྟན་ཏོ་སྙམ་པ་ལས་ཕྱིར་མི་འོང་བའི་འབྲས་བུ་ལུང་བསྟན་ཏམ། ཕྱིར་མི་འོང་བའི་འབྲས་བུ་ལུང་བསྟན་ཏོ་སྙམ་པ་ལས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལུང་བསྟན་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་མདོ་བྱེད་པས་ཀྱང་ནོར་ན་ཡང་ངོ་ཞེས་བཤད་དོ། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་དང་པོའི་གཏན་ལ་དབབ་པའོ།། །།


DTG167_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་ལྡན་འབྱིན་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ། འབྱིན་བྱེད་པ་ཞེས་བྱ་བ་ནི་ཁུ་ཆུ་འབྱིན་པར་བྱེད་པ་སྟེ། དང་པོའི་གནས་ནས་སྤོས་པའི་ཞེས་བྱ་བའི་ཐ་ཚིག་གོ །གྱི་ནར་ཡང་འབྱུང་བ་ཡོད་པ་དེའི་ཕྱིར་ཡན་ལག་བཅུ་ལྡན་ཞེས་བྱ་བ་སྨོས་སོ། །གང་ལ་ཡང་ཡན་ལག་བཅུ་ཡོད་པ་དེ་ནི་ཡན་ལག་བཅུ་ལྡན་པ་སྟེ། རྒྱུ་བཅུ་དང་ལྡན་པར་ཁུ་ཆུ་འབྱིན་པའི་ཐ་ཚིག་གོ །ཡན་ལག་བཅུ་པོ་དེ་དག་ནི་འདི་ལྟ་སྟེ། ཕྱུང་བ་དང༌། དབྱུང་བར་འདུན་པ་དང༌། རང་གི་ཁུ་ཆུ་དང༌། དང་པོའི་གནས་དང༌། ཕོ་མཚན་དང༌། དེ་ལ་བརྩལ་བ་དང༌། དེ་ལ་རེག་པ་དང༌། དེ་གཞན་གྱི་རྒྱུད་དུ་གཏོགས་པས་ཀྱང་རུང་བ་དང༌། སེམས་ཅན་དུ་བགྲང་བ་ཉིད་དང༌། སེམས་ཅན་དུ་བགྲང་བའི་རྣམ་པར་གནས་པ་ཉིད་དོ། །དགེ་འདུན་ལྷག་མ་བྱེད་པ་ནི་གང་ལ་ལྟུང་བ་ཕྱིར་བཅོས་པའི་ཕྱིར་ལྷག་མ་ཉི་ཤུ་ལ་སོགས་པའི་དགེ་འདུན་ཡོད་པ་དེ་ནི་ལྷག་མ་སྟེ། ལྟུང་བ་དེ་ནི་དགེ་འདུན་ལ་རག་ལུས་པ། དགེ་འདུན་ཁ་ན་ལས་པ་དགེ་འདུན་ལ་བརྟེན་པས་ཏེ། དགེ་འདུན་གྱི་ལྟུང་བ་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བྱེད་པའི་ངང་ཚུལ་ཅན་ནི་དགེ་འདུན་ལྷག་མ་བྱེད་པ་སྟེ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །བདེ་བར་གཤེགས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་ཏེ་བྲལ་བ་དང༌། དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ལེགས་པར་རྟོགས་པའོ། །གཞན་དག་ན་རེ་ཕྱིར་མི་ལྡོག་བར་མ་ལུས་པར་གཤེགས་པའམ། དེ་ཁོ་ན་ཉིད་བསྟན་པའི་ཁྱད་པར་མ་ལུས་པར་མཁྱེན་པའི་ཕྱིར་བཀྲ་ཤིས་པ་ཡིན་ནོ་ཞེས་ཟེར་ཏེ། དོན་དུ་ན་དེ་བཞིན་གཤེགས་པའོ། །མ་གསུངས་པ་ཞེས་བྱ་བ་ནི་བཀའ་མ་སྩལ་པའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །རྒྱུ་ཞེས་བྱ་བ་ནི་བྱེད་རྒྱུའོ། །འདི་ལ་གཞན་གྱིས་བསམ་པ་ནི་གང་གི་ཚེ་དགེ་སློང་གིས་ཕྱུང་བ་ལ་སོགས་པ་ཡན་ལག་བཅུ་དང་ལྡན་པར་རང་གི་ཁུ་ཆུ་འབྱིན་པ་དེའི་ཚེ་དེ་ལ་དགེ་འདུན་གྱི་ལྷག་མའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ཡང་གོ་ཐེ་ཚོམ་ཡང་མེད་ན། འོན་ཀྱང་དེ་ལ་དགེ་འདུན་གྱི་ལྷག་མའི་ལྟུང་བར་མ་གསུངས་སོ་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་ཁོ་བོ་ལ་རྒྱུ་ཅུང་ཟད་ཅིག་གདོན་མི་ཟ་བར་


DTG167_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ཤུགས་བཏང་བ་ལ་དགོངས་ནས་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། དེ་བཞིན་དུ་འདིར་གཞུང་ནི། ཤུགས་བཏང་ནས་ཁུ་ཆུ་བྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་ཤུགས་ཀྱི་གནས་སྐབས་སུ་བཏང་བ་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བཤད་དོ། །ཡང་ན་མཚན་གྱུར་པ་ལ་བརྟེན་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་དགེ་འདུན་གྱི་ལྷག་མའི་ལྟུང་བར་འགྱུར་བའི་གཞི་དེས་དགེ་འདུན་གྱི་ལྷག་མའི་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་ཆེད་དུ་བསམས་ཏེ་ཁུ་ཆུ་ཕྱུང་ནས་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཕྱུང་ན་དེ་ལ་དགེ་འདུན་གྱི་ལྷག་མའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་ཁུ་ཆུ་འབྱིན་པར་བགྱིད་པ་ལས་མཚན་གྱུར་ཏེ་དགེ་སློང་མར་རེད་ན་ཅིར་འགྱུར་ལགས། ལྟུང་བྱེད་དུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་ལུང་ནི་སྔ་མ་བཞིན་ནོ། །འདོད་ཆགས་ལ་སོགས་མཚུངས་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་པའི་འདོད་ཆགས་མངོན་དུ་གྱུར་པའི་སེམས་སོ། །སོགས་པ་ཞེས་བྱ་བ་སྨོས་པས་ནི་དེའི་བདེ་བ་ཉམས་སུ་མྱོང་བའི་འདུན་པ་ཞེས་བྱ་བ་སྟེ་བསྡུས་ཏེ། གོ་རིམས་བཞིན་དུ་དྲལ་ཅིང་ཡོངས་སུ་འགྱུར་བའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བཟོད་པ་ལ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བསྟེན་པར་སྤྱོད་པར་བཟོད་པ་ལའོ། །རེག་པ་ནི་ལུས་སྤྲོད་པར་བྱེད་པའོ། །དགེ་འདུན་ལྷག་མ་ནི་འདི་ལ་ལྷག་མ་དང་དགེ་འདུན་ཡོད་པས་ན་དགེ་འདུན་ལྷག་མ་ཞེས་བྱ་བ་དེ་སྐད་དུའོ། །འདི་ལ་འདྲི་བའི་དོན་ནི་དགེ་སློང་གང་ཞིག་གིས་དྲལ་ཅིང་ཡོངས་སུ་གྱུར་པའི་སེམས་ཀྱིས་མི་ཚངས་པར་སྤྱད་པ་བརྟེན་པར་བྱ་བ་བཟོད་པའི་བུད་མེད་དང་ལུས་སྤྲོད་པར་བྱེད་པ་དེ་ལ་ལུས་ལ་རེག་པའི་དགེ་འདུན་ལྷག་མར་འགྱུར་བར་གསལ་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་


DTG167_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དགེ་འདུན་ལྷག་མར་མ་གསུངས་སོ་ཞེས་བྱ་བ་འདི་ལ་རྒྱུ་གང་ཡིན་པ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་དེ་ནི་འགྲོ་བ་གཞན་པའི་བུད་མེད་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་པའི་བུད་མེད་དང་ལྷན་ཅིག་ལུས་སྤྲོད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་བཤད་དོ། །ཡང་ན་གོས་ཀྱིས་བར་དུ་ཆོད་པའི་བུད་མེད་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བུད་མེད་བཟོད་པ་ལ་དགེ་འདུན་ལྷག་མར་འགྱུར་བ་གང་ཡིན་པ་དེ་ནི་གོས་ཀྱིས་བར་དུ་ཆོད་པ་ལ་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བར་ཆད་དང་བཅས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་པས་ལུས་རེག་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་བཤད་དོ། །ཡང་ན་དེ་ནི་བུད་མེད་གཞན་གྱི་འདུ་ཤེས་ཀྱིས་རེག་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་གཞན་དང་ལྷན་ཅིག་ཀུན་དུ་ཆགས་ལ། བུད་མེད་གཞན་དང་ལྷན་ཅིག་ལུས་སྤྲོད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་བསམས་པ་ནི་དེ་ཉིད་ཡིན་ནོ་ཞེས་བཤད་དོ། །ཡང་ན་དེ་ནི་ལུས་ཀྱི་དབང་པོ་ཉམས་པ་ལ་དགོངས་ནས་བཤད་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་བུད་མེད་ཀྱི་ལུས་ཀྱི་དབང་པོ་ཉམས་ལ་དགེ་སློང་གིས་དེ་དང་ལྷན་ཅིག་ལུས་སྤྲོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །བཙུན་པ་རེ་ཞིག་དགེ་སློང་ལུས་ཀྱི་དབང་པོ་ཉམས་ལ། དེ་ནི་བུད་མེད་དང་ལྷན་ཅིག་ལུས་སྤྲོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །བཙུན་པ་རེ་ཞིག་གཉིས་ཀ་ལུས་ཀྱི་དབང་པོ་ཉམས་ལ་དེ་དག་ལུས་སྤྱོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བཤད་


DTG167_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡང་ན་མཉེན་པ་དང༌། འཇམ་པ་དང༌། དྲོ་བར་བསམས་པས་རེག་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་མཉེན་པའི་བསམ་བས་ལུས་རེག་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་རོ། །འཇམ་པའི་བསམ་པ་དང༌། དྲོ་བའི་བསམ་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། འཇམ་པ་དང་དྲོ་བ་དང་སྙིང་བ་ཉིད་སྦོམ་པོའོ་ཞེས་བཤད་དོ། །ཡང་ན་དེ་ནི་སྔོན་ཕམ་པ་བྱུང་བ་ལ་སོགས་པའི་སྐབས་སམ་ལས་དང་པོ་པ་ལ་སོགས་པའི་དབང་གིས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་བསམས་བཞིན་དགེ་འདུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་གྱི་ལྷག་མ་ནི་ཁུ་ཆུ་འབྱིན་པ་ལ་སོགས་པའོ། །ཅི་བསམས་བཞིན་དུའམ་བསམས་བཞིན་དུ་མ་ཡིན་ཞེ་ན། བསམས་བཞིན་དུ་ཞེས་བྱ་བ་སྨོས་ཏེ་བློ་སྔོན་དུ་བཏང་སྟེའོ། །འདི་ནི་བསམས་བཞིན་མ་ཡིན་པ་སྩལ་ཏོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ཆོ་ག་ལས་མ་འདས་པར་ཏེ། ཆོ་ག་དང་མཐུན་པར་ཞེས་བྱ་བའི་ཐ་ཚིག་གོ །མ་བྱས་པར་ཞེས་བྱ་བར་སྦྱར་ཏེ། དེས་ན་འདུལ་བ་ལས་བཤད་ན་སྦོམ་པོ་ལ་སོགས་པ་སྤྱད་པའི་མཚན་ཉིད་ཀྱི་ཆོ་གའི་རིམ་པ་མ་བྱས་བར་ཞེས་བྱ་བའི་དོན་ཡིན་ནོ། །ཅི་ཞིག་མ་བྱས་པར་ཞེ་ན། བཤགས་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤགས་པ་ནི་འདིར་གོ་བར་བྱ་བའོ། །ཡང་ནི་བཤགས་པ་ཡིན་ཏེ་འདུལ་བ་འཛིན་པ་ལ་སོགས་པ་དགེ་སློང་གཅིག་གི་མདུན་དུ་མི་བྱ་བའི་བསམ་པས་དགེ་འདུན་ལྷག་མའི་ལྟུང་བ་ལན་གསུམ་སྒྲོགས་པ་ཡིན་ནོ། །སོགས་པ་སྨོས་པས་ནི་སྤོ་བ་དང་མགུ་བར་བྱ་བ་དང་དབྱུང་བ་རྣམས་འཕངས་སོ། །དེ་མ་བྱས་པར་ཏེ་ཕྱིར་བཅོས་པ་མ་བྱས་པར་རོ། །དག་ཅེས་བྱ་བ་ནི་ལྟུང་བ་མེད་པ་སྟེ་ལྟུང་བ་ལས་ལངས་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་འདྲི་པའི་བསམ་པ་ནི་གང་འགའ་ཞིག་གིས་བསམས་བཞིན་དུ་ཁུ་ཆུ་འབྱིན་བ་ལ་སོགས་པའི་ལྟུང་བ་སྤྱད་ལ། ཕྱིས་སྤོ་བ་དང་མགུ་བར་བྱ་བ་དབྱུང་བའི་རིམ་གྱིས་ཆོ་ག་བཞིན་དུ་སྒྲུབ་ན་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གསལ་བར་ངེས་ན། འོན་ཀྱང་ཆོ་ག་བཞིན་དུ་མ་བྱས་པའི་དགེ་སློང་ཡང་བཅོམ་ལྡན་འདས་ཀྱིས་


DTG167_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཞན་གྱིས་ཇི་ལྟར་དག་པ་ཁོ་ནར་གསུངས་པ་ཞེས་བྱ་བ་དེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མཚན་གྱུར་པ་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་དགེ་འདུན་གྱི་ལྷག་མའི་ལྟུང་བ་འབྱུང་བ་འཆགས་པར་ཡང་མི་བགྱིད། སླར་འཆོས་པར་ཡང་མི་བགྱིད་ལ། ལྟུང་བ་ལས་ལྡང་བར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ལྟུང་བ་བྱུང་བར་གྱུར་པ་ལ་དེ་མཚན་གྱུར་ནས་དགེ་སློང་མར་རེད་ན་ལྟུང་བ་ལས་ལངས་པ་ཞེས་བྱའོ། །དགེ་འདུན་གྱི་ལྷག་མར་འགྲོ་བར་གྱུར་པའི་ཉེས་བྱས་ཀྱི་ལྟུང་བ་ནི་བཤགས་པར་བྱའོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། དགེ་སློང་གི་ཚེ་ལྟུང་བ་བྱུང་ལ་དགེ་སློང་མ་ལགས་པའི་ཚེ་ལྡང་བར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ལྟུང་བ་ཕྱུང་ལ་དེ་མཚན་གྱུར་ནས་དགེ་སློང་མར་རེད་ན་ལྟུང་བ་ལས་ལངས་པ་ཞེས་བྱའོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། བཙུན་པ་དགེ་སློང་ཐུན་མོང་མ་ལགས་པའི་ལྟུང་བའི་རིས་བཞི་བྱུང་བ་འཆགས་པར་ཡང་མི་བགྱིད། ཕྱིར་འཆོས་པར་ཡང་མི་བགྱིད་ལ། ལངས་པ་ཞེས་ཀྱང་བགྱི། ལྟུང་བ་མ་མཆིས་པར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཡོད་དེ། མཚན་གྱུར་ནའོ། །བཙུན་པ་དགེ་སློང་མ་ཐུན་མོང་མ་ལགས་པའི་ལྟུང་བའི་རིས་ལྔ་བྱུང་བ་འཆགས་པར་ཡང་མི་བགྱིད། ཕྱིར་འཆོས་པར་ཡང་མི་བགྱིད་ལ། ལངས་པ་ཞེས་ཀྱང་བགྱི་ལྟུང་བ་མ་མཆིས་པར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་གྱུར་ནའོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བཤད་དོ། །ཡང་ན་ལས་དང་པོ་པ་ལ་སོགས་པ་ལ་བརྟེན་ནས་དེ་སྐད་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །གང་ཟག་གཅིག་ལ་སྤོ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ཟག་ནི་སེམས་ཅན་ཏེ་དགེ་སློང་ཞེས་བྱ་བའི་ཐ་ཚིག་གོ །གཅིག་ལ་ཞེས་བྱ་བ་ནི་དགེ་འདུན་གྱི་ལྷག་མ་བྱུང་བ་ལའོ། །སྤོ་བ་ནི་དགེ་འདུན་གྱི་ལྷག་མ་བྱུང་བ་བཅབས་པའི་ཉེས་པ་གཞོམ་པའི་ཕྱིར་ཇི་ལྟར་བཅས་


DTG167_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ཆད་པའི་ལས་སྤྱད་པའི་ཕྱིར་རོ། །སྤྱད་པ་ཉིད་ནི་སྤོ་བ་སྤྱད་པ་སྟེ་བཅབས་པ་བཞིན་ཆད་པའི་ལས་སྤྱད་ལ་ད་དུང་མགུ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །མགུ་བར་བྱ་བ་ནི་སྤོ་བ་སྤྱད་པ་ལ་དགེ་སློང་རྣམས་ཀྱིས་སེམས་མགུ་བར་བྱ་བའི་ཕྱིར་ན་ཞག་དྲུག་ཏུ་མགུ་བར་བྱ་བ་སྦྱིན་པའི་ཕྱིར་རོ། །སྤྱད་པ་ཉིད་ནི་མགུ་བར་བྱ་བ་སྤྱད་པ་སྟེ་མགུ་བར་བྱ་བ་སྤྱད་ཟིན་པས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མགུ་བ་ནི་ཡིད་ལ་འཐད་ཅིང་ཡིད་འབབ་སྟེ་སེམས་རངས་པ་ཞེས་བྱ་བའི་ཐ་ཚིག་གོ །བཞི་པོ་དག་སྲིད་པ་ཞེས་བྱ་བར་སྦྱར་ཏེ་བཞི་པོ་སྤོ་བ་དང༌། སྤོ་བ་སྤྱད་པ་དང༌། མགུ་བར་བྱ་དང༌། མགུ་བར་བྱ་བ་སྤྱད་པའི་མཚན་ཉིད་ཀྱི་ཚིག་བཞི་པོ་དག་གོ །གང་གིས་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །སྲེད་པ་ནི་བཏུབ་པའོ། །འདི་ལ་གཞན་གྱིས་བསམས་པ་ནི་དགེ་འདུན་གྱི་ལྷག་མའི་ལྟུང་བ་བྱུང་བའི་གང་ཟག་གཅིག་ཁོ་ན་སྤོ་བ་པའམ། སྤོ་བ་སྤྱད་པའམ། མགུ་བར་བྱ་བ་སྤྱད་པ་ཞིག་ཏུ་འགྱུར་རོ་ཞེས་བྱ་བ་དེ་ཙམ་ཞིག་ནི་ཚིག་རྣམས་ཐ་དད་པར་གྱུར་པའི་ཕྱིར་ཤིན་ཏུ་མངོན་ན་འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལྟུང་བ་བྱུང་བ་གཅིག་ཁོ་ན་ལ་བཞི་སྲིད་པར་གསུངས་པ་དེ་ཇི་ལྟ་བུ་ཡིན་པ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་སྲིད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གང་ཟག་དེ་ཉིད་སྤོ་བ་ཡང་ལགས། དེ་ཉིད་སྤོ་བ་སྤྱད་པ་ཡང་ལགས། དེ་ཉིད་མགུ་བ་པ་ཡང་ལགས། དེ་ཉིད་མགུ་བར་བགྱི་བ་སྤྱད་པ་ཡང་ལགས་པ་ལྟ་མཆིས་ལགས་སམ། ཡོད་དེ་གང་ཟག་སྤོ་བ་བྱ་བ་སྤྱད་པ་ཞིག་ཏུ་དགེ་འདུན་གྱི་ལྷག་མའི་ལྟུང་བ་འཆབ་པ་མེད་པ་བྱུང་ལ། དེ་དགེ་འདུན་གྱི་དྲུང་དུ་སོང་ནས་མགུ་བར་བྱ་བ་གསོལ་ཏེ། དེ་མགུ་བར་བྱ་བ་ཕལ་ཆེར་སྤྱད་ནས་དགེ་འདུན་གྱི་ལྷག་མའི་ལྟུང་བ་གཅིག་ཞག་གཅིག་བཅབས་པ་དང༌། གཉིས་པ་ཞག་གཉིས་བཅབས་པ་དང་གཉིས་ཤིག་བྱུང་བ་དང༌། དེ་དག་དགེ་འདུན་གྱི་དྲུང་དུ་སོང་སྟེ་སྤོ་བ་གསོལ་བ་ལས་དེ་ལ་དགེ་འདུན་གྱིས་སྤོ་བ་བྱིན་ན་དེ་ལྟུང་བ་གཅིག་གི་ནི་སྤོ་བ་སྤྱད་པ་མ་ཡིན་ནོ། །གཉིས་པའི་ནི་སྤོ་བ་སྤྱད་པ་ཡིན་ནོ། །གསུམ་པའི་ནི་མགུ་བར་བྱ་བ་སྤྱད་པ་ཡིན་ནོ། །བཞི་པའི་ནི་མགུ་བར་བྱ་བ་སྤྱད་པ་ཡིན་ནོ། །ཇི་སྲིད་འཚོ་བར་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་


DTG167_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་བར་ནི་ཇི་སྲིད་འཚོ་བ་མཐར་ཐུག་པའི་བར་རོ། །རང་གི་གོས་ནི་བདག་ཉིད་ཀྱི་གོས་དག་གིའོ། །རབ་ཏུ་མང་པོ་ནི་བཅུ་ལ་སོགས་པ་དཔག་ཏུ་མེད་པ་དག་གོ །མ་བསྔོས་ཤིང་ཞེས་བྱ་བ་ནི་མཁན་པོ་ལ་སོགས་པའི་མིང་གིས་སྔགས་སྔོན་དུ་འགྲོ་བའི་བདག་གིར་མ་བྱས་ཤིང་ངོ༌། །བྱིན་གྱིས་མ་བརླབས་པར་ཞེས་བྱ་བ་ནི་སྔོན་དུ་འགྲོ་བ་ཁོ་ནའི་བདག་གིར་མ་བྱས་པར་རོ། །ཡང་ཞེས་བྱ་བ་ནི་འོན་ཀྱང་ངོ༌། །དྲི་མ་མེད་པར་ཞེས་བྱ་བ་ནི་སྤངས་པའི་ལྟུང་བའི་དྲི་མ་དང་བྲལ་བའོ། །འདི་ལ་འདྲི་བའི་དོན་ནི་གང་གི་ཚེ་བྱིན་གྱིས་མ་བརླབས་ཤིང་མ་བསྔོས་པའི་གོས་གཅིག་ཀྱང་ཞག་བཅུ་འདས་པར་འཆང་ན་དེའི་ཚོད་ལ་བཅོམ་ལྡན་འདས་ཀྱིས་ཞག་བཅུ་པའི་སྤང་བར་འགྱུར་རོ་ཞེས་གསུངས་ན་འོན་ཀྱང་ཡང་འདི་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་འདི་ལ་ཁོ་བོ་ལ་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། རིམ་གྱིས་བྱིན་གྱིས་རློབ་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་གོས་བྱིན་གྱིས་མ་བརླབས་ཤིང་མ་བསྔོས་པ་བརྒྱད་དམ་དགུ་ཇི་སྲིད་འཚོའི་བར་དུ་བཅངས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གིས་ཉིན་རེ་ཉིན་རེ་ཞིང་ཆོས་གོས་ཀྱི་སྔགས་བྱུང་ལ་གཞན་བྱིན་གྱིས་བརླབས་ནའོ། །ཡང་དེ་ཞག་བཅུ་ཚུན་ཆད་ཅིག་ཏུ་ཤི་བ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་གོས་ལྷག་པ་བཅངས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཞག་བཅུ་ཚུན་ཆད་ཅིག་ཏུ་ཤི་བར་གྱུར་ནའོ། །ཡང་ན་རུང་བ་མ་ཡིན་པའི་གོས་འཆང་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་གོས་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ལ་སྤང་བའི་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་གོས་ཀྱི་སྤུན་རུང་ལ་རྒྱུ་རུང་བ་མ་ཡིན་པ་དང༌། རྒྱུ་རུང་ལ་སྤུན་རུང་བ་མ་ཡིན་པ་དང༌། གཉིས་


DTG167_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རུང་བ་མ་ཡིན་པའོ། །རུང་བ་མ་ཡིན་པ་ནི་རྔ་བལ་དང༌། རང་གི་སྤུ་དང༌། རི་དགས་ཀྱི་བལ་དང་བསྲེས་པ་དང༌། མ་བཏགས་པ་སྟེ། གོས་དེ་ལྟ་བུ་ཞག་བཅུ་ལས་འདས་པར་འཆང་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཞེས་བཤད་དོ། །འོག་མ་དག་ལ་ཡང་ལུགས་ནི་འདི་ཡིན་ནོ། །ཡང་ན་གཞན་གྱི་ཆེད་དུ་འཆང་བའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་ལྷུང་ཟེད་འཆང་བའི་སྐབས་ནས་རབ་ཏུ་འབྱུང་བར་འདོད་བའི་ཆེད་དུ་འཆང་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ལྷུང་བཟེད་ལ་དེ་སྐད་དུ་གསུངས་མོད་ཀྱི་འོན་ཀྱང་གོས་ལ་ཡང་རུང་ངོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་བཞིན་མདོ་བྱེད་པས་འདིར་སྤྱིར་རབ་ཏུ་བྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་བཤད་དོ། །འགྲེལ་པ་བྱེད་པས་ཀྱང་འདི་ལ་ནི་ལྷུང་བཟེད་ལ་རབ་ཏུ་བྱུང་བར་འདོད་པའི་ཆེད་དུ་འཆང་ན་ལྟུང་བ་མེད་དོ་ཞེས་གསུངས་པ་གང་ཡིན་པ་དེའི་བཤད་པ་ཡིན་ནོ་ཞེས་རྗེས་སུ་བཟླས་སོ། །ཡང་ན་ལས་དང་པོ་པ་ལ་སོགས་པའམ་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དྲི་བ་དང་ལན་འདི་ནི་ལྷུང་བཟེད་དུ་གཏོགས་པ་ལ་ཡང་རུང་བས་མ་བཤད་ཀྱང་ཐམས་ཅད་བདག་ཉིད་ཀྱིས་བརྟག་པར་བྱའོ། །ཐ་དད་མཚམས་ནི་སྤངས་པའི་གནས། །གཅིག་ན་གནས་པའི་དགེ་སློང་ལ། །ཞེས་བྱ་བ་ལ་སོགས་པ་ལ། གནས་གཅིག་ན་ཞེས་བྱ་བ་ནི་གནས་ཁང་ལ་སོགས་པ་འདུག་གནས་གཅིག་པ་སྟེ། གནས་གཅིག་སྨོས་པས་ནི་འདུག་གནས་གཉིས་དང༌། གསུམ་དང༌། བཞི་ལ་སོགས་པ་བཀག་པ་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་འདུག་པའོ། །གཅིག་ཡིན་ཡང་བཀད་པ་ལ་སོགས་པ་གནས་ཆེན་པོ་ལ་ནང་ན་ཆུ་ལ་སོགས་པས་མཚམས་ཐ་དད་པ་ཉིད་ཀྱང་སྲིད་ན་དེ་ཅི་ལ་རྣམ་པར་བཞག་པ་ཉིད་ཡིན་ནམ་ཞེ་ན། ཐ་དད་མཚམས་ནི་སྤངས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཆུ་ལ་སོགས་པས་མཚམས་ཐ་དད་པ་དང་བྲལ་བའི་ཡིན་ཏེ་མཚམས་གཅིག་པའི་ཞེས་བྱ་བའི་ཐ་ཚིག་གོ །འབྲལ་བའི་དྲི་མས་ཞེས་བྱ་བ་ནི་འབྲལ་བའི་སྤང་བའི་ལྟུང་བས་སོ། །དྲི་མ་དང་འདྲ་


DTG167_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བས་དྲི་མ་སྟེ། ལྟུང་བའི་དྲི་མ་ཞེས་བྱ་བའི་དོན་ཏོ། །དྲི་མ་དང་བཅས་པའི་ཞེས་བྱ་བ་ནི་ཉེས་པ་དང་བཅས་པ་སྟེ། ལྟུང་བའི་དྲི་མས་ཉེ་བར་གོས་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་འདྲི་བའི་དོན་ནི་རང་འཁྲུངས་དང་བཅོས་མས་མཚམས་བཅད་པ་མེད་པའི་གནས་ཆེན་པོ་ཡང་རུང༌། ཆུང་ངུ་ཡང་རུང༌། གཅིག་ན་གནས་པའི་དགེ་སློང་ལ་གདོན་མི་ཟ་བར་འབྲལ་བའི་སྤང་བའི་ལྟུང་བྱེད་འབྱུང་མི་སྲིད་དོ་ཞེས་བྱ་བ་འདི་ནི་མངོན་ན། འོན་ཀྱང་ཅི་རྣམ་གྲངས་འགའ་ཞིག་གིས་གནས་དེ་ལྟ་བུ་ལ་གནས་པ་ལ་འབྲལ་བའི་སྤང་བའི་ལྟུང་བ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ནི་ཁོ་བོ་ལ་བརྗོད་པར་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་གྱི་གནས་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་དགབ་པ་གཅིག་པའི་གནས་གཅིག་ན་མཆིས་ཤིང་དེ་ཉིད་དུ་དེའི་ཆོས་གོས་དེ་དང་འབྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་གནས་ཏེ་མུ་སྟེགས་ཅན་གྱི་དགེ་སྦྱོང་དང༌། རྒྱུ་བ་པ་དང༌། ཀུན་དུ་རྒྱུ་སྣ་ཚོགས་པའམ། སྤུན་ནི་ནོར་བགོས་པ་རྣམས་ཀྱི་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་འདིར། ནོར་ལས་དང་ལྟ་བ་ལས་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་བཤད་དོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། དགེ་འདུན་གྱི་གཙུག་ལག་ཁང་མུ་སྟེགས་ཅན་རྣམས་དང་ཉེར་སྤྱོད་ཀྱིས་གཅིག་པ་ན་གནས་པ་རྣམས་ལས་གང་ཞིག་སྒོ་གང་ལ་གནས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་འདིས་ནི་ཐ་དད་པ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། བཙུན་པ་དགེ་སློང་མཚམས་ཀྱི་ནང་མཆིས་ལ་ཆོས་གོས་ཀྱང་མཚམས་ཀྱི་ནང་ན་བཞག་ན་ཆོས་གོས་དེ་དང་འབྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། མཚམས་བཅད་པ་བྱས་ལ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་མ་བྱས་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། དེར་གནང་བ་བྱས་ན་ནི་ཆོས་གོས་ངག་དང་འབྲལ་བར་མི་འགྱུར་རོ་ཞེས་བཤད་དོ། །ཡང་ན་གནས་གཅིག་གམ་མཚམས་གཅིག་ན་གནས་པ་ལ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་འདྲི་བ་རྣམ་པ་


DTG167_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱ་ལ་ལན་ཡང་བཤད་མ་ཐག་པ་དེ་ལྟ་བུའི་གཞུང་རྣམ་པ་གཉིས་བརྗོད་པར་བྱའོ། །ཡང་ན་ལས་དང་པོ་པ་ལ་སོགས་པའམ་སྔོན་ལྟུང་བ་བྱུང་བ་ལ་སོགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། སྔ་མ་བཞིན་ནོ། །ཟླ་བ་པའི་གོས་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་ནི་ཅིའི་ཕྱིར་ལྟུང་བ་མེད་པར་གསུངས་ཞེས་བྱ་བར་སྦྱར་ཏེ། ཟླ་བའི་གོས་ནི་ཟླ་བ་འདས་པའི་གོས་སོ། །མ་སྤངས་པ་ཞེས་པ་ནི་མ་བཏང་བའོ། །ལྟུང་བ་མེད་པ་ནི་ཁ་ན་མ་ཐོབ་མེད་པའོ་ཞེས་གསུངས་ཞེས་བྱ་བ་ནི་དེ་སྐད་དུ་གསུངས་པའོ། །གསལ་བར་སྨྲོས་ཞེས་བྱ་བ་ནི་གསལ་པོར་ཤེས་པའོ། །འདི་ལ་གཞན་གྱི་བསམ་པ་ནི་ཟླ་བའི་སྤངས་པ་ནི་ཟླ་བ་འདས་པ་ཁོ་ནས་བྱུང་ངོ་ཞེས་བྱ་བ་དེ་ནི་ཁོ་བོ་ཅག་ལ་ངེས་པ་ཁོ་ན་ཡིན་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་གཞན་གྱིས་ཇི་སྲིད་འཚོའི་བར་དུ་འཆང་པའི་དགེ་སློང་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་འདི་ལ་ཅི་སྟེ་འདི་སྐད་དུ་གསུངས་ཞེས་བྱ་བའི་རྒྱུ་ཁོ་བོ་ལ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཟླ་བ་གཅིག་ཚུན་ཆད་དུ་ཤི་བ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་བཞག་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུ་ཤི་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཆོས་གོས་རུང་བ་མ་ཡིན་པ་ལ་དགོངས་ན་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཆོས་གོས་དགུང་ཟླ་བ་གཅིག་ཕན་ཆད་དུ་བཞག་ལ་སྤང་བའི་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཆོས་གོས་དེ་སྤུན་རུང་ལ་རྒྱུ་རུང་བ་མ་ཡིན་པ་དང་ཞེས་བྱ་བ་ཡིན་ཏེ་སྔ་མ་བཞིན་ནོ། །ཡང་ན་སྲ་བརྐྱང་བཏིང་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཆོས་གོས་དགུང་ཟླ་དྲུག་ཏུ་བཞག་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཆོས་གོས་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་སྲ་བརྐྱང་བཏིང་བར་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང༌། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་བཤད་དོ། །ཡང་ན་སྔོན་ཕམ་པ་བྱུང་བ་ལ་


DTG167_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། སྔ་མ་བཞིན་ནོ། །སྡོམ་བརྩོན་ཅན་ནི་ཕ་མ་ལས་ཞེས་བྱ་བ་ལ་སོགས་པ་ལ། ཕ་མ་ལས་ཞེས་བྱ་བ་ནི་ཕ་དང་མ་དག་ལས་སོ། །རུང་བ་ནི་བཏགས་པ་ལ་སོགས་པ་སྟེ། དཔག་བསམ་གྱི་གོས་ལ་སོགས་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །རུང་བ་ཞེས་བྱ་བ་སྨོས་པ་ནི་རུང་བ་མ་ཡིན་པ་བཀག་གོ །བླང་བྱས་ན་ཞེས་བྱ་བ་ནི་རང་གིས་བྱས་ནའོ། །སྤངས་པའི་ཉེས་པ་ཡིས་ཞེས་བྱ་བ་ནི་སྤང་བའི་ལྟུང་བས་སོ། །དྲི་མ་ཅན་དུ་གྱུར་པ་ཞེས་བྱ་བ་ནི་མ་རུང་བར་རོ། །འདི་ལ་དོན་ནི་དགེ་སློང་གིས་ཕ་མ་ལས་ཆོས་གོས་རུང་བ་བླངས་པ་ནི་ཉེས་པ་མེད་པ་ཁོ་ནའོ་ཞེས་བྱ་བ་དེ་ནི་ཁོ་བོ་ལ་གསལ་བ་སྙམ་བྱེད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་འགའ་ཞིག་གིས་དེ་ལ་སྤང་བའི་ལྟུང་བྱེད་དུ་གསུངས་སོ་ཞེས་བྱ་བ་དེ་ལྟ་བུ་ཡིན་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་ཅུང་ཟད་ཅིག་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དགེ་འདུན་ལ་བསྔོས་པ་དང་རང་གིར་བྱེད་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཕ་མ་ལས་ཆོས་གོས་བླངས་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཆོས་གོས་ཕ་མས་དགེ་འདུན་ལ་བསྔོས་པ་ཡིན་ལ་ངེས་ཤེས་བཞིན་དུ་གང་ཟག་བདག་ཉིད་ཀྱིས་སྒྱུར་བར་བྱེད་ན་ཆོས་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཞུ་བ་ལས་བྱུང་བ་གཞུང་གཞན་ཡང་བཅོམ་ལྡན་འདས་ཀྱིས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་ལེན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བཀའ་སྩལ་པ་གང་ལགས་པ། དགེ་སློང་གིས་དགེ་སློང་མ་ལས་ཆོས་གོས་བླངས་ལ་དེ་ཡང་སྤང་བའི་ལྟུང་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གལ་ཏེ་དེས་དགེ་འདུན་ལ་སྤགས་པ་ཡིན་ལ། དགེ་སློང་གིས་བདག་ཉིད་ལ་སྦྱོར་བར་བྱེད་ནའོ་ཞེས་འབྱུང་ངོ༌། །འདི་ལ་མདོ་བྱེད་པས་ཀྱང་གཞན་གྱིས་གང་ཟག་གཞན་ནམ། དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ་ཞེས་བཤད་དོ། །ཞག་བདུན་པའི་སྨན་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། བྱིན་གྱིས་བརླབས་པ་དུས་ཞག་བདུན་གྱི་


DTG167_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པར་འཆང་བའི་ཕྱིར་ཏེ། མར་སར་དང་འབྲུ་མར་ལ་སོགས་པའི་སྨན་ནི་ཞག་བདུན་པའི་སྨན་ཞེས་བྱའོ། །སྨན་དག་བཅངས་ན་ཞེས་བྱ་བར་སྦྱར་ཏེ། བཅངས་ན་ཞེས་བྱ་བ་ནི་བཞག་ནའོ། །ལྟུང་བ་མེད་པར་གསུངས་པ་ཞེས་བྱ་བ་ནི་སྡོམ་བརྩོན་ཞེས་བྱ་བར་སྦྱར་རོ། །འབོད་དེ་སྨྲ་བར་གྱིས་ཞེས་བྱ་བ་ནི་བསྒྲིམས་ཏེ་སྨྲོས་ཤིག་པའོ། །འདི་ལ་ཚིག་ལེའུར་བྱས་པའི་དོན་ནི་ཞག་བདུན་པའི་སྨན་ནི་ཞག་བདུན་འདས་པ་ཁོ་ནས་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ཁོ་བོ་ཅག་ལ་ངེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཞག་བདུན་པའི་སྨན་ཇི་སྲིད་འཚོའི་བར་དུ་བཅངས་པ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཅིའི་ཕྱིར་དེ་སྐད་དུ་བཀའ་སྩལ་པ་སྙིང་ནས་སོམས་ལ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཞག་བདུན་ཚུན་ཆད་དུ་ཤི་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཞག་བདུན་པའི་སྨན་ཇི་སྲིད་འཚོའི་བར་དུ་བཅངས་པ་སྤངས་པའི་ལྟུང་བྱེད་དུའང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཞག་བདུན་ཚུད་ཆད་དུ་ཤི་ནའོ། །ཡང་ན་རུང་བ་མ་ཡིན་པའི་སྨན་འཆང་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགུང་བདུན་པའི་སྨན་དགུང་བདུན་ལས་འདས་པར་བཅངས་ལ་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། སྨན་རུང་བ་མ་ཡིན་པ་དང་འདྲེས་པར་གྱུར་པ་དེ་གང་དགེ་སློང་རྣམས་ཀྱིས་སྤྱད་དུ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལས་དང་པོ་པའམ་སྔོན་ཕམ་པ་བྱུང་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། ཤེས་བཞིན་དུ་ནི་བརྫུན་གྱི་ཚིག་ཅེས་བྱ་བ་ལ་སོགས་པ་ལ། ཤེས་བཞིན་དུ་ཕྱིན་ཅི་ལོག་པའི་འདུ་ཤེས་ཉམས་སུ་མྱོང་བ་སྟེ་ཆེད་དུ་བསམས་ནས་ཞེས་བྱ་བའི་ཐ་ཚིག་གོ །བརྫུན་ནི་དོན་ལོག་པའོ། །ཚིག་ནི་དོན་བརྗོད་པ་སྟེ་ཤེས་བཞིན་དུ་སླུ་བ་ལ་སོགས་པའི་ཆེད་དུ་དོན་གཞན་དུ་རྣམ་པར་གནས་པ་གཞན་དུ་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་བཞིན་དུ་སྨོས་པས་ནི་བློ་སྔོན་དུ་བཏང་བའི་བརྫུན་གྱི་ཚིག་བསལ་ཏོ། །དེ་སྨྲས་ན་སྟེ་བརྗོད་ནའོ། །ལྟུང་བྱེད་མེ་ཡིས་ནི་ཞེས་བྱ་བ་ལ་ལྟུང་བྱེད་ནི་དམྱལ་བ་ལ་སོགས་པར་ལྟུང་བར་བྱེད་པའི་


DTG167_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་སུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པས་ཞེས་བྱ་བས་སོ། །དེ་ཉིད་མེ་ཡིན་ཏེ་སྡུག་བསྔལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྲེག་ཅེས་བྱ་བ་ནི་ཤིན་ཏུ་སྡུག་བསྔལ་བསྐྱེད་པས་སོ། །མིན་ཞེས་ལྟུང་བྱེད་བཀག་པ་སྨོས་པས་ཉེས་བྱས་སུ་བརྗོད་པ་ནི་གནང་བ་ཡིན་ཏེ། འོག་མ་དག་ལ་ཡང་དེ་བཞིན་ཁོ་ནར་ཤེས་པར་བྱའོ། །གསལ་པོར་སྨྲོས་ཞེས་བྱ་བ་ནི་ངེས་པར་སྨྲོས་ཤིག་པའོ། །འདི་ལ་གཞན་གྱིས་བསམ་པ་ནི་གང་དགེ་སློང་འགའ་ཞིག་གི་ཆེད་དུ་བསམས་ཏེ་བརྫུན་སྨྲས་ན་དེ་ལ་གདོན་མི་ཟ་བར་ལྟུང་བྱེད་བྱུང་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ལྟུང་བྱེད་མ་གསུངས་སོ་ཞེས་བྱ་བ་དེ་ལ་རྒྱུ་ཅི་ཞིག་ཡོད་ཅེས་བྱ་བ་དེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་སྨྱོས་པ་ལ་སོགས་པའི་མདུན་དུ་སྨྲས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་སྨྱོན་པའི་དྲུང་དུ་བརྫུན་སྨྲས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་དང་གླེན་པ་དང་འོན་པ་དང་གཉིད་ཀྱིས་ལོག་པ་དང༌། མྱོས་པ་དང་རབ་ཏུ་མྱོས་པ་དང༌། སྨྱོན་པར་ཞུགས་པ་དང༌། འགྲོ་བ་གཞན་པའི་དྲུང་དུ་བརྫུན་སྨྲས་ན་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མིའི་འགྲོ་བ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བཤད་དོ། །འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་ན་དབེན་པ་ལ་དབེན་པར་འདུ་ཤེས་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པའི་འདུ་ཤེས་ཀྱིས་བརྫུན་སྨྲས་ན་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་ན་དབུས་པས་དབུས་པ་ལ་མཐའ་འཁོབ་པའི་སྐད་དུ་སྨྲས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་དབུས་པས་དབུས་པ་ལ་མཐའ་འཁོབ་པའི་སྐད་དུ་བརྫུན་སྨྲས་ལ་དེས་ཀྱང་མཐའ་འཁོབ་པའི་སྐད་དམ་འཚལ་ན་ཅིར་འགྱུར་


DTG167_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཉེས་བྱས་སུའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མདོ་བྱེད་པས་ཀྱང༌། འདི་ལ་རྣམ་པར་རེག་བྱེད་ལ་ནི་དོན་གོ་བའོ་ཞེས་བཤད་དོ། །འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་ལ་དགོངས་ནས། བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་བཤད་དོ། །ཡང་ན་ལས་དང་པོ་པ་དང་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དགེ་སློང་གིས་དགེ་སློང་ལ་ཞེས་བྱ་བ་ལ་སོགས་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་སོགས་པ་ལ་ཡང་མིའི་སྐྱོན་ནས་སྨྲ་སྲིད་པས་དགེ་སློང་ལ་ཞེས་སྨོས་སོ། །སྐྱོན་ནས་སྨྲ་བ་ནི་ཁྱོད་ནི་ཞར་བའོ། །ཐེང་པོ་སྒུར་པོ་སྤྱི་ཅེར་རོ། །མགོ་སྐྱའོ། །ཁྲོ་བའོ་ཞེས་བྱ་བ་ལ་སོགས་པས་སྐྱོན་ཉིད་ནས་སྨྲ་ཞིང་བརྗོད་པ་སྟེ། སྨད་པའི་བསམ་པས་སྨྲས་པའི་ཐ་ཚིག་གོ །དེ་རབ་ལ་ཞེས་བྱ་བ་ནི་བྱེད་པ་པོ་ལ་སྟེ། ཡི་གེ་ལྷག་པ་ལས་ན་དོན་ལྷག་པ་ཡོད་པས་སྐྱོན་བརྗོད་པར་འདོད་པའི་འདུན་པས་ཞེས་བྱ་བའི་ཁྱད་པར་བལྟ་བར་བྱའོ། །དེ་ལྟར་ཡང་དགེ་སློང་གིས་མིའི་སྐྱོན་བརྗོད་པའི་བསམ་པས་ཞེས་གསུངས་སོ། །ཀུན་མཁྱེན་ནི་ཐམས་ཅད་མཁྱེན་པའོ། །ངེས་པར་སྨྲོས་ཞེས་བྱ་བ་ནི་གཏན་ལ་བབ་པར་སྨྲོས་ཤིག་པའོ། །འདི་ལ་གཞན་གྱིས་བསམ་པ་ནི་གང་གི་ཚེ་དགེ་སློང་གིས་དགེ་སློང་གི་ཡུལ་འདིའི་སྐྱོན་ཉིད་བརྗོད་དོ་སྙམ་པའི་བསམ་པ་དེས་མིའི་སྐྱོན་ནས་སྨྲ་བ་རབ་ཏུ་སྦྱོར་བ་དེའི་ཚེ་དེ་ལ་ཐེ་ཚོམ་མེད་པ་ཁོ་ནར་ལྟུང་བྱེད་དུ་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་གིས་དེ་ལ་དེ་འབྱུང་བར་མ་གསུངས་སོ་ཞེས་བྱ་བ་འདི་ལ་ཁོ་བོ་ལ་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མིའི་སྐྱོན་ནས་སྨྲ་བ་ཕོ་ཉ་ལ་བཏང་བ་ཀུན་ཏུ་སྤྱོད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བ་ཕོ་ཉ་ལ་བཏང་པས་ཀུན་ཏུ་སྤྱད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །དེ་བཞིན་དུ་ཡི་གེ་དང༌། ལག་བརྡ་དང༌། གཞན་ལ་སྙད་འདོགས་པ་དང༌། བརྒྱུད་པས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་ངག་གིའོ། །རང་གིའོ། །


DTG167_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དང་འབྲེལ་བའོ་ཞེས་བཤད་དོ། །ཡང་ན་སྨྱོན་པ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི་སྔ་མ་བཞིན་ནོ། །ཡང་ན་དབུས་པས་དབུས་པའི་དགེ་སློང་ལ་མཐའ་འཁོབ་པའི་སྐད་དུ་སྨྲས་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི་སྔ་མ་བཞིན་ནོ། །ཡང་ན་ལས་དང་པོ་པ་དང་སྔོན་ཕམ་པ་བྱུང་བ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དགེ་སློང་ཉོན་མོངས་ཅན་སེམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་སྨོས་པས་ནི་དགེ་སྦྱོང་ལ་སོགས་པ་བསལ་བའི་ཕྱིར་རོ། །ཉོན་མོངས་ཅན་སེམས་ཀྱིས་ཞེས་བྱ་བ་ནི་དབྱེ་བའི་བསམ་པ་སྟེ། ཉོན་མོངས་ཅན་ཞེས་སྨོས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་བཀག་པའོ། །དགེ་སློང་གིས་སྨྲས་ཞེས་བྱ་བ་ནི་དགེ་སློང་གིས་སྨྲས་པའོ། །ཕྲ་མ་ནི་དབྱེན་གྱི་ཚིག་གོ །དགེ་སློང་ལ་ཞེས་བྱ་བ་ནི་དགེ་སློང་གི་ཡུལ་ལའོ། །དག་ཅེས་བྱ་བ་ནི་ལྟུང་བ་མེད་པར་རོ། །བཅོལ་ཞེས་བྱ་བ་ནི་དོན་དུ་གཉེར་གྱིས་ཞེས་བྱ་བའོ། །འདི་ལ་གཞན་གྱིས་བསམ་པ་གང་གི་ཚེ་དགེ་སློང་ཞིག་གིས་དགེ་སློང་གི་ཡུལ་ལ་དགའ་ཡང་རུང་མི་དགའ་ཡང་རུང་དགེ་སློང་ཞིག་གིས་མངོན་སུམ་དུ་འདི་ནི་ཁྲོ་བའོ། །འཆབ་པའོ། །ཚིག་པའོ། །མཛེ་ཅན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ལ་སོགས་པ་བདེན་ཡང་རུང་བརྫུན་ཡང་རུང་བ་སྨྲ་ལ་དེ་ཡང་གལ་ཏེ་དགེ་སློང་གིས་སྨྲས་པ་དེ་དགེ་སློང་གི་ཡུལ་ལ་དབྱེན་གྱི་བསམ་པས་སྨྲས་ན་དེས་ན་དེ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་གསལ་བ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེས་འགྱུར་བར་མ་གསུངས་སོ་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་ཁོ་བོ་ལ་རྒྱུ་ཉེ་བར་བསྟན་པར་བྱའོ་ཞེས་བྱ་བ་ནི་འདི་ཡིན་ནོ། །འདི་ལ་ལན་ནི་མིའི་སྐྱོན་ནས་སྨྲ་བ་ལ་བཤད་པ་ཐམས་ཅད་ཡིན་པ་ཉིད་ལ། ལུང་དང་མདོ་ལས་བཤད་པའི་གཞུང་ཡང་དེ་ཉིད་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་ཅན་གྱིས་རུང་བའི་ཞེས་བྱ་བ་ལ་སོགས་པ་ལ་རུང་བ་ནི་རུང་བ་ཞེས་བྱ་བ་མེ་དང་རྨ་བྱུང་བ་དང་མཚོན་དང་སེན་མོ་དང་ནེ་ཅོ་དང་རྙིས་པ་དང་བཀྲུམ་པ་དང་བཀས་པ་དང་བཅད་པ་ཞེས་བྱ་བ་དག་གིས་ཅི་རིགས་པར་རུང་པར་བྱས་པ་སྟེ། ཆོ་ག་བྱས་པ་ཞེས་བྱ་བའི་དོན་ཏོ། །ས་བོན་རྣམ་པ་


DTG167_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་རྩ་བ་དང༌། སྡོང་བུ་དང༌། རྩེ་མོ་དང༌། འགས་པ་དང༌། ས་བོན་གྱི་ས་བོན་ཞེས་བྱ་བ་དག་གོ །ལྟུང་བྱེད་བྱེད་པ་ཞེས་བྱ་བ་ནི་ལྟུང་བྱེད་ཀྱི་ལྟུང་བ་དང་ལྡན་པར་རོ། །འདི་ལ་གཞན་གྱི་བསམ་པ་ནི་གང་ཞིག་རྩ་བ་ལ་སོགས་པ་ས་བོན་གྱི་རིས་ལྔ་པོ་རྨ་བྱུང་བ་ལ་སོགས་པའི་ཆོ་གས་རུང་བར་བྱས་པ་ཟ་བ་དེ་ལ་ནི་ལྟུང་བྱེད་ཀྱི་ལྟུང་བ་མེད་པ་ཉིད་དོ་ཞེས་བྱ་བ་དེ་ནི་ལེགས་པར་ཤེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལ་ལར་དེ་ལ་ལྟུང་བྱེད་དུ་གསུངས་སོ་ཞེས་བྱ་བ་འདི་ཁོ་བོ་ལ་འབད་དེ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། རུང་བར་བྱས་པ་རྣམས་མྱུ་གུ་སྐྱེས་པ་ཡོངས་སུ་ལོངས་སྤྱོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ས་བོན་གྱི་རིས་ལྔ་པོ་ཞུགས་ཀྱིས་རུང་བ་བགྱིས་ཏེ། འཚལ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ས་བོན་གྱི་རིས་ལྔ་པོ་རུང་བར་བྱས་པ་ས་ལ་བཞག་པའམ་སྣོད་དུ་བཞག་པའམ་གདང་ལ་བཏགས་པ་ལས་མྱུར་དུ་སྐྱེས་པར་གྱུར་ནའོ་ཞེས་བྱ་བ་ཡིན་ཏེ། འདིར་མེས་རུང་བར་བྱ་བ་ནི་རྨད་བྱུང་བ་ལ་སོགས་པ་གཞན་དག་གི་དཔེ་ཙམ་དུ་ཟད་པར་ཤེས་པར་བྱའོ། །གཡོགས་མ་མེད་པར་ཞེས་བྱ་བ་ལ་སོགས་པ་ནི་གཡོགས་མ་མེད་པར་གནས་མལ་རུང་བ་བཤམས་ནས་མ་བྲུ་བས་ཤིང་མ་བལྟས་པར་སོང་ན་ཇི་ལྟར་དག་པར་གསུངས་ཞེས་བྱ་བར་སྦྱར་རོ། །དེ་ལ་གཡོགས་མ་མེད་པར་ཞེས་བྱ་བ་ནི་བླ་གབ་མེད་པར་རོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གནས་མལ་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་ལ་སོགས་པའོ། །རུང་བ་ཞེས་བྱ་བ་ནི་ཁྲི་དང་སྟན་ནང་ཚངས་ཅན་ལ་སོགས་པ་བ་སོ་དང་གསེར་དང་དངུལ་ལ་སོགས་པ་ལས་བྱས་པ་དང་དཔག་བསམ་གྱི་ཤིང་གི་གོས་དང༌། ཚད་ལས་ལྷག་པ་ལ་སོགས་པ་དང་བྲལ་ཞིང་ཚད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །བཤམས་ཞེས་བྱ་བ་ནི་མ་བཀྲམ་ནས་སོ། །མ་བྲུབས་ཞེས་བྱ་བ་ནི་མ་བརྟུལ་ཅིང་ངོ༌། །མ་བལྟས་པར་ཞེས་བྱ་བ་ནི་བལྟ་བ་མ་བྱས་པར་ཏེ་མ་བཅོལ་བར་ཞེས་བྱ་བའི་དོན་ཏོ། །སོང་ན་ཞེས་བྱ་བ་ནི་མཚམས་ལས་འདས་ནའོ། །ཇི་ལྟ་བུར་ན་ཞེས་བྱ་བ་ནི་རྒྱུ་གང་གིས་ནའོ། །དག་པར་ཞེས་བྱ་བ་ནི་ལྟུང་བ་མེད་པར་རོ། །འདི་


DTG167_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདྲི་བའི་དོན་ནི་གང་འགའ་ཞིག་གིས་དགེ་འདུན་གྱི་གནས་མལ་དུ་རུང་བ་ལ་ཁྲི་དང་ཁྲིའུ་ལ་སོགས་པ་བདག་ཉིད་ཀྱིས་བླ་གབ་མེད་པར་བཤམས་ལ། ཕྱིས་དགེ་སློང་ལ་སོགས་པ་ལ་བལྟར་མ་བཅུག་པར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ན་དེའི་ཕྱིར་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ཤིན་ཏུ་ངེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ཏུ་དེ་ལ་ལྟུང་བ་མེད་པར་གསུངས་སོ་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་ཅི་སྟ་ད་སྐད་གསུངས་པ་ཁོ་བོ་ལ་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། བར་ཆད་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཀྲམ་མམ་འགྲེམས་སུ་སྩལ་ནས། མ་བྲུབས་ཤིང་འབྲུམ་དུ་ཡང་མ་སྩལ། དགེ་སློང་གཞི་པ་ལ་བལྟར་ཡང་མ་སྩལ་བར་ཉེ་འཁོར་ལས་འདས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་ལ་གཙུག་ལག་ཁང་དེར་བར་ཆད་བརྒྱད་ལས་བར་ཆད་གང་ཡང་རུང་བ་ཅིག་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་གཞན་ལས་ཀྱང་རྐྱེན་དེ་ལྟ་བུ་ནི་མ་གཏོགས་སོ་ཞེས་གསུངས་སོ། །མདོ་བྱེད་པས་ཀྱང་ཉམ་ང་བ་དང་ཕྲད་པ་ལ་ཡང་མི་འབྱུང་ངོ་ཞེས་བཤད་དོ། །ཡང་ན་དེ་ནི་ལས་དང་པོ་པ་དང་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་བརྟེན་ནས་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ་སྔ་མ་བཞིན་ནོ། །སྡོམ་བརྩོན་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་བརྩོན་ཅན་གྱིས་ཆོས་གོས་རུང་བ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བྱིན་ན་ཅིའི་ཕྱིར་ལྟུང་བ་མེད་པ་ཞེས་གསུངས་ཞེས་བྱ་བར་སྦྱར་རོ། །དེ་ལ་རུང་བ་ནི་རྔ་མོ་དང་གནག་དང་རི་དགས་ཀྱི་སྤུ་ལ་སོགས་པ་དང་བྲལ་བའོ། །གོས་ནི་བགོ་བ་སྟེ་སྣམ་སྦྱར་བླ་གོས་དང་མཐར་གོས་ལ་སོགས་པའོ། །ཉེ་དུ་ནི་ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་སྔ་མ་གཅིག་ལས་སྐྱེས་པའོ། །ཉེ་དུ་མ་ཡིན་པ་ནི་ཉེ་དུ་མིན་པ་སྟེ་དེ་ལའོ། །བྱིན་ཞེས་བྱ་བ་ནི་ཡོངས་སུ་བཏང་ནའོ། །ལྟུང་བ་མེད་པ་ཞེས་བྱ་བ་ནི་ཉེས་པ་མེད་པའོ་ཞེས་གསུངས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བཀའ་སྩལ་པ་སྟེ་ངེས་པར་སྨྲོས་ཞེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་གང་གི་


DTG167_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རུང་བ་བྱིན་པ་དེའི་ཚེ་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ངེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་གིས་དེ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་ཁོ་བོ་ལ་རྒྱུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ཚད་དུ་མཆོག་པ་དང་ལྷག་པ་ལ་བརྟེན་ནས་གསུངས་པ་ཡིན་པར་བལྟའོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་གོས་སྩལ་ལ་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གོས་ཁྲུ་གང་དུ་མཆོག་པའམ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ། །ཡང་ན་དེ་ནི་རིན་དུ་བྱིན་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་གོས་སྩལ་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། རིན་དུ་བྱིན་ལ་རིན་བླངས་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་དགེ་འདུན་ལ་གོས་འབུལ་བར་བྱེད་པའམ། ལེགས་པར་སྨྲ་བའམ། བསྙེན་པར་རྫོགས་པར་བྱེད་པའམ། བོར་རླག་བྱུང་བའམ། སྐྱིན་པར་བྱིན་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། དགེ་འདུན་ལ་གོས་འབུལ་བར་བྱེད་དམ། ལེགས་པར་སྨྲ་བ་ལ་བྱིན་ནམ། བསྙེན་པར་རྫོགས་པར་བྱེད་པ་ལ་སྦྱིན་ནམ། བོར་རླག་བྱུང་བའམ། སྐྱིན་པར་སྦྱིན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལས་དང་པོ་པ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །མཚམས་གཅིག་གནས་པའི་ཞེས་བྱ་བ་ནི་མཚམས་ཀྱི་ནང་ན་གནས་པའོ། །མང་པོ་ཞེས་བྱ་བ་ནི་བཞི་ལ་སོགས་པའོ། །ཁ་ཟས་མ་སྩལ་བར་ཞེས་བྱ་བ་ནི་འདི་དག་ལ་ཁ་ཟས་བཟའ་བ་དང་བཅའ་བ་ལ་སོགས་པ་ཨ་རུང་ཙམ་ཡང་བསྲུལ་ཞིང་བསྐུར་བ་མེད་པས་ཟས་མ་སྩལ་བར་རོ། །ཐ་དད་ཅེས་བྱ་བ་ནི་སོ་སོར་རོ། །བཟའ་བ་ནི་ཟ་བར་བྱེད་པ་སྟེ། དགེ་སློང་དག་ཅེས་བྱ་བར་སྦྱར་རོ། །འདི་ལ་བསམ་པ་ནི་གང་གི་ཚེ་མཚམས་གཅིག་ན་དགེ་སློང་བཞི་ལ་སོགས་པ་སོ་སོར་སྡེར་བཅས་ནས་ཟན་ཟ་བ་དེའི་ཚེ་དེ་དག་ལ་འདུས་ཤིང་ཟ་བའི་ལྟུང་བྱེད་དུ་འགྱུར་


DTG167_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གལ་ཏེ་ཁ་ཟས་ཀྱིས་བསྲུལ་བ་བྱས་ན་ནི་དེའི་ཚེ་ལྟུང་བ་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ངེས་པ་ཁོ་ན་ཡིན་ན། འོ་ན་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ཏུ་ལྟུང་བ་མེད་པ་ཁོ་ནའོ་ཞེས་གསུངས་པ་འདི་ལ་ཁྱེད་ཀྱིས་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དུས་ཡོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། དུས་མ་གཏོགས་པར་འདུས་ཤིང་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་འདི་ལ་གཞུང་གཞན་ནི། བཙུན་པ་དགེ་སློང་གིས་འདུས་ཤིང་འཚལ་བ་བགྱིས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དུས་དྲུག་ལས་དུས་གང་ཡང་རུང་བ་ཞིག་ཉེ་བར་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དགེ་སློང་གསུམ་ཟན་ཟ་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གནས་གཅིག་ཏུ་མཚམས་གཅིག་ན་དགེ་སློང་མང་པོ་དག་སོ་སོར་འཚལ་མ་འཚལ་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གལ་ཏེ་གསུམ་ཟན་ཟའི་བཞི་མ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཟས་ཀྱི་གནས་སོ་སོར་ངེས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་འདུས་ཤིང་འཚལ་བ་བགྱིས་པ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཟས་ཀྱི་གནས་སོ་སོར་ངེས་པ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལས་དང་པོ་པ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །ཁ་ཟས་བཅའ་བར་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་ཁ་ཟས་བཅའ་བར་བྱ་བ་ལ་སོགས་པ་རུང་བ་དུས་མ་ཡིན་པར་ཟན་ཇི་ལྟར་དག་པ་ཞེས་བྱ་བར་གསུངས་ཞེས་བྱ་བར་སྦྱར་རོ། །དེ་ལ་ཁ་ཟས་ནི་མིད་པར་བྱ་བའོ། །མིད་པར་བྱ་བའི་ཟས་བུ་རམ་ཧགས་ལ་སོགས་པ་ཡང་ཡོད་པས་བཅའ་བར་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། བཅའ་བར་བྱ་བ་ཞེས་བྱ་བ་ནི་བཅའ་བར་བྱ་བ་ལྔ་པོ་བཅའ་བར་བྱ་བ་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཞེས་བྱ་བ་རྣམས་སོ། །སོགས་པ་ཞེས་སྨོས་པས་ནི་བཟའ་བར་བྱ་བ་ལྔ་པོ་འབྲས་


DTG167_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆན་དང༌། ཟན་དྲོན་དང༌། ལྡེ་གུ་དང༌། ཤ་དང༌། སྣུམ་ཁུར་ཞེས་བྱ་བ་རྣམས་བསྡུས་ཏེ། བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དེ་ཡང་རུང་བ་མ་ཡིན་པ་གླང་པོ་ཆེ་དང༌། རྟའི་ཤ་ལ་སོགས་པ་དང་རུང་བ་མ་ཡིན་པ་དང་འདྲེས་པ་ཡང་ཡོད་པས་རུང་བ་ཞེས་བྱ་བ་སྨོས་ཏེ་རུང་བར་གྱུར་པའོ། །དུས་མིན་ཅེས་བྱ་བ་ལ་དུས་ནི་སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཀྱི་མཐར་ཐུག་པའི་བར་ཡིན་ནོ། །དེ་ལས་བཟློག་པ་ནི་དུས་མ་ཡིན་པ་སྟེ་དེར་རོ། །ཟླ་བྱེད་ལ་ཞེས་བྱ་བ་ནི་མིད་པར་བྱེད་པའོ། །དག་པ་ནི་ལྟུང་བ་མེད་པའོ། །ཐེ་ཚོམ་གཏན་ལ་དབབ་པར་ཞེས་བྱ་བ་ནི་ཐེ་ཚོམ་བསལ་བར་རོ། །འདི་ལ་བསྡུས་པའི་དོན་ནི་གང་གི་ཚེ་དགེ་སློང་གིས་དུས་མ་ཡིན་པར་བཅའ་བར་བྱ་བ་མ་ཡིན་པ་བཟའ་བར་བྱ་བ་ཟོས་པ་དེའི་ཚེ་དེ་ལ་ལྟུང་བྱེད་ཀྱི་ལྟུང་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལ་ནི་ཁོ་བོ་ཅག་མི་མཐུན་པ་ཡང་མེད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཚུལ་འགའ་ཞིག་གིས་དེ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་པས་དེའི་ཕྱིར་ཁོ་བོའི་ཡིད་གཉིས་བཟློག་པར་གྱིས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ཐེ་ཚོམ་བཅད་པ་ནི་འདི་ཡིན་ཏེ། དེ་ནི་གླིང་གཞན་དུ་སོང་བ་དུས་མ་ཡིན་པར་ཟ་བའི་རྒྱུ་མཚན་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དུས་མ་ལགས་པར་བཅའ་བར་བགྱི་བ་དང་བཟའ་བར་བགྱི་བ་འཚལ་ལ་ལྟུང་བར་ཡང་མི་འགྱུར་པ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གླིང་གསུམ་པོ་དག་ཏུ་འཛམ་བུའི་གླིང་གི་དུས་སུ་ཟ་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལྷའི་བདུད་རྩི་ཡོངས་སུ་ལོངས་སྤྱོད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཅོམ་ལྡན་འདས་དགེ་སློང་གིས་དུས་མ་ལགས་པར་གཡར་ཟས་འཚལ་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ལྷའི་བདུད་རྩི་ཟ་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ནད་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་ནད་པ་ལ་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་གནང་བར་གཏོགས་པའི་གཞུང་ནི། བཙུན་པ་བྲོ་འཚལ་བ་ལ་ཇི་ལྟར་རིམ་གྲོ་བགྱི་ལགས། ཉེ་བ་འཁོར་རང་བཞིན་གྱིས་ཁ་ན་མཐོ་བ་མ་གཏོགས་པ་ཇི་ལྟར་ནད་པ་སོས་པར་འགྱུར་བ་


DTG167_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། བཙུན་པ་བྲོ་འཚལ་བ་ལ་ཇི་ལྟར་རིམ་གྲོ་བགྱི་ལགས། ཉེ་བ་འཁོར་སྟོན་པའི་འདུ་ཤེས་ཉེ་བར་བཞག་ལ་ཕན་པ་དང་མཐུན་པའི་སྨན་དག་གིས་རིམ་གྲོ་བྱའོ། །བཙུན་པ་བོ་འཚལ་བ་ལ་ཅི་ཞིག་སྩལ་བར་བགྱི། ཉེ་བ་འཁོར་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པ་གང་གིས་ནད་པ་སོགས་པར་འགྱུར་བ་དེ་སྦྱིན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། བཙུན་པ་བྲོ་འཚལ་བ་ལ་ཅི་ཞིག་སྩལ་བར་བགྱི། ཉེ་བ་འཁོར་བཅས་པའི་ཁ་ན་མ་ཐོ་བ་གང་གིས་ནད་པ་འཚོ་བར་འགྱུར་བ་དེ་ནད་པ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་པ་ཞེས་བྱ་བའི་ལྷག་མའོ་ཞེས་བྱ་བ་དང༌། དེ་བཞིན་དུ་གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ་ཞེས་བཤད་དོ། །དགེ་སློང་ཆོ་ག་སྔོན་འགྲོ་བ་ཞེས་བྱ་བ་ནི་ཆོ་ག་གང་གིས་བྱིན་ལེན་བྱང་བས་ཏེ་མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་སུ་གནས་པ་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་བས་གྱེན་དུ་འདེགས་ནུས་པ་རྫོགས་པར་མ་བསྙེན་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་པས་བྱིན་པ་མནོས་པ་ནི་བྱིན་ལེན་ནོ་ཞེས་བྱ་བའི་ཆོ་ག་དེ་བསྒྲུབ་པ་སྟེ། ཆོ་ག་ཡང་དག་པར་སྤྱོད་པས་ཡིན་གྱི། གྱི་ན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིན་ལེན་བྱས་ནས་ཞེས་བྱ་བ་ནི་མཚམས་ཀྱི་ནང་དུ་རུང་བ་བྱེད་པ་ལ་སོགས་པ་འཐོབ་ཏུ་རུང་བར་གནས་པ་ལས་མངོན་སུམ་དུ་བླངས་ནས་སོ། །ཅི་ཞིག་ཅེ་ན། བཅའ་བར་བྱ་བ་ལ་སོགས་པ་ཞེས་བྱ་བར་སྦྱར་རོ། །ལྟུང་དང་བཅས་ཞེས་བྱ་བ་ནི་ཉེས་པ་དང་བཅས་པའོ། །འདི་ལ་དོན་ནི་དགེ་སློང་གང་ཞིག་ཇི་སྐད་བཤད་པའི་ཆོ་ག་བརྗོད་ཅིང་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དེ་ལ་བྱིན་ལེན་བྱས་ཏེ་ཟ་བ་དེ་ལ་ལྟུང་བ་མེད་པ་ཁོ་ནའོ་ཞེས་བྱ་བ་དེ་ནི་ཤེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ལྟུང་བ་དང་བཅས་པ་ཉིད་དུ་གསུངས་པ་དེ་གལ་ཏེ་ཁྱོད་ལ་འདིར་འདུལ་བ་ལ་གསལ་བར་ཤེས་པའི་ནུས་པ་ཞིག་ཡོད་པ་དེ་ལྟ་ན་ཁོ་བོ་ལ་ལན་ཐོབ་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་


DTG167_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ནི་འདི་ཡིན་ཏེ། དེ་བཞིན་དུ་དེ་ནི་གཞན་གྱིར་འདུ་ཤེས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་བཅའ་བར་བགྱི་བ་བྱིན་ལེན་བགྱིས་པ་འཚལ་ལ་ལྟུང་བ་དང་བཅས་པར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གཞན་གྱི་འདུ་ཤེས་ཀྱིས་བྱིན་ལེན་བྱས་ནས་ཟ་ནའོ། །ཡང་ན་དེ་ནི་བྱིན་པར་རུང་བ་མ་ཡིན་པ་གསོག་འཇོག་བྱས་པ་དུས་མ་ཡིན་པར་ཟ་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་འཚལ་མ་ལན་ཅིག་འཚལ་ལ་ལྟུང་བ་ལན་ཅིག་བཞི་འབྱུང་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། བྱིན་ལེན་མ་བྱས་པ་རུང་བ་མ་ཡིན་པ་གསོག་འཇོག་བྱས་པ་དུས་མ་ཡིན་པར་ཟ་ནའོ། །དགེ་སློང་གིས་དགེ་སློང་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་སེམས་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱིས་སོ། །གསལ་བར་ལན་ཐོབ་ཤིག་ཅེས་བྱ་བ་ནི་ངེས་བར་སྨྲོས་ཤིག་པའོ། །འདི་ལ་དོན་ནི་གང་གི་ཚེ་དགེ་སློང་གིས་ཁྲོས་ནས་དགེ་སློང་ལ་རྡེག་པ་དེའི་ཚེ་དེ་ལ་ཐེ་ཚོམ་མེད་པར་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ཤེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཉེས་བྱས་སུ་གསུངས་སོ་ཞེས་བྱ་བ་དེ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་འདྲེན་ཐོར་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་སློང་ལ་བརྒྱབ་པ་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདྲེན་ཐོར་གྱི་བསམ་པའམ། གསད་པའི་བསམ་པས་རྡེག་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་གཞན་གྱི་དོན་དུ་རྡེག་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་གཞན་གྱི་སླད་དུ་དགེ་སློང་ལ་བརྒྱབ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་གཞན་རྡེག་ཏུ་འཇུག་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་ལ་གཞན་གྱིས་རྡེག་ཏུ་སྩོལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་


DTG167_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །ཡང་ན་དགེ་སློང་སྨྱོན་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་ལ་བརྒྱབ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དང་གླེན་པ་དང་འོན་པ་དང་གཉིད་ཀྱིས་ལོག་པ་དང་མྱོས་པ་དང་སྙོམས་པར་ཞུགས་པ་དང་འགྲོ་བ་གཞན་དུ་གནས་པ་ལ་བརྒྱབ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་མེ་ལ་རེག་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པས་མེ་ལ་རེག་པ་ཅིའི་ཕྱིར་ཉེས་བྱས་ཀྱི་ལྟུང་བར་གསུངས་པ་ངེས་པར་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། དེ་ལ་མེ་ལ་རེག་པ་བྱེད་པ་ཞེས་བྱ་བ་ནི་མེ་ལེན་པར་བྱེད་པའོ། །རེག་པར་བྱེད་པ་ཞེས་སྨོས་པ་ནི་རེག་པ་ཡང་བསྡུ་སྟེ། ཡང་དགེ་སློང་གང་མི་ན་བར་འདོད་ནས་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ཞེས་འབྱུང་བའི་ཕྱིར་རོ། །ཀུན་མཁྱེན་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་བླང་བར་བྱ་བ་དང༌། དོར་བར་བྱ་བའི་མཚན་ཉིད་ཐབས་དང་བཅས་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་ཡོངས་སུ་མཁྱེན་པའི་ཕྱིར་རོ། །ཐུགས་རྗེ་དང་ལྡན་པའི་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སོ། །འདི་ལ་དོན་ནི་གང་གི་ཚེ་དགེ་སློང་གིས་མེ་ལ་རེག་གམ་རེག་ཏུ་འཇུག་པ་དེའི་ཚེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ངེས་པ་ཉིད་ཡིན་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ཉེས་བྱས་སུ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་ལན་ནི་འདི་ཡིན་ཏེ། དེ་ནི་གཞན་གྱི་དོན་དུ་རེག་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་གཞན་དུ་ཞུགས་པ་ལ་རེག་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་མདོ་ལས་ཀྱང༌། འདི་སྐད་དུ་ཡང་དགེ་སློང་གང་མིན་བར་བདེ་བར་འདོད་ནས་བདག་གི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་འབྱུང་སྟེ་བདག་ཅིས་སྨོས་པའི་ཕྱིར་གཞན་གྱི་ཆེད་དུ་ནི་ཉེས་


DTG167_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སུའོ་ཞེས་བྱ་བར་མངོན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ། །ཞེས་བཤད་དོ། །ཡང་ན་ཕོ་ཉ་ལ་རེག་ཏུ་འཇུག་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཕོ་ཉ་ལ་ཞུགས་ལ་རེག་ཏུ་སྩོལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཡི་གེ་དང་ལག་བརྡ་དང་གཞན་ལ་སྙད་འདོགས་པ་དང༌། བརྒྱུད་པས་རེག་ཏུ་སྩོལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ཏེ། འདི་ལ་མདོ་བྱེད་པས་བཤད་པ་ཡང་སྔ་མ་བཞིན་ནོ། །དགེ་སློང་ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ནུབ་གཉིས་ལས་ལྷག་པར་བསྙེན་པར་རྫོགས་པ་དང་བྲལ་བ་དང་ཉལ་བར་བྱེད་པ་ཇི་ལྟར་ཉེས་བྱས་ཀྱི་ལྟུང་བ་བྱེད་པར་གསུངས་ཞེས་བྱ་བར་སྦྱར་རོ། །ཅི་བསྙེན་པར་མ་རྫོགས་པ་དང༌། ལྷན་ཅིག་རྟག་ཏུ་ཁྱིམ་ན་ཉལ་བ་ལ་ལྟུང་བ་རྣམ་པར་གཞག་གམ་ཞེ་ན། ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་སྨོས་ཏེ། ནུབ་གཉིས་ཀྱི་འོག་ཏུ་ཞེས་བྱ་བའི་ཐ་ཚིག་གོ །སུ་དང་ལྷན་ཅིག་ཅེ་ན། བསྙེན་པར་རྫོགས་པ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པ་དང་བྲལ་བ་བསྙེན་པར་མ་རྫོགས་པ་དང་དགེ་སྦྱོང་ལ་སོགས་པ་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་རྫོགས་པ་ནི་བཀྲ་ཤིས་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་སྡུག་བསྔལ་ཐམས་ཅད་མེད་པའི་ཕྱིར་དང༌། གཅིག་ཏུ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་རྫོགས་པ་ཞེས་བྱ་བའི་སྒྲར་བརྗོད་དེ། དྲི་མ་ཐམས་ཅད་བཅོམ་ནས་ནི། །མྱ་ངན་ལས་འདས་རྫོགས་པ་ཐོབ། །སྡུག་བསྔལ་ཐ་མར་བྱེད་པ་སྟེ། །ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དགེ་སློང་ཉིད་རྫོགས་པ་དང་ཉེ་བར་བསྙེན་པའི་ངོ་བོར་འདུག་པའི་ཕྱིར་བསྙེན་པར་རྫོགས་པར་བརྗོད་པར་བྱ་བར་ཤེས་པར་བྱ་སྟེ། ངའི་དགེ་སློང་ཚུལ་ཁྲིམས་དྲི་མ་མེད་པ་དེ་ལ་མཐོ་རིས་ནི་རས་ཡུག་གིས་ཆོད་པ་ཙམ་ལ་ཐར་པ་ནི་ཡོལ་བས་ཆོད་པ་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དང་བྲལ་བ་སྟེ་བསྙེན་པར་རྫོགས་པ་མེད་པ་དང་ཞེས་བྱ་བའི་ཐ་ཚིག་གོ །ཉལ་བ་ནི་ཉལ་ཏེ་གཉིད་ཀྱིས་ལོག་པའི་མཚན་ཉིད་དེ། ཉལ་ན་


DTG167_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གཉིད་ཀྱིས་ལོག་ནའོ་ཞེས་འབྱུང་བའི་ཕྱིར་རོ། །བྱེད་པ་ཞེས་བྱ་བ་ནི་ལྷག་པར་སྤྱོད་པའོ། །ཉེས་བྱས་ལྟུང་བ་བྱེད་པར་ཞེས་བྱ་བ་ནི་ཉེས་བྱས་ཀྱི་ལྟུང་བ་དང་ལྡན་པར་རོ། །འདི་ལ་བསྡུས་པའི་དོན་ནི་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དགེ་སྦྱོང་ལ་སོགས་པ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ནུབ་གཉིས་ཉལ་ནས་ནུབ་གསུམ་པ་ལ་དེ་ཉིད་དང་ལྷན་ཅིག་ཉལ་ན་དེའི་ཕྱིར་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ཤིན་ཏུ་གྲགས་ན། འོན་ཀྱང་དགེ་སློང་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་ན་དེ་ལ་ལྟུང་བྱེད་དུ་འགྱུར་བར་མ་གསུངས་ཀྱི་ཉེས་བྱས་སོ་ཞེས་བྱ་བ་དེ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་གནས་མ་བསྐོར་བའམ་མ་གཡོགས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་སྡུམ་པར་ནུབ་གཉིས་ལྷག་པར་མཆིས་ཉལ་བར་བགྱིད་ལ་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་གནས་དེ་ཀུན་ནས་གཡོགས་ལ་མ་བསྐོར་བའམ། ཕྱེད་བསྐོར་བ་ཡིན་པའམ། ཀུན་ནས་བསྐོར་ལ་མ་གཡོགས་པའམ། ཕྱེད་གཡོགས་པ་ཡིན་ལ་གནས་དེ་ལྟ་བུར་ཉལ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་འདི་ལ་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ་ཞེས་བཤད་དོ། །ཡང་ན་རིའི་ཕུག་ལ་སོགས་པར་ཉལ་བར་བྱེད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་དེ་བཞིན་དུ་འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་རི་ཕུག་གམ་ཤིང་གི་བུ་ག་དག་གམ་རྩིག་པའི་བུ་ག་དག་ཏུ་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་སུ་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཤིང་དྲུང་དུ་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་པས་ལྷག་པར་གནས་སུ་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་འདི་ལ་ཤིང་ལྗོན་པའི་དྲུང་དང༌། རྩིག་པའི་བར་དང༌། ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་བཤད་དོ། །ཡང་ན་སྨྱོན་པ་དང་ལྷན་ཅིག་ཏུ་ཉལ་བར་བྱེད་པ་ལ་དགོངས་ནས་


DTG167_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་སྨྱོན་པ་དང་ལྷན་ཅིག་ནུབ་གཉིས་སྡུམ་པར་མཆིས་ཉལ་ལ་ནུབ་གསུམ་པ་ལ་རང་བཞིན་དུ་གནས་པ་དང་ལྷན་ཅིག་མཆིས་ཉལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ནུབ་གཉིས་མཆིས་ཉལ་ལ་ནུབ་གསུམ་པ་ལ་སྨྱོན་པ་དང་ལྷན་ཅིག་མཆིས་ཉལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དང་གླེན་པ་དང་འོན་པ་དང་འགྲོ་བ་གཞན་ན་གནས་པ་དང་ལྷན་ཅིག་མཆིས་ཉལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་སྔར་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དྲི་བ་དང་ལན་འདི་དག་ནི་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་རུང་བས་དེ་ལ་ཡང་ནུབ་གཉིས་ལས་ལྷག་པར་ལྷན་ཅིག་གནས་ན་ཉལ་བ་མ་གཏོགས་པར་ཅི་རིགས་པར་བརྟག་པར་བྱ་སྟེ། དེ་ལ་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་བུད་མེད་དང་ལྷན་ཅིག་རིའི་ཕུག་དག་གམ་ཤིང་དྲུང་ངམ་ཚང་ཚིང་གི་ནང་ངམ་ཤིང་གི་པུ་ག་དག་ཏུ་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་བུད་མེད་དང་ལྷན་ཅིག་ཀུན་ནས་གཡོགས་པ་ལ་མ་བསྐོར་བར་རམ། ཕྱེད་བསྐོར་བར་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་བུད་མེད་དང་ལྷན་ཅིག་ཀུན་ནས་བསྐོར་ལ་མ་གཡོགས་པའམ་ཕྱེད་གཡོགས་པར་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བུད་མེད་དང་ལྷན་ཅིག་སྡུམ་པ་ན་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་བུད་མེད་དང་ལྷན་ཅིག་སྟེང་གི་ནམ་མཁའ་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །བཙུན་པ་རེ་ཞིག་དགེ་སློང་སྨྱོན་པ་དང་ལྷན་ཅིག་སྡུམ་ན་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དང་འགྲོ་བ་གཞན་དུ་གནས་པ་དང་ལྷན་ཅིག་སྡུམ་པ་ན་མཆིས་ཉལ་བར་བགྱིད་ན་ཅིར་འགྱུར་ལགས།


DTG167_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་འདི་ལ་རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བཤད་དོ། །སྡོམ་བརྩོན་ཚོན་རྩི་སྣ་གསུམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཚོན་རྩི་སྣ་གསུམ་ནི་རམས་དང༌། བཙག་དང༌། བསྐ་བ་ཞེས་བྱ་བ་དག་གོ །གོས་ནི་གོས་སོ། །གྱོན་པ་ནི་བགོས་པའོ། །བཅོལ་བ་ནི་གསོལ་བ་གདབ་པ་སྔོན་དུ་འགྲོ་བའི་དོན་དུ་གཉེར་བའོ། །འདི་ལ་དྲི་བའི་དོན་ནི་དགེ་སློང་གིས་གང་གི་ཚེ་གོས་ལྷག་ཅིག་རྙེད་ནས་ཚོན་རྩི་གསུམ་པོ་རམས་དང༌། བཙག་དང༌། བསྐ་བ་ཞེས་བྱ་བས་ཁ་དོག་བསྒྱུར་བ་མ་བྱས་པ་གྱོན་ན་དེའི་ཚེ་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་བསྟན་པ་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་ལ་གྲགས་པ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་འདི་ལ་རྒྱུ་ཅི་ཞིག་ཡོད་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། རང་བཞིན་གྱི་ཚོན་གྱིས་ཁ་བསྒྱུར་བའི་གོས་གྱོན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཆོས་གོས་ཁ་དོག་ངན་པར་བགྱི་བ་གསུམ་པོ་དག་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བགྱིས་པར་འཚལ་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གིས་རང་བཞིན་གྱི་ཚོན་ཅན་གྱི་གོས་གྱོན་པའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཚད་དུ་མཆོག་པའམ་ལྷག་པ་ལ་བརྟེན་ནས་དངོས་གཞི་མེད་པ་ལ་དགོངས་ནས་ལྟུང་བ་མེད་པར་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་རད་པ་ཁྲུ་གང་དུ་མ་འཚལ་བའམ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག་ཁ་དོག་ངན་པར་བགྱི་བ་གསུམ་པོ་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བགྱིས་པར་འཚལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་གོས་རྙིང་པའི་དབང་དུ་མཛད་པ་ཡིན་ཏེ། འདི་ལ་ལན་ནི། གོས་སར་པ་རྙེད་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སར་པ་སྨོས་པ་ནི་རྙིང་པ་ཁ་དོག་མ་བསྒྱུར་བ་གྱོན་ན་ཞེས་ཤུགས་ཀྱིས་ཉེས་བྱས་སུ་ཤེས་


DTG167_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །འདིར་དེ་ལྟར་ཡིན་པར་རྣམ་པར་འབྱེད་པ་ལས། སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ་སར་པའི་སྒེ་ནས་སར་པ་དང༌། རྙེད་པའི་སྒོ་ནས་སར་པའོ། །དོན་འདི་ལ་ནི་སར་པའི་སྒོ་ནས་སར་པ་ཡིན་པར་དགོངས་ནས་ཞེས་བཤད་དོ། །ཡང་ན་དེ་ནི་ལས་དང་པོ་པ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་ཚོན་རྩི་རྣམ་གསུམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ལེགས་ཕར་ཁ་བསྒྱུར་ཅེས་བྱ་བ་ནི་ཏེ་པོར་ཁ་བསྒྱུར་བའོ། །གྱོན་པ་ནི་བགོས་པའོ། །མཆོག་ནི་ཕུལ་དུ་ཕྱིན་པའོ། །ཆོད་ཅིག་ཅེས་བྱ་བ་ནི་སོལ་ཅིག་པ་སྟེ། འདི་ལ་ཁོ་བོ་ལ་ཏེ་པོར་ཐེ་ཚོམ་ཡོད་ཀྱི་དེ་སོལ་ཅིག་ཅེས་བྱ་བའི་དོན་ཏོ། །འདི་ལ་གཞན་གྱི་བསམ་པ་ནི་དགེ་སློང་གིས་གང་གི་ཚེ་ཚོན་རྩི་སྣ་གསུམ་གྱིས་ཁ་བསྒྱུར་བའི་གོས་བགོས་པ་དེའི་ཚེ་དེ་ལ་ལྟུང་བ་མེད་པར་འགྱུར་བ་གསལ་བ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་གིས་ལྟུང་བ་ཁོ་ནར་གསུངས་སོ་ཞེས་བྱ་བ་འདི་ལ་རྒྱུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ཚོན་རུང་བ་མ་ཡིན་པས་ཁ་བསྒྱུར་བའི་གོས་གྱོན་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་སར་པ་ཁ་དོག་ངན་པར་བགྱི་བ་གསུམ་པོ་དག་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་བགྱིས་ཏེ་འཚལ་ལ་ལྟུང་བ་དང་བཅས་པ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཚོན་ཆེན་པོས་ཁ་དོག་བསྒྱུར་ནའོ། །དེ་ལ་འདི་དག་ཚོན་ཆེན་པོ་ཡིན་ཏེ། ལི་ཁྲི་དང་ཐིང་ཤིང་དང་རྒྱ་སྐྱེགས་དང་མཚལ་དང་གུར་གུམ་དང༌། བཙོད་དང་རྨ་ཤིང་དང་ལེ་བརྒན་རྩིའོ། །ཚོན་དེ་ལྟ་བུ་དག་གིས་ཁ་བསྒྱུར་བ་འཚལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །མདོ་བྱེད་པས་ཀྱང༌། འདི་ལ་ཁ་དོག་ཚན་བོར་བསྒྱུར་བའི་གོས་བསྟེན་པར་མི་བྱའོ་ཞེས་བཤད་དོ། །ཡང་ན་གོས་ཐམས་ཅད་སྔོན་པོ་དང་སེར་པོ་དང༌། དམར་བོ་གྱོན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་རང་པ་ཁ་དོག་ངན་པར་བགྱི་བ་གསུམ་པོ་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བགྱིས་པར་འཚལ་ལ་ལྟུང་བ་དང་བཅས་


DTG167_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གིས་གོས་ཐམས་ཅད་སྔོན་པོའམ་དམར་པོ་བགོས་ནའོ། །མདོ་བྱེད་པས་ཀྱང་འདིར་ཐམས་ཅད་སྔོན་པོ་བགོས་ན་ཉེས་བྱས་སུ་བཤད་དོ། །ཡང་ན་རུང་བ་མ་ཡིན་པ་ཁ་དོག་མ་བསྒྱུར་བ་གྱོན་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་སར་པ་སར་པ་ལ་ཁ་དོག་ངན་པ་བགྱི་བ་གསུམ་པོ་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བགྱིས་པར་འཚལ་ལ་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གོས་རུང་བ་མ་ཡིན་པ་གྱོན་ནའོ། །དེ་ལ་རུང་བ་མ་ཡིན་པ་ནི་འདི་དག་ཡིན་ཏེ། རྔ་བལ་དང་གནག་གི་སྤུ་དང་རི་དགས་ཀྱི་བལ་དང་བསྲེས་པ་དང་ཐགས་སུ་མ་བཏགས་པའི་གོས་གྱོན་ན་ཅིར་འགྱུར་ཞེ་ན། ཉེས་བྱས་སུ་འགྱུར་བའོ། །མདོ་བྱེད་པས་ཀྱང་འདི་ལ་རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཞེས་བཤད་དོ། །ཡང་ན་སྔར་ལྟུང་བ་བྱུང་བ་ལ་སོགས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་རིན་ཆེན་ལ་རེག་ན། །ཞེས་བྱ་བ་ལ་སོགས་པ་ནི་ཀྱེ་མཛའ་བོ་སྡོམ་བརྩོན་ཅན་གྱིས་རིན་པོ་ཆེ་ལ་རེག་ན་ཇི་ལྟར་དགེ་འདུན་གྱི་ལྷག་མ་དང་སྦོམ་པོར་གསུངས་པ་མྱུར་དུ་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། རིན་ཆེན་ལ་རེག་ན་ཞེས་བྱ་བ་ལ་རིན་པོ་ཆེ་ནི་ནོར་བུ་དང་མུ་ཏིག་དང་བཻ་ཌཱུཪྻ་དང་ཤང་ཀ་ཤི་ལ་དང་བྱི་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང་གཡས་དུས་འཁྱིལ་བ་ལ་སོགས་པ་བདེ་བ་སྒྲུབ་པའི་ཕྱིར་རོ། །དེ་ལ་རེག་པ་ནི་རེག་པར་བྱེད་པ་སྟེ་རེག་པ་ཡོད་ནའོ། །སྦོམ་ཞེས་བྱ་བ་ནི་ཉེས་པ་སྦོམ་པོའོ། །འདི་ལ་ལྟུང་བ་སྦོམ་ཞིང་ལྕི་བ་ཡོད་པ་སྟེ་དགེ་སློང་མང་པོ་ཚོགས་པ་ལ་བཤགས་པས་ལྡང་བའི་ཕྱིར་རོ། །མཛའ་བོ་ཞེས་བྱ་བ་ནི་མཛའ་བོ་ཞེས་བརྗོད་པས་འབོད་པ་ཡིན་ནོ། །བརྟན་པོ་ཞེས་བྱ་བ་ནི་བརྟན་པའོ། །དེ་ལ་དོན་ནི་དགེ་སློང་གིས་རིན་པོ་ཆེ་བདག་ཉིད་ཀྱི་ཡིན་ལ་ངེ་རུང་བམ་བྱས་པ་ལ་རེག་ན་སྤང་བའི་ལྟུང་བར་འགྱུར་རོ། །འོན་ཏེ་གཞན་གྱི་ཡིན་ན་དེའི་ཚེ་དེ་ལ་རེག་པ་ལ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ་ཞེས་བྱ་བ་དེ་ནི་ཁྱོད་དང་ཁོ་བོས་ཀྱང་ཤེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་ལ་


DTG167_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ན་དགེ་འདུན་གྱི་ལྷག་མ་དང་ཉེས་པ་སྤོམ་པོར་གསུངས་པ་དེ་ལ་རྒྱུ་ཅི་ཞིག་ཡོད་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། བུད་མེད་རིན་པོ་ཆེ་དང༌། ཁྱིམ་བདག་དང༌། བློན་པོ་དང༌། གླང་པོ་ཆེ་དང༌། རྟ་རིན་པོ་ཆེ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་རང་གི་སུག་པས་རིན་པོ་ཆེ་ལ་བཟུང་ན་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། བུད་མེད་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་ལྔ་ལ་བཟུང་ནས་གཞི་ཇི་ལྟ་བ་བཞིན་འགྱུར་རོ། །འོན་ཏེ་ནོར་བུ་རིན་པོ་ཆེའམ་འཁོར་ལོ་རིན་པོ་ཆེ་ལ་བཟུང་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལ་གཞི་ནི་ཇི་ལྟ་བ་བཞིན་གྱི་དོན་ནི་འདི་ཡིན་ཏེ། ཀུན་དུ་ཆགས་པའི་སེམས་ཀྱིས་བུད་མེད་རིན་པོ་ཆེ་ལ་རེག་ན་དགེ་འདུན་གྱི་ལྷག་མའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ། །ཁྱིམ་བདག་དང་བློན་པོ་རིན་པོ་ཆེ་དག་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ཀྱིས་རེག་ན་སྦོམ་པོའོ། །གལ་ཏེ་མ་ཡིན་ན་ལྟུང་བ་མེད་དོ། །གླང་པོ་ཆེ་དང་རྟ་རིན་པོ་ཆེ་དག་ལ་ཀུན་དུ་ཆགས་པའི་སེམས་ཀྱིས་རེག་ན་ཉེས་བྱས་སོ། །གལ་ཏེ་མ་ཡིན་ན་ལྟུང་བ་མེད་དོ། །རིན་པོ་ཆེ་དང་དེར་སྨོས་པ་ཞེས་བྱ་བ་ལ་སོགས་པ་ལ། རིན་པོ་ཆེ་ནི་འདི་སྐད་བཤད་པའི་ངོ་བོའོ། །དེར་སྨོས་པ་ནི་རིན་པོ་ཆེར་སྨོས་པ་སྟེ། རོལ་མོའི་འཚོག་ཆད་པ་ཝང་དང་འོད་མ་དང་བ་ལ་རི་དང་མ་ཧཱ་ཏི་དང་སུ་གྷོ་ཤ་ལ་སོགས་པ་རྩེད་མོ་བྱ་བའི་ཆ་བྱད་དང༌། གཡུལ་ངོའི་ཆ་བྱད་རལ་གྲི་དང་རལ་གྲི་ཀྱོག་པོ་དང་རལ་གྲི་སོ་གཅིག་པ་དང་མདུང་ཐུང་དང་འཕང་མདུང་དང་ལྕགས་ཀྱོ་ལ་སོགས་པ་དང་ལྕགས་མདའ་དང་མདའ་ཕྱེད་ལྕགས་ལ་སོགས་པ་མཚོན་ཆའོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང་ཤང་ཀ་ཤི་ལ་དང་བྱེ་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྦུག་དང་དམར་པོ་དང་གཡས་སུ་འཁྱིལ་པ་ལ་སོགས་པའི་རིན་པོ་ཆེའོ། །རེག་གམ་རེག་ཏུ་བཅུག་ན་བྱེད་པ་བོ་ཉིད་ཡིན་ནོ་ཞེས་བྱ་བ་དང༌། དེར་སྨོས་པ་ཡང་དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ་ཞེས་བཤད་དོ། །དེ་དག་ཀྱང་རིན་པོ་ཆེ་བཞིན་དུ་བདེ་བ་བསྒྲུབ་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེར་སྨོས་པ་ཞེས་བྱའོ། །ཁོ་བོ་ཞེས་བྱ་བ་ནི་


DTG167_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིའོ། །ཐེ་ཚོམ་བསལ་བ་ཞེས་བྱ་བ་ནི་ཐེ་ཚོམ་བཅད་པས་སོ། །རངས་པར་ཞེས་བྱ་བ་ནི་མགུ་བར་རོ། །འདི་ལ་གཞན་གྱི་བསམ་པ་ནི་དགེ་སློང་གིས་རིན་པོ་ཆེ་དང་རིན་པོ་ཆེར་སྨོས་པ་དག་ལ་རེག་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ཙམ་ཞིག་ནི་ཤེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཉེས་བྱས་སུ་གསུངས་སོ་ཞེས་བྱ་བ་འདིར་ཁྱོད་ཀྱིས་ཁོ་བོའི་ཐེ་ཚོམ་ཡུན་རིང་པོ་ནས་བསྡོགས་པ་བསལ་བས་ཡིད་བདེ་བར་གྱིས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་ལྷའི་རིན་པོ་ཆེ་དང་རིན་པོ་ཆེར་སྨོས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་ལ་བཟུང་བ་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ལྷའི་རིན་པོ་ཆེར་སྨོས་པ་ལ་བཟུང་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་སྤྲུལ་པ་ལ་རེག་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་སྤྲུལ་པ་ལ་བཟུང་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་ཉམས་པ་ལ་རེག་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་ཉམས་པ་ལ་རེག་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དགེ་སློང་རིན་ཆེན་ལ་རེག་པ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་རིན་པོ་ཆེ་ལ་རེག་པ་ཇི་ལྟ་བུར་ཐུབ་པས་ལྟུང་བ་མེད་པར་གསུངས་ཞེས་བྱ་བ་ཡང་གསལ་པོར་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། ལྟུང་བ་མེད་ཅེས་བྱ་བ་ནི་ཉེས་པ་མེད་པའོ་ཞེས་བྱ་བ་དེ་སྐད་དུ་གསུངས་པ་སྟེ་རེག་ན་ཡང་ལྟུང་པ་མེད་པ་ཁོ་ནར་གསུངས་ཞེས་བྱ་བའི་དོན་ཏོ། །དོན་གཉེར་ཞེས་བྱ་བ་ནི་བཅོལ་བའོ། །འདི་ལ་གཞན་གྱི་བསམ་པ་ནི་དགེ་སློང་གིས་རིན་པོ་ཆེ་ལ་རེག་ན་གདོན་མི་ཟ་པར་ལྟུང་བྱེད་དམ་ཉེས་བྱས་སུ་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་གིས་ལྟུང་བ་


DTG167_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གསུངས་སོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། སྦས་པ་ལེན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་རིན་པོ་ཆེ་ལ་བཟུང་ན་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། སྦས་པ་ལེན་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དེ་ནི་ལྷའི་གནས་ལ་སོགས་པར་སྣོད་དང་ཟས་དང་སྟན་དང་གདིང་བ་ལ་སོགས་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་རིན་པོ་ཆེ་ལ་བཟུང་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ལྷའི་གནས་སམ། ཀླུའི་གནས་སམ། གནོད་སྦྱིན་གྱི་གནས་སམ། རྒྱལ་པོའི་ཕོ་བྲང་ངམ། བློན་པོ་ཆེན་པོའི་གནས་དག་ཏུ་སོན་ལ་དེ་ཡང་སྟན་ནམ། སྣོད་གཞན་མེད་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་འཇིགས་པར་འགྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ནས་སམ་ཁྱེར་ནས་འགྲོ་བར་བྱའོ། །དད་པ་ཅན་ནམ་དགེ་ཚུལ་གྱིས་སོ། །མེད་ན་རང་གིས་སོ། །དེས་བརྐོ་བར་བྱའོ། །བྲལ་ན་སྦྱིན་ནོ། །བྲུ་བ་ཡང་དེ་དང་འདྲའོ་ཞེས་བཤད་དོ། །དགེ་སློང་གིས་དགེ་སློང་ལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱིས་བསམ་པ་ནི་གང་གི་ཚེ་དགེ་སློང་གིས་ག་ག་ཚིལ་བྱ་བའི་བསམ་པས་དགེ་སློང་ལ་ག་ག་ཚིལ་བྱེད་པ་དེའི་ཚེ་དེའི་དུས་ན་ལྟུང་བྱེད་དུ་འགྱུར་རོ་ཞེ་བྱ་བ་དེ་ནི་ཤེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་ཏུ་དེ་ལ་ཉེས་བྱས་བྱེད་པར་གསུངས་སོ་ཞེས་བྱ་བ་དེ་དོན་འདི་ལ་ཁོ་བོ་ཁྱོད་ལ་གསོལ་བ་འདེབས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་སྨྲས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལུས་ཀྱི་དབང་པོ་ཉམས་པས་ག་ག་ཚིལ་བྱེད་པའི་རྒྱུ་མཚན་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་ལུས་ཀྱི་དབང་པོ་ཉམས་པས་ལུས་ཀྱི་དབང་པོ་མ་ཉམས་པ་ལ་ག་ག་ཚིལ་བྱ་བ་བགྱིས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །བཙུན་པ་རེ་ཞིག་དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པས་ལུས་ཀྱི་དབང་པོ་ཉམས་པ་ལ་ག་ག་


DTG167_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་བགྱིས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་ཞེས་བཤད་དོ། །ཡང་ན་བར་ཆད་དང་བཅས་པར་ག་ག་ཚིལ་བྱེད་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་རྨ་ནས་ག་ག་ཚིལ་བགྱིས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་རྨར་གཏོགས་པའི་ག་ག་ཚིལ་བྱེད་པའི་རྒྱུ་མཚན་གྱིས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་རྨ་ནས་ག་ག་ཚིལ་བགྱིས་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལུས་ཀྱི་ཕྱོགས་གཞན་གྱིས་ག་ག་ཚིལ་བྱེད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། འདིར་གཞུང་ནི། །བཙུན་པ་རེ་ཞིག་དགེ་སློང་གིས་སོ་སོར་མོས་ག་ག་ཚིལ་བགྱིད་པ་མ་ལགས་པ་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་མགོ་འམ་དཔུང་མགོ་འམ་གྲུ་མོ་འམ་བུས་མོ་འམ་རྟིང་པའམ་ཞུགས་ཤིང་ངམ་གོར་མ་འམ་བོང་བས་ག་ག་ཚིལ་བགྱིད་ན་ཅིར་འགྱུར་ལགས། །ཉེས་བྱས་སུའོ། །སོ་དང་སེན་མོ་དང་སྤུ་དག་གིས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། ཡང་ན་སྔོ་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་དེ་སླད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །ལོ་ནི་ཉི་ཤུར་མ་ལོན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉི་སུར་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ཇི་ལྟར་ལྟུང་བ་མེད་པ་དང་དེ་དོན་དུ་གཉེར་བ་ལ་ཡང་འཆགས་པར་གསུངས་ཞེས་བྱ་བར་སྦྱར་ཏེ། ཅི་ཞིག་མ་ལོན་ཞེ་ན། ལོ་ནི་ཞེས་བྱ་བ་སྨོས་སོ། །ལོ་གྲངས་ཇི་སྙེད་ཅིག་ཏུ་ཞེ་ན་ཉི་ཤུར་ཞེས་བྱ་བ་སྨོས་སོ། །ཅི་ཞིག་བྱེད་པ་ལ་ལྟུང་བ་མེད་ཅེ་ན། བསྙེན་པར་རྫོགས་པར་བྱེད་པ་ལ་ཞེས་སྨྲས་སོ། །འོ་ན་བསྙེན་པར་རྫོགས་པར་བྱ་བ་ལ་ཅིར་འགྱུར་ཞེ་ན། དེ་དོན་གཉེར་ལའང་འཆགས་ཞེས་བྱ་བ་ལ་སོགས་པར་སྨོས་ཏེ། སྡོམ་པ་སྐྱེ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་དོན་གཉེར་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་དོན་དུ་གཉེར་བ་ལ་སྟེ་བསྙེན་པར་རྫོགས་པར་འདོད་པ་ལ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། མཁན་པོ་ལ་སོགས་པ་


DTG167_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟུང་བ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྙེན་པར་རྫོགས་པར་འདོད་པ་ལ་ཡང་དོམ་པ་འཆགས་པ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། གང་གི་ཚེ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་དེའི་ཚེ་མཁན་པོ་ལ་སོགས་པ་ལ་ཡང་ལྟུང་བ་མེད་པ་ལ་བསྙེན་པར་རྫོགས་པར་འདོད་པ་ལ་ཡང་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བྱ་བ་དེ་ལྟ་བུ་ཞིག་འདིར་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་མཁན་པོ་ལ་ནི་ལྟུང་བྱེད། གཞན་དག་ལ་ནི་ཉེས་བྱས། བསྙེན་པར་རྫོགས་པ་ལ་ནི་མི་འཆགས་པར་བསྟན་ཏོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལོ་ཉི་ཤུ་མ་ལོན་པར་ཁྱིམ་སོ་བཟུང་བ་ཞིག་བསྙེན་པར་རྫོགས་པར་བྱེད་པའི་དབང་དུ་མཛད་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ལོ་ཉི་ཤུ་མ་ལགས་པ་ཞིག །དགུང་ལོ་ཉི་ཤུར་མ་ལགས་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ལ་ལྟུང་བྱེད་ཀྱི་ལྟུང་བར་ཡང་མི་འགྱུར་ལ། བསྙེན་པར་ལེགས་པར་རྫོགས་པ་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ལོ་ཉི་ཤུ་མ་ལོན་པ་ཁྱིམ་སོ་བཟུང་བ་ཞིག་བསྙེན་པར་རྫོགས་པར་བྱེད་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལོ་ཉི་ཤུ་ལོན་པར་འདུ་ཤེས་པའམ་མི་ཤེས་པའམ་མི་དྲན་པ་འམ་ཐེ་ཚོམ་ཟ་བ་དང་ལྡན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགུང་ལོ་ཉི་ཤུར་མ་ལགས་པ་ཞིག་དགུང་ལོ་ཉི་ཤུ་མ་ལགས་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཉེ་བ་འཁོར་དང་པོ་ནས་མི་མཐུན་པ་ཅན་གཉིས་མ་གཏོགས་པར་ལྷག་མ་བརྒྱད་ནི་བསྙེན་པར་རྫོགས་པ་ཞེས་བྱ་བའོ་ཞེས་བྱ་བ་ཡིན་ནོ། །མདོ་བྱེད་པས་ཀྱང་འདི་ལ་ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་བཤད་དོ། །ཡང་ན་ལས་དང་པོ་པ་ལ་སོགས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་མྱོས་འགྱུར་འདུ་ཤེས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ་མྱོས་འགྱུར་འདུས་ཤེས་ཀྱིས་ཞེས་བྱ་བ་ནི་གང་ལ་འདི་ནི་མྱོས་པ་བསྐྱེད་པ་


DTG167_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་སྙམ་པ་དེ་འདི་ལྟ་བུའི་འདུ་ཤེས་ཏེ་སེམས་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པ་སྐྱེད་པ་འཐུང་བ་ནི་མིད་པར་མིད་པའོ། །དོགས་པ་མེད་པར་ཞེས་བྱ་བ་ནི་བློ་ལ་ཐེ་ཚོམ་མེད་པར་རོ། །འདི་ལ་འདྲི་བའི་བསམ་པ་ནི་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ནི་ངེས་པ་ཉིད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ཉེས་བྱས་སུ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལྷའི་ཆང་འཐུང་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་སྐྱེམས་འཚལ་ལ་ལྟུང་བྱེད་དུ་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡང་དེ། ལྷའི་ཆང་དག་འཐུངས་ན་ཅིར་འགྱུར་ཞེ་ན། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །སྡོམ་བརྩོན་མཚན་མོ་རིན་ཆེན་དག །ཅེས་བྱ་བ་ལ་སོགས་པ་ནི་སྡོམ་བརྩོན་ཅན་གྱིས་མཚན་མོ་རིན་པོ་ཆེ་དག་འདུག་བཞིན་དུ་རྒྱལ་པོའི་བཙུན་མོའི་གནས་ན་ཡོད་པའི་གཏན་པའི་རྟེན་ལ་གཏུགས་ན་ཇི་ལྟར་ལྟུང་བ་མེད་ཅེས་བྱ་བར་སྦྱར་རོ། །དེ་ལ་མཚན་མོ་ཞེས་སྨོས་པ་ནི་ཉིན་པར་བཀག་སྟེ་དེ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །རིན་ཆེན་ནི་མར་མེ་དང་བསྲུང་བ་ལ་སོགས་པའི་ཆེད་ཀྱི་ནོར་བུ་ལ་སོགས་པའོ། །རིན་ཆེན་ཞེས་སྨོས་པས་ནི་སྐབས་ཀྱིས་ན་རིན་པོ་ཆེར་སྨོས་པར་ལ་གྲི་དང་པི་ཝང་དང་འོད་མ་ལ་སོགས་པས་བསྲུང་བ་དང་རྩེད་མོའི་ཆ་བྱད་རྣམས་ཀྱང་བསྡུས་སོ། །འདུག་བཞིན་དུ་ཞེས་བྱ་བ་ནི་མ་བསྡུས་པར་ཏེ་རང་གི་གནས་ནས་མ་བཏོན་པར་རོ། །འདིས་ནི་བཅུན་མོའི་གནས་རྣལ་མར་མི་འདུག་ན་དེའི་ཉེན་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་འཇུག་པ་ཤིན་ཏུ་འོས་པ་མ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །གཏན་རྟེན་ནི་རྒྱལ་པོའི་བཙུན་མོའི་གནས་ཀྱི་སྒོ་བཅད་པའི་ཤིང་ངོ༌། །དེ་ནི་དབང་པོས་ལྷ་མ་ཡིན་རྣམས་འཇུག་ཏུ་མི་སྟེར་བ་བཞིན་དུ་ཕུར་པས་འདེབས་པར་བྱེད་པ་འགོག་པར་བྱེད་པའི་ཕྱིར་རོ། །རོ་ལངས་མི་ལྡང་བར་བྱ་བ་ལ་ཇི་སྐད་དུ་སྒོར་གཏན་པའི་རྟེན་བཙུགས་ན་ཞེས་བྱ་


DTG167_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་ལྟ་བུའོ། །གཏན་པའི་རྟེན་དེ་གང་ན་ཡོད་པ་ཞིག་ཅེ་ན། བཙུན་མོའི་གནས་ཡོད་ལ་ཞེས་བྱ་བ་སྨོས་ཏེ། བཙུན་མོའི་གནས་ནི་རྒྱལ་པོའི་བཙུན་མོ་གནས་པའི་གནས་སོ། །དེ་ན་ཡོད་ཅིང་དེ་དང་འབྲེལ་པ་ནི་བཙུན་མོའི་གནས་ཡོད་དེ། རྒྱལ་པོའི་བཙུན་མོ་གནས་པའི་གནས་ནི་ཉེན་ཆེན་པོའི་གནས་སུ་གྱུར་པ་ཉིད་ཀྱི་ཕྱིར་ལྟུང་བྱེད་དུ་འགྱུར་ལ། དེ་ལས་གཞན་པ་དང་འབྲེལ་པའི་གཏན་པའི་རྟེན་ལ་གཏུགས་པ་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །གཏུགས་ན་ནི་ཞེས་བྱ་བ་ནི་ཞུགས་ནའོ། །འདི་ལ་ནི་དོན་ནི་གང་གི་ཚེ་དགེ་སློང་གིས་མཚན་མོ་རིན་པོ་ཆེ་དང་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོའི་བཙུན་མོའི་གནས་ཀྱི་གཏན་པའི་རྟེན་ཙམ་དུ་ཡང་ཞུགས་ན་དེའི་ཚེ་དེ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ནི་ཁོ་བོས་ཤེས་ན་འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ལས་དེ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་བཙུན་མོའི་གནས་སྟོང་པར་ཞུགས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགུང་ལ་སང་སྐྱ་རེངས་མ་ཤར་བར་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་དག་པའི་མཐའི་གཏན་པའི་རྟེན་པ་ལ་གཏུགས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གིས་བཙུན་མོའི་གནས་སྟོང་པར་ཞུགས་ན་ཞེས་བྱ་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། འདི་ལ་དག་པ་མ་འདྲེས་པ་གཞན་དག་ཐུན་མོང་མ་ཡིན་པ་རྒྱལ་པོ་དང་ཉེ་བ་ཡོད་པས་ན་དག་པའི་མཐའ་ཡིན་ནོ། །ཡང་ན་དེ་ནི་དེ་ལྟ་བུའི་རྐྱེན་གྱིས་འཇུག་པ་ལ་བརྟེན་ནས་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། རྒྱལ་པོས་བོས་སམ་བཙུན་མོའམ་རྒྱལ་བུའམ། ཁྲོམ་གྱི་རུ་འམ་གྲོང་མི་འམ་ལྗོངས་ཀྱི་མིས་བོས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ལས་དང་པོ་པ་ལ་སོགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ་སྔ་མ་བཞིན་ནོ། །གྲོང་ནས་དགེ་སློང་མ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲོང་ན་གནས་པའི་དགེ་སློང་མ་ལ་ཞེས་བྱ་བར་སྦྱར་ཏེ། དེ་ན་གནས་ཞེས་བྱ་བ་ནི་གྲོང་ན་གནས་པའོ། །དེ་སུ་ཞིག་ཅེ་ན་སྡོམ་བརྩོན་ཞེས་བྱ་བ་སྨོས་ཏེ་དགེ་སློང་ཞེས་བྱ་


DTG167_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཏོ། །ཅི་གཞན་ལེན་དུ་འཇུག་པ་ཡང་ཡིན་ནམ་ཞེ་ན། བདག་གིས་ཞེས་བྱ་བ་སྨོས་ཏེ། བདག་གཉིད་ཀྱིས་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གོ །གྲོང་ན་གནས་པས་ཅི་ཞིག་བྱས་ཤེ་ན། བླངས་ན་ཞེས་བྱ་བ་སྨོས་ཏེ། ཀུན་དུ་བླངས་ནའོ། །ཅི་ཞིག་བླངས་ཤེ་ན། ཁ་ཟས་ཞེས་བྱ་བ་སྨོས་ཏེ། བཅའ་བར་བྱ་བའི་བདག་ཉིད་ཀྱི་ཁ་ཟས་སོ། །ཉེས་མེད་ཅེས་བྱ་བ་ནི་ཉེས་པ་མེད་པར་རོ། །ཅི་ཐམས་ཅད་ཀྱི་ཐམས་ཅད་དུ་ཉེས་པ་མེད་པར་གསུངས་སམ་ཞེ་ན། སོ་སོར་བཤགས་བྱའི་ཞེས་བྱ་བ་ནི་སྨོས་ཏེ། སོ་སོར་བཤགས་དགོས་པ་ནི་སོ་སོར་བཤགས་པར་བྱ་བའོ། །དེ་སྟེ་སོ་སོར་བཤགས་པར་བྱ་བའི་ཉེས་པ་དང་མི་ལྡན་པར་གསུངས་ཀྱི་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སོ་སོར་བཤགས་པར་བྱ་བ་ནི་རབ་ཏུ་བསྒྲགས་བ་ཙམ་གྱིས་ལྟུང་བ་བཟློག་པའི་ཕྱིར་ཏེ། དེ་སྨྲ་བའི་རྣམ་པར་བརྗོད་པ་ལས་སོ་སོར་བཤགས་པ་ཉིད་དུ་བརྗོད་ཀྱི་བཤགས་པ་ནི་མ་ཡིན་ནོ། །གཞན་དག་ན་རེ་ཇི་ལྟར་བཤགས་པ་ལྟུང་བྱེད་ཀྱི་ལྟུང་བ་གཅིག་ཅིག་གི་མདུན་དུ་བཤགས་པར་བྱ་བ་ལྟར་འདི་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །འདི་ལ་འདྲི་བའི་བསམ་པ་ནི་གང་གི་ཆོ་དགེ་སློང་གྲོང་ན་གནས་པས་དགེ་སློང་མ་གྲོང་ན་གནས་པ་ཞིག་ལས་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་བླངས་ཏེ་འཆོས་སམ་ཟོས་ན་དེའི་ཙེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་ཤེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ཉེས་བྱས་ཀྱི་ལྟུང་བ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་ཞེས་བྱ་བ་ཡིན་ནོ། །འདི་ལ་ལན་འདི་ཡིན་ཏེ། ཁ་ཟས་རུང་བ་མ་ཡིན་པ་ལེན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ཤུལ་པོ་ཆེ་ན་མཆིས་པ་ལ་བསོད་སྙོམས་བླངས་ཏེ་འཚལ་ལ་སོ་སོར་བཤགས་པར་བགྱི་བའི་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཁ་ཟས་རུང་བམ་ཡིན་པ་བླངས་ནས་ཟ་བར་བྱེད་ན་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་དགེ་སློང་མ་སྨྱོན་པ་ལ་སོགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་


DTG167_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་མ་ཤུལ་པོ་ཆེ་ན་མཆིས་པ་ལ་བསོད་སྙོམས་རང་གི་སུག་པར་བླངས་ཏེ་འཚལ་ན་ཅིར་འགྱུར་ལགས། ཉེས་བྱས་སུའོ་ཞེས་བྱ་བ་ཡིན་ཏེ། སེམས་འཁྲུགས་མ་ལ་སོགས་པས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ་སྔ་མ་བཞིན་ནོ། །ཡང་ན་སྔོན་ཕམ་པ་བྱུང་བ་ལ་སོགས་པ་ལ་ཉེས་བྱས་སུ་འགྱུར་བ་ཡིན་ཏེ་སྔ་མ་བཞིན་ནོ། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་གཉིས་པའི་གཏན་ལ་དབབ་པའོ།། །།དགེ་སློང་སོ་སོར་ཐར་བའི་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་གིས་སོ་སོར་ཐར་པའི་མདོ་འདོན་པ་ལྔ་ཆར་ཡང་མ་བཏོན་པར་ཇི་ལྟར་དེས་གསོ་སྦྱོང་བྱས་པར་འགྱུར་བ་དྲིས་སྨྲོས་ཤིག་ཅེས་བྱ་བར་སྦྱར་རོ། །དེ་ལ་སོ་སོར་ཐར་པའི་མདོ་འདོན་པ་ནི་གླེང་གཞི་དང་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། མ་ངེས་པ་དང༌། རིལ་གྱིས་འདོན་པའི་མཚན་ཉིད་དག་གོ །དེ་དག་མ་བཏོན་པར་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་མ་བརྗོད་པར་རོ། །དེ་དག་གང་དག་འབྲེལ་པ་ཞེ་ན། སོ་སོར་ཐར་པའི་ཞེས་སྨོས་སོ། །སོ་སོར་ཐར་པ་ནི་དེས་དང་པོར་སྡིག་པ་ལས་ཐར་པའི་ཕྱིར་དེ་དེའི་ཡིན་ནོ། །དེ་ཡིས་ཞེས་བྱ་བ་ནི་དགེ་སློང་གིས་སོ། །གསོ་སྦྱོང་ནི་ཚུལ་ཁྲིམས་གསོ་བའི་ཕྱིར་དང་སྡིག་པ་རྣམ་པར་སྦྱོང་བའི་ཕྱིར་ཏེ། འདི་ལྟར། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང༌། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དེ་གསོ་ཕྱིར་དང་སྡིག་པ་རྣམ་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་དོན་ནི་གང་གི་ཆོ་དགེ་སློང་གིས་སོ་སོར་ཐར་པའི་མདོ་བཏོན་པ་ལྔ་པོ་དག་ལས་སོ་སོར་ཐར་པའི་མདོ་འདོན་པ་འགའ་ཙམ་བཏོན་ན་ཡང་དེའི་ཚེ་དེས་གསོ་སྦྱོང་བྱས་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་ན། འོན་ཀྱང་འགའ་ཡང་མ་བཏོན་ལ་གསོ་སྦྱོང་ཡང་བྱས་པར་འགྱུར་རོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པའི་རྒྱུ་ནི་འདི་ཡིན་ཏེ། དགག་དབྱེ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་སོ་སོར་ཐར་བའི་མདོ་འདོན་པ་ལྔ་པོ་དག་ལས་སོ་སོར་ཐར་པའི་མདོ་འདོན་པ་གང་ཡང་རུང་པ་མ་བཏོན་ལ་གསོ་སྦྱོང་ཡང་བགྱིས་པར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དགག་དབྱེའི་ཚེ་དག་དབྱེ་བྱེད་ནའོ། །དེ་བཞིན་དུ་མདོ་བྱེད་པས་


DTG167_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བཤད་དོ། །སོ་སོར་ཐར་བའི་མདོ་མི་འདོན་ཅིར་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་ཐར་བ་ཞེས་བྱ་བ་དང༌། གསོ་སྦྱོང་ཞེས་བྱ་བའི་དོན་དེ་ནི་བཤད་ཟིན་ཏོ། །དེ་མི་འདོན་ཅིང་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་མི་བརྗོད་པའོ། །དེ་བས་ན་འདི་ནི་མཐུན་པའི་གསོ་སྦྱོང་བསལ་ཏོ། །བྱིན་གྱིས་བརླབས་པ་ནི་རྒྱུད་དག་པའོ། །དེ་ལྟར་ན་འོ་ན་གཞན་ཉེ་ན་བྱིན་གྱིས་རློབ་པར་འགྱུར་རོ་ཞེ་ན། གཞན་གྱི་དྲུང་དུ་བྱིན་མི་རློབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དྲུང་དུ་ཞེས་བྱ་བ་ནི་དགེ་སློང་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པའི་མདུན་དུ་སྟེ། གསོ་སྦྱོང་བྱིན་གྱིས་མི་རློབ་པ་ཞེས་བྱ་བར་སྦྱར་རོ། །དེ་བས་ན་འདིས་ནི་གསོ་སྦྱོང་བྱིན་གྱིས་བརླབ་པ་བཀག་གོ །འདིར་ཞེས་བྱ་བ་ནི་གསོ་སྦྱོང་བྱས་པ་ཡིན་ལའོ། །འདི་ལ་ཚིག་གི་དོན་ནི་གང་གི་ཚེ་དགེ་སློང་གིས་སོ་སོར་ཐར་པའི་མདོ་འདོན་པས་ཀྱང་གསོ་སྦྱོང་མི་བྱེད་ལ། དགེ་སློང་གཞན་གྱི་དྲུང་དུ་ཡང་བྱིན་གྱིས་མི་རློབ་ན་དེའི་ཚེ་མ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་ཁོ་བོ་ལ་ངེས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེས་གསོ་སྦྱོང་བྱས་པར་འགྱུར་རོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། སེམས་བསྐྱེད་པའི་བྱིན་གྱིས་བརླབ་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ཚིག་ཏུ་ཡང་མ་སྨྲས་པ་ལ་གསོ་སྦྱོང་ཡང་བགྱིས་པར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དོ། །སེམས་ཀྱིས་ནའོ་ཞེས་བྱ་བ་ཡིན་ནོ། །འདི་ལ་གཞུང་གཞན་ཡང། བཙུན་པ་དགེ་སློང་གིས་གསོ་སྦྱོང་ལྔ་པོ་དག་ལས་གསོ་སྦྱོང་གང་ཡང་རུང་བ་ཞིག་ཉམས་སུ་མྱོང་བར་མི་བགྱིས་པ་གསོ་སྦྱོང་བགྱིས་པར་ཡང་འགྱུར་ལ། ལྟུང་བ་ཡང་མ་མཆིས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གསོ་སྦྱོང་བྱིན་གྱིས་བརླབས་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་གཞུང་གཞན་ནི། དགེ་སློང་དག་ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་པར་འགྱུར་བ་སྟེ། གསོ་སྦྱོང་དང༌། དགག་དབྱེ་དང༌། གོས་བྱིན་གྱིས་བརླབ་པ་དང༌། གོས་བསྔོ་བ་དང༌། གང་ཟག་མགྲོན་དུ་བོས་པའོ་ཞེས་བྱ་བ་ཡིན་ནོ། །


DTG167_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྙེད་པ་དགེ་སློང་ནི། །ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་ལ་འབྱུང་བ་ནི་དགེ་འདུན་གྱིའོ། །རྙེད་པ་ནི་གོས་ཀྱི་རྙེད་པ་ལ་སོགས་པའོ། །གཅིག་པུས་ཞེས་བྱ་བ་ནི་གྲོགས་མེད་པར་རོ། །བླངས་ནས་ཞེས་བྱ་བ་ནི་རང་གིར་བྱས་ནའོ། །ཉེས་མེད་ཅེས་བྱ་བ་ནི་ལྟུང་བ་མེད་པ་ཉིད་དུའོ། །གསལ་བར་ངེས་པར་སྨྲོས་ཞེས་བྱ་བར་སྦྱར་ཏེ། འདི་ལ་དོན་ནི་དགེ་འདུན་ལ་བསྔོས་པའི་རྙེད་པ་དགེ་སློང་གིས་རང་གིར་བྱས་ན་སྤང་བའི་ལྟུང་བ་འབྱུང་ངོ་ཞེས་བྱ་བ་ནི་ངེས་པ་ཁོ་ན་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལྟུང་བ་མེད་པ་ཉིད་དུ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་ངེས་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། གཅིག་པུ་གནས་པས་རྙེད་པ་རང་གིར་བྱས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གཅིག་པུས་དགེ་འདུན་གྱི་རྙེད་པ་རང་གིར་བགྱིས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གཅིག་པུ་ཞིག་གནས་ལ། དེར་ཡང་མི་དག་གིས་དགེ་འདུན་གྱི་ཆེད་དུ་གོས་ཕུལ་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་གཞུང་གཞན་ནི། བཙུན་པ་དགེ་སློང་གཅིག་པུ་གནས་ན་མཆིས་ལ་དེར་ཡང་མི་དག་གིས་དགེ་འདུན་ལ་གོས་བགོར་བཏུབ་པ་དགེ་འདུན་མངོན་དུ་གྱུར་པ་ལ་བགོ་བར་བགྱི་བ་ཞིག་ཕུལ་ན་དེས་ཇི་ལྟར་བྱིན་གྱིས་བརླབ་པར་བགྱི་ལགས། ཉེ་བ་འཁོར་དགེ་སློང་དེས་གོས་བྱུང་བ་ལས། གནས་འདི་ན་ནི་བདག་གཅིག་པུ་གནས་པ་དགེ་འདུན་གྱིས་གོས་བྱུང་བ་འདི་ནི་བགོར་བཏུབ་པ་དགེ་འདུན་མངོན་དུ་གྱུར་པ་ལས་བགོ་པར་བྱ་བ་ཡིན་པས། གོས་འདི་བདག་གི་སྐལ་བ་ཡིན་ཏེ་བཅོས་ལེགས་བྱའོ། །སྦ་བར་བྱའོ། །བདག་གིས་བྱིན་གྱིས་བརླབ་པོ། །བདག་གིས་གོས་འདི་བཅོས་ལེགས་བྱའོ། །བདག་གིར་བྱིན་གྱིས་བརླབ་པོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །འོན་ཏེ་དེ་ལྟར་མ་བྱས་ན་དགེ་སློང་དེ་གཅིག་བུས་གོས་དེ་རང་གིར་མི་བྱ་སྟེ། གལ་ཏེ་རང་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་དབང་བ་གཅིག་ཉིད་ཀྱིས་ཤིན་ཏུ་མང་པོ་ཐོབ་པ་ལ་ནི་མི་དབང་བའི་རྒྱུར་འགྱུར་བ་མེད་དོ་ཞེས་བཤད་དོ། །འགྲེལ་པ་བྱེད་པས་ཀྱང་


DTG167_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་འདི་ལྟར་དེད་དཔོན་ཞིག་གིས་དགེ་འདུན་གྱི་ཆེད་དུ་རྙེད་པ་རབ་ཏུ་མང་པོ་གཙུག་ལག་ཁང་དུ་བསྐུར་བ་དང་གཙུག་ལག་ཁང་དེ་ན་དགེ་སློང་གཅིག་པུ་ཞིག་གནས་པ་མི་རུང་ངོ་སྙམ་ནས་ལེན་པར་མི་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ནི་དེ་ན་གང་གནས་པ་དེ་དབང་ངོ་ཞེས་རྗེས་སུ་གནང་ངོ་ཞེས་བཤད་དོ། །སྡོམ་བརྩོན་ཅན་གྱིས་དགེ་འདུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། རུང་བ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། རུང་བ་ཞེས་སྨོས་པ་ནི་རུང་བ་མ་ཡིན་པ་གསེར་དང་དངུལ་ལ་སོགས་པའམ་རུང་བ་མ་ཡིན་པའི་གོས་རྔ་བལ་དང་གནག་གི་སྤུ་དང་རི་དགས་ཀྱི་བལ་ལ་སོགས་པའམ་སྤངས་པའམ་ཟས་ཀྱི་རྙེད་པ་སོག་འཇོག་བྱས་པའམ། བྱིན་ལེན་མ་བྱས་པའམ། ནང་དུ་ཞག་ལོན་པ་ལ་སོགས་པའམ། མཚམས་ཀྱི་ཕྱི་རོལ་ན་འདུག་པའམ་སྦྱིན་པར་བྱ་བ་མ་ཡིན་པ་བསལ་ཏོ་ཞེས་བྱ་བ་ནི་དེ་སྐད་དུའོ། །རྒྱུ་ཅི་ཡོད་ཅེས་བྱ་བ་ནི་འབྲེལ་པ་ཅི་ཡོད་ཅེས་བྱ་བའོ། །འབོད་དེ་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། འབོད་དེ་ཞེས་བྱ་བ་ནི་སྔ་ཕྱི་བརྟགས་ཏེའོ། །རེ་ཞིག་དགེ་སློང་གོས་ཀྱི་རྙེད་པའམ་ཟས་ཀྱི་རྙེད་པའམ་རུང་བ་རང་གིར་བྱེད་པ་ལ་ནི་ལྟུང་བ་མེད་པ་ཉིད་དུ་གནང་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ལྟུང་བ་ཁོ་ནར་གསུངས་སོ་ཞེས་བྱ་བ་ལ་རྒྱུ་ཅི་ཞིག་ཡོད་པ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་རང་གིར་བྱེད་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་རྙེད་པ་རུང་བ་རང་གིར་བགྱིས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དགེ་འདུན་ལ་བསྔོས་པ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །འདི་ལ་གཞུང་གཞན་ཡང༌། བཙུན་པ་དགེ་སློང་གིས་ཕ་མ་ལས་བླངས་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཕ་མས་གོས་དེ་དགེ་འདུན་ལ་བསྔོས་པ་ཡིན་ལ། དེ་དགེ་སློང་གིས་ཤེས་བཞིན་དུ་གང་ཟག་བདག་ཉིད་ཀྱིར་སྒྱུར་བ་བྱེད་ན་གོས་སྔོན་དུ་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ཡིན་ནོ། །མཆོད་རྟེན་ལ་ཕུལ་བ་རྙེད་པ་དག་ཅེས་བྱ་བ་ནི་མཆོད་རྟེན་ལ་ཕུལ་བའི་རྙེད་པ་མཆོད་རྟེན་དེ་ལས་དགེ་སློང་གིས་བླངས་ན་ཇི་ལྟར་ལྟུང་བ་མེད་པ་ཞེས་གསུངས་ཞེས་བྱ་བ་དེ་བཞིན་


DTG167_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡོམ་བརྩོན་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ་དེ་ལ་ཕུལ་བ་ནི་བྱིན་པའོ། །གང་ལ་ཞེ་ན་མཆོད་རྟེན་ལ་ཞེས་བྱ་བ་སྨོས་སོ། །དེ་ལ་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་ལ་སོགས་པའི་ཡོན་ཏན་གྱི་གཟུགས་བརྙན་དུ་གྱུར་པའི་ཕྱིར་དང༌། འཇིག་རྟེན་པའི་ཡོན་ཏན་དག་ལས་ཡང་དག་པར་འཕགས་པའི་ཕྱིར་མཆོད་རྟེན་ཏེ་དེ་ལའོ། །རྙེད་པ་ནི་གོས་དང་རྒྱན་ལ་སོགས་པའི་རྫས་སོ། །དེ་ལས་ཞེས་བྱ་བ་ནི་མཆོད་རྟེན་ལས་སོ་ཞེས་བྱ་བ་ནི་དེ་སྐད་དུའོ། །རྒྱལ་བ་ནི་བདུད་བཞིའི་དགྲ་ལས་ངེས་པར་རྒྱལ་བ་སྟེ། སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེ་འགྲོ་ང་རྒྱལ་བ། །ཞེས་པ་འབྱུང་བའི་ཕྱིར་ཏེ། འདི་ལ་དོན་ནི་སྤྱིར་མཆོད་རྟེན་ལ་ཕུལ་བའི་རྫས་བླངས་ན་གདོན་མི་ཟ་བར་ལྟུང་བར་འགྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཉན་ཐོས་ཀྱི་མཆོད་རྟེན་ལ་བསྔོས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། དབྱར་གྱི་ནང་རོལ་དག་ཏུ་མཆོད་རྟེན་དང་མཆོད་རྟེན་ལ་འདུ་བའི་རྙེད་པ་བགོས་ལ་ལྟུང་བར་མི་འགྱུར་ཞིང༌། རུང་བར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཉན་ཐས་ཀྱི་མཆོད་རྟེན་ལ་བསྔོས་པ་ཡིན་ལ་ཤི་བའི་ཡོ་བྱད་ཡིན་པར་བསམས་ནས་བགོས་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བ་ཉིད་ཡིན་ནོ་ཞེས་བཤད་དོ། །ཡང་ན་དྲི་བ་དང་ལན་འདི་ནི་དོན་གྱི་དབང་གིས་གཞན་དུ་ཡང་སྦྱར་བར་རུང་བས། ཉན་ཐོས་ཀྱི་ལ་བསྔོས་པའི་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ཀྱི་མཆོད་རྟེན་ལ་བསྔོས་པའི་རྫས་སྔོམ་ཅན་གྱིས་བླངས་ན་ཇི་ལྟར་ཐུབ་པས་ལྟུང་བ་དང་བཅས་པར་གསུངས་པ་སྔོམ་བརྩོན་ཅན་སྨྲོས་ཤིག་ཅེས་བྱ་བར་སྦྱར་རོ། །བསྔོས་པ་ནི་ངེས་པར་བཏང་བ་སྟེ་བྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། རྫས་ཞེས་བྱ་བ་སྨོས་ཏེ། གོས་དང་རྒྱན་ལ་སོགས་པའོ། །གང་ལ་བསྔོས་པ་ཞེ་ན་མཆོད་རྟེན་ལའོ། །མཆོད་རྟེན་ལ་སྟེ་དེའི་དོན་ནི་བཤད་


DTG167_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཏོ། །འོག་ནས་མཆོད་རྟེན་ལས་ཞེས་འཆད་པར་འགྱུར་ཏེ། དེས་ན་དོན་གྱི་དབང་གིས་རྣམ་པར་དབྱེ་བ་སྒྱུར་ལ་མཆོད་རྟེན་ལ་ཞེས་བདུན་པར་བྱའོ། །མཆོད་རྟེན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཡང་ཡོད་པས་གང་དང་འབྲེལ་པའི་མཆོད་རྟེན་ལ་ཞེ་ན། ཉན་ཐོས་ཀྱི་ལ་ཞེས་སྨོས་སོ། །ཀུན་ཤེས་པའི་འབྲས་བུ་སྒྲོགས་པས་ན་ཉན་ཐོས་དེ་དགྲ་བཅོམ་པ་ལ་སོགས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ །རྫས་གང་ལས་བླངས་ན་ཞེ་ན། མཆོད་རྟེན་ལས་ཞེས་བྱ་བ་སྨོས་སོ། །སྡོམ་བརྩོན་ཞེས་བྱ་བ་ནི་བོད་པའོ། །དེས་ན་དོན་གྱིས་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བའི་རྫས་ནི་བཅོམ་ལྡན་འདས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཁོ་ན་ལ་འོས་པ་ཉིད་ཡིན་ནོ་ཞེས་བཀའ་སྩལ་པ་ལྟུང་བ་མེད་པ་ཉིད་དུ་གསུངས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྣམ་པ་འགའ་ཞིག་དེ་ལྟུང་བ་དང་བཅས་པ་ཉིད་དུ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་དེ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། འཕགས་པ་བ་ར་དྭ་ཛ་བསོད་སྙོམས་ལེན་ལ་སོགས་པ་བཞུགས་པའི་ཉན་ཐོས་ཀྱི་མཆོད་རྟེན་གྱི་དཀོར་བླངས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། དབྱར་གྱི་ནང་དག་ཏུ་མཆོད་རྟེན་དང་མཆོད་རྟེན་ལ་འདུ་བའི་རྙེད་པ་བགོས་ན་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། ཉན་ཐོས་ཀྱི་མཆོད་རྟེན་ལ་བསྔོས་པ་ཡིན་ལ་ཤི་བའི་ཡོ་བྱད་ཡིན་པར་བསམས་ནས་བགོས་ནའོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ཕུལ་བའི་རྫས་ནི་ཤི་བའི་ཡོ་བྱད་ཡིན་པར་བསམས་ནས་བགོ་བར་བྱ་བ་ཉིད་ཡིན་གྱི། འཕགས་པ་བ་ར་དྭ་ཛ་བསོད་སྙོམས་ལེན་ལ་སོགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ན་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་འཁོར་དགྲ་བཅོམ་པ་ལྔ་བརྒྱ་ད་རུང་ཀླུའི་རྒྱལ་པོ་རུ་རུའི་གནས་ན་བཞུགས་ཞེས་བརྗོད་དོ། །སྤོ་བ་སྤྱོད་གཉིས་གནས་གཅིག་ན། །ཞེས་བྱ་བ་ལ་སོགས་པ་ནི་སྤོ་བ་སྤྱོད་པ་དང་ལྡན་པ་གཉིས་གནས་གཅིག་ན་སྟེ་གནས་པར་བྱེད་ཅིང་ཞག་ཏུ་གནས་པས་གནས་པར་བྱེད་ན་ཅིའི་ཕྱིར་ཉེས་པ་མེད་པ་དེ་ཉིད་


DTG167_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ཁོ་བོ་ལ་ཏེ་པོར་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། ཏེ་པོར་ཞེས་བྱ་བ་ནི་ཤིན་ཏུའོ། །འདི་ལ་དོན་ནི་སྤོ་བ་སྤྱོད་པ་གཉིས་གནས་གཅིག་ན་གནས་པར་བྱེད་ན། བཅོམ་ལྡན་འདས་ཀྱིས་ཉེས་བྱས་དང་ཞག་གི་བུལ་དུ་མི་ཆུད་པར་གསུངས་ན། འོན་ཀྱང་དེ་གཉིས་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་འདི་ལ་གལ་ཏེ་ཁྱོད་ལ་འདུལ་བ་ཡོངས་སུ་ཤེས་པའི་ནུས་པ་ཅི་ཞིག་ཡོད་ཅེ་ན། དེ་ནུས་པ་དང་མཐུན་པར་ཁོ་བོ་ལ་མྱུར་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་སྤོ་བའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་སྤོ་བ་པ་གཉིས་གནས་གཅིག་ན་གནས་པར་མི་བྱའོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་སྤོ་བ་པ་གཉིས་གནས་གཅིག་ན་གནས་ན་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གཞན་མུ་སྟེགས་ཅན་དག་ཅིག་སྤོ་བ་ལ་གནས་པ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། དེ་དང་མུ་སྟེགས་ཅན་གནས་པ་ལ་གནས་པ་དང་དེར་ལྷན་ཅིག་པ་ལ་ཉེས་པ་མེད་དོ་ཞེས་བཤད་དོ། །ནམ་ཡང་ལྟུང་བ་མི་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་ནམ་ཡང་ལྟུང་བ་མི་བྱེད་ན་ཅིའི་ཕྱིར་ཐུབ་པས་སྤོ་བར་འོས་པར་གསུངས་པ་སྙིང་རྗེ་དང་ལྡན་པ་ཁྱོད་གསལ་བར་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། ནམ་ཡང་ཞེས་བྱ་བ་ནི་ཚེའི་མཐས་གཏུགས་ཀྱི་བར་དུའོ། །ལྟུང་བ་ནི་དགེ་འདུན་ལྷག་མའོ། །མི་བྱེད་པ་ཞེས་བྱ་བ་ནི་དགག་པའོ། །སྤོ་བར་འོས་པ་སྤོ་བར་སྤྱད་པར་བཤད་པའོ། །བརྩེ་ལྡན་ནི་སྙིང་རྗེ་དང་ལྡན་པའོ། །འདི་ལ་དོན་ནི་ཚེའི་མཐར་ཐུག་གི་བར་དུ་དགེ་འདུན་ལྷག་མའི་ལྟུང་བ་འགའ་ཡང་མི་བྱེད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྤོ་བ་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ། གཞན་ལ་ཕན་པ་ལ་བརྩོན་པ་ཁྱོད་ཁོ་བོ་ལ་གསལ་བར་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་སྤོ་བ་བྱིན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ནམ་ཡང་ལྟུང་བ་མི་འབྱིན་ལ་དེ་ཡང་སྤོ་བ་པ་ལགས་ལ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། མུ་སྟེགས་ཅན་སྤོ་བ་པ་


DTG167_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནའོ། །ལྟུང་བ་ཡོད་པ་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ལ་ལྟུང་བ་ཡོད་པ་མ་ཡིན་པ་ལ་གལ་ཏེ་སྤོ་བ་སྦྱིན་པར་བྱེད་ན་ཅིའི་ཕྱིར་ཐུབ་པས་ལྟུང་བ་མེད་པར་གསུངས་པ་ཁོ་བོ་ལ་ངེས་པར་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། དེ་ལ་ལྟུང་བ་ཡོད་པ་མ་ཡིན་པ་ནི་དགེ་འདུན་ལྷག་མ་མི་སྤྱོད་པའོ། །སྤོ་བ་ནི་ཆད་པའི་ལས་སོ། །དེས་ན་དགེ་འདུན་གྱི་ལྷག་མ་བྱུང་བ་ལ་དགེ་འདུན་གྱིས་ཅིའི་ཕྱིར་སྤོ་བ་བྱིན། འོན་ཀྱང་དགེ་འདུན་ལ་ལྟུང་བ་འགར་ཡང་མ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་ཁོ་བོ་ལ་སྨྲོས་ཤིག །འདི་ལ་ལན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་སྤོ་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་འདུན་གྱིས་ལྟུང་བ་མ་བྱུང་བ་ཞིག་ལ་སྤོ་བ་སྩལ་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། མུ་སྟེགས་ཅན་ལའོ་ཞེས་བྱ་བ་ཡིན་ནོ། །གསར་བུས་རྒན་པོ་ལས་འདས་ན་འོ་ཞེས་བྱ་བ་ལ་སོགས་པ་ལ། འདས་ན་ཞེས་བྱ་བ་ནི་ཐོད་རྒལ་དུ་སྟེ་རྒན་རིམས་ལས་རྒལ་ན་ཞེས་བྱ་བའི་ཐ་ཚིག་གོ །སུ་ཞིག་ལས་འདས་ན་ཞེ་ན་རྒན་པོ་ལས་ཞེས་བྱ་བ་སྨོས་སོ། །སུ་ཞིག་གིས་ཤེ་ན། གསར་བུས་ཞེས་བྱ་བ་སྨོས་ཏེ། གཞོན་རབས་ཀྱིས་སོ། །གནས་མལ་ནི་གཙུག་ལག་ཁང་ལ་སོགས་པ་སྟེ་འདིར་གནས་ཤིང་འདུག་པས་སོ། །བཟློག་པར་གྱིས་ཤིག་ཅེས་བྱ་བ་ནི་གསོལ་གཅིག་པའོ། །དེས་ན་གང་གི་ཚེ་དགེ་སློང་གསར་བུས་རྒན་རིམས་བཀོལ་ནས་གནས་མལ་གཙུག་ལག་ཁང་དང་ཁྲི་དང་ཁྲིའུ་ལ་སོགས་པ་དང་པོར་ལེན་ན་དེའི་ཚེ་རྒན་རིམས་ལས་འདས་པའི་ཕྱིར་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་ངེས་པ་ཉིད་ན། ཤིང་དག་ཀྱང་རྒན་རིམས་བཞིན་དུ་བསྐོར་བར་བྱའོ་ཞེས་འབྱུང་ལ། དེ་བཞིན་དུ་ཐམས་ཅད་ལ་ཡང་རྒན་རིམས་བཞིན་དུ་ཞེས་གསུངས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྒན་རིམས་ཇི་ལྟ་བ་ལས་འདས་པ་འདི་ལ་ལྟུང་བ་མེད་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པ་བརྗོད་དགོས་སོ། །འདི་ལ་ལན་ནི་འདི་ཡིན་ཏེ། གཞིའི་སྤང་བ་ཐོབ་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གཞོན་རབས་ཀྱིས་དགེ་སློང་རྒན་རབས་བཀོལ་ཏེ་


DTG167_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་ནོད་པར་མི་བྱའོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་དགེ་སློང་གཞོན་རབས་ཀྱིས་དགེ་སློང་རྒན་རབས་བཀོལ་ཏེ་གནས་མལ་མནོས་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གང་གིས་དགེ་འདུན་ལས་གཞིའི་སྤང་བའམ་རིམ་གྲོའི་སྤང་བ་འཐབ་པའམ་འཇིགས་པ་དང་བཅས་ནས་ཕྱོགས་ནས་འབྲོས་པར་འདོད་པ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །གནས་མལ་དེ་ཉིད་སྤྱོད་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གནས་མལ་དེ་ཉིད་སྤྱོད་པ་ལ་ནི་ཅིའི་ཕྱིར་ཐུབ་པས་ཉེས་པ་མེད་པ་དང་ཉེས་པ་དང་བཅས་པར་གསུངས་པའོ། །འབོད་དེ་ཁོ་བོ་ལ་གསལ་བར་སྨྲོས་ཤིག་ཅེས་བྱ་བར་སྦྱར་ཏེ། གནས་མལ་ནི་གདིང་བ་དང་གདིང་བའི་གདིང་བ་ལ་སོགས་པའོ། །དེ་ཉིད་ཅེས་བྱ་བ་ནི་བརྗོད་པར་འདོད་པའོ། །ཉེས་པ་མེད་པ་ནི་ལྟུང་བ་མེད་པའོ། །དང་ཞེས་བྱ་བ་ནི་བསྡུ་བའོ། །ཉེས་བཅས་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པའོ། །འདི་ལ་དོན་ནི་གནས་མལ་ལ་རེས་འགའ་ཆོས་ཉམས་པར་སྤྱོད་ན་ལྟུང་བ་ཁོ་ནར་འགྱུར་ལ། འོན་ཏེ་ཆོ་ག་ལས་འབྱུང་བ་བཞིན་སྤྱད་ན་ནི་ལྟུང་བ་མེད་པ་ཁོ་ན་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཡུལ་གཅིག་ལ་ལྟུང་བ་དང་ལྟུང་བ་མེད་པར་མ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། གང་ཟག་གི་དགེ་འདུན་གྱི་གནས་མལ་སྤྱོད་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གནས་མལ་དེ་ཉིད་སྤྱོད་པ་ལ་ལྟུང་བ་དང་བཅས་ཤིང་དེ་ཉིད་སྤྱོད་པ་ལ་ལྟུང་བ་མ་མཆིས་པ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། གང་ཟག་གི་གནས་མལ་ཁ་དོག་ངན་པར་མ་བྱས་པའམ། ཁ་ཚར་རིང་པོ་སྤྱོད་ན་ལྟུང་བ་དང་བཅས་སོ། །དགེ་འདུན་གྱི་སྤྱོད་ན་ལྟུང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །དགེ་འདུན་གྱི་གནས་མལ་ལ་ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་གྱི་ཞེས་བྱ་བ་ལ་ནི་དགེ་འདུན་མང་བའོ། །གནས་མལ་ཞེས་བྱ་བ་ནི་སྤྱོད་པ་ཞེས་བྱ་བར་སྦྱར་རོ། །རང་གི་གོས་ཀྱིས་ནི་ཞེས་བྱ་བ་ནི་གང་ཟག་གི་གདིང་བ་དང་གདིང་བའི་གདིང་བས་སོ། །མ་གཡོགས་པར་ཞེས་བྱ་བ་ནི་མ་བཀབ་པར་རོ། །བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་དགེ་སློང་ལ་འབོད་པ་སྟེ། འདི་ལྟར་བརྟུལ་ཞུགས་


DTG167_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གི་སྡོམ་པ་ཡོད་པས་སོ། །ངེས་ཚིག་གི་དོན་ནི་གང་གི་ཚེ་དགེ་འདུན་གྱི་གནས་མལ་སྟན་ནང་ཚངས་ཅན་ལ་སོགས་པ་ལ་གང་ཟག་གི་གདིང་བའི་གདིང་བས་མ་གཡོགས་པར་སྤྱོད་ན་དེའི་ཚེ་དེ་ལ་ཉེས་བྱས་ཀྱི་ལྟུང་བར་འགྱུར་ན། འོན་ཀྱང་དགེ་སློང་གི་དགེ་འདུན་གྱི་གནས་མལ་ལ་གདིང་བའི་གདིང་ངས་མ་གཡོགས་པར་སྤྱོད་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་སོ་ཞེས་བྱ་བ་དེ་དགེ་སློང་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་འབྱུང་ངོ༌། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་གདིང་བ་བགོ་བ་ཉིད་དུ་ཕུལ་བ་སྤྱོད་པ་ལ་བརྟེན་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་གྱི་གཞི་ལ་བར་དུ་མ་བཅད་པར་སྤྱད་པར་མི་བྱའོ་ཞེས་བཀའ་སྩལ་པ་གང་ལགས་པ། བཙུན་པ་དགེ་སློང་གི་བར་དུ་མ་བཅད་པར་སྤྱད་པར་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཁྱིམ་བདག་གིས་གདིང་བའི་གདིང་བའམ། བགོ་བ་བར་ཆད་མ་བྱས་པར་སྤྱད་པར་དགེ་འདུན་ལ་ཕུལ་བ་ཡིན་ནའོ་ཞེས་བྱ་བ་ཡིན་ནོ། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་གསུམ་པའི་གཏན་ལ་དབབ་པའོ།། །།ལྟུང་བ་ཞེས་བྱ་བ་ལ་སོགས་པ་ནི་ལྟུང་བ་རྣམ་པར་རིག་བྱེད་ཡིན་ནམ། ཅི་ཞིག་ཅེས་བྱ་བ་ལ་སོགས་པ་མྱུར་དུ་ཁོ་བོ་ལ་དོན་ཇི་ལྟ་བ་བཞིན་དུ་སྨྲོས་ཤིག་ཅེས་བྱ་བར་དྲི་བ་རེ་རེ་ལ་སྦྱར་བར་བྱའོ། །རྣམ་པར་རིག་བྱེད་ནི་གཞན་དག་ལ་གོ་བར་བྱེད། ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ཏེ། གཞན་དག་ལ་བདག་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བ་ལ་འཇུག་པ་དག་གིས་ཀུན་ནས་བསླང་ངོ་ཞེས་བྱ་བར་གོ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེས་བྱ་བ་ནི་འདྲི་བའོ། །གཟུགས་ཅན་ནི་འདི་ལ་གཟུགས་ཡོད་པའི་ཕྱིར་རོ། །བསྟན་མོད་ཅེས་བྱ་བ་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པར་ནུས་པའི་ཕྱིར་རོ། །ཐོགས་དང་བཅས་པ་ནི་སྒྲིབ་པ་ཐོགས་པས་རང་གི་ཡུལ་དུ་གཞན་འབྱུང་བའི་གགས་བྱེད་པའི་ཕྱིར་རོ། །ཟག་བཅས་ནི་ཟག་པ་ཡོད་པའི་ཕྱིར་རོ། །འདུས་བྱས་ནི་རྒྱུ་དང་རྐྱེན་གྱིས་བྱས་པའི་ཕྱིར་རམ། འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་འདྲི་བའོ། །ཅི་ཞེས་བྱ་བ་ནི་ཡང་འདྲི་བ་ཉིད་དོ། །འཇིག་


DTG167_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པ་ནི་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཕུང་པོར་ལྡན་པ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་སྤུངས་པའི་མཚན་ཉིད་ཕུང་པོ་དག་གི་ཁོངས་སུ་གཏོགས་པ་སྟེ་ཕུང་པོར་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཁམས་དང་ལྡན་པ་ནི་ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་རྣམ་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་ཁམས་རྣམས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་ཏེ་ཁམས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་མཆེད་དང་ལྡན་པ་ནི་ཡུལ་དང་དབང་པོ་དང༌། ཡིད་དང༌། ཆོས་ཞེས་བྱ་བ་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྒོར་གྱུར་པའི་སྐྱེ་མཆེད་དག་གི་ནང་དུ་ཆུད་པའི་ཕྱིར་ཏེ་སྐྱེ་མཆེད་དུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཟིན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་གནས་ཀྱི་ངོ་བོར་ཉེ་བར་བཟུང་བ་སྟེ་ཕན་པ་དང་གནོད་པ་དག་གིས་ཕན་ཚུན་རྗེས་སུ་བྱེད་པའི་ཕྱིར་རོ། །ལུང་བསྟན་ཞེས་བྱ་བ་ནི་འབྲས་བུ་ཡིད་དུ་འོང་བའི་ཕྱིར་རམ། དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་བསྟན་པའི་ཕྱིར་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བ་ནི་ས་དང༌། ཆུ་དང༌། མེ་དང༌། རླུང་གི་མཚན་ཉིད་དོ། །དེ་བཞིན་ཞེས་བྱ་བ་ནི་བསྡུ་བའོ། །འབྱུང་བ་ལས་གྱུར་པ་ནི་འབྱུང་བ་དག་ལ་ཡོད་པའི་ཕྱིར་ཏེ་འབྱུང་བ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་དོ། །ཀུན་སྦྱོར་ནི་འཆིང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །བསྒྲིབས་པ་ནི་ཉོན་མོངས་པའི་དྲི་མས་ཁེབས་པའི་ཕྱིར་རོ། །འམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ། འོག་མ་དག་ལ་ཡང་དེ་དང་འདྲའོ། །ཉོན་མོངས་ཅན་ནི་མི་དགེ་བའི་ཕྱིར་རོ། །ཟང་ཟིང་དང་བཅས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་དུ་སྤྱོད་ན་དེས་མངོན་པར་འདོད་པའི་དངོས་པོ་ཐོབ་པར་རོ་མྱང་བའི་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དྲི་བའོ། །ཞེན་པ་རྟེན་པ་ནི་འདོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །འཐབ་བཅས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་བདག་དང་གཞན་ལ་གནོད་པར་བྱེད་པའི་བདག་ཉིད་


