cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་རེ་བརྒྱད་པ།

སྐྱེས་རབས། ཧུ༽

འཕགས་པ་དཔའ་བོ། དྷརྨ་ཀཱིརྟི།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྐྱེས་པའི་རབས་ཀྱི་རྒྱུད།
འཕགས་པ་དཔའ་བོ།


DTG168_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཛཱ་ཏ་ཀ་ནཱ་ལ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱུད། བམ་པོ་དང་པོ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་པ། །གྲགས་པའི་གཞིར་གྱུར་མ་སྨད་ཤིན་ཏུ་ཡིད་དུ་འོང༌། །ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་རྨད་བྱུང་རྣམས། །བདག་གི་སྙན་དངགས་མེ་ཏོག་སྙིམ་པས་གུས་པས་མཆོད། །གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་འགྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །འཇིག་རྟེན་མཆོག་གི་སྤྱོད་པ་དམ་པ་ཕྱོགས་ཙམ་གྱིས། །བདག་གི་སྙན་དངགས་མཉན་དུ་རུང་བར་བྱ་བའི་ཕྱིར། །ལུང་དང་གཙུག་ལག་རིག་པར་མི་འགལ་ལམ་བདག་གིས། །དེ་ལྟར་འཇིག་རྟེན་དོན་གྱུར་སྙམ་ནས་འདི་བརྩམས་སོ། །རང་དོན་བརྩོན་པས་གཞན་དོན་བརྩོན་པ་གང་


DTG168_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། །ཡོན་ཏན་བསྒྲུབ་པ་བཟང་པོའི་རྗེས་སུ་མཐུན་མ་གྱུར། །ཐམས་ཅད་མཁྱེན་ཅེས་བརྗོད་པ་མ་ནོར་གསལ་བར་གྲགས། །མཉམ་མེད་དེ་དང་ཆོས་དང་དགེ་འདུན་སྤྱི་བོས་འདུད། །བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལ་ཡང༌། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་རབ་ཏུ་བྱམས་པའི་ངོ་བོ་ཉིད་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བས་ཕྱག་འཚལ་ལོ། །དེ་ཡང་འདི་སྐད་ཐོས་སོ། །བདག་ཅག་གི་བླ་མ་དཀོན་མཆོག་གསུམ་བླ་མར་བྱེད་པ། སྒྲུབ་པའི་ཡོན་ཏན་རྣམས་ཀྱིས་བླ་མ་མགུ་བར་བྱས་པ། ཡོན་ཏན་གྱི་ཚོགས་ཀྱིས་བླ་མར་གྱུར་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མའི་རྟོགས་པ་བརྗོད་པ་འདི་ཡོངས་སུ་བསྒྲགས་པ་རྗེས་སུ་ཐོས་ཏེ། བྱང་ཆུབ་སེམས་དཔའ་ཡིད་དམ་བཅས་པ་ཁྱད་པར་ཅན་དང་མཐུན་པར་གྱུར་པ། སྦྱིན་པ་དང༌། ཚིག་སྙན་པ་དང༌། དོན་སྤྱོད་པ་ལ་སོགས