DTG167_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་འཐབ་པ་ཞེས་བྱ་སྟེ་དེ་དང་དེར་ལྷན་ཅིག་འབྲེལ་པར་སྤྱོད་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་ནི་ཡུལ་འཛིན་པའི་ཕྱིར་རོ། །སེམས་ནི་རྣམ་པར་ཤེས་པའི་ངོ་བོ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་ཕྱིར་རམ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱིས་བསྩགས་པའི་ཕྱིར་རོ། །ལས་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འམ་ཞེས་བྱ་བའི་སྒྲ་ནི་འོན་ཏེ་ཞེས་བྱ་བ་དང་བཅས་ཏེ་དྲི་བའི་དོན་ཡིན་པར་ཤེས་པར་བྱའོ། །རྣམ་སྨིན་བཅས་པ་ནི་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་འོང་བ་མ་ཡིན་པའི་ཕྱིར་ཏེ་རྣམ་པར་སྨིན་པ་ཡོད་པས་སོ། །དེ་ལས་གཞན་པ་ནི་བཤད་པ་ལས་བཟློག་པའོ། །དེ་བས་ན་ཐམས་ཅད་ལ་སོ་སོའི་དྲི་བ་འདི་སྦྱར་བར་བྱ་སྟེ། དེས་ན་དེ་ལས་གཞན་ཞེས་བྱ་བའི་སྒྲས་ལྟུང་བ་ཅི་ཞིག་རྣམ་པར་རིག་བྱེད་མ་ཡིན་པ་ཞིག་གམ། གཟུགས་ཅན་མ་ཡིན་པ་ཞིག་གམ། བསྟན་དུ་མེད་པ་ཞིག་གམ། ཐོགས་པ་མེད་པ་ཞིག་གམ། ཟག་པ་མེད་པ་ཞིག་གམ། འདུས་མ་བྱས་པ་ཞིག་གམ། འཇིག་རྟེན་ལས་འདས་པ་ཞིག་གམ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང་མི་ལྡན་པ་ཞིག་གམ། མ་ཟིན་པ་ཞིག་གམ། ལུང་དུ་མ་བསྟན་པ་ཞིག་གམ། ཀུན་དུ་སྦྱོར་བ་མ་ཡིན་པ་ཞིག་གམ། མ་བསྒྲིབས་པ་ཞིག་གམ། ཉོན་མོངས་པ་མ་ཡིན་པ་ཞིག་གམ། ཟང་ཟིང་མེད་པ་ཞིག་གམ། ངེས་པར་འབྱུང་བ་ལ་བརྟེན་པ་ཞིག་གམ། འཐབ་པ་དང་བཅས་པ་མ་ཡིན་པ་ཞིག་གམ། དམིགས་པ་མེད་པ་ཞིག་གམ། སེམས་མ་ཡིན་པ་ཞིག་པ་ཞིག་གམ། ལས་མ་ཡིན་པ་ཞིག་གམ། རྣམ་པར་སྨིན་པ་མ་ཡིན་པ་ཞིག་ཅེས་བྱ་བ་དེ་རྣམས་གོ་རིམས་བཞིན་དུ་འཕགས་པར་བལྟ་བར་བྱའོ། །འདས་པ་ནི་འདས་པའི་དུས་སུ་བསྡུས་པ་སྟེ། བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །འམ་ཞེས་བྱ་བ་ནི་དྲི་བའོ། །མ་འོངས་པ་ནི་མ་འོངས་པའི་དུས་སུ་བསྡུས་པ་སྟེ། བྱེད་པ་མ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ད་ལྟར་ནི་ད་ལྟར་གྱི་དུས་སུ་བསྡུས་པ་སྟེ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡིན་ཞེས་བྱ་བ་ནི་ཡིན་པའོ། །དགེ་བ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་རོ། །དེ་ལས་གཞན་ཞེས་བྱ་བ་ནི་རྗེས་བསྙགས་ཏེ་དེས་ན་ཅི་ཞིག་མི་དགེ་བའམ་ཞེས་བྱ་བའི་ཐ་ཚིག་ཏུ་


DTG167_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ལུང་དུ་མ་བསྟན་པའི་དྲི་བ་ནི་སྔར་བཤད་ཟིན་ཏོ། །འདོད་པའི་ཁམས་དང་ལྡན་པ་ནི་འདོད་པའི་ཁམས་དང་ལྡན་པ་སྟེ། འདོད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། གཟུགས་ཁམས་ལྡན་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་དང་ལྡན་པ་སྟེ། གཟུགས་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བའི་སྒྲས་ནི་གཟུགས་མེད་པའི་ཁམས་དང་ལྡན་པའམ་ཞེས་བྱ་བ་བརྗོད་དེ། དེས་ན་ཅི་ཞིག་གཟུགས་དང་ལྡན་པ་ཞིག་ཡིན་ནམ་ཞེས་བྱ་བ་ཡིན་ནོ། །གཟུགས་མེད་པའི་ཁམས་དང་ལྡན་པ་སྟེ། གཟུགས་མེད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་བ་ཞེས་བྱ་བའི་ཐ་ཚིག་གོ །སློབ་པ་ནི་འཕགས་པའི་གང་ཟག་བདུན་གྱི་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དྲི་བའོ། །མི་སློབ་པ་ནི་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །དེ་གཉིས་སྤངས་པ་ནི་སློབ་པ་དང་མི་སློབ་པའི་མཚན་ཉིད་རྣམ་གཉིས་དང་བྲལ་བ་སྟེ། ཅི་ཞིག་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཞིག་གམ་སྙམ་དུ་བསམས་པ་བཞིན་ནོ། །བསྒོམ་པས་སྤང་བྱ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་ན་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ནི་གོམས་པའོ། །དེས་ན་གང་ཞིག་འཕགས་པའི་ལམ་ཡང་དང་ཡང་དུ་བསྒོམ་པས་སྤང་བར་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ། །འོན་ཏེ་ཞེས་བྱ་བ་ནི་དྲི་བའོ། །མཐོང་བས་ཞེས་བྱ་བ་ནི་སྤང་བར་བྱ་བ་ཞེས་བྱ་བའི་རྗེས་བསྙེག་གོ །དེས་ན་དྲི་བའི་དོན་ནི་ཅི་ཞིག་མཐོང་བས་སྤང་བར་བྱ་བ་ཞིག་གམ་ཞེས་བྱ་བར་འབྱུང་སྟེ། བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཞིག་ཅེས་བྱ་བའི་ཐ་ཚིག་གོ །ལུས་ཀྱི་ནི་ལུས་ལ་བརྟེན་ནས་བསྐྱེད་པའི་ཕྱིར་རོ། །ངག་གི་ནི་ངག་ལ་བརྟེན་ནས་བསྐྱེད་པའི་ཕྱིར་རོ། །སེམས་ཀྱི་ནི་སེམས་ལ་བརྟེན་ནས་བསྐྱེད་བའི་ཕྱིར་རོ། །འདིར་ཇི་སྐད་བསྟན་པའི་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དེ་ལ་ལྟུང་བ་ནི་ཅི་ཞིག་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད་མ་ཡིན་པ་ཞིག་ཡིན་སྨྲས་པ། གང་ཡིན་པ་དེ་ལ་བཤད་པ་ནི་འདི་ཡིན་ཏེ། ལྟུང་བ་ནི་རྣམ་པར་རིག་བྱེད་དམ་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། ཉེ་བ་འཁོར་ལྟུང་བ་ནི་རྣམ་པར་རིག་བྱེད་ཅེས་ཀྱང་བྱ་ལ། རྣམ་པར་རིག་བྱེད་མ་ཡིན་པ་


DTG167_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱའོ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ལན་ཅི་རིགས་པར་སྦྱར་རོ། །གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞེས་འདྲི་བ་ལ། ལྟུང་བ་ནི་གཟུགས་ཅན་དུ་བརྗོད་པའོ། །བསྟན་དུ་ཡོད་པའམ། བསྟན་དུ་མེད་པ་ཞེས་འདྲི་བ་ལ། བསྟན་དུ་མེད་པར་བརྗོད་པར་བྱའོ། །ཐོགས་པ་དང་བཅས་པའམ། ཐོགས་པ་མེད་པ་ཞེས་འདྲི་བ་ལ། ཐོགས་པ་མེད་པ་ཞེས་བརྗོད་པར་བྱའོ། །ཟག་པ་དང་བཅས་པའམ། ཟག་པ་མེད་པ་ཞེས་འདྲི་བ་ལ། ཟག་པ་དང་བཅས་པར་བརྗོད་པར་བྱའོ། །འདུས་བྱས་སམ་འདུས་མ་བྱས་ཞེས་འདྲི་བ་ལ། འདུས་བྱས་སུ་བརྗོད་པར་བྱའོ། །འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཞེས་འདྲི་བ་ལ་འཇིག་རྟེན་པར་བརྗོད་པར་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཏོགས་སམ་མ་གཏོགས་ཞེས་འདྲི་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཏོགས་པར་བརྗོད་པར་བྱའོ། །ཟིན་པའམ་མ་ཟིན་པ་ཞེས་འདྲི་བ་ལམ་ཟིན་པ་ཞེས་བརྗོད་པར་བྱའོ། །ལུང་དུ་བསྟན་པའམ་ལུང་དུ་མ་བསྟན་པ་ཞེས་འདྲི་བ་ལ། ལུང་དུ་བསྟན་པ་ཡང་ཡིན་ལ། ལུང་དུ་མ་བསྟན་པ་ཡང་ཡིན་པར་བརྗོད་པར་བྱའོ། །འབྱུང་བའམ་འབྱུང་བ་ལས་གྱུར་པ་ཞེས་འདྲི་བ་ལ། འབྱུང་བ་ལས་གྱུར་པར་བརྗོད་པར་བྱའོ། །ཀུན་དུ་སྦྱོར་བའམ་སྦྱོར་བ་མ་ཡིན་པ་ཞེས་འདྲི་བ་ལ། ཀུན་དུ་སྦྱོར་བར་བརྗོད་པར་བྱའོ། །བསྒྲིབས་པའམ་མ་བསྒྲིབས་པ་ཞེས་འདྲི་བ་ལ། བསྒྲིབས་པར་བརྗོད་པར་བྱའོ། །ཉོན་མོངས་པ་ཅན་ནམ། ཉོན་མོངས་པ་ཅན་མ་ཡིན་པ་ཞེས་འདྲི་བ་ལ་ཉོན་མོངས་པ་ཅན་དུ་བརྗོད་པར་བྱའོ། །ཟང་ཟིང་དང་བཅས་པའམ། ཟང་ཟིང་མེད་པ་ཞེས་འདྲི་བ་ལ་ཟང་ཟིང་དང་བཅས་པར་བརྗོད་པར་བྱའོ། །ཞེན་པ་རྟེན་པའམ་ངེས་པར་འབྱུང་བ་རྟེན་པ་ཞེས་འདྲི་བ་ལ། ཞེན་པ་རྟེན་པ་ཞེས་བརྗོད་པར་བྱའོ། །འཐབ་པ་དང་བཅས་པའམ། འཐེབ་པ་མེད་པ་ཞེས་འདྲི་བ་ལ་འཐབ་པ་དང་བཅས་པར་བརྗོད་པར་བྱའོ། །དམིགས་པ་དང་བཅས་པ་འམ་དམིགས་པ་མེད་པ་ཞེས་འདྲི་བ་ལ། དམིགས་པ་མེད་པར་བརྗོད་པར་བྱའོ། །སེམས་སམ་སེམས་མ་ཡིན་པ་ཞེས་འདྲི་བ་ལ། སེམས་མ་ཡིན་པར་བརྗོད་པར་


DTG167_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ལས་སམ་ལས་མ་ཡིན་པ་ཞེས་འདྲི་བ་ལ་ལས་སུ་བརྗོད་པར་བྱའོ། །རྣམ་པར་སྨེན་པ་དང་བཅས་པའམ་རྣམ་པར་སྨིན་པ་མེད་ཅེས་འདྲི་བ་ལ། རྣམ་པར་སྨིན་པ་དང་བཅས་པ་ཡང་ཡིན་ལ་རྣམ་པར་སྨིན་པ་མེད་པ་ཡང་ཡིན་པར་བརྗོད་པར་བྱའོ། །འདས་པའམ་མ་འོངས་པའམ་ད་ལྟར་ཞེས་འདྲི་བ་ལ། འདས་པའང་མ་ཡིན་ལ་མ་འོངས་པ་འང་མ་ཡིན་ད་ལྟར་ཡང་མ་ཡིན་པར་བརྗོད་པར་བྱའོ། །དགེ་བ་འམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཞེས་འདྲི་བ་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པར་བརྗོད་པར་བྱའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དང་ལྡན་པ་ཞེས་འདྲི་བ་ལ། འདོད་པའི་ཁམས་སུ་གཏོགས་པར་བརྗོད་པར་བྱའོ། །སློབ་པ་འམ་མི་སློབ་པའམ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཞེས་འདྲི་བ་ལ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །མཐོང་བའམ་བསྒོམ་པས་སྤང་བར་བྱ་ཞེས་འདྲི་བ་ལ། བསྒོམ་པས་སྤང་བར་བརྗོད་པར་བྱའོ། ལུས་ཀྱི་འམ་དག་གི་འམ་སེམས་ཀྱི་ཞེས་འདྲི་བ་ལ། ལུས་ཀྱི་ཡང་ཡིན་ངག་གི་ཡང་ཡིན་སེམས་ཀྱི་ཡང་ཡིན་པར་བརྗོད་པར་བྱའོ། །འདྲི་བའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ནར་བལྟ་བར་བྱ་སྟེ། བདག་གིས་གཞུང་མངས་པས་འདིར་མ་སྨོས་སོ། །འདྲི་བའི་ལན་འདི་དག་ནི་བདག་གིས་ཅི་རིགས་པར་གཞུང་བླ་མའི་རྒྱ་ཆེར་བཤད་པའི་ནང་དུ་བཀོད་པས་བརྟག་པར་བྱ་སྟེ་གཞུང་མངས་པས་འདིར་མ་སྨོས་སོ། །ཅི་དངོས་དེ་ཉིད་བྱེད་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ་དངོས་ནི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་སྤྱིར་སྨོས་པའོ། །བྱེད་པ་ལ་ཞེས་བྱ་བ་ནི་ལྷག་པར་སྤྱོད་པ་ལའོ། །གཉིས་སུ་འགྱུར་བ་ནི་དངོས་པོ་གཉིས་སུ་འགྱུར་བའོ། །སྲིད་ཡོད་དམ་ཞེས་པ་ནི་བཏུབ་བམ་ཞེས་པའོ། །དེ་ཉིད་བསྟན་པ་ལྟུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་ཞེས་བྱ་བ་ནི་བསྡུ་བའོ། །མྱུར་དུ་ཞེས་བྱ་བ་ནི་མྱུར་བར་རོ། །འདི་ལ་དོན་ནི་གཞི་གཅིག་པ་རྟག་པ་དང་མི་རྟག་པ་ལྟ་བུར་འགལ་བའི་ཆོས་ཉིད་གཉིས་སུ་འགྱུར་བ་མི་སྲིད་པར་ནི་ཤེས་པ་ཉིད་ན། ཅི་གཞི་གཅིག་ལ་ལྟུང་བ་དང་ལྟུང་བ་མེད་པ་དག་འབྱུང་བ་གང་ཡིན་པ་དེ་སྲིད་པ་ཡོད་དམ་ཞེས་བྱ་བ་དེ་ཁོ་བོ་ལ་མྱུར་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་


DTG167_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། སྲ་བརྐྱང་བཏིང་བ་དང་མ་བཏིང་བ་དང་གནས་སུ་འབྲལ་བ་ལ་སོགས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བར་འགྱུར་ཞིང་དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བ་མ་མཆིས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཀའ་སྩལ་པ། དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བར་འགྱུར་ཞིང་དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་པ་མེད་པར་འགྱུར་བ་ཡོད་དོ། །བཙུན་པ་དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་སྲ་བརྐྱང་མ་བཏིང་བའི་གནས་སུ་གོས་རུང་བ་མ་ཡིན་པ་ཅི་ཙམ་འདོད་པ་བཅངས་པའམ། སྣམ་སྦྱར་མེད་པར་གྲོང་དུ་འཇུག་གམ། མགྲོན་དུ་མ་བོས་པར་གྲོང་དུ་འཇུག་གམ། འདུས་ཤིང་ཟའམ། ཡང་ཡང་ཟ་ན་ལྟུང་བར་འགྱུར་རོ། །ལྟུང་བ་མ་མཆིས་པར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་སྲ་བརྐྱང་བཏིང་བའི་གནས་སུ་གོས་རུང་བ་མ་ཡིན་པ་ཅི་ཙམ་འདོད་པ་བཅངས་པའམ། སྣམ་སྦྱར་མེད་པར་གྲོང་དུ་འཇུག་གམ། མགྲོན་དུ་མ་བོས་པར་གྲོང་དུ་འཇུག་གམ། འདུས་ཤིང་ཟའམ། ཡང་ཡང་ཟན་ལྟུང་བ་མེད་པར་འགྱུར་ཏེ། དེ་ལྟར་ན་དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བར་འགྱུར་ཞིང༌། དངོས་པོ་དེ་ཉིད་སྤྱོད་པ་ལ་ལྟུང་བ་མེད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཅི་གཞི་གང་གིས་ལྷག་མ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཞེས་བྱ་བ་ནི་སྤྱིར་སྨོས་པའོ། །ལྷག་མ་མེད་པ་ནི་འདི་ལ་དགེ་སློང་གི་དངོས་པོ་ལས་ལྷག་མ་མ་ལུས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཞེས་བྱ་བ་གཞི་རྣམ་པར་སྤྱོད་པའི་ཕྱིར་ངེས་པར་གཟུང་བ་ཡིན་ནོ། །ལྷག་མ་དང་བཅས་པ་ནི་དགེ་འདུན་ལྷག་མ་ལ་སོགས་པ་སྟེ་དེ་དག་ལྷག་པར་སྤྱད་ན་དགེ་སློང་གི་དངོས་པོ་མེད་པར་མི་འགྱུར་བའི་ཕྱིར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ནི་ལྷག་མ་དང་བཅས་པའོ་ཞེས་གསུངས་པའི་ཕྱིར་རོ། །འདི་ལ་དོན་ཅིག་ཞི་གཅིག་ལྷག་པར་སྤྱོད་པ་ལ་ཕས་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བ་གཉིས་ཀ་སྲིད་དམ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཐུན་མོང་མ་ཡིན་


DTG167_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་ལྷག་མ་མ་མཆིས་པའི་ལྟུང་བར་འགྱུར་བའི་གཞི་དེས་ལྷག་མར་བཅས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མས་ཐུན་མོང་མ་ཡིན་པའི་ཕས་ཕམ་པར་འགྱུར་བ་གཞི་ལྷག་པར་སྤྱད་ན་ལྷག་མ་མེད་པར་འགྱུར་རོ། །དགེ་སློང་གིས་སྤྱད་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ཡིན་ནོ། །ཅི་གཞི་གང་གིས་ཕས་ཕམ་པའི་ཞེས་བྱ་བ་ལ་སོགས་པའི་ནི་གཞི་གང་གིས་ཞེས་བྱ་བར་སྦྱར་ཏེ། གཞི་གང་ཞིག་ལྷག་པར་སྤྱོད་པའི་གཞི་དེ་ཉིད་ཀྱིས་སོ། །གཞི་དེས་དགེ་འདུན་ལྷག་མར་འགྱུར་རམ་ཞེས་བྱ་བར་སྦྱར་རོ། །བསྒྲེ་བ་བསྟན་པའི་ཕྱིར་དེ་བཞིན་ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཞེས་བྱ་བ་དེ་དང་འདྲ་བར་རོ། །ཇི་ལྟར་འགྱུར་ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་ཅི་གཞི་གང་གིས་ཕས་ཕམ་པར་འགྱུར་བའི་ལྟུང་བར་འགྱུར་བའི་གཞི་དེས་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རམ་ཞེས་བྱ་བའི་དོན་ཡིན་ནོ། །འདི་ལ་གཏན་ལ་དབབ་པའི་སྦྱར་བ་ནི་འདི་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་ཕས་ཕམ་པར་འགྱུར་བའི་ལྟུང་བར་འགྱུར་བའི་གཞི་དེས་དགེ་འདུན་ལྷག་མར་འགྱུར་བ་ལྟ་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ། དགེ་སློང་མས་ལུས་རེག་པ་སྤྱད་ན་པས་ཕམ་པར་འགྱུར་ལ། དགེ་སློང་གིས་སྤྱད་ན་དགེ་འདུན་ལྷག་མར་འགྱུར་རོ། །གཞི་གང་གིས་ཕས་ཕམ་པའི་ལྟུང་བར་འགྱུར་བའི་གཞི་དེས་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དགེ་སློང་མས་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆབ་པར་བྱེད་ན་སྐྱ་རེངས་ཤར་ནས་ཕས་ཕམ་པར་འགྱུར་ལ། དགེ་སློང་གིས་བཅབས་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གང་གིས་དགེ་འདུན་ལྷག་མར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་ན་འདི་ཡང་ཉེས་བྱས་ལ་བསྒྲེ་བ་ལ་བསྟན་པའི་ཕྱིར་དེ་བཞིན་དུ་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་


DTG167_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དྲི་བའོ། །དེས་ན་དོན་ནི་སྤྱིའི་ངོ་བོའི་གཞི་གང་ཞིག་ལྷག་པར་སྤྱད་པས་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་བའི་གཞི་དེ་ཉིད་ཀྱིས་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རམ། དེ་བཞིན་དུ་གཞི་གང་གིས་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་བའི་གཞི་དེ་ཉིད་ཀྱིས་ཅི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རམ་ཞེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཁུ་ཆུ་འབྱིན་པ་ལྷག་པར་སྤྱོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་དགེ་འདུན་ལྷག་མར་འགྱུར་བའི་གཞི་དེས་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་ཆེད་དུ་བསམས་ཏེ་ཁུ་ཆུ་འབྱིན་པར་བྱེད་ན་དགེ་འདུན་ལྷག་མར་འགྱུར་ལ། དགེ་སློང་མས་ཕྱུང་ན་ལྟུང་བྱེད་དོ། །དགེ་སློང་མ་ཞིག་སྡེ་ཞིང་གནས་ན་དགེ་འདུན་ལྷག་མར་འགྱུར་ལ། དགེ་སློང་གནས་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཅི་གཞི་གང་གིས་ལྟུང་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཇི་ལྟར་དགའ་བ་བཞིན་དུ་སྟེ། ཇི་ལྟར་བསམས་པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་དོན་ནི་གཞི་གང་གིས་གང་ཞིག་ལྷག་པར་སྤྱད་པས་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་བའི་གཞི་དེ་ཉིད་ཀྱིས་ཅི་སོ་སོར་བཤགས་པར་བྱ་བའི་ལྟུང་བར་འགྱུར་རམ་ཞེས་བྱ་བ་དེ་ཇི་ལྟར་བསམས་པ་བཞིན་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལྟུང་བ་ལྷག་པར་སྤྱོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་བའི་གཞི་དེས་སོ་སོར་བཤགས་པར་བགྱི་བའི་ལྟུང་བར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་ཉེ་དུ་མ་ཡིན་པ་དག་ལས་ཁ་ཟས་བསོད་པ་བླངས་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་མས་བླངས་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཅི་གཞི་གང་གིས་ལྟུང་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཅེས་བྱ་བ་ནི་ཁྱོད་ལའོ། །ནུས་པ་ནི་མཐུའོ། །དེས་ན་ཚིག་གི་དོན་ནི། དགེ་སློང་གིས་གང་


DTG167_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལྷག་པར་སྤྱད་པས་ལྟུང་བྱེད་ཀྱི་ལྟུང་བར་གསུངས་པ་དེས་ཅི་ཉེས་བྱས་ཀྱི་ལྟུང་བ་རྣམ་པར་གཞག་པ་སྲིད་དམ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལྟུང་བྱེད་ལྷག་པར་སྤྱོད་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི་བཙུན་པ་གཞི་གང་གིས་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་བའི་གཞི་དེས་ཉེས་བྱས་སུ་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་བ་དང་གཅི་བ་དག་བྱས་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་གིས་བྱས་ན་ཉེས་བྱས་སོ་ཞེས་བྱ་བ་ཡིན་ནོ། །གང་གིས་སོ་སོར་བཤགས་པ་ལ་སོགས་པ་ལ་སྲིད་དམ་ཞེས་བྱ་བ་ནི་བཏུབ་བམ་ཞེས་བྱ་བའོ། །བདག་གི་མདུན་དུ་ཞེས་བྱ་བ་ནི་བདག་གི་ཐད་དུའོ། །དེས་ན་དོན་ནི་རྣམ་པ་གང་གིས་སོ་སོར་བཤགས་པར་བྱ་བའི་ལྟུང་བར་རྣམ་པར་གཞག་པ་དེ་ཉིད་ཀྱིས་ཅི་ཉེས་བྱས་ཀྱི་ལྟུང་བར་འགྱུར་བ་སྲིད་དམ་ཞེས་བྱ་བ་དེ་དགེ་སློང་གལ་ཏེ་ཁྱོད་ལ་མཐུ་ཡོད་ན་ཁོ་བོའི་མངོན་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་ཐུན་མོང་མ་ཡིན་པའི་སོ་སོར་བཤགས་པར་བྱ་བའི་ལྟུང་བའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་སོ་སོར་བཤགས་པར་འགྱུར་བའི་ལྟུང་བར་འགྱུར་བའི་གཞི་དེས་ཉེས་བྱས་སུ་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་ནགས་ཚལ་གྱི་བསེལ་བ་མ་བསྐོས་པར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བར་བྱ་བ་དང་བཟའ་པར་བྱ་བ་ལེན་ན་སོ་སོར་བཤགས་པར་བྱ་བར་འགྱུར་ལ། དགེ་སློང་མས་བླངས་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་དགེ་སློང་ལུང་མ་བསྟན་པའི་ཞེས་བྱ་བ་ལ་སོགས་པའི་སེམས་གནས་ཞེས་བྱ་བའི་སྒྲ་ནི་གཉིས་ཀ་ལ་ཡང་སྦྱར་ཏེ། དགེ་བའི་སེམས་ལ་གནས་པ་དང༌། ལུང་དུ་མ་བསྟན་པའི་སེམས་ལ་གནས་པའི་ཞེས་བྱ་བའི་དོན་ཏོ། །ཕ་མ་ནི་ཕ་དང་མ་དག་གོ །མནར་མེད་པ་བྱ་བ་ནི་མཚམས་མེད་པར་བྱེད་པར་རོ། །མི་དགེ་བའི་སེམས་ལ་གནས་པ་ལ་མཚམས་མེད་པར་མ་གསུངས་ཞེས་བྱ་བར་སྦྱར་ཏེ། མི་དགེ་བས་སྨོས་པས་ནི་ལུང་དུ་མ་བསྟན་པའི་


DTG167_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་གནས་པ་བསྡུའོ། །འདི་ལ་དོན་གང་གི་ཚེ་དགེ་སློང་གིས་དགེ་བ་སྟེ། འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བྲལ་བའི་སེམས་ཀྱིས་ཕ་དང་མ་སྲོག་དང་བྲལ་ན་དེའི་ཚེ་མཚམས་མེད་པ་ཡིན་པར་གསུངས་ཀྱི་མི་དགེ་བ་སྟེ། འབྲས་བུ་ཡིད་དུ་མི་འོང་བ་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེས་པ་འདི་ཡིན་ནོ། །འདི་ལ་བསམ་པ་ནི་དེ་ནི་ཕ་དང་མ་ནད་ཚོར་བ་དྲག་པོ་ཉམས་སུ་མྱོང་བ་དག་བསོད་ནམས་ཀྱི་བློས་གསད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཅི་ལགས། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་ལ། མི་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕལ་ན་ཡང་ཕས་ཕམ་པར་མི་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ཡོད་དེ། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་ལ། མི་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕམ་པར་མི་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་བ་ཡོད་དེ། དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀྱང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ་ཇི་ལྟར་དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་འགྱུར་ལ་མཚམས་མཆིས་པའི་ཁན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་ཡང་འགྱུར་ལ། མི་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་མི་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་མི་འགྱུར་ལགས། ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་མ་ནད་པ་ཞིག་སྟེ་ཡུན་རིང་པོར་སྡུག་བསྔལ་བའི་ཚོར་བ་མི་ཟད་པ་རྩུབ་པ་དྲག་པ་ཡིད་དུ་མི་འོང་བ་མྱོང་པ། དེས་དེ་རྐྱེན་དེས་སྲོག་དང་ཕྲལ་ན་ཕས་ཕམ་པར་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་ཡང་འགྱུར་རོ། །


DTG167_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་མདོ་བྱེད་པས་ཀྱང་ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བཤད་དོ། །འདི་ལྟར་དགེ་སློང་གིས་མ་ནད་པ་ལ་འབྲས་ཆན་མངར་ཐུག་གམ་འུ་ཤའམ་ཤ་བྱིན་པ་ལ་དེ་ཡང་རྐྱེན་དེས་དུས་ལས་འདས་ན་དེ་ལ་ཕས་ཕམ་པའི་ལྟུང་བར་ཡང་མི་འགྱུར་ལ་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། མིད་པར་བྱ་བ་མི་འཕྲོད་པས་སྦྱིན་ནའོ་ཞེས་བཤད་དོ། །བཙུན་པ་ཇི་ལྟར་དགེ་སློང་གིས་མི་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་ལ། མི་དགེ་བའི་སེམས་ཀྱི་ས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་མི་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་མི་འགྱུར་ལགས། ཉེ་བ་འཁོར་ཡོད་དེ། འདི་ལྟར་དགེ་སློང་གིས་ནོར་རམ་དབང་གིས་བསླུ་བའི་ཕྱིར་མ་སྲོག་དང་ཕྲལ་བ་ནི་ཕས་ཕམ་པར་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་རོ། །འདི་ལྟར་དགེ་སློང་གིས་མི་དགེ་བའི་སེམས་ཀྱིས་གནག་གམ་ལུག་གམ་ར་ལ་བསྣུན་པར་བྱས་ལ། ལས་དེ་ཡང་མ་ལ་བསྣུན་པ། དེ་ཡང་རྐྱེན་དེས་དུས་ལས་འདས་ལ་ཕས་ཕམ་པས་ལྟུང་བར་ཡང་མི་འགྱུར་བ་ལ་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་ཡང་མི་འགྱུར་རོ། །བཙུན་པ་ཇི་ལྟར་དགེ་སློང་གིས་ལུང་དུ་མ་བསྟན་པའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་ལ། ལུང་དུ་མ་བསྟན་པའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཡང་ཕས་ཕམ་པར་མི་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་མི་འགྱུར་ལ། འདི་ལྟར་དགེ་སློང་གིས་མ་གསད་པའི་སྦྱོར་བ་བྱེད་ཅིང་དེས་མ་གསད་པའི་སྦྱོར་བ་བྱས་ནས་ཉལ་ལ་དེ་གཉིད་ལོག་པ་དང་མ་སྲོག་དང་ཕྲལ་ན་ཕས་ཕམ་པར་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་རོ། །དེ་ལ་དགེ་སློང་གིས་ལུང་དུ་མ་བསྟན་པའི་སེམས་ཀྱིས་ས་འམ་ཤིང་ངམ་ལོ་མའི་སྤྱིལ་བུ་ལ་བསྣུན་པར་བྱས་པ་ལས། དེ་ཡང་མ་ལ་བསྣུན་ལ་དེ་ཡང་རྐྱེན་


DTG167_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དུས་ལས་འདས་ན་དེ་ལ་ཕས་ཕམ་པའི་ལྟུང་བར་ཡང་མི་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་ཡང་མི་འགྱུར་ཏེ། ཕ་དང་དགྲ་བཅོམ་པ་སྲོག་དང་འབྲལ་བར་བྱད་ན་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་རུང་བ་གནས་གཅིག་དང་ཞེས་བྱ་བ་ལ་སོགས་པ་ལ་རུང་བ་ནི་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པ་སྟེ་ཚོགས་ཀྱི་ཁ་བསྐང་བར་འོས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་གནས་ཀྱང་ཡིན་ལ་གཅིག་ཀྱང་ཡིན་པས་གནས་གཅིག་གོ །དེ་ནི་མཚམས་ཀྱང་ཡིན་ལ་གཅིག་ཀྱང་ཡིན་པས་མཚམས་གཅིག་གོ ། གནས་གཅིག་མཚམས་གཅིག་ནི་གནས་གཅིག་དང་མཚམས་གཅིག་གོ །གནས་གཅིག་དང་མཚམས་གཅིག་ན་གནས་པས་ན་གནས་གཅིག་དང་མཚམས་གཅིག་ན་གནས་པ་སྟེ་དེ་ཡོད་པ་བཞིན་དུའོ། །གནས་གཅིག་སྨོས་པས་ནི་གནས་མང་པོ་བཀག་གོ །གནས་གཅིག་པ་ཉིད་ཡིན་ཡང་རེས་འགའ་བར་དུ་ཆུ་ལ་སོགས་པས་རྣམ་པར་ཆོད་པས་མཚམས་ཐ་དད་པ་ཉིད་དུ་ཡང་འགྱུར་བས་དེའི་ཕྱིར་མཚམས་གཅིག་ཅེས་སྨོས་སོ། །དེས་ན་མཚམས་ཐ་དད་པ་མ་ཡིན་པའི་གནས་གཅིག་ན་གནས་པའི་གནས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཚིག་ཅེས་བྱ་བ་ནི་བཤད་མ་ཐག་པའི་དགེ་སློང་གི་ཚིག་གི་ངག་སྟེ། འདུན་པ་བྱིན་པ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་མེད་པར་རོ། །ཉེས་བྱེད་མིན་ཞེས་བྱ་བ་ནི་ལྟུང་བ་མེད་པར་ཏེ་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པ་འོས་པ་མཚམས་ཀྱི་ནང་ན་གནས་པའི་འདུན་པ་མ་བྱིན་པ་ལ་སོགས་པའི་ལས་དེས་བསྙེན་པར་རྫོགས་པ་ལ་སོགས་པ་ནི་ལྟུང་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་གཞན་གྱི་བསམ་པ་ནི་གང་གི་ཚེ་མཚམས་དེ་ན་འདུག་པ་ཚོགས་ཀྱི་ཁ་བསྐང་བར་འོས་པ་ལུས་སམ་འདུན་པའི་སྒོ་ནས་ཚོགས་པར་མ་ཞུགས་པ་དེ་ལས་གཞན་པའི་དགེ་སློང་དགེ་འདུན་དུ་གྱུར་པས་གསོལ་བ་ལ་སོགས་པའི་ལས་བྱས་ན་དེའི་ཚེ་མི་མཐུན་པ་ཉིད་ཀྱིས་ལས་སུ་མི་འགྱུར་རོ་ཞེས་བྱ་བ་དེ་ནི་ལེགས་པར་གྲགས་ན། འོན་ཀྱང་གང་གི་ཚེ་དགེ་སློང་དེ་ལྟ་བུ་ཡོད་བཞིན་དུ་དགེ་འདུན་གྱི་ལས་བྱས་ན་དེའི་ཚེ་ལྟུང་བ་མེད་དོ་ཞེས་གསུངས་སོ་ཞེས་བྱ་བ་དེ་གོ་ཇི་ལྟ་བུ་ཞིག་ཅེས་བྱ་བ་ཡིན་ནོ། །འདི་ལ་བཤད་པ་ནི་འདི་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་


DTG167_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་འདུན་གྱིས་དགེ་སློང་དང་པོ་ནས་མ་བསྙིལ་བར་མཚམས་ཀྱི་ནང་ན་མཚུངས་པར་གནས་པར་གྱུར་པ་དེའི་ཚེ་ཚིག་མཆིས་པར་ལས་ཐམས་ཅད་བགྱིས་ན་བགྱིས་པ་ཞེས་ཀྱང་བགྱི་ཞིང་ལྟུང་བ་ཡང་མ་མཆིས་པར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནའོ། །ངས་འདི་སྐད་དུ་མཽད་གལ་གྱི་བུ་དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་ཐོན་ཅིག་ཅེས་བཀའ་སྩལ་ཏོ། །སོ་སོར་ཐར་པ་སྟོན་པར་མཛད་པ་དེ་བཞིན་གཤེགས་པ་བྱོན་ཏོ་ཞེས་ནི་བཀའ་མ་སྩལ་ཏོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། རྒྱལ་བ་ནི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ། །ཁ་སྐོང་པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བཤད་དོ། །ཁྱིམ་པ་གནས་བཞིན་དགེ་འདུན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ་པ་ནི་ཁྱིམ་ཅན་ཏེ་འདི་ལ་ཁྱིམ་ཞེས་བྱ་བ་ཁང་ཁྱིམ་ཡོད་པས་སོ། །གནས་བཞིན་ཞེས་བྱ་བ་ནི་འཁོར་བཞིན་དུ་སྟེ་འདུག་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་གྱིས་ཞེས་བྱ་བ་ནི་བཞིའི་ཚོགས་ལ་སོགས་པའི་དགེ་འདུན་གྱིས་སོ། །ལས་ཤིག་བྱས་ན་ཞེས་བྱ་བ་ནི་ལས་བརྒྱ་རྩ་གཅིག་ཉམས་སུ་མྱོང་བར་བྱས་ན་སྟེ། ལས་ཀྱང་བྱས་པར་འགྱུར་ཞེས་བྱ་བ་དང་འདིར་སྦྱར་རོ། །དེ་ཡིས་ཞེས་བྱ་བ་ནི་ཁྱིམ་པ་འདུག་པར་གྱུར་བའི་ལས་ཀྱིས་སོ། །ལས་བྱས་པ་ནི་ཆོས་དང་མཐུན་པར་ལས་བྱས་པའི་ཕྱིར་ཏེ། དགེ་འདུན་གྱི་ལས་ཀྱང་བྱས་པར་འགྱུར་ཞིང་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བ་ནི་བསྡུ་བའོ། །འདི་ལ་གཞན་གྱི་བསམ་པ་ནི་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ལྟ་བ་མཚུངས་པ་དག་དང་ལྷན་ཅིག་གསོལ་བ་དང༌། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བྱ་བར་གསུངས་ཀྱི་ཁྱིམ་པ་འདུག་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་བཞིན་དུ་དགེ་སློང་དག་གི་ལས་བྱས་པ་ཞེས་ཀྱང་བྱ་ལ་ལྟུང་བ་ཡང་མེད་དོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཡིན་པ་


DTG167_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་ལ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་རྒྱལ་པོ་དད་པ་བསྐྱེད་པའི་ཕྱིར་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པར་དགེ་འདུན་གྱིས་གསོ་སྦྱོང་མི་བྱའོ་ཞེས་གསུངས་པ་གང་ལགས། ཁྱིམ་པ་མཆིས་བཞིན་དུ་དགེ་འདུན་གྱིས་གསོ་སྦྱོང་བགྱི་ཞིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་ན་བཏོན་པ་ཞེས་ཀྱང་བགྱི་ལ། ལྟུང་བ་ཡང་མ་མཆིས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ངས་འདི་སྐད་དུ་དགེ་སློང་དག་ཁྱེད་ཀྱིས་རྒྱལ་པོའི་ཁྲོམ་རྣམས་སོགས་ལ་རྒྱལ་པོ་གསལ་རྒྱལ་གྱི་མདུན་དུ་སོ་སོར་ཐར་པ་ཐོན་ཅིག་དང་དེ་དད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་གཞན་ནི། །ཀུན་དགའ་བོ་ཁྱོད་ཀྱིས་ཉེས་ཏེ་གལ་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོས་སོ་སོར་ཐར་པ་ཐོས་པར་གྱུར་ན་ལྷག་པར་དད་པར་འགྱུར་ཞིང་དད་ནས་ཀྱང་དད་པའི་ལྷག་པའི་བྱ་བ་བྱེད་པར་འགྱུར་བ་གང་ཡིན་པ་དེ་དག་གནས་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་གི་སྐྱེ་བོ་གཙོ་བོ་དད་པ་ཅན་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ལ་བསྒྲགས་པར་བྱའོ། །འདི་ལ་ཁ་ཅིག་དབང་ཕྱུག་ལགས་ན་དེ་དག་དད་པ་ཅན་མ་ལགས་སོ། །ཁ་ཅིག་ནི་དད་པ་ཅན་ལགས་ལ་དེ་དག་དབུལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཡང་བསྒྲགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང༌། དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ངོ་ཞེས་བཤད་དོ། །དགེ་དང་ལུང་མ་བསྟན་སེམས་ལ། །ཞེས་བྱ་བ་ལ་སོགས་པ་ལ་སེམས་ཞེས་བྱ་བའི་སྒྲ་དང་གནས་པ་ཞེས་བྱ་བའི་སྒྲ་ནི་གཉིས་ཀ་དང་སྦྱར་བར་བྱ་སྟེ། དེས་ན་ཚིག་གི་དོན་ནི་དགེ་བའི་སེམས་ལ་གནས་པ་དང་ལུང་དུ་མ་བསྟན་པའི་སེམས་ལ་གནས་པ་ལ་ཞེས་བྱ་བར་འགྱུར་རོ། །དེ་ལ་དགེ་བའི་སེམས་ནི་དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ཏེ། རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ཞེས་བྱ་བའི་དོན་ཏོ། །ལུང་དུ་མ་བསྟན་


DTG167_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ནི་བཟོ་འདྲུབ་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ཏེ། རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ །དྲི་ཡིས་བདག་གི་བདག་ཏུ་ཇི་ལྟར་འདོད་པར་སྨྲས་ཞེས་བྱ་བར་སྦྱར་ཏེ། བདག་ཅེས་བྱ་བ་ནི་བདག་གིའོ། །ཇི་ལྟར་འདོད་པའི་ཞེས་བྱ་བ་ནི་དགའ་བར་རོ། །འདི་ལ་གཞན་གྱིས་བསམས་པ་ནི་འབྲས་བུ་ནི་རྒྱུ་དང་མཐུན་པར་འགྱུར་རོ་ཞེས་འབྱུང་བས་རེ་ཞིག་མི་དགེ་བའི་སེམས་ལ་གནས་པ་ལ་ནི་ལྟུང་བ་འབྱུང་བར་མཐོང་སྟེ་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་ལྟ་བུ་ཡིན་ན། དེས་ན་ཅི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ་ཡང་དེ་འབྱུང་ངམ་ཞེས་བྱ་བ་དེ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མཆོད་རྟེན་གྱི་འཁོར་སར་རྩྭ་སྔོམ་མེད་པར་བྱེད་པ་དང་བསམས་བཞིན་མ་ཡིན་པར་བསླབ་པའི་གཞི་ལས་འདས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཅི་ལགས་དགེ་སློང་དགེ་བའི་སེམས་དང་ལྡན་པ་ལ་ལྟུང་བ་འབྱུང་བ་ལགས་སམ། འོན་ཏེ་མི་དགེ་བའི་སེམས་དང་ལྡན་པའམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་ལྟུང་བ་འབྱུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དགེ་བའི་སེམས་དང་ལྡན་པ་ལ་ཡང་ལྟུང་བ་འབྱུང་ལ། མི་དགེ་བའི་སེམས་དང་ལྡན་པ་ལ་ཡང་ལྟུང་བ་འབྱུང༌། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་ཡང་འབྱུང་ངོ༌། །དགེ་བའི་སེམས་དང་ལྡན་པ་ལ་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གསར་བུ་བསླབ་པའི་ལོ་རྒྱུས་ཀྱིས་མཁས་པ་མཆོད་རྟེན་གྱི་འཁོར་སར་རྩྭ་སྔོན་པོ་མེད་པར་བྱེད་ཅིང་འཆག་པའི་སྲང་དག་ནས་མེ་ཏོག་དག་འཐོག་པར་བྱེད་པ་སྟེ། དེ་ལྟར་ན་དགེ་བའི་སེམས་དང་ལྡན་པ་ལ་འབྱུང་བར་འགྱུར་རོ། །མི་དགེ་བའི་སེམས་དང་ལྡན་པ་ལ་ཇི་ལྟ་བུ་ཞེ་ན། གང་ཞིག་བསམས་བཞིན་དུ་སངས་རྒྱས་ཀྱི་བསླབ་པའི་གཞི་བཅས་པ་ལས་འདའ་བར་བྱེད་པ་སྟེ། དེ་ལྟར་ན་མི་དགེ་བའི་སེམས་དང་ལྡན་པ་ལ་འབྱུང་བར་འགྱུར་བ་ཡིན་ནོ། །ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་ཇི་ལྟ་བུ་ཞེ་ན། གང་ཞིག་བསམས་བཞིན་དུ་མ་ཡིན་པར་སངས་རྒྱས་ཀྱི་བསླབ་པའི་གཞི་བཅས་པ་ལས་འདའ་བར་བྱེད་པ་སྟེ། དེ་ལྟར་ན་ལུང་དུ་


DTG167_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་པའི་སེམས་དང་ལྡན་པ་ལ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་སུ་འཇུག་པའང་རྣམ་པ་གསུམ། །ཞེས་བཤད་དོ། །མི་དགེ་བའི་སེམས་དང་ལྡན་པ་ལས་ལྟུང་བ་འབྱུང་བ་ལ་ནི་ཐེ་ཚོམ་མེད་པས་འདིར་དྲི་བ་མ་བྱས་སོ་ཞེས་བྱ་བར་ཤེས་པར་བྱའོ། །ཅི་དགྲ་བཅོམ་པ་ལ་ལྟུང་བ་འབྱུང་ངམ་ཞེས་བྱ་བ་ལ་སོགས་པ་ནི་དགྲ་བཅོམ་པ་ལ་ལྟུང་བ་འབྱུང་ངམ་ཞེས་བྱ་བ་ཁོ་བོའི་མདུན་དུ་འབོད་དེ་སྨྲོས་ཤིག །འདི་ལྟར་ཁོ་བོ་ལ་ནི་དགྲ་བཅོམ་པའི་ཡུལ་འདི་ལ་མི་དགེ་བའི་ཆོས་ཐམས་ཅད་སྤངས་པའི་ཕྱིར་ལྟུང་བ་འབྱུང་ངོ་ཞེས་བྱ་ཏེ་པོར་ཐེ་ཚོམ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་ངམ་ཞེས་བྱ་བ་ནི་སྐྱེ་འམ་ཞེས་པ་སྟེ། དགྲ་བཅོམ་པའི་ཡུལ་འདི་ལ་ལྟུང་བ་འབྱུང་ན་བདག་ལ་ཐེ་ཚོམ་བརྟན་པོ་ཡོད་ཀྱིས་ཞེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་རེ་ཞིག་མི་དགེ་བའི་སེམས་དང་ལྡན་པ་ལ་ནི་ལྟུང་བ་འབྱུང་ན་དགྲ་བཅོམ་པའི་སེམས་ནི་མི་དགེ་བའི་སེམས་ཐམས་ཅད་སྤངས་པ་ཁོ་ན་ཡིན་ན་དེ་ཅི་འདི་ལ་ལྟུང་བ་འབྱུང་ངམ། འོན་ཏེ་མ་ཡིན་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཅི་ལགས་དགེ་སློང་དགྲ་བཅོམ་པ་དགེ་བའི་སེམས་དང་ལྡན་པ་ལ་ལྟུང་བ་འབྱུང་བར་འགྱུར་རམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགྲ་བཅོམ་པ་ལ་ལྟུང་བ་གང་ཅུང་ཟད་ཅི་འབྱུང་བ་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་འབྱུང་བར་བརྗོད་པར་བྱའོ། །བཙུན་པ་ཇི་ལྟར་དགེ་སློང་དགྲ་བཅོམ་པ་ལ་ལྟུང་བ་གང་ཅུང་ཟད་ཅི་འབྱུང་བ་ཐམས་ཅད་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་འབྱུང་བར་བརྗོད་པར་བགྱི་ལགས་སམ། ཉེ་བ་འཁོར་འདི་ལྟར་བརྒྱ་ལ་ངེས་འགའ་ཞིག་དྲན་པ་བརྗེད་ནས་གོས་རུང་བ་མ་ཡིན་པ་ཅི་ཙམ་འདོད་པ་འཆང་ངམ། སྣམ་སྦྱར་མེད་པར་གྲོང་དུ་འཇུག་གམ། མགྲོན་དུ་མ་བོས་པར་གྲོང་དུ་འགྲོ་འམ། ཡང་ཡང་ཟའམ། འདུས་ཤིང་ཟ་འམ། གཉིད་ལོག་པ་ལས་མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་


DTG167_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞག་གམ། བུད་མེད་ཀྱི་མལ་དུ་བསྙལ་ལམ། ནུབ་གསུམ་པ་ལ་བསྙེན་པར་མ་རྫོགས་པ་དག་ཕྱུང་སྟེ་ཉལ་བ་ལས་དེའི་འོག་ཏུ་བསྙེན་པར་མ་རྫོགས་པ་དག་ཞུགས་ན་དེ་དག་དང་བསད་ནས་ལྟུང་བ་དེ་ཆོས་བཞིན་དུ་སླར་འཆོས་པ་སྟེ། དེ་ལྟར་ན་དགེ་སློང་དགྲ་བཅོམ་པ་ལ་ལྟུང་བ་གང་ཅུང་ཟད་ཅིག་འབྱུང་བ་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ལ་འབྱུང་བར་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དགེ་འདུན་དབྱེན་བྱེད་གང་ཡང་རུང༌། །ཞེས་བྱ་བ་ལ་སོགས་པ་ལ། གང་དུ་ཡང་རུང་ཞེས་བྱ་བ་ནི་མིང་མ་སྨོས་པའོ། །བསྐལ་པ་ནི་བར་གྱི་བསྐལ་པ་ལ་སོགས་པ་དུས་ཀྱི་བྱེ་བྲག་གོ །དེར་གནས་པས་ན་བསྐལ་པར་གནས་པ་སྟེ། མནར་མེད་པའི་བར་གྱི་བསྐལ་པར་གནས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །བྱམས་ན་ཞེས་བྱ་བ་ནི་འགྲོགས་བཤེས་ཡིན་ཏེ། བཤེས་པ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ །ཐེ་ཚོམ་མྱུར་དུ་སོལ་ཅིག་ཅེས་བྱ་བར་སྦྱར་ཏེ། མྱུར་དུ་ཞེས་བྱ་བ་ནི་སྐྱེན་པར་རོ། །སོལ་ཅིག་ཅེས་བྱ་བ་ནི་བོར་ཅིག་པའོ། །འདི་ལ་གཞན་གྱི་བསམ་པ་ནི་གང་ལ་ལ་དགེ་འདུན་གྱི་དབྱེན་བྱེད་པ་དེ་ཐམས་ཅད་བསྐལ་པར་གནས་པར་འགྱུར་རོ་ཞེས་བྱ་བ་དེ་ནི་ངེས་ན། ཅི་དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ལ་བསྐལ་པར་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་སྲིད་པ་ཡོད་དམ་ཞེས་བྱ་བ་དེ་ཁོ་བོའི་ཐེ་ཚོམ་དེ་ལྟ་བུ་སོལ་ཅིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མུ་བཞི་སྲིད་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། གང་ལ་ལ་དགེ་འདུན་གྱི་དབྱེན་བྱེད་པ་དེ་ཐམས་ཅད་བསྐལ་པར་གནས་པ་ཡང་ཡིན་ནམ། གང་ལ་ལ་བསྐལ་པར་གནས་པ་དེ་ཐམས་ཅད་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པ་ཡང་ཡིན་ནམ་ཞེ་ན། དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ལ་བསྐལ་པར་གནས་པ་མ་ཡིན་པ་ཡོད། བསྐལ་པར་གནས་པ་ཡིན་ལ་དགེ་འདུན་གྱི་དབྱེན་བྱེད་པ་མ་ཡིན་པ་ཡོད། དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ལ་བསྐལ་པར་གནས་པ་ཡིན་པ་ཡང་ཡོད། དགེ་འདུན་གྱི་དབྱེན་བྱེད་པ་ཡང་མ་ཡིན་ལ་བསྐལ་པར་གནས་པ་ཡང་མ་ཡིན་པ་ཡང་ཡོད་དོ། །ཉེ་བ་འཁོར་དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ལ་བསྐལ་པར་གནས་པ་མ་ཡིན་པ་ཡང་གང་ཞེ་ན། གང་གིས་ཆོས་མ་ཡིན་


DTG167_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཆོས་སུ་འདུ་ཤེས་ཤིང་བྱེ་བ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་སྟེ། འདི་ནི་དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ལ་བསྐལ་པར་གནས་པ་མ་ཡིན་ནོ། །བསྐལ་པར་གནས་པ་ཡིན་ལ་དགེ་འདུན་གྱི་དབྱེན་བྱེད་པ་མ་ཡིན་པ་གང་ཞེ་ན། ཀླུའི་རྒྱལ་པོ་ས་སྲུང་གི་བུ་དང༌། ཀླུའི་རྒྱལ་པོ་རབ་གནས་དང༌། ཀླུའི་རྒྱལ་པོ་ཡིད་ལས་བྱུང་དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོ་དང༌། ཀླུའི་རྒྱལ་པོ་ལ་བ་ཅན་དང༌། མགྱོགས་འགྲོ་དག་དང༌། ཀླུའི་རྒྱལ་པོ་གཤིན་རྗེ་དང༌། ཚངས་རིས་ཀྱི་ལྷ་རྣམས་ཏེ། འདི་དག་ནི་བསྐལ་པར་གནས་པ་ཡིན་ལ་དགེ་འདུན་གྱི་དབྱེན་བྱེད་པ་མ་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱེད་པ་ཡང་ཡིན་ལ་བསྐལ་པར་གནས་པ་ཡང་ཡིན་པ་གང་ཞེ་ན། ལྷ་སྦྱིན་ཏེ། འདི་ནི་དགེ་འདུན་གྱི་དབྱེན་བྱེད་པ་ཡང་ཡིན་ལ་བསྐལ་པར་གནས་པ་ཡང་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱེད་པ་ཡང་མ་ཡིན་ལ་བསྐལ་པར་གནས་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་མིན་པས་ལྟུང་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་མིན་ཞེས་བྱ་བ་ནི་དགེ་སློང་ཉིད་དང་བྲལ་བས་སོ། །ལྡང་འགྱུར་ཞེས་བྱ་བ་ནི་ལྟུང་བ་མེད་པའོ། །དང་ཞེས་བྱ་བ་ནི་དོན་གཞན་དྲང་པའི་ཕྱིར་ཏེ་འོག་མ་དག་ལ་ཡང་དེ་བཞིན་ནོ། །བཟློག་པ་ནི་ཇི་སྐད་བཤད་པ་ལས་བཟློག་པའོ། །དེ་ལ་བཟློག་པའི་དོན་ནི། །དགེ་སློང་གིས་ནི་ལྟུང་བྱས་ལ། །དགེ་སློང་མིན་པས་ཇི་ལྟར་ལྡང༌། །ཞེས་བྱ་བ་འདི་ཡིན་ནོ། །ཐེ་ཚོམ་མྱུར་དུ་སོལ་ཅེས་བྱ་བར་སྦྱར་ཏེ། མྱུར་དུ་ཞེས་བྱ་བ་ནི་མི་ཐོགས་པར་རོ། །ཆོད་ཅེས་བྱ་བ་ནི་སོལ་ཅིག་པའོ། །འདི་ལ་དོན་ནི་གང་གི་ཚེ་དགེ་སློང་མ་ཡིན་པ་དགེ་སྦྱོང་ལ་སོགས་པས་ལྟུང་བ་ལྷག་པར་སྤྱད་པ་དེའི་ཚེ། དགེ་སློང་དུ་གྱུར་ནས་ཇི་ལྟར་ལྡང་བར་གསུངས་པའམ། གང་གི་ཚེ་དགེ་སློང་གིས་ལྟུང་བ་བྱུང་བ་དེའི་ཚེ་དགེ་སློང་མ་ཡིན་པར་གྱུར་ནས་ལྟུང་བ་ལས་ཇི་ལྟར་ལྡང་བར་འགྱུར་ཞེས་བྱ་བ་བདག་གི་ཐེ་ཚོམ་དེ་ལྟ་བུ་མྱུར་དུ་སོལ་ཅིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། མཚན་གྱུར་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པའི་ཚེ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་


DTG167_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་མ་ལགས་པས་ལྟུང་བ་བྱུང་ལ་དགེ་སློང་དུ་གྱུར་ནས་ལྡང་བར་འགྱུར་ཞིང༌། དགེ་སློང་གིས་ལྟུང་བ་ཕྱུང་ལ་དགེ་སློང་མ་ལགས་པར་གྱུར་པས་ལྡང་བར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དོ། །དགེ་སློང་མ་ལགས་པས་ལྟུང་བ་བྱུང་ལ་དགེ་སློང་དུ་གྱུར་པས་ལྡང་བར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་མས་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མའི་ལྟུང་བ་ཕྱུང་ལ་དེའི་མཚན་གྱུར་ནས་དགེ་སློང་དུ་རེད་ན་ལངས་པ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ན་དགེ་སློང་མ་ཡིན་པས་ལྟུང་བ་ཕྱུང་ལ་དགེ་སློང་དུ་གྱུར་ནས་ལྡང་བ་ཡིན་ནོ། །དགེ་སློང་གིས་ལྟུང་བ་ཕྱུང་ལ་དགེ་སློང་མ་ལགས་པར་གྱུར་ནས་ལྡང་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མའི་ལྟུང་བ་ཕྱུང་ལ་དེའི་ཚེ་མཚན་གྱུར་ཏེ། མཚན་གྱུར་ནས་དགེ་སློང་མར་རེད་ན་ལངས་བ་ཞེས་བརྗོད་པར་བྱ་བ་སྟེ། དེ་ལྟར་དགེ་སློང་གིས་ལྟུང་བ་ཕྱུང་ལ་དགེ་སློང་མ་ཡིན་པར་རེད་ནས་ལྡང་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་གཉིད་མ་ལོག་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། གཉིད་མ་ལོག་པ་ནི་མ་ཉལ་བའོ། །བྱས་ནས་ཞེས་བྱ་བ་ནི་ལྟུང་བ་ཞེས་བྱ་བར་སྦྱར་རོ། །གཉིད་ལོག་ནས་ཞེས་བྱ་བ་ནི་ཉལ་ནའོ། །དང་ཞེས་བྱ་བའི་སྒྲས་ནི་བཟློག་པ་ཡང་གསལ་བར་སྨྲོས་ཤིག་ཅེས་བྱ་བ་བསྡུས་ཏེ། བཟློག་པ་ནི་བཤད་པ་ལས་བཟློག་པའོ། །དེ་ལས་བཟློག་པའི་དོན་ནི། དགེ་སློང་གཉིད་ལོག་ལྟུང་བྱས་ནས། །སད་ནས་ཇི་ལྟར་ལྡང་བར་འགྱུར། །དྲི་ཡིས་ཁྱོད་ནི་སྨྲ་བར་གྱིས། །ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་གཏན་ལ་དབབ་པ་འདི་ཡིན་ཏེ། ལས་བརྗོད་པ་དང་གཞན་གྱི་ཐོ་འཚམས་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཉིད་ཀྱིས་མ་ལོག་པ་ན་ལྟུང་བ་བྱུང་ལ་གཉིད་ཀྱིས་ལོག་ནས་ལྟུང་བ་ལས་ལྡང་ཞིང་གཉིད་ཀྱིས་ལོག་པ་ན་བྱུང་ལ་གཉིད་སད་ནས་ལྡང་བར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གཉིད་ཀྱིས་མ་ལོག་པ་ན་ལྟུང་བ་བྱུང་ལ་གཉིད་ཀྱིས་ལོག་ནས་ལྡང་བར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་དགེ་འདུན་ལྷག་


DTG167_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་དབྱུང་བར་བྱ་བའི་ལས་རྗོད་པར་བྱེད་པ་ན་གསོལ་བ་ཐོས་ནས་ཉལ་ཏེ་དེ་གཉིད་ལོག་པ་དང་ལས་བརྗོད་པ་གསུམ་པ་མཐར་ཕྱིན་ནས་ཏེ། དེ་ལྟར་གཉིད་ཀྱིས་མ་ལོག་པ་ལས་ན་ལྟུང་བ་ཕྱུང་ལ་གཉིད་ཀྱིས་ལོག་ནས་ལྡང་བར་འགྱུར་བ་ཡིན་ནོ། །གཉིད་ཀྱིས་ལོག་པ་ན་ལྟུང་བ་བྱུང་ལ་གཉིད་སད་ནས་ལྡང་བར་འགྱུར་བ་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གཉིད་ལོག་པ་ལས་མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་བཞག་པའམ། གཉིད་ལོག་པ་ལས་བུད་མེད་ཀྱིས་མལ་དུ་བསྙལ་བའམ། ནུབ་གསུམ་པ་ལ་བསྙེན་པར་མ་རྫོགས་པ་དག་ཕྱིར་ཕྱུང་ཏེ་ཉལ་བ་ལས་དེའི་འོག་ཏུ་བསྙེན་པར་མ་རྫོགས་པ་དག་ཞུགས་ན། དེ་དེ་དག་དང་སད་ནས་ལྟུང་བ་དེ་ཆོས་བཞིན་སླར་འཆོས་པ་སྟེ། དེ་ལྟར་ན་གཉིད་ལོག་པ་ན་ལྟུང་བ་འབྱུང་ལ་གཉིད་སད་ནས་ལྡང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྟན་གཅིག་ལ་འདུག་པའི་ཞེས་བྱ་བ་ལ་སོགས་པ་ནི་སྟན་གཅིག་ལ་འདུག་པའི་དགེ་སློང་ལ་རྒྱུ་གང་གིས་ལྟུང་བའི་རིས་ལྔ་འབྱུང་ཞེས་བྱ་བར་སྦྱར་རོ། །སྟན་ནི་ཁྲིའུ་ལ་སོགས་པ་སྟེ། འདིར་གཞན་འདུག་ཅིང་གནས་པས་སོ། །འདུག་པ་ནི་གནས་པའོ། །རྒྱུ་གང་གིས་ཞེས་བྱ་བ་ནི་བྱེད་རྒྱུ་གང་གིས་སོ། །ལྟུང་བའི་རིས་ནི་ལྔ་པོ་དག་ཅེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་ཞེས་བྱ་བ་རིས་ལྔ་པོ་དག་གོ །འདི་ལ་འདྲི་བའི་བསམ་པ་ནི་ཕན་ཚུན་འགྲོ་བ་དང་བྱ་བའི་ལྟུང་བའི་རིས་ལྔ་པོ་དག་མ་བྱུང་བར་མཐོང་གི་སྟན་གཅིག་ཁོ་ན་ལ་འདུག་པ་ལ་ནི་མ་ཡིན་ན། འདི་ལ་ཁྱོད་ཀྱིས་རྒྱུ་གང་གིས་འདི་དག་འབྱུང་བའི་རྒྱུ་ཁོ་བོ་ལ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། སྟན་གཅིག་ལ་འདུག་པ་དང༌། འབྲེལ་པའི་ལྟུང་བ་སྲིད་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་སྟན་གཅིག་ལ་མཆིས་པ་ལ་ལྟུང་བའི་རིས་ལྔ་པོ་ཐམས་ཅད་འབྱུང་བར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཆོས་གོས་


DTG167_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཟན་ཟ་ན་ཉེས་བྱས་སུ་འགྱུར་རོ། །བསླབ་པའི་སྡོམ་པས་བསྡམས་པའི་སློབ་པའི་ཁྱིམ་དག་ནས་རང་གི་ལག་གིས་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་ལེན་ན་སོ་སོར་བཤགས་པར་འགྱུར་རོ། །བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །བུད་མེད་ལ་གནས་ངན་ལེན་བརྗོད་པ་སྨྲ་ན་དགེ་འདུན་ལྷག་མར་འགྱུར་རོ། །བདག་ཉིད་མིའི་ཆོས་བླ་མ་མེད་ཅིང་མི་བདོག་བཞིན་དུ་བརྗོད་ན་ཕས་ཕམ་པར་འགྱུར་རོ་ཞེས་བྱ་བ་ནི། དགེ་སློང་སྦྱོར་བ་གཅིག་གིས་ནི་ཞེས་བྱ་བ་ནི་དགེ་སློང་གཅིག་གིས་སྦྱོར་བ་གཅིག་གིས་ཇི་ལྟར་ལྟུང་བ་སྟོང་བྱེད་པར་འགྱུར་ཞེས་བྱ་བར་སྦྱར་རོ། །སྦྱོར་བ་གཅིག་གིས་བྱ་བ་ནི་བྱེད་པ་གཅིག་གིས་ཏེ་རྩོམ་པ་གཅིག་གིས་ཞེས་བྱ་བའི་ཐ་ཚིག་གོ །སྟོང་ཞེས་བྱ་བ་ནི་བརྒྱ་དང་སྟོང་མཚོན་པ་ཡིན་ནོ། །དེ་ཉིད་རིག་པ་ནི་དོན་དམ་པ་རིག་པ་སྟེ་འདུན་པའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །འདི་ལ་བསམ་པ་ནི་སྦྱོར་བ་ཐ་དད་པ་ཉིད་ལ་ནི་ལྟུང་བ་མང་པོ་དག་འབྱུང་བར་བཏུབ་ཀྱི་སྦྱོར་བ་གཅིག་གིས་ནི་མ་ཡིན་ན་དེ་ཇི་ལྟ་བུ་ཞིག་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། ཁྲོས་ནས་གཞན་དག་ལ་བྱེ་མ་ལ་སོགས་པའི་སྤར་བས་བསྣུན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་སྦྱོར་བ་གཅིག་གིས་ལྟུང་བ་བརྒྱའམ་ལྟུང་བ་སྟོང་ངམ། དེ་ལས་ལྷག་པ་འབྱུང་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་ཁྲོས་འཁྲུགས་རྔམ་མ་རངས་ནས་སྐྱེ་བོ་ཕལ་པོ་ཆེ་འདུས་ཤིང་འཁོད་པ་ལ་སྲན་སྤར་གྱིས་བཏབ་བམ། མོན་སྲན་སྡེའུ་སྤར་གྱིས་བཏབ་བམ། བྱེ་མ་སྤར་གྱིས་བཏབ་སྟེ་བསྣུན་ན་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བསམ་གཏན་དང་པོ་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང་པོ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། བསམ་གཏན་ནི་མཉམ་པར་གཞག་པ་དགེ་བ་རྩེ་གཅིག་པའོ། །སོགས་པ་ཞེས་སྨོས་པས་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ལ་སོགས་པའི་མཚན་ཉིད་བསམ་གཏན་གཉིས་པ་ལ་སོགས་པ་བསྡུའོ། །ཅིའི་ཕྱིར་


DTG167_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །འདི་ལ་དོན་ནི་རེ་ཞིག་དགེ་བའི་སེམས་ལ་གནས་པ་ལ་ཡང་ལྟུང་བ་འབྱུང་བ་མེད་པས་བསམ་གཏན་དང་པོ་ལ་སོགས་པ་ལ་སྙོམས་པར་ཞུགས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ན་དེ་ལ་འབྱུང་ངོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། ཁང་པ་བྱ་བ་བསྐོ་བའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞི་གང་གིས་བསམ་གཏན་དང་པོ་ལ་སྙོམས་པར་མ་ཞུགས་པ་ལ་དགེ་འདུན་ལྷག་མར་འགྱུར་བའི་གཞི་དེས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་ལ་དགེ་འདུན་ལྷག་མར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་ཚེ་ངའི་ཁང་པ་རྩིགས་ཤིག་ཅེས་བསྒོ་ཞིང་བསྒོས་ནས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་དང༌། ཁང་པ་མཐར་ཕྱིན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ། །གཞི་གང་གིས་བསམ་གཏན་གཉིས་པ་ལ་སོགས་པ་ལ་སྙོམས་པར་མ་ཞུགས་པ་ལ་དགེ་འདུན་ལྷག་མར་འགྱུར་བའི་གཞི་དེས་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་སོགས་པར་ཞུགས་པ་ལ་དགེ་འདུན་ལྷག་མར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་སོགས་པར་འཇུག་པའི་ཚེ་ངའི་ཁང་པ་རྩིགས་ཤིག་ཅེས་བསྒོ་ཞིང་བསྐོས་ནས་བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་ལ། དེ་བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་པ་དང་ཁང་པ་མཐར་ཕྱིན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་ཐ་ན་ཉེས་བྱས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཐ་ན་ཞེས་བྱ་བ་ནི་ཆུང་དུ་ནའོ། །ནམ་དུ་འང་ཞེས་བྱ་བ་ནི་གཞར་ཡང་སྟེ། འདིས་ནི་གཏན་དུ་མི་འབྱུང་བར་སྟོན་པར་བྱེད་དོ། །འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་ན་ཡང་ངོ༌། །འདི་ལ་འདྲི་བའི་དོན་ནི་གང་ལ་ལས་ཕས་ཕམ་པར་འགྱུར་བ་ལྷག་པར་


DTG167_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དེ་དགེ་སློང་མ་ཡིན་པར་གསུངས་ཀྱི། ཉེས་བྱས་ཀྱི་ལྟུང་བ་འབྱུང་བ་ཡང་ནི་མ་ཡིན་ནོ། །འོན་ཀྱང་དགེ་སློང་མ་ཡིན་པ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། མཚན་གྱུར་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གིས་ནམ་ཡང་ཐ་ན་ཉེས་བྱས་ཀྱི་ལྟུང་བ་ཡང་མ་བྱུང་ལ། འོན་ཀྱང་དགེ་སློང་མ་ལགས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མཚན་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་མ་ནི་ནམ་དུ་ཡང་ཞེས་བྱ་བ་ལ་སོགས་པ་ལ་ནམ་དུ་ཡང་ཞེས་བྱ་བ་ནི་གཞར་ཡང་ངོ༌། །མི་བྱེད་ཅེས་བྱ་བ་ནི་དགག་པའོ། །འདི་ལ་སྐབས་ཀྱི་དོན་ནི་ཐུན་མོང་ངམ་ཐུན་མོང་མ་ཡིན་པའི་ཕས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་ན་དགེ་སློང་མ་མ་ཡིན་པ་རྣམ་པར་གཞག་གི །དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་ལྷག་པར་སྤྱོད་པ་ཡང་ནི་མ་ཡིན་ནོ། །འོན་ཀྱང་དགེ་སློང་མ་ཡིན་ཞེས་གསུངས་པ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་མཚན་གྱུར་པ་ལ་དགོངས་ཏེ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། དགེ་སློང་མས་ནམ་དུ་ཡང་ཐ་ན་ཉེས་བྱས་ཀྱི་ལྟུང་བ་ཡང་མ་བྱུང་ལ། འོན་ཀྱང་དགེ་སློང་མ་མ་ལགས་པར་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། དགེ་སློང་མ་མཚན་གྱུར་ནའོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དགེ་སློང་དགྲ་བཅོམ་མིན། །ཞེས་བྱ་བ་ལ་སོགས་པ་ལ་དགྲ་བཅོམ་མིན་ཞེས་བྱ་བ་ནི་དགྲ་བཅོམ་པ་ལས་གཞན་པ་སྡེ་སོ་སོའི་སྐྱེ་བོའོ། །ཕ་མིན་ཞེས་བྱ་བ་ནི་ཕ་ལས་གཞན་པའི་སེམས་ཅན་མིའི་འགྲོ་བར་སྐྱེས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཞན་འདྲེན་པ་དེ་ཇི་ལྟ་བུར་ཕས་ཕམ་པར་འགྱུར་བར་གསུངས་ཞེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་གང་དགེ་སློང་འགའ་ཞིག་གིས་དགེ་སློང་དགྲ་བཅོམ་པ་མ་ཡིན་པ་སོ་སོའི་སྐྱེ་བོ་ཞིག་བསད་ན་དེ་ལ་ཕས་ཕམ་པར་འགྱུར་བ་འབའ་ཞིག་ཏུ་ཟད་ན། འོན་ཀྱང་དེས་ཕས་ཕམ་པ་དང་མནར་མེད་པར་ཡང་གསུངས་སོ་ཞེས་བྱ་བ་དེ་ལྟ་བུ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་


DTG167_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཚན་གྱུར་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། འདིར་གཞུང་ནི། བཙུན་པ་དགེ་སློང་ཞིག་གིས་དགེ་སློང་ཞིག་གི་སྲོག་བཀུམ་ལ་དེ་ཕ་ཡང་མ་ལགས་དགྲ་བཅོམ་པ་ཡང་མ་ལགས་ན། འོན་ཀྱང་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་གིས་མ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་གྱུར་ན། དེ་མཚན་གྱུར་ཏེ་མཚན་གྱུར་ནས་བསད་ན་ཕས་ཕམ་པར་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལ་འདྲི་བའི་དོན་ནི། དགེ་སློང་མ་ནི་དགྲ་བཅོམ་མིན། །མ་མིན་བསད་ན་ཇི་ལྟ་བུར། །མཚམས་མེད་པ་དང་དེ་བཞིན་དུ། །ཕས་ཕམ་འགྱུར་བ་གསུངས་པར་སྨྲོས། །ཞེས་བྱ་བ་ཡང་རུང་སྟེ། དེ་ལ་དགྲ་བཅོམ་མིན་ཞེས་བྱ་བ་ནི་དགྲ་བཅོམ་པ་ལས་གཞན་པ་སོ་སོའི་སྐྱེ་བོའོ། །མ་མིན་པ་ཞེས་བྱ་བ་ནི་མ་ལས་གཞན་པའི་སེམས་ཅན་མིའི་འགྲོ་བར་སྐྱེས་པའོ། །འདིར་ཡང་ལན་ནི་འདི་ཡིན་ཏེ། ཕ་མཚན་གྱུར་པ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་མས་དགེ་སློང་མ་ཞིག་བཀུམ་ལ་དེ་ཡང་མ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས་ན། འོན་ཀྱང་ཕས་ཕམ་པར་འགྱུར་ཞིང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་གང་གིས་ཕ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གྱུར་ལ། དེ་མཚན་གྱུར་ནས་བསད་ན་ཕས་ཕམ་པར་ཡང་འགྱུར་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ཀྱང་རེག་པར་ཡང་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་མཚན་གྱུར་པ་གཉིས་ལས་ཀྱང་ངོ་ཞེས་བཤད་དོ། །གཞན་གྱིས་ཚིག་སྨྲས་གཞན་ལ་ནི། །ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱིས་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པས་སོ། །ཚིག་སྨྲས་པ་ནི་ཚིག་ཏུ་བརྗོད་པའོ། །གཞན་ལ་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་དགེ་སློང་འགའ་ཞིག་ལའོ། །མྱུར་དུ་


DTG167_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྐྱེན་པར་རོ། །འདི་ལ་དོན་ནི་ལྟུང་བའི་རིས་ལྔ་པོ་དག་ནི་ཅི་རིགས་པར་རང་གི་ངག་དང་འབྲེལ་པ་ཡིན་ན། འོན་ཀྱང་གཞན་གྱིས་ཚིག་སྨྲ་བ་བྱས་ནས་དགེ་སློང་ལ་འདི་དག་འབྱུང་བ་དེ་ཇི་ལྟ་བུ་ཡིན་པ་དེ་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ལས་བརྗོད་པ་ལ་སོགས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། བཙུན་པ་གཞན་གྱིས་ཚིག་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ཕས་ཕམ་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མས་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་ཞིག་མ་མཐོང་བའི་ཕྱིར་བསྐྲད་པར་ཤེས་བཞིན་དུ་རྗེས་སུ་ཕྱོགས་ཤིང་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་གཏོང་དུ་མི་བཏུབ་ན་ཕས་ཕམ་པར་འགྱུར་རོ། །བཙུན་པ་གཞན་གྱིས་ཚིག་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་དགེ་འདུན་ལྷག་མར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་གཏོང་དུ་མི་བཏུབ་ན་དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ་གཞན་གྱིས་ཚིག་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་གིས་སྡིག་པ་ཅན་གྱི་ལྟ་བ་ཡང་དག་པར་བླངས་ལ་བླངས་ནས་འདོར་དུ་མི་བཏུབ་ན་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་གཞན་གྱིས་ཚིག་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་སོ་སོར་བཤགས་པར་བགྱི་བར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་ཁྱིམ་དག་ཏུ་མགྲོན་དུ་བོས་ཏེ་ཟན་ཟ་ལ་དེ་ན་ཡང་དགེ་སློང་མ་བསྐོ་ཤམ་བྱེད་པ་ཞིག་ཡོད་དེ་འདི་ལ་ནི་བཟའ་བ་བྱིན་ཅིག །འདི་ལ་ནི་འབྲས་ཆན་བྱིན་ཅིག །འདི་ལ་ནི་སྲན་ཚོད་བྱིན་ཅིག་འདི་ལ་ནི་མང་དུ་བྱིན་ཅིག་ཟེར་ལ། དེ་ལ་མ་བསྒོ་བར་ཟན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །བཙུན་


DTG167_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་གྱིས་ཚིག་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་ཉེས་བྱས་སུ་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་སོ་སོར་ཐར་པའི་མདོ་གདོན་པར་འདོད་པའི་ཚེ་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒྲགས་ཀྱང་ལྟུང་བ་དྲན་བཞིན་དུ་མི་འཆགས་ན་དེས་སྨྲས་པའི་རྐྱེན་གྱིས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟར་དགེ་སློང་གཅིག་པུ་ལ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པ་ལ་བྱའོ། །ཕས་ཕམ་པར་འགྱུར་བ་བཞི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང༌། མ་བྱིན་པར་ལེན་པ་དང༌། གསོད་པ་དང༌། སྨྲ་བ་དང་ཞེས་པ་དག་གོ །དོན་བཞིན་དུ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུའོ། །འདི་ལ་བསམ་པ་ནི་ཟླ་ཞིག་ཡོད་ན་ཕས་ཕམ་པར་འགྱུར་བ་རྣམས་འབྱུང་ངོ་ཞེས་བྱ་བ་དེ་ནི་ཤིན་ཏུ་གྲགས་ན། ཅི་གཅིག་པུ་ཁོ་ན་ལ་ཕས་ཕམ་པ་བཞི་འབྱུང་བ་གང་ཡིན་པ་དེ་སྲིད་པ་ཡོད་དམ་མེད་བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པར་བྱ་བ་ནི་འདི་ཡིན་ཏེ། དུས་གཞན་ན་སྦྱོར་བ་བྱས་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་གཅིག་པུ་གཙུག་ལག་ཁང་དུ་ཞུགས་པ་ལ་ཕས་ཕམ་པ་བཞི་འབྱུང་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། དཔེར་ན་མཚན་རིངས་དང་རྒྱབ་མཉེན་ལྟ་བུའོ། །མ་བྱིན་པར་ལེན་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་སྦྱོར་བ་བྱས་ནས་གཙུག་ལག་ཁང་དུ་ཞུགས་ནས་དེ་བརྐུས་ནའོ། །གསོད་པའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་སྦྱོར་བ་བྱས་ནས་གཞལ་ཡས་ཁང་དུ་ཞུགས་ལ་དེ་ཡང་བསད་ནའོ། །སྨྲ་བའི་རྐྱེན་གྱིས་ཇི་ལྟ་བུ་ལགས། འདི་ལྟར་དགེ་སློང་གིས་འདི་སྐད་དུ་བདག་ནི་དགྲ་བཅོམ་པ་བདག་ནི་སངས་རྒྱས་སོ་ཞེས་སྨྲས་སོ་ཞེས་བྱ་བ་ཡིན་ཏེ། དོན་འདི་ནི་བཤད་ཟིན་མོད་ཀྱིས་ཕས་ཕམ་པ་བཞི་འབྱུང་བའི་སྐབས་ཀྱིས་ཡང་བཤད་དོ། །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་


DTG167_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་གཏན་ལ་དབབ་པའོ།། །།འདི་ལ་གསོལ་བའི་ལས་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་ཞེས་བྱ་བ་ནི་ལས་དག་ལའོ། །གསོལ་བ་ནི་བྱེད་པར་འགྱུར་བའི་ལས་གོ་བར་བྱེད་པའོ། །གསོལ་བ་ཉིད་ལས་ཡིན་པས་གསོལ་བའི་ལས་སོ། །དེ་བས་ན་གསོལ་བའི་བདག་ཉིད་ཀྱི་ལས་དག་ནི་གསོལ་བའི་ལས་ཏེ། དེ་དག་དུ་ཞིག་ཡོད་ཅེས་བྱ་བ་གྲངས་སུ་ཞེས་བྱ་བའི་ཐ་ཚིག་གོ །དང་ཞེས་བྱ་བ་ནི་བསྡུ་བ་སྟེ། འོག་མ་ལ་ཡང་དེ་དང་འདྲའོ། །གསོལ་བར་བཅས་པའི་ལས་ཞེས་བྱ་བར་སྦྱར་ཏེ། ལས་ནི་བརྗོད་པ་བཟླས་པ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་གསོལ་བ་དང་བཅས་པའི་ལས་ནི་དུ་ཞིག་ཡོད་ཅེས་བྱ་བར་སྦྱར་རོ། །ལེགས་གྲགས་ཞེས་བྱ་བ་ནི་ཀུན་གྱིས་ཤེས་པ་སྟེ། དེ་ནི་དོན་མི་གསལ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྣམ་པར་དབྱེ་བ་སྨྲ་བར་གྱིས་ཞེས་བྱ་བར་སྦྱར་ཏེ། རྣམ་པར་དབྱེ་བ་ནི་ཐ་དད་པ་ཉིད་དོ། །དོན་གང་ལས་དེ་སྐད་དུ་གསུངས་ཞེས་བྱ་བའི་དོན་ཏེ། འབོད་དེ་སྨྲ་བར་གྱིས་ཞེས་སྦྱར་བར་བྱའོ། །འདི་ལ་དོན་ནི་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ཇི་སྙེད་ཡོད་པ་དང་དེ་དག་གི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དེ་ནི་ཀུན་ལ་གྲགས་ཏེ། དེ་ལས་ཟབ་པ་ཅི་ཡང་མེད་པས་དེ་ནི་གསོལ་བ་ཉིད་ལས་དེ་ཁོ་བོ་ལ་འབོད་དེ་སྨྲོས་ཤིག་ཅེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དེ་ནི་ལས་བརྒྱ་རྩ་གཅིག་གི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། ལས་དུ་ཞིག་གིས་ལས་ཐམས་ཅད་བསྡུས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསུམ་གྱིས་ཏེ། གསོལ་བ་དང་ལས་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ལས་བརྒྱ་རྩ་གཅིག་བཀའ་སྩལ་པ་གང་ལགས་པ། དེ་ལ་གསོལ་བའི་ལས་ཀྱིས་ནི་དུ་ཞིག་བསྡུས་ལ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ནི་དུ་ཞིག་བསྡུས། གསོལ་བ་དང་བཞིའི་ལས་ཀྱིས་ནི་དུ་ཞིག་བསྡུས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་


DTG167_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་རྣམ་པར་དབྱེ་བ་ཡང་མདོ་བྱེད་པས་བཤད་དེ། གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁས་བུབ་བྱ་བ་དང༌། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང༌། །མི་འབྲལ་སྨྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབས་པར་བྱེད་པ་དང༌། །རུང་བའི་ས་གཞི་བསྐོ་བ་དང༌། །སྲ་བརྐྱང་དང་ནི་དེ་གདིང་དང༌། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང༌། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་འདྲིམ་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟན་པ་དང༌། །གླེང་དང་འབྲལ་བར་མི་འགྱུར་དང༌། །སྟན་དང་ལྷུང་བཟེད་འདྲི་མ་པ་དང༌། །མ་དང་གོ་བྱར་བྱ་བ་དང༌། །སྟོན་པ་དང་ནི་ནགས་ཉུལ་དང༌། །ཕྱག་མི་བྱ་དང་མང་ཕྱིར་དང༌། །ཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་སྦྱིན་དང་ཉེར་གནས་དང༌། །བུ་དང་ཉེ་དུ་ཕྱིར་འགྲོ་དག །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང༌། །བརྒྱད་དང་དྲན་དང་མ་སྨྱོས་དང༌། །དེ་ཉིད་ཚོལ་དུ་གཞུག་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །འདི་ཉིད་ལ་བརྒལ་བ་དང་ལན་དུ་བཅས་པའི་ཚིག་ལེའུར་བྱས་བ་དག་ཅིག་ཀྱང་ཡོད་དོ། །ཁོ་བོས་བྱས་པའི་ལས་བརྒྱ་རྩ་གཅིག་རྣམ་པར་དབྱེ་བ་ཡོད་པས་དེ་ཡང་བལྟ་བར་བྱའོ། །གཞུང་མངས་ཀྱིས་དོགས་ནས་འདིར་ནི་ཉེ་བར་མ་བཀོད་དོ། །ཚིག་ཏུ་ཡང་ནི་མི་སྨྲ་ལ། །ཞེས་བྱ་བ་ལ་སོགས་པ་


DTG167_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཚིག་ཏུ་སྨྲ་བ་ནི་ཚིག་ཏུ་བརྗོད་པའོ། །མི་སྨྲ་ལ་ཞེས་བྱ་ནི་དགག་པའོ། །ལུས་ཀྱིས་རྩོལ་བར་མི་བྱེད་པ། །ཞེས་བྱ་བར་སྦྱར་ཏེ། འང་ཞེས་བྱ་བ་ནི་བསྡུ་བའོ། །མི་བྱེད་པ་ནི་དགག་པའོ། །ལུས་ཀྱིས་རྩོལ་བ་ནི་ལུས་ཀྱིས་བྱེད་པའོ། །ཕས་ཕམ་པ་འབྱུང་བར་འགྱུར་བ་ཇི་ལྟ་བུ་ཡིན་ཞེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་ཕས་ཕམ་པར་འགྱུར་བ་ནི་ཡང་ན་ནི་ཚིག་རྣམ་བཞག་སྟེ། དཔེར་ན་བླ་མ་སྨྲ་བ་ལྟ་བུའོ། །ཡང་ན་ལུས་ཀྱིས་བྱེད་པ་སྟེ། དཔེར་ན་མི་ཚངས་པར་སྤྱོད་པ་ལྟ་བུ་ཡིན་ནོ། །འོན་ཀྱང་ལུས་དང་ངག་གི་བྱེད་པ་མེད་པར་དེ་འབྱུང་ངམ་མི་འབྱུང་བ་ཇི་ལྟ་བ་བཞིན་དུ་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། ཕས་ཕམ་པར་འགྱུར་བ་བཅབས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་ཚིག་ཏུ་ཡང་མི་སྨྲ་ལུས་ཀྱིས་རྩོལ་བ་ཡང་མི་བགྱིད་པར་འོན་ཀྱང་དགེ་སློང་མ་མ་ལགས་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མས་དགེ་སློང་མ་ཞིག་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་མཐོང་ལ། དེ་བཅབས་ཏེ་སྐྱ་རེངས་ཤར་ན་ཕས་ཕམ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ལྟུང་བའི་རིས་བྱས་ན་ནི་ཞེས་བྱ་བ་ལ་སོགས་པ་ལ་བྱས་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནས་སོ། །ནི་ཞེས་བྱ་བ་ནི་མ་བཟོད་པའོ། །ཡང་ནི་ཞེས་བྱ་བ་ནི་བསྡུ་བའོ། །མི་བྱེད་ཅིང་ཞེས་བྱ་བ་ནི་དགག་པའོ། །ཕྱིར་འཆོས་པ་ནི་ལྡོག་པའི་བསམ་པའོ། །དག་པར་ཞེས་བྱ་བ་ནི་ལྟུང་བ་མེད་པར་རོ། །འདི་ལ་དོན་ནི་ཉེས་བྱས་ཙམ་བྱས་ནས་གལ་ཏེ་ཕྱིར་མ་བཅོས་ན། དེའི་ཚེ་དེ་ངེས་པར་མ་དག་པ་ཞེས་བྱས་ན་ལྟུང་བའི་རིས་ལྔ་རིལ་འབྱུང་ལ་མ་དག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲིད་པ་ཡང་མེད་པ་ཉིད་ནའོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་དག་པ་ཉིད་དུ་གསུངས་སོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཉིད་དུ་ཡིན་ན། བརྗོད་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །འདེ་ལ་བཤད་པ་ནི་འདི་ཡིན་ཏེ། མཚན་གྱུར་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་དགེ་སློང་མས་ཐུན་མོང་མ་ལགས་པའི་ལྟུང་བ་རིས་ལྔ་བྱུང་ལ། འཆགས་པར་ཡང་


DTG167_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མི་བགྱིད། ཕྱིར་འཆོས་པར་ཡང་མི་བགྱིད་པར་ལངས་པར་ཞེས་ཀྱང་བརྗོད་ལ། ལྟུང་བ་མ་མཆིས་པར་ཡང་འགྱུར་བལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་གྱུར་ནའོ། །འདི་ལ་གཞུང་གཞན་ཡང་དགེ་སློང་ཐུན་མོང་མ་ལགས་པའི་ལྟུང་བ་རིས་ལྔ་ཕྱུང་ལ་དེ་མཚན་གྱུར་ནས་དགེ་སློང་དུ་རེད་ན་ལངས་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བཤད་དོ། །གཞན་གྱིས་ཕས་ཕམ་པར་འགྱུར་ལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱིས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དགེ་སློང་ལ་སོགས་པ་འགའ་ཞིག་གིས་སོ། །དེ་ནི་ཞེས་བྱ་བ་ནི་སྨོས་མ་ཐག་པའོ། །ད་ལྟར་ཞེས་བྱ་བ་ནི་ངའོ། །འདི་ལ་དོན་ནི་དགེ་སློང་བདག་ཉིད་གྱིས་ཕས་ཕམ་པར་འགྱུར་བ་ལྷག་པར་སྤྱད་ན། ཕས་ཕམ་པར་འགྱུར་བའི་ལྟུང་བ་རྣམ་པར་གཞག་གི །གཞན་གྱིས་བྱས་ན་གཞན་ལ་ལྟུང་བ་འབྱུང་བ་མ་ཡིན་ན་ཞེས་བྱ་བ་འདི་ཡིན་ཏེ། འདི་ནི་ཐེ་ཚོམ་ཅན་གྱི་བློ་གྲོས་ཅན་འདྲི་བ་ཡིན་ནོ། །འདི་ལ་ལན་ནི་འདི་ཡིན་ཏེ། དགེ་སློང་མ་ལ་བརྟེན་ནས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་གཞུང་ནི། བཙུན་པ་གཞན་གྱིས་མི་ཚངས་པར་སྤྱད་པ་བགྱིས་ལ། གཞན་གྱིས་ཕས་ཕམ་པར་འགྱུར་བ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མས་དགེ་སློང་མ་ཞིག་མི་ཚངས་པར་སྤྱོད་པ་བྱེད་པ་མཐོང་ལ། དེ་བཅབས་ནས་སྐྱ་རེངས་ཤར་ན་ཕས་ཕམ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ལྟུང་བ་ཀུན་ལ་གང་གིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ལྟུང་བ་ཀུན་ལ་ཞེས་བྱ་བ་ནི་ལྟུང་བའི་རིས་ལྔ་པོའོ། །གང་གིས་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །བསྟན་པ་ནི་ཐ་སྙད་དུ་བྱ་བའོ། །བསྡུ་བ་ནི་ཁོངས་སུ་བསྡུ་བའོ། །འགྱུར་ཞེས་བྱ་བ་ནི་བཏུབ་པའོ། །ངག་གིས་ཀུན་ནས་བསླང་བ་ནི་ངག་ལ་བརྟེན་ནས་བྱུང་བའོ། །ཁ་ན་མ་ཐོ་བ་ཆེན་པོ་ནི་ཉེས་པ་ཆེན་པོ་སྐྱེད་པ་སྟེ། དམྱལ་བ་དག་ཏུ་དུས་མཐའ་ཡས་པ་སྡུག་བསྔལ་བ་སྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་ཀྱི་ཞེས་བྱ་བ་ནི་ལུས་ལ་བརྟེན་ནས་ཞེས་བྱ་བ་སྟེ། ཁ་ན་མ་


DTG167_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་བ་ཆེན་པོའི་ལྟུང་བ་གང་ཡིན་པ་ཞེས་སྦྱར་བར་བྱའོ། །དགེ་འདུན་གང་ཟག་ལས་བྱུང་ཞེས་བྱ་བ་ནི་དགེ་འདུན་ལ་བརྟེན་ནས་བྱུང་བ་སྟེ། དགེ་འདུན་གྱིས་ཀུན་ནས་བསླང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གང་ཟག་ལས་བྱུང་བ་ནི་གང་ཟག་ལ་བརྟེན་ནས་བྱུང་བ་སྟེ། གང་ཟག་གིས་ཀུན་ནས་བསླང་བ་ཞེས་བྱ་བའི་ཐ་ཚིག་གོ །འདོད་ཅེས་བྱ་བ་ནི་མངོན་པར་འདོད་པ་སྟེ། མངོན་པར་བསམས་ཞེས་བཤད་པར་འགྱུར་རོ། །སྲོག་གཅོད་ཅེས་བྱ་བ་ནི་སྲོག་གཅོད་པས་ཀུན་ནས་བསླང་བ་སྟེ། ཐམས་ཅད་དུ་ཁ་ན་མ་ཐོ་བ་ཆེན་པོ་གང་ཡིན་ཞེས་བྱ་བར་སྦྱར་རོ། །དང་ཞེས་བྱ་བའི་སྒྲ་ཡང་ཐམས་ཅད་དུ་བསྡུ་བ་ཡིན་ཏེ། གསལ་བར་བདག་ལ་སྨྲ་བར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་རྒྱུ་གང་གིས་ལྟུང་བ་ཐམས་ཅད་ཀྱི་བསྟན་པ་དང་དེ་བཞིན་དུ་བསྡུ་བ་རྣམ་པར་གཞག །ངག་གིས་ཀུན་ནས་བསླང་བའི་ལྟུང་བ་ཁ་ན་མ་ཐོ་བ་ཆེན་པོ་ནི་གང་ཡིན། དེ་བཞིན་དུ་ལུས་ཀྱིས་ཀུན་ནས་བསླང་པའི་ནང་ནས་ཁ་ན་མ་ཐོ་བ་ཆེན་པོ་ནི་གང་ཡིན། ཕྲ་མས་ཀུན་ནས་བསླང་བ་དང༌། གང་ཟག་གིས་ཀུན་ནས་བསླང་བ་དང༌། དགེ་འདུན་གྱིས་ཀུན་ནས་བསླང་བ་དང༌། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བས་ཀུན་ནས་བསླང་བའི་ལྟུང་བ་སྡུག་བསྔལ་དཔག་ཏུ་མེད་པ་སྐྱེད་པར་བྱེད་པ་ནི་གང་ཡིན་པ་དྲིས། དེ་རིམ་པ་གསལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། བསྟན་པ་ནི་སྡོམ་པ་མ་ཡིན་པའོ། །བསྡུ་བ་ཡང་སྡོམ་པ་མ་ཡིན་པའོ། །ངག་གིས་ཀུན་ནས་བསླང་བ་ལ་ནི་དེ་བཞིན་གཤེགས་པ་ལ་མི་སྙན་པར་བརྗོད་པའོ། །ལུས་ཀྱིས་ཀུན་ནས་བསླང་བ་ལ་ནི་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཕྲ་མས་ཀུན་ནས་བསླང་བ་ལ་ནི་དགེ་འདུན་གྱི་དབྱེན་ནོ། །དགེ་འདུན་གྱིས་ཀུན་ནས་བསླང་བ་ལ་ནི་དགེ་འདུན་གྱི་དབྱེན་ཉིད་དེ། །གང་ཟག་གིས་ཀུན་ནས་བསླང་བ་ལ་ནི་ཡང་དག་པ་མ་ཡིན་པར་སྐུར་བ་འདེབས་པའོ། །སྲོག་གཅོད་པས་ཀུན་ནས་བསླང་བ་ལ་ནི་རང་སངས་རྒྱས་གསོད་པའོ། །མ་བྱིན་པར་ལེན་པས་ཀུན་ནས་བསླང་བ་ལ་ནི་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་


DTG167_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མི་ཚངས་པར་སྤྱོད་པས་ཀུན་ནས་བསླང་བ་ལ་ནི་དགྲ་བཅོམ་མ་མི་ཚངས་པར་སྤྱོད་པས་སུན་འབྱིན་པའོ། །བརྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་ནི་ཕྲ་མ་སྨྲ་བའོ། །དེ་བཞིན་དུ་འདིར་གཞུང་གི་དོན་གོ་རིམས་བཞིན་ཏེ། དགེ་སློང་དག་རྒྱུ་གཅིག་གིས་ལྟུང་བ་ཐམས་ཅད་བསྟན་པ་ཡིན་ཏེ། འདི་ལྟ་སྟེ་སྡོམ་པ་མ་ཡིན་པས་སོ། །འདི་ལ་དོན་ནི་འདི་ཡིན་ཏེ། སྡོམ་པ་མ་ཡིན་པས་ཞེས་བྱ་བ་ནི་མི་ལྡོག་པའི་བསམ་པ་སྟེ། མི་ལྡོག་པའི་བསམ་པ་ཅན་ལ་ནི་བཤགས་པ་ལ་སོགས་པའི་སྒྲུབ་པ་ཡོད་དུ་ཟིན་ཀྱང་ལྟུང་བ་ཡོད་དོ་ཞེས་བྱ་བར་བསྟན་ཅིང་ཐ་སྙད་གདགས་པ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ །མདོ་བྱེད་པས་ཀྱང་གཞན་ལ་ནི་དེ་དང་བཅས་པའི་བཤགས་པའོ་ཞེས་བཤད་པའི་ཕྱིར་རོ། །རྒྱུ་གཅིག་གིས་ལྟུང་བ་ཐམས་ཅད་བསྡུས་པར་འགྱུར་ཏེ། འདི་ལྟ་སྟེ་སྡོམ་པ་མ་ཡིན་པས་སོ། །འདི་ལ་ཡང་དོན་ནི་དེ་ཁོ་ནར་ཟད་དོ། །ངག་གིས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པས་མི་སྙན་པར་བརྗོད་པ་གང་ཡིན་པའོ། །ལུས་ཀྱིས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་གང་ཡིན་པའོ། །ཕྲ་མས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དབྱེ་བར་རྩོམ་པ་གང་ཡིན་པའོ། །དགེ་འདུན་གྱིས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་འདི་ལྟ་སྟེ་དགེ་འདུན་གྱི་དབྱེན་ནོ། །གང་ཟག་གིས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི། འདི་ལྟ་སྟེ་ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པའོ། །སྲོག་གཅོད་པས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་རང་སངས་རྒྱས་གསོད་པ་གང་ཡིན་པའོ། །མ་བྱིན་པར་ལེན་པས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་གང་ཡིན་པའོ། །མི་ཚངས་པར་སྤྱོད་པས་


DTG167_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་ཁ་ན་མ་ཐོ་བ་ཆེ་བ་ནི་མ་དགྲ་བཅོམ་པ་སུན་འབྱིན་པའོ། །བརྫུན་དུ་སྨྲ་བས་ཀུན་ནས་བསླང་བའི་ལྟུང་བ་གཅིག་ཀུན་གྱི་ནང་ནས་སྡིག་པ་ཆེ་བ་ནི་མིའི་ཆོས་བླ་མ་བྱེད་ཅིང་མི་བདོག་བཞིན་དུ་བརྗོད་པའོ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་མཇུག་བསྡུ་བའི་ཐབས་ཀྱིས་དྲི་བ་གཅིག་ཁོ་ན་ཞིག་བཤམ་པའི་རིམ་པས་དྲི་བར་བྱ་བའི་ཕྱིར། མང་དུ་སྨྲ་ཡང་ཅི་ཞིག་དགོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་དུ་སྨྲ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་ལམ། འདུལ་བར་གཏོགས་པ་མ་བཤད་པའོ། །ཅི་ཞིག་དགོས་ཞེས་བྱ་བ་ནི་ཅིར་ཡང་མི་དགོས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །མདོར་སྡུས་ཤིག་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བ་སྟེ། གང་གི་ཕྱིར་དྲི་བ་ཟབ་མོ་རྣམས་ཧ་ཅང་ཟབ་མོ་བྱས་ན། ཡུན་རིང་པོ་ཞིག་ཏུ་ཉོན་མོངས་པ་དང༌། ཁྱོད་ཁོ་པོ་ལ་མ་རངས་པར་འགྱུར་བ་དེའི་ཕྱིར། ཁོ་བོས་ཁྱོད་ལ་མདོར་བསྡུས་པའི་ཚིག་གཅིག་ཁོ་ན་ཅིག་སྨྲའོ་ཞེས་བྱ་བའི་དོན་ཏོ། །ཁྲོ་སྤངས་ཞེས་བྱ་བ་ནི་མི་དགའ་བ་ཡོངས་སུ་བཏང་སྟེའོ། །མཛའ་བར་གྱུར་བྱས་ནས་ཞེས་བྱ་བ་ནི་བཤེས་སུ་བྱས་ནས་ཏེ། ཁྲོ་སྤངས་ཕན་པར་འདོད་པས་གཡོ་དང་སྒྱུ་མེད་པས་ཁྱོད་ལ་སྨྲའི་བརྙས་པར་འདོད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྡོམ་པ་ཀུན་ལ་བརྟན་ཞེས་བྱ་བ་ནི། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། དགེ་སྦྱོང་དང༌། དགེ་སྦྱོང་མ་དང༌། བསྙེན་གནས་ལ་གནས་པ་དག་ལའོ། །ཀུན་མཁྱེན་གྱིས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་སོ། །སྐྱབས་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། འདིར་ངན་སོང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་འཇིགས་པར་འགྱུར་བས་སོ། །དགེ་སློང་ཉིད་ལས་ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པ་ལའོ། །གསལ་བར་ཞེས་བྱ་བ་ནི་སལ་སལ་པོར་ཁོ་བོ་ལ་སྨྲོས་ཤིག་ཅེས་བྱ་བར་སྦྱར་རོ། །འདི་ལ་དོན་ནི་འདུལ་བར་གཏོགས་པའི་དྲི་བ་ཟབ་མོ་གཞན་ཡང་མང་པོ་ཞིག་ཡོད་དེ་དེ་དག་ལ་ཁོ་བོས་ཁྱོད་ལ་དྲི་བ་དྲིས་ན་ཡུན་རིང་མོ་ཞིག་ཏུ་ཉོན་མོངས་པར་འོང་བས། དེའི་ཕྱིར་རེ་ཞིག་ལག་སྤྲད་པས་སྔོན་དུ་འགྲོ་བའི་གནས་པས་ཕན་པར་འདོད་ཅིང་དེའི་ཕྱིར་དགེ་སློང་


DTG167_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡོམ་པ་ཡང་དག་པར་བླངས་པའི་དུས་ན་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་གསུངས་ལ། སྐྱབས་སུ་མ་སོང་བ་ལ་མིན་ཞེས་འབྱུང་བས་གཞན་དག་ལ་ནི་གསུངས་ཞེས་བྱ་བའི་དྲི་བ་གཅིག་ཅིག་དྲིས་ཏེ། ཁོ་བོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྨྲོས་ཤིག་ཅེས་བྱ་བ་འདི་ཡིན་ནོ། །འདི་ལ་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། བསྙེན་པར་རྫོགས་པ་ཞེས་སྨོས་པས་སྐྱབས་སུ་འགྲོ་བ་གྲུབ་པའི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིར་གཞུང་ནི། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་བྱ་བར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་འགྲེལ་པ་བྱེད་པས་བསྙེན་པར་རྫོགས་ཞེས་བྱ་བའི་སྒྲ་ཁོང་ནས་དེའི་དོན་འགྲུབ་པའི་ཕྱིར་ཏེ། བྱ་བ་མ་ཡིན་པ་ཐམས་ཅད་ལས་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཁས་ལེན་པ་ནི་བསྙེན་པར་རྫོགས་པ་སྟེ། འདི་ལྟར་བསྙེན་པར་རྫོགས་པ་ནི་མྱ་ངན་ལས་འདས་པ་ལ་ཁང་བསྙེན་ཏེ་རྣམ་པར་གནས་པ་ཡིན་ནོ་ཞེས་བཤད་དོ། །དེ་བཞིན་དུ་ཡང་ངའི་ཉན་ཐོས་ཚུལ་ཁྲིམས་ལྡན་པ་དེ་ལ་མཐོ་རིས་ནི་རས་ཡུག་གིས་བར་དུ་ཆོད་པ་ཙམ་མོ། །ཐར་པ་ནི་ཡོལ་བས་ཆོད་པ་ཙམ་མོ་ཞེས་གསུངས་སོ། །ཡང༌། རབ་ཏུ་བསྔགས་དང་ནོར་རྙེད་དང༌། །ཕ་རོལ་མཐོ་རིས་དགའ་བ་ཡིས། །བདེ་བ་གསུངས་དོན་གཉེར་བྱེད་པ། །བློ་དང་ལྡན་པས་ཚུལ་ཁྲིམས་བསྟེན། །གནས་གསུམ་དེ་དག་ལེགས་མཐོང་བའི། །མཁས་པས་ཚུལ་ཁྲིམས་བསྟེན་པར་བྱ། །འཕགས་པའི་མཐོང་བའི་ཕུན་ཚོགས་ཏེ། །འཇིག་རྟེན་ན་ནི་ཞི་པ་བསྟེན། །ཞེས་གསུངས་སོ། །དེ་ལྟར་རྣམ་པ་སྣ་ཚོགས་མང་པོ་བརྗོད་པས་གཞན་སྤོབས་པ་མེད་པར་བྱས་ནས་མཇུག་བསྡུ་བ་དང༌། དེ་ལྟས་འདུལ་བ་རྒྱ་མཚོ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པར་རོ། །བསྡུས་པ་ནི་ཕྱུང་བའོ། །གང་ལས་ཤེ་ན། རྒྱ་མཚོ་ལས་ཞེས་བྱ་བ་སྨོས་ཏེ། འདུལ་བ་རྒྱ་མཚོ་ཆེན་པོ་ལས་སོ། །ཇི་ལྟར་རྒྱ་མཚོ་དེ་གཏིང་དང་ཕ་རོལ་མེད་


DTG167_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གྲགས་པ་དེ་བཞིན་དུ། འདུལ་བ་རྒྱ་མཚོ་འདི་ཡང༌། བྱུང་བ་དང་བཅའ་བ་དང༌། སྔོན་གྱི་གཏམ་དང༌། རྟོགས་པ་བརྗོད་པ་དང༌། སྐྱེས་པ་རབས་དང༌། འཁོར་ལོ་ལྟར་སྦྱར་བ་དང༌། མུ་བཞི་པ་ལ་སོགས་པས་གཏིང་དང་མཐའ་མེད་དེ། དེའི་ཕྱིར་རྒྱ་མཚོ་ཉིད་ཀྱིས་ཉེ་བར་དཔག་གོ །དེ་ལས་ཇི་ཙམ་ཅིག་བཏུས་ཤེ་ན། དྲི་བ་ཐིགས་པ་ཙམ་ཞེས་བྱ་པ་སྨོས་སོ། །ཐིགས་པ་ཙམ་ནི་ཉུང་ཞིག་སྟེ། ཙམ་ཞེས་བྱ་བ་སྨོས་པས་ནི། བརྟགས་པས་ཧ་ཅང་རྣམ་པ་མང་པོ་བསལ་ཏོ། །བརྒྱ་ཞིག་ཅེས་བྱ་བ་ནི་རྟོགས་པར་དཀའ་བའི་དོན་དྲི་བ་བརྒལ་ཞིང་བརྟག་པ་བརྒྱ་ཞིག་སྟེ། ཚིགས་སུ་བཅད་པ་བཀོད་པ་དོན་ཡོངས་སུ་རྫོགས་ལ། ཕལ་ཆེ་བ་ལས་བརྩམས་ནས། བརྒྱ་ཞིག་ཅེས་སྨོས་ཏེ། འོན་ཀྱང་ལྟུང་བ་རྣམ་པར་རིག་བྱེད་ཅིག་ཡིན་ནམ། གཟུགས་ཅན་ཞིག་གམ། བསྟན་དུ་ཡོད་པ་ཞིག་གམ་ཞེས་བྱས་ཏེ། དེ་ལྟ་བུ་ལ་སོགས་པ་ཚིགས་སུ་བཅད་པའི་སྐབས་ན། དྲི་བ་ལྷག་པ་དག་ཀྱང་ཡོད་དོ། །བདག་ནི་ཞེས་བྱ་བ་ནི་འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་བྱེད་པ་བདག་ཉིད་ཡིན་པར་སྟོན་ཏོ། །འབད་དེ་ཞེས་བྱ་བ་ནི་བསྒྲིམས་ནས་སོ། །འདིས་ནི་དྲི་བ་རྣམས་ཟབ་པ་ཉིད་དུ་བསྟན་ཏེ། དོན་ཟབ་མོ་དཔྱད་པར་བྱ་བ་ལ། བདག་ལྟ་བུ་བློ་རྩིང་པོ་རྣམས་ཀྱིས་བློ་བབ་ཅོལ་དུ་གཏིང་མི་སླེབས་སོ་ཞེས་བྱ་བ་བརྩམས་པའོ། །ཅིའི་ཕྱིར་ཞེ་ན། མ་རངས་ནས་ཞེས་བྱ་བ་སྨོས་ཏེ་མ་མགུ་ནས་སོ། །ཡུལ་གང་ལ་མ་རངས་ཤེ་ན། བརྙས་བྱེད་ལ་ཞེས་བྱ་བ་སྨོས་ཏེ། བརྙས་བྱེད་ཅེས་བྱ་བ་ནི་ཁྱད་དུ་གསོད་པར་བྱེད་པའོ། །འདི་ལ་དོན་ནི་བདག་ཀྱང་སོ་སོའི་སྐྱེ་བོར་རད་པས་འདུལ་བ་དང་འདུལ་བ་འཛིན་པ་ལ་བརྙས་པར་བྱེད་པས། ཐུགས་ཐུབ་ཅན་ཉིད་གོ་བདག་ཉིད་ཀྱི་ཚོད་ཀྱང་མི་འཛིན་པར། ཇི་ལྟར་གཞན་ལ་བརྙས་པར་བྱེད་སྙམ་ནས་མ་རངས་ཏེ། འདུལ་བ་རྒྱ་མཚོ་ལས་དྲི་བ་ཉུང་ཤས་འདི་བཏུ་བར་བྱས་སོ་ཞེས་བྱ་བ་ཡིན་ནོ། །ད་ནི་དྲི་བ་ཕྱེད་པས་བདག་ཉིད་ཀྱི་ཚིག་དང་དོན་ངེས་པར་འཛིན་པར་གཏོགས་པའི་ཉེས་པ་བཤགས་ཤིང་བླ་མ་དག་ལ་ཡང་བཟོད་པ་གསོལ་བ་ནི། ནོངས་བགྱིས་བླ་མས་ཐུགས་རྗེས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོངས་བགྱིས་ཞེས་བྱ་བ་ནི་དྲི་བ་བྱེད་པས་


DTG167_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་དོན་དུ་གཏོགས་པའི་ཉེས་བྱས་སོ། །བླ་མས་ཞེས་བྱ་བ་ནི་མཁན་པོ་དང༌། འདུལ་བ་འཛིན་པ། འདུལ་བར་གཏོགས་པའི་དོན་གྱི་རང་གི་ངོ་བོ་རྟོགས་པར་དཀའ་པ་མ་ལུས་པར། རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས། སེམས་དང་སེམས་ལས་བྱུང་བའི་རྒྱུད་གསལ་བར་བྱས་པ་རྣམས་ཀྱིས་སོ། །བཅོས་ཤིང་ཞེས་བྱ་བ་ནི་དོན་གྱི་བདག་ཉིད་དང་ཚིག་གི་བདག་ཉིད་ཀྱིས་བཅོས་ཤིང་ངོ༌། །བཟོད་པ་མཛད་དུ་གསོལ་ཞེས་བྱ་བ་ནི། ཉེས་པ་བཟོད་པར་བྱས་ཏེ། ཉེས་པ་བཀོད་པར་གཏོགས་པའི་ཉེས་པ་བདག་ལ་བཟོད་པ་མཛོད་ཅིག་པའོ། །ཅི་ཚིག་ཙམ་གྱིས་སམ་ཞེ་ན། ཐུགས་རྗེ་ཞེས་བྱ་བ་སྨོས་ཏེ། ཐུགས་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དྲང་བར་འདོད་པའི་བརྩེ་བ་སྟེ་ངེས་སོ། །ཀྱང་ཞེས་བྱ་བ་ནི་བསྡུ་བ་སྟེ། བཅོས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཐུགས་རྗེ་རྒྱུར་གྱུར་པས་བཟོད་པ་མཛོད་ཅིག་པ་སྟེ། བདག་ཉིད་ཆེན་པོ་དེ་དག་ཉེས་པ་དུ་མ་ཞིག་གིས་སྐྱོན་ཆགས་སུ་ཟིན་ཀྱང༌། དེ་དག་གིས་བྱས་པའི་ཉེས་པ་ལས་གདོན་པར་འདོད་པས། ཐོག་མར་དྲངས་པའི་སྙིང་རྗེས་སེམས་ཀྱི་རྒྱུད་བརླན་པས་ཉེས་པ་ཆེན་པོ་ཡང་བཟོད་དོ། །དེ་ཉིད་ཀྱི་དོན་གཞན་ཉེ་བར་དགོད་པས་བསྟན་པར་བྱ་བའི་ཕྱིར། མཐོང་བ་རྣམས་ཀྱིས་ལོང་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་རྣམས་ཀྱིས་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། །ལོང་བ་ནི་ཤེས་རབ་དང་བྲལ་བ་སྟེ། ལོང་པ་དང་འདྲ་བར་ལོང་བ་ཡིན་པས་སོ། །དམ་པའི་ལམ་ཞེས་བྱ་བ་ནི་ཡང་དག་པའི་ལམ་ལའོ། །ཅི་ཞེས་བྱ་བ་ནི་དྲི་བའོ། །མི་གཟུང་བ་ཞེས་བྱ་བ་ནི་མི་དགོད་པ་སྟེ། དམ་པའི་ལམ་ལ་དགོད་པར་བྱ་བ་ཉིད་དོ་སྙམ་དུ་བསམས་པའོ། །འདི་ལ་དོན་གྱི་ཕྱོགས་གང་ན་གང་ཟག་འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་སྣང་བར་འགྱུར་བར་སྣང་ངོ༌། །གསལ་བར་འགྱུར་པ་དང༌། རབ་ཏུ་གསལ་བར་འགྱུར་བར་སྣང་ངོ་ཞེས་གསུངས་པས། བླ་མ་མི་ཤེས་པའི་མུན་པའི་རབ་རིབ་ཀྱི་ལིང་ཏོག་གི་ཚོགས་དང་རྣམ་པར་བྲལ་བ། རིག་པ་ཁ་ན་མ་ཐོ་བ་མེད་པས་གསལ་བར་བྱས་པའི་མིག་ཅན་རྣམས་ཀྱི་འདུལ་བར་གཏོགས་པའི་དོན་གྱི་རང་གི་ངོ་བོ་མཐུན་པ་དང༌། མི་མཐུན་པར་རབ་ཏུ་སྟོན་པ་ལ། བརྩོན་པ་ཉིད་ཀྱིས་


DTG167_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཡིན་ལ། དབང་གིས་སྔ་ཕྱི་བརྟག་པའི་མིག་དང་བྲལ་བས་ལོང་བ་ལྟ་བུ་སྟེ། དེ་བས་ན་མ་རིག་པའི་མུན་པས་དྲི་མ་ཅན་དུ་བྱས་པའི་ཡིད་དང་ལྡན་པ་དག་དམ་པ་མ་ཡིན་པའི་ལམ་ལས་བཟློག་སྟེ། ལོང་བས་ཐག་རིང་པོ་དང་ཕྲ་བ་དང༌། བསྒྲིབས་པ་མི་མཐོང་བ་བཞིན་དུ་ལམ་དམ་པ་ལ་ཤོག་ཤིག་ཅེས་བྱ་བ་འདི་ཡིན་ནོ། །ད་ནི་འདུལ་བ་དྲི་བའི་ཚིག་ལེའུར་བྱས་པས་ཀུན་ནས་བསླང་བའི་དགེ་བ་མངོན་བར་འདོད་པའི་འབྲས་བུའི་ཁྱད་པར་དུ་ཡོངས་སུ་བསྔོ་བར་བྱ་བ་འདུལ་བའི་དྲི་བ་རྣམས་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདུལ་བ་དྲི་བ་རྣམས་ཞེས་བྱ་བ་ནི་འདུལ་བར་གཏོགས་པའི་དྲི་བ་ནི་འདུལ་བའི་དྲི་བ་སྟེ། ཆོས་མངོན་པར་གཏོགས་པའི་དྲི་བ་དག་ཀྱང་ཡོད་པས་དེའི་ཕྱིར་འདུལ་བའི་ཞེས་ཁྱད་པར་དུ་བྱས་སོ། །བྱས་ནས་ཞེས་བྱ་བ་ནི་བརྩམས་ནས་སམ་སྨྲས་ནས་སོ། །དགེ་བ་ནི་དགེ་ལེགས་སོ། །དཀར་པོ་ནི་དཀར་བའོ། །ཇི་ལྟ་བུ་ཞིག་ཅེ་ན། ཟླ་བ་ལྟ་བུར་ཞེས་བྱ་བ་སྨོས་ཏེ་ཟླ་བ་འདྲ་བའོ། །དྲི་མ་མེད་པ་ཞེས་བྱ་བ་ནི་ཚིག་སྟེ་དགེ་བ་དེས་སོ། །འགྲོ་བ་ནི་ཁམས་གསུམ་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དགེ་བ་ཞེས་བྱ་བ་ནི་བཀྲ་ཤིས་པར་རོ། །ཤོག་ཅེས་བྱ་བ་ནི་གྱུར་ཅིག་པའོ། །འདི་ལ་དོན་ནི་བདག་གིས་འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་བསྡེབས་ནས། བསོད་ནམས་སྟོན་ཁའི་ཟླ་པའི་འོད་ཟེར་ལྟ་བུར་ཤིན་ཏུ་དཀར་བ་བསྒྲུབས་པ་དེས་ཁམས་གསུམ་པའི་འགྲོ་བ་འདིའི་ཉོན་མོངས་པ་ཐམས་ཅད་རྣམ་པར་ཟློག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བདག་གིས་འདུལ་བའི་དྲི་བ་ནི། །བསྡུས་པ་རྣམ་པར་ཕྱེ་ནས་གང༌། །དགེ་བ་ཐོབ་པ་དེ་ཡིས་ནི། །འཇིག་རྟེན་དགེ་བཤེས་བྱེད་པར་ཤོག །འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལྔ་པའི་གཏན་ལ་དབབ་པ་རྫོགས་ཏེ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པའི་གཏན་ལ་དབབ་པ། སློབ་དཔོན་མདོ་སྡེ་འཛིན་པ་ཀ་ལྱཱ་ཎ་མི་ཏྲས་མཛད་པ་རྫོགས་སོ།། །།གལ་ཏེ་བདག་ནི་རྨོངས་པ་ཡིས། །ལན་ཞིག་ལེགས་པར་མ་ཐབས་ན། །འདི་ནི་ཕྱོགས་ཙམ་བསྟན་པར་བྱས། །མཁས་པས་བདེ་ལེགས་གདབ་ཏུ་གསོལ། །སྡུག་ཅིང་གདུང་བ་སེལ་བྱེད་པ། །ཇི་ལྟར་འདོད་པའི་འབྲས་བུ་སྟེར།།


DTG167_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མ་སྟུག་པོའི་ཤིང་མཆོག་ལྟར། །གཞན་དོན་དགའ་བའི་ཕྱིར་འཁྲུངས་པ། །ཀུན་དགའ་གོ་ཆས་བདག་ལ་ནི། །ཤིན་ཏུ་བཅོལ་ཏེ་དེ་ཡི་ཕྱིར། །ཅི་དྲན་བ་ཞིག་འབད་དེ་བྱས། །ང་རྒྱལ་གྱི་ནི་ཕྱིར་མ་ཡིན། །རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཤློ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི་ཡོད་དོ།།

འདུལ་བ་ལ་བསྟོད་པ།
ཆོས་ཀྱི་ཚོང་དཔོན།


DTG167_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ན་ཡ་སྟོཏྟྲ། བོད་སྐད་དུ། འདུལ་བ་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུལ་བ་རྒྱལ་པོ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །སངས་རྒྱས་འདུལ་བའི་གཙོ་ལ་ཕྱག་འཚལ་ཏེ། །འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང༌། །གླགས་པའི་མུན་ནག་སློབ་དཔོན་ཚོགས་རྣམས་ཀྱི། །དབྱེ་བ་ཐ་དད་འདུལ་བ་རྒྱ་མཚོ་ལ། །ཡོན་ཏན་ཀུན་བསྟོད་རྩོལ་བློ་བདག་ལ་མེད། །ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང༌། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། འདི་ལ་གནས་པར་གྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་པ་ཡིས། །ཆུ་ཀླུང་ཆེ་ཡང་བཟློག་པར་འགྱུར་བ་ལྟར། །དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་བཟློག་པར་འགྱུར། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང༌། །བྱང་ཆུབ་གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་


DTG167_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང༌། །མདོ་སྡེ་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །འཇོག་བྲལ་སེམས་གླང་ལྕགས་ཀྱུ་འདི་ཡིན་ཏེ། །གདུལ་བྱ་མ་དུལ་བ་ཡི་སྲབ་འདི་ཡིན། །ར་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ། །ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་བཞིན། །གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བཅས་ཞེ་སར་བཅས་འགྱུར་ཞིང༌། །དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་འཚོལ་ཅིག །གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་བུའི་ཚིག་ཆེན་ཡང༌། །བཟླས་ན་ལན་འགའ་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་བཟླས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །སོ་སོར་ཐར་བྱ་གང་ཡིན་པ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ཡིན། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །བདུག་པ་རྣམས་སེལ་སྨན་འདི་ཡིན།། འདི་ནི་ལང་ཚོ་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་


DTG167_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བྱས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །འདུལ་འདི་སོ་སོར་ཐར་དེ་ཡི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཐར་འདོད་རྣམས་ཀྱིས་གུས་བྱ་སྟེ། །འདི་ནི་ནན་ཏན་མཉན་པར་བྱ། །འདུལ་བ་ལ་བསྟོད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

འདུལ་བ་ལ་བསྟོད་པའི་ཚིག་གི་རྣམ་པར་བཤད་པ།
འདུལ་བའི་ལྷ།


DTG167_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ན་ཡ་སྟོཏྟྲ་པ་ད་བྱཱ་ཁྱཱ་ན། བོད་སྐད་དུ། འདུལ་བ་ལ་བསྟོད་པའི་ཚིག་གི་རྣམ་པར་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུབ་པ་སྲིད་རྒྱུན་ཐམས་ཅད་བྲལ་ལ་ཕྱག་འཚལ་ཏེ། །རྣམ་པར་འཆད་འདོད་ཡིད་ལྡན་རྣམ་པར་འབྱེད་པ་ཡི། །ཡུལ་ལ་བསྟོད་པའི་ཉམས་པས་ཡིད་ཀྱི་གགས་བསྐྱེད་པ། །ཡང་དག་རྣམ་བཤད་ཚུལ་གྱིས་ཞི་བ་ཐོབ་པར་བྱ། །སློབ་མ་གུས་བར་བྱས་ཏེ་འདུལ་བ་ཉེན་པ་ལ་ངེས་པར་སྦྱོར་བར་འདོད་པ་ཞིག་གིས་གུས་པ་བསྐྱེད་པའི་ཕྱིར་འདུལ་བའི་ཡོན་ཏན་རྣམ་པར་འབྱེད་པའི་དང་པོར་འདུལ་བ་ལ་བསྟོད་པ། དུལ་བ་རྒྱལ་པོ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །སངས་རྒྱས་འདུལ་བའི་གཙོ་ལ་ཕྱག་འཚལ་ཏེ། །འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་བརྩམས་སོ། །དེ་ལ་འདུལ་བའི་ཡོན་ཏན་དག་ནི་བརྗོད་པར་བྱའོ། །དེ་རྟོགས་པས་འདུལ་བ་ལ་གུས་པའི་དགོས་པའོ། །གུས་པ་དེ་ཡང་བསྟོད་པ་འདིས་བྱེད་པས། །ཐབས་དང་ཐབས་ལས་བྱུང་བའི་ཚུལ་ནི་འབྲེལ་པའོ། །འདུལ་བ་ལ་གུས་པས་ཞུགས་པའི་ཚུལ་ཁྲིམས་ཡོངས་སུ་དག་ན་འཕགས་པའི་ལམ་བསྒོམས་པས་མྱ་ངན་ལས་འདས་པ་ཐོབ་པ་ནི་དགོས་པའི་ཡང་


DTG167_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའོ། །དེ་ལ་འདུལ་བ་ཞེས་བྱ་བ་ནི། རང་གི་ཆོས་ལུགས་སུ་གནས་པ་དག་གོ །རྒྱལ་པོ་ཞེས་བྱ་བ་ནི་མིའི་བདག་པོ་དག་གོ །དེ་དག་ནི་དུལ་བ་ཡིན་ལ་རྒྱལ་པོ་ཡང་ཡིན་པས་དུལ་བ་རྒྱལ་པོ་ཞེས་བྱའོ། །དེ་དག་གི་རྗེ་ཞེས་བྱ་བ་ནི་རྗེ་བོ་དག་སྟེ། དུལ་བ་རྒྱལ་པོ་དག་གི་རྗེ་དཔོན་མང་པོས་བཀུར་བ་ལ་སོགས་པ་འཁོར་ལོས་སྒྱུར་བ་དག་གོ །དེ་དག་གི་རིགས་ཞེས་བྱ་བ་ནི། རིགས་རྒྱུད་མ་ཆད་པ་སྟེ། དུལ་བ་རྒྱལ་པོ་དག་གི་རྗེའུ་རིགས་ཤཱཀྱའི་རིགས་རྒྱུད་དོ། །དེ་འཁྲུངས་ཞེས་བྱ་བ་ནི་སྐྱེས་པ་སྟེ། འདུལ་བའི་དོན་དུ་གཤེགས་ཤིང་འདུལ་བ་རྒྱལ་པོ་དག་གི་རྗེའི་རིགས་སུ་འཁྲུངས་པའོ། །དུལ་བ་རྒྱལ་པོ་དག་གི་རྗེའི་རིགས་སུ་འཁྲུངས་པ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་སྦྱར་ཏེ་དེ་གང་ཞེ་ན། འོག་ནས་སངས་རྒྱས་འབྱུང་བ་དང་སྦྱར་རོ། །དེ་ཇི་ལྟར་སངས་རྒྱས་ཡིན་ནོ། །དོན་མཐུན་པའི་མཚན་བསྟན་པའི་ཕྱིར། སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །ཞེས་བྱ་བ་གསུངས་ཏེ། གང་གིས་སློབ་མ་རྣམས་དངོས་པོ་ཐམས་ཅད་ཀྱི་མཆོག་ཁྱད་པར་དུ་འཕགས་པ་མྱ་ངན་ལས་འདས་པར་ཁྲིད་པར་མཛད་པ་དེ་ནི་སློབ་མ་འདུལ་མཛད་ཅེས་བྱའོ། །གང་གི་རྒྱུད་ལ་ཀུན་དུ་སྤྱོད་པའི་དྲི་མ་དག་རྣམ་པར་སྨིན་པའི་དྲི་མས་སྐྱོན་ཆགས་པར་བྱེད་པའི་ཉེས་པ་འདོད་ཆགས་ལ་སོགས་པ་མཆོག་ཏུ་ཞིག་པར་གྱུར་ཅིང༌། རང་གི་རྒྱུད་ལ་བག་ཆགས་དང་བཅས་པ་ཕྱུང་བར་གྱུར་པ་དེ་ནི་ཉེས་པ་རབ་ཐུལ་བ་ཞེས་བྱ་སྟེ། དེ་ལྟ་བུ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱར་ཏེ། ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་ལ་ཉེས་པ་རབ་ཐུལ་བ་ཞེས་བྱ་བ་ཉིད་ཀྱིས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་བ་ཐུན་མོང་མ་ཡིན་པ་ཉེ་བར་བསྟན་ནས་གཏི་མུག་གི་གཉིད་མ་ལུས་པ་དང་བྲལ་བའི་ཕྱིར། སངས་རྒྱས་ཉིད་དང་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །སློབ་མ་འདུལ་མཛད་ཅེས་བྱ་བ་ཉིད་ཀྱིས་ནི། དངོས་པོ་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཉིད་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་སྟོན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་རང་དབང་ཉིད་ཀྱིས་འདུལ་བའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་བསྒྲུབ་པར་མི་ནུས་ཏེ། དེ་ལ་ཉེ་བར་སྦྱར་བའི་དོན་རྣམས་རྣམ་པ་


DTG167_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁོང་དུ་ཆུད་པའི། དེ་ལྟར་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་དང༌། གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་གང་ཞེ་ན། དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། དོན་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་རམ། ཉོན་མོངས་པ་བག་ཆགས་དང་བཅས་པའི་གཉིད་དང་བྲལ་བའི་ཕྱིར། བཅོམ་ལྡན་འདས་ནི་སངས་རྒྱས་ཞེས་བྱ་སྟེ། དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཕྱག་འཚལ་ཏེ་ཅི་ཞིག་བརྗོད་པར་བྱ་ཞེ་ན། འོག་ནས་འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ་ཞེས་འབྱུང་བས་བརྗོད་པར་བྱའོ། །འོ་ན་རང་དབང་ཉིད་ཀྱིས་འདུལ་བའི་བསྔགས་པ་བརྗོད་པར་བྱ་པ་ལ་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདུལ་བའི་བསྔགས་པ་བརྗོད་པར་བྱེད་ཅེ་ན། དེའི་ཕྱིར་འདུལ་བའི་གཙོ་བོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་འདུལ་བ་འདིའི་གཙོ་བོ་ཡིན་ཏེ་འཇུག་པ་མཛད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་ཕྱག་འཚལ་ཏེ་འདུལ་བའི་བསྔགས་པ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་སྟོན་པར་མཛད་པ་ཉེ་བར་བསྟན་ནས་འདུལ་བ་ལ་སློབ་མ་དད་པས་རྗེས་སུ་འབྲང་བ་རྣམས་ཀྱིས་སྐྱེད་པར་བྱེད་དོ། །དེ་ལྟར་དུལ་བ་རྒྱལ་པོ་དག་གི་རྗེའི་རིགས་སུ་འཁྲུངས་ལ་སློབ་མ་རྣམས་འདུལ་བར་མཛད་པ། ཉེས་པ་རྣམས་རབ་ཏུ་ཐུལ་བའི་སངས་རྒྱས་འདུལ་བའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་དག་གིས་ཕྱག་འཚལ་ལོ། །སྟེ་ཞེས་བྱ་བའི་སྒྲ་ནི་བརྗོད་པར་བྱ་ཞེས་འོག་ནས་འབྱུང་བ་དེ་བྱའོ། །སྟེ་ཞེས་དམ་བཅའ་ལ་ལྟོས་པའི་ཚིག་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཅི་ཞིག་རྗོད་པར་བྱེད་ཅེ་ན། དེའི་ཕྱིར། འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། བསྔགས་བ་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །གང་གི་བསྔགས་པ་ཞེ་ན། དེའི་ཕྱིར་འདུལ་བའི་ཞེས་བྱ་བ་གསུངས་ཏེ། གང་གིས་སློབ་མ་རྣམས་མྱ་ངན་ལས་འདས་པར་འགྲོ་བའི་ཚོགས་པ་བྱེ་བྲག་ཏུ་ཁྲིད་ཅིང་སློབ་པར་བྱེད་པ་དེ་ནི་འདུལ་བ་ཞེས་བྱའོ། །དེ་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་


DTG167_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གཞུང་སྟོང་ཕྲག་བརྒྱ་པའི་ཚད་ལ་བྱ་སྟེ། དེའིའོ། །དེའི་བསྔགས་པ་ཞེས་བྱ་བ་ནི། བསྔགས་པར་བྱ་བ་ཡིན་པས་བསྔགས་པ་སྟེ། ཡོན་ཏན་ནོ། །ཅི་དེའི་བསྔགས་པ་ཐམས་ཅད་བརྗོད་པར་བྱའམ་ཞེ་ན། དེའི་ཕྱིར་ཅུང་ཟད་ཅེས་བྱ་བ་གསུངས་ཏེ། བདག་ཉིད་རང་གིས་ཐོས་པ་དང༌། བསམ་པ་གང་ཡིན་པ་དེའི་ཕྱོགས་འགར་གྱུར་པ་དེའི་བསྔགས་པ་བརྗོད་པར་བྱའི་ཐམས་ཅད་ནི་མ་ཡིན་ཏེ། དེའི་རྣམ་བ་ཐམས་ཅད་ནི་བདག་དང་འདྲ་བ་དག་གིས་བརྗོད་པར་མི་ནུས་སྙམ་དུ་བསམས་པའོ། །དེ་ལྟར་འདིར་སྤྱི་དོན་ནི་འདི་ཡིན་ཏེ། སློབ་མ་རྣམས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དང༌། གདུལ་བར་བྱ་བ་བསྒྲུབ་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རིགས་སུ་གཤེགས་པ་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་བླ་ན་མེད་པ་རྗེས་སུ་བསྒྲུབ་པ་འདུལ་བ་སྟོན་པར་མཛད་པ་ལ་ཕྱག་འཚལ་ཏེ། འདུལ་བར་སྨྲ་བར་འདོད་པའི་ཡོན་ཏན་རང་གི་བློ་དང་མཐུན་པ་ཅུང་ཟད་ཅིག་བརྗོད་པར་བྱའོ་ཞེས་བསྟན་ཏོ། །ཅིའི་ཕྱིར་བསྔགས་པ་ཐམས་ཅད་རྗོད་པར་མི་བྱེད་ཅེ་ན། དེའི་ཕྱིར། ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང༌། །གླགས་པའི་མུན་ནག་སློབ་དཔོན་ཚོགས་རྣམས་ཀྱི། །དབྱེ་བ་ཐ་དད་འདུལ་བའི་རྒྱ་མཚོ་ལ། །ཡོན་ཏན་ཀུན་བསྟོད་རྩོལ་བློ་བདག་ལ་མེད། །ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འདུལ་བ་རྒྱ་མཚོ་འདིའི་ཕ་རོལ་མྱ་ངན་ལས་འདས་པའི་འགྲམ་གཉིས་མ་མཐོང་ལ། བདག་གིས་འདི་ལ་འཇུག་པར་མཛད་པ་དེ་བཞིན་གཤེགས་པའི་དགོངས་པའི་གཏིང་རྟོགས་པར་མ་གྱུར་ཅིང་ངོ་བོ་ཉིད་ཀྱིས་ཀྱང་འཁོར་ལོ་ལྟ་བུའི་འདྲེས་ལ་སོགས་པ་རབ་ཀློང་གིས་གླགས་པའི་མུན་ནག་ལ་རྣམ་པར་བཤད་པ་བྱེད་པའི་སློབ་དཔོན་ཚོགས་རྣམས་ཀྱི་བློའི་དབྱེ་བས་རྣམ་པ་སྣ་ཚོགས་སུ་བསྟན་པ་ཐ་དད་པར་གྱུར་པ་དེའི་ཕྱིར་འདུལ་བ་རྒྱ་མཚོ་ལྟ་བུ་འདི་ལ་ཡོན་ཏན་ཀུན་གཞི་བསྟོད་པར་བརྩོན་ཞིང་འབད་པ་བདག་ལ་མེ་དཔས་དེས་ན་བསྔགས་པ་ཅུང་ཟད་བརྗོད་པར་བྱའི་ཐམས་ཅད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་འདུལ་བའི་བསྔགས་པ་དེ་སྨྲོས་ཤིག །དེའི་ཕྱིར། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་


DTG167_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀུན་གྱི་ཡང༌། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་འཕེལ་དང་ཞེས་བྱ་བ་ནི་ཁྱད་པར་དུ་འཕེལ་བ་སྟེ། ཡལ་ག་དང་ཡལ་ག་གྱེས་པ་ལ་སོགས་པ་སྐྱེ་བའོ། །ཀུན་འཛིན་ཞེས་བྱ་བ་ནི་ཆུད་མི་འཛའ་བའོ། །རྣམ་པར་འཕེལ་བ་དང་ཀུན་འཛིན་གྱིས་ཏེ། དེ་གཉིས་ཀྱི་གཞི་ཞེས་བྱ་བ་རྒྱུའི་གཙོ་བོ་ནི་རྩ་བ་ཡིན་ནོ། །དམ་ཆོས་ཞེས་བྱ་བ་ནི་མཛེས་པའི་ཆོས་ཏེ། དོན་ཇི་ལྟ་བ་བཞིན་དུ་ཉེ་བར་བསྟན་ཏོ། །དེའི་ཚོགས་ཞེས་བྱ་བ་ནི་འདུས་པ་སྟེ། མདོ་སྡེ་དང་ཆོས་མངོན་པ་ལ་སོགས་པའོ། །དམ་པའི་ཆོས་ཀྱི་ཚོགས་དེ་རྣམས་ཀུན་གྱི་རྣམ་པར་འཕེལ་བ་དང་ཀུན་འཛིན་པའི་རྒྱུ་དང་རྩ་བ་འདུལ་བ་ཡིན་པར་བདག་ཉིད་ཆེན་པོ་ཡིན་པར་གསུང་ངོ༌། །འདི་སྐད་བསྟན་ཏེ། ཇི་ལྟར་ན་འཇིག་རྟེན་འདི་ན་ཤིང་ནྱ་གྲོ་དྷ་ལ་སོགས་པའི་ཤིང་ལྗོན་པའི་རྩ་བ་སའི་ནང་དུ་སོང་བའི་སྦུབས་ནི་ཤིང་ལྗོན་པ་རྣམ་པར་འཕེལ་བ་དང༌། ཀུན་འཛིན་པ་གཉིས་ཀྱི་གཞི་ཞེས་བྱ་བ་རྒྱུའི་གཙོ་བོ་དང་རྒྱུའི་དངོས་པོ་ཡིན་ཏེ། དང་པོའི་རྒྱུ་ཡིན་པས་དེ་བཞིན་དུ་ཐུབ་པའི་དབང་པོའི་གསུང་རབ་འདི་དག་ཐམས་ཅད་ཀྱི་རྒྱུ་དང་རྩ་བ་འདུལ་བའི་སྡེ་སྣོད་ཡིན་པར་གསུངས་སོ། །འདི་ལྟར་འདུལ་བའི་གཞི་དག་ལ་དམ་པའི་ཆོས་ཀྱི་ཤིང་ལྗོན་པ་རྣམས་ཀྱི་བསམ་གཏན་དང་གཟུགས་མེད་པ་དང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་སོགས་པ་རྣམ་པར་འཕེལ་དང་མ་ཉམས་པའི་དགེ་སློང་གི་མཚན་ཉིད་ཀུན་འཛིན་པ་དག་འདུལ་བའི་རྟེན་གྱིས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ས་འདི་སྐྱེ་དགུ་ཀུན་གྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཞེས་བྱ་བ་ནི་ཇི་ལྟར་ས་གཞི་ལ་བརྟེན་ཏེ་སྐྱེ་དགུ་སེམས་ཅན་དུ་བགྲང་བ་གཟུགས་ཀྱི་དངོས་པོ་རྣམས་གནས་པར་འགྱུར་བ་དང༌། ཏིལ་དང་གྲོ་ལ་སོགས་པ་འབྲུའི་བདག་ཉིད་ཀྱི་འབྲུ་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་བ་དེ་བཞིན་དུ་འདུལ་བ་ལ་བརྟེན་ནས་སྡོམ་བརྩོན་དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་ཏུ་བྱུང་བ་རྣམས་ཀྱང་གནས་པར་འགྱུར་ཏེ། དེས་སྡོམ་པ་སྐྱེ་བ་བསྲུང་


DTG167_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལེགས་པར་སྦྱོར་བའི་ཕྱིར་རོ། །བྱམས་པ་བསྒོམ་པ་ལ་སོགས་པ་དགེ་བའི་ཆོས་བསོད་ནམས་རྣམས་ཀྱང་སྐྱེ་བར་འགྱུར་རོ། །ཇི་ལྟར་འདུལ་བ་ས་དང་ཆོས་མཐུན་པ་ཡིན་ཞེ་ན། དེ་ཕྱིར། ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་གྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་དེ་ལྟ་བས་ན་ཚུལ་ཁྲིམས་འདི་དག་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ནས་མཆོག་ཉིད་ཐོབ་པར་བྱེད་དོ་ཞེས་གསུངས་པས། ཚུལ་ཁྲིམས་ནི་བསམ་གཏན་ལ་སོགས་པ་ཡོན་ཏན་གྱི་གནས་དང་རྟེན་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ལ་ཚུལ་ཁྲིམས་དེའི་གནས་ནི་འདུལ་བ་ཡིན་པར་གསུངས་ཏེ། དེས་དེའི་རྣམ་པ་ཐམས་ཅད་ཉེ་བར་སྟོན་པའི་ཕྱིར་རོ། །དེ་ལྟ་བས་ན་འདུལ་བ་ས་དང་ཆོས་མཐུན་པ་ཉིད་ཡིན་ནོ། །དེའི་ཕྱིར་ཕན་ཡོན་དང་ཉེས་དམིགས་ཀྱང་འདི་ལྟ་བུར་འགྱུར་ཏེ། གང་འདུལ་བ་འདི་ལ་གནས་པར་གྱུར་ཅིང་ཇི་ལྟ་བ་བཞིན་དུ་རྗེས་སུ་སྒྲུབ་པར་བྱེད་པ་དེ་ནི་ཉེ་བའི་ཕྱིར། མཐའ་མྱ་ངན་ལས་འདས་པར་ཕྱིན་པར་འགྱུར་བར་ཤེས་པར་བྱའོ། །གང་འདུལ་བ་འདི་ལ་མི་གནས་ཤིང་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྗེས་སུ་སྒྲུབ་པར་མི་བྱེད་པ་དེ་ནི། རེ་ཞིག་མཐའ་མྱ་ངན་ལས་འདས་པར་ཕྱིན་པར་ག་ལ་འགྱུར་ཏེ། སྡིག་པའི་ལས་བསགས་པ་ལ་སོགས་པས་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འགག་པའི་ཕྱིར་རོ། །གཞི་ཉིད་ཡིན་པས་འདུལ་བ་ལ་བསྟོད་ནས། ད་ནི་བསྲུང་བ་ཉིད་ཀྱིས་སྟོད་པར་བྱེད་པར། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས། །ཆུ་ཀླུང་ཆེ་ཡང་བཟློག་པར་འགྱུར་བ་ལྟར། །དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་པའི་ཆུ་ཀླུང་བཟློག་པར་འགྱུར། །ཞེས་བྱ་བ་ནི། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་བྱས་ན་ཆུ་ཀླུང་ཆེན་པོ་ཡང་ཟློག་པར་བྱེད་ཅེས་བསྒྱུར་བ་དེ་བཞིན་དུ། འདུལ་བ་ལ་འཕགས་པས་བསྟོད་པར་འོས་པ་ཆུ་ལོན་འདི་ལྟ་བུ་འདིས་ཀྱང་ཚུལ་ཁྲིམས་འཆལ་པའི་ཆུ་ཀླུང་བཟློག་པར་འགྱུར་ཞིང་ཕྱིར་སྒྱུར་བར་བྱེད་པ་དེ། འདི་ལྟར་ཚུལ་ཁྲིམས་འཆལ་བའི་རྒྱུར་གྱུར་པ་


DTG167_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་སོགས་པ་ཐམས་ཅད་ཟློག་པར་བྱེད་ལ། དེ་ལས་བྱུང་བའི་ཚུལ་ཁྲིམས་འཆལ་པ་ནི་སྦྱོང་བར་སྟོན་པར་བྱེད་པའི་ཕྱིར་རོ། །ད་ནི་བྱང་ཆུབ་གསུམ་གྱི་ཚོགས་ཉིད་ཀྱིས་འདུལ་བ་ལ་བསྟོད་པའི་ཕྱིར། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང༌། །བྱང་ཆུབ་གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་གང་ཡིན་པ་དང༌། རང་རྒྱལ་དང་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་བར་མ་བརྙེས་པ་གང་ཡིན་པ་དང༌། ཐུབ་པ་བཅོམ་ལྡན་འདས་ཀྱི་སློབ་མ་རྣམ་པར་དག་པའི་སེམས་ཅན་དག་པའི་ཚོགས་བསགས་པ་རྣམས་དགྲ་བཅོམ་པའི་འབྲས་བུ་འཁོར་དང་བཅས་པའི་ཡོན་ཏན་ལྡན་པར་གྱུར་པ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དེ་ལ་ཡང་རྒྱུ་ནི་འདུལ་བ་ཡིན་པར་གསུངས་ཏེ། དེ་ཚུལ་ཁྲིམས་བསྟན་པ་ཚུལ་ཁྲིམས་ལ་བརྟེན་ཏེ། ལམ་བསྒོམ་པའི་ཕྱིར་རོ། །ད་ནི་བསྟན་པའི་རྒྱུ་ཉིད་ཀྱིས་སྟོད་པར་བྱེད་དེ། ཇི་སྲིད་འགོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་རྫོགས་པ་ཞེས་བྱ་བ་ནི་ཚངས་པ་སྟེ། གསོལ་བ་དང་ལས་ལ་སོགས་པ་ལ་འཇུག་ནུས་པའོ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ངེས་འདིར་དོན་དུ་ན་དུས་ཇི་སྲིད་དུ་འགྲོ་བ་འཇིག་རྟེན་འཛམ་བུའི་གླིང་འདིར་རྒྱལ་བ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཀྱི་མཆོག་འདུལ་བ་རྫོགས་པ་འདི་གནས་པར་འགྱུར་བའི་དུས་ཇི་སྲིད་ཁོ་ན་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་ལྷག་མ་འདི་ཡང་གནས་པར་འགྱུར་ཞིང༌། དེ་ལས་རྫོགས་པར་འགྱུར་བ་འདུལ་བ་རྫོགས་པར་ནུས་པར་གྱུར་ན་དམ་པའི་ཆོས་ཀྱི་སྒྲོན་མ་ལྷག་མ་ཡང་ཞི་བ་ཐོབ་པར་འགྱུར་ཏེ་ནུབ་པ་ཁོ་ནར་འགྱུར་རོ་ཞེས་བྱའོ། །ད་ནི་དཀོན་པར་བྱེད་པའི་སྒོ་ནས་བསྟོད་པ་ནི། སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང༌། །མདོ་སྡེ་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་


DTG167_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །ཞེས་བྱ་བ་ལ་མི་བཞུགས་ཞེས་བྱ་བས་ནི་མེད་པའི་དོན་བསྟན་ཏོ། །དེ་དང་དེ་དག་ཅེས་བྱ་བ་ནི་བཟླས་པའི་ཚིག་སྟེ། མང་བ་ཉིད་དུ་བསྟན་ཏོ། །དེས་ན་འདི་ལྟར་སངས་རྒྱས་མི་བཞུགས་སུ་ཟིན་ཀྱང༌། འཇིག་རྟེན་འཛམ་བུའི་གླིང་འདི་ནི། །འདོད་པ་ཁྱོད་ཀྱི་རྩ་བ་ཤེས། ཁྱོད་ནི་ཀུན་དུ་རྟོག་ལས་བྱུང༌། །ཁྱོད་ལ་ཀུན་དུ་བརྟག་མི་བྱ། །དེས་ན་ངལ་ཁྱོད་མི་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་དེ་དང་དེ་ལྟ་བུ་དག་དང༌། ལྷའི་མདོ་ལ་སོགས་པ་མདོ་སྡེའི་ཡན་ལག་དམ་དུམ་མང་པོ་དེ་དང་དེ་དག་སྤྱོད་པ་ཡོད་ཀྱི། བཅོམ་ལྡན་འདས་བྱུང་དུ་ཟིན་ཀྱང་བསླབ་པ་འཇུག་པ་མེད་ཅིང་བསླབ་པ་བཅའ་བ་མེད་ན་འདུལ་བའང་མེད་ཅིང་སྤྱོད་པར་མི་འགྱུར་བས་དེའི་ཕྱིར་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དག་པས་ཀྱང་ཆེས་འདུལ་བ་འདི་དཀོན་པ་ཡིན་ན། མདོ་སྡེ་ལ་སོགས་པ་དག་པས་དཀོན་པ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་དཔེའི་སྒོ་ནས་བསྟན་པའི་ཕྱིར། འཇོག་བྲལ་སེམས་གླང་ལྕགས་ཀྱོ་འདི་ཡིན་ཏེ། །གདུལ་བྱ་མ་ཐུལ་འདུལ་བའི་སྲབ་འདི་ཡིན། །ར་བ་མཚམས་ཀྱི་འོབས་དང་འདྲ་བ་སྟེ། ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །ཞེས་བྱ་བ་གསུངས་ཏེ་དེ་ལ་འདིས་སེམས་དོན་རྣམས་ལ་འཇོག་པར་བྱེད་པས་ན་འཇོག་པ་ནི་ཏིང་ངེ་འཛིན་ཏོ། །འཇོག་པ་དང་བྲལ་བའི་ཕྱིར་འཇོག་པ་དང་བྲལ་བ་ནི་མཉམ་པར་མ་བཞག་པ་སྟེ། དེ་ཉིད་སེམས་ཡིན་པས་འཇོག་བྲལ་སེམས་སོ། །དེ་ཉིད་གླང་པོ་ཆེ་དང་མཐུན་པ་ཉིད་ཡིན་ཏེ། འཇོག་པ་དང་བྲལ་བའི་སེམས་ནི་གླང་པོ་ཆེ་དང་འདྲ་བས་འཇོག་བྲལ་སེམས་གླང་ཞེས་སྨོས་སོ། །གླང་པོ་ཆེ་དེ་གནས་མ་ཡིན་པ་ལས་བཟློག་ཅིང་གནས་བདེ་བར་འཇོག་པར་བྱེད་པ་ལྕགས་ཀྱོ་ཡིན་པ་དང་འདྲ་བར་འཇོག་པ་དང་བྲལ་བའི་སེམས་གླང་པོ་ཆེ་དང་འདྲ་བ་དེ་གནས་མ་ཡིན་པ་ལས་འབོག་ཅིང་གནས་བདེ་བར་འཇོག་པར་བྱེད་པའི་ལྕགས་ཀྱོ་ཡང་འདུལ་བ་ཡིན་ཏེ་འདྲ་བའི་ཕྱིར་རོ། །གདུལ་བྱ་ཅེས་བྱ་བ་ནི་འདུལ་བར་བྱ་སྟེ་རྟའོ། །མ་ཐུལ་བ་ཅེས་བྱ་བ་ནི་མ་བསླབས་པ་སྟེ་སེམས་ཀྱི་རྟ་འདུལ་བར་བྱ་བ་མ་ཐུལ་བ་དེ་འདུལ་བའི་སྲབ་ཀྱི་ཁ་ལྕགས་དང་འདྲ་བ་ཡང་འདུལ་བ་འདི་