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་སྐྱོན་མེད་ཅིང་སྙིང་རྗེའི་རྒྱུ་མཐུན་པ་རྣམས་ཀྱིས་འཇིག་རྟེན་ཡོངས་སུ་འཛིན་པ་ན། རང་གི་ཆོས་ལ་མངོན་པར་དགའ་བ་ལས་གྱུར་པའི་གཙང་སྦྲ་དང༌། སྤྱོད་པ་དང་ལྡན་པའི་བྲམ་ཟེའི་རིགས་ཆེན་པོ་ཇེ་མཐོ་ཇེ་མཐོར་གྱུར་པ་ཞིག་ཏུ་སྐྱེ་བ་


DTG168_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བར་གྱུར་ཏོ། །ཞེས་གྲགས་སོ། །དེ་སྐྱེས་པའི་ལས་བྱ་བ་ལ་སོགས་པས་སྦྱངས་པ་རིམ་པ་བཞིན་དུ་བྱས་ཤིང་མངོན་པར་སྐྱེས་པ་ནི། རང་བཞིན་གྱིས་ཡིད་གཞུངས་པ་དང༌། མགོན་སྐྱབས་ཀྱི་ཁྱད་པར་དང༌། ཤེས་པ་ཆེད་ཆེར་འཛིན་པ་དང༌། ལེ་ལོ་མེད་པས་རིང་པོ་མ་ཐོགས་པར་རིག་པའི་གནས་བཅོ་བརྒྱད་དང༌། བདག་གི་རིགས་དང་མི་འགལ་བའི་སྒྱུ་རྩལ་རྣམས་ལ་སློབ་ཀྱི་སློབ་དཔོན་གྱི་གོ་འཕང་དམ་པ་ཐོབ་པར་གྱུར་ཏོ། །རིག་བྱེད་ཤེས་ལ་དེ་ནི་ཚངས་པ་བཞིན། །རྒྱལ་པོ་རྣམས་ཀྱིས་བཀུར་བས་རྒྱལ་པོ་བཞིན། །སྐྱེ་དགུ་རྣམས་ལ་བརྒྱ་བྱིན་མངོན་སུམ་བཞིན། །ཤེས་འདོད་རྣམས་ལ་དོན་སྤྱོད་ཕ་དང་འདྲ། །དེ་སྐལ་བ་དང་ལྡན་ཞིང་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པས། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པའི་ཁྱད་པར་རྣམས་རབ་ཏུ་བྱུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་བློ་ཆོས་ལ་གོམས་པར་བསྒོམས་པ་དང༌། རབ་ཏུ་བྱུང་བ་ལ་འདྲིས་པར་བྱས་པས་དེ་ལ་མངོན་པར་དགའ་བར་མ་གྱུར་ཏོ། །སྔོན་གྱི་སྤྱོད་པས་དེའི་བློ་ཡོངས་སུ་དག །འདོད་པ་རྣམས་ལ་སྐྱོན་མང་མཐོང་ནས་ནི། །ཁྱིམ་ན་གནས་པ་ནད་བཞིན་ཡོངས་སྤངས་ནས། །ནགས་ཚལ་གནས་ཤིང་རབ་ཏུ་བརྒྱན་པར་གྱུར། །དེ་ནི་དེར་ཡང་ཆགས་མེད་དེ་ཡིས་སུ། །ཤེས་རབ་ཡོངས་སུ་སྦྱངས་ཤིང་ཞི་བ་ཡིས། །མི་ཡི་འཇིག་རྟེན་དམ་པའི་སྤྱོད་བྲལ་བ། །ངན་པར་སྤྱོད་ལ་ཆགས་པ་བཟློག་པ་བཞིན། །དེ་ཡི་རང་བཞིན་བྱམས་པའི་བདག་ཉིད་ཀྱིས། །རྣམ་པར་བརླན་པ་བཞིན་དུ་སེམས་མཐུན་ཞིང༌། །ཕན་ཚུན་གནོད་པ་མེད་པའི་སེམས་གྱུར་ནས། །དཀའ་ཐུབ་ཅན་བཞིན་གཅན་གཟན་ཁྲོ་བོའང་སྤྱོད། །སྤྱོད་པ་དག་ཅིང་དབང་པོ་དུལ་བ་དང༌། །ཆོག་ཤེས་ལྡན་ཞིང་སྙིང་རྗེའི་ཡོན་ཏན་གྱིས། །འཇིག་རྟེན་དག་ན་སྐྱེ་བོ་མ་འདྲིས་པའང༌། །གཞན་ལ་དེ་བྱམས་བཞིན་དུ་དེ་ལ་བྱམས། །འདོད་པ་ཆུང་ལ་ངན་གཡོ་མི་ཤེས་ཤིང༌། །རྙེད་དང་གྲགས་དང་བདེ་ལ་མ་ཆགས་པས། །དེ་ལ་ལྷ་རྣམས་ཡིད་ཀྱང་མགུ་གྱུར་ནས། །དང་ཞིང་གུས་ལ་རབ་ཏུ་གཞོལ་བར་