DTG167_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཕན་པ་དང་གནོད་པ་ལ་འཇུག་པ་ལྡོག་པར་བྱེད་པའི་ཕྱིར་རོ། །ར་བ་མཚམས་ཞེས་བྱ་བ་ནི་ར་བའི་ཕྱི་མཚམས་ཏེ་དེའི་འོབས་དང་འདྲ་བ་ཡང་འདུལ་བ་འདི་ཡིན་ཏེ། འདའ་བ་དང་འདའ་བར་བྱ་བ་མ་ཡིན་པའི་མཚམས་ཀྱི་མུ་ཐུག་པ་ཡིན་པའི་ཕྱིར་རོ། །ཟག་པ་ཞེས་བྱ་བའི་གང་གིས་འཛག་པར་བྱེད་པ་ཉོན་མོངས་པ་རྣམས་གང་ནས་འཛག་པར་འགྱུར་བ་ལུས་དང་ངག་དང་ཡིད་ཀྱི་སྒོ་དག་སྟེ་དེ་དག་ཀུན་འགོག་པའི་ཆུ་ལོན་ཡང་འདུལ་བ་འདི་ཡིན་ཏེ་འདི་ལྟར་ཉོན་མོངས་པ་མངོན་དུ་གྱུར་པ་དག་དང༌། དེ་ལས་བྱུང་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དག་ཀྱང་འདུལ་བས་ཟློག་པར་བྱེད་པའི་ཕྱིར་རོ། །ད་ནི་སྟོན་པ་དང་འདྲ་བ་ཉིད་ཀྱིས་བསྟོད་པའི་ཕྱིར། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་བཞིན། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་རྒྱལ་བ་བཅོམ་ལྡན་འདས་ནི་སྟོན་པ་ཡིན་ཏེ། བསྟན་པ་ཐམས་ཅད་འཛུགས་པར་མཛད་པའི་ཕྱིར་རོ། །སྟོན་པ་དེའི་བསྟན་བཅོས་དག་ནི་མདོ་སྡེ་དང་ཆོས་མངོན་པ་དག་ནི་ཞེས་བྱ་བ་གཞུང་དང་ཡིན་པ་དེ་གཉིས་ཡིན་པར་གསུངས། དེ་གཉིས་ཀྱིས་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་མཛད་པའི་ཕྱིར་རོ། །འདུལ་བ་ནི་དངོས་སུ་སྟོན་པ་ཡང་ཡིན་ཏེ། དེ་བཞིན་གཤེགས་པ་དང་འདྲ་བར་རྟག་ཏུ་གྲོལ་བ་དང༌། རྣམ་པར་མ་གྲོལ་བ་རྣམས་རྗེས་སུ་སྟོན་པའི་ཕྱིར་རོ། །བསྟན་བཅོས་དངོས་དང་ཡིན་ཏེ། གཞུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བ་འདི་ནི་ངོ་བོ་ཉིད་གཅིག་ལས་གཉིས་སུ་གྱུར་པ་ཡིན་ཏེ། སྟོན་པ་དང་བསྟན་བཅོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས་འདུལ་བ་འདི་ནི་ཕྱག་བྱ་བའི་འོས་ཡིན་ཏེ། འདི་ལ་ངེས་པ་ཁོ་ནར་ཕྱག་བྱའོ། །ཅི་ཞིག་དང་འདྲ་བར་གཉིས་སུ་གྱུར་པ་ཡིན་ཞེ་ན། ཆོས་མཐུན་པའི་དཔེ་བསྟན་པའི་ཕྱིར། སངས་རྒྱས་ཆོས་གཅིག་བཞིན་ཞེས་བྱ་བའི་དཔེ་གསུངས་ཏེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་དང་ཆོས་ནི་ངོ་བོ་ཉིད་ཐ་དད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་


DTG167_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། མྱ་ངན་ལས་འདས་པ་ཐོབ་པར་མཛད་པའི་ཕྱིར་སྟོན་པ་ཡང་ཡིན་ལ་གཞུང་གི་རང་བཞིན་ཡིན་པའི་ཕྱིར་ནི་བསྟན་བཅོས་ཡིན་པས་དེའི་ཕྱིར་སྟོན་པ་དང༌། བསྟན་བཅོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་དེ་ནི་ཕྱག་བྱ་བའི་འོས་ཁོ་ན་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་བས་ཀྱང་བླ་མ་ཡིན་པའི་ཕྱིར་འདི་ལ་ཕྱག་བྱ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བཅས་ཞེ་སར་བཅས་འགྱུར་ཞིང༌། །དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་འཚོལ་ཅིག །ཅེས་བྱ་བ་གསུངས་ཏེ་འདུལ་བ་གང་ལ་བརྟེན་ཅིང་གནས་པ་དེ་དང་འགལ་རྐྱེན་ཀུན་ཏུ་མི་སྤྱོད་པ་ཐ་སྙད་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བ་དེ་ལ་ངོ་བོ་ཉིད་ཁོ་ནས་གུས་པ་དང་བཅས་པ་དང་དེ་ལ་འཇིག་རྟེན་གྱིས་སྨད་པའི་དབང་གིས་དགོངས་པ་གཏོད་པའི་སྒོ་ནས་ཞེ་ས་དང་བཅས་པར་འགྱུར་བ་དེ་དང་འདྲ་བའི་འདུལ་བ་འདི་ལ་རབ་ཏུ་བསྒྲིམས་ཏེ་ཕྱག་འཚོལ་ཅིག་ཅེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འདུལ་བ་དེ་ནི་བདག་ཅག་གི་བླ་མ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་བས་ཀྱང་བླ་མ་མགོན་ཡིན་ཏེ། དེ་དེ་ལ་གུས་པ་དང་བཅས་ཞེས་དང་བཅས་པའི་ཕྱིར་དང༌། འདུལ་བ་དེ་ནི་སྐྱབས་ཡིན་ཏེ་ཁྱིམ་ཡོངས་སུ་སྤོང་བ་དང༌། བརྟུལ་ཞུགས་ཀྱི་བགོ་བཤའ་ལེགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང༌། འདུལ་བ་དེ་ནི་གནས་ཡིན་ཏེ་བརྟུལ་ཞུགས་བླངས་པ་རྣམས་ལ་སྐྱོབ་བ་དང་སྲུང་བ་དང་བརྟུལ་ཞུགས་ཀྱང་ཡོངས་སུ་སྲུང་བར་བྱེད་པ་དེའི་ཕྱིར་རབ་ཏུ་བསྒྲིམས་ལ་འདུལ་བ་འདི་ལ་ངེས་པ་ཁོ་ནར་ཕྱག་འཚོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ད་ནི་གནོད་པའི་རྒྱུ་ཉིད་ཀྱིས་གུས་བ་སྐྱེད་པའི་ཆེད་དུ་བསྟོད་པའི་ཕྱིར། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོག །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་བྱུང་བ་བག་མེད་པ་དང་ལྡན་པ་གང་ལ་ལ་ཞིག་སྟོན་


DTG167_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པས་ཕན་པ་ཉེ་བར་སྟོན་པ་བསྟན་པ་ལ་འདུལ་བ་ལས་གསུངས་པའི་བཀའ་ལུང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡང་ཡིན་པས་དེ་ལས་འདས་ན་ཉེས་བྱས་ལ་སོགས་པ་ཇི་ཙམ་འབྱུང་སེམས་ཤིང་རྟོག་པ་ན་དོན་མེད་པ་ཉིད་དོ་སྙམ་དུ་བློ་སྔོན་དུ་གཏོང་ཞིང་ཅུང་ཟད་འདའ་ཞིང་འགལ་བ་བྱེད་པའི་རབ་ཏུ་བྱུང་བ་བག་མེད་པ་དང་ལྡན་པ་དེ་ནི་བསྟན་པ་ལས་འདས་པ་དེ་ལས་འཇིག་རྟེན་ཕ་རོལ་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཆེན་པོས་གདུང་བར་བྱེད་པའི་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་དང་འབྲེལ་གཞན་ལ་རག་ལས་ཤིང་གཞན་གྱི་དབང་དུ་གྱུར་པ་ཐོབ་པར་འགྱུར་བས་དེའི་ཕྱིར་སྟོན་པའི་ཕྱིར་བསྟན་པ་རྗེས་སུ་བསྒྲུབ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་དཔེས་བསྟན་པའི་ཕྱིར། སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་བྱ་བ་གསུངས་ཏེ། དཔེར་ན་རྒྱལ་པོས་ཨ་མྲའི་ཚལ་བསྲུང་བའི་ཕྱིར། ཁོར་ཁོར་ཡུག་ཏུ་སྨྱིག་མ་ཚེར་མ་ཅན་གྱི་ཚལ་གྱིས་བསྐོར་བ་བྱས་མི་བག་མེད་པ་ལ་ལ་ཞིག་གིས་འདི་ནི་དགོས་པ་མེད་དེ་ཁྱོད་ཡང་བ་མ་ཡིན་སྙམ་དུ་སེམས་ཤིང་བྲེགས་པས། ཨ་མྲའི་ཚལ་ལའང་རྟ་ལ་སོགས་པ་དག་གིས་ཟོས་པ་ལ་སོགས་པ་དག་གིས་ཉམས་ཤིང་གནོད་པར་འགྱུར་བ་ནི་མི་དེ་ལ་གཞི་དེས་རྒྱལ་པོ་ཁྱོས་པ་ལ་སོགས་པས་ཆད་པ་རྔམ་པོ་ཆེ་ལ་གཏུགས་པ་ལས་བྱུང་བའི་སྡུག་བསྔལ་ཐོབ་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྨྱིག་མའི་ཚལ་ལྟ་བུ་དེ་ལས་འདས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཨ་མྲའི་ཚལ་ལྟ་བུ་དེ་ཉམས་པས་ན་རྒྱལ་པོ་ཁྲོས་པ་ལ་སོགས་པ་ལྟ་བུ་རྒྱལ་བའི་བཀའ་ཁྱད་དུ་བསད་ཅིང༌། བསླབ་པ་དྲལ་བ་དེ་ལས་རྒྱལ་པོའི་ཆད་པའི་སྡུག་བསྔལ་གཞན་གྱི་དབང་དུ་གྱུར་པ་ཐོབ་པ་ལྟ་བུ་འཇིག་རྟེན་ཕ་རོལ་དུ་དམྱལ་བའི་སྲུང་མ་ལ་སོགས་པས་གནོད་པའི་སྡུག་བསྔལ་ཆེན་པོ་འཐོབ་པར་འགྱུར་བས་དེའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་ཡང་སྨྱིག་མའི་ཚལ་ལྟ་བུ་དེ་ཉིད་ལས་གུས་པ་དང་བཅས་པས་བསྲུང་བར་བྱའོ། །ད་ནི་ཁྱད་དུ་གསོད་པ་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའི་ཉེས་པ་བརྗོད་པའི་ཕྱིར། འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་


DTG167_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བཟླས་ན་ཚུལ་མིན་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་བཟླས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་འདི་ན་སྐྱེ་བོ་ལ་ལས་མ་གུས་པས་རྒྱལ་པོའི་ཚིག་ཆེན་པོ་ཡང་བཟླས་ན་ལན་འགས་བྱམས་པའི་གནས་ལྟ་བུའམ། གཡུལ་འཁྲུག་པ་ལ་སོགས་པའི་གནས་སྐབས་ན་རྒྱལ་པོའི་ཆད་པ་མི་ཐོབ་པ་ཡང་སྲིད་ཀྱི། ཐུབ་པ་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ་ཕན་པ་མཛད་པ་བླ་ན་མེད་པའི་བཀའ་ལུང་བསླབ་པ་ཚུལ་མ་ཡིན་པས་ཁྱད་དུ་གསོད་པས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཙམ་ཡང་བཟླས་པ་བྱས་ན། ཕལ་ཆེར་ངན་སོང་དུད་འགྲོའི་སྐྱེ་གནས་སུ་འགྲོ་བར་འགྱུར་བས་དེའི་ཕྱིར་གུས་བ་ཞེས་བྱའོ། །དེ་ཉིད་དཔེས་བསྟན་པའི་ཕྱིར་ཨེ་ལའི་འདབ་ཀླུ་བཞིན་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འོད་སྲུངས་ཀྱི་དགེ་སློང་སྤོང་བ་པ་དེས་འཆག་པའི་ཆོ་མགོ་བོའི་སྟེང་དུ་ཤིང་ཨེ་ལའི་འདབ་མས་རེག་པ་ན་བཅོམ་ལྡན་འདས་ཀྱི་བཀའ་ཁྱད་དུ་བསད་དེ། ཤིང་ཨེ་ལའི་འདབ་མ་དེ་བཅད་པས་གཞི་དེས་དགེ་སློང་དེ་ཀླུ་ཨེ་ལའི་འདབ་མ་ཞེས་བྱ་བར་སྐྱེས་ཏེ་མགོ་ལ་ཤིང་ཨེ་ལའི་འདབ་དྲུད་ཅིག་སྐྱེས་ཤིང་དེ་འགུལ་བ་ན་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་རྩུབ་པ་ཚ་བ་ཉམས་སུ་མྱོང་སྟེ། དེ་ནས་ཁྲག་དང་རྣག་འབབ་པས་ཟས་སུ་ཟ་བར་གྱུར་པ་ལྟ་བུ་དང་དེ་དང་འདྲ་བ་གཞན་དག་ཏུ་ཡང་འགྲོ་བར་འགྱུར་བའོ། །ད་ནི་སོ་སོར་ཐར་པའི་རྣམ་པར་བཤད་པ་ཉིད་ཀྱིས་འདུལ་བ་ལ་བསྟོད་པའི་ཕྱིར། སོ་སོར་ཐར་བྱ་གང་ཡིན་པ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གསུངས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ་གང་གི་ཕྱིར་སོ་སོར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཕན་ཡོན་དུ་མས་ཡང་དག་པར་རྒྱས་པ་ཡིན་པས་རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་འདུལ་བ་འདི་དག་ཐམས་ཅད་ནི་སོ་སོར་ཐར་པ་དེའི་རྒྱ་ཆེར་བཤད་པ་ཡིན་པར་གསུངས་པ་དེའི་ཕྱིར་ཐར་པ་འདོད་པ་དག་གིས་འདུལ་བ་འདི་ལ་གུས་པས་མཉན་པའི་སྤྲོ་བ་བརྟན་པོ་བྱའོ་ཞེས་སྟོན་ཏོ། །འོ་ན་


DTG167_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར། སོ་སོར་ཐར་བྱ་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་གང་ཆེན་མཚོ་ཞེས་བྱ་བ་རྒྱ་མཚོ་ལྟ་བུ་གང་ལ་གཏིང་ཞེས་བྱ་བ་ནི་ཀུན་ནས་སློང་བ་དང་མཐའ་ཞེས་བྱ་བ་ནི་འབྲས་བུ་དེ་གཉིས་དཔག་ཏུ་མེད་པ་ནི་སངས་རྒྱས་ཀྱི་འདུལ་བ་གང་ཆེན་མཚོ་སྟོང་ཕྲག་བརྒྱ་པ་ཐམས་ཅད་ཀྱི་གནས་པ་ཞེས་བྱ་བ་མཚན་ཉིད་རྣམ་པར་གཞག་པ་དེའི་སྙིང་ཞེས་བྱ་བ་འཕེལ་བ་དང་ས་བོན་དང་ཀུན་ནས་སློང་བ་དང༌། སྙིང་པོ་ཞེས་བྱ་བ་བསྟན་པ་རྣམ་པར་མི་གཡོ་བ་ནི་སོ་སོར་ཐར་པ་ཞེས་བྱ་བ་ནི་སྡིག་པ་ལས་ཐར་པའམ་འཁོར་བ་ལས་ཐར་པ་མདོའི་སྡེར་བསྟན་པ་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པའི་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ནི་དམ་ཆོས་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་གྱི་མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་ཀུན་གྱི་འདྲེན་པ་མཆོག་ཡིན་ཏེ་བློན་པོ་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར། འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པ་འདི་ནི་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་འདོད་པའི་དགེ་སློང་ཚོང་པའི་ཚོགས་འགྲོན་པ་རྣམས་ཀྱི་བསླབ་ཟོང་ཚུལ་ཁྲིམས་ཀྱི་ནོར་གང་ཡིན་པ་དེའི་ཚོང་ཁང་ཆེན་པོ་ཞེས་བྱ་བ་ཟོང་བཅེར་བའི་གནས་དང་འདྲ་བ་ཡིན་ནོ། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱོ་ཡིན། །ཞེས་བྱ་བ་ནི་གང་དག་ཚུལ་ཁྲིམས་འཆལ་པ་བསླབ་པ་རལ་པ་ལྷག་མ་དང་བཅས་པ་སྤྲུལ་ཆེན་པོས་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཅིང་རེག་པ། དེ་རྣམས་ཀྱི་ལྟུང་བ་གདུག་པ་རྣམ་སེལ་ཅིང་རྣམ་པར་འགོག་པའི་སྨན་གནོད་པ་སེལ་བ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། འདིས་དེ་སྦྱོར་བར་བྱེད་པ་སྟོན་པའི་ཕྱིར་རོ། །སོ་སོར་ཐར་པ་འདི་ནི་གང་དག་ལང་ཚོ་གཞོན་པ་ཉིད་རྣམ་པར་འཁྲུལ་ཞིང་རྨོངས་པའི་


DTG167_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་གཉིས་གཞོན་ནུ་དེ་དག་གི་ལྕགས་ཀྱོ་དང་འདྲ་བའི་ཕྱིར་བཟློག་པ་ཡིན་ཏེ། བསྙིལ་བ་དང་ཡོངས་སུ་གནས་པ་སྤྱད་པ་ལ་སོགས་པའི་ཉེས་དམིགས་སྟོན་པས་ཀུན་ཏུ་སྐྲག་པར་བྱེད་པ་ཡིན་པའི་ཕྱིར་རོ། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་བྱ་བ་ནི་རྒྱ་མཚོ་དུག་ཅན་པས་ཀྱང་ཟབ་ཅིང་གཏིང་སླེབ་པར་དཀའ་བ་འགྲོ་བ་ལྔའི་འཇིག་རྟེན་གང་ཡིན་པ་དེ་ལས་སྒྲོལ་ཅིང་རྣམ་པར་གྲོལ་བར་འགྱུར་བའི་རྒལ་ཐབས་ཟམ་པ་དང༌། གྲུ་དང་གཟིངས་དང་རྒྱལ་བ་ལ་སོགས་པ་ལྟ་བུ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ནི་ལམ་སྐྱེ་བའི་ཕྱིར་རོ། །སོ་སོར་ཐར་པ་འདི་ནི་བཟང་འགྲོར་འགྲོ་ཞིང་འཇུག་པའི་ངེས་པ་བསྟན་པ་གཅིག་ཏུ་གྱུར་པའི་ཆུ་ལོན་ཟམ་པ་ཞེས་བྱ་བས་གཞི་དང་འབྲེལ་བའི་རྒྱུན་ས་ཡིན་ཏེ་ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཕམ་ཞིང་སྤང་བར་བྱ་བ། འཕགས་པའི་ལམ་མིའི་བདག་པོ་རྒྱལ་པོ་དང་འདྲ་བའི་འདྲེན་པ་སྙིང་ཚོགས་མཆོག་ལྟ་བུ་ཡིན་ནོ། །སོ་སོར་ཐར་པ་འདི་ནི་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་བརྩེགས་མར་འཇུག་ཅིང་འཛོག་པའི་ལམ་གྱི་སྐས་ཀྱི་ཐེམ་དང་པ་དང་འདྲ་བར་གནས་ཏེ། ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་བྱ་བ་ནི་སྟོན་པ་ཆེན་པོ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ན། དགེ་སློང་དག་ད་ཕྱིན་ཆད་བདག་ཅག་ལ་སྟོན་པ་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར་འདི་སྐད་ཅེས། ང་མྱ་ངན་ལས་འདས་པར་གྱུར་པ་ན་སོ་སོར་ཐར་བ་འདི་ཁྱོད་ལ་སྟོན་པ་བྱེད་པར་འགྱུར་བས་འདི་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ་ཞེས་རང་བྱུང་གཞན་གྱི་ལུང་བསྟན་མེད་པའི་མཁྱེན་པ་བརྙེས་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་


DTG167_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཞལ་ནས་གུས་པ་དང་བཅས་པར་དགོངས་པ་གཏད་དོ། །ནན་ཏན་དུ་དགེ་སློང་རྣམས་ལ་བཀའ་སྩལ་ནས་དགེ་སློང་གི་ཚོགས་དགེ་འདུན་གྱི་མདུན་དུ་བསྟོད་པ་མཛད་པས། དེའི་ཕྱིར་འདི་ནི་སྟོན་པ་ཉིད་ཀྱི་ཞལ་དང་འདྲ་བར་སྟོན་པའོ། །འདུལ་བའི་སོ་སོར་ཐར་དེ་ཡི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཐར་འདོད་རྣམས་ཀྱིས་གུས་བྱས་ཏེ། །འདི་ནི་ནན་ཏན་མཉན་པར་བྱ། །ཞེས་བྱ་བ་དེ་ནི་དེ་ལྟར་གང་གི་ཕྱིར་སོ་སོར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཕན་ཡོན་དུ་མས་ཡང་དག་པར་རྒྱས་པ་ཡིན་ལ། རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་འདུལ་བ་འདི་དག་ཐམས་ཅད་སོ་སོར་ཐར་པ་དེའི་རྒྱ་ཆེར་རྣམ་པར་འབྱེད་པ་ཡིན་པའི་ཕྱིར་ཐར་པ་འདོད་པ་དག་གིས་གུས་པར་བྱས་ཏེ། སོ་སོར་ཐར་པ་དེའི་རྣམ་པར་འབྱེད་པར་གྱུར་པ་འདུལ་བ་འདི་དག་རྣམས་རྣམ་པ་ཐམས་ཅད་དུ་ནན་གྱིས་མཉན་པར་བྱ་ཞིང་ཐོས་ནས་ཀྱང་འབྲས་བུ་དང་བཅས་པར་བྱའོ་ཞེས་བསྟན་ཏོ། །འདུལ་བ་རྣམ་པར་བཤད་པ་གགས་བསལ་ཏེ། །དེ་ལས་བདག་གིས་དགེ་བསགས་གང་ཡིན་པས། །འཆིང་བ་མ་ལུས་རབ་ཏུ་གྲོལ་བྱའི་ཕྱིར། །འཇིག་རྟེན་ཀུན་གྱི་གགས་ནི་ཉམས་གྱུར་ཅིག །འདུལ་བ་ལ་བསྟོད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ། སློན་དཔོན་དུལ་བའི་ལྷས་བཤད་པ་རྫོགས་སོ།།

གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ།
དབྱིག་གི་བཤེས་གཉེན།


DTG167_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མ་ཡ་བྷེ་དོ་བྱཱུ་ཧ་ཙ་ཀྲཾ། བོད་སྐད་དུ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་མྱ་ངན་འདས། །ལོ་བརྒྱ་རྫོགས་པར་ཚང་ནས་སུ། །བསྟན་པ་ལ་ནི་གནོད་བགྱིད་པ། །གྱེས་པ་ཇི་ལྟར་བྱུང་བ་བཞིན། །སྡེ་པ་རྣམས་ནི་ཕན་ཚུན་དུ། །བློ་གྲོས་ཐ་དད་བྱུང་བ་བཞིན། །སྐྱོང་བར་བྱེད་པ་དེ་རྣམས་ནི། །བདག་ལ་ཡོད་པ་བརྟེན་ནས་བཤད། །དེ་ཚེ་དབྱིག་བཤེས་བློ་ལྡན་པ། །ཤཱཀྱའི་དགེ་སློང་བློ་ཆེན་པོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། །ཁྱད་པར་སེམས་ལ་བརྟག་བྱ་སྟེ། །འཇིག་རྟེན་ལྟ་བ་སྣ་ཚོགས་ཀྱིས། །རྣམ་པར་གཡེངས་ལ་ཀུན་བརྟགས་ཤིང༌། །ཐུབ་པའི་བཀའ་ནི་གྱེས་པ་བཞིན། །


DTG167_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་དེ་དང་དེ་དག་བཤད། །འཕགས་པའི་བདེན་པའི་གཏམ་གྱི་གནས། །སངས་རྒྱས་བསྟན་པ་ཀུན་བསྟན་ནས། །རྡུལ་རྣམས་ལ་ནི་གསེར་བཞིན་དུ། །དེ་ཕྱིར་དེ་ལས་སྙིང་པོ་བླང༌། །འདི་སྐད་ཅེས་གྲག་སྟེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་རྒྱལ་བའི་ཉི་མ་ནུབ་ནས་ལོ་བརྒྱ་ལོན་ཏེ། དུས་ཅུང་ཟད་ཅིག་འདས་ནས་ཤིང་སྐྱ་ནར་གྱི་བུ་མེ་ཏོག་གི་གྲོང་བར་གྱི་རྟེན་མ་རྒྱལ་པོ་མྱ་ངན་མེད་གདུགས་གཅིག་པའི་ས་སྐྱོང་ཞིང་རྒྱལ་སྲིད་མཛད་པའི་དགེ་འདུན་ཕལ་ཆེན་པ་གྱེས་པ་བྱུང་སྟེ། འདི་ལྟ་སྟེ། གཞན་གྱིས་ཉེ་བར་བསྒྲུབ་པ་དང༌། མི་ཤེས་པ་དང༌། སོ་མ་ཉི་དང༌། གཞན་གྱིས་རྣམ་པར་སྤྱོད་པ་དང༌། ལམ་སྒྲ་འབྱིན་པ་དང་བཅས་པ་འདི་ནི། སངས་རྒྱས་ཀྱི་བསྟན་པ་དང་བཅས་པ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་གནས་ལྔ་རྗེས་སུ་བརྗོད་ཅིང་རྗེས་སུ་སྒྲོགས་པར་གནས་བརྟན་གླུ་དང༌། ཤར་ཕྱོགས་པ་དང༌། མོང་དུ་ཐོས་པ་བྱུང་བར་གྱུར་ཏོ། །གནས་ལྔ་པོ་དེ་དག་པར་རྗེས་སུ་བརྗོད་ཅིང་རྗེས་སུ་བསྒྲགས་ནས་ཀྱང་དགེ་འདུན་ཕལ་ཆེན་པོའི་སྡེ་དང༌། གནས་བརྟན་པའི་སྡེ་ཞེས་བྱ་བ་སྡེ་པ་གཉིས་རྣམ་པར་གཞག་གོ །ལོ་བརྒྱ་དེ་ཉིད་ལ་གནས་པའི་ཚེ་སྡེ་པ་དགེ་འདུན་ཕལ་ཆེན་པོའི་སྡེ་ལས་ཐ་སྙད་གཅིག་པའི་སྡེ་དང༌། འཇིག་རྟེན་འདས་སྨྲའི་སྡེ་དང༌། བྱ་གག་རིས་ཀྱི་སྡེ་ཞེས་བྱ་བ་སྡེ་པ་གཞན་དག་ཀྱང་རྣམ་པར་བཀོད་དོ། །ལོ་བརྒྱ་པ་དེ་ཉིད་ཀྱི་ཚེ་སྡེ་པ་དགེ་འདུན་ཕལ་ཆེན་པའི་སྡེ་ལས་མང་དུ་ཐོས་པའི་སྡེ་པ་ཞེས་བྱ་བ་སྡེ་པ་གཞན་ཡང་རྣམ་པར་གཞག་གོ །ལོ་བརྒྱ་པ་དེ་ཉིད་ཀྱི་ཚེ། སྡེ་པ་དགེ་འདུན་ཕལ་ཆེན་བོའི་སྡེ་ལས་བཏགས་པར་སྨྲ་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་ཡང་རྣམ་པར་གཞག་གོ །ལོ་ཉིས་བརྒྱ་པ་ལ་གནས་པའི་ཚེ་ཀུན་དུ་རྒྱུ་ལྷ་ཆེན་པོ་ཞེས་བྱ་བ་རབ་ཏུ་བྱུང་སྟེ་མཆོད་རྟེན་གྱི་རིལ་གནས་པས་དགེ་འདུན་ཕལ་ཆེན་པོའི་ལུགས་ལྔ་བོ་དེ་དག་ཡང་དག་པར་རྗེས་སུ་བརྗོད་ཅིང༌། ཡང་དག་པར་རྗེས་སུ་བསྒྲགས་ནས་མཆོད་རྟེན་པའི་སྡེ་དང༌། ནུབ་ཀྱི་རི་བོའི་སྡེ་དང༌། བྱང་གི་རི་བོའི་སྡེ་ཞེས་བྱ་བ་སྡེ་པ་གསུམ་རྣམ་པར་བཀོད་དོ། །དེ་ལྟར་ན་དགེ་འདུན་ཕལ་ཆེན་པའི་སྡེ་པ་དེ་ནི་དགེ་འདུན་ཕལ་ཆེན་པའི་སྡེ་དང༌། ཐ་སྙད་གཅིག་པའི་སྡེ་དང༌། འཇིག་རྟེན་འདས་


DTG167_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲའི་སྡེ་དང༌། བྱ་གག་རིས་ཀྱི་སྡེ་དང༌། མང་དུ་ཐོས་པའི་སྡེ་དང༌། བཏགས་པར་སྨྲ་བའི་སྡེ་དང༌། མཆོད་རྟེན་པའི་སྡེ་དང༌། ནུབ་ཀྱི་རི་བོའི་སྡེ་དང༌། ཞེས་བྱ་བ་སྡེ་པ་བཞི་དང༌། རྣམ་པ་ལྔར་རྣམ་པར་བཀོད་དོ། །སྡེ་པ་གནས་བརྟན་པའི་སྡེ་དང་དུས་ཅུང་ཟད་ཅིག་རྗེས་སུ་ཞུགས་ནས་ལོ་སུམ་བརྒྱ་པ་ལ་གནས་པའི་ཚེ། རྩོད་པ་འགའ་ཞིག་གི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའི་གང་དག་རྒྱུར་སྨྲ་བའི་སྡེ་ཞེས་བྱ་བ་དང༌། སྔོན་གནས་བརྟན་པའི་སྡེ་གང་དག་གངས་རི་བའི་སྡེ་ཞེས་བྱ་བ་སྡེ་པ་གཉིས་རྣམ་པར་གཞག་གོ །ལོ་སུམ་བརྒྱ་པ་དེ་ཉིད་ཀྱི་ཚེ་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་གནས་མའི་བུའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་གཞག་གོ །ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་གནས་མ་བུའི་སྡེ་ལས་ཆོས་མཆོག་བའི་སྡེ་དང༌། བཟང་པོའི་བུའི་སྡེ་དང༌། ཀུན་གྱིས་བཀུར་བའི་སྡེ་དང༌། གྲོང་ཁྱེར་དྲུག་པའི་སྡེ་དང་ཞེས་བྱ་བ་སྡེ་པ་གཞན་དག་རྣམ་པར་བཀོད་དོ། །ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་ས་སྟོན་གྱི་སྡེ་དང་ཞེས་བྱ་པ་སྡེ་པ་གཞན་དག་རྣམ་པར་གཞག་གོ །ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་ས་སྟོན་པའི་སྡེ་ལས་དེ་དག་ལས་སློབ་དཔོན་མཽད་གལ་ཡིན་པར་སྟོན་པས། ཆོས་སྤུང་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་གཞག་གོ །ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་ལ་ལར་འོད་སྲུངས་ཀྱི་སྡེ་ཞེས་བྱ་བ་བྱུང་སྟེ། ལོ་བཟང་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་གཞག་གོ །ཡང་ལོ་བཞི་བརྒྱ་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས། དེ་དག་སློབ་དཔོན་ཆོས་མཆོག་ཡིན་པར་སྟོན་པས་ལ་ལར་མདོ་སྡེ་སྨྲ་བའི་སྡེ་ཞེས་བྱ་བ་སྟེ། འཕོ་བར་སྨྲ་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་གཞག་གོ །དེ་ལྟར་གནས་བརྟན་པའི་སྡེ་ཞེས་བྱ་བའི་སྡེ་པ་དེ་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང༌། གངས་རི་པའི་སྡེ་དང༌། གནས་མ་བུའི་སྡེ་དང༌། ཆོས་མཆོག་པའི་སྡེ་དང༌། བཟང་པོའི་བུའི་སྡེ་དང༌། ཀུན་གྱིས་བཀུར་བའི་སྡེ་དང༌། གྲོང་ཁྱེར་དྲུག་པའི་སྡེ་དང༌། ས་སྟོན་པའི་སྡེ་དང༌། ཆོས་སྲུང་སྡེ་དང༌། འོད་སྲུངས་ཀྱི་སྡེ་དང༌།


DTG167_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བར་སྨྲ་བའི་སྡེ་ཞེས་བྱ་བ་རྣམ་པ་བཅུ་གཅིག་ཏུ་རབ་ཏུ་རྣམ་པར་གཞག་གོ །དེ་དག་གི་གཞིའི་གཞུང་ལུགས་དང༌། བར་གྱི་གཞུང་ལུགས་རྣམས་རྣམ་པར་བཤད་པར་བྱའོ། །དེ་ལ་དགེ་འདུན་ཕལ་ཆེན་པོའི་སྡེ་ཞེས་བྱ་བ་ཐ་སྙད་གཅིག་པའི་སྡེ་དང༌། འཇིག་རྟེན་འདས་སྨྲའི་སྡེ་དང༌། བྱ་གག་རིས་ཀྱི་སྡེ་ཞེས་བྱ་པ་རྣམས་ཀྱི་གཞིའི་གཞུང་དག་ཡོད་དེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་མི་མངའོ། །དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བའོ། །ཐམས་ཅད་རྫས་སུ་མངོན་པར་གསུངས་པའོ། །ཐམས་ཅད་དོན་ཅི་ལྟ་བ་བཞིན་ཉིད་དུ་གསུངས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཉིད་ལ་གཟུགས་ཀྱི་མཐའ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་གྱི་མཐུ་མཐའ་ཡས་པའོ། །སྐུ་ཚེ་དཔག་ཏུ་མེད་པའོ། །རབ་ཏུ་དད་པར་མཛད་པའོ།། ཆོག་པར་མི་འཛིན་པའོ། །མནལ་བར་ཡང་མི་མཛད་དོ། །ཞུས་ན་དགོངས་པར་ཡང་མཛད་དོ། །མེད་ཅེས་ཀྱང་མི་གསུང་སྟེ། རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་སེམས་ཅན་གྱི་ཚོགས་རྣམས་ལ་མིང་དང་ངེས་པའི་ཚིག་གིས་ཡང་དག་པར་གསུང་ངོ༌། །སེམས་གཅིག་གིས་ཆོས་ཐམས་ཅད་རྣམ་པར་མཁྱེན་ཏོ། །སེམས་ཀྱི་སྐད་ཅིག་གཅིག་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱི་ཆོས་ཐམས་ཅད་ཡོངས་སུ་མཁྱེན་ཏོ། །རྟག་པར་རྒྱུན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དག་རྗེས་སུ་འཇུག་གོ །བྱང་ཆུབ་སེམས་དཔའ་རྣམས་ཡུམ་གྱི་ལྷུམས་སུ་ནུར་ནུར་པོ་དང༌། མེར་མེར་པོ་དང༌། ནར་ནར་པོ་དང༌། གོར་གོར་བོའི་དངོས་པོ་ལེན་པར་མི་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་གླང་པོ་ཆེར་གྱུར་ནས་ཡུམ་གྱི་ལྷུམས་སུ་འཇུག་གོ །བྱང་ཆུབ་སེམས་དཔའ་རྣམས་ཡུམ་གྱི་ལྷུམས་བརྟོལ་ནས་འབྱུང་བར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་མི་འབྱུང་ངོ༌། །གནོད་སེམས་ཀྱི་འདུ་ཤེས་མི་འབྱུང་ངོ༌། །རྣམ་པར་འཚེ་བའི་འདུ་ཤེས་མི་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་བཞེད་ན་


DTG167_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ངན་སོང་རྣམས་སུ་སྐྱེ་བར་མཛད་དོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཡེ་ཤེས་གཅིག་གིས་འཕགས་པའི་བདེན་པ་བཞི་མཚན་ཉིད་མི་འདྲ་བ་རྣམས་མཁྱེན་ཏོ། །རྣམ་པར་ཤེས་བའི་ཚོགས་ལྔས་ཀུན་དུ་འདོད་ཆགས་པ་དང༌། འདོད་ཆགས་དང་བྲལ་བར་འགྱུར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་རྣམ་པར་ཤེས་པའི་ཚོགས་དྲུག་དམིགས་སོ། །དབང་པོ་ལྔ་རིལ་པོ་ཤའི་མིག་གིས་གཟུགས་རིལ་པོ་རྣམས་མི་མཐོང་ངོ་ཞེས་བྱ་བ་ནས་ལུས་ཀྱི་རེག་པ་རྣམས་ལ་མི་རེག་གོ་ཞེས་བྱ་བའི་བར་དུའོ། །མཉམ་པར་གཞག་པའི་ཚིག་བརྗོད་པ་ཡོད་དོ། །སེམས་ལ་ཡང་ལུས་ཡོད་དོ། །ཡིད་ལ་བྱེད་པ་ལ་ཡང་ལུས་ཡོད་དོ། །ཆོས་བཞིན་དུ་བྱས་པ་རྣམས་ལ་སྐབས་མེད་དོ། །རྒྱུན་དུ་ཞུགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ངོ་བོ་ཉིད་ཤེས་སོ། །དགྲ་བཅོམ་པ་ལ་གཞན་ཉེ་བར་བསྒྲུབ་པ་དང༌། གཞན་གྱིས་རྣམ་པར་སྤྱོད་པ་དང༌། ལམ་སྒྲ་འབྱིན་པ་དང་བཅས་པའོ། །ལམ་ནི་སྡུག་བསྔལ་བྱེད་པའོ། །ཕན་གདགས་པ་ནི་སྡུག་བསྔལ་བརྗོད་པའོ། །སྡུག་བསྔལ་སྤངས་པའི་ཕྱིར་ཤེས་རབ་ཀྱི་སྦྱོར་བ་དང༌། བདེ་བའི་ཡོ་བྱད་དོ། །བརྒྱད་པ་ཡུན་རིང་དུ་གནས་པར་ཡང་བྱེད་དོ་ཞེས་བྱ་བ་ནས་རིགས་ཀྱི་ཆོས་ཀྱི་བར་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །རྒྱུན་དུ་ཞུགས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དགྲ་བཅོམ་པ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མེད་དོ། །འཇིག་རྟེན་པའི་དད་པའི་དབང་པོ་མེད་དོ། །ལུང་དུ་མི་སྟོན་པའི་ཆོས་རྣམས་མེད་དོ། །ཡང་དག་པ་ཉིད་སྐྱོན་མེད་པར་འཇུག་པས་ཀུན་དུ་སྦྱོར་བ་ཐམས་ཅད་མ་སྤངས་པར་བརྗོད་པར་བྱའོ། །རྒྱུན་དུ་ཞུགས་པ་ལ་ནི་མཚམས་མེད་པ་རྣམས་མ་གཏོགས་པར་སྡིག་པ་ཐམས་ཅད་བྱེད་དོ། །མདོ་སྡེ་ཐམས་ཅད་ངེས་པའི་དོན་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པ་དང༌། ནམ་མཁའ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌།


DTG167_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང༌། གློ་བུར་དུ་འོངས་པའི་ཉེ་བའི་ཉོན་མོངས་པས། སེམས་རང་བཞིན་གྱིས་འོད་གསལ་བ་ནི་འདུས་མ་བྱས་ཀྱི་དངོས་པོ་དགུའོ། །བག་ལ་ཉལ་དག་ནི་སེམས་མ་ཡིན། སེམས་ལས་བྱུང་བ་མ་ཡིན་པར་བརྗོད་པར་བྱའོ། །དམིགས་པ་མེད་པར་བརྗོད་པར་བྱའོ། །བག་ལ་ཉལ་དག་གཞན་ལ་ཀུན་ནས་དཀྲིས་པ་དག་གཞན་ཡིན་པར་བརྗོད་པར་བྱའོ། །བག་ལ་ཉལ་རྣམས་ནི་སེམས་དང་མི་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཀུན་ནས་དཀྲིས་པ་དག་ནི་སེམས་དང་མཚུངས་པར་ལྡན་བདག་གོ །འདས་པ་དང༌། མ་འོངས་པ་མེད་དོ། །ཆོས་ཀྱི་སྐྱེ་མཆེད་ནི་ཤེས་པར་བྱ་བ་མ་ཡིན། རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །བར་མདོའི་སྲིད་པ་མེད་དོ། །རྒྱུན་དུ་ཞུགས་པ་ལ་ནི་བསམ་གཏན་ཐོབ་པ་ཡིན་ནོ་ཞེས་བྱ་བ་ཟེར་ཏེ་དེ་དག་ནི་གཞིའི་གཞུང་ལུགས་དག་གོ །དེ་དག་གི་བར་གྱི་གཞུང་ལུགས་ནི་འདི་དག་ཡིན་ཏེ། ཇི་ལྟ་ཇི་ལྟར་བདེན་པ་རྣམས་ཕྱེ་བ་དེ་ལྟ་དེ་ལྟར་མངོན་པར་རྟོགས་པ་འབྱུང་ངོ༌། །ཅུང་ཟད་ནི་རང་གིས་བྱས་པའོ། །ཅུང་ཟད་ནི་གཞན་གྱིས་བྱས་པའོ། །ཅུང་ཟད་ནི་གཉིས་ཀས་བྱས་པའོ། །ཅུང་ཟད་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་བྱས་པའོ། །དུས་གཅིག་ཏུ་སེམས་གཉིས་ཕྲད་དོ། །ཉོན་མོངས་པ་དང་ལམ་ཕྲད་དོ། །ལས་དང་རྣམ་པར་སྨིན་པ་ཕྲད་དོ། །ས་བོན་ཉིད་མྱུ་གུར་འགྱུར་རོ། །དབང་པོའི་འབྱུང་བ་ཆེན་པོ་རྣམས་ནི་འགྱུར་བའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་མི་འགྱུར་རོ། །སེམས་ཀྱིས་ནི་ལུས་ལ་ཁྱབ་པ་དང་སེམས་འདུག་པ་ཡང་དམིགས་སོ། །དེ་ལྟར་དེ་ལ་སོགས་པ་གཞན་དང་གཞན་དག་དམིགས་པ་ཅན་དག་འདོད་དེ། དེ་ལྟར་དེ་དག་ནི་བར་གྱི་གཞུང་ལུགས་དག་ཡིན། དེ་ལ་མང་དུ་ཐོས་པའི་སྡེ་རྣམས་གཞིའི་གཞུང་ལུགས་དག་ཡོད་དེ། དེ་བཞིན་གཤེགས་པའི་དབྱངས་ལྔ་བོ་མི་རྟག་པ་དང། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། མྱ་ངན་ལས་འདས་པ་ནི་ཞི་བ། ལམ་ནི་ངེས་པར་འབྱིན་པ་འཇིག་རྟེན་ལས་འདས་པ་དག་ཡིན་པར་བརྗོད་པར་བྱའོ། །ལྷག་མ་རྣམས་ནི་འཇིག་རྟེན་པ་དག་ཡིན་ནོ། །དགྲ་བཅོམ་པ་ལ་གཞན་གྱི་ཉེས་པར་བསྒྲུབ་པ་དང༌།


DTG167_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པ་དང༌། སོམ་ཉི་དང༌། གཞན་གྱི་རྣམ་པར་སྤྱོད་པ་དང༌། ལམ་སྒྲ་འབྱིན་པ་དང་བཅས་པ་ཡོད་དོ། །ལྷག་མ་རྣམས་ནི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དག་ཡིན་ནོ། །དེ་བཏགས་པར་སྨྲ་བ་རྣམས་ཀྱི་གཞིའི་ལུགས་དག་ནི་བསྡུ་བ་ལྔ་ནི་ཕུང་པོ་མེད་པའོ། །སྐྱེ་མཆེད་དག་ནི་ཡོངས་སུ་མ་རེག་པ་དག་གོ །འདུ་བྱེད་རྣམས་ཕན་ཚུན་བཏགས་པའི་སྒོ་ནས་སྡུག་བསྔལ་བའོ། །སྐྱེས་བུའི་བྱེད་པ་མེད་དོ། །དུས་མ་ཡིན་པའི་འཆི་བ་མེད་དོ། །སྔོན་གྱི་ལས་ཀྱིས་འཐོབ་བོ། །རྣམ་པར་སྨིན་པ་མངོན་པར་གྲུབ་པ་ནི་ལས་འཕེན་པའི་རྒྱུ་ལས་བྱུང་བའོ། །བསོད་ནམས་དག་གིས་ཀུན་ཆུབ་པར་བྱས་ནས་ལམ་འཐོབ་བོ། །ལམ་བསྒོམ་པར་བྱ་བ་མ་ཡིན་ནོ། །ལམ་ནི་འཇིགས་པར་མི་འགྱུར་བའོ། །ལྷག་མ་རྣམས་ནི་དགེ་འདུན་ཕལ་ཆེན་སྡེའི་ལུགས་དག་ཡིན་ནོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམས་ཀྱི་གཞུང་ལུགས་ནི་ཐམས་ཅད་ཡོད་དོ། །གང་ཇི་ལྟར་ཡོད་པ་དེ་དེ་བཞིན་དུ་ཡོད་དོ། །མིང་དང་གཟུགས་གཉིས་ཀྱིས་འདུས་བྱས་ཐམས་ཅད་བསྡུས་སོ། །འདས་པ་དང་མ་འོངས་པ་ཡོད་དོ། །ཆོས་ཀྱི་སྐྱེ་མཆེད་ནི་ཤེས་པར་བྱ་བ་དང༌། རྣམ་པར་ཤེས་པར་བྱ་བ་དང༌། མངོན་པར་ཤེས་པར་བྱ་བ་ཡིན་ནོ། སྐྱེ་བ་དང༌། འགག་པ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་དག་གོ །བསྡུ་བའི་དངོས་པོ་དག་གསུམ་མོ། །འདུས་མ་བྱས་ཀྱི་དངོས་པོ་དག་གསུམ་མོ། །འདུས་བྱས་ཀྱི་མཚན་ཉིད་དག་གསུམ་མོ། །བདེན་པ་འདུས་བྱས་དག་གསུམ་མོ། །འདུས་མ་བྱས་གཅིག་གོ །འཕགས་པའི་བདེན་པ་བཞི་མཐར་གྱིས་མངོན་པར་རྫོགས་པ་ཡིན་ནོ། །སྟོང་པ་ཉིད་དང་སྨོན་པ་མེད་པས་ཡང་དག་པ་ཉིད་སྐྱོན་མེད་པར་འཇུག་གོ །འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཡིད་ལ་བྱེད་པས་ཡང་དག་པར་སྐྱོན་མེད་པར་འཇུག་གོ །ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་པས་སེམས་བསྐྱེད་པ་བཅོ་ལྔ་ལ་རྒྱུན་དུ་ཞུགས་པ་ཞེས་བརྗོད་པར་བྱའོ། །བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ནི་སེམས་གཅིག་པ་རྣམ་པ་གསུམ་མོ། །


DTG167_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །རྒྱུན་དུ་ཞུགས་པ་ནི་ཡོངས་སུ་མི་ཉམས་པ་ཅན་ནོ། །དགྲ་བཅོམ་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དགྲ་བཅོམ་པ་ཐམས་ཅད་ཀྱིས་མི་སྐྱེ་བར་ཤེས་པ་མི་འཐོབ་བོ། །སོ་སོའི་སྐྱེ་བོས་འདོད་པའི་འདོད་ཆགས་དང་གནོད་སེམས་གཉིས་སྤོང་ངོ༌། །ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་ཡོད་དོ། །ལྷ་རྣམས་ལ་ཚངས་པར་སྤྱོད་པ་ལ་གནས་པ་ལ་དམིགས་སོ། །སྙོམས་པར་ཞུགས་པ་བདུན་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་ཀྱི་གཞན་རྣམས་ལ་མ་ཡིན་ནོ། །བསམ་གཏན་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བསྡུས་སོ། །བསམ་གཏན་ལ་བརྟེན་ནས་ནི་ཡང་དག་པ་ཉིད་སྐྱོན་མེད་པ་ཉིད་དུ་འཇུག་གོ །དགྲ་བཅོམ་པ་ཉིད་ཀྱང་འཐོབ་བོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་རྗེས་སུ་འཐོབ་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པར་མི་འཇུག་གོ །འདོད་ཁམས་སུ་ཡང་དག་པ་ཉིད་སྐྱོན་མེད་པར་འཇུག་གོ །དགྲ་བཅོམ་པ་ཉིད་ཀྱང་འཐོབ་བོ། །གཟུགས་ཀྱི་ཁམས་སུ་དགྲ་བཅོམ་པ་ཉིད་འཐོབ་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པར་མི་འཇུག་གོ །བྱང་གི་སྒྲ་མི་སྙན་དག་ན་འདོད་ཆགས་དང་བྲལ་བ་མེད་དོ། །དེར་འཕགས་པ་རྣམས་སྐྱེ་བར་མི་འགྱུར་རོ། །འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་མི་སྐྱེའོ། །མཐར་གྱིས་དགེ་སྦྱོང་གི་ཚུལ་གྱི་བྲས་བུ་བཞི་ཐོབ་པར་ངེས་པ་མེད་དོ། །སྐྱོན་མེད་པར་ཞུགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞིན་ནི་ཆོས་ཐམས་ཅད་ཡིན་པར་བརྗོད་པར་བྱའོ། །ཕྲ་རྒྱས་རྣམས་ནི་སེམས་ལས་བྱུང་བའི་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །ཕྲ་རྒྱས་ཐམས་ཅད་ནི་ཀུན་ནས་དཀྲིས་པ་དག་ནི་ཕྲ་རྒྱས་དག་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དག་འདུས་བྱས་སོ། །དགྲ་བཅོམ་པ་ལ་རྟེན་ཅིང་འབྱུང་བའི་ཡན་ལག་ཁ་ཅིག་རྗེས་སུ་འཇུག་གོ །དགྲ་བཅོམ་པ་ལ་བསོད་ནམས་འཕེལ་བ་ཡོད་དོ། །འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ན་བར་མ་དོའི་སྲིད་པ་དམིགས་སོ། །རྣམ་པར་


DTG167_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཚོགས་ལྔས་ཀུན་ཏུ་འདོད་ཆགས་པར་འགྱུར་གྱི་འདོད་ཆགས་བྲལ་བར་ནི་མི་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་རང་གི་མཚན་ཉིད་འཛིན་པ་དང༌། རྣམ་པར་མི་རྟོག་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཡོད་དོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དམིགས་པ་ཡོད་དོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་དང་མི་ལྡན་པའོ། །སེམས་ནི་སེམས་དང་མི་ལྡན་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །འཇིག་རྟེན་པའི་དད་པའི་དབང་པོ་ཡོད་དོ། །ལུང་དུ་མི་སྟོན་པའི་ཆོས་རྣམས་ཡོད་དོ། །དགྲ་བཅོམ་བ་ལ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་ཡོད་དོ། །དགྲ་བཅོམ་པ་ཐམས་ཅད་བསམ་གཏན་ཐོབ་པ་ཡིན་ཀྱང་ཐམས་ཅད་དུ་བསམ་གཏན་མངོན་དུ་མི་བྱེད་དོ། །དགྲ་བཅོམ་པ་ལ་སྔོན་གྱི་ལས་དག་པར་མྱོང་བར་འགྱུར་བ་ཡོད་དོ། །སོ་སོའི་སྐྱེ་བོ་ལ་འཆི་བའི་མཐའ་ལས་བྱུང་བའི་སེམས་མི་དགེ་བ་ཡོད་དོ། །མཉམ་པར་གཞག་པ་ལ་དེའི་ཚེ་འཆི་བའི་དུས་བྱེད་པ་མེད་དོ། །བྱང་ཆུབ་སེམས་དཔའ་ལ་ནི་སོ་སོའི་སྐྱེ་བོ་དང་ཀུན་དུ་སྦྱོར་བ་དང་བཅས་པ་དང༌། ཡང་དག་པ་ཉིད་སྐྱོན་མེད་པར་མ་ཞུགས་པ་དང༌། སོ་སོའི་སྐྱེ་བོའི་སར་ཞུགས་པ་ཡིན་པར་བརྗོད་པར་བྱའོ། །སེམས་ཅན་དུ་གདགས་པ་རྣམས་ལ་ཟིན་པའི་རྒྱུད་ཡིན་པར་བརྗོད་པར་བྱའོ།། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་མ་དག་གོ །འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཆོས་གང་ཡང་འཕོ་བ་མེད་ཀྱང་གང་ཟག་འཕོ་ཞེས་བརྡར་བརྗོད་པར་བྱའོ། །འཆི་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ལྷག་མ་མེད་པར་འགགས་ཀྱང་ཕུང་པོ་རྣམས་ལ་འགྱུར་བ་ནི་མེད་དོ། །འཇིག་རྟེན་ལས་འདས་པའི་བསམ་གཏན་ཡོད་དོ། །རྣམ་པར་རྟོག་བ་ཟག་པ་མེད་པ་ཡོད་དོ། །རྣམ་པར་རྟོག་པ་སྲིད་པའི་དགེ་བ་ཡོད་དོ། །མཉམ་པར་གཞག་པ་ལ་ཚིག་བརྗོད་པ་མེད་དོ། །ཆོས་ཀྱི་འཁོར་ལོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་ཡིན་ནོ། །ཐམས་ཅད་རྫས་སུ་མངོན་པར་གསུངས་པ་མ་ཡིན་ནོ། །ཐམས་ཅད་དོན་ཇི་ལྟ་བ་བཞིན་གསུངས་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ངེས་པའི་དོན་གྱིས་གསུངས་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ངེས་པའི་དོན་མ་


DTG167_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ཡོད་དོ། །དེ་ལྟར་དེ་དག་གི་གཞིའི་གཞུང་ལུགས་དག་གོ །བར་གྱི་གཞུང་ལུགས་དག་ནི་མཐའ་ཡས་སོ། །དེ་ལ་གངས་རི་པའི་གཞིའི་གཞུང་ལུགས་དག་ནི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དག་བ་རྣབ་སེམས་མེད་པར་བརྗོད་པར་བྱའོ། །བྱང་སེམས་དཔའ་དགོངས་བཞིན་དུ་ཡུམ་གྱི་ལྷུམས་སུ་འཇུག་གོ །ཕྱི་རོལ་པ་ལ་མངོན་པར་ཤེས་པ་ལྔ་མེད་དོ། །ལྷ་རྣམས་ལ་ཚངས་པར་སྤྱོད་པ་ལ་གནས་པ་མི་དམིགས་སོ། །དགྲ་བཅོམ་པ་ལ་གཞན་གྱི་ཉེ་བར་བསྒྲུབ་པ་དང༌། མི་ཤེས་པ་དང༌། སོམ་ཉི་དང༌། གཞན་གྱིས་རྣམ་པར་སྤྱོད་པ་དང༌། ལམ་སྒྲ་འབྱིན་པ་དང་བཅས་པ་ཡོད་དོ། །ལྷག་མ་རྣམས་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་དག་ཡིན་ནོ། །དེ་ལ་གནས་མ་བུའི་སྡེ་རྣམས་ཀྱི་གཞིའི་གཞུང་ལུགས་དག་ནི་ཕུང་པོ་རྣམས་གང་ཟག་མ་ཡིན་ནོ། །ཕུང་པོ་རྣམས་ལས་གུད་ན་ཡང་མེད་དོ། །ཕུང་པོ་དང། ཁམས་དང༌། སྐྱེ་མཆེད་ལ་བརྟེན་ཏེ་གདགས་སོ། །འདུ་བྱེད་ཐམས་ཅད་ནི་དུས་གཞན་ལ་སྐད་ཅིག་དག་གོ །གང་ཟག་མ་གཏོགས་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་གང་འཕོ་བའི་ཆོས་གང་ཡང་མེད་དོ། །གང་ཟག་འཕོའོ་ཞེས་བརྗོད་པར་བྱའོ། །ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་ཡོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔས་ཀུན་དུ་འདོད་ཆགས་པ་མེད་དོ། །འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །འདོད་ཆགས་དང་ལྡན་པའི་ཀུན་དུ་སྦྱོར་བ་སྤང་བར་བྱ་བ་རྣམས་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བར་འགྱུར་རོ། །བཟོད་པ་དང༌། མིང་དང༌། མཚན་དང༌། ཆོས་ཀྱི་མཆོག་རྣམས་ལ་ཡང་དག་པར་ཞུགས་ནས་ཀུན་དུ་སྦྱོར་བ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པས་སེམས་སྐྱེད་པ་བཅུ་གཉིས་པ་ནི་འཇུག་པ་ཡིན་ནོ། །བཅུ་གསུམ་པ་ནི་འབྲས་བུ་ལ་གནས་པ་ཡིན་ནོ། །དེ་དང་ཁྱད་པར་མེད་པའི་ཆོས་མཆོག་པའི་སྡེ་དང༌། བཟང་པོའི་བུའི་སྡེ་དང༌། ཀུན་གྱིས་བཀུར་བའི་སྡེ་དང༌། གྲོང་ཁྱེར་དྲུག་པའི་སྡེ་རྣམས་ནི། །གློལ་བ་རྣམས་ནི་བརྡེག་པོས་འགྱུར། །ཡོངས་སུ་འཆུམས་པའང་སླར་ལྷགས་ཤིང༌། །དགའ་བྱའི་དགའ་བ་དེ་ཐོབ་བྱ། །བདེ་དང་ལྡན་པ་རྣམས་ནི་སྡེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་དེ་ལ་རྩོད་པར་གྱུར་ཏོ། །དེ་ལས་སྟོ་


DTG167_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡེ་པ་རྣམས་ཀྱི་གཞིའི་གཞུང་ལུགས་དག་ནི་འདས་པ་དང༌། མ་འོངས་པ་མེད་དོ། །ད་ལྟར་བྱུང་བ་དང་འདུས་མ་བྱས་ཡོད་དོ། །འཕགས་པའི་བདེན་པ་བཞི་མངོན་བར་རྟོགས་པ་ཡིན་ནོ། །སྡུག་བསྔལ་མ་མཐོང་བས་བདེན་པ་རྣམས་མ་མཐོང་ངོ༌། །མཐོང་བ་ནི་མཐོང་བ་དག་ཡིན་ནོ། །ཕྲ་རྒྱས་རྣམས་ནི་སེམས་མ་ཡིན། །སེམས་ལས་བྱུང་བ་རྣམས་མ་ཡིན་ནོ། །དམིགས་པ་མེད་པ་དག་གོ །ཕྲ་རྒྱས་དག་གཞན་ལ་ཀུན་ནས་དཀྲིས་པ་གཞན་ཡིན་ནོ། །ཕྲ་རྒྱས་རྣམས་ནི་སེམས་དང་མི་ལྡན་པ་དག་ཡིན་ནོ། །ཀུན་ནས་དཀྲིས་པ་རྣམས་མཚུངས་པར་ལྡན་པ་དག་ཡིན་ནོ། །སོ་སོའི་སྐྱེ་བོ་འདོད་པའི་འདོད་ཆགས་དང་གནོད་སེམས་གཉིས་མི་སྤོང་ངོ༌། །ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་མེད་དོ། །ལྷ་རྣམས་ལ་ཚངས་པར་སྤྱོད་པ་གནས་པ་དམིགས་སོ། །བར་མ་དོའི་སྲིད་པ་མེད་དོ། །དགྲ་བཅོམ་པ་ལ་བསོད་ནམས་འཕེལ་བ་མེད་དོ། །རྣམ་པར་ཤེས་པའི་ཚོགས་ལྔས་ཀུན་དུ་འདོད་ཆགས་པ་དང་འདོད་ཆགས་དང་བྲལ་བ་དག་ཏུ་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་རྟོག་པ་དང་བཅས་དཔྱོད་པ་དང་མཚུངས་པར་ལྡན་པ་དག་གོ །གང་ཟག་མགོ་མཉམ་པ་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །འཇིག་རྟེན་ལས་འདས་པའི་བསམ་གཏན་མེད་དོ། །རྣམ་པར་རྟོག་པ་ཟག་པ་མེད་པ་ཉིད་མེད་དོ། །སྲིད་པའི་རྒྱུད་དགེ་བ་མེད་དོ། །རྒྱུན་དུ་ཞུགས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དགྲ་བཅོམ་པ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །ལམ་ཡན་ལག་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་གསུངས་སོ། །འདུས་མ་བྱས་ཀྱི་དངོས་པོ་དགུ་སྟེ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། ནམ་མཁའ་དང༌། མི་གཡོ་བ་དང༌། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། ལུང་དུ་མི་སྟོན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང། ལམ་གྱི་དེ་བཞིན་ཉིད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ། །མི་ལ་ཐོག་མ་དང་ཐ་མའི་དབང་པོ་འབྱུང་བ་རྣམས་ནི་འགྱུར་བའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འགྱུར་བའོ། །སངས་རྒྱས་ནི་དགེ་འདུན་ལ་དམིགས་སོ། །དགེ་འདུན་ལ་ཕུལ་བ་


DTG167_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྲས་བུ་ཆེའོ། །སངས་རྒྱས་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ནི་ལམ་གཅིག་གོ །རྣམ་པར་གྲོལ་བ་གཅིག་གོ །འདུ་བྱེད་ཐམས་ཅད་སྐད་ཅིག་མ་དག་གོ །འཇིག་རྟེན་འདི་དང་ཕ་རོལ་དུ་འཕོ་བའི་ཆོས་གང་ཡང་མེད་དོ། །དེ་ལྟར་དེ་དག་གི་གཞིའི་གཞུང་ལུགས་དག་གོ །དེ་དག་གི་བར་གྱི་གཞུང་ལུགས་དག་ནི་འདི་ཡིན་ཏེ། འདས་པ་དང་མ་འོངས་པ་ཡོད་དོ། །བར་མ་དོའི་སྲིད་པ་ཡོད་དོ། །ཆོས་ཀྱི་སྐྱེ་མཆེད་ནི་ཤེས་པར་བྱ་བ་དང༌། རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །སེམས་པ་ལ་ནི་ལས་ཡིན་ནོ། །ལུས་དང་ངག་གི་ལས་ནི་མེད་དོ། །རྟོག་པ་དང་དཔྱོད་པ་དག་ནི་མཚུངས་པར་ལྡན་པ་དག་ཡིན་ནོ། །ས་ནི་བསྐལ་པས་གནས་པ་ཡིན་ནོ། །མཆོད་རྟེན་ལ་མཆོད་པའི་ལས་ནི་འབྲས་བུ་ཆུང་བའོ། །ཕྲ་རྒྱས་རྣམས་ནི་རྟག་ཏུ་དེ་ལྟར་བྱུང་བ་ཡིན་ནོ། །འཆི་བར་བྱེད་པའི་ཆོས་ལྔ་པོ་མ་རིག་པ་དང༌། ང་རྒྱལ་དང༌། སྲེད་པ་དང༌། ལྟ་བ་དང། ལྔ་པ་ལས་ཀྱི་ལམ་ནི་རྟག་ཏུ་མཚན་མ་ཡིན་ཏེ། དེ་ལས་སྡུག་བསྔལ་རབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་དེ་དག་ནི་བར་གྱི་གཞུང་ལུགས་དག་ཡིན་ནོ། །དེ་ལ་ཆོས་སྲུང་སྡེ་རྣམས་ཀྱི་གཞིའི་གཞུང་ལུགས་དག་ནི་སངས་རྒྱས་ནི་དགེ་འདུན་ལ་དམིགས་སོ། །སངས་རྒྱས་ལ་ཕུལ་བ་ནི་འབྲས་བུ་ཆེ་བའོ། །དགེ་འདུན་ལ་ནི་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱི་ལམ་གཞན་ཡིན་ལ། སངས་རྒྱས་ཀྱི་གཞན་ཡིན་ནོ། །ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་མེད་དོ། །དགྲ་བཅོམ་པའི་ལུས་ནི་ཟག་པ་མེད་དོ། །ལྷག་མ་རྣམས་ནི་དགེ་འདུན་ཕལ་ཆེན་སྡེའི་ལུགས་དག་ཡིན་ནོ། །དེ་ལ་འོད་སྲུངས་ཀྱི་སྔ་རྣམས་ཀྱི་གཞུང་ལུགས་ནི་སྤངས་པ་ཡོངས་སུ་ཤེས་པ་ཡོད་དོ། །མ་སྤངས་པ་ཡོངས་སུ་ཤེས་པ་མེད་དོ། །རྣམ་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་དོ། །རྣམ་པར་སྨིན་པར་མི་འགྱུར་བ་མེད་དོ། །འདུ་བྱེད་རྣམས་འདས་པའི་རྒྱུ་ལས་བྱུང་བ་དག་ཡོད་དོ། །འདུ་བྱེད་ཐམས་ཅད་མ་འོངས་པའི་རྒྱུ་ལས་བྱུང་བ་དག་ནི་མེད་དོ། །སློབ་པའི་ཆོས་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པའི་ཆོས་དག་གོ །ལྷག་མ་རྣམས་ནི་ཆོས་སྲུང་སྡེའི་ལུགས་དག་ཡིན་ནོ། །དེ་ལ་འཕོ་བར་སྨྲ་བའི་སྡེ་རྣམས་ཀྱི་གཞིའི་གཞུང་ལུགས་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཕུང་


DTG167_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཕོའོ་ཞེས་ཟེར་རོ། །འཕགས་པའི་ལམ་མེད་པར་ཕུང་པོ་རྣམས་འགག་གོ །གཞིའི་མཐའ་ལས་བྱུང་བའི་ཕུང་པོ་རྣམས་ཡོད་དོ། །ཕུང་པོ་རོ་གཅིག་པ་རྣམས་ཡོད་དོ། །དོན་དམ་པར་གང་ཟག་ཡོད་དོ། །ལྷག་མ་རྣམས་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ལུགས་དག་ཡིན་ནོ་ཞེས་ཟེར་རོ། །གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བཙུན་པ་དབྱིག་གི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བནྡེ་བཟང་སྐྱོང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ།
སློབ་དཔོན་བྷ་བྱ།


DTG167_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་བྷེ་དོ་བི་བྷཾ་ག་བྱཱ་ཁྱཱ་ན། བོད་སྐད་དུ། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡེ་པ་བཅོ་བརྒྱད་པོ་དག་ནི་གང་ཡིན། དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེས་རེ་ཞིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན་རྣམ་པ་བརྒྱད་དུ་གནས་ཏེ། དགེ་འདུན་ཕལ་ཆེན་སྡེ་པ་དང༌། ཐ་སྙད་གཅིག་པ་དང༌། འཇིག་རྟེན་པས་འདས་པར་སྨྲ་བ་དང༌། མང་དུ་ཐོས་པ་དང༌། བཏགས་པར་སྨྲ་བ་དང༌། མཆོད་རྟེན་པ་དང༌། ཤར་གྱི་རི་བོ་དང༌། ནུབ་ཀྱི་རི་བོ་བའོ། །གནས་བརྟན་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན་རྣམ་པ་བཅུར་གྱུར་ཏེ། འདི་ལྟ་སྟེ་གནས་བརྟན་པ་ཉིད་ལ་གངས་རི་བ་ཞེས་ཀྱང་བརྗོད་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་པ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། རྒྱུར་སྨྲ་བ་དང༌། ཁ་ཅིག་མུ་རུན་ཏ་ཀ་པ་ཞེས་ཀྱང་ཟེར་བ་དང༌། གནས་མའི་བུ་དང༌། ཆོས་མཆོག་པ་དང༌། བཟང་པོའི་ལམ་བའོ། །ཀུན་གྱིས་བཀུར་བ་ལ་ཁ་ཅིག་ནི་ཨ་པ་ན་ཏ་ཀ་པ་ཞེས་ཀྱང་ཟེར། ཁ་ཅིག་ནི་ཀུ་རུ་ཀུ་ལ་པ་ཞེས་


DTG167_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཟེར་བ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། ཆོས་བཟང་འབེབས་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ་ཞེས་ཟེར་བ་དང༌། བླ་མ་ལ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ནི་དེ་དག་གོ །དེ་ལ་དགེ་འདུན་ཡང་ཡིན་ལ་ཕལ་ཆེན་པ་ཡང་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་པའོ། །ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་གཅིག་རྣམ་པར་མཁྱེན་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་ཏེ། དེས་ན་ཐ་སྙད་གཅིག་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པར་གྱུར་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའ་འོ་ཞེས་སྨྲ་བ་ནི་འཇིག་རྟེན་ལས་འདས་པར་སྨྲ་བ་པའོ། །མང་དུ་ཐོས་པའི་སློབ་དཔོན་གྱིས་རྗེས་སུ་སྟོན་པར་བྱེད་པས་ན་མང་དུ་ཐོས་པར་སྨྲ་བའོ། །འདུས་བྱས་རྣམས་ཕན་ཚུན་བརྟགས་པ་ཉིད་ཀྱིས་སྡུག་བསྔལ་པ་ཡིན་ནོ་ཞེས་སྨྲ་བའི་ཕྱིར་བཏགས་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་བཅས་པ་ཉིད་ནི་མཆོད་རྟེན་པའོ། །ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་པ་ཉིད་ནི། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པའོ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་རི་པ་ཞེས་ཀྱང་ཟེར་ཏེ། གངས་ཀྱི་རིལ་བརྟེན་ནས་གནས་པའི་ཕྱིར་རོ། །གང་ཅུང་ཞིག་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཐམས་ཅད་ཡོད་དོ་ཞེས་སྨྲ་བའི་ཕྱིར། ཐམས་ཅད་ཡོད་པར་སྨྲ་བའོ། །དེ་དག་ཉིད་ལས་འགའ་ཞིག་ནི་ཡོད་དེ་འདས་པའི་ལས་འབྲས་བུ་མ་ཕྱུང་བ་གང་ཡིན་པའོ། །ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང༌། མ་འོངས་པ་དག་གོ་ཞེས་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར། དེ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་ཞེས་བྱའོ། །དེ་དག་ཉིད་ལས་གང་ཅུང་ཞིག་བྱུང་བ་དང༌། འབྱུང་བ་དང༌། འབྱུང་བར་འགྱུར་བ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ་ཞེས་སྨྲ་བས་རྒྱུར་སྨྲ་བའོ། །དེ་རྣམས་ཉིད་ལ་ཁ་ཅིག་མུ་རུན་ཏའི་རིལ་གནས་པའི་ཕྱིར་མུ་རུན་ཏ་པ་ཀ་ཞེས་བྱའོ། །གནས་པའི་


DTG167_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པར་བྱེད་པ་ནི་ཆོས་མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ནི་བཟང་པོའི་ལམ་པའོ། །ཀུན་གྱིས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བཀུར་བ་བའོ། །དེ་ཉིད་ལས་ཨ་པན་ཏའི་གྲོང་ཁྱེར་དུ་ཡང་དག་པར་བསྡུ་བ་བྱ་བའི་ཕྱིར་ཨ་པ་ན་ཏ་ཀ་པའོ། །ཁ་ཅིག་ནི་ཀུ་རུ་ཀུ་ལའི་རི་ལ་གནས་པའི་ཕྱིར་ཀུ་རུ་ཀུ་ལ་པའོ། །ས་སུའི་སྐད་ཀྱི་དབྱིངས་ལས་རྫས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་སྲིད་པར་མི་འབྱུང་བར་རྗེས་སུ་སྟོན་པར་བྱེད་པ་ནི་མང་སྟོན་པའོ། །སློབ་དཔོན་ཆོས་སྦས་ཀྱིས་ཡིན་པར་སྨྲ་བ་ནི་ཆོས་སྦས་པའོ། །རབ་ཏུ་བསྔགས་པའི་དམིགས་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན་ཆར་བཟངས་འབེབས་པའོ། །དེ་ཉིད་སློབ་དཔོན་འོད་སྲུངས་ཀྱི་ཡིན་པར་སྨྲ་བས་ནི་འོད་སྲུངས་པའོ། །དེ་བཞིན་དུ་བླ་མ་པའི་ཡིན་པར་སྨྲ་བ་ནི་བླ་མ་བའོ། །དེ་ཉིད་ལས་ཁ་ཅིག་ན་རེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་གང་ཟག་འཕོ་བར་འགྱུར་རོ་ཞེས་སྨྲ་བ་ནི་འཕོ་བར་སྨྲ་བ་པའོ། །དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་བརྒྱད་དང༌། ཕྱིས་བསྟན་པའི་ཕྱིར་གནས་བརྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། མང་སྟོན་པ་དང༌། ཆོས་མཆོག་པ་དང༌། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་འདོད་པས་བརྟགས་པའི་བདག་དང་བདག་གི་དག་ནི་སྟོང་པ་ཡིན་པ་དང༌། ཆོས་ཐམས་ཅད་ནི་བདག་མེད་པ་ཡང་ཡིན་པར་སྨྲ་བ་ཡིན་ནོ། །ལྷག་མ་གནས་མའི་བུ་ལ་སོགས་པ་སྡེ་པ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་འགྱུར་བ་ཡོངས་སུ་གསལ་བར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ཡིན་ནོ།། །།གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང༌། དགེ་འདུན་ཕལ་


DTG167_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའོ། །དེ་ལ་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུའི་སྡེ་པ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། མདོ་སྡེ་སྨྲ་བ་ཞེས་བྱ་བའོ། །གནས་མའི་བུ་ཡང་རྣམ་བ་བཞི་སྟེ། མང་པོས་བཀུར་བ་དང༌། ཆོས་མཆོག་པ་དང༌། བཟང་པོའི་ལམ་པ་དང༌། གྲོང་ཁྱེར་དྲུག་པ་ཞེས་བྱ་བ་སྟེ་དེ་ལྟར་ན་གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་སོ། །ཡང་དགེ་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱད་དེ། དགེ་འདུན་ཕལ་ཆེན་པ་དང༌། ཤར་གྱི་རི་བོ་དང༌། ནུབ་ཀྱི་རི་བོ་དང༌། རྒྱལ་པོ་རི་བོ་དང༌། གངས་རི་པ་དང༌། མཆོད་རྟེན་པ་དང༌། བརྟེན་གྲུབ་པ་དང༌། བ་ལང་གནས་པ་ཞེས་བྱ་བ་སྟེ། དེ་ལྟར་ན་དེ་དག་ནི་དགེ་འདུན་ཕལ་ཆེན་པའི་དབྱེ་བ་ཡིན་ནོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། ས་སྟོན་པ་དང༌། འོད་སྲུངས་པ་དང༌། ཆོས་སྦས་པ་དང༌། གོས་དམར་བ་ཞེས་བྱའོ། །དེ་ལྟར་འདི་དག་ནི་འཕགས་པའི་སྡེ་རྣམས་རྣམ་པར་ཕྱེ་བ་ནས་རྣམ་པ་བཅོ་བརྒྱད་དུ་གྱུར་པའོ།། །།ཡང་གཞན་དག་ནི་འདི་སྐད་སྨྲ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནས་བཟུང་ནས། ལོ་བརྒྱ་སུམ་ཅུ་རྩ་བདུན་ལོན་པ་ན་རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པ་ཏ་ལི་པུ་ཏྲའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཕལ་ནི་ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན་འཕགས་པ་འོད་སྲུངས་ཆེན་པོ་དང༌། འཕགས་པ་སྤུ་ཆེན་པོ་དང༌། གཏོང་བ་ཆེན་པོ་དང༌། བླ་མ་དང༌། རེ་བ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན་བདུད་སྡིག་ཏོ་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང༌། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གི་གཞི་ལྔ་བསྔགས་པར་བྱེད། རྗེས་སུ་སྟོན་པར་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང༌། མི་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟགས་པ་དང༌། བདག་


DTG167_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཟར་རོ། །དེ་ནས་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གིས་གནས་སོ། །དེ་ནས་ལོ་བརྒྱ་ཕྲག་གཉིས་འདས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པ་ན་དགེ་འདུན་ཕལ་ཆེན་པ་ཡང་རྣམ་པ་གཉིས་སུ་བྱུང་བར་གྱུར་ཏེ། ཐ་སྙད་གཅིག་པ་དང༌། བ་ལང་གནས་པ་ཞེས་བྱའོ། །དེ་ལ་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་གི་རྩ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་ནི་མི་མངའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གསུང་ནི་མི་འཇུག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་སྙིང་པོ་ལ་མངོན་པར་མོས་པའོ། །དེ་བཞིན་གཤེགས་པ་ལ་གནས་དེར་གཟུགས་ཉེ་བར་ལེན་པ་ནི་མི་མངའོ། །བྱང་ཆུབ་སེམས་དཔའི་དུས་ན་ནུར་ནུར་པོ་དང༌། མེར་མེར་པོ་དང༌། ལྟར་ལྟར་པོས་འཇུག་བ་མ་ཡིན་ཏེ། གླང་པོ་ཆེར་གྱུར་ནས་ཡུམ་གྱི་དཀུ་ནས་ཞུགས་ནས་རང་ཉིད་ངེས་པར་འབྱུང་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་ནི་མི་འབྱུང་ངོ༌། །ངན་འགྲོ་རྣམས་སུ་བདག་ཉིད་ཀྱི་འདོད་པས་སྐྱེ་བ་བླངས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཡེ་ཤེས་གཅིག་གིས་བདེན་པ་བཞི་རྣམས་ཡོངས་སུ་ཤེས་སོ། །རྣམ་པར་ཤེས་པ་དྲུག་པོ་དག་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡིན་ནོ། །མིག་གིས་ནི་གཟུགས་རྣམས་མཐོང་ངོ༌། །དགྲ་བཅོམ་པ་རྣམས་ཀྱང་གཞན་དག་གིས་བསྟན་པ་སྒྲུབ་པར་བྱེད་དོ། །མི་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟགས་པ་དང༌། སྡུག་བསྔལ་སྤོང་བའི་ལམ་ཡང་ཡོད་དོ། །མཉམ་པར་གཞག་པའི་ཚེ་ངག་འཇུག་པ་ཡང་ཡོད་དོ། །མི་གཙང་བ་སྤངས་པ་ཡང་ཡོད་དོ། །ཡང་དག་པར་སྡོམ་པ་མངོན་དུ་བྱས་པ་ཉིད་ཀྱིས་ཀུན་དུ་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་པར་བརྗོད་


DTG167_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ནི་མི་མངའོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་བས་བག་ལ་ཉལ་བ་རྣམས་སེམས་དང་མཚུངས་པར་ལྡན་ཞེའམ། མི་ལྡན་ཞེས་བརྗོད་པར་མི་བྱའོ། །བག་ལ་ཉལ་བ་ཡང་གཞན་ལ། ཀུན་ནས་ལྡང་བ་ཡང་གཞན་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་དོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ་ཞེས་བྱ་བ་སྟེ་དེ་ལྟ་བུ་རྣམས་ནི་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་དབྱེ་བ་ནི་མང་དུ་ཐོས་པ་དང་བཏགས་པར་སྨྲ་བ་ཞེས་བྱའོ། །དེ་ལ་མང་དུ་ཐོས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ངེས་པར་འབྱུང་བའི་ལམ་ལ་ནི་རྣམ་པར་དཔྱོད་པ་མེད་དོ། །སྡུག་བསྔལ་གྱི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་དང༌། འཕགས་པའི་བདེན་པ་ནི་བདེན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་རྣམས་མཐོང་བས་ཡང་དག་པར་སྐྱོན་མེད་པ་ལ་འཇུག་གི །སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་མཐོང་བས་ནི་མ་ཡིན་ནོ། །དགེ་འདུན་ནི་འཇིག་རྟེན་ལས་འདས་པའོ། །དགྲ་བཅོམ་པ་རྣམས་ལ་ཡང་གཞན་གྱིས་ཉེ་བར་བསྟན་པ་བསྒྲུབ་པ་ཡོད་དོ། །ཡང་དག་པར་བསྒྲགས་པའི་ལམ་ཡང་ཡོད་དོ། །མཉམ་པར་གཞག་པ་ལ་ཡང་དག་པར་འཇུག་པ་ཡོད་དོ་ཞེས་བྱ་བ་རྣམས་ནི་མང་དུ་ཐོས་པ་རྣམས་ཀྱི་དམ་ཚིག་གོ །ཡང་བཏགས་པར་སྨྲ་བ་རྣམས་ཀྱི་ཕུང་པོ་མེད་པའི་སྡུག་བསྔལ་ཡང་ཡོད་དོ། །ཡོངས་སུ་མ་རྫོགས་པའི་སྐྱེ་མཆེད་ཀྱང་ཡོད་དོ། །འདུ་བྱེད་རྣམས་ནི་ཕན་ཚུན་བརྟགས་པ་ཡིན་ནོ། །ཡང་སྡུག་བསྔལ་ནི་དོན་དམ་པར་རོ། །སེམས་ལས་བྱུང་བ་ནི་ལམ་མ་ཡིན་ནོ། །དུས་མ་ཡིན་པར་འཆི་བ་ནི་མེད་དོ། །སྐྱེས་བུ་བྱེད་པ་ཡང་མེད་དོ། །སྡུག་བསྔལ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་བཏགས་པར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ཞེས་བྱ་བ་སྟེ། དེ་ནི་ལྷ་ཆེན་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རིལ་གནས་པ་ཡིན་ཏེ། ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི་གཞི་འདོན་པར་གྱུར་པ་ན་མཆོད་རྟེན་པ་ཞེས་བྱ་བའི་སྡེ་པར་རྣམ་པར་བཞག་སྟེ། དེ་དག་ནི་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་སྡེ་པ་དྲུག་ཏུ་བཞག་པ་ཡིན་ནོ། །ཡང་གནས་བརྟན་པ་ཡང་རྣམ་པ་


DTG167_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། སྔར་གྱི་གནས་བརྟན་པ་དང༌། གངས་རི་པ་ཞེས་བྱ་བའོ། །སྔར་གྱི་གནས་བརྟན་པའི་རྩ་བའི་དམ་ཚིག་ནི་དགྲ་བཅོམ་པ་རྣམས་ལ་གཞན་གྱིས་སྟོན་ཅིང་བསྒྲུབ་པ་ནི་མེད་དོ། །དེ་བཞིན་དུ་གཞི་ལྔ་པོ་ཡང་མེད་དོ། །གང་ཟག་ནི་ཡོད་དོ། །སྲིད་པ་བར་མ་ནི་ཡོད་དོ། །དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་བ་ནི་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །མྱ་ངན་ལས་འདས་པའི་དོན་ནི་ཡོད་དོ་ཞེས་བྱ་བ་ནི་གནས་བརྟན་པའི་རྩ་བའི་དམ་ཚིག་གོ །དེ་ལ་གངས་རི་བའི་རྩ་བའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་མ་ཡིན་ཞེས་བྱའོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་དོ། །ཕུང་པོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པར་འགྱུར་བ་ན་གང་དུ་ཕུང་པོ་འགགས་པ་ན་གང་ཟག་ནི་གནས་པའི་ཕྱིར་རོ། །མཉམ་པར་གཞག་པ་ལ་ངག་འཇུག་པ་ནི་ཡོད་དོ། །ལམ་གྱི་སྡུག་བསྔལ་སྤོང་ངོ་ཞེས་བྱ་བ་དེ་དག་ནི་གངས་རི་པའི་དམ་ཚིག་གོ །ཡང་དང་པོའི་གནས་བརྟན་པ་ཡང་རྣམ་པ་གཉིས་སུ་གྱུར་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུའི་ཞེས་བྱའོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་ནི་གཉིས་ཀྱིས་ཐམས་ཅད་བསྡུས་ཏེ། འདུས་བྱས་དང་འདུས་མ་བྱས་སོ། །དེ་སྐད་སྨྲས་པས་ཅིར་འགྱུར། གང་ཟག་ནི་མེད་ཅེས་བྱ་བ་སྟེ། ཇི་སྐད་དུ། བདག་མེད་པ་ཡི་ལུས་འདི་འབྱུང་བ་ན། །བྱེད་པ་མེད་ཅིང་རིག་པ་པོ་ཡང་མེད། །ཇི་ལྟར་འཁོར་བའི་ཆུ་ཀླུང་འཇུག་འགྱུར་བ། །ཉན་པའི་མཆོག་ཁྱོད་དེ་ནི་བསྟན་གྱིས་ཉོན། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་གོ །ཡང་དེ་དག་གི་རྩ་བའི་དམ་ཚིག་ནི་མིང་དང་གཟུགས་ཀྱིས་ཐམས་ཅད་བསྡུས་སོ། །འདས་པ་དང༌། མ་འོངས་པ་ནི་ཡོད་དོ། །རྒྱུན་དུ་ཞུགས་པ་ནི་མི་ཉམས་པའི་ཆོས་ཅན་ཡིན་པར་བརྗོད་པར་བྱའོ། །འདུས་བྱས་རྣམས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ནི་རིམ་གྱིས་རྟོགས་པར་འགྱུར་རོ། །སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པ་དག་གིས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐད་ཅིག་མ་བཅོམ་ལྔས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ། །དགྲ་བཅོམ་


DTG167_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཉམས་པ་སྲིད་དོ། །སོ་སོའི་སྐྱེ་བོ་ལ་ཡང་འདོད་པའི་འདོད་ཆགས་སམ་གནོད་སེམས་སྤོང་བ་ཡོད་དོ། །ཕྱི་རོལ་བ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །ལྷ་རྣམས་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །མདོ་སྡེ་ཐམས་ཅད་ནི་དྲང་བའི་དོན་ཡིན་ནོ། །སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་ནི་འདོད་པའི་ཁམས་ནས་སོ། །འདོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་གོ །ཡང་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ། །ཡང་རྣམ་པར་ཕྱེ་སྟེ་སྨྲ་བའི་བྱེ་བྲག་ནི་མང་སྟོན་པ་དང༌། ཆོས་སྦས་པ་དང༌། གོས་དམར་བ་དང༌། འོད་སྲུངས་པ་ཞེས་བྱའོ། །དེ་ལ་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འདས་པ་དང་མ་འོངས་པ་ནི་མེད་དོ། །ད་ལྟར་བྱུང་བའི་འདུས་བྱས་ཉིད་ནི་ཡོད་དོ། །སྡུག་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ། །བག་ལ་ཉལ་ཡང་གཞན་ཡིན་ལ་མངོན་དུ་རྒྱུ་ཡང་གཞན་ཡིན་ནོ། །སྲིད་པ་བར་མ་ནི་མེད་དོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །དགྲ་བཅོམ་པ་ཡང་བསོད་ནམས་བསོག་གོ །རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡོད་དོ། །གང་ཟག་ནི་མགོ་ལ་སོགས་པ་ལུས་དང་མཉམ་པོ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ། །སོ་སོའི་སྐྱེ་བོས་ཀྱང་འདོད་ཆགས་སམ་གནོད་སེམས་སྤོང་ངོ༌། །སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོག་པའོ། །དགེ་འདུན་ནི་འབྲས་བུ་ཆེན་པོ་འབྱུང་བར་བྱེད་ཀྱི་སངས་རྒྱས་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ནི་གཅིག་གོ །གང་ཟག་ནི་མི་མཐོང་ངོ༌། །སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ནི་སྐྱེ་བའི་ཆོས་ཅུང་ཟད་ཙམ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་།བ་ནི་མེད་པ་ཉིད་དོ། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་མའོ། །འདུ་བྱེད་རྒྱས་པར་གྱུར་བ་ལས་ནི་སྐྱེ་བ་ཡིན་ནོ། །འདུ་བྱེད་རྣམས་གནས་པ་ནི་མེད་དོ། །སེམས་ཇི་ལྟ་བ་དེ་ལྟར་ལས་ཡིན་གྱི་ལུས་དང་ངག་གི་ལས་ནི་མེད་དོ། །ཉམས་པར་མི་འགྱུར་བའི་ཆོས་མེད་དོ། །མཆོད་རྟེན་མཆོད་པ་ལ་ནི་འབྲས་བུ་མེད་དོ། །ད་ལྟར་བྱུང་བ་རྟག་ཏུ་བ་ནི་བག་ལ་ཉལ་བ་ཡིན་


DTG167_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདུས་བྱས་མཐོང་བའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་འདི་དག་ནི་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་མ་ཡིན་ནོ། །སངས་རྒྱས་ལས་འབྲས་བུ་ཆེན་པོ་འབྱུང་བ་དེ་དག་དགེ་འདུན་ལས་ནི་མ་ཡིན་ནོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །འཇིག་རྟེན་པའི་ཆོས་ནི་ཡོད་དོ་ཞེས་བྱ་བ་དེ་དག་ནི་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །དེ་ལ་འོད་སྲུངས་པ་རྣམས་ཀྱི་དམ་ཚིག་ནི་རྣམ་པར་སྨིན་པ་རྣམ་པར་སྨིན་པའི་ཆོས་རྣམས་ཀྱང་འབྱུང་བར་འགྱུར་བའི་ཆོས་ནི་ཡོད་དོ། །སྤངས་ལ་ཡོངས་སུ་མ་ཤེས་པ་ཡོད་དོ་ཞེས་བྱ་བ་དང༌། ཆོས་སྦས་པའི་ཐམས་ཅད་ཀྱང་འདོད། དེ་དག་ནི་འོད་སྲུངས་པའི་དམ་ཚིག་ཡིན་ནོ། །གོས་དམར་བ་རྣམས་ཀྱི་དམ་ཚིག་ནི་གང་ཟག་ནི་མེད་དོ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་བྱེ་བྲག་སློབ་དཔོན་བླ་མའི་གཞུང་སྟོན་པར་བྱེད་པའི་འཕོ་བར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ཕུང་པོ་ལྔ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བའོ། །ལམ་མ་རྟོགས་པར་ཕུང་པོ་འགག་པ་མེད་དོ། །རྩ་བའི་ལྟུང་བ་དང་བཅས་པའི་ཕུང་པོ་ནི་ཡོད་དོ། །གང་ཟག་ནི་དོན་དམ་པར་མི་དམིགས་སོ། །ཀུན་ཀྱང་མི་རྟག་གོ་ཞེས་བྱ་བ་དེ་དག་ནི་འཕོ་བའི་དམ་ཚིག་ཡིན་ཏེ། རྣམ་པ་བདུན་པོ་དེ་ལྟ་བུ་དག་ཏུ་ཐམས་ཅད་ཡོད་པར་སྨྲ་བར་དམ་ཚིག་དག་གནས་སོ། །ཡང་གནས་མའི་བུའི་དམ་ཚིག་ནི་ཉེ་བར་བླང་བ་ཉེ་བར་ལེན་པ་དང་ལྡན་པ་ནི་བཏགས་པའོ། །ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་མེད་དོ། །གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ་བར་འགྱུར་རོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ནི་ཉེ་བར་བླངས་པའི་ཕུང་པོ་ཉིད་དང༌། གཅིག་པའམ་གཅིག་པ་མ་ཡིན་པར་བརྗོད་པར་མི་བྱའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་དང་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་བརྗོད་དོ། །མྱ་ངན་ལས་འདས་པ་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དུ་མི་བརྗོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔའི་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གནས་མའི་བུ་བ་རྣམས་ཀྱི་དམ་ཚིག་ཉིད་དོ། །ཡང་གནས་མའི་བུ་ཡང་རྣམ་པ་གཉིས་ཏེ།


DTG167_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆེན་པོ་དང༌། མང་པོས་བཀུར་བ་པའོ། །དེ་ལ་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འབྱུང་བར་འགྱུར་བ་དང༌། འབྱུང་བ་དང་འགག་པར་འགྱུར་བ་དང༌། འགག་པ་དང་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་དང༌། འཆི་བར་འགྱུར་བ་དང༌། འཆི་བ་དང༌། བྱེད་པར་འགྱུར་བ་དང༌། བྱེད་པ་དང། ཆད་པར་འགྱུར་པ་དང༌། ཆད་པ་དང༌། འགྲོ་བར་འགྱུར་བ་དང༌། འགྲོ་བ་དང༌། རྣམ་པར་ཤེས་པར་འགྱུར་བ་དང༌། རྣམ་པར་ཤེས་པ་ནི་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ནི་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་གོ །ཡང་རི་ཆེན་པོ་པ་ཡང་རྣམ་པ་གཉིས་ཏེ། ཆོས་མཆོག་པ་དང༌། ལམ་བཟངས་བ་ཞེས་བྱ་བའོ། །ཆོས་མཆོག་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སྐྱེ་ལ་མ་རག་པ་དང༌། སྐྱེ་བ་དང༌། འགག་པ་ལ་མ་རག་པ་དང༌། འགག་པའོ། །ལམ་བཟངས་པའི་ཡང་དེ་བཞིན་ནོ། །གྲོང་ཁྱེར་དྲུག་པ་ལ་ཁ་ཅིག་ན་རེ་རི་ཆེན་པོ་པའི་བྱེ་བྲག་ཡིན་ཟེར། གཞན་དག་གིས་སྨྲས་པ་ནི། མང་པོས་བཀུར་བ་པའི་བྱེ་བྲག་ཡིན་པར་འདོད་དེ། དེ་ལྟར་དེ་རྣམས་ནི་གནས་མའི་བུའི་སྡེ་པ་རྣམ་པ་བཞིར་གནས་པ་ཡིན་ནོ། །གང་དེ་དག་ནི་སློབ་དཔོན་དག་གི་རྗེས་སུ་འབྲངས་པའི་རིམ་གྱིས་རྣམ་པ་བཅོ་བརྒྱད་དུ་གྱུར་པ་ཡིན་ཏེ། དེ་དག་ནི་རྩ་བའི་རྟོག་པ་དག་ཡིན་ནོ། །གཞན་ནང་གསེས་ཀྱི་དབྱེ་བ་ནི་མང་དུ་ཡོད་པས་བརྗོད་པར་བྱའོ། །ཅི་ལྟ་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་གཞུང་གི་བྱེ་བྲག་ཀྱང་དབྱེ་བ་རྣམ་པ་བཞི་སྟེ་དངོས་པོ་དང༌། མཚན་ཉིད་དང༌། གནས་སྐབས་དང༌། གཞན་གཞན་དུ་འགྱུར་བ་ཉིད་ཀྱི་བྱེ་བྲག་གིས་སོ། །དེ་ལ་དང་པོ་དངོས་པོ་གཞན་ཉིད་དུ་འགྱུར་པ་ནི་བཙུན་པ་ཆོས་སྐྱོབ་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན། དངོས་པོ་གཞན་དུ་གྱུར་པ་ཉིད་ཡིན་གྱི། རྫས་གཞན་དུ་གྱུར་པ་ཉིད་ནི་མ་ཡིན་ཏེ། གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱས་པ་ན་དབྱིབས་གཞན་དུ་གྱུར་པ་ཉིད་ཡིན་གྱི་རྫས་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །ཇི་ལྟར་འོ་མ་ལ་ཞོར་གྱུར་པ་ན། རོ་དང་ནུས་པ་དང་སྨིན་པ་གཞན་དུ་གྱུར་པ་ལས་ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས་རྣམས་ཀྱང་འདས་པའི་དུས་ནས་ད་ལྟར་གྱི་དུས་སུ་བྱུང་བ་ན། འདས་པའི་དུས་ཀྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ནི་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་གྱི་དུས་ནས་མ་འོངས་པར་འགྱུར་བ་ན་ཡང༌། ད་ལྟར་གྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་རོ།།


DTG167_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གཞན་དུ་གྱུར་པ་ནི་བཙུན་པ་དབྱངས་སྒྲོགས་ཀྱི་སྟེ། དེ་ན་རེ་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན། འདས་པའི་མཚན་ཉིད་དང་ལྡན་པ་ནི་མ་འོངས་པ་དང་ད་ལྟར་གྱི་མཚན་ཉིད་དང་མི་ལྡན་པ་ཡང་མ་ཡིན་ལ། མ་འོངས་པ་ཡང་མ་འོངས་པའི་མཚན་ཉིད་དང་ལྡན་པ་ནི་འདས་པ་དང་ད་ལྟར་གྱི་ངག་དང་མི་ལྡན་པ་ནི་མ་ཡིན་ནོ། །དཔེར་ན་སྐྱེས་བུ་བུད་མེད་གཅིག་ལ་ཆགས་པར་གྱུར་པ་ན། ལྷག་མ་རྣམས་ལ་ཆགས་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གནས་སྐབས་སུ་གཞན་དུ་གྱུར་པ་ནི་བཙུན་པ་དབྱིག་བཤེས་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན་གཞན་དང་གཞན་དུ་རྗོད་པར་བྱེད་པ་ནི་གནས་སྐབས་གཞན་དུ་གྱུར་པ་ཡིན་གྱི། རྫས་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། དཔེར་ན་སྡོང་བུ་གཅིག་པུ་བགྲང་བའི་ཚེ་ནི་གཅིག་ཅེས་བརྗོད་པར་གྱུར་པ་ལ། གྲངས་བརྒྱར་གཏོགས་པའི་ཚེ་ནི་བརྒྱ་ཞེས་བྱ། །གྲངས་སྟོང་དུ་བགྲང་བའི་ཚེ་ནི་སྟོང་ཞེས་བྱ་བ་དང་འདྲའོ་ཞེས་ཟེར་རོ། །གཞན་གཞན་དུ་གྱུར་པ་ནི་བཙུན་པ་སངས་རྒྱས་ལྷའི་སྟེ། དེ་ནི་ཆོས་རྣམས་སུ་དུས་ཀྱིས་འཇུག་པར་གྱུར་པ་ན་སྔོན་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་དུ་བརྗོད་པར་བྱ་སྟེ། དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང་བརྗོད། བུ་མོ་ཞེས་ཀྱང་བརྗོད་པ་ཡིན་ནོ། །བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོད་ཅེས་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་བཞིན་དུ་ཁ་ཅིག་རྐྱེན་བདུན་ཏེ། རྒྱུ་དང༌། དམིགས་པ་དང༌། དེ་མ་ཐག་པ་དང༌། བདག་པོ་དང༌། ལས་དང༌། ཟས་དང༌། རྟེན་ཞེས་བྱའོ། །དེ་བཞིན་དུལ་ལ་ནི་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོ་པའོ། །གཞན་རྣམས་ནི་ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ནི་མ་ཡིན་ནོ་ཞེས་ཟེར། གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ། །དེ་ལས་ཀྱང་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་དོ། །དེ་བཞིན་དུ་སེམས་མེད་པའི་གཉིད་ལ་ནི་སེམས་མ་ཡིན་ནོ། །མཚུངས་པར་ལྡན་པ་ལྷག་མ་རྣམས་ལ་ནི་ཡོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་འདུ་ཤེས་དང་ཚོར་བ་འགོག་པ་ནི་ཡོད་དོ། །ལྷག་མ་རྣམས་ལ་ནི་མཚུངས་པར་ལྡན་པ་ཡོད་དོ། །ཇི་ལྟར་ཡིད་ཀྱིས་


DTG167_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོ་བར་གྱུར་པ་ནི་སྤྱོད་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་ལ། དགའ་བས་སྐྱོ་བར་གྱུར་པ་ནི་དགའ་བ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་བཞིན་དུ་འདུ་ཤེས་པ་དང༌། ཚོར་བས་སྐྱོ་བར་གྱུར་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་ལ། དེ་བཞིན་དུ་ཁ་ཅིག་ན་རེ་སེམས་ཀྱིས་ཡུལ་གྱི་ཁྱད་པར་ཐོབ་པ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ཕུང་པོ་མེད་པར་གྱུར་པར་མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ཞེས་ཟེར། ཁ་ཅིག་ན་རེ་རང་བཞིན་གྱིས་ལུང་དུ་བསྟན་དུ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་ལ་ལ་ན་རེ་ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ་ཡང་ཟེར་རོ། །ཁ་ཅིག་ན་རེ་འབྲས་བུ་ཆེ་བ་ནི་གསུམ་སྟེ། གཞན་གྱི་སེམས་ཀྱི་འབྲས་བུ་དང༌། འབྲས་བུ་ཆེ་བ་དང༌། ཚད་མེད་པའི་འབྲས་བུ་ཞེས་བྱ་བའོ། །དེ་བཞིན་དུ་ཉོན་མོངས་པའི་དབང་གིས་འགྲོ་བར་འགྲོ་བ་ན་གྲོགས་སུ་གྱུར་པ་ནི་ལས་ཡིན་ནོ། །དེ་བཞིན་དུ་དེ་སྤངས་པར་གྱུར་པ་ནི་འགྲོ་བ་དེ་དག་ཏུ་འགྲོ་བར་མི་འགྱུར་རོ། །ཡང་ལ་ལ་ན་རེ་སྔར་བྱས་པའི་ལས་རྣམས་ཀྱི་དབང་གིས་དང་པོར་འགྲོ་བར་འདོད་དོ། །ཁ་ཅིག་ནི་ཇི་ལྟར་གོམས་པའི་ལས་རྣམས་ཀྱིས་ཡིན་པར་འདོད་དོ། །ལ་ལན་རེ་རྣམ་པ་ལྔས་གོམས་པས་ཏེ། སྔ་མ་བཞི་དང་རྐྱེན་གྱི་ཁྱད་པར་གོམས་པས་སོ། །ཁ་ཅིག་ན་རེ་འདས་པའི་ཉེ་བར་ལེན་པ་ལས་མེ་འབར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ད་ལྟར་གྱི་ལས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སྒྲིབ་པ་ལྔ་པོ་རྣམས་ལས་གང་ཡང་རུང་བ་ལ་མི་མཐུན་པར་སེམས་པ་ལས་སོ་ཞེས་ཟེར། ཁ་ཅིག་ནི་གཟུགས་ཀྱི་ཁམས་ནི་ཁམས་བཞི་པར་ཁ་དོག་བཞི་པར་འདོད་དོ། །གཞན་ནི་ཁ་དོག་གཅིག་པར་འདོད་དོ། །དེ་བཞིན་དུ་གཞན་དག་ནི་གང་ཟག་ནི་ཡོད་དོ། །དེ་ཡང་ཕུང་པོ་ལས་གཞན་ཡིན་ནོ་ཞེས་ཟེར། ཕུང་པོ་ཙམ་ཡང་མ་ཡིན་ཏེ། ཕུང་པོ་ཉེ་བར་བླངས་པ་དང་ལྡན་པར་བརྟག་པའོ། །ཉེ་བར་ལེན་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པས་སོ། །འདི་ལྟར་འཕགས་པའི་བདེན་པ་བཞི་ལས་རིམ་གྱིས་བརྟགས་ནས་མངོན་པར་རྟོགས་པར་འགྱུར་ཏེ། བར་མ་དོར་མི་མཐུན་པའི་སེམས་འབྱུང་བ་མེད་དོ། །སྡུག་


DTG167_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་གིས་སྐྱོན་མེད་པར་འཇུག་གོ །འདོད་པར་གཏོགས་པའི་འདུ་བྱེད་མི་རྟག་པར་ཡིད་ལ་བྱེད་པ་ལ་བརྟེན་པའི་སེམས་བཅུ་གསུམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། ཆོས་དེ་ལ་གནས་པ་ལ་ཉམས་པ་མེད་དོ། །དེ་བཞིན་དུ་ཞུགས་པ་ཡང་ངོ༌། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །སྲིད་པ་བར་མ་དོ་ཡང་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །གཅིག་ཏུ་དགེ་བའི་ཆོས་ཀྱི་དོན་མྱ་ངན་ལས་འདས་པ་ནི་ཡོད་དོ། །ཕུང་པོ་འགག་པ་ནི་དུས་ལས་རྣམ་པར་གྲོལ་བ་ཡིན་ནོ། །ལྷ་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །འདོད་པའི་ཁམས་ནས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་དང་གནོད་སེམས་སྤོང་ངོ༌། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པའམ་བྲལ་བ་ཡང་མ་ཡིན་ཏེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །དགྲ་བཅོམ་པ་ནི་ཟག་པ་དང་བཅས་པའི་གཟུགས་དང་སེམས་ཀྱིས་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ལས་དམིགས་པ་ཡིན་ནོ། །སེམས་ཀྱིས་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་གྱི། འདི་ན་གནས་བཞིན་དུ་ཐག་རིང་པོ་ན་གནས་པ་ལ་དམིགས་པར་བྱེད་དོ། །གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །དུས་མ་ཡིན་པར་འཆི་བ་ཡོད་དོ། །སྐྱེས་བུའི་བྱེད་པ་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །དགྲ་བཅོམ་པ་ལ་གཞན་གྱིས་བསྟན་ཅིང་བསྒྲུབ་པ་མེད་དོ། །མི་ཤེས་པ་མེད་དོ། །ཡིད་གཉིས་མེད་དོ། །གཞན་གྱི་ལ་ཡོངས་སུ་བརྟག་པ་མེད་དོ། །ངག་འཇུག་པའི་སྨྲ་བ་མེད་དོ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་བསྐྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་བྱང་གི་སྒྲ་མི་སྙན་དང༌། བདུད་རིས་དང༌། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་ནི་མེད་དོ། །རྒྱུན་དུ་ཞུགས་པས་བསམ་གཏན་རྣམས་ཐོབ་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ། །མཚུངས་པར་


DTG167_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་པའི་བག་ལ་ཉལ་དང་སེམས་ལས་བྱུང་བའི་བག་ལ་ཉལ་ཡང་ཡོད་དོ། །འདུས་བྱས་ནི་སྐད་ཅིག་མ་དང༌། སྐད་ཅིག་མ་ཡིན་པ་ཡང་ཡོད་དོ། །འགག་པར་འགྱུར་བའི་ཉེ་བར་ལེན་པ་ལས་མེ་འབར་བར་འགྱུར་རོ། །སེམས་ཅན་གཅིག་ཅིག་འཆི་ཞིང་སྐྱེ་བོ་མི་ཤེས་པའི་གཞི་ལས་འཆི་བའི་མཐར་ཐུག་གི་བར་དུའོ། །འཆི་བའི་རྐྱེན་བྱེད་པའི་སེམས་གཅིག་པོ་དེ་ཉིད་ཡང་དག་པར་ཞི་བར་བྱའོ། །ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ། །སྙོམས་པར་འཇུག་པ་དྲུག་ཅུ་རྩ་བདུན་གྲུབ་པར་བྱས་ནས་སྙོམས་པར་འཇུག་པ་བཅུ་དགུ་དང། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་སེམས་དཔས་ཡང་དག་པར་སྦྱོང་བར་བྱེད་དོ། །ཀུན་དུ་སྦྱོར་བ་རྣམས་མ་གཏོགས་པ་ཉིད་ནི་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བ་རྣམས་སོ། །འགྲོ་བ་དང་བཅས་པའི་ལམ་ནི་ངེས་པར་གཉིས་ཉིད་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ནི་རིམ་གྱིས་ཐོབ་པ་མ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །འཁོར་བ་གཞན་དུ་འགྱུར་བ་ཡང་ཡོད་དོ། །ཆོས་ཅུང་ཞིག་ཀྱང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མེད་དོ། །ཕུང་པོ་ཉེ་བར་བླངས་ནས་སེམས་ཅན་ནི་འཕོ་བར་འགྱུར་རོ། །གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་པ་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཁ་དོག་བཅུའམ་ཉ་ཕྱིས་ཀྱི་མདོག་འདྲ་བ་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཞག་ལྔའམ་བདུན་དུ་གནས་པའམ་ཡུན་རིང་པོར་ཡང་ངོ༌། །དེ་བཞིན་དུ་ལས་ནི་ནམ་ཡང་མེད་པར་མི་འགྱུར་རོ། །ཉམས་པར་མི་འགྱུར་རོ། །འཕྲོགས་པར་མི་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ནི་མེད་དོ། །སྲིད་པ་ཇི་སྲིད་ཀྱི་བར་དུ་རིགས་ཀྱི་ངོ་བོ་དང་ལྷན་ཅིག་ཏུ་གནས་སོ། །སྔར་ཉེ་བར་བསགས་པ་དང་ཕྱིས་ཉེ་བར་བསགས་པའི་ལས་ཀྱི་རྐྱེན་ཉེ་བར་རྙེད་པར་གྱུར་ནས་འགྲོ་བ་རྣམས་སུ་འགྲོ་བར་བྱེད་དོ། །ངེས་པའི་ལས་ནས་བཟློག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེས་བུའི་གཟུགས་ཀྱིས་ལྷུམས་སུ་ཞུགས་པ་ཡིན། ཡུམ་གྱི་དཀུ་ནས་གླང་པོ་


DTG167_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་གྱུར་ནས་ཞུགས་པ་ནི་མ་ཡིན་ཏེ། དེ་ནི་དེའི་རྨི་ལམ་གྱི་རྣམ་རྟོག་ཡིན་ནོ། །ནུར་ནུར་པོ་དང༌། མེར་མེར་པོ་དང༌། ལྟར་ལྟར་པོའི་ངོ་བོར་ཡང་འགྱུར་རོ། །སྐྱེ་གནས་ན་ཡང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ནུས་པ་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ལོངས་སྤྱོད་པ་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ཀྱང་སེམས་གཅིག་གིས་འགོག་གོ །སེམས་གཅིག་གིས་སྒྲིབ་པ་ཐམས་ཅད་སྤོང༌། སེམས་གཅིག་གིས་ཐམས་ཅད་མཁྱེན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡང་རབ་ཏུ་ཐོབ་བོ། །སེམས་གཅིག་གིས་ཞུགས་པའི་ཆོས་རྣམས་འགག་པར་བྱེད་ཅིང་འབྲས་བུ་ལ་གནས་པ་རྣམས་སྐྱེད་པར་བྱེད་དོ། །རྐྱེན་བཞི་ཉིད་ཀྱིས་རྐྱེན་ཐམས་ཅད་བསྡུས་སོ། །སྡུག་བསྔལ་གྱིས་སྤང་བར་བྱ་བའི་ཀུན་ནས་ལྡང་བ་ལ་གནས་པ་ནི་མཚམས་མེད་པ་དག་བྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་བཞིས་བསྡུས་པས་ཐམས་ཅད་བསྡུས་པ་སྟེ་དེས་དགེ་བའི་རྩ་བ་ཐམས་ཅད་གཅོད་པར་བྱེད་ཀྱི་བསྒོམ་པས་སྤང་བར་བྱ་བས་ནི་མ་ཡིན་ནོ། །བསྒོམ་པའི་རང་བཞིན་ཐམས་ཅད་ལ་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་གཞན་གྱིས་གནོད་པར་བྱེད་པའི་འབད་པས་གནོད་པར་མི་འགྱུར་གྱི། བདག་ཉིད་ཀྱི་ཚེ་ཟད་པས་དུས་བྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཐམས་ཅད་ནི་འབྲལ་བས་འཆི་བར་འགྱུར་གྱི། འཕོ་བས་ནི་འཆི་བ་མེད་དེ། ཇི་སྐད་དུ་ལུས་དང་བྲལ་བས་དུས་བྱེད་པར་འགྱུར་ཏེ། དགྲ་བཅོམ་པ་ནི་ལུས་ཐ་མ་དང་བྲལ་བས་འབྲལ་བའི་ཕྱིར་རོ་ཞེས་བྱ་བར་གསུངས་པ་ལྟ་བུ་སྟེ། ལུས་ནི་འདིར་དབང་པོའི་ལུས་ལ་བྱ་བར་བཞེད་དོ། །འབྱུང་བར་འགྱུར་བ་དང༌། འབྱུང་བ་དང༌། འགག་པར་འགྱུར་བ་དང༌། འགག་པ་དང༌། སྐྱེ་བར་འགྱུར་བ་དང༌། སྐྱེ་བ་དང༌། འཆི་བར་འགྱུར་བ་དང༌། འཆི་བ་དང༌། བྱེད་པར་འགྱུར་བ་དང༌། བྱེད་པ་དང༌། ཆད་པར་འགྱུར་བ་དང༌། ཆད་པ་དང༌། འགྲོ་བར་འགྱུར་བ་དང༌། འགྲོ་བ་དང༌། རྣམ་པར་ཤེས་པར་འགྱུར་བ་དང༌། རྣམ་པར་ཤེས་པའོ། །ཕུང་པོ་གསུམ་གྱིས་སེམས་ཐམས་ཅད་བསྡུས་ཀྱི་ཆོས་ཐམས་ཅད་ནི་མ་ཡིན་ནོ། །ཆོར་བ་ཐམས་ཅད་ནི་ལས་


DTG167_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ཡིན་ནོ། །སྔར་བྱས་པའི་སྒོམ་པས་སྤང་བར་བྱ་བའི་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་རྣམས་སོ།། །།སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་སློབ་དཔོན་བྷ་བྱས་མཛད་པ་རྫོགས་སོ།། །།ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་གསོལ་བ་བཏབ་ནས་རྒྱ་གར་ཤར་ཕྱོགས་བཾ་ག་ལའི་མཁས་པ་ཆེན་པོ་འདི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའི་པཎྜི་ཏའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་ཞེས་བྱ་བ།
འདུལ་བའི་ལྷ།


DTG167_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མ་ཡ་བྷེ་དོ་པ་ར་ཝ་ཙ་ན་ཙཀྲ་སེ་ན་ཀཱ་ཡ་བྷེ་དོ་པ་རི་དེ་ཤ་ནཾ་ནཱ་མ་སཾ་གྲ་ཧ། བོད་སྐད་དུ། གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །སྡེ་པ་བཅོ་བརྒྱད་ལས་འཕགས་པ་དགེ་འདུན་ཕལ་ཆེན་པའི་སྡེ་པ་རྣམ་པ་ལྔའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་བའི་ལྟ་བ་ལ་གཞན་དང་མི་མཐུན་པའི་རྣམ་གྲངས་མངའ་བས་ན་སྔར་དེ་བཤད་ལ། ལྷག་མ་གཞན་རྣམས་ཕྱིས་བཤད་ན་བདེ་བའི་ཕྱིར་དེ་དང་པོར་བཤད་དོ། །དེ་ལ་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་རྣམས་ནི་འདི་སྐད་ཅེས་ཟེར་ཏེ། ཐུབ་པ་ནི་འཇིག་རྟེན་ལས་འདས་པ། རྫས་ཡོད་པ། སྐུ་དང་ཚེ་དང་མཐའ་ཡས་པ། མཉམ་པར་གཞག་པ། སྐད་ཅིག་སྐད་ཅིག་ལ་ཐམས་ཅད་མཁྱེན་པ། ཟད་པ་དང་མི་སྐྱེ་བའི་བློ་རྟག་ཏུ་མངའ་བ་ཡིན་ནོ། །ཆོས་ཀྱི་འཁོར་


DTG167_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར་བ་ནི་ཚིག་གི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་ནི་འདོད་ཆགས་ལ་སོགས་པ་སྐྱེ་བ་དང༌། མེར་མེར་པོ་ལ་སོགས་པ་ལས་སྐྱེ་བ་མེད་དོ། །བདེན་པ་ནི་ཅིག་ཅར་མཐོང་ངོ༌། །མིག་ལ་སོགས་པའི་སེམས་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡོད་དོ། །དབང་པོ་རྣམས་ཀྱིས་ནི་ཡུལ་མི་འཛིན་ནོ། །མཉམ་པར་གཞག་པ་ཡང་ཚིག་སྨྲའོ། །སེམས་ལ་ཡང་གཟུགས་ཡོད་དོ། །རང་རིག་པ་ཡིན་ནོ། །དགྲ་བཅོམ་པ་རྣམས་ལ་ཡང་སོམ་ཉི་དང་མི་ཤེས་པ་ཡོད་དེ་བསྟན་དགོས་སོ། །འབྲས་བུ་ལ་གཞན་གྱིས་བརྡ་སྤྲད་དགོས་སོ། །སྡུག་བསྔལ་སྨོས་ཤིང་སྡུག་བསྔལ་ཚིག་ཏུ་བརྗོད་པས་ལམ་སྐྱེ་བར་འགྱུར་རོ། །འཇིག་པ་ཡང་ཡོད་དོ། །བརྒྱད་པ་ལ་ཡང་ཡུན་རིང་དུ་གནས་སོ། །ཆོས་ཀྱི་ཆོ་ག་ལས་ཀྱང་ཉམས་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པ་ལས་ནི་ཉམས་པ་མེད་དོ། །དང་པོ་ཤོས་ནི་མཚམས་མེད་པ་མ་གཏོགས་པ་གཞན་བྱེད་དོ། །འཇིག་རྟེན་པ་ལ་ནི་ཡང་དག་པའི་ལྟ་བའི་དབང་པོ་མེད་དོ། །མ་གསུངས་པ་ལ་ནི་བཅས་བཅོས་བྱར་མེད་དོ། །དྲང་བའི་དོན་ནི་མེད་དོ། །གཟུགས་མེད་པ་ནི་གཟུགས་མེད་པ་བཞི་དང༌། འདུས་མ་བྱས་གསུམ་དང༌། ལམ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་སུ་གཏོགས་པ་དགུའོ། །སངས་རྒྱས་མང་པོ་ཅིག་ཅར་འབྱུང་བ་ཡོད་དོ། །སེམས་གཉིས་ཅིག་ཅར་འབྱུང་བ་དང༌། ཉོན་མོངས་པ་དང་ལམ་ཅིག་ཅར་འབྱུང་བ་དང༌། ལས་དང་ལས་ཀྱི་འབྲས་བུ་ཅིག་ཅར་འབྱུང་བ་དང༌། ས་བོན་དང་མྱུ་གུ་ཅིག་ཅར་འབྱུང་བ་ཡོད་དོ། །ལུས་ལ་ནི་སེམས་ཀྱིས་ཁྱབ་བོ། །སེམས་ནི་འོད་གསལ་བའོ། །ཕྲ་རྒྱས་ནི་མི་ལྡན་པའོ། །ཀུན་ནས་དཀྲིས་པ་ནི་མཚུངས་པར་ལྡན་པའོ། །ཞིག་པར་འགྱུར་པ་དང་མ་སྐྱེས་པ་དང༌། བར་མ་དོའི་སྲིད་པ་ནི་མེད་དོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ། །དྲུག་པ་ནི་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ནོ་ཞེས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་རྣམས་ཟེར་རོ། །དེ་ལས་གཞན་པ་རྣམས་ཀྱི་ཁྱད་པར་འདི་ཡིན་ཏེ། ཐུབ་པ་ནི་བཏགས་པའི་སྒོ་ནས་བླ་མ་ཡིན་ནོ་ཞེས་ཟེར་རོ། །


DTG167_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པར་སྨྲ་བའི་སྡེ་པ་རྣམས་ནི་སྐྱེས་བུ་བྱེད་པའི་རྩལ་དང༌། དུས་མ་ཡིན་པར་འཆི་བ་མེད་དོ། །ལམ་ནི་བསོད་ནམས་ཀྱིས་འཐོབ་བོ། །ལམ་ནི་བསྒོམ་པར་བྱ་བ་ཡིན་ནོ། །ལམ་ནི་འཇིག་པར་མི་འགྱུར་རོ་ཞེས་ཟེར་རོ། །ཤར་གྱི་རི་བོའི་སྡེ་དང༌། ནུབ་ཀྱི་རི་བོ་ལ་གནས་པའི་སྡེ་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ནི་ངན་འགྲོ་ལས་རྣམ་པར་གྲོལ་བ་མ་ཡིན་ནོ། །མཆོད་རྟེན་ལ་མཆོད་པ་ནི་འབྲས་བུ་མཆོག་ཏུ་གྱུར་པ་མ་ཡིན་ནོ་ཞེས་ཟེར་རོ། །གངས་རི་པའི་སྡེ་པ་རྣམས་ནི་ཕྱི་རོལ་པ་ལ་ནི་མངོན་པར་ཤེས་པ་ལྔ་མེད་དོ། །ལྷ་རྣམས་ལ་ནི་ལམ་བསྒོམ་པ་མེད་དོ་ཞེས་ཟེར་རོ། །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམ་པ་བདུན་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམས་ནི་དུས་གསུམ་དང༌། མིང་དང༌། གཟུགས་ཀྱིས་ནི་དུས་བྱས་ཐམས་ཅད་བསྡུས་སོ། །དྲུག་པ་དང་མི་ལྡན་པ་རྣམས་དང༌། འདུས་མ་བྱས་རྣམས་ནི་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ནོ། །འདུས་མ་བྱས་ནི་རྣམ་པ་གསུམ་མོ། །ཉོན་མོངས་པ་ནི་མཚུངས་པར་ལྡན་པའོ། །ཐུབ་པ་ནི་རྣམ་པ་གཉིས་སོ། །དེའི་གསུང་རབ་དང་དབང་པོ་རྣམས་ནི་གཟུགས་ཅན་རྣམས་ཉི་ཚེ་ལ་ཡོད་དོ། །མཆོད་རྟེན་ལ་མཆོད་པ་ནི་འབྲས་བུ་ཆེའོ། །བྱང་ཆུབ་སེམས་དཔའ་ངན་འགྲོ་སྤངས་པ་ནི་རྣམ་པ་གཉིས་སུ་འདོད་པ་ཡོད་དོ་ཞེས་ཟེར་རོ། །བསོད་ནམས་ལམ་གྱི་ཚོགས་སུ་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ནི་མི་འདོད་དོ། །དེ་ལས་གཞན་པ་རྣམས་ཀྱི་ཁྱད་པར་ནི་འོད་སྲུངས་སྡེའི་སློབ་མ་རྣམས་ནི་ཡོངས་སུ་ཤེས་ལ་མ་སྤངས་པ་དང༌། མ་འོངས་པའི་རྒྱུད་ལས་འབྱུང་བ་མེད་དོ། །སློབ་མའི་ཆོས་རྣམས་ནི་རྣམ་པར་སྨིན་པ་ཡོད་པའོ་ཞེས་བྱ་བའི་གཞུང་ལ་བརྟེན་ཏོ། །ས་སྟོན་སྡེའི་སློབ་མ་རྣམས་ཀྱི་གཞུང་ལུགས་ནི་མ་འོངས་པ་མེད་དོ། །འདས་པ་མེད་དོ། །མ་འོངས་པ་མེད་དོ། །ད་ལྟར་བྱུང་བ་མེད་དོ། །བདེན་པ་ཅིག་ཅར་མཐོང་ངོ༌། །ཕྱི་རོལ་པ་ལ་ཉོན་མོངས་པ་ཟད་པ་མེད་དོ། །ལྷ་ཡུལ་པ་ལ་ནི་ལམ་མེད་དོ། །བར་མ་དོའི་སྲིད་པ་མེད་དོ། །དགྲ་བཅོམ་པ་ལ་ཡང་བསོད་ནམས་སྐྱེ་བ་ཡོད་དོ། །ཕྲ་རྒྱས་ནི་སེམས་ལས་ཐ་དད་དོ། །འདུས་མ་བྱས་ཀྱི་དངོས་པོ་ནི་དགུ་སྟེ། མི་གཡོ་བ་དང་ལྡན་པ་གསུམ་དང༌། དགེ་བ་དང་མི་


DTG167_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དང་ལུང་དུམ་བསྟན་པ་གཉིས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ལམ་རྣམས་ཏེ་རྟག་ཏུ་གནས་པ་ཡིན་ནོ། །སྟོན་པ་ནི་དགེ་འདུན་གྱི་ནང་དུ་གཏོགས་ཏེ། དེའི་ཕྱིར་དགེ་འདུན་ལ་ཕུལ་བ་ལྷག་པར་དོན་ཆེའོ། །རྒྱལ་བ་ཉན་ཐོས་དང་བཅས་པ་རྣམས་ནི་ལམ་དང་རྣམ་པར་གྲོལ་བ་གཅིག་གོ་ཞེས་དེ་སྐད་ཅེས་ཟེར་རོ། །ཆོས་སྲུང་སྡེ་པ་རྣམས་ནི་སངས་རྒྱས་ནི་དགེ་འདུན་གྱི་ནང་དུ་མ་གཏོགས་སོ། །སངས་རྒྱས་ལ་ཕུལ་བ་འབྲས་བུ་ཆེའོ། །སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱི་ལམ་ནི་ཐ་དད་དོ། །ཕྱི་རོལ་པ་ལ་ནི་མངོན་པར་ཤེས་པ་མེད་དོ། །དགྲ་བཅོམ་པའི་ལུས་ནི་ཟག་པ་མེད་པའོ་ཞེས་ཟེར་རོ། །མང་དུ་ཐོས་པའི་སྡེ་བ་རྣམས་ནི་མི་རྟག་པ་དང༌། བདག་མེད་པ་དང༌། སྟོང་པའི་ཤེས་པ་དང༌། ལམ་དང༌། མྱ་ངན་ལས་འདས་པ་འདི་རྣམས་ནི་ཐུབ་པའི་འཇིག་རྟེན་ལས་འདས་པའི་ཆོས་ཡིན་ནོ། །ལྷག་མ་རྣམས་ནི་འཇིག་རྟེན་པའོ་ཞེས་ཟེར་རོ། །དགྲ་བཅོམ་པ་ལ་སོམ་ཉི་ཡོད་དོ་ཞེས་བྱ་པ་ལ་སོགས་པར་འདོད་དོ། །འཕོ་བར་སྨྲ་བ་དེ་དག་ནི་གོས་དམར་གྱི་སྡེ་པ་ཉིད་དེ། དེའི་ཕྱིར་སེམས་ཅན་འཕོའོ། །ཕུང་པོ་བཞི་ནི་རང་བཞིན་གཅིག་ཏུ་ངེས་སོ། །ལམ་གྱི་མཐུས་ནི་ཕུང་པོ་རྣམས་འགག་གོ་ཞེས་ཟེར་རོ།། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་པ་རྣམས་ནི་གང་ཟག་ནི་དོན་དམ་པར་ཡོད་དོ། །འབྲས་བུ་མ་སྨིན་པའི་དོན་མ་གཏོགས་པ་འདས་པ་མེད་དོ། །འབྲས་བུ་ལས་གཞན་པའི་མ་འོངས་པ་མེད་དོ། །རིགས་མི་མཐུན་པའི་ད་ལྟར་བྱུང་བ་ཡང་མེད་དོ། །ཆོས་ནི་དེ་མ་ཐག་པའི་རྒྱུར་མི་འགྱུར་རོ། །གཟུགས་ཀྱི་འདྲ་བའི་རྒྱུ་ཡང་མེད་དོ་ཞེས་དེ་ལྟར་བལྟའོ། །འཕགས་པ་གནས་བརྟན་པའི་སྡེ་པ་རྒྱལ་བྱེད་ཚལ་གནས་པའི་སྡེ་དང༌། འཇིགས་མེད་རིང་གནས་པའི་སྡེ་དང༌། གཙུག་ལག་ཁང་ཆེན་གནས་པའི་སྡེ་འདི་གསུམ་ནི་ལྟ་བ་མཐུན་ཏེ། ལྷ་རྣམས་ལ་ནི་ལམ་བསྒོམ་པ་མེད་དོ་ཞེས་ཟེར་རོ། །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམ་པ་བདུན་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་བྱུང་ངོ༌། །ཐུབ་པ་ནི་ལེགས་པར་སྦྱར་བ་མི་གསུང་ངོ༌། །བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་བཅུ་ཕན་ཆད་ནས་སུམ་ཅུ་ཚུན་ཆད་ཀྱིས་འགྲུབ་བོ། །ཐར་པ་མ་གཏོགས་


DTG167_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུས་མ་བྱས་པ་མེད་དོ། །ལོག་པར་ཤེས་པ་དང་མི་ཤེས་པ་མེད་དོ། །ཕྲ་རྒྱས་ནི་སེམས་ལས་ཐ་དད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་སེམས་ཡོད་དོ་ཞེས་ཟེར་རོ། །འཕགས་པ་ཀུན་གྱིས་བཀུར་བའི་སྡེ་པས་སྒྲོགས་རིགས་ཀྱི་སྡེ་དང༌། སྲུང་བ་པའི་སྡེ་དང༌། གནས་མའི་བུའི་སྡེ་འདི་གསུམ་ཡང་ལྟ་བ་མཐུན་ཏེ། གང་ཟག་ནི་ཕུང་པོ་རྣམས་ཀྱང་མ་ཡིན་ལ། ཕུང་པོ་རྣམས་ལས་ཐར་པ་ཐ་དད་པ་ཡང་མ་ཡིན་ནོ། །ཕུང་པོ་རྣམས་ནི་དུས་གཞན་དུ་ཡང་བརྟན་པར་འདུག་གོ །རྣམ་པར་ཤེས་པ་ལྔའི་སྒོ་ནས་ནི་འདོད་ཆགས་སྐྱེ་བར་ཡང་མི་འགྱུར་ལ། འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་རོ། །མཐོང་བའི་ལམ་ནི་སེམས་ཀྱི་སྐད་ཅིག་བཅུ་གཉིས་སོ། །དེ་ཕན་ཆད་ནི་འབྲས་བུ་དང་ལྡན་པར་གནས་སོ། །ཤེས་པར་བྱ་བ་ནི་བརྗོད་དུ་ཡོད་པ་དང༌། བརྗོད་དུ་མེད་པའོ་ཞེས་ཟེར་ཏེ། ཡུལ་དང་སློབ་དཔོན་གྱི་བྱེ་བྲག་གིས་འདིར་བྱེ་བྲག་དྲུག་ཏུ་བརྗོད་དོ། །གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་བཙུན་པ་དབྱིག་བཤེས་ཀྱིས་མཛད་པ་ལས། སྡེ་པ་ཐ་དད་པ་བསྡུས་པ་ཞེས་བྱ་བ་འདུལ་བ་འཛིན་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།

དགེ་བསྙེན་གྱི་སྡོམ་པ་བརྒྱད་པ།
སུ་ན་ཡ་ཤྲཱི།


DTG167_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་པ་སི་ཀ་སཾ་བ་རཱཥྚ་ཀ །བོད་སྐད་དུ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྡོམ་གནས་བླ་མ་མཁས་པ་ལས། །གསུམ་ལ་སྐྱབས་འགྲོ་བླངས་ནས་ནི། །ཇི་སྲིད་འཚོ་བར་གསོད་དང་འཕྲོག །ལོག་པར་སྤྱོད་དང་བརྫུན་གྱི་ཚིག །ཆང་གི་བཏུང་བ་དག་ལས་ལྡོག །ཡན་ལག་ཚང་བ་ཆོ་ག་བཞིན། །བརྫུན་གྱི་ཚིག་ལས་ལྡོག་པ་ཡིས། །དེ་ཡི་སྐྱོན་ནི་གཞན་ལས་ཀྱང༌། །ལྡོག་བར་བྱ་སྟེ་ལྡོག་བཤད་པ། །དེ་ཡང་ཤིན་ཏུ་སྨད་པའི་ཕྱིར། །གང་ཕྱིར་ལུས་ངག་མི་དགེ་ལས། །ལྡོག་པ་ཡིད་ཀྱི་དགེ་བ་ལས། །དེ་ཕྱིར་བརྣབ་སེམས་གནོད་པའི་སེམས། །ལྟ་ལས་ལྡོག་རྣམས་གྲུབ་པ་ཡིན། །ཡན་ལག་ལྔ་ཡི་སྡོམ་བཤད་ཉིད། །གཞུག་པ་རུ་ནི་འདོད་པས་སོ། །མི་གསོད་པ་དང་དངོས་པོ་རྐུ། །ཡོངས་སུ་རྫོགས་དང་གཞན་བུད་མེད། །བདག་གིར་བྱེད་དང་


DTG167_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་ཚིག་སྨྲ། །སྡོམ་པ་ཉམས་པའི་རྒྱུ་རྣམས་སོ། །སྡོམ་པ་སླར་ཡང་བླང་བར་བྱ། །དེ་འདྲའི་གང་ཟག་ཉིད་ལས་སོ། །གཞན་དག་ཇི་ལྟ་བར་ནི་བཤགས། །མཁས་ལ་ཡང་རྣམས་ཡང་དག་བསྡམ། །འདི་ལྟར་སྡོམ་པའི་ཚུལ་ཁྲིམས་གནས། །འཇུག་པ་ལ་ཡང་སྟོབས་ཇི་ལྟར། །གུས་པར་བྱ་སྟེ་དེའི་སྦྱོར་བས། །འབྲས་བུ་སྣ་ཚོགས་དེས་ནི་སྟེར། །འདི་ལ་འབད་དེ་སྦྱར་བར་བྱ། །བདེ་འགྲོ་ཡང་ནི་འདོད་པ་ཡིས། །ཁྲེ་ཡི་མྱུ་གུའི་རྒྱུ་རུ་ནི། །སཱ་ལུའི་ས་བོན་གང་དུ་མཐོང༌།། །།དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། སློབ་དཔོན་ཆེན་པོ་སུ་ན་ཡ་ཤྲཱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མ་བན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ།།

དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ།
སུ་ན་ཡ་ཤྲཱི།


DTG167_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་པ་སི་ཀ་སམྦ་རཱཥྚ་ཀཾ་བི་བ་ར་ཎཾ། བོད་སྐད་དུ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསླབ་གསུམ་རྒྱ་མཚོའི་ཕ་རོལ་བྱོན། །བདེ་བར་གཤེགས་ལ་ཕྱག་འཚལ་ནས། །བསླབ་པ་ལྔ་ཡི་གོ་འཕང་གནས། །སྤང་ཞིང་གསལ་བར་བཤད་པར་བྱ། །འདིར་ངེས་པར་གང་ཟག་གསུམ་སྟེ། ཁ་ཅིག་ནི་འདོད་པ་ཉེས་པར་སྤྱོད་པ་དག་ལས་དབེན་པར་སྤྱོད་པ་དང༌། ཁ་ཅིག་ནི་འདོད་པ་སྤྱོད་པ་ཙམ་ལས་དབེན་བར་སྤྱོད་པ་དང༌། ཁ་ཅིག་ནི་ཉེས་པར་སྤྱོད་པ་ཙམ་ལས་དབེན་པར་སྤྱོད་པ་སྟེ། དེ་བཞིན་དུ་སྔར་གོམས་པའི་ཕྱིར་རོ། །སྤང་དཀའ་བའི་འདོད་པ་ཙམ་ལས་དབེན་པར་སྤྱོད་ཅིང་ཉེས་བ་ལ་སྤྱོད་པ་མི་སྲིད་པ་དང། བསླབ་པའི་ཉེས་པར་སྤྱོད་པའི་དབེན་པ་ཙམ་ལ་སྤྱོད་ཅིང་འདོད་པ་ཙམ་ལ་སྤྱོད་པ་མི་སྲིད་པ་མ་ཡིན་ནོ། །དཔེར་ན་ཤིན་ཏུ་སྲ་བའི་ཤིང་གཅོད་པ་ལ་སྒྲིན་པ་ཤིན་ཏུ་འཇམ་པའི་ཨུཏྤལ་སྔོན་པོའི་འདབ་མ་གཅོད་པ་ལ་ལེ་ལོ་ཅན་དུ་མཐོང་བ་དང༌། སྤོས་ཀྱི་གླང་པོ་ཆེ་སྨྱོན་པའི་ཚོགས་ལ་འཐབ་ཏུ་འགྲོ་བའི་སྐྱེས་བུར་བྱེད་པའི་སེང་གེའི་ཕྲུ་གུ་ནི། ཡང་རླུང་གི་སྟོབས་ཀྱིས་བསྐྱོད་པའི་ཡལ་འདབ་ལ་སོགས་པ་འགུལ་པ་ཙམ་གྱིས་སྐྲག་པའི་ཤ་བ་ལ་སོགས་པ་ལ་རྩོད་པས་འཇིགས་པ་ནི་མི་སྲིད་དོ། །གཞན་ནི་དབེན་བ་གཉི་ག་ལ་མ་སྦྱངས་པའོ། །དེ་ལ་གང་ཟག་དང་པོའི་དབང་དུ་བྱས་ཏེ་རབ་ཏུ་བྱུང་བ་དང་


DTG167_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པར་བཅས་སོ། །གཉིས་པ་ལས་བརྩམས་ཏེ་ཡན་ལག་ལྔའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བཤད་དོ། །གསུམ་པ་ལ་གཏད་དེ་གསོ་སྤྱོད་བརྗོད་དོ། །དེ་ལ་དང་བོའི་སྡོམ་པ་གཉིས་འདུལ་བའི་དབང་དུ་བྱས་པས་དེ་ཉིད་དུ་གོ་བར་བྱའོ། །ལྷག་མ་དག་ནི་སླར་ཡང་སྡོམ་པ་གཉིས་པོའི་ནང་ནས་དགེ་བསྙེན་གྱི་སྡོམ་པ་ལེན་པའི་ཆོ་ག་བརྗོད་པར་བྱ་སྟེ། སྡོམ་གནས་བླ་མ་མཁས་པ་ལས། །གསུམ་ལ་སྐྱབས་འགྲོ་བླངས་ནས་ནི། །ཇི་སྲིད་འཚོ་བར་གསོད་དང་འཕྲོག །ལོག་པར་སྤྱོད་དང་བརྫུན་གྱི་ཚིག །ཆང་གི་བཏུང་བ་དག་ལས་ལྡོག །ཡན་ལག་ཚང་བ་ཆོ་ག་བཞིན། །ཞེས་བྱ་བ་ལ་སྡོམ་གནས་ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་ལ་སློབ་པ་རྣམས་ཡིན་གྱི་གཞན་ལས་མ་ཡིན་ཏེ་མི་དབང་བའི་ཕྱིར་རོ། །བླ་མ་ལ་སྟེ་མ་བརྙས་པ་ལས་སོ། །དེ་ལ་ལྟོས་པས་ཚོགས་པ་ཚང་ཡང་བསླབ་པའི་གོ་འཕང་ལས་མི་ཉམས་པ་སྲིད་པའི་ཕྱིར་རོ། །མཁས་པ་ལས་ཏེ་སྡོམ་པ་རབ་ཏུ་སྟེར་བ་ལ་མཁས་པ་ལས་སོ། །གཞན་ལས་ནི་མ་ཡིན་ཏེ། ཆོ་ག་ཉམས་པ་ལས་སྡོམ་པ་མི་འཐོབ་པའི་ཕྱིར་རོ། །བླངས་ཞེས་བྱ་བ་ནི་སྡོམ་པ་བླངས་པའོ། །གསུམ་ལ་སྐྱབས་སུ་འགྲོ་བ་ནི་དཀོན་མཆོག་གསུམ་ལའོ། །སྐྱབས་སུ་འགྲོ་བ་ནི་སྡོམ་པ་ཐམས་ཅད་ལེན་པ་ལ་སྒོར་གྱུར་པའི་ཕྱིར་དང་པོར་བསྟན་ཏོ། །ཇི་སྲིད་འཚོ་བར་ནི་གསོན་པོའི་མཐའ་སྟེ། འདིར་ཡང་དག་པར་བླངས་པ་ནི་ཇི་སྲིད་འཚོ་བ་ཡིན་པས་སོ། །གསོད་པ་ནི་འདི་གསད་པར་བྱའོ་ཞེས་ཡང་དག་པར་བསམས་ཏེ་དེ་ཉིད་བསད་པ་སྟེ། བློ་སྔོན་དུ་སོང་བ་དང༌། དེ་ཉིད་གཞན་དུ་མ་འཁྲུལ་ནས་མི་ཡིན་པས་སོ། །འདི་ལྟར་འོག་མ་ལ་ཡང་རིག་པར་བྱའོ། །བདག་པོའི་མངོན་སུམ་དུ་དེ་ལ་ལྟོས་པ་དང་ལྐོག་ཏུ་གྱུར་པ་ཡང་རུང་སྟེ་གཞན་གྱི་རྫས་ཁྱེར་བ་ནི་འཕྲོགས་པའོ། །ལོག་པར་སྤྱོད་པ་ནི་འདོད་པ་ལ་ལོག་པར་སྤྱོད་པ་སྟེ། ཕྱོགས་གཅིག་གིས་ཀུན་མཚོན་པ་སྟེ། དཔེར་ན་བདེན་པའི་བྷྲ་མ་ལ་བྷྲ་མ་ཞེས་པའོ། །དེ་ཡང་བཞི་སྟེ། འགྲོ་བར་མི་བྱ་བ་ལ་འགྲོ་བ་དང༌། ཡན་ལག་མ་ཡིན་པ་ལ་འགྲོ་བ་དང༌། ཡུལ་མ་ཡིན་པ་ལ་འགྲོ་བ་དང༌། དུས་མ་ཡིན་པ་ལ་འགྲོ་བ་སྟེ། འདི་རྣམས་ནི་འདིར་མངས་པས་འཇིགས་པས་འདིར་མ་སྨོས་སོ། །བརྫུན་གྱི་ཚིག་ནི་དག་གཞན་ནོ། །མྱོས་


DTG167_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེད་པར་བྱེད་པའི་ཆང་ལ་སོགས་པའི་དངོས་པོ་འབྱུང་བ་ནི་ཆང་གི་བཏུང་བའོ། །བརྗོད་མ་ཐག་པ་འདི་རྣམས་ལས་ལྡོག་པ་ནི་ལྡོག་པར་བྱའོ། །གང་གིས་དགེ་བསྙེན་གྱི་སྡོམ་པ་རྫོགས་པར་ཐོབ་པའི་ཡན་ལག་ནི་དེའོ། །ཡན་ལག་རྣམས་ཀྱང་རེ་ཞིག་དད་པ་སྟེ། དད་པ་མེད་པའི་མི་རྣམས་ལ་ནི་དཀར་པོའི་ཆོས་རྣམས་མི་སྐྱེའོ། །དཔར་ན་ས་བོན་མེའི་ཚིག་པ་རྣམས་ལ་མྱུ་གུ་དང་ལྗང་བུ་བཞིན་ནོ་ཞེས་པའི་ཚིག་གིས་སོ། །བུད་མེད་ཀྱི་དབང་པོ་དང་སྐྱེས་པའི་དབང་པོ་ཡང་མ་ཚང་བ་མེད་པ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་ཡང་སྤངས་པས་སོ། །ཆོ་ག་བཞིན་ནི་ཆོ་ག་ལས་མ་རྒལ་བའོ། །དེ་ལ་འདི་ནི་ཆོ་ག་སྟེ། དགེ་བསྙེན་གྱི་སྡོམ་པ་འདོད་པས་བླ་མའི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བདག་ལ་དགེ་བསྙེན་གྱི་སྡོམ་པ་རིགས་ཀྱི་བུའམ། བཙུན་པས་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་སྟེ། སྟོད་གཡོགས་ཕྱོགས་གཅིག་ཏུ་བྱས། ཙོག་ཙོག་པོར་འདུག་པའམ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སྙིམ་པ་ཐལ་མོ་སྦྱར་ཏེ། དེས་བརྗོད་པའི་རྗེས་སུ་བཟླས་པས་ཡང་དག་པར་བླངས་བར་བྱའོ། །འདི་ལྟར་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་པ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཙོས་པའི་ཆང་གི་བཏུང་བ་ལས་སླར་ལྡོག་པར་བགྱིའོ། །གསུམ་ཉིད་དུའོ། །གསུམ་ལ་སྐྱབས་སུ་སོང་ནས་བསླབ་པའི་གནས་ལྔ་བླངས་པའི་དགེ་བསྙེན་དུ་བདག་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་བསླབ་པའི་ཡན་ལག་ལྔ་པ་འདི་ནི། དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་བརྗོད་དོ། །ཐམས་ཅད་ལས་ལྡོག་པར་ནུས་པ་མེད་ན་ཡང་རེ་རེ་ལ་ཡང་ངེས་པ་སྔོན་དུ་སོང་བ་ལས་ལོག་ན་འབྲས་བུ་ཆེན་པོ་ཉིད་དོ། །གསོ་སྦྱོང་ནི་ཡང་ཉི་མ་ཤར་བ་ལ་བརྟེན་པའི་ཉི་མ་ལ་གློ་བུར་བའི་རྒྱན་རྣམས་བསལ་


DTG167_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བླང་བར་བྱའོ། །འདིར་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྔ་མ་བཞིན་ནོ། །འདི་ནི་ཁྱད་པར་ཏེ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དང༌། དབྱིག་པ་སྤངས་བ་དང༌། མཚོན་ཆ་སྤངས་པ་དང༌། ངོ་ཚ་དང་ལྡན་བས་སྲོག་ཆགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཐ་ན་གྲོག་མ་ཕྲ་མོ་ཡང་ཉེ་བར་བཟུང་བ་དེ་བཞིན་དུ་བདག་མིང་འདི་སྐད་ཅེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་གི་ཉི་མ་ཤར་བ་ལ་ཐུག་པར་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཡང་ཉི་མ་ཤར་གྱི་བར་དུ་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུ་དང་བཅོས་པའི་ཆང་མྱོས་པར་འགྱུར་བའི་གནས་དང༌། གར་དང༌། གླུ་དང༌། རོལ་མོ་དང༌། དགའ་བའི་ལྟད་མོ་དང༌། ཕྲེང་བ་དང༌། དྲི་དང༌། བྱུག་པ་དང༌། ཁ་དོག་གི་རྒྱན་འཛིན་པ་དང༌། ཁྲི་སྟན་མཐོན་པོ་དང༌། མལ་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་འཆར་བ་ལ་ཐུག་པར་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གར་དང་གླུ་དང་རོལ་མོ་དང༌། དགའ་བའི་ལྟད་མོ་དང༌། ཕྲེང་བ་དང༌། དྲི་དང༌། བྱུག་པ་དང༌། ཁ་དོག་གི་རྒྱན་འཛིན་པ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་ཀྱང་སྤངས་ཏེ། ཇི་སྲིད་དུ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིད་དོ། །ཇི་སྲིད་དུ་ཡན་ལག་བརྒྱད་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །འདི་ལྟར་ལན་གསུམ་མོ་གསོ་སྦྱོང་ཅན་དུ་བདག་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་སྡོམ་པར་འགྱུར་རོ། །འདིས་འཕགས་པ་རྣམས་ལ་བསྙེན་ནས་གནས་པས་


DTG167_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་སུ་བརྗོད་དོ། །དགེ་བའི་ས་བོན་གསོ་བར་བྱེད་པས་གསོ་སྦྱོང་དུ་བརྗོད་དོ། །གསོ་སྦྱོང་འདི་བླངས་པ་དབེན་པ་རྣམ་པ་གཉིས་ལ་སྦྱར་བའི་དོན་དུ། བསྙེན་གནས་ཀྱིས་ཀྱང་བསྙེན་གནས་ཀྱི་དུས་དང༌། ཆོ་འཕྲུལ་གྱི་ཕྱོགས་ལ་ཉམས་སུ་བླང་ངོ༌། །རིམ་གྱིས་སྦྱར་བས་ཤིན་ཏུ་སྤྲོ་བ་འདི་ཇི་སྲིད་འཚོ་བའི་བར་དུ་གླང་ངོ༌། །ཞག་གཅིག་ཙམ་གྱིས་དུས་ངེས་བས་ནི་གང་ཟག་དབང་པོ་གདུལ་དཀའ་བའི་དབང་གིས་སོ། །སླར་ཡང་གཞན་དུ་སྡོམ་པ་མི་འཆགས་པ་ནི་མ་ཡིན་ནོ། །ཇི་སྲིད་འཚོ་བའི་བར་དུ་ཡང་འདི་རྣམས་བྱིན་པས་གོ་མིའི་སྡོམ་པ་བླང་བ་ཡིན་ནོ་ཞེས་འདོད་དོ། །ཉིན་མཚན་ནི་བུད་མེད་དང་ཤན་པ་བཞིན་དུ་ལྡོག་པར་མི་ནུས་ན་ཉིན་མོ་ཙམ་དང༌། མཚན་མོ་ཙམ་དུ་ཡང་སྤང་བར་བྱའོ། །དེ་ལ་ཉིན་མོ་ཙམ་ལེན་ན་ཡང་ཉི་མ་ནུབ་པ་ལ་ཐུག་པ་ཞེས་བརྗོད་དོ། །མཚན་མོ་ཙམ་ལེན་ན་ཡང་སྔར་བཞིན་ནོ། །དེ་ལྟར་ན་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི་གསོ་སྤྱོད་ནི་མ་ཡིན་ཏེ་ཉིན་མཚན་གྱི་དུས་ཡིན་པའི་ཕྱིར་རོ། །ཅི་སྟེ་དགེ་བསྙེན་གྱི་སྡོམ་པ་འདི་ལེན་པ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་བཞི་དང༌། བཅས་པའི་ཁ་ན་མ་ཐོ་བ་ལྔ་རྣམས་ཏེ། ཆང་གི་བཏུང་བ་ལས་ལྡོག་ན་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་ཡིན་ཞེ་ན་དེ་བརྗོད་པ། བརྫུན་གྱི་ཚིག་ལས་ལྡོག་པ་ཡིས། །དེ་ཡི་སྐྱོན་ནི་གཞན་ལས་ཀྱང༌། །ལྡོག་པར་བྱ་སྟེ་གང་ཡང་བརྫུན་གྱི་ཚིག་ལས་ལྡོག་པ་དེས་ནི་དེའི་ཚིག་སྟེ། ཕྱོགས་གཅིག་གཟུང་བའི་ཕྱིར་རོ། །གཞན་ལས་ཀྱང་སྟེ་ཕྲ་མ་དང༌། ཚིག་རྩུབ་དང༌། ཚིག་འཁྱལ་བར་གྲགས་པའི་ཉེས་པ་ལས་ལྡོག་པར་བྱའོ། །གཅིག་གི་ཚིག་ནི་ཉེས་པའི་རིགས་ལས་ལྡོག་པས་སོ། །དེ་ལ་ཉོན་མོངས་པའི་བསམ་པས་གཞན་འབྱེད་པའི་ཚིག་ནི་ཕྲ་མའོ། །དེ་འདྲ་བའི་སེམས་ཉིད་ཀྱིས་བརྩེ་བ་མ་ཡིན་པའི་བརྗོད་པ་ནི་ཚིག་རྩུབ་མོའོ། །འདི་འདྲ་ཉིད་ཀྱི་ཡིད་ཀྱིས་བརྫུན་ལ་སོགས་པ་ལས་གཞན་ཆགས་པ་ལ་སོགས་པའི་ཚིག་དེ་ནི་ཚིག་འཁྱལ་པའོ། །གལ་ཏེ་དེ་ལྟར་ན་བརྫུན་གྱི་ཚིག་གཅིག་ཁོ་ན་བསླབ་པའི་ཚོགས་བསྟན་པ་ལ་བརྗོད་དོ། །ཡང་ཕྲ་མ་ལ་སོགས་པ་ཡང་མ་ཡིན། ལྡོག་བཤད་པ། དེ་ཡང་ཤིན་ཏུ་སྨད་པའི་ཕྱིར། དེ་ཉིད་དེ་བརྫུན་གྱི་ཚིག་ཉིད་དོ། །གང་ཐམས་ཅད་ལ་ངེས་པར་བཟུང་བ་དང་བཅས་པའི་ཕྱིར་རོ། །ལྡོག་


DTG167_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི་ཤིན་ཏུ་སྨད་པའི་ཕྱིར་རོ། །ཤིན་ཏུ་སྨད་པ་ནི་བརྫུན་གྱི་ཚིག་སྟེ། འཇུག་པ་ཙམ་གྱི་སྡིག་པ་གཞན་ཐམས་ཅད་ལ་འཇུག་པས་སོ། །དེ་གསུངས་པ། ཆོས་གཅིག་ལས་ནི་བརྒལ་བ་སྟེ། །བརྫུན་གྱི་ཚིག་ནི་ལུས་ཅན་ནོ། །འཇིག་རྟེན་ཕ་རོལ་ལས་རྒལ་བའི། །སྡིག་པ་མི་བྱ་ཅུང་ཟད་མེད། །ཅེས་པས་སོ། །དེ་ལྟར་ཡིན་ན་ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པས། ཡིད་ཀྱི་ཉེས་པར་སྤྱོད་པ་ལས་ལྡོག་པ་ཡང་ཇི་ལྟར་གྲུབ་ཅེ་ན། གང་ཕྱིར་ལུས་ངག་མི་དགེ་ལས། །ལྡོག་པ་ཡིད་ཀྱི་དགེ་ལས་སོ། །དེ་ཕྱིར་བརྣབ་སེམས་གནོད་པའི་སེམས། །ལྟ་ལས་ལྡོག་རྣམས་གྲུབ་པ་ཡིན། །གང་ཕྱིར་ནི་བརྗོད་མ་ཐག་པའོ། །ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པ་ནི་དགེ་བ་ལས་ཏེ་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་རང་བཞིན་གྱི་ཡིད་གྲུབ་པར་འགྱུར་ཏེ། ཡིད་ནི་སྔོན་དུ་སོང་བའི་ཆོས་ཞེས་བྱ་བའི་ཚིག་ལས་སོ། དེ་ལས་ནི་བརྣབ་སེམས་ལས་དང༌། གནོད་སེམས་ལས་དང༌། ལྟ་བ་ལས་ནི་ལོག་ལྟ་ལ་སྟེ། ཕྱོགས་གཅིག་གིས་ནི་ཀུན་མཚོན་ཏེ་སྔར་བཞིན་ནོ། །ལྡོག་རྣམས་གྲུབ་རྣམས་ཡིན་ཏེ། ལྡོག་རྣམས་ཞེས་བྱ་བ་ནི་ལྡོག་པ་དུ་མའི་ཕྱིར་ལོག་པ་རྣམས་ཀྱང་མང་པོའི་ཚིག་གོ །དེ་ལ་བརྣབ་སེམས་ནི་གང་ལ་ཕ་རོལ་གྱི་བུད་མེད་དང༌། ནོར་ལ་སོགས་པ་དེ་བདག་གིས་གྱུར་ཅིག་ཅེས་འདོད་པ་ངན་པའོ། །སེམས་ཅན་འདི་རྣམས་ལ་རྒྱོབ་ཅིག་ཅེས་བྱ་བ་ལ་སོགས་པའི་རྣམ་པར་སེམས་རྩུབ་པ་ནི་གནོད་སེམས་སོ། །ལོག་པར་ལྟ་བ་ནི་ལས་དེའི་འབྲས་བུ་ལ་སོགས་པ་ལ་སྐུར་པ་འདེབས་པའི་ཉོན་མོངས་པ་ཅན་འཆལ་པའི་ཤེས་རབ་བོ། །གལ་ཏེ་དེ་ལྟར་ན་ཡན་ལག་བཅུ་གཅིག་གི་དགེ་བསྙེན་གྱི་སྡོམ་པར་འགྱུར་ཏེ་ཇི་ལྟར་ཡན་ལག་ལྔར་འགྱུར། ཡན་ལག་ལྔ་ཡི་སྡོམ་པ་ཉིད། །གཞུག་པ་རུ་ནི་འདོད་པའོ། །འདི་ནི་བདེན་ཏེ་ཡན་ལག་ལྔའི་དགེ་བསྙེན་གྱི་སྡོམ་པ་ཞེས་པ་ནི་སྔར་བཅོམ་ལྡན་འདས་ཀྱིས་བཤད་པ་རེ་ཞིག་བློ་ཡང་བ་རྣམས་གཞུག་པའོ། །རིམ་གྱིས་མི་དགེ་བ་གཞན་རྣམས་ལས་ཀྱང་ལྡོག་པར་ནུས་སོ་ཞེས་དགོངས་པའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ནི་ཐམས་ཅད་ཉིད་ལས་ལྡོག་པའོ་ཞེས་གང་གསུངས་པ་འདིར་ནི་དགེ་སློང་རྣམས་སམ། རིགས་ཀྱི་བུ་འམ་རིགས་


DTG167_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་མོ་ཡང་དད་པ་དང་ལྡན་པར་འགྱུར་རོ། །དད་པ་མང་པོར་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་ལ། དད་པར་བྱེད་པ་དང༌། ངེས་པར་བྱེད་པ་དང༌། ཐེ་ཚོམ་མེད་པར་འགྱུར་རོ། །དེ་ནག་པོ་དང་དཀར་པོའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་རིག་ནས་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ། །དེ་སྲོག་གཅོད་པ་ལས་སླར་ལྡོག་པར་འགྱུར་རོ། །མ་བྱིན་པར་ལེན་པ་ལས་དང༌། འདོད་པས་ལོག་པར་གཡེམ་པ་ལས་དང༌། བརྫུན་དུ་སྨྲ་བ་ལས་དང༌། ཕྲ་མ་ལས་དང༌། ཚིག་རྩུབ་མོ་ལས་དང༌། ཚིག་འཁྱལ་པ་ལས་དང༌། བརྣབ་སེམས་ལས་དང༌། གནོད་སེམས་ལས་དང༌། ལོག་པར་ལྟ་བ་ལས་དང་ལྡོག་པར་འགྱུར་རོ། །དེ་དགེ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པ་ལ་འཇུག་གོ །མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མི་བྱེད་དོ་ཞེས་པ་ལ་སོགས་པའོ། །འདི་ལྟར་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་སྡོམ་པར་རིག་པར་བྱའོ། །འདི་ལྟར་བཅུ་གཅིག་པོ་རྣམས་ལས་ལྡོག་པ་གྲུབ་པར་འགྱུར་ཏེ། ཡང་ཐམས་ཅད་ཉམས་སུ་བླངས་པས་སམ། ཡང་ཁ་ཅིག་གིས་སྡོམ་པ་ཉམས་པར་བྱེད། མི་གསོད་པ་དང་དངོས་པོ་རྐུ། །ཡོངས་སུ་རྫོགས་དང་གཞན་བུད་མེད། །བདག་གིར་བྱེད་པ་བརྫུན་ཚིག་སྨྲ། །སྡོམ་པ་ཉམས་པའི་རྒྱུ་རྣམས་སོ། །ཡན་ལག་ལྔ་མངོན་པར་གྲུབ་པའི་ལྟོ་ན་གནས་པའམ་ཕྱིར་བྱུང་བའི་མི་རྣམས་ལ་སྨན་དང་མཚོན་ལ་སོགས་པས་ཚེའི་བར་ཆད་ཀྱི་རྒྱུ་ནི་ལྟུང་བའི་ཆོས་གཅིག་གོ །ཡོངས་སུ་རྫོགས་པའི་ཀཱར་ཥཱ་པ་ཎ་བཞི་ཆའམ། དེའི་རིན་གྱི་དངོས་པོ་འཕྲོག་པ་ནི་གཉིས་པའོ། །གཞན་གྱི་བུད་མེད་སྟོབས་ཀྱིས་སམ་དེའི་འདོད་པས་ཁས་ལེན་པ་ནི་གསུམ་པའོ། །བརྫུན་སྨྲ་བའི་ཆོས་བརྗོད་པ་གཞན་གྱི་སེམས་ཤེས་པ་ལ་སོགས་པ་བདག་ལ་ཡོད་དོ་ཞེས་དམ་བཅས་པ་ནི་བཞི་པའོ། །ཅི་སྟེ་དགེ་བསྙེན་འདི་བཞི་པོ་རྣམས་ལས་ལྟུང་བའི་ཆོས་གཅིག་བྱུང་བས་ཕམ་པ་བྱུང་བའི་དགེ་སློང་སྣོད་མ་ཡིན་པ་བཞིན་དུ་མཐོང་བའི་ཆོས་ལ་སླར་ཡང་སྡོམ་པ་ལེན་ནམ་མ་ཡིན། སྡོམ་པ་སླར་ཡང་བླང་བར་བྱ། །དེ་འདྲའི་གང་ཟག་ཉིད་ལས་སོ། །དེ་ལྟ་བུ་ལས་ཏེ། སྔར་བཤད་པའི་གང་ཟག་ཉིད་ལས་སོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བཞིན་དུ་སླར་རང་ཉིད་ནི་མ་ཡིན་ནོ། །སོ་སོར་


DTG167_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྡོམ་པ་ཐོབ་པ་ནི་གཞན་གྱི་རྣམ་པར་རིག་བྱེད་ལས་འདོད་དོ། །སླར་དགེ་བསྙེན་གྱི་སྡོམ་པ་གོ་རིམས་ཇི་ལྟ་བར་བླང་ངོ༌། །འོ་ན་ཆོས་གཞན་བྱུང་ན་ཇི་ལྟར་བྱ་ཞེས་གཞན་དག་ཇི་ལྟ་བར་ནི་བཤགས། མཁས་པ་ལ་ནི་མཁས་པ་སྟེ། ངག་གི་རྣམ་པར་རིག་བྱེད་དང༌། དེའི་དོན་རྟོགས་པའི་སྟོབས་དང་ལྡན་པ་ལས་དང༌། སྡོམ་པ་དང་ལྡན་པའི་གང་ཟག་ལའོ། །ལྟུང་བར་འགྱུར་བ་རྣམས་ལས་གཞན་སྲོག་གཅོད་པ་ལ་སོགས་པ་དང༌། ཕྲ་མ་ལ་སོགས་པ་དང༌། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ལྟུང་བ་རྣམས་དང༌། ཆང་གི་བཏུང་བ་སྤང་ངོ༌། །ཇི་ལྟ་བར་ཞེས་བྱ་བ་ནི་ལྟུང་བ་ཉིད་ཅེས་པ་དང་ལྡན་པ་ཞེས་ངེས་པར་བྱ་སྟེ། གུས་པ་དང་བཅས་པས་ལུས་ཀྱི་སྦྱོར་བ་བླངས་ཏེ། དབུས་སུ་འདོམ་གང་དུ་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། ཙོག་ཅོག་པོའམ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་དངོས་པོ་བསྒྲགས་ཏེ་བཤགས་པར་བྱའོ། །དེའི་བཤགས་པ་བརྗོད་པ་འདི་ཡིན་ཏེ། རིགས་ཀྱི་བུའམ་བཙུན་པའམ་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་སྐད་ཅེས་བྱ་བ། དགེ་བསྙེན་ལ་ཇི་སྐད་བརྗོད་པ་ལྟུང་བའི་གཞི་དང་ལྡན་པས་དེ་གཅིག་ཏུ་བཟླུམས་ནས་རིགས་ཀྱི་བུ་འམ། སློབ་དཔོན་ནམ། བཙུན་པའི་མདུན་དུ་བཤགས་པར་བགྱིའོ། །བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་ལྟུང་བ་མཐོང་ངམ། འདིས་བརྗོད་པ་མཐོང་ལགས་སོ། །སླར་ཡང་དེས་བརྗོད་པ་ཕྱིན་ཆད་སྡོམ་མམ། སླར་ཡང་འདིས་སྡོམ་ལགས་སོ། །ཤིན་ཏུ་ལེགས་པས་སྤྱི་བོས་ལེན་ཏོ། །ཤེས་ཤིང་མཐོང་བ་དང༌། དྲན་པ་ན་ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་དུ་བགྱིད་དོ། །འདི་ལྟར་ལན་གསུམ་མོ། །གང་གི་ཕྱིར་གཞན་ཡང་བ་རྣམས་སྤྱོད་པ་ན་ཇི་ལྟར་བསྒྲུབ། ཡང་རྣམས་ཡང་དག་བསྡམ་ཞེས་པ་ནི་གང་ལྟུང་བར་འགྱུར་བ་རྣམས་ལས་གཞན་སྲོག་གཅོད་པ་ལ་སོགས་པ་ཡན་ལག་མ་ཚང་བ་དང༌། ཕྲ་མ་ལ་སོགས་པ་ཡན་ལག་མ་ཚང་བ་དེ་རྣམས་ཡང་བ་སྟེ་བསྡམ་པར་བྱ་བ་དེ་མཛེས་པའོ། །དེ་ལྟ་བུ་སྤྱོད་པ་སླར་ཡང་སྡོམ་པར་བགྱིད་དོ་ཞེས་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་བར་དུའོ། །བཤགས་པར་མི་བྱ་


DTG167_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བསྡམས་པ་ཙམ་གྱིས་ལྡང་བའི་ཕྱིར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱང་བའི་དོན་དུ་ཡང་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་དང༌། སྒོ་དྲུག་པའི་གཟུངས་ཉིན་མཚན་དུ་ལན་དྲུག་ཏུ་རྟག་ཏུ་གདོན་པར་བྱའོ། །ལྡོག་པའི་ཚུལ་ཁྲིམས་བཤད་ནས་འཇུག་པའི་ཚུལ་ཁྲིམས་ལ་གུས་པར་བྱེད་དེ། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་གནས། འཇུག་པ་ལ་ཡང་སྟོབས་ཇི་ལྟར་གུས་པར་བྱ་སྟེ་དེ་ལྟར་བརྗོད་པའི་རིམ་པས་ལྡོག་པའི་ཚུལ་ཁྲིམས་བརྟན་པོར་གྱུར་ནས། འཇུག་པའི་ཚུལ་ཁྲིམས་ནི་རབ་ཏུ་འཇུག་པས་ཚུལ་ཁྲིམས་ཏེ། ཐོས་པ་དང་བསམས་པ་ལ་སོགས་པའི་ངོ་བོ་དང། སྦྱིན་པ་ལ་སོགས་པའི་རང་བཞིན་ནོ། །སྟོབས་ཇི་ལྟར་ཏེ། ནུས་པ་ཇི་ལྟ་བ་བཞིན་དུ་གུས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྦྱོར་བས་འབྲས་བུ་སྣ་ཚོགས་སྟེར་བ། དེ་ནི་ལྡོག་པའི་ཚུལ་ཁྲིམས་ཏེ། དེ་དང་འཇུག་པའི་ཚུལ་ཁྲིམས་སྦྱོར་བ་ནི་འབྲེལ་པས་སོ། །སྣ་ཚོགས་ནི་བདག་གི་དོན་དུ་ཕུན་སུམ་ཚོགས་པ་སྟེར་བའོ། །ད་ནི་མཇུག་བསྡུ་བས་ཚུལ་ཁྲིམས་རྣམ་པ་གཉིས་ལ་སྦྱོར་བར་བྱེད་དེ། འདི་ལ་འབད་དེ་སྦྱར་བར་བྱ། །བདེ་འགྲོ་ཡང་ནི་འདོད་པ་ཡིས། །འདི་ནི་དེའི་ཕྱིར་དེ་ཚུལ་ཁྲིམས་རྣམ་པ་གཉིས་ལ་འབད་པ་སྟེ་བརྩོན་པར་བྱའོ། །བདེ་འགྲོ་ཡང་ནི་ལྷ་དང་མིར་བཅས་པའི་ཕུན་སུམ་ཚོགས་པའི་མཚན་ཉིད་ལ་འདོད་པ་ནི་མངོན་པར་འདོད་པ་སྟེ། ཐར་པ་འདོད་པ་ལ་ལྟ་ཅི་སྨོས། ཅི་སྟེ་གང་གི་ཕྱིར་ཚུལ་ཁྲིམས་རྣམ་པ་གཉིས་ལས་ཇི་ལྟར་ཡང་ངན་འགྲོ་ཉིད་དུ་འགྱུར་གྱི། བདེ་འགྲོ་མ་ཡིན་ན་དེ་ལྟར་འདོད་པས་ཀྱང་འཇུག་ཅེ་ན། ཁྲེ་ཡི་མྱུ་གུའི་རྒྱུ་རུ་ནི། །སཱ་ལུའི་ས་བོན་གང་དུ་མཐོང༌། །སཱ་ལུའི་ས་བོན་ནི་ཁྲེའི་མྱུ་གུའི་རྒྱུ་རུ་ནི་གང་དུ་མཐོང་སྟེ། ཁ་ཅིག་ཏུ་ནི་རིག་ཅིང་ཤེས་པ་མ་ཡིན་ནོ། །དེ་གང་གི་ཕྱིར་སཱ་ལུའི་ས་བོན་ཉིད་ཀྱིས་ཏེ་རྒྱུ་དང་འབྲས་བུར་ངེས་པའི་ཕྱིར་རོ། །དེ་བཞིན་དུ་བདེ་འགྲོའི་རྒྱུ་ཚུལ་ཁྲིམས་ཀྱང་ཇི་ལྟར་ན་ངན་འགྲོར་སྐྱེ་བའི་རྒྱུར་འགྱུར་ཞེས་བསམས་པའོ། །འདི་ལྟ་བུའི་ཡུལ་རྒྱུ་དང་འབྲས་བུའི་ངེས་པ་ནི་འཁོར་གསུམ་ཡོངས་སུ་དག་པའི་ལུང་ཉིད་དེ་ཐབས་གཞན་ནི་མི་སྲིད་པའི་ཕྱིར་རོ། །དགེ་བསྙེན་སྡོམ་པ་བརྒྱད་པའི་ཚིག་གི་འགྲེལ་པ་བདག་གིས་གསལ་བར་བཤད་པ་ཡིས། །བསོད་ནམས་སྟོབས་ལྡན་བདག་ལ་གང་སྐྱེས་


DTG167_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་ཤིང་རྟ་འཇུག་པའི་ལམ་ལ་གཏུགས་གྱུར་པ། །དེས་ནི་འཁོར་བའི་རྒྱ་མཚོར་འཇུག་པའི་རྒལ་བར་དཀའ་བའི་ཕ་རོལ་སྒྲོལ་བ་ལ་བརྩོན་པ། །སྐྱེ་བོ་རྣམས་ནི་ཤིན་ཏུ་ངོ་མཚར་གཟིགས་ལ་སྤྱོད་པས་ཕུལ་བྱུང་སྦྱོར་བར་ཤོག །དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ་སློབ་དཔོན་ཆེན་པོ་སུན་ཡ་ཤྲཱི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་ན་ཡ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ།


DTG167_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་མུཀྟི་མཱརྒེ་དྷཱུ་ཏ་གུ་ཎ་ནི་རྡེ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེར་བས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །རྣལ་འབྱོར་སྤྱོད་པའི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་རྣམ་གྲངས་དུ་མས་ཡོངས་སུ་རྟོག་པའི་བཞིན་ཅན་དེ་འདི་སྙམ་དུ་གང་དག་བྱིས་པ་བླུན་པོ་མི་གསལ་བ། མི་མཁས་པ་དེ་ཡང་དངོས་པོ་འདི་དག་ཤེས་ན་འདོད་ཆགས་ཀྱི་སེམས་མི་བསྐྱེད་ན། ཤེས་རབ་དང་ལྡན་པ་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ཇི་སྐད་གང་ངས་བཤད་པ་ལྟ་བུའོ། །དོན་རྣམ་པར་ངེས་པའི་མདོ་ལས་ཀྱང་འབྱུང་སྟེ། དགེ་སློང་དག་འདི་ལ་དགེ་སློང་དག་དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུང་ན་འདུག་ཀྱང་རུང༌། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང༌། གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། གློ་བ་དང༌། མཆིན་པ་དང༌། ཕོ་བ་དང༌། ལོང་ཁ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ལྒང་པ་དང༌། སུལ་མང་དང༌། མཆེར་པ་དང༌། ཕྱི་ས་དང༌། མཆིལ་མ་དང༌། རྡུལ་དང༌། ངར་སྣབས་དང༌། མཆི་མ་དང༌། ཞག་དང༌། ཆུ་སེར་དང༌།


DTG167_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དང༌། ཚིལ་དང༌། རྣག་དང༌། བད་ཀན་དང༌། མཁྲིས་པ་དང༌། ཁྲག་དང༌། གླད་པ་དང༌། གླད་རྒྱས་དང༌། གཅིན་དང༌། མིག་རྡུལ་དང༌། རྣ་སྦབས་དང༌། སེན་མོའི་དྲི་མ་དང༌། ལྕེའི་དྲི་མ་དག་ཡོད་དེ། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་འབྲས་སཱ་ལུ་དང༌། འབྲུ་དང༌། ནས་དང༌། གྲོ་དང༌། མོན་སྲན་གྲེའུ་དང༌། མོན་སྲན་སྡེའུ་དང༌། རྒྱ་སྲན་དང༌། འབྲས་ནི་སྤ་བ་དང༌། སྲན་ཆུང་དང༌། མོན་སྲན་ནེ་གུ་དང༌། ཡུངས་ཀར་དང༌། འབྲུ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་བ་ཞིག་ཁ་གཉི་ག་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུགས་ནས་སོ་སོར་རྟོག་སྟེ། སོ་སོར་བརྟགས་ན་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་འབྲུའོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་མོན་སྲན་གྲེའུའོ། །འདི་དག་ནི་མོན་སྲན་སྡེའུའོ།། འདི་དག་ནི་རྒྱ་སྲན་ནོ། །འདི་དག་ནི་འབྲས་ནི་སྤ་བའོ། །འདི་དག་ནི་སྲན་ཆུང་ངོ༌། །འདི་དག་ནི་མོན་སྲན་ནེ་གུའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས་དྲུས་པའོ། །འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །དགེ་སློང་དག་དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུང་ན་འདུག་ཀྱང་རུང༌། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་ན་སྐྲ་དང༌། གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅེས་གསུངས་སོ། །དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང༌། འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མའི་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ། །ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་བྱུང་སྟེ། ལུས་འདི་ལ་ཁུ་ཆུ་དང༌། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འདུ་བ་ལ་སོགས་པ་སྟེ། ཁམ་གྱིས་བཟའ་བ་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས། བད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ། ཤིན་ཏུ་མི་གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་གྱུར་ཏོ། །རླུང་གི་གནས་སུ་འགྲོའོ། །ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་


DTG167_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་མ་ལོགས་ཤིག །དངས་མ་ལོགས་ཤིག་ཏུ་རྣམ་པར་བྱེ་སྟེ་ཚིགས་མ་ལས་ནི་གཅིན་དང༌། ངན་སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང༌། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ། །ཤ་ལས་ཚིལ་ལོ། །ཚིལ་ལས་རུས་པའོ། །རུས་པ་ལས་རྐང་ངོ༌། །རྐང་ལས་ཁུ་ཆུའོ། །ཁུ་ཆུ་ལས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ་འདི་ལྟར་མི་གཙང་བའི་ལུང་པོས་ལུས་ལ་ནི། གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་སྔོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །ད་ཡི་སྣ་ནས་རྣག་གི་རྣམ་པར་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང༌། །མིག་རྡུལ་ཆགས་ཤིང་སྐྱེ་བོའི་སྲིན་བུ་ཅན། །དེ་ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་ཀྱང་ནི། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གཙང་གཙང་སྦྲའི་བློ་གྲོས་ཅན། །ང་ཡང་ལུས་འདི་གཙང་བར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང༌། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། དེ་ནས་ལི་ཙྪ་བཱི་དྲི་མ་མེད་པར་གྲགས་པ་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་ཏེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ ། དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་གྱུར་ནས། དེ་ལ་ནད་དྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང༌། བློན་པོ་ཆེན་པོ་དང༌། གཞོན་ནུ་དང༌། འཁོར་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། ཚོང་དཔོན་དང༌། གྲོང་པ་དང༌། ཡུལ་གྱི་མི་དང༌། དེ་མ་ཡིན་པའི་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲེར་འདས་ཏེ། དེ་ལྷགས་པ་དེ་དག་ལ་ལིཙྪ་བཱི་དྲི་མ་མེད་བར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ།


DTG167_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་པ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་ཅང་མི་བཟོད་པ་སྟེ་དབུ་བ་རྡོས་བ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲེད་པས་བྱུང་བ་སྟེ་སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ་ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་འབྲེལ་བ་སྟེ་འཁྲུལ་འཁོར་ལྟ་བུའོ། །ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ་སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ་རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ལས་ཀྱིས་གཟུགས་བརྙན་སྣང་བ་སྟེ་གཟུགས་བརྙན་ལྟ་བུའོ། །ལུས་འདི་ནི་རྐྱེན་ལ་རག་ལས་པའི་ཕྱིར་བྲག་ཅ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུགས་ཤིང་འགྱེས་པའི་མཚན་མ་སྟེ་སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ་གློག་དང་མཚུངས་པའོ། །ལུས་འདི་ནི་རྐྱན་སྣ་ཚོགས་ལས་བྱུང་བ་སྟེ་བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་པའོ། །ལུས་འདི་ནི་བདག་དང་བདག་གི་མེད་པ་སྟེ་སྟོང་པའོ། །ལུས་འདི་ནི། རྩྭ་དང༌། ཤིང་དང༌། རྩིག་པ་དང༌། བོང་བ་དང༌། མིག་ཡོར་ལྟ་བུ་སྟེ་བེམས་པོའོ། །ལུས་འདི་ནི་འཁྲུལ་འཁོར་དང་ལྡན་པ་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང་མི་གཙང་བ་བསགས་པ་སྟེ་གསོག་པའོ། །ལུས་འདི་ནི་རྟག་ཏུ་བྱུག་པ་དང༌། མཉེ་བ་དང༌། འཇིག་པ་དང༌། འགྱེས་པའི་ཆོས་ཅན་ཏེ་གསོབ་བོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ་ཁྲོན་པ་རྙིང་པོ་དང་འདྲའོ། །ལུས་འདི་ནི་འཆི་བའི་མཐར་ཐུག་པ་སྟེ། མཐར་མི་གནས་པའོ། །ལུས་


DTG167_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་དུག་དྲག་པོ་དང༌། གྲོང་སྟོང་ལྟ་བུའོ། །ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་སུན་པ་དང༌། སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་བསོད་ནམས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང༌། དེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང༌། ཤེས་རབ་དང༌། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ་དང༌། ཞི་གནས་དང༌། ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང༌། རིག་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱོད་ཀྱིས་དེ་ལྟར་སྐུ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་གསུངས་སོ། །དབང་ཕྱུག་གི་གནས་རྙེད་ནས་ཡང་སུས་ཀྱང་ལོག་པར་སྒྲུབ་པར་མི་བྱེད་དེ། ཡང་དག་པར་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །དེ་ལ་ཡང་དག་པར་སྒྲུབ་པ་ནི་བདེན་པའི་ལེའུ་ལས་འབྱུང་བ། སྐྱེ་དགུ་བསྐྱངས་པ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ལ་གནས་པ་བརྒྱད་ཀྱིས་མང་དུ་གནས་པར་བྱའོ། །བརྒྱད་གང་ཞེ་ན། སྐྱེ་དགུའི་རིགས་


DTG167_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང༌། མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་དང༌། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་དང༌། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང༌། མི་མཛའ་བ་རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་དང༌། མཛའ་བ་རྣམས་ལ་རྗེས་སུ་སྲུང་བའི་འདུ་ཤེས་དང༌། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང༌། བདག་ལ་བདག་མེད་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་དེ་ལ་སྐྱེ་དགུའི་རིགས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་པར་ཚར་གཅོད་པ་ལ་འདུག་ཀྱང་སྙིང་རྗེའི་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་བྱེད་པ་ལ་མི་ཁྲོ་ཞིང༌། སྐྱོན་རབ་ཏུ་བསལ་བའི་ཕྱིར་སྦྱོར་བའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་ཕན་པ་སྒྲུབ་པའི་ཕྱིར་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་ནི་གཞན་གྱི་ནོར་དང་ཡོ་བྱད་ལ་བརྣབ་སེམས་དང༌། ཕྲག་དོག་གི་སེམས་མི་བསྐྱེད་པའོ། །མི་མཛའ་བ་རྣམས་ལ་དེའི་གཞི་ལས་ཉེས་པར་ལྟ་བའི་འདུ་ཤེས་ཀྱིས་གནས་པ་ནི་གཞི་ཡོངས་སུ་སྤོང་བ་སྟེ། དེས་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི་དགྲ་རྣམས་དང་ཡང་མཛའ་བར་བྱེད་དོ། །མཛའ་བ་རྣམས་ལ་རྗེས་སུ་སྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང་ཐམས་ཅད་དང་མཛའ་བའོ། །ལོངས་སྤྱོད་རྣམས་ལ་སྨན་ཀྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོང་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ལོངས་སྤྱོད་རྣམས་ཤིན་ཏུ་མང་དུ་འཕེལ་བར་འགྱུར་གྱི་ཆོས་དང་མི་ལྡན་པ་ནི་གཡོའི་སྦྱོར་བ་དང༌། བདུན་པ་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་རོ་ཞེས་གསུངས་སོ། །ཡིད་གཉིས་ལེགས་པར་


DTG167_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པའི་མདོ་ལས་ཀྱང་ཆོས་བཞི་དང་ལྡན་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་མཉེས་པར་བྱེད་ཅིང༌། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །བཞི་གང་ཞེན་འདི་ལྟ་སྟེ་དེ་བཞིན་གཤེགས་པའི་བསྟན་པ་སྲུང་བའི་ཕྱིར་གནས་པ་ཡིན། སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ཡོངས་སུ་འཛིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ་ཞེས་གསུངས་སོ། །མི་དགེ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ་མ་འོངས་པའི་དུས་ན་རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དག་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ཁྱིམ་གྱི་གཞི་དང༌། ཞིང་གི་གཞི་དང༌། ཀུན་དགའ་ར་བའི་གཞི་དང༌། སྐྱེད་མོས་ཚལ་དང༌། བྲན་མོ་དང༌། བྲན་ཕོ་དང༌། ལས་བྱེད་པ་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་ནས་རྐང་འགྲོས་ཀྱི་བར་དུ་བྱིན་པ་ལ་རྐུ་བ་དང༌། རིམ་གྱིས་འཕྲོག་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་མདངས་རིགས་ཀྱི་བར་དུ་དེ་དག་ཚེ་འདི་ལ་མི་འདོད་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། ལྷ་འཕང་བར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་དེའི་མི་སྙན་པ་གྲགས་པར་འགྱུར་བ་དང༌། དེའི་མཛའ་བ་དང༌། ཉེ་དུ་དང༌། སྣག་གི་མཉེན་མཚམས་ཀྱིས་བོར་བར་འགྱུར་བ་དང༌། དེ་ལ་དགྲ་མང་བར་འགྱུར་བ་དང༌། ནོར་དང་འབྲུ་དང་ཡོ་བྱད་འགྲིབ་པར་འགྱུར་བ་དང༌། གཡེང་བ་མང་བར་འགྱུར་བ་དང༌། ཡན་ལག་མ་ཚང་བར་འགྱུར་བ་དང༌། དེ་གཉིད་མེད་པར་འགྱུར་བ་དང༌། དེ་རྟག་ཏུ་སྐོམ་པས་ཉེན་པར་འགྱུར་བ་དང༌། དེ་ལ་བཏུང་བ་ཡང་དུག་ཏུ་འགྱུར་བ་དང༌། མཛའ་བ་ཡིད་དུ་འཐད་པ་དང་ཡང་མྱུར་དུ་འབྲལ་བར་འགྱུར་བ་དང༌། རྟག་ཏུ་གཞན་དང་འཐབ་པར་འགྱུར་བ་དང༌། ཕ་མ་དང༌། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། བྲན་མོ་དང༌། བྲན་ཕོ་དང༌། བྲན་དག་བསྒོ་བའི་རྗེས་


DTG167_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐུན་པར་མི་བྱེད་པར་འགྱུར་བ་དང༌། དེའི་ཚིག་གསང་བ་དང༌། ནོར་གསང་བ་དང༌། བཙུན་མོའི་འཁོར་གསང་བ་དང༌། དེ་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ་དང༌། བགོ་སྐལ་ལ་སྤྱོད་པ་མི་སྡུག་པ་དག་གི་ལོངས་སྤྱོད་རྣམས་ཆུད་གསོན་པར་འགྱུར་བ་དང༌། མྱུར་དུ་ནད་དྲག་པོས་བཏབ་པར་འགྱུར་བ་དང༌། སྨན་དང་ནད་གཡོག་མེད་ཅིང་ཤ་དང་ཁྲག་སྐམས་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདག་གི་གཅིན་གྱིས་ཀྱང་རེག་སྟེ་འཆི་བའི་དུས་བྱེད་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་མི་འདོད་པའི་ཆོས་ཉི་ཤུ་པོ་འདི་དག་དང་མྱུར་དུ་ཕྲད་པར་འགྱུར་རོ། །གང་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་སྦྱིན་པ་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང་ནོར་དང་ཡོ་བྱད་ཕྲོགས་སམ། བདག་སྤྱོད་དམ་གཞན་སྤྱོད་དུ་འཇུག་ན། དེ་འཆི་བའི་དུས་བྱས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། དེས་ན་ཚེ་བསྐལ་པའི་བར་དུ་ཟངས་བཞུ་བའི་ཁུ་བ་འཐུང་ཞིང༌། ལྕགས་ཀྱི་ཐུ་ལུམ་ཟ་ལ། མེའི་གོས་གྱོན་ཅིང་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ། །བསྐལ་པར་འདུག་པའི་ཚེ་ཟད་ནས་མྱ་ངམ་དགོན་པ་ཆུ་མེད་པ་ན་ལམ་གོལ་བའི་ཡི་དགས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་རྐང་པ་དང༌། ལག་པ་དང༌། མིག་མེད་པར་སྐྱེའོ། །དེ་ནི་ཕྱོགས་བཞིའི་རླུང་ཚ་བས་སྲེག་ཅིང་སྤུ་གྲི་འདྲ་བའོ་སོགས་ལེས་འདྲ་སྟེ། ལོ་བརྒྱ་སྟོང་དུ་མའི་བར་དུ་དེ་ན་འདི་འདྲ་བར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྒྱ་ལ་ཅི་སྟེ་དེ་ནས་ཤི་འཕོས་ན་ཡང་རྒྱ་མཚོ་ཆེན་པོར་ཤ་སྣ་གུའི་ལུས་དཔག་ཚད་བརྒྱ་བར་སྐྱེ་སྟེ། དེའི་སྔོན་གྱི་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ཆུ་ཟངས་བཞུ་བའི་ཁུ་བ་འདྲ་བ་བྱུང་ནས། །དེས་ཆུའི་ནང་དུ་ལོ་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བའི་གནོད་པ་མྱོང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མྱང་ངམ་དགོན་པར་བརྫུས་ཏེ་སྐྱེས་ནས། ཤ་སྣ་གུ་ཆེན་པོ་རི་ཙམ་དུ་འགྱུར་ཏེ། དེ་ཕྱོགས་གཞན་ནས་རླུང་ཤིན་ཏུ་ཚ་བས་སྲེག་ཅིང་དེར་ཕྱོགས་བཞི་ནས་གཅན་གཟན་དང་བྱ་ཀུན་ལྷགས་ཏེ་ཟའོ། །དེ་བརྒྱ་ལ་ཅི་སྟེ་ཡུན་རིང་མོ་ཞིག་ན། དེ་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ། །དེ་ནས་ཤི་འཕོས་ནས་ཀྱང་རྣམ་པ་འདི་ལྟ་


DTG167_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །ཡོངས་སུ་བརྟག་པ་བཟུང་སྟེ། དེ་བརྒྱ་ལ་ཅི་སྟེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་ན་ཡང༌། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་དུ་སྐྱེས་ཤིང་མིག་མེད་ལ་མི་སྡུག་པར་འགྱུར་ཏེ། རྒྱལ་པོ་ཆེན་པོས་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། ནོར་དང་ཡོ་བྱད་ཕྲོགས་ན་དེ་ལྟ་བུར་སྡུག་བསྔལ་བར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའི་སྙིང་པོའི་ལེའུ་ལས་ཀྱང༌། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གསན་ཏེ། ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྟུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་མཆོད་རྟེན་གྱི་རྫས་ཕྲོགས་སམ། དགེ་འདུན་གྱི་དང༌། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོ་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང་བསླབ་པ་མ་བཟུང་ཡང་རུང༌། ཚུལ་ཁྲིམས་འཆལ་པ་ཡང་རུང༌། ཚུལ་ཁྲིམས་ལྡན་པ་ཡང་རུང༌། དེའི་གོས་ངུར་སྨྲིག་ཕྲོགས་སམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། ལུས་ཀྱི་ཆད་པ་བཞི་རྡེག་བྱེད་དམ། ཆད་པས་གཅོད་དུ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ་མའི་སྲོག་གཅོད་པ་དང༌། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང༌། དགེ་འདུན་འདུམ་པ་འབྱེད་པ་དང༌། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་ནི་རྩ་བའི་ལྟུང་བ་བཞི་


DTG167_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་སེམས་ཅན་གཞན་མང་པོ་དག་ཀྱང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་དེ་ནི་ལྟུང་བའི་རྩ་བ་ལྔ་པའོ། །ཡང་བློན་པོའི་རྩ་བའི་ལྟུང་བ་ལྔ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན་གྱི་རྫས་སམ། དགེ་འདུན་གྱི་དང༌། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ། །གང་ཡང་གྲོང་འཇོམས་པ་དང༌། ལྗོངས་འཇོམས་པ་དང༌། གྲོང་ཁྱེར་འཇོམས་པ་དང༌། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །ཡང་བློན་པོ་གང་ཆོས་སྤངས་ཏེ་ཉན་ཐོས་ངེས་པར་འབྱུང་བ་འདོད་པ་ཆུང་བ་ཉིད་དང༌། ཆོག་ཤེས་པ་ཉིད་དང༌། ཡོ་བྱད་བསྙུངས་པ་རྒྱས་པ་དང༌། བརྩོན་འགྲུས་རྩོམ་པ་དང༌། དགང་སླ་བ་ཉིད་དང༌། རེག་པར་གནས་པ་ཉིད་དང༌། ཡོངས་སུ་ཞེན་པ་རབ་ཏུ་གཅོད་པར་འགྱུར་ཞིང༌། འདི་ནི་ཚུལ་ཁྲིམས་ལེགས་པར་བསྲུངས་པ་དང༌། ཏིང་ངེ་འཛིན་གྱི་ཚོགས་དང༌། འཕགས་པའི་རིགས་སྣང་བར་ཡང་འགྱུར་ལ་ཡོན་ཏན་གྱི་མཆོག་དག་ལ་ཡང་སྣང་བར་ཡང་འགྱུར་རོ། །དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གསུམ་ལ་གོས་དང་ལྡན་པ་གཉིས་ཏེ། ཕྱག་དར་ཁྲོད་པ་ཉིད་དང༌། ཆོས་གོས་གསུམ་པ་ཉིད་དོ། །ཟས་དང་ལྡན་པ་ལྔ་སྟེ། བསོད་སྙོམས་པ་ཉིད་དང༌། མཐར་ཆགས་སུ་རྒྱུ་བ་ཉིད་དང༌། སྟན་གཅིག་པ་ཉིད་དང༌། ཟས་ཆོག་པ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་དོ། །གནས་མལ་དང་ལྡན་པ་ལ་ལྔ་སྟེ། དགོན་པ་ཉིད་དང༌། ཤིང་དྲུང་པ་ཉིད་དང༌། བླ་གབ་མེད་པ་ཉིད་དང༌། དུར་ཁྲོད་པ་ཉིད་དང༌། གཞི་ཇི་བཞིན་པ་ཉིད་དོ། །བརྩོན་འགྲུས་དང་ལྡན་པ་གཅིག་སྟེ། ཅོག་པུ་བ་ཉིད་དོ། །དེ་ལ་ཕྱག་དར་ཁྲོད་པའི་ཡན་ལག་གི་ངོ་བོ་ཉིད་ནི་ཕྱག་དར་ཁྲོད་པ་ཉིད་དོ། །ལྷག་མ་རྣམས་ཀྱི་ཚིག་གི་དོན་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ནི་ཁྱིམ་བདག་གི་གོས་སྤོང་བ་ཡིན་ནོ། །ཆོས་གོས་གསུམ་པ་ཉིད་ནི་གོས་བཞི་པ་སྤོང་བ་ཡིན་ནོ། །བསོད་སྙོམས་པ་ཉིད་ནི་མགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ།།


DTG167_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཆགས་སུ་རྒྱུ་བ་ཉིད་ནི་རྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །སྟན་གཅིག་པ་ཉིད་ནི་ལན་གཉིས་སུ་འདུག་པ་སྤོང་བ་ཡིན་ནོ། །ཟས་ཆོག་པ་ཉིད་ནི་ཟས་མང་པོ་སྤོང་བ་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ཉིད་ནི་ཟས་ལྷག་པ་སྤོང་བ་ཡིན་ནོ། །དགོན་པ་པ་ཉིད་ནི་གྲོང་མཐའ་བར་གནས་པ་སྤོང་བ་ཡིན་ནོ། །ཤིང་དྲུང་པ་ཉིད་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ། །བླ་གབ་མེད་པ་ཉིད་ནི་གཡོགས་པ་དང༌། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །དུར་ཁྲོད་པ་ཉིད་ནི་གཞན་དུ་གནས་པ་སྤོང་བ་ཡིན་ནོ། །གཞི་ཇི་བཞིན་པ་ཉིད་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ནོ། །ཅོག་པུ་པ་ཉིད་ནི་ཉལ་བ་སྤོང་བ་ཡིན་ནོ། །དེ་ལ་ཕྱག་དང་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཁྱིམ་བདག་གི་གོས་ཚོལ་བ་དང༌། ཡོངས་སུ་འཛིན་པ་དང༌། གཞན་ལ་གསོལ་བ་བྱེད་པའི་ཉེས་དམིགས་ཀྱང་མཐོང༌། ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ཀྱང་མཐོང་ནས་གོས་ནར་མ་ལ་གནས་པ་འདི་སྐད་དུ། དེ་སླན་ཆད་ཁྱིམ་བདག་གི་གོས་སྤངས་ཏེ། ཕྱག་དར་ཁྲོད་པ་ཉིད་ནི་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ་གནས་དམ་བཅས་པ་ཉིད་དང༌། མཐུན་པ་ཉིད་དང༌། གཞན་ལ་རག་མ་ལས་པ་ཉིད་དང༌། མ་རུང་བ་མི་བྱེད་པ་ཉིད་དང༌། ཡོངས་སུ་སྤྱོད་པ་ན་ལྷག་པར་མ་ཆགས་པ་ཉིད་དང༌། བརྐམ་ཆགས་མེད་པ་ཉིད་དང༌། ཆོམ་རྐུན་གྱིས་མི་འཕྲོགས་པ་ཉིད་དང༌། དུས་མ་ལགས་པ་ཉིད་དང༌། འབགས་པ་ཆུང་བ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། དང་བར་བྱེད་པའི་ཡོན་ཏན་དང་ལྡན་པ་ཉིད་དང༌། སྐྱེས་བུ་ཕྱི་མས་མཐོང་ནས་རྗེས་སུ་འཇུག་པ་ཉིད་དང༌། ཡང་དག་པའི་སྒྲུབ་པ་སྣང་བ་ཉིད་དང༌། རྒྱལ་བས་བསྔགས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཕྱག་དར་ཁྲོད་པ་ཉིད་ནི་རྣམ་པ་དུ་ཞིག །ཕྱག་དར་ཁྲོད་པ་ནི་གང་ཞིག་ཡིན། གང་གིས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་ཅེ་ན། ཕྱག་དར་ཁྲོད་པ་ནི་རྣམ་པ་གཉིས་ཏེ། བདག་པོ་མེད་པ་དང༌། རང་བཞིན་གྱི་མི་རྣམས་ཀྱིས་སྨད་པར་གྲགས་པའོ། །དེ་ལ་དུར་ཁྲོད་དམ། ཕྱག་དར་གྱི་ཕུང་པོའམ། ཚང་འདུས་སམ། ལམ་པོ་ཆེ་ནས་དམ་དུམ་དག་བཏུས་ནས་སྣམ་སྦྱར་བྱས་ཏེ་འཆང་


DTG167_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ནི་བདག་པོ་མེད་པའི་ཕྱག་དར་ཁྲོད་པ་ཡིན་ནོ། །ཁ་ཚར་བཅད་པ་དང༌། ཕུན་ཚར་བཅད་པ་དང༌། བ་ལང་གིས་ཟོས་པ་དང༌། བྱི་བས་ཟོས་པ་དང༌། མེས་ཚིག་པ་དང༌། ཡ་སྟགས་དང༌། རོ་བག་གི་གོས་དང༌། མུ་སྟེགས་ཅན་གྱི་མཚན་མ་འདི་དག་ནི་རང་བཞིན་གྱི་མི་རྣམས་ཀྱིས་སྨད་པར་གྲགས་པའི་ཕྱག་དར་ཁྲོད་པ་ཡིན་ནོ། །ཕྱག་དར་ཁྲོད་པ་ནི་ཁྱིམ་བདག་གི་གོས་སྤོང་བ་ཡིན་ནོ། །ཁྱིམ་བདག་གི་གོས་བླངས་པས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་གོ །ཆོས་གོས་གསུམ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཆོས་གོས་ལྷག་པ་ཚོལ་བ་དང༌། སྦེད་པ་དང༌། རུང་བར་བྱ་བ་དང༌། འབགས་པའི་ཉེས་དམིགས་ཀྱང་མཐོང༌། ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ཀྱང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གོས་བཞི་པ་སྤངས་ཏེ་ཆོས་གོས་གསུམ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། འགོར་ཡང་བའི་ཚུལ་ཅན་ཉིད་དང༌། གསོག་འཇོག་ཡོངས་སུ་སྤངས་པ་ཉིད་དང༌། ཁུར་ཆུང་བ་ཉིད་དང༌། ལུས་འཚོ་བ་ཙམ་གྱིས་ཆོག་ཤེས་པ་ཉིད་དང༌། བྱ་བཞིན་དུ་གང་དགའ་བར་འགྲོ་བ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ་དེ་ལྟ་བུ་ལ་སོགས་པ་ནི་ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཆོས་གོས་གསུམ་པ་ཉིད་ནི་ཅི་ཞིག་ཡིན་ཆོས་གོས་གསུམ་པ་ཉིད་ནི་གང་ཞིག་གང་གིས་ནི་ཆོས་གོས་གསུམ་པ་ཉིད་འཇིག་ཅེ་ན། སྣམ་སྦྱར་དང་བླ་གོས་དང་མཐོང་གོས་ཏེ། འདི་དག་ནི་ཆོས་གོས་གསུམ་བདག་ཡིན་ཏེ། ཆོས་གོས་གསུམ་ནི་གོས་བཞི་བ་སྤོང་བ་ཡིན་ནོ། །གོས་བཞི་པ་འཆད་བས་ནི་ཆོས་གོས་གསུམ་པ་ཉིད་འཇིག་གོ །བསོད་སྙོམས་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། མགྲོན་དུ་སོང་ནས་རང་གི་ལས་ཉམས་པ་དང༌། གཞན་གྱི་དབང་དུ་གྱུར་པ་དང༌། མི་མཐུན་པ་དང་ཕྲད་པ་དང༌། འདུག་ན་ཉམ་ང་བའི་ཉེས་དམིགས་ཀྱང་མཐོང༌། བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་མགྲོན་དུ་འགྲོ་བ་སྤངས་ཏེ་བསོད་སྙོམས་པ་ཉིད་ལ་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནམ་བཅས་


DTG167_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཐུན་པ་ཉིད་དང༌། རང་དབང་ཡོད་པ་ཉིད་དང༌། གཞན་གྱི་གསོ་བ་ཉིད་དང༌། ལེ་ལོ་མེད་པ་ཉིད་དང༌། ང་རྒྱལ་བཅོམ་པ་ཉིད་དང༌། སེམས་ཅན་ལ་ཕན་འདོགས་པས་ཞུགས་པ་ཉིད་དང༌། རོའི་སྲེད་པ་ལས་ལོག་པ་ཉིད་དང༌། ཕྱོགས་རྣམས་སུ་ཐོགས་པ་མེད་པ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །མགྲོན་ཡན་ལག་དུ་བ་ཡིན། བསོད་སྙོམས་པ་གང་ཡིན། གང་གིས་ནི་བསོད་སྙོམས་འདི་འཇིག་ཅེ་ན། མགྲོན་ནི་ཡན་ལག་གསུམ་པ་སྟེ། ཟས་རྣམ་པ་ལྔ་གང་ཟ་ཡང་རུང་བ་ཞིག་ལ་དེ་རིང་ངམ་སང་ངམ་ནམ་དགའ་བ་ལ་མགྲོན་དུ་བོས་པས་ནི་མགྲོན་ཡིན་ནོ། །བསོད་སྙོམས་པ་ནི་མགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ། །མགྲོན་ཁས་ལེན་པས་ནི་བསོད་སྙོམས་པ་ཉིད་འཇིག་གོ །མཐར་ཆགས་སུ་རྒྱུ་བ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ནར་མར་སྟེར་བ་ལ་གང་དང་གང་དུ་མང་པོ་དང་གྱ་ནོམ་པ་ནར་མ་རྙེད་པ་དེ་དང་དེ་ཁོ་ན་ཞེས་ཡང་དག་པར་ལེན་ཏེ། འགྲོ་ན་ཟན་ནར་མ་དང་འདྲ་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ནར་མར་སྟེར་བ་སྤངས་ཏེ། མཐར་ཆགས་སུ་རྒྱུ་བ་ཉིད་ཡང་དག་པར་ལེན་ཏོ། །དེ་ལ་མཐར་ཆགས་སུ་རྒྱུ་བའི་ཡོན་ཏན་ནི་འདི་དག་ཡིན་ཏེ། སེམས་སྙོམས་པ་ཉིད་དང༌། སེམས་ཅན་ལ་སྙིང་བརྩེ་བ་ཉིད་དང༌། ཁྱིམ་ལ་སེར་སྣ་སྤོང་བ་ཉིད་དང༌། ཁྱིམ་དུ་འགྲོ་བའི་ཉེས་དམིགས་མེད་པ་དག་འབོད་པ་ལ་མངོན་པར་མི་དགའ་བ་ཉིད་དང༌། ཟས་བཟང་པོ་མི་འདམ་པ་ཉིད་དང༌། མིའི་འཛིན་པ་ལས་ཡོངས་སུ་གྲོལ་བ་དང༌། ལྷན་ཅིག་སྤྱོད་པ་རྣམ་པར་སྤོང་བ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །མཐར་ཆགས་སུ་རྒྱུ་བ་ནི་གང་ཞིག་ཡིན། བརྙོགས་པར་རྒྱུ་བ་ནི་གང་གིས་སྤོང༌། གང་གིས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་ཅེ་ན། མཐར་གྱིས་རྒྱུ་བ་ནི་བསོད་སྙོམས་སྤྱོད་པ་ན་ཁྱིམ་དང་པོས་བཟུང་སྟེ། ཁྱིམ་མཐར་ཆགས་སུ་རྒྱུ་བ་ཡིན་ནོ། །མཐར་ཆགས་རྒྱུ་བ་ནི་བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །བརྙོགས་པར་རྒྱུ་བས་ནི་མཐར་


DTG167_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་རྒྱུ་བ་ཉིད་འཇིག་གོ །སྟན་གཅིག་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ལན་གཉིས་སུ་འདུག་སྟེ་ཟ་ན་ཡང་ནས་ཡང་དུ་འདུག་ནས་བྱིན་ལེན་བྱ་བ་དང༌། ཡོངས་སུ་ལོངས་སྤྱོད་པའི་བཟའ་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང༌། སྟན་གཅིག་བ་ཉིད་ཀྱི་ཡོན་ཏན་དག་ཀྱང་བླངས་ནས་ཡང་མི་ལེན་པའོ། །ཟས་ཕྱིས་མི་ལེན་པ་ནི་ཟས་ལྷག་པར་སྤོང་བ་ཡིན་ནོ། །ཟས་ལྷག་པ་ཟ་བས་ནི་ཟས་ཕྱིས་མི་ལེན་པ་ཉིད་འཇིག་གོ །དགོན་པ་པ་ཉིད་དེ་ལྟར་ཡང་དག་པར་ལེན་ཅེ་ན། གྲོང་མཐར་གནས་ན་མི་འདོད་པའི་ཡུལ་གྱིས་འཁྲུག་པ་དང༌། ཆགས་པ་སྐྱེ་བ་དང་འཛིན་པར་གནས་པ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང༌། དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གྲོང་མཐར་གནས་པ་སྤངས་ཏེ། དགོན་པར་གནས་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དགོན་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། མི་འདོད་པའི་ཡུལ་ཡོངས་སུ་སྤོང་བ་ཉིད་དང༌། གཏམ་གྱི་གཞི་བཅུ་ཡང་དག་པར་སྟོན་པ་དང༌། ཤིན་ཏུ་མཛེས་པ་ཉིད་དང༌། ལྷས་བསྐུལ་བ་ཉིད་དང་འདུ་འཛི་ལ་དགའ་བ་དོན་དུ་མི་གཉེར་བ་ཉིད་དང༌། དབེན་པའི་བདེ་བ་ཅི་འདོད་པ་ཐོབ་པ་ཉིད་དང༌། སྒྲ་ཆུང་བས་རྣལ་འབྱོར་དང་མཐུན་པ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །དགོན་པའི་གནས་མལ་གྱི་མཐའ་ནི་གང་ཡིན། དགོན་པ་པ་ནི་གང་ཡིན། གང་གིས་ནི་དགོན་པ་པ་ཉིད་འཇིག་ཅེ་ན། གྲོང་དང༌། གྲོང་གི་ཉེ་འཁོར་དང༌། ཀུན་དགའི་ར་བ་དང༌། ཀུན་དགའི་ཉེ་འཁོར་མ་གཏོགས་པ་མི་འབྲིང་གི་ཁྲུ་བཞི་ལ་གཞུ་སྟེ། གཞུ་དེ་ལྟ་བུའི་གཞུ་ལྔ་བརྒྱ་འདི་ནི་དགོན་པའི་གནས་མལ་གྱི་མཐའ་ཡིན་ནོ། །དགོན་པ་པ་ནི་གྲོང་མཐར་གནས་པ་སྤོང་བ་ཡིན་ནོ། །ཤིང་དྲུང་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། གཡོགས་པར་གནས་པ་ཡོངས་སུ་གཟུང་བ་དང༌། བཅོས་ལེགས་བྱ་བ་དང༌། གཞན་ལ་གསོལ་བ་དང༌། ལོངས་སྤྱོད་ཀྱི་ཉེས་དམིགས་དག་ཀྱང་མཐོང༌། ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཡོགས་པར་གནས་པ་སྤངས་ཏེ་ཤིང་དྲུང་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ།


DTG167_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དམ་བཅས་པ་དང༌། མཐུན་པ་ཉིད་དང༌། ཡོ་བྱད་བསྙུངས་པ་ཉིད་དང༌། ལས་ལ་དགའ་བ་ཡོངས་སུ་སྤོང་བ་ཉིད་དང༌། ལྷས་བསྐུལ་བ་ཉིད་དང༌། གནས་ལ་སེར་སྣ་སྤོང་བ་ཉིད་དང༌། ཆགས་པ་རབ་ཏུ་སྤོང་བ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཤིང་དྲུང་གི་ཚད་ཅི་ཙམ་ཞིག་ཡིན། ཤིང་ཇི་ལྟ་བུ་ནི་སྤོང་བར་བྱ། ཤིང་དྲུང་པ་ནི་གང་ཡིན། གང་གིས་ནི་ཤིང་དྲུང་པ་ཉིད་འཇིག་ཅེ་ན། ཉི་མ་གུང་གི་དུས་སུ་གྲིབ་མས་ཇི་སྲིད་ཁྱབ་པ་དང༌། རླུང་མེད་པར་ལོ་མ་དག་ཇི་སྲིད་དུ་ལྷགས་པ་དེ་སྲིད་ནི་ཤིང་དྲུང་གི་ཚད་ཡིན་ནོ། །ཤིང་དྲུང་པས་སྡོང་རྒན་དང༌། ཤིང་ཁོང་སྟོང་དང༌། ཤིང་ཉེན་ཅན་སྤང་བར་བྱའོ། །ཤིང་དྲུང་པ་ནི་གཡོགས་བར་གནས་པ་སྤོང་བ་ཡིན་ནོ། །གཡོགས་བར་གནས་པས་ནི་ཤིང་དྲུང་པ་ཉིད་འཇིག་གོ །བླ་གབ་མེད་པ་ཉིད་ཇི་ལྟར་ཡང་དག་བར་ལེན་ཅེ་ན། གཡོགས་པ་དང༌། ཤིང་དྲུང་གི་གནས་ཚོལ་བ་དང༌། ཡོངས་སུ་བཟུང་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གཡོགས་པ་དང༌། ཤིང་དྲུང་དུ་གནས་པ་སྤོང་བ་སྟེ། བླ་གབ་མེད་པ་ཉིད་ཡང་དག་བར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་བླ་གབ་མེད་པའི་ཡོན་ཏན་ནི་འདི་དག་ཡིན་ཏེ། བརྩོན་པ་མི་གཏོང་བ་ཉིད་དང༌། རྨུགས་པ་དང་གཉིད་སྤངས་པ་དང༌། རི་དགས་ལྟ་བུ་ཉིད་དང༌། ཕྱོགས་བཞི་སྤྱད་པ་དང༌། རྟེན་པ་མེད་པ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བླ་གབ་མེད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །བླ་གབ་མེད་པ་ནི་གང་ཞིག་ཡིན། གང་གིས་བླ་གབ་མེད་པ་ཉིད་འདི་འཇིག་ཅེ་ན། བླ་གབ་མེད་པས་ནི་གཡོགས་པ་དང༌། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །གཡོགས་པ་དང་ཤིང་དྲུང་ན་གནས་པས་ནི་བླ་གབ་མེད་པ་ཉིད་འདི་འཇིག་གོ །དུར་ཁྲོད་པ་ཉིད་ཇི་ལྟར་ཡང་དག་བར་ལེན་ཅེ་ན། གཞན་དུ་གནས་ན་སེམས་ཡིད་མི་འབྱུང་བ་ཉིད་དང་བག་མེད་པ་མང་བ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང༌། མཐོང་ནས་ཀྱང་འདི་སྐད་དུ་དེར་སླན་ཆད་ལན་གཉིས་སུ་འདུག་སྟེ་ཟ་བ་སྤངས་ཏེ་སྟན་གཅིག་པ་ཉིད་ཡང་དག་པར་ལེན་ཏོ། །དེ་ལ་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་འདི་དག་ཡིན་ཏེ། ཟོས་པ་འཇུ་བ་ཉིད་དང༌། བརྐམ་


DTG167_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་པ་ཉིད་དང༌། ཟས་ལྷག་པར་མི་ཟ་བ་ཉིད་དང༌། འདོད་པ་ཆུང་བ་ཉིད་དང༌། ཟོ་མདོག་བདེ་བ་ཉིད་དང༌། རང་གི་ལས་མི་ཉམས་པ་ཉིད་དང༌། རེག་པར་གནས་པ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །སྟན་གཅིག་པ་ནི་དུ་ཞིག་སྟན་གཅིག་པ་ནི་གང་ཞིག་ཡིན། ཟས་ཀྱི་མཐའ་ནི་གང་ཡིན། གང་གིས་ནི་སྟན་གཅིག་པ་འཇིག་ཅེ་ན། སྟན་གཅིག་པ་གསུམ་སྟེ་སྟན་གྱི་མཐའ་པ་དང༌། ཆུའི་མཐའ་པ་དང༌། ཟས་ཀྱི་མཐའ་པའོ། །དེ་ལ་སྟན་གྱི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལས་ལངས་ཏེ་ཡང་མི་ཟ་བ་ཡིན་ནོ། །ཆུའི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལ་འདུག་ཀྱང་ལྟུང་བཟེད་དུ་ཆུ་བླངས་ནས་ཡང་མི་ཟ་བ་ཡིན་ནོ། །ཟས་ཀྱི་མཐའ་པ་ཞེས་བྱ་བ་ནི་ཟ་བ་ན་ཁམ་གྱི་ཐ་མ་མེད་ནས་ཡང་མི་ཟ་བ་ཡིན་ནོ། །སྟན་གཅིག་པ་ནི་ལན་གཉིས་སུ་འདུག་སྟེ། ཟབ་སྤོང་བ་ཡིན་ནོ། །ཟས་ཀྱི་མཐའ་ནི་ཆུ་དང་སྨན་མ་གཏོགས་པ་མེད་པར་བྱ་བ་གང་ཅུང་ཟད་ཅི་ཡང་རུང་བ་ཡིན་ནོ། །ལན་གཉིས་སུ་འདུག་སྟེ་ཟ་བས་སྟན་གཅིག་པ་ཉིད་འཇིག་གོ །ཟས་ཆོག་པ་པ་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་མང་དུ་ཟོས་ན་ལུས་ལྕི་བར་བྱེད་པ་དང༌། ཕུལ་སྐྱེ་བ་དང༌། འདོད་ཆེན་ཆེ་བ་ཉིད་དང༌། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང༌། ཟས་ཆོག་པ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་མང་པོ་སྤངས་ཏེ་ཟས་ཆོག་པ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལན་ཏོ། །དེ་ལ་ཟས་ཆོག་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཕུལ་མི་སྐྱེ་བ་ཉིད་དང༌། ཟས་ཀྱི་ཚོད་ཟིན་པ་ཉིད་དང༌། ཟས་མང་དུ་ཟ་བའི་གནད་ཤེས་པ་ཉིད་དང་ལུས་ཀྱི་གནས་ངན་ལེན་བསྲབས་པ་དང༌། དེ་ལ་ཆགས་པ་སྤོང་བ་དང༌། གནོད་པ་ཆུང་བ་ཤེས་པ་དང༌། ཀུན་ནས་ལྡང་བ་ཡང་དག་པར་སྤོང་བ་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཆོག་པ་པའི་ཡོན་ཏན་དག་ཡིན་ནོ། །ཟས་ཀྱི་ཚད་ནི་ཇི་ལྟར་འཛིན། ཟས་ཆོག་པ་པ་ནི་གང་ཡིན་ནོ། །གང་གིས་ནི་ཟས་ཆོག་པ་པ་འཇིག་ཅེ་ན། འབྲས་བྲེའུ་ཆུང་གང་གི་འབྲས་ཆན་ལྷུང་བཟེད་དུ་བླངས་ནས་ཆོག་པའི་མཚན་མ་ལ་ཉེ་བར་རྟོག་ཅིང༌། དེའི་འོག་ཏུ་མི་བླང་བའི་མཚན་


DTG167_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་མཁས་པ་ཡིན་ཏེ། གོམས་པ་ན་ལྟོའི་ཚད་ཀྱང་ཤེས་པར་འགྱུར་རོ། །ཟས་ཆོག་བ་པ་ནི་ཟས་མང་པོ་སྤོང་བ་ཡིན་ནོ། །ཟས་ཚད་ལས་ལྷག་པས་ནི་ཟས་ཆོག་པ་པ་ཉིད་འཇིག་གོ །ཟས་ཕྱིས་མི་ལེན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན་ཟས་ལྷག་བར་ཟོས་ན་ཕུལ་སྐྱེ་བ་དང༌། གཞན་ལ་རག་ལས་པ་ཉིད་དང༌། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང༌། ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་ལྷག་པ་སྤངས་ཏེ་ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། རེ་བ་རབ་ཏུ་ཆད་པ་དང༌། དགང་སླ་བ་དང༌། གཞན་ལ་རག་མ་ལས་པ་ཉིད་དང༌། གསོག་འཇོག་ཡོངས་སུ་སྤོང་བ་དང༌། ཡོང་མི་ཚོལ་བ་ཉིད་དང༌། བརྐམ་ཆགས་མེད་པ་ཉིད་དང༌། ཕུལ་མི་སྐྱེ་བ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་བའི་ཚུལ་ཅན་ཏེ་དེ་ལྟ་བུ་ལ་སོགས་པ་ནི་ཟས་ཕྱིས་མི་ལེན་པའི་ཡོན་ཏན་དག་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ནི་དུ་ཞིག །ཟས་ཕྱིས་མི་ལེན་པ་ནི་གང་ཞིག་ཡིན། གང་གིས་ནི་ཟས་ཕྱིས་མི་ལེན་པ་ཉིད་འདི་འཇིག་ཅེ་ན། ཟས་ཕྱིས་མི་བླང་བ་ནི་གཉིས་ཏེ། ལྷག་པའི་མཐའ་བ་ཉིད་དང༌། བཟུང་བའི་མཐའ་བའོ། །དེ་ལ་ལྷག་པའི་མཐའ་པ་ཞེས་བྱ་བ་ནི་ཟོས་ཏེ་སྤངས་ནས་ཡང་མི་ཟ་བའོ། །བཟུང་བའི་མཐའ་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་རང་བཞིན་གྱི་སྐལ་བ་གཅིག །དུར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཞན་དུ་གནས་པ་སྤངས་ཏེ། དུར་ཁྲོད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དུར་ཁྲོད་བའི་ཡོན་ཏན་ནི་འདི་དག་ཡིན་ནོ། །འཆི་བ་རྗེས་སུ་དྲན་པ་འཐོབ་བ་དང༌། མི་སྡུག་པའི་མཚན་མ་འཐོབ་པ་དང༌། མིས་བླ་མར་བཀུར་བ་དང༌། མི་མ་ཡིན་པས་བླ་མར་བཀུར་བ་དང༌། བག་ཡོད་པའི་རྒྱུ་སྐྱེ་བ་དང༌། འདོད་པའི་འདོད་ཆགས་རྣམ་པ་སྤོང་བ་ཉིད་དང༌། ཡིད་འབྱུང་བ་མང་བ་ཉིད་དང༌། འཇིགས་པ་དང་སྐྲག་པ་བཟོད་པ་ཉིད་དང༌། གསོན་པས་རྒྱགས་པ་སྤོང་བ་ཉིད་དང༌། ལུས་ཀྱི་རང་བཞིན་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དུར་ཁྲོད་བ་ཉིད་ཀྱི་ཡོན་ཏན་


DTG167_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་ནོ། །དུར་ཁྲོད་ཇི་ལྟ་བུར་ནི་གནས་པར་བྱའོ། །དུར་ཁྲོད་པ་ནི་གང་ཡིན། གང་གིས་ནི་དུར་ཁྲོད་པ་ཉིད་འཇིག་ཅེ་ན། དང་པོར་ནི་རྟག་ཏུ་སྲེག་པ་དང༌། དུ་བ་དང༌། འབར་བ་དང༌། དུ་བ་ཡོད་པ་དེ་ལྟ་བུའི་དུར་ཁྲོད་དུ་གནས་པར་བྱ་ལ། དེ་ནས་ནི་དུར་ཁྲོད་གཞན་གང་ཡང་རུང་བར་གནས་པར་བྱའོ། །དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་བུ་དང༌། ཁང་པ་མི་བྱ། རླུང་ཡས་ལྡང་བ་མས་ལྡང་བར་གནས་པར་མི་བྱ། ཁུ་འཕྲིག་ཅན་དུ་གནས་པར་མི་བྱ། ཉ་ཤ་དང༌། ཤ་དང༌། འོ་མ་དང༌། ཏིལ་གྱི་ཆུར་ཕྱེ་དང༌། མོན་སྲན་གྲེའུའི་བཟའ་བ་བསྟེན་པར་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཁྱིམ་དུ་འདུག་བར་མི་བྱ། སྐྱེ་བོ་མང་པོའི་ཚོགས་ལྷགས་ན་ཁྲིའུ་དང་ཆོས་གོས་དང༌། རིལ་བ་བླངས་ཏེ་སོང་ན་སྲེག་པ་ནས་ཧ་ཅང་ཡང་མི་རིང་བ་རྡོ་རྒྱང་གིས་སླེབ་ཙམ་གྱི་ནང་དུ་དུར་ཁྲོད་དུ་གནས་བར་བྱ་ཞིང༌། སྐྱེ་རེངས་ཤར་ནས་ཁྲིའུ་དང༌། ཆོས་གོས་དང༌། རིལ་བ་བླངས་ནས་སླར་འགྲོ་བར་བྱ་བ་འདི་ནི་འདིའི་སྤྱོད་པ་ཡིན་ནོ། །དུར་ཁྲོད་པ་ནི་གཞན་དུ་གནས་སྤངས་པ་ཡིན་ནོ། །གཞན་དུ་གནས་པ་ཁས་ལེན་པས་ནི་དུར་ཁྲོད་པ་ཉིད་འཇིག་གོ །གཞི་ཇི་བཞིན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། བརྐམ་ཆགས་ཀྱི་གནས་མལ་ལ་ཕན་ཚུན་ལྡང་བ་ཕ་རོལ་ལ་གནོད་པ་བྱེད་པའི་ཉེས་དམིགས་ཀྱང་མཐོང༌། གཞི་ཇི་ལྟ་བ་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས་དེང་སླན་ཆད་བརྐམ་ཆགས་ཀྱི་གནས་མལ་སྤངས་ཏེ་གཞི་ཇི་བཞིན་པ་ཉིད་ཡང་དག་བར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ནང་དུ་ཡང་དག་འཇོག་ལ་བླ་མར་བཀུར་བ་དང༌། དེ་ལྟར་རྙེད་པས་ཆོག་ཤེས་པ་དང༌། དེ་ལ་ཆགས་པ་སྤོང་བ་དང༌། བྱམས་པའི་སེམས་དང༌། གཅིག་པུ་ཉིད་ལ་དགའ་བ་དང༌། དད་པར་བྱ་བ་ཉིད་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །གཞི་ཇི་བཞིན་པ་ནི་གང་ཡིན། གང་གིས་ནི་གཞི་ཇི་བཞིན་པ་ཉིད་འཇིག་ཅེ་ན། གཞི་ཇི་བཞིན་བ་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ཏེ། བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཞེས་བྱ་བ་ནི་སྔ་ན་འདུག་པ་བསླང་ནས་གནས་མལ་ལེན་པར་མི་བྱེད་དོ། །བརྐམ་


DTG167_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་གནས་མལ་ལེན་པས་ནི་གཞི་ཇི་བཞི་པ་ཉིད་འཇིག་གོ །ཇི་ལྟར་ཅོག་པུ་པ་ཉིད་ཡང་དག་པར་ལེན་ཅེ་ན། ཉལ་ན་རྨུགས་པ་དང་གཉིད་དང༌། ལེ་ལོའི་དབང་དུ་འགྲོ་བའི་ཉེས་དམིགས་ཀྱང་མཐོང༌། ཅོག་པུ་བ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས་དེང་སླན་ཆད་ཉལ་བ་སྤངས་ཏེ་ཅོག་པུ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་བར་ལེན་ཏོ། །དེ་ལ་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ལེ་ལོའི་གཞི་ཡོངས་སུ་སྤོང་བ་དང༌། ལུས་ལ་ཆགས་པ་དང༌། སེར་སྣ་ཡོངས་སུ་སྤོང་བ་དང༌། འཕྲེས་པའི་བདེ་བ་ལ་མ་ཆགས་པ་དང༌། བརྩལ་བ་ཉུང་བ་དང༌། གཉིད་ཆུང་བ་དང༌། རྣལ་འབྱོར་དང་མཐུན་པ་དང༌། ལུས་ཀྱི་གནས་རྒྱ་སྐྱེ་བ་དང༌། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང༌། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ་དེ་ལྟ་བུ་ལ་སོགས་པ་ནི་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཅོག་པུ་པ་ནི་གང་ཡིན། གང་གིས་ནི་ཅོག་པུ་པ་ཉིད་འཇིག་ཅེ་ན། ཅོག་པུ་པ་ནི་ཉལ་བ་སྤོང་བ་ཡིན་ནོ། །ཉལ་བ་ཁས་ལེན་པས་ནི་ཅོག་པུ་པ་ཉིད་འཇིག་གོ །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཕྱག་དར་ཁྲོད་པ་ནར་མར་སྤྱོད་པ་ལ་གལ་ཏེ་ཁྱིམ་བདག་དག་གིས་ཆོས་གོས་གསོ་རས་སམ། རས་བལ་གྱི་རས་སམ་མོན་དར་རམ། ལ་བ་དག་བྱིན་པར་གྱུར་ན་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཕྱག་དར་ཁྲོད་པ་ཉིད་ཉམས་པར་མི་འགྱུར་རོ། །ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁ་བསྐང་བའི་རེ་བ་ཡོད་ན་གོས་ལྷག་ཞག་བཅུར་འཆང་བ་དང༌། གནས་མལ་སྲུང་བའི་ཕྱིར་གདིང་བ་དང༌། སྟེང་དུ་གདིང་བ་དང༌། ནད་ཀྱི་རྐྱེན་གཡན་པ་དགབ་པ་དང༌། གདོང་ཕྱིས་ཀྱི་གོས་དང༌། དབྱར་གྱི་རས་ཆེན་དང༌། གཞན་གྱི་རུང་བ་བཅོལ་བ་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ། །བསོད་སྙོམས་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བརྐོས་པའི་ཟས་དང༌། ཚུལ་ཤིང་གི་ཟས་དང༌། ཟླ་བ་ཕྱེད་པའི་ཟས་དང༌། གསོ་སྦྱོང་བ་དང༌། དགེ་འདུན་གྱི་ཟས་དང༌། གཙུག་ལག་ཁང་གི་ཟས་སྐབས་ཕྱེ་བས་ཡོངས་སུ་ལོངས་སྤྱོད་པར་བྱ་སྟེ། བསོད་སྙོམས་པ་ཉིད་འཇིག་པར་མི་འགྱུར་རོ། །འོན་ཀྱང་ཉེས་དམིགས་སུ་ལྟ་བས་ནི་ཡོང་སུ་ལོངས་སྤྱད་པར་བྱའོ། །མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་


DTG167_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཕྱེ་བ་ནི་ཁྱིམ་གྱི་སྒོ་ནས་གླང་པོ་ཆེ་དང༌། རྟ་འམ། ཁྱུ་མཆོག་གམ། ཁྱི་འམ། འཐབ་པ་འམ། ངོ་ཚ་བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས་ཐོད་རྒལ་དུ་རྒྱུ་བ་དང༌། ཟས་བཟར་མི་རུང་བའི་ཁྱིམ་མམ། ལྷུང་བཟེད་ཁས་ཕུབ་པའམ། སློབ་བར་གྲགས་པའི་ཁྱིམ་བརྒལ་ནས་རྒྱུ་བ་དང༌། སློབ་དཔོན་ནམ། མཁན་པོའམ། གློ་བུར་བའམ། ལྷན་ཅིག་རྒྱུ་ན་སྐབས་ཕྱེ་བས་ཐོད་རྒལ་དུ་ཡང་རྒྱུ་བར་བྱ་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ། །སྟན་གཅིག་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཟས་ཟ་བ་ན་གླང་པོ་ཆེའམ། རྟ་འམ། ཁྱུ་མཆོག་གམ། སྦྲུལ་ལམ། ཐོག་འབབ་པའམ། མཁན་པོའམ། སློབ་དཔོན་ནམ། གློ་བུར་བ་འོངས་པ་མཐོང་ནས་གལ་ཏེ་ལངས་པར་འགྱུར་ན་སྐབས་ཕྱེ་བས་ཡང་བཟའ་བར་བྱ་སྟེ། སྟན་གཅིག་ཉིད་འཇིག་པར་མི་འགྱུར་རོ། །ཟས་ཆོག་པ་པ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་ལ་ནི་སྐབས་ཕྱེ་བ་མེད་དོ། །དགོན་པ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བསྙེན་པར་རྫོགས་པར་ལས་ཀྱི་ཆེད་དམ། ལྟུང་བ་ལས་བསླང་བའི་ཆེད་དམ། ཆོས་མཉན་པའི་ཆེད་དམ། གསོ་སྦྱོང་ངམ། དགག་དབྱེ་འམ། ན་བ་འམ། ནད་པའི་བྱ་བའམ། མངོན་པར་མི་ཤེས་པའི་མདོ་ཀུན་ཆུབ་བར་བྱ་བའམ། གཞན་ཡང་དེ་ལྟ་བུའི་རྐྱེན་ཡོད་ན་སྐབས་ཕྱེ་བས་གྲོང་མཐར་གནས་པར་བྱ་སྟེ་དགོན་པ་པ་ཉིད་འཇིག་པར་མི་འགྱུར་རོ། །ཤིང་དྲུང་བ་ཉིད་ཀྱི་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུའམ། ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན། དེ་ཉིད་དུ་སྐྱ་རེངས་ཤར་ཡང་ཤིང་དྲུང་པ་ཉམས་པར་མི་འགྱུར་རོ། །དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ནི་ཤིང་དྲུང་བ་ཉིད་དང༌། བླ་གབ་མེད་པ་ཉིད་དང༌། དུར་ཁྲོད་པ་ཉིད་ལ་ཡང་བལྟ་བར་བྱའོ། །གཞི་ཇི་བཞིན་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུ་ཡོད་ལ་གཞན་གྱི་གནས་མལ་རྙེད་ན་རྗེས་སུ་གནང་ངོ༌། །ཅོག་བུ་པ་ལ་ནི་སྐབས་ཕྱེ་བ་མེད་དོ། །ཁ་ཅིག་ན་རེ་སྣའི་དཔྱད་བྱེད་ན་སྐབས་ཕྱེ་བར་བྱ་སྟེ། ཅོག་པུ་བ་ཉིད་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡོན་ཏན་བཅུ་གསུམ་པོ་དེ་དག་ནི་མདོར་བསྡུས་ན་བརྒྱད་ཁོ་ནར་འགྱུར་ཏེ། ཆོས་མངོན་པ་ལས་ཇི་སྐད་དུ་སྦྱངས་པའི་ཡོན་ཏན་ནི་བརྒྱད་དོ་ཞེས་འབྱུང་བ་ལྟ་བུའོ། །གལ་ཏེ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཟས་ཆོག་པ་ཉིད་དང༌། སྟན་གཅིག་པ་ཉིད་ནི་


DTG167_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཟུང་བའི་མཐའ་པའི་བདག་ཉིད་ཀྱི་རང་སྐལ་གཅིག་ལེན་པ་ཡིན་ཏེ། དེ་ལྟ་བས་ན་ཟས་ཆོག་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །ཡང་ལན་གཉིས་སུ་མི་ཟ་སྟེ། དེ་ལྟ་བས་ན་སྟན་གཅིག་པ་ཉིད་དུ་འདུ་བར་འགྱུར་རོ། །ཤིང་དྲུང་པ་ཉིད་དང༌། བླ་གབ་མེད་པ་ཉིད་དང༌། དུར་ཁྲོད་པ་ཉིད་ནི་དགོན་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་པ་ནི་དགོན་པར་སྤྱིལ་བུ་དང༌། ཡང་ཐོག་ལ་སོགས་པ་བྱེད་ན་ལས་དགའ་བ་ཉིད་དང༌། ཡོངས་སུ་འཛིན་པ་དང༌། ཆགས་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་ཤིང་དྲུང་ངམ། བླ་གབ་མེད་པ་འམ། དུར་ཁྲོད་དུ་གནས་སོ། །དེ་ལྟ་བས་ན་བརྒྱད་ཁོ་ནར་འགྱུར་ལ། བརྒྱད་པོ་དེ་དག་ཀྱང་དགོན་པ་པ་ཉིད་དང༌། ཕྱག་དར་ཁྲོད་པ་ཉིད་དང༌། བསོད་སྙོམས་པ་ཉིད་དང་གསུམ་གྱིས་རྫོགས་པར་འགྱུར་རོ། །དེ་ལྟར་ན་སྦྱངས་པའི་སྒོ་གསུམ་རྫོགས་པར་བྱེད་ན། སྦྱངས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཛེས་དགའ་བོལ་བརྟེན་ནས་དགའ་བོ་ནམ་ཞིག་དགོན་པ་དང༌། ཕྱག་དར་ཁྲོད་པ་དང༌། ངན་ངོན་གྱིས་འཚོ་ཞིང་འདོད་པ་རྣམས་ལ་ནི་ལྟ་བ་མེད་བ་མཐོང་ཞིག་གུ་ཞེས་གསུངས་སོ། །དེ་ལ་སྦྱངས་པའི་ཡན་ལག་ནི་ཅི་ཞིག་ཡིན། སྦྱངས་པའི་ཆོས་ནི་དུ་ཞིག་ཡོད། ཅི་སྤྱོད་པའི་གང་ཟག་དག་ནི་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ། སྦྱངས་པའི་ཡན་ལག་ནི་དུ་ཞིག །མཐར་ཐུག་པ་ནི་དུ་ཞིག །ཅི་སྦྱངས་པའི་དེ་ཉིད་སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེ་ན། དེ་ལ་སྦྱངས་པའི་ཡན་ལག་ཅེས་བྱ་བ་ནི་གཞི་བཅུ་གསུམ་པོ་དེ་དག་གི་སྤོང་བ་གང་ཡིན་བ་དེ་ནི་སྦྱངས་པའི་ཡན་ལག་ཡིན་ནོ། །སྦྱངས་པའི་ཡོན་ཏན་ཅིར་བརྗོད་པར་བྱ་ཞེ་ན། དགེ་བ་བརྗོད་པར་བྱའོ། །སྦྱངས་པའི་ཆོས་དུ་ཞེ་ན། སྦྱངས་པའི་ཆོས་ནི་གཉིས་ཏེ་མ་ཆགས་པ་དང༌། གཏི་མུག་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕྱག་དར་ཁྲོད་པ་གང་ཡིན་པ་དེ་ནེ་འདོད་པ་ཆུང་བ་ཉིད་ལ་བརྟེན། ཆོག་ཤེས་པ་ཉིད་ལ་བརྟེན། ཡོ་བྱད་བསྙུངས་པ་ཉིད་ལ་བརྟེན། རབ་ཏུ་དབེན་བ་ཉིད་ལ་བརྟེན། འདིས་ཆོག་བ་ཉིད་ལ་བརྟེན་ནས་ཕྱག་དར་ཁྲོད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་མ་ཆགས་ཕས་རྗེས་སུ་གནང་བ་འཚམ་པར་བསྟེན་


DTG167_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པ་སླུ་བ་སེལ་ལ་སྦྱངས་པའི་ཡོན་ཏན་གཏི་མུག་མེད་པ་ནི་ཡོ་བྱད་བསྙུངས་པར་འཚམ་པར་བསྟེན་པས་བདག་ཉིད་དུབ་པའི་རྗེས་སུ་བརྩོན་པའི་སླུ་བ་སེལ་ཏེ། དེ་ལྟ་བས་ན་སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང༌། གཏི་མུག་མེད་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ཉིད་དང༌། ཆོག་ཤེས་པ་ཉིད་དང༌། རབ་ཏུ་དབེན་པ་ཉིད་ནི་མ་ཆགས་པ་ཡིན་ནོ། །ཡོ་བྱད་བསྙུངས་པ་ཉིད་དང༌། འདིས་ཆོག་པ་ཉིད་ནི་གཏི་མུག་མེད་པ་ཉིད་ཡིན་ནོ། །དེ་ལ་མ་ཆགས་པས་ནི་སྤང་བའི་གཞི་བཅུ་གསུམ་ལ་ཆགས་པ་སེལ་ལ། གཏི་མུག་མེད་པས་ནི་གཞི་དེ་དག་ཉིད་ལ་ཉེས་དམིགས་མི་ཤེས་པ་སེལ་ཏོ། །ཡང་ཅི་སྤྱོད་པའི་གང་ཟག་རྣམས་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ་ཞེ་ན། འདོད་ཆགས་སྤྱོད་པ་དང༌། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟེན་པར་དགའི། ཞེ་སྡང་སྤྱོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟེན་གྱི། ཞེ་སྡང་སྤྱོད་པའི་མ་ཡིན་ཞེ་ན། སྦྱངས་པའི་ཡིན་ཏན་བསྟེན་པ་ནི། བསྒྲུབ་དགའ་བ་ཡིན་པས་འདོད་ཆགས་སྤྱོད་པ་བསྒྲུབ་དགའ་བ་ལ་བརྟེན་ནས་འདོད་ཆགས་རྣམ་པར་གནོན་པར་འགྱུར་ལ། གཏི་མུག་སྤྱོད་པ་ཡང་སྦྱངས་པའི་ཡོན་ཏན་བསྟེན་པ་ཡང་དག་པར་བླངས་པ་ཡོ་བྱད་བསྙུངས་པ་ལ་བརྟེན་ནས་རྟག་ཏུ་བག་ཡོད་པར་འགྱུར་ཞིང་བག་ཡོད་ན་གཏི་མུག་རྣམ་པར་གནོན་པར་འགྱུར་རོ། །དེ་ལྟ་བས་ན་འདོད་ཆགས་སྤྱོད་པ་དང༌། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟེན་པར་དགའི། ཞེ་སྡང་སྤྱོད་པ་ནི་བསྒྲུབ་དགའ་ན་མཁྲིས་པའི་ནད་ལ་དྲོད་བག་བྱིན་པ་བཞིན་དུ་ཕྱིར་ཞེ་སྡང་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་ཞེ་སྡང་སྤྱོད་པ་ནི་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ་བ་ཡིན་ནོ། །གཞན་དག་ན་རེ་ཞེ་སྡང་སྤྱོད་པ་ནི་དགོན་པ་བ་ཉིད་དང༌། ཤིང་དྲུང་པ་ཉིད་དག་གོ །དེ་ཅིའི་ཕྱིར་ཞེ་ན། དགོན་པ་དང༌། ཤིང་དྲུང་ན་གནས་ན་དེ་དག་ཏུ་མི་འདོད་པས་གཙེ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡན་ལག་ནི་དུས་ཀྱི་མཐར་ཐུག་པའི་དུ་ཞིག་ཅེས་བྱ་བ་ནི། སྦྱངས་པའི་ཡན་ལག་གསུམ་པོ་ཤིང་དྲུང་པ་ཉིད་དང༌། བླ་ག་བ་མེད་པ་ཉིད་དང༌། དུར་ཁྲོད་པ་ཉིད་ཟླ་བ་བརྒྱད་ཀྱི་མཐར་ཐུག་པར་བྱ་སྟེ། དབྱར་ནི་གཡོགས་པར་གནས་


DTG167_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅོམ་ལྡན་འདས་ཀྱིས་གནང་ངོ༌། །ཅི་སྦྱངས་པ་དེ་ཉིད་སྦྱངས་པར་སྨྲ་བ་ཡང་དེ་ཡིན་ནམ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ། སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད། སྦྱངས་པ་ཡང་མ་ཡིན། སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད་དོ། །དེ་ལ་སྦྱངས་པ་ཡང་ཡིན། སྦྱངས་པ་སྨྲ་བ་ཡང་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་མ་ཡིན་ལ། སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི། སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་ཡང་མ་ཡིན། སྦྱངས་པའི་ཡོན་ཏན་སྨྲ་བ་ཡང་མ་ཡིན་པ་ཡོད་ཅེས་བྱ་བ་ནི། སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ཅི་ཡིན། མ་ནོག་ནི་ཅི་ཡིན། ཉེ་བར་གནས་པ་ནི་ཅི་ཞེ་ན་སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་འདོད་པ་ཆུང་བ་ཉིད་དོ། །མནོག་ནི་ཆོག་ཤེས་པ་ཉིད་དོ། །ཉེ་བར་གནས་པ་ནི་ཡོ་བྱད་བསྙུངས་པའོ། །རྣམ་པ་གཅིག་ཏུ་མཚན་ཉིད་ནི་མ་འབགས་པའོ། །མནོག་ནི་ཉེས་དམིགས་མེད་པའོ། །ཉེ་བར་གནས་བ་ནི་བརྩོན་པ་མི་འདོར་བའོ། །སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་གང་ཡིན། བར་མ་ནི་གང་ཡིན། ཐ་མ་ནི་གང་ཡིན་ཞེ་ན་སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་ཡང་དག་པར་ལེན་པའོ། །བར་མ་ནི་སྟེན་པའོ། །ཐ་མ་ནི་རབ་ཏུ་དགའ་བའོ། །རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་སྟེ་ཀུན་ནས་བཏུས་པ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིཌྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གསེར་མདོག་གི་རྟོགས་པ་བརྗོད་པ།


DTG167_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ཝརྞྞ་ཝརྞྞ་ཨ་བ་དཱ་ནཾ། བོད་སྐད་དུ། གསེར་མདོག་གི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་ལྟར་རྗེས་སུ་ཐོས་ཏེ། གནས་


DTG167_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་འོད་སྲུངས་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་གནས་བརྟན་ཀུན་དགའ་བོ་བདག་ཉིད་ཆེ་བ། གནས་བརྟན་ཤ་ར་དྭ་ཏིའི་བུ་དང༌། ཤེས་རབ་མཉམ་པ། དེ་བཞིན་གཤེགས་པ་བཞིན་དུ་སྙིང་རྗེ་ཆེན་པོས་སེམས་ཤིང༌། ཡུལ་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཚོང་འདུས་ལ་སོགས་པ་དེ་དང་དེར་གདུལ་བྱ་དེ་དང་དེ་ཐབས་ཀྱི་བྱེ་བྲག་དེ་དང་དེ་དག་གིས་འདུལ་བར་གྱུར་རོ། །ཅི་ཙམ་ན་དུས་གཞན་ཞིག་གི་ཚེ་གདུལ་བྱའི་དབང་གིས་སེམས་ཅན་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་ལ་དམ་པའི་ཆོས་སྟོན་པའི་བདུད་རྩིའི་ཆར་འབེབས་པས་ཡང་དག་པར་ཚིམ་པར་བྱེད་ཅིང༌། ཡངས་པ་ཅན་གྱི་གནས་ཨ་མྲ་སྲུང་བའི་ཚལ་གང་ན་བ་ན་གནས་སོ། །ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན། དེད་དཔོན་ཉི་མ་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་ཏེ། དེར་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུ་ཡང་མེད་བུ་མོ་ཡང་མེད། དེ་བུ་མེད་པས་བུ་ཤིན་ཏུ་འདོད་པས་ཡོངས་སུ་གདུངས་ཤིང་འདུག་པ་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་ན་ལྷའི་བུ་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཞིག་ལ་འཆི་བའི་ལྟས་རྣམ་པ་ལྔ་བྱུང་བར་གྱུར་པ་དང༌། སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ལ་བལྟས་ནས། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བས་མིའི་ནང་དུ་མཚམས་སྦྱར་བར་འདོད་བ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་འཆི་འཕོ་བ་མཐོང་ཞིང༌། སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ལ་བལྟས་ནས་མྱ་ངན་ལས་འདའ་བར་མངོན་པར་འདོད་པས་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་འདོད་པ་ཡང་མཐོང་ངོ༌། །མཐོང་ནས་ཀྱང་ལྷའི་བུ་དེའི་ཐད་དུ་སོང་སྟེ་དེ་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱེད་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་འདོད་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དེ་ན་དེད་དཔོན་ཉི་མའི་ཆུང་མ་ཡོད་པའི་མངལ་དུ་ཉིང་མཚམས་སྦྱོར་ཅིག །དེས་སྨྲས་པ། ཀཽ་ཤི་ཀ་དེད་དཔོན་དེ་ནི་དད་པ་མེད་པ་སྟེ། དེ་ལ་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་དད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ།


DTG167_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་ཉིང་མཚམས་སྦྱོར་ཅིག་དང༌། ཇི་ལྟར་དེད་དཔོན་དེ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་བར་དད་བ་དེ་ལྟར་ངས་བྱའོ། །ལྷའི་བུས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་དེད་དཔོན་ཆུང་མ་དང་བཅས་པར་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་དེ་ལྟ་ན་ནི་དེད་དཔོན་དེའི་ཆུང་མའི་མངལ་དུ་ཉིང་མཚམས་སྦྱོར་བར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དེད་དཔོན་ཉི་མའི་ཁྱིམ་གྱི་སྟེང་གི་ཁང་གི་གཞི་ལ་གནས་པར་གྱུར་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱི་ཁ་དོག་གི་མཐུས་ཁྱིམ་དེ་ཐམས་ཅད་ལྷའི་སྣང་བས་སྣང་བར་བྱས་སོ། །དེད་དཔོན་ཉི་མས་ལྷའི་སྣང་བ་དེ་མཐོང་ཞིང་བལྟས་ནས་ཡང་ངོ་མཚར་གྱིས་མིག་གདངས་ཏེ་ཕྱོགས་བཞིར་ལྟ་བར་བསམས་པ་དང༌། ཅི་ཙམ་ན་ལྷའི་དབང་པོ་བརྒྱ་བྱིན་མཐོང་ནས་ཡང་མྱུར་བ་ཉིད་དུ་དེའི་རྐང་པ་གཉིས་ལ་ཕྱག་བྱས་ཏེ་སྨྲས་པ། གང་ཁྱེད་བདག་གི་ཁང་པར་བྱོན་པས་ཁང་པ་འདི་ལྟར་བྱས་པ་ནི་རྙེད་པ་ཤིན་ཏུ་ལེགས་པར་རྙེད་དོ། །ཁྱེད་འདིར་བྱོན་པའི་དགོངས་པ་གང་ཡིན་པ་གསུངས་ཤིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དེད་དཔོན་ཁྱེད་ནི་བུ་མེད་དེ་བུ་ཡོད་པར་མངོན་པར་དགའ་ན་ཆུང་མ་དང་བཅས་པར་དེང་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཤིག །ཁྱོད་ལ་བུ་ཡོད་པར་འགྱུར་རོ། །དེད་དཔོན་ཉི་མ་དགའ་བ་དང་མགུ་བ་དང་རབ་ཏུ་དགའ་བའི་ཡིད་ཀྱིས་སྨྲས་པ། ལྷའི་དབང་པོ་ཁྱོད་ཀྱིས་ཇི་ལྟར་བཀའ་སྩལ་པ་དེ་ལྟར་འཚལ་ཏེ། བདག་ཆུང་མ་དང་བཅས་པར་དེང་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེད་དཔོན་ཉི་མ་ཆུང་མ་དང་བཅས་པ་སྐྱབས་སུ་འགྲོ་བ་ལ་བཀོད་ནས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་བུ་དེའི་གཞལ་ཡས་ཁང་དུ་འཁོད་པར་གྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་ལ་གཏམ་གྱི་རྣམ་པ་རྒྱས་པར་སྨྲས་པ་དང༌། ཇི་ཙམ་ན་ལྷའི་བུ་དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཕོས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་དུ་དེད་དཔོན་ཉི་མའི་ཆུང་མའི་མངལ་དུ་ཞུགས་བར་གྱུར་ཏོ། །དེ་གང་གི་ཚེ་དེའི་མངལ་དུ་འཕོས་པ་དེ་ཉིད་ཀྱི་ཚེ་དེད་དཔོན་གྱི་ཆུང་མའི་ལུས་ལ་ཁ་དོག་ཤིན་ཏུ་རྒྱས་པ་དང༌། དྲི་ཡིད་དུ་འོང་བ་བྱུང་བར་གྱུར་ཏོ། །བུད་མེད་མཁས་པ་


DTG167_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་ཐུན་མོང་མ་ཡིན་པ་ཆོས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ཤིང༌། མ་ཆགས་པར་ཡང་ཤེས་པ་དང༌། དུས་ཤེས་ཤིང་ས་བོན་ཤེས་པ་དང༌། མངལ་དུ་འཇུག་པ་ཤེས་པ་དང༌། གང་ལས་མངལ་དུ་འཇུག་པ་དེ་ཤེས་པ་དང༌། ཁྱེའུར་གྱུར་པར་ཤེས་ཤིང་བུ་མོར་གྱུར་པ་ཤེས་ཏེ། གལ་ཏེ་ཁྱེའུར་གྱུར་ན་ནི་དཀུ་གཡས་པར་རྟེན་ཅིང་གནས་ལ། གལ་ཏེ་བུ་མོར་གྱུར་ན་ནི་དཀུ་གཡོན་པར་རྟེན་ཅིང་གནས་སོ། །དེ་ནས་དགའ་བ་དང་མཆོག་ཏུ་དགའ་བའི་ཡིད་ཀྱིས་ཁྱོ་ལ་སྨྲས་པ། རྗེའི་སྲས་དགྱེས་པ་བསྐྱེད་དུ་གསོལ། བདག་སེམས་ཅན་དང་ལྡན་པར་གྱུར་ཏེ། ཇི་ནས་ཀྱང་བདག་གི་དཀུ་གཡས་པར་རྟེན་ཅིང་གནས་པ་ལས་ན་ངེས་པར་ཁྱེའུར་འགྱུར་རོ། །དེས་དེ་ཐོས་པ་དང་དེ་ཡང་ཤིན་ཏུ་དགའ་བ་དང་མཆོག་ཏུ་དགའ་བའི་ཡིད་ཀྱིས་རོ་སྟོད་བཏེག་ནས་ལག་པ་གཡས་པ་བརྐྱང་སྟེ། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ། ཀྱེ་མ་འོངས་ཀྱང་ཡུན་རིང་དུ་མངོན་པར་འདོད་པའི་བུའི་གདོང་ལ་བལྟ་བར་འགྱུར་ལ། སྐྱེས་ཤིང་བྱུང་ནས་ཀྱང་ངའི་བྱ་བ་བྱས་ཏེ། དེ་རིགས་རྒྱུད་ཕུན་སུམ་ཚོགས་ཤིང་ངའི་རིགས་ཡུན་རིང་དུ་གནས་པར་བྱེད་པ་དང༌། བདག་ཅག་ཤི་ཞིང་དུས་བྱས་ནས་ཀྱང་ནོར་ཉུང་དུའམ་མང་པོ་སྦྱིན་པར་ནི་གཏོང༌། བསོད་ནམས་ནི་བྱས་ནས་འདི་དེ་གཉིས་གང་དང་གང་དུ་སྐྱེས་པའི་རྗེས་བཞིན་དུ་འགྲོ་བར་གྱུར་ཅིག་ཅེས་བདག་གི་མིང་གིས་ཡོན་བསྔོ་བར་འགྱུར་རོ། །འདི་ནི་སེམས་ཅན་དང་ལྡན་པར་གྱུར་ཏོ་སྙམ་དུ་ཤེས་ནས་སྟེང་གི་ཁང་བཟངས་ཀྱི་གཞི་ལ་ཉམ་ང་བ་མེད་པར་འཇོག་སྟེ། དེའི་མངལ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡིད་དུ་མི་འོང་བའི་སྒྲ་ཅུང་ཟད་ཀྱང་མི་ཐོས་ཤིང་གྲང་བ་དང་གྲང་བའི་ཡོ་བྱད་དང་དྲོ་བ་དང་དྲོ་བའི་ཡོ་བྱད་དང༌། སྨན་པས་བསྟན་པའི་ཁ་ཟས་ཧ་ཅང་ཁ་བ་མ་ཡིན་པ་དང༌། ཧ་ཅང་སྐྱུར་བ་མ་ཡིན་པ་དང༌། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་དང༌། ཧ་ཅང་མངར་བ་མ་ཡིན་པ་དང༌། ཧ་ཅང་ཚ་བ་མ་ཡིན་པ་དང༌། ཧ་ཅང་བསྐ་བ་མ་ཡིན་པ་སྟེ། ཁ་བ་དང༌། སྐྱུར་བ་དང༌། ལན་ཚྭ་ཆེ་བ་དང༌། མངར་བ་དང༌། ཚ་བ་དང༌། བསྐ་བ་སྤངས་པའི་ཁ་ཟས་ཀྱིས་བསྙེན་བཀུར་བྱེད་ཅིང་དོ་ཤལ་དང༌། སེ་མོ་དོས་ལུས་བརྒྱན་ནས་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁྲིའུ་ནས་ཁྲིའུ་དང༌། ཁྲི་ནས་


DTG167_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིར་རྒྱུ་སྟེ། འོག་གི་ས་གཞི་ལ་མི་འབབ་པོ། །དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང༌། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། གསེར་བཙོ་མའི་མདོག་གི་ཁ་དོག་ཤིན་ཏུ་རྒྱས་པ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་ཡིད་དང་མིག་འཕྲོག་པ། གསེར་གྱི་མདོག་ཅན་གྱི་གོས་ཀྱིས་ལུས་དཀྲིས་པ། དེའི་ཡན་ལག་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། དེའི་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། དེ་སྐྱེས་པ་ཙམ་གྱིས་ཁྱིམ་དེར་གོས་ཀྱི་ཆར་དང༌། མེ་ཏོག་ཀར་ནི་ཀ་རིའི་ཆར་བབ་སྟེ། གོས་དེ་དག་ཀྱང་གསེར་གྱི་མདོག་ཅན་ཡིན་ནོ། །དེ་ནས་ངོ་མཚར་རྨད་དུ་བྱུང་བ་དེ་དང་དེའི་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་མཐོང་བ་དང༌། དེད་དཔོན་ཉི་མའི་ཆུང་མ་དང་འཁོར་རྣམས་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེད་དཔོན་ཉི་མ་སྒོའི་ཕྱི་རོལ་ན་གནས་པ་ལ། དེད་དཔོན་ཁྱེད་ཀྱི་སྲས་བལྟམ་པ་ཙམ་གྱིས་དགྱེས་པ་སྐྱེད་ཅིག་ཅེས་གོ་བར་བྱས་པ་དང༌། དེ་དགའ་བ་དང་མགུ་བ་དང༌། རབ་ཏུ་དགའ་བའི་ཡིད་ཀྱིས་ཁྱིམ་དུ་ཞུགས་པ་དང༌། ཇི་ཙམ་ན་གཞོན་ནུ་གཟུགས་ཤིན་ཏུ་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང༌། ཉིད་ལག་ཐམས་ཅད་དང་ལྡན་པ། གསེར་བཙོ་མའི་ཁ་དོག་ལྟ་བུས་མདོག་རྒྱས་པ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་མིག་དང་ཡིད་འཕྲོག་པ། གསེར་གྱི་མདོག་ཅན་གྱི་གོས་ཀྱིས་ལུས་དཀྲིས་པ་འདིའི་ཡན་ལག་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། དེའི་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། དེ་སྐྱེས་པ་ཙམ་གྱིས་ནི་ཁྱིམ་དེར་གོས་ཀྱི་ཆར་དང༌། མེ་ཏོག་ཀར་ནི་ཀ་རིའི་ཆར་བབ་སྟེ། གོས་དེ་དག་ཀྱང་གསེར་གྱི་ཁ་དོག་ཅན་དུ་མཐོང་ངོ༌། །མཐོང་ནས་ཀྱང་དགའ་བ་དང་མགུ་བ་དང་རབ་ཏུ་དགའ་བ་སྐྱེས་ཏེ། ཆེད་དུ་བརྗོད་པ་དག་ཆེད་དུ་བརྗོད་པ། ཨེ་མའོ་རྙེད་པ་རྣམས་ནི་ཤིན་ཏུ་རྙེད་དེ། ཨེ་མའོ་གང་འདི་ལྟ་བུའི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པའི་བུ་སྐྱེས་པ་ནི་བདག་གི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་དགའ་བ་དང་མགུ་བ་དང་རབ་ཏུ་དགའ་བའི་ཡིད་ཀྱིས་གོས་དེ་རྣམས་དགེ་སྦྱོང་དང༌། བྲམ་ཟེ་དང༌། ཕོངས་པ་དང༌། ཕོངས་ཤིང་སྡུག་བསྔལ་བ་དང༌། མཛའ་བཤེས་དང༌། གཉེན་དང༌། སྣག་གི་གཉེན་མཚམས་ལ་བྱིན་ཏེ། གཞོན་ནུ་དེའི་བཙས་པའི་བཙས་སྟོན་


DTG167_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱ་ཆེར་བྱས་ནས་གྲོགས་པོ་དག་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་བར་བྱེད་པ་དང༌། ཉེ་དུ་རྣམས་ཀྱིས་སྨྲས་པ། གཞན་ནུ་འདི་གསེར་བཙོ་མའི་མདོག་གིས་ཤིན་ཏུ་རྒྱས་པ་དང་ལྡན་ཏེ། དེ་བས་ན་གཞོན་ནུ་འདིའི་མིང་གསེར་མདོག་ཅེས་གདགས་པར་བྱའོ་ཞེས་ཏེ། དེ་ལ་གསེར་མདོག་ཅེས་བྱ་བའི་མིང་བཏགས་སོ། །གཞོན་ནུ་གསེར་མདོག་མ་མ་བརྒྱད་པོ་བང་ན་འཚོ་བའི་མ་མ་གཉིས་དང༌། ནུ་མ་སྣུན་པའི་མ་མ་གཉིས་དང༌། དྲི་མ་འཕྱི་བའི་མ་མ་གཉིས་དང༌། རྩེད་གྲོགས་ཀྱི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་རྗེས་སུ་གཏད་ནས་དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང༌། ཞོ་དང༌། མར་དང༌། ཞུན་མར་དང༌། མར་གྱི་ཉིང་ཁུ་དང༌། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྐྱེད་པར་བྱེད། སྲིང་བར་བྱེད་ཅིང་རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་དང༌། གྲངས་དང༌། རྩིས་དང༌། ལག་རྩིས་དང༌། དབྱུང་བ་དང༌། གཞུག་པ་དང༌། གཞག་པ་ལ་ཉེ་བར་ཞུགས་ཤིང་བརྟག་པ་བརྒྱད་པོ། གཞི་བརྟག་པ་དང༌། གོས་བརྟག་པ་དང༌། རིན་པོ་ཆེ་བརྟག་པ་དང༌། ཤིང་རྟ་བརྟག་པ་དང༌། གླང་པོ་ཆེ་བརྟག་པ་དང༌། རྟ་བརྟག་པ་དང༌། གཞོན་ནུ་བརྟག་པ་དང༌། གཞོན་ནུ་མ་བརྟག་པ་དང༌། འབྱེད་པ་དང༌། ཀློག་པ་ལ་མཁས་པ་དང༌། གཡེར་པོར་གྱུར་ཏོ། །དེ་ཡང་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ། བསམ་པ་དགེ་བ། བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་དང་ལྡན་པ། བདག་ཉིད་ཆེན་པོ་ཆོས་འདོད་པ། སྐྱེ་དགུ་རྣམས་ལ་མཉེས་གཤིན་པ་སྟེ། དེ་བསྟན་བཅོས་ཐམས་ཅད་ཀློག་པ་དང༌། དེ་ཤིན་ཏུ་བསོད་ནམས་ཀྱི་མཐུ་ཆེ་བ་ཡིན་པས་གོས་ལ་སོགས་པ་དང་ནོར་རྣམས་གང་བསམས་པ་དང་གང་གསོལ་བ་དེ་ཐམས་ཅད་དེ་བཞིན་དུ་འབྱོར་པར་འགྱུར་མོད་ཀྱི། བདག་ནི་འདི་ལྟང་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་ནོ་སྙམ་དུ་མི་སེམས་སོ། །དེད་དཔོན་ཉི་མ་འདི་སྙམ་དུ་བདག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དྲིན་གྱིས་བུ་སྐྱེས་སོ་ཞེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་ཏུ་ཡང་མངོན་པར་དད་ནས་


DTG167_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དུས་དང་དུས་སུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བྱ་བ་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དེད་དཔོན་དྲི་མ་མེད་པ་ཞེས་བྱ་བ་རྒྱ་མཚོ་ནས་གྲུ་གྲུབ་སྟེ། སླར་འོངས་ནས་དེས་བཅོམ་ལྡན་འདས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུས་བསྐོར་བ་ལ་བཤོས་དྲངས་ཏེ། དགེ་སློང་རེ་རེ་ཞིང་ཆོས་གོས་གསུམ་གསུམ་ཕུལ་བ་དང༌། སྐྱེས་བུ་དམ་པ་འདིའི་རྒྱ་མཚོ་ཆེན་པོར་ཞུགས་པ་དང་དེད་དཔོན་གྱི་སྒྲ་ནི་འབྲས་བུ་དང་བཅས་པར་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བྱ་བ་བྱས་སོ་ཞེས་བྱ་བའི་གྲགས་པས་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང༌། དེད་དཔོན་ཉི་མས་ཐོས་པ་ན་འགྲན་འདོད་པར་གྱུར་ཏེ། ང་ཡང་རྒྱ་མཚོ་ཆེན་པོར་ཞུགས་ལ་གལ་ཏེ་དེ་ནས་གྲུ་ལེགས་པར་གྲུབ་ནས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་འཛམ་བུའི་གླིང་ན་ཇི་སྙེད་ཅིག་གནས་པ་དེ་རྣམས་གཅིག་ཏུ་བསྡུས་ནས་ཟས་བསོད་པ་རྣམས་ཀྱིས་ཚིམ་པར་བྱས་ལ་དགེ་སློང་རེ་རེ་ཞིང་རིན་པོ་ཆེའི་ཆོས་གོས་གསུམ་གསུམ་གྱིས་དགའ་བར་བྱའོ་སྙམ་ནས་དེ་ཆུང་མ་ལ་གཏམ་དེ་སྨྲས་པ་དང༌། དེས་སྨྲས་པ། བདག་པོ་ཁྱོད་ཀྱིས་ཡང་དག་པར་རྟོག་པར་འབྱོར་པར་གྱུར་ཅིང་ཡིད་ལ་རེ་བ་རྫོགས་པར་གྱུར་ཅིག །དེ་ནས་དེད་དཔོན་ཉི་མས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལན་གསུམ་གྱི་བར་དུ་དྲིལ་བསྒྲགས་ཏེ། ཚོང་པ་ལྔ་བརྒྱས་ཡོངས་སུ་བསྐོར་ནས་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་རྒྱ་མཚོ་ཆེན་པོ་དེར་ཞུགས་པ་དང༌། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་དེ་ཉིད་ན་གནས་པའི་ཚེ་གནས་བརྟན་འོད་སྲུངས་ཆེན་པོ་ཡང་ཡོངས་སུ་མྱ་ངན་ལས་འདས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་གཞོན་ནུ་གསེར་མདོག་འོད་མའི་ཚལ་དུ་སོང་བ་དང༌། དེ་ནས་དགེ་སློང་ཞིག་མི་རྟག་པ་ཉིད་དང་རབ་ཏུ་ལྡན་པའི་ཚིགས་སུ་བཅད་པ་འདོན་པར་གྱུར་ཏེ། ཚེ་འདི་ཉིད་དང་མཚན་མོ་དང༌། །འགྲོ་བ་དང་ནི་ལྡོག་པ་དང༌། །ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཆུ་ཆུང་གི་ནི་ཉ་ལྟ་བུར། །གང་ཞིག་ཉིན་མཚན་འདའ་བ་ཡི། །ཚེ་ནི་ཤིན་ཏུ་ཐུང་གྱུར་ན། །དེ་ལ་བྱ་དགར་ཅི་ཞིག་ཡོད། །གསོན་མཐའ་འཆི་བ་ཡིན་པས་ན། །ལུས་འདི་ཡོང་སུས་རྟས་པ་དང༌། །ནད་ཀྱི་ཚད་ནི་


DTG167_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་འཇིག་ཅིང༌། །རྣག་གི་ཚོགས་ཀྱང་འཇིག་པར་འགྱུར།།ཀྱེ་མ་ལུས་འདི་མི་ཐོགས་པར། །སྟོང་ཞིང་རྣམ་ཤེས་དང་བྲལ་ནས། །དུར་ཁྲོད་བོར་བའི་མགལ་དུམ་ལྟར། །སའི་སྟེང་དུ་འགྱེལ་བར་འགྱུར། །རྒྱུན་དུ་ནད་ཀྱིས་མངོན་གདུངས་ཤིང༌། །རྟག་ཏུ་མི་གཙང་འཛག་པ་དང༌། །རྒ་དང་འཆི་བས་འཚེར་འགྲིབ་པའི། །ལུས་འདི་དོར་ན་ཅིར་མི་རུང༌། །མྱུར་དུ་འཇིག་ཅིང་རྣ་བ་དང༌། །རྣག་དང་ལྡན་བའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་དང༌། །ཞིང་མཆོག་དོན་དུ་གཉེར་བར་གྱིས། །ཚིགས་སུ་བཅད་པ་འདི་ཐོས་པ་དང༌། །གཞོན་ནུ་གསེར་མདོག་འཁོར་བ་ལས་ཡོངས་སུ་སྐྱོ་ཞིང༌། ཡོངས་སུ་མྱ་ངན་ལས་འདས་པའི་ཡོན་ཏན་མ་ཐོང་བས་དགེ་སློང་དེ་ལ་ཕྱག་བྱས་ཏེ་དྲིས་པ། འཕགས་པ་འདི་ཅི་ཞིག་ལགས། དགེ་སློང་གིས་སྨྲས་པ། རིགས་ཀྱི་བུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །དེས་དེ་ཐོས་པ་དང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ངང་པ་ཆེན་པོ་སྐྱེས་ནས་རབ་ཏུ་འབྱུང་བ་དང་ཐར་པ་མངོན་པར་འདོད་པར་གྱུར་རོ། །དེ་ནས་དགེ་སློང་དེ་ལ་རིམ་གྲོ་བྱས་ཏེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་གྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ་རབ་ཏུ་དབྱུང་དུ་གསོལ། དགེ་སློང་དེས་སྨྲས་པ། རིགས་ཀྱི་བུ་ཕ་དང་མ་གཉིས་ཀྱིས་གནང་ངམ་དེས་སྨྲས་པ། མ་གནང་ལགས་སོ། །དགེ་སློང་གིས་སྨྲས་པ། རིགས་ཀྱི་བུ་སོང་ལ་ཕ་དང་མ་ལ་དྲིས་ཤིག་དང༌། ཕ་དང་མ་གཉིས་ཀྱིས་མ་གནང་བར་རབ་ཏུ་འབྱིན་པར་མི་བྱེད་དོ། །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེ་ནས་གཞོན་ནུ་གསེར་མདོག་འཁོར་བས་འཇིགས་ཤིང་སྐྱོ་བའི་ཡིད་དང་ལྡན་པས་རང་གི་ཁྱིམ་དུ་དོང་སྟེ་མའི་རྐང་བ་ལ་གཏུགས་ནས་ཡུམ་མཁྱེན་པར་མཛོད་ཅིག །བདག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངོ༌། །དེ་སྐད་ཅེས་སྨྲས་པ་ཐོས་པ་དང་མ་ཤིན་ཏུ་མྱ་ངན་གྱིས་གདུངས་ཏེ། བྲང་བརྡུངས་ནས་སྨྲས་པ། བུ་ཁྱོད་ནི་ངའི་བུ་གཅིག་པ། སྡུག་པ། ཡིད་དུ་འོང་བ། མཛེས་པ། རྗེས་སུ་མཐུན་པ། ཡིད་ལ་རེ་བ་རྒྱས་པ་ཐོབ་པ་ཡིན་ན་ཁྱོད་ཇི་ལྟར་


DTG167_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡང་སྤངས་ནས་རབ་ཏུ་འབྱུང༌། །དེས་སྨྲས་པ། ཡུམ་སྡུག་པ་རྣམས་དང་ནི་ངེས་པར་འབྲལ་བར་འགྱུར་ཏེ། དེ་མཁྱེན་པར་མཛོད་ལ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་དབྱུང་བར་རྗེས་སུ་གནང་བར་མཛད་དུ་གསོལ། དེས་ཐོས་པ་དང་ཡིད་ལ་གདུང་བ་ཆེན་པོ་སྐྱེས་ནས་དེ་མཆི་མས་བརྣངས་བཞིན་དུ་སྨྲས་པ། བུ་ང་ཁྲག་དྲོན་མོ་ཁ་ནས་སྐྱུག་པར་འགྱུར་གྱི་ལ་ན་གསུམ་གྱི་བར་དུ་དེ་སྐད་མ་ཟེར་ཅིག །དེས་ཡང་བསམས་པ། འདིའི་འབད་པ་འདི་ལྟ་བུ་ལས་ན་ངས་བཟློག་པར་མི་ནུས་ཀྱིས་ཐབས་ཤིག་སྦྱར་བར་བྱའོ་སྙམ་མོ། །དེ་ནས་དེས་སྨྲས་པ། བུ་ཁྱོད་ཀྱི་ཕ་ནི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱའོ་སྙམ་ནས་རྒྱ་མཚོ་ཆེན་པོར་ཞུགས་ཀྱི་དེ་ཇི་སྲིད་མ་འོངས་པ་དེ་སྲིད་ཁྱོད་ལ་རྗེས་སུ་མི་གནང་ངོ༌། །གལ་ཏེ་འོངས་ན་ཁྱོད་རྗེས་སུ་གནང་ནས་རབ་ཏུ་དབྱུང་བར་བྱའོ། །དེ་མ་ལ་གུས་པ་ཡིན་པས་བསམས་པ། གལ་ཏེ་ཡང་འདི་ལ་སྨྲས་ན་ནི་བརྒྱ་ལ་འདི་གདུང་པ་ཤིན་ཏུ་ཆེན་པོ་སྐྱེ་བར་འགྱུར་གྱི། ཇི་སྲིད་ངའི་ཕ་འོངས་པ་དེ་སྲིད་དུ་འདུག་པར་བྱའོ་སྙམ་ནས་དེ་ཅང་མི་སྨྲ་བར་འདུག་གོ །གང་གི་ཚེ་གཞོན་ནུ་གསེར་མདོག་ཚོང་འདུས་སུ་རྒྱུ་བ་ན་དེའི་ཚེ་དེའི་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་མཐོང་བ་དང་འཇིག་རྟེན་པ་རྣམས་བལྟས་ཀྱང་ངོམས་པར་མ་གྱུར་ཏེ། དེ་སྐྱེ་བོའི་ཚོགས་མང་པོའི་ཡིད་དུ་འོང་བར་གྱུར་ཏོ། །དེའི་གཟུགས་ཕུན་སུམ་ཚོགས་པས་ཡིད་དྲངས་ཀྱང་འདོད་པ་ལ་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པར་མཐོང་ནས་མས་བསམས་པ། ཀྱི་ཧུད་འདིའི་འབད་པ་འདི་ལྟ་བུ་འདིས་ནི་ང་སྤངས་ནས་རབ་ཏུ་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ནས་རྟག་ཏུ་དོགས་པ་དང་བཅས་པས་རྗེས་སུ་མཐུན་པར་འཇུག་པར་བརྩམས་སོ། །གཞོན་ནུ་གསེར་མདོག་ནི་ཡང་དང་ཡང་དུ་མཁས་པ་དང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་རྟེན་པར་བྱེད་ཅིང༌། དེ་དེར་ལེགས་པར་བཤད་པ་ཐར་བའི་ལམ་དང་རྗེས་སུ་མཐུན་པར་གང་དང་གང་ཐོས་པ་དེ་དང་དེ་གླེགས་བམ་ལ་འདྲིའོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ན་དེད་དཔོན་ཉི་མའི་སྐྱེད་མོས་ཚལ་མེ་ཏོག་དང༌། འབྲས་


DTG167_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང༌། ཆུ་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡོད་པ་དང༌། དེ་ནས་གཞོན་ནུ་གསེར་མདོག་ཕའི་སྐྱེད་མོས་ཚལ་དེར་ཉིན་རེ་ཞིང་སོང་ནས་ལེགས་པར་བཤད་པའི་གླེགས་བམ་དག་ཀློག་ཅིང་འདུག་གོ །ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཀ་ཤི་མཛེས་དགའ་མོ་ཞེས་བྱ་བའི་བུད་མེད་སྨད་འཚོང་མ་གཟུགས་དང་ལང་ཚོ་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ། སྐྱེ་བོ་མང་པོའི་སྙིང་དུ་སྡུག་པ་ཞིག་གནས་པ་དང༌། རྒྱལ་པོ་མ་སྐྱེས་དགྲའི་བློན་པོ་རབ་གཏུམ་ཞེས་བྱ་བ་རྒྱལ་པོས་ཤིན་ཏུ་བཀུར་བ་དེ་བུ་མོ་ཀ་ཤི་མཛེས་དགའ་མོ་ལ་ཤིན་ཏུ་ཡང་སེམས་ཆགས་པས་ཉིན་རེ་ཞིང་རང་གི་སྐྱེད་མོས་ཚལ་དུ་སོང་ནས་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་གྱུར་ཏོ། །ཅི་ཙམ་ན་དུས་གཞན་ཞིག་གི་ཚེ་བུ་མོ་ཀ་ཤི་མཛེས་དགའ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་རྒྱལ་པོའི་ཁབ་ནས་བྱུང་ནས་བློན་པོ་རབ་གཏུམ་གྱི་སྐྱེད་མོས་ཚལ་དུ་ཆས་པ་དང༌། གཞོན་ནུ་གསེར་མདོག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་སྟེ། རང་གི་སྐྱེད་མོས་ཚལ་དུ་འགྲོ་བ་བུ་མོ་ཀ་ཤི་མཛེས་དགའ་མོས་བལྟས་པ་དང༌། གཞོན་ནུ་གསེར་མདོག་ཤན་ཏུ་ཡང་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། སྐྱེ་བོ་ཐམས་ཅད་ཀྱི་ཡིད་དང་མིག་འཕྲོག་པ། གསེར་མདོག་ཅན་གྱི་གོས་སེར་པོ་ལུས་ལ་གྱོན་པ་མཐོང་བ་དང༌། ཡང་དེ་འདི་སྙམ་དུ་སེམས་ཏེ། ཨེ་མའོ་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེ་བ། ཨེ་མའོ་ཁ་དོག་ཤིན་ཏུ་རྒྱས་པ་འདི་ལྟ་བུ་བུད་མེད་གང་གི་ཁྱོར་གྱུར་པ་དེ་ནི་སྐལ་པ་བཟང་པོ་བྱས་པ་ཡིན་ནོ་སྙམ་དུ་སེམས་ཤིང༌། དེ་དེ་ལ་སེམས་ཤིན་ཏུ་ཞེན་པས་རྟོག་ཅིང་གང་འདི་ལྟ་བུའི་སྐྱེས་བུ་དང་ལྷན་ཅིག་དགའ་ཞིང་རྩེ་བ་མ་མྱོང་བའི་བུད་མེད་དེ་ནི་སྐལ་པ་ཆུང་བ་ཡིན་ནོ། །ཡང་བསམས་པ། བདག་ནི་གཟུགས་ཀྱིས་འཚོ་བ། སྐྱེས་བུ་རྣམས་ཀྱི་ཐུན་མོང་དུ་གྱུར་པ་ཡིན་ལ། གཞོན་ནུ་འདི་ནི་ལང་ཚོ་ལ་བབ་པ་དང་ལྡན་པ་ཡིན་གྱི་མ་ལ་བདག་འདི་དང་ལྷན་ཅིག་ཀུན་དུ་སྦྱོར་བར་འགྱུར་བ་དེ་ལྟར་བྲིད་པར་བྱའོ་སྙམ་ནས་དེ་དེའི་མདུན་དུ་འདུག་སྟེ། བུད་མེད་ཀྱི་སྟེག་པའི་མཚན་མ་དག་བསྟན་པར་


DTG167_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ་དང༌། བདག་ཉིད་ཆེན་པོ་དེ་རང་བཞིན་གྱིས་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་མྱ་ངན་ལས་འདས་པ་ལ་གཞོལ་བས་དེ་ལ་སེམས་གཏོད་པར་མ་གྱུར་པ་དང༌། དེས་བསམས་པ་འདི་ནི་ངེས་པར་ང་ལ་མི་སེམས་པ་ནི་ངོ་ཆ་བ་ཡིན་གྱི། ཡང་འདི་སྐྱེད་མོས་ཚལ་དུ་འགྲོ་བས་ང་ཡང་དེ་ཉིད་དུ་སོང་ལ་དེར་འདི་ལྐོག་ཏུ་བྲིམ་པར་བྱའོ་སྙམ་ནས་དེ་དེའི་ཕྱི་བཞིན་འབྲང་བ་དང༌། གཞོན་ནུ་གསེར་མདོག་གིས་ཤེས་ནས་དེའི་སྔོན་དུ་སྐྱེད་མོས་ཚལ་དུ་ཞུགས་ཏེ་སྒོ་བཅད་དོ། །བུ་མོ་ཀ་ཤི་མཛེས་དགའ་མོས་སྨྲས་པ། གཞོན་ནུ་བདག་ནི་ཁྱོད་ལ་བསམས་ཏེ་འོང་ན་ཁྱོད་འདི་ལྟ་བུའི་རང་བཞིན་ངན་པ་སྟོན་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྨྲས་ཀྱང༌། དེས་དེ་ལ་ཚིག་གི་ལན་མ་བླན་པ་དང༌། དེས་བསམས་པ། འདི་ལ་རྒྱུ་གཉིས་ཡོད་དེ། ཤིན་ཏུ་འདོད་པ་དོན་དུ་མི་གཉེར་བའམ། ཡང་ན་ཆེས་བཟང་བ་གཞན་ཞིག་ལ་ཞེན་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་འདི་ལ་ངའི་གཟུགས་སམ་ཚིག་གིས་མགུ་བར་བྱེད་མི་ནུས་ཀྱི་འདི་ལ་རེག་པས་མགུ་བར་བྱའོ་སྙམ་ནས། འདིས་ང་མཐོང་ནས་སྒོ་བཅད་ན་གང་ཞིག་གིས་འདི་ཀློག་ཏུ་ཆགས་པར་འགྱུར་བའི་ཐབས་ཅི་ཞིག་ཡོད། ཡང་ན་འདི་ངས་ཤེས་ཀྱིས་ནང་པར་འདིའི་ཆེས་སྔོན་དུ་སོང་ལ་སྐྱེད་མོས་ཚལ་དུ་འདུག་གི །ཕྱིས་འདི་འོངས་པ་དང་འཁྲིག་པ་ལ་སོགས་པའི་ལུས་ཀྱི་རེག་པ་རྣམས་ཀྱིས་ཇི་ལྟར་ངའི་དབང་དུ་འགྱུར་བ་དེ་ལྟར་མགུ་བར་བྱའོ་སྙམ་མོ། །དེ་དེ་ལྟར་རྗེས་སུ་སེམས་ཤིང་སླར་ལོག་ནས་གྲོང་ཁྱེར་དུ་ཞུགས་ཏེ། ཉི་མ་དེ་ལ་ར་བ་གཏུམ་གྱི་སྐྱེད་མོས་ཚལ་དུ་མ་སོང་ངོ༌། །བློན་པོ་རབ་གཏུམ་ཡང་རང་གི་སྐྱེད་མོས་ཚལ་དུ་དེ་ཡུན་རིང་དུ་རྟོག་པས་ཡོངས་སུ་དུབ་པ་དང་ཉི་མ་ནུབ་པའི་དུས་སུ་གྲོང་ཁྱེར་དུ་ཞུགས་ནས་དེ་རང་གི་ཁྱིམ་ནས་ཀ་ཤི་མཛེས་དགའ་མོ་ལ་ཅིའི་ཕྱིར་ཁྱེད་དེང་ངའི་སྐྱེད་མོས་ཚལ་དུ་མ་འོངས་ཞེས་ཕོ་ཉ་བཏང་བ་དང༌། བུ་མོ་མཛེས་དགའ་མོས་རྗེའི་སྲས་དེང་ནི་བདག་དེང་གླད་ནད་ཀྱིས་ཤིན་ཏུ་གདུངས་པ་གང་ཡིན་པ་དེས་ཁྱེད་ཀྱི་སྐྱེད་མོས་ཚལ་དུ་མ་འོངས་ཞེས་བསླུས་སོ། །འཇིག་རྟེན་ན་ནི་མཛའ་མོ་དང༌། དགྲ་དང༌། ཐ་མལ་པ་ཡོད་པས། གཞན་ཞིག་


DTG167_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨྲས་པ། དེ་ལ་ནི་གླད་པའི་ནད་ཀྱིས་གཟིར་བ་མེད་དེ། གཞན་དུ་ན་འདི་གཞོན་ནུ་གསེར་མདོག་གི་སྐྱེད་མོས་ཚལ་དེ་ནས་སླར་འོངས་བ་མཐོང་ངོ་ཞེས་སྨྲས་པ་ཐོས་པ་དང༌། འདི་ལྟར་བུད་མེད་ཀྱི་ཡུལ་ནས་བྱུང་བའི་ཤ་ཁོན་ནི་ཤ་ཁོན་གྱི་ཐ་ཆད་ཡིན་པས་བློན་པོ་རབ་གཏུམ་ཁྲོ་བས་ཀུན་ཏུ་འཁྲུགས་པར་གྱུར་ནས་བསམས་པ། ཅི་ནས་ཀྱང་བུ་མོ་ཀ་ཤི་མཛེས་དགའ་མོ་དང་གཞོན་ནུ་གསེར་མདོག་གཉི་ག་མེད་པར་འགྱུར་བདེ་ལྟ་བུའི་གནོད་པ་བྱའོ་སྙམ་སྟེ། དེ་ཁྲོ་བའི་མེས་སྙིང་བསྲེགས་བཞིན་དུ་མཚན་མོ་སྡུག་བསྔལ་བས་འདའ་བར་བྱས་སོ། །དེ་ནས་མཚན་མོ་འདས་ཏེ་ནམ་ལངས་པ་དང་སྐྱེས་བུ་ཡིད་བརྟན་དུ་རུང་བ་ཞིག་བོས་ཏེ་སྨྲས་པ། རྒྱལ་པོའི་ཁབ་ཀྱི་ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་འདེང༌། དེ་རང་ལ་ཤིན་ཏུ་ཆེད་ཆེ་བའི་དགོས་པ་ཞིག་ཡོད་ཀྱི་རལ་གྲི་ཐོགས་ཤིག །དེས་ཀྱང་བློན་པོ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ཏེ། སྐྱེས་བུ་དེ་རལ་གྲི་ཐོགས་ནས་དེའི་ཕྱི་བཞིན་དུ་འབྲངས་སོ། །དེ་ནས་བློན་པོ་རབ་གཏུམ་སྐྱེས་བུ་དེ་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་སྟེ་དེད་དཔོན་ཉི་མའི་སྐྱེད་མོས་ཚལ་དུ་ཞུགས་ནས་གནས་སོ། །བུ་མོ་ཀ་ཤི་མཛེས་དགའ་མོ་ཡང་ལུས་ལ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་རྒྱལ་པོའི་ཁབ་ནས་བྱུང་ནས་དེད་དཔོན་ཉི་མའི་སྐྱེད་མོས་ཚལ་དུ་སོང་སྟེ། དེ་དེར་ཞུགས་པ་དང་ཇི་ཙམ་ན་བློན་པོ་རབ་གཏུམ་མཐོང་བ་དང་སླར་ཀུན་དུ་སྐྲག་པས་བསམས་པ། འདི་ནི་རང་བཞིན་གྱིས་གཏུམ་པས་ངེས་པར་དེང་ང་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་རོ་སྙམ་ནས་སླར་ལོག་པར་འདོད་པ་དང༌། དེ་ནས་བློན་པོ་རབ་གཏུམ་གྱིས་མཐོང་ནས་ཁྲོ་བའི་མེས་ཡིད་བསྲེགས་ནས་དཔྲལ་པར་ཁྲོ་གཉེར་གསུམ་བསྡུས་ཏེ་ཤིན་ཏུ་བརྒྱུགས་སོ། །དེ་ནས་ཚམ་ཚོམ་མེད་པར་དེའི་སྐྲ་ནས་བཟུང་ནས་སྙིང་རྗེ་མེད་པས་མགོ་ཐུར་དུ་ས་ལ་བསྒྱེལ་ཏེ་བཤལ་བཞིན་དུ་འདི་སྐད་ཅེས་སྨྲས་ཏེ། ཁྱོད་འདིར་འོངས་ནས་གཞོན་ནུ་གསེར་མདོག་དང་ལྷན་ཅིག་དགའ་མགུར་སྤྱད་ནས། ང་ལ་གླད་བ་ན་བས་ཤིང་ཏུ་གཟིར་ཏེ་དེས་ཁྱེད་ཀྱི་གན་དུ་མ་འོངས་སོ་ཞེས་སྨྲ་འམ། ངས་དེང་གང་གིས་སླར་ཡང་འཚོ་བའི་


DTG167_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཐོང་ཞིང་གཞོན་ནུ་གསེར་མདོག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་འགྱུར་བ་དེ་ལྟ་བུའི་ཆད་པ་གཅད་པར་བྱའོ། །བུ་མོ་ཀ་ཤི་མཛེས་དགའ་མོས་དེ་ཐོས་པ་དང༌། ཕན་ཚུན་དྲུད་པའི་སྡུག་བསྔལ་ལ་མ་བསམས་པར་མཆི་མས་བརྣངས་བཞིན་སྐད་འདར་བཞིན་དུ་ཀྱི་ཧུད་ད་ནི་འཚོ་བར་མི་འགྱུར་རོ་སྙམ་ནས་ལུས་འདར་བཞིན་དུ་བློན་པོ་རབ་གཏུམ་གྱི་རྐང་པ་གཉིས་ལ་གཏུགས་ཏེ། སྙིང་རྗེ་རྗེ་སྐད་དུ་གཅོམ་ཆུང་ངུས་ཚིག་རེ་རེ་ནས་སྨྲས་པ། རྗེའི་སྲས་བཟོད་པར་མཛོད་ཅིག །བདག་ནི་གསད་པར་འོས་པ་མ་ལགས་ཏེ། བུད་མེད་ཀྱི་ཡུལ་ནི་རྟག་ཏུ་སྐྱོན་དང་བཅས་པ་ལགས་ཀྱིས་དེང་ནས་བརྩམས་ནས་སླན་ཆད་འདིར་ཅི་ཡང་མི་བགྱིད་ཀྱི། ཇི་སྲིད་འཚོའི་བར་དུ་ཁྱེད་ཀྱི་འབངས་མོ་བགྱིད་ཀྱིས་མ་བརྟགས་པ་འདི་མ་མཛད་པར་སྲོག་སྩོལ་ཅིག །རང་བཞིན་ངན་པ་དེ་དེ་ལྟ་བུའི་སྙིང་རྗེ་རྗེ་སྐད་དུ་གཅོམ་ཆུང་དུས་ཚིག་རེ་རེ་ནས་སྨྲས་ཀྱང་ཁྲོ་བའི་མེ་འཕེལ་བ་ཉིད་དོ། །དེ་ནས་དེའི་གྲོགས་པོའི་སྐྱེས་བུ་ལ་སྨྲས་པ། རལ་གྲི་འདིས་འདིའི་མགོ་དྲུངས་ནས་མྱུར་དུ་ཆོད་ལ་སལ་ལྟུང་བར་གྱིས་ཤིག་ཅེས་སྨྲས་པ་དང༌། དེ་ནས་སྐྱེས་བུ་དེས་བདག་ཉིད་ངན་པ་དེའི་རིགས་པ་དང་མི་ལྡན་པའི་ཚིག་ངན་པ་ཐོས་པ་དང་འདར་བར་གྱུར་ཅིང་བསམས་པ། ཀྱེ་མའོ་སྙིང་རྗེ་མེད་པ། བུད་མེད་འདི་ནི་འདིས་རྣམ་པ་དུ་མང་རྗེས་སུ་ལོངས་སྤྱོད་ན་དེ་ཇི་ལྟར་ཉེས་པ་ཆུང་ངུའི་ཕྱིར་གསོད་པར་འདོད། ཀྱེ་མའོ་ང་ཡང་འཚོ་བའི་འཇིགས་པ་དང་སྐྲག་པས་སྐྱེས་བུ་ཐ་མ་སྦྲུལ་གྱི་དུག་དང་མཚུངས་པའི་གན་དུ་གནས་པར་བྱེད། ང་ནི་རྣམ་པ་ཐམས་ཅད་དུ་ཉམ་ང་བ་ཆེན་པོར་ཞུགས་སོ། །འདི་ཇི་ལྟར་བསྒྲུབ་པར་བྱ། ཡང་ན་གསལ་བར་སྨྲ་བར་བྱའི། །གལ་ཏེ་གསལ་བར་སྨྲས་ན་སྡིག་པ་དང་ཆོས་མ་ཡིན་པ་ལས་ལྡོག་ཀྱང་སྲིད་དོ་སྙམ་ནས་ཀུན་དུ་སྐྱོ་བ་དང༌། དེ་ལ་བུད་མེད་དེ་ཤིན་ཏུ་སྙེང་རྗེ་བས་རྒྱུད་ཞི་བར་བྱས་པས་མིག་མཆི་མས་ཁེངས་པ་དང་ཐལ་མོ་སྦྱར་ཏེ། བློན་པོ་རབ་གཏུ་མ་ལ་སྨྲས་པ། ཇོ་བོ་བཟོད་པར་མཛོད་ཅིག །འདི་ལྟ་བུའི་བྱ་བམ་ཡིན་པ་ལ་བདག་སྦྱར་བ་ནི་མི་རིགས་སོ། །བདག་ནི་བརྩེ་བ་མེད་པ་མ་ལགས་ཏེ། གསོད་མ་པ་ཡང་


DTG167_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས་ན་ཇི་ལྟར་ན་བདག་གསོད་མ་རྣམས་ཀྱང་བྱེད་པར་སྤྲོ་བ་མ་ཡིན་པའི་ལས་གང་ཡིན་པ་དེ་ལ་བདག་པོས་བཙུད་དམ། བུད་མེད་འདི་ཡང་ཤིན་ཏུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྒྱུ་རྩལ་ཤེས་པར་གྲགས་པ་རྒྱལ་པོའི་ཁབ་ན་གནས་པ་རྣམས་དང༌། ཕྱོགས་གཞན་ནས་ལྷགས་པའི་སྐྱེ་བོ་མཁས་པ་རྣམས་ཀྱི་སྙིང་དུ་སྡུག་པ། འདི་ནི་མི་རྣམས་ཀྱི་ཐུན་མོང་གི་དགའ་བའི་གནས་སུ་གྱུར་པ་ལགས་ན། བདག་པོ་ཤེས་རབ་དང་ལྡན་ཞིང་མཁས་པའི་མི་རྣམས་རྗེས་སུ་ཆགས་པའི་གནས་འདི་ལ་སྡང་བར་ཇི་ལྟར་བྱེད་འདི་ལྟ་བུའི་འཇིག་རྟེན་གཉི་ག་དང་འགལ་བར་གྱུར་པའི་རྩོལ་བ་འདི་ལ་ལྡོག་པར་མཛོད་ཅིག །བཟོད་པར་མཛོད་ལ་བདག་དང་ཁྱེད་ཀྱང་ཉེས་པར་སྤྱོད་པའི་མེ་འདིས་བསྲེག་པར་འོས་པ་མ་ཡིན་ནོ། །གཙོ་བོ་གཞན་ཡང༌། ཤིན་ཏུ་གཞོན་པའི་ཡན་ལག་འདི། །གཟུགས་དང་ལང་ཚོ་རྣམ་བརྒྱན་པ། །འདི་ནི་མི་ཡི་དགའ་བ་དག །གཟུགས་དང་ལྡན་པ་བཞིན་དུ་ཤེས། །དམན་ཞིང་སྙིང་ནི་རྗེ་རྗེའི་ལྟའི། །སྙན་པའི་ཚིག་ནི་འདི་དག་གིས། །གཙོ་བོ་ཁྱོད་ལ་གསོལ་འདེབས་ན། །བདག་གི་ཡིད་ནི་མགུ་བར་མཛོད། །ཁྱོད་ཚིག་འབར་བར་ཐོས་པས་ན། །དེར་ནི་བདག་ཉིད་འདར་བར་འགྱུར། །གང་ཞིག་འདི་འདྲ་གསོད་གྱུར་པའི། །སྙིང་རྗེ་མེད་པ་སུ་ཞིག་མཆིས། །ཤིན་ཏུ་སྙིང་རྗེ་མེད་པ་ཡི། །ཀླ་ཀློ་འང་འདི་གསོད་མི་སྤྲོ་ན། །གཙོ་བོས་བདག་ཡིད་ཇི་ལྟར་ན། །མི་གསོད་པར་ནི་སྤྲོ་བ་སྐྱེད། །གང་ཞིག་ཕྱུགས་ཀྱིས་མཐོང་ན་ཡང༌། །རྗེས་ཆགས་ཆེན་པོ་སྐྱེ་འགྱུར་བ། །དེ་ལ་གང་ཞིག་མིར་གྱུར་ནས། །མཚོན་གྱིས་འདེབས་པ་བགྱིད་མ་མཆིས། །གཙོ་བོ་ཤིན་ཏུ་མི་བཟད་པའི། །ལས་འདི་མཉན་པ་འང་རིགས་མིན་ན། །སྤྱོད་པར་བགྱིད་པ་སྨོས་ཅི་འཚལ། །དེ་བས་བཟོད་པ་མཛད་པའི་རིགས། །དེ་ནས་སྐྱེས་བུ་རང་བཞིན་ངན་པས་བསམ་པ་ཉམས་པ་དེ་ལ་དེ་ལྟ་བུའི་སྙིང་ལ་བབ་པའི་ཚིག་སྙན་པ་དེས་སྨྲས་སུ་ཟིན་ཀྱང་རང་གི་སེམས་ཞི་བ་མ་རྙེད་པར་གྱུར་ཏེ། དེ་ཁྲོས་ཕས་སྨིན་མ་བསྡུས་ཤིང་བཞིན་མི་སྡུག་པས་དེ་ལ་སྨྲས་པ། ཀྭའི་མི་ཁྱོད་ངའི་ཚིག་ལས་


DTG167_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་བྱས་ཏེ། འདི་ལ་ཁྱོད་རྗེས་སུ་ཆགས་པར་བྱད་ནས་གསོད་པར་མི་འདོད་དམ། རྣམ་པ་ཐམས་ཅད་དུ་ཁྱོད་ཀྱིས་འདི་བསད་པར་གྱུར་ན་ལེགས་ཀྱི་གལ་ཏེ་མ་བསད་ན་དང་ཁྱོད་ཀྱི་སྲོག་མེད་པར་བྱའོ། །དེ་ནས་སྐྱེས་བུ་དེ་དེའི་ཚིག་རྩུབ་མོའི་རྩོམ་པ་ཤེས་ནས་འཇིགས་པས་སེམས་པ་ལ་ཞུགས་པར་གྱུར་ཏེ། ཀྱེ་མའོ་བདག་ནི་ཤིན་ཏུ་ཉམ་ང་བར་གྱུར་ཏེ། གལ་ཏེ་འདིའི་ཚིག་བཞིན་མ་བྱས་ན་ངེས་པར་དེང་བདག་ཉིད་སྲོག་དང་བྲལ་བར་བྱེད་དེ། གང་ཞིག་འདི་ལྟ་བུའི་བུད་མེད་རྣམ་པ་དུ་མར་ཉེ་བར་ལོངས་སྤྱོད་པ་ཡང་གསོད་པར་རྩོམ་ན་དེང་ང་མི་གསོད་པར་ག་ལ་འགྱུར། ཅི་འདི་ལྟ་བུའི་སྐྱེ་བོའི་ཆོགས་ཀྱི་ཡིད་དུ་འོང་བའི་བུད་མེད་ཀྱི་ལུས་ལ་མཚོན་གྱིས་འདེབས་པར་བྱེད་ན། བདག་ཉིད་མིར་ཡང་མི་རུང་གི །རྣམ་པ་ཐམས་ཅད་དུ་རང་གི་སྲོག་དང་བྲལ་བ་ནི་བླའི་འདི་ལྟ་བུ་འདི་ལ་སྣུན་པར་མི་བྱའོ་ཞེས་ངེས་པར་བསམས་ནས་ཡང་དེའི་སླར་སྐྱེས་པ་གང་འདི་རལ་གྲི་ཁྱེར་ལ་འབྲོས་པར་བྱའི། དེས་ནི་ངའི་ལུས་དང་བུ་མོ་ཀ་ཤི་མཛེས་དགའ་མོའི་ལུས་ཀྱང་ཡོངས་སུ་བསྲུངས་པར་འགྱུར་རོ་སྙམ་ནས་རལ་གྲི་ཐོགས་ནས་སྐྱེད་མོས་ཚལ་ནས་བྱུང་ནས་བང་ཐམས་ཅད་གཏུགས་པ་དང་བྲོས་པར་གྱུར་ཏོ། །བློན་པོ་རབ་གཏུམ་གྱིས་ཀྱང་དེའི་རྗེས་བཞིན་སྒོའི་ཕྱི་རོལ་གྱི་བར་དུ་བསྙེགས་སོ། །དེ་ནས་བུ་མོ་ཀ་ཤི་མཛེས་དགའ་མོ་བདག་ཉིད་སྲོག་སྟོར་བ་སླར་རྙེད་པ་ཙམ་དུ་སེམས་ཤིང་རིངས་པ་རིངས་པར་བྲོས་ཏེ་ར་བའི་རྩར་ཕྱིན་པ་དང༌། ར་བ་དེ་ཡང་མཐོ་བས་བརྒལ་བར་མ་ནུས་པ་ན་བློན་པོ་རབ་གཏུམ་སླར་ལག་ནས་ཇི་སྲིད་ཕྱོགས་དེ་ན་བུ་མོ་ཀ་ཤི་མཛེས་དགའ་མོ་མ་མཐོང་ནས་ཕན་ཚུན་ཀུན་དུ་བལྟས་པར་བརྩམས་པ་དང༌། ཅི་ཙམ་ན་ར་བའི་རྩར་ཕྱིན་པ་མཐོང་ནས་རིངས་པ་རིངས་པར་དེའི་གན་དུ་འགྲོ་བར་བརྩམས་སོ། །དེ་ན་ཡང་སྦྲུལ་ནག་པོ་ཞིག་གནས་ཏེ། དེས་བུ་མོའི་རྐང་པ་གཡས་པ་ནས་བཟུང་བ་དང་དེས་དེ་མཐོང་ནས་བྲོས་སོ། །བུ་མོ་ཀ་ཤི་མཛེས་དགའ་མོས་བསམས་པ། བློན་པོ་རབ་གཏུམ་འདི་འོངས་ནས་གསོད་པར་འགྱུར་རོ་སྙམ་པ་དེར་གཏོད་པའི་ཡིད་དང་འཆི་བའི་འཇིགས་པས་སྦྲུལ་ནག་པོས་ཟིན་པར་མ་ཤེས་ནས་ཨ་ཏི་མུག་ཏིའི་ཚང་ཚིང་དུ་ཞུགས་པ་དང༌།


DTG167_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་རབ་གཏུམ་ཡང་ཨ་ཏི་མུག་ཏིའི་ཡལ་གའི་ཚང་ཚིང་དུ་ཕྱིན་ཏོ། །དེ་ནས་རང་བཞིན་ངན་པ་སྙིང་རྗེ་མེད་པའི་སེམས་ཀྱིས་ཞེ་སྡང་དྲག་པོས་ཀུན་དུ་འཁྲུགས་པའི་ཡིད་ཀྱིས་བུ་མོ་ཀ་ཤི་མཛེས་དགའ་མོ་ཨ་ཏི་མུག་ཏིའི་ཡལ་གའི་ཚང་ཚིང་ནས་དྲངས་ཏེ། དེའི་མགོ་ལ་རྐང་པའི་རྟིང་པ་དང་རྡོག་པས་བསྣུན་ཏོ། །བུད་མེད་དེ་ནི་ཤིན་ཏུ་གཞན་ཤ་ཅན་ཡིན་པས་རྡོག་པས་བསྣུན་བ་དེ་དང་དུག་གི་ཞུགས་ཀྱིས་བརྒྱལ་བར་གྱུར་ཏོ། །བློན་པོ་རབ་གཏུམ་དེ་ལྟ་བར་བསམས་པ་དང༌། ཅི་ཙམ་ན་སེམས་མེད་པར་ས་ལ་འགྱེལ་བར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ་འདི་ནི་ཤི་ཟིན་གྱིས་ད་ནི་འགྲོ་བར་བྱས་ཏེ། འགའ་ཞིག་གིས་མཐོང་ན་མི་རུང་ངོ་སྙམ་ནས་ར་བ་རྒལ་ཏེ་ལམ་གཞན་ནས་རྒྱལ་པོའི་ཁབ་ཏུ་ཞུགས་སོ། །དེར་ཕྱིན་ནས་རྒྱལ་པོའི་སྐྱེས་བུ་གཞན་དག་ཅིག་ལ་སྨྲས་པ། ཤེས་ལྡན་དག་སོང་ལ་དེད་དཔོན་ཉི་མའི་སྐྱེད་མོས་ཚལ་ལྟོས་ཤིག །དེ་ཡང་ཆས་སོ། །གཞོན་ནུ་གསེར་མདོག་ཀྱང་རྒྱལ་པོའི་ཁབ་ནས་བྱུང་སྟེ་སྐྱེད་མོས་ཚལ་དེར་ཕྱིན་པ་དང༌། ཇི་སྲིད་ཅིག་ན་བུ་མོ་ཀ་ཤི་མཛེས་དགའ་མོ་ཕན་ཚུན་དུ་བཤལ་ཞིང་དྲུད་པ་དང༌། སྐྲ་གྲོལ་ལ་སེམས་མེད་པར་ས་ལ་འགྱེལ་བར་མཐོང་བ་དང༌། དེ་སྐྱོ་བ་ཆེན་པོ་སྐྱེས་པར་གྱུར་ནས་དེས་བསམས་པ་ནི་རང་བཞིན་ངན་པ་སྙིང་རྗེ་མེད་པའི་སེམས་འཇིག་རྟེན་ཕ་རོལ་སྤངས་པ་ཤ་ཁོན་དང་བཅས་པ་སུ་ཞིག་གིས་འདིར་ཁྱེར་ཏེ་འོངས་ནས་བསད་པར་གྱུར། ཀྱི་ཧུད་ངན་ཅིང་སྡུག་བསྔལ་ཏེ། འདི་ལྟ་བུའི་བུད་མེད་བརྩེ་བ་མེད་པས་གསོད་པའི་སེམས་ཅན་སུ་ཞིག་བྱུང་སྙམ་ནས་སྐྱེད་མོས་ཚལ་དེ་ཐམས་ཅད་དུ་བལྟས་ནས་སུ་ཡང་མ་མཐོང་བ་དང༌། དེ་འདི་སྙམ་དུ་སེམས་ཏེ། བུད་མེད་འདི་ནི་ཀུན་གྱིས་ཤེས་པ་ཡིན་ལ། འདི་སྐྱེད་མོས་ཚལ་འདིར་བསད་ནས་འདིར་སུ་ཡང་མི་སྣང་བ་ནི་རྣམ་པ་ཐམས་ཅད་དུ་འགའ་ཞིག་གིས་རང་གི་རང་བཞིན་ངན་པ་སྦས་ནས་གྲགས་པ་མ་ཡིན་པའི་སེར་བ་ངའི་མགོར་དབབ་པའི་ཕྱིར་དེས་འདིར་མངོན་དུ་ཕྱུང་ངོ་སྙམ་ནས་དེ་དེ་ལྟར་མི་དགའ་བཞིན་དུ་ལག་པ་འགྲམ་པ་ལ་གཏད་དེ་ཤིན་ཏུ་སེམས་པ་ལ་ཞུགས་ཤིང་འདུག་པ་དང༌།


DTG167_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་སྐྱེས་བུ་དེ་རྣམས་ཀྱང་ཕྱིན་ནས་དེར་ཞུགས་ཏེ། སྐྱེད་མོས་ཚལ་དེ་བལྟ་བར་བརྩམས་པ་དང༌། ཇི་ཙམ་དུ་བུ་མོ་ཀ་ཤི་མཛེས་དགའ་མོ་ཕན་ཚུན་བཤལ་ནས་དྲུད་པ་དང༌། སྐྲ་གྲོལ་ཞིང་ས་ལ་དྲུད་པ་དང་འགྱེལ་བ་མཐོང་བ་དང༌། གཞོན་ནུ་གསེར་མདོག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་ཀྱིས་དེ་སུས་ཀྱང་ངེས་པ་མ་རྙེད་ཅིང་བརྒྱལ་བ་ཡིན་ནམ། འོན་ཏེ་དུས་བྱས་པ་ཡིན་པར་ཤེས་པར་ཡང་མ་གྱུར་ཏོ། །དེ་ནས་རྒྱལ་པོའི་སྐྱེས་བུ་དེ་དག་ཕན་ཚུན་དུ་སྨྲས་པ། ཤེས་ལྡན་དག་བུད་མེད་འདི་ནི་འགའ་ཞིག་གིས་བསད་དོ་ཞེས་ཏེ། དེ་རྣམས་ཀྱིས་སྐྱེད་མོས་ཚལ་ཀུན་དུ་བལྟས་ནས་གཞོན་ནུ་གསེར་མདོག་མ་གཏོགས་པ་སུ་ཡང་མཐོང་བར་མ་གྱུར་པ་དང༌། དེ་རྣམས་ཀྱིས་གསེར་མདོག་ལ་དྲིས་པ། གཞོན་ནུ་བུད་མེད་འདི་སུས་བསད། དེས་སྨྲས་པ། ཤེས་ལྡན་དག་ངས་ཀྱང་མི་ཤེས་ཏེ། འདི་ཁོ་བོས་ཀྱང་འདི་ཁོ་ན་ལྟར་མཐོང་ངོ༌། །དེ་ནས་རྒྱལ་པོའི་སྐྱེས་བུ་དེ་དག་ཕན་ཚུན་སྨྲ་བར་རྩོམ་པ། ཤེས་ལྡན་དག་གཞོན་ནུ་འདི་ནི་ཤིན་ཏུ་དུལ་བ་ཡིན་པས་འདི་ནི་ལས་འདི་བྱེད་པར་མི་སྲིད་པ། འདིར་གཞན་སུ་ཡང་མ་མཐོང་བས་ཡུ་བུ་ཅག་ནི་རྣམ་པ་ཐམས་ཅད་དུ་ཤིན་ཏུ་ཉམ་ང་བཞུགས་ལ་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་ལ་གཅིག་གིས་སྨྲས་པ། ཤེས་ལྡན་དག་ཡུ་བུ་ཅག་གིས་འདི་ཡོངས་སུ་གཅོད་ནུས་པ་མ་ཡིན་གྱི། བུད་མེད་འདི་དག་གཞོན་ནུ་ཞལ་མཆུའི་གནས་སུ་ཁྱེར་ན་དེར་བློན་པོ་རྣམས་ཀྱི་ས་ཡོངས་སུ་གཅོད་པར་འགྱུར་རོ། །དེ་ནས་རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་བུད་མེད་དེ་ཁྱོགས་ལ་བཏེག་པ་དང༌། གཞོན་ནུ་གསེར་མདོག་ཀྱང་ཁྱེར་ཏེ། ཞལ་མཆུའི་གནས་སུ་སོང་ངོ༌། །ཞལ་མཆུའི་གནས་དེ་ན་ཡང་བློན་པོ་རབ་གཏུམ་རྗེས་སུ་མཐུན་པའི་ལས་བྱེད་པ་རྣམས་དང་ལྷན་ཅིག་འདུག་པར་གྱུར་ཅིང་འདུག་པར་གྱུར་པ་དང༌། རྒྱལ་པོའི་སྐྱེས་བུ་དེ་རྣམས་འོང་བ་དེས་རིང་པོ་ཉིད་ནས་མཐོང་ནས་དྲིས་པ། ཤེས་ལྡན་དག་འདི་ཅི་ཞིག་ཡིན། བུད་མེད་འདི་བདག་ཅག་རྣམས་ཀྱིས་དེད་དཔོན་ཉི་མའི་སྐྱེད་མོས་ཚལ་དུ་དུས་བྱས་པ་མཐོང་ལགས་ཏེ། སྐྱེད་མོས་ཚལ་དེར་བདག་ཅག་རྣམས་ཀྱིས་བལྟས་ན་གཞོན་ནུ་གསེར་མདོག་མ་གཏོགས་པ་སུ་


DTG167_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་མཐོང་ནས་འདི་ཉིད་ལ་བདག་ཅག་གིས་གཞོན་ནུ་བུད་མེད་འདི་སུ་ཞིག་གིས་བསད་ཅེས་དྲིས་པ། ཤེས་ལྡན་དག་ངས་ཀྱང་མི་ཤེས་ཏེ། ཁོ་བོས་ཀྱང་འདི་ཁོ་ན་ལྟར་མཐོང་ངོ་ཞེས་གླེང་ན་ད་ནི་གཙོ་བོ་ཁྱེད་རྣམས་ཀྱིས་རྣམ་པར་དཔྱོད་ཅིག །བློན་པོ་རབ་གཏུམ་གྱིས་སྨྲས་པ། ཁྱེད་རྣམས་འདིར་ཡུད་ཙམ་ཅིག་སྡོད་ཅིག །ངས་རྒྱལ་པོ་ལ་ཞུ་བར་བྱའོ་ཞེས་སྨྲས་ནས། དེས་རྒྱལ་པོ་མ་སྐྱེས་དགྲའི་ཕོ་བྲང་དུ་སོང་སྟེ། སྒོ་སྲུངས་ཀྱི་སྐྱེས་བུ་ལ་དྲིས་པ། ཀྱེ་སྐྱེས་བུ་ལྷ་ཅི་ཞིག་མཛད། དེར་སྨྲས་པ། སྟེང་གི་ཁང་བཟངས་ཀྱི་གཞི་ན་སྐྱེས་པ་མེད་པར་བུད་མེད་ཀྱི་རོལ་མོས་རྩེ་བར་མཛད་དགའ་བར་མཛད་དགའ་མགུར་སྤྱད་པར་མཛད་དོ། །དེས་སྐབས་རྙེད་པས་སྒོ་དཔོན་མོ་ཆེན་པོ་ཞིག་ལ་སྨྲས་པ། སོང་ལ་ལྷ་ལ་བློན་པོ་རྣམས་ཀྱིས་ཞུ་བ་འདི་སྐད་ཞུས་ཤིག །དེད་དཔོན་ཉི་མའི་བུས་བསྐྱེད་མོས་ཚལ་དུ་བུ་མོ་ཀ་ཤི་མཛེས་དགའ་མོ་བཀུམ་ལ་དེ་ཡང་གཡར་གྱིས་འཆེས་པར་མི་བགྱིད་ན། འདི་ལ་བདག་ཅག་རྣམས་ཀྱིས་ཅི་ལྟར་བསྒྲུབ་པར་བགྱི། དེ་སོང་སྟེ་རྒྱལ་པོ་ལ་ཞུས་པ། རྒྱལ་པོ་དགའ་བའི་རོལ་མོ་དེ་ལ་ཤིན་ཏུ་ཆགས་ནས་སྨྲས་པ། སོང་ལ་བློན་པོ་ལ་ཁྱེད་རྣམས་ཉིད་ཀྱིས་ལེགས་པར་དཔྱོད་ཅིག་ཅེས་སྨྲས་སོ། །དེ་ཕྱིར་བྱུང་སྟེ། བློན་པོ་རབ་གཏུམ་ལྷས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྨྲས་སོ། །དེ་ནས་བློན་པོ་རབ་གཏུམ་ཞལ་ཆེའི་གནས་སུ་འོངས་ནས་རྒྱལ་པོའི་སྐྱེས་བུ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་སོང་ལ་གསོད་མ་པ་རྣམས་སྦྲོན་ཅིག །དེ་རྣམས་ཀྱིས་ཀྱང་སྦྲན་པ་དང་བློན་པོ་རབ་གཏུམ་གྱིས་གསོད་མ་བ་རྣམས་ལ་སྨྲས་པ། གཞོན་ནུ་འདིས་བུ་མོ་ཀ་ཤི་མཛེས་དགའ་མོ་འདི་བསད་ཀྱི་ཁྱེད་རྣམས་སོང་ལ་ངན་པར་སྤྱོད་པ་འདི་རྒྱ་བ་ལག་དམ་པོར་ཆིངས་ལ་སྒྲ་རྩུབ་པའི་རྔ་བརྡུངས་ཤིང་ལམ་པོ་ཆེ་དང༌། ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོ་རྣམས་སུ་བསྒྲགས་པའི་སྒོར་བསྒྲགས་ལ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་སྟེ། དུར་ཁྲོད་ཆེན་པོར་ཁྱེར་ལ་གསལ་ཤིང་ལ་སྐྱོན་ཅིག །ཤི་བ་དང་བུ་མོ་ཀ་ཤི་མཛེས་དགའ་མོ་དང་ལྷན་ཅིག་རོ་བསྲེགས་པའི་