DTG168_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །དེ་ནི་རབ་ཏུ་བྱུང་བར་མིས་ཐོས་ཏེ། །དེ་ཡི་ཡོན་ཏན་རྣམས་ཀྱིས་སེམས་དྲངས་ནས། །གཉེན་དང་ཡོངས་སུ་བཟུང་བ་རྣམས་སྤངས་ཏེ། །དགོངས་སྒྲུབ་བཞིན་དུ་དེ་ཡི་སློབ་མར་གྱུར། །ཚུལ་ཁྲིམས་གཙང་སྦྲ་དབང་པོ་དུལ་བ་དང༌། །དྲན་པ་མ་ཉམས་རབ་ཏུ་དབེན་པ་དང༌། །བྱམས་ལ་སོགས་དང་ཡིད་ནི་ཏིང་འཛིན་ལ། །དེ་ནི་སློབ་མ་རྣམས་ལ་ཅི་ནུས་སྟོན། །དེ་ནས་བདག་ཉིད་ཆེན་པོ་དེ་རེ་ཞིག་ཅིག་ན་སློབ་མའི་ཚོགས་རྣམས་ནི་ཕལ་ཆེར་ཡོངས་སུ་རྫོགས་ཤིང་རྒྱ་ཆར་གྱུར། དགེ་བའི་ལམ་ལ་ནི་རབ་ཏུ་བཀོད། འཇིག་རྟེན་པ་རྣམས་ནི་ངེས་པའི་ལམ་དམ་པ་ལ་བཙུད། ངན་སོང་གི་སྒོ་ནི་བཅད་པ་བཞིན་དུ་བྱས། བདེ་འགྲོའི་ལམ་ནི་ལམ་པོ་ཆེ་བཞིན་དུ་བྱས་ནས། ཚེ་འདི་ལ་བདེ་བ་སྤྱད་པའི་ཕྱིར་དེའི་ཚེ་རྗེས་སུ་མཐུན་པའི་སློབ་མ་མ་ཕམ་པ་དང་འགྲོགས་ཏེ། རྣལ་འབྱོར་དང་མཐུན་པའི་གནས་རིའི་སྨན་ལྗོངས་ཞིག་ཏུ་གནས་ཤིང་སྤྱོད་དོ། །དེ་ནས་རི་ཁྲོད་དེ་ན་ནི། །སྟག་མོ་ཕྲུ་གུ་འབྲངས་པ་ཞིག །ཕྲུ་གུ་འབྲངས་པའི་སྡུག་བསྔལ་གྱིས། །སྤྱོད་པ་ཉམས་པར་གྱུར་པ་མཐོང༌། །མིག་གཉིས་ལྟ་བ་ཞན་པར་གྱུར། །བཀྲེས་པས་ལྟོ་བ་རབ་ཏུ་ཉམས། །ཕྲུ་གུ་བདག་གི་བུ་ཡིན་ཀྱང༌། །ཁ་ཟས་བཞིན་དུ་ལྟ་བར་གྱུར། །མ་ལ་ཡིད་གཅུགས་འཇིགས་མེད་ཅིང༌། །ནུ་ཞོ་འདོད་ཕྱིར་ལྷགས་པ་ལ། །སྟག་སྐད་ཉེར་ཉེར་སྒྲ་འབྱིན་ཅིང༌། །གཞན་གྱི་བུ་བཞིན་སྤང་བར་གྱུར། །བྱང་ཆུབ་སེམས་དཔས་དེ་མཐོང་ནས། །བརྟན་ཡང་སྙིང་རྗེའི་དབང་གྱུར་པས། །ས་གཡོས་པ་ཡིས་ལྗོན་ཤིང་བཞིན། །གཞན་གྱི་སྡུག་བསྔལ་གདུངས་པས་འདར། །བདག་གི་སྡུག་བསྔལ་ཆེན་པོས་ཀྱང༌། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་དུས་ཀྱང༌། །འདར་བར་གྱུར་པ་དེ་རྨད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟབས་ཤིང་རིངས་རིངས་སྐད་དུ། སྨྲ་བའི་ཚིག་རང་བཞིན་ཁྱད་པར་ཅན་གསལ་བར་སྟོན་པ། སྙིང་རྗེའི་དབང་གིས་ཚིག་འབྲུ་གསལ་བར་སློབ་མ་ལ་སྨྲས་པ། བུ་བུ་འཁོར་བ་ཡོན་ཏན་མེད་ལ་ལྟོས། །གཅན་