DTG167_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཅིག་ན་ཞོག་ལ་སྲེགས་ཤིག །དེ་ནས་གསོད་མ་པ་རྣམས་ཀྱིས་གཞོན་ནུ་གསེར་མདོག་ཤིན་ཏུ་གཟུགས་བཟང་བ་གསེར་བཙོ་མའི་རིའི་རྩེ་མོ་ལྟ་བུར་དཔལ་གྱིས་འབར་བ་ལ་བལྟས་ཏེ་ཀུན་དུ་ཡི་མུག་པར་གྱུར་ནས་ཕན་ཚུན་སྨྲས་པ། ཤེས་ལྡན་དག་ཇི་ལྟར་ཡུ་བུ་ཅག་གསོད་མ་པ་ཡིན་ཡང་སྐྱེས་བུ་མཐོང་བར་དཀའ་བ་ཁྱད་པར་ཅན་འདི་ལྟ་བུ་ཇི་ལྟར་གསད་པར་བྱ། རྣམ་པ་ཐམས་ཅད་ཡུ་བུ་ཅག་ཉིད་རང་གི་སྲོག་དོར་བ་ནི་བླའི་འདི་ལྟ་བུ་གསད་པར་ནི་མི་བྱའོ། །བློན་པོ་རབ་གཏུམ་གྱིས་ཕན་ཚུན་གཅིག་ལ་གཅིག་སྨྲ་བར་བྱེད་པ་དེ་མཐོང་བ་དང་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅི་སྟེ་འདུག་འདི་མྱུར་དུ་ཁྱེར་ཅིག་དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། བདག་པོ་བཟོད་པར་མཛོད་ཅིག །ཇི་ལྟར་བདག་ཅག་གསོད་མ་པ་རྣམས་ལགས་ཀྱང་འདི་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་སྐྱེ་བ་མང་པོའི་ཡིད་དུ་འོང་བ་གསོད་པར་རྔོ་མི་ཐོགས་སོ། །བློན་པོ་རབ་གཏུམ་ཤིན་ཏུ་འཁྲུགས་ནས་གལ་ཏེ་ཁྱེད་རྣམས་ཀྱིས་འདི་མ་བསད་ན་དེང་ཁྱེད་རྣམས་ཉིད་བུ་དང་ནང་མི་དང་གཉེན་འདུན་དང་བཅས་པ་རྣམས་ཀྱི་སྲོག་མེད་པར་བྱའོ་ཞེས་སྨྲས་པ་དང༌། དེ་རྣམ་སྐྲག་པས་ཕན་ཚུན་སྨྲས་པ། ཤེས་ལྡན་དག་བློན་པོ་འདིའི་རྩོམ་པ་ན་རིགས་པ་དང་མི་ལྡན་པ་སྟེ། གང་འདི་གཞོན་ནུ་གསེར་མདོག་འདི་ལྟར་མཐོང་བར་དཀའ་བ་སྐྱེས་བུ་ཁྱད་པར་ཅན་ཡོངས་སུ་སྤོང་བར་བརྩོན་ན་དེ་ཡུ་བུ་ཅག་རྣམས་ཀྱི་བུ་དང་ཆུང་མ་དང་གཉེན་འདུན་དང་བཅས་པ་གསོད་པར་ཅི་སྟེ་མི་བྱེད་དེ། །འདི་ལྟ་བུ་ཤིན་ཏུ་ཉམ་པ་བར་ཞུགས་ན། འདི་ལ་ཇི་ལྟ་བུར་བསྒྲུབ་པར་བྱ། ཡང་དེ་རྣམས་འཆི་བས་འཇིག་སྐྲག་པས་བློ་སྐྱེས་པ། གཞོན་ནུ་འདི་སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཡིན་འདི་རེ་ཞིག་ལམ་པོ་ཆེར་དགྱེར་གྱི་སྐྱེ་བོ་མང་པོའི་ཚོགས་གང་ཡིན་པ་འདི་ཐར་བར་བྱེད་པའི་གནས་ནི་ཡོད་དོ། །འདི་གསོད་པ་ལ་བཏང་སྙོམས་སུ་འཇོག་པ་སུ་ཞིག་གིས་ནུས་སྙམ་ནས་དེ་རྣམས་དེའི་གན་དུ་སོང་ནས་འདི་རྒྱབ་ལག་བཅིང་ངོ་སྙམ་པ་དང༌། དེའི་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོར་མཛེས་པ་མཐོང་བ་དང་རེག་པར་མ་ནུས་སོ། །


DTG167_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡན་ལག་དང་ཉིང་ལག་འདར་ཞིང་མཆི་མ་འཛག་ལ་སྐད་འཛེར་བཞིན་དུ་སྨྲེ་སྔགས་འདོན་པར་རྩོམ་པ། ཀྱི་ཧུད་འདི་ལྟ་བུའི་སྡིག་པ་བྱད་དུ་བཅུག་པ་བདག་ཅག་ནི་ཤིན་ཏུ་སྡུག་བསྔལ་ཏེ། སུ་ཞིག་གིས་འདི་ལྟ་བུའི་བྱ་བ་མ་ཡིན་པ་ལ་སྦྱར་བར་འགྱུར། དེ་ནས་བློན་པོ་རབ་གཏུམ་གྱིས་ཤིན་ཏུ་རྩུབ་པ་དང་བཅས་པའི་ལུང་ཡང་བསྒོ་བ། ཁྱེད་རྣམས་ཅི་ལ་འགོར་དེ་ནས་དེ་རྣམས་སྐྲག་ཅིང་ཀུན་དུ་བྲེད་པར་གྱུར་པས་དེ་རྣམས་མཆི་མས་མིག་ཁེངས་ཤིང་འདར་བཞིན་དུ་དེ་བཟུང་སྟེ། གསེར་གྱི་མདོག་ཅན་གྱི་གོས་སེར་པོ་དེ་ཉིད་ཀྱིས་རྒྱབ་ལག་ཏུ་བཅིངས་སོ། །རྒྱབ་ལག་ཏུ་བཅིང་བས་བཅིངས་པ་དེ་མཐོང་བ་དང༌། བློན་པོ་རབ་གཏུམ་མ་གཏོགས་པའི་ཞལ་ཆེའི་གནས་སུ་ཚོགས་པའི་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་དེ་དང་བྲལ་བའི་གདུང་བས་སེམས་ཀྱི་རྒྱུད་ཞུ་བར་གྱུར་ནས་མཆི་མ་ཀློག་པར་གྱུར་ཏེ། ཀྱི་ཧུད་ད་ནི་མཐོང་བར་དཀའ་བའི་གཞོན་ནུ་འདི་ལྟ་བུ་མེད་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་གསོད་མ་པ་རྣམས་ཀྱིས་དེ་ལམ་པོ་ཆེར་བཏེག་པ་དང༌། དེ་ནས་བར་སྐབས་དེར་ཅ་ཅོའི་སྒྲ་བྱུང་བ་དང༌། ཅ་ཅོའི་སྒྲ་དེ་ཐོས་པས་རྒྱལ་པོའི་ཁབ་ན་གནས་པ་དང༌། ཕྱོགས་སྣ་ཚོགས་པ་ནས་ལྷགས་པའི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། སྐྱེ་བོའི་ཚོགས་རྣམས་འདུས་པར་གྱུར་པ་དང༌། གཞོན་ནུ་གསེར་མདོག་རྒྱབ་ལག་ཏུ་བཅིང་བ་དམ་པོས་བཅིངས་པ་བལྟས་ཏེ། ཐམས་ཅད་སྐྱོ་བའི་ཡིད་ཀྱིས་རྟབས་བག་དང་བཅས་པར་འདྲི་བར་རྩོམ་པ། ཤེས་ལྡན་དག་འདི་ཅི་ཞིག་ཡིན། དེ་ནས་གསོད་མ་པ་དེ་རྣམས་མཆི་མ་ཤིན་ཏུ་འཛག་ཅིང་སྐད་འཛེར་བཞིན་དུ་སྨྲེ་ཞིང་སྨྲས་པ། གཞོན་ནུ་འདིས་བུ་མོ་ཀ་ཤི་མཛེས་དགའ་མོ་བསད་དོ་ཞེས་གྲག་ནས་བསད་པའི་ཕྱིར་ཡོངས་སུ་སྤངས་ཏེ། ལམ་པོ་ཆེ་དང༌། ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོ་རྣམས་སུ་བསྒྲགས་པའི་སྒོར་བསྒྲགས་ནས་འདི་དུར་ཁྲོད་ཆེན་པོར་ཁྱེར་ཏེ་རིང་པོ་མི་ཐོགས་པར་གསོད་པ་ཡིན་ནོ། །དེ་ཐོས་པ་དང༌། སྐྱེ་བོའི་ཚོགས་ཆེན་པོ་དེ་དག་དེ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པས་སྒྲ་གཅིག་


DTG167_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསང་མཐོན་པོས་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་ཀྱི་ཧུད་ཇི་ལྟར་གཞོན་ནུ་འདི་འདི་ལྟར་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་འབྱེས་པ་དང་ལྡན་པ། གསེར་བཙོ་མ་ལྟ་བུའི་ཁ་དོག་རྒྱས་པ་དང་ལྡན་པ། སྐྱེ་བོ་ཐམས་ཅད་ཀྱི་མིག་དང་ཡིད་འཕྲོག་པ། མཁས་པ། དུལ་བ། དེས་པ། སྒྲིན་པ། སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་རྣམས་ལ་མཉེས་གཤིན་པ་གསོད་ན་ཅི་སྟེ་དམ་པ་རྣམས་ནུབ་པར་གྱུར་ཏམ། ཅིའི་ཕྱིར་ཆོས་ནུབ་པར་གྱུར་ཏམ། ཅིའི་ཕྱིར་ཆོས་མ་ཡིན་པའི་ས་འབྱོར་པར་གྱུར་ཅིང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གནས་པར་གྱུར་ཏམ། ཀྱི་ཧུད་སྡུག་བསྔལ་ལོ། །འདི་ཡི་གཟུགས་དང་མདོག་མདངས་དང༌། །ཕུན་ཚོགས་རྒྱན་གྱི་མཆོག་རྣམས་ནི། །མཐོང་ཞིང་མཐོང་ཞིང་བདག་ཅག་རྣམས། །སྔོན་ཆད་མཆོག་ཏུ་དགའ་བར་གྱུར། །ད་ལྟར་དེ་ཉིད་གསོད་མ་པའི། །སྐྱེས་བུས་ཟིན་པ་མཐོང་བས་ན། །མྱ་ངན་དྲག་པོས་ཟིལ་མནན་པས། །བདག་ཅག་སྙིང་ནི་གས་སྙམ་བྱེད། །ཡིད་དང་མིག་ནི་འཕྲོག་བྱེད་ཅིང༌། །སྐྱེ་བོ་མང་པོའི་ཡིད་འོང་གང༌། །དེ་ལ་ཅི་ཕྱིར་རྒྱལ་པོ་ཡི། །ཆད་པ་དག་ནི་འབེབས་པར་འགྱུར། །རྟག་ཏུ་བལྟས་པར་གྱུར་ཀྱང་ནི། །ལུས་ཅན་ངོམས་པར་མི་འགྱུར་བ། །སྙིང་རྗེ་སྤངས་པའི་བློན་པོ་ཡིས། །གསོད་པའི་ཕྱིར་ནི་ཅི་ཡི་ཕྱིར། །གང་ཞིག་ཐུབ་པ་ལྟ་བུ་ཡི། །ཀུན་སྤྱོད་དུལ་བར་ལྡན་གྲགས་པའི། །དེ་ལ་ཉེས་པ་འདི་འདྲ་བ། །འབྱུང་བར་འགྱུར་བ་ག་ལ་སྲིད། །འདི་ལྟར་ཡོན་ཏན་ཅན་འདི་དང༌། །འབྲལ་བ་འདིར་ནི་ཉེར་གནས་པ། །ཀྱེ་མ་ཆོས་མིན་མེལ་ཙེ་བྱེད། །ཆོས་ནི་ཤིའམ་གཉིད་ལོག་གྱུར། །དེ་ལ་བུད་མེད་རྣམས་ཤིན་ཏུ་དགའ་བ་ཡིན་པས་དེར་བུད་མེད་ལ་ལ་ནི་དེ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པས་ས་ལ་འགྲེ་ལྡོག་པར་བྱེད་དོ། །ལ་ལ་ནི་བྲང་རྡུང་ངོ༌། །ལ་ལ་ནི་དྲན་བ་སྟོར་བར་གྱུར་ཏེ། དེ་རེ་རེ་ཞིང་བུ་གཅིག་པ་དང་བྲལ་བ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ནི་སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཡིན་པས་རྒྱལ་པོའི་ཁབ་ཀྱི་གྲོང་


DTG167_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་ཆེན་པོ་དེ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པས་ཆོ་ངེ་འདེབས་པ་ལ་ཞུགས་པའི་ཕྱིར། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཤིན་ཏུ་འཁྲུགས་པར་ཤེས་ཤིང་དེ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་བས་གཡོ་བར་གྱུར་ཏོ། །དེད་དཔོན་ཉི་མའི་ཁྱིམ་ནས་བུ་མོ་གཅིག་ལམ་པོ་ཆེ་དེར་སོང་བ་དང༌། དེས་ཇི་ལྟར་གྱུར་བ་དེ་ཐོས་པ་དང༌། དེ་བྲང་བརྡུངས་སྨྲེ་སྔགས་འདོན་ཏེ། རིངས་པ་རིངས་པར་ཁྱིམ་དུ་སོང་ནས་གཞོན་ནུ་གསེར་མདོག་གི་མ་གང་ན་བ་ངེར་སོང་སྟེ་ཕྱིན་པ་དང༌། དེའི་མདུན་དུ་བདག་ཉིད་འགྱེལ་ཏོ། །དེ་ནས་གཞོན་ནུ་གསེར་མདོག་གི་མས་རྟབས་བག་གིས་དྲིས་པ། བུ་མོ་ཅི་ཞིག་ཡིན་སྨྲོས་ཤིག །དེ་གསང་མཐོན་པོས་ཆོ་ངེས་འདེབས་ཤིང་རྗེའི་སྲས་གཞོན་ནུ་གསེར་མདོག་གིས་སྐྱེད་མོས་ཚལ་དུ་བུ་མོ་ཀ་ཤི་མཛེས་དགའ་མོ་བསད་ཅེས་གྲག་གོ་ཞེས་ཟེར་ནས་མ་བརྟགས་པར་རྒྱབ་ལག་བཅིང་བ་དམ་པོས་བཅིང་ནས་གསོད་པའི་ཕྱིར་ཡོངས་སུ་སྤངས་ཏེ། གསོད་མ་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལམ་པོ་ཆེ་དང༌། ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོ་རྣམས་སུ་བསྒྲགས་པའི་སྒོར་བསྒྲགས་ཏེ། དུར་ཁྲོད་ཆེན་པོར་ཁྱེར་ནས་འདི་ཡུན་རིང་པོ་མི་ཐོགས་པར་གསོད་པར་བྱེད་དོ། །དེ་ཐོས་པ་དང་གཞོན་ནུ་གསེར་མདོག་གི་མ་མྱ་ངན་གྲག་པོས་ནོན་ཏེ། བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གཏོར་བས་སླར་དབུགས་ཕྱུང་སྟེ་བསླང་བ་དང༌། ཀྱི་ཧུད་ཀྱི་ཧུད་བུ་ཞེས་ཆོ་ངེས་འདེབས་ལ། སྐྲ་འབལ་ཞིང་བྲང་བརྡུངས་ཏེ། འདར་བཞིན་དུ་ཡང་དང་ཡང་དྲན་པ་སྟོར་བར་གྱུར་པ་དང་གྲོང་ཁྱེར་ནས་བྱུང་སྟེ། ལམ་པོ་ཆེར་ཞུགས་པ་དང༌། དེ་བུ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པས་ཡིད་རྨོངས་པ་དང༌། སྨྲེ་སྔགས་འདོན་ཅིང་རེ་རེ་ནས་དྲིས་པ། ལམ་གང་ནས་གཞོན་ནུ་གསེར་མདོག་ཁྱེར་བར་གྱུར། ཀྱི་ཧུད་བུ་སྡུག་མ་མཐོང་གིས་སྐྱོབས་ཤིག །སྐྱོབས་ཤིག །བུ་སྡུག་ང་ལ་སྟོན་ཅིག་ཅེས་ཟེར་ཞིང་དུ་བཞིན་དུ་ལམ་པོ་ཆེའི་དབུས་སུ་ཆས་པ་དང༌། ཇི་ལྟ་ཇི་ལྟར་དེད་དཔོན་གྱི་ཆུང་མས་གཞོན་ནུ་གསེར་མདོག་མ་མཐོང་བ་དེ་ལྟ་དེ་ལྟར་


DTG167_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མི་བཟད་པའི་སྡུག་བསྔལ་གྱིས་གདུངས་ཏེ་ཆོ་ངེས་འདེབས་ཤིང་རེ་རེའི་རྐང་པ་ལ་གཏུགས་ནས་ཐལ་མོ་སྦྱར་ཏེ། གསོལ་བ་འདེབས་པ་བདག་གི་སྐྱབས་མཛོད་ཅིག །བདག་གི་སྐྱབས་མཛོད་ཅིག །ཇི་སྲིད་གཞོན་ནུ་ལམ་འདི་ནས་འདའ་བར་མ་གྱུར་གྱི་བར་དུ་མྱུར་དུ་སྐབས་དབྱེ་བར་མཛོད་ཅིག །ལམ་འདི་ནས་བདག་གི་བུ་གསེར་མདོག་ཁྱེར་བ་དེ་ཇི་ལྟར་མཐོང་བར་འགྱུར་བ་དེ་ལྟ་བུའི་དྲིན་གྱིས་བདག་ལ་བསྐྱབ་ཏུ་གསོལ། དེ་ཡང་དེ་ན་གོ་སྐབས་མ་ཕྱེད་པས་ཀྱི་ཧུད་བུ་རྙེད་པར་མ་གྱུར་ཅེས་ཟེར་ཞིང་ལུས་ཐམས་ཅད་བདག་ཉིད་ཀྱིས་ས་ལ་བརྡབས་ཏེ། དེ་ན་ཆུ་ནས་བཏོན་པའི་ཉ་བཞིན་དུས་ལ་འགྲེ་ལྡོག་པ་དང༌། བྱ་ཁྲུང་ཁྲུང་ཕྲུ་གུ་སྟོར་བ་ལྟར་སྙིང་རྗེ་རྗེ་སྐད་དུ་ངུ་བ་དང༌། བ་བེའུ་སྟོར་བ་འབུ་སྒྲ་འདོན་པ་བཞིན་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་བུ་སྡུག་ཅིང་ཡིད་དུ་འོང་བ། ཀྱི་ཧུད་བཟོད་པ། ཀྱི་ཧུད་རྗེས་སུ་མཐུན་པ། ཀྱི་ཧུད་ཡིད་ལ་རེ་བ་བརྒྱས་ཐོབ་པ། ཀྱི་ཧུད་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། ཀྱི་ཧུད་ཡན་ལག་ཐམས་ཅད་འབྱེས་པ་དང་ལྡན་པ། ཀྱི་ཧུད་གསེར་བཙོ་མའི་ཁ་དོག་ལྟ་བུ། མདོག་ཤིན་ཏུ་རྒྱས་པ་དང་ལྡན་པ། ཀྱི་ཧུད་སྐྱེ་བེ་ཐམས་ཅད་ཀྱི་མིག་དང་ཡིད་འཕྲོག་པ། ཀྱི་ཧུད་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་བ། ཀྱི་ཧུད་མི་ཀུན་དགའ་བར་བྱེད་པ། ཀྱི་ཧུད་མཁས་པ། དུལ་བ། རྣམ་པར་བྱང་བ། ཡིད་དུ་འོང་བའི་ཚིག་སྨྲ་བ། ཀྱི་ཧུད་སྙིང་རྗེ་ཅན་ཆོས་འདོད་པ། སེམས་ཅན་ལ་མཉེས་གཤིན་པ། ཀྱི་ཧུད་ངའི་རིགས་ཀྱི་སྒྲོན་མ། ཀྱི་ཧུད་ངའི་སྙིང་དུ་སྡུག་པ། ཀྱི་ཧུད་ངའི་སྙིང་ཐམས་ཅད་པ། ཀྱི་ཧུད་ངའི་གཅེས་པ་རྣམས་བསྡུས་པ། ཀྱི་ཧུད་ངའི་མིག་གི་བདུད་རྩི། ཀྱི་ཧུད་ངའི་སྡུག་པའི་འཆིང་བ། ཀྱི་ཧུད་ངའི་རིགས་ཀྱི་ཐམས་ཅད་པ། ཀྱི་ཧུད་ཇི་ལྟར་ན་མ་བརྟགས་པར་མགོན་མེད་པར་གསད་པའི་ཕྱིར་ཁྱེར་བར་གྱུར་ཅེས་སྨྲས་སོ། །སླར་ཡང་ཐལ་མོ་སྦྱར་ཏེ་གྲོང་ཁྱེར་བ་རྣམས་ལ་གསོལ་བ་འདེབས་ཤིང་ཡིད་དུ་འོང་བས་སྨྲས་པ། ཀྱི་ཧུད་དགའ་བྲལ་བཅོམ་བ་བདག །ང་ནི་ད་གོ་ཇི་ལྟར་གནས། །འདི་ནི་རྨིས་པ་འམ་ཡང་ན་མྱོས། །


DTG167_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་སེམས་ནི་འཁྲུགས་གྱུར་ཏམ། །དགེ་བ་བུ་ཡི་མྱ་ངན་ནི། །དྲག་པོ་ཡིས་ནི་གཡེངས་བཞིན་དུ། །དེ་ནི་ཡང་ཡང་སྨྲེ་སྔགས་འདོན། །གྲོང་ཁྱེར་བ་ལ་གསོལ་བ་འདེབས། །མ་དུལ་པའམ་གཟུགས་ངན་པ། །བདག་གི་ཡིད་འོང་མ་ཡིན་པའི། །བདག་གི་བུ་ནི་ཁྱེར་གྱུར་ན། །ཁྱེད་རྣམས་བཏང་སྙོམས་བྱེད་ལ་རབ། །ཡོན་ཏན་ཅན་གྱི་ཕྱོགས་བྱེད་པ། །གལ་ཏེ་བརྩེ་བ་ཡོད་ཅེ་ན། །ཇི་ལྟར་ངས་ནི་བུ་མཐོང་བ། །དེ་ལྟར་གྲོང་ཁྱེར་པ་རྣམས་མཛོད། །དེང་བདག་གིས་ནི་ཙན་དན་སོགས། །བྱུག་པ་རྣམས་ཀྱིས་མ་བྱུགས་ཤིང༌། །གི་ཝང་ཐིག་ལེས་ཡན་ལག་ལ། །མང་དུ་བརྒྱན་པ་མ་བྱས་སོ། །གདུ་བུ་ལ་སོགས་རྒྱན་རྣམས་ཀྱིས། །བདག་གིས་དེང་དེ་མ་བརྒྱན་ཅིང༌། །ཕེབས་པས་ཡོངས་སུ་མ་འཁྱུད་ལ། །འོ་ཡང་མང་དུ་མ་བྱས་སོ། །ང་ལ་བསྐོར་བ་མ་བྱས་ཤིང༌། །འདི་ཡིས་ཕྱག་ཀྱང་མ་བྱས་ན། །ཚམ་ཚོམ་མེད་པར་འདི་ལྟ་བུར། །ང་ཡི་བུ་ནི་ཁྱེར་བར་བྱེད། །དེང་བདག་ཕྱོགས་ཀུན་སྟོང་པ་སྟེ། །བདག་གི་ལུས་འདི་འདར་བ་དང༌། །སྙིང་ཡང་སྲེག་པར་འགྱུར་བ་དང༌། །ཡིད་ནི་ཀུན་དུ་རྨོངས་པར་གྱུར། །བརྩེ་བ་མེད་པའི་གསོད་མ་པས། །རིངས་པ་རིངས་པར་ཁྱེར་གྱུར་པས། །སྙིང་དུ་སྡུག་པའི་བུ་འདི་ནི། །ཀྱི་ཧུད་ཀྱི་ཧུད་སླར་མི་མཐོང༌། །བུ་ཡི་མྱ་ངན་འདི་འདྲ་བས། །རྩྭ་བཞིན་སྙིང་ནི་སྲེག་གྱུར་པ། །བདག་གིས་སྡིག་པ་མི་བཟད་པ། །སྐྱེ་བ་གཞན་དུ་བྱས་པར་ངེས། །བདེན་པ་གང་གིས་བདག་གི་སེམས། །སྡིག་ཅན་དགྲ་ལའང་མ་བསྐྱེད་པའི། བདེན་པ་དེས་ནི་བདག་གི་བུ། །ཕངས་པ་འདི་ལས་ཐར་པར་ཤོག །ཅེས་སྨྲས་སོ། །དེད་དཔོན་ཉི་མ་ཡང་རྒྱ་མཚོ་ཆེན་པོ་ལས་གྲུ་ལེགས་པར་གྲུབ་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏེ། དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཕྱིན་པ་ན་བཀྲ་མི་ཤིས་པའི་ལྟས་མཐོང་སྟེ། དེའི་སྙིང་འདར་བ་དང༌། །ཡན་ལག་རྡུལ་བ་དང༌། །མིག་འགུལ་བ་དང༌། བྱ་རྣམས་དེའི་མདུན་དུ་སྒྲ་དྲག་པོ་སྒྲོགས་པར་རྩོམ་པར་གྱུར་པ་དང༌། དེ་ལྟས་ལ་མཁས་ཤིང་བྱ་སྐད་ལ་མཁས་པས་སེམས་པ་ལ་ཞུགས་པར་གྱུར་ཏེ། འདི་ལྟ་བུའི་ལྟས་ངན་པ་ཀུན་དུ་མཐོང་བ་ལས་ན་གཞོན་ནུ་གསེར་མདོག་དེང་ངས་པར་


DTG167_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཆན་པོས་ཀྱང་གནས་པར་ཡང་ངེས་ལ། དེ་ཡང་མཚན་མ་འདི་དག་ནི་དེ་དང་བྲལ་བར་སྟོན་པ་ཡིན་ནོ། །ཡང་སྨྲས་པ། ཇི་ལྟར་བདག་མིག་འགུལ་པ་དང༌། །ཇི་ལྟར་བྱ་རྣམས་སྒྲ་སྒྲོགས་ནས། །ད་ནི་ངེས་པར་བུ་དང་དེང༌། །བྲལ་བར་ཉེ་བར་གནས་པ་ཡིན།། ཇི་ལྟར་ཡན་ལག་རྡུལ་བ་དང༌། །ང་ཡི་སྙིང་ནི་འདར་བ་ལས། །ངེས་པར་བུ་དང་བྲལ་བ་སྟེ། །མི་བཟད་པ་ནི་ཉེས་བར་གནས། །དེ་འདི་ལྟར་སྡུག་བསྔལ་བརྒྱ་སྟོང་སེམས་ཤིང་ལུས་དང་ཡན་ལག་རྡུལ་ལ་འདར་བས་གོམ་པ་འདོར་མི་ནུས་བཞིན་དུ་ཉམ་ཐག་པས་རྒྱལ་པོའི་ཁབ་ཏུ་ཞུགས་པ་དང༌། ཅི་སྲིད་ཅིག་ན་སྐྱེ་བོའི་ཚོགས་མང་པོ་ང་རོ་འདོན་པའི་སྒྲ་ཐོས་ཏེ། དེ་སྨྲེ་སྔགས་ཀྱི་སྒྲ་དེའི་རྗེས་སུ་འབྲངས་ནས་ལམ་པོ་ཆེར་ཞུགས་པ་དང༌། ཇི་སྲིད་ཅིག་ན་སྐྱེ་པོའི་ཚོགས་མང་པོའི་སྲིན་པོས་གཙེས་པ་བཞིན་དུ་གྲོང་ཁྱེར་ན་སྡུག་བསྔལ་གྱིས་གདུངས་ཤིང་ང་རོ་འདོན་པ་མཐོང་ནས་དེ་མདུན་ནས་འོངས་པའི་སྐྱེས་བུ་གཞན་ཞིག་ལ་དྲིས་པ། ཀྱེ་ནང་རྗེ་འདི་ཅི་ཞིག་ཡིན། དེས་ཀྱང་འདི་ནི་དེད་དཔོན་ཉི་མ་ཡིན་ནོ་སྙམ་དུ་མ་ཤེས་ནས་དེས་སྨྲས་པ། དེད་དཔོན་ཉི་མ་ཞེས་བྱ་བའི་བུ་གཞོན་ནུ་གསེར་མདོག་ཅེས་བྱ་བ་གཟུགས་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡོད་པ་དེས། སྐྱེད་མོས་ཚལ་དུ་བུ་མོ་ཀ་ཤི་མཛེས་དགའ་མོ་བསད་ཅེས་གྲག་གོ་ཞེས་ནས་མ་བརྟགས་པར་གསད་པའི་ཕྱིར་ཡོངས་སུ་སྤངས་ཏེ། ལམ་པོ་ཆེ་དང༌། ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོར་བསྒྲགས་ནས་རིང་པོ་མི་ཐོགས་པ་དུར་ཁྲོད་ཆེན་པོར་ཁྱེར་ཏེ་གསོད་པར་འགྱུར་རོ། །དེ་ཐོས་པ་དང་དེད་དཔོན་ཉི་མ་བུ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་བས་འཕྲལ་དུ་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གཏོར་བས་སླར་དབུགས་ཕྱུང་བ་དང༌། མཆི་མའི་ཆུ་རླབས་ཀྱིས་གདོང་གི་པདྨ་ཁེབས་བཞིན་དུ་ཀུན་དུ་འཁོར་ལ་ད་ལྟ་བཞིན་དུ་ཀྱི་ཧུད་ལམ་གང་ནས་གཞོན་ནུ་གསེར་མདོག་ཁྱེར་བར་གྱུར་ཅེས་ཟེར་ཞིང་ལམ་པོ་ཆེའི་དབུས་སུ་རིངས་པ་རིངས་པར་སོང་བ་དང༌། ཇི་སྲིད་ཅིག་ན་ཆུང་མ་སྐྲ་གྲོལ་བ། །ལག་པ་གཉིས་ཀྱིས་བྲང་བརྡུང་བ། །ཉམ་ཐག་པའི་ང་


DTG167_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང༌། དེ་དང་དེའི་སྨྲེ་སྔགས་འདོན་པ་དང༌། བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་མཐོང་ནས་དེ་ཡང་དྲག་ཅིང་ཉམ་ཐག་པས་སྐད་མཛེར་ཞིང་བརྣངས་བཞིན་དུ་མཆི་མས་མིག་ཁེངས་པ་དང༌། དེའི་གན་དུ་སོང་ངོ༌། །ཆུང་མས་དེ་མཐོང་བ་དང་ཉིས་འགྱུར་བས་ལྷག་པའི་སྡུག་བསྔལ་གྱི་ཟུག་རྔུས་གཟིར་ཏེ། མཆི་མའི་ཆུ་རླབས་ཀྱིས་བཞིན་གྱི་པདྨ་ཁེབས་ཤིང་རྟབས་བག་ཏུ་རིངས་པ་རིངས་པར་ལངས་ཏེ། དེའི་མདུན་དུ་བདག་ཉིད་འགྱེལ་བར་གྱུར་ཏོ། །དེ་ནས་དེད་དཔོན་ཉི་མས་ཉམ་ཐག་པའི་སྐད་ཀྱི་ང་རོས་སྨྲ་ཞིང་འཁྱུད་ནས་བསླང་བ་དང༌། དེ་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དེད་དཔོན་སྐྱབས་མཛོད་ཅིག་སྐྱབས་མཛོད་ཅིག །ང་ལ་བུའི་སློང་སྩོལ་ཅིག །ཡང་སྨྲས་པ། སྐལ་བ་ངན་ཅིང་དགའ་བྲལ་བ། །ད་ལྟར་དབུགས་ནི་དབྱུང་དུ་གསོལ། །བུ་དང་བྲལ་བར་གྱུར་བ་ཡི། །སྡུག་བསྔལ་དྲག་པོས་རྣམ་པར་དུ། །གང་ཞིག་སྐྱེས་ཚེ་བདག་པོ་ཁྱེད། །མཆོག་ཏུ་དགྱེས་པར་གྱུར་པ་ཡི། །ཡིད་དུ་འོང་བའི་བུ་དེ་ཉིད། །དེད་ནི་གསོད་ཕྱིར་ཁྱེར་བར་གྱུར། །དུལ་ཞིང་དེས་ལ་མཁས་པ་དང༌། །བསྟན་བཅོས་ཀུན་ལ་མཁས་གྱུར་ཅིང༌། །གང་ཞིག་གཟུགས་ནི་མཉམ་མེད་པ། །མཁས་པར་གྱུར་བའི་བུ་ཁྱེར་རོ། །ཁྱེད་ཀྱི་རིགས་རྒྱུད་ཆད་གྱུར་ཅིང༌། །རིགས་ཀྱི་མཚམས་སྦྱོར་འཛིན་པ་དང༌། །དཔལ་ལྡན་རིགས་ནི་གསལ་བྱེད་པའི། །ཁྱེད་ཀྱི་སྒྲོན་མ་མེད་པར་གྱུར། །འདི་ནི་སྙིང་གི་ཐམས་ཅད་དེ། །འདི་ནི་དགའ་བའི་འཆིང་བ་ཡིན། །མི་རྣམས་མིག་གི་བདུད་རྩི་འདི། །གཤེད་མ་རྣམས་ཀྱིས་ཁྱེར་བར་གྱུར། །འདི་དག་ཐམས་ཅད་བཅིངས་པ་དང༌། །མིག་ནི་འདི་དག་འགག་པ་སྟེ། །བུ་ཞེས་བཏགས་པའི་སྙིང་གང་ཡིན། །འདི་ནི་བཏོན་ཏེ་ཁྱེར་བར་གྱུར། །བུ་འདི་རབ་ཏུ་ཐར་བའི་ཕྱིར། །འབད་པ་དེ་ནི་མྱུར་དུ་མཛོད། །ནོར་ནི་ཐམས་ཅད་བྱིན་ནས་སུ། །བདག་དང་བུ་ནི་ཐར་བར་མཛོད། །ཁྱོད་ཀྱིས་ལེགས་རྟོགས་འབྱོར་པ་དང༌། །ཁྱེད་ཡིད་བསམ་པ་འགྲུབ་ནས་ནི། །འདི་ལྟར་ཡང་ནི་འཚེ་བ་ཡི། །ཁྱེད་ཀྱི་བུ་ནི་


DTG167_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བགྱི། །དེ་ནས་དེད་དཔོན་ཉི་མ་བུ་དང་བྲལ་བའི་སྡུག་བསྔལ་གྱིས་ཡིད་གདུངས་པར་གྱུར་ཀྱང་བརྟན་པས་སྲན་ཚུགས་པའི་སེམས་དང་ལྡན་པས་ཐལ་མོ་སྦྱར་ཏེ་གྲོང་ཁྱེར་པ་རྣམས་ལ་སྨྲས་པ། ཀྱེ་ཀྱེ་གྲོང་ཁྱེར་བ་རྣམས་ཉོན་ཅིག །ཅི་ལྟར་ན་ང་ལ་འདི་ལྟ་བུའི་སྡུག་བསྔལ་ཉེ་བར་གནས་པ་ལ་ཁྱེད་རྣམས་བཏང་སྙོམས་སུ་བྱེད་པ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་འབྲོག་སྟོང་པ་བཞིན་དུ་གྲོང་ཁྱེར་གྱི་དབུས་སུ་མ་བརྟགས་པར་ཁྱེད་རྣམས་ཀྱིས་མཐོང་བཞིན་དུ་ངའི་གཞོན་ནུ་ཡོན་ཏན་གསལ་བར་སྟོན་པ་ལྟ་བུ་གསོད་པའི་ཕྱིར་ཁྱེར་ན། ཅིའི་ཕྱིར་སེམས་ལས་ཆུང་བས་གནས། །ཅིའི་ཕྱིར་ཉེ་བར་དཔྱད་པའི་ཐབས་མི་སེམས། ཅིའི་ཕྱིར་གཞོན་ནུ་ཐར་པའི་དོན་དུ་བརྩོན་པར་མི་བྱེད། དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་འདི་ལྟ་བུའི་གཞོན་ནུ་ཡོན་ཏན་དང་ལྡན་པ་འདི་ནི་ཁྱེད་གཅིག་པུ་ལ་འདི་ལྟར་སྡུག་བསྔལ་བར་མ་ཟད་ཀྱི། གཞན་དུ་ན་བདག་ཅག་ཐམས་ཅད་ཀྱང་སྡུག་བསྔལ་མོད་ཀྱི། འོན་ཀྱང་གཞོན་ནུ་འདི་ཐར་བར་བྱ་བའི་ཐབས་མ་མཐོང་ནས། གང་འདི་ལྟ་བུའི་ཡི་མུག་པས་གནས་པ་ཡིན་ནོ། །དེད་དཔོན་ཉི་མས་སྨྲས་པ། ཤེས་ལྡན་དག་ཁྱེད་རྣམས་ཀྱིས་ཡོངས་སུ་ཤེས་པ་ཉིད་དེ། གཞོན་ནུ་འདི་ཇི་ལྟ་བུ་ཤིན་ཏུ་སྙིང་རྗེ་བ་དང་ལྡན་པ། བདག་ཉིད་ཆེ་བ། ཆོས་འདོད་པ། སེམས་ཅན་ཐམས་ཅད་ལ་མཉེན་གཤིན་པ་ཡིན་ཏེ། འདིས་འདི་ལྟ་བུ་བྱ་བ་མ་ཡིན་པ་ལ་འཇུག་པ་སེམས་ཀྱིས་ཀྱང་མི་ནུས་ན། ཀུན་དུ་སྤྱོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་གཞོན་ནུ་དེ་སླར་དཔྱད་པའི་དོན་ལ་འབད་པས་རྩོམ་པར་གྱིས་ཤིག །གལ་ཏེ་གཞོན་ནུ་ལེགས་པར་དཔྱད་ན་ངེས་པར་སྡུག་བསྔལ་འདི་ལས་ཐར་བར་འགྱུར་རོ། །ཁྱེད་རྣམས་ཀྱང་དམ་པ་སྐྱེ་བོ་ཐམས་ཅད་ལ་ཐུན་མོང་དུ་གྱུར་པ་ཡིན་པས་ཁྱེད་རྣམས་ཀྱིས་དེ་གསོལ་བ་ལ་ཉེས་པར་ནི་གང་ཡང་མ་མཐོང་སྟེ། གཞན་དུ་ན་བདག་ལ་རྗེས་སུ་བརྩེ་བ་ཁོ་ནར་སྣང་བ་དང༌། དམ་པ་ཉིད་ཀྱིས་ན་ཡོན་ཏན་ལ་རྗེས་སུ་དགའ་བ་ཉིད་སྟོན་པར་འགྱུར་གྱི། དེ་བས་ན་གང་སྙིང་རྗེའི་སེམས་ཉེ་བར་འཇོག་པས་སོང་ལ་རྒྱལ་པོའམ་བློན་པོ་ལ་ཞུས་ཤིག །གལ་ཏེ་དེ་དོན་ལ་སྲེད་པ་ཤིན་ཏུ་རིགས་པ་དང་ལྡན་པ་ཁྱེད་རྣམས་ཀྱི་ཚིག་ཀྱང་གཞན་


DTG167_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྱུར་རོ། །བདག་ཀྱང་བུ་དང་བྲལ་བས་ཤིན་ཏུ་གདུངས་ཀྱིས་བདག་གི་ནོར་འདི་ཐམས་ཅད་ཀྱང་ཕུལ་ལ། །ཇི་ལྟར་གཞོན་ནུ་ལེགས་པར་དཔྱད་པ་དེ་ལྟར་མཛོད་ཅིག །དེད་དཔོན་དེ་ནི་ཀུན་གྱིས་ཤེས་པ་དང༌། མཛའ་བོར་བྱས་པ་ཡོད་པ་དེ་རྣམས་ཀྱིས་དེའི་ཚིག་དང༌། གཞོན་ནུ་ཡོན་ཏན་ལ་དགའ་བས་ཁས་བླངས་སོ། །དེ་ནས་གྲོང་ཁྱེར་པ་དེ་རྣམས་ཀྱིས་ཐ་སྙད་ལ་ཤིན་ཏུ་བྱང་བའི་གྲོང་ཁྱེར་བ་ཞིག་རྒྱལ་པོའི་ཕོ་བྲང་དུ་བཏང་སྟེ་བསྒོ་བ། གལ་ཏེ་དེང་གཞོན་ནུ་ཤིན་ཏུ་ལེགས་པར་དཔྱད་པ་མཛད་ན་བདག་ཅག་རྣམས་ཀྱིས་ཀྱང་རྒྱལ་པོ་ལ་གསེར་སྲང་འབུམ་དབུལ་ལོ། །དེ་ནས་ཐ་སྙད་ལ་བྱང་བའི་གྲོང་ཁྱེར་བ་ཞལ་ཆེའི་གནས་སུ་སོང་བ་དང༌། བློན་པོ་རབ་གཏུམ་གྱིས་འོང་བ་རིང་པོ་ནས་མཐོང་སྟེ་སྨྲས་པ། ཤེས་ལྡན་དག་ཁྱེད་འདིར་འོངས་པའི་དགོས་པ་ཅི་ཡོད། དེས་སྨྲས་པ། རྒྱལ་པོའི་ཁབ་ན་གནས་པའི་གྲོང་ཁྱེར་པ་རྣམས་འདི་སྐད་དུ་ཞུ་བ་གསོལ་ཏོ། །གཞོན་ནུ་གསེར་མདོག་འདི་ནི་ཤིན་ཏུ་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་དང་ལྡན་པ། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ལགས་པ་ལས་དེ་དང་བྲལ་བ་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་ཚོགས་ཤས་ཆེར་སྡུག་བསྔལ་བར་གྱུར་པ་དང༌། འདི་ནི་རྟག་ཏུ་ཆོས་ལ་མངོན་པར་དགའ་བའི་ཕྱིར་དང༌། དུལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སྡིག་པའི་ཉེས་པ་གང་ལ་ཡིད་མངོན་པར་དགའ་བ་མ་ལགས་ཏེ། ད་བདག་ཅག་རྣམས་གསེར་སྲང་འབུམ་འབུལ་ལ། དེད་དཔོན་ཉི་མའི་ནོར་ཐམས་ཅད་ཀྱང་འབུལ་བར་བདག་ཅག་རྩོལ་གྱིས་གཞོན་ནུ་གསེར་མདོག་སླར་བཟློག་པ་ལ་ཤིན་ཏུ་ལེགས་པར་དཔྱད་ནས་སྦྱར་དུ་གསོལ། དེ་ལྟར་མཛད་ན་ནི་བདག་ཅག་རྣམས་ཀྱིས་གསོལ་བ་ཡང་འབྲས་བུ་དང་བཅས་པར་འགྱུར་ལ། རྒྱལ་པོའི་བང་མཛོད་ཀྱང་འཕེལ་བར་འགྱུར་རོ། །བློན་པོ་རབ་གཏུམ་གྱིས་ཐོས་ནས་ཁྲོས་ཏེ་སྨྲས་པ། ཤེས་ལྡན་འདི་ཅི་ཞིག་མ་བརྟགས་པ་ཡོད་ནས་གང་ལ་སླར་དཔྱད་པར་བྱ། རྒྱལ་པོའི་བང་མཛོད་རྒྱས་པར་འགྱུར་རོ་ཞེས་གང་ཞིག་སྨྲ་ན། དེ་ཡང་ཅི་དེད་ཀྱི་རིགས་པ་དང་མི་ལྡན་པར་བསགས་པའི་ནོར་གྱིས་རྒྱལ་པོའི་བང་མཛོད་འཕེལ་བར་བྱའམ། ཁྱེད་རྣམས་


DTG167_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱལ་པོའི་དགོངས་པ་ཡང་མི་ཤེས་ཏེ། གང་འདི་ལྟར་ཐབས་འདི་ལྟ་བུས་རྣམ་པ་ཐམས་ཅད་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཐབས་ཀྱི་སྦྱོར་བས་ངེས་པར་རྒྱལ་པོ་ལ་གནོད་པ་ཆེན་པོ་བྱེད་པར་འདོད་པ་ཡིན་ཏེ། འདི་ལྟར་མ་བརྟགས་པར་སྐྱེ་བོ་རྣམས་ལོག་པར་བྱེད་པས་རྒྱལ་པོ་ནི་མི་རིགས་པར་བྱེད་པ་ཉིད་ཡིན་ནོ་ཞེས་རྒྱལ་པོའི་གྲགས་པ་མ་ཡིན་པ་སྒྲོགས་པར་འདོད་པ་ཡིན་ནོ་སྨྲས་ཏེ། དེས་དེ་ཚར་བཅད་དོ། །ཚར་གཅད་ནས་ག་ཤིན་རྗེའི་སྐྱེས་བུ་དང་འདྲ་བའི་མི་ཤིན་ཏུ་ཡང་དྲག་པོའི་ལས་ཅན་རྟག་ཏུ་གོམས་པའི་དབང་གིས་རྒྱུད་སྙིང་རྗེ་མེད་པར་བྱས་པ་བརྩེ་བ་མེད་པ་བཞི་ཞིག་ཡོད་དེ། དེ་རྣམས་བོས་ནས་སྨྲས་པ། མྱུར་བར་སོང་ལ་གསོད་མ་པ་རྣམས་བསྐུལ་ཞིང་ངའི་ཚིག་ཀྱང་འདི་སྐད་དུ་འདི་གྲོང་ཁྱེར་ནས་མྱུར་དུ་ཐོན་ལ་ཇི་ལྟར་བསྒོ་བའི་ལས་ཀྱིས་སོད་ཅིག །ཁྱེད་རྣམས་ཀྱིས་ངའམ་རྒྱལ་པོའི་ལུང་མ་གཏོགས་པ་གཞན་གང་གི་ཚིག་ཀྱང་མ་བཏང་ཅིག །དེ་ལྟར་བྱས་ན་ལེགས་ཀྱི་གཞན་དུ་བྱས་ནངས་ཁྱེད་རྣམས་ཆད་པ་ཆེན་པོས་གཅད་བར་བྱའོ་སྨྲོས་ཤིག །དེས་ཀྱང་རྒྱལ་པོ་དེ་ལྟར་བགྱིའོ་ཞེས་སྨྲས་ཏེ། རྒྱལ་པོའི་སྐྱེས་བུ་དེ་དག་དེའི་ཚིག་མཉན་ནས་ལག་ཏུ་རལ་གྲི་ཐོགས་ཏེ་ཆས་སོ། །གསོད་མ་པ་དེ་རྣམས་ཀྱང་ཕྱི་ཤོལ་གྱི་ཐབས་བརྒྱ་སྙེད་བྱེད་ཅིང་དལ་བུས་དལ་བུས་གཞོན་ནུ་གསེར་མདོག་ལམ་པོ་ཆེ་དང༌། ཚོང་འདུས་དང༌། བཞི་མདོ་དང༌། སུམ་མདོ་རྣམས་སུ་སྒྲ་སྒྲོགས་ཤིང་ཡོངས་སུ་བསྐོར་ཏེ། ཀྱེ་མ་ཀྱི་ཧུད་གཞོན་ནུ་ནི་གཏོང་བར་སུ་ཞིག་བྱེད་པར་འགྱུར། བདག་ཅག་ཀྱང་འདེ་ལྟ་བུའི་བྱ་བ་མ་ཡིན་པ་མི་བྱེད་པ་སུ་ཞིག་སྒྲུབ་པར་འགྱུར་ཞེས་སྨྲས་སོ། །རྒྱལ་པོའི་སྐྱེས་བུ་དེ་དག་ཀྱང་རལ་གྲི་ཕྱུང་བ་ལག་ན་ཐོགས་ཏེ་ཕྱིན་ནས་དེས་གསོད་མ་པ་དེ་རྣམས་ལ་དེས་ཇི་ལྟར་བསྒོ་བ་དེ་ལྟར་སྨྲས་སོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་མྱུར་བར་གྲོང་ཁྱེར་ལས་བཏོན་ཏེ། ཇི་ལྟར་བསྒོ་བ་བཞིན་དུ་མ་བསད་ན་ངེད་ཀྱིས་ཁྱེད་ཅག་འཕྲལ་དུགས་ད་པར་བྱའོ། །དེ་རྣམས་ཀྱིས་ཤིན་ཏུ་ཡང་སྡུག་ཅིང་ར་ལ་གྲི་ཕྱུང་བ་ལག་ན་ཐོགས་པ་ག་ཤིན་རྗེའི་སྐྱེས་བུ་དང་མཚུངས་པ་དེ་ལ་བལྟས་ནས་ཀུན་དུ་སྐྲག་པར་གྱུར་ཏོ། །དེ་ནས་འཆི་བས་འཇིགས་


DTG167_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་པས་སེམས་པ་ལ་ཞུགས་ཏེ། ཀྱི་ཧུད་སུས་ཀྱང་གཞོན་ནུའི་སྐྱབས་མ་བྱས་པ་ནི་སྡུག་བསྔལ་ལོ། །བདག་ཅག་རྣམས་ཀྱང་འདིས་འཕྲལ་དུ་གསོད་པར་འགྱུར་རོ་སྙམ་ནས་མཆིམས་ཁེངས་པའི་མིག་དང༌། རྒྱལ་པོའི་སྐྱེས་བུ་དེ་རྣམས་ཀྱིས་སྲུང་བཞིན་དུ་གཞོན་ནུ་གསེར་མདོག་གྲོང་ཁྱེར་ནས་ཕྱུང་བར་བརྩམས་པ་དང༌། དེ་གྲོང་ཁྱེར་ལས་འབྱིན་པར་འགྱུར་བ་ལ་བལྟས་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་སྒྲ་གཅིག་ཏུ་གསང་མཐོན་པོས་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་དེད་དཔོན་ཉི་མ་ཐམས་ཅད་དང་བྲལ་བར་གྱུར་པ་ནི་སྡུག་བསྔལ་ལ། །དེད་དཔོན་ཉི་མ་འདིའི་ཕ་མའི་རིགས་ཆད་པར་གྱུར་ཏོ། །དེད་དཔོན་ཉི་མ་འདིའི་རིགས་ཀྱི་སྒྲོན་མ་ནུབ་པར་གྱུར་ཏོ། །དེད་དཔོན་ཉི་མ་འདིའི་རིགས་རྣམས་ཀྱི་ཀུན་དུ་དགའ་བ་ནུབ་པར་གྱུར་ཏོ། །དེད་དཔོན་ཉི་མ་འདིའི་རིགས་ཀྱི་གཙུག་གི་ནོར་ཕྲོགས་སོ། །དེད་དཔོན་ཉི་མ་འདིའི་མིག་ཕྲོགས་པར་གྱུར་ཏོ། །དེད་དཔོན་ཉི་མ་འདིའི་རིགས་ཀྱི་རྒྱན་ཕྲོགས་པར་གྱུར་ཏོ། །དེད་དཔོན་ཉི་མ་འདིའི་སྙིང་ཕྱུང་ངོ༌། །དེད་དཔོན་ཉི་མ་འདིའི་སྲོག་ལུས་དང་ལྡན་བཞིན་དུ་ཕྲོགས་སོ། །ཀྱི་ཧུད་འདི་འབྲོག་སྟོང་པར་འཁྱམས་པ་བཞིན་དུ་ཡོངས་སུ་བསྐོར་ནས་ཕྱུང་བ་ལས་སུས་ཀྱང་སྐྱབས་མ་བྱས་པར་སྡུག་བསྔལ་ལོ། །ད་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ཟླ་བ་འདི་འཆི་བདག་གི་སྒྲ་གཅན་གྱིས་གཟུང་ངོ༌། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ཉི་མ་འདི་ནམ་མཁའི་དཀྱིལ་དུ་ནུབ་བོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་གནས་པའི་མིག་གི་བདུད་རྩི་འདི་མཐོང་བའི་ལམ་ན་མི་གནས་པར་གྱུར་ཏོ། །རྒྱལ་བོའི་ཁབ་ཀྱི་གྲོང་ཁྱེར་བ་རྣམས་ཀྱི་དགའ་བའི་རྒྱུན་འདི་མི་སྣང་བར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་རྒྱན་འདི་ཕྲོགས་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་བ་རྣམས་ཀྱི་གཙུག་གི་ནོར་བུ་འདི་ཕྲོགས་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་གནས་པའི་གྲོང་ཁྱེར་བ་རྣམས་ཀྱི་ཡིད་དུ་འོང་བ་ཕྲོགས་ཏེ་ཁྱེར་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་གནས་པའི་མི་རྣམས་སུ་ཞིག་ལ་མིག་མི་འཛུམས་པར་ལྟ་བར་བྱེད། ད་ནི་གང་ཞིག་མཐོང་ན་ཡིད་དགའ་བར་བྱེད་ཅེས་ཡི་ཆད་པར་གྱུར་ཏོ། །བློན་པོ་རབ་གཏུམ་གྱིས་སྐྱེས་བུ་


DTG167_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་སླར་ལོག་ནས་གཞོན་ནུ་གསེར་མདོག་གྲོང་ཁྱེར་ནས་ཕྱུང་ངོ་ཞེས་སྨྲས་པ་དང༌། དེ་ཐོས་ནས་ཡིད་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་གྲོང་ཁྱེར་པ་རྣམས་ཀྱི་ཕོ་ཉ་དེས་དེ་ཐོས་ནས་རེ་ཐག་ཆད་པར་གྱུར་ཏོ། །དེ་སོང་ནས་གྲོང་ཁྱེར་བ་དེ་རྣམས་ལ་རྣམ་པ་དེ་དག་རྒྱ་ཆེར་སྨྲས་སོ། །དེ་ཐོས་པ་དང་གྲོང་ཁྱེར་པ་རྣམས་ཀྱང་རེ་ཐག་བཅད་ཅིང་ཤིན་ཏུ་ཡི་མུག་པས་ཕན་ཚུན་སྨྲ་བ། ཤེས་ལྡན་དག་རྩོད་པའི་རྒྱལ་པོ་འདིས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་དེ་ལྟ་བུ་བསད་ནས་ད་ནི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་གྲགས་པ། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཁྱད་པར་ཅན་གྱི་སྐྱེས་བུ་ཉེས་པ་མེད་པ་གནོད་པ་མི་བྱེད་པ་འདི་ལྟ་བུ་གསོད་པ་ནི། ཨེ་མའོ་སྙིང་རྗེ་མེད་པ། ཨེ་མའོ་ཡོན་ཏན་མི་ཤེས་པ། ཨེ་མའོ་ཁྱད་པར་མི་ཤེས་པའོ། །བློན་པོ་རྣམས་ཀྱང་གང་འདི་ལྟ་བུའི་གཟུགས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་དང་ལྡན་པ་ནི་མཆོད་པར་འོས་པ་ཡིན་ན། འདི་ལྟ་བུའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་ཁྱད་པར་ཅན་ཅིའི་ཕྱིར་མ་བརྟགས་པར་གསོད་ཅིང་ཡོངས་སུ་སྤོང་བར་བྱེད། ཡང་ན་དུས་འདི་ལྟ་བུ་ཉེ་བར་གནས་པ་ཡིན་ཏེ། གང་དམ་པ་མ་ཡིན་པ་རྣམས་ནི་འཕེལ་བར་འགྱུར་ལ། ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྐྱེ་པོ་དང་བྲལ་བར་འགྱུར་བ་དུས་འགྲིབས་པའི་ཉེས་པའི་བདག་ཉིད་བྱུང་བ་ཡིན་ནོ། །དེད་དཔོན་ཉི་མ་ལ་རྣམ་པ་འདི་དག་རྒྱ་ཆེར་སྨྲས་པ་དང༌། དེ་ཐོས་ནས་དེད་དཔོན་ཉི་མ་རེ་ཐག་ཆད་པར་གྱུར་ཏེ། མྱ་ངན་དྲག་པོའི་སྡུག་བསྔལ་གྱིས་གདུངས་ནས་བརྒྱལ་ཏེ་སལ་འགྱེལ་བར་གྱུར་ཏོ། །དེ་ནས་ཆུ་གཏོར་པས་སླར་དབུགས་དབྱུང་བ་དང༌། ཡི་མུག་པའི་ཡིད་ཀྱིས་ཀུན་དུ་དགའ་བ་དང་བྲལ་བ་སུ་ཞིག་ད་ལྟར་ངའི་བུ་གསོད་པར་བྱེད་ཅེས་གསང་མཐོན་པོས་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད། མིག་ནི་དགའ་བར་བྱེད་པ་ཡི། །ང་ཡི་རིགས་ཀྱི་རྒྱུན་གྱུར་པ། །སྐལ་ལྡན་ཕ་ནི་ང་ལྟ་བུ། །སྨྲེ་ས་མེད་པར་གསོད་པར་བྱེད། །ང་ཡི་ཡིད་ནི་རྨོངས་པ་དང༌། །ཕྱོགས་རྣམས་ད་ནི་འཁྲུལ་པར་བྱེད། །ཁྱོད་བྲལ་མྱ་ངན་མེས་གདུངས་པས། །ཀྱེ་མ་བདག་ཉིད་ཚིག་པར་གྱུར། །ཀྱི་ཧུད་མཁས་ཤིང་ཤིན་ཏུ་དུལ། །


DTG167_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ལ་ནི་དགའ་གྱུར་བ། །བུ་ཁྱོད་ལ་ནི་སྡུག་བསྔལ་དག །མི་བཟད་ཇི་ལྟར་འོངས་པར་གྱུར། །བུ་ཁྱོད་འོངས་པར་གྱུར་པའི་ཚེ། །དགའ་བ་མཉམ་མེད་ངས་ཐོབ་པ། །བུ་བཟང་ཁྱོད་དང་བྲལ་བའི་ས། །སླར་ཡང་མྱ་ངན་མེད་ལྟུང་འགྱུར། །བརྩེ་མེད་ཁྱད་པར་མི་ཤེས་པའི། །ཨེ་མ་རྒྱལ་པོའི་བློན་པོ་དག །གང་ཞིག་འདི་འདྲ་ཁྲིམས་ལྡན་པས། །བུ་ཁྱོད་རྣམ་པར་མ་བརྟགས་སོ། །ཨེ་མའོ་ས་བདག་དེ་ཡིས་ནི། །གང་གིས་འདི་ལྟར་དེ་མ་བརྟགས། །བུ་ཁྱོད་ཡོངས་སུ་སྤངས་གྱུར་པ། །རང་གི་བརྩེ་མེད་གསལ་སྒྲོགས་ཡིན། །ཁྱད་པར་དུ་ཡང་དམ་པ་ངན། །སེམས་ནི་ངེས་པར་ནུབ་པ་སྟེ། །བུ་གང་ཡོན་ཏན་ལྡན་པ་ཡང༌། །སྨྲེ་ས་མེད་པར་གསོད་པར་བྱེད། །ཡོན་ཏན་ལྡན་མི་འདི་འདྲ་བ། །གསོད་ཀྱང་བཏང་སྙོམས་བྱེད་པ་ནི། །གྲོང་ཁྱེར་གྱི་ནི་ལྷ་ཐམས་ཅད། །དེ་དག་བྲོས་པར་གྱུར་ཏམ་ཅི། །དབང་བཅས་འཇིག་རྟེན་སྐྱོང་བཅས་དང༌། །གང་ཡང་མཐུ་ཆེན་ལྡན་པའི་ལྷའི། །ཐུགས་བརྩེ་པས་ནི་ཉེར་བཟུང་སྟེ། །དེ་རྣམས་བདག་གི་བུ་སྲུངས་ཤིག །བརྟུལ་ཞུགས་གྲུབ་པའི་བདག་ཉིད་ཆེ། །ཐུབ་པ་གང་ཞིག་ད་ལྟར་བཞུགས། །དེས་ནི་ཐུགས་བརྩེ་སྔོན་བཞག་སྟེ། །བདག་གི་བུ་ནི་བསྲུང་དུ་གསོལ། །ཡང་དེའི་བློ་སྐྱེས་པ་ཅིའི་ཕྱིར་བདག་བློ་ཞུམ་པར་བྱེད། གང་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་ཀྱི་གཉེན་གཅིག་བུ་ཐུགས་རྗེ་དང་ལྡན་པ་དེ་རྗེས་སུ་དྲན་པར་བྱའོ། །བཅོམ་ལྡན་འདས་དེ་ཡང་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། །སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ལ། དེ་བཞིན་དུ་བཅོམ་ལྡན་འདས་དེས་ཉམ་ཐག་པར་ཞུགས་པའི་སེམས་ཅན་མང་པོ་འཇིགས་པ་ཆེན་པོ་དེ་དང་དེ་ལས་ཐར་པར་མཛད་དེ། དེ་ཡང་ཚོང་པ་རྒྱ་མཚོའི་དབུས་སུ་ཆུད་པ་ཆུ་སྲིན་དང་ཉའི་འཇིགས་པས་སྐྲག་པ་རྣམས་ལ་དེ་རྗེས་སུ་དྲན་པ་ཙམ་གྱིས་འཇིགས་པ་ཆེན་པོ་དེ་ལས་ཡོངས་སུ་སྐྱོབ་པར་མཛད་པ་དང༌། དེ་བཞིན་དུ་སོར་ཕྲེང་གིས་དྲག་ཅིང་གཏུམ་བས་མཚོན་ཆ་ཕྱར་ཏེ་སྐྱེས་བུ་དུ་མ་བསད་ལ་དེའི་མ་སྲོག་དང་དབྲལ་བར་འདོད་བ་ལས་འཇིགས་པ་དེ་ལས་


DTG167_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་པར་མཛད་པ་དང༌། དེ་བཞིན་དུ་སྔོན་གྱི་སྐྱེ་པོའི་ཤ་ཁོན་དང་རྗེས་སུ་འབྲེལ་བའི་སྟོབས་ཀྱིས་སྲོག་ཆགས་བརྒྱ་སྟོང་དུ་མ་གསོད་ཅིང་ཁྲོ་བའི་མེ་ཤིན་ཏུ་འབར་བ། མིའི་ཤ་དང་རྐང་ལ་ཆགས་པས་ལྡག་པ་ན་ལྕེ་ལས་ཁ་ཆུའི་ཐིགས་པ་འཛག་ཅིང༌། མཆེ་བ་རིང་ཞིང་རྣོ་བ་གཙིགས་པས་འཇིགས་སུ་རུང་བའི་གནོད་སྦྱིན་ལ་ཟས་ཀྱི་ཕྱིར་དེའི་ཁའི་གན་དུ་ཕྱག་བཞག་སྟེ། འབྲོག་གནས་ལས་སེམས་ཅན་འཆི་བས་འཇིགས་པ་ལས་ཡོངས་སུ་སྐྱོབ་པར་མཛད་པ་ཡིན་པས་ན་བཅོམ་ལྡན་འདས་དེ་ནི་བདག་གི་བུ་ཡང་ཉམ་ང་བ་ཆེན་པོ་འདི་ལས་ཡོངས་སུ་ཐར་པར་མཛད་པར་སྤྱོད་ཅིག །གང་འདི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཆོག་ཏུ་མ་ཉེས་གཤིན་པའི་རང་བཞིན་ཅན་དེ་བདག་གིས་རྗེས་སུ་དྲན་པར་བྱའོ་སྙམ་ནས་གན་ན་གནས་པའི་དགེ་བསྙེན་ཞིག་ལ་བཅོམ་ལྡན་འདས་དེ་ལྟ་གང་ན་བཞུགས་ཞེས་དྲིས་པ་དང༌། དགེ་བསྙེན་དེ་བཅོམ་ལྡན་འདས་རྗེས་སུ་དྲན་ནས། མཆི་མ་འཛག་ཅིང་སྐད་འཛེར་བཞིན་དུ་སྨྲས་པ། དེད་དཔོན། གང་ཞིག་འཇིག་རྟེན་དེད་དཔོན་འགྱུར། །གང་ཞིག་འཇིག་རྟེན་བདེ་སྩོལ་བ། །འཇིག་རྟེན་ཀུན་གྱི་གཉེན་གཅིག་པུ། །སྟོན་པ་ཆེ་དེ་མྱ་ངན་འདས། །གང་ཞིག་སྒྲོན་མེད་རྣམས་ཀྱི་སྒྲོན། །གང་ཞིག་སྐྱབས་དང་དཔུང་གཉེན་གྱུར། །རྒྱལ་བ་སྣུམ་ཟད་མར་མེ་བཞིན། །འཇིག་རྟེན་སྒྲོན་མ་མྱ་ངན་འདས། །དེ་སྐད་ཐོས་པ་དང༌། དེད་དཔོན་ཉི་མ་བཅོམ་ལྡན་འདས་དང་བྲལ་བས་ཉིས་འགྱུར་གྱི་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གཏོར་བ་དང་དབུགས་སླར་རྙེད་དེ་སློང་བ་དང༌། ཕྱོགས་གང་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེར་ཕྱོགས་ཏེ་གསང་མཐོན་པོས་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་ཆོས་རྒྱལ་ཐམས་ཅད་མཁྱེན། །ཉེས་པའི་དགྲ་ཚོགས་འདུལ་མཛད་པ། །མགོན་མེད་འགྲོ་བ་སྤངས་ནས་ནི། །འཇིག་རྟེན་མགོན་པོ་ཅི་ཕྱིར་གཤེགས། །ཀྱི་ཧུད་མཛད་པར་གྲགས་གྱུར་གཙོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །སྦྱོར་བ་ཀུན་ལས་ཡང་དག་འདས། །མྱ་ངན་འདས་ལམ་སྟོན་པ་པོ། །ཀྱི་ཧུད་ཀྱེ་མ་འཇིག་རྟེན་འདི། །མ་རིག་པས་ནི་མིག་ཁེབས་པ། །མགོན་


DTG167_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱོད་དང་བྲལ་བས་ན། །འཁོར་བར་རྣམ་པར་འཁྱམས་པར་གྱུར། །དཔའ་བོ་གཞན་ལ་རྗེས་བརྩེ་བ། །ཁྱེད་ནི་མྱ་ངན་འདས་གཤེགས་པས། །འཇིག་རྟེན་འདི་ནི་མགོན་མེད་དེས། །མགོན་དུ་སུ་ཞིག་སྟེན་པར་གྱུར། །གང་ཞིག་ཁྱེད་ཆོས་ལས་བྱུང་བའི། །གདུལ་བྱ་རྒྱལ་བའི་སྲས་པོ་རྣམས། །དེ་ཀུན་ཁྱེད་དང་བྲལ་གྱུར་ན། །གནས་ནི་གང་ཞིག་བགྱིད་པར་གྱུར། །མང་པོའི་བསམ་པ་འབྲས་བཅས་མཛད། །སྡུག་བསྔལ་ངེས་པར་གདུལ་མཛད་ནས། །འགྲོ་བ་རེ་ཐག་གཅོད་མཛད་པ། །ཐུབ་ཁྱོད་ཕྱོགས་ནི་གང་དུ་བཞུད། །གང་ཕྱིར་ཁྱོད་གསུང་མཉན་པར་ནི། །དགའ་བས་གྲོང་ཁྱེར་མ་མཆིས་ན། །ད་ལྟར་ཁྱོད་ནི་མྱ་ངན་འདས། །དམ་ཆོས་སུ་ཞིག་རྗེས་སུ་སྟོན། །ཀྱི་ཧུད་སྣང་བྱེད་འཇིག་རྟེན་འདི། །མི་འམ་ཅི་ལྟར་བཅས་འཇིག་རྟེན། །མགོན་པོ་ཤིན་ཏུ་རྙེད་དཀའ་བའི། །ཐུབ་པ་ཁྱོད་དང་བྲལ་བས་བཅོམ། །སྲོག་ཆགས་ཆོས་ལ་ཡིད་དགའ་པའི། །བསྟན་ལ་དགའ་རྣམས་མགོན་པོ་ཁྱོད། །མྱ་ངན་འདས་པ་ཐོབ་གྱུར་ན། །དེ་དག་ཇི་ལྟར་བགྱིད་པར་འགྱུར། །ཐུགས་རྗེ་དང་གཅིག་དཔའ་བོ་ནི། །བརྩེར་ལྡན་ཁྱེད་ལ་བརྟེན་ནས་སུ། །གང་ཞིག་ཡོན་ཏན་ཐོབ་གྱུར་པ། །སླར་དེ་སུ་ཞིག་སྟོན་པར་བགྱིད། །ཅི་ཕྱིར་འཇིག་རྟེན་གསུམ་དོན་དུ། །ཐུགས་རྗེ་ཆེན་པོ་སྐྱེད་མཛད་པའི། །འཇིག་རྟེན་འདི་ཉིད་མཁྱེན་བརྩེར་ལྡན། །ཅི་ཕྱིར་བཏང་སྙོམས་ཁྱེད་བརྟེན་མཛད། །ཀྱི་ཧུད་ཡོན་ཏན་རིན་ཆེན་རྒྱས། །བསྐལ་པ་བྱེ་བར་བསྒྲུབས་པ་ནི། །འཆི་བདག་ས་འོག་གིས་ཟིན་ཏེ། །ཆོས་ཀྱི་གྲུ་ནི་འགྱེལ་བར་འགྱུར། །ཀྱི་ཧུད་མ་རིག་མདོངས་པ་གང༌། །བློ་དང་སྟོན་པ་པོ་བྲལ་བ། །འཇིག་རྟེན་སྐྱོང་བ་མགོན་པོ་རུ། །རབ་ཏུ་འཇིག་ཅིང་ངལ་བར་གྱུར། །ཀྱེ་མ་འཇིག་རྟེན་ཆེ་བ་ནི། །ཉམས་པ་ཉིད་དུ་ཉེ་གནས་ཏེ། །སངས་རྒྱས་རིན་ཆེན་ཆེན་པོ་དང༌། །འདི་ནི་ད་ལྟར་བྲལ་བར་གྱུར། །ཁྱུ་མཆོག་མེད་པའི་བ་ལང་བཞིན། །ཁྱེད་ཀྱི་དགེ་སློང་ཚོགས་རྣམས་སྟོང༌། །མཁས་པ་རྣམས་ནི་མཐོང་ན་སྙིང༌། །ཅི་ཡི་ཕྱིར་ན་གས་མ་གྱུར། །ལྷ་རྣམས་དད་པས་ཡན་ལག་གི །མཆོག་བཏུད་ནས་ནི་སྤྱི་བོ་ལ། །ཞབས་ཀྱི་རྡུལ་གྱི་མཆོག་གྱུར་པ། །གང་ཞིག་ཡང་ནི་འཇིག་པར་འགྱུར། །


DTG167_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ལ་མཉམ་མཉེས་པས། །རྟག་ཏུ་གནོད་པ་བྱེད་པ་དག །གང་ཡིན་པ་ལ་ད་རུང་ཁྱོད། །ཕྱོགས་ལྟུང་མཛད་པས་མ་མཐོང་ངོ༌། །ཡན་ལག་བརྒྱད་ལྡན་སྨན་གྱིས་ནི། །ཉོན་མོངས་ནད་གསོ་མཛད་པ་པོ། །སྟོན་པ་ཐུགས་རྗེ་ཆེར་ལྡན་པ། །སྨན་པའི་རྒྱལ་པོ་མེད་པར་གྱུར། །ཀྱི་ཧུད་བརྩེ་མེད་འཇིག་རྟེན་མགོན། །མྱ་ངན་འདས་པ་ཧ་ཅང་སྔས། །འཇིག་རྟེན་ལོང་བར་གྱུར་པ་ལ། །བླ་མེད་མིག་ནི་སྩོལ་བ་ཡིན། །ཁྱོད་ཀྱི་མྱ་ངན་འདས་ཀྱང་དེང༌། །སྡིག་པ་མེད་པའི་ནོར་ཆེན་བུ། །གསོད་པའི་དོན་དུ་འདིས་སྤངས་ན། །སུ་ཞིག་འཕྲལ་དུ་ཐར་བར་བགྱིད། །མགོན་མེད་རྣམས་ཀྱི་སྐྱོབ་པ་ཁྱོད། །བགྲོད་པ་མཆོག་ཏུ་གཤེགས་གྱུར་པ། །ཀྱི་ཧུད་གུ་ནི་འཚོ་བ་ཡི། །རེ་བ་ད་ནི་མ་མཆིས་སོ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་གང༌། །སྡུག་པ་ཀུན་དང་བྲལ་འགྱུར་ཞེས། །གསུང་གི་དམ་པ་བཀའ་སྩལ་ཏེ། །ལེགས་གསུང་ཡིན་པར་དེང་འཚལ་ཏོ། །དེ་དེ་ལྟར་རྣམ་པ་མང་པོར་སྨྲེ་སྔགས་འདོན་ཅིང་དགེ་བསྙེན་དེ་ལ་སྨྲས་པ། ཀྱེ་བཅོམ་ལྡན་འདས་དེའི་ཉན་ཐོས་ཆེན་པོ་འགའ་ཞིག་ལུས་པ་ཡོད་དམ། བཅོམ་ལྡན་འདས་ཀྱིས་བསྟན་བ་སུ་ལ་རྗེས་སུ་གཏད་ནས་མྱ་ངན་ལས་འདས་པར་མཛད། དེ་ནས་དགེ་བསྙེན་དེས་སྨྲས་པ། །དེད་དཔོན་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོང་སྲུངས་ཆེན་པོ་ལ་ཡོངས་སུ་གཏད་ནས་མྱ་ངན་ལས་འདས་སོ། །གནས་བརྟན་འོད་སྲུངས་ཆེན་པོས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་གནས་བརྟན་ཀུན་དགའ་བོ་ལ་བསྟན་པ་རྗེས་སུ་གཏད་ནས་མྱ་ངན་ལས་འདས་སོ་ཞེས་ཐོས་ཏེ། ད་ལྟར་ནི་གནས་བརྟན་ཀུན་དགའ་བོ་བདག་ཉིད་ཆེ་བ། བསྟན་པ་གཅེས་པར་འཛིན་པ་ཡིན་ཏེ། དེ་ད་ལྟར་དེ་བཞིན་གཤེགས་པ་བཞིན་དུ་སྙིང་རྗེས་གྲོང་དང་གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཚོང་འདུས་ལ་སོགས་པ་དེ་དང་དེར་སོང་ནས་སྡུག་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་དོ། །དེ་བཞིན་དུ་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །དགེ་བའི་རྩ་བའི་རྒྱུན་ཡང་དག་པར་བསགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད་དོ། །དགེ་བའི་རྩ་བའི་རྒྱུད་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་


DTG167_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དོ། །དེ་བཞིན་དུ་སྨན་པ་བཟང་པོ་བཞིན་དུ་ཉོན་མོངས་བའི་ནད་ཀྱིས་ཟི་ན་པའི་སེམས་ཅན་རྣམས་ནི་ཆོས་སྟོན་པའི་སྨན་གྱི་སྦྱིན་པས་གསོ་བར་བྱེད་དོ། །ཉི་མ་བཞིན་ཉོན་མོངས་པའི་མུན་པར་ཞུགས་པའི་སེམས་ཅན་རྣམས་ལ་ནི་དམ་པའི་ཆོས་སྟོན་པའི་འོད་ཟེར་གྱི་ཚོགས་ཀྱིས་ཉོན་མོངས་པའི་མུན་པ་སེལ་བར་བྱེད་དོ། །ཟླ་བ་བཞིན་དུ་ཚིག་གི་འོད་ཟེར་གྱི་ཚོགས་ཀྱིས་གདུལ་བྱའི་ཀུ་མུ་ཏའི་ཚལ་གྱི་ཁ་དབྱེ་བར་བྱེད་དོ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་བཞིན་དུ་གདུལ་བྱ་ཁམས་ཀྱི་རྒྱལ་པོ་སྟོང་ཕྲག་དམ་པའི་ཆོས་སྟོན་པས་འདུལ་བར་བྱེད་དོ། །སེང་གེ་ལྟར་རང་གི་ཤེས་རབ་ཀྱི་སྤོབས་པའི་སྒྲས་མུ་སྟེགས་ངན་པའི་རི་དགས་ཀྱི་ཚོགས་དག་འབྱེར་བར་བྱེད་དོ། །ལམ་སྟོར་བ་དག་ཡང་དག་པར་སྟོན་པས་གདུལ་བྱའི་ཚོང་པ་རྣམས་སྒྲོལ་བར་བྱེད་དོ། །དེད་དཔོན་ལྟར་དམ་པའི་ཆོས་ཀྱི་ཟོང་ལ་འཇུག་པར་བྱེད་དོ། །སྤྲིན་ཆེན་པོ་ལྟར་དགེ་བའི་རྩ་བའི་ས་བོན་སྐྱེད་པར་བྱེད་དོ། །ཕ་དང་མ་ལྟར་ཕན་པ་དང་གནོད་པ་ཉེ་བར་སྟོན་པར་བྱེད་ཅིང་མ་དུལ་བའི་སེམས་ཅན་རྣམས་ནི་འདུལ་བར་བྱེད་དོ། །མ་གྲོལ་བ་རྣམས་ནི་གྲོལ་བར་བྱེད་དོ། །དབུགས་མ་ཕྱིན་པ་རྣམས་ནི་དབུགས་འབྱིན་པར་བྱེད་དོ། །ཡོངས་སུ་མྱ་ངན་ལས་མ་དས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་བཞིན་དུ་ཉམ་ཐག་པ་ཆེན་པོས་ཉེན་པའི་སེམས་ཅན་རྣམས་ནི་འཇིག་པ་ཆེན་པོ་ལས་ཐར་བར་བྱེད་དོ། །མདོར་ན་བདག་ཉིད་ཆེ་ན་པོ་དེས་ནི་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །དེ་ཉིད་རྗེས་སུ་སྦྲོན་ཅིག་དང༌། དེས་ནི་ཁྱེད་ཀྱི་བུ་ཉམ་ང་བ་འདི་ལས་ཐར་བར་བྱེད་པར་ནུས་སོ། །དེ་ཐོས་པ་དང་དེད་དཔོན་ཉི་མ་སྲོག་སྟོར་བ་ལས་སླར་རྙེད་པ་བཞིན་དུ་ཤིན་ཏུ་དགའ་སྟེ་རྟབས་བག་གིས་དྲིས་པ། འཕགས་པ་ཀུན་དགའ་བོ་དེད་ལྟ་གང་ན་བཞུགས། དེས་སྨྲས་པ། དེད་དཔོན་གནས་བརྟན་ཀུན་དགའ་བོ་ནི་ད་ལྟར་ཡངས་པ་ཅན་གྱི་ཨ་མྲ་སྐྱོང་བའི་ནགས་ན་བཞུགས་སོ་ཞེས་ཐོས་སོ། །དེ་ནས་དེད་དཔོན་ཉི་མ་དེ་མ་ཐག་ལངས་ཏེ་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ནས་ཡངས་པ་ཅན་གང་ན་པ་དེར་བཏུད་ནས་བུ་དང་བྲལ་བའི་སྡུག་བསྔལ་གྱིས་ཉེན་ཅིང་མཆི་མའི་ཆུ་རླབས་ཀྱིས་གདོང་


DTG167_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གི་པདྨོ་ཁེབས་བཞིན་དུ་མཆི་མས་ཀུན་དུ་ཁྱབ་པ་དང་ལྡན་ཞིང་བསམ་པ་དྲག་པོས་གནས་བརྟན་ཀུན་དགའ་བོ་ལ་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཏོ། །གལ་ཏེ་ཁྱེད་ནི་སློབ་དཔོན་མཆོག །སེམས་ཅན་བསམ་མཁྱེན་མཆོག་ཡིན་ན། །བསམ་དང་བག་ལ་ཉལ་མཁྱེན་ཏོ། །གསོལ་བ་འདེབས་པ་འདི་གསོན་ཅིག །སངས་རྒྱས་བཅོམ་ལྡན་སློབ་མ་ནི། །རྫུ་འཕྲུལ་རྩེ་དང་མྱ་ངན་འདས། །དེ་ཡི་བསྟན་པ་འཕེལ་བྱེད་པའི། །ཁྱེད་གཅིག་པུ་ནི་ལུས་པར་གྱུར། །ཁྱོད་ནི་འགྲོ་བའི་དཔུང་གཉེན་དང༌། །ཁྱོད་ནི་དབུགས་ཕྱིན་གྱུར་པ་ཡིན། །རྟག་ཏུ་སེམས་ཅན་དོན་མཛད་པ། །ད་ལྟར་དགོངས་པ་གཟིར་བར་མཛོད། །མགོན་ཁྱོད་མ་ལུས་བསྲུང་བ་ནི། །འདི་འདྲ་དེ་རིང་བཞུགས་བཞིན་དུ། །སྨྲེ་ས་མེད་པར་བདག་གི་བུ། །ཅི་ཕྱིར་འདི་ལྟར་གསོད་པར་བྱེད། །གལ་ཏེ་འགྲོ་དོན་མི་མངའ་ན། །ཁྱེད་འདྲ་བ་ནི་བཞུགས་མི་འགྱུར། །འགྲོ་བ་དང་ལྡན་གསོད་བཞིན་དུ། །འདི་ལ་ཇི་ལྟར་བཏང་སྙོམས་མཛད། །འགྲོ་བའི་དོན་དུ་སྐུ་ལུས་ནི། །བརྟུལ་ཞུགས་བཟང་པོ་འཛིན་མཛད་པའི། །ཐུགས་རྗེ་དེ་མངོན་མཛད་ནས་ནི། །བདག་གི་བུ་ལ་དགོངས་སུ་གསོལ། །ལས་ཀྱི་སྒོ་ཀུན་བཅོམ་གྱུར་ཅིང༌། །སྐྱབས་མེད་དཔུང་གཉེན་མེད་པར་ནི། །མྱ་ངན་འདམ་ལ་ནུབ་པ་བདག །ཆུང་མར་བཅས་པ་གདོན་དུ་གསོལ། །ཤཱཀྱའི་སེང་གེས་ཁྱེད་ཉིད་ནི། །ད་ལྟར་གཙོ་བོར་བསྟན་མཛད་ན། །འགྲོ་ལ་ཕན་པ་གཞན་གང་ལ། །གཞན་གང་ལ་ནི་གསོལ་བ་བཏབ། །གཙོ་བོ་ཁྱོད་ནི་མ་གཏོགས་པ། །བུ་ཡི་སྐྱབས་གཞན་མ་མཆིས་པས། །དེ་བས་རིངས་པར་བྱོན་ནས་ནི། །བདག་གི་བུ་ནི་བསྐྱབ་ཏུ་གསོལ། །བུ་ཡི་མྱ་ངན་བཟོད་དཀའ་ལ། །རང་བཞིན་ངན་པའི་སྒྲས་ཟིན་པའི། །ཆུང་མར་བཅས་པ་དགའ་བྲལ་བ། །ཀུན་དགའ་དེང་ནི་དགའ་སྐྱེད་གསོལ། །དེ་ནས་བར་སྐབས་དེར་གནས་བརྟན་ཀུན་དགའ་བོ་སྙིང་རྗེས་གདུངས་བཞིན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ཏེ། སུ་ནི་འགྲིབ། སུ་ནི་འཕེལ། སུ་ནི་གསོད་པར་གྱུར། སུ་ནི་ཉམ་ང་བར་གྱུར། སུ་ནི་སྡུག་བསྔལ་བར་གྱུར། །སུ་ནི་


DTG167_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་བབ། སུ་ནི་ངན་སོང་ལམ་ལས་བླན་ཏེ་མཐོ་རིས་དང་ཐར་པ་ལ་གཞག་པར་བྱ། སུ་ནི་འདོད་བའི་འདམ་དུ་བྱིང་བ་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་དང་བྲལ་བ་ལ་འཕགས་པའི་ནོར་གྱི་དབང་ཕྱུག་གི་བདག་པོ་ལ་རབ་ཏུ་གཞག་པར་བྱ་ཞེས་གནས་བརྟན་ཀུན་དགའ་བོས་གནས་བརྟ་ན་ཤཱ་རིའི་བུ་དང་མཉམ་པའི་མིག་གིས་བལྟས་ན། གཞོན་ནུ་གསེར་མདོག་དགེ་བའི་རྩ་བའི་ཚོགས་ཉེ་བར་བསགས་པ་ཉམ་ཐག་པ་ཆེན་པོས་ཉེན་པར་གྱུར་པར་མཐོང་ངོ༌། །མཐོང་ནས་ཀྱང་ཡང་དེ་ཉིད་ནས་གནས་གཞན་དུ་རྫུ་འཕྲུལ་གྱིས་གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱང་ནས་དེའི་མོད་ཁོ་ན་ལས་རྒྱལ་པོ་མ་སྐྱེས་དགྲ་ཁང་བཟངས་ཀྱི་སྟེང་གི་གཞི་ན་ཤིན་ཏུ་བག་མེད་པར་གནས་པ་ན། སེ་གོལ་གི་སྒྲས་གོ་བར་བྱས་ནས་སྒྲ་གསལ་བར་སྨྲས་པ། རྒྱལ་པོ་ཆེན་པོ་གང་གཞོན་ནུ་གསེར་མདོག་རང་ཉིད་ཀྱིས་རྣམ་པར་མ་དཔྱད་པ་ནི་ལེགས་པར་བྱས་པ་མ་ཡིན་ནོ། །དེ་ཡང་ད་ལྟ་གནོད་པ་མེད་ཅིང་ཉེས་པ་མ་བྱས་བཞིན་དུ་རྒྱལ་པོའི་ཁབ་ནས་ཕྱུང་སྟེ་དུར་ཁྲོད་ཆེན་པོར་ཁྱེར་ནས་གསོད་ཀྱིས་དེ་ལས་ཟློག་ཤིག །དེ་ནས་གནས་བརྟན་ཀུན་དགའ་བོའི་ཚིག་དེ་ཐོས་པ་དང༌། རྒྱལ་པོ་རྟབས་བག་ཏུ་རིངས་པར་གནས་བརྟན་ཀུན་དགའ་བོ་ཁང་བཟངས་ཀྱི་སྟེང་ན་འདུག་པ་ལ་ཕྱག་བྱས་ཏེ་ལངས་ནས་སྒྲ་ཆེན་པོར་ཕྱོགས་པ་ཞིར་བོས་པ། ཀྱེ་ཉོན་ཅིག་གང་དུར་ཁྲོད་ཆེན་པོར་རིངས་པ་རིངས་པར་སོང་ནས། །གཞོན་ནུ་གསེར་མདོག་གསོད་པར་བྱེད་པ་ལ་པའི་ཚིག་གིས་ཐར་པར་བྱེད་པ་དེ་ལངས་གསེར་གྱི་ཟམ་ཏོག་ཆེན་པོ་དང༌། ཡུལ་གྱི་མཆོག་ལྔ་སྦྱིན་ནོ། །རྒྱལ་པོའི་ཚིག་དེ་ཐོས་པ་དང༌། གཞོན་ནུ་དེ་ནི་སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཡིན་པས་སྲོག་ཆགས་བརྒྱ་སྟོང་དུ་མས་རིངས་པར་བརྒྱུགས་པར་གྱུར་ཏོ། །དེ་ནས་བར་སྐབས་དེར་གཤེད་མ་པ་རྣམས་རྒྱལ་པོའི་སྐྱེས་བུ་དེ་རྣམས་ཀྱིས་བསྲུངས་ནས་གཞོན་ནུ་གསེར་མདོག་ཁྱེར་ཏེ་དུར་ཁྲོད་ཆེན་པོར་ཕྱིན་ཏོ། །བུ་མོ་ཀ་ཤི་མཛེས་དགའ་མོ་ཡང་རང་གི་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོས་བརྒྱན་པ་བྱས་པའི་ཁྱོགས་


DTG167_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏེག་སྟེ་དུར་ཁྲོད་ཆེན་པོར་ཁྱེར་ནས་དེའི་གཉེན་རྣམས་ཀྱིས་དེ་ཕྱོགས་གཅིག་ཏུ་བཞག་སྟེ། ཤིང་བསྡུས་ནས་རོ་བསྲེགས་པའི་ཤིང་བརྩིག་པ་ལ་ཞུགས་ཏེ། གཤེད་མ་པ་དེ་རྣམས་ཀྱིས་སྨྲས་པ། ཁྱེད་རྣམས་ཀྱིས་རེ་ཞིག་འདིའི་རོ་བསྲེག་པའི་ཤིང་མ་བརྩིག་པར་ཅི་ཙམ་ན་ཁྱེད་ཀྱིས་ངེད་ཀྱི་གཞོན་ནུ་གསེར་མདོག་གསལ་ཤིང་ལ་སྐྱོན་ཏེ། བསད་ཀྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་གསེར་མདོག་དེ་དང་བུ་མོ་ཀ་ཤི་མཛེས་དགའ་མོ་རོ་བསྲེག་ཤིང་གཅིག་ལ་བཞག་སྟེ་བསྲེག་པར་བྱའོ་ཞེས་སྨྲས་ནས། གསལ་ཤིང་ལ་བཙུགས་པར་གྱུར་ཏོ། །གཞོན་ནུ་གསེར་མདོག་གསལ་ཤིང་ས་ལ་བཙུགས་པ་བལྟས་ནས་མ་རྗེས་སུ་དྲན་ཏེ། སྡུག་བསྔལ་དྲག་པོས་རྒྱུད་ཞུ་བར་བྱས་པས་མཆི་མ་གློག་པ་ལ་ཞུགས་པར་གྱུར་ཏེ། དེ་ལྟར་མ་ང་དང་བྲལ་བར་ཐོས་པ་དང་གནས་སྐབས་ཅིར་གྱུར་ཞིག་གུ། གང་གི་ཚེ་ཐུན་དང་པོའི་མཚན་ཕྱེད་ལ་མ་མཐོང་ན་ཡང་ཤིན་ཏུ་གནོད་པ་དྲག་པོ་མྱོང་ན་དེས་དེང་བུ་གཅིག་པ་དང་བྲལ་ན་སྲོག་ཇི་ལྟར་འཛིན་པར་འགྱུར། ཀྱི་ཧུད་ང་ནི་འདི་ལྟ་བུའི་སྐལ་བ་ངན་པ་སྟེ། ང་སྐྱེས་པས་མ་ང་དང་བྲལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ནས་གཤེད་མ་པ་རྣམས་ཀྱིས་གསལ་ཤིང་དེ་ས་ལ་བཙུགས་ཏེ་ཕན་ཚུན་སྨྲ་བར་རྩོམ་པ། བདག་ཅག་ལས་སུ་ཞིག་གིས་གཞོན་ནུ་འདི་གསལ་ཤིང་ལ་བསྐྱོན་པར་བྱ། དེར་ཡང་རེ་རེ་ནས་སྒྱུ་བྱེད་པ་ལ་ཞུགས་ཏེ། ཁྱེད་རྣམས་ཀྱིས་སྐྱོན་ཅིག །ང་ནི་དེང་མགོ་བོའི་ནད་ཀྱིས་ཤིན་ཏུ་གཟིར་ཏོ། །དེ་བཞིན་དུང་ནི་རྒྱབ་ནས་གཟེར་རོ། །ང་ནི་མཆན་ཁུང་ནས་གཟེར་རོ་ཞེས་ཟེར་ཞིང་དེ་རྣམས་གང་ཡང་བྱ་བ་མ་ཡིན་པ་དེ་བྱེད་པར་སྤྲོ་བར་མ་གྱུར་ཏོ། །དེ་ནས་གཞོན་ནུ་གསེར་མདོག་གིས་དེ་རྣམས་ཕན་ཚུན་སྨྲ་བ་ཐོས་ནས་གསལ་ཤིང་ས་ལ་བཙུགས་པ་ལ་བལྟས་ཏེ། ཀྱི་ཧུད་ད་ནི་ངེས་པར་ང་མེད་པར་འགྱུར་རོ་ཞེས་འཁོར་བའི་ཉེས་པ་ལ་སྐྱོ་ཞིང་ཐར་པའི་ལམ་མངོན་པར་འདོད་པས་བདག་ཉིད་དགའ་བ་དང་བྲལ་བར་ཤེས་ནས་མཆོག་ཏུ་འཇིགས་པའི་མྱ་ངན་གྱིས་གཡོ་བའི་མིག་གིས་ལྟ་ཞིང་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་སྡུག་བསྔལ་ལོ། །ད་ནི་ངའི་ཤིན་ཏུ་


DTG167_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་དཀའ་བའི་དམ་པའི་ཆོས་ཀྱི་དགའ་སྟོན་རྙེད་ནས་དོན་གྱི་བྱ་བ་མ་བྱས་པ་ཉིད་ན་འཆི་བར་འགྱུར་རོ། །ཀྱི་ཧུད་ཡང་འཁོར་བར་འཁོར་བར་འགྱུར་རོ། །སླར་འཁོར་བའི་བཙོན་ར་ཆེན་པོར་གནས་པར་འགྱུར་རོ། །ཡང་འཁོར་བའི་འབྲོག་སྟོང་པར་ཡོངས་སུ་འཁྱམས་པར་འགྱུར་རོ། །ཡང་འཁོར་བའི་ཚང་ཚིང་ཆེན་པོར་ཞུགས་པར་འགྱུར་རོ། །ཡང་འཁོར་བའི་གཡང་ས་ཆེན་པོ་རབ་ཏུ་ལྟུང་བར་འགྱུར་རོ། །ཡང་འཁོར་བའི་འདམ་རྫབ་ཀྱི་ནང་དུ་གནས་པར་འགྱུར་རོ། །ཡང་བདག་ནི་ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་ལ་སོགས་པའི་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སླར་ཡང་བདག་གླང་པོ་ཆེ་དང༌། བ་ལང་དང༌། མ་ཧེ་དང༌། རི་བོང་དང༌། ཤ་ར་བཱ་དང༌། རི་དགས་རུ་རུ་དང༌། བྱི་ལ་སྟེ་སྣ་ཚོགས་པའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །སླར་ཡང་རྟག་ཏུ་བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཆེན་པོ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བས་ཉེན་པ་རྣམས་དང༌། བཟའ་བ་དང༌། བཏུང་བའི་སྒྲ་རྣམས་ཡང་མི་ཐོས་ཤིང་བཤང་བ་དང༌། གཅིན་དང༌། མཆིལ་མ་དང༌། ངར་སྣབས་ལ་སོགས་པ་ཟ་ཞིང་ཡི་དགས་ལྐོག་མའི་ལྦ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ནི་བརྒྱ་ལམ་ན་ལན་འགའ་འབྱུང་བ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་དུ་བརྒྱ་ལམ་ན་ལན་འགའ་འབྱུང་བར་འགྱུར་རོ་ཞེས་ཐོས་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འཇིག་རྟེན་དུ་སྟོན་པར་མཛད་པ་ཡང་འབྱུང་བར་དཀའ་བར་ཤེས་སོ། །དལ་འབྱོར་ནི་རྙེད་པར་དཀའོ། །མིར་སྐྱེས་བ་ནི་རྙེད་པར་དཀའོ། །འཕགས་པའི་ཡུལ་དུ་སྐྱེས་པ་དང༌། དབང་པོ་ཚང་བ་དང༌། གླེན་པ་མ་ཡིན་པ་དང༌། འོན་པ་མ་ཡིན་པ་དང༌། ལྐུགས་པ་མ་ཡིན་པ་དང༌། ལག་བརྡས་མི་སྨྲ་བ་དང༌། ལེགས་པར་བཤད་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་བཤད་པ་རྙེད་པར་དཀའོ་ཞེས་


DTG167_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ལ། བདག་ཀྱང་སྐྱབས་དང་བྲལ་བས་དེང་ནི་མེད་པར་འགྱུར་ཏེ། མི་ཁོམ་པ་བརྒྱད་ལས་ཐར་པའི་མིར་སྐྱེས་བ་ཉིད་ཀྱང་ད་ནི་འབྲས་བུ་མེད་པར་འགྱུར་ན་དེ་ལ་ད་ཅི་ཞིག་བྱ། ཅི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་བཞུགས་པ་ནི་གང་ཞིག་རྗེས་སུ་དྲན་པས་ང་གནས་སྐབས་འདི་ལྟ་བུ་མགོན་མེད་པ། སྐྱབས་མེད་པ། སྐྱོབ་པ་མེད་པ། དཔུང་གཉེན་མེད་པ། སྣང་བ་མེད་པ། ཤིན་ཏུ་ཉམ་ཐག་པའི་སྡུག་བསྔལ་གྱིས་ཉེན་པར་གྱུར་པ་ལ་ཐུགས་རྗེ་ཆེན་པོའི་དབང་གིས་བྱོན་ནས་ཡོངས་སུ་སྐྱོབ་པར་མཛད་པར་གྱུར་པ་ཞིག་ན། བཅོམ་ལྡན་འདས་དེ་ཡང་ངའི་སྐ་ལ་བ་ངན་པའི་ཉེས་པས་མྱུར་བ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་པས་དེ་ལ་ད་སུ་ཞིག་གནས་སྐབས་འདིར་རྗེས་སུ་དྲན་པར་བྱ། སུ་ཞིག་ང་ལ་དེ་བཞིན་གཤེགས་པ་བཞིན་དུ་ཐུགས་རྗེ་ཆེན་པོས་བྱོན་ནས་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་ཞེས་རེ་ཐག་ཆད་དེ་དཔྱོད་འདར་བ་ལ་ཞུགས་པ་དང༌། དེ་ལ་ཡང་བློ་སྐྱེས་པ། གནས་བརྟན་ཀུན་དགའ་བོ་ཞེས་བྱ་བ་བདག་ཉིད་ཆེན་པོ་བཞུགས་ཀྱིས་དེ་རྗེས་སུ་དྲན་པར་བྱ་སྟེ། བདག་ཉིད་ཆེན་པོ་དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་པ་ལ་རྩེ་གཅིག་པའི་རྒྱུད་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་དེ་དང་གནས་བརྟན་འོད་སྲུངས་ཆེན་པོས་བསྟན་པ་མ་ལུས་པར་རྗེས་སུ་གཏད་པ་ཡིན་ཏེ། དེས་ད་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པ། དེ་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་པར་ཐོས་ཏེ། གནས་བརྟན་ཀུན་དགའ་བོས་ནི་ཕོངས་པ་འདི་ལས་བདག་ཡོངས་སུ་སྐྱོབ་པར་སྤྱོད་ཅིག །དེ་ཉིད་རྗེས་སུ་དྲན་པར་བྱའོ་སྙམ་དུ་བསམས་ནས་མཆི་མས་མིག་ཁེབས་ཤིང་འཁོར་བའི་འཇིགས་པས་སྐྱོ་ལ་མཆོག་ཏུ་ཡིད་བྱུང་བར་གྱུར་པའི་བསམ་པ་དྲག་པོས་གནས་བརྟན་ཀུན་དགའ་བོ་སྤྱན་དྲང་བ་ལ་ཞུགས་སོ། །འཁོར་བའི་འཇིགས་པས་སྐྲག་གྱུར་པ། །དགའ་དང་བྲལ་པར་གནས་པ་དག །གནས་བརྟན་ཀུན་དགའ་བོ་ལ་ཞུས། །བདག་ལ་ཁྱོད་གསན་མཛད་པའི་རིགས། །ཀུན་མཁྱེན་ཐུགས་རྗེའི་བདག་ཉིད་ཅན། །དེ་ནི་མྱ་ངན་འདས་གྱུར་ལ། །བདག་ཉིད་ཆེན་པོ་འོད་སྲུངས་ལ། །འགྲོ་བའི་དོན་གྱི་


DTG167_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་གཏད་དོ། །གནས་བརྟན་འོད་སྲུངས་ཆེན་པོས་ནི། །དོན་བྱས་མྱ་ངན་འདས་ནས་ནི། །འགྲོ་བའི་དོན་ནི་འབྱོར་བའི་ཕྱིར། །ཁྱེད་ཉིད་ལ་ནི་ཁུར་ཡང་གཏད། །འཇིག་རྟེན་གཉེན་འགྱུར་རྫོགས་སངས་རྒྱས། །འགྲོ་བ་ཀུན་ལ་ཕན་བརྩོན་དང༌། །གྲགས་ལྡན་འོད་སྲུངས་ཆེན་པོ་ཡང༌། ད་ལྟར་མྱ་ངན་འདས་པར་གྱུར། །ཁྱེད་ནི་མགོན་མེད་རྣམས་ཀྱི་མགོན། །འཇིགས་པ་རྣམས་ལ་མི་འཇིགས་སྩོལ། །ངལ་བ་རྣམས་ཀྱི་བསྟི་ས་དང༌། །སྐྱབས་དོན་གཉེར་བ་རྣམས་ཀྱི་སྐྱབས། །སྟོན་པའི་བྱ་བ་ཁྱེད་མཛད་པས། །ཁྱེད་ཉིད་འཇིག་རྟེན་གཉེན་གཅིག་པུ། །སངས་རྒྱས་སློབ་མ་རྣམས་ཀྱི་མཆོག །ཁྱེད་ནི་བསྟན་པ་གཅེས་མཛད་པ། །གལ་ཏེ་སྡུག་བསྔལ་ས་འོག་ལས། །དེང་བདག་གདོན་པར་མ་མཛད་ན། །ཁྱེད་ལས་གཞན་པའི་མགོན་པོ་ནི། །ད་ལྟར་མེད་པས་བདག་བཅོམ་ལགས། །སྐྱེས་ནས་ངེས་པར་འཆི་བས་ན། །འཆི་བས་བདག་སྐྲག་མ་ལགས་ཀྱིས། །ཇི་ལྟར་འཁོར་བའི་བཙོན་ར་ལས། །འབྱིན་པར་མཛད་པ་ཁྱེད་ཀྱིས་མཁྱེན། །དེ་བཞིན་མི་ཁོམ་བརྒྱད་སྤངས་པའི། །དལ་བ་ཐོབ་པ་རྙེད་དཀའ་བ། །དོན་མ་བྱས་པས་འཆི་འགྱུར་བས། །དེས་བདག་ཤས་ཆེར་སྡུག་བསྔལ་གྱུར། །སངས་རྒྱས་ཐམས་ཅད་གཟིགས་པ་ནི། །འབྱུང་བ་ངེས་པར་རྙེད་དཀའ་བས། །ཁྱེད་གཤེགས་ནས་ནི་ཇི་ལྟར་བདག །འབྲས་མེད་མི་འགྱུར་དེ་ལྟར་མཛོད། །ཁྱེད་ནི་ཐུགས་རྗེ་མི་གཡོ་བ། །སྲོག་ཆགས་ཀུན་ལ་མངལ་གྱུར་པ། །ཐར་པའི་ལས་ནི་མངོན་འདོད་པའི། །བདག་ལ་བཏང་སྙོམས་མི་མཛད་རིགས། །གལ་ཏེ་ཁྱེད་ནི་གཙོ་ཅན་ཏེ། །སེམས་ཅན་ཀུན་གྱི་དོན་བརྩོན་ན། །ཤིན་ཏུ་ཉམ་ངར་ཞུགས་གྱུར་པ། །བདག་ལ་གཟིགས་པར་མཛད་དུ་གསོལ། །དེ་ལྟར་སྐྱོབ་པ་མེད་པ་ལ། །ལྷ་ཡི་སྤྱན་གྱིས་གཟིགས་ནས་ནི། །ཁྱེད་དེང་མྱུར་དུ་གཤེགས་ནས་སུ། །བདག་ལ་སྐྱབས་པར་མཛད་པའི་རིགས། །དེ་ནས་བར་སྐབས་དེར་གནས་བརྟན་ཀུན་དགའ་བོ་བདག་ཉིད་ཆེ་བ། འགྲོ་བ་མ་ལུས་པའི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ངེས་པར་ཞུགས་པ། སྙིང་རྗེ་དང་ལྡན་པ་དེས་དེ་བཞིན་


DTG167_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་ཅན་མཐའ་ཡས་པའི་སྤྱོད་པ་ལ་ལྟ་ཞིང་ཕན་པར་སེམས་པའི་རྒྱུད་དང་ལྡན་པའི་མཆོག་ཏུ་ཉོན་མོངས་པ་དང་ལྡན་པའི་ལྷའི་མིག་གིས་གཞོན་ནུ་གསེར་མདོག་གནས་སྐབས་འདི་ལྟ་བུར་འདུག་པ་མཐོང་ནས། སེམས་ཀྱི་འཇུག་པ་སྙིང་རྗེས་ཡང་དག་པར་བསྐུལ་བས་ལྷའི་སྣང་བས་སའི་དཀྱིལ་འཁོར་རྣམས་སྣང་བར་བྱས་ནས་དགྲ་བཅོམ་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། འཕྲལ་དུ་རྫུ་འཕྲུལ་གྱིས་ནམ་མཁའི་གཞི་ལ་འཕགས་ཏེ་འཚམས་ཀྱི་སྤྲིན་གྱིས་གཡོགས་པ་བཞིན་དུ་ནམ་མཁའི་ངོས་ཀུན་དུ་བཀང་སྟེ། སའི་དཔལ་གྱི་ཚོགས་བཞིན་དུ་དཔལ་གྱིས་ལུས་འབར་བར་གྱུར་ཅིང་དུར་ཁྲོད་དུ་མངོན་པར་བལྟས་ཏེ་ཡང་དག་པར་ཆས་པ་དང༌། རྒྱལ་པོ་མ་སྐྱེས་དགྲ་ཁང་བཟངས་ཀྱི་སྟེང་ན་འདུག་པས་གནས་བརྟན་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ལྷན་ཅིག་ཟླ་བ་ཁམ་པ་ལྟ་བུར་ཉེ་བར་བསྐོར་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས་མཚམས་ཀྱི་སྤྲིན་བཞིན་དུ་ནམ་མཁའི་ངོས་བརྒྱན་ཏེ། དུར་ཁྲོད་ཆེན་པོར་མངོན་པར་ཕྱོགས་ནས་འགྲོ་བར་མཐོང་ངོ༌། །དེ་མཐོང་བ་དང་ཡང་དེ་འདི་སྙམ་དུ་སེམས་ཏེ། གནས་བརྟན་ཀུན་དགའ་བོ་ནི་གཞོན་ནུ་གསེར་མདོག་གི་ཕྱིར་གཤེགས་པ་ཡིན་ལ། །དེ་བཞུད་ནས་ཀྱང་ངོ་མཚར་ཤིན་ཏུ་ཆེ་བའི་ཆོས་སྟོན་པར་མཛད་པ་ཡིན་གྱི་ང་ཡང་དུར་ཁྲོད་ཆེན་པོར་འགྲོ་བར་བྱ་སྙམ་མོ། །དེ་ནས་དེའི་མོད་ལ་གནས་བརྟན་ཀུན་དགའ་བོ་འཁོར་དང་བཅས་པ་ལ་ཕྱག་བྱས་ཏེ། ཁང་བཟངས་ནས་རིངས་པ་རིངས་པར་བབས་ཏེ། སྲོག་ཆགས་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་རྐང་པ་གཉིས་ཀྱིས་དུར་ཁྲོད་ཆན་པོར་ཆས་སོ། །བར་སྐབས་ཀྱི་གཤེད་མ་པ་རྣམས་རྒྱལ་པོའི་སྐྱེས་བུ་དེ་རྣམས་ཀྱིས་མཚོན་ཕྱར་ཏེ་བསྡིགས་པ། ཅིའི་ཕྱིར་འདི་ལྟར་ཕྱི་ཤོལ་བྱེད། མྱུར་དུ་གཞོན་ནུ་འདི་གསལ་ཤིང་ལ་སྐྱོན་ཅིག །དེ་ནས་གཤེད་མ་པ་དེ་སྐྲག་ཏེ། གཞོན་ནུ་གསེར་མདོག་གསལ་ཤིང་ལ་བསྐྱོན་པར་བྱའོ་ཞེས་སྨྲས་ནས་གསལ་ཤིང་ལ་བསྐྱོན་པར་བརྩམས་པ་དང༌། གཞོན་ནུ་གསེར་མདོག་འཁོར་པའི་ཉེས་པས་ཡིད་བྱུང་བའི་སེམས་དང༌། རེ་ཐག་ཆད་


DTG167_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ནས་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་འཕགས་པ་ཀུན་དགའ་བོས་བདག་ཡོངས་སུ་སྤངས་ཏེ་གང་ལ་མཁྱེན་པར་གསོལ་ཡང་ཡོངས་སུ་མ་བསྐྱབས་པ་ནི་སྡུག་བསྔལ་ལོ། །དེ་ནས་བར་སྐབས་དེར་གནས་བརྟན་ཀུན་དགའ་བོ་བདག་ཉིད་ཆེ་བས་རིང་པོ་ཉིད་ནས་འོངས་བཞིན་དུ་སྐད་ཤིན་ཏུ་གསལ་བས་ཕྱོགས་ཀུན་དུ་ཁྱབ་པར་བྱས་ཏེ། གཞོན་ནུ་གསེར་མདོག་དབུགས་དབྱུང་བའི་ཕྱིར་སྨྲས་པ། བུ་མ་འཇིགས་ཤིག །ཁྱེད་ལྟ་བུའི་གདུལ་བྱ་རྣམས་ཀྱི་དོན་དུ་ངས་སྦྲུལ་དུག་ཅན་ལྟ་བུའི་ལུས་འདི་བཟུང་བ་ཡིན་གྱི་བུ་མ་འཇིགས་ཤིག །ངས་དེང་ཁྱོད་ཉམ་ང་པ་འདི་ལས་ཡོངས་སུ་ཐར་པར་བྱའོ། །དེང་ངས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་དགོངས་པ་རྫོགས་པར་བྱའོ། །དེང་ཉིད་ངས་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དང༌། གནས་བརྟན་འོད་སྲུངས་ཆེན་པོས་བསྟན་པ་ང་ལ་གཏད་པ་དེ་ཡང་འབྲས་བུ་ཡོད་པར་བྱའོ། །དེང་ངས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་མཆོག་གི་བདག་ཉིད་ཆེ་བ་ཉེ་བར་བརྟན་པར་བྱའོ། །དེང་ཁྱེད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེང་ཁྱེད་ཀྱི་འཆི་བའི་འཇིགས་པ་འདི་དང་འཁོར་བའི་འཇིགས་པ་བསལ་བར་བྱའོ། །དེང་ཁྱེད་ཀྱི་ཐེ་ཚོམ་གྱི་རྣམ་པ་ཡིན་ནམ་མ་ཡིན་སྙམ་པའི་ཟུག་རྡུ་དབྱུང་བར་བྱའོ། །ལྟ་བ་ངན་པའི་རབ་རིབ་ཀྱིས་ཁེབས་པའི་ཡེ་ཤེས་ཀྱི་མིག་སྨན་གྱི་ཐུར་མས་རྣམ་པར་སྣང་བར་བྱའོ། །དེང་ཁྱེད་ཀྱི་ཁྲོ་བའི་མེ་གཞིག་པར་བྱའོ། །དེང་ཁྱེད་འདོད་ཆགས་དང་བྲལ་བས་བསྐྱབ་པར་བྱའོ། །དེང་ཁྱེད་ཀྱི་དགེ་བའི་ས་བོན་བསྐྱེད་པར་བྱའོ། །དེང་ཁྱེད་འཁོར་བའི་འདམ་ལས་གདོན་པར་བྱའོ། །དེང་ཁྱེད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ། །དེང་ཁྱེད་འཁོར་བའི་འབྲོག་དགོན་པའི་མཐར་དབྱུང་བར་བྱའོ། །དེང་ཁྱེད་ཉོན་མོངས་པའི་འཆིང་བ་གཅད་པར་བྱའོ། །དེང་ཁྱེད་ཉོན་མོངས་པའི་སྒོ་གླེགས་གཅད་པར་བྱའོ། །དེང་ངས་ཇི་ལྟར་ཁྱེད་ཀྱི་མཐའ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པར་ཤིན་ཏུ་རྙེད་པར་


DTG167_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལྟར་ངས་བྱའོ། །དེང་ནི་ཉོན་མོངས་བུད་ཤིང་ཀུན། །ཡེ་ཤེས་མེ་ཡིས་བསྲེག་པར་བྱ། །དེ་ནི་ཐེ་ཚོམ་མེད་པའི་བློས། །རིགས་དང་བྲལ་བ་ཉིད་དུ་གྱུར། །དེང་ནི་བུ་ཁྱོད་མི་ཐོགས་པར། །ཡུན་རིང་སྐྱེད་པའི་སྐྱེ་བའི་ཤིང༌། །ཡེ་ཤེས་ཆེན་པོའི་རྡོ་རྗེ་ཡིས། །བཅད་དཀའ་ཤིན་ཏུ་གཅོད་པར་འགྱུར། །ཆགས་ཆུ་དྲེགས་པའི་དབའ་ཀློང་ཅན། །ང་རྒྱལ་ཆུ་རླབས་སྲིད་མཚོ་ལས། །བརྩོན་པའི་གཟིངས་ལ་ལེགས་ཞོན་ཏེ། །ཁྱོད་ནི་རབ་ཏུ་རྒལ་བར་གྱུར། །སྐྱེ་བའི་ལྷན་ཅིག་དགའ་བའི་རྩེ། །འཆི་བའི་རི་ཁྲོད་དོག་པ་ནི། །ཡེ་ཤེས་རྡོ་རྗེ་ཆེན་པོ་ཡིས། །སྡུག་བསྔལ་རི་བོ་གཞིག་པར་འགྱུར། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །གང་ཞིག་ཁྱོད་ཀྱིས་མ་ཐོབ་གནས། །དེ་འདྲ་ཤིན་ཏུ་རྙེད་དཀའ་ཡི། །གནས་མེད་དེང་ནི་ཐོབ་པར་འགྱུར། །དེ་ནས་གནས་བརྟན་ཀུན་དགའ་བོ་ལས་དེ་དག་ཐོས་པ་དང༌། གཞོན་ནུ་གསེར་མདོག་གཏོར་བ་ལས་སླར་རྙེད་པ་བཞིན་དུ་དབུགས་ཕྱིན་ཅིང་རྙེད་ནས་ཤིན་ཏུ་དགའ་བས་བ་སྤུ་ལྡང་བ་དང༌། ནམ་མཁའི་ངོས་སུ་ཤས་ཆེར་ལྟ་ཞིང་གནས་བརྟན་ཀུན་དགའ་བོ་ལ་དགའ་བས་བསྡུས་པའི་ཡིད་རྩེ་གཅིག་ཏུ་གྱུར་ཏོ། །དེ་ནས་རྒྱལ་པོའི་སྐྱེས་བུ་དེ་རྣམས་ཀྱིས་གསོད་མ་པ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དགེ་སློང་ནམ་མཁའི་ངོས་ལ་རྟེན་ཅིང་འོང་བ་འདི་དག་ནི་སྙིང་རྗེ་ཅན་ཡིན་པས་འདི་དག་འོངས་ནས་གལ་ཏེ་བར་ཆོད་བྱེད་ཀྱི་མྱུར་དུ་གཞོན་ནུ་འདི་གསལ་ཤིང་ལ་སྐྱོན་ཅིག །ཁྱེད་རྣམས་རྒྱལ་པོའི་ཁྲིམས་ལས་འདས་པས་སྡུག་བསྔལ་ཆེན་པོ་ཐོབ་པར་གྱུར་ཏ་རེ། དེ་ནས་གཤེད་མ་པ་དེ་རྣམས་བུ་དང༌། བུ་མོ་དང༌། ནང་མི་དང༌། ཉེ་དུ་དང༌། སྲོག་དང་བྲལ་བས་འཇིགས་སྐྲག་ནས་གཞོན་ནུ་གསེར་མདོག་བཏེག་སྟེ་གསལ་ཤིང་ལ་གཟུགས་པར་བརྩམས་པ་དང༌། གནས་བརྟན་ཀུན་དགའ་བོས་དེའི་མོད་ཁོ་ན་ལ་ཇི་ལྟར་གསལ་ཤིང་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འགྲན་དུ་རུང་བ། ལྟེ་བ་ཡངས་པ་དང་ལྡན་པའི་པདྨ་ཆེན་པོ་བྱུང་བར་གྱུར་ལ། ཟླ་བའི་སྟེང་དུ་ལྟེ་བ་ལ་


DTG167_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་གསེར་མདོག་སྐྱིལ་མོ་ཀྲུང་གིས་འདུག་པ་དེ་ལྟར་བྱིན་གྱིས་བརླབས་སོ། །པདྨ་དེའི་ལྟེ་བའི་སྟེང་ན་གཞོན་ནུ་གསེར་མདོག་སྐྱིལ་མོ་ཀྲུང་གིས་འདུག་པ་མཐོང་བ་དང༌། ནམ་མཁའ་ལས་ལྷ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པས་ཅ་ཅོའི་སྒྲ་བཏོན་ཏེ། ཀྱེ་མའོ་བསྟན་པའི་བདག་ཉིད་ཆེ། །ཀུན་མཁྱེན་གྱི་ནི་རྨད་བྱུང་དང༌། །དེ་བཞིན་གཤེགས་པའི་རྣམ་འཕྲུལ་གང༌། །དེ་བཞིན་ཉན་ཐོས་རྣམས་ཀྱང་བྱེད། །དེ་ནི་འཕགས་པ་ཀུན་དགའ་བོས། །བདག་ཉིད་ཆེ་མཐོ་རབ་སྟོན་ཅིང༌། །བདེ་གཤེགས་བཞིན་དུ་བྱེད་པ་ནི། །ཡང་དག་ཤིན་ཏུ་རྨད་བྱུང་ཆེ། །ཕོངས་པའི་མུན་པ་ཀུན་སེལ་བའི། །རྒྱལ་པོའི་ཉི་མ་ནུབ་གྱུར་ཀྱང༌། །ཀྱེ་མ་གནས་བརྟན་ཀུན་དགའ་བོས། །དཔལ་ལྡན་ཉི་མ་འདི་ཤར་རོ། །འགྲོ་བ་ནམ་མཁའི་དཀྱིལ་འཁོར་དུ། །གནས་བརྟན་ཀུན་དགའི་ཟླ་བ་ཡིས། །རང་གི་བདག་ཉིད་ཤེས་རབ་ཆེའི། །འོད་ཀྱི་དྲི་མ་མེད་པར་བྱས། །བདེར་གཤེགས་སྒྲོན་མ་དང་བྲལ་བས། །འགྲོ་བའི་མུན་པས་ཁྱབ་གྱུར་ལ། །འཕགས་པ་ཀུན་དགའི་སྒྲོན་མ་ཡིས། །དེང་ནི་ཡང་དག་གསལ་བར་བྱས། །ཡོན་ཏན་བསམ་མི་ཁྱབ་ཀུན་ལྡན། །སངས་རྒྱས་རིན་ཆེན་ནུབ་གྱུར་ཀྱང༌། །དཔལ་ལྡན་འགྲོ་བའི་གཙུག་ནོར་བུ། །འཕགས་པ་ཀུན་དགའ་ཡང་དག་འཕགས། །དེ་ནས་གནས་བརྟན་ཀུན་དགའ་བོས་སྟོན་ཀའི་ཟལ་བའི་དཀྱིལ་འཁོར་བལྟར་མེད་པ་བས་ལྷག་པའི་འོད་དང་ལྡན་པ་མཚམས་ཀྱི་སྤྲིན་གྱིས་བསྐོར་བའི་ཉི་མ་ལྟ་བུ་སའི་དཔལ་མ་ལུས་པ་བཞིན་དུ་དཔལ་གྱིས་ལུས་འབར་བར་གྱུར་པ། རང་གི་གཟི་བརྗིད་ཀྱིས་ཉི་མའི་འོད་ཟིལ་གྱིས་གནོན་པ། དགྲ་བཅོམ་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་ཕྱིན་པ་དང༌། ནམ་མཁའི་ངོས་ཉིད་ན་གནས་བཞིན་དུ་གཞོན་ནུ་གསེར་མདོག་ལ་གསུངས་པ། །འཇིག་རྟེན་དུ་ནི་ལན་འགའ་ཞིག ། མིག་ལྡན་གཡུལ་གྱི་མཐར་བྱོན་པ། །ལྷ་དང་མི་ཡི་སྟོན་པ་ཡི། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །སྡུག་བསྔལ་ཐམས་ཅད་རྣམ་སེལ་བའི། །ཆོས་གང་རབ་ཏུ་སྟོན་པ་དང༌། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །སྡུག་བསྔལ་ཡང་དག་འདས་པ་


DTG167_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །འཕགས་པའི་ལམ་ནི་ཡན་ལག་བརྒྱད། །ཞི་བ་མྱ་ངན་འདས་འགྲོ་བ། །ཆོས་འདི་སྟོན་པར་མཛད་པ་ན། །སྡུག་བསྔལ་ཐམས་ཅད་སེལ་བྱེད་པའི། །ཤེས་པས་མི་ཤེས་བཅོམ་ནས་ནི། །སླར་ནི་འབྱུང་བར་མི་འགྱུར་རོ། །དེ་ནས་ཚིག་འདི་ཐོས་པའི་རྗེས་ཐོགས་ཉིད་ལ་གཞོན་ནུ་གསེར་མདོག་འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོན་པོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་གཞོན་ནུ་གསེར་མདོག་ཚོང་པ་རྙེད་པ་རྙེད་པ་ལྟ་བུའམ། ཞིང་པ་ལོ་ལེགས་པ་ལྟ་བུའམ། དཔའ་བོ་གཡུལ་ལས་རྒྱལ་བ་ལྟ་བུའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པ་ལྟར་མཆོག་ཏུ་དགའ་བ་དང༌། མགུ་བ་སྐྱེས་པར་གྱུར་ནས་དེ་ཉིད་དུ་གནས་བཞིན་དུ་ལག་པ་ཐལ་མོ་སྦྱར་ཏེ་གནས་བརྟན་ཀུན་དགའ་བོ་ལ་མངོན་པར་བསྟོད་པར་བརྩམས་པ། གནས་བརྟན་ཀུན་དགའ་ཕྱག་འཚལ་ལོ། །གནས་བརྟན་མཆོག་ལ་ཕྱག་འཚལ་ལོ། །རྒྱལ་སྲས་རྣམས་ཀྱི་ཏོག་གྱུར་པའི། །ཐུབ་པ་ཆེ་ལ་ཕྱག་འཚལ་ལོ། །ཨེ་མའོ་ཁྱོད་ཀྱི་ཐུགས་རྗེ་རྒྱས། །ཨེ་མའོ་ཐུགས་རྗེ་མཆོག་ལྡན་པ། །གང་གིས་བདག་ནི་ཉམ་ང་བ། །ཆེན་པོ་ལས་ནི་དེང་མཛད་ཐར། །འཇིགས་པས་ཉེན་ཅིང་མགོན་མེད་བདག །མགོན་པོ་ཁྱོད་ཀྱིས་ཐར་མཛད་པ། །འཇིག་རྟེན་མགོན་ཞེས་མི་ཡུལ་གྱི། །གནས་སུ་ཁྱེད་ཀྱི་སྒྲ་བསྒྲགས་གྱུར། །སྡུག་བསྔལ་ཚ་བས་གདུངས་པ་ཡི། །འཇིག་རྟེན་ཁྱེད་ཀྱིས་འཛིན་མཛད་ཅིང༌། །བྱམས་དང་སྙིང་རྗེ་བསིལ་བའི་འོད། །ཐུབ་པ་ཟླ་བ་ཤར་བ་ཡིན། །དགེ་བའི་བཤེས་དང་མཇལ་ནས་ནི། །ཁྱེད་ཀྱིས་བདག་ལ་གང་ཐོབ་མཛད། །བྱ་བ་དེ་ནི་མས་མིན་ཞིང༌། །ཕ་དང་གཉེན་རྣམས་ཀྱིས་མ་ཡིན། །ངན་སོང་ཐམས་ཅད་སྒོ་གཅད་ཅིང༌། །ཐར་པའི་སྒོ་ནི་ཀུན་དུ་ཕྱེ། །རྒྱ་མཚོ་ཐམས་ཅད་སྐམས་པ་དང༌། །རུས་པའི་རི་ལས་ཐར་བར་མཛད། །འཁོར་བ་ཐོག་མཐའ་དབུས་མེད་ཅིང༌། །ཉོན་མོངས་འཇིགས་པས་དཀྲུགས་པ་ལས། །བློ་དང་བཅས་པའི་ཡོན་ཏན་གྱིས། །ཁྱད་ཀྱི་མཐར་ནི་བཞག་པར་གྱུར། །ཐོག་མེད་དུས་ནས་ཞེན་པ་ཡི། །


DTG167_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཟུག་རྡུ་ལེགས་འབྱིན་པའི། །སྨན་པའི་མཆོག་འདིར་རྙེད་པས་ན། །བདག་ནི་ནད་མེད་བདེ་བ་སྐྱེས། །དེ་ནས་ལྷ་རྣམས་ཀྱིས་གནས་བརྟན་ཀུན་དགའ་བོའི་སེམས་ལ་བལྟས་ནས་སྐད་ཅིག་མ་དེ་ཉིད་ལ་དུར་ཁྲོད་ཆེན་པོའི་རྡོ་དང་གསེག་མ་དང༌། གྱོ་མོ་རྣམས་བསལ་བ་དང༌། ཙནྡན་གྱི་ཆུས་ཆག་ཆག་བཏབ་ཅིང་སྤོས་ཀྱི་དྲི་ཞིམ་པོས་གཏུལ་ཏེ། གདུགས་དང་རྒྱལ་མཚན་དང༌། བ་དན་དང༌། རྟ་བབས་བསྒྲེངས་པ་དང༌། མུ་ཏིག་གི་དོ་ཤལ་གྱི་ཚོགས་དང༌། གོས་ཀྱི་ཆུན་འཕྱང་མང་པོ་དཔྱངས་པ་དང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་སིལ་མ་བཀྲམ་སྟེ། ལྷ་རྣམས་དགའ་བའི་ཚལ་བཞིན་དུ་ཤིན་ཏུ་ཉམས་དགའ་བར་བྱས་སོ། །དེར་ཡང་གནས་བརྟན་ཀུན་དགའ་བོའི་དོན་དུ་རིན་པོ་ཆེ་སྣ་ཚོགས་པས་རྣམ་པར་སྤེལ་ཅིང་སྤྲས་པས་ཁྱད་པར་ཅན་དུ་ཕྱེ་ཞིང་ཐམས་ཅད་ལྷའི་གསེར་ལས་བྱས་པ། རྐང་རྟེན་དང་བཅས་པས་ལྷའི་སེང་གེའི་ཁྲི་ཆེན་པོ་བཅས་པ་དང༌། དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་རྣམས་ཀྱི་དོན་དུ་ཡང་ལྷའི་གདན་རྣམས་བཏིང་ངོ༌། །དེ་ནས་གནས་བརྟན་ཀུན་དགའ་བོ་ནམ་མཁའ་ལས་བབས་ཏེ། སེང་གེའི་ཁྲི་དེའི་སྟེང་དུ་བཞུགས་སོ། །དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་རྣམས་ཀྱང་བབས་ཏེ་གདན་བཤམས་པ་ལ་འདུག་པར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲ་ཡང་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ནས་ཕྱིན་པ་དང༌། ཅི་ཙམ་ན་འབྱོར་པ་དེ་དག་ཀྱང་མཐོང་ཞིང༌། གཞོན་ནུ་གསེར་མདོག་ཟླ་བའི་དཀྱིལ་འཁོར་དང་འགྲན་དུ་རུང་བའི་པདྨའི་ལྟེ་བའི་སྟེང་ན་འདུག་པ་སྤྲིན་དུམ་སྟུག་པོ་ལས་བྱུང་བའི་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུའམ། གསེར་གྱི་མཆོད་སྡོང་ལྟར་དཔལ་གྱིས་འབར་བ་མཐོང་བ་དང༌། དེ་བལྟས་ཏེ་སེམས་ཀྱི་རྒྱུད་ངོ་མཚར་ཤིན་ཏུ་བསྡུས་པར་གྱུར་ནས་བ་སྤུ་ལྡང་བར་གྱུར་པ་དང༌། མཆོག་ཏུ་དགའ་བའི་རླབས་འཁྱིལ་པའི་གདོང་གི་པདྨ་རྒྱས་པ་དང༌། མཆོག་ཏུ་དད་པའི་ཤུགས་ཀྱིས་སེམས་ཤིན་ཏུ་བསྡུས་པ་དང༌། ལུས་ཐམས་ཅད་ཀྱིས་གནས་བརྟན་ཀུན་དགའ་བོའི་ཞབས་གཉིས་ལ་ཕྱག་འཚལ་ལོ། །དེ་ནས་ཞབས་ལ་བྱུགས་ཏེ་


DTG167_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ། ལག་པ་ཐལ་མོ་སྦྱར་ནས་གནས་བརྟན་ཀུན་དགའ་བོ་ལ་ལྟ་ཞིང་སྨྲས་པ། གང་གིས་དེ་ཉིད་འགྲོ་བ་འདི། །ཡོངས་སུ་སྐྱོབ་པར་མཛད་པ་དང༌། །བདག་ཉིད་ཀྱང་ནི་དོན་མཛད་པའི། །སློབ་དཔོན་མཆོག་ལ་ཕྱག་འཚལ་ལོ།། ད་ནི་སྐྱེ་བོ་འདི་དག་ལ། །ཁྱེད་ཀྱིས་དགོངས་པ་མ་མཛད་ན། །སྨོད་པའི་སེར་བ་འབེབས་པ་ཡིས། །ཐུབ་པ་བདག་ནི་བརླག་པར་འགྱུར། །ཐུབ་པ་སེམས་ལ་བཏང་སྙོམས་མཛད། །གལ་ཏེ་སྐྱོབ་ཁྱོད་མི་བཞུགས་ན། །རྗེས་སུ་འགྱོད་པའི་ནགས་མེས་ནི། །བདག་ཉིད་དེང་ཉིད་སྲེག་པར་འགྱུར། །ཨེ་མའོ་ཡེ་ཤེས་ཆེ་བ་ཉིད། །ཐུགས་རྗེའི་ཐུགས་ནི་དམ་པ་ཡིས། །རྨད་དུ་བྱུང་བའི་སྤྱོད་པ་འདི། །ཨེ་མའོ་ཡང་དག་བསྟན་པར་མཛད། །སྡིག་མེད་ཁྱོད་ཀྱི་ཆོ་འཕྲུལ་དང༌། །རྨད་བྱུང་ཆེན་པོ་འདི་ཐོས་ན། །དེ་བཞིན་གཤེགས་པ་མཆོག་ཏུ་ནི། །ཞི་བར་གཤེགས་པ་མི་སྙམ་སེམས། །ཉམ་ཐག་གྱུར་པའི་འཇིག་རྟེན་གྱི། །ཁྱེད་ནི་མགོན་ཡིན་ཁྱེད་དཔུང་གཉེན། །སེམས་ཅན་ཀུན་ལ་ཕན་མཛད་པས། །བཅོམ་ལྡན་བཞིན་མཉེས་གཤིན་པ་པོ། །བཅོམ་ལྡན་འདས་དེ་ཁུམས་པ་དང༌། །དགའ་བ་གང་ཞིག་སྔོན་སྐྱེ་བ། །རྒྱལ་བའི་བསྟན་པ་གཅེས་འཛིན་པ། །ཁྱོད་དེ་དེ་དང་འདྲ་བར་ཁུམས། །དེ་ནས་རྒྱལ་པོ་དེས་གནས་བརྟན་ཀུན་དགའ་བོ་ལ་དེ་ལྟར་མངོན་པར་བསྟོད་ནས་ལངས་ཏེ། མཆོག་ཏུ་དགའ་བས་ཡིད་རྒྱས་པ་དང་རིངས་པ་རིངས་པར་གསལ་ཤིང་གི་གན་དུ་སོང་སྟེ། ལག་པ་གཉིས་བརྐྱང་ནས་ཡིད་དུ་འོང་བའི་བུ་སྟོར་བ་ལས་སླར་རྙེད་པ་ལྟར་མཆོག་ཏུ་དགའ་བས་གཞོན་ནུ་གསེར་མདོག་རང་ཉིད་ཀྱི་སྟན་དེ་ལ་ཕབ་སྟེ། དམ་དུ་འཁྱུད་ནས་ཡང་དང་ཡང་དུ་མགོ་ལ་འོ་བྱས་ཤིང་དགའ་བས་བྱུང་བའི་མཆིམས་ཀུན་དུ་ཁེབས་པས་གཞོན་ནུ་གསེར་མདོག་ལ་མིག་མི་འཛུམས་པར་ལྟ་ཞིང་སྨྲས་པ། ཉམ་ཐག་འདི་ལས་ཁྱོད་ཐར་ནས། །གནས་པ་ད་ལྟར་མཐོང་བ་ན། །དགའ་བར་གྱུར་པ་དེ་འདྲ་སྔོན། །རྒྱལ་པོ་ཐོབ་ནའང་མ་མྱོང་ངོ༌། །ཟླ་བ་རྒྱས་པའི་མདངས་འཕྲོགས་ཤིང༌། ཨུཏྤལ་སྔོན་པོ་འདབ་


DTG167_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་མིག །བུ་ཡི་གདོང་གི་པདྨ་ནི། །མཐོང་བ་དེ་ནི་བལྟ་བར་བྱ། །བཙོ་མའི་གསེར་གྱི་མདངས་ལྡན་ཞིང༌། །ཡོན་ཏན་ཕུན་ཚོགས་རྣམས་ཀྱིས་བརྒྱན། །ཡན་ལག་ཐམས་ཅད་འབྱེས་གྱུར་པའི། །ཁྱེད་ལུས་མཐོང་བ་བལྟ་བར་བྱ། །སྙིང་རྗེ་མེད་ཅིང་བདག་ཉིད་ངན། །གང་གི་རང་བཞིན་ངན་སྨྲས་ནས། །སུས་ནི་མི་རྣམས་ཡིད་འོང་ཁྱོད། །བསད་བའི་ཕྱིར་ནི་ཡོངས་སུ་སྤངས། །སྤྱོད་པ་དུལ་བར་ལྡན་པ་དང༌། །ཚིག་ནི་མཉན་ལ་དགའ་བྱེད་ལ། །གཟུགས་ནི་ཤིན་ཏུ་རྨད་བྱུང་བའི། །སུ་ཡི་ཡིད་དུ་མི་འོང་སྨྲས། །ཡོན་ཏན་ལྡན་པ་སུ་ཞིག་ལྡང༌། །གང་ཞིག་རྟག་ཏུ་ཉེ་རྗེས་འབྲངས། །རྡོ་རྗེ་སྙིང་པོ་མཉམ་སེམས་གང༌། །ཁྱད་པར་མི་ཤེས་སུ་ཞིག་ཡིན། །བུ་སྡུག་ཁྱོད་ལ་སྡང་བ་གང༌། །དེ་ནི་རྡོ་ཡི་རང་བཞིན་ནམ། །སེམས་དང་བྲལ་བས་བྱས་པའམ། །སྙིང་ནི་ཕྱུང་བར་གྱུར་པར་ངེས། །སྐྱེ་བོ་ཀུན་ལ་སྡུག་པ་ཁྱོད། །གང་གིས་གསོད་པར་ལུང་བསྒོ་བ། །རྡོ་རྗེ་རབ་འབར་ཐོགས་ནས་ནི། །ང་ཡི་སྤྱི་བོར་འཕེན་པ་ཡིན། །འགུལ་པར་མཚོན་གྱིས་འདེབས་པ་དང༌། །མདུང་གིས་སྙིང་གར་རབ་བསྣུན་ཞིང༌། །གྲགས་པ་མིན་པའི་སེར་བ་འདི། །སུ་ཞིག་གིས་ནི་དབབ་པར་བརྩམས། །གྱི་ཧུད་སུ་ཡིས་མི་བཟད་པའི། །ཚིག་གིས་ལས་འདི་བྱེད་དུ་བཅུག །སུ་ཞིག་ངའི་དགྲར་འབྲེལ་གྱུར། །ང་ནི་གང་ཡིད་མི་འང་གྱུར། །སུ་ཞིག་མཆི་བདག་དག་གིས་འཁྱུད། །སུ་ཞིག་སྲོག་ལས་སྐྱོབ་པར་གྱུར། །གང་གིས་ཁྱོད་ལ་ལུང་བསྒོ་བ། །མྱུར་དུ་སྨྲ་བར་བྱ་བའི་རིགས། །དེ་ནས་གཞོན་ནུ་གསེར་མདོག་སེམས་པ་ལ་ཞུགས་པར་གྱུར་ཏེ། གལ་ཏེ་རྒྱལ་པོ་འདི་ལ་བློན་པོ་རབ་གཏུམ་གྱིས་བདག་ལ་ལས་འདི་བྱེད་དུ་བཅུག་གོ་ཞེས་སྨྲ་བ་ནི་ད་ལྟ་ཉིད་ནི་བློན་པོ་རབ་གཏུམ་གསོད་པར་འགྱུར་ཏེ། བློན་པོ་རབ་གཏུམ་ལ་རྒྱལ་པོས་ལས་བྱེད་པར་གྱུར་པའི་གནས་ཡོད་ན་འདིར་ཇི་ལྟར་བསྒྲུབ་པར་བྱ། ཡང་བསམས་པ་ལས་བདག་གིས་བྱ་བ་ལ་དམིགས་པར་བྱ་སྟེ། ངེས་པར་ན་ངས་སྐྱེ་བ་གཞན་དུ་སྡིག་པ་མི་དགེ་བའི་ལས་བྱས་པ་གང་ཡིན་པ་དེའི་རྣམ་པར་སྨིན་པ་འདི་ཡིན་ཏེ། སྔོན་གྱི་


DTG167_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་སྡིག་པ་མེད་པ་འདི་ལྟར་གསོད་པར་འོང་བ་སུ་ཞིག་བྱེད་ཅེས་ངེས་པར་བསམས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ཅིག་གང་ལ་ཡིད་འདྲ་བའི། །རྣམ་སྨིན་ཉེ་བར་གནས་པ་འདི། །སྡིག་པ་སྔོན་གྱི་ཚེ་རབས་སུ། །བདག་ཉིད་ཀྱིས་ནི་བྱས་པ་ཡིན། །བདག་ཉིད་ཀྱིས་ནི་བྱས་པའི་ལས། །ཡིད་དུ་མི་འོང་ཞེས་བྱ་དེ། །རྣམ་སྨིན་ལ་ནི་ལོངས་སྤྱོད་ན། །ཁྱོད་ལ་བདག་གིས་སུ་ཞིག་བསྟན། །དེ་སྐད་ཅེས་སྨྲས་ནས་གནས་བརྟན་ཀུན་དགའ་བོའི་གན་དུ་སོང་སྟེ། ལུས་ཐམས་ཅད་ཀྱིས་གནས་བརྟན་ཀུན་དགའ་བོའི་རྐང་པ་གཉིས་ལ་ཕྱག་བྱས་པ་དང༌། གནས་བརྟན་ཀུན་དགའ་བོས་སྨྲས་པ། བུ་བུ་མོ་ཀ་ཤི་མཛེས་དགའ་མོ་འདི་ནི་དུག་གི་ཤུགས་ཀྱིས་ཟིན་པ་ཡིན་གྱི། དེ་བདེན་པའི་བྱིན་གྱིས་རླབས་ཀྱིས་སློང་ལ་བདེ་ལེགས་སུ་གྱིས་ལ་སྐྱེ་བོའི་ཚོགས་མང་པོ་ཡང་ཡིད་ཆེས་པར་གྱིས་ཤིག །གཞོན་ནུ་གསེར་མདོག་གནས་བརྟན་ཀུན་དགའ་བོའི་ལུང་མཉན་ཏེ། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པས་འཇུག་པའི་སེམས་དང༌། བདེན་པའི་བྱིན་གྱིས་རླབས་བྱེད་པ་ལ་ཞུགས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་བུ་མོ་ཀ་ཤི་མཛེས་དགའ་མོ་འདི་ལ་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གམ། ཐེ་ཚོམ་མམ། གཞན་གང་ཡང་རུང་བའི་ཉོན་མོངས་པའམ། ཉེ་བའི་ཉོན་མོངས་པ་ཐ་ན་ཕྲན་ཚེགས་ཙམ་ཡང་མ་སྐྱེས་པའི་བདེན་པ་དང༌། བདེན་པའི་ཚིག་འདིས་འདིའི་ལུས་ལ་དུག་རྣམ་པར་འཇིག་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བདེན་པའི་བྱིན་གྱི་རླབས་བྱས་པའི་མོད་ཁོ་ན་ལ་བུ་མོ་ཀ་ཤི་མཛེས་དགའ་མོའི་ལུས་ལ་དུག་མེད་པར་གྱུར་ཏེ། བདེ་བར་གནས་ནས་གཉིད་ལོག་པ་ལས་སད་པ་བཞིན་དུ་ལངས་ནས་དེ་ལུས་བདེ་བར་གྱུར་པ་དང༌། ལངས་པ་ལས་བལྟས་ནས་སྐྱེ་བོ་མང་པོ་ཚོགས་དང༌། ལྷ་བརྒྱ་སྟོང་དུ་མ་རྣམས་ཀྱིས་སྒྲ་གཅིག་ཏུ་སྒྲ་གསུང་མཐོན་པོས་སྨྲས་པ། ཨེ་མའོ་ངོ་མཚར་ཆེ་སྟེ། །ཨེ་མའོ་གཞོན་ནུ་བསམ་པ་རྣམ་པར་དག་གོ །གཞོན་ནུ་འདི་ནི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་སྟེ། གང་འདིར་བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་


DTG167_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་བུ་མོ་ཀ་ཤི་མཛེས་དགའ་མོ་བསླང་ཞིང་ཡིད་དུ་འོང་བའི་སྲོག་གིས་སྐྱོབས་པར་གྱུར་ཏོ། །དེ་ནས་བུ་མོ་ཀ་ཤི་མཛེས་དགའ་མོ་ཕྱོགས་ཀུན་དུ་ལྟ་བར་རྩོམ་པ་དང༌། ཇི་སྲིད་ཅིག་ན་དུར་ཁྲོད་ཆེན་པོར་གནས་བརྟན་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་ལྔ་བརྒྱ་དང་ཐབས་ཅིག་ཏུ་ཟླ་བ་ཁམ་པ་ལྟར་བསྐོར་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ལྷའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་པ་དང༌། རྒྱལ་པོ་མ་སྐྱེས་དགྲ་ཡང་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ་དང༌། བདག་ཉིད་ཀྱང་གོས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོའི་ཁྱོགས་ལ་བཏེག་པ་མཐོང་ངོ༌། །མཐོང་ནས་ཀྱང་སེམས་སོམ་ཉི་དང་བཅས་པས་སེམས་པ་ལ་ཞུགས་ཏེ། ཅི་འདི་རྨི་ལམ་ཡིན་ནམ། འོན་ཏེ་སེམས་ཀྱི་འཁྲུལ་བ་ཡིན་ནམ། ཡང་ན་འགའ་ཞིག་གིས་ང་ལ་སྒྱུ་མའི་ལས་འདི་ལྟ་བུ་བསྟན་པ་ཡིན་ནམ་སྙམ་པ་དང༌། ཅི་ཙམ་ན་དེའི་ཉེ་དུ་རྣམས་ཀྱིས་དེ་རྒྱ་ཆེར་བརྗོད་དེ་དེ་ཡང་སྨྲས་པ། གང་ཁྱོད་ཀྱིས་འཚོ་བ་འདི་དང༌། འདི་དག་ཐམས་ཅད་ནི་གནས་བརྟན་ཀུན་དགའ་བོ་བྱོན་ནས་རྣམ་པ་ཐམས་ཅད་ཡོད་པར་གྱུར་ཏོ། །དེ་སྐད་ཅེས་ཐོས་པ་དང་བུ་མོ་ཀ་ཤི་མཛེས་དགའ་མོ་གནས་བརྟན་ཀུན་དགའ་བོ་ལ་མཆོག་ཏུ་དགའ་བ་སྐྱེས་ཏེ། རབ་ཏུ་དད་པས་ཤིན་ཏུ་རྟོག་པ་ལ་ཞུགས་སོ། །དེ་ནས་བུ་མོ་ཀ་ཤི་མཛེས་དགའ་མོ་སྐྱེད་མོས་ཚལ་ཡང་དག་པར་དྲན་ཅིང་བློན་པོ་རབ་གཏུམ་ཡང་དྲན་ཏེ། ཀུན་ནས་སྐྱོ་བའི་ཡིད་ཀྱིས་འཆི་བའི་འཇིགས་པའི་ཡི་མུག་པས་རྨོངས་པའི་མིག་དང༌། གནས་སྐབས་དེ་དང་འདྲ་བར་གཞན་ཡང་ཤེས་ཤིང་བུད་མེད་ཀྱི་དངོས་པོར་གྱུར་པའི་མྱ་ངན་བྱེད་པ་ལ་ཞུགས་ཏེ། ཨེ་མའོ་བུད་མེད་ཅེས་བྱ་བ་ནི་ཤིན་ཏུ་སྨད་པ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་གང་ཞིག་ཐོབ་ནས། བདག་གནས་སྐབས་འདི་ལྟ་བུར་གྱུར་ཏོ་སྙམ་ནས་ཀུན་དུ་སྐྱོ་བའི་ཡིད་ཀྱིས་མྱུར་བར་ལངས་ཏེ། གོས་གཅིག་བླངས་ནས་གནས་བརྟན་ཀུན་དགའ་བོའི་གན་དུ་ཉེ་བར་སོང་སྟེ། གོས་གཅིག་པོ་དེ་གནས་བརྟན་ཀུན་དགའ་བོ་ལ་


DTG167_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས་ཞབས་གཉིས་ལ་ཕྱག་བྱས་ཏེ། དད་པའི་ཤུགས་དགྲ་པོས་གནས་བརྟན་ཀུན་དགའ་བོའི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བས་བདེན་པའི་བྱིན་གྱི་རླབ་བྱ་བར་བརྩམས་པ། བདེན་པ་དང་བདེན་པའི་ཚིག་གང་གིས་ཐུབ་པ་ཁྱེད་ཀྱི་སྐུ་འཕགས་པ་དང་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ཀྱི་མཆོག་བརྙེས་པ། མཆོག་དམ་པ་དང༌། ཁྱད་པར་དུ་འཕགས་པ་དང༌། རབ་མཆོག་དང་བླ་མ་དང༌། བླ་ན་མེད་པ་དང༌། ཉན་ཐོས་ཀྱི་གཙོ་བོ་དང༌། ཉན་ཐོས་ཀྱི་སེང་གེ་དང༌། ཉན་ཐོས་ཀྱི་ཁྱུ་མཆོག་དང༌། ཉན་ཐོས་ཀྱི་ཅང་ཤེས་དང༌། ཉན་ཐོས་ཀྱི་པདྨ་དང༌། ཉན་ཐོས་ཀྱི་ཀུ་མུ་ཏ་དང༌། ཉན་ཐོས་ཀྱི་པུཎྜ་རཱི་ཀ་དང༌། ཉན་ཐོས་ཀྱི་ཁ་ལོ་སྒྱུར་བ་དང༌། ཉན་ཐོས་ཀྱི་དེད་དཔོན་དང༌། ཉན་ཐོས་ཀྱི་ཟླ་བ་དང༌། ཉན་ཐོས་ཀྱི་ཉི་མ་དང༌། ཉན་ཐོས་ཀྱི་རིན་པོ་ཆེ་དང༌། ཉན་ཐོས་ཀྱི་གཙུག་གི་ནོར་བུ་དང༌། བསྟན་པའི་གྲུ་པ་དང༌། བསྟན་པ་གཅེས་པར་འཛིན་པ་དང༌། དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། བྱིན་གྱི་རླབས་ཆེ་བ། སྦྱིན་གནས་ཆེན་པོ་ཡིན་པའི་བདེན་པ་དང༌། བདེན་པའི་ཚིག་འདིས་དེ་ཉིད་བདག་གི་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ནས་སྐྱེས་པའི་དབང་པོ་འབྱུང་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བདེན་པའི་བྱིན་གྱི་རླབས་གསོལ་པའི་མོད་ཁོན་ལ་དེའི་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ནས་སྐྱེས་པའི་དབང་པོ་བྱུང་བར་གྱུར་ཏེ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ལུས་ལ་གོས་དང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་སྐྱེས་པར་གྱུར་ཏོ། །ནམ་མཁའི་ངོས་ནས་འདིའི་ལྷའི་གོས་རྣམ་པ་སྣ་ཚོགས་པ་ཡིད་དུ་འོང་བ་ཡང་བབ་པར་གྱུར་ཏོ། །གཞན་ཡང་དེར་གོས་ཀྱི་ཆར་དེ་བབ་པ་ན་ཇི་ལྟར་སྐད་ཅིག་དེ་ལ་དུར་ཁྲོད་ཆེན་པོའི་ཉི་མའི་འོད་ཟེར་ཡང་མི་སྣང་བར་གྱུར་པ་དེ་ལྟར་ན་ནམ་མཁའི་དཀྱིལ་འཁོར་ཁེབས་པ་ཞིག་བབ་པོ། །དེ་ནས་གནས་བརྟན་ཀུན་


DTG167_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོའི་ཡོན་ཏན་གྱི་བདག་ཉིད་ཆེ་བ་ལྷ་དང་མི་རྣམས་འདུན་པར་བྱེད་པའི་ངོ་མཚར་དེ་མཐོང་བ་དང༌། ནམ་མཁའི་ངོས་ན་གནས་པའི་ལྷ་བྱེ་བ་བརྒྱ་སྟོང་དུ་མ་ཅ་ཅོའི་སྒྲ་བྱུང་སྟེ། ཨེ་མའོ་ངོ་མཚར་ཆེའོ། །ཨེ་མའོ་རྨད་དུ་བྱུང་བ་ཆེན་པོ། །ཨེ་མའོ་གནས་བརྟན་ཀུན་དགའ་བོ་ཡོན་ཏན་གྱི་བདག་ཉིད་ཆེན་པོ། །ཨེ་མའོ་རྒྱ་ཆེ་བ་ཉིད། ཨེ་མའོ་སྦྱིན་པའི་ཞིང་རྣམ་པར་དག་པ། གང་ལ་གོས་གཅིག་ཕུལ་བ་ཙམ་གྱིས་སྨོན་ལམ་བཏབ་པའི་རྗེས་ཐོགས་ཉིད་ལ། བུ་མོ་ཀ་ཤི་མཛེས་དགའ་མོ་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་པས་སྐྱེས་པའི་དབང་པོ་བྱུང་ཞིང་དེ་ལྟ་བུའི་སྦྱོར་བ་དང་ལྡན་པར་གྱུར་རོ། །དེ་ནས་ལྷའི་བུ་དེ་རྣམས་རབ་ཏུ་དད་པའི་ཡིད་ཀྱི་ལྷའི་མེ་ཏོག་གི་ཆར་འབེབས་པ་དང༌། ལྷའི་མེ་ཏོག་ཤིན་ཏུ་ལྟུང་བར་གྱུར་ཏོ། །དེ་ནས་སྐྱེས་བུ་ཀ་ཤི་མཛེས་དགའ་མོ་གནས་བརྟན་ཀུན་དགའ་བོའི་མཐུ་སྟོབས་ཀྱིས་ཤིན་ཏུ་ཡིད་དུ་འོང་ཞིང་བདག་ཉིད་ཇི་ལྟར་འདོད་པས་འཕྲལ་དུ་སྨིན་པའི་འབྲས་བུ་ལ་བལྟས་ཏེ། མཆོག་ཏུ་ངོ་མཚར་དུ་གྱུར་པས་འདུན་པར་གྱུར་པའི་སེམས་ཀྱི་རྒྱུད་ལ་མཆོག་ཏུ་དགའ་བ་སྐྱེས་ནས་བ་སྤུ་ལྡང་བས་ལུས་རྩུབ་པར་བྱས་པ་དང༌། ལངས་ཏེ་པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། གནས་བརྟན་ཀུན་དགའ་བོ་ལ་བསྟོད་པ་བྱེད་པ་ལ་ཞུགས་སོ། །གང་གིས་དེ་ཉིད་མགོན་མེད་བདག །ཁྱོད་ཀྱིས་བདག་ལ་སྲོག་སྩོལ་བ། །ཤིན་ཏུ་རྣམ་དག་ཡོན་ཏན་བསགས། །དཔག་ཡས་རྙེད་དཀའ་ཕྱག་འཚལ་ལོ། །རྣམ་དག་ཡེ་ཤེས་སྤྱན་ལྡན་པ། །གལ་ཏེ་ཁྱོད་སྐྱབས་མ་མཛད་ན། །བདག་སྲོག་ལྷག་མ་མ་མཆིས་ཏེ། །ཐུབ་ཁྱོད་བདག་སྲོག་སྩོལ་བ་ལགས། །ཨེ་མའོ་ཡོན་ཏན་ཆེ་བདག་ཉིད། །ཨེ་མའོ་སེམས་ཅན་ཕན་བཞེད་པ། །གང་ཞིག་ཉམ་ཐག་མི་བཟད་པ། །འདི་ལས་འགྲོ་བ་ཁྱོད་ཀྱིས་སྐྱབས། །ཨེ་མའོ་ཁྱོད་ནི་སྦྱིན་པའི་ཞིང༌། །ཤིན་ཏུ་རྣམ་དག་རབ་རྙེད་དཀའ། །གང་ལ་གོས་གཅིག་ཕུལ་བས་ཀྱང༌། །རིན་ཆེན་འདི་འདྲ་ཐོབ་པར་གྱུར། །བདག་གིས་ཐུབ་པ་ཆེ་ཁྱོད་ལ། །དེ་ལྟར་གོས་གཅིག་ཕུལ་བ་ཡིས། །འཕྲལ་དུ་འབྲས་བུ་བཟང་པོ་