DTG168_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་མོ་ནི་ལྟོགས་ནས་སུ། །བྱམས་པའི་མཚམས་ལས་འདས་ནས་ནི། །རང་གི་བུ་ཡང་ཟ་བར་འདོད། །ཀྱེ་མ་ཧོ་བདག་ལ་བྱམས་པ་འདི། །ཧ་ཅང་མ་འོས་མི་བཟོད་དོ། །གང་ཕྱིར་མ་ཡིས་བདག་གི་བུ། །ཟ་བར་འདོད་པ་ག་ལ་སྲིད། །གང་ཕྱིར་འདི་འདྲའི་ལས་དག་ཀྱང། །བྱེད་པར་རྩོམ་པ་དེ་ལྟ་བུའི། །བདག་ལ་བྱམས་པའི་དགྲ་བོ་དེ། །འཕེལ་བར་བྱེད་པ་སུ་ཞིག་ཡོད། །དེ་བས་ན་སྟག་མོ་དག་དང་ཕྲུ་གུ་རྣམས་མ་རུང་བར་མ་གྱུར་པ་འདི་བཀྲེས་པའི་སྡུག་བསྔལ་བསལ་བའི་རྒྱུ་ག་ཤེད་ན་མྱུར་དུ་ཚོལ་ཅིག །བདག་ཀྱང་འདིའི་ཐུབ་ཆོད་འདི་ལས་བཟློག་པའི་ཕྱིར་འབད་དོ། །དེས་ཀྱང་དེ་མཉན་ཏེ་དེ་བཞིན་དུ་བགྱིའོ་བྱས་ནས། དེའི་ཟས་ཚོལ་བ་ལ་འབད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སློབ་མ་དེ་སྙད་བཏགས་ཏེ་བཏང་ནས་བསམས་པ། བདག་གི་ལུས་འདི་ཚང་བར་ཡོད་བཞིན་དུ། །ཅི་ཕྱིར་གཞན་ལས་ཤ་ནི་བཙལ་བར་བྱ། །དེས་ཀྱང་རྙེད་དམ་མི་རྙེད་གཏོལ་མེད་ལ། །བདག་གི་དགོངས་པ་འདི་ཡང་མི་འགྲུབ་སྲིད། །གཉིས་སུ་ན། བདག་མེད་འཇིག་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་ཐོགས་འགྱུར་བ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །བདག་གི་བདེ་ལ་ཆགས་ནས་གཞན་དག་གི །སྡུག་བསྔལ་ཡལ་བར་འདོར་བ་མཐུ་མེད་དམ། །གཞན་དག་སྡུག་བསྔལ་བདག་ལ་བདེ་བ་མེད། །ནུས་པ་ཡོད་བཞིན་ཅི་སྟེ་ཡལ་བར་དོར། །ནུས་པ་ཡོད་བཞིན་བདག་གིས་ཡལ་བོར་ན། །གསོད་པའི་དགྲ་ཡང་སྡུག་བསྔལ་བྱིང་བ་ལ། །ཡལ་བར་བོར་ན་སྡིག་པ་བྱས་པ་བཞིན། །བདག་གི་སེམས་ནི་འདམ་བུ་མེས་ཚིག་བཞིན། །དེ་བས་ལུས་ཀྱིས་བསྲུང་བར་བྱ་བ་ནི། །གཡང་སར་ལྷུང་ལ་ཐུག་པའི་སྲོག་ཡོད་པས། །ཕྲུ་གུ་བསད་ལ་སྟག་མོ་བསྲུང་བ་དང༌། །སྟག་མོ་ལས་ཀྱང་དེ་ཡི་ཕྲུ་གུ་བསྲུང༌། །གཞན་ཡང༌། འཇིག་རྟེན་ཕན་བརྩོན་རྣམས་ལ་བསྟན་པ་དང༌། །བརྩོན་འགྲུས་ཞན་པ་སྤྲོ་བ་བསྐྱེད་པ་དང༌། །གཏོང་ཕོད་རྣམས་ནི་དགའ་བ་བསྐྱེད་པ་དང༌། །སྐྱེ་བོ་དམ་པའི་ཡིད་ནི་དྲང་