DTG167_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཇི་ལྟར་མངོན་པར་འདོད་པ་ཐོབ། །ཉེས་པ་ཆེན་པོ་དག་གི་ཡང༌། །གཞིར་གྱུར་བཞིན་དུ་ཤེས་པ་ཡང༌། །བུད་མེད་ཉིད་དེ་དེ་སྤངས་ནས། །སྐྱེས་པ་ཉིད་དུ་བདག་གྱུར་ཏོ། །དེ་ཡང་ལྷ་དང་འདྲ་བ་ཉིད། །ལྷ་ཡི་རྒྱན་གྱིས་རྣམ་པར་བརྒྱན། །ནམ་མཁའ་ལ་ཡང་གོས་ཀྱི་ཆར། །ཡིད་དུ་འོང་བ་བབ་པར་གྱུར། །བཞིན་བཟངས་ཡོན་ཏན་ལྡན་འདི་ལ། །གང་ཞིག་བསྙེན་བཀུར་མི་བྱེད་པ། །རྨོངས་སོགས་ཉོན་མོངས་དག་རྣམས་ཀྱིས། །སྐལ་ངན་དེང་ནི་སླུས་པ་ཡིན། །དེས་དེ་ལྟར་གནས་བརྟན་ཀུན་དགའ་བོ་ལ་མངོན་པར་བསྟོད་ནས་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བ་དང༌། སེམས་པ་ལ་ཞུགས་ཏེ། ད་ནི་བདག་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བཞིན་དུ་སླར་ཡང་ཁྱིམ་གྱི་ནང་དུ་འདུག་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས། དེ་ནས་གནས་བརྟན་ཀུན་དགའ་བོའི་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། འཕགས་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོར་གྱུར་ནས་གནས་བརྟན་གྱི་ཐད་དུ་ཚངས་པར་སྤྱད་པར་བགྱིའོ། །དེ་ཡང་གནས་བརྟན་ཀུན་དགའ་བོས་རབ་ཏུ་ཕྱུང་བ་ནས། ཇི་ལྟར་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པ་དེ་ལྟར་ཆོས་བསྟན་ཏོ། །དེ་ནས་པར་སྐབས་དེར་དེད་དཔོན་ཉི་མ་ཆུང་མ་དང་བཅས་པ་བུ་དང་བྲལ་བའི་མྱ་ངན་གྱི་སྡུག་བསྔལ་གྱིས་གཟིར་ཞིང༌། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་དབུས་ཀྱི་སུམ་མདོ་ནས་ལྡང་ཞིང་བདག་ཉིད་འགྱེལ་པར་གྱུར་པར་ཡང་དང་ཡང་ས་ལ་འགྲེ་ལྡོག་པར་བྱེད་ཅིང་ལག་པ་གཉིས་ཀྱིས་བདག་ཉིད་ལ་བརྡེགས་ཏེ་ཀྱི་ཧུད་བུ་ཀྱི་ཧུད་བུ་ཞེས་ཉམ་ཐ་པའི་སྒྲའི་ང་རོ་འདོན་པར་གྱུར་པ་ན། དེད་དཔོན་ཉི་མས་གནས་བརྟན་ཀུན་དགའ་བོ་ནམ་མཁའི་དཀྱིལ་ནས་བྱོན་ཏེ། གཞོན་ནུ་གསེར་མདོག་ཡོངས་སུ་སྐྱོབ་ཅིང་དུར་ཁྲོད་ཆེན་པོ་ན་ངོ་མཚར་དང་རྨད་དུ་བྱུང་བས་བཞུགས་སོ་ཞེས་ཐོས་པ་དང༌། ཆུང་མ་དང་བཅས་པར་བདུད་རྩིའི་རྒྱུན་ལུས་ལ་བླུགས་པ་བཞིན་དུ་ཡིད་མཆོག་ཏུ་དགའ་བ་དང༌། །


DTG167_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་བ་ཐོབ་པ་བཞིན་དུ་མཆོག་དུ་དགའ་བ་སྐྱེས་པར་གྱུར་ནས། དེའི་མོད་ལ་ལངས་ཏེ་རིངས་པར་འགྲོ་བ་གོམ་སྟབས་ཀྱིས་རྒྱལ་པོའི་ཁབ་ནས་བྱུང་སྟེ་དུར་ཁྲོད་ཆེན་པོར་ཕྱིན་པ་དང༌། ཇི་སྲིད་ཅིག་ན་གསེར་མདོག་སྟོན་ཁའི་ཟླ་བ་རྒྱས་པ་སྒྲ་གཅན་གྱིས་ཟིན་པ་ལས་རྣམ་པར་ཐར་པ་ལྟ་བུ་གནས་བརྟན་ཀུན་དགའ་བོའི་གན་ན་འདུག་པ་དེ་དང༌། གནས་བརྟན་ཀུན་དགའ་བོའི་ཡོན་ཏན་གྱི་སྟོབས་ལས་བྱུང་བའི་འབྱོར་བ་ཡང་མཐོང་ངོ༌། །དེ་ནས་ལྷ་དང་མིའི་ཡིད་སྡུད་པར་བྱེད་པའི་རྨད་དུ་བྱུང་བའི་ཚེ་འཕྲུལ་དེ་ཡང་མཐོང་ནས་གནས་བརྟན་ཀུན་དགའ་བོ་ལ་ཡིད་མགུ་བ་སྐྱེས་ཏེ། མཆོག་ཏུ་དད་པའི་ཤུགས་ཀྱིས་བརླན་པའི་སེམས་གྱི་རྒྱུ་དང༌། ལུས་ཐམས་ཅད་ཀྱིས་གནས་བརྟན་ཀུན་དགའ་བོའི་ཞབས་གཉིས་ལ་ཕྱག་བྱས་ཏེ། ལངས་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ་དགའ་བའི་མཆི་མའི་ཆུ་རླབས་ཀྱིས་བཞིན་གྱི་པདྨ་ཁེབས་པ་དང༌། ཐལ་མོ་སྦྱར་ཏེ་གནས་བརྟན་ཀུན་དགའ་བོ་ལ་བསྟོད་པ་བྱེད་པར་བརྩམས་པ། ཨེ་མའོ་སྐལ་བ་ཆེ་ཁྱོད་ཀྱི། བདག་ཉིད་ཆེན་པོ་སྟོན་མཛད་པ། །གང་ཞིག་ཉམ་ཐག་མི་བཟད་པས། །ཁྱོད་ཀྱིས་འགྲོ་བའི་སྐྱབས་མཛད་དོ། །ཨེ་མའོ་ཐུགས་བརྩེའི་བདག་ཉིད་ཆེ། །ཨེ་མའོ་ཡེ་ཤེས་ཕུན་སུམ་ཚོགས། །བཅོམ་ལྡན་ཐམས་ཅད་མཁྱེན་པ་བཞིན། །རྣམ་དག་ཡང་དག་བསྟན་པ་མཛད། །དེ་བཞིན་བདག་གི་བུ་སྡུག་འདི། །སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །ཐུགས་རྗེ་ཡེ་ཤེས་དག་གི་མཐུས། །ཁྱེད་ཀྱིས་ཡང་དག་སྟོན་པར་མཛད། །གལ་ཏེ་འདི་ལས་ཁྱེད་ཀྱིས་ནི། །དེ་ཉིད་དགོངས་པར་མཛད་ན་ནི། །བདག་ནི་ཆུང་མར་བཅས་པ་འདི། །ཡུན་རིང་སྡུག་བསྔལ་འདམ་རྫབ་ནུབ། །ཐུགས་རྗེ་ཆེན་པོ་སྲས་ཀྱི་མཆོག །ཁྱོད་ནི་དེ་རིང་ཕྱིན་ནས་སུ།། བདག་སུའི་སྡུག་བསྔལ་རྒྱ་མཚོ་བསྒྲལ། །མྱ་ངན་འབྲོག་ལས་རྣམ་པར་བཏོན། །མྱ་ངན་རང་བཞིན་རྙི་ལས་ཐར། །མྱ་ངན་བཅོམ་པ་ལས་བྱུང་ཞིང༌། །མྱ་ངན་ཉོན་མོངས་འཇིགས་ལས་གྲོལ། །སྡུག་བསྔལ་གཟེབ་ལས་ཐར་བར་གྱུར། །མྱ་ངན་འདམ་ལས་དེང་མ་


DTG167_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གོས། །མྱ་ངན་ཚེར་མས་མ་ཟུག་ཅིང༌། །མྱ་ངན་སྦྲུལ་གྱིས་མ་ཟིན་ལ། །མྱ་ངན་མདའ་ཡིས་མ་ཕོག་གོ །མྱ་ངན་རལ་གྲིས་མ་བཅད་ཅིང༌། །མྱ་ངན་དགྲ་ཡིས་མ་རྙེད་ལ། །མྱ་ངན་ཆུ་སྲིན་གྱིས་མ་ཟིན། །མྱ་ངན་མེ་ཡིས་མ་བསྲེགས་སོ། །ཁྱོད་ཉིད་ཀྱིས་ནི་སེམས་ཅན་ཚེ། །དེ་རིང་དབུགས་ནི་འབྱིན་མཛད་ཅིང༌། །མིག་ནི་ཕྱེ་བར་མཛད་པ་དང༌། །ཡིད་ཀྱང་ཚིམ་པར་མཛད་པར་གྱུར། །གང་གིས་འདི་ལྟར་མཛད་གྱུར་པས། །བདག་ཅག་མཆོག་ཏུ་དགའ་འགྱུར་ཏེ། །ཀུན་དགའ་ཞེས་བྱའི་མཚན་བཏགས་འདི། །ཨེ་མའོ་དོན་དང་བཅས་པར་འགྱུར། །དེ་ནས་དེད་དཔོན་ཉི་མས་གནས་བརྟན་ཀུན་དགའ་བོ་ལ་བསྟོད་ནས་ལངས་ཏེ་གཞོན་ནུ་གསེར་མདོག་གི་གན་དུ་སོང་ནས་ཆུང་མ་དང་བཅས་པས་མགུལ་ནས་དམ་དུ་འཁྱུད་དེ་ཡང་དང་ཡང་དུའོ་བྱས་ལ། རབ་ཏུ་དགའ་བ་ལས་བྱུང་བའི་མཆི་མས་ཀུན་དུ་ཁེབས་པའི་མིག་གིས་གཞོན་ནུ་གསེར་མདོག་ལ་མིག་མི་འཛུམས་པར་ལྟ་ཞིང་སྨྲས་པ། སྟོན་ཀའི་ཟླ་རྒྱས་གཟུགས་ཀྱི་དཔལ། །མདངས་དང་གཟི་ནི་འཕྲོག་པའི་ལུས། །ཡིད་ལ་རེ་བ་རྒྱས་ཐོབ་པ། །མཐོང་གིས་ཁྱེད་ལ་སླར་ཡང་ལྟ། །སྣུམ་ཞིང་སྔོ་ལ་ཡངས་པ་དང༌། །ཐ་མར་མིག་ནི་བསྔགས་འོས་པ། ཁྱེད་གདོད་གནས་བརྟན་ཀུན་དགའ་བོ། །བྱོན་ནས་སླར་ཡང་བལྟ་བ་ཡིན། །དེ་ནས་གཞོན་ནུ་གསེར་མདོག་འཁོང་བའི་ཉེས་པས་ཀུན་དུ་སྐྱོ་བའི་སེམས་ཀྱིས་ཕ་དང་མ་ལ་གནང་པ་གསོལ་ཏོ། །གནས་བརྟན་ཀུན་དགའ་བོའི་རྐང་པ་གཉིས་ལ་བཏུད་ནས་གནས་བརྟན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ནས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱད་པར་འཚལ་ལོ། །དེ་ཡང་གནས་བརྟན་ཀུན་དགའ་བོས་རབ་ཏུ་བྱུང་ནས་ཇི་ལྟར་འདི་སྐད་ཅིག་མ་དེ་ཉིད་ལ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལྟར་ཡང་དག་པར་རྗེས་སུ་བསྟན་པ་དང༌། དེས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་སྟེ། སྔོན་གྱི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་བལྟས་པར་བརྩམས་པ་


DTG167_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཇི་ཙམ་དུ་བདག་ཉིད་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པར་མཐོང་ནས་དེས་འདི་སྙམ་དུ་སེམས་ཏེ། བདག་ཉིད་ཀྱིས་འདི་ལྟར་ཤེས་ཀྱི་པ་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་པར་ཤེས་ལ། ངས་ཇི་ཙམ་ཞིག་སྦྱིན་པ་བྱིན་པ་དང༌། བསོད་ནམས་བྱས་པ་མཐར་ཕྱིན་པར་འགྱུར་བ་ཡིན་ལ། དེ་ནི་དེ་ལྟར་ཡང་སེམས་ཅན་རྣམས་བསོད་ནམས་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་བདག་ཉིད་ཆེ་བ་བསྟན་པར་བྱའོ་སྙམ་མོ། །དེ་ནས་གོས་དེ་རང་གི་ལུས་ལས་ཕུད་པ་དང༌། ཡང་དེ་ལྟ་བུའི་གཉིས་པ་བྱུང་བར་གྱུར་ཏོ། །དེ་ནས་ཡང་ནས་ཡང་དུ་དབུད་པར་བརྩམས་པ་དང༌། དེ་བཞིན་དུ་ཡང་དང་ཡང་དུ་བྱུང་བར་གྱུར་ཏེ། དེས་ཕུད་ཅིང་ཕུད་ཅིང་གནས་བརྟན་ཀུན་དགའ་བོའི་མདུན་དུ་གོས་ཀྱི་ཕུང་པོ་ཞིག་བྱས་ལ། གོས་ཀྱི་ཕུང་པོ་དེ་དག་ཀྱང་ཤིན་ཏུ་རིན་ཆེ་བ་འཛམ་བུ་ཆུ་བོའི་གསེར་གྱི་ཕུང་པོ་ལ་ཉི་མ་འཆར་ཀའི་གཟེར་གྱིས་ཕོག་པ་ལྟར་འོད་འབར་བར་འདུག་པ་ལ་སྐྱེ་བོའི་ཚོགས་མང་པོས་བལྟས་ནས། མཆོག་ཏུ་ངོ་མཚར་གྱི་དགའ་བའི་ཡིད་ཀྱིས་སྨྲས་པ། ཨེ་མའོ་ངོ་མཚར་ཆེ་བ། ཨེ་མའོ་རྨད་དུ་བྱུང་བ། ཨེ་མའོ་བསོད་ནམས་ཀྱི་བདག་ཉིད་ཆེན་པོ། །ཨེ་མའོ་ལེགས་པར་བྱས་པའི་བསོད་ནམས་ཀྱི་བདག་ཉིད་ཆེན་པོ་འདིས་རྟག་ཏུ་རྒྱུན་མི་འཆད་པར་རིན་པོ་ཆེའི་གོས་ཕུད་དུ་ཟིན་ཡང་མཐར་ཐུག་པ་ཡང་མི་སྣང་ངོ༌། །དེ་ནས་དེས་གོས་དེ་རྣམས་ཀྱང་ཕ་དང་མ་ལ་བྱིན་ལ། དེ་གཉིས་ཀྱིས་ཀྱང་གནས་བརྟན་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐོག་མར་བྱས་པ་ནས། ཇི་སྲད་དུ་དུར་ཁྲོད་ཆེན་པོར་འདུས་པའི་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ལ་བྱིན་ཏེ། དེང་སྲོག་ཆགས་རེ་རེ་ལ་ཡང་གོས་ཟུང་རེ་བསྐོན་ཡང་དགེ་སློང་གསེར་མདོག་གི་བསོད་ནམས་ཀྱི་མཐུས་གོས་དེ་ཡང་ཡོངས་སུ་གཏུགས་པར་མ་གྱུར་ཏོ། །དེ་ནས་དགེ་སློང་གསེར་མདོག་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་རྫུ་འཕྲུལ་གྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་སོང་ནས་སུམ་མདོའི་ད་བུས་སུ་འདུག་སྟེ། མདུན་དུ་གསེར་མདོག་ཅན་གྱིས་གོས་ལུས་ལས་ཕུད་ཅིང་གོས་ཀྱི་ཕུང་པོ་ཆེན་པོ་བྱས་ཏེ། སྒྲས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འགེངས་


DTG167_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། སྨྲས་པ། ཤེས་ལྡན་དག་ངས་གོས་ཀྱི་ཕུང་པོ་འདི་ཡོངས་སུ་གཏང་གིས་ཁྱེད་རྣམས་གང་ལ་ཇི་ཙམ་དགོས་པ་དེ་ཙམ་ལོང་ཤིག་ཅེས་བསྒྲགས་པ་ཐོས་པ་དང༌། སྐད་ཅིག་ཙམ་དེ་ཉིད་ལ་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་འདུས་པར་གྱུར་པ་དང༌། ཅི་ཙམ་ན་གྲོང་ཁྱེར་གྱི་དབུས་ཀྱི་སུམ་མདོ་ན་གསེར་གྱི་མདོག་ཅན་གྱི་གོས་སེར་པོའི་ཕུང་པོ་ཤིན་ཏུ་ཆེ་བ། འཛམ་བུ་ཆུ་བོའི་གསེར་གྱི་ཕུང་པོ་ལ་ཉི་མ་འཆར་ཀའི་འོད་ཀྱིས་ཕོག་པ་ལྟར་འབར་བར་གྱུར་པ་དང༌། ཚེ་དང་ལྡན་པ་གསེར་གྱི་མདོག་ཅན་གསེར་བཙོ་མའི་རིའི་རྩེ་མོ་ལྟར་དཔལ་གྱིས་མཆོག་ཏུ་འབར་ཞིང་ནམ་མཁའི་དཀྱིལ་ན་འདུག་པ་མཐོང་བ་དང༌། སྐྱེ་བོའི་ཚོགས་མང་པོ་མཆོག་ཏུ་ངོ་མཚར་གྱིས་བསྡུས་པའི་སེམས་ཀྱི་རྒྱུད་དང་མཆོག་ཏུ་དགའ་བའི་རླབས་ཀྱིས་གང་བའི་བཞིན་གྱི་པདྨ་དང༌། དེ་ལ་ལྟ་ཞིང་བསམས་པ་དང༌། ཨེ་མའོ་ངོ་མཚར་ཆེ་བ། ཨེ་མའོ་རྨད་དུ་བྱུང་བ། བདག་ཉིད་ཆེན་པོ་འདིས་ལས་གང་ཞིག་བྱས་ན་གང་གིས་འདི་ལྟར་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བར་གྱུར་པ། གལ་ཏེ་བདག་ཅག་རྣམས་ཀྱིས་ཤེས་ན་ནི་བདག་ཀྱང་དེ་ལྟར་བྱ་སྟེ། བདག་གིས་བདག་ཅག་རྣམས་ཀྱང་འདི་ལྟར་མཐུ་ཆེ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་མངོན་པར་འདོད་པ་སྐྱེས་ཤིང་སོམ་ཉིའི་དཔྱང་ཐག་ལ་འཇུག་བཞིན་དུ་ཕན་ཚུན་སྨྲ་བར་རྩོམ་པ་ན། དེ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ནི་འདི་ལྟར་བདག་ཉིད་ཆེ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། བརྟུལ་ཞུགས་གྲུབ་པ། ལྷའི་ཤེས་པ་དང་ལྡན་པ་ཡིན་པས་འདི་ཉིད་ལ་ཡོངས་སུ་དྲི་བར་བྱའོ་སྙམ་མོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་ད་ངོ་མཚར་གྱི་མཆོག་ཏུ་མིག་གདངས་པ་དང་ཐལ་མོ་སྦྱར་ཏེ། ནམ་མཁའི་དཀྱིལ་དུ་ཞེན་པར་ལྟ་ཞིང༌། ཚེ་དང་ལྡན་པ་གསེར་མདོག་ལ་ཕྱག་བྱས་ཏེ་སྒྲ་གཅིག་ཏུ་སྨྲས་པ། ལྷ་ཡི་ཡེ་ཤེས་སྤྱན་དང་ནི། །སྐལ་པ་ཆེན་པོ་ཁྱོད་ལྡན་པས། །གང་གིས་ཁྱེད་ནི་མཐུ་ཆེ་བ། །དེ་ནི་ཡང་དག་བཤད་པའི་རིགས། །འཇིག་རྟེན་འདི་དང་ཕ་རོལ་དུ། །ལོངས་སྤྱོད་དང་ནི་ཡོན་ཏན་རྣམས། །ཕུན་ཚོགས་གང་གིས་ཐོབ་པར་གྱུར། །དེ་ནི་བདག་ཅག་ལ་བཤད་རིགས། །དེ་ནས་སེམས་


DTG167_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཆེན་པོ་དེ། །སྙིང་རྗེས་དྲངས་པའི་ཡིད་ལྡན་པས། །དེ་དག་ཚིམ་པའི་ཚིག་ཆེན་གྱི། །སྒྲས་ནི་ཕྱོགས་རྣམས་འགེངས་པར་གྱུར། །འདི་ཉིད་དོན་ནི་བཤད་པའི་ཕྱིར། །ཁྱེད་རྣམས་ལ་ནི་ངས་འདི་བསྟན། །གོ་རིམས་བཞིན་དུ་ངས་བཤད་ཀྱི། །ང་ཡི་ཚིག་འདི་མཉན་པར་གྱིས། །འཇིག་རྟེན་འདི་དང་ཕ་རོལ་དུ། །ལོངས་སྤྱོད་དང་ནི་ཡོན་ཏན་རྣམས། །ཕུན་ཚོགས་བསོད་ནམས་ཀྱིས་ཐོབ་ཅིང༌། །བསོད་ནམས་ཀྱིས་བདག་རྫུ་འཕྲུལ་ཆེ། །གལ་ཏེ་སྡུག་བསྔལ་ཁྱེད་མི་འདོད། །བདེ་བ་ཕུན་སུམ་ཚོགས་འདོད་ན། །བསོད་ནམས་སོགས་པ་བདེ་འགྱུར་བས། །མྱུར་བ་ཉིད་དུ་བསོད་ནམས་ཀྱིས། །འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་བ་གང་ཅིའང་རུང་བ་དང༌། །མྱ་ངན་འདས་པ་ཐོབ་པ་ནི། །བསོད་ནམས་ཉིད་ཀྱི་འབྲས་བུ་ཡིན། །ནོར་ཅན་ཆང་དཔོན་བྲམ་ཟེ་དང༌། །དེད་དཔོན་ལ་སོགས་གང་དག་ནི། །ལོངས་སྤྱོད་རྒྱ་ཆེན་སྤྱོད་འགྱུར་བ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །མངོན་པར་ཡིད་དགའ་བུ་དང་འཁོར། །མཛའ་བོ་ལ་སོགས་ཕུན་ཚོགས་པ། །གང་ཞིག་མི་ལ་ཡོད་འགྱུར་བ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གཟུགས་དང་མདངས་ནི་ཕུན་སུམ་ཚོགས། །ཡིད་དང་མིག་ནི་འཕྲོག་བྱེད་པ། །འཐོབ་ཅིང་མི་ཡུལ་རྒྱལ་སྲིད་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །མི་ཕྱེད་པ་ཡི་འཁོར་ཉིད་དང༌། །མི་ཟད་ནོར་གྱི་ཕུན་སུམ་ཚོགས། །མི་ཡུལ་ན་ནི་ངེས་ཐོབ་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །སྐྱེ་བ་དྲན་ཅིང་སྐལ་བཟང་དང༌། །ཐོས་ལྡན་ཚིག་ནི་གཟུང་བར་འོས། །མིས་ནི་གང་ཞིག་ཐོབ་འགྱུར་བ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །ལོངས་སྤྱོད་ཕུན་ཚོགས་རྒྱ་ཆེན་དང༌། །རྟག་པར་གཉེན་དང་ལྷན་ཅིག་ཏུ། །དགའ་བས་མི་ཡུལ་གང་སྤྱོད་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གྲངས་མེད་ནོར་ནི་ཕུན་ཚོགས་དང༌། །འགྲན་ཟླ་མེད་ཅིང་བརྟན་པ་ཉིད། །མི་ལ་གང་ཞིག་ཡོད་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་ཞིག་སྒྲ་མི་སྙན་གླིང་དུ། །བདག་གི་མེད་ཅིང་ཡོངས་འཛིན་མེད། །མི་ཡི་ཚེ་ནི་ངེས་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །


DTG167_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་སཱ་ལུའི་འབྲས་བུ་ནི། །མ་རྨོས་པ་ནི་རིན་ཆེ་བ། །གང་ཞིག་དེ་ནི་མི་རྣམས་སྤྱོད། །དེ་ནི་བསོད་ནམས་འབྲས་བུ་ཡིན། །དཔག་བསམ་ཤིང་ལས་སྣ་ཚོགས་པའི། །གོས་དང་རྒྱན་རྣམས་བྱུང་བ་ཡིས། །མི་རྣམས་རབ་ཏུ་འགེབས་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་ཞིག་སྒྲ་མི་སྙན་གླིང་དུ། །མི་རྣམས་འཕོས་པའི་རྗེས་ཐོགས་ལ། །དེ་ནི་ལྷ་རྣམས་དག་ཏུ་སྐྱེ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །བདུད་རྩི་འབྲས་ཆེན་སོགས་ཕུན་ཚོགས། །ས་བླ་ཡི་ནི་ལྷ་བུ་ལྟར། །ལྷ་ཡི་ལོངས་སྤྱོད་ལ་སྤྱོད་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་གི་མཐུ་ཡིས་རྒྱལ་པོའི་དཔལ། །ལྷ་འདྲའི་ཕུན་སུམ་ཚོགས་ཐོབ་པའི། །མི་ཡི་དབང་པོ་རྣམ་མཛེས་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །བྱིས་པས་འཁོར་ལོས་སྒྱུར་བ་ཉིད། །ས་ཆེན་ལ་ནི་ལོངས་སྤྱོད་ཐོབ། །ལྷ་དབང་བཞིན་དུ་རྣམ་མཛེས་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །མ་ལུས་པ་ཡི་མི་རྣམས་དང༌། །རིན་ཆེན་བདུན་སོགས་ཕུན་ཚོགས་པའི། །འཁོར་ལོས་སྒྱུར་ལ་སྤྱོད་པ་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །ཕུན་ཚོགས་སུམ་ཅུ་རྩ་དབང་འདྲ། །ཐོབ་ནས་གང་ཞིག་སྤྱོད་པ་དང༌། །ཐགས་ཟངས་རིས་སོགས་ལྷ་མིན་རྣམས། །དེ་ནི་བསོད་ནམས་འབྲས་བུ་ཡིན། །འཇིག་རྟེན་སྐྱོང་བ་བཞི་རྣམས་ཀྱིས། །ནོར་གྱིས་གཞི་ཡི་འབྱོར་པ་ལ། །དགའ་བས་སྣ་ཚོགས་ལོངས་སྤྱོད་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །དགའ་བའི་ཚལ་ལ་སོགས་པ་ནི། །ལྷ་མོ་རྣམས་དང་ལྡན་ཅིག་ཏུ། །འབྱོར་ལྡན་ལྷ་རྣམས་སྤྱོད་པ་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །སྣ་ཚོགས་ལྷ་ཡི་རྒྱལ་སྲིད་སོགས། །ཕུན་སུམ་ཚོགས་ལ་ལྷ་དབང་ནི། །རྟག་ཏུ་དགའ་བས་སྤྱོད་པ་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གཞལ་ཡས་ཁང་གནས་ལྷ་རྣམས་ནི། །ཇི་ལྟར་མངོན་འདོད་ལྷ་རྣམས་ཀྱིས། །ལོངས་སྤྱོད་ལ་ནི་ལོངས་སྤྱོད་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་སུ་གནས་ནི་བཅུ་པོ་ཡི། །ཚེ་དང་མདོག་ལ་སོགས་པ་ཡིས། །ལྷ་རྣམས་ལས་ཀྱང་ལྷག་པའི་ལྷ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །འདོད་ཁམས་མཆོག་


DTG167_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་སྣ་ཚོགས་པའི། །ལྷ་ཡི་ལོངས་སྤྱོད་ཕུན་སུམ་ཚོགས། །འདོད་ཁམས་དབང་ཕྱུག་ལ་སྤྱོད་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །ལྷ་རྣམས་དང་ནི་མི་རྣམས་སུ། །ཇི་ལྟར་དགའ་བའི་འདོད་པ་ནི། །འབད་པ་མེད་པ་ཐོབ་གྱུར་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་ཡང་ཚངས་པ་ལྷ་སོགས་ལྷ། །བསམ་གཏན་ས་པ་བསམ་གཏན་གྱི། །བདེ་བའི་དམ་པ་ཐོབ་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །བསམ་གཏན་བསམ་གཏན་ལས་བྱུང་དང༌། །སྲེད་པ་ཟད་པའི་བདེ་བ་གང༌། །ཞི་བའི་བདེ་བ་ཐོབ་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །རྫོགས་སངས་རྒྱས་དང་ཉན་ཐོས་གང༌། །ཡོན་ཏན་མཆོག་དང་ལྡན་གྱུར་ཅིང༌། །རྫུ་འཕྲུལ་ཆེ་ཞིང་བདག་ཉིད་ཆེ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གང་ཡང་བསྐལ་པ་བརྒྱ་འདས་ནས། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི། །བདག་ཉིད་ཆེ་བ་ཐོབ་གྱུར་པ། །དེ་ནི་བསོད་ནམས་འབྲས་བུ་ཡིན། །ཚད་མེད་པ་དང་དཔེ་མེད་པའི། །ཡོན་ཏན་གྱིས་ནི་ལེགས་བརྒྱན་པའི། །རྫོགས་སངས་རྒྱས་སུ་གྱུར་པ་གང༌། །དེ་ནི་བསོད་ནམས་འབྲས་བུ་ཡིན། །གཟུགས་དང་ལང་ཚོ་བསྔགས་པར་འོས། །སྐྱེས་བུ་རིགས་ཀྱི་རྒྱུན་གྱུར་དང༌། །རང་དང་རྗེས་མཐུན་ཡིད་འཕྲོག་པའི། །བུད་མེད་བསོད་ནམས་བདག་གིས་འཐོབ། །བསོད་ནམས་ཀྱིས་ནི་མཐོ་རིས་འཐོབ། །ལྷ་ཡི་བུ་མོའང་བསོད་ནམས་ཀྱིས། །འདོད་པ་ཀུན་ཡང་ཡང་དག་འབྱོར། །མངོན་འདོད་བསོད་ནམས་རྣམས་ཀྱང་འཐོབ། །བསོད་ནམས་ཀྱིས་ནི་བློ་རྣོ་དང༌། །དེ་བཞིན་བློ་གྲོས་དྲི་མེད་འཐོབ། །བསོད་ནམས་ཀྱིས་ནི་གནས་ལ་དད། །བསོད་ནམས་ཀྱིས་ནི་དྲང་གསལ་འཐོབ། །སྡུག་པ་ཉིད་དང་སྒྲ་མཁས་དང༌། །དབྱངས་སྙན་གྲགས་ལྡན་བསོད་ནམས་ཀྱིས། །དགེ་བའི་བཤེས་གཉེན་འབྱོར་པ་རྣམས། །ཐམས་ཅད་བསོད་ནམས་དག་གིས་འཐོབ། །བསོད་ནམས་ཀྱིས་ནི་མི་འཐོབ་པའི། །བདེ་བ་འཇིག་རྟེན་དག་ན་མེད། །དེ་བས་བདེ་བ་འདོད་རྣམས་ཀྱིས། །རྟག་ཏུ་བསོད་ནམས་བསགས་པར་བྱ། །དེ་བཞིན་གཤེགས་པ་རྣམ་གཟིགས་ལ། །བསོད་ནམས་ཉུང་ཟད་ངས་བྱས་པས། །འབྲས་བུ་ཤིན་ཏུ་རྒྱ་ཆེ་བ། །


DTG167_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མངོན་པར་འདོད་པ་འཐོབ། །འདོད་ཁམས་ལྷ་ཚོགས་དྲུག་པོ་རུ། །རྒྱལ་སྲིད་དབང་ཕྱུག་བདག་པོ་ནི། །སྐྱེ་བ་སྟོང་ཕྲག་བྱེ་བ་རུ། །ང་ཡིས་བདེ་ལོ་ཡང་དག་སྤྱད། །དཔག་མེད་འགྲན་ཟླ་མེད་པ་དང༌། །དེ་བཞིན་མི་ཡི་དམ་པ་ཡི། །འཁོར་ལོ་བསྒྱུར་ཆོགས་གྱུར་པ་ཡི། །ང་ཡིས་ལོངས་སྤྱོད་ཕུན་ཚོགས་སྤྱད། །བསོད་ནམས་དེ་ཡི་བདག་ཉིད་ཆེ། །ང་ནི་གང་དང་གར་སྐྱེས་པ། །དེ་དང་དེར་ནི་མཐུ་ཆེ་བའི། །བདེ་དང་བདག་ནི་ལྡན་པར་གྱུར། །གཟུགས་ལྡན་ཐོས་པ་ཕུན་སུམ་ཚོགས། །ཁ་ནས་ཨུཏྤ་ལ་དྲི་བྱུང་ཞིང༌། །སྡུག་ཅིང་ཚིག་ནི་གཟུང་འོས་དང༌། །ཤིན་ཏུ་ཡིད་འོང་དབྱངས་སྙན་ལྡན། །ད་ལྟ་འང་བསོད་ནམས་དེ་ཉིད་ཀྱིས། །ང་ཡི་གཟུགས་སོགས་ཡོན་ཏན་ནི། །ཕུན་སུམ་ཚོགས་ཤིང་ཡིད་འོང་བ། །མངོན་པར་འདོད་པ་འདི་ལ་ལྟོས། །ནོར་རྫས་ལོངས་སྤྱོད་ཆེ་བ་ཡི། །རྒྱལ་ཆེན་རིགས་སུ་སྐྱེས་པ་དང༌། །འཛམ་བུའི་ཆུ་བོའི་གསེར་འདྲ་བའི། །གོས་ཀྱིས་ལུས་ལ་བཀབ་བ་ཡིན། །ངའི་ལུས་ཡན་ལག་ཐམས་ཅད་ལས། །ཙན་དན་ལྟ་བུའི་དྲི་བྱུང་ཞིང༌། །ཁ་ནས་ཨུཏྤལ་སྔོན་པོ་ཡི། །དྲི་ཉིད་འབྱུང་བར་གྱུར་པ་ཡིན། །གོས་དང་རིན་ཆེན་ལ་སོགས་པའི། །ཕུན་ཚོགས་གང་ཞིག་མངོན་འདོད་ན། །དེ་ཡང་བསམས་པ་ཙམ་གྱིས་ནི། །ཐམས་ཅད་ང་ནི་འབྱོར་པར་གྱུར། །ཤཱཀྱ་སེང་གེའི་བསྟན་པ་ལས། །རབ་ཏུ་བྱུང་བ་ངས་རྙེད་ནས། །དགྲ་བཅོམ་ཉིད་ནི་ངས་ཐོབ་སྟེ། །ང་ནི་བསིལ་གྱུར་མྱ་ངན་འདས། །འདི་ངའི་སྐྱེ་བ་ཐ་མ་སྟེ། །ཡང་སྲིད་བདག་ལ་ཡོད་མ་ཡིན། །གནས་མེད་མྱ་ངན་འདས་ནས་ནི། །སླར་ཡང་ང་ནི་འོང་མི་འགྱུར། །རྣམ་སྨིན་འབྲས་བུ་རྒྱ་ཆེ་བའི། །ལས་གང་བསྒྲུབ་པར་གྱུར་པ་ནི། །ད་ལྟར་འདི་ལྟར་ཡོད་ཟིན་ཀྱང༌། །དེ་ཡི་མཐར་ཐུག་མ་གཏོགས་སོ། །དེ་ལྟར་དེ་ལས་རྨད་དུ་བྱུང་བ་དང༌། དཔག་ཏུ་མེད་པ་དང༌། བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཆེ་བའི་བདག་ཉིད་ཐོབ་པས་སྲོག་ཆགས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པ་མཆོག་ཏུ་དད་པས་བརླན་པའི་སེམས་ཀྱི་རྒྱུད་དང༌། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བསྙེན་བཀུར་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཀྱང་སྦྱིན་པ་ནི་


DTG167_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བསོད་ནམས་དག་ནི་བྱེད་ཅིང་སྨོན་ལམ་འདེབས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་གསེར་མདོག་གིས་སྐྱེ་བོའི་ཚོགས་མང་པོ་དེ་ལྟར་རྣམ་པ་དུ་མར་བསོད་ནམས་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་བདག་ཉིད་ཆེ་བ་རབ་ཏུ་བཤད་ནས། སྟེང་གི་ནམ་མཁའ་དེ་ཉིད་ནས་རྫུ་འཕྲུལ་གྱིས་དུར་ཁྲོད་ཆེན་པོར་སོང་སྟེ། གནས་བརྟན་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རིམ་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བློན་པོ་རབ་གཏུམ་ཕྲག་དོག་གི་རང་བཞིན་ཅན་གྱིས་བུ་མོ་ཀ་ཤི་མཛེས་དགའ་མོ་སྡུག་བསྔལ་འདི་དང་འདི་བྱས་ལ་གཞོན་ནུ་གསེར་མདོག་ལ་སྐུར་པ་བཏབ་སྟེ། ཉེས་པ་མེད་པ་ཉིད་དུ་གསད་པའི་ཕྱིར་ཡོངས་སུ་སྤངས་སོ་ཞེས་ཇི་ལྟར་གྲགས་པ་ཐོས་སོ། །ཐོས་ནས་ཀྱང་ཤིན་ཏུ་ཁྲོས་པས་འཁྲུགས་པའི་མིག་གིས་ནང་འཁོར་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འདི་ལྟ་བུའི་སྐྱེས་བུ་ངན་པ་འདིས་ལས་སུ་བྱ་བའི་ཐ་སྙད་བྱ། བློན་པོ་རབ་གཏུམ་ནི་ངས་རྣམ་པ་ཐམས་ཅད་དུ་སྤངས་སོ། །བློན་པོ་རབ་གཏུམ་ཡང་དེ་ཉིད་དུ་འདུས་པར་གྱུར་ཏོ། །དེ་ནས་བློན་པོ་རབ་གཏུམ་གྱིས་རྒྱལ་པོའི་ཚིག་དེ་ཐོས་པ་དང༌། འཆི་བས་འཇིགས་སྐྲག་ཅིང་ཡི་མུག་ལ་རྨོངས་པའི་མིག་གིས་ཡན་ལག་ཐམས་ཅད་རབ་ཏུ་འདར་བཞིན་དུ་མྱུར་བར་ལངས་ཏེ་རིངས་པར་འབྲོས་པར་བརྩམས་པ་དང༌། དེར་སྐྱེ་བོའི་ཚོགས་མང་པོའི་ནང་དུ་ཞུགས་ཏེ་གནས་པས་དེའི་ཕྱི་ནས་སྲོག་ཆགས་བརྒྱ་སྟོང་དུ་མ་ཞིག་གིས་བདས་ཏེ། སྐྱེ་བོའི་ཚོགས་མང་པོས་ཀུན་ནས་བསྐོར་ནས་གཟུང་ངོ༌། །བཟུང་ནས་ཀྱང་ཐལ་ལྕག་དང་རྡོག་པ་ལ་སོགས་པས་བསྣུན་པ་ལ་ཞུགས་ཏེ། དེ་བརྡེགས་བཞིན་དུ་ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་ཀྱིས་ཉམ་ཐག་ཅིང་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། འཕགས་པ་ཀུན་དགའ་བོ་ཡོངས་སུ་སྐྱོབས་ཤིག །བདག་ནི་མགོན་མེད་པ། སྐྱོབ་པ་མེད་པ། སྐྱབས་མེད་པ། སྣང་བ་མེད་པ་ལགས་ཀྱི་སྡུག་པའི་སྲོག་གིས་བསྐྱབ་ཏུ་གསོལ། གནས་བརྟན་ཀུན་དགའ་བོས་ཀྱང་སྐྱེ་བོའི་ཚོགས་མང་པོ་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་རྣམས་


DTG167_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་མ་བསད་ཅིག །ངས་རྒྱལ་པོ་མ་སྐྱེས་དགྲ་ལ་ཤེས་པར་བྱའོ། །དེ་ནས་སྐྱེ་བོ་མང་པོའི་ཚོགས་དེ་རྣམས་ཀྱིས་གནས་བརྟན་ཀུན་དགའ་བོའི་ཚིག་ཐོས་ནས་དེ་བཏང་ངོ༌། །གནས་བརྟན་ཀུན་དགའ་བོས་ཀྱང་རྒྱལ་པོ་ལ་གཟིགས་པ་དང༌། རྒྱལ་པོས་གསོལ་པ། ཅི་ཞིག་གསུང༌། གནས་བརྟན་ཀུན་དགའ་བོས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཐོང་ཤིག །རྒྱལ་བོས་གསོལ་པ། དམ་ཞིག་བཅས་ལ་གཏང་བར་བགྱི་སྟེ། གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཇི་སྲིད་འཚོའི་བར་དུ་གནས་བརྟན་གྱི་བསྙེན་བཀུར་བགྱིད་ན་གཏང་བར་བགྱིའོ། །གནས་བརྟན་ཀུན་དགའ་བོས་སྨྲས་པ། དེ་བཞིན་དུ་བྱའོ། །དེ་ཡང་སྐྱེ་བོའི་ཚོགས་དེ་རྣམས་ཀྱིས་བརྩེ་བ་མེད་པར་བརྡེགས་པར་སྡུག་བསྔལ་དྲག་པོའི་ཚོར་བས་བཅོམ་ནས་བརྒྱལ་ཏེ་འདུག་པ་དང༌། གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་གསེར་མདོག་ལ་གསུངས་པ། བདེན་པའི་བྱིན་གྱི་རླབས་ཀྱིས་བློན་པོ་རབ་གཏུམ་གྱི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་རབ་ཏུ་སོལ་ཅིག །དེ་ནས་ཚེ་དང་ལྡན་པ་གསེར་མདོག་སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པས་རབ་ཏུ་ཞུགས་པའི་སེམས་དང༌། བདེན་པའི་བྱིན་གྱི་རླབས་བྱེད་པ་ལ་ཞུགས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་བློན་པོ་རབ་གཏུམ་འདི་ལྟར་ཤིན་ཏུ་གནོད་པ་བྱེད་པ་ཡིན་ཡང་བདག་གིས་ཐ་ན་ཁོང་ཁྲོ་བ་ཕྲན་ཚེགས་ཀྱང་མ་བསྐྱེད་པའི་བདེན་པ་དང་བདེན་པའི་ཚིག་དེས་འདིའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་མེད་དེ་སླར་སོས་པར་གྱུར་ཅིག །བདེན་པའི་བྱིན་གྱི་བརླབས་བྱས་པའི་མོད་ཁོན་ལ་བློན་པོ་རབ་གཏུམ་གྱི་ལུས་སྡུག་བསྔལ་གྱི་ཚོར་བ་དང་བྲལ་ཏེ། ལུས་བདེ་བར་གྱུར་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་ཏུ་དད་པར་གྱུར་ནས་གནས་བརྟན་ཀུན་དགའ་བོའི་གན་དུ་སོང་སྟེ། ཞབས་གཉིས་ལ་ཕྱག་བྱས་ནས་སྨྲས་པ། གནས་བརྟན་ཀུན་དགའ་བོ་བདག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་བགྱིས་ལ། བདག་གནས་བརྟན་ཀུན་དགའ་བོའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་བགྱི་


DTG167_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཚལ་ལོ། །དེ་ནས་གནས་བརྟན་ཀུན་དགའ་བོས་ཀྱང་རབ་ཏུ་ཕྱུང་སྟེ། ཇི་ལྟར་དེས་སྐད་ཅིག་མ་དེ་ཉིད་ལ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལྟར་རྗེས་སུ་བསྟན་པ་མཛད་པ་དང༌། དེས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པ་དང༌། དེ་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས་སྐྱེ་བོའི་ཚོགས་མང་པོ་ཡིད་ཚིམ་བར་བྱས་ནས་ནམ་མཁའི་དཀྱིལ་ནས་བབས་ཏེ། གནས་བརྟན་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་རིམ་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་རྨད་དུ་བྱུང་བ་དེ་དང༌། གནས་བརྟན་ཀུན་དགའ་བོའི་བདག་ཉིད་ཆེ་བ་མཐོང་ནས་འཁོར་དེ་རྣམས་གནས་བརྟན་ཀུན་དགའ་བོ་ལ་རབ་ཏུ་དད་པར་གྱུར་ཏོ། །དེ་ནས་འཁོར་དེ་རྣམས་དེ་ལྟར་མངོན་པར་དད་པ་ལ་གཟིགས་ནས་གནས་བརྟན་ཀུན་དགའ་བོས་གང་ཞིག་ཐོས་པས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་ཀྱིས་ཁྱད་བར་ཆེན་པོ་ཐོབ་པར་གྱུར་པ་དེ་ལྟར་ཆོས་བསྟན་པར་མཛད་དེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས། དགྲ་བཅོམ་པ་ཉིད་མངོན་དུ་བྱས་པའི་བར་དང༌། ལ་ལ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ལ་ལ་ནི་སངས་རྒྱས་ལ་གཞོལ་བ་དང༌། ཆོས་ལ་འབབ་པ་དང༌། དགེ་འདུན་ལ་བབ་པའི་བར་ལ་རྣམ་པར་བཀོད་དོ། །དེད་དཔོན་ཉི་མ་ཆུང་མ་དང་བཅས་པས་ཀྱང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་ལྷ་བརྒྱ་སྟོང་དཔག་ཏུ་མེད་པ་རབ་ཏུ་དང་བའི་ཡིད་དང་ལྡན་པ་རྣམས་ཀྱིས་ལྷའི་གོས་ཀྱི་ཆར་ཕབ་ཅིང་ལྷའི་རོལ་མོ་རྣམས་ཀྱང་བརྡུངས་པར་གྱུར་པ་དང༌། ལྷའི་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུ་ཏ་དང༌། པུཎྜ་རཱི་ཀ་དང༌། མན་དཱ་རབ་ལ་སོགས་པ་མེ་ཏོག་པུས་མོ་ནུབ་པ་ཙམ་རྣམ་པ་སྣ་ཚོགས་པས་དུར་ཁྲོད་ཆེན་པོ་དེར་ཆལ་པར་བཀྲམ་མོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྷ་དང་མི་རྣམས་ཤིན་ཏུ་འདུན་པར་བྱེད་པའི་ཆོ་འཕྲུལ་རྨད་དུ་བྱུང་བ་དེ་མཐོང་བ་དང༌། མཆོག་ཏུ་དད་པས་སེམས་ཀྱི་རྒྱུད་དགའ་བར་གྱུར་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ་ངོ་མཚར་ཆེ་བ། ཨེ་མའོ་རྨད་དུ་བྱུང་བ། ཨེ་མའོ་འཕགས་པ་ཀུན་དགའ་


DTG167_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རང་གི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་རབ་ཏུ་བསྟན་ཏེ། ཨེ་མའོ་དེ་བཞིན་གཤེགས་པའི་བསྟན་པའི་བདག་ཉིད་ཆེ་བ་གསལ་བར་མཛད་པ། ཨེ་མའོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཞིང་གཟིགས་པ་དེ་དང༌། གནས་བརྟན་འོད་སྲུངས་ཆེན་པོས་འདི་ལ་བསྟན་པ་རྣམ་པར་གཏད་པ་དེ་ནི་འབྲས་བུ་ཡོད་པར་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པའི་ཉི་མ་ནུབ་པར་གྱུར་ནས་འཕགས་པ་ཀུན་དགའ་བོའི་ཉི་མ་རང་གི་ཡོན་ཏན་གྱི་འོད་ཟེར་གྱི་དྲ་བས་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པའི་ཟླ་བ་མི་རྟོག་པའི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཟིན་ནས། །འཕགས་པ་ཀུན་དགའ་བོའི་ཟླ་བས་རང་གི་བླ་གོས་ཀྱི་འོད་ཟེར་རྣམ་པར་བཀྱེ་བས་གདུལ་བྱའི་ཀུ་མུ་ཏའི་ནགས་རབ་ཏུ་རྒྱས་པར་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པ་དང་བྲལ་བའི་སྡུག་བསྔལ་ཚ་བ་རྩུབ་པའི་ཉི་མའི་འོད་ཟེར་གྱིས་ཀུན་དུ་གདུངས་པ་གནས་བརྟན་ཀུན་དགའ་བོའི་སྤྲིན་ཆེན་པོས་རང་གི་བདུད་རྩིའི་ཆར་གྱིས་འཇིག་རྟེན་རྣམས་ཚིམ་པར་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པའི་ཐུགས་ལ་དགོངས་པ་ཡང་དག་པར་རྫོགས་པར་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པའི་བསྟན་པའི་གྲུབ་པ་ཉིད་བསྟན་པ་མཛད་དོ། །ཨེ་མའོ་དེ་བཞིན་གཤེགས་པའི་བསྟན་པ་གཅེས་པར་འཛིན་པ་ཉིད་གསལ་བར་མཛད་དོ། །ཨེ་མའོ་ཉན་ཐོས་ཀྱི་མཆོག་ཉིད་འབྲས་བུ་ཡོད་པར་མཛད་དོ། །ཤིན་ཏུ་རྨད་དུ་བྱུང་བ་འདི་དང་རང་གི་ཡོན་ཏན་གྱི་ཆེ་བའི་སྟོབས་དང༌། མཐའ་ཡས་པའི་སེམས་ཅན་རྣམས་རྫོགས་པར་མཛད་པས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་བདག་ཉིད་ཆེ་བ་རབ་ཏུ་མཛད་དོ། །ཨེ་མའོ་བདག་ཉིད་ཆེན་པོ་འདིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་བཀའ་དྲིན་ལ་ལན་གླན་པའི་བློ་གྲོས་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་རྒྱལ་པོ་དེ་གནས་བརྟན་ཀུན་དགའ་བོ་ལ་རབ་ཏུ་དད་པའི་ཤུགས་ཀྱི་བསྡས་པའི་སེམས་ཀྱི་རྒྱུད་ཀྱི། གནས་བརྟན་ཀུན་དགའ་བོའི་གན་དུ་སོང་སྟེ། ལུས་ཐམས་ཅད་ཀྱིས་གནས་


DTG167_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཀུན་དགའ་བོའི་ཞབས་གཉིས་ལ་ཕྱག་བྱས་ཏེ། ལངས་ནས་པུས་མོ་གཉིས་ལ་བཙུགས་ཏེ། རབ་ཏུ་དད་པས་བ་སྤུ་ལངས་པར་རྩུབ་པར་བྱས་པའི་ལུས་དང་ལག་པ་ཐལ་མོ་སྦྱར་ཏེ་གནས་བརྟན་ཀུན་དགའ་བོ་ལ་མངོན་པར་བསྟོད་པར་རྩོམ་པ། སྐྱེས་བུའི་མཆོག་ལ་ཕྱག་འཚལ་ལོ། །ཐོས་པའི་རྒྱ་མཚོ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་གཅེས་འཛིན་པ། །རྨད་བྱུང་བསམ་ཡས་ཕྱག་འཚལ་ལོ། །ཨེ་མའོ་སངས་རྒྱས་བསྟན་པ་ཡི། །བདག་ཉིད་ཆེ་བ་ཡང་དག་བསྟན། །རྨད་བྱུང་བསམ་གྱིས་མི་ཁྱབ་པའི། །འགྲོ་ལ་ཕན་དེ་ཁྱོད་ཀྱིས་མཛད། །གང་དེ་བཅོམ་ལྡན་འདས་དང་ནི། །འཕགས་པ་འོད་སྲུངས་བློ་ལྡན་པས། །ཁྱོད་ལ་བསྟན་པ་རྣམས་གཏད་པ། །དེང་དེ་འབྲས་བུ་བཅས་པར་མཛད། །རྨད་བྱུང་བསམ་གྱིས་མི་ཁྱབ་པའི། །འགྲོ་བའི་དོན་ཆེན་མཛད་པ་འདི། །ཀུན་མཁྱེན་ཡོན་ཏན་བདག་ཉིད་ཆེ། །དེ་རིང་ཁྱེད་ལ་གཟུགས་བརྙན་གྱུར། །གལ་ཏེ་རྫོགས་པའི་སངས་རྒྱས་ནི། །དེ་ལྟར་འགྲོ་དོན་མཛད་གྱུར་ཀྱང༌། །འདི་ནི་ཀུན་མཁྱེན་ཐམས་ཅད་གཟིགས། །ཐུགས་རྗེ་ལྡན་བས་མཚར་མི་ཆེ། །ཁྱེད་ནི་ཉན་ཐོས་ཉིད་འགྱུར་ཞིང༌། །ཐུགས་རྗེ་ཆེ་ལྡན་དེ་བཞིན་དུ། །སེམས་ཅན་དོན་ཆེན་གང་མཛད་པ། །འདི་ནི་ཤིན་ཏུ་ངོ་མཚར་ཆེ། །ཨེ་མའོ་འདི་ལྟར་བག་མེད་པ། །མ་ག་དྷཱ་ཡི་སྐྱེ་བོ་འདིས། །ཁྱེད་འདྲ་ཕན་ལ་བརྩོན་མཛད་པ། །རྙེད་པ་ལེགས་པར་རྙེད་པ་ཡིན། །དེ་བཞིན་གཤེགས་པའི་གནས་འདི་ནི། །བསྟན་པ་ཁྱེད་ལ་གཏད་གྱུར་པ། །གང་གིས་དེར་ནི་བདེ་གཤེགས་བཞིན། །རྨད་བྱུང་ཤིན་ཏུ་ཆེན་པོ་མཛད། །དེ་ནས་གནས་བརྟན་ཀུན་དགའ་བོའི་ཡོན་ཏན་གྱི་བདག་ཉིད་ཆེན་པོའི་ངོ་མཚར་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་དྲན་ནས་རྟག་ཏུ་ཕྱག་འཚལ་བ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །གང་ཁྱེད་ཉན་ཐོས་འདི་ལྟ་བུར། །རྟག་ཏུ་འགྲོ་ལ་ཕན་བརྩོན་པ། །དཔའ་བོ་ཆེན་པོ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་བདག་ཉིད་ཆེ། །མཐོང་བ་ཉིད་དུ་ཡང་དག་བསྟན། །ཇི་ལྟར་འགྲོ་ཚོགས་འདི་ཁྱེད་ཀྱིས། །སྟོང་པ་མིན་པ་སྙམ་དུ་སེམས། །དེ་


DTG167_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོས་གནས་བརྟན་ཀུན་དགའ་བོ་ལ་ཞུས་པ། གནས་བརྟན་དེད་དཔོན་ཉི་མ་ཆུང་མ་དང་བཅས་པས་སུག་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་བ་དང༌། ནོར་ཆེ་བ་དང༌། ལོངས་སྤྱོད་ཆེ་བར་གྱུར་པ་དང༌། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བདེན་པ་མཐོང་བར་གྱུར། དགེ་སློང་ཀ་ཤི་མཛེས་དགའ་བོ་དང༌། དགེ་སློང་རབ་གཏུམ་གྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་དང༌། ནོར་ཆེ་བ་དང༌། ལོངས་སྤྱོད་ཆེ་བར་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། དགེ་སློང་གསེར་མདོག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་ཆེ་བ་དང་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཤིང་འདི་ལྟར་གཟུགས་བཟང་བ་དང༌། བལྟ་ན་སྡུག་པ་དང༌། མཛེས་པ་དང༌། ཡན་ལག་དང༌། ཉིང་ལག་ཐམས་ཅད་དང་ལྡན་པ་དང༌། གསེར་བཙོ་མའི་མདོག་གི་ཁ་དོག་ཤིན་ཏུ་རྒྱས་པ་དང༌། ལྡན་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཡིད་དང་མིག་འཕྲོག་པ་དང༌། གསེར་གྱི་མདོག་ཅན་གྱི་གོས་ཀྱིས་ལུས་དཀྲིས་པ་དང༌། འདིའི་ཡན་ལག་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ་དང་འདིའི་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ་དང༌། དེ་སྐྱེས་པ་ཙམ་གྱིས་ཁྱིམ་དེར་གོས་ཀྱི་ཆར་དང༌། མེ་ཏོག་ཀར་ནི་ཀ་རའི་ཆར་འབབ་པར་གྱུར་ཅིང་གོས་དེ་དག་ཀྱང་གསེར་གྱི་མདོག་ཅན་ཉིད་དུ་གྱུར་བ་དང༌། འདི་ལྟར་ཤིན་ཏུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དང༌། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། གནས་བརྟན་ཀུན་དགའ་བོས་གསུངས་པ། རྒྱལ་པོ་ཆེན་པོ་འདི་རྣམས་ཉིད་ཀྱིས་སྔོན་གྱི་སྐྱེ་བ་གཞན་དུ་ལས་གང་ཞིག་བྱས་ཤིང་བསགས་པས། འདི་རྣམས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་དག་ནི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་


DTG167_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་བ་དག་ནི་ཟིན་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་ཞིང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་ན། བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་མཉན་ལྡན་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་ནས་བྱུང་སྟེ། མཉན་ལྡན་གྱི་ཚལ་ཞེས་བྱ་བ་ན་བཞུགས་སོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་མཉེན་ལྡན་ན་རྣ་ཅན་ཞེས་བྱ་བའི་དེད་དཔོན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བ་ཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་རྒྱལ་པོའི་ཕོ་བྲང་མཉེན་ལྡན་ན་སྐྱེས་བུའི་མཆོག་ཏུ་གྱུར་པ་ཞིག་གནས་པ་དང༌། དེར་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་པར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལྟར་རྩེ་ཞིང་དག་ལ་དགའ་མགུར་སྤྱོད་པས་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་པ་ནས། ཇི་སྲིད་དེད་དཔོན་རྣ་ཅན་ཚོང་བ་ལྔ་བརྒྱས་བསྐོར་ཏེ། རྒྱ་མཚོ་ཆེན་པོར་ཞུགས་ཀྱི་བར་དུ་སྦྱར་རོ། །དེ་ཡང་མངལ་དུ་ཇི་ལྟར་སྐྱེ་བར་གྱུར་པ་དེ་ལྟར་དེད་དཔོན་རྣ་ཅན་གྱི་ཚོང་སར་གཏོགས་པ་དང༌། ཞིང་དུ་གཏོགས་པ་དང༌། ཡུལ་གཞན་དུ་གཏོགས་པའི་ནོར་གྱི་རིགས་ལས་དེར་ལ་ལ་ནི་མེས་ཚིག །ལ་ལ་ནི་རྐུན་མས་ཁྱེར། ལ་ལ་ནི་མི་རྣམས་ཀྱིས་ཁྱེར་ཏེ་བྲོས་པར་གྱུར་ཏོ། །ཇི་ཙམ་ན་དེད་དཔོན་རྣ་ཅན་གྱི་ཆུང་མ་ཟླ་བ་ཚང་པ་དང་བུ་སྐྱེས་པར་གྱུར་ཏེ། པགས་པ་ནག་པོ། ཤིན་ཏུ་གཟུགས་


DTG167_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་པ། མི་སྡུག་པའི་མཚན་མ་བཅོ་བརྒྱད་གྱིས་ལུས་སྨད་པར་བྱས་པ། དེའི་ཁ་དང་དེའི་ལུས་ལས་གང་ཞིག་བསྣམས་ན་ཁྱིམ་ན་གནས་པའི་འཁོར་ཤིན་ཏུ་ཡང་གདོང་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་ལྟ་བུའི་ཤིན་ཏུ་དྲི་མི་ཞིམ་པར་གྱུར་ཏོ། །ཁྱེའུ་དེ་སྐྱེས་པ་ཙམ་གྱིས་གང་གི་ཁྱིམ་དེར་རྫས་མ་ལུས་པར་ཚིག་པར་གྱུར་པ་དེ་ལྟ་བུའི་མེ་བྱུང་བ་དང༌། དེད་དཔོན་གྱི་ཆུང་མ་ཉམ་ཐག་པས་ཁྱེའུ་དེ་ཐོགས་ཏེ་ཁྱིམ་དེ་ལས་བྱུང་ངོ༌། །གང་གི་ཚེ་ཡང་མེ་དེས་ཁྱིམ་དེ་དང་རྫས་མ་ལུས་པར་བསྲེགས་ནས་རང་ཉིད་ཞི་བར་གྱུར་པ་དེའི་ཚེ་དེད་དཔོན་གྱི་ཆུང་མ་གནས་ངན་པ་ཕྱེད་ཚིག་པའི་ཞིག་རལ་ཅན་ཞིག་ཏུ་ཞུགས་ནས་གོས་ཕྱེད་ས་ལ་བཏིང་སྟེ་བྱིས་པ་བསྙལ་ནས་ཚ་བའི་དབུགས་རིང་པོ་ཕྱུང་སྟེ། དེད་དཔོན་རྗེས་སུ་དྲན་ཞིང་དུ་བ་ལ་ཞུགས་སོ། །ཀྱི་ཧུད་འདི་ལྟ་བུའི་ཕྱིན་ཅི་ལོག་ཀུན་དུ་གནས་པ་ནི་སྡུག་བསྔལ་ལོ། །དེད་དཔོན་རྣ་ཅན་གྱི་བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པའི་སྐྱེས་བུ་རྣམས་ཀྱིས་རྒུད་པ་གང་ཡིན་པ་དེ་མཐོང་བ་དང༌། ཡུ་བུ་ཅག་ཀུན་ཀྱང་བརླག་པར་འགྱུར་གྱི། འདེང་ཞེས་སྨྲས་ཏེ། སྐྲག་པས་དེད་དཔོན་གྱི་ཆུང་མ་སྤངས་ནས་ཐམས་ཅད་བྲོས་པར་གྱུར་ཏོ། །དེར་མངག་གཞུག་པའི་བུ་མོ་གཅིག་གིས་བསམས་པ། ངས་ནི་དེད་དཔོན་རྣ་ཅན་གྱི་ཁྱིམ་ཕུན་སུམ་ཚོགས་པ་དུ་མ་ལ་ཀུན་དུ་ལོངས་སྤྱད་ནས། ད་དེད་དཔོན་གྱི་ཆུང་མ་གནས་སྐབས་འདི་ལྟ་བུར་གྱུར་པ་ན་གཅིག་པུ་སྤངས་ནས་འབྲོས་པ་གང་ཡིན་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས། དེ་གཅིག་པུ་དེད་དཔོན་རྣ་ཅན་གྱི་ཆུང་མའི་གན་ན་འདུག་གོ །དེད་དཔོན་གྱི་ཆུང་མ་དེའི་ནོར་ཐམས་ཅད་མེས་བསྲེགས་པས་ཉི་མ་གཅིག་གི་བཟའ་བ་ཡང་མེད་པར་གྱུར་ཏོ། །དེ་ནས་བུ་མོ་མངག་གཞུག་དེ་དེད་དཔོན་རྣ་ཅན་གྱི་མཛའ་བོ་དང་འབྲེལ་པ་དང༌། གཉེན་རྣམས་གང་ཡིན་པ་དེ་རྣམས་ཀྱི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་དེད་དཔོན་རྣ་ཅན་གྱི་ཆུང་མ་གནས་སྐབས་འདི་ལྟ་བུ་ལ་གནས་ན་དེ་གསོ་ཞིང་བསྐྱར་བར་མཛོད་ཅིག་དང་ཞེས་སྨྲས་པ་དང༌། དེ་ནས་དེ་རྣམས་དེ་གསོ་ཞིང་བསྐྱང་བ་ལ་ཞུགས་པ་དེ་ཉིད་ཀྱི་ཚེ་དེ་རྣམས་ཀྱི་རིགས་ལ་ཡང་སྡུག་བསྔལ་


DTG167_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་བྱུང་བར་གྱུར་བ་དང༌། དེ་རྣམས་ཀྱིས་བསམས་པ་དེད་དཔོན་རྣ་ཅན་གྱི་བུ་འདི་ཤིན་ཏུ་བཀྲ་མི་ཤིས་པ་ཞིག་སྟེ། འདིའི་བསོད་ནམས་མ་ཡིན་པའི་སྟོབས་ཀྱིས་དེད་དཔོན་རྣ་ཅན་གྱི་ཁྱིམ་གྱི་འབྱོར་བ་ཤིན་ཏུ་རྒྱ་ཆེ་བ་རྣམ་པར་འཇིག་པར་འགྱུར་ལ། དེ་གལ་ཏེ་ཡུ་བུ་ཅག་རྣམས་ཀྱིས་གསོས་ཤིང་བསྐྱབ་ན་ཡུ་བུ་ཅག་རྣམས་ཀྱི་ཁྱིམ་དུ་ཡང་འདི་ལྟ་བུའི་གནས་སྐབས་འབྱུང་བར་འགྱུར་གྱི། འདི་ལྟར་ཡང་རྣམ་པ་ཐམས་ཅད་དུ་མིང་ཙམ་ཡང་གཟུང་བར་རིགས་པ་མ་ཡིན་ནོ་སྙམ་ནས། བུ་མོ་མདག་གཞུག་པ་དེ་ལ་སྨྲས་པ། ཁྱེད་ཕྱིན་ནས་ཀྱང་ངེད་ཀྱི་ཁྱིམ་དུ་འཇུག་པར་ཡང་མ་བྱེད་ཅིག །བུ་མོ་དེ་ལྟར་བར་བཅད་པ་དང་བསམས་པ། ད་ནི་དེད་དཔོན་གྱི་ཆུང་མ་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སྨྲ་བ་མེད་པར་གྱུར་ན་དེ་ཇི་ལྟར་བསྒྲུབ་པར་བྱ། གཞན་དུ་ན་ངན་ནི་ཁུར་འདི་བླངས་པ་ཡིན་གྱི། ཤིན་ཏུ་འབད་པ་ཉིད་ཀྱིས་ད་བདག་གིས་དེད་དཔོན་གྱི་ཆུང་མ་བསྐྱང་པར་བྱའོ་སྙམ་མོ། །དེ་ནས་གཞན་གྱི་ཁྱིམ་དུ་སོང་ནས་གླ་བའི་ལས་བྱེད་པ་ལ་ཞུགས་ནས་དེར་གླ་གང་དག་རྙེད་པ་དེས་དེད་དཔོན་གྱི་ཆུང་མ་བདག་ཉིད་དང༌། ཁྱེའུ་གསོ་བ་ལ་ཞུགས་སོ། །ཁྱེའུ་དེ་ནི་ཤིན་ཏུ་ཡང་མི་སྡུག་པས་མི་སྡུག་པ་ཞེས་མིང་བཏགས་སོ། །བུ་མོ་མངག་གཞུག་མོ་དེ་ཡང་ལས་ཀྱི་དཔང་གིས་ཉི་མ་རེ་རེ་ཞིང་གླའི་རྙེད་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་སྲོག་ཆགས་གསུམ་པོ་ཤིན་ཏུ་ཉམ་ང་བས་གསོ་བར་རྩོམ་པ་དང༌། དེད་དཔོན་གྱི་ཆུང་མས་བསམས་པ། ང་ནི་བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པའི་མི་དང༌། མཛའ་བཤེས་དང༌། ཉེ་དུ་རྣམས་ཀྱིས་ཡོངས་སུ་སྤངས་ནས་གང་བདག་ཅུང་ཟད་འཚོ་བ་འདི་ནི་བུ་མོ་མངག་གཞུག་མ་འདིའི་ཡོན་ཏན་ཡིན་པས་འདི་ནི་ངའི་མ་དང་འདྲ་བར་བརྩེ་པ་ཡིན་མོད་ཀྱི། དེ་དུས་ཇི་སྲིད་གཅིག་ཏུ་གཅིག་པུས་ལས་བྱེད་མི་ནུས་ཏེ་ཡོངས་སུ་སྐྱོ་བར་འགྱུར་ལ། གླ་ཇི་ཙམ་རྙེད་པ་དེས་ཀྱང་འཚོ་བ་མི་ནུས་ཀྱིས། དེས་ན་ངས་ཀྱང་རང་གི་ཉེས་པ་ཉམས་སུ་མྱོང་བར་བྱ་ཞིང་གླ་མིའི་ལས་བྱའོ་ཞེས་རྣམ་པར་བསམས་ནས། བུ་མོ་མངག་གཞུག་མ་དེ་དང་ལྷན་ཅིག་གཞན་གྱི་ཁྱིམ་དུ་ཞུགས་ཏེ་གླ་མིའི་ལས་བྱེད་པར་བརྩམས་པ་དང༌། དེ་ཤིན་ཏུ་ཡང་གཞོན་ཤ་


DTG167_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་པས་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་གྱིས་ཡོངས་སུ་གཟིར་ཞིང་ལས་པ་ན་ཡང་དང་ཡང་དུ་བརྒྱལ་བར་གྱུར་ཏོ། །དེ་ནས་ཡོངས་སུ་སྐྱོ་བས་དབུགས་ཚ་བ་རིང་པོ་བྱུང་ནས་དེད་དཔོན་རྣ་ཅན་རྗེས་སུ་དྲན་ཞིང་དུ་བ་ལ་ཞུགས་ཏེ། ཀྱི་ཧུད་འདི་ལྟ་བུའི་ཕྱིན་ཅི་ལོག་ཀུན་དུ་གནས་པ་ནི་སྡུག་བསྔལ་ལོ། །གང་གྲོང་ཁྱེར་མ་ལུས་པའི་མཆོག་དུ་གྱུར་ཅིང༌། དཔལ་གྱི་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་ནས་ཀྱང་ཚེ་འདི་ལ་གྲོང་ཁྱེར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ནས། ད་ལྟར་གཞན་གྱི་ཁྱིམ་དུ་གླ་མིའི་ལས་བྱེད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྗེས་སུ་མྱོང་བར་གྱུར་ཏོ། །དེ་དེ་ལྟར་སྡུག་བསྔལ་གྱིས་ཡོངས་སུ་གཟིར་ཞིང་དུ་བ་ལ་བལྟས་ནས་བུ་མོ་མངག་གཞུག་མ་དེ་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་ཚེ་འདི་ཉིད་ལ་དེད་དཔོན་རྣ་ཅན་གྱི་ཆུང་མ་རས་ཀ་ཤི་པ་ལ་སོགས་པ་གོས་སྣ་ཚོགས་གྱོན་པ་དང༌། ལུས་ལ་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བ་དུ་མས་བརྒྱན་པ་དང༌། ཁུར་བ་ལ་རྫས་དྲི་ཞིམ་པོ་དུ་མ་སྦྱར་བའི་དྲི་ཞིམ་པོས་བསྒོས་པ་དང༌། ལྷའི་བུ་མོ་བཞིན་དུ་དགའ་བའི་ཚལ་གྱི་སྐྱེད་མོས་ཚལ་དུ་སོང་ནས་བྲན་པོ་དང༌། བྲན་མོ་དང༌། ལས་བྱེད་པའི་མི་དང༌། མཛའ་བཤེས་དང༌། ཉེ་དུ་རྣམས་དང༌། ཟས་དང་སྐོམ་དང༌། གོས་དང༌། རྒྱན་ལ་སོགས་པ་ཅི་རིགས་པར་འགེད་པ་ཡིན་ན། ད་ནི་ཚེ་འདི་ཉིད་དུ་སྐྲ་སྤགས་ཤིང་ལུས་ལ་དྲི་མའི་ཚོགས་ཀྱིས་གོས་པ་དང༌། བཀྲེས་པ་ལ་སོགས་པའི་སྡུག་བསྔལ་གྱིས་ལུས་དང༌། ཡན་ལག་ལ་སོགས་པ་ཐམས་ཅད་ཡོངས་སུ་སྐམས་པ། རས་རྙིངས་ཤིང་དེངས་ལ་ཤིན་ཏུ་དྲི་མ་ཅན་གྱི་དུམ་བུ་རས་རྙིང་ཞིག་བརྒྱ་སྟོང་གི་གནས་སུ་གྱུར་པས་རྐེད་པའི་ཕྱོགས་བཀབ་པ། གྲོང་ཁྱེར་བ་ཐམས་ཅད་ཀྱི་ཐ་ཆད་དུ་གྱུར་ནས་གཞན་གྱི་ཁྱིམ་དུ་གླ་མིའི་ལས་བྱེད་པས་སྡུག་བསྔལ་དང༌། ཡིད་མི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཀྱེ་མའོ་སྐལ་བའི་ཕྱིར་ཅི་ལོག །ཀྱེ་མའོ་ལོངས་སྤྱོད་རྣམས་ཀྱིས་ཤིན་ཏུ་གཡོ་བ། ཀྱེ་མའོ་ལས་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་ཡང་སྨྲས་པ། དར་གྱི་གོས་སོགས་རབ་གྱོན་ཞིང༌། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་ཏེ། །སྔོན་ཆད་ལྷ་ཡི་བུ་མོ་འདྲ། །ད་ལྟར་ལམ་པོ་ཆེན་འཁྱམས། །སྐལ་བ་དེ་ཉིད་ཟད་གྱུར་པས། །ལུས་ལ་དྲི་མས་གོས་གྱུར་


DTG167_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། །རས་རྙིང་དྲི་ངའི་དུམ་བུ་གྱོན། །ད་ལྟ་འདི་འདྲ་གྱུར་པ་ཡིན། །སྔོན་ནི་ལྷ་ཡི་བུ་མོ་ལྟར། །སྐྱེས་པའི་མིག་གི་བདུད་རྩིར་གྱུར། །ད་ལྟར་ཡི་དགས་མོ་འདྲ་བར། །མཐོང་ནས་དེ་ཉིད་ཡིད་ཀྱང་སྐྱོ། །སྔོན་ནི་ནོར་གྱིས་ཕུན་སུམ་ཚོགས། །གྲོང་ཁྱེར་པ་ཡི་མཆོག་གྱུར་གང༌། །དེ་ནི་ད་ལྟར་ཕོངས་པ་བས། །ཤིན་ཏུ་ཕོངས་པ་ཉིད་དུ་འགྱུར། །སྔོན་གྱི་ཕུན་ཚོགས་ཆེན་པོ་ལ། །དགའ་བས་ཡོངས་སུ་ལོངས་སྤྱོད་པ། །མྱ་ངན་སྡུག་བསྔལ་ལྡན་པ་ཡི། །གནས་སྐབས་དེ་འདིས་ཐོབ་པར་གྱུར། །ཀྱེ་མའོ་འཁོར་བའི་བདག་ཉིད་ངན། །ཀྱེ་མའོ་ཕུན་ཚོགས་མི་རྟག་ཉིད། །གང་ཞིག་དེ་ལྟར་བདེར་གྱུར་ཉིད། །སྡུག་བསྔལ་སྣོད་ཅན་ཉིད་དུ་གྱུར། །དེ་ནས་དེད་དཔོན་གྱི་ཆུང་མ་མང་ག་གཞུག་པའི་བུ་མོ་དང་ལྷན་ཅིག་ཏུ་རིམ་པ་དེ་ཉིད་ཀྱིས་གཞན་གྱི་ཁྱིམ་དུ་གླ་མིའི་ལས་བྱེད་པ་ལ་ཞུགས་པ་ན་གཞོན་ནུ་གཟུགས་ངན་གྱི་བསོད་ནམས་ཀྱི་དབང་གིས་ཉིན་རེ་ཞིང་གླ་རྙེད་པ་འགྲིབས་པར་གྱུར་ཏོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་ཉི་མ་མ་ནུབ་བར་དུ་ཉིན་མོ་ལས་བྱེད་དུ་བཅུག་ཀྱང་ཅི་ཡང་རྙེད་པར་མ་གྱུར་པ་ནས། ཇི་སྲིད་ལས་ཀྱང་སུས་ཀྱང་བྱེད་དུ་མ་བཅུག་པ་དང༌། ཇི་ཙམ་ན་དེད་དཔོན་གྱི་ཆུང་མ་མངག་གཞུག་མའི་བུ་མོ་དེ་དང་ལྷན་ཅིག་ཀུན་དུ་སྨྲ་བ་རྩོམ་པ། ཡང་ད་ནི་ལས་ཀྱང་བྱེད་དུ་མ་བཅུག་གིས་རྣམ་པ་ཐམས་ཅད་དུ་སློང་མོ་སྤྱད་པར་བྱའོ་ཞེས་བགྲོས་ཏེ། དེ་སློང་ཕོར་ཐོགས་ནས་སློང་མོ་སྤྱད་པ་ལ་ཞུགས་སོ། །གང་གི་ཚེ་གཞན་ནུ་མི་སྡུག་པ་འགྲོ་ནུས་པ་དེའི་ཚེ་དེ་ལ་མས་བུ་ད་ནི་ཁྱོད་རང་ཉིད་སློང་མོ་སྤྱོད་དུ་སོང་ལ་ལོངས་སྤྱོད་ཅིག་ཅེས་སྨྲས་ནས། དེས་དེ་ལ་སློང་ཕོར་བྱིན་པ་དང༌། དེ་སློང་ཕོར་དེ་ཐོགས་ནས་ཚོང་འདུས་སུ་ཞུགས་པ་དང༌། དེ་ཡང་པགས་པའི་མདོག་ཤིན་ཏུ་གནག་པ། གཟུགས་ཤིན་ཏུ་མི་སྡུག་པ། མཚན་མ་ངན་པ་བཅོ་བརྒྱད་དང་ལྡན་པས་ལུས་སྨད་པར་འོས་པ་མཐོང་བ་དང༌། འཇིག་རྟེན་པ་རྣམས་ཤིན་ཏུ་ཡང་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས་ཐུར་དུ་ལྟ་ཞིང་འགྲོའོ།། དེ་གང་གི་ཁྱིམ་གྱི་སྒོར་སོང་བ་དེར་དེའི་ལུས་ལས་དྲི་ཤིན་ཏུ་མི་ཞིམ་པ་འབྱུང་བ་དང༌། མོད་ཁོ་ན་ལ་སྣ་ཁུང་གཉིས་བཀག་ནས་ཤིང་དང་རྡོ་བ་དང་གྱོ་མོ་ལ་སོགས་པས་བརྡེགས་ཏེ་འདི་ནས་མྱུར་དུ་སོང་ཤིག་ཅེས་གྲོང་ཁྱེར་གྱི་མི་གཙང་པ་འདམ་རྫབ་འགྲོ་ཤེས་པ་ལྟ་བུར་ལྟ་ཞིང་སྐྲོད་པར་བྱེད་དོ།


DTG167_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་དུ་སོང་བ་དེ་དང་དེར་ཤིང་དང་རྡོ་དང་གྱོ་མོ་ལ་སོགས་པ་རྣམས་ཀྱིས་བརྡེགས་ནས་སྐྲོད་པར་བྱེད་དོ། །དེས་སློང་མོ་གཅིག་ཀྱང་རྙེད་པར་མ་གྱུར་ཅིང་ཤིང་དང་རྡོ་དང་གྱོ་མོ་ལ་སོགས་པ་རྣམས་ཀྱིས་བརྡེགས་པས་སློང་ཕོར་ཡང་ཆག་པར་གྱུར་ནས། སྨྲེ་སྔགས་འདོན་བཞིན་དུ་མའི་དྲུང་དུ་ཕྱིན་ཏེ། ཤིན་ཏུ་ཡང་ཞུམ་པར་གྱུར་པས་ཆོ་ངེས་འདེབས་པ་ལ་ཞུགས་སོ། །དེ་ནས་དེ་མཐོང་པ་དང་བྲང་བརྡུངས་ཏེ། སྨྲས་པ། ཀྱི་ཧུད་བུ་ཁྱོད་སྡུག་བསྔལ་ཏེ། །སུ་ལའང་གནོད་པ་མ་བྱས་པར། །སྙིང་རྗེ་སྤངས་པ་གང་ཞིག་གིས། །འདི་ལྟར་བརྡེགས་པས་ཁྱོད་སྡུག་བསྔལ། །དེ་ནས་གཞོན་ནུ་མི་སྡུག་པས་སྒྲ་དང་བཅས་པར་རབ་ཏུ་དུས་ཏེ་སྨྲས་པ། གང་དང་གང་གི་ཁྱིམ་སྒོར་ནི། །སློང་མོ་སྤྱད་ཕྱིར་བདག་འགྲོ་བ། །དེ་དང་དེར་ནི་གྱོ་མོ་རྡོ། །ཤིང་ལ་སོགས་པ་བདག་ལ་རྡེག །དེ་ཐོས་པ་དང་དེད་དཔོན་གྱི་ཆུང་མས་གཞོན་ནུ་མི་སྡུག་པའི་མགུལ་ནས་འཁྱུད་དེ། སྒྲ་དང་བཅས་པས་དུས་ཏེ་སྨྲས་པ། ཉེས་པ་མེད་ཀྱང་ཤིན་ཏུ་ནི། །གང་དག་གཞན་གྱིས་བརྡེགས་གྱུར་པས། །སྐྱེ་བ་གཞན་དུ་བུ་ཁྱོད་ཀྱིས། །སྡིག་པ་མི་བཟང་བྱས་པར་ངེས། །ཀྱི་ཧུད་ཁྱོད་ནི་སྡུག་བསྔལ་ལོ། །བདེ་བ་ཀུན་དང་རྣམ་བྲལ་བ། །ཤིན་ཏུ་མི་སྡུག་གྱུར་པ་འདི། །དམན་པ་ཅི་ཙམ་མཐོང་ན་གོ །སེམས་ལྡན་སྙིང་རྗེ་ཅིས་མི་སྐྱེ། །ཀྱི་ཧུད་བཅོམ་ཞིང་ཉམས་པ་བདག །བུ་ཁྱོད་ཀྱི་ནི་སློང་མོ་སྣོད། །བཅོམ་པས་ལུས་ཀྱང་བཅོམ་ཡིན་ཏེ། །སློང་མོ་ཙམ་གྱིས་འཚོ་བ་ཡིན། །ཕ་དང་མ་དང་བྲལ་བ་དང༌། །ཁྱིམ་གྱི་རྟེན་ནི་མེད་གྱུར་ལ། །གང་གིས་སྙིང་རྗེ་སྤངས་ནས་ནི། །ཁྱོད་ཀྱི་སློང་སྣོད་དེ་བཅག་གྱུར། །རིགས་རྒྱུད་ཐམས་ཅད་ཉམས་གྱུར་ཅིང༌། །བཤེས་དང་གཉེན་གྱིས་རྣམ་སྤངས་པས། །བླ་མ་མཛའ་བོ་མགོན་གྱུར་ཉིད། །སློང་སྣོད་སུ་ཡིས་བཅག་པར་གྱུར། །ཀྱི་ཧུད་བུ་སྡུག་དམན་པ་མཐོང་ནས་ནི། །ཁྱོད་ལ་སུ་ཡིས་དཔལ་ཚུལ་བསྟན་པར་གྱུར། །ཀྱི་ཧུད་སྔོན་གྱི་རང་གི་ལས་ཀྱིས་ནི། །བུ་སྡུག་ཁྱོད་ནི་གནོད་པས་བཅོམ་པར་གྱུར། །ཀྱི་ཧུད་དམན་པའི་བུ་ལ་དཔའ་བ་ནི། །གང་གི་སྙིང་ལ་བརྩེ་བ་མི་སེམས་པས། །རྡོ་དང་སོ་ཕག་རྩུབ་པ་ལྟ་བུ་ཡི། །སེམས་ཅན་གང་ཡིན་དེ་རིང་ཁྱོད་ཀྱིས་སྨྲོས། །ཀྱི་ཧུད་སྒོ་བརྒྱས་བཅོམ་པ་ཡི། །སྡུག་བསྔལ་གྱིས་གདུངས་སློང་མོ་རྒྱུ། །ཇི་ལྟར་ཁྱོད་ལ་གཞན་


DTG167_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྡེག་པར། །འཇིག་རྟེན་ཡིད་ནི་སྤྲོ་བར་གྱུར། །བཀྲེས་དང་སྐོམ་པས་ཡོངས་དུབ་ཅིང༌། །ཕུན་ཚོགས་ཀུན་གྱིས་རྣམ་སྤངས་པ། །ནད་དང་སྡུག་བསྔལ་རྣམས་ཀྱིས་གདུངས། །ཁྱེད་ལ་སུ་ཞིག་བརྡེག་པར་བརྩོན། །ཉམ་ཐག་དམན་པའི་བཞིན་གྱིས་ནི། །དུ་ཞིང་བཀྲེས་པས་རབ་གཟིར་བ།། ལྐོག་མ་སྐམ་པ་མཐོང་ན་དེང༌། །ཁྱོད་ལ་སུ་ཡིས་བརྩེ་མ་བྱས། །དེར་ནི་ནད་ཀྱིས་ཟིལ་མནན་ཅིང༌། །སྡུག་བསྔལ་ལྡན་པ་བརྩེ་སྤངས་ཏེ། །རིགས་སྙེམས་དྲེགས་པས་དཀྲུགས་པ་ནི། །གང་གིས་བུ་ཁྱོད་ཇི་ལྟར་རྡེགས། །ཀྱི་ཧུད་གང་གིས་ཁྱེད་བཀྲེས་གཟིར། །སློང་མོས་ཉེས་བསགས་གྱུར་པ་ཡིས། །བཟའ་བ་ཆུང་དུ་དེ་ཡང་དེང༌། །ཁྱི་དང་ཝ་ཡང་སྤྱོད་པར་བྱེད། །ཀྱི་ཧུད་བུ་སྡུག་བསྔལ་ངན་པ། །དྭ་གོ་ད་ནི་ཇི་ལྟར་བྱེད། །སྔོན་བྱས་སྡིག་པ་བྱེད་པ་པོ། །མི་སྡུག་ལས་ཀྱིས་བཅོམ་པར་གྱུར། །དེ་ལྟར་དེ་རྣམ་པ་དུ་མས་མྱ་ངན་བྱེད་བཞིན་དུ་འཆག་ཅིང་གྲུགས་པའི་གནས་ཀྱི་བུམ་བུའི་མདུན་དུ་ཁྲག་གི་རྒྱུན་གྱིས་ཡན་ལག་གོས་པའི་བུ་ལ་འཁྱུད་ནས། ཕྱག་དར་དང༌། གྱོ་མོ་མི་གཙང་བ་དང༌། ཚེར་མ་ལ་སོགས་པས་ཁྱབ་པའི་སར་བསྙལ་ཏེ། དལ་བུ་དལ་བུས་ལག་པས་མཉེ་བར་བརྩམས་པ་དང༌། ཇི་ཙམ་ན་སྲང་བར་དེ་ན་ཚོང་དཔོན་གྱི་བུ་དང༌། དེད་དཔོན་གྱི་བུ་དང༌། གཞན་ཡང་མཐོ་ཞིང་མཐོ་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀ་ཤི་ཀའི་རས་དང༌། བ་ཀུ་ལའི་རས་དང༌། ཀོ་ཏམ་པའི་རས་དང༌། དར་དང་མོན་དར་དང༌། རས་ཕྲ་ཞིང་རིན་ཆེ་བ་སྣ་ཚོགས་གྱོན་པ་དང༌། མགུལ་གདུབ་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། རྣ་ཆ་དང༌། དོ་ཤལ་དང༌། སེ་མོ་དོ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་དང༌། དྲི་ཞིམ་པའི་མེ་ཏོག་གི་ཚོགས་ཁ་བྱེ་བ་རྣམ་པ་སྣ་ཚོགས་ཀྱིས་ལུས་ལ་སྤུད་པ་འགྲོ་བ་མཐོང་བ་དང༌། དེ་བདག་ཉིད་ཤིན་ཏུ་སྡུག་བསྔལ་བའི་གནས་སྐབས་ལ་བལྟས་ཤིང༌། བུ་མི་སྡུག་པ་དེ་ཡང་དེ་བཞིན་དུ་བཞིན་དམན་པ་ལ་བལྟས་ནས་དབུགས་ཚ་བ་རིང་པོ་ཕྱུང་སྟེ། མཆི་མ་དང་བདས་པས་ཤིན་ཏུ་དམན་པའི་ཚིག་གསང་མཐོང་པོས་སྨྲས་པ། ཕུན་ཚོགས་དུ་མ་བརྒྱས་ཁྱབ་པ། །རིན་ཆེན་གྱིས་ནི་རྒྱ་མཚོ་བཞིན། །རྒྱས་པའི་རིས་སུ་གྱུར་ནས་ཀྱང༌། །བདེ་བའི་མཆོག་ལ་རྗེས་སུ་སྤྱད། །རྒུད་པའི་ཆ་ལས་བྱུང་བས་ན། །ཕྱག་དར་


DTG167_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་སེབ་གནས་ཤིང༌། །ཟས་མ་རྙེད་པས་བཀྲེས་པ་དང༌། །ཤིན་ཏུ་ཉམ་ངས་འཚོ་བར་གྱུར། །མྱ་ངན་རྒྱ་མཚོ་སྡུག་བསྔལ་ཆུ་རླབས་འཇིགས། །གདུང་བའི་ཆུ་སྲིན་མི་ཟད་བརྒྱ་ཡིས་ཁྱབ། །དབུལ་བའི་ཆུ་ཀླུང་རྒྱ་མཚོར་ཞུགས་གྱུར་ནས། །ཀྱེ་ཧུད་བཅོམ་ཞེས་སྒྲ་ནི་རྣམ་པར་སྒྲོགས། །རྒུད་པའི་ཆུ་སྲིན་བརྒྱ་ཡིས་ཀུན་དུ་དཀྲུགས། །ཕོངས་པའི་རྦ་རླབས་འཇིགས་པ་རབ་ཏུ་གཡོ། །ནད་ཅེས་འཇིགས་པ་མི་བཟད་ནུབ་པ་ཡིས། །དབུ་བའི་རང་བཞིན་ཆུ་བོར་ཞུགས་པར་གྱུར། །སྡུག་བསྔལ་རྡོ་ཁྲོད་ནད་ནི་རྩུབ་པས་ཁྱབ། །གདུང་བའི་སེང་གེའི་སྒྲ་ཡིས་གང་བའི་ཡུལ། །མྱ་ངན་བྱ་ནི་བརྒྱ་ཕྲག་ལྷགས་གྱུར་པ། །དབུལ་བའི་སྡུག་བསྔལ་གནས་ནི་ཐོབ་པར་གྱུར། །བག་མེད་འཁྲུལ་པ་དག་གིས་བསམས་པས་སྔོན། །དམ་པ་རྣམས་ལ་སྦྱིན་པ་མ་བྱིན་པས། །ད་ལྟ་འདི་ནས་སྐལ་ངན་དམན་པ་ཡིས། །དྲེགས་ལྡན་གདོང་ལ་རྟག་ཏུ་ལྟ་བར་བྱེད། །དམན་དང་སྐལ་པ་དང་བྲལ་རྨོངས་དང་ནི། །སློང་མོ་ལ་སྤྱོད་སློང་མོའང་མང་དུ་མ་བྱིན་པས། །གང་དེས་གནས་ཁང་ཙམ་ཡང་འབྱོར་པར་མ་གྱུར་པའི། །དམན་ཞིང་ཕོངས་པའི་མི་བཟད་དག་ཏུ་ཞུགས་པར་གྱུར། །ངེས་པར་ས་སྟེང་ཀུན་གྱིས་བཀུར་བའི་བླ་མ་དང༌། །ཡང་དག་ཕྲད་ཀྱང་བརྙས་ཤིང་བསྙེན་བཀུར་མ་བྱས་པ། །གང་དེས་དེ་ལྟར་ཡུ་བུ་བརྙས་པར་གྱུར་པ་དང༌། །དེ་ལྟར་འགྲོ་བའི་རྨོངས་པའི་སྣོད་དུ་གྱུར་པ་ཡིན། །གང་གིས་རྡོ་དང་བོང་པ་ཡིས། །འགྲོ་འདི་བདག་ཅག་བརྡེགས་གྱུར་པ། །སྔོན་གྱི་སྐྱེ་བར་ལེགས་བསྡམས་པ། །མང་པོ་ངེས་པར་བརྡེགས་པ་ཡིན། །གང་གིས་འཇིག་རྟེན་པ་རྣམས་ནི། །ཀུན་ནས་ཡོངས་སུ་སྣད་གྱུར་པ། །སྔོན་ནི་བླ་མའི་སྐྱེ་བོ་ལ། །ཡོངས་སུ་སྤྱོས་པར་གྱུར་པར་ངེས། །གང་འདིས་བརྙས་པའི་སྡུག་བསྔལ་ནི། །ཤིན་ཏུ་མི་བཟད་རྗེས་ཐོབ་པ། །སྔོན་ཆད་བླ་མའི་སྐྱེ་བོ་ལ། །ཡོངས་སུ་བརྙས་པར་གྱུར་པར་ངེས། །ཡུ་བུས་སྔོན་གྱི་སྐྱེ་བོ་ལ། །བློ་བུར་ལྷགས་ལ་གོས་དག་ནི། །མ་བྱིན་པ་ནི་གང་ཡིན་པས། །ད་ལྟར་ཡུ་བུ་གོས་མེད་གྱུར། །གང་གིས་གཉེན་བཤེས་དང་བྲལ་ཏེ། །ཡུ་བུ་སྡུག་བསྔལ་ཡུན་རིང་དུ། སེ་པོ་མང་པོ་དུ་བ་ཡི། །ང་རོ་འདོན་དུ་བཅུག་པ་ཡིན། །གང་གིས་གསེག་མ་རྡོས་ཁྱབ་པའི། །ས་གཞིར་ཡུ་བུ་ཉལ་གྱུར་པ། །སྣ་ཚོགས་གོས་ནི་བཀབ་པ་


DTG167_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །མལ་སྟན་སྔོན་མ་བྱིན་པ་ཡིན། །སྟན་ནི་རྣམ་པ་སྣ་ཚོགས་པ། །དམ་པ་རྣམས་ནི་མ་བྱིན་པས། །གང་གི་ཚེར་མ་མང་པོ་ཡིས། །ཁྱབ་པའི་ས་ཡི་གཞི་ལ་གནས། །གང་གི་ཚེར་མས་ཁྱབ་པ་ཡི། །ས་གཞིར་ཡུ་བུ་རྣམ་རྒྱུ་བ། །སྔོན་ཆད་ལྷམ་དང་བཞོན་པ་ནི། །བདེ་བསྐྱེད་པ་མ་བྱིན་ཡིན། །ཉི་མའི་འོད་ཚོགས་རྣམས་ཀྱིས་དབུས་ཀྱི་ཆ་སྣང་བྱས། །ཕྱག་དར་ཕུང་པོ་གང་གིས་འདི་ནི་ཡུ་བུ་གནས། །སློང་བའི་འགྲོ་ལ་ཁང་པའི་གནས་ཙམ་ཕལ་ཆེར་ནི། །གནས་ཀྱི་སེར་སྣས་ངེས་པར་མ་བྱིན་གྱུར་པ་ཡིན། །གང་གིས་ད་ལྟར་ཡུ་བུ་ཤིན་ཏུ་ཁ་སྐམས་ལ། །མགྲིན་པར་སྐམས་ཤིང་ཁ་དང་འགྲམ་པ་ཡོངས་སྐམས་པ། །ཡིད་ལ་ཆུ་འདོད་ཀུན་དུ་བལྟས་ནས་སྔོན་ཆད་ནི། །དེ་ལ་བསིལ་གྱུར་ཆུ་ནི་སྦྱིན་པ་མ་བྱིན་ཞིང༌། །སློང་དང་སྡུག་ཕོངས་པ་ལ་ཟས་མ་བྱིན་པ་དང༌། །གཉེན་དང་མཛའ་བཤེས་ལ་མིན་རྩ་ལག་ཚོགས་ལའང་མིན། །ལེགས་པར་སྤྱད་ནས་ཐམས་ཅད་ལས་ཀྱིས་ལོངས་སྤྱོད་པ། །དེས་ན་འདིར་ནི་ཟས་བྲལ་ཡུ་བུ་ཡོངས་སུ་འཁྱམས། །སྲིད་པ་གཞན་དུ་རྣམ་པ་མང་པོར་ངེས་པར་ནི། །གཞན་གྱི་དོན་སྒྲུབ་མཁས་པ་རྣམས་ལ་མཚང་འདྲུ་བས། །གང་གིས་འདི་ན་ད་ལྟར་འཇིག་རྟེན་དམན་པའི་ཡང༌། །ཤིན་ཏུ་མཚང་འདྲུའི་གནས་སུ་ཡུ་བུ་ཉེ་བར་གྱུར། །ཡུ་བུས་ཉེས་པ་རྣམ་མང་དུ། །རིགས་ཀྱིས་ཁེངས་ཤིང་དྲེགས་བརྟེན་ལ། །ཡོན་ཏན་ལྡན་པའང་བརྡེགས་པས་ན། །གང་གིས་དེ་ལྟར་མི་བཟད་སྐྱེད། །འཁོར་བའི་རྒྱ་མཚོ་འདི་ཉིད་དུ། །ནད་རྣམས་ཐམས་ཅད་སེལ་བྱེད་པའི། །སྨན་ནི་སྔོན་ཆད་མ་བྱིན་པས། །གང་གིས་ནད་ཀྱིས་མངོན་གདུངས་ཡིན། །ཕ་ལ་ཁྲུས་མ་བྱས་ཤིང་མ་དང་བཤེས་ལའང་མིན། །བླ་མ་ཚིམ་པར་མ་བྱས་འཇིག་རྟེན་མགོན་ལའང་མིན། །གང་གིས་ཁྲུས་དང་གདུང་བྲལ་བྱས་པས་སྐྱེས་གྱུར་ཅིང༌། །འདི་ནི་སྡུག་བསྔལ་བརྒྱ་ཡིས་སྐལ་བཅོམ་མགོན་མེད་གྱུར། །བཀྲེས་དང་སྐོམ་པས་ཡོངས་དུབ་ཅིང༌། །གཟའ་དང་བགོ་བ་རྣམ་བྲལ་བ། །ནད་དང་སྡུག་བསྔལ་གྱིས་གདུངས་པ། །ཡུ་བུ་སུ་ཞིག་སྐྱོང་བར་གྱུར། །འཇིག་རྟེན་དུ་ནི་རྙེད་དཀའ་བའི། །གང་གིས་དེ་ནི་སྲོག་སྟོར་ཞིང༌། །ཡུ་བུས་གང་གི་བྲན་དང་ནི། །དེ་རིང་སུ་ཡི་ལས་བྱེད་བྱ། །ཀྱེ་མའོ་དབུལ་བ་སྡུག་བསྔལ་ཏེ། །


DTG167_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མའོ་བསོད་ནམས་མ་བྱས་ཉིད། །འདི་ལྟར་རྒྱས་པའི་གྲོང་ཁྱེར་དུའང༌། །མགོན་མེད་ཡུ་བུ་ཇི་བཞིན་ནོ། །འདི་དང་གཞན་དག་ཡང་དེད་དཔོན་གྱི་ཆུང་མ་བཀྲེས་པས་ཡོངས་སུ་གདུངས་པའི་ཡིད་དང་བདག་ཉིད་སྨྲེ་སྔགས་འདོན་ཞིང་གནས་སོ། །དེད་དཔོན་རྣ་ཅན་ཡང་རྒྱ་མཚོ་ཆེན་པོར་གྲུ་ཞིག་པ་དང༌། སྟེས་དབང་གིས་བྱིས་པ་གཅིག་དང་ལྷན་ཅིག་སྤང་ལེབ་ལ་འཇུས་ཏེ་ཆུའི་གནས་ནས་རྒལ་ནས་ཤིན་ཏུ་ཉམ་ཐག་པ་ཆེན་པོས་སློང་མོ་རྒྱུ་ཞིང་རྒྱལ་པོའི་ཕོ་བྲང་མཉན་ལྡན་དུ་ཕྱིན་པ་དང༌། དེ་དེར་ཕྱི་རོལ་གྱི་ཞིང་གཅིག་ཏུ་མཚན་མོ་གནས་པར་གྱུར་པ་ན། དེར་ཡང་ཞོ་ཤས་འཚོ་བའི་སྐྱེས་བུ་གཞན་ཞིག་གནས་པ་དེས་དེ་ཤེས་པ་དང༌། དེ་འདི་སྙམ་དུ་སེམས་ཏེ། དེད་དཔོན་འདི་ཤིན་ཏུ་རིང་པ་དང༌། བདོག་བའི་རྫས་ཐམས་ཅད་ཉམས་པ་དང༌། ཁྱེའུ་གཅིག་དང་ལྷན་ཅིག་འོངས་ན་དེ་ལ་ཁྱིམ་གྱི་ལོ་རྒྱུས་ཇི་ལྟར་བརྗོད་པར་བྱ། ཡང་ན་རང་ཉིད་ཀྱིས་ཤེས་པར་འགྱུར་གྱི་སྙམ་ནས་དེས་དེ་ལ་ལག་པ་བཀྲུ་བའི་ཆུ་བྱིན་ཏེ། མ་ཤའི་སྣུམ་ཁུར་གཉིས་བྱིན་ནོ། །དེ་ནས་དེད་དཔོན་རྣ་ཅན་ལག་པ་སྟོང་པས་ཁྱིམ་དུ་འཇུག་པར་མི་བྱའོ་སྙམ་ནས། མ་ཤའི་སྣུམ་ཁུར་གཅིག་བཞག་ནས་ཁྱེའུའི་ལག་ཏུ་གཏད་ཅིང༌། གཅིག་ཕྱེད་ཕྱེད་དུ་བགོས་ཏེ་བཟའ་བའི་དོན་དུ་ཁྱེའུ་དེ་དང་ལྷན་ཅིག་ཟོས་སོ། །དེ་ནས་ཉི་མ་གཉིས་པ་ལ་མ་ཤའི་སྣུམ་ཁུར་དེ་ཐོགས་ནས་ཤིན་ཏུ་རྩུབ་ཅིང་ལུས་ཉམ་ཆུང་བ་དང༌། ཤིན་ཏུ་དྲི་མ་དང་བཅས་པའི་རས་གཅིག་ཙམ་ཞིག་གྱོན་ནས་རྒྱལ་པོའི་ཕོ་བྲང་མཉན་ལྡན་དུ་ཞུགས་ཏེ། རང་གི་ཁྱིམ་དུ་ཆས་སོ། །གཞོན་ནུ་མི་སྡུག་པའམ་ནམ་ལངས་པའི་དུས་ཉིད་ན་བཀྲེས་པ་དང༌། སྐོམ་པས་ཡོངས་སུ་ཉམ་ཆུང་བ་བཞིན་དུ་དང༌། སྐལ་པ་ངན་པ་བདག་ཉིད་འདི་ན་གནས་པས་ཅི་ཞིག་བྱ། སྲོག་ཀྱང་དགོས་པ་མེད་ཀྱིས་སོང་ལ་བདག་ཉིད་གསོད་པར་བྱའོ་སྙམ་ནས། དེས་མ་ལ་སྨྲས་པ། མ་བདག་ནི་ཕའི་སྐྱེད་མོས་ཚལ་དུ་མཆི་ཞེས་སྨྲས་ཏེ། སྐྱེད་མོས་ཚལ་དེར་ཆས་སོ། །དེད་དཔོན་རྣ་ཅན་ཡང་རང་གི་ཁྱིམ་དང་ཉེ་བར་ཕྱིན་པ་དང༌། ཅི་ཙམ་ཞིག་ནས་རིང་པོ་མ་ལོན་པར་དུར་ཁྲོར་གྱི་མདོག་ཅན་གྱི་སའི་ཚོགས་ཙམ་ལྷག་མར་ལུས་པ་མཐོང་ནས་བལྟས་ཏེ། འདི་ཅི་ཞིག་ཡིན་ཞེས་བསམས་ནས། གནས་ཞིག་པའི་ཕྱེད་དུ་མ་དེར་ཕྱིན་པ་དང༌། གནས་ཞིག་པའི་ཕྱེད་དུམ་དེ་ན་


DTG167_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མ་བྲན་མོ་ཞིག་དང་ལྷན་ཅིག་གནས་ལ། ཤིན་ཏུ་དམན་པས་ཉམ་ཆུང་བའི་བཞིན་དང༌། རས་ཀྱི་དུམ་བུ་དྲི་མ་ཅན་གྱིས་སྐེད་པའི་ཕྱོགས་བཀབ་པ་དྲི་མའི་ཚོགས་ལུས་ལ་གོས་པ་མཐོང་ངོ༌། །མཐོང་ནས་ཀྱང་ཀྱི་ཧུད་འདི་ཅི་ཞིག་ཡིན་ཞེས་སྨྲས་ཏེ། བརྒྱལ་ནས་ས་ལ་འགྱེལ་བ་དང༌། རླུང་གྲང་མོས་ཕོག་པས་ཡུན་རིང་མོ་ཞིག་ནས་དྲན་པ་རྙེད་དེ། དེ་ཆུང་མའི་ཐད་དུ་ཕྱིན་པ་དང་འདི་ཅི་ཞིག་ཡིན་ཞེས་སྨྲས་ཏེ། གསང་མཐོན་པོས་ཆོ་ངེས་འདེབས་པ་ལ་ཞུགས་སོ། །དེ་ནས་ཆུར་མ་ལས་ཇི་ལྟར་གྱུར་པ་ཐོས་པ་དང༌། དབུགས་ཚ་བ་རིང་པོ་ཕྱུང་སྟེ་སྨྲས་པ། ངས་ནི་ངེས་པར་སྦྱིན་པའི་ཞིང་ལ་བྱ་བ་མ་བྱས་པ་གང་གིས་འདི་ལྟར་རྒྱུད་པར་གྱུར་ན། ད་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། གང་ལ་སྐྱབས་སུ་འགྲོ་བར་བྱ། སུའི་བཞིན་ལ་བལྟ་བར་བྱ། འཇིག་རྟེན་དམན་ཞིང་གཞན་པ་ལ་ཐུགས་བརྩེ་བ་ནི་སུ་ཞིག་ཡིན། སུ་ཞིག་འོངས་ནས་ང་དབུལ་བའི་རྒྱ་མཚོ་འདི་ལས་བརྒལ་བར་བྱ། སུ་ཞིག་འོངས་ནས་རྒུད་བའི་འདམ་འདི་ལྟ་བུ་བཀྲུ་བར་བྱ། སུ་ཞིག་འོངས་ནས་སྡུག་བསྔལ་གྱི་ཆུ་བོ་འདི་ལས་བརྒལ་བར་བྱ། སུ་ཞིག་འོངས་ནས་དབུལ་བའི་དགྲ་འདི་ལས་རྒྱལ་བར་བྱ། སུ་ཞིག་འོངས་ནས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བའི་ཤིང་དབྱུང་བར་བྱ། སུ་ཞིག་འོངས་ནས་སྡུག་བསྔལ་གྱི་ཤིང་འདི་རྩ་བ་ནས་གདོན་པར་བྱ། སུ་ཞིག་འོངས་ནས་བཀྲེས་པ་དང་སྐོམ་པའི་མཆེ་བ་གཙིགས་པའི་ཁ་ནས་ཧ་ཧ་ཞེས་འཇིགས་པའི་སྒྲ་ཅན་གྱི་དབུལ་བའི་སྲིན་པོ་ཆེན་པོ་མེད་པར་བྱ། སུ་ཞིག་འོངས་ནས་དབུལ་བའི་གྱད་འདི་ལས་རྒྱལ་བར་བྱ། སུ་ཞིག་འོངས་ནས་བཀྲེས་པ་དང་སྐོམ་པ་ལ་སོགས་པས་རབ་ཏུ་འབར་བའི་མེ་འདི་གསད་པར་བྱ། སུ་ཞིག་འོངས་ནས་རྒུད་པ་གསོ་བའི་གླང་པོ་ཆེ་འདི་གདུལ་བར་བྱ། སུ་ཞིག་འོངས་ནས་ངའི་སྡུག་བསྔལ་དཔག་ཏུ་མེད་པའི་དུག་གི་མཆེ་བ་དང་ལྡན་པའི་སྤྲུལ་ཆེན་འདིའི་དུག་འདི་དུག་མེད་པར་བྱ། སུ་ཞིག་འོངས་ནས་ངའི་ཐམས་ཅད་འཕྲོག་པའི་དབུལ་བའི་དཔའ་བོ་བཟློག་པར་བྱ། སུ་ཞིག་འོངས་ནས་ངའི་སྡུག་བསྔལ་ཐམས་ཅད་ཀྱིས་བསྡམས་པའི་བདག་ཉིད་ཅན་གྱི་དབུལ་བའི་ལྕགས་སྒྲོག་འདི་གཅད་པར་བྱ། སུ་ཞིག་འོངས་ནས་ངའི་དབུལ་བའི་བཙོན་ར་འདི་ལས་བརྒལ་བར་བྱ། སུ་ཞིག་འོངས་ནས་ངའི་


DTG167_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བའི་སྒོ་གླེགས་འདི་དབྱེ་བར་བྱ། སུ་ཞིག་འོངས་ནས་ངའི་དབུལ་བའི་གཤིན་རྗེ་འདི་མི་སྣང་བར་བྱ། སུ་ཞིག་འོངས་ནས་ངའི་སྲེད་པའི་རྒྱ་མཚོ་འདི་ལས་བརྒལ་བར་བྱ། སུ་ཞིག་འོངས་ནས་ངའི་དབུལ་བའི་འབྲོག་དགོན་པ་འདི་ལས་ཐར་པར་བྱ་ཞེས་བྱ་བ་ལ་སོགས་ལ་སྙིང་རྗེ་ཞིང་དམན་པ་ལ་དམིགས་པའི་ཚིག་རྣམ་པ་དུ་མ་བརྗོད་ཅིང་ཆོ་ངེས་འདེབས་པར་གྱུར་ཏོ། །གནས་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། རྣམ་པར་མི་རིག་པ་ཅི་ཡང་མི་མངའ་བ་ནི་ཆོས་ཉིད་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་སྟོན་ཀའི་ཉི་མ་འཆར་ཀ་ལྟར་འོད་ཟེར་དམར་སེར་འགྱེད་པ་དང༌། ནོར་བུ་རང་གི་ཡོན་ཏན་གྱིས་ཡོངས་སུ་སྤྲས་པས། ཀུན་ནས་དམར་སེར་དུ་སྣང་བ་དང༌། ཉི་མ་འཆར་ཀས་ཕྱེ་བའི་པདྨའི་གེ་སར་མ་ལུས་པའི་ཚོགས་དང༌། ཨུཏྤ་ལ་དང༌། མརྒད་དང༌། འཇའ་ཚོན་དང༌། དྲི་མ་མེད་པའི་གློག་འཁྱིལ་པ་དང༌། མར་གྱི་རྒྱུན་བླུགས་པའི་མེའི་ཚོགས་ལྟར་ཤིན་ཏུ་འབར་བའི་འོད་ཀྱི་ཚོགས་བཀྲ་ཤིས་པའི་འོད་ཟེར་གྱི་ཚོགས་ཀྱིས་རབ་རིབ་དཔག་ཏུ་མེད་པའི་ཚོགས་རྣམ་པར་འཇིག་ཅིང༌། རྒ་ཤི་སྲིད་པའི་གཟེབ་འཛིན་པར་མཛད་པ། དགེ་བའི་རྩ་བ་དཔག་ཏུ་མེད་པ་ལ་མཉམ་པར་གཞག་པ་སྟོབས་སུ་གྱུར་པས་ཀུ་མུ་ཏ་དང༌། དུང་དང༌། ཀུནད་དང༌། དྲི་མ་མེད་པའི་དངུལ་དང༌། མུ་ཏིག་དང༌། ཁ་བ་དང༌། པདྨའི་རྩ་བ་དང༌། དྲི་མ་མེད་པའི་གླང་པོ་ཆེའི་སོ་བཅག་པ་དང༌། འཛམ་བུའི་ཆུ་བོའི་གསེར་གྱི་ཕུང་པོའི་རྩེ་ན་གནས་པའི་མིག་སྟོང་ལྡན་གྱི་གཞུ་ལྟ་བུའི་འོད་ཟེར་འཁྱིལ་པའི་སྣང་བ་དང༌། ནམ་མཁའི་མཐའ་མེད་པར་ཟླ་བ་བརྒྱ་སྟོང་འཆར་བ་ལྟར་དཀར་ཞིང་འཇམ་ལ། སྣུམ་ཞིང་གཡས་སུ་འཁྱིལ་བའི་འོད་འདོམ་གང་བ་དང༌། སྨིན་མ་མཛེས་པའི་བར་ནས་བྱུང་བའི་སྨིན་མཚམས་ཀྱི་མཛོད་སྤུ་རྣམ་པར་མཛེས་པ་དང༌། པདྨ་ཁ་བྱེ་མ་ཐག་ལྟ་བུའི་ཞལ་མངའ་བ། བསྐལ་པ་གྲངས་མེད་པ་གསུམ་དུ་ཕྱག་དང༌། ཞབས་དང༌། སྤྱན་དང༌། ཡན་ལག་མཆོག་དབུ་དང༌། ཉིད་ཀྱི་ཤ་དང༌། རྐང་དང༌། པདྨ་གཞོན་ནུ་ལྟ་བུའི་རང་བཞིན་དང་ལྡན་པའི་སྲས་དང་བཙུན་མོ་དང༌། གླང་པོ་དང༌། རྟ་དང༌། ཤིང་རྟ་དང༌། རྒྱན་དང༌། གོས་


DTG167_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྟན་དང༌། མལ་སྟན་དང༌། ནོར་བུ་དང༌། གསེར་དང༌། དངུལ་དང༌། དངོས་པོ་ཐམས་ཅད་དང༌། རྒྱལ་སྲིད་ལ་སོགས་པ་ཡོངས་སུ་གཏོང་བས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་འཕེལ་བར་མཛད་པ། ཆགས་པ་མི་མངའ་བས་བདུད་ཀྱི་སྟོབས་རྣམས་རབ་ཏུ་བཅོམ་པར་མཛད་པས་སྟོན་ཀའི་ཟླ་བ་དྲི་མ་མེད་པ་ལྟར་ཤིན་ཏུ་དཀར་ཞིང་གསལ་པའི་གྲགས་པའི་ཚོགས་སྟོང་གི་ཕྲེང་བས་བསྐོར་བ་རི་བོ་ལ་འཆར་ཀའི་ཟླ་བའི་འོད་ཟེར་གྱི་ཚོགས་ཀྱི་ལྕུག་མའི་རལ་པའི་དཀྱིལ་འཁོར་དང༌། ཉི་མ་འཆར་ཀའི་འོད་ཟེར་གྱི་ཚོགས་དང༌། སྤྲིན་གྱི་ཚོགས་ལས་བྱུང་བའི་གློག་བརྒྱ་སྟོང་དང༌། བརྒྱ་བྱིན་གྱི་གླང་པོ་ཆེའི་མཆེ་བ་མདུང་གིས་བསྒྱེལ་བ་དང༌། ས་འོག་འཁྲུགས་པ་དང༌། འོ་མའི་རྒྱ་མཚོའི་རབ་རླབས་གྱེས་པ་དང༌། དབང་པོའི་གཞུའི་འོད་ཀྱི་རྩེ་མ་དང༌། ནོར་བུ་མར་གད་བཅག་པ་དང༌། ཟླ་བ་རྒྱས་པ་དང༌། པདྨའི་འདབ་མ་དང༌། ཀླུའི་དབང་པོའི་གཙུག་གི་ནོར་བུ་དང༌། བཻ་ཌཱུཪྻའི་རྡོ་ལེབ་དང༌། ཙམ་པ་ཀ་རྒྱས་པ་རྨ་མེད་པ་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱིས་སྐུ་ལ་བསྐོར་བར་གྱུར་པ། ཉིད་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱིས་མེས་ཉོན་མོངས་པའི་ཚང་ཚིང་སྲེག་པར་མཛད་པ། ལྷ་བརྒྱ་སྟོང་གིས་ཞབས་ལ་བཏུད་ཅིང་ཅོད་པན་གྱིས་གཏུགས་པས་ནོར་བུ་དང༌། གསེར་གྱི་འོད་ཟེར་གྱིས་ཤིན་ཏུ་མཛེས་ཤིང་བརྒྱན་པའི་ཞབས་ཀྱི་པདྨ་དང་ལྡན་པ། གླང་པོ་ཆེ་གཞོན་ནུའི་དཀན་དང༌། རྒྱ་སྐྱེགས་ཀྱི་ཁུ་བ་དང༌། པདྨ་དང༌། སྟོན་ཀའི་མཚམས་ཀྱི་སྤྲིན་གྱི་ཚོགས་དང༌། ཨ་ཤོ་ཀ་དང༌། ལེ་བརྒན་རྩིའི་མེ་ཏོག་གི་ཆུན་པོ་དང༌། ཟངས་ཀྱི་མདོག་ཅན་གྱི་ཞབས་དང་ལྡན་པ། སེན་མོ་སྲབ་ཅིང་ཟངས་ལྟར་དམར་བའི་ཟླ་ཚེས་དགོད་བ་ལྟ་བུ་མེད་པའི་ཞབས་ཀྱི་པདྨ་དང་ལྡན་པ། སྲེད་པའི་ཁྲི་ཤིང་བཏོན་པ། གཏི་མུག་གི་མུན་པ་མ་ལུས་པ་རྣམ་པར་བསལ་བ། འགྲོ་བ་མ་ལུས་པའི་གཉེན་དུ་གྱུར་པ། དགོས་པ་མེད་པར་གཞན་ལ་མཉེས་གཤིན་པར་གྱུར་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ། འདོད་ཆགས་ཆེན་པོའི་དུག་རྣམ་པར་བསལ་བ། དགའ་བ་བརྒྱ་སྟོང་གིས་བསྙེལ་བའི་ཡོན་ཏན་གྱི་ཚོགས་དང་ལྡན་པ། བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་ཤིང་ཤེས་རབ་ཀྱིས་


DTG167_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པས་ཉོན་མོངས་པ་མ་ལུས་པའི་ཤིང་རྩ་ནས་འདོན་པར་མཛད་པ། ཚངས་པ་དང༌། དབང་པོ་དང༌། ཉེ་དབང་དང༌། མེ་དང༌། གཤིན་རྗེ་དང༌། བདེན་བྲལ་དང༌། ཆུ་ལྷ་དང༌། རླུང་ལྷ་དང༌། ལུས་ངན་པོ་དང༌། དབང་ལྡན་ལ་སོགས་པས་བསྟན་པ་མངོན་པར་བསྟོད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་བ། ཉག་གཅིག་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པར་མཛད་པ། འདུལ་བའི་བསྡུས་པ་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་གོམས་པ། ཡན་ལག་ལྔ་སྤངས་པ། ཡན་ལག་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ཀྱི་མེ་ཏོག་གིས་བྱུགས་པ། ཡན་ལག་བརྒྱད་པའི་ལམ་སྟོན་པར་མཛད་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལ་ཁྱད་པར་དུ་འཕགས་པ་རྣམས་ནི་ཉིན་ལག་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་སུ་ནི་འཕེལ། སུ་ནི་འགྲི་བ། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བར་འགྱུར། སུ་ནི་སྡུག་བསྔལ་བར་གྱུར། སུ་ནི་ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་འབབ། སུ་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཉེ་བར་འདོན་པར་བྱ། སུ་ནི་དེང་ངས་འཁོར་བའི་སྲིན་པོས་རྣམ་པར་གཙེས་པ་ལས་ཐར་བར་བྱ། སུ་ནི་དེང་ངས་དབུལ་བའི་སྤྲུལ་གྱིས་བདས་པ་ལས་ཡོངས་སུ་བསྐྱབ་པར་བྱ། སུ་ནི་དེང་གནས་ཞེ་སྡང་གི་མེས་ལུས་ཀུན་ནས་བསྲེགས་པ་ལས་དམ་པའི་ཆོས་ཀྱི་ཆར་གྱིས་དབང་བསྐུར་བར་བྱ། སུ་ནི་དེང་ངས་གཏི་མུག་གི་མུན་ནག་གི་ནང་དུ་ཞུགས་པ་ལ་རབ་རིབ་མེད་པའི་སྣང་བ་བླ་ན་མེད་པའི་ཏིང་ངེ་འཛིན་མཆོག་གི་རྩེ་མོ་ལ་བསྐྱོན་པར་བྱ། སུ་ནི་དེང་ངས་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པའི་ལམ་གྱི་མཆོག་ཡན་ལག་


DTG167_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བསྟན་པར་བྱ། སུ་ནི་དེང་ངས་དབུལ་བའི་སྒོ་གླེགས་མཐའ་མེད་པར་གཞིག་པར་བྱ། སུ་ནི་དེང་ངས་མི་ཤེས་པའི་རབ་རིབ་ཀྱིས་མིག་མདོངས་པ་ལ་ཡེ་ཤེས་ཀྱི་མིག་སྨན་རྗེས་སུ་སྦྱིན་པར་བྱ། སུ་ནི་དེང་ངས་ལྕགས་སྒྲོག་ཆེན་པོས་བཅིངས་པ་ལས་ཐར་པར་བྱ་ཞེས་མཁྱེན་པའི་གཟིགས་པ་འཇུག་གོ །ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས། འཇིག་རྟེན་མ་ལུས་པ་འདི་དག་ལ་གཟིགས་པར་གྱུར་པ་དང༌། བཅོམ་ལྡན་འདས་ཀྱི་དེད་དཔོན་རྣ་ཅན་དབུལ་བའི་སྡུག་བསྔལ་གྱི་འདམ་རྫབ་ཏུ་ཤིན་ཏུ་ནུབ་ཅིང་བདག་ཉིད་ཤིན་ཏུ་མྱ་ངན་གྱིས་སྨྲེ་ཞིང་གནས་པར་གཟིགས་སོ། །གཟིགས་ནས་ཀྱང་ཐུགས་རྗེ་ཆེན་པོས་ཡང་དག་པར་སྐུ་ལ་བའི་ཐུགས་ཀྱིས་ལྷུང་ཟེད་བསྣམས་ཤིང་ཆོས་གོས་མནབས་ཏེ། མཉན་ལྡན་གྱི་སྐྱེད་མོས་ཚལ་ནས་མངོན་པར་བྱུང་ནས་མཉན་ལྡན་དུ་གཤེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོའི་ཕོ་བྲང་མཉན་ལྡན་དུ་བསོད་སྙོམས་ལ་གཤེགས་པ་དང༌། དེ་མཐོང་ནས། རྒྱལ་པོ་དང༌། བློན་པོ་དང༌། ཚོང་དཔོན་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། གྲོང་ཁྱེར་གྱི་སྐྱེ་བོ་རྣམས་དང༌། དེད་དཔོན་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་འདིར་བསོད་སྙོམས་ལ་བྱོན་གྱི། བཅོམ་ལྡན་འདས་འདིའི་བསོད་སྙོམས་པས་དགང་བར་བྱའོ་སྙམ་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་བཟའ་བ་དང་བཅའ་བ་རྣམས་ཐོགས་ཏེ་གནས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེད་དཔོན་རྣ་ཅན་ལ་རྗེས་སུ་ཐུགས་བརྩེ་བས་ཚོང་འདུས་ཀྱི་དབུས་ན་ཐུགས་རབ་ཏུ་ཞི་ཞིང་སྐུ་ལ་ཉི་མ་འཆར་ཀའི་འོད་པས་ལྷག་པའི་འོད་ཀྱིས་འབར་བ་ལྟ་བུ་སྟོན་ཀའི་ཟླ་བ་རྒྱས་པའི་མཚམས་ཀྱི་སྤྲིན་གྱིས་བསྐོར་བ་ལྟ་བུ་དང༌། ལྷའི་སྐྱེད་མོས་ཚལ་གྱི་དཔག་བསམ་གྱི་ཤིང་ལྟ་བུ་དང༌། གསེར་གྱི་མཆོད་སྡོང་བདུད་རྩིའི་བྱི་རུའི་ཤིང་གི་ཡལ་གས་བརྒྱན་


DTG167_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུ་དང༌། གསེར་གྱི་གཞོང་པའི་སྟེང་དུ་ཏིལ་མར་གྱི་མར་མེ་བལྟམས་པ་ལྟ་བུ་དང༌། རིན་པོ་ཆེའི་རི་བོ་རིན་པོ་ཆེ་ཕྲ་མོ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ་དང༌། ངང་པའི་རྒྱལ་པོ་གསེར་གྱི་པདྨའི་རྡུལ་གྱིས་གོས་པ་ལྟ་བུ་དང༌། ས་སྲུང་དལ་གྱིས་འབབ་པའི་པདྨའི་རྡུལ་གྱིས་བརྒྱན་པ་ལྟ་བུ་དང༌། སེང་གེ་ལྡོང་རོས་ཀྱིས་བྱུགས་པ་ལྟ་བུ་དང༌། ས་ཐམས་ཅད་ཀྱི་དཔལ་གྱི་ཚོགས་ལྟ་བུ་དང༌། སྐུ་ཤིན་ཏུ་འབར་བ་ལྟ་བུ་དང༌། ཞབས་ཀྱི་མཐིལ་གཉིས་ཤིན་ཏུ་ལེགས་པར་བྱས་པའི་ཤིང་རྟའི་འཁོར་ལོ་ནོར་བུས་སྤྲས་པའི་འོད་དང་ལྡན་པ་ལྟ་བུ་དང༌། ཞབས་ཀྱི་མཐིལ་རབ་ཏུ་གསར་པའི་པདྨའི་ཁ་རྒྱས་པ་ལྟར་ཤིན་ཏུ་མཉེན་ཤིང་གཞོན་ཤ་ཆགས་པ་དང༌། ཞབས་ཀྱི་མཐིལ་དཔལ་བེའུ་དང༌། གཡུང་དྲུང་དང༌། དགའ་བ་འཁྱིལ་པ་དང༌། ཉ་དང་ལྡོང་རོས་ཀྱིས་བརྒྱན་པ་དང༌། ཞབས་གཉིས་ལ་ཟླ་བ་རྒྱས་པའི་དབྱིབས་ལྟ་བུ་ལ་ཟངས་ཤིན་ཏུ་སྦྱངས་པ་ལྟ་བུའི་མདངས་དང༌། འོད་དང་ལྡན་པའི་སེན་མོ་ཤིན་ཏུ་དྲི་མ་མེད་པ་གཅིག་ཏུ་གསལ་བ། ལེགས་པར་སྐྱེས་པ། བལྟ་ན་སྡུག་ཅིང་མཐོ་བའི་སེན་མོ་དག་དང་ཞབས་ཀྱི་སེན་མོའི་ཐིག་ལེའི་ཕྲེང་བས་སྤྲས་ཤིང་ཉམས་པ་མེད་པ་དང༌། ལེགས་པར་སྐྱེས་པ་དང༌། རིང་ཞིང་ཟླུམ་པ་ཡངས་པའི་སེན་མོ་དང༌། འཇམ་ཞིང་ཤིན་ཏུ་མཉེན་ལ་ཤིང་བལ་ལྟར་རེག་ན་བདེ་བའི་རྟིང་པ་གཉིས་དང༌། དཔལ་གྱིས་འབར་བའི་ཉི་མ་ནམ་མཁའི་དཀྱིལ་ན་འདུག་པ་ལྟ་བུར་ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་མ་ལུས་པར་ཀུན་དུ་སྣང་བར་མཛད་ཅིང༌། དེད་དཔོན་རྣ་ཅན་གྱི་གནས་ཞིག་པའི་ཕྱེད་དུམ་དེར་བྱོན་ཏོ།། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས། གསེར་བཙོ་མ་བཞིན་དུ་སྦྱངས་པའི་འོད་འཕྲོ་བ་ལྟ་བུ་དང༌། མར་གྱི་རྒྱུན་གྱིས་བླུགས་པའི་མེའི་ཚོགས་ལྟ་བུ་དང༌། ཤིན་ཏུ་ཁ་རྒྱས་པའི་ཀིང་ཤུ་ཀ་དང་ཨ་ཤོ་ཀ་དང༌། ཨུཏྤ་ལ་དམར་པོ་དང༌། ཨུན་རན་ད་ཀ་དམར་པོ་དང༌། ཀ་ར་བཱི་ར་དང༌། ཙམ་པ་ཀ་དང༌། ལེ་བརྒན་རྩིའི་ཁུ་བ་དང༌། མཚམས་ཀྱི་སྤྲིན་དང༌། གླང་པོ་ཆེའི་དཀན་དང༌། པདྨ་དམར་པོ་དང༌། གློག་བརྒྱ་སྟོང་བས་ལྷག་པའི་འོད་ཟེར་ཡང་དག་པར་འགྱེད་པར་མཛད་ཅིང༌། གང་གིས་དེའི་མོད་ཁོ་ན་ལ་གནས་ཞིག་པའི་ཕྱེད་དུམ་ཕྱི་


DTG167_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་དུ་བཅས་པ་གསེར་ཞུན་མ་ལྟར་སྣང་བར་གྱུར་པ་དེ་ལྟར་མཛད་དོ། །དེ་མཐོང་ནས་དེད་དཔོན་རྣ་ཅན་གྱིས་འདི་ཅི་ཞིག་ཡིན་སྙམ་ཏེ་ལངས་པ་དང༌། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། ཆོས་ཞེས་བྱ་བ་ལུས་དང་ལྡན་པ་ལྟ་བུ་དང༌། མར་གྱི་སྤྱིན་བླུགས་བླུགས་པའི་རྗེས་ཐོགས་ཀྱི་མེ་ལྟ་བུ་དང༌། གསེར་བཞུ་བའི་ཁུ་བའི་མདངས་དང༌། ཀར་ནི་ཀ་ར་དང༌། གུར་གུམ་དང༌། ལེ་བརྒན་རྩི་དང༌། ལྡོང་རོས་དང༌། བ་བླ་དང༌། ཨུཏྤ་ལ་དམར་པོ་དང༌། སྟོན་གྱི་མཚམས་ཀྱི་སྤྲིན་དང༌། རྨ་བྱའི་ལྐོག་མའི་མདངས་དང༌། གསེར་དང༌། མཐིང་ཤིང་དང༌། མཚལ་དང༌། ཨ་ཏི་མུག་ཏ་དང༌། ཀུ་རན་ད་ཀ་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱིས་སྐུ་ལ་བསྐོར་བ་མཐོང་ངོ༌། །མཐོང་ནས་ཀྱང་དེད་དཔོན་རྣ་ཅན་དེ་ཤིན་ཏུ་དད་པ་ཆེན་པོ་སྐྱེས་ནས་ངས་བཅོམ་ལྡན་འདས་ལ་ཅི་ཞིག་དབུལ་བར་བྱ་སྙམ་དུ་སེམས་ཏེ། བདག་ཉིད་ཀྱི་འབྱོར་པ་ལ་བལྟས་པ་དང༌། མ་ཤའི་སྣུམ་ཁུར་གཅིག་པོ་ཡོད་པར་མཐོང་ནས་དེས་དེ་བླངས་ཏེ་ཆུང་མ་ལ་སྨྲས་པ། བཟང་མོས་ངས་ནི་ལག་པ་སྟོང་པས་ངའི་ཁྱིམ་དུ་འཇུག་པར་མི་བྱའོ་སྙམ་ནས། མ་ཤའི་སྣུམ་ཁུར་ཅིག་ཁྱེར་ཏེ་འོངས་ཏེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་འདི་ཡང་ཡོན་གནས་ཀྱི་དམ་པ། དམན་པ་དང་ཞན་པ་རྣམས་ལ་རྗེས་སུ་ཐུགས་བརྩེ་བ་ཡིན་ལ། འདི་ལ་སྦྱིན་པའི་ས་བོན་ཉུང་ཟད་ཙམ་ཞིག་བཏབ་པས་ཀྱང་དབུལ་བའི་སྡུག་བསྔལ་རྩ་ནས་འབྱིན་པར་མཛད་པ་ཡིན་ན། བཅོམ་ལྡན་འདས་དེ་ལ་ངས་མ་ཤའི་སྣུམ་ཁུར་འདི་དབུལ་བར་བྱའམ། དེས་སྨྲས་པ། རྗེའི་སྲས་ལེགས་ཀྱིས་དེ་ལྟར་མཛོད་ཅིག །འདི་ཙམ་གྱི་དགེ་བའི་རྩ་བས་ཀྱང་འཁོར་བ་ན་བདེ་བའི་རྒྱུར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང༌། དེད་དཔོན་གྱིས་བསམས་པ། མ་ཤའི་སྣུམ་ཁུར་འདི་ནི་ཤིན་ཏུ་ཞན་པ་ཡིན་ལ། ད་ནི་གྲོང་ཁྱེར་འདི་ཉིད་དུ་དེ་ལྟ་བུ་ཞིག་ཏུ་གྱུར་ནས་ང་འདི་ལྟ་བུའི་ངན་པ་རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། གྲོང་ཁྱེར་གྱི་སྐྱེ་བོ་དང༌། དེད་དཔོན་རྣམས་ཀྱིས་མི་མཐོང་བ་ཇི་ལྟར་ནི་བཅོམ་ལྡན་འདས་ལ་དབུལ་བར་


DTG167_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། གཞན་དུ་ན་ལོ་མས་དཀྲིས་ལ་དབུལ་བར་བྱ་སྟེ། དེ་ལྟར་མ་བྱས་ན་ནི་འདི་རྣམས་ཀྱིས་ཤེས་པར་འགྱུར་རོ་སྙམ་ནས། རང་གི་གནས་ཞིག་པའི་ཕྱེད་ཀྱི་ནང་དུ་ཞུགས་ཏེ། ལོ་མ་བཙལ་བར་སེམས་པ་དང་ཅི་ཡང་མ་རྙེད་པར་གྱུར་ཏོ། །དེ་ནས་དེད་དཔོན་དེ་ཤིན་ཏུ་ཡང་ཡི་མུག་པར་གྱུར་ཏེ། ཀྱི་ཧུད་འདི་ལྟ་བུའི་སྐལ་བ་ཞན་པ་ནི་སྡུག་བསྔལ་ལོ་ཞེས་དབུགས་ཚབ་རིང་པོ་ཕྱུང་ནས། དེའི་མོད་ལ་གནས་ཞིག་པའི་ཕྱེད་དུམ་དེ་ནས་བྱུང་སྟེ། དད་པ་ཆེན་པོའི་ཤུགས་ཀྱིས་མ་ཤའི་སྣུམ་ཁུར་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ལྷུང་བཟེད་དུ་ཕུལ་ལོ། །ཕུལ་ནས་ཀྱང་ཞབས་གཉིས་ལ་ཕྱག་བྱས་ཏེ། སྨོན་ལམ་བྱེད་པར་བརྩམས་པ། བཅོམ་ལྡན་འདས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ཕུལ་བའི་དགེ་བའི་རྩ་བ་འདིས་སྐྱེ་བ་འདི་ཉིད་ནས་གཟུང་སྟེ། ཉིན་ཞག་གཅིག་ཙམ་ཡང་དབུལ་པོར་ནམ་ཡང་མ་གྱུར་ཅིང༌། ཤིན་ཏུ་ཕྱུག་པ་དང༌། ནོར་དང་ལོངས་སྤྱོད་ཡོངས་སུ་རྫོགས་པ་དང་ལྡན་པར་གྱུར་ཅིག །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་ལ། དེད་དཔོན་རྣ་ཅན་གྱིས་བཏུད་པ་ཙམ་དེ་ཉིད་ཀྱི་རྗེས་ཐོགས་ཁོ་ན་ལ་ཤིན་ཏུ་ཞན་ཅིང་རིད་པ་དེ་མི་སྣང་བར་གྱུར་ནས། སྔོན་གྱི་མདོག་མདངས་ལྟ་བུ་དང་ལྡན་པར་གྱུར་ཏོ། །དེ་ནས་དེད་དཔོན་རྣ་ཅན་གྱིས་སྨོན་ལམ་བཏབ་ནས་ལངས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སླར་བཞུད་དེ། མཉན་ལྡན་གྱི་སྐྱེད་མོས་ཚལ་དུ་གཤེགས་སོ། །དེ་ནས་དེད་དཔོན་རྣ་ཅན་མཉན་ལྡན་གྱི་ཚོང་དཔོན་དང༌། དེད་དཔོན་རྣམས་ཀྱིས་ངོ་ཤེས་པར་གྱུར་ཏོ། །དེ་ནས་དེད་དཔོན་ཞིག་གིས་གྲོང་ཁྱེར་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ང་དང་ཁྱེད་རྣམས་ཀྱི་དེད་དཔོན་རྣ་ཅན་རྒུད་པར་གྱུར་པ་ལ། བཏང་སྙོམས་སུ་འཇོག་པ་ནི་རིགས་པ་མ་ཡིན་ནོ། །དེ་ནས་རས་གཅིག་བཏིང་སྟེ་ཡང་སྨྲས་པ། གྲོགས་པོ་དག་མང་པོས་ནི་གཅིག་ལེགས་པར་གདོན་ནུས་ཀྱི། གཅིག་གིས་ནི་མང་པོ་མ་ཡིན་པས། དེ་ལ་གང་གིས་འདིར་ཡོངས་སུ་བཏང་བ་དེ་རས་འདིའི་སྟེང་དུ་ཞོག་ཤིག་ཅེས་སྨྲས་པ་དང༌། དུ་མ་ཞིག་གིས་མགུལ་གདུབ་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་


DTG167_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དོ་དང༌། ལག་གདུབ་ལ་སོགས་པ་རྒྱན་བརྒྱ་སྟོང་དཔག་ཏུ་མེད་པ་ཞིག་བྱིན་པ་དང༌། ཀ་ཤིའི་རས་དང༌། དུ་ཀུ་ལའི་རས་དང༌། ཀོ་ཏམ་པའི་རས་དང༌། དར་དང་མོན་དར་ལ་སོགས་པ་ཤིན་ཏུ་ཕྲ་ཞིང་རིན་ཆེ་བ་སྣ་ཚོགས་པའི་གོས་ཟུང་བརྒྱ་སྟོང་དཔག་ཏུ་མེད་པ་བྱིན་ཏེ། དེ་ལ་སྐད་ཅིག་མ་དེ་ཉིད་དུ་གོས་དང་རྒྱན་གྱི་ཕུང་པོ་ཞིག་ཏུ་གྱུར་ཏོ། །དེ་ནས་དེད་དཔོན་རྣ་ཅན་གྱིས་འབྱོར་པ་དེ་ལ་བལྟས་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཞིང་གཤིན་པ་ལ་སྦྱིན་པའི་ས་བོན་བཏབ་པའི་མྱུ་གུ་འཐོན་པ་ལ་ལྟོས། དེ་ཡང་དགའ་བ་དང་མགུ་བ་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེ་ལ་ཕྱག་བྱས་ནས་རྒྱན་དང་གོས་དེ་རྣམས་གནས་ཞིག་པའི་ཕྱེད་དུ་མ་དེར་གཞུག་པར་བརྩམས་སོ། །ཁྱེའུ་མི་སྡུག་པ་དེ་ཡང་ཕའི་སྐྱེད་མོས་ཚལ་དེར་ཞུགས་ནས་བཀྲེས་པས་གདུངས་པའི་ཡིད་དང༌། རང་ཉིད་མཆོག་ཏུ་གཟུགས་ངན་པས་འདི་ལྟར་ཡང་དང་ཡང་དུ་མྱ་ངན་བྱེད་ཅིང་བསམས་པ། ཤིན་ཏུ་སྡིག་པའི་ལས་བྱེད་པ། མཆོག་ཏུ་སྡུག་བསྔལ་བའི་སྐལ་བ་ཅན་ཤིན་ཏུ་གཟུགས་ངན་པ། མཐོང་ན་བཀྲ་མི་ཤིས་པ་ང་གསོན་པས་ཀྱང་དགོས་པ་ཅི་ཞིག་ཡོད་དེ། བདག་ཉིད་ཀྱི་སྲོག་དང་འབྲལ་བར་བྱའོ་སྙམ་ནས་སྒྱིད་ལུག་པའི་ཡིད་ཀྱིས་མོད་ཁོ་ན་ལ་པ་ལའི་ཤིང་གི་ཡལ་གའི་རྩེར་མོར་འཛེགས་པ་དང༌། ཤིང་གི་ཡལ་ག་ཆག་ནས། ཤིང་གི་ཡལ་ག་དང་ལྷན་ཅིག་ཏུ་ལྷུང་སྟེ། ཚོར་བ་ཉམས་ཤིང་འདུག་གོ །བར་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་རིག་པ་ཅི་ཡང་མི་མངའ་བས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སངས་རྒྱས་ཀྱི་ལྷའི་སྤྱན་རྣམ་པར་དག་པ། མིའི་ལས་འདས་པས་ཁྱེའུ་མི་སྡུག་པ་དེ་ལྟར་སྡུག་བསྔལ་བ་གཟིགས་སོ། །གཟིགས་ནས་ཀྱང་ཐུགས་རྗེ་ཆེན་པོས་ཡང་དག་པར་བསྐུལ་ཏེ། སྐྱེད་མོས་ཚལ་དེར་རྫུ་འཕྲུལ་གྱིས་གཤེགས་ནས་ཉིད་ཀྱི་སྐུ་ལས་འོད་ཟེར་འགྱེད་པར་མཛད་དེ། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དེ་ཡང་རྒྱུན་ཆད་པར་གྱུར་ནས་དེའི་མོད་ལ་ལངས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་


DTG167_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ་བ་དང༌། མཚན་སུམ་ཅུ་རྩ་གཉིས་ཀྱི་སྣང་བས་འབར་བར་བྱས་པའི་སྐུ་དང་ལྡན་པ་མཐོང་ངོ༌། །དེ་མཐོང་བའི་མོད་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་དད་པ་ཆེན་པོ་སྐྱེས་ཏེ། དེས་ཀྱང་ཡུང་བས་བཙོས་པའི་གོས་ཀྱི་དུམ་བུ་ཁྲུ་གང་གྱོན་ཏེ་འདུག་པ་ལས། དེས་དད་པའི་ཤུགས་ཀྱིས་ལུས་ལས་ཕུད་དེ། དེ་དང་ཀར་ནི་ཀའི་མེ་ཏོག་ཅིག་དད་པའི་ཤུགས་ཆེན་པོས་འཕྲལ་དུ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་སྐུ་ལ་གསོལ་ལོ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟར་གོས་ཀྱི་དུམ་བུ་དེ་བཞིན་གཤེགས་པའི་སྐུ་ཚད་དང་ལྡན་པ་ཙམ་དུ་གྱུར་ནས་སྐུ་ལ་གསོལ་བ་དང༌། མེ་ཏོག་ཀར་ནི་ཀ་ཡང་དབུའི་སྟེང་དུ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ནས་གདུགས་ལྟར་གནས་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་མཐོང་བ་དང་ཁྱེའུ་མི་སྡུག་པ་ཤིན་ཏུ་ཡང་དད་པ་ཆེན་པོ་སྐྱེས་ནས། དེ་དད་པ་ཆེན་པོའི་ཤུགས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། སྒྲ་གསང་ཆེན་པོས་སྨོན་ལམ་བྱེད་པར་བརྩམས་པ། རྐང་གཉིས་མཆོག་གྱུར་སྦྱིན་པ་འདི། །འདི་ཡིས་འདི་ནས་གཟུགས་ངན་ཉིད། །དེ་ལས་བརྩམས་ཏེ་ལེགས་སྤངས་ནས། །བདག་ཉིད་གཟུགས་བཟང་ཉིད་ཐོབ་ཤོག །གསེར་གྱི་གདོང་ཅན་གོས་རྣམས་ནི། །གསེར་སྦྱངས་ལྟ་བུ་གྱོན་པ་དང༌། །བདག་གིས་ལུས་དང་ཁ་ནས་ཀྱང༌། །ཙན་དན་ཨུཏྤལ་དྲི་ལྟར་ཤོག །གསེར་གྱི་མདོག་ལྟར་སྣང་གྱུར་ཅིང༌། །འཇིག་རྟེན་ཀུན་གྱི་ཡིད་དུ་འོང༌། །ནད་ཀུན་ལས་ནི་རྣམ་ཐར་ཅིང༌། །བསྟན་བཅོས་ཀུན་དུ་ཕ་རོལ་ཕྱིན། །ཀུན་དུའང་ནོར་དང་ཡང་དག་ལྡན། །སྡུག་བསྔལ་ཐམས་ཅད་རྣམ་སྤངས་པ། །ཀུན་མཆོག་ཀུན་གྱིས་ལྟ་བར་འོས། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ཤོག །རྫོགས་སངས་རྒྱས་དོན་ཀུན་གྲུབ་ཅིང༌། །སེམས་ཅན་རྣམས་ལ་མཉེས་གཤིན་ཤོག །དྲི་མེད་ཡོན་ཏན་དཔལ་ལྡན་ལྷ། །བདེ་ཞིང་རྫས་ཀུན་ལྡན་པར་ཤོག །དེས་སྨོན་ལམ་འདི་བྱས་


DTG167_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དུས་མཉམ་པ་ཉིད་ལ་ཁྱེའུ་མི་སྡུག་པ་འཕྲལ་དུ་མི་སྣང་བར་གྱུར་ཅིང༌། མཛེས་པ་ལྟ་ན་སྡུག་པ། ལུས་ཀྱི་པགས་པའི་མདོག་གསེར་གྱི་མདོག་ཅན་གྱི་གཟུགས་བཟང་བར་གྱུར་ཏོ། །འཕྲལ་དུ་དེ་ལ་ནམ་མཁའ་ལས་གསེར་གྱི་མདོག་ཅན་གྱི་གོས་བྱུང་བས་ལུས་ལ་བཀབ་ཅིང་རིན་པོ་ཆེའི་དབུ་རྒྱན་དང༌། རྣ་ཆ་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམས་བྱུང་བས་བརྒྱན་ཏོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་ཀར་ནི་ཀ་དང༌། ཨུཏྤ་ལ་དང༌། ཙམ་པ་ཀ་དང༌། པདྨ་དང༌། ཀུ་མུ་ཏ་དང༌། མན་དཱ་ར་བ་ལ་སོགས་པ་མེ་ཏོག་གི་ཆར་ཆེན་པོ་ཕབ་པ་དང༌། ལྷའི་ཙན་དན་དང༌། ཨ་ཀ་རུ་དང༌། གུར་གུམ་དང༌། ཏ་མ་ལའི་ལོ་མའི་ཕྱེ་མའི་ཆར་ཕབ་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཨེ་མའོ་དེ་བཞིན་གཤེགས་པ་ལ་བསྐྲུན་པའི་སྦྱིན་པའི་ས་བོན་ཁྱད་པར་ཅན་གྱི་མྱུ་གུ་ཡང་དག་པར་འབྱུང་བ་ཡིན་ནོ། །ལྷའི་མེ་ཏོག་དང༌། ཕྱེ་མའི་ཆར་ཡང་པུས་མོ་ནུབ་པ་ཙམ་དུ་སྐྱེད་མོས་ཚལ་དེ་ཐམས་ཅད་དུ་བབ་ནས་གནས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྐྱེད་མོས་ཚལ་དེ་ནས་མངོན་པར་ཕྱུང་སྟེ་མཉན་ལྡན་གྱི་སྐྱེད་མོས་ཚལ་དུ་གཤེགས་སོ། །དེད་དཔོན་རྣ་ཅན་གྱིས་ཆུང་མ་ལ་སྨྲས་པ། བཟང་མོ་གང་ཞིག་སྐྱེས་ནས་དེ་ལས་འདི་ལྟ་བུའི་རྒུད་པ་བྱུང་བར་གྱུར་པའི་བུ་དེ་གར་སོང༌། དེས་སྨྲས་པ། དེས་སྐྱེད་མོས་ཚལ་དུ་འགྲོའོ་ཞེས་ཟེར་རོ། །དེས་སྨྲས་པ། དེས་དེ་ཉིད་དུ་ཡི་མུག་པས་བདག་ཉིད་གསོད་པར་འགྱུར་གྱི་དེ་མྱུར་དུ་བཞུད་ཅིག །དེད་དཔོན་རྣ་ཅན་གྱིས་སྨྲས་པ། ཡུ་བུའི་བུའི་མིང་ནི་ཅི། །གཟུགས་ནི་ཅི་ལྟ་བུ་ཞིག་ཡོད། །དེས་སྨྲས་པ། རྗེའི་སྲས་ཤིན་ཏུ་བལྟ་ན་མི་སྡུག་པས་མི་སྡུག་པ་ཞེས་བགྱིའོ། །དེ་ནས་དེད་དཔོན་རྣ་ཅན་དེ་ཤིན་ཏུ་མྱུར་བའི་གོམ་སྟབས་ཀྱིས་སྐྱེད་མོས་ཚལ་དེར་སོང་བ་དང༌། གཞོན་ནུ་མི་སྡུག་པ་ལུས་གསེར་གྱི་མདོག་ཅན་རིན་པོ་ཆེའི་གོས་སེར་པོ་ཕྲ་བ་ལུས་ལ་གྱོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཐོང་ན་ཡིད་འཕྲོག་པ། ལྷའི་བུ་གཞོན་ནུ་བཞིན་དུ་དཔལ་གྱི་མཆོག་ཏུ་འབར་བ་མཐོང་ངོ༌། །མཐོང་ནས་ཀྱང་ཨེ་མའོ་གང་ལ་འདི་ལྟ་བུའི་བུ་ཡོད་པ་དེ་ནི་སྐྱེས་བུ་སྐལ་བ་དང་ལྡན་པའོ་ཞེས་ཟེར་ཞིང་གཞོན་


DTG167_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ལ་སྨྲས་པ། ཁྱེའུ་ཁྱོད་སུའི་བུ་ཡིན། དེས་སྨྲས་པ། རྣ་ཅན་ཞེས་བྱ་བའི་དེད་དཔོན་ཞིག་ཡོད་དེ། ང་ནི་དེའི་བུ་ཡིན་ནོ། །དེད་དཔོན་རྣ་ཅན་གྱིས་བསམས་པ་ལ། གཞོན་ནུ་འདིས་ནི་ང་ལ་བསྟིངས་སོ་སྙམ་དུ་སེམས་ཤིང༌། ཤིན་ཏུ་ལྟད་མོ་སྐྱེས་ཏེ། མིག་མི་འཛུམས་པར་ལྟ་ཞིང་གཞོན་ནུ་དེ་ལ་ཡང་སྨྲས་པ། ཀྱེ་གཞོན་ནུ་སུའི་བུ་ཡིན་པ་བདེན་པར་སྨྲོས་ཤིག །མི་སྡུག་པས་སྨྲས་པ། འདིར་ཅི་ཞིག་བརྟག་པར་བྱ་སྟེ། ང་ནི་བདེན་པ་ཉིད་དུ་དེད་དཔོན་རྣ་ཅན་གྱི་བུ་ཡིན་ནོ། །དེས་སྨྲས་པ། ཨེ་མའོ་གཞོན་ནུ་འདིས་ནི་ང་ལ་ཤིན་ཏུ་ཡང་བསྟིངས་སོ་སྙམ་ནས་སྨྲས་པ། གཞོན་ནུ་ངས་ནི་ཤིན་ཏུ་མི་སྡུག་གོ་ཞེས་ཐོས་ན། ཁྱེད་ནི་གཟུགས་བཟང་ན། དེ་ཐབས་གང་གིས་གཟུགས་བཟང་བར་གྱུར། གཞོན་ནུ་མི་སྡུག་པས་དགའ་བས་མིག་གདངས་ཏེ་སྒྲ་གསང་ཆེན་པོས་སྨྲས་པ། དེང་ནི་དབུལ་བའི་སྡུག་བསྔལ་མེས། །སེམས་ནི་ཡོངས་སུ་གདུངས་པས་ན། །ཤིང་གི་ཡལ་གའི་རྩེར་འཛེགས་ཏེ། བདག་གིས་རང་ཉིད་ལྟུང་བར་བྱས། །ལྷུང་བས་ཡན་ལག་སྣད་པས་གཟིར། །བདག་ནི་བ་རྒྱལ་བ་ཉིད་དུ་གྱུར། །སེམས་ནི་དབུགས་མེད་མ་ཐོན་པར། །སྐད་ཅིག་ཙམ་ཞིག་རྣམ་པར་གནས། །དེ་ནས་རྣམ་གཟིགས་རྫོགས་སངས་རྒྱས། །སེམས་ཅན་རྣམས་ལ་རྗེས་བརྩེ་བ། །མགོན་པོ་བདག་ལ་ཐུགས་བརྩེའི་ཕྱིར། །སྐྱེད་མོས་ཚལ་ནི་འདིར་བྱོན་ཏོ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང༌། །པགས་པ་གསེར་ནི་སྦྱངས་པ་འདྲ། །བཙོ་མའི་གསེར་འདྲའི་འོད་རྣམས་ཀྱིས། །ཕྱོགས་བཅུ་དག་ནི་འགེངས་པར་མཛད། །དེ་སྐུའི་འོད་ཟེར་རབ་བསིལ་བས། །བདག་ལ་རེག་པ་ཙམ་གྱིས་ན། །མཉམ་མེད་བདུད་རྩིའི་རྒྱུན་གྱིས་ནི། །འདི་དག་ཐམས་ཅད་ཚིམ་པར་མཛད། །བཀྲེས་སྐོམ་ལྟུང་བའི་སྡུག་བསྔལ་དང༌། །མ་ལུས་བདག་གི་བཀྲ་མི་ཤིས། །དེ་ཡི་མོད་ལ་ཞི་གྱུར་ཅིང༌། །བདག་ནི་སེམས་ཅན་རྙེད་པར་གྱུར། །འདི་ཅི་ཡིན་ཞེས་སྤྲོ་བཅས་པར། །བདག་ལངས་དེ་ཚེ་ཐུབ་པ་ཡི། །ཤིན་ཏུ་མདངས་བཟངས་འགྲོ་བ་ཡི། །ཕུན་སུམ་ཚོགས་པའི་གནས་གྱུར་མཐོང༌། །བདག་གིས་བལྟ་བྱའི་རིན་ཆེན་དེ། །མགོན་པོ་དཔལ་གྱི་མཆོག་གིས་ནི། །ཕྱོགས་


DTG167_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱས་པར་གསལ་མཛད་པ། །མཐོང་ནས་བདག་སྔར་དད་པར་གྱུར། །དེ་ནས་རབ་དགའི་སེམས་ཀྱིས་སུ། །བདག་གིས་གོས་ཀྱི་དུམ་བུ་ནི། །ཡུང་བས་བཙོས་པ་དེ་ཉིད་ལ། །མཆོག་ཏུ་དགའ་བས་ཕུལ་བར་གྱུར། །ཀར་ནི་ཀ་ཡི་མེ་ཏོག་གཅིག། བདག་གིས་བརྟུལ་ཞུགས་བཟང་དེ་ལ། །གཏོར་བ་དེ་ཡང་ཐུབ་པ་ཡི། །སྟེང་དུ་གདུགས་བཞིན་གནས་པར་གྱུར། །དེས་ན་དགའ་ཞིང་མགུ་བ་ཡིས། །ཞབས་གཉིས་ལ་ནི་རབ་བཏུད་དེ། །ཤིན་ཏུ་དང་བ་བསྐྱེད་པ་ཡིས། །བདག་གིས་སྨོན་ལམ་འདི་བྱས་སོ། །མགོན་པོ་སྦྱིན་པ་འདི་ཡིས་ནི། །དེ་ཉིད་བདག་ནི་གཟུགས་ངན་པ། །ཡོངས་སུ་སྤངས་ཤིང་གཟུགས་བཟང་བའང༌། །སྲིད་པའི་རྒྱ་མཚོ་ཐོབ་པར་ཤོག །གསེར་གྱི་མདོག་ཅན་གོས་རྣམས་ཀྱང༌། །གསེར་སྦྱངས་ལྟ་བུ་གྱོན་པ་དང༌། །བདག་གི་ལུས་དང་ཁ་དོག་ཀྱང༌། །ཙན་དན་ཨུཏྤལ་དྲི་ལྡན་ཤོག །བདག་གི་སྨོན་ལམ་དེ་དག་ནི། །འདིས་ནི་བྱས་པར་གྱུར་པ་ན། །གཟུགས་དང་ཁ་དོག་འདི་འདྲ་བ། །ཡིད་དུ་འོང་བ་བྱུང་བར་གྱུར། །གོས་ནི་རིན་ཐང་ཆེར་གྱུར་པ། །སེར་ཞིང་ཤིན་ཏུ་འཇམ་པ་དང༌། །བདག་གི་ལུས་ལ་འཕྲལ་དུ་ནི། །སྐད་ཅིག་དེ་ཉིད་དག་ལས་བྱུང༌། །ནམ་མཁའི་ངོས་ནས་ལྷ་རྣམས་ཀྱིས། །མེ་ཏོག་དང་ནི་ཙན་དན་དང༌། །ཨ་ག་རུ་དང་ཏ་མ་ལ། །ཨ་ག་རུ་སོགས་ཆར་འདི་ཕབ། །ཅ་ཅོ་རྣམ་པ་ཆེན་པོ་དང༌། །ཡིད་འཕྲོག་པ་ཡི་རྔ་བརྡུང་ཞིང༌། །སངས་རྒྱས་བཅོམ་ལྡན་ཕྱག་འཚལ་ཞེས། །བྱ་བའི་སྒྲ་ནི་སྨྲ་བར་གྱུར། །དེང་ནི་དགེ་བ་འདི་བྱས་པས། །བདག་གི་གཟུགས་ནི་འདི་དག་དང༌། །གསེར་འདྲའི་མདོག་ནི་ཡིད་འོང་བ། །འདི་ནི་བྱུང་བར་གྱུར་པ་ཡིན། །དེ་ནས་དེད་དཔོན་རྣ་ཅན་གྱིས་དེ་སྐད་ཐོས་པ་དང༌། འཕྲལ་དུ་དད་པའི་ཤུགས་ཀྱིས་བ་སྤུའི་བུ་ག་ཐམས་ཅད་ལྡང་བར་གྱུར་ཅིང་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཡང་དང་ཡང་དུ་ཕྱག་འཚལ་ཞིང་མཆོག་ཏུ་ཡིད་དགའ་བ་སྐྱེས་པ་དང༌། བུ་གཟུགས་བཟང་བ་ལ་མིག་མི་འཛུམས་པས་བལྟས་ཏེ་སྨྲས་པ། བུ་ཚུར་ཤོག་ཡུ་བུ་འདེངས། དེ་ནས་གཞོན་ནུ་གཟུགས་བཟང་ཀྱིས་བདག་ནི་ཕ་འདི་ལས་སྐྱེས་པ་ཡིན་ནོ་སྙམ་ནས་ཤིན་ཏུ་གུས་པ་དང་བཅས་


DTG167_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕའི་རྐང་པ་ལ་ཕྱག་བྱས་ནས་ཡབ་ལེགས་པར་བྱོན་ཏམ་ཞེས་སྨྲས་ཏེ། ཕ་དང་ལྷན་ཅིག་ཁྱིམ་དུ་ཆས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཤེས་པས་འོག་ཏུ་འཇུག་པར་འགྱུར་བ་ཡིན་པས་དེ་འདི་སྙམ་དུ་སེམས་ཏེ། དེད་དཔོན་རྣ་ཅན་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ལྷག་པར་བྱ་བ་བྱས་པ་ཡིན་ནོ།། དེ་རྩྭ་ཁྱིམ་ན་གནས་པ་ནི་རེགས་པ་མ་ཡིན་ནོ་སྙམ་ནས་ལྷའི་བུ་ལས་སྣ་ཚོགས་པ་ལ་སྨྲས་པ། ལས་སྣ་ཚོགས་པ་སོང་ལ་དེད་དཔོན་རྣ་ཅན་གྱི་ཁང་པ་རིན་པོ་ཆེ་སྣ་བཞི་ལས་གྲུ་བཞི་པའི་རྣམ་པ་གྱིས་ཤིག །དེ་ནས་ལས་རྣམ་པ་སྣ་ཚོགས་པས་བརྒྱ་བྱིན་གྱི་ཚིག་སྨྲས་ཏེ། སྐད་ཅིག་དེ་ཉིད་ལ་རྒྱལ་པོའི་ཕོ་བྲང་མཉན་ལྡན་དུ་འོངས་ནས་རིན་པོ་ཆེ་སྣ་བཞིའི་ཕ་གུ་ལས་བརྩིགས་ཤིང་ཀ་བས་བཏེག་པ། ཁྱམས་མཐོ་ཞིང་མཛེས་པ་དང༌། སྐར་ཁུང་དང༌། སྒོ་ཁང་དང༌། ངོས་ན་ལྕོག་གིས་ལེགས་པར་བཀོད་པའི་ཡན་ལག་ཅན་དང༌། གདུང་ཕྲན་ལ་སྤང་ལེབ་ལེགས་པར་བཀོད་པ། ཤིན་ཏུ་མཐོ་བའི་ཁང་པ་ཟུར་བཞི་པ། ཤིན་ཏུ་ཡིད་དུ་འོང་བའི་རྟ་བབས་ཀྱིས་སྒོ་ཉེ་བར་མཛེས་པ་དང༌། སྟོན་ཀའི་སྤྲིན་མཛེས་པ་དང༌། གངས་ཀྱི་ཕུང་པོ་དང༌། ཟླ་བའི་འོད་ཟེར་དང༌། པདྨའི་རྩ་བ་ལྟར་དཀར་བ། གདུགས་དང་རྒྱལ་མཚན་དང༌། བ་དན་བསྒྲེང་བ་དང༌། མུ་ཏིག་གི་ཆུན་འཕྱང་དང་གོས་ཀྱི་ཆུན་འཕྱང་གི་ཚོགས་བཏགས་པ། གྲོང་ཁྱེར་གྱི་མཆོག་མ་ལུས་པ་ཉེ་བར་མཛེས་པར་བྱེད་པའི་གནས་སུ་གྱུར་པ། ཤིན་ཏུ་འབར་བའི་གསེར་གྱི་རང་བཞིན་ཅན་གསར་དུ་མངོན་པར་འབྱུང་བའི་ཨ་ནུའི་རྒྱན་བྱས་ཤིང་ཡན་ལག་བརྒྱད་པའི་ཆུས་ཡོངས་སུ་གང་བའི་བུ་མ་པ་བརྒྱད་ཀྱིས་སྒོ་ཉེ་བར་གནས་པར་བྱས་པ། དཔག་ཏུ་མེད་པའི་དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་དང༌། སྤུག་དང༌། མཐོན་ཀ་དང༌། མཐོན་ཀ་ཆེན་པོ་ལ་སོགས་པའི་རིན་པོ་ཆེ་རྣམས་ཀྱིས་ཡོངས་སུ་སྐོར་བ། གཏེར་དུ་མས་ཡོངས་སུ་ཁེངས་པ། རིན་པོ་ཆེའི་རྫིང་དང༌། ཡོ་བྱད་ཀྱིས་ཡོངས་སུ་གང་བའི་ཁང་པའི་མཆོག་ཅིག་བྱས་སོ། །དེ་ནས་དེད་དཔོན་རྣ་ཅན་གྱིས་ཁྱིམ་དུ་འོངས་པ་དང༌། དེའི་ཆུང་མ་དགའ་ཞིང་མགུ་ལ་རངས་པས། གསེར་གྱི་རིལ་བ་ལས་ཆུ་བྱིན་ཏེ་སྨྲས་པ། རྗེའི་སྲས་ཁྱེད་ཀྱི་བསོད་ནམས་ཀྱི་མཐུས་འགའ་ཞིག་གིས་འདི་ལྟ་བུའི་ཁང་པའི་མཆོག་བྱས་སོ། །དེ་ནས་


DTG167_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་རྣ་ཅན་གཞལ་ཡས་ཁང་དེ་ལ་མངོན་པར་ལྟ་ཞིང༌། མཆོག་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཤིན་ཏུ་ཡང་དད་པ་སྐྱེས་ཏེ། བ་སྤུ་ལྡང་བ་དང་ཐལ་མོ་སྤྱི་བོར་སྦྱར་ཏེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ལ་ཕྱག་འཚལ་ལོ་ཞེས་སྨྲས་ཏེ་ཕྱག་བྱས་ནས་རབ་ཏུ་དགའ་བས་རྒྱས་པའི་བཞིན་དང་བས་སྨྲས་པ། ཨེ་མའོ་ཡོན་ཏན་རང་བཞིན་ཞི། །ཉེས་པ་ཐམས་ཅད་རབ་སྤངས་པས། །གང་དུ་བདག་གིས་ས་བོན་བཏབ། །འབྲས་བུ་དེ་ཉིད་སྩོལ་བར་མཛད། །སྦྱིན་པ་ངན་ངོན་དེ་ཙམ་ནི། །ལེགས་པར་སྦྱར་བ་ཀུན་བྲལ་གང༌། །ཉམས་དགའ་མཐོང་བའི་གསེར་དང་ནི། །རིན་ཆེན་རང་བཞིན་ཁྱིམ་འདི་གང༌། །རྩིག་པའི་ལྷག་མ་ལུས་པ་ཙམ། །བདག་ཁྱིམ་མྱ་ངན་འཕེལ་བྱེད་པའི། །སྤྲིན་དང་ངེས་པར་བྲལ་བ་ཡི། །ཟླ་བའི་འོད་ལྟར་དཀར་འདི་གང༌། །བྱི་བ་འབུས་རྟོལ་བུ་ག་ཡི། །སྐར་ཁུང་ལྡན་པའི་ཁྱིམ་ཡང་གང༌། །རིན་ཆེན་རབ་མཆོག་དུ་མ་ཡི། །སྐར་ཁུང་ལྡན་པའི་ཁྱིམ་འདི་གང༌། །ཁྲོས་པའི་ཁྱིམ་ཁྱབ་ཚེར་མ་དང༌། །མི་གཙང་ཚོགས་ཀྱིས་གཟིངས་དེ་གང༌། །ཁྱིམ་འདི་སྔོན་ཆད་དེ་འདྲ་ལས། །རིན་ཆེན་བསགས་འདི་གང་ཡིན་མཚར། །སྦྲུལ་གྱིས་བོར་བའི་ལྤགས་རྙིང་འདི། །འཕྱང་བའི་གོས་ཀྱིས་ཁྱབ་དེ་གང༌། །ཕྲ་བའི་གོས་ནི་ཕུན་ཚོགས་བཀྲ། །རྔ་ཡབ་འཕྱང་བ་འདི་ནི་གང༌། །ཁྱི་མོས་བསྡུས་པའི་རུས་གོང་ནི། །དཀར་པོས་གཅལ་བཀྲམ་ཁྱིམ་དེ་གང༌། དྲི་ཞིམ་མེ་ཏོག་བཟང་པོ་འདི། །སིལ་མས་ཉེ་བར་མཛེས་འདི་གང༌། །མྱ་ངན་འཆི་མའི་རྒྱུན་གྱིས་ནི། །རྟག་ཏུ་བརླན་པའི་ཁྱིམ་དེ་གང༌། །དྲི་ཞིམ་གླ་རྩི་ཙན་དན་གྱི། །ཆུ་ཡིས་ཆག་ཆག་བཏབ་འདི་གང༌། །མེ་ལྕེས་ཚིག་ཅིང་ཁྭ་རྣམས་ཀྱིས། །མི་རྣམས་རྟ་བབས་ཅན་དེ་གང༌།། གསེར་དང་རིན་ཆེན་མུ་ཏིག་མཆོག །ཕྲེང་བས་ཉེ་བར་མཛེས་འདི་གང༌། །སྤང་ལེབ་ཆག་པའི་སྒོ་ཡིས་ནི། །བསྒྲིབས་པ་ཡི་ནི་ཁྱིམ་འདི་གང༌། །ཤེལ་ལས་བསྒྲུབས་པའི་སྒོ་གླེགས་ནི། །སྒོ་འཕར་ལྡན་པ་འདི་ནི་གང༌། །ང་ནི་ཡུན་རིང་ཉམས་པ་ཡི། །འཇིག་དུ་མ་བྱེད་པའི་ཁྱིམ་འདི་གང༌། །ནོར་


DTG167_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རང་བཞིན་ཀ་བ་དང༌། །སྒོ་གང་གིས་ནི་བརྒྱན་འདི་གང༌། །སྨྲེ་སྔགས་སྒྲ་ཡིས་ཀུན་དུ་ནི། །ཁྱབ་པའི་བཞི་མདོ་དེ་ནི་གང༌། །རོལ་མོའི་སྒྲ་དང་གླིང་བུ་ཡི། །སྐད་དང་ཡང་དག་ལྡན་ནི་གང༌། །སྔོན་ནི་ཐོད་པའི་ཚོགས་དང་ནི། །ཕྱག་དར་ཕུང་པོས་ཁེམས་ཏེ་གང༌། །རིན་ཆེན་ཕུང་པོས་མཛེས་པ་གང༌། གང་དུ་བསགས་པ་འདི་ནི་གང༌། །ལྕོག་དང་གདུང་ཕྲན་བཀོད་པ་རྣམས། །མ་ལུས་ལྷག་པར་གྱུར་ཏེ་གང༌། །ནང་ན་མཐོན་ཀ་ཆེན་པོ་དང༌། །ཤེལ་ནི་ཆེན་པོ་བཞག་འདི་གང༌། །སྟན་དང་བྲལ་བའི་སོ་ཕག་ནི། །གཅིག་ལ་བརྟེན་པར་གྱུར་དེ་གང༌། །སྣ་ཚོགས་གོས་གཡོགས་ནང་ཚངས་ཅན། །བརྒྱ་ཕྲག་དང་ནི་ལྡན་དེ་གང༌། །སྔོན་ནི་གསེགས་མས་ཁྱབ་གྱུར་པའི། །ས་ཡི་ཆ་ཡི་མལ་དེ་གང༌། །རྒྱ་ཆེན་དང་ལྡན་དཔལ་གྱི་ཁྲི། །ཉམས་སུ་དགའ་བ་འདི་ནི་གང༌། །རྩྭས་གཡོགས་པ་ཡི་མལ་སྟན་ནི། །བདག་ལ་རབ་ཏུ་རྩུབ་སྟེ་གང༌། །ཤིང་བལ་ཡང་ཞིང་འཇམ་པའི་སྟན། །དེང་རབ་ཡིད་དུ་འོང་བ་གང༌། །ཁྱིམ་ནས་ཁྱི་ཡིས་གང་གྱུར་པས། །ཤིན་ཏུ་དྲི་མི་ཞིམ་དེ་གང༌། །གཞལ་ཡས་ཁང་ན་ཡིད་འོང་བ། །དྲི་ཞིམ་དམ་པས་བསྒོས་འདི་གང༌། །སྔོན་ཆད་ཁང་པའི་ཕྱི་ནང་ན། །གོས་དེངས་སྣལ་མས་ཁྱབ་དེ་གང༌། །སྣ་ཚོགས་རིན་ཆེན་མཆོག་གྱུར་པས། །རྣམ་སྤྲས་ཉམས་དགའ་འདི་ནི་གང༌། །ཁྲ་ཡིས་མི་གཙང་རི་མོ་ཡིས། །དཀར་པོ་བརྒྱ་རབ་འཆང་དེ་གང༌། །རྒྱན་རྣམས་སྣ་ཚོགས་མུ་ཏིག་གིས། །དྲ་བས་ཉེ་བར་མཛེས་འདི་གང༌། །སྡུག་བསྔལ་ཚིག་སྨྲེ་ལག་པ་དག །བསྒྲེང་བའི་ཁང་པ་དེ་ནི་གང༌། །དྲི་མེད་གདུགས་དང་བ་དན་དག །བསྒྲེངས་པས་བརྒྱན་པར་གྱུར་འདི་གང༌། །སྐྱོབ་པ་བསོད་ནམས་ཞིང་གྱུར་པ། །གང་ཞིག་བྱོན་པས་བདག་དེང་ཉིད། །དབུལ་བའི་རྒྱ་མཚོ་ལས་སྒྲོལ་བ། །མགོན་པོ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་བྱོན་པས་བདག་དེ་ཉིད། །ཕུན་ཚོགས་འདི་འདྲ་ཐོབ་འགྱུར་བ། །ཐམས་ཅད་མཁྱེན་པ་རྣམ་པར་གཟིགས། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་བཞིན་བསམ་ཡས་པའི། །ཡོན་ཏན་དཔག་མེད་རྣམས་ཀྱིས་བརྒྱན། །ཡང་དག་བྱོན་ནས་དེ་བདག་ནི། །གཞལ་ཡས་ཁང་མཆོག་ཐོབ་པར་མཛད། །སྟོན་པ་དེ་ནི་ལེགས་རྙེད་པས། །ཏི་སེའི་རྩེ་མོ་བསྒྲེངས་པ་


DTG167_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི། །སྟོན་ཀའི་ཟླ་བ་ལྟར་དཀར་བའི། །གཞལ་ཡས་ཁང་མཐོ་ཐོབ་པར་གྱུར། །དེ་ཉིད་གྲོང་ཁྱེར་འདི་མགོན་མེད། །དབུལ་བའི་སྡུག་བསྔལ་ཅན་གྱུར་ནས། །དེ་ཉིད་ཀུན་གྱི་མཆོག་གྱུར་ཅིང༌། །ནོར་ཆེ་བ་དང་ལྡན་པར་གྱུར། །ས་བོན་དེ་ཉིད་བཏབ་ཙམ་གྱིས། །འབྲས་བུ་འཕྲལ་དུ་སྩོལ་བ་པོ། །འཇིག་རྟེན་མཆོག་གྱུར་ཁྱབ་བདག་དེ། །སུ་ཞིག་གིས་ནི་མཆོག་འོས་མིན། །དེ་ནས་དེད་དཔོན་རྣ་ཅན་དད་པའི་ཤུགས་དྲག་པོས་སེམས་ཀྱི་རྒྱུད་བརླན་པ་དང་བསམས་པ། བཅོམ་ལྡན་འདས་བྱོན་ནས། །ངལ་འབྱོན་པ་འདི་ལྟ་བུ་ཐོབ་པར་མཛད་པ་ཡིན་པས། ད་ཡང་ངས་དང་པོ་ཉིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཁང་པ་འདིར་སྤྱན་དྲངས་ལ། ཉན་ཐོས་ཀྱི་ཚོགས་དང་བཅས་པ་ལ་བཤོས་གཙང་དབུལ་བར་བྱའོ་སྙམ་ནས། གུས་པ་ཆེན་པོས་དེ་བཞིན་གཤེགས་པ་རྣམ་པར་གཟིགས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཁང་པའི་ནང་དུ་སྤྱན་དྲངས་ཏེ། ཞལ་ཟས་རོ་བརྒྱ་པ་ཉིན་ཞག་བདུན་གྱི་བར་དྲངས་ནས་ཞབས་གཉིས་ལ་ཕྱག་བྱས་ཏེ། ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་གྱུར་ཏོ། །དེ་ནས་ཉི་མ་གཞན་ཞིག་ལ་ཞིང་བསྲུང་བའི་སྐྱེས་བུ་ཞོ་ཤལ་འཚོ་བ་ཞིག་ལ། རྗེ་བོས་འབྲས་ཆན་གྱི་ཐུམ་བུ་ཞིག་བྱིན་པ་དང༌། དེ་ཐོགས་ཏེ་ཞིང་ལས་ལ་ཆས་པ་དང༌། ལམ་གྱི་བར་ཞིག་ཏུ་ཞོ་ཤས་འཚོ་བའི་སྐྱེས་བུ་དེས་དགེ་བསྙེན་གཞན་ཞིག་ལ། དེད་དཔོན་རྣ་ཅན་གྱིས་མ་ཤའི་སྣུམ་ཁུར་གཅིག་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་བས། འབྱོར་བ་འདི་ལྟ་བུ་ཐོབ་ཅེས་ཐོས་སོ། །ཐོས་ནས་ཀྱང༌། སྐྱེས་བུ་དེས་དགེ་བསྙེན་དེ་ལ་སྨྲས་པ། ཀྱེ་བཞིན་བཟངས་བཅོམ་ལྡན་འདས་དེ་ཆེ་བའི་ཡོན་ཏན་དེ་ཇི་ལྟ་བུ་ཞིག་ཡོད། དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་དེའི་ཡོན་ཏན་དེའི་ཁྱད་པར་སྨྲ་བར་ག་ལ་ནུས། འོན་ཀྱང་མདོར་བསྡུས་པའི་དོན་འདི་ཉོན་ཅིག །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་སྐྱེས་བུ། རབ་མཆོག་མཚན་གྱིས་བརྒྱན་པས། གསེར་གྱི་རི་ལྟར་སྣང་བས། ཉི་མ་དང་ཟླ་བ་བས་ལྷག་པའི་འོད་གཅིག་པུ་ལ། དུལ་བ། བརྟུལ་ཞུགས་བཟང་བ། ཐུགས་དུལ་བ། གསུང་སྙན་བ། ཆ་ལུགས་བཟང་བ།


DTG167_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཛེས་པ། ཞལ་མཛེས་པ། སྤྱན་མཛེས་པ། ཕྲིན་ལས་བཟང་བ། ཆོས་བཟང་བ། བཟོད་པ་དང་ལྡན་པ། སྤོབས་པ་དང་ལྡན་པ། དེས་པ་ཤིན་ཏུ་འདྲེན་པ་དུལ་བ་མཁྱེན་པ། ཞི་བ་མཁྱེན་པ། སྤྱན་ཡངས་པ། བྱས་པ་མཁྱེན་པ། དབང་པོ་རབ་ཏུ་ཞི་བ། དབང་པོའི་རྟ་ཤིན་ཏུ་དུལ་བ། དབང་པོ་ཤིན་ཏུ་ཞི་བ། ཆོས་ཀྱི་རྒྱལ་པོ་ཆེན་པོ། སེམས་ཅན་གྱི་སྙིང་པོ་ཆེན་པོ། འཇིག་རྟེན་གྱི་མགོན་པོ་ཆེན་པོ། ཡེ་ཤེས་ཀྱི་ཏོག་ཆེན་པོ། སྨྲ་བའི་དཔའ་བོ་ཆེན་པོ། བསོད་ནམས་ཀྱི་མཛོད་ཆེན་པོ། ཆོས་ཀྱི་གྲུ་ཆེན་པོ། དེད་དཔོན་ཆེན་པོ། སྦྱིན་གནས་ཆེན་པོ། གྲུབ་ཆེན་པོ་ཆོས་ཀྱི་སྦྱིན་བདག་ཆེན་པོ། སྲེད་པ་རྣམས་གཅོད་པར་མཛད་པ། རྨོངས་པ་ངེས་པར་འཇིག་པར་མཛད་པ། ཁྲོ་བ་ཞི་བར་མཛད་པ། ཐར་པ་སྟོན་པར་མཛད་པ། ཆོས་ཡང་དག་པར་མཛད་པ། ངན་པ་ལས་འཕོ་བར་མཛད་པ། ལམ་བཟང་པོ་སྟོན་པར་མཛད་པ། ཐེ་ཚོམ་གཅོད་པར་མཛད་པ། བདེན་པ་ཡང་དག་པར་སྟོན་པར་མཛད་པ། ཉོན་མོངས་པ་ཞི་བར་མཛད་པ། བདུད་འཇོམས་པར་མཛད་པ། འཇིག་རྟེན་རྣམས་སྒྲོལ་བར་མཛད་པ། ཚངས་པས་མཆོད་པ། བརྒྱ་བྱིན་གྱིས་ཡང་དག་པར་བཀུར་བ། འཇིག་རྟེན་ཐམས་ཅད་པས་ལྷག་པ། འཇིག་རྟེན་ཐམས་ཅད་ཀྱི་མཛེས་པ། སེམས་ཅན་ཐམས་ཅད་ཀྱི་མཆོག །སྡུག་བསྔལ་ཐམས་ཅད་གཅོད་པར་མཛད་པ། ཐམས་ཅད་རིག་པ། ཚུལ་དང་དུལ་བ་ལ་མཁས་པ། ཟག་པ་ཐམས་ཅད་ལས་འདས་པ། སྨྲ་བའི་གཙོ་བོ་ཟིལ་གྱིས་མ་མནན་པ། ཉེས་པ་ཐམས་ཅད་ཟིལ་གྱིས་མ་གཡེངས་པ། དོན་ཐམས་ཅད་ལ་མངོན་པར་བརྩོན་པ། གཟུགས་དན་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། བསམ་གཏན་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། ཡེ་ཤེས་དང་ལྡན་པ། རེ་བ་མི་མངའ་བ། སྒྱུ་མི་མངའ་བ། ནན་མི་མངའ་བ། སྤྲོས་པ་མི་མངའ་བ། སྐྱོན་མེད་པར་ཞུགས་པ། འཇུག་པ་དང་ཟད་པའི་སྟོབས་ཉེ་བར་སྟོན་པར་མཛད་པ། སེམས་ཅན་ཐམས་ཅད་ལ་བྱམས་པའི་དགོངས་པ་ཅན། སྡིག་པ་རྣམས་ལས་གྲོལ་བ། ལྷག་པར་མོས་པ་དང་ལྡན་པ། བླ་ན་མེད་པ། གཙོ་བོ། སྟོན་པ་པོ། ཉོན་མོངས་པའི་ནད་ཀྱིས་གདུངས་པ་རྣམས་ཀྱི་སྨན་པ་ཆེན་པོ། རང་བྱུང་ཁྱབ་བདག་ཡང་


DTG167_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་སྡོམ་པའི་བདག་ཉིད་ཅན། མཐུ་ཚད་མེད་པ། མཛད་པ་ཉུང་བ། ཆོ་ག་མཁྱེན་པ་དང་ལྡན་པ། དུས་དང་ལྡན་པ། ཡེ་ཤེས་དང་ལྡན་པ། ཉོན་མོངས་པའི་དགྲ་ལས་ངེས་པར་རྒྱལ་བ། མེ་རབ་ཏུ་ཞི་བ། མི་བསྐྱོད་པའི་ཆོས་དང་ལྡན་པ། མཆོག་ཏུ་སྡུག་བསྔལ་བའི་འཇིག་རྟེན་མ་རིག་པའི་འདམ་ལ་ནུབ་པ་ལ་གཟིགས་ཤིང་དེ་ལ་ཉིད་ཀྱིས་ཡང་དག་པར་འདོན་པ་སྤྱོད་ལ། ཉིད་ཀྱི་མཐུའི་བདག་ཉིད་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡོད་པར་བཞེད་པའི་ཐུགས་རྗེ་ཆེན་པོས་དོན་མཛད་པའི་བློ་གྲོས་ཀྱི་མཆོག་གིས་འདི་ལས་འགྲོ་བ་འདོན་པར་མཛད་པ། ཇི་ལྟར་སྡུག་བསྔལ་རྣམས་གནོན་པར་བྱ། ཇི་ལྟར་སྐྲག་པ་རྣམས་དབུགས་དབྱུང་བར་བྱ། ཇི་ལྟར་ན་འཁོར་བར་ནུབ་པ་རྣམས་གདོན་པར་བྱ། ཇི་ལྟར་ན་བཀྲེས་པ་རྣམས་ཚིམ་པར་བྱ་ཞེས་དེ་ལྟ་བུའི་བརྟན་པོ་ཡང་དག་པར་བསྐྱེད་དེ། བརྩོན་འགྲུས་མཆོག་རྩོམ་པར་མཛད་ཅིང༌། སྐུ་ཚེ་བྱེ་བ་བརྒྱ་སྟོང་དུ་སྔ་མ་བཞིན་དུ་ཟས་དང༌། སྐོམ་དང་གནས་དང༌། ལྷམ་དང༌། བཟའ་བ་དང༌། གདུགས་དང༌། བཞོན་པ་དང༌། སྟན་ལ་སོགས་པ་ཡིད་དུ་འོང་བ་དང༌། གླང་པོ་ཆེ་དང༌། རྟ་དང་ཆུང་མ་དང་བུ་དང༌། བྲན་ཕོ་དང༌། བྲན་མོ་དང༌། མགོ་དང༌། མིག་དང༌། བདག་གི་ཤ་དྲོན་པོ་བཅད་ནས་བརྒྱ་བྱིན་ཁྲའི་གཟུགས་ཅན་ལ་སོགས་པ་དང༌། སེམས་ཅན་ཐམས་ཅད་ལ་ཐབས་ཐམས་ཅད་ཀྱིས་ཕན་བར་དགོངས་པ། དུས་ཐམས་ཅད་དུ་ཡང་རྒས་པ་དང༌། ན་བ་དང༌། ཕོངས་པ་དང༌། ཀུན་དུ་རྨོངས་པ་དང༌། ཀུན་དུ་འཁྲུལ་པ་དང༌། འཁྲུགས་པ་དང༌། མི་བདེ་བར་གནས་པ་རྣམས་ལ་གཟིགས་ནས་ཐམས་ཅད་དབུགས་ཕྱུང་སྟེ། ཡོད་དམ་མེད་པ་ལ་ཡང་སྤྱོད་པ་ཇི་ལྟ་བས་བརྟན་པར་མཛད་པ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་སོགས་པའི་ཡོན་ཏན་སྐུ་ཚེ་བརྒྱ་སྟོང་དུ་མར་བསགས་པས་ཞི་བའི་བྱང་ཆུབ་ཀྱི་མཆོག་བླ་ན་མེད་པ་བརྙེས་པའོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པས་ཁྱབ་པ། དབུགས་འབྱིན་པའི་ཆོས་ཐུགས་རྗེ་སྟོན་པར་མཛད་པ་ཡེ་ཤེས་ཡོངས་སུ་རྫོགས་པ། བརྩོན་འགྲུས་ཆེ་བ། དམ་བཅས་པ་ཐམས་ཅད་མཐར་ཕྱིན་པར་མཛད་པའོ། །ཉེས་པ་ཐམས་ཅད་ལས་ཉེ་བར་གྲོལ་བ་རྨོངས་


DTG167_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ཉེ་བར་བསལ་བ། དུལ་བ་དང༌། ཞི་བ་དང༌། དབང་པོའི་ཡུལ་ཐམས་ཅད་ལ་མ་ཆགས་པ། ཐམས་ཅད་ཀྱི་དབང་ཕྱུག །ལུས་ཀྱི་ཐ་མ་བརྙེས་པ། ཚད་མེད་པའི་མཐུའི་འོད་ཀྱིས་བརྒྱན་པའི་ཡེ་ཤེས་ཀྱི་མཛོད། ཟླ་བ་རྒྱས་པ་བས་ལྷག་པའི་འོད་དང་ལྡན་པའི་ཞལ་མངའ་བ། ལྷའི་དབང་པོ་དང༌། ལྷ་མ་ཡིན་གྱི་དབང་པོ་དང༌། ཀླུའི་དབང་པོ་རྣམས་ཀྱིས་མོས་པས་རབ་ཏུ་དང་བ་དང༌། རྟག་ཏུ་ཕྱག་བྱས་པ། གཟི་བརྗིད་རབ་ཏུ་འབར་བ། བསོད་ནམས་དང་གྲགས་པ་དང་ལྡན་པ། དྲང་སྲོང་ཆེན་པོ་བྱུང་བ། གསེར་ཤིན་ཏུ་སྦྱངས་པ། ཆོས་ཀྱི་དབང་ཕྱུག་མཆོག་གི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ། སེམས་ཅན་གྱི་མཆོག །ཅང་ཤེས་པ་གྲོལ་བ། དཔའ་བ། ལྷའི་ཡང་ལྷ། ཡང་དག་པར་རྫོགས་པའི་སངས་རྒྱས། དེའི་ཡོན་ཏན་མ་ལུས་པར་སྟོན་པ་སུ་ཞིག་གིས་ནུས། གཞན་ཡང༌། གཟུགས་དང་མདངས་བཟང་ཐམས་ཅད་ཀྱི། །ཕུན་སུམ་ཚོགས་པས་ལེགས་བརྒྱན་པ། །སྐུར་ལྡན་སངས་རྒྱས་མ་གཏོགས་པ། །འདི་འདྲའི་མཆོག་གཞན་ཡོད་མ་ཡིན། །སངས་རྒྱས་འདྲ་བའི་སྟོན་པ་མེད། །སངས་རྒྱས་འདྲ་བའི་བློ་བཟང་མེད། །སངས་རྒྱས་འདྲ་བའི་རྟོགས་པ་མེད། །སངས་རྒྱས་འདྲ་བའི་ཐུབ་པ་མེད། །སངས་རྒྱས་འདྲ་བའི་སྣོད་མེད་དེ། །སངས་རྒྱས་འདྲ་བའི་བདེ་ལྡན་མེད། །སངས་རྒྱས་འདྲ་བའི་དུལ་བ་མེད། །སངས་རྒྱས་འདྲ་བའི་གཙོ་བོ་མེད། །སངས་རྒྱས་འདྲ་བའི་སྨྲ་བ་མེད། །སངས་རྒྱས་འདྲ་བའི་ཕ་མེད་དེ། །སངས་རྒྱས་འདྲ་བའི་གཉེན་འདུན་མེད། །སངས་རྒྱས་འདྲ་བའི་བཤེས་མེད་དོ། །བདག་གི་མེད་ཅིང་དྲེགས་པ་མེད། །འཇིགས་པ་མེད་ཅིང་ཉེས་པ་མེད། །སྲིད་པའི་དགོན་པ་ངེས་རྒལ་ཞིང༌། །འགྲན་ཟླ་མེད་ཅིང་སྐྱོན་མི་མངའ། །མཛེས་དུལ་ཞི་ཞིང་གཙང་བ་དང༌། །དྲན་ལྡན་སྟོབས་ལྡན་དབང་དང་ལྡན། །སེམས་ཅན་ཀུན་ལ་ཕན་མཛད་པ། །སངས་རྒྱས་འདྲ་བ་གཞན་མེད་དོ། །མདོར་ན་ཡོན་ཏན་དམ་པ་ནི། །ཁྱད་པར་སྣ་ཚོགས་ལྡན་པས་ན། །ཁམས་གསུམ་ན་ནི་སངས་རྒྱས་དང༌། །མཉམ་པ་མེད་པར་གཟུང་བར་གྱིས། །དེ་ཐོས་པ་དང་ཞོ་ཤས་འཚོ་བའི་སྐྱེས་བུ་དེ་དད་པས་བ་སྤུ་ལྡང་ཞིང་ཤིན་ཏུ་རྙེད་པར་དཀའ་བའི་སྤོབས་པ་འཕྲལ་དུ་སྐྱེས་ཏེ། དེས་སྨྲས་པ། དེད་དཔོན་རྣ་ཅན་གྱི་སྲེད་པས་དེ་ལྟ་བུའི་སྦྱིན་


DTG167_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དམ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་མ་ཤའི་སྣུམ་ཁུར་ཅིག་ཕུལ་ནས། སྐད་ཅིག་དེ་ཉིད་ལ་དེད་དཔོན་དེད་བུལ་བ་མེད་པར་གྱུར་ཅིག་ཅེས་དེ་ལྟར་སེམས་ཀྱི་ནོར་བུ་རིན་པོ་ཆེར་གྱུར་པ་དེ་བཞིན་གཤེགས་པ་ལས་རྙེད་དེ། ཤིན་ཏུ་ཞན་པ་ལ་ལོངས་སྤྱོད་ཀྱི་རྒྱུར་གྱུར་པའི་སྨོན་ལ་མ་བཏབ་པ་ཡིན་ལ། ང་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པར་ཡང་མི་མཐོང་བ། ཤིན་ཏུ་བལྟ་བར་འོས་པ། བླ་ན་མེད་པ་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཞུགས་པར་བསགས་པའི་བསོད་ནམས་ཀྱི་ཚོགས་མངའ་བ་ཐུགས་རྗེ་ཆེན་པོ་ལས་མི་ལྡོག་པ། འཁོར་བ་དུ་མའི་ཉོན་མོངས་པའི་དུག་ཅན་གྱི་སྦྲུལ་ཆེན་པོས་ཟིན་པའི་དམན་པ་རྣམས་ལ་རྗེས་སུ་ཐུགས་བརྩེ་བ། རྣམ་པར་ལྟུང་པའི་འགྲོ་བ་རྣམས་ལ་ཁྱད་པར་དུ་མཉེན་གཤིན་པ་རྗེས་སུ་མི་སྤོང་བའི་ཉེ་དུ་ཡིན་ལ། ངས་ནི་དུས་དཔག་ཏུ་མེད་པར་ལོངས་སྤྱོད་མ་བསྒྲུབས་པ་ཡིན་ཏེ། ངས་ཞིང་ལས་ཀྱིས་བསྒྲུབས་པའི་འབྲས་ཆན་གྱི་སློང་མོ་ཤིན་ཏུ་ཞན་པ་རྙེད་པ་འདི་ཕུལ་ལ་མཉེས་པར་བྱ་སྟེ། དེའི་ཚེ་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་དེ་ལྟ་བུའི་སྨོན་ལམ་གདབ་པར་བྱའོ་སྙམ་པའི་ཡིད་ལ་བརྗོད་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་གཟིགས་ཀྱིས་སེམས་དང་སེམས་ཀྱི་རྟོགས་པ་མཁྱེན་ནས་རྫུ་འཕྲུལ་གྱིས་གཤེགས་ཏེ་དེའི་མདུན་དུ་བཞུགས་སོ། །ལས་བྱེད་པའི་སྐྱེས་བུ་དེས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སྐུ་བལྟ་བས་ཆོག་མི་ཤེས་པ། གསེར་ཤིན་ཏུ་སྦྱངས་པ་ལྟར་མངོན་པར་མཛེས་པའི་མདངས་དང་ལྡན་པའི་ལྷའི་རིའི་རྩེ་མོ་ལ་ཉི་མ་འཆར་ཀའི་འོད་ཟེར་རྣམ་པར་འབྱུང་བས་མཚམས་སྣང་བར་བྱས་པས་ཤིན་ཏུ་གསལ་བར་བྱས་པ་ལྟ་བུའི་སྐུ་ལ་འོད་དང་ལྡན་པ་མཐོང་ངོ༌། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དད་པའི་ཤུགས་ཆེན་པོས་འབྲས་ཆན་ཐུམ་བུ་བླངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ལྷུང་


DTG167_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་དུ་ཕུལ་ཏེ། དད་པའི་ཤུགས་ཆེན་པོས་ཞབས་གཉིས་ལ་ཕྱག་བྱས་ཏེ་སྨོན་ལམ་བྱེད་པར་བརྩམས་པ། མགོན་པོའི་བསོད་ནམས་འདི་ཡིས་ནི། །སྐྱེ་བ་འདི་ནས་བཟུང་ནས་སུ། །སེམས་ཅན་ཀུན་ལ་ཕན་སེམས་ཤིང༌། །སྙིང་རྗེའི་བདག་ཉིད་ཅན་གྱུར་ཅིག །ཇི་ལྟར་ཁྱོད་ནི་མཚན་ལྡན་ཞིང༌། །བླ་མེད་བྱང་ཆུབ་བརྙེས་གྱུར་པ། །དེ་བཞིན་བདག་ཀྱང་རྫོགས་བྱང་ཆུབ། །དྲི་མེད་ཡང་དག་ཐོབ་གྱུར་ཅིག །ཇི་ལྟར་ཁྱེད་ནི་ཀུན་མཁྱེན་ཞིང༌། །ཆོས་རྣམས་ཇི་ལྟར་སྟོན་མཛད་པ། །བརྙེས་པ་དེ་བཞིན་བདག་ཀྱང་ནི། །ཀུན་མཁྱེན་ཉིད་ནི་ཐོབ་པར་ཤོག །ཇི་ལྟར་ཁྱེད་བདུད་ལས་རྒྱལ་ཞིང༌། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །དེ་བཞིན་བདག་ཀྱང་ངེས་རྒྱལ་ནས། །ཆོས་ཀྱིས་འཁོར་ལོ་བསྐོར་གྱུར་ཅིག །ཇི་ལྟར་མགོན་པོས་འཁོར་བ་ཡི། །རྒྱ་མཚོའི་ངོགས་སུ་སྒྲོལ་མཛད་བཞིན། །ཐུབ་པའི་དམ་པ་དེ་ལྟར་ནི། །བདག་གིས་སེམས་ཅན་མང་དགྲོལ་བགྱི། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཆར་དང་བཅས་པའི་སྤྲིན་བཞིན་ཟབ་ཅིང་གསལ་བའི་གསུང་གིས་བཀའ་སྩལ་པ། བཞིན་བཟངས་དོན་གྲུབ་ཅེས་བྱའི་སྟོན་པར་ནི། །མཐུ་ལྡན་ཁྱོད་ནི་སྟོན་པར་རབ་འགྱུར་ཏེ། །བདུད་སྡེ་བཅས་ལས་འདི་ན་མངོན་རྒྱལ་ཞིང༌། །ཀུན་ནས་འཇིགས་པ་མངོན་པར་ལྟུང་བྱེད་འགྱུར། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སྐྱེས་བུ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ལུང་བསྟན་ཟིན་པ་དང༌། ཇི་ལྟར་གྱུར་པ་དེ་རྒྱལ་པོའི་ཕོ་བྲང་མཉན་ལྡན་ཀུན་དུ་གྲགས་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་མཉན་ལྡན་གྱིས་ཐོས་པ་དང༌། དེར་རང་ཉིད་སོང་སྟེ། དགེ་བའི་རྩ་བའི་ཚོགས་དེས་སྤྲོ་བའི་སེམས་ཀྱིས་སྐྱེས་བུ་དེ་ལ་བསྙེན་བཀུར་ཆེན་པོས་གླང་པོ་ཆེའི་རྒྱབ་ལ་བསྐྱོན་ཏེ་ཕོ་བྲང་དུ་ཁྱེར་ནས་སྟན་ཕྱེད་ལ་བཞག་སྟེ། རྒྱལ་སྲིད་ཀྱི་ཕྱེད་བྱིན་པས་མཆོད་པ་དང༌། དེས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འདོད་པ་དོན་དུ་གཉེར་བ་མ་ལགས་ཏེ། བདག་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པ་སྤྱད་པར་གནང་བར་མཛད་དུ་གསོལ། །དེ་ཡང་རྒྱལ་པོས་གནང་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། དེ་དེར་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་དེ། དུས་བྱས་


DTG167_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲུལ་དགའི་ལྷ་རྣམས་སུ་སྐྱེས་སོ། །རྒྱལ་པོ་མཉན་ལྡན་ཡང་དུས་བྱས་ནས་དེའི་རྒྱལ་སྲིད་ལ་བཞག་གོ །དེས་ཀྱང་དུས་ཆུང་ཟད་ཅིག་རྒྱལ་སྲིད་བྱས་ནས་དུས་བྱས་པ་དང༌། བློན་པོ་རྣམས་ཀྱིས་བསྙེན་བཀུར་ཆེན་པོས་གཟུགས་བཟང་རྒྱལ་པོར་བསྐོས་ཏེ། དེ་ལོ་དྲུག་ཁྲིའི་བར་དུ་ཆོས་ཀྱི་རྒྱལ་པོ་བྱས་ཏེ། དེ་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་ནང་དུ་སྐྱེས་སོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཟུགས་བཟང་ཞེས་བྱ་བའི་རྒྱལ་པོ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་དེ་ལྟར་མི་བལྟ་སྟེ། གསེར་མདོག་འདི་དེའི་ཚེ་དེའི་དུས་ན་གཟུགས་བཟང་ཞེས་བྱ་བའི་རྒྱལ་པོར་གྱུར་ཏེ། གང་འདིས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཡུང་བས་བཙོས་པའི་གོས་ཀྱི་དུམ་བུ་ཕུལ་ནས་སྨོན་ལམ་བཏབ་སྟེ། ལས་ཀྱི་རྣམ་པར་སྨིན་པ་འདིས་ལྷ་དང་མི་རྣམས་ཀྱི་བདེ་བ་དཔག་ཏུ་མེད་པ་ཉམས་སུ་མྱོང་སྟེ། གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་གསེར་གྱི་མདོག་ཅན་དང་གསེར་གྱི་མདོག་ཅན་གྱི་གོས་ལུས་ལ་གྱོན་པ་དང༌། བཙས་པའི་དུས་སུ་ཡང་ཀར་ནི་ཀ་རའི་མེ་ཏོག་གི་ཆར་བབ་པར་གྱུར་པ་དང༌། ཇི་སྲིད་ད་ལྟར་ཡང་རང་གི་ལུས་ལ་གོས་ལན་ཅིག་ཕུད་ན་དེའི་སྐད་ཅིག་ཉིད་ལ་ལུས་ལས་སྐྱེས་པར་འགྱུར་བའི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན་དེད་དཔོན་རྣ་ཅན་ཞེས་བྱ་བ་དེ་ནི་དེད་དཔོན་ཉི་མ་འདི་ཉིད་ཡིན་ནོ། །དེད་དཔོན་རྣ་ཙན་གྱི་ཆུང་མ་གང་ཡིན་པ་དེ་ནི་ད་ལྟར་དེད་དཔོན་ཉི་མའི་ཆུང་མ་ཡིན་ནོ། །བྲན་མོ་ནི་ཀ་ཤི་མཛེས་དགའ་མོ་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲན་པོ་ནི་བློན་པོ་རབ་གཏུམ་ཡིན་ནོ། །ཡང་རྒྱལ་པོ་མ་སྐྱེས་དགྲས་གནས་བརྟན་ཀུན་དགའ་བོ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀུན་དགའ་བོ་དགེ་སློང་གསེར་མདོག་གིས་ལས་ཅི་ཞིག་བགྱིས་ན་ལས་གང་གི་རྣམ་པར་སྨིན་པས་ཉེས་པ་མེད་ཅིང་གནོད་པ་མི་བྱེད་པ་གསལ་ཤིང་ལ་བསྐྱོན་པ་དང༌། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པ་ལགས། གནས་བརྟན་ཀུན་དགའ་བོས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་བའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་


DTG167_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཞན་ཞིག་ན་ཉེ་བར་བསྟེན་ཞིང་བཞུགས་སོ། །ཡང་དེའི་ཚེ་དེའི་དུས་ན་གཙུག་ལག་ཁང་གཞན་ཞིག་ན་དགེ་སློང་ག་གེ་མོ་ཞེས་བྱ་བའི་ཆོས་སྟོན་པ་ཞིག་གནས་པ་དང༌། དེ་དུས་དང་དུས་སུ་འོང་ཞིང་འགྲོ་བའི་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་པ་ན་དེས་རྙེད་པ་དང་བཀུར་སྟི་ཆེན་པོ་ཐོབ་པར་གྱུར་ཏོ། །ཇི་ཙམ་ན་དུས་གཞན་ཞིག་ན་མ་ཕམ་པ་ཞེས་བྱ་བའི་དགེ་སློང་ཆོས་སྨྲ་བ། རིག་པ་དང་གྲོལ་བའི་སྤོབས་པ་ཅན། སྣ་ཚོགས་པའི་གཏམ་དང༌། སྙན་པའི་གཏམ་དང༌། ཡུལ་གྱི་ལྗོངས་རྒྱུ་ཞིང་གཙུག་ལག་ཁང་དེར་འོངས་པ་དང༌། དེ་འཁོར་བཞི་པོ་ལ་ཚངས་པར་སྤྱོད་པ། ཐོག་མར་དགེ་བ་དང༌། བར་དུ་དགེ་བ་དང༌། ཐ་མར་དགེ་བ་དང༌། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡོངས་སུ་རྫོགས་པ་ཡང་དག་པར་སྟོན་ཏེ། དེས་ཡུལ་གྱི་ཕྱོགས་དེ་ན་གནས་པའི་སྐྱེ་བོ་ཐམས་ཅད་མངོན་པར་དད་པར་བྱས་ཤིང༌། དེ་ཆོས་གོས་དང་བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་གསོས་སྨན་དང༌། ཡོ་བྱད་རྣམས་རྙེད་པར་གྱུར་ཅིང༌། གཞི་ན་གནས་པའི་ཆོས་སྨྲ་བ་དེའི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་པ་དང༌། དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་ཕམ་པས་ངའི་རྙེད་པ་དང༌། བཀུར་སྟི་རྒྱུན་བཅད་པར་བྱས་ཏེ། ཇི་སྲིད་འདི་ན་གནས་པ་དེ་སྲིད་ཀྱི་བར་བུ་ངས་རྙེད་པ་དང་བཀུར་སྟི་ག་ལ་རྙེད་ཀྱི་འགྲོ་བའི་ཕྱིར་ཐབས་བསམ་པར་བྱའོ་སྙམ་མོ། །ཡང་བསམས་པ། འདི་ནི་ཐོས་པ་མང་བ་ཡིན་པས་བསྙེན་བཀུར་མེད་པས་འཇིགས་པ་ཡིན་ཏེ། དེ་བས་ན་བསྙེན་བཀུར་མེད་པ་ལ་སྦྱར་བར་བྱའོ་སྙམ་ནས་བྲམ་ཟེ་མོ་གཞོན་ནུ་མ་གཞན་ཞིག་ལ་སྨྲས་པ། སྲིད་མོ་ངས་ཁྱོད་ལ་རས་ཟུང་ཅིག་སྦྱིན་པར་བྱ་ཡིས་ཁྱེད་ཀྱིས་འདི་དང་ལྷན་ཅིག་མི་ཚངས་པར་སྤྱད་པར་བྱ་བ་ཡིན་ནོ་ཞེས་དགེ་སློང་མ་ཕམ་པ་ལ་སྐུར་བ་ཐོབ་ཤིག །དེས་སྨྲས་པ། འཕགས་པ་ངས་དེ་ལྟར་སྨྲས་ན་ང་སུ་ཞིག་ལན་པར་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཕ་དང་མ་གསོ་བར་བྱེད་པ་ཞིག་ཏུ་མི་


DTG167_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རམ། དེས་སྨྲས་པ། ངས་ཇི་ལྟར་ན་སྐྱེ་བོ་མང་པོས་ཤེས་པར་མི་འགྱུར་བ་དེ་ལྟར་བྱ་ཡིས་གཞན་དུ་ནང་འདི་ན་དགེ་སློང་གཞན་གསུམ་མམ་བཞི་དང་ལྷན་ཅིག་འདུག་གིས། དེའི་ཚེ་ཁྱོད་གསང་བའི་ཚིག་གིས་སྨྲོས་ཤིག །དེས་དེ་ལྟར་བགྱིའོ་ཞེས་ཁས་བླངས་སོ། །ཇི་ཙམ་ན་ཉི་མ་གཞན་ཞིག་ན་ཆོས་སྟོན་པའི་དགེ་སློང་དེ་དགེ་སློང་དེ་རྣམས་དང་ལྷན་ཅིག་ཁང་པའི་སྒོ་ན་འདུག་སྟེ་གཏམ་གྱིས་སྦྱོར་བར་གནས་པ་དང༌། བྲམ་ཟེ་མོ་དེ་འོངས་ན་སྨྲས་པ། འཕགས་པ་ཁྱེད་རྣམས་ནི་རབ་ཏུ་བྱུང་བ་ལགས་སོ་སྙམ་ནས་བདག་ཅག་བག་ཕེབས་པས་འགྲོ་ཞིང་རྒྱུ་བར་བྱའོ་སྙམ་དུ་བདག་སེམས་ན། གང་དགེ་སློང་མ་ཕམ་པ་འདིས་བདག་སྟོབས་ཀྱིས་གཟུང་ནས་གཞོན་ནུ་མའི་ཚུལ་ཉམས་པར་བྱས་ན། ཅི་རིགས་པ་ལགས་སམ་དེ་ནས་དགེ་སློང་དེ་རྣམས་ཀྱིས་རྣ་བ་བཀག་སྟེ། སྲིང་མོ་དེ་སྐད་མ་ཟེར་ཅིག །འདི་ནི་མཉན་པར་བྱ་བ་མ་ཡིན་ནོ། །དེ་ནས་ཆོས་སྟོན་པའི་དགེ་སློང་དེས་ལེགས་པར་བྱས་པ་མ་ཡིན་ནོ། །ལེགས་པར་བྱས་པ་མ་བྱས་པ་ཡིན་ནོ་ཞེས་ཟེར་ཞིང་དགེ་སློང་མ་ཕམ་པའི་གྲགས་པ་མ་ཡིན་པ་སྒྲོགས་སོ། །ཅི་ཅམ་ན་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་དགེ་སློང་མ་ཕམ་པས་ཐོས་སོ། །ཐོས་ནས་ཀྱང་སྨྲས་པ། སུ་ཞིག་དེ་སྐད་ཟེར། ཡང་སྨྲས་པ། དགེ་སློང་ཆོས་སྟོན་པ་འདི་དེ་སྐད་ཟེར་རོ། །དེ་ནས་དེ་ཆོས་སྨྲ་བའི་དགེ་སློང་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཀྱང་སྨྲས་པ། བཙུན་པ་བདག་གིས་ཁྱེད་ལ་གནོད་པ་ཅི་ཞིག་བྱས་ན་གང་འདི་ལྟ་བུའི་བསྔགས་པ་མ་ཡིན་པ་སྒྲོགས་པར་བྱེད། དེས་དེ་ལ་སེམས་ཤིན་ཏུ་འཁྲུགས་པས་ངག་གི་ལས་ཤིན་ཏུ་མི་བཟད་པ་སྨྲས་པ། ཁྱོད་ཀྱིས་ནི་གང་གིས་གསལ་ཤིང་ལ་གཟུགས་པར་འོས་པ་དེ་བྱས་སོ། །དེ་ཐོས་པ་དང་དགེ་སློང་མ་ཕམ་པ་འདི་སྙམ་དུ་སེམས་ཏེ། དཀའ་ཐུབ་ཅན་འདི་ནི་ཉེ་བར་བཅོམ་ཞིང་ཉམས་པར་གྱུར་ཏོ་སྙམ་ནས། ཆོས་གོས་དང་ལྷུང་བཟེད་བླངས་ཏེ། ཇི་ལྟར་ཡོངས་སུ་ལོངས་སྤྱོད་པའི་མལ་སྟན་བསྡུས་ནས་གཙུག་ལག་ཁང་དེ་ནས་བྱུང་སྟེ་ཆས་སོ། །དེ་ཆས་པ་མཐོང་ནས་དགེ་སློང་དང༌། དགེ་སློང་མ་དང༌། ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་དེ་བཟློག་པའི་ཕྱིར་ཕྱི་བཞིན་འབྲངས་སོ། །ཆོས་སྨྲ་བའི་དགེ་སློང་དེ་ཡང་འདི་སྙམ་དུ་ངས་ནི་བཟང་པོ་བྱས་པ་


DTG167_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། གང་རྙེད་པ་དང་བཀུར་སྟི་ཙམ་གྱི་ཕྱིར་འདི་ལྟ་བུའི་ངན་སོང་ཙམ་དུ་འགྲོ་བར་འཇུག་པའི་ལས་བྱེད་པ་ལ་ཞུགས་པ་ནི་བདག་གིས་ལེགས་པར་བྱས་པ་མ་ཡིན་ནོ་སྙམ་ནས་འགྱོད་པ་སྐྱེས་ཏེ། ཡིད་མི་བདེ་བར་གྱུར་ནས་བསམས་པ། སོང་ལ་བཟོད་པར་གསོལ་བར་བྱའོ་སྙམ་ནས་རིངས་པ་རིངས་པར་གཙུག་ལག་ཁང་དེ་ནས་བྱུང་སྟེ། ཤིན་ཏུ་སྐྱོ་བའི་ཡིད་དང༌། མཆི་མའི་རྒྱུན་གྱིས་བརླན་པར་གྱུར་པའི་དམན་པའི་བཞིན་དང༌། བྱིས་པ་གཞོན་ནུ་བཞིན་དུ་གསང་མཐོན་བོས་ངུ་ཞིང་བྲམ་ཟེ་དང༌། ཁྱིམ་བདག་བརྒྱ་སྟོང་དཔག་ཏུ་མེད་པས་མཐོང་ཞིང་དགེ་སློང་མ་ཕམ་པའི་རྐང་པ་ལ་ཕྱག་བྱས་ནས། མི་རིགས་པར་བགྱིས་ཀྱི་མཐོལ་ལོ་མཐོལ་ལོ་ཞེས་འཆགས་པར་རྩོམ་སྟེ། བཙུན་པ་བྱིས་པ་ཇི་ལྟ་བ་དང༌། རྨོངས་པ་ཇི་ལྟ་བ་དང༌། བྱེ་བྲག་མི་ཕྱེད་པ་ཇི་ལྟ་བའི་དགེ་བས་རྙེད་པ་དང༌། བཀུར་སྟི་ཟིལ་གྱིས་མནན་ཏེ། བདག་གིས་ཁྱེད་ལ་མེད་བཞིན་དུ་བསྔགས་པ་མ་ཡིན་པ་བསྒྲགས་པ་དེ་བཟོད་པར་མཛོད་ཅིག །མི་རིགས་པར་བགྱིས་པ་དེ་འཆགས་ཀྱི་ཐུགས་བརྩེ་བས་ཟུང་ལ་བཟོད་པ་མཛོད་ཅིག །དགེ་སློང་མ་ཕམ་པས་ཚེ་དང་ལྡན་པ་བཟོད་པ་གྱིས་ཞེས་སྨྲས་ཏེ། ཤིན་ཏུ་སྐྱེ་བའི་སེམས་དང་ཤིང་དྲུང་གཞན་ཞིག་ལ་རྟེན་ཅིང་འདུག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་བོར་བསྲང་ནས་དྲན་པ་ཉེ་བར་བཞག་སྟེ། དེས་དེ་ཉིད་དུ་ཤིན་ཏུ་སྐྱོ་བས་བརླན་པར་བྱས་པའི་སེམས་དང༌། འབད་ཅིང་རྩོལ་ལ། བརྩོན་འགྲུས་བརྩམས་པས་འཁོར་བའི་འཁོར་ལོ་ཕོལ་མིག་ལྔ་དང་བཅས་པ་གཡོ་བ་དང་མི་གཡོ་བ་ཤེས་ནས། ཇི་སྲིད་དབང་པོ་དང༌། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་ལ། མངོན་པར་བསྟོད་པའི་དགྲ་བཅོམ་པ་ཞིག་ཏུ་གྱུར་ནས། དེ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའི་དཀྱིལ་དུ་མངོན་པར་འཕགས་ཏེ་སྐྱེ་བོའི་ཚོགས་ཆེན་པོ་ཡིད་མངོན་པར་དད་པར་བྱེད་པའི་ཆོ་འཕྲུལ་སྣ་ཚོགས་པ་བྱ་བར་བརྩམས་སོ། །དགེ་སློང་ཆོས་སྨྲ་བ་དེ་ཡང་ནམ་མཁའི་དཀྱིལ་ན་གནས་པ་དེ་ལ་བལྟས་ཏེ། ཀྱི་ཧུད་འདི་ལྟ་བུའི་དྲང་སྲོང་ཆེན་པོ་ལ་ངན་སེམས་ཀྱིས་སྨད་ཅིང་སྐུར་བ་བཏབ་བོ་ཞེས་སྨྲས་ནས་བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །བར་སྐབས་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཐུགས་རྗེ་ཆེན་པོས་ཡོངས་སུ་གདུངས་པའི་ཐུགས་དང་ལྡན་པས་དགེ་སློང་ཆོས་སྨྲ་བ་ཁྲག་


DTG167_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དྲོན་མོ་སྐྱུགས་ནས་འཆི་བར་གྱུར་ན་མི་རུང་ངོ་སྙམ་དུ་དགོངས་ནས་རྫུ་འཕྲུལ་གྱིས་ས་ཕྱོགས་དེར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་འཁོར་ལོ་དང༌། གཡུང་དྲུང་དང༌། དགའ་བ་འཁྱིལ་པ་དང༌། དྲ་བས་འབྲེལ་བ་དང༌། བསོད་ནམས་དཔག་ཏུ་མེད་པ་ལས་བྱུང་བ་དང༌། སྐྲག་པ་རྣམས་དབུགས་འབྱིན་པར་མཛད་པའི་ཕྱག་གིས་དགེ་སློང་ཆོས་སྨྲ་བའི་མགོ་ལ་བྱུགས་སོ། །དེས་རེག་པ་ཙམ་གྱིས་དྲན་པ་སླར་རྙེད་དེ་ལངས་ནས་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་ལ་བདག་ནི་མི་རིགས་པའོ་ཞེས་འཆགས་པར་བརྩམས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་དེའི་ཚེ་ཚིགས་སུ་བཅད་དེ་གསུངས་པ། སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཚིག་ངན་སྨྲ་བར་བྱེད་པ་ཡི། །ཚིག་གི་སྟ་རེ་སྐྱེས་གྱུར་ནས། །བདག་ཉིད་གཅོད་པར་བྱེད་པར་འགྱུར། །གང་ཞིག་སྨད་འོས་སྐྱེ་བོ་སྟོད་བྱེད་དང༌། །བསྟོད་འོས་སྐྱེ་བོ་རྣམ་པར་སྨོད་བྱེད་པ། །དེ་ནི་ཁའི་འཐབ་ཀྲོལ་ཀུན་སྩོགས་ཤིང༌། །འཐབ་ཀྲོལ་ཅན་གང་དེས་ནི་བདེ་མི་འཐོབ། །གང་འདིར་ཆོ་ལོས་རང་ནོར་ཕམ་བྱེད་པ། །འཐབ་ཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད། །གང་ཡིད་བདེ་བར་གཤེགས་ལ་ཡིད་འཁྲུགས་པ། །དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན། །ངག་ཡིད་འཕགས་པས་སྨད་བའི་སྡིག་བསྟེན་ན། །བྱེ་བ་ཆུ་བུར་ཅན་དང་སྟོང་ཕྲག་ནི། །བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ། །བདག་ཉིད་བསད་ཕྱིར་དམྱལ་བ་སྤེལ་བར་ཟད། །སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང༌། །དེ་ལ་སེམས་ཀྱང་འཁྲུགས་པར་མི་བྱེད་དོ། །སེམས་ནི་འཁྲུགས་པར་གྱུར་པའི་རྒྱུས། །སེམས་ཅན་ངན་འགྲོར་འགྲོ་འགྱུར་ལ། །སེམས་ནི་རབ་ཏུ་དང་བའི་རྒྱུས། །སེམས་ཅན་བདེ་འགྲོ་རྣམས་སུ་འགྲོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་ཇི་སྲིད་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་མགུ་བར་གྱུར་གྱི་བར་དུ་མཛད་དེ། གདན་ལས་བཞེངས་ནས་གཤེགས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། །དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྟོན་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། གཞན་དུ་ན་དགེ་སློང་གསེར་མདོག་


DTG167_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་དེ་ལ་སེམས་འཁྲུགས་ཤིང་ངག་གི་ལས་རྩུབ་པ་སྨྲས་པས་ལས་དེའི་རྣམ་པར་སྨིན་པས་སྐྱེ་བ་ལྔ་བརྒྱའི་བར་དུ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་ནས། མིར་སྐྱེས་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་ཉེས་པ་མེད་ཅིང་གནོད་པ་མི་བྱེད་བཞིན་དུ་གསལ་ཤིང་ལ་བསྐྱོན་ཏེ། ད་ལྟར་ཡང་ལས་དེ་ཉིད་ཀྱི་དབང་གིས་ཡང་གནོད་པ་མི་བྱེད་པར་གསལ་ཤིང་ལ་བསྐྱོན་པ་ཡིན་ནོ། །གལ་ཏེ་འདི་ལས་དེ་མི་རིགས་པ་ཡིན་པར་ཕན་ཚུན་བཤགས་པ་མ་བྱས་ན་ནི་སེམས་ཅན་དམྱལ་བ་རེ་རེར་ཡང་སྐྱེ་བ་ལྔ་བརྒྱ་ལྔ་བརྒྱ་མྱོང་བར་འགྱུར་ཞིང༌། སྐྱེ་བ་ལྔ་བརྒྱར་ནི་ཡི་དགས་རྣམས་སུ། སྐྱེ་བ་ལྔ་བརྒྱར་ནི་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་ཡང་འདིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཚངས་པར་སྤྱོད་པ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཡང་འདི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་ཉིད་མངོན་སུམ་དུ་བྱས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བས་ན་བདག་སྡུག་བསྔལ་བར་མི་འདོད་པས་གཞན་དག་ལ་ཐ་ན་སེམས་ཀྱིས་སྨད་པ་ཙམ་ཡང་མི་བྱའོ། །གྲགས་པ་མེད་པས་འཇིགས་པས་གཞན་དག་ལ་གྲགས་པ་མ་ཡིན་པ་བསྒྲགས་པར་མི་བྱའོ། །བདག་ཉིད་བདེ་བར་འདོད་པས་གཞན་རྣམས་ཀྱི་བདེ་བ་དབྲོག་པར་མི་བྱའོ། །དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྲོག་ཆགས་བརྒྱ་སྟོང་དུ་མ་དཔག་ཏུ་མེད་པས་ཁྱད་པར་རྟོགས་པར་གྱུར་ཏེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལ་ལ་ནི་ལན་ཅིག་ཕྱིར་འོང་པའི་འབྲས་བུའོ། །ལ་ལ་ནི་རབ་ཏུ་བྱུང་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཉན་ཐོས་ཀྱི་བྱང་ཆུབ་བོ། ལ་ལ་ནི་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་རབ་ཏུ་བཟུང་བར་གྱུར་ཏོ། །ཡང་འཁོར་ཕལ་མོ་ཆེ་སངས་རྒྱས་ལ་གཞོལ་བ་དང༌། ཆོས་ལ་བབ་པ་དང༌། དགེ་འདུན་ལ་བབ་པ་ལ་བཞག་པར་གྱུར་ཏོ། །དེ་ནས་དེད་དཔོན་ཉི་མ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། ཐལ་མོ་སྦྱར་ཏེ་གནས་བརྟན་ཀུན་དགའ་བོ་ལ་འདི་སྐད་


DTG167_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་ཏོ། །འཕགས་པ་ཀུན་དགའ་བོ་བདག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ལྡུམ་བུའི་ནང་དུ་སྤྱན་དྲངས་ལ་ཞལ་ཟས་རོ་དྲུག་ཅུ་པའི་བཤོས་དྲངས་ཏེ། དགེ་སློང་རེ་རེ་ཞིང་སྲང་འབུམ་རི་བའི་ཆོས་གོས་དབུལ་བར་བྱའོ་སྙམ་དུ་དགོངས་ན་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་པས། ད་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་སློང་གི་དགེ་འདུན་རྣམས་ལ་བཤོས་གཙང་སྦྱར་བར་འཚལ་ལོ། །གནས་བརྟན་ཀུན་དགའ་བོས་བཀའ་སྩལ་པ། དེད་དཔོན་དེ་བཞིན་དུ་གྱིས་ཤིག །ངས་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་འཛམ་བུའི་གླིང་ན་ཇི་སྙེད་ཅིག་གནས་པ་ཐམས་ཅད་འདིར་འདུ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ནས་དེད་དཔོན་ཉི་མ་རབ་ཏུ་དགའ་བས་རྒྱས་པའི་ཡིད་དང༌། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་འདུ་བའི་གནས་རྡོ་དང་གྱོ་མོ་དང་གསེག་མ་བསལ་ཏེ། ཙན་དན་གྱི་ཆུས་ཆག་ཆག་བཏབ་ནས་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེངས་ཏེ། མུ་ཏིག་དང༌། གོས་ཀྱི་ཆུན་འཕྱང་གདགས་ཤིང༌། མེ་ཏོག་སྣ་ཚོགས་ཀྱི་གཅལ་བཀྲམ་པ་དང༌། སྤོས་དྲི་ཞིམ་པོའི་སྤོས་སྣོད་ཉེ་བར་བཀྲམ་པ་དང༌། ཤིན་ཏུ་མཛེས་པའི་བླ་རེ་དང༌། རྟ་བབས་བྲེས་པས་ཤིན་ཏུ་ཉམས་དགའ་བ་བྱེད་དུ་བཅུག་སྟེ། དེ་ཉིད་ཀྱི་མཚན་མོ་གཙང་ཞིང་བསོད་པའི་བཟའ་པ་དང་བཅའ་བ་རྣམས་གཡོས་ཏེ། ནང་པར་སྔ་བ་ཉིད་དུ་ལངས་ནས་གདན་བཤམས་ཏེ། ཆུ་བཞག་ནས། གནས་བརྟན་ཀུན་དགའ་བོ་ལ་ཕོ་ཉས་དུས་ལ་བབ་པར་གསོལ་པ། བཙུན་པ་བཟའ་བ་དང༌། བཅའ་བ་རྣམས་སྟ་གོན་བགྱིས་ལགས་ཏེ། ད་དེ་དུས་ལ་བབ་པ་ལགས་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་གནས་བརྟན་ཀུན་དགའ་བོ་རྫུ་འཕྲུལ་གྱིས་ནམ་མཁའི་དཀྱིལ་དུ་མངོན་པར་འཕགས་ཏེ། འཛམ་བུའི་གླིང་འདི་མ་ལུས་པར་གསེར་བཅོམ་ལྟ་བུའི་མདོག་གིས་ཀུན་དུ་སྣང་བར་མཛད་ནས་རང་ཉིད་ཀྱིས་གཎྜཱི་བརྡུངས་ཏེ། ཆུ་དང་བཅས་པའི་སྤྲིན་གྱིས་འབྲུག་སྒྲ་བཞིན་དུ་ཟབ་ཅིང་གསལ་བའི་སྐད་ཀྱིས་སྒྲ་བསྒྲགས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལས་གང་རྫུ་འཕྲུལ་ཐོབ་པ་རྣམས་ནི་རང་ཉིད་ཀྱི་རྫུ་འཕྲུལ་གྱིས་ཤོག་ཤིག །གང་དག་སོ་སོའི་སྐྱེ་བོ་རྣམས་ནི་ངའི་རྫུ་འཕྲུལ་


DTG167_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤོག་ཤིག །དེ་ནས་གྷཎྜཱི་དེ་ཐོས་པས་ཁ་བ་ཅན་དང༌། འབིགས་བྱེད་དང་མ་ལ་ཡ་དང༌། བ་རི་ཡ་ཏྲ་དང་སྤོས་གྱི་ངད་ལྡང་དང༌། རིའི་རྒྱལ་པོ་རི་རབ་དང༌། གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། བལྟ་ན་སྡུག་དང༌། རྟ་རྣ་རིན་དང༌། རྣམ་པར་འདུད་དང༌། མུ་ཁྱུད་འཛིན་ལ་སོགས་པ་ནགས་ཚལ་དང༌། འབབ་ཆུ་དང་གཡའ་ཆུ་དང༌། རྒྱ་མཚོ་དང༌། གྲོང་རྡལ་དང༌། ཤིང་གི་མཆོག་དང༌། གཙུག་ལག་ཁང་རྣམས་ན་གང་དག་གནས་པ་དང༌། ཆུ་མདོ་དང༌། ཁང་སྟོང་དང༌། དུར་ཁྲོད་ལ་སོགས་པ་ན་དགེ་སློང་གང་ཞིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་བདེ་བ་ཐོབ་ནས་རབ་ཏུ་གནས་པ་རྣམས་སྐད་ཅིག་མ་དེ་ལ་དེ་དག་ཐམས་ཅད་ནམ་མཁའི་ངོས་ནས་ཨ་ཤོ་ཀ་དང༌། ཀིང་ཤུ་ཀ་དང༌། ཟངས་དང༌། དུས་མཚམས་ཀྱི་སྤྲིན་དྲི་མ་མེད་པས་ནམ་མཁའ་ཁེབས་པ་དེ་ལྟ་བུར་བྱས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལྷགས་ནས་འདུ་བའི་གནས་དེར་འཚོགས་ཏེ། སྐད་ཅིག་མ་དེ་ཉིད་ལ་དགེ་སློང་བྱེ་བ་ཕྲག་གསུམ་ཡང་དག་པར་འདུས་པར་གྱུར་ཏེ། བྱེ་བ་གཅིག་ནི་ཟག་པ་ཟད་པ་རྣམས་སོ། །གཉིས་པ་ནི་བསླབ་པ་ལ་ཞུགས་པ་རྣམས་སོ། །གསུམ་པ་ནི་སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ཏེ། དེ་ནས་རྒན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དེད་དཔོན་ཉི་མས་གནས་བརྟན་ཀུན་དགའ་བོ་ལ་སོགས་པ། དགེ་སློང་གི་དགེ་འདུན་རྣམས་བདེ་བར་གཤེགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང༌། བཏུང་བ་རྣམས་རང་གི་ལག་ནས་ཀུན་དུ་ཚིམ་པར་བསྟབས་ཏེ། ཇི་སྲིད་དགེ་སློང་གི་དགེ་འདུན་གྱིས་ལོངས་སྤྱད་པར་རིག་ནས། བྱག་བཅབས་ཤིང་ལྷུང་བཟེད་བསྡུས་ནས་ཆོས་གོས་གསུམ་པོ་བརྒྱ་སྟོང་དུ་མ་གསོལ་བར་འདོད་ནས་དགེ་སློང་དང་དགེ་འདུན་དེ་རྣམས་ལ་བལྟས་པ་དང༌། ཡིད་ཤིན་ཏུ་དགའ་བ་སྐྱེས་པར་གྱུར་ཏོ། །དགེ་སློང་གསེར་མདོག་གིས་བསམ་པ་ཤེས་ནས་སྨྲས་པ། ཡབ་ཁྱེད་ཐུགས་ལས་ཆུང་བར་མཛོད་ཅིག །བདག་ཉིད་ཀྱིས་དགེ་སློང་གི་དགེ་འདུན་ལ་གསེར་གྱི་མདོག་ཅན་གྱི་ཆོས་གོས་གསུམ་གསུམ་དབུལ་བར་བགྱིའོ། །དེ་ནས་དགེ་སློང་གསེར་མདོག་གི་རང་གི་ལུས་ལས་གསེར་གྱི་མདོག་ཅན་གྱི་གོས་ཕུད་ཅིག་ཕུད་ཅིང་སྲང་འབུམ་རི་བའི་ཆོས་གོས་གསུམ་གསུམ་དགེ་སློང་བྱེ་བ་ཕྲག་གསུམ་ལ་རྒན་པའི་རིམ་པ་


DTG167_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསྟབས་སོ། །བར་སྐབས་དེར་ལྷ་བརྒྱ་སྟོང་དུ་མས་ཅ་ཅོའི་སྒྲ་སྒྲོགས་ཤིང་རོལ་མོ་སྣ་ཚོགས་ཡང་དག་པར་རྡུང་བ་དང༌། ལྷའི་མེ་ཏོག་དང༌། ཕྱེ་མ་དང༌། གོས་ཀྱི་ཆར་ཕབ་པར་གྱུར་ཏོ། །ཇི་ལྟར་ཕྱོགས་དེར་ཕྱོགས་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་རྣམས་དང༌། རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་དང༌། གཞོན་ནུ་དང༌། བློན་པོ་དང༌། གྲོང་ཁྱེར་པ་རྣམས་དང༌། སྐྱེ་བོའི་ཚོགས་དང་བཅས་པ་དེ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་བལྟས་ནས་རྨད་དུ་བྱུང་ནས་མིག་གདངས་ཏེ། ལན་གསུམ་གྱི་བར་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ་བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ། ཨེ་མའོ་བསོད་ནམས་ཀྱི་སྟོབས། ཨེ་མའོ་སྦྱིན་གནས་ཀྱི་ཞིང་ལ་སྦྱིན་པའི་ས་བོན་བཏབ་པའི་རྣམ་པར་སྨིན་པར་གདའ་བར་མི་བྱེད་པ་ཡིན་ན། མཁས་པ་སུ་ཞིག་གིས་རྣམ་པ་འདི་ལྟ་བུའི་བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ཡང་དག་པར་མཐོང་ན། སྦྱིན་པའི་ཞིང་ལ་སུ་ཞིག་སྦྱིན་པར་མི་བྱེད་ཅེས་ཟེར་ཞིང༌། དེ་ལྟར་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཐལ་མོ་སྦྱར་ཏེ། སྒྲ་གསང་མཐོན་པོས་སངས་རྒྱས་ལ་ཕྱག་འཚལ་ཞེས་ཟེར་བར་གྱུར་ཏོ། །དེ་ནས་གནས་བརྟན་ཀུན་དགའ་བོས་སྦྱིན་པའི་རབ་བཏོན་པ་མཛད་དོ། །དེ་ནས་དེད་དཔོན་ཉི་མ་སྟན་ལས་ལངས་ཉེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཉིས་ས་ལ་བཙུགས་ཏེ། གནས་བརྟན་ཀུན་དགའ་བོ་གང་ན་བ་དེར་ཐལ་མོ་སྦྱར་ཏེ། ཕྱག་བྱས་ནས་ལན་གསུམ་གྱི་བར་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བཙུན་པ་གང་བདག་ཅག་ལ་འཕགས་པ་ཀུན་དགའ་བོས་མཛད་པ་འདི་ནི་མས་ཀྱང་མ་བགྱིས། ཕས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་ཉེ་དུའི་ཚོགས་ཡིད་དུ་འོང་བས་ཀྱང་མ་བགྱིས། སྔོན་གུམས་པ་རྣམས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་སྐམས་པ་ནས། །ལྷ་དང་ལྷ་མིན་རྣམས་ཀྱིས་མཆོད་གྱུར་ཅིང༌། །སྐྱེ་བ་རྒ་ཤིའི་སྐྱོན་དང་རྣམ་བྲལ་བས། །སྲིད་པ་བརྒྱ་སྟོང་དག་ན་མཐོང་དགའ་བ། །ཐུབ་པ་ཁྱོད་མ་ཐོང་དེང་བདག་འབྲས་ལྡན་གྱུར། །དེ་ནས་གནས་བརྟན་ཀུན་དགའ་བོས་རྒྱལ་པོ་དང་བཅས་པའི་འཁོར་དེ་རྣམས་ཆོས་དང་ལྡན་པའི་གཏམ་ཡང་དག་པར་


DTG167_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང༌། ཡང་དག་པར་འཛིན་དུ་འཇུག་པར་མཛད་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ལྷ་བརྒྱ་སྟོང་དེ་དག་དང༌། རྒྱལ་པོའི་ཁབ་ན་གནས་པའི་སྲོག་ཆགས་བརྒྱ་སྟོང་གིས་ཕྱག་བྱས་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ལ་ནི་བྱ་བ་ཅུང་ཟད་ཅིག་བྱས་ན་ཡང་འབྲས་བུ་ཆེན་པོར་འགྱུར་བ་ཡིན་ནོ། །གསེར་མདོག་གི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །།

ཀུ་ཎཱ་ལའི་རྟོགས་པ་བརྗོད་པ།


DTG167_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀུན་ལ་ཨ་བ་དཱ་ནཾ། བོད་སྐད་དུ། ཀུན་ལའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་ལའི་རྟོགས་པ་བརྗོད་པ་ལ། འདི་ལྟར་རྒྱལ་པོ་ཨ་ཤོ་ཀའི་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ། དེ་ན་ཚོད་དང་པོ་ལ་ནི་འདོད་པའི་ཨ་ཤོ་ཀར་གྱུར་ཏོ། །ན་ཚོད་གཉིས་པ་ལ་ནི་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བཙོན་ར་བཟང་པོ་བྱས་ནས་སྐྱེ་བོ་བྱེ་བའི་སྲོག་བརླག་པར་གྱུར་ཏོ། །ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་པ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་བྱེའོ། །དེ་ནས་ཉི་མ་དེ་ཉིད་ལ་རྒྱལ་པོ་ཨ་ཤོ་ཀའི་བཙུན་མོ་པདྨ་ཅན་ཞེས་བྱ་བ་ལ་བུ་བཙས་པ་དང༌། དེ་ལས་བུ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་དེའི་མིག་ཤིན་ཏུ་མཛེས་པ་ཞིག་སྐྱེས་སོ། །དེ་ནས་སྐྱེས་བུ་ཉུང་རུམ་ཞིག་རྒྱལ་པོའི་ཁབ་ཏུ་སོང་སྟེ་སྨྲས་པ། ལྷ་ཁྱེད་ལ་སྲས་བལྟམ་གྱིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས་སྨྲས་པ། དེང་ནི་ང་ཡིས་དགའ་བ་རྒྱ་ཆེན་ཐོབ། །དཔའ་བོའི་རིགས་ཀྱི་སྒྲ་ནི་གྲགས་གྱུར་ཅིང༌། །ཆོས་ཀྱིས་རྒྱལ་སྲིད་རྣམ་པར་འཕེལ་བ་ན། །བུ་སྐྱེས་པས་ནི་ཆོས་ཀྱི་རྣམ་འཕེལ་འགྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་དེས་བཙས་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་པ་ཏི་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ་ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་དར་བྱས་ཤིང་སྦྱངས་ཏེ། རྡོ་དང༌། གསེག་མ་དང༌། གྱོ་མོ་བསལ་ཞིང༌། ཤིང་དང༌། སོ་ཕག་དང༌། མི་གཙང་བའི་འདམ་རྫབ་དང༌། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་དར་དང་མེ་ཏོག་གི་ཆུན་འཕྱང་བཏགས་ཏེ། བདུག་སྤོས་ཀྱི་སྣོད་ནས་སྤོས་གཏུལ་


DTG167_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱིམ་དང༌། སྲང་བར་དང༌། བཞི་མདོ་དང༌། སུམ་མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང༌། དར་དང༌། བེའུ་རས་དང༌། དར་ལྭ་དང༌། ཟར་མའི་རས་དང༌། དུ་གུ་ལའི་རས་དང༌། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང༌། རྔ་ཡབ་དང༌། མཛེས་པའི་གདུ་བུ་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་དོ་དང༌། མུ་ཏིག་གི་ཆུན་འཕྱང་དང༌། དྲིལ་བུ་དང༌། ནོར་བུ་ཆུ་ཤེལ་དང༌། མེ་ཤེལ་ལ་སོགས་པ་དང༌། ནོར་བུ་ཆེན་པོའི་རྣ་རྒྱན་བཏགས་པ་དང༌། བ་དན་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་བསྒྲེང་བའི་ཤིང་དང༌། ཁྱིམ་ལ་བཏགས་པ་དང༌། རས་ཀྱི་བླ་རེ་དང༌། དར་གྱི་བླ་རེས་སྤུད་པས་གྲོང་ཁྱེར་པ་ཏ་ལི་པུ་ཏྲ་ཀུན་ནས་དྲི་ཟའི་རྒྱལ་པོའི་གནས་དང་འདྲ་བར་རྣམ་པར་བཞག་པར་གྱུར་ཏོ། །པ་ཏ་ལི་པུ་ཏྲ་དང༌། པ་ཏ་ལི་པུ་ཏྲའི་ཉེ་འཁོར་ཇི་སྙེད་པར་སིལ་སྙན་གྱི་སྒྲ་སྒྲོགས་པ་རྣམས་རབ་ཏུ་གནས་པ་ནི་འདི་ལྟ་སྟེ། གར་མཁན་དང༌། གར་སྟོན་པ་དང༌། གཏམ་བརྗོད་པ་དང༌། བཞད་གད་བྱེད་པ་དང༌། མཛེས་བྱེད་པ་དང༌། གླུ་ལེན་པ་དང་མིག་འཕྲུལ་མཁན་དང༌། མཆོད་པ་དང༌། བུད་མེད་ཀྱི་ཆ་ལུགས་འགེབས་པ་དང༌། ཁར་གསིལ་དཀྲོལ་བ་དང༌། རྔ་རྐེད་ཉག་རྡུང་བ་དང༌། བྱིས་པ་ལྔ་ཚོམས་པ་དང༌། སྲང་བར་ན་རྩེ་བ་སྟེ། དེ་དག་ཐམས་ཅད་སྲང་དང༌། སྲང་བར་དང༌། བཞི་མདོ་དང་སུམ་མདོ་དེ་ཐམས་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱིས་མཛེས་པར་བྱས་སོ། །གྲོང་ཁྱེར་གྱི་སྒོ་བཞིར་ཡང་སྦྱིན་བ་ནི་གཏོང༌། བསོད་ནམས་དག་བྱེད་པ་ནི་འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། གོས་འདོད་པ་རྣམས་ལ་ནི་གོས། དྲི་དང༌། ཕྲེང་བ་དང༌། བྱུག་པ་འདོད་པ་རྣམས་ལ་ནི་དྲི་དང་ཕྲེང་བ་དང༌། བྱུག་པ། རས་ཟུང་དང༌། རས་ཡ་བ་དང༌། ཀཱཪྵཱ་པ་ཎ་འདོད་པ་རྣམས་ལ་ནི། རས་ཟུང་དང་རས་ཡ་བ་དང་ཀཱཪྵཱ་པ་ཎ་སྦྱིན་པར་བྱེད་པ་དང༌། རབ་ཏུ་དགའ་བའི་རོལ་མོ་རྣམས་རྡུང༌། སྤྱི་བོ་ལ་ཏིལ་མར་གྱིས་ནི་ཉུག་པར་བྱེད་དོ། །ཞག་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་གསུམ་པ་ནས་བདུན་པ་ནས། ཉིན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་སྟོན་རྒྱ་ཆེར་བྱས་ཏེ། པང་ན་འཚོ་བའི་མ་མ་གཉིས་དང༌། དྲི་མ་འཕྱི་བའི་མ་མ་གཉིས་དང༌། ནུ་མ་སྣུན་པའི་མ་མ་གཉིས་དང༌། རྩེད་གྲོགས་


DTG167_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་དོ། །དེ་ལྟར་གཞོན་ནུ་དེ་མ་མ་བརྒྱད་པོ་ཐམས་ཅད་ཀྱིས་རང་གི་བཟོ་ལེགས་པར་བྱས་པས་ཡོངས་སུ་བསྐྱངས་ཤིང༌། མཁས་པ་དང་ལྡན་པ་རྣམས་ཀྱིས་འོ་མ་དང༌། མར་སར་དང༌། ཞོ་དང༌། མར་གྱི་སྙིང་པོ་དང༌། སྦྲང་རྩིས་སྐྱེད་པར་བྱེད་པར་རྩོམ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀ་བུ་བལྟ་བར་མངོན་པར་དགའ་བས་སླས་རྣམས་ལ་གཞོན་ནུ་ཅི་འདྲ་བ་བལྟ་བར་བྱའོ་ཞེས་སྨྲས་སོ། །དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟན་པའི་ཕྱིར་ཁྱེར་བ་དང༌། མཐོང་ནས་རྒྱལ་པོས་གཞོན་ནུའི་མིང་ཇི་ལྟར་གདགས་པར་བྱ་ཞེས་བསམས་པ་དང༌། གང་གི་ཕྱིར་འདི་ནི་ང་ལ་ཆོས་རབ་ཏུ་ཞུགས་པ་ན་སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་དུ་མིང་གདགས་པར་བྱའོ་ཞེས་སྨྲས་ནས། གཞོན་ནུ་རྒྱལ་པོ་ཨ་ཤོ་ཀས་བླངས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་ལ་བལྟས་ནས་གདའ་བཞིན་དུ་སྨྲས་པ། ངའི་བུ་ལ་མིག་བཟང་ལེགས་སྐྱེས་པ། །ཨུཏྤལ་སྔོ་འདྲ་རབ་ཡངས་རྫི་མ་ཅན། །གང་གིས་བཞིན་རྒྱན་མཛེས་པར་བྱས་པ་ནི། །སྒྲ་གཅན་ཁ་ལས་ཐར་པའི་ཟླ་བ་འདྲ། །ཇི་ཙམ་ན་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པ་མཐོང་ངམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མ་མཐོང་ལགས་སོ། །དེ་ནས་དེ་ན་གནས་པའི་འཁོར་རྣམས་ལ་དེ་སྐད་རྒྱལ་པོས་སྨྲས་པ་དང༌། རིའི་རྒྱལ་པོ་ཁ་བ་ཅན་ན་ལོར་བསྟེན་པའི་བྲམ་ཟེ་རྣམས་དེ་ཉིད་དུ་ལྷགས་པ་དང༌། དེ་རྣམས་ལ་རྒྱལ་པོས་གཞོན་ནུ་བསྟན་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པར་མཐོང་ངམ། ལྷ་མིར་གྱུར་པ་རྣམས་ལ་ནི་མ་མཐོང་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང་ལྷ་རིའི་རྒྱལ་པོ་ཁ་བ་ཅན་ན་ཀུན་ལ་ཞེས་བྱ་བའི་བྱ་དེ་ལ་འདི་ལྟ་བུའི་མིག་མཆིས་སོ། །ཡང་སྨྲས་པ། རི་རྒྱལ་ཁ་བ་ཅན་ནི་བྲག་གི་རྩེ། །མེ་ཏོག་མར་ཞིང་ཆུ་ཕྲན་རབ་འབབ་པ། །དེ་ན་ཀུན་ལ་ཞེས་བྱ་བའི་བྱ། །འདི་ཡི་མིག་དང་རྣམ་པར་འདྲ་བ་ཡོད། །དེ་ནས་རྒྱལ་པོས་བྱ་ཀུན་ལ་མྱུར་དུ་ཁྱེར་ལ་ཤོག་ཅིག་ཅེས་སྨྲས་པ་དང༌། དེའི་སྟེང་གི་དཔག་ཚད་ཅིག་ཙམ་དུ་གནོད་སྦྱིན་རྣམས་ཀྱིས་ཐོས་སོ། །འོག་གི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱིས་ཐོས་སོ། །དེ་ནས་གནོད་སྦྱིན་གྱིས་སྐད་ཅིག་མ་དེ་ཉིད་ལ་བྱ་ཀུན་ལ་ཁྱེར་ཏེ་འོངས་སོ། །དེ་རྒྱལ་པོས་གཞོན་ནུ་དང༌། ཀུན་ལའི་མིག་ལ་ཤིན་ཏུ་ཡུན་རིང་


DTG167_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྟགས་ན་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཨེ་མ་ཧོ། །གཞོན་ནུ་དང༌། ཀུ་ན་ལའི་མིག་ཤིན་ཏུ་འདྲ་བ་ཡིན་པས་ན་གཞོན་ནུ་ལ་མིང་ཀུན་ལ་ཞེས་གདགས་པར་བྱའོ། །ཡང་སྨྲས་པ། ས་བདག་དེ་ནི་མིག་ལ་རྗེས་དགའ་བས། །དེ་ཚེ་བུ་ལ་ཀུ་ན་ལ་ཞེས་སྨྲས། །དེ་ནས་འཕགས་པའི་སེམས་ཅན་རྒྱལ་པོའི་བུ། །དེ་ཡི་མིང་ནི་ས་སྟེངས་རབ་ཏུ་གྲགས། །དེ་ནས་རྒྱ་ཆེར་གཞོན་ནུ་ཆེན་པོར་གྱུར་བའི་བར་དུ་སྟེ། དེ་ལ་གསེར་ཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མའི་དོན་དུ་བཀུག་ནས་བྱིན་ཏེ། ཕའི་བཟོའི་གནས་དང་ལས་ཀྱི་གནས་འདི་ལྟ་སྟེ། གླང་པོ་ཆེའི་གཉེར་བཞོན་པ་དང༌། རྟ་ལ་བཞོན་པ་དང༌། ཤིང་རྟའི་ཐབས་དང༌། མདའ་གཞུའི་ཐབས་དང༌། ལྕགས་ཀྱུས་བསྒྱུར་བའི་ཐབས་དང༌། མདའ་བོ་ཆེ་འཕེན་པའི་ཐབས་དང༌། ལྕགས་མདའ་འཕེན་པའི་ཐབས་དང༌། ཐག་མདུང་འཕེན་པའི་ཐབས་དང༌། མདུན་དུ་བསྣུར་བ་དང༌། ཕྱིར་བསྣུར་བ་དང༌། བཅད་པ་དང༌། དྲལ་བ་དང༌། རྒྱང་ནས་ཕོག་པ་དང༌། སྒྲ་གྲགས་པར་ཕོག་པ་དང༌། གནད་དུ་ཕོག་པ་དང༌། མི་འཆོར་བར་ཕོག་པ་དང༌། ཚབས་ཆེ་བ་དང༌། དགས་པ་དང༌། འཛིན་སྟངས་དང༌། གོམ་སྟངས་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་ཨ་ཤོ་ཀ་ས་དེའི་དོན་དུ་ཁྱིམ་གསུམ་བྱེད་དུ་བཅུག་སྟེ། གཅིག་ནི་རྒུན་གྱིའོ། །གཉིས་པ་ནི་སོ་གའི་འོ། །གསུམ་པ་ནི་དབྱར་གྱིའོ། །དེ་ལ་རེ་ཞིག་རྒུན་གྱི་ནི་གཅིག་ཏུ་དྲོ་བའོ། །སོ་གའི་ནི་གཅིག་ཏུ་བསིལ་བའོ། །དབྱར་གྱི་ནི་དེ་གཉིས་ཀ་ཡོད་པ་སྟེ། ཤིན་ཏུ་གྲང་བ་ཡང་མ་ཡིན། ཤིན་ཏུ་དྲོ་བ་ཡང་མ་ཡིན་པའོ། །ཆུང་མ་རྣམ་པ་གསུམ་འཇོག་སྟེ། ཆེ་བ་དང་བར་མ་དང་ཆུང་བའོ། །དེ་ནས་གཞོན་ནུ་ལྷའི་བུ་མོ་དང་འདྲ་བའི་བུད་མེད་ཀྱི་རབ་མཆོག་དགོད་པ་དང་མིག་ཟུར་དང་སྟེག་པ་དང༌། སྒེག་པ་དང༌། གར་དང༌། གླུའི་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་གི་གཞིར་གཏོགས་པ་ན་བཙུན་མོ་གསེར་ཕྲེང་ཅན་དང་ལྷན་ཅིག་དགའ་བ་དང༌། རྩེ་བ་དང༌། ཡོངས་སུ་སྤྱོད་པ་ནས་ཇི་སྲིད་དུས་གཞན་ཞིག་ན་རྒྱལ་པོ་ཀུན་ལ་དང་ལྷན་ཅིག་ཁྱིམ་བྱའི་ཀུན་དགའ་ར་བར་སོང་བ་དང༌། དེ་ནས་གནས་བརྟན་གྲགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེས་མཐོང་ངོ༌། །མཐོང་ནས་ཀྱང་ཀུན་ལའི་མིག་ནི་ཡུན་རིང་


DTG167_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མི་ཐོགས་པར་འཇིག་པར་འགྱུར་རོ་སྙམ་ནས་དེས་རྒྱལ་པོ་ལ་སྨྲས་པ། ཅིའི་ཕྱིར་གཞོན་ནུ་རང་གི་ལས་མ་སྦྱར། དེ་ནས་རྒྱལ་པོས་ཀུན་ལ་ལ་སྨྲས་པ། ཀུ་ན་ལ་དགེ་འདུན་གྱི་གནས་བརྟན་ཇི་སྐད་གསུངས་པ་དེ་དྲིས་ཤིག །དེ་ནས་གཞོན་ནུས་གནས་བརྟན་གྱི་རྐང་པ་གཉིས་ལ་བཏུད་དེ་སྨྲས་པ། གནས་བརྟན་ཅི་ཞིག་བཀའ་སྩལ། གནས་བརྟན་གྱིས་སྨྲས་པ། ཀུན་ལ་མི་ག་ནི་མི་རྟག་པའོ་ཞེས་ཡིད་ལ་གྱིས་ཤིག །ཡང་སྨྲས་པ། གང་དུ་འགྲོ་མང་རྗེས་སུ་ཆགས་གྱུར་ནས། །མི་ཕན་ཐོབ་པའི་ལས་རྣམས་བྱེད་པ་ཡི། །མིག་ནི་རབ་གཡོ་སྡུག་བསྔལ་སྟོང་ལྡན་པར། །རྟག་ཏུ་སོ་སོར་རྟོག་བྱོས་ཀུན་ལ། །དེ་དེ་བཞིན་དུ་སློབ་པར་བྱེད་པའི་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་ཞིང་གཅིག་པུར་མངོན་བར་དགའ་བ་དང༌། རབ་ཏུ་ཞི་བ་ལ་མངོན་པར་དགའ་བར་གྱུར་ཏོ། །དེ་ཡང་རྒྱལ་པོའི་ཕོ་བྲང་གི་གནས་དབེན་པར་འདུག་ཅིང༌། མིག་གི་ཉེས་དམིགས་དང༌། སྐྱེ་མཆེད་མི་རྟག་པ་ལ་སོགས་པའི་རྣམ་པར་ཡོངས་སུ་རྟོག་པར་བྱེད་དོ། །དེ་ནས་རྒྱལ་སྲུང་མ་ཞེས་བྱ་བའི་བཙུན་མོ་དམ་པ་ཕྱོགས་དེར་ཉེ་བར་སོང་བ་དང༌། དེས་ཀུན་ལ་དེ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེས་སུ་ཆགས་པས་ལུས་ལ་ཀུན་དུ་འཁྱུད་དེ། སྨྲས་པ། ཁྱེད་ཀྱི་ལུས་ལས་ངེས་བབ་པའི། །འདོད་ཆགས་མེ་ནི་སྟོབས་ཅན་གྱིས། །ནགས་མེ་སྟོབས་ཅན་གཡོ་བ་ནི། །མང་པོས་རྣམ་པར་བསྲེགས་པར་གྱུར། །གཞོན་ནུ་བདག་དང་ལྷན་ཅིག་ཏུ། །དགའ་བ་རྗེས་སུ་མྱོང་བར་བྱ། །དེས་ཐོས་པ་དང༌། ཀུན་ལས་ལག་པ་གཉིས་ཀྱིས་རྣ་བ་བཀག་སྟེ་སྨྲས་པ། ཁྱེད་ནི་ཚིག་འདི་སྨྲ་བར་མི་རིགས་ཏེ། །བུ་ཡི་མ་བཞིན་ཁྱེད་ནི་བདག་གི་མ། །འདི་ནི་ངན་འགྲོའི་ལམ་གྱི་སྒོ་ཡིན་པས། །ཆོས་མིན་འདོད་ཆགས་ཡོངས་སུ་སྤང་བར་གྱིས། །དེ་ནས་རྒྱལ་སྲུང་མས་སྨྲས་པ། །འདིར་ཉེས་པ་ཅི་ཞིག་མཐོང༌། །གཞན་ཡང་གཞོན་ནུ་རེ་ཞིག་ཉོན་ཅིག །དཔེར་ན་ཉི་མའི་གཟི་བརྗིད་བསྟན་པའི་ཚ་བས་གདུངས་ཏེ་ཆུ་ནི་འཐུངས་པ་དང༌། ཇི་ལྟར་ལུས་ནི་ཆུ་ཡིས་ཚིམ་བར་བྱེད་ལ་སྡིག་པ་ཡོད་པར་རིགས་མ་ཡིན། །དེ་བཞིན་འདོད་པའི་མེ་ནི་ཆེན་བོས་ལྷག་པར་ཤིན་ཏུ་གདུངས་པར་གྱུར་པ་ན། །ལུས་ལ་རེག་པའི་ཆུ་ཡི་དགའ་བ་དེ་ལས་ཆོས་མིན་ཅི་ཞིག་འབྱུང༌། །ཀུ་ན་ལས་སྨྲས་པ། ང་ཡི་གྲགས་པར་མི་འགྱུར་མཆོག་ཏུ་བརྙས་


DTG167_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕྱི་ནས་རྗེས་སུ་འགྱོད་པར་འགྱུར། །ང་ཡི་ཀུན་དུ་སྤྱོད་པར་མི་འགྱུར་དེ་བཞིན་རིགས་ཉམས་པ་ཡང་ཉིད་དུ་འགྱུར། །འཕགས་པ་ཉིད་དུ་མི་འགྱུར་བཀྲེན་འབྱུང་ངན་པར་ཚིག་གིས་ཆད་པ་བཅད་པར་འགྱུར། །སྤྱོས་པས་འགྱུར་གྱི་གྲགས་པར་མི་འགྱུར་ཆོས་ཀྱང་མི་སྣང་ཉིད་དུ་འགྱུར་བའོ། །རྒྱལ་སྲུང་མས་སྨྲས་པ། ཀུན་ལ་དེ་ལྟ་ཡིན་མོད་ཀྱི་གང་ཁྱེད་འཇིགས་པར་འགྱུར་བ་འདི་འགའ་ཞིག་གིས་མཐོང་ནས་གྲགས་པར་འགྱུར་བ་མ་ཡིན་ཏེ། དེ་ཡང་རྣམ་པར་དབེན་ཞིང་མིའི་འདུ་བ་དང་བྲལ་བའི་ཕྱིར་རོ། །ཡང་སྨྲས་པ། ཡུ་བུའི་མཐོང་ནས་སྨྲ་བ་ནི། །བུད་མེད་དག་གམ་སླས་རྣམས་ཀྱང༌། །གང་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་བདག་གི་ཚིག་ཉོན་ཅིག །འདོད་དང་བཅས་པའི་བུད་མེད་ནི། །དབེན་པར་ཡོངས་སུ་སྤོང་བྱེད་ན། །དེ་ཡི་ཆོས་ཆེན་འཇིག་འགྱུར་ཞེས། །ཐོས་པ་ལས་གྲགས་ཐོས་སམ་ཅི། །གཟུགས་ཀྱི་རྗེས་སུ་མཐུན་པ་ཡི། །སྦྱིན་གནས་སྡིག་མེད་མཐོང་ནས་ནི། །དེར་གང་ལེགས་པའི་མདངས་རྣམས་དང༌། །ན་ཚོད་དང་ནི་འདྲ་བར་གྱིས། །ཀུ་ན་ལས་སྨྲས་པ། གང་ཁྱོད་ཀྱིས་འདི་ན་གནས་ཀྱང་མི་མཐོང་ངོ་ཞེས་སྨྲས་ན། དེ་རེ་ཞིག་ཉོན་ཅིག །འདི་ནི་གཟི་བརྗིད་འབར་བའི་ཤིང་ལ་གནས་པའི་མེ་ལྷས་བདག་ནི་མཐོང་གྱུར་ལ། །ཚངས་པས་མཐོང་ཞིང་བརྒྱ་བྱིན་དག་དང་ཆུ་ལྷ་ཟླ་བ་གཤིན་རྗེ་དག་གིས་མཐོང༌། །གཞན་ཡང་གཞལ་ཡས་ཁང་པ་མཆོག་ན་གནས་པ་གཞན་གྱིས་ངེས་པར་མཐོང་འགྱུར་ན། །བྱིས་པ་ཁྱེད་ཀྱིས་བདག་དང་གཉེན་གྱི་སྐྱེ་བོ་མི་མཐོང་རང་ཡང་མཐོང་མ་གྱུར། །མི་ནི་གང་ཞིག་དབེན་པར་མེར་འཇུག་བྱེད་ན་དེ་ཅི་མེ་ཡིས་མི་འཚིག་གམ། །གང་ཞིག་དྲེགས་པས་འབྲས་བུ་མངར་ལྟར་དུག་ཟ་དེ་ནི་ཉམས་པར་འགྱུར་རམ། །མི་ནི་གང་ཞིག་བྲང་འགྲོ་གདུགས་པས་ཟིན་པ་དེ་ནི་གནོད་པར་མི་འགྱུར་རམ། །མི་ནི་གང་ཞིག་དབེན་པར་གཏོགས་པར་སྡིག་བྱས་གོས་པར་མི་འགྱུར་དེ་མི་སྲིད། །དེ་ནས་རྒྱལ་སྲུང་མས་སྨྲས་པ། གཞོན་ནུ་རེ་ཞིག་ཁྱོད་དེ་ལྟར་བུར་ཞེན་པས་གནས་པར་མ་བྱེད་ཅིག །དེ་ཡང༌། དུས་ཀྱི་སྒོ་ཡི་རྫོང་དང་བིནདའི་རིགས་ཡང་འདོད་པའི་དོན་དུ་རབ་འཇུག་ལ། །འདོད་པའི་རྒྱ་མཚོའི་ཆུ་ཡང་རྒལ་ཅིང་མཛའ་བོ་གང་ཡིན་དག་ཀྱང་འབྱེ་བ་ཡོད། །འདོད་པའི་ཕྱིར་ནི་བརྟུལ་ཞུགས་ཐལ་བ་ཤིང་གོས་འཆང་


DTG167_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀའ་ཐུ་བ་དེས་དེ་ཐུབ། དེ་འདིར་བདེ་བ་ཡང་དག་ཐོབ་པ་འདི་ལ་ཅི་ཕྱིར་ཀུན་དུ་ཆགས་མི་བྱེད། །ཀུ་ན་ལས་སྨྲས་པ། ཁྱེད་ཀྱིས་ང་ནི་ཟིལ་གནོད་མི་འགྱུར་ཏེ། །ལྷ་ཡི་བུ་མོ་འདྲ་བའི་བུད་མེད་དག །དེ་ཡང་དམྱལ་བའི་སྡུག་བསྔལ་ཡོད་པས་ན། །གཞན་གྱི་བུད་མེད་ཡོངས་སུ་སྤང་བ་ཡིན། །དེ་ནས་རྒྱལ་སྲུང་མས་རང་གི་འདོད་པའི་རྣམ་པ་ཐོབ་པར་མ་གྱུར་པས། །ཁྲོས་ཏེ་སྨྲས་པ། ཤིན་ཏུ་འདོད་པས་གདུངས་པར་གྱུར་བ་ན། །གལ་ཏེ་འདི་ན་ང་ཡིས་མི་འདོད་ན། །བློ་ངན་ཁྱོད་ནི་རིང་པོར་མི་ཐོགས་པར། །དངོས་པོ་ཐམས་ཅད་མེད་པར་འགྱུར་དུ་འོང༌། །མིག་ནི་གཉིས་པོ་གང་ཡིན་པས། །ཁྱོད་ནི་འདི་ན་དྲེགས་ཐོབ་པ། །མི་རིང་བ་ནི་དེ་དག་གིས། །རྒུད་པར་གྱུར་ལ་བལྟ་བར་བྱ། །ཀུ་ན་ལས་སྨྲས་པ། ཆོས་ནི་རྣམ་དག་གྱུར་ན་བདག་ནི་མྱུར་དུ་འཆི་བར་གནས་པར་གྱུར་ཀྱང་བླ། །སྐྱེ་བོ་དམ་པས་བདག་སྨད་གྱུར་པའི་འཚོ་བ་བདག་ལ་དགོས་མ་ཡིན། །གང་ལས་མཐོ་རིས་དག་དང་ཆོས་འཇིག་འགྱུར་བའི་མཚོ་དེས་ཅི་ཞིག་བྱ། །མཁས་པས་ཟིལ་གྱིས་མནན་པའི་བཀྲེན་གྱུར་བདག་ནི་འཆི་བ་ཉིད་ཡིན་མོད། །ཇི་ཙམ་ན་རྒྱལ་སྲུང་མ་དེ་ཀུན་ལ་ལ་གླགས་སྐབས་ཚོལ་ཞིང་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་པ་ཐོས་པ་དང༌། རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་བརྫང་དུ་གསོལ། །དེས་ནི་ཐུལ་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོས་ཀུན་ལ་བོས་ཏེ་སྨྲས་པ། ཀུན་ལ་གྲོང་ཁྱེར་རྡོ་འཇོག་འདུལ་བར་འགྲོ་ནུས་སམ། ཀུན་ལས་སྨྲས་པ། ལྷ་རབ་ཏུ་མཆི་ལགས་སོ། །དེ་ནས་རྒྱལ་པོས་ཡིད་ལ་རབ་དད་པའི། །བུ་ཞེས་བྱ་བའི་བསམ་པ་ཤེས་པ་དང༌། །བརྩེ་དང་ཕུན་ཚོགས་ན་ཚོད་ལ་རིགས་པའི། །ཆད་པའི་རྐྱེན་ནི་ལུང་དུ་བསྒོ་བར་གྱུར། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་གྲོང་ཁྱེར་བརྒྱན་པ་དང༌། ལམ་མཛེས་པར་བྱས་ཏེ། རྒན་པོ་དང༌། ནད་པ་དང༌། བཀྲེན་པ་རྣམས་རང་གི་ལམ་ནས་བསལ་ཏེ། གཞོན་ནུ་དང་ལྷན་ཅིག་ཤིང་རྟ་ལ་ཞོན་ཏེ། བ་ཏི་ལི་པུ་ཏྲ་ནས་བྱུང་ཏེ་བསྐྱལ་ནས། ལྡོག་པ་ན་ཀུན་ལའི་མདུན་ནས་ཡོངས་སུ་འཁྱུད་ནས་མིག་ལྟ་ཞིང་དུས་ཏེ་སྨྲས་པ། འདབ་ཆགས་རབ་མཆོག་ཀུན་ལ་མཚུངས་པའི། །མིག་ནི་


DTG167_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་ཨུཏྤལ་སྔོན་པོ་དང༌། །འདྲ་བ་འདི་ལ་བལྟ་བ་གང་ཡིན་བ། །དེར་ནི་དཔལ་ཡོད་བདེ་ལྡན་རིམས་ནད་བྲལ། །ཇི་ཙམ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་བ་དང༌། ཀུ་ན་ལའི་མིག་ནི་ཡུན་རིང་པོ་མི་ཐོགས་པར་འགྱུར་ཏེ། རྒྱལ་པོ་ཨ་ཤོ་ཀས་དེའི་མིག་གཉིས་ལ་ཤིན་ཏུ་ཆགས་པ་ལྟས་མཁན་དེས་མཐོང་ནས་སྨྲས་པ། མི་དབང་བུ་ཡི་མིག་ནི་རྣམ་དག་ལ། །ས་བདག་ཀྱང་ནི་མིག་ལ་རྗེས་ཆགས་པས། །རྣམ་དག་དཔལ་ལམ་ཡིད་དང་རྗེས་མཐུན་བ། །རིང་པོ་མི་ཐོགས་འཇིག་པར་འགྱུར་བ་མཐོང༌། །ལྷ་ཡུལ་ལྟ་བུར་རབ་དགའི་གྲོང་ཁྱེར་འདི། །གཞོན་ནུ་མཐོ་བ་ལས་བྱུང་སྐོམ་བ་དག །མིག་དང་བྲལ་ནས་འདི་ཡི་སེམས། །མྱ་ངན་དག་གིས་ཡོངས་སུ་གདུངས་པར་གྱུར། །ཅི་ཙམ་ན་ཀུན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང༌། རྡོ་འཇོག་གི་གྲོང་ཁྱེར་པས་ཐོས་ནས། དཔག་ཚད་ཕྱེད་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང༌། ལམ་མཛེས་པར་བྱས་ཏེ། བུམ་པ་གང་བ་མར་སར་གྱིས་བརྒྱན་པས་མདུན་བསུས་སོ། །ཡང་བཤད་པ། རྡོ་འཇོག་པ་ཡི་གྲོང་བས་ཐོས་ནས་ནི། །རིན་ཆེན་བུམ་གང་པ་ལ་སོགས་པ་ཡི། །མཆོད་པ་ཐོགས་ཏེ་མདུན་དུ་སོང་ནས་ནི། །ས་བདག་དེ་ལ་མང་དུ་རྗེད་པར་གྱུར། །མདུན་བསུས་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ནུ་ལ་འགལ་བར་བགྱིད་པ་ཡང་མ་ལགས་ལ། རྒྱལ་པོ་ཨ་ཤོ་ཀ་ལ་ཡང་མ་ལགས་མོད་ཀྱི། འོན་ཀྱང་བློན་པོ་མི་སྲུན་པ་དག་འོངས་ནས་བདག་ཅག་ལ་བརྙས་པར་བགྱིས་ལགས་མོད། ཅི་ཙམ་ན་ཀུན་ལ་བསྙེན་བཀུར་ཆེན་པོས་གྲོང་ཁྱེར་རྡོ་འཇོག་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀ་ལ་ནད་ཆེན་པོ་ཞིག་བྱུང་བར་གྱུར་ཏེ། དེའི་ཁ་ནས་ངན་སྐྱུགས་འོང་ཞིང༌། བ་སྤུའི་བུ་ག་ཐམས་ཅད་ནས་མི་གཙང་བ་འཛག་བར་གྱུར་ཀྱང་གསོ་བར་མ་ནུས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཀུན་ལ་ཁུག་ཅིག །དེ་རྒྱལ་སྲིད་ལ་གཞག་པར་བྱ་སྟེ། ཁོ་བོ་ཡང་སླར་འཚོ་བས་ཅི་ཞིག་བྱ། །དེ་ཐོས་ནས་རྒྱལ་སྲུང་མས་བསམས་པ། གལ་ཏེ་ཀུན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ་མེད་པར་འགྱུར་རོ་སྙམ་ནས་དེས་སྨྲས་པ། ལྷ་བདག་གིས་ཁྱེད་གསོས་པར་བགྱི་ལགས་ཀྱི། འོན་ཀྱང་སྨན་པ་རྣམས་ནང་དུ་མཆི་བ་དག་ཏུ་གསོལ། ཇི་ཙམ་ན་རྒྱལ་པོས་


DTG167_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པ་རྣམས་འོང་བ་བཀག་པར་གྱུར་ཏོ། །དེ་ནས་རྒྱལ་སྲུང་མས་སྨན་པ་རྣམས་ལ་སྨྲས་པ། གལ་ཏེ་སྐྱེས་པའམ། བུད་མེད་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ཡོད་ན་དེ་ཁྱེད་རྣམས་ཀྱིས་ང་ལ་སྟོན་ཅིག །དེ་ནས་རི་ཁྲོད་པ་གཞན་ཞིག་དེ་ལྟ་བུའི་ནད་ཀྱིས་ཟིན་པ་དང༌། དེའི་ཆུང་མས་སྨན་པ་ལ་ནད་དེ་སྨྲས་པ་དང༌། སྨན་པས་སྨྲས་པ། ནད་པ་དེ་ནི་འོང་དུ་ཆུ་གཅིག །ནད་བལྟས་ལ་སྨན་བསྟན་བར་བྱའོ། །ཅི་ཙམ་ན་དེ་བཀུག་ནས་སྨན་པའི་གམ་དུ་ཕྱིན་པ་དང༌། སྨན་པས་རྒྱལ་སྲུང་མའི་གམ་དུ་ཁྱེར་རོ། །རྒྱལ་སྲུང་མས་ཀྱང་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་དེ་བསད་ནས་བལྟས་པ་དང༌། དེ་ཞུ་བའི་གནས་ན་རྒྱུ་མར་འབུ་ཆེན་པོ་ཞིག་བྱུང་སྟེ། དེ་སྟེང་དུ་འགྲོ་བ་དང༌། དེའི་ངན་སྐྱུགས་གྱེན་དུ་འབྱུང་ངོ༌། །གལ་ཏེ་ཐུར་དུ་འགྲོ་ན་ནི་འོག་ཏུ་འབྱུང་ངོ༌། །དེས་དེར་ན་ལེ་ཤམ་བཏགས་ཏེ་བླུགས་ཀྱང་མ་ཤིའོ། །དེ་བཞིན་དུ་པི་པི་ལིང་དང༌། སྲིང་ག་དང༌། ལན་ཚྭ་ལ་སོགས་པ་བླུད་པ་ནས་ཇི་ཙམ་ན་སྒོག་སྐྱ་བླུགས་པ་དང༌། རེག་པ་ཙམ་གྱིས་ཤི་ནས། བཤང་བའི་ལམ་ནས་བྱུང་ངོ༌། །དེས་དེ་ལྟ་བུའི་རྣམ་པ་རྒྱལ་བོ་ལ་གོ་བར་བྱས་ཏེ། ལྷ་སྒོག་སྐྱ་གསོལ་ཅིག །དེས་ན་ཁྱེད་སོས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ལྷ་མོ་ང་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ན། ཇི་ལྟར་ན་སྒོག་པ་ལ་ཡོངས་སུ་ལོངས་སྤྱོད། བཙུན་མོས་སྨྲས་པ། ལྷ་འདི་ནི་སྲོག་གི་དོན་གྱི་སྨན་ཡིན་པས་ཉེ་བར་སྤྱོད་པར་མཛོད་ཅིག །ཇི་ཙམ་ན་རྒྱལ་པོས་ཡོངས་སུ་ལོངས་སྤྱོད་ནས་འབུ་དེ་ཡང་ཤི་སྟེ། བཤང་བའི་ལམ་ནས་བྱུང་ངོ༌། །རྒྱལ་པོ་སོས་པར་གྱུར་ནས། དེས་རྒྱལ་སྲུང་མ་ལ་མཆོག་སྦྱིན་པར་བརྩམས་སོ། །ཁྱོད་ལ་མཆོག་ནི་ཅི་ཞིག་སྦྱིན་པར་བྱ། དེས་སྨྲས་པ། བདག་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་གསོལ་ཅིག །འོ་ན་ཁོ་བོ་ཅིར་འགྱུར། བཙུན་མོས་སྨྲས་པ། ཞག་བདུན་འདས་པ་དང་ལྷ་ཉིད་རྒྱལ་པོ་མཛོད་ཅིག །ཅི་ཙམ་ན་རྒྱལ་སྲུང་མ་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་སྦྱིན་ནོ། །དེ་བློ་སྐྱེས་པ། ད་ནི་བདག་གིས་ཀུན་ལ་ལ་འཁོན་གཅུགས་མངོན་དུ་བྱའོ་ཞེས་དེས་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱིས་ཀུན་ལའི་མིག་བརླག་པར་གྱིས་ཤིག་ཅེས་བཅོས་མའི་ཡི་གེ་བྲིས་ཏེ། དེ་ཡང་རྒྱལ་པོ་མྱ་ངན་མེད་ཀྱིས་བཀའ་སྩལ་པ། ཤིན་ཏུ་དཔའ་ཞིང་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་


DTG167_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་གྱིས་རྣམ་པར་གནོན་པ་ཐོབ་པའི་རྒྱལ་པོ་རྒྱ་མཚོ་བཞི་དང༌། སའི་བདག་པོའི་སྤྱི་བོའི་ཅོད་པན་གྱིས་སྟན་དང༌། རྐང་པར་ཡོངས་སུ་གཏུགས་པ། མྱ་ངན་དང་བྲལ་ནས་མྱ་ངན་མེད་པ། མ་ག་དྷཱའི་གྲོང་ཁྱེར་ནས་པ་ཏི་ལི་པུ་ཏྲ་དང༌། རྡོ་འཇོག་ལ་གནས་པའི་བར་ལ་རྒྱུན་མི་འཆད་པར་དགེ་བའི་ལས་ཀྱི་རྩོམ་པས་ཉེ་བར་འཚོ་བ། སྡེ་ཚོམ་གསུམ་པའི་གྲོང་ཁྱེར་གྱི་སྐས་ལ་གནས་པའི་སྐྱེ་བོ་རྣམས་ལ་ཇི་ལྟར་གྲོང་ཁྱེར་པ་རྣམས་ཀྱིས་ཤེས་པར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་གྱིས་ཤིག །འདིར་ངའི་བུ་ཞེས་བཏགས་པའི་དགྲ་བཅོམ་མའི་སྤྱོད་པ་འཇམ་པ་ལ་མཁས་པས་སྦྱར་བའི་རྒྱུའི་བསྒྱིངས་པས་ཐལ་མོ་སྦྱར་བ་བྱས་པ། རིགས་ཀྱི་སོལ་བར་གྱུར་པའི་ཀུན་ལ་དེས། ཤིན་ཏུ་གཅམ་བག་གི་ཚུལ་གྱིས་ཁོ་བོ་ཕེབས་པར་བྱས་ནས། བ་ག་ཕེབས་པས་གནོད་པ་བྱེད་ཅིང༌། བཙུན་མོའི་འཁོར་ལ་ལྟ་བར་བྱེད་པས། གང་གི་ཕྱིར་འདི་ནི་མ་བརྟགས་པར་བྱེད་པ། སྙིང་རྗེ་མེད་པ། འཇིག་རྟེན་ཕ་རོལ་སྤངས་པ་ཕའི་ཆུང་མ་ལ་ཡོངས་སུ་ལྟ་བས་དེའི་མོད་ལ་དངོས་པོའི་རྗེས་སུ་ཞུགས་པ། གཟུགས་ཀྱིས་ཁེངས་ཤིང་མའི་ཕྱོགས་ལ་དྲེགས་པ་འཕེལ་བར་བྱེད་པ། རིགས་ཀྱི་ཆོས་ཀྱི་གཞུང་ལུགས་སུན་འབྱིན་པར་བྱེད་པའི་མིག་གཉིས་མྱུར་དུ་ཕྱུང་ནས་བཀྲེན་པ་ཉིད་དུ་གྱིས་ལ་ཤིན་ཏུ་དེངས་པའི་གོས་བསྐོན་ཏེ། ཆུང་མ་དང་བཅས་པ་ཕྱི་རོལ་དུ་སྐྲོད་ཅིག །གང་གི་མིག་གཉིས་ཀྱིས་དྲེགས་ཤིང་ཁེངས་པར་བྱེད་པ་དེ་མེད་པར་གྱིས་ལ། དེ་ཡང་སྐྱེ་བོ་རྣམས་ཀྱིས་མཐོང་བར་གྱིས་ཤིག །དེའི་ལན་གྱི་ཡི་གེ་ཡང་གཏོང་བར་མ་བྱེད་ཅིག །བྱས་པ་མི་གཟོ་བའི་ཕོངས་པ་ཐོས་པས་ཀྱང་ངའི་སྙིང་འདར་བར་མ་བྱེད་ཅིག །ངས་ཁྱེད་རྣམས་ལ་གཞུང་ལུགས་བཞག་པའི་ལུང་བསྒོ་བ་འདི་ཁྱེད་རྣམས་ཀྱིས་གྱིས་ཤིག །ཡང་སྨྲས་པ། རྒྱལ་པོ་མྱ་ངན་མེད་གཏུམ་སྟོབས་ལྡན་པའི། །བཀའ་བཞིན་རྡོ་འཇོག་གྲོང་ཁྱེར་པ་ཡིས་གྱིས། །རྒྱལ་པོ་ལ་གནོད་ཀུན་ལ་ཞེས་བྱའི། །མིག་གཉིས་མྱུར་དུ་དབྱུང་བ་ཉིད་དུ་གྱིས། །དེ་ལྟར་རྒྱལ་སྲུང་མ་ངེས་ཡི་གེ་བྲིས་ནས། རྒྱལ་པོ་མྱ་ངན་མེད་པའི་སོའི་རྒྱས་ཡི་གེ་ལ་རྒྱ་གདབ་པར་བྱའོ་སྙམ་ནས། ཇི་ཙམ་ན་རྒྱལ་སྲུང་མས་ཡི་གེ་དེ་རྒྱལ་པོ་གཉིད་ལོག་པ་དང་སོའི་རྒྱས་གདབ་པར་བྱའོ་སྙམ་


DTG167_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱལ་པོ་དང་ཉེ་བར་སོང་བ་དང་རྒྱལ་པོ་སྐྲག་པས་སད་པར་གྱུར་ཏོ། །ཆུང་མས་སྨྲས་པ། ལྷ་འདི་ཅི་ཞིག་ལགས། རྒྱལ་པོས་སྨྲས་པ། ལྷ་མོ་ངས་རྨི་ལམ་མི་དགེ་བ་མཐོང་སྟེ། བྱ་རྒོད་གཉིས་ཀྱིས་ཀུ་ན་ལའི་མིག་འབྱིན་པར་འདོད་པར་མཐོང་ངོ༌། །བཙུན་མོས་སྨྲས་པ་གཞོན་ནུ་བདེ་བར་གནས་ལགས་ཀྱི། དེ་བཞིན་དུ་རྒྱལ་པོ་སྐྲག་པས་སད་ནས་སྨྲས་པ། ལྷ་མོངས་རྨི་ལམ་རྨིས་སོ། །རྒྱལ་སྲུང་མས་སྨྲས་པ། རྨི་ལམ་ཇི་ལྟ་བུ། རྒྱལ་པོས་སྨྲས་པ། ཀུན་ལ་སྐྲ་དང་སེན་མོ་རིང་པོ་འཆང་ཞིང་གོས་དྲི་མ་ཅན་གྱོན་པ་མཐོང་ངོ༌། །བཙུན་མོས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱི། ཇི་ཙམ་ན་རྒྱལ་པོ་གཉིད་ཀྱིས་ལོག་པ་དང༌། རྒྱལ་སྲུང་མས་ཡི་གེ་དེ་སོའི་རྒྱས་བཏབ་ནས་རྡོ་འཇོག་ཏུ་བསྐུར་རོ། །ཡང་རྒྱལ་པོ་གཉིད་ལོག་པ་ན་རང་གི་སོ་ལྷགས་པར་གྱུར་པ་རྨིས་སོ། །དེ་ནས་རྒྱལ་པོ་མཚན་མོ་དེ་ཉིད་འདས་པ་དང༌། ལྟས་མཁན་རྣམས་བོས་ཏེ་རྨི་ལམ་བཟླས་ནས་འདི་དག་སྟོན་པར་གྱིས་ཤིག་ཅེས་བསྒོའོ། །ལྟས་མཁན་རྣམས་ཀྱིས་སྨྲས་པ། ལྷ་གང་གིས་འདི་ལྟ་བུའི་ལྟས་མཐོང་བ་དེས་ནི་བུའི་མིག་འཇིག་པར་མཐོང་བར་འགྱུར་རོ། །ཡང་སྨྲས་པ། གང་གི་སོ་ནི་དེངས་པ་དང༌། །རྨི་ལམ་ནང་ན་ལྷགས་གྱུར་པ། །བུ་ཡི་མིག་ནི་འཇིག་པ་དང༌། །བརླག་པའི་བུ་ནི་དེས་མཐོང་འགྱུར། །དེ་སྐད་ཐོས་པ་དང༌། རྒྱལ་པོ་མྱ་ངན་མེད་སྟན་ལས་མྱུར་བར་ལངས་ཏེ། ཕྱོགས་བཞིར་ལྷ་རྣམས་ལ་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཏོ། །སྨྲས་པ། སངས་རྒྱས་ཆོས་དང་ཚོགས་ཀྱི་གཙོར་གྱུར་པའི། །དགེ་འདུན་མངོན་དང་ལྷ་ནི་གང་ཡིན་དང༌། །གང་ཡང་འཇིག་རྟེན་དྲང་སྲོང་དཀའ་ཐུབ་མཆོག །བདག་གི་བུ་སྡུག་ཕོངས་ལས་བསྲུང་བར་མཛོད། །ཡི་གེ་དེ་ཡང་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་ཏོ། །དེ་ནས་རྡོ་འཇོག་པའི་གྲོང་ཁྱེར་བ་དེ་རྣམས་ཀྱིས་ཡི་གེ་དེ་མཐོང་ནས་ཀུན་ལའི་ཡོན་ཏན་རྒྱ་ཆེན་པོས་ཡོངས་སུ་མགུ་བས་མི་དགའ་བས་དེ་བརྡའ་སྤྲོད་པར་མ་ནུས་ཏེ། ཡུན་རིང་པོར་རྣམ་པར་དཔྱད་ནས་རྒྱལ་པོ་གཏུམ་པོ་དང་ཚུལ་ངན་པ་བུ་ལ་ཡང་བཟོད་པར་མི་བྱེད་ན། བདག་ཅག་རྣམས་ལ་བཟོད་པར་ལྟ་ག་ལ་བྱེད། ཡང་སྨྲས་པ། ཐུབ་པའི་ངང་ཚུལ་ཅན་དུལ་བ། །འབྱུང་པོ་ཀུན་ལ་ཕན་འདོད་པའི། །ཀུན་ལ་ལའང་སྡང་བྱེད་ན། །


DTG167_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་རྣམས་ལ་ཅིས་མི་འབྱུང༌། །ཅི་ཙམ་ན་གྲོང་ཁྱེར་པའི་སྐྱེ་བོ་དེ་རྣམས་ཀྱིས་ཡི་གེ་དེ་གཞོན་ནུ་ལ་བསྟན་ཏོ། །དེ་ནས་གཞོན་ནུས་ཕའི་ཡི་གེ་སྤྱི་བོས་བླངས་ཏེ། ཡི་གེ་བ་ལ་སྨྲས་པ། ཡི་གེ་པ་ཁྱོད་རྣམས་ཀྱིས་རྒྱལ་པོས་འདིར་ཅི་ཞིག་བྲིས་པ་ཡི་གེ་ཀློགས་ཤིག །རྒྱལ་པོ་མྱ་ངན་མེད་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡི་གེ་བཀླགས་པ་དང༌། མིག་མཆི་མ་དང་བཅས་པར་གྱུར་ཅིང་ཀུན་དུ་རྨོངས་པར་གྱུར་པས་ལག་པ་ལས་ཡི་གེ་ལྟུང་བར་གྱུར་ཏོ། །ཡི་གེ་པ་གཉིས་པས་བླངས་པ་དང༌། དེ་ཡང་ཀུན་དུ་རྨོངས་པར་གྱུར་ནས་དེ་བཞིན་དུ་ལག་པ་ལས་ལྟུང་བར་གྱུར་ཏོ། །དེ་བཞིན་དུ་ཡི་གེ་པ་མང་པོས་བླངས་ཏེ། ཡི་གེའི་དོན་ཐོས་པ་དང༌། ཀུན་ལའི་ཡོན་ཏན་ཡོངས་སུ་དྲན་པས་ཀྱི་ཧུད་འདི་ཅི་ཞིག་ཡིན་ཞེས་རྣམ་པར་སེམས་ཤིང་ཡི་གེ་ལྟུང་བར་གྱུར་ཏོ། །དེ་ནས་གཞོན་ནུས་དེ་རྣམས་ཀྱི་སྦྱོར་བ་དེ་མཐོང་ནས་སྨྲས་པ། རི་དགས་གཞོན་ནུའི་མིག་འདྲ་ཞིང༌། །བཞིན་ནི་པདྨའི་འདབ་འདྲ་བ། །པདྨ་ཞེས་བྱ་སྙན་སྨྲ་བའི། །ང་ཡི་མ་དུས་མ་བྱས་སམ། །ལྷ་ཡིས་མཐོང་ན་དགའ་བ་ཡི། །རྒྱལ་སྲུང་མ་ཞེས་བྱ་བ་དེ། །གང་ཞིག་མྱ་ངན་ནད་ཀྱིས་ནི། །དེ་ནི་དུས་བྱས་མ་གྱུར་ཏམ། །མིག་བཟང་འཇིག་རྟེན་གྲགས་པས་གསལ་བར་ནི། །གྲོང་ཁྱེར་མཆོག་གི་བདེ་འབྱོར་མཐོང་ནས་ནི། །ཇི་ལྟར་མཆིམས་མིག་ཁེབས་འཁྲུགས་པ་དང༌། །སྐྱེ་བོའི་ངུ་སྒྲ་འདྲ་བ་འདི་ཅི་ཡིན། །དེ་བས་ན་རེ་ཞིག་ཡི་གེ་ཁྱེར་ལ་ཤོག་དང༌། འདིར་ཅི་ཞིག་བྲིས་པ་ང་ཉིད་ཀྱིས་བཀླག་པར་བྱའོ་ཞེས་གཞོན་ནུ་རང་ཉིད་ཡི་གེ་ཀློག་པ་ལ་ཞུགས་པར་གྱུར་པ་དང༌། རྒྱལ་པོ་ཨ་ཤོ་ཀ་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་རོ། །དེ་ནས་གཞོན་ནུས་ཡི་གེ་བཀླགས་ནས་གནས་བརྟན་གྲགས་པས་སྨྲས་པ་མངོན་དུ་གྱུར་པར་བྱས་ཏེ། གནས་བརྟན་གྲགས་པས་མིག་ནི་མི་རྟག་པའོ་ཞེས་བྱ་བ་ནི་ལེགས་པར་གསུངས་སོ། །དེ་ནས་གཞོན་ནུས་སྨྲས་པ། ཁྱེད་རྣམས་ལས་འགའ་ཞིག་གིས་བག་ཕེབས་པ་ཉིད་ཀྱིས་བའི་མིག་འབྱིན་པར་སྤྲོའམ། དེ་ནི་བྱ་དགོས་སོ། །དེ་རྣམས་ལས་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རིགས་ངན་རྣམས་བཀུག་ནས་ཀུན་ལས་མིག་ཕྱུང་ཤིག་ཅེས་སྨྲས་པ་དང༌། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་


DTG167_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ཀྱིས་རྡོ་མི་ཐོགས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་ཟླ་བའི་མདངས་ལྡན་པ། །བཞིན་ལས་འབྱིན་པར་བྱེད་པའི་མི། །དེ་ནི་ཟླ་འདྲའི་ཞལ་ནས་ནི། །ཁྱེད་ཀྱི་སྤྱན་ནི་འབྱིན་པར་བགྱིད། །དེ་ནས་གཞོན་ནུ་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ལ་གང་བསོད་ནམས་འདོད་པ་དེ་ཆོས་ཀྱི་རྒྱལ་པོ་ཅན་དུ་ཤོག་ཤིག་ཅེས་དྲིལ་བསྒྲགས་སོ། །ཇི་ཙམ་ན་ཆོས་ཀྱི་རྒྱལ་པོ་ཅན་དུ་མར་མེའི་ཕྲེང་བ་བྱས་ནས། ཉི་མ་གཉིས་པ་ལ་དགེ་སློང་རྣམས་བཟའ་བ་དང་བཅའ་བས་བསྙེན་བཀུར་བྱ་བ་དང༌། མེ་ཏོག་གི་གདུགས་བཏགས་པ་བྱས་སོ། །དེ་ལྟར་བྱས་ནས་ཆོས་ཀྱི་རྒྱལ་པོ་ཅན་ནས་བྱུང་སྟེ་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ནས་རྡོ་ལེབ་གཞན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། དེར་འདུག་ཏེ་གསེར་གྱི་སྒྲོམ་བླངས་ནས་སྨྲས་པ། གང་ཞིག་སྤྲོ་བ་དེས་གསེར་གྱི་སྒྲོམ་འདི་ལོང་ལ་ངའི་མིག་ཕྱུང་ཤིག་ཅེས་སྨྲས་ཀྱང་ཐམས་ཅད་དུ་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱི་རྨི་ལམ་དུ་སྐྱེས་བུ་སྤྱི་ཅེར་མིག་སེར་བ་གཉིས་ཀྱིས། གཞོན་ནུའི་མིག་འབྱིན་པར་བྱེད་པར་མཐོང་བ་ཅི་འདྲ་བ་དེ་ལྟ་བུ་ཉིད་རིང་པོ་ཁོ་ན་ནས་འོང་བ་བཞིན་ནུས་མཐོང་ནས། སྨྲས་པ། ཀྱེ་གྲོང་ཁྱེར་པ་རྣམས་སྐྱེས་བུ་འོང་བ་འདི་དག་གིས་ངའི་མིག་དབྱུང་བར་བྱའོ། །གཞོན་ནུས་སྐྱེས་བུ་དེ་གཉིས་ལ་བོས་ཏེ་དྲིས་པ། ཁྱེད་ཀྱིས་ངའི་མིག་འབྱིན་པར་སྤྲོའམ། སྐྱེས་བུ་གཉིས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་དགའ་ན་མགོ་བོ་ཡང་དགས་པར་ནུས་ན། ཆུའི་ཆུ་བུར་ལྟ་བུའི་མིག་གཉིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཞོན་ནུ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་བ་བྱས་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བཟོད་པ་གསོལ་བ་ལ་ཞུགས་པར་གྱུར་ཏོ། །བདག་ནི་བྱིས་པར་གྱུར་པས་གང་བྱས་དང༌། །དབང་ཆེར་གྱུར་པའམ་འོན་ཏེ་མི་རིགས་བྱས། །དེ་ནི་དཔལ་ཉམས་ཤིན་ཏུ་སྡུག་བསྔལ་བ། །བདག་ལ་བརྩེ་བས་བཟོད་པར་བྱ་བའི་རིགས། །གཞན་ཡང༌། གཟུགས་རྣམས་མཐོང་བར་གྱུར་ཀྱང་འདི། །ཐ་མ་དག་ཏུ་གྱུར་པ་ཡི། །གཞོན་ནུ་ཀུན་ལ་ལ་ནི། །གནོད་བྱས་གང་ཡིན་བཟོད་པར་གྱིས། །དེའི་ཚེ་གཞོན་ནུས་གནས་བརྟན་གྱི་ཚིག་མངོན་སུམ་དུ་བྱས་ནས། །དེ་རྗེས་སུ་དྲན་བཞིན་དུ་སྨས་པ། རྒུད་པ་འདི་ནི་མཁྱེན་ནས་སུ།།


DTG167_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་བདག་ཉིད་ཀུན་ལ། །མི་རྟག་ཡང་དག་ལྟོས་ཤིག་ཅེས། །དེ་ཉིད་སྨྲ་བ་དེ་ཡིས་གསུངས། །དེ་ནི་བདག་གི་དགེ་བའི་བཤེས། །འདོད་དོན་ཕན་པར་བཞེད་པ་ཡིན། །གང་ཞིག་ཆོས་འདི་སྟོན་པ་ནི། །ཕོངས་ལ་བརྟན་པར་བྱེད་པ་ཡིན། །མི་རྟག་འགྱུར་པས་དེ་ནི་རྟག་མིན་བར། །བླ་མས་བསྟན་པས་ཁྱེད་ཀྱིས་ཡིད་ལ་གྱིས། །དངོས་པོ་འདི་དག་རང་བཞིན་གཡོ་བས་ན། །དེང་ཁྱོད་གནོད་པ་ལ་ནི་ང་མི་འཇིགས། །ཇི་ལྟར་ས་བདག་བཞེད་པ་ལྟར། །ཁྱེད་ཀྱིས་མིག་ནི་དབྱུང་བར་གྱིས། །མི་རྟག་སོགས་ཀྱིས་ཟག་མེད་པའི། །སྙིང་པོའི་མིག་ནི་ང་ལེན་ཏོ།། དེ་ནས་ཀུན་ལས་སྐྱེས་བུ་དེ་ལ་སྨྲས་པ། ཀྱེ་སྐྱེས་བུ་དེས་ན་རེ་ཞིག་ངའི་མིག་གཅིག་ཕྱུང་ལ་ངའི་ལག་ཏུ་བྱིན་ཅིག །ཇི་ཙམ་ན་སྐྱེས་བུ་དེས་ཀུན་ལའི་མིག་འབྱིན་པར་བརྩམས་སོ། །དེ་ནས་སྲོག་ཆགས་བརྒྱ་སྟོང་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་སྡུག་བསྔལ་ལོ། །དྲི་མེད་ཟེར་ལྡན་ཟླ་བ་འདི། །ནམ་མཁའ་ལས་ནི་ལྷུང་བར་གྱུར། །པདྨ་དཀར་པོའི་ནགས་ལས་ཀྱང༌། །དཔལ་གྱི་པདྨ་འབྱིན་པར་བྱེད། །དེ་ནས་སྲོག་ཆགས་བརྒྱ་སྟོང་དུ་བཞིན་དུ་དེས་ཀུན་ལའི་མིག་གཅིག་ཕྱུང་སྟེ། ལག་ཏུ་བྱིན་ནོ། །དེ་ནས་གཞོན་ནུས་མིག་དེ་བླངས་ཏེ། ཡོངས་སུ་བསྒོ་བས་སྨྲས་པ། འབྱུང་བ་ཆེན་པོའི་མཐུ་དང་ནི། །ལས་ཀྱི་རྒྱུ་ལས་འདི་བྱུང་སྟེ། །སྲོག་མེད་འཚོ་བ་མེད་སྟོང་པ། །མི་ཡི་སྲོག་གི་རྣམ་སྤངས་པའོ། །ཇི་ལྟར་སྔོན་ཆད་ཤའི་གོང་བུ་ཁྱོད། །བྱད་བཞིན་དེང་ནི་གཟུགས་ལ་ཅིས་མི་ལྟ། །མི་མཁས་ཁྱོད་ལ་བདག་ཏུ་གནས་བྱེད་པ། །དེ་བསླུས་དེ་ན་སྨད་པར་བྱ་བ་ཡིན། །དབུ་བ་འདྲ་ཞིང་ཆུ་བུར་དག་དང་མཚུངས། །ཤིན་ཏུ་ཉམ་ཆུང་གནོད་བྱེད་རང་དབང་མེད། །དེ་ལྟར་མཐོང་བ་རྟག་ཏུ་དྲེགས་མེད་ཅིང༌། །དེ་ལྟར་སླར་ཡང་སྡུག་བསྔལ་མཐོང་མི་འགྱུར། །དེ་ལྟར་རྣམ་པར་བསམས་པ་དང༌། དེས་དངོས་ཐམས་ཅད་ལ་མི་རྟག་པ་ཉིད་དུ་མཐོང་ཞིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པར་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀྱང་ཤེས་སོ། །དེ་ནས་གཞོན་ནུས་བདེན་པ་མཐོང་བ་དང༌། །སྐྱེས་བུ་དེ་ལ་སྨྲས་པ། བག་ཕེབས་པས་ཇི་ལྟར་མངོན་པར་འདོད་པར་མིག་གཉིས་པ་ཡང་ཕྱུང་ཤིག །ཇི་ཙམ་ན་སྐྱེས་བུ་


DTG167_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མིག་གཉིས་པ་ཡང་ཕྱུང་ནས་ཀུན་ལའི་ལག་ཏུ་བྱིན་ནོ། །དེ་ནས་ཀུན་ལའི་ཤའི་མིག་ཕྱུང་བ་དང༌། ཆོས་ཀྱི་མིག་རྣམ་པར་དག་པས་སྨྲས་པ། ང་ཡི་ཤ་ཡི་མིག་ཕྱུང་ཡང༌། །འོན་ཀྱང་ཤིན་ཏུ་རྙེད་དཀའ་འདི། །ཞེས་རབ་མིག་ནི་རྣམ་དག་པ། །མ་སྨད་པ་ནི་ང་ཡིས་ཐོབ། །རྒྱལ་པོས་རང་གི་བུ་ཡི་ནི། །བརྟགས་པ་སྤངས་པ་གྱུར་ཀྱང་ནི། །ཆོས་ཀྱི་རྒྱལ་པོའི་སྲས་གྱུར་པ། །བདག་ཉིད་ཆེན་པོ་ཐོབ་པར་གྱུར། །དབང་ཕྱུག་ལས་ནི་ཉམས་གྱུར་ཀྱང༌། །མྱ་ངན་སྡུག་བསྔལ་རྣམས་སྤངས་པས། །སྡུག་བསྔལ་མྱ་ངན་རྣམ་འཇིག་པའི། །ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར། །དེ་ནས་ཀུན་ལའི་མིག་ཕྱུང་བ་མཐོང་བ་དང༌། སྐྱེ་བོའི་ཚོགས་ཆེན་པོས་མགྲིན་གཅིག་ཏུ་སྨྲེ་སྔགས་འདོན་ཞིང་ལ་ལ་ནི་གོས་དང་རྒྱན་རྣམས་གཅོད་པར་བྱེད། ལ་ལ་ནི་ས་ལ་འགྲེ་ཞིང་ལྡོག་པར་བྱེད། ལ་ལ་ནི་དབྱིག་པ་དང་གཏུན་ཤིང་ལག་ན་ཐོགས་ཏེ་སྐྱེས་བུ་གཉིས་པོ་དེ་བརླག་པའི་ཕྱིར་བརྩོན་པར་བྱེད། གཞན་དག་ནི་རྒྱལ་པོ་ལ་ཡོངས་སུ་སྨོད་པར་བྱེད་དེ། ཀྱེ་མའོ་རྒྱལ་པོ་ཁྲོ་བོའི་སྟོབས་ཅན། ཀྱེ་མའོ་རྒྱལ་པོ་ཤེས་རབ་ཞན་པ། ཀྱེ་མའོ་རྒྱལ་པོ་དབང་ཕྱུག་གི་དྲེགས་པ་གང་ན་བུ་གཅིག་པར་གྱུར་པ་ལ་ཡང་གནས་སྐབས་འདི་ལྟ་བུར་བྱེད་ཅེས་དེ་ལྟ་བུའི་ཚུལ་རྣམ་པ་མང་པོར་སྨྲ་བཞིན་དུ་གྲོང་ཁྱེར་དུ་ཞུགས་པར་གྱུར་ཏོ། །ཅི་ཙམ་ན་ཀུ་ན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་མ་ཡིན་གྱི། གཞན་དུ་ན་སྦྱོར་བ་འདི་ནི་རྒྱལ་སྲུང་མའི་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་ཡང་སྨྲས་པ། གང་གིས་སྦྱོར་བ་འདི་ནི་བཀུར་བ་ཡིས། །གང་ཞིག་མྱོང་ནས་རང་དོན་བྱས་གྱུར་པའི། །རྒྱལ་ཞེས་བྱ་བ་ཡུན་རིང་བདེར་གྱུར་ཅིང༌། །ལྷ་མོའི་ཚེ་དང་སྟོབས་ནི་སྐྱོང་བར་ཤོག །དེ་ནས་གསེར་ཕྲེང་ཅན་མས་ཀུན་ལའི་མིག་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁྱོ་ལ་བརྩེ་བས་ཀུན་ལའི་ཐད་དུ་སོང་སྟེ། འཁོར་རྣམས་བསལ་ནས། ཀུན་ལའི་མིག་ཕྱུང་བ་ལུས་ལ་ཁྲག་གིས་གང་བ་མཐོང་བ་དང༌། བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །དེ་ཅི་ཙམ་ན་ཆུས་གཏོར་ཏེ་བསླངས་སོ། །དེ་ནས་ཇི་ཞིག་ལྟར་འདུ་ཤེས་རྙེད་པ་དང༌། ང་རོ་དང་བཅས་པར་རབ་ཏུ་ངུ་ཞིང་སྨྲས་པ། ཁྱེད་ཀྱི་མིག་ནི་ཡིད་དུ་འོང་པ་གང༌། །ང་ཡིས་བལྟས་ན་ཤིན་ཏུ་དགའ་གྱུར་པ། །དེ་ནི་ང་ལྟར་བལྟས་ན་འཇིགས་སྐྱེད་


DTG167_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། །སེམས་ཀྱི་མྱ་ངན་མ་ལུས་འབྱིན་པར་བྱེད། །དེ་ནས་ཀུན་ལས་ཆུང་མ་ལ་རྗེས་སུ་བརྩེ་བས་སྨྲས་པ། མྱ་ངན་ལ་སྟེན་པ་རིགས་པ་མ་ཡིན་གྱི་ངུ་བ་ཐོང༌། ཅིའི་ཕྱིར་ཞེ་ན། འདི་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་གནས་པ་ཡིན་ནོ། །འཇིག་རྟེན་འདི་ལས་བདག་ཉིད་ཅན་དུ་ཤེས། །འགྲོ་བ་སྡུག་བསྔལ་དངོས་པོ་དང་ལྡན་པར། །ཤེས་ན་སྡུག་དང་བྲལ་ལ་ཞེན་མི་བྱ། །དེ་བས་སྡུག་པ་མཆི་མ་འབྱིན་མི་རིགས། །གཞན་ཡང་མིག་ཕྱུང་བ་ངས་ད་ཅི་ཞིག་བྱ་ཉེ་དུའི་གན་དུ་སོང༌། ཁྱོད་ཀྱང་སྡུག་བསྔལ་གྱི་སྐལ་པ་ཅན་དུ་མ་བྱེད་ཅིག །གསེར་ཕྲེང་མས་སྨྲས་པ། སྐྱེས་བུ་གང་ཞིག་དཔལ་རྒྱས་བུད་མེད་ནི། །བརྩེ་བས་རྗེས་འཇུག་པ་ལ་ངོ་མཚར་མེད། །གང་ཚེ་དཔལ་ཉམས་པ་ན་རྗེས་འབྲང་བའི། །བུད་མེད་དེ་ནི་མི་ནང་ལྷ་དང་མཚུངས། །དེ་ནས་ཀུན་ལ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་ལས་བྱུང་བ་དང༌། མངལ་དུ་ཞུགས་པ་ནས་བརྩམས་ཏེ། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་དང་ལྡན་པས། །ལས་ཅི་ཡང་བྱེད་པར་མི་ནུས་ཀྱི། །གཞུན་དུ་ན་པི་ཝང་དག་རྡུང་ཞིང་གླུ་དག་ལེན་པར་ནུས་སོ། །དེ་ནས་དེ་གསེར་ཕྲེང་མའི་ལག་པ་ལ་འཇུས་ཏེ། གཞོན་ནུ་སྐྱེད་བྱེད་ཕྲག་པར་ཁུར་ནས་འདི་སྐད་ཅེས་སྨྲས་སོ། །བུ་སྡུག་དཔའ་བོའི་རིགས་ལས་སྐྱེས། །ཁྱོད་དང་རབ་སྡུག་བསྔལ་ཏེ། །ཡུ་བུས་མཐར་ནི་སློང་མོ་ཐོབ། །མི་བཟད་ལས་ནི་སྔོན་བྱས་ཉིན། །སྒྱུ་མ་ལྟ་བུར་མི་བརྟན་པའི། །དབང་ཕྱུག་ལ་ནི་སུ་ཡིད་རྟོན། །མྱ་ངན་མེད་ཀྱི་བུར་གྱུར་ལ། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །ལས་བྱས་པ་ནི་ཚོགས་པ་དང༌། །ལྡན་པའི་འབྲས་བུ་འདི་ལྟ་བུ། །ལས་ནི་ལྷན་ཅིག་བྱས་པས་ན། །ལྷན་ཅིག་ལོངས་ནི་སྤྱད་པར་གྱུར། །དེ་བས་ན་ད་ཅི་ཞིག་བྱས་ཏེ། པ་ཏ་ལི་པུ་ཏྲར་སོང་ལ། རྒྱལ་པོ་མྱ་ངན་མེད་པ་ལ་གསོལ་བ་གདབ་པར་བྱའོ། །འཛམ་གླིང་དབང་ཕྱུག་མངའ་བདག་དེ། ང་ཡི་དཀའ་བ་བྱེད་པའི་ཕ། །དེ་ནི་སྦྱིན་པའི་གནས་ཡིན་ཞིང༌། །ང་ལ་རྟག་ཏུ་རྗེས་བརྩེ་ཡིན། །དེ་ནས་ཀུན་ལས་པི་ཝང་རྡུང་ཞིང་གླུ་ལེན་པ་དང༌། གཞན་གྱི་ཁྱིམ་རྣམས་སུ་ཚུལ་འདིས་འཚོ་བ་སྒྲུབ་ཅིང་ཆས་སོ། །བསྙེན་བཀུར་ཆེན་པོ་ལས་ཉམས་ཤིང༌། །འོང་བསྐལ་དམན་སེམས་ཅན་ནི། །