DTG168_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། །བདུད་ཀྱི་སྡེ་ཆེན་སྤ་ནི་བཀོད་བ་དང༌། །སངས་རྒྱས་ཡོན་ཏན་དགའ་བ་དང་བ་དང༌། །བདག་གི་དོན་བརྩོན་ངོ་ཚ་བསྐྱེད་པ་དང༌། །འཇུངས་དང་འདོད་ཆེན་ཅན་ཡང་ངོ་ཚ་བསྐྱེད། །ཐེག་པ་མཆོག་ལ་བརྟེན་པ་དད་བསྐྱད་ཅིང༌། །གཏོང་བས་སྙེམས་པ་ངོ་མཚར་བསྐྱེད་པ་དང༌། །གཏོང་ལ་དགའ་བ་རྗེས་སུ་ཡི་རང་རྣམས། །མཐོ་རིས་ལམ་ཆེན་རྣམ་པར་སྦྱང་ཕྱིར་རོ། །ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོགས་པར། །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམས་པ། །སྨོན་ལམ་ལ་ནི་འབྲས་བུ་ཡོད་པར་བྱ།། བྱང་ཆུབ་མཆོག་ཀྱང་རབ་ཏུ་ཉེ་བར་བྱ། །འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །བདག་གིས་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་གིས་འདི་བརྩམས་སོ། །དེ་བས་བདག་ནི་འདི་ཡིས་དུས་གཅིག་ཏུ། །འཇིག་རྟེན་དག་ལ་སྡུག་བསྔལ་བདེ་འབྱུང་བ། །གསལ་ཞིང་བསྒྲུབ་པ་རྟག་ཏུ་ནུས་གྱུར་ཅིག །ཉི་མས་མུན་བསལ་སྣང་བྱུང་ནུས་བཞིན་ནོ། །མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཀྱང་རུང༌། །རེག་གམ་གཏམ་དུ་བརྗོད་པར་གྱུར་ཀྱང་རུང༌། །རྣམ་པ་ཀུན་དུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག །དེ་ལྟར་གཞན་དོན་བསྒྲུབ་ཕྱིར་ངེས་བྱས་ནས། །སྲོག་དང་བྲལ་ཡང་རབ་ཏུ་དགའ་གྱུར་ཏེ། །བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེ་འགྱུར་བར། །བདག་གིས་ལུས་ནི་དེ་ནས་བོར་བར་གྱུར། །དེ་ནས་སྟག་མོ་དེས་བྱང་ཆུབ་སེམས་དཔས་ལུས་བོར་བའི་སྒྲ་དེ་ཐོས་ཤིང་ངོ་མཚར་སྐྱེས་ནས། བདག་གི་ཕྲུ་གུ་བཅའ་བ་བཏང་སྟེ། དེ་ནས་མིག་གཉིས་ཀྱིས་བལྟས་ནས། བྱང་ཆུབ་སེམས་དཔའ་དེའི་ལུས་སྲོག་དང་བྲལ་བ་མཐོང་ནས། དེ་མ་ཐག་ཏུ་ཉེ་བར་འོངས་ནས་བཟའ་བར་བརྩམས་སོ། །དེ་ཟ་ཞིང་འདུག་པ་དང༌། དེའི་འོག་ཏུ་དེའི་སློབ་མ་དེས་ཤ་མ་རྙེད་པར་སླར་འོང་སྟེ། མཁན་པོ་གང་ན་བཞུགས་སྙམ་ནས་བལྟས་པ་ན། བྱང་ཆུབ་སེམས་དཔའ་དེར་ལུས་སྲོག་དང་བྲལ་ནས་སྟག་མོ་དེས་ཟ་ཞིང་འདུག་པ་མཐོང་བ་དང༌། དེས་དེའི་སྤྱོད་པ་ཁྱད་པར་ཅན་དེ་ངོ་མཚར་ཆེ་