DTG167_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མོས་རྒྱུ་བར་བྱེད་པ་ལ། །ཆོས་ལྡན་སྐྱེས་བུ་སུ་ཞིག་སྟེར། །ཕ་དང་མ་སྤངས་ལོངས་སྤྱོད་དང༌། །ཟས་དང་མལ་ཆ་ཁྱིམ་མེད་པ། །ཉམ་ངར་རབ་ཞུགས་ལོང་བ་ལ། །སློང་མོ་མ་ཡིས་སྟེར་བར་མཛོད། །ལོངས་སྤྱོད་གློག་འགྱུ་དང་འདྲ་ཞིང༌། །ཟིལ་པའི་ཆུ་ཐིགས་འདྲ་བ་ལ། །འགྲོ་བཀྲེན་སྙན་ཚིག་སྦྱིན་པ་ཡིས། །སྙིང་པོ་མྱུར་དུ་ལེན་པར་གྱིས། །དབུལ་པོ་སྐྲ་ནི་བརྫེས་གྱུར་ཅིང༌། །འཇིག་རྟེན་ཀུན་གྱིས་བརྙས་པ་དང༌། །དཔལ་ཉམས་ཁྱིམ་ཁྱིམ་སློང་མོས་རྒྱུ། །ངལ་མ་ཡིས་སློང་མོ་བྱིན། །དེ་ནས་ཀུན་ལས་སློང་མོ་རྙེད་པ་རྣམས་ཆུང་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ།། གསེར་ཕྲེང་མ་ཡང་ལམ་གང་ནས་པ་ཏ་ལི་པུ་ཏྲ་ནས་འོངས་པའི་ལམ་དེ་ཉིད་ནས་རྗེས་སུ་འབྲང་བར་འགྲོའོ། །དེ་སོང་བ་དང་ཆོས་ཀྱི་འཁོར་ལོའི་གནས་སུ་ཕྱིན་ཏོ། །དེ་ནས་ཀུན་ལས་གསེར་ཕྲེང་མ་ལ་དྲིས་པ། །བཟང་མོ་གང་ཡུ་བུས་ཕྱིན་པའི་གྲོང་ཁྱེར་འདི་གང་ཞིག་ཡིན། བཙུན་མོས་མཐོང་བ་དང༌། བརྒྱལ་ཏེ་ས་ལ་འགྱེལ་ཏོ། །སྐད་ཅིག་ཙམ་ན་འདུ་ཤེས་རྙེད་དེ་སྨྲས་པ། གང་ཚེ་དཔལ་དང་ལྡན་པར་འགྲོ་བ་ན། །སྐྱེ་བོ་བྱེ་བ་གནས་འདིར་ལྷགས་པར་ལྷགས། །ཁྱེད་མིག་བྲལ་ནས་དེང་ནི་འདིར་འོངས་པས། །འདུ་བྱེད་གཡོ་བ་དེ་ནི་ཅིར་མི་རུང༌། །ཇི་ཙམ་ན་རིམ་གྱིས་པ་ཏི་ལི་པུ་ཏྲར་ཕྱིན་ཏོ། །དེ་ནས་སྐྱེད་མོས་ཚལ་ཡིད་འཕྲོགས་པ་ཞེས་བྱ་བ་རྒྱལ་པོ་མྱ་ངན་མེད་ཀྱིས་རང་གི་བུ་ཀུན་ལའི་དོན་དུ་བྱས་པ་ཞིག་ཡོད་པ་དེར་ཞུགས་པར་བརྩམས་ཏེ་ཞུགས་པ་དང༌། ཇི་ཙམ་ན་སྐྱེད་མོས་ཚལ་སྲུང་བས་མཐོང་ནས་སྨྲས་པ། ལོང་བ་བཀྲ་མི་ཤིས་ཤིང་མི་བསྔགས་པ་འདི་སུ་ཞིག་ཡིན་ནས་སྐྱེད་མོས་ཚལ་འདིར་ཞུགས། ཀྱེ་མའོ་ལོང་བ་འཛམ་བུའི་གླིང་གི་དབང་ཕྱུག་གི་རྒྱལ་པོ་མྱ་ངན་མེད་པའི་བུ་ཀུན་ལ་ཞེས་བྱ་བའི་དོན་དུ་སྐྱེད་མོས་ཚལ་འདི་སྲུང་བ་ཁྱེད་ཀྱིས་མི་ཤེས་སམ། གསེར་ཕྲེང་མས་སྨྲས་པ། ཀྱེ་ཧུད་སྡུག་བསྔལ་ལོ། །སྐྱེད་མོད་ཚལ་ནི་ནགས་རྒྱས་པར། །ང་ཡི་བུ་འདི་དགའ་འགྱུར་ཞེས། །བུ་ལ་བརྩེ་བས་ས་བདག་གིས། །གང་གི་དོན་དུ་བྱས་གྱུར་པ། །བདག་ཅག་གནས་པའི་དོན་དུ་དེར། །འཚོ་བ་ཞན་པས་ཕྱིན་གྱུར་ན། །སྐལ་པ་དམན་པས་མ་ཤེས་ནས། །དེ་ལས་དེ་ལྟར་སྐྲོད་པར་གྱུར། །གང་དུ་གཞོན་ནུ་གླུའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་


DTG167_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བཻ་ཌཱུཪྻའི་རྐང་རྟེན་དང་ལྡན་པའི་མལ་ཁྲི་ལ་ཉལ་ནས་རྩེ་ཞིང་རོལ་པའི་གནས་པས་དགའ་པའི་གནས་གང་ཡིན་བ་དེར་བགྲོད་པ་ཙམ་ཡང་ཐོབ་པར་མ་གྱུར་ཏོ། །དེ་ནས་ཀུ་ན་ལས་དེ་ཡིད་བསྲིང་བར་བྱ་བའི་ཕྱིར་སྨྲས་པ། བདེ་བར་གཤེགས་པས་རྒྱལ་སྲིད་དཔལ་དག་ནི། །སྒྱུ་མ་རྨི་ལམ་སྨིག་རྒྱུ་འདྲ་བར་གསུངས། །ཕུན་ཚོགས་རྒུད་པ་དེ་ལ་རིམ་བྱུང་ན། །མཁས་པ་སུ་ཞིག་རྒྱལ་སྲིང་བདེ་བ་འདོད། །དེ་ནས་གཞོན་ནུ་སླར་ལོག་ནས། །པ་ཏ་ལི་པུ་ཏྲར་འཇུག་པར་བྱའོ་ཞེས་ངེས་པར་བསམས་ནས་དེར་ཕྱིན་པ་དང་སྒོར་གསེར་ཕྲེང་མ་དུ་བ་ལ་ཞུགས་པར་གྱུར་ཏོ། །ཀུ་ན་ལས་སྨྲས་པ་འདི་ཅི་ཞིག་ཡིན། དེས་སྨྲས་པ། གང་ལས་སྔོན་ནི་བྱུང་བ་ན། །གང་གིས་གྲོང་ཁྱེར་བརྒྱན་གྱུར་པའི། །ད་ནི་དེ་ལ་དེ་མེད་དེ། །ཕྲེང་བ་སྐམས་པ་དོར་བར་འགྱུར། །ཇི་ཙམ་ན་རིམ་གྱིས་ཕའི་གླང་པོ་ཆེའི་བྲེས་སུ་མཚན་མོ་གནས་བཅས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་དེའི་མཚན་མོ་ཁང་བཟངས་ཀྱི་སྟེང་ན་ཉལ་བ་དང༌། མཚན་ཕྱེད་ཀྱི་དུས་འདས་པ་ན་སད་པ་དང༌། དེ་གཞོན་ནུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། ངའི་བུ་བདེན་པའི་ཚིག་ཅན་དེ་ཅིར་གྱུར་ཞིག་གུ་།རྒྱལ་སྲུང་མས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱི། །རྒྱལ་པོས་སྨྲས་པ། ང་ཡི་བུ་ཡི་ཕོ་ཉ་མེད། །འཕྲིན་མེད་ཡི་གེའང་ཡོད་མིན་ན། །དེ་ཡིས་ང་ནི་བརྗེད་གྱུར་ཏམ། །འོན་ཏེ་ང་ལ་སྔོ་བར་གྱུར། །དེ་ནས་གླང་པོ་ཆེའི་རྫི་བོ་དེས་སྨྲས་པ། ཀྱེ་གླུ་མཁན་ལོངས་ཤིག །རེ་ཞིག་པི་ཝང་སྦྲེངས་ལ་གླུ་ལོངས་ཤིག །ཁོ་བོས་མཉན་པར་བྱའོ། །དེ་ནས་ཀུ་ན་ལ་ལངས་ནས་པི་ཝང་ལེན་པར་ཞུགས་ཏེ། དེ་ཇི་ལྟར་མིག་ཕྱུང་བས་བདེན་བ་མཐོང་བར་ཡང་བྱས་ནས། སློང་མོ་པའི་ཚུལ་གྱིས་པ་ཏ་ལི་པུ་ཏྲར་ཕྱིན་པ་དང༌། རིགས་ལས་བྱུང་བའི་གླུ་ལེན་པར་བརྩམས་སོ། །མི་གང་མིག་དང་བྲལ་བར་གྱུར་པ་དེ་ལ་སྲོག་གི་དགོས་པ་ཅི་ཞིག་ཡོད། །གཉེན་གྱི་སྐྱེ་བོས་སྤངས་ཤིང་ཁྲོས་པའི་བཞིན་རས་དག་ལ་ལྟ་བར་བྱེད་པ་ན། །ཆུ་ཤིང་བཤིག་ལྟར་སྙིང་པོ་མེད་པའི་འདུས་བྱས་དག་ལ་མཁས་པ་སུ་མི་སྐྱོ། །གང་གིས་ང་ནི་རིན་ཆེན་རང་བཞིན་ཤིང་ལྟར་འབད་པས་རྣམ་པར་གསོས་གྱུར་ཅིང༌། །བུ་ཡི་སྲེད་པ་ཀུ་ན་ལ་ཞེས་མིང་བཏགས་བྱ་དང་འདྲར་


DTG167_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །མི་ཡི་བདག་པོའི་བུ་རུ་གྱུར་ཀྱང་བཀྲེན་པའི་ཚུལ་དུ་ང་ནི་སྤྱོང་པར་བྱེད། །གཞན་ཡང༌། སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད། །མིག་སོགས་ཡེ་ཤེས་སྒྲོན་མ་ནི། །དག་པའི་ཤེས་རབ་ཀྱིས་མཐོང་གང༌། །དེ་ནི་སྐྱེ་བོ་རྣམས་ལས་གྲོལ། །གལ་ཏེ་ཁྱོད་ནི་སྲིད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར། །སྲིད་པའི་ཉེས་པ་རྣམ་པར་ངེས་བྱས་བློ་རུ་བྱ། །གལ་ཏེ་འདི་ན་བརྟན་པའི་བདེ་བ་འདོད་གྱུར་ན། །སྐྱེ་མཆེད་ཉིད་ལ་བརྟན་པ་ཉིད་དུ་གསོལ་བ་ཐོབ། །དེའི་གླུའི་སྒྲ་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་དགའ་བཞིན་དུ་སྨྲས་པ། གླུ་ནི་ཀུ་ན་ལའི་དང་རབ་ཏུའང་ལྡན་གྱུར་ཅིང༌། །ཡུན་རིང་ཞིག་ན་པི་ཝང་སྒྲ་ཡང་ཐོས་གྱུར་ན། །ཅིག་འདི་རུ་ཀུན་ལ་ནི་འོང་གྱུར་ཏམ། །མ་འོངས་པར་ནི་བདག་ནི་མཐོང་བར་དགའ་བར་གྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཉུང་རུམ་གྱི་སྐྱེས་བུ་ཞིག་ལ་སྨྲས་པ། །ཀྱེ་སྐྱེས་བུ། ཅིག་གླུ་ཡི་སྒྲ་འདི་ནི། །ཀུ་ན་ལ་དང་རབ་འདྲ་བས། །བརྟན་དང་ཞུམ་པ་མི་མཐུན་པར། །སྟོན་བ་ལྟ་བུར་ཤེས་པར་གྱུར། །དེ་བས་འདིར་ནི་སྒྲ་འདི་ཡི། །བརྟན་ལས་ཤིན་ཏུ་གཡོས་གྱུར་ཏེ། །སེང་གེ་ཉིད་ཀྱི་སྒྲ་ཡིས་ནི། །གླང་པོ་རབ་ཏུ་སྐྲག་ལྟར་གྱུར། །དེ་ནས་ཉུང་རུམ་གླང་པོ་ཆེའི་བྲེས་སུ་སོང་བ་དང༌། །ཀུ་ན་ལ་མིག་ཕྱུང་བ་རླུང་དང་ཚ་བས་ལུས་ཚིག་པ་དེ་མཐོང་བ་དང་ངོ་མ་ཤེས་སོ། །དེ་ནས་གླང་པོ་ཆེ་སྐྱོང་བ་ལ་སྨྲས་པ། །འདི་སུ་ཞིག་ཡིན། གླང་པོ་ཆེའི་རྫི་བོས་སྨྲས་པ། འདི་ནི་ལོང་བ་མིག་མེད་པ་ཞིག་གོ །དེ་སོང་ནས་རྒྱལ་པོ་ལ་གསོལ་པ། །ལྷ་ལོང་བ་ཞིག་པི་ཝང་ཐོགས་ཏེ་ཆུང་མ་དང་ལྷན་ཅིག་ལྷའི་གླང་པོ་ཆེའི་བྲེས་ན་མཆིས་སོ། །དེ་ཐོས་ནས་རྒྱལ་བོས་བསམས་པ། ཇི་ལྟར་ངས་རྨི་ལམ་མི་དགེ་བ་མཐོང་བ་ལས་ན། གཞོན་ནུའི་མིག་ངེས་པར་ཉམས་པར་གྱུར་ཏོ་སྙམ་མོ། །ཡང་སྨྲས་པ། ང་ཡིས་སྔོན་ནི་རྨི་ལམ་དུ། །མཚན་མ་ཇི་ལྟར་མཐོང་བ་ལས། །ཐེ་ཚོམ་མེད་པར་ཀུ་ན་ལའི། །མིག་ནི་བརླག་པ་ཉིད་དུ་ངེས། །དེ་ནས་རྒྱལ་པོ་རབ་ཏུ་ངུ་ཞིང་སྨྲས་པ། བུ་ཡི་སྡུག་བསྔལ་དོགས་པ་ཡིས། །ང་ཡི་སེམས་ནི་ཞིར་མ་གྱུར། །དེ་ནི་ང་ཡི་ཐད་ཉིད་དུ། །མྱུར་བ་ཁོ་ནར་ཁྱེར་ལ་ཤོག །ཇི་སྲིད་ན་སྐྱེས་བུ་དེ་ཡང་གླང་པོ་ཆེའི་བྲེས་སུ་སོང་སྟེ། ཀུ་ན་ལ་ལ་སྨྲས་པ། ཁྱོད་སུའི་བུ་ཡིན། ཁྱོད་ཀྱི་མིང་ནི་ཅི་ཞེས་བྱ། །ཀུ་ན་ལས་སྨྲས་པ། མྱ་ངན་མེད་པ་ཞེས་བྱའི་རྒྱལ།།


DTG167_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཡི་ནི་རིགས་དགའ་བ། །གང་གིས་ས་འདི་རྒྱས་པ་ནི། །མངག་གཞུག་པར་ནི་དབང་དུ་གྱུར། །ང་ནི་རྒྱལ་པོ་དེ་ཡི་བུ། །ཀུ་ན་ལ་ཞེས་རྣམ་པར་གྲགས། །སངས་རྒྱས་ཉི་མའི་གཉེན་གྱུར་པ། །ཆོས་ཅན་སྲས་ཀྱང་ང་ཡིན་ནོ། །དེ་ནས་ཀུ་ན་ལ་ཆུང་མ་དང་ལྷན་ཅིག་རྒྱལ་པོ་མྱ་ངན་མེད་ཀྱི་གན་དུ་སོང་ངོ༌། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུ་ན་ལའི་མིག་ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ཕྱག་དར་གྱི་དུམ་བུ་བསྡུས་པའི་གོས་གྱོན་པ་དང༌། སྨད་དཀྲིས་བྱས་པས་ངོ་ཤེས་པར་མ་གྱུར་གྱི། དབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ་ཁྱོད་ཀུ་ན་ལ་ཡིན་ནམ། །ལྷ་དེ་ལྟ་ལགས་ཏེ་བདག་ནི་ཀུ་ན་ལའོ། །དེ་ཐོས་པ་དང་རྒྱལ་པོ་བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་ཀུ་ན་ལའི་གདོང་བལྟས་ན། །མིག་བྲལ་མྱ་ངན་གྱིས་ནི་སེམས་གདུངས་ཤིང༌། །མྱ་ངན་མེད་པ་སར་ལྷུང་འདུ་ཤེས་བྲལ། །ཀྱི་ཧུད་བུ་གཅིག་བུ་གཅིག་ཅེས་པར་སྨྲས། །ཇི་ཙམ་ན་རྒྱལ་པོ་ཆུས་གཏོར་ནས་ས་ལས་བསླངས་ཏེ་སྟན་ལ་བཞག་གོ །དེ་ནས་རྒྱལ་པོ་ཅི་ཞིག་ལྟར་འདུ་ཤེས་རྙེད་ནས་ཀུ་ན་ལ་པད་པར་བཞག་སྟེ་སྨྲས་པ། དེ་ནས་ཡུད་ཙམ་དབུགས་ནི་ཕྱུང་ནས་སུ། །མགུལ་པ་མཆི་མར་བཅས་པས་མགུལ་འཁྱུད་དེ། །བུ་ཡི་གདོང་ལ་ཡོངས་སུ་བྱུགས་ནས་སུ། །རྒྱལ་པོ་རྣམ་པ་མང་དུ་སྨྲེ་བར་གྱུར། །ཀུ་ན་ལ་དང་མཚུངས་པའི་མིག་བརྟགས་ནས། །ང་ཡིས་རང་བཞིན་དེ་ནི་མིང་བཏགས་གང༌། །བུ་དེའི་མིག་ནི་ཕྱུང་བ་ལ་བལྟས་ནས། །ཀུ་ན་ལ་ཞེས་ཇི་ལྟར་སྨྲ་བར་བྱ། །ཡང་སྨྲས་པ། ཁྱེད་ཀྱི་མཛེས་ཤིང་མདངས་ལྡན་བཞིན་འདི་ནི། །ནམ་མཁའི་ཟླ་བ་སྐར་མ་དང་བྲལ་ལྟར། །མཛེས་པའི་མིག་དང་བྲལ་བར་ཁྱེད་སུས་བྱས། །བུ་སྡུག་རེ་ཞིག་སྨྲོས་ཤིག་སྨྲོས་ཤིག་དང༌། །སྙིང་རྗེ་མེད་པའི་སེམས་ལྡན་སུ་ཡིས་ཁྱེད། །ཐུབ་འདྲ་འཕགས་པའི་བདེན་བ་རྟོགས་གྱུར་པ། །ཁྱེད་ཀྱི་མིག་བཟང་དགྲ་མེད་འཁོན་བཟུང་ནས། །རང་བཞིན་འདི་བྱས་ང་ཡི་མྱ་ངན་རྩ། །དོན་འདི་མྱུར་བ་ཉིད་དུ་སྨྲོས་ཤིག་སྨྲོས། །ང་ཡི་ལུས་འདིའང་འཇིག་པར་འགྱུར་དུ་འོང༌། །ཁྱེད་ཀྱི་བཞིན་རྒུད་མྱ་ངན་གྱིས་བ་སྲེགས་པ། །དགྲ་ཡིས་ནགས་བཅད་བསྲེགས་པ་ལྟ་བུར་གྱུར། །དེ་ནས་ཀུ་ན་ལས་ཕ་ལ་སྨྲས་པ། འདས་པའི་དོན་ལ་ནི་མྱ་ངན་བྱ་བའི་མི་རིགས་ཏེ།


DTG167_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ལས་རྣམས་ལས་སངས་རྒྱས་ཀྱང་མི་འདའ། །དེ་བཞིན་རང་རྒྱལ་འབྲས་བུ་ལ་གནས་དང༌། །སོ་སོའི་སྐྱེ་བོའང་གྲོལ་བར་མི་འགྱུར་ཞེས། །ཐུབ་པའི་གསུང་ནི་ཁྱེད་ཀྱིས་མ་གསན་ནམ། །རྒྱལ་པོ་སྐྱེས་བུས་མི་དགེའི་ལས་བྱས་རྣམས། །འབྲས་བུ་མེད་པར་ནམ་ཡང་མི་འགྱུར་ན། །འདི་ན་རང་བྱས་ལས་ཀྱི་འབྲས་བུ་ལ། །འདི་ནི་གཞན་གྱིས་བྱས་ཞེས་ཇི་ལྟར་སྨྲ། །རྒྱལ་པོ་ཆེན་པོ་བདག་གིས་ནོངས་བགྱིས་ཏེ། །ནོངས་བཅས་མ་ཡིན་ནམ་ཡང་འདི་འདྲ་མིན། །མཚོན་དང་རྡོ་རྗེ་དུག་དང་སྤྲུལ་རྣམས་ཀྱིས། །ནམ་མཁའ་འགྱུར་ཞིང་གནོད་བྱེད་མི་ནུས་སོ། །ལས་ཀྱི་བདག་ཉིད་ཅན་ནི་ལུས་མཚོན་པའི། །ལུས་ཅན་རྣམས་ལ་མི་དགེའི་སྡུག་བསྔལ་འབྱུང༌། །དེ་ནས་རྒྱལ་པོ་མྱ་ངན་མེད་མྱ་ངན་གྱི་མེས་གདུངས་པའི་ཡིད་ཀྱིས་སྨྲས་པ། ང་ཡི་བུ་ཡི་མིག་བཟངས་སུ་ཡིས་ཕྱུང་བར་གྱུར། །སུ་ཞིག་ཤིན་ཏུ་སྡུག་པའི་སྲོག་ནི་གཏོང་བ་ཞུགས། །ང་ཡི་ཡིད་འདི་མྱ་ངན་མེ་ཡིས་བསྲེགས་གྱུར་གྱིས། །གང་ལ་ཆད་པས་གཅད་བྱ་བུ་སྡུག་མྱུར་དུ་སྨྲོས། །ཀུ་ན་ལས་སྨྲས་པ། གཞོན་ནུ་ཀུ་ན་ལ་འདི་ཡི། །མིག་ནི་གཉིས་ཀ་ཕྱུང་ཤིག་ཅེས། །ཚེམས་ཀྱི་རྒྱ་ཡིས་རྒྱས་བཏབ་ནས། །ཡི་གེ་ལྷ་ཡིས་བསྐུར་བ་ལགས། །རྒྱལ་པོས་སྨྲས་པ། བྱ་པ་འདི་དག་རྣམ་བསམས་པ། །རྨི་ལམ་དུ་ཡང་མ་དྲན་ན། །ཅི་ཡི་ཕྱིར་ན་ཚིག་འདི་དག །ང་ནི་རབ་ཏུ་སྨྲ་བར་བྱེད། །དེ་ནས་གཞོན་ནུ་མིག་མཆི་མས་གང་བ་དང་བཅས་པའི་རྒྱལ་པོ་ལ་བལྟས་ནས་སྨྲས་པ། མི་ཡི་བདག་པོ་མྱ་ངན་དག་གིས་འཁྲུགས་མ་མཛད། །རང་གི་མིག་དང་བྲལ་བ་མཛེས་པ་མིན་ལ་གཟིགས། །འདི་ནི་མི་ཡིས་རང་བྱས་སྡིག་པའི་ཁུར་བསྐུར་ཏེ། །ས་བདག་གཞན་བྱས་འབྲས་བུ་གཞན་ནི་སྤྱོད་མི་འགྱུར། །ས་བདག་མི་དགེའི་ལས་རྣམས་བྱས་པར་གྱུར་པ་དག །སྨིན་པའི་དུས་སུ་འཇིགས་པར་ནམ་ཡང་མི་འགྱུར་ཏེ། །དེ་འདྲའི་འབྲས་བུ་འདི་ནི་རང་གིས་བྱས་པ་ལ། །གཞན་གྱིས་འདི་དག་བྱས་ཞེས་ཇི་ལྟར་བརྗོད་པར་བགྱི། །ལྷ་གཞན་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་མ་གསན་ནམ། འཇིག་རྟེན་གསུམ་གྱི་སྙིང་པོ་ལྷ་མིས་མཆོད་གྱུར་པ། །སྟོབས་ཀྱིས་སྟོབས་ཕྱུག་པ་ཡང་སྟོབས་མཐའ་ལས་མི་ཐར། །སྔོན་བྱས་ལས་ལས་ནམ་ཡང་ཐར་པར་མི་འགྱུར་ན། །འདི་ན་བདག་འདྲ་


DTG167_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་སྨོས་ཀྱང་ཅི་ཞིག་འཚལ། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱོར་བ་འདི་ནི་རྒྱལ་སྲུང་མས་བྱས་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོས་རྒྱལ་སྲུང་མ་བོས་ཏེ་སྨྲས་པ། སྐལ་མེད་ཅི་ཕྱིར་ས་ར་ནི་ནུབ་མ་གྱུར། །ཆོས་བཤིག་ང་ཡང་མི་དགར་བྱས་པས་ན། །ཆོས་མིན་ལྡན་པ་བདག་དཔལ་འཕྲོག་འདྲ་བ། །ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར་བྱ། །དེ་ནས་རྒྱལ་པོ་ཁྲོ་བོའི་མེ་འབར་བ་དང༌། རྒྱལ་སྲུང་མ་ལ་བལྟས་ཏེ་སྨྲས་པ། འདིའི་མིག་དབྱུང་ངམ་འོན་ཏེ་འདི་ཡི་ལུས། །སེན་མོ་ཤིན་ཏུ་རྣོ་བས་དྲལ་བའམ། །ཡང་ན་གསོན་པོར་མདུང་རྩེར་བསྐྱོན་བའམ། །འདིའི་ལུས་སོགས་ལེས་རྣམ་པར་དགས་པར་བྱ། །ཡང་ན་ལྕེ་ནི་སྤུ་གྲིས་གཏུབས་བྱས་ཤིང༌། །དགྲ་སྟས་བསྣུན་བས་མགོ་བོ་གཅད་པར་བྱ། །ཡང་ན་བསྐལ་བའི་མེ་འདྲར་གཞུག་བྱ་ཞིང༌། །འོན་ཏེ་དུག་གིས་ལུས་འདི་དགང་བར་བྱ། །དེ་ལ་སོགས་པ་གསོད་བཅས་སྦྱོར་བ་ནི། །རྣམ་མང་མི་ཡི་དབང་པོས་སྨྲས་པ་དང༌། །སྙིང་རྗེའི་བདག་ཉིད་ཅན་ཀུ་ན་ལས་ཐོས་ནས། །བདག་ཉིད་ཆེན་པོ་དེ་ལ་གསོལ་བ་འདེབས། །དེ་ནས་རྒྱལ་པོ་མྱ་ངན་མེད་ཁྲོ་བའི་མེ་ཀུན་དུ་འབར་བས་དཀྲུགས་པ་དང༌། རྒྱལ་སྲུང་མ་བརླག་པའི་ཐབས་ཚོལ་བ་ལ་བརྩོན་པ་ལ་ཀུ་ན་ལས་སྤྱི་བོས་ཕྱག་བྱས་ཏེ། སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ལྷ་བུད་མེད་འདི་གསད་པར་རིགས་པ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གང་གིས་ཁྱོད་དང་ངའི་ལུས་བཅོམ་རབ་ཏུ་བྱས་གྱུར་ལ། །འདི་ལྟའི་ཚིག་ནི་སྨྲ་བྱེད་ཁྱེད་ནི་རིགས་པ་མ་ཡིན་ནོ། །ཀུ་ན་ལས་སྨྲས་པ། དེ་དེ་ལྟ་ལགས་སུ་ཟིན་ཀྱང༌། བདག་ནི་དེའི་ཚེ་ནས་ད་ལྟ་དེའི་བར་དུ་འདི་དང་གཤེད་མ་པའི་སྐྱེས་བུ་དེ་གཉིས་ལ་གཞོན་ནུ་སྐྱེད་བྱེད་ལ་ཁོང་ཁྲོ་བའི་སེམས་མེད་པ་དེ་བཞིན་དུ་དེ་རྣམས་ལ་སྙིང་རྗེ་དང་བྱམས་པའི་སེམས་ཉིད་ཤིན་ཏུ་བསྒོམ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་སྙིང་རྗེའི་དབང་དུ་གྱུར་པ་ཡིན་པར་ཚིག་འདི་ལྟ་བུ་ལ་སུ་ཞིག་ཡིད་ཆེས་པར་གྱུར། ཀུ་ན་ལས་སྨྲས་པ། ངེས་པར་ནང་དུ་བདག་ཉིད་ཚད་མར་གྱུར་པ་དང༌། དེ་བཞིན་དུ་མངོན་པར་ཤེས་པ་དྲུག་དང་ལྡན་པར་བདག་ཉིད་ཆེན་པོ་གཞན་གྱི་སེམས་ཤེས་པ་གཞན་དག་དཔང་དུ་གྱུར་པ་ལགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན། ང་དང་འཇིག་རྟེན་རྣམས་ཀྱི་མངོན་དུ་གྱིས་ཤིག །དེ་ཡང་འདི་ལྟར་


DTG167_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བིའི་རྒྱལ་པོས་ཕུག་རོན་གྱི་དོན་དུ་ལུས་བཅད་ནས། བདེན་བ་བདར་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་ཐོས་ཀྱི་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་བདེན་པ་བདར་བས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱིས་ཤིག །དེ་བཞིན་དུ་བགྱིའོ་ཞེས་སྨྲས་པ། ཀུ་ན་ལས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་འདུས་པ་དང༌། རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་མངོན་དུ་བྱས་ཏེ་ཤར་ཕྱོགས་སུ་བལྟས་ནས་བདེན་པའི་ཚིག་འདི་སྐད་ཅེས་བརྗོད་དོ། །བདེན་བ་གང་གིས་རྒྱལ་སྲུང་མ་དང་སྐྱེས་བུ་གཉིས་པོའི་བར་ལ་དེའི་ཚེ་དང་ད་ལྟའི་བར་དུ་སྐྱོ་བའི་སེམས་མེད་ཅིང༌། བདག་གི་བུ་གཅིག་པ་སྐྱེད་བྱེད་ཇི་ལྟ་བར་སྙིང་རྗེ་དང་བྱམས་པའི་སེམས་མཉམ་པར་གྱུར་པའི་བདེན་པའི་ཚིག་དེས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱུར་ཅིག །ཚིག་བརྗོད་པ་དང་དུས་མཉམ་བ་ཉིད་དུ་ཀུ་ན་ལའི་མིག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་དང༌། གྲོང་ཁྱེར་པ་རྣམས་ཀྱེ་མ་ཀྱེ་མ་ཞེས་སྒྲ་གསང་མཐོན་པོ་སྒྲོགས་ཤིང༌། རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་ལྟའོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུ་ན་ལ་རྒྱལ་ཚབ་ཏུ་དབང་བསྐུར་བར་ཞུགས་པ་དང༌། ཀུ་ན་ལས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་ནི་རྒྱལ་སྲིད་དགོས་པ་མ་མཆིས་སོ། །བདག་གིས་ནི་བདེན་པ་མཐོང་ལགས་སོ། །དེ་ནས་གཞོན་ནུ་སྐྱེད་བྱེད་རྒྱལ་ཚབ་ཏུ་དབང་བསྐུར་རོ། །དེ་ནས་བར་སྐབས་སུ་ཡང་རྒྱལ་སྲུང་མའི་ཕྱིར་གསོལ་བ་འདེབས་པ། གལ་ཏེ་རྒྱལ་སྲུང་འཕགས་མིན་ལས་བགྱིས་ཀྱང༌། །ཁྱེད་འཕགས་ལས་མཛོད་བུད་མེད་འགུ་མ་མི་བགྱི། །བཟོད་དང་འདྲ་བའི་སྟོབས་ནི་ཡོད་མིན་ཞེས། །བདེ་གཤེགས་བསྔགས་པས་གཙོ་བོ་བཟོད་མཛད་རིགས། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུང་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ཀྱང་རབ་ཏུ་བཅོམ་མོ། །དེ་ནས་དགེ་སློང་ཅིའི་ཕྱིར་ཀུ་ན་ལས་ལས་གང་ཞིག་བྱས་ན་འདིའི་མིག་ཕྱུང་བ་དང༌། སླར་སྐྱེས་པ་ཡིན་ཞེས་ཐེ་ཚོམ་སྐྱེས་ལ། དེ་ལྟར་ཐེ་ཚོམ་སྐྱེས་པ་གནས་བརྟན་གྲགས་པ་ལ་དྲིས་པ་དང༌། གནས་བརྟན་གྲགས་པས་སྨྲས་པ། དེ་བས་ན་ཚེ་དང་ལྡན་པ་དག་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྔོན་པ་ཞིག་གནས་ཏེ།


DTG167_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁ་བ་ཅན་དུ་སོང་ནས་རི་དགས་རྣམས་གསོད་དོ། །དེ་དུས་གཞན་ཞིག་ན་ཁ་བ་ཅན་དུ་སོང་བ་དང༌། དེར་སེར་བ་བབ་པར་གྱུར་ལ། རི་དགས་ལྔ་བརྒྱ་ཕྱུག་གཅིག་ཏུ་ཞུགས་པ་ཞིག་རྙེད་པ་དང༌། དེས་རྒྱས་ཐམས་ཅད་བཟུང་ནས་དེ་ལ་བློ་སྐྱེས་པ། གལ་ཏེ་ཐམས་ཅད་དུས་གཅིག་ཏུ་བསད་ན་ནི་ཤ་རུལ་པར་འགྱུར་བས་ཐབས་གཞན་ཞིག་བརྩམ་པར་བྱའོ་སྙམ་ནས་དེས་རི་དགས་ལྔ་བརྒྱའི་མིག་ཕྱུང་ངོ༌། །མིག་ཕྱུང་བ་དེ་རྣམས་གང་དུ་ཡང་འབྲོས་པར་མ་ནུས་སོ། །དེ་བཞིན་དུ་རྒྱ་ཆེར་རི་དགས་བརྒྱ་ཕྲག་མང་པོའི་མིག་ཕྱུང་ངོ༌། །ཚེ་དང་ལྡན་པ་དག་རི་དགས་ཀྱི་རྔོན་པ་གང་ཡིན་པ་དེ་ནི་གཞན་མ་ཡིན་གྱི་ཀུ་ན་ལ་འདི་ཉིད་ཡིན་ནོ། །གང་དེར་རི་དགས་མང་པོའི་མིག་ཕྱུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་བརྒྱ་སྟོང་མང་པོར་དམྱལ་བར་སྡུག་བསྔལ་རྗེས་སུ་མྱོང་ལ། དེ་ནས་ལས་ཀྱི་ལྷག་མ་སྐྱེ་བ་ལྔ་བརྒྱར་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན་མིག་ཕྱུང་བར་གྱུར་ཏོ། །ལས་ཅི་ཞིག་བྱས་ན་ལས་གང་གི་རྣམ་པར་སྨིན་པས་རིགས་མཐོན་པོར་སྐྱེས་ཤིང་རབ་ཏུ་མཛེས་པར་གྱུར་ལ། བདེན་པ་མཐོང་བར་བྱས་པ་དེ་ཡང་ཚེ་དང་ལྡན་པ་དག་ཉོན་ཅིག །སྔོན་བྱུང་བའི་དུས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་པ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་སངས་རྒྱས་ཀྱི་མཛད་པ་མ་ལུས་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དེ་ལ་རྒྱལ་པོ་མཛེས་པ་ཞེས་བྱ་བས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཆུ་ཞེང་དཔག་ཚད་ཙམ་བྱས་སོ། །གང་གི་ཚེ་རྒྱལ་པོ་མཛེས་པ་དུས་བྱས་ནས་དད་པ་མེད་ཅེས་བྱ་བ་རྒྱལ་སྲིད་ལ་བཞག་པ་ན། རིན་པོ་ཆེ་དེ་རྣམས་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་ཏེ། ཕྱག་དར་དང་ཤིང་ཙམ་ཞིག་ལུས་པ་དང༌། དེར་སྐྱེ་བོའི་ཚོགས་སོང་བ་ན། མཆོད་རྟེན་རྣམ་པར་དེངས་པ་མཐོང་ནས་ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་ལོ་ཞེས་ཡང་དག་པའི་ང་རོས་ངུའོ། །ཚོང་དཔོན་གྱི་བུ་ཞིག་ཀྱང་འོངས་ནས། དེས་སྨྲས་པ། ཅིའི་ཕྱིར་དུ། དེ་རྣམས་ཀྱིས་སྨྲས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་རིན་པོ་ཆེ་སྣ་བཞིའི་རང་བཞིན་


DTG167_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞིག་ཡོད་དེ་ཞེས་བྱ་བ་ནས་དེ་རྣམས་ཀྱིས་རྒྱ་ཆེར་མཆོད་རྟེན་དེ་སྔོན་བཞིན་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་སྐུའི་ཚད་ཀྱི་སྐུ་གཟུགས་ཡོད་པ་ལས་དེ་ཞིག་པ་དང༌། ལེགས་པར་གསོས་ཏེ། སྟོན་པ་འཁོར་བ་འཇིག་ཅི་འདྲ་བ་དེ་འདྲའི་སྟོན་པ་མཉེས་པར་བྱེད་ཀྱི་མི་མ་ཉེས་བ་བྱེད་པར་མ་གྱུར་ཅིག་ཅེས་སྨོན་པ་བྱས་སོ། །ཚེ་དང་ལྡན་པ་དག་འདི་ཇི་སྙམ་དུ་སེམས། ཚོང་དཔོན་གྱི་བུ་གང་ཡིན་པ་དེ་ནི་ཀུ་ན་ལ་འདི་ཉིད་ཡིན་ཏེ། གང་དེར་བཅོམ་ལྡན་འདས་འཁོར་བ་འཇིག་གི་མཆོད་རྟེན་ལེགས་པར་གསོས་བའི་དེའི་ལས་ཀྱི་འབྲས་བུས་རིགས་མཐོ་བར་སྐྱེས་པ་ཡིན་ལ། གང་སྐུ་གཟུགས་གསོས་པ་དེའི་ལས་ཀྱིས་གཟུགས་བཟང་བར་སྐྱེས་པ་ཡིན་ལ། གང་ཡང་དག་པར་སྨོན་བར་བྱས་པ་དེའི་ལས་ཀྱི་འབྲས་བུ་དེ་དང་འདྲ་བའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་པ་ཡིན་ནོ། །བདེན་པ་མཐོང་བར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དེ་ཉིད་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ་རྒྱལ་པོ་མཛེས་པས་བྱས་པ་དང༌། མཆོད་རྟེན་དེར་ས་ལས་བྱས་པའི་སྐུ་གཟུགས་ཅིག་ཀྱང་བྱས་སོ། །ཇི་ཙམ་ན་ཚོང་དཔོན་ཞིག་གི་བྱིས་པ་མ་མ་དང་ལྷན་ཅིག་མཆོད་རྟེན་དེར་སོང་བ་དང༌། དེ་བྱིས་པར་གྱུར་པས་མདེའུ་བླངས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་ཕྱུང་ངོ༌། །ཇི་སྲིད་དུ་གཞན་ཞིག་ན་ཆེན་པོར་འགྱུར་ནས། ཡང་མཆོད་རྟེན་དེ་ཉིད་དུ་སོང་ངོ༌། །དེས་མཐོང་མ་ཐག་ཏུ་སྐུ་གཟུགས་འདི་བྱིས་པར་གྱུར་པས་བདག་གིས་བྱས་སོ་དྲན་པ་དང༌། དེ་ཁྱིམ་ནས་རྫས་བླངས་ཏེ། དེ་དང་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སྐུ་གཟུགས་བྱས་ནས། མིག་གཉིས་སུ་རིན་ཐང་ཆེ་བའི་ནོར་བུ་ཨིན་དྲ་ནཱི་ལ་བཅུག་སྟེ། མཆོད་རྟེན་དེ་ལ་ཡང་མཆོད་པ་ཆེན་པོ་དང་བསྐོར་བ་བྱས་ནས། གང་བདག་བྱིས་པར་གྱུར་པས། བཅོམ་ལྡན་འདས་ཀྱི་སྤྱན་ཕྱུང་ནས་སྡིག་པའི་ལས་བགྱིས་ཏེ། སྡིག་པའི་ལས་འདིའི་སྐལ་བ་ཅན་དུ་མ་གྱུར་ཅིག །དགེ་བའི་རྩ་བ་འདིས་ཀྱང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཀྱི། མི་མཉེས་པ་བྱེད་པར་མ་གྱུར་


DTG167_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་སྨོན་པ་བྱས་སོ། །དགེ་སློང་དག་ཚོང་དཔོན་གྱི་བུ་གང་ཡིན་པ་དེ་ཅི་གཞན་དག་ཡིན་པར་སེམས་སམ། དེའི་ཚེ་དེའི་དུས་སུ་ཀུ་ན་ལ་འདི་ཉིད་ཚོང་དཔོན་གྱི་བུར་གྱུར་ཏོ། །གང་འདིས་སྡིག་པ་ཅན་གྱི་ལས་བྱས་པ་དེས་སྐྱེ་བ་ལྔ་བརྒྱར་ཚེ་རབས་ཚེ་རབས་སུ་མིག་དང་བྲལ་བར་གྱུར་ཏོ། །གང་དེས་ཉེས་པ་བཤགས་ནས་སྨོན་ལམ་བྱས་པ་དེས་རིགས་མཐོ་བ་དང༌། གཟུགས་མཛེས་པར་གྱུར་ཏོ། །གང་ཨིན་དྲ་ནཱི་ལའི་སྤྱན་བཅུག་པ་དེས་ན་འདི་ཚེ་རབས་ཚེ་རབས་སུ་མིག་མཛེས་པར་གྱུར་པ་ཡིན་ནོ། །གང་དེས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་པ་དེས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །གང་དེས་སྤྱན་ཕྱུང་ནས་སླར་ཡང་ཨིན་དྲ་ནཱི་ལའི་སྤྱན་བཅུག་པ་དེའི་ལས་ཀྱི་འབྲས་བུ་མིག་ཕྱུང་ནས་ཡང་ཐོབ་པ་ཡིན་ནོ། །གནས་བརྟན་གྲགས་པས་དེ་སྐད་ཅེས་སྨྲས་པ་དང༌། དགེ་སློང་དག་མངོན་པར་དགའོ། །ཀུ་ན་ལའི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བར་མ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ཞེས་བྱ་བ།


DTG167_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ཪྻ་ནན་དི་མི་ཏྲ་ཨ་བ་དཱ་ན་ནཱ་མ། བོད་སྐད་དུ། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དགའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ལོན་པར་གྱུར་པ་ན། དེའི་ཚེ་དེའི་དུས་ན་ཡུལ་ཤི་བི་ཀ་ཞེས་བྱ་བ་ན་གྲོང་ཁྱེར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་རིགས་པའི་སྡེ་ཞེས་བྱ་བ་གནས་སོ། །དེའི་ཚེ་རྒྱལ་པོ་རིགས་པའི་སྡེའི་ཡུལ་ན་དགེ་སློང་དགའ་བའི་བཤེས་གཉེན་ཞེས་བྱ་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བ་མངོན་པར་ཤེས་པ་དྲུག་དང་ལྡན་པ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་ན་གནས་པའི་སེམས་ཅན་རྣམས་ལས་གྲོག་མོ་དང་ཀུ་ཏའི་སེམས་ཀྱི་སྤྱོད་པ་ཤེས་པ་ཞིག་གནས་ཏེ། དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་གི་དགེ་འདུན་འདུས་པ་རྣམས་ཀྱིས་འདི་སྐད་དུ། ཁྱོད་ལྟ་བུ་མྱ་ངན་ལས་འདས་ན་སངས་རྒྱས་ཀྱི་བསྟན་པ་ནུབ་པར་མི་འགྱུར་རམ་


DTG167_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པ་དང་དེས་དེ་དག་ལ་སྨྲས་པ། ནུབ་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ལུང་བསྟན་ནས་བཤད་དོ། །འདི་ལྟར་ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་དྲིས་པ། གནས་བརྟན་ཡུན་ཇི་སྲིད་ཅིག་གི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་གནས་པར་འགྱུར། དེས་སྨྲས་པ། བཞིན་བཟངས་དག་དོགས་པ་མེད་ཀྱིས་མྱ་ངན་དང་སྨྲེ་སྔགས་མ་འདོན་ཅིག །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་བདག་དང་སྦྱིན་པ་པོའི་སྦྱིན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང༌། གནས་བརྟན་དགའ་བའི་བཤེས་གཉེན་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ཅག་གིས་གནས་བརྟན་དེ་དག་གི་མཚན་ཡང་མི་འཚལ་ལོ། །གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་བ་དག་གནས་བརྟན་དང་པོའི་མཚན་ནི་བར་དྭ་ཛ་བསོད་སྙོམས་ལེན་ཞེས་བྱའོ། །གནས་བརྟན་གཉིས་པའི་མཚན་ནི་གསེར་བེའུ་ཞེས་བྱའོ། །གནས་བརྟན་གསུམ་པའི་མཚན་ནི་བ་ར་དྭ་ཛ་ཞེས་བྱའོ། །གནས་བརྟན་བཞི་པའི་མཚན་ནི་མི་ཕྱེད་པ་ཞེས་བྱའོ། །གནས་བརྟན་ལྔ་པའི་མཚན་ནི་ཤིང་ཤུན་ཅན་ཞེས་བྱའོ། །གནས་བརྟན་དྲུག་པའི་མཚན་ནི་བཟང་པོ་ཞེས་བྱའོ། །གནས་བརྟན་བདུན་པའི་མཚན་ནི་ནག་པོ་ཞེས་བྱའོ། །གནས་བརྟན་བརྒྱད་པའི་མཚན་ནི་བད་སའི་བུ་ཞེས་བྱའོ། །གནས་བརྟན་དགུ་པའི་མཚན་ནི་བ་ལང་སྐྱོང་ཞེས་བྱའོ། །གནས་བརྟན་བཅུ་པའི་མཚན་ནི་ལམ་པ་ཞེས་བྱའོ། །གནས་བརྟན་བཅུ་གཅིག་པའི་མཚན་ནི་སྒྲ་གཅན་འཛིན་ཞེས་བྱའོ། །གནས་བརྟན་བཅུ་གཉིས་པའི་མཚན་ནི་ཀྲུ་སྡེ་ཞེས་བྱའོ། །གནས་བརྟན་བཅུ་གསུམ་པའི་མཚན་ནི་ཟུར་གྱིས་ཤེས་ཞེས་བྱའོ། །གནས་བརྟན་བཅུ་བཞི་པའི་མཚན་ནི་ནགས་ན་གནས་ཞེས་བྱའོ། །གནས་བརྟན་བཅོ་ལྔ་བའི་མཚན་ནི་མི་ཕམ་པ་ཞེས་བྱའོ། །གནས་བརྟན་བཅུ་དྲུག་པའི་མཚན་ནི་གཙུག་གི་ལམ་པ་ཞེས་བྱའོ། །གནས་བརྟན་དེ་དག་ནི་རིག་པ་གསུམ་དང་ལྡན་བ་སྡེ་སྣོད་གསུམ་པ། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ། རྫུ་འཕྲུལ་གྱི་སྟོབས་


DTG167_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཚེ་བྱིན་གྱིས་བརླབས་ཏེ་བསྲིངས་ནས་བཅོམ་ལྡན་འདས་ཀྱི་བཀས་གནས་པ་ཡིན་ནོ། །སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང༌། དགེ་སློང་རྣམས་ཀྱིས་གནས་བརྟན་དགའ་བའི་བཤེས་གཉེན་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ཅག་གིས་གནས་བརྟན་དེ་དག་གང་ན་བཞུགས་པ་མི་འཚལ་ལོ། །གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་བརྟན་དང་པོ་བ་ར་དྭ་ཛ་བསོད་སྙོམས་ལེན་ནི་འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་བ་ལང་སྤྱོད་ཀྱི་གླིང་ན་གནས་སོ། །གནས་བརྟན་གསེར་བེའུ་ཞེས་བྱ་བ་ནི་འཁོར་དགྲ་བཅོམ་པ་ལྔ་སྟོང་དང་ལྷན་ཅིག་ཤར་ཀྱི་ལུས་འཕགས་པོའི་གླིང་ན་གནས་སོ། །གནས་བརྟན་བ་ར་དྭ་ཛ་ནི་འཁོར་དགྲ་བཅོམ་པ་དྲུག་སྟོང་དང་ལྷན་ཅིག་བྱང་ཕྱོགས་ཀྱི་ཁ་ཆེའི་ཡུལ་ན་གནས་སོ། །གནས་བརྟན་མི་ཕྱེད་པ་ནི་འཁོར་དགྲ་བཅོམ་པ་བདུན་སྟོང་དང་ལྷན་ཅིག་འཛམ་བུའི་གླིང་ན་གནས་སོ། །གནས་བརྟན་ཤིང་ཤུན་ཅན་ནི་འཁོར་དགྲ་བཅོམ་པ་དྲུག་སྟོང་དང་ཧན་ཅིག་བྱང་གི་སྒྲ་མི་སྙན་གྱི་གླིང་ན་གནས་སོ། །གནས་བརྟན་བཟང་པོ་ནི་འཁོར་དགྲ་བཅོམ་པ་དགུ་སྟོང་དང་ལྷན་ཅིག་ཟངས་གླིང་ན་གནས་སོ། །གནས་བརྟན་ནག་པོ་ནི་འཁོར་དགྲ་བཅོམ་པ་ཁྲི་དང་ལྷན་ཅིག་སིང་ག་ལའི་གླིང་ན་གནས་སོ། །གནས་བརྟན་བད་སའི་བུ་ནི་འཁོར་དགྲ་བཅོམ་པ་ཁྲི་ཆིག་སྟོང་དང་ལྷན་ཅིག་པ་ན་སའི་གླིང་ན་གནས་སོ། །གནས་བརྟན་བ་ལང་སྐྱོང་ནི་འཁོར་དགྲ་བཅོམ་པ་བརྒྱད་སྟོང་དང་ལྷན་ཅིག་རི་བོ་སྤོས་ཀྱི་དད་ལྡང་ལ་གནས་སོ། །གནས་བརྟན་ལམ་པ་ནི་འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གསུམ་དང་ལྷན་ཅིག་ལྷའི་གནས་སུམ་ཅུ་རྩ་གསུམ་ན་གནས་སོ། །གནས་བརྟན་སྒྲ་གཅན་འཛིན་ནི་འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཕྲི་ཡང་གུའི་གླིང་ན་གནས་སོ། །གནས་བརྟན་ཀླུ་སྡེ་ནི་འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་རི་བོ་སྐྱ་བོན་བཞུགས་སོ། །གནས་བརྟན་ཟུར་གྱིས་ཤེས་ནི་འཁོར་དགྲ་བཅོམ་པ་སྟོང་ཕྲག་གསུམ་དང་ལྷན་ཅིག་རི་བོ་ངོས་ཡངས་ན་གནས་སོ། །གནས་བརྟན་ནགས་ན་གནས་ནི་འཁོར་དགྲ་བཅོམ་པ་


DTG167_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བཅུ་བཞི་དང་ལྷན་ཅིག་ལུས་འཕགས་ཀྱི་རི་ལ་གནས་སོ། །གནས་བརྟན་མི་ཕམ་པ་ནི་འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅོ་ལྔ་དང་ལྷན་ཅིག་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་གནས་སོ། །གནས་བརྟན་གཙུག་གི་ལམ་པ་ནི་འཁོར་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་རི་བོ་གཉའ་ཤིང་འཛིན་ན་གནས་སོ། །གནས་བརྟན་དེ་དག་གིས་ནི་མི་ཤེས་པའམ། མ་མཐོང་བའམ། མ་ཐོས་པའམ། མངོན་སུམ་དུ་མ་བྱས་པ་ནི་ཅུང་ཟད་ཀྱང་མེད་དོ། །དགེ་འདུན་གྱི་བཞེས་པའམ། སྤྱན་དྲང་བའམ། བཅོ་ལྔ་སྟོན་ནམ། གཙུག་ལག་ཁང་འབུལ་བའམ། རབ་གནས་སམ། གང་ཅུང་ཟད་མི་ཤེས་པ་མེད་དོ། །དེ་དག་ཏུ་གནས་བརྟན་བཅུ་དྲུག་པོ་དེ་དག་ལ་འཁོར་དུ་མ་དང་བཅས་པ་ཆ་ལུགས་གཞན་དང་གཞན་གྱིས་དེ་དང་དེར་བྱོན་ཞིང་གནས་ཏེ། དེ་ལྟར་སྦྱིན་བ་ཡོངས་སུ་དག་པར་བྱེད་དོ། །མ་འོངས་པ་ན་མཚོན་གྱི་བསྐལ་པ་བྱུང་བ་འདས་ནས་མི་རྣམས་དགེ་བ་བཅུ་དང་ལྡན་བས་ཚེ་སླར་འཕེལ་ཏེ། ལོ་བརྒྱད་ཅུ་ཐུབ་པ་ན་སྟོན་པའི་ཉན་ཐོས་དེ་དག་ཡང་ཕྱིར་ལ་འཛམ་བུའི་གླིང་དུ་བྱོན་ནས་དམ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་ཅིང་རབ་ཏུ་འབྱིན་པར་བྱེད་དོ། །ཇི་སྲིད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དྲུག་བརྒྱ་པར་གྱུར་པ་དེ་སྲིད་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་གྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན་ཉན་ཐོས་དེ་དག་གིས་གང་སའི་སྟེང་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་དག་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གཅིག་བྱས་ཏེ་ཀུན་ནས་བསྐོར་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ། ཕྱག་བྱས་ནས་ཕུང་པོ་ལྷག་མ་མེད་བའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ཡང་ནུབ་ནས་འོག་གི་གསེར་ཀྱི་ས་གཞི་གང་ཡིན་པ་དེ་ལ་གནས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་


DTG167_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནས་དེའི་རྗེས་ལ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འཇིག་རྟེན་དུ་འབྱུང་ངོ༌། །དེ་ནས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་ན་དེ་བཞིན་གཤེགས་པ་བྱམས་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ༌། །དེའི་ཚེ་འཛམ་བུའི་གླིང་ནི་འབྱོར་བ་རྒྱས་པ། བདེ་བ། ལོ་ལེགས་པ། མི་དང་སྐྱེ་བོ་མང་པོས་ཡོངས་སུ་གང་ཞིང༌། བྱ་གག་འཕུར་བ་ཙམ་ན་གྲོང་ཁྱེར་དང༌། གྲོང་དང༌། གྲོང་རྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་ཡོད་པར་འགྱུར་རོ། །ལན་ཅིག་ས་བོན་བཏབ་པས་ལོ་བདུན་གྱི་བར་དུ་འབྲས་བུ་རྣམས་སྐྱེ་བར་འགྱུར་རོ། །དེའི་ཉན་ཐོས་འདུས་པ་ཡང་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་ནི་ཉན་ཐོས་འདུས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་རོ། །འདུས་པ་གཉིས་པ་ལ་ནི་ཉན་ཐོས་འདུས་པ་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་འབྱུང་བར་འགྱུར་རོ། །འདུས་པ་གསུམ་པ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་ཀྱི་འདུས་པ་ཆེན་པོ་འབྱུང་བར་འགྱུར་བ་ཡིན་ཏེ། གང་འདི་དག་ནི་སྦྱིན་པ་པོ་དང་སྦྱིན་བདག་ཡིན་ཏེ། ཡང་དེ་དག་གིས་གཞན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་རབ་ལ་སངས་རྒྱས་ལ་དགེ་བའི་རྩ་བ་བསྒྲུན་ཞིང་བྱ་བ་བྱས་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། གསེར་གྱི་རང་བཞིན་དང་དངུལ་གྱི་རང་བཞིན་དང༌། བཻ་ཌཱུཪྻའི་རང་བཞིན་དང༌། ཤེལ་གྱི་རང་བཞིན་དང༌། རིན་པོ་ཆེའི་རང་བཞིན་དང༌། ར་གན་གྱི་དངོས་པོ་དང༌། ཁར་བའི་དངོས་པོ་དང༌། མུ་ཏིག་དང༌། ལྕགས་ཀྱི་རང་བཞིན་དང༌། ཟངས་ཀྱི་དངོས་པོ་དང༌། ཙན་དན་གྱི་རང་བཞིན་དང༌། ཨ་ཀ་རུའི་རང་བཞིན་དང༌། དུང་གི་རང་བཞིན་དང༌། རྭའི་རང་བཞིན་དང་བ་སོའི་རང་བཞིན་དང༌། སའི་རང་བཞིན་དང༌། སྣ་ཚོགས་པའི་རང་བཞིན་དང༌། རུས་པའི་རང་བཞིན་དང་ས་ལས་སྐུ་གཟུགས་སམ་མཆོད་རྟེན་བཞེངས་སུ་གསོལ་ཞིང༌། ཐ་ན་སོར་མོ་ཙམ་གྱི་སྐུའམ་མཆོད་རྟེན་བཞེངས་སུ་གསོལ་བས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་གསུང་རབ་ལ་མིའི་འཐོབ་པ་རབ་ཏུ་ཐོབ་ནས། འདུས་པ་དང་པོ་ལ་དང་བ་དང་དང་པ་དང་ལྡན་


DTG167_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བས་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའོ། །ཚེ་དང་ལྡན་པ་དག་རེ་ཞིག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་ནོ། །ཡང་གང་དག་སྣང་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ་བཅོམ་ལྡན་ཤཱཀྱ་ཐུབ་པའི་ཆོས་ཀྱི་བདུད་རྩི་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཅིང༌། སྐྱེད་དུ་བཅུག་པ་དང༌། བྲིས་པ་དང༌། འདྲིར་བཅུག་པ་དང༌། བཀླགས་པ་དང༌། ཀློག་ཏུ་བཅུག་པ་དང༌། གང་དག་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་པ་ཟབ་བར་གྱུར་པ་སྟོང་པ་ཉིད་དང་ལྡན་པ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དམ་པའི་ཆོས་པདྨ་དཀར་པོ་དང༌། རྒྱ་ཆེར་རོལ་པ་དང༌། གསེར་འོད་དམ་པ་དང༌། ཡོན་ཏན་འོད་མཆོག་དང༌། སྟོང་པ་ཉིད་ཀྱི་འོད་མཆོག་དང༌། ཕྱག་ན་རྡོ་རྗེ་གསང་བ་ལ་སོགས་པ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། ཆོ་འཕྲུལ་ཆེན་བོའི་ཏིང་ངེ་འཛིན་དང༌། བསོད་ནམས་ཐམས་ཅད་ལ་བསྡུས་པའི་ཏིང་ངེ་འཛིན་དང༌། འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང༌། གཟི་བརྗིད་དང་ལྡན་པའི་ཏིང་ངེ་འཛིན་དང༌། བྱང་ཆུབ་ཀྱི་ཏིང་ངེ་འཛིན་དང༌། བྱང་ཆུབ་བསྡུས་པ་དང༌། སངས་རྒྱས་ཐམས་ཅད་ཡོངས་སུ་འཛིན་པ་དང༌། གླང་པོའི་རྩལ་དང༌། སྤྲིན་ཆེན་པོ་དང༌། སོར་མོའི་ཕྲེང་བ་དང༌། ལང་ཀར་གཤེགས་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། ཟླ་བའི་སྙིང་པོ་དང༌། ཉི་མའི་སྙིང་པོ་དང༌། ནམ་མཁའི་སྙིང་པོ་དང༌། སའི་སྙིང་པོ་དང༌། བྱམས་པས་ཞུས་པ་དང༌། ཚངས་པས་ཞུས་པ་དང༌། ལེགས་པའི་མཚན་གྱིས་ཞུས་པ་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་དང༌། དྲ་བ་ཅན་གྱིས་ཞུས་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང༌། དྲང་སྲོང་རྒྱས་པས་ཞུས་པ་དང༌། བརྒྱ་བྱིན་གྱིས་ཞུས་པ་དང༌། ལག་ན་རིན་ཆེན་གྱིས་ཞུས་པ་དང༌། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་དང༌། དཔའ་བོ་ནམ་མཁས་ཞུས་པ་དང༌། བུ་མོ་འོད་ལྡན་མས་ཞུས་པ་དང༌། བུ་མོ་རིན་ཆེན་ལྡན་གྱིས་ཞུས་པ་དང༌། བུ་མོ་གསེར་གྱི་འོད་མཆོག་གིས་ཞུས་པ་དང༌། བད་སའི་


DTG167_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་དང༌། དབང་ཕྱུག་ཆེན་པོས་ཞུས་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོས་ཞུས་པ་དང༌། དགེ་བ་བཟང་པོ་གང་གིས་ཞུས་པ་དང༌། ལྷའི་བུ་མོ་ལེགས་པའི་མཚན་གྱིས་ཞུས་པ་དང༌། ལྷའི་བུ་ཙན་དན་གྱིས་ཞུས་པ་དང༌། ལྷའི་བུ་རང་གི་རྒྱན་གྱིས་ཞུས་པ་དང༌། ལག་བཟངས་ཀྱིས་ཞུས་པ་དང༌། སེང་གེས་ཞུས་པ་དང༌། སེང་གེ་རྣམ་པར་རོལ་པས་ཞུས་པ་དང༌། དཔས་བྱིན་གྱིས་ཞུས་པ་དང༌། གཙུག་ན་རིན་ཆེན་གྱིས་ཞུས་པ་དང༌། ཟུང་གི་མདོ་དང༌། བྱང་ཆུབ་སེམས་དཔའི་ཟློས་གར་དང༌། སྟག་རྣའི་རྟོགས་པ་བརྗོད་པ་དང༌། ལམ་རྣམ་བར་བཤད་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་དང༌། བློ་གྲོས་རྒྱ་མཚོས་བསྟན་པ་དང༌། དྲི་མ་མེད་པར་གྲགས་པས་བསྟན་པ་དང༌། བདེན་པ་ལ་འཇུག་པ་དང༌། མ་སྐྱེས་དགྲའི་འགྱུར་བ་དང༌། སྲེད་མེད་ཀྱི་བུའི་འགྱུར་བ་དང༌། སྟོང་འགྱུར་དང༌། འཛམ་བུའི་གླིང་འགྱུར་བ་དང༌། འདུས་པར་འགྱུར་བ་དང༌། སངས་རྒྱས་ཀྱི་རྒྱན་དང༌། ཐབས་ལ་མཁས་པ་དང༌། ལག་ན་ཨུཏྤ་ལ་དང༌། སངས་རྒྱས་བཅུ་པ་དང༌། ཆོས་བཅུ་པ་དང༌། ས་བཅུ་པ་དང༌། འོད་དཔག་མེད་ཀྱི་བཀོད་པ་དང༌། བདེ་བ་ཅན་གྱི་བཀོད་པ་དང༌། དམ་པའི་ཆོས་ཀྱི་ཡོན་ཏན་བཀོད་པ་དང༌། ཚོགས་ཀྱི་བཀོད་པ་དང༌། རྣམ་དག་མེ་ཏོག་བསྡུས་པ་དང༌། འཇིག་རྟེན་དག་པས་བསྡུས་པ་དང༌། བྱང་ཆུབ་སེམས་དཔའ་དག་པས་བསྡུས་པ་དང༌། ཐམས་ཅད་སྡེགས་ལས་བབས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལྷ་ལས་བབས་པ་དང༌། རིན་པོ་ཆེའི་ཏོག་དང༌། རིན་པོ་ཆེའི་ཕུང་པོ་དང༌། རིན་པོ་ཆེའི་ཟ་མ་ཏོག་དང༌། མཛེས་པ་བརྩེགས་པ་དང༌། རིན་ཆེན་སྐར་མདའ་དང༌། རིན་ཆེན་སྤྲིན་དང༌། རིན་ཆེན་ལྗོན་པ་དང༌། རིན་ཆེན་གཙུག་དང༌། རིན་ཆེན་འབྱུང་གནས་དང༌། ཅོད་པན་དྲ་བ་ཅན་དང༌། སྡོང་པོ་བཀོད་པ་དང༌། འདི་དག་ལ་སོགས་པ་བྱེ་བ་ཕྲག་བརྒྱ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་ཀྱི་སྡེ་སྣོད་དེ། མངོན་པའི་སྡེ་སྣོད་དང༌། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད་འདི་ལྟ་སྟེ། ལུང་རིང་པོ་དང༌། ལུང་


DTG167_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་དང༌། གཅིག་ལས་འཕྲོས་པའི་ལུང་དང༌། ཡང་དག་པར་ལྡན་པའི་ལུང་དང༌། ལུང་ཕྲ་མོའོ། །དེ་དག་ནི་མདོ་སྡེའི་སྡེ་སྣོད་ཅེས་བྱའོ། །མངོན་པའི་སྡེ་སྣོད་གང་ཞེ་ན། འདི་ལྟ་སྟེ། དྲི་བ་དྲུག་དང་ཡང་དག་པར་སྦྱར་བ་བསྡུས་པ་ལ་ནི་མངོན་པའི་སྡེ་སྣོད་ཅེས་བྱའོ། །དེ་ལ་འདུལ་བའི་སྡེ་སྣོད་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གི་འདུལ་བ་དང༌། དགེ་སློང་མའི་འདུལ་བ་དང༌། མ་མོའི་འདུལ་བ་དང༌། འདུལ་བའི་མ་མོ་སྟེ། ཚེ་དང་ལྡན་པ་དག །དེ་དག་ལ་ནི་འདུལ་བའི་སྡེ་སྣོད་ཅེས་བྱའོ། །འདི་དག་ནི་སྐྱེས་པའི་རབས་ཏེ། རྟོགས་པ་བརྗོད་པའི་རབས་དང༌། རང་སངས་རྒྱས་ཀྱི་རབས་དང༌། སངས་རྒྱས་ཀྱིས་གསུངས་པ་དང༌། རང་སངས་རྒྱས་ཀྱིས་བསྟན་པ་དང༌། བྱང་ཆུབ་སེམས་དཔས་བསྟན་པ་དང༌། ཉན་ཐོས་ཀྱིས་བསྟན་པ་དང༌། ལྷས་བསྟན་པ་དང༌། བྱུང་པ་བསྡུས་པ་དང༌། ཆོས་ཉེ་བར་བསྡུས་པ་དང༌། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གསུང་པར་འགྱུར་བ་ཡང་བཀླགས་པར་གྱུར་པ་དང༌། བཟུང་བར་གྱུར་པ་དང༌། གླེགས་བམ་དུ་བྲིས་པར་གྱུར་པ་དང༌། ཆོས་སྨྲ་བ་ལ་མཆོད་པར་གྱུར་པ་དང༌། དེ་དག་དང༌། ནང་པ་སངས་རྒྱས་པ་ལ་མཆོད་པར་གྱུར་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། སྤོས་དང༌། མར་མེ་དང༌། གདུགས་དང༌། རྒྱལ་མཚན་དང༌། གླེགས་བམ་ལ་ཁ་དོག་སྣ་ཚོགས་པའི་གོས་རྣམས་གཡོགས་ཤིང་དཀྲིས་པ་དང༌། གླེགས་ཤིང་མཆོག་བྱས་པར་གྱུར་པ་དང༌། གླེགས་ཐག་ཁ་དོག་སྣ་ཚོགས་པས་གླེགས་བམ་བཅིངས་པར་གྱུར་པས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་མིའི་འཐོབ་པ་རབ་ཏུ་ཐོབ་ནས་དད་པས་ཁྱིམ་སྤངས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་བགོས་ཏེ་ཁྱིམ་ནས་ཁྱིམ་མེད་པར་འདུས་པ་གཉིས་པ་ལ་རབ་ཏུ་དབྱུང་སྟེ། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཚེ་དང་ལྡན་པ་དག་དེ་དག་ནི་རེ་ཞིག་ཆོས་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་ནོ། །འདི་ལྟར་འདི་དག་ནི་སྦྱིན་པ་པོ་དང་སྦྱིན་བདག་ཡིན་ཏེ། དགེ་འདུན་ལ་དགེ་བའི་རྩ་བ་བསྐྲུན་པ་དང༌། སྐྱེད་དུ་བཅུག་པ་ཡིན་ཏེ། འདི་ལྟར་འདི་


DTG167_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་སྤྱན་འདྲེན་པ་བསྒྲགས་པ་དང༌། དགེ་བ་ལ་འཛུད་པ་དང༌། བརྒྱད་སྟོན་བྱེད་པ་དང༌། གསོ་སྦྱོང་བྱེད་པ་དང༌། རབ་ཏུ་མགྲོན་ཏུ་འབོད་པ་དང༌། དགེ་འདུན་ལ་མཆོད་སྟོན་གསོལ་བ་དང༌། སྤྱན་འདྲེན་པ་དང༌། གློ་བུར་དུ་སྤྱན་འདྲེན་པ་དང༌། ཟླ་སྟོན་བྱེད་པ་དང༌། སྟག་རེས་སྐོར་བྱེད་པ་དང༌། ཆོས་སྒྲོགས་པ་སྤྱན་འདྲེན་པ་དང༌། ལོ་ལྔ་སྟོན་བྱེད་པ་དང༌། གཙུག་ལག་ཁང་དབུལ་བ་དང༌། མལ་སྟན་འདིངས་པ་དང༌། ཆོས་གོས་འབུལ་བ་དང༌། གཙུག་ལག་ཁང་གསར་པའི་རབ་གནས་བྱེད་པ་དང༌། སྨན་འབུལ་བ་དང༌། ཡོ་བྱང་འབུལ་བས་དགེ་བའི་རྩབ་བསྐྱེད་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་མིའི་འཐོབ་པ་རབ་ཏུ་ཐོབ་ནས་འདུས་པ་གསུམ་པ་ལ་དད་པས་ཁྱིམ་སྤངས་ཏེ། སྐྲ་དང་ཁ་སྤུ་ཕྱི་ནས་ཆོས་གོས་བགོས་ཏེ། ཡང་དག་པའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཚེ་དང་ལྡན་པ་དེ་དག་ནི་རེ་ཞིག་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །དེ་ནས་གནས་བརྟན་དགའ་བའི་བཤེས་གཉེན་གྱིས་རྣམ་པར་རྒྱ་ཆེར་བཤད་ནས། ཤིང་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ནས་དགེ་འདུན་དེ་དག་གི་མདུན་དུ་ཆོ་འཕྲུལ་ཡ་མ་ཟུང་སྣ་ཚོགས་བསྟན་ཏེ། སྟེང་གི་ནམ་མཁའ་ལ་འདུག་ནས་ཚེའི་འདུ་བྱེད་དང་སྲོག་གི་འདུ་བྱེད་བཏང་སྟེ། ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དགེ་སློང་དེ་དག་གིས་གནས་བརྟན་དགའ་བའི་བཤེས་གཉེན་ལ་ལུས་བསྲེགས་ནས་མཆོད་རྟེན་བྱས་ཏེ། དྲི་དང༌། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། གདུགས་དང༌། རྒྱལ་མཚན་དང༌། ཕ་དན་རྣམས་ཀྱིས་མཆོད་པར་བྱས་སོ། །རྣམ་པ་འདི་དག་འཕགས་པ་ནས་འཕགས་པར་བརྒྱུད་ནས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་པོ་དང༌། སྦྱིན་བདག་གང་ཡིན་པ་རྣམས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡུན་རིང་དུ་གནས་པར་གྱུར་ཏོ་སྙམ་ནས་དགའ་བ་རབ་ཏུ་བསྐྱེད་པའི་ཕྱིར་རྟོགས་པ་བརྗོད་པ་འདི་འཕགས་པ་དགའ་བའི་བཤེས་གཉེན་གྱིས་བཤད་དོ། །འཕགས་པ་དགའ་བའི་


DTG167_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་གྱི་རྟོགས་པ་བརྗོད་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། །།

གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ།
གསང་བས་བྱིན།


DTG167_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཔྟ་ཀུ་མཱ་རཱི་ཀ་ཨ་བ་དཱ་ནཾ། བོད་སྐད་དུ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆགས་བྲལ་ལྡན་དང་ལེགས་པར་བཤད་པ་དང༌། །ངོ་མཚར་དང་ནི་དེ་ཉིད་དོན་ངེས་དང༌། །དམ་པ་རྣམས་ཀྱི་གཅིག་ཏུ་མཉན་བྱ་ཡི། །རྟོགས་པ་བརྗོད་པ་བདག་གིས་བཤད་ཀྱིས་ཉོན། །འདི་ལྟར་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ལ་ནི། །ལོངས་སྤྱོད་ཆེན་པོའམ། ལང་ཚོས་བར་དུ་གཅོད་པར་མི་འགྱུར་བས་མཛེས་པར་གྱུར་པ་ཡིན་ནོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། རྒྱལ་པོ་ཀྲི་ཀཱི་ཞེས་བྱ་བ་ཚུལ་དང་དུ་ལ་བ་ལ་སོགས་པ་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་བ་དང་ལྡན་པ། བཅོམ་ལྡན་འདས་ཡང་དག་བར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དད་པ་ཡང་དག་པར་ཐོབ་པ་ཞིག་བྱུང་བར་གྱུར་པ་དེ། དེའི་བུ་མོ་བདུན་སྔོན་དུ་བྱུང་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་རྒྱ་ཆེར་བསྐྲུན་པའི་སྟོབས་དང་ལྡན་པ་དེ་དག་འཁོར་བས་ཤིན་ཏུ་ཡིད་བྱུང་བར་གྱུར་ནས། དེ་རྣམས་ཀྱིས་དུལ་བ་དང་ཞེ་སར་བཅས་པས་ཕ་ལ་ཕྱག་བྱས་ཏེ་སྙན་པའི་ཚིག་གིས་སྨྲས་པ། འཇིག་རྟེན་གནས་པ་ཆུ་ནང་སོང་བའི་ཟླ་བའི་གཟུགས་བཞིན་གཡོ་བར་མཐོང༌། །འདོད་པ་ཁྲོས་པའི་སྤྲུལ་གྱིས་ལུས་སྐྱིལ་གདེངས་ཀའི་གྲིབ་མ་ལྟ་བུར་མཐོང༌། །འགྲོ་བ་འདི་དག་སྡུག་བསྔལ་མེ་ཡིས་ཀུན་དུ་འབར་བ་མཐོང་བས་ན། །རྒྱལ་པོ་བདག་ཅག་ངེས་པར་འབྱུང་ལ་མངོན་དགའ་དུར་ཁྲོད་དག་ཏུ་མཆི། །རྒྱལ་པོས་སྨྲས་པ། ཁྱེད་ནི་བྱིས་པ་བདེ་ལ་བརྟེན་འོས་ཤིང༌། །ཡིད་ལ་བསམས་པའི་དོན་ཡང་མ་བྱས་ན། །དཀའ་ཐུབ་གནས་སུ་ཁྱེད་རྣམས་སོང་ཤིག་ཅེས། །ཇི་ལྟ་བུར་ནང་ཡིས་སྨྲ་བར་ནུས། །བུ་མོས་སྨྲས་པ། ས་བདག་ཁྱེད་ཀྱི་མཛད་སྤྱོད་བདག་ཅག་རྣམས་ཀྱིས་འཚལ་ལགས་ཏེ། །འགྲོ་ལ་ཐུགས་རྗེས་བརླན་ཞིང་དེས་པའི་ངང་ཚུལ་ལྡན་བས་ན། །དགོས་པ་མེད་ལའང་བྱམས་པར་མཛད་ན་ཉིད་ཀྱི་ཕང་པར་ནི། །རྣམ་བསྐྱེད་སྡིག་མེད་ཉེར་སོན་བདག་


DTG167_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ལྟ་སྨོས་ཅི་འཚལ། །ཁྱེད་དང་ལྷན་ཅིག་གནས་ཀྱང་དབང་མེད་བྲལ་བ་མངོན་ཕྱོགས་པའི། །ཕོངས་པ་འདི་ཡིས་ཕྱིར་ཞིང་ཉེ་བར་གདུང་བར་མ་གྱུར་ཅེས། །རྒྱལ་པོ་ཤིན་ཏུ་དགའ་བའི་གནས་སུ་གྱུར་པ་གང་དག་ཡིན་པ་ཡི། །ཞི་བའི་གོ་འཕང་ཐོབ་པར་འཚལ་བའི་ཡིད་ནི་སྐྱེས་པར་གྱུར། །དེ་ནས་རྒྱལ་པོ་དེ་སྙིང་བརྩེ་བའི་དབང་གིས་ཡིད་རྣམ་པར་ཉམས་ཤིང༌། མིག་གཉིས་ཟངས་ལྟར་དམར་ལ་མི་འགྱུར་བས་ཡང་དང་ཡང་དུ་བལྟས་ནས་སྨྲས་པ། ཅི་ཕྱིར་ཁང་བཟངས་རང་དགར་གྱུར་དང་འཇམ་ཡངས་པའི། །སྣ་ཚོགས་སྟན་བཟངས་རྒྱ་ཆེན་རྣམ་པར་སྤངས་ནས་ནི། །དུར་ཁྲོད་མི་བཟད་སྐྱེ་བོ་ངན་པའི་ཡིད་འདྲ་ཞིང༌། །ས་གཞི་རུས་པ་དཀར་པོའི་ཚལ་པས་བཀྲམ་པས་སྟན། །གདུང་བའི་གདོང་ཅན་ཕ་དང་ཡུལ་རྨུགས་ལྟ་བུར་ནི། །མཆི་མའི་གདོང་ཅན་མ་ཡང་ཅིག་ཅར་ཇི་ལྟར་འདོར། །གཡོ་མེད་སེམས་ཀྱི་རྒྱུན་དུ་ཡིད་ནི་བརྩེ་བ་ཡི། །མཛའ་བཤེས་སྤངས་ནས་ཅི་ཕྱིར་དཀའ་ཐུབ་བསྟན་པར་དགའ། །དེ་ནས་བུ་མོ་དེ་རྣམས་ཀྱིས་ཤིན་ཏུ་བརྟན་པའི་ཡིད་ཀྱིས་བསྙེམས་པར་བྱས་ནས། སྨྲས་པ། ཕ་དང་མ་དང་མཛའ་བཤེས་གཅེས་པ་ཐ་སྙད་ཙམ། །འདི་དག་སྲིད་པར་ཕྱིར་ཡང་ལྷུང་དང་གནོད་པའི་གཞི། །འབྱུང་བའི་དོན་མཐོང་ལྐོག་ཏུ་གྱུར་པའི་དྲི་མ་ཡིས། །མི་ཡི་བདག་པོ་འཇིག་རྟེན་འཇིག་པས་ཡོངས་སུ་སྐྱོ། །མཛའ་བཤེས་རང་མི་གཉེན་གྱི་ངོ་བོ་སྣ་ཚོགས་པ། །གཡོན་ཅན་ཕུང་ཁྲོལ་ལྡན་པ་འདི་ལ་སུ་ཞིག་ཆགས། །འཚོ་བའི་འཇིག་རྟེན་མི་ལམ་མིག་འཕྲུལ་དང་འདྲ་ལ། །འདི་ན་སུ་ཞིག་གང་གིས་རང་མིའམ་སྐྱེ་བོར་བརྟག །མི་ཡི་དབང་པོ་འཇིག་རྟེན་དམ་ཆོས་གསུང་གི་འོད་ཟེར་སྣང་བཅས་ཤིང༌། །ཇི་སྲིད་སངས་རྒྱས་ཉི་མའི་ཡིད་འོང་གྲགས་པའི་འོད་ཟེར་ཕྲེང་ཡོད་པ། །དེ་སྲིད་ཕོངས་པའི་མུན་ནག་ཚོགས་ཀྱིས་ཤིན་ཏུ་གཡོགས་གྱུར་པའི། །སྲིད་པའི་མུན་པ་མི་ཟད་མུན་རུམ་ནས་ནི་འབྱུང་བར་བྱ་བའི་རིགས། །ཇི་ལྟར་རླུང་གིས་བརྡབས་པས་བསྐྱོད་པའི་མེ་ལྕེ་འབར་བའི་ཁྱིམ་ལས་ནི། །འབྱུང་བར་བྱེད་པའི་སྐྱེས་བུ་དེ་ལ་ཕན་པར་འདོད་རྣམས་ཟློག་མི་བྱེད། །དེ་བཞིན་སྡུག་བསྔལ་མེ་ཆེན་རྩེར་གནས་སྲིད་པ་མ་ལུས་གནོད་པ་ཡི། །དྲ་བ་ལས་ནི་ངེས་པར་འབྱུང་ལ་ཕན་ཕྱིར་


DTG167_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པས་བཟློག་མི་བྱ། །དེ་ནས་རྒྱལ་པོ་དེས་བུ་མོ་དེ་རྣམས་མཛའ་བཤེས་དང་རང་མི་དང་རྩ་ལག་རྣམས་ལ་ལྟོས་པ་མེད་པའི་ཚིག་རྩུབ་པོ་དང༌། རང་གི་ལུས་དང་སྲོག་ལ་ཡང་ཤིན་ཏུ་མ་ཆགས་པའི་ཚིག་གིས་ལྷག་པར་ཡང་མྱ་ངན་གྱིས་གདུངས་པར་གྱུར་བའི་ཡིད་ཀྱིས་དེ་རྣམས་ལ་ཡང་སྨྲས་པ། དུས་མིན་དཀའ་ཐུབ་མངོན་པར་འདོད་པ་ནི། །ཡིད་དང་རྗེས་མཐུན་དོན་དུ་མི་འགྱུར་ཏེ། །བུ་མོ་དུས་མིན་མངལ་དང་ལྡན་པ་ལ། །ཡན་ལག་ཆ་ཤས་མཛེས་པ་མི་སྐྱེ་བཞིན། །དུས་ལ་བབ་པར་དཀའ་ཐུབ་ལ་སྦྱོར་བ། །ཟླ་བ་སྐྱོན་དང་བྲལ་བ་ལྟ་བུར་མཛེས། །དེ་བས་གཞོན་ནུས་ཕན་མེད་བློ་འགྱུར་འདིའི། །ལོག་པའི་ལམ་དུ་འཇུག་ལས་བཟློག་པར་གྱིས། །བདེ་ལ་བརྟེན་ཞིང་སྡུག་བསྔལ་མ་མཐོང་བས། །ལུས་ཀྱིས་སྡུག་བསྔལ་བཟོད་པར་མི་འགྱུར་ཏེ། །ཨ་མྲའི་ཤིང་ནི་རྩ་བ་མ་ཟུག་ལ། །གླང་ཆེན་མཆོག་གི་མཆེ་བ་བསྣུན་དང་མཚུངས། །ཁོང་ནས་མེ་འབར་ལྟས་ངན་སྒྲ་འབྱིན་པའི། །ཅེ་སྤྱང་འཇིགས་པའི་སྒྲ་སྒྲོགས་ཚང་ཚིང་གང༌། །འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པ་ཡི། །མི་བཟད་དུར་ཁྲོད་དག་ནི་འཇིགས་པར་བཅས། །ཁྱེད་ལུས་པདྨའི་རྩ་ལྟར་འཇམ་པ་ལ། །སེམས་གང་སོག་ལེས་ལྟ་བུར་བརྩེ་མེད་འདིས། །གཞན་གྱི་ངོར་བྱེད་པ་ནི་སྤངས་གྱུར་པ། །ཨེ་མ་ཧོ་གནམ་བསྐོས་བདག་ལ་བརྩེ་མེད་སྡང༌། །བཻ་ཌཱུཪྻ་ལྟར་སྔོ་ལྗང་ངུར་པའི་གོས་གྱོན་ཅིང༌། །མེ་ཏོག་རྣམ་པ་དུ་མའི་ཚོགས་ནི་བཀྲམ་གྱུར་དང༌། །བུང་བ་མྱོས་པའི་ཚོགས་ཀྱིས་ཁྱབ་པའི་རྩེད་མོའི་ཚལ། །འདིར་ནི་བུ་མོ་ཁྱེད་རྣམས་མངོན་པར་དགའ་བར་གྱིས། །སྐྱེད་མོས་ཚལ་ན་རྫིང་ཁང་ངོགས་ན་མེ་ཏོག་ཤིང་འཕྱང་ཞིང༌། །རླུང་གིས་སྐྱོད་པའི་ཆུ་རླབས་མཛེས་པའི་ཕྲེང་པ་སྐ་རགས་བཅིངས། པདྨ་དག་དང་ཨུཏྤ་ལ་རྒྱས་གསེབ་དང་པ་སྒྲ་སྒྲོགས་པ། །བརྒྱ་བྱིན་གྱིས་ཀྱང་རྙེད་དཀའ་བུ་མོ་དགའ་བས་གནས་པར་གྱིས། །མེ་ཏོག་ན་པ་མ་ལི་ཀ་ཡི་དྲིས་བསྒོས་གྱུར་པ་ཡི། །ཆུ་རླབས་མཛེས་པར་གྱུར་པའི་ཉེ་བར་གཡོ་བ་ཡི། །རླུང་དང་བཅས་པའི་ཁྱིམ་འདི་དང་ནི་ནགས་ཚལ་ནི། །ཁུ་བྱུག་སྒྲ་འབྱིན་པ་ཡི་བུ་མོ་དགའ་བར་གྱིས། །སྐར་ཁུང་དྲ་བ་ཅན་ནང་བྱ་རྣམས་སྐད་འབྱིན་མེ་ཏོག་དྲིས་


DTG167_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས་དང༌། །སྒེག་པས་ཁྲུས་བྱས་དྲི་ཞིམ་བསྒོས་པའི་ནགས་དང་འདྲ་བའི་རླུང་དག་ནི། །ཁང་བཟངས་མདའ་ཡབ་ཅན་དང་བྱ་གག་བདེ་བར་ཉལ་བ་གང་ཡིན་འདིར། །བུད་མེད་འདུས་པའི་གླུ་དབྱངས་རོལ་མོ་ལྡན་པར་ཁྱེད་རྣམས་དགའ་བར་གྱིས། །དེ་ནས་གཞོན་ནུ་མ་རྣམས་ཕའི་ཚིག་དེས་ཡི་མ་རངས་པར་གྱུར་ནས་སྨྲས་པ། །མི་ཡི་བདག་པོ་ལྷ་ཡུལ་ས་སྟེང་ན། །བརྒྱ་ཕྲག་སྟོང་དུ་སྤྱད་པ་མ་བྱས་པའི། །བདེ་བ་གཞན་དག་ཅི་ཡང་ཡོད་མིན་ཏེ། །བདག་ཅག་རྣམས་ནི་དོན་མེད་མཁས་པ་ཡིན། །ཡུལ་ལ་ལྷག་པར་སྲེད་ཅིང་གོམས་པས་ན། །དབང་པོ་རྣམས་ནི་ཡུལ་གྱིས་ངོམས་པ་མེད། །སྲིད་པས་འཇིགས་པའི་རྟོག་པའི་བློ་ཅན་དག །སྲིད་པའི་ལོངས་སྤྱད་ཟད་པར་བྱ་ཕྱིར་འཇུག །ངོ་བོ་ཉིད་ཀྱིས་འགྱུར་ཞིང་མི་བརྟན་ལ། །རླུང་གིས་བསྐྱོད་པའི་ཆུ་རླབས་ལྟར་འཇིགས་པས། །སྡོམ་ཅན་དབང་པོ་དྲུག་ལས་རྣམ་རྒྱལ་རྣམས། །ཕྱིར་ཞིང་སྲིད་པར་འཇུག་ལས་ལྡོག་པར་བྱེད། །བྱིས་པ་སྲིད་པའི་བཙོན་རར་ཕག་ལྟ་བུར། །སེམས་ཀྱི་སྤགས་པའི་སྤྱོད་པས་བསླུས་གྱུར་ཏེ། །བདེ་བར་མངོན་པར་རློམ་ཞིང་བརྐམ་པ་དག །ཕོངས་ཤིང་འཇིགས་པའི་གཡང་ས་མཐའ་མེད་ལྷུང༌། །བདག་ཏུ་རྟོག་པས་སེམས་གཡེངས་སྐྱེས་གྱུར་པ། །དེ་ནི་རབ་འབར་མཚོན་ཆའི་འཁྲུལ་འཁོར་འདྲ། །ཡུལ་ལ་རྗེས་སུ་བརྟེན་པས་སེམས་བཅོམ་པ། །ཡོངས་སུ་སྨིན་ན་སྡུག་བསྔལ་མི་བཟང་རྒྱུ། །འགྲོ་བ་འདི་དག་མི་བརྟན་དབང་མེད་ཅིང༌། །སྦྲུལ་གདུག་མཚོན་གྱིས་ཟིན་འདྲའི་ཡུལ་རྣམས་དག །རྟོགས་ཀྱང་གང་ཞིག་སྲིད་ལ་ཆགས་གྱུར་པ། །དེ་ནི་མི་ཡི་གཟུགས་ལྡན་ཕྱུགས་ཉིད་ཡིན། །རྔ་རྩེད་ཤིང་ལ་ཐོགས་པའི་གཡག་བཞིན་དུ། །བློ་ཡི་ལམ་ནི་རྙོག་པས་ཉེར་འགགས་ཤིང༌། །ལོག་པར་ཆགས་པའི་ཡལ་གས་སེམས་ཐོགས་པའི། །སྐྱེས་བུ་ངན་པའི་ཁྱིམ་རྟེན་ཕུང་བར་འགྱུར། །དགའ་བའི་རྒྱུ་ཙམ་འཚོ་བའི་འཇིག་རྟེན་ལ། །ཕོངས་པ་རྒྱུན་མི་འཆད་པར་འབྱུང་འགྱུར་ན། །ཡབ་ཅིག་སྲིད་པའི་དགའ་བ་མང་པོ་ལས། །སླུ་བར་མི་འགྱུར་གང་ཞིག་མཆིས་པར་གསུངས། །མི་དབང་སྲིད་ན་སྐལ་བ་མཉམ་


DTG167_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཉེ་བར་བསྒྲུབས་ཤིང་བསགས་པར་གྱུར་ཀྱང་ནི། །བཅོམ་ཞིང་སེམས་ནི་དམན་པ་དམན་པ་ཡིས། །སྲིད་པའི་དགོན་པ་གཞན་དུ་འགྲོ་བར་འགྱུར། །རྒྱལ་པོ་རྒྱར་ཆུད་གྱུར་པའི་ཉ་བཞིན་དུ། །སྐྱེས་བུ་ལེགས་པར་བརྟགས་ཤིང་བྱེད་པ་དང༌། །ཐ་སྙད་ཀུན་ལ་ངང་གིས་མཁས་པ་ཡང༌། །ཁྱིམ་གྱི་བཙོན་རར་གནས་ན་འཇིག་པར་འགྱུར། །ས་ཡི་བདག་པོ་འབད་པ་མང་པོ་ཡིས། །ཁྱིམ་དུ་རྫས་རྣམས་བསགས་པ་བྱས་བ་དག །མི་ཡིས་སྐད་ཅིག་གིས་ནི་འདོར་འགྱུར་ཏེ། །ལེགས་བཤད་གཅིག་པུ་འདི་ཉིད་ལམ་དུ་བསྟན། །དེ་བས་འཇིག་རྟེན་མགོན་པོས་འཚོ་བ་ཡི། །འཇིག་རྟེན་མི་རྣམས་ལས་བདག་བྱར་གསུངས་ཏེ། །འཆི་བ་མངོན་ཕྱོགས་མི་ལ་རང་གི་ལས། །བ་ལ་བེའུ་བཞིན་དུ་རྗེས་སུ་འབྲངས། །ཡོངས་སུ་གྱུར་ན་མི་བཟད་གཉེན་སྡུག་དང༌། །སྡུག་དང་འདྲེ་བར་མངོན་པས་འདོད་དེས་ཆོག །སྡུག་དང་ཕྲད་པས་དགའ་བར་སེམས་བདག །ངེས་པར་སྡུག་དང་བྲལ་བའི་སྡུག་བསྔལ་འཐོབ། །མི་དབང་གཞན་ཡང་ངང་གིས་མཐར་འཇིག་པའི། །འཚོ་བའི་འཇིག་རྟེན་དག་ན་སྡུག་པ་སུ། །དམ་པའི་དོན་ལ་རྣམ་དཔྱོད་མཁས་པ་ཡང༌། །སྡུག་ཅེས་བྱ་བ་འདིས་བློ་རྣམ་པར་གཡེངས། །ས་བདག་ཁྱེད་ནི་གལ་ཏེ་བདག་ཅག་ལ། །སྡུག་པ་འགའ་ཞིག་མཆིས་ན་བདག་ཅག་རྣམས། །མ་སྨད་འཕགས་པས་བསྟེན་ཞིང་མི་ཕྲོགས་པའི། །བདེ་བ་ཡིད་ལ་འདོད་པ་སྒྲུབ་ཏུ་གསོལ། །དེ་ནས་རྒྱལ་པོ་དེ་བརྩེ་བའི་ཡི་མ་རངས་ཕར་གྱུར་ཀྱང༌། བདེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་དད་པས་ཆོས་ལ་བར་ཆད་བྱེད་པའི་འཇིགས་པ་སྐྱེས་པ་དང༌། །རང་གི་བུ་མོ་རྣམས་ཀྱིས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ཏེ་འགྲོ་བར་འདོད་པས་ན་སྐྱེ་བ་དྲན་པས་ཉེས་སོ་སྙམ་དུ་བསམས་ཏེ་ཤིན་ཏུ་ཡུན་རིང་པོར་ཅང་མི་སྨྲ་བར་གྱུར་ཏོ། །མི་ཡི་སྐྱེས་བུ་དེ་ཡིས་ནི། །འཆི་བ་མེད་པར་ཤེས་པས་ན། །སོང་བས་ཡོངས་སུ་མ་སྤངས་པར། །ཅི་ཞིག་ལྟར་ནི་རྗེས་སྣང་སྨྲས། དེ་ནས་བུ་མོ་དེ་རྣམས་ཀྱིས་མེ་ཏོག་ཕྲེང་བ་དང་བྱུག་པ་དང་རྒྱན་རྣམས་སྤངས་ནས། དུལ་བ་དང་ལྡན་པར་ཞུགས་པའི་ལུས་ལ་གོས་དཀར་


DTG167_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྲ་ཞིང་རབ་ཏུ་འཕྱང་བ་གྱོན་བས་ཆུ་བོ་རླུང་གི་ཤུགས་གྱིས་བསྐྱོད་པའི་དབུ་བའི་ཕྲེང་བ་ལྟ་བུའམ། །སྟོན་ཀའི་མཚན་མོ་ཟླ་བའི་འོད་ཀྱིས་གོས་ཀྱིས་བཀབ་པ་ལྟ་བུའམ། དྲང་སྲོང་སྨེ་བདུན་གྱི་སྐར་མ་རང་གི་འོད་ཟེར་གྱི་དྲ་བས་གཡོགས་པ་ལྟ་བུ་དང༌། རིམ་གྱིས་རོ་བསྲེག་པའི་གནས་མེའི་དབུས་སུ་རོ་བཞག་པ་ཅིལ་ཅིལ་ཟེར་བ་རྣམ་པར་བཀྲམ་པ་དང༌། རོ་རྣམ་པར་མནམ་པ་དྲི་མི་ཞིམ་ཅིང་འཇིགས་སུ་རུང་བ་དང༌། མིའི་ཐོད་པ་བྱ་རྒོད་ཀྱིས་མཆུའི་རྩེ་མོ་རྣོན་པོས་བརྡོལ་བའི་བུ་ག་ནས་གླད་པ་དང་ཆུ་སེར་རྣམ་པར་འཇིགས་པས་མི་རོའི་གདོང་ལ་སྤགས་པས་མཐའ་མ་ཁྱབ་ཅིང་འཇིགས་པ་དང༌། རྙིངས་ཤིང་དེངས་ལ་མདོག་རྣམ་པར་འགྱུར་བའི་རུས་པ་དུམ་བུའི་ཚོགས་ཀྱིས་ནོན་ཅིང་རྩུབ་པས་སའི་ཕྱོགས་རྣམས་བགྲོད་པར་དཀའ་བ་དང༌། ལུས་ཅན་དག་ཡོངས་སུ་ཡིད་འབྱུང་བར་བྱེད་པ་གཤིན་རྗེའི་གནས་བཞིན་མྱ་ངན་དང་ཡིད་མི་བདེ་བ་དང༌། སྡུག་བསྔལ་བའི་གནས་སུ་གྱུར་པའི་དུར་ཁྲོད་དུ་ཕྱིན་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ཡི་ཁྲག་དང་ཞག་གིས་དྲི་མི་ཞིམ་པས་མྱོས་བར་གྱུར་པའི་བྱ་རྒོད་དང༌། རྒྱུ་ལྟོ་ནར་བས་ཁྱབ་ཅིང་མི་སྡུག་འཇིགས་པའི་ངོ་ཡི་ཡན་ལག་རྣམས་ཀྱིས་ཁེབས། །ཀུན་ད་འདྲ་བར་དཀར་ཞིང་རྟག་ཏུ་དགོད་པ་འདྲ་བར་མཐའ་གས་ཐོད་པ་དང༌། །ནྱ་གྲོ་དྷ་སྙིང་སུལ་ནས་འུག་པ་སྣ་ཚོགས་ཧཱུཾ་སྒྲོགས་འཇིགས་པའི་དུར་ཁྲོད་ཕྱིན། །ཅེ་སྦྱང་ཁ་ནི་མེར་བཅས་བརླང་བའི་སྒྲ་དག་སྒྲོགས་པས་འཇིགས་པ་དང༌། །ལ་ལར་ཐོད་པ་དཀར་པོའི་དྲ་བས་ཁྱབ་ཅིང་བགྲོད་དཀའ་དང༌། །སྲིན་བུ་རིགས་ཀྱི་ཚིགས་ཀྱིས་གཟེངས་ཤིང་རྣ་ཁུང་བསྐྱོད་པ་དང༌། །བུང་བ་སྦྲང་བུ་བརྒྱ་ཕྲག་མང་པོ་རོལ་འཕུངས་ཤིང་འདུ། །རུས་པ་དཀར་དང་དམར་རློན་རླུང་གིས་བསྐྱོད་པར་གྱུར་བ་དང༌། །རོ་བསྲེགས་མེ་གསལ་འཕྲོ་དང་ཤིང་སྐམ་རྩ་ན་སྤྲུལ་ཉལ་དང༌། །ལ་ལར་མི་ཡི་ལུས་ནི་མདུང་རྣོས་ཕུག་ནས་བསྐྱོན་པ་དག །གཤིན་རྗེ་རྟག་ཏུ་དགའ་སྟོན་བྱེད་ལ་འཇུག་པའི་ཚང་བང་འདྲ། །ལ་ལར་མི་མགོའི་ཐོད་པའི་གསེབ་ནས་ཁྲག་དང་ཆུ་སེར་འཛགས་པ་ཡི། །ཁུ་བ་མི་སྡུག་དག་ལ་སྲེད་པའི་ཤ་ཟའི་ཚོགས་ཀྱིས་ཁྱབ། །ལ་ལར་ཅིལ་ཅིལ་ཟེར་བའི་རོ་


DTG167_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་མེ་ཡིས་བསྐོར་བ་དང༌། །མི་རོའི་ཁོང་ནས་རྒྱུ་ལོང་ཕྱུང་བ་གཏོར་བས་ཁྱབ་པར་གྱུར། །སྐྱོ་བས་བརླན་པའི་སེམས་ཀྱིས་ནི། །དེར་ནི་བུད་མེད་དེར་བརྟགས་ནས། །འཚོ་བའི་འཇིག་རྟེན་རྒྱུ་མི་རྒྱུའི། །ངོ་བོ་ཉིད་ནི་སེམས་པར་གྱུར། །སྐྲ་ཡི་སྙིང་ནི་རྡུལ་གྱིས་རྩུབ་ཅིང་དམར། །མིག་སྦུབས་བྱ་ཡི་མཆུ་དང་སྡེར་མོས་བྲུས། །གསང་གནས་འགྱུར་ཞིང་མི་སྡུག་རྣག་བཅས་པར། །བོར་བའི་བུད་མེད་ལུས་དེར་རབ་ཏུ་བལྟས། །དམ་པའི་སྤྱོད་པ་ཐང་ཅིག་གཉེར་གཡོས་ཤིང༌། །ཨུཏྤལ་འདབ་ལྟར་དཀྱུས་རིང་མིག་གིས་ནི། །རོ་ཡི་གཟེབ་དེ་མངོན་པར་བལྟས་ནས་ཀྱང༌། །ཚིག་མང་རྣམ་པ་དུ་མ་སྨྲས་པར་གྱུར། །འདི་ཉིད་རྡོ་ཐལ་བྱུགས་པས་དགའ་བའི་གནས་ཁང་ནི། །ཟླ་ཟེར་གསལ་བས་སྤྲས་པར་བྱས་པ་རུ། །སྡུག་པའི་ཕོང་བར་བརྟེན་ཞིང་གནས་པ་ལས། །དེ་ནི་ས་ཡི་དཀྱིལ་འཁོར་གཞི་ལ་ཉལ། །སྡུག་པའི་ལག་པའི་གཟེབ་ཏུ་ཉལ་བ་ན། །འབྲུག་སྒྲ་སྒྲོགས་པ་ཡིས་ནི་ཁྱོད་སྐྲག་ན། །མེར་བཅས་ལྟས་ངན་ཅེ་སྦྱང་སྒྲ་ཡིས་ནི། །དཀའ་ཐུབ་མ་ཁྱོད་ཅི་ཕྱིར་འདིར་མི་འཇིགས། །འདི་ཉིད་རང་གི་ཁྱིམ་འཁོར་ཟླ་ཟེར་དེ། །རོ་སྨད་ལྕི་བའི་ཁུར་གྱིས་དལ་འགྲོ་ལ། །རོལ་ཅིང་དགོད་ལ་སྒེག་པར་རྣམ་ལྟ་བ། །བརྩེ་མེད་བྱ་རྣམས་ད་ལྟར་ཟ་བར་བྱེད། །འགྲོ་བ་འདི་དག་ངན་ཅིང་མི་བརྟན་ཏེ། །སྙིང་རྗེ་མེད་པའི་སྡུག་དེས་ཅི་ཡི་ཕྱིར། །མི་རོ་བརྒྱ་ཡིས་ཁྱབ་པར་གྱུར་པ་ཡི། །དུར་ཁྲོད་འདི་རུ་ཁྱོད་ནི་བོར་བར་འགྱུར། །རང་མི་རྩ་ལག་མཛའ་བཤེས་སྡུག་པ་དང༌། །པདྨར་བུང་བ་བཞིན་དུ་གནས་པ་ལས། །ཅི་ཕྱིར་མཚན་མོས་རྒྱུ་བས་འཇིགས་ཀྱང་ནི། །ཉོན་མོངས་དེང་འདིར་དུར་ཁྲོད་དག་ཏུ་དགའ། །སྔོན་ནི་མཛེས་ཤིང་སྣུམ་ལ་དཀྱུས་རིང་འཇམ་པའི་མིག་གིས་ལྟ་བ་ན། །ཆགས་ཅན་རྣམས་ཀྱིས་མིག་འབྲས་མཐའ་དམར་འགྱུར་ཞིང་མི་རྣམས་ཉམས་བྱེད་པ། །འདོད་ལྷའི་རི་དགས་རྒྱར་གྱུར་བུད་མེད་དེ་ཉིད་དེང་ནི་བྱ་རྣམས་ཀྱིས། །མིག་ཕྱུང་སྡུག་བསྔལ་བྱས་པས་ཆགས་དང་བཅས་རྣམས་ཤིན་ཏུ་འཇིགས་པར་བྱེད། །མི་གཙང་སྣ་ཚོགས་ཁོང་ན་མི་མངོན་སྲོག་ཤིང་གི །ལུས་ལ་བདག་གིར་ཆགས་པས་ལོར་བའི་མིག་བསླུས་ཞེས། །བུད་མེད་


DTG167_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་འདོད་ཆགས་ལྡན་པ་རྣམས་ལ་ནི། །བརྐམ་པའི་བྱ་ཡིས་མཆུས་བཏོག་གདོང་གིས་ཉེ་བར་དགོད། །པི་ཝང་གླིང་བུའི་སྒྲ་སྙན་རྣམས་དང་སྙན་པའི་གླུ་གར་དང་བཅས་པས། །མཆོག་ཏུ་སྡུག་པའི་པང་ན་བག་ཕབ་བདེ་བར་གཉིད་ལོག་པའི། །བུད་མེད་དེ་ནི་ཅེ་སྤྱང་སྐད་འབྱིན་མུ་ཅོར་སྒྲ་བཅས་ཤིང༌། །ས་རྡུལ་གྱིས་ཁྱབ་རྩུབ་པའི་དུར་ཁྲོད་འདིར་དེང་ཉལ་བར་གྱུར། །གང་དུ་རྣམ་པར་བརྟགས་ཀྱང་སྒྲ་ཡི་རྩེ་མོ་ཙམ་གྱིས་ནི། །བཙང་བ་མི་གཙང་ཚོགས་ཀྱིས་ཚང་ཚིར་འདིར་མི་སྣད། །ཕུང་ཁྲོལ་ཆེས་ཅན་ནད་མང་འདོད་པ་ཐང་ཆད་ལ། །རང་བཞིན་ངན་རྣམས་ཅི་ཕྱིར་དེ་ནི་ཆགས་པར་གྱུར། །བུ་མོ་འགྲོ་བ་ཀུན་གྱི་ཚུལ་ཡང་འདི་འདྲ་བས། །རྨི་ལམ་མིག་འཕྲུལ་ཆུ་ཟླ་ལྟ་བུར་རང་བཞིན་གྱིས། །གཡོ་བ་རྟོགས་པ་ཇི་སྲིད་སྲོག་ནི་ལྷག་མ་དང༌། །བཅས་ཤིང་ལུས་གཞོན་གྱུར་ཚེ་ཆགས་དང་ཉེར་བྲལ་བྱོས། །གཤིན་རྗེའི་ཆུ་སྲིན་དགའ་བའི་ཁར་ནི་ཆུད་གྱུར་ཅིང༌། །སྐྲ་དཀར་ཚོགས་ཀྱིས་སྤྱི་ནས་བཟུང་ནས་ནི། །སྲོག་མཐར་གྱུར་པའི་གནོད་པའི་ཚེར་མའི་གནད་ཕུག་ལ། །མཆི་མས་མིག་ཁེབས་གྱུར་ཚེ་དགེ་བ་ཇི་ལྟར་བྱ། །འཇིག་རྟེན་ཕ་རོལ་མི་བཟད་མུན་ནག་གཡང་ཆེན་དུ། །ལྟུང་ཞིང་ལུས་བྱེར་གྱུར་ཚེ་དགེ་བ་འདོད་གྱུར་པ། །དུག་ཅན་སྦྲུལ་ཁ་དོག་པའི་ནང་དུ་ཆུད་གྱུར་པའི། །སྦལ་པ་ང་རོ་འདོན་དང་མཚུངས་ཞེས་མཁས་རྣམས་སྨྲ། །ཅི་ཕྱིར་ཚིག་རྩུབ་ཕྲ་མ་མ་འབྲེལ་སྤྱི་རྟོལ་སྨྲ་བ་དང༌། །སྙན་ཚིག་བཅོས་མས་འཇིག་རྟེན་བསླུས་པར་གྱུར་ནས་དི་རིང་ནི། །མི་སྨྲ་གནས་ཞེས་སྤྱོད་པ་ལྟ་བུས་མདུན་སོའི་ཕྲག་ནས་ནི། །བྱ་རྣམས་ཚམ་ཚོམ་མེད་པར་མཆུ་ཡི་སྐམ་པས་ལྕེ་ཡང་འབྱིན་པར་གྱུར། །ཆགས་པས་མདོངས་ཤིང་ལོག་པའི་ཡུལ་གོམས་ཡོན་པའི་བསམ་པ་ཅན། །བྱིས་པ་གང་གིས་མིག་གི་ཡུལ་མཐོང་བསྟན་པ་རྣམ་འཇིག་པའི། །མཛེས་པའི་རོ་སྨད་དེ་ནི་དེ་རིང་འཇིགས་དང་བྲལ་བ་ཡི། །མི་བཟད་བྱ་རྒོད་མཆུ་དང་སྡེར་མོར་འཇོག་ཅིང་ཚུལ་དུ་འདྲི། །གང་དག་རང་གི་ཁང་བས་གཞི་མེ་ཏོག་སེལ་མས་གཏོར་བ་ཡི། །རྩིག་པའི་རི་མོ་ཡོངས་འགྱུར་བཞིན་དང་ཟུར་གྱིས་ལྟ་བྱེད་ཅིང༌། །སྡུག་པའི་ལག་པའི་པདྨར་བརྟེན་ཞིང་དལ་གྱིས་འགྲོ་བ་ཡི། །བུད་མེད་དེ་ཡི་རྐང་པ་དེ་ནི་ཝ་དག་ཟ་བར་འགྱུར། །


DTG167_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ལྟན་ཅིག་སྐྱེས་པའི་མི་སྡུག་མི་གཙང་འདམ་རྫབ་དང༌། །དྲེགས་པས་མྱོས་ཤིང་སེམས་ལྷུང་གྱུར་པས་སྡུག་བསྔལ་ཉོན་མོངས་པའི། །ལུས་ལ་ཁྱེད་ཀྱིས་འདི་ནི་རང་བཞིན་མ་ཞིར་བལྟས་ནས་ནི། །འཚོ་བའི་འཇིག་རྟེན་གློག་ལྟར་རབ་ཏུ་འཇིག་ལའང་ཡིད་བྱུང་གིས། །ཡང་དག་ཇི་བཞིན་ཐུགས་ཆུད་ཆོས་ཀྱི་རྒྱལ་པོས་སེམས་ཅན་རྣམས། །ཉོན་མོངས་རྨ་ནང་རྒྱུན་མི་འཆད་པར་འཛག་པས་གདུང་བ་ལ། །རང་བཞིན་བསིལ་བའི་ཆོས་གསུང་ཆུ་ཡི་བུམ་པས་ཚིམ་མཛད་པ། །སྨན་པའི་མཆོག་གྱུར་སྟོན་པ་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཤེས་པར་དཀའ་ཞིང་གཡོན་ཅན་མ་ཞི་ལས་དང་ཉོན་མོངས་ལྡན། །རྣམ་པར་འགྱུར་ལ་མ་ཞི་སྐྱེ་བར་བཤད་པ་གང་ཡིན་པས། །རྨོངས་པ་ཤིང་རྟའི་འཕང་ལོ་བཞིན་དུ་དབང་མེད་འཁོར། །འཇིག་རྟེན་མི་བཟད་ཕོངས་པའི་རྡོ་རྗེས་ལུས་ནི་ངེས་འཇོམས་འགྱུར། །གཞོན་ནུའི་ཚེ་ནམ་ཡིས་ལན་བུར་ལྡན་བའི་སྐྲ་བྱས་ཤིང༌། །གང་ལ་ལང་ཚོ་མཛེས་པའི་ནོར་བུའི་ཕྲེང་བ་མཆོག་བཅིངས་དང༌། །བྲམ་ཟེས་མེ་ཏོག་བཅས་པའི་ཞི་བའི་ཆུ་ཐིགས་ཀྱིས་གཏོར་བའི། །བུད་མེད་མགོ་ལ་མི་བཟད་ཁྭ་རྣམས་ཐོགས་པས་ཉོན་མོངས་སོ། །གང་ཞིག་བག་མའི་དུས་སུ་མེ་ཏོག་བཟང་བསྒོས་ཤིང༌། །མ་ཡི་ལག་པས་དགེ་མཚན་བཀྲ་ཤིས་བྱས་གྱུར་པའི། །སྐྲ་དེ་དི་རིང་རབ་དྲག་རླུང་གིས་བསྐྱོད་ནས་ནི། །དུར་ཁྲོད་དག་གི་ཤིང་ལ་རྔ་ཡབ་ཉིད་དུ་གྱུར། །རང་བཞིན་སྒྲིན་བར་ལྟ་དང་ཟུར་གྱིས་ལྟ་གང་སོང༌། །སྒེག་པའི་གོམས་སྟབས་དང་ནི་དྲེགས་མྱོས་གང་དུ་སོང༌། །དགའ་བས་སྟེག་ཅིང་གླུ་དང་དགོད་པ་གང་དུ་སོང༌། །ཨེ་མ་སྒྱུ་མའི་གསང་བའི་རབ་བཀོད་ངོ་མཚར་ཆེ། །དགོད་ཅིང་དལ་གྱིས་རྣམ་གཡོའི་རྣ་རྒྱན་འོད་ཀྱིས་མཁུར་བ་དམར་པོ་དང༌། །གང་དུ་སྲོག་དང་མཉམ་པའི་མཛེས་པའི་རི་མོ་འབད་དེ་བྲིས་པ་དང༌། །པདྨ་གཞོན་ནུའི་སྙིང་པོ་ལྟ་བུ་འཇམ་པའི་མཁུར་ཚོས་གང་ཡིན་དེར། །བྱ་རྣམས་དཔྲལ་བར་གནས་ཤིང་ཁྲག་གིས་སྤགས་པའི་མཆུ་ཡིས་འཚོག་པར་བྱེད། །འོད་ཅན་མུ་ཏིག་ཕྲེང་བའི་ལྦུ་བ་དཀར་ཞིང་བ་སྤུའི་ཆུ་བལ་ཅན། །ནུ་མ་རྒྱས་པའི་ངུར་པ་ཟུང་ལྡན་བྲང་གི་རྫིང་མཆོག་ཡངས་པ་དག །གཡོ་བའི་


DTG167_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལྷུང་བྱས་པས་ཕོངས་པའི་མིག་ནི་གང་དུ་ཆགས་གྱུར་པ། །དེར་ནི་རྣམ་པར་རངས་པས་སྦྲང་བུའི་ཚོགས་རྣམས་འཕུངས་པར་གྱུར། །སྔོན་ནི་ཙན་དན་ཆུ་ཐིགས་ཕྲེང་གཏོང་ཏ་ལའི་ལོ་མ་རླུང་ཡབ་དང༌། །མངག་གཞུག་རྣམས་དང་བཟང་མོའི་གདུ་བུའི་སྒྲར་ལྡན་པ་དག་གཡོག་བྱེད་ཅིང༌། །ཁང་བཟངས་ཟླ་ཟེར་གྱིས་སྤྲས་དཀར་བས་མཛེས་པའི་སྔས་ནི་རྟེན་གྱུར་པ། །དེ་ནི་དེང་འདིར་ཁྭ་ཡི་སྒྲོ་གཤོག་རྩུབ་བས་བསྐྱོད་པའི་རླུང་གིས་གཡོ་བ་པར་གྱུར། །གང་གིས་སྔོན་ནི་འདི་བསྐྱོད་ཅིང༌། །གསེབ་ནང་དག་ཏུ་གནས་བཅས་ནས། །ལུས་ཀྱི་ཤིང་ནི་སྤངས་ནས་ནི། །སེམས་ཀྱི་སྤྲེའུ་དེ་གང་དུ་སོང༌། །གང་གིས་བྱེད་པ་མེད་འདི་ཡང༌། །བྱེད་པ་ལྟ་བུར་སྟོན་བྱེད་པ། །བདག་མེད་རོ་འདི་སྤངས་ནས་སུ། །སེམས་ཀྱི་བཞད་གད་མཁན་གང་སོང༌། །གང་ཞིག་རྨོངས་ལས་བློ་མདོངས་པས། །ནང་ན་བདག་ཏུ་འདོགས་གྱུར་ཅིང༌། །མུ་སྟེགས་ཅན་རྣམས་རྨོངས་བྱེད་པའི། །རྣམ་ཤེས་སྲིན་པོ་དེ་གང་སོང༌། །གང་གིས་ཡུན་རིང་རྣམ་རྨོངས་ཀྱང༌། །ཡང་དག་པར་ནི་མི་གནས་པས། །སྣ་ཚོགས་སེམས་ཀྱི་སྒྱུ་མ་མཁན། །འགྲོ་བ་འདི་ལས་གང་དུ་སོང༌། །བདག་གི་འགྲོ་བ་སེར་སྐྱ་སོགས། །དཀའ་ཐུབ་པས་ཀྱང་མི་ཤེས་པས། །ནམ་མཁའི་ཡུལ་གྱི་སྤྱོད་ཡུལ་ཅན། །སེམས་ཀྱི་རིག་འཛིན་དེ་གང་སོང༌། །གཡོ་དང་མི་གཡོའི་སྒོ་དགུ་པོ། །མི་གཙང་འདི་ནི་སྤྱོད་སྤྱོད་པ། །དེ་ནས་ལུས་ཀྱི་གཟེབ་འདི་ལས། །སེམས་ཀྱི་བྱ་དེ་གང་དུ་སོང༌། །མི་བཟད་སུལ་ལས་སྡུག་བསྔལ་འབབ་པའི་ལན་ཚྭ་ཆེན་པོས་རབ་ཏུ་ཁེངས་གྱུར་པའི། །སྲིད་པའི་རྒྱ་མཚོ་ཉོན་མོངས་སྦྲུལ་དང་ཉར་འགྲེ་གང་ཡིན་དེར་ཆུད་ཅིང༌། །མི་ཤེས་ཆུ་སྲིན་འཁྲུགས་པའི་ཆུ་རླབས་གཡོ་བའི་ཆུ་བོར་ནུབ་གྱུར་པ། །སེམས་ཀྱི་མཚན་མོ་སྤྱོད་པ་ལུས་འདི་སྤངས་ནས་དི་རིང་གང་དུ་སོང༌། །ཉེས་བྲལ་བཅོམ་ལྡན་དེ་ནི་གདུལ་པའི་ཐབས་རྣམས་གང་དག་ཡིན་མཁྱེན་གྱི། །མ་དུལ་གང་གིས་མཐར་ནི་དམྱལ་བར་མེ་འབར་འཕྲོ་བར་གྱུར་པ་ཡི། །གསེར་ལྟར་སེར་བའི་གསེབ་ཏུ་དབང་མེད་པར་ནི་འདོར་བྱེད་པ། །རང་བཞིན་གཡོ་བར་བྱེད་པའི་སེམས་ཀྱི་རྟ་དེ་དི་རིང་གང་དུ་སོང༌། །དེ་ནས་རྡོ་རྗེའི་འོད་ཀྱིས་


DTG167_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིག་མ་རྒྱས་ལྗང་བ། །བརྒྱ་བྱིན་དགའ་བས་མིག་གདངས་དུལ་བཅས་ཉེར་སོང་སྟེ། །བུ་མོ་རྣམས་ལ་རང་བཞིན་སྐལ་བཟང་ཚིག་གིས་ནི། །རྗེས་སུ་མཐུན་ཞིང་དགེ་བས་ལེགས་སོ་ལེགས་ཞེས་སྨྲས། །སྲིང་མོ་ན་ཚོད་གཞོན་ཞིང་འདོད་ལྷའི་གནས་གྱུར་དང༌། །རྒྱལ་རིགས་འབྱོར་པའི་དཔལ་གྱི་བདེ་བ་སྤངས་ནས་ནི། །སྔོན་གྱི་དྲང་སྲོང་རྣམས་ཀྱི་བཀའ་ལ་ཞུགས་གྱུར་པ། །དཀའ་ཐུབ་འདིས་བདག་ཡོངས་དགའ་ཁྱེད་རྣམས་ཅི་འདོད་སྨྲོས། །འདོད་པའི་དབང་ཕྱུག་ལག་མཐིལ་གནས་བཞིན་ཤེས་པར་གྱིས། །སུམ་ཅུ་རྩ་གསུམ་བདག་པོའི་བདེ་བའང་དེས་རྟོགས་ལ། །ལྷ་རྒྱལ་བརྒྱ་བྱིན་བདག་ཡིན་ཁྱེད་ཉིད་གང་འདོད་དང༌། །སྲིང་མོ་བདག་གིས་ངེས་པར་གང་བྱ་མྱུར་དུ་སྨྲོས། །དེ་ནས་གཞོན་ནུ་དེ་རྣམས་ཡུལ་གྱི་བདེ་ལ་འདོད་མེད་ཅིང༌། །རང་བཞིན་གཡོ་མེད་སེམས་ཀྱིས་བརྒྱ་བྱིན་ཟུར་མིག་གིས་བལྟས་ནས། །རང་གི་དགེ་བ་ཡོངས་སྨིན་བརྟན་པའི་རང་བཞིན་གྱིས། །ཁ་ན་མ་ཐོ་མེད་གསལ་སྣ་ཚོགས་དོན་ལྡན་ཚིག་འདི་སྨྲས། །བརྒྱ་བྱིན་བདག་ཅག་སྐྱེ་བའི་སྡུག་བསྔལ་གྱིས་ནི་གདུངས་གྱུར་པའི། །སྲིད་པའི་བདེ་བའི་ཟིལ་པའི་ཁ་ཆུ་འཛག་པའི་རྒྱུ་འདྲའི་ཕྱིར། །བཞིན་རས་མཛེས་པ་མྱ་ངན་མཆི་མས་བྲིས་ཤིང་རྙོགས་པ་ཡི། །གཉེན་རྣམས་སྤངས་ནས་དཀའ་ཐུབ་འདི་ལ་རྗེས་སུ་ཞུགས་པ་མིན། །གཞན་ཡང་འགྲོ་བ་མ་ལུས་ཚུལ་ངན་གྱིས་བཅིངས་མི་བཟད་པ། །ཕོངས་པ་བརྒྱ་ཕྲག་སྟོང་གིས་བཅོམ་པས་ངེས་པར་སྐྱོ་གྱུར་ཅིང༌། །བཀྲེན་པས་ཉམ་ཐག་མཐོང་བས་ཉེས་ཟད་རྣམས་ཀྱིས་རྗེས་འབྲངས་ཏེ། །རྒ་མེད་མྱ་ངན་མེད་པའི་གོ་འཕང་ཐོབ་ཕྱིར་བརྩོན་པ་ཡིན། །གལ་ཏེ་འགྲོ་ལ་རྗེས་བརྩེ་ལྷག་བསམ་ངང་ཚུལ་ལྡན་གྱུར་ཅིང༌། །ཅི་སྟེ་བརྒྱ་བྱིན་ཁྱོད་ཀྱིས་མཆོག་ནི་ཡང་དག་སྟེར་ནུས་ན། །འཆི་མེད་མི་ཕྲོགས་ཚངས་བཞི་ཚངས་པའི་གོ་འཕང་རྣམ་གྲོལ་ཏེ། །སྲིད་པའི་འཇིགས་པས་ཡོངས་གདུངས་བདག་ཅག་རྣམས་ཀྱིས་ཐོབ་པར་མཛོད། །ལུས་ལས་བྱུང་ཞིང་འཛག་པའི་དྲི་མ་སྐྱོན་གྱིས་བསྒོས་པར་གནས་པ་དང༌། །མ་ཡིན་མངལ་དུ་མི་གཙང་འདམ་གྱི་ཚོགས་ན་ཡང་མ་སྤངས་སྤྱོད། །བྱུང་ན་རུས་པའི་འཁྲུལ་འཁོར་གྱིས་ནི་མ་གོ་བཙིར་བརྒྱལ་


DTG167_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཉམ་ཐག་པས། །ཉོན་མོངས་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐྱེ་བ་གཅད་པར་མཛོད། །རྒ་བའི་སྲིན་མོས་སྐྲ་དཀར་མཆེ་བ་དཀར་པོ་མྱུ་གུ་ལྡན་པ་ཡི། །ཁ་གདངས་ནས་ནི་འགྲོ་ལ་གཞུང་ལུགས་མེད་པར་སྤྱི་ནས་འཛིན་བྱེད་ཅིང༌། །གང་འདི་མི་ཡི་བརྩོན་དྲན་བློ་གྲོས་དགའ་བའི་དཔལ་ནི་རབ་འཇོམས་པ། ལྷ་ཡི་དབང་པོ་ཁྱོད་ཀྱིས་གལ་ཏེ་ནུས་ན་དེ་ལས་བསྐྱབ་པར་མཛོད། །དབུགས་རྒོད་གཡོ་ཞིང་ལྟོ་བ་སྲ་ལ་པགས་པ་སྐྱ་ཞིང་རྩུབ་པ་དང༌། །ལོངས་སྤྱོད་འབར་བ་སྣ་ཚོགས་ཐོབ་ཀྱང་སྤྱོད་པར་མི་ནུས་སྟོབས་མེད་པ། །གང་གིས་ལུས་ཟིན་འཆི་བདག་ཕོ་ཉའི་སྐྱེས་བུ་ནད་ཚོགས་རབ་འཇིགས་པ། །ལྷ་དབང་ཁྱོད་ནི་ཅི་སྟེ་མཆོག་སྦྱིན་འདོད་ན་དེ་ལས་བདག་ཅག་སྐྱོབས། །མིག་ནི་ཕྱིར་ཕྱོགས་གྱུར་ཅིང་མི་གཡོ་གནད་རྣམས་གཅོད་པས་སྡུག་བསྔལ་བ། །ཉོན་མོངས་འཁྲུགས་པས་རབ་ཏུ་ལུས་བཅོམ་འཇིགས་པས་ཕུང་པོ་འགྱེལ་བ་དང༌། །གཉེན་རྣམས་མཐོང་བས་མཆི་མས་མཁུར་བ་དག་དང་མཆུ་ནི་བཀྲུས་གྱུར་པ། །གང་གིས་ཟིན་ན་རབ་ཏུ་འཇིགས་འགྱུར་འཆི་བ་དེ་ལས་བདག་ཅག་སྲུངས། །གང་གིས་ཡིད་ཁྱབ་གྱུར་ན་ཕྱུགས་བཞིན་འགྱུར་ཞིང་མྱ་ངན་གྱིས་ཟིན་ལ། །བྱ་དང་མི་བྱའི་རྣམ་པ་བློ་ལ་མི་སེམས་སྨད་པའི་གནས་བསྐྱེད་པ། །ཐ་མལ་བསིལ་བའི་འཐོར་བའི་རླུང་གིས་གཡབ་ཀྱང་ལུས་ཚིམ་མི་འགྱུར་བའི། །འདོད་ཆགས་མེ་ཆེན་དེ་ནི་མཆོག་སྦྱིན་ཁྱོད་ཀྱིས་ངེས་པར་ཞི་བར་མཛོད། །གང་གི་ཤུགས་ཀྱིས་མིག་འགྱུར་གཡོ་ཞིང་སོ་ཡིས་སྒྲོས་གནོན་ལ། །སྐད་ཅིག་གིས་ཀྱང་མི་བཟད་དམྱལ་བའི་འབྲས་བུ་སྟེར་བྱེད་སྡིག་ཅན་ནི། །དེངས་པའི་ལོ་མ་དང་ནི་ཆུ་དག་ཟ་བའི་ཐུབ་རྣམས་ཀྱིས་ཀྱང་མ་བཏོན་པའི། །ཡིད་ཀྱི་སུལ་གནས་ཁྲོ་བའི་སྦྲུལ་དེ་བརྒྱ་བྱིན་ཁྱོད་ཀྱིས་བསལ་བར་མཛོད། །གང་གིས་མིག་ཁེབས་གྱུར་ན་བློ་གྲོས་ངན་རྣམས་ཞི་བའི་ལམ་སྤོང་ཞིང༌། །ལོག་ལྟའི་དུག་གིས་ཉེ་བར་སྤགས་པའི་ཡིད་ཀྱིས་ལམ་གཞན་དག་ལ་བསྟེན། །གང་ཞིག་རབ་རིབ་བསལ་བས་ཟག་པ་ཀུན་གྱི་རྒྱུར་ནི་རབ་གསུངས་པ། །ལོག་ཡིད་ཁྱིམ་ན་སྤྱོད་པ་རྨོངས་པའི་མུན་ནག་བརྒྱ་བྱིན་ཁྱོད་ཀྱིས་སོལ། །བརྒྱ་བྱིན་མཆོག་ནི་དེ་དག་རྣམས། །


DTG167_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བདག་ཅག་རྣམས་སློང་གིས། །དམ་བཅས་དོན་ལས་འགལ་བ་ནི། །མཁས་པས་འདོད་པར་མི་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་དེ་རྣམས་འདོད་པའི་ཡུལ་དག་སློང་བར་མི་བྱེད་ཅིང་ལྟོས་པ་མེད་ལ་གསལ་ཞིང་མཛེས་པའི་ཚིག་གིས་རྣམ་པར་འཁྲུལ་པས་ངོ་མཚར་དུ་གྱུར་ཅིང་ཡང་དག་པར་དད་པས་ལུས་ཀྱི་སྤུ་ཟིང་ཞེས་བྱེད་དེ། སྨྲས་པ། མི་འབྱོར་དངོས་པོ་སློང་བར་གྱུར་པ་ནི། །འཇིག་རྟེན་དག་ན་བྲ་ཞིང་ཞུམ་གྱུར་པས། །གང་འདི་བདག་གིས་སྦྱིན་བར་ནུས་པ་ཡི། །མཆོག་རྣམས་སྦྱིན་གྱི་བུ་མོ་ཁྱེད་ཀྱིས་སྨྲོས། །དེ་ནས་བུ་མོ་དེ་རྣམས་ཀྱིས་དེའི་ནང་ན་མི་མངོན་བའི་རྒྱུས་རྣམ་པར་སྨྲས་པའི་ཚིག་དེས་ཡང་དག་པར་སྐྱོ་བས་ཉེ་བར་བསྐྱེད་པའི་ཁྲོ་བས་བརྒྱ་བྱིན་ལ་སྨྲས་པ། ཅི་ཕྱིར་ཉེ་བར་འདྲིད་པའི་ཐབས་དང་ནི། །བརྒྱ་བྱིན་མཛེས་མེད་དེ་དག་གང་དུ་ལྷགས། །བདེ་བ་ཙམ་དང་མི་མཁས་བློ་ཅན་ནམ། །མི་བསྲུན་པ་ཡི་བགྲོད་བྱ་བདག་ཅག་མིན། །འདིར་ནི་ཕྱོགས་རྣམས་རྒྱ་ཆེར་གྲགས་པའི་ཚོགས་ལྡན་པའི། །རྒྱལ་པོའི་རིགས་སུ་གྱུར་པར་ཁྱོད་ཀྱིས་མི་ཤེས་སམ། །གང་གིས་ནོར་གྱི་སྙིང་པོ་ངེས་པར་བལྟས་ནས་ནི། །ནོར་བདག་མིང་ཡང་ཇི་བཞིན་དོན་དང་ལྡན་པ་ཡི། །རྒ་བས་གཟིར་ཞིང་འཆི་བའི་སྡུག་བསྔལ་གྱིས། །དུབ་ཅིང་ཡིད་འབྱུང་ཞུམ་པའི་འཇིགས་སྤང་ཕྱིར། །ལྷ་ཡི་མགོན་པོ་གནས་སྐབས་འདིར་ཞུགས་ཀྱི། །དྲེགས་པས་མ་ཡིན་བྱིས་མིན་མི་བརྟན་མིན། །བསོད་ནམས་བྱེད་པ་རྣམས་ལ་འཚེ་བའི་ཕྱིར། །གང་ཕྱིར་ཁྱེད་ཀོ་བདག་ཅག་སྡུག་བསྔལ་བྱེད། །གཉེན་དང་མཛའ་བཤེས་འཁོར་གྱི་སྦྱོར་བ་ཡི། །དགའ་བས་བརྒྱ་བྱིན་ཡུན་རིང་འཚོ་བར་གྱིས། །རང་བྱས་མགོ་སྐལ་ལྡན་པའི་འབར་བ་ཡི། །གང་ཕྱིར་ལྷ་ཡི་བདག་པོར་ཁྱོད་གྱུར་དེས། །གཞན་གཙེས་རྒྱུ་ཡིས་ལྷ་ཡི་རྒྱལ་པོ་ཡི། །དམ་པའི་ཕུན་སུམ་ཚོགས་ཐོབ་མི་འགྱུར་རོ། །དེ་ནས་དབང་པོ་ཆེན་པོ་དེས་དེའི་ཚིག་གསལ་ཞིང་ཚིག་གི་དོན་སྣ་ཚོགས་སྟོན་པའི་ཚིག་རྣམས་ཀྱིས་ལུས་ཚིམ་ཞིང༌། མཆོག་ཏུ་ངོ་མཚར་དུ་གྱུར་ལ་དད་པས་བཞིན་རབ་ཏུ་དང་ཞིང་མཛེས་པ་དང༌། གཞན་ཡང་དེ་རྣམས་ཀྱིས་བསམ་པ་


DTG167_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སད་པའི་ཕྱིར་ཤིན་ཏུ་བསྟི་སྟང་དང་བཅས་པའི་ཚིག་གིས་སྨྲས་པ། ཀྱེ་མ་མ་དང་འདྲ་བའི་སྲིང་མོ་དག །འཇིག་རྟེན་དཀའ་ཐུབ་ཅན་དག་ཀྱང༌། །མགོན་དུ་བདག་ནི་ལྟ་འདོད་ན། །ཅི་ཕྱིར་འདི་ལྟར་མཆོག་སྟེར་བ། །ང་ལ་ཁྱེད་རྣམས་བརྩེ་མེད་འགྱུར། །དེ་ནས་བུ་མོ་དེ་རྣམས་ལྷག་པར་ཡང་འཁྲུགས་ཤིང་ཁྲོ་བ་དང་བཅས་པས་བརྒྱ་བྱིན་ལ་སྨྲས་པ། བདེ་སོགས་ཀྱིས་ནི་བཞིན་རས་ལ། །ཆགས་ཤིང་འཛུམ་དང་ཟུར་མིག་གིས། །རྣམ་ལྟའི་གནས་ནི་གཞན་ཡིན་ཞིང༌། །སྦྱིན་བྱའི་མཆོག་ཀྱང་གཞན་ཡིན་ནོ། །གལ་ཏེ་བརྒྱ་བྱིན་ཁྱོད་ཀྱིས་ནི། །མཆོག་རབ་སྟེར་བར་ནུས་ན་ནི། །ཡུལ་རྣམས་ཀྱི་ནི་ཤ་ཟ་ནི། །མི་སྲུན་དེ་ལས་རྒྱལ་བར་གྱིས། །ཡང་ན་འདོད་པ་སྤང་དཀའ་ཞིང༌། །ལོག་པའི་རྟོག་པས་ཆགས་གྱུར་ན། །རྒྱུན་དེ་ཉིད་ལ་རྟག་ཏུ་གནོས། །གལ་ཏེ་ནུས་ཡོད་འདི་འདྲར་གྱིས། །མིག་སྟོང་ལྡན་ཁྱོད་མི་བརྟན་པའི། །འདོད་ལ་ཡིད་ནི་ཆགས་གྱུར་པ། །ཁྱོད་ནི་སྦྱིན་བྱ་ཐ་དད་ན། །མཆོག་ཅེས་པ་ནི་ཇི་ལྟར་སྨྲ། །ཇི་ལྟར་ཆུ་བོ་འཇིགས་པ་ཡི། །ཤུགས་ཀྱིས་བདས་པར་གྱུར་པའི་མི། །གཞན་དག་བསྒྲལ་བར་བྱའོ་ཞེས། །ཡོངས་རྟོགས་བྱེད་པའི་རྨོངས་པའི་གནས། །སྐྲ་རྣམས་བྲེགས་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང༌། །དགོན་པ་ཡུལ་དུ་འདོད་པར་ནི། །ནམ་ཞིག་དེ་ལྟར་འགྱུར་ཞིག་གུ། །གཉའ་ཤིང་གང་ཙམ་རྣམ་ལྟ་ཞིང༌། །ས་ཡི་ལྷུང་བཟེད་ལག་ཐོགས་ནས། །དཔྱས་མེད་ཁྱིམ་ནས་ཁྱིམ་དུ་ནི། །ནམ་ཞིག་སློང་མོ་སྤྱོད་པར་འགྱུར། །རྙེད་དང་བཀུར་སྟི་ཆགས་མེད་ཅིང༌། །ཉོན་མོངས་ཚེར་མའི་འདམ་རྫབ་དག །སྦྱོར་བ་བྱེད་ཅིང་གྲོང་ཁྱེར་གྱི། །སྦྱིན་པའི་གནས་སུ་ནམ་ཞིག་འགྱུར། །རྩྭ་ཡི་ཚོགས་ལས་ལངས་ནས་ནི། །བ་མོས་ལྕི་བའི་གོས་དག་དང༌། །ཟས་སྐོམ་ངན་ངོན་ཙམ་གང་གིས། །ནམ་ཞིག་ལུས་ལ་ཆགས་མེད་འགྱུར། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །ངུར་པ་འཇམ་པོའི་གོས་ཅན་དུ། །མཐོང་ཆོས་བདེ་བའི་དགའ་སྟོན་དང༌། །ནམ་ཞིག་


DTG167_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་ཉལ་བར་འགྱུར། །འདོར་བར་འགྱུར་བའི་ལུས་སྲོག་ལ། །ཆུ་དང་རྩྭ་ཡི་ཟིལ་པ་ལྟར། །ལྟོས་མེད་ཡུན་རིང་གོམས་པ་ཡི། །བདེ་བ་ཆེན་པོ་ནམ་ཞིག་འཐོབ། །ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་ངོགས་འབྱུང་འཇིག་དང༌། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ཡང་དང་ཡང་དུ་ལྟ་བར་འགྱུར། །ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པ་དང༌། །སྲིད་པའི་ལོངས་སྤྱོད་མི་འདོད་པར། །བདག་ནི་ནམ་ཞིག་འགྱུར་ཞིག་གུ། །རྨི་ལམ་སྨིག་རྒྱུ་སྒྱུ་མ་སྤྲིན། །དྲི་ཟའི་གྲོང་ཁྱེར་མཚུངས་པར་ནི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་དག །ནམ་ཞིག་རྟོགས་པར་བྱེད་པར་འགྱུར། །མིང་པོ་འདི་ལྟར་དགའ་བ་ཡི། །རེ་བའི་ཡིད་ཀྱིས་རྣམ་རོལ་པས། །ཟང་ཟིང་བཅས་ཤིང་གཡོ་བ་ཡི། །མཆོག་དེ་རྣམས་ཀྱིས་ཅི་ཞིག་བགྱི། །ཀྱེ་མ་མཆོག་རབ་སྦྱིན་པར་སེམས་གཞན་ཡང༌། །ལོག་པར་རྟོག་པ་སྐད་ཅིག་ཙམ་འགའ་ཞིག །ལྷ་མགོན་འདོད་པ་ངོ་བོ་ཉིད་ཀྱིས་གཡོ། །གཡང་ས་ཆེན་པོ་མུན་ནག་བཅས་འདྲ་བས། །སེམས་རྒྱ་ཆེ་བའི་དམ་པས་རྣམ་པར་སྤངས། །མི་རིགས་འཚེ་བ་ཀུན་གྱི་རྒྱུར་གྱུར་ཅིང༌། །འདོད་པས་མི་རྣམས་འཁྲུལ་པར་བྱེད་པས་ན། །འདི་ནི་སྨད་བྱ་འཇིགས་པ་ཆེན་པོ་སྟེ། །མི་གཙང་བསྒོས་པའི་སྦྲུལ་ནག་དག་དང་མཚུངས། །གང་འདི་ཐོག་མཐའ་མེད་ནས་འགྲོ་བ་དང༌། །འགྲོ་བར་འགྱུར་དང་གནས་པའི་སེམས་ཅན་ལུས། །དེ་ནི་གསོད་འཇོམས་བསྟན་དང་མཚུངས་པས་ན། །སྡིག་པའི་གཞིར་གྱུར་འདོད་པས་ཅི་ཞིག་བྱ། །ལྷ་དབང་བརྒྱ་བྱིན་འདོད་པའི་ཡུལ་འདི་ནི། །ཕྱག་དར་ཁྲོད་འདྲར་བྱེད་འདྲའི་ངོ་བོ་བས། །བརྫུན་པར་རྟོག་ཅིང་རྣམ་སྨིན་མི་བཟད་པའི། །འདོད་པ་ཡིད་ཀྱིས་ཀྱང་ནི་སུ་ཞིག་བསྟན། །བཻ་ཌཱུཪྻ་སྔོ་ལྗང་སྐྱེས་པ་ཡི་རྩྭ་དང་ནི། །མེ་ཏོག་རྒྱས་པར་གྱུར་པའི་ཤིང་གི་ནགས་སྤངས་ནས། །ལྕགས་ཀྱུ་རྣོན་པོས་སྤྱི་བོར་འཚོག་ཅིང་འདྲི་བ་དང༌། །གླང་ཆེན་དབང་པོས་ཁུར་སྐྱེད་ཡུལ་གྱིས་བསླུས་པ་ཡིན། །མདུང་རྩེ་ལུས་བསྐྱོན་གྲོང་གི་ཁ་ཡི་ཚོགས་རྣམས་ཀྱི། །གཤོག་པའི་


DTG167_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་རབ་ཏུ་གཡོབ་པར་བྱེད་འགྱུར་ལ། །མཛའ་བོ་རྣམས་ཀྱང་གཡོ་བྱས་མིག་གིས་ལྟ་བྱེད་པར། །སྐྱེས་བུ་འཇིགས་པར་འགྱུར་བའང་ཡུལ་གྱིས་བརླག་པ་ཡིན། །བྱིས་པ་ལོག་རྟོག་རླུང་གིས་རབ་འབར་འདོད་པ་ཡིས། །རང་ཉིད་ཁང་པ་བདག་ཉིད་ཀྱིས་ནི་སྲེག་བྱེད་ན། །སྨྱིག་མ་ལོ་བརྒྱ་ལོན་པ་ཕན་ཚུན་འདར་བ་ཡིས། །རང་ཉིད་ཀྱིས་ནི་སྲེག་པར་བྱེད་པ་ཇི་བཞིན་ནོ། །བརྒྱ་བྱིན་གཞན་ཡང་རྣམ་རྒྱལ་ཁང་པར་གནས་ནས་ནི། །འོད་འཕྲོ་ནོར་བུའི་དཔལ་གྱིས་དགའ་བ་འདི་ལས་ནི། །མེ་ཆེན་རང་འབར་འཇིགས་པའི་མནར་མེད་སར་ཕྱིན་པས། །གང་འདི་དུག་ཅན་ཡུལ་གྱི་བདེ་བ་དེ་ནི་བདེ་ལེགས་མིན། །མཐོ་རིས་གནས་ནས་འགྲོ་བ་ངན་པའི་གནས་འཇུག་ཅིང༌། །སྐད་ཅིག་གིས་ལྷུང་འཕོ་བའི་སྡུག་བསྔལ་གྱིས་གཟིར་བ། །གང་དག་མྱོང་འགྱུར་ལྷ་ཡི་འཇིག་རྟེན་མངོན་དགའ་བ། །སྔར་མྱོང་གྱུར་པ་དེ་ནི་བདེ་བ་མྱོང་མ་ཡིན། །གསེར་གྱི་པདྨ་ཁ་ཁྱེར་ངང་པ་ཉལ་བ་དང༌། །གང་འདིར་ལྷ་ཡི་ཁང་པ་རྫིང་བུར་གྲུལ་རྒལ་བ་དག །འདོད་པའི་ལས་ཀྱིས་སླར་ཡང་མི་རོ་རུལ་པ་ཡིས། །གཟིངས་པའི་ཆུ་བོ་རབ་མེད་ནང་དུ་ལྟུང་བར་འགྱུར། །ཡོངས་སུ་གྱུར་ན་དགའ་བྲལ་རྨི་ལམ་ལྟ་བུ་ཡི། །ལྷ་རྣམས་བདེ་ལ་དེ་ནི་བརྒྱ་བྱིན་སུ་ཞིག་འདོད། །འཚོ་བའི་འཇིག་རྟེན་ཁྲོས་པའི་སྦྲུལ་གྱིས་མེ་ལྟར་གཡོ་བར་ནི། །ཐམས་ཅད་རྟོག་པས་བདག་ཅག་ཐར་ལ་གཞོལ་བ་གནས། །སྲིད་འགྲོ་ཚང་ཚིང་ནང་ན་གནས་པའི་བྱིས་པ་རྣམས། །འདི་བདེ་ཡིན་ཞེས་པ་དེ་ལོག་པར་བརྟགས་ཙམ་སྟེ། །གང་འདི་སྲིད་པ་མ་ལུས་སྡུག་བསྔལ་ཀུན་བསྐྱེད་ཅེས། །ཡང་དག་གསུངས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །འཚོ་བའི་འཇིག་རྟེན་རང་བཞིན་སྡུག་བསྔལ་མང་པོས་གཡེངས་འགྱུར་ཏེ། །གང་ཚེ་འདི་ན་བདེ་བ་མྱོང་བའང་བྱ་རོག་ཏ་ལར་མཚུངས། །དེ་ཡང་ཕྲད་གྱུར་སྡུག་བསྔལ་དུ་མས་ཟིལ་གྱིས་གནོན་འགྱུར་ཏེ། །ཆུ་བོའི་ཆུ་ནི་རྒྱ་མཚོར་


DTG167_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དག་དང་མཚུངས། །གང་ཕྱིར་བུད་མེད་ལག་པ་གེ་སར་བཅས་པའི་པདྨའི་འདབ་འདྲ་དང༌། །གདུ་བུ་ཅུང་ཟད་ཁྲོལ་བ་ཙན་དན་བསིལ་བས་བསྒོས་པར་གྱུར་པ་ཡིས། །རེག་ཅིང་ཟངས་ལྟར་དམར་བཅས་སོར་མོ་ཟླུམ་པས་བརྩེ་པས་འཁྱུད་པར་བྱས་པ་དང༌། །བསིལ་ཡབ་རླུང་གི་རྒྱན་ཕྲེང་གཏོར་བས་ཁྱབ་པར་གཉིད་ལོག་གྱུར་པ་དག །འཇག་མའི་རྩེ་མོར་བཅེར་པའི་ལམ་དུ་ཐལ་བ་དང་འདྲེས་རླུང་དམར་ནི། །དྲག་པོས་གཡོབ་ཅིང་དུབ་ལ་ལྕི་བའི་ལུས་ཀྱི་སླར་ཡང་ཉལ་འགྱུར་ཏེ། དེ་བས་འཚོ་བའི་འཇིག་རྟེན་སྐད་ཅིག་ཐང་ཅིག་གཡོ་བར་ཤེས་གྱིས་ལ། །ཕོངས་པའི་འབྲས་འབྱིན་འདོད་པ་སྤོངས་ལ་ཚམས་པའི་ཞི་ལ་བརྟེན་པར་གྱིས། །དེ་ནས་བུ་མོ་རྣམས་ལ་མིག་སྟོང་ལྡན། །དགའ་བས་ལུས་ཀྱི་བ་སྤུ་ལྡང་འགྱུར་ཞིང༌། །བརྩོན་ལ་མངོན་དགའི་སེམས་དང་ལྷན་ཅིག་གིས། །སུམ་ཅུ་རྩ་གསུམ་མངོན་ཕྱོགས་སོང་བར་གྱུར། །དེ་ནས་བུ་མོ་དེ་རྣམས་རབ་བྱུང་ཉེར་སོན་ཅིང༌། །དེ་ཉིད་དོན་ལ་རྣམ་བརྟག་བློ་མིག་དགང་གྱུར་པས། །དྲེགས་པའི་ཆུ་རླབས་གཡོ་ཞིང་འཇིགས་པར་བྱེད་པ་ཡི། །སྡུག་བསྔལ་མཚོ་ཆེན་མཐའ་མེད་འཁོར་བ་བརྒལ་བར་གྱུར། །འགྲོ་བ་མ་རིག་མདོངས་པ་ཀུན་གྱི་མིག་གཅིག་པ། །རང་བཞིན་འགྲོ་དོན་རྣམ་བྱེད་ངེས་པའི་བདག་ཉིད་ཀྱི། །ཐུབ་པས་སེམས་ཅན་རྣམས་ལ་ཚུལ་འདི་གསུངས་པས་ན། །སེམས་ཅན་རྣམས་ཀྱི་སྲིད་པའི་ཚེར་མ་ཟད་པར་ཤོག །གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། སློབ་དཔོན་གསང་བ་བྱིན་གྱིས་མཛད་པ་རྫོགས་སོ།། །།

བསླབ་པ་བཅུའི་ཆོ་ག།
ཀླུ་སྒྲུབ།


DTG167_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༈ བསླབ་བ་བཅུའི་ཆོ་ག་བཞུགས། །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་པ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། འདོད་ཆགས་དང་བྲལ་པ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་


DTG167_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གཉིས་ལན་གསུམ་དུའོ་ཞེས་བ་སྐྱབས་སུ་འགྲོ་བའི་ཆོ་གའོ། །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སང་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་ཐམས་ཅད་དང་གཞན་གྱི་ནོར་འཕྲོག་པ་ཐམས་ཅད་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་དང༌། མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་པ་ལས་སླར་ཟློག་པར་བགྱིའོ། །འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །སེམས་ཀྱི་རྒྱན་གྱི་ཕྱིར་དང༌། སེམས་ཀྱི་ཡོ་བྱད་ཀྱི་ཕྱིར་དང༌། དོན་གྱི་མཆོག་སངས་རྒྱས་ཉིད་རབ་ཏུ་འགྲུབ་པའི་སླད་དུ། བདག་གསོ་སྦྱོང་ལ་གནས་པར་སློབ་དཔོན་གྱིས་གཟུང་དུ་གསོལ། དེ་ལྟར་ལན་གཉིས་ལན་གསུམ་དུའོ། །བསྙེན་གནས་ཡན་ལག་བརྒྱད་པ་དང༌། གསོ་སྦྱོང་གི་སྡོམ་པའི་ཆོ་གའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྲོག་གཅོད་པ་སྤངས་ཏེ་སོག་གཅོད་པ་ལས་བཟློག་པར་བགྱིའོ། །དེ་བཞིན་དུ། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་མོ་དང༌། ངག་འཁྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ལས་བཟློག་པར་བགྱིའོ། །དེ་ལྟར་ལན་གཉིས་ལན་གསུམ་དུའོ་ཞེས་པ་བསླབ་པ་བཅུའི་ཆོ་ག་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ་རྩེ་ཐང་ལོ་ཙཱ་བ་གཞོན་ནུའི་ཞབས་ཀྱི་འགྱུར།། །།

ཡེ་དྷརྨཱའི་འགྲེལ་པ།
རྟག་པའི་རྡོ་རྗེ།


DTG167_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡེ་དྷརྨཱཥྚཱི་ཀ །བོད་སྐད་དུ། ཡེ་དྷརྨཱའི་འགྲེལ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ད་ནི་ཡེ་དྷརྨཱ་ཧེ་ཏུ་པྲ་བཱ་ཝ་ཧེ་ཏུཾ། ཞེས་བྱ་བ་ལ་སོགས་པས་རྒྱུད་རབ་ཏུ་གནས་པའི་དོན་དུ་གྲུབ་པའི་མཐའ་གསུངས་པ་ཡིན་ཏེ། འཆད་པ་པོ་རྣམས་ལ་ཡང་གསུངས་པ་ཡིན་ནོ། །མདོ་སྡེ་དང་ནི་རྣལ་འབྱོར་གྱི། །ཁང་པར་ཡང་ནི་འཇུག་པ་ནང༌། །ཡེ་དྷརྨཱ་སོགས་ཚིགས་བཅད་ཀྱིས། །སངས་རྒྱས་གྲུབ་མཐའི་ཕྱག་རྒྱས་བཏབ། །ཅེས་སོ། །དེ་ཡང་ཡེ་དྷརྨཱ་སོགས་ནི་བོད་ཀྱི་སྐད་དུ། ཆོས་རྣམས་གང་དག་རྒྱུས་འབྱུང་དེ་དག་ནི། །རྒྱུ་དང་དེ་ལ་འགོག་པ་གང་ཡིན་པའང༌། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བྱ་བའོ། །ཆོས་རྣམས་གང་དག་རྒྱུས་བྱུང་ཞེས་པ་ལ་གང་དག་ནི་རབ་ཏུ་གྲགས་པ་བདུན་པོ་རྣམས་ཏེ། མ་རིག་པ་ལ་སོགས་པའི་ལྕགས་སྒྲོག་གིས་ཀུན་དུ་བསྐོར་བའི་འཁོར་ལོ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ནོ། །དེ་དག་ནི་ཞེས་པ་ཉོན་མོངས་པ་དང༌། ལས་དང་སྡུག་བསྔལ་གྱི་ཡན་ལག་གསུམ་དང༌། གཉིས་དང་བདུན་གྱིས་ཕྱེ་བས་གསུམ་དུ་ཡང་གྱུར་པ་ཡིན་ཏེ། མ་རིག་པའི་ཐོག་མ་ཡིན་པར་སངས་རྒྱས་ཉིད་ཀྱིས་གསུངས་པ་ཡིན་ནོ། །མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ་བཅུ་གཉིས་པོ་རྣམས་སོ། །མ་རིག་པ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་སྔོན་གྱི་ལས་སོ། །རྣམ་པར་ཤེས་པ་ནི་མངལ་དུ་འཇུག་པའོ། །མིང་དང་གཟུགས་ནི་ནུར་ནུར་པོ་ལ་སོགས་པ་ལྔའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་ལ་འདོད་དོ། །རེག་པ་ནི་ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་རྣམས་ཕྲད་པའོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་བདག་


DTG167_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་ནོ། །སྲེད་པ་ནི་འཁྲིག་པའི་འདོད་ཆགས་སོ། །ལེན་པ་ནི་འདོད་པའི་ཡུལ་ལེན་པའོ། །སྲིད་པ་ནི་འབྱུང་བར་འགྱུར་བའི་སྲིད་པའི་འབྲས་བུ་ཅན་གྱི་ལས་སོ། །སྐྱེ་བ་ནི་སླར་ཡང་ཕུང་པོ་ཉིད་མཚམས་སྦྱོར་བའོ། །རྒ་ཤི་ནི་གསལ་ལོ། །དང་པོ་དང༌། བརྒྱད་པ་དང༌། དགུ་པ་རྣམས་ནི་ཉོན་མོངས་པའོ། །ལས་ནི་གཉིས་པ་དང༌། བཅུ་པའོ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །དེ་གསུམ་གྱིས་བསྡུས་པའི་ཕྱིར་བཅུ་གཉིས་ནི་ཆོས་རྣམས་སོ། །གསུམ་ལས་གསུམ་དང་གཉིས་ལས་གཉིས་འབྱུང་ལ། །བདུན་ལས་བདུན་ཡིན་པའི་ཕྱིར། དེ་ཁོ་ན་འཁོར་བའི་འཁོར་ལོ་རྒྱུ་དང་འབྲས་བུ་ཡང་སྟེ། འགྲོ་བ་ཐམས་ཅད་དེ། འདིར་སེམས་ཅན་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། སྟོང་པ་འོད་ཟེར་ལྟར་ཆོས་རྣམས་ལས་སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར་ཏེ། ཁ་ཏོན་དང༌། མར་མེ་ལྟ་བུ་དག་ནི་རྒྱུ་ལས་བྱུང་བའི་དོན་དུའོ། །རྒྱུ་དང་དེ་རྣམས་ཀྱི་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ་ཞེས་པ་ནི། དེ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་གསུངས་པའི་ཕྱིར་ཏེ། གཞན་མ་ཡིན་པར་གསུང་བ་ཉིད་ཀྱི་ཕྱིར་འཁོར་བའི་རྒྱུ་དང་རྐྱེན་གསུངས་པ་ཡིན་ནོ། །དེ་ལ་འགོག་པ་གང་ཡིན་པའང༌། །ཞེས་བྱ་བ་ལ། འང་གི་སྒྲ་ལས་དེ་ཁོ་ན་རྒྱུ་དང་བསམས་པར་གསུངས་པ་ཡིན་གྱི། སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཡན་ལག་བཅུ་གཉིས་འགོག་པའི་མཚན་ཉིད་ཀྱང་གསུངས་པ་ཡིན་ཏེ། ཟུང་འཇུག་པའི་བདེ་བ་བརྟགས་པ་ནམ་མཁའི་མེ་ཏོག་མ་ཡིན་ཞིང་སེམས་མེད་པ་བེམས་པོ་མ་ཡིན་པའི་རང་བཞིན་ནོ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བྱ་བ་ནི་ཟུང་དུ་འཇུག་པ་གསུང་བའི་ཚུལ་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཕྱིན་ཅི་མ་ལོག་པར་གསུང་བའི་ཚུལ་ཅན་གྱི་ཚངས་པའི་ཆོ་གའོ། །འདི་ནི་སློབ་དཔོན་རྟག་པའི་རྡོ་རྗེས་གསུངས་པ་གཞོན་ནུས་བསྒྱུར་བའོ།། །།