DTG168_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟུང་ནས། མྱ་ངན་དང་སྡུག་བསྔལ་གྱི་ཤུགས་བཏང་སྟེ། དེའི་ཡོན་ཏན་གྱི་གཞི་ལ་སྨོན་པའི་ཚིག་ཏུ་སྨྲས་པ་བཞིན་དུ་ཡིད་ལ་བསམ་པ་ཚིག་ཏུ་སྨྲས་པ། ཨེ་མའོ་སྡུག་བསྔལ་ཅན་ལ་སྙིང་རེ་རྗེ། །བདག་ཉིད་ཆེ་བ་བདག་གི་བདེ་མ་ཆགས། །དམ་པ་རྣམས་ཀྱི་སྤྱོད་པ་མཆོག་ཏུ་བྱས། །གཞན་གྱི་དཔལ་དང་གྲགས་པ་ཟིལ་གྱིས་མནན། །ཨེ་མའོ་རབ་ཏུ་དཔའ་བ་འཇིགས་པ་མེད། །ཡོན་ཏན་བྱམས་མཆོག་རྣམ་པར་བསྟན། །ཨེ་མའོ་ཡོན་ཏན་ཆེན་པོ་བདག་གི་ལུས། །ཕྱག་གི་གནས་ཀྱི་ཁྱད་པར་ཅན་དུ་བྱས། །རང་བཞིན་ཞི་བ་ས་གཞི་བཞིན་དུ་བརྟན། །ཨེ་མའོ་གཞན་གྱི་སྡུག་བསྔལ་མི་བཟོད་པ། །ཨེ་མའོ་དཔའ་བོ་ཕུན་སུམ་ཚོགས་པ་འདིས། །བདག་གི་སྐྱོན་ནི་རབ་ཏུ་གྲགས་པར་གྱུར། །མགོན་པོ་འདིས་ནི་མགོན་དང་བཅས་བྱས་པས། །ད་ནི་འགྲོ་བ་མྱ་ངན་བྱ་མི་དགོས། །གཞན་གྱིས་ཕམ་དུ་བྱས་པའི་བདུད་དག་ཀྱང༌། །ད་ནི་ངེས་པར་ཤུགས་ཀྱང་ནར་ཞེས་འབྱིན། །ཡོང་ཡེ་སྐལ་བ་ཆེན་པོ་འདི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ། ཐུགས་རྗེ་ཤིན་ཏུ་རླབས་ཆེ་བ། སྙིང་སྟོབས་དཔག་ཏུ་མེད་པ། བྱང་ཆུབ་སེམས་དཔའི་དོན་ཇི་ལྟ་བུ་ཉིད་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ནས། དེ་ནས་དེའི་དོན་དེ་ཚངས་པར་སྤྱོད་པ་རྣམས་ལ་སྦྲན་ནོ། །དེ་ནས་དེ་ཡི་སྤྱོད་པས་ངོ་མཚར་གྱུར་པའི་སློབ་མ་དང༌། །དྲི་ཟ་གནོད་སྦྱིན་ཀླུ་དང་སུམ་ཅུ་རྩ་གསུམ་བདག་པོ་རྣམས། །ཕྲེང་བ་ན་བཟའ་རྒྱན་དང་ཙནྡན་ཕྱེ་མ་ཆར་ཕབ་པས། །དེ་ཡི་སྐུ་གདུང་རིན་ཆེན་མཛེས་པས་ས་གཞི་ཁེབས་པར་བྱས། །དེ་ལྟ་བས་ན། བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལ་ཡང་སེམས་ཅན་ཐམས་ཅད་ལ་སྒྱུ་མེད་པར་རབ་ཏུ་བྱམས་པའི་རང་བཞིན་ཅན་སེམས་ཅན་ཐམས་ཅད་བདག་གིར་གྱུར་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་དད་པར་བྱའོ། །དད་པ་སྐྱེས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བ་བསྐྱེད་པར་བྱའོ། །དེ་ལྟ་བས་ན་དེ་ནི་བདག་ཅག་གིས་དད་པར་བྱ་བའི་གནས་ཡིན་ནོ། །ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཀྱང་བྱ་དཀའ་བ་མང་


DTG168_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྒྲུབ་པ་ཡིན་པའི་ཕྱིར་རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་ལྟར་སྙིང་རྗེ་ནི་གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་ཞིང་ངོ་བོ་ཉིད་ཁྱད་པར་ཅན་བསྒྲུབ་པ་ཡིན་པའི་ཕྱིར། སྙིང་རྗེའི་ཡོན་ཏན་ལ་ཡང་བསྔགས་པ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས་རྟོགས་པ་བརྗོད་པ་དང་པོའོ།། །།བཅོམ་ལྡན་འདས་དེས་བྱ་དཀའ་བ་བརྒྱ་ཕྲག་མང་པོས། བདག་ཅག་གི་དོན་དུ་དམ་པའི་ཆོས་འདི་ཡང་དག་པར་བསྒྲུབ་པའི་ཕྱིར་རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། དཔག་ཏུ་མེད་པའི་དུས་ནས་གོམས་པར་བྱས་པས། བསོད་ནམས་ཀྱི་ལས་བསགས་ཤིང་འདྲིས་པར་བྱས་པ་དེ། རེ་ཞིག་ཅིག་ཡུལ་ཤི་པི་པ་རྣམས་ཀྱི་རྒྱལ་པོར་གྱུར་ཏོ། །ཞེས་གྲགས་སོ། །དེ་བྱིས་པ་ནས་རྒན་པོ་ལ་བསྙེན་བཀུར་བྱེད་པ་ལ་དགའ་བ། དུལ་བ་ལ་རྗེས་སུ་དགའ་བ། རྗེ་བློན་བྱམས་པ། རང་བཞིན་གྱིས་ཡིད་གཞུངས་པ། རིག་པ་དུ་མ་རྟོགས་པས་བློ་རྒྱ་ཆེ་བ། སྤྲོ་བ་དང༌། གསང་ཚིག་དང༌། གཟི་བྱིན་གྱི་མཐུ་དང་སྐལ་བ་ཕུན་སུམ་ཚོགས་པས་སྐྱེ་དགུ་རྣམས་བདག་གི་པུ་བཞིན་སྐྱོང་བར་གྱུར་ཏོ། །དེ་ལ་འཁོར་གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར། །དངོས་པོ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཞིང༌། །འགལ་ཞིང་འཁྲུག་པས་གཙེས་པ་མེད་པར་གྱུར། །མ་དུལ་འཆལ་པ་རྣམས་ལ་འཕྱ་འགྱུར་བ། །བླུན་པོ་རྣམས་ནི་རབ་ཏུ་ཕུང་བྱེད་པ། །བདག་ཉིད་ཆུང་དུ་རྣམས་ནི་མྱོས་འགྱུར་གང༌། །དཔལ་དེ་དེ་ལ་མིང་ནི་དོན་བཞིན་གྱུར། །རང་བཞིན་རྒྱ་ཆེ་སྙིང་རྗེའི་ཡོན་ཏན་ལྡན། །རྒྱལ་པོ་དེ་ནི་ནོར་ལ་དབང་ཡོད་ཕྱིར། །ཕོངས་པ་རྣམས་ནི་འདོད་པའི་དོན་གྲུབ་པས། །ངོ་འཛུམ་མི་གནག་བཞིན་བཟང་མཐོང་བས་དགའ། །དེ་ནས་རྒྱལ་པོ་སྦྱིན་པ་ལ་དགའ་བས། གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཏུ་སྦྱིན་པའི་ཁང་པར་ནོར་དང༌། འབྲུ་དང༌། ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་བརྩིགས་སུ་བཅུག་ནས།


DTG168_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བདག་ཉིད་ཆེ་བ་དང་རྗེས་སུ་མཐུན་པ། རེ་བ་ཅི་ལྟ་བ་བཞིན་དུ་སྐོང་བ། གུས་པ་དང་བཅས་པས་ཡིད་དགའ་བར་བྱེད་པ། དུས་བཞིན་དུ་འབྱོར་པས་ཡིད་དུ་འོང་བའི་སྦྱིན་པའི་ཆར་རྫོགས་ལྡན་གྱི་དུས་ཀྱི་སྤྲིན་བཞིན་དུ་ཕབ་པར་གྱུར་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས། བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ། མལ་ཆ་དང༌། སྟན་དང༌། གོས་དང༌། བཟའ་བ་དང༌། བྱུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། གསེར་དང༌། དངུལ་ལ་སོགས་པ་འདོད་པ་རྣམས་ལ་དེ་དག་ཆར་བཞིན་དུ་ཕབ་པོ། །དེ་ནས་རྒྱལ་པོ་དེའི་སྦྱིན་པ་རླབས་པོ་ཆེ་དེ་ཐོས་ནས། ཕྱོགས་ཐ་དད་པའི་ཡུལ་ན་གནས་པའི་མི་རྣམས་ཡ་མཚན་ཆེ་ཞིང་སྙིང་དགའ་བར་གྱུར་ཏེ་ཡུལ་དེར་ལྷགས་སོ། །མི་ཡུལ་ཀུན་ཏུ་ཡིད་ཀྱིས་བརྟགས་ན་ཡང༌། །གཞན་དུ་བསླང་བའི་སྐབས་ནི་མ་རྙེད་ནས། །ཕོངས་པ་རྣམས་ནི་དགའ་བཞིན་དེར་ལྷགས་པ། །ནགས་ཚལ་གླང་པོ་མཚོ་ཆེན་དང་ལྷགས་བཞིན། །དེ་ནས་རྒྱལ་པོ་དེ་སྐྱེ་བོ་སློང་བ་ཐོབ་ཏུ་རེ་བས་ཡིད་དགའ་བར་གྱུར་པ་འགྲོན་པོའི་ཆས་སུ་ཞུགས་པས། མི་སྡུག་པར་གྱུར་པ་རྣམས་སོ་སོ་ནས་ལྷགས་པ་དང༌། སྐྱེ་བོ་མཛའ་བཤེས་བྱེས་ནས་འོངས་པ་དག །མཐོང་བར་གྱུར་ན་དགའ་བའི་མིག་བགྲད་བཞིན། །སློང་བའི་ཚིག་ནི་གཏམ་སྙན་ཐོས་བཞིན་དགའ། །བྱིན་ནས་དགའ་བ་སློང་བ་ལས་ཀྱང་ལྷགས། །སྦྱིན་པ་ལས་བྱུང་དེ་ཡི་གྲགས་པའི་དྲི། །ཕོངས་པའི་ཚིག་གི་རླུང་གིས་བསྒྲགས་པ་དག །རྒྱལ་པོ་གཞན་གྱི་དྲེགས་པ་མེད་བྱས་པས། །སྤོས་ཀྱི་གླང་པོས་གླང་པོ་གཞན་གྱི་བཞིན། །དེ་ནས་རེ་ཞིག་ཅིག །རྒྱལ་པོ་དེ་སྦྱིན་གཏོང་གི་ཁང་པ་རྣམས་ཉུལ་དུ་སོང་སོང་བ་དང༌། ཕོངས་པ་རྣམས་རེ་བསྐོང་བའི་སློང་བའི་སྐྱེ་བོ་འདུ་བ་ཉུང་བ་མཐོང་ནས། སྦྱིན་པའི་བསོད་ནམས་མི་འཕེལ་བར་འགྱུར་བས་མགུ་བར་མ་གྱུར་ཏོ། །དེ་ལ་བརྟེན་ནས་ཕོངས་པ་ཚིམ་པར་གྱུར། །སྦྱིན་ལ་དཔའ་བ་དེ་ནི་སྙིང་མ་ཚིམ། །ཕོངས་པ་རྣམས་ཀྱིས་སློང་བའི་ཚད་དག་གིས། །དེ་ཡི་སྦྱིན་པའི་ཚད་ལ་ཐུབ་མ་གྱུར། །དེས་བསམས་པ་ཕོངས་པ་རྣམས་འཛེམ་པ་མེད་ཅིང་བག་མེད་


DTG168_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པར། བདག་གི་ལུས་སློང་བ་ཡང་ཡོད་ན་སྐྱེས་བུ་དམ་པ་ཡ་རབས་དེ་དག་རེ་སྐྱིད། ངས་ཉོན་མོངས་པས་ཕོངས་པ་རྣམས་ཚིག་རྩུབ་པས་བསྡིགས་ཏེ་བསྐྲད་པ་བཞིན་དུ་ནོར་ཙམ་ལ་ཡང་བག་བསྐུམ་སྟེ་སློང་མི་ཕོད་པར་གྱུར་ཏོ་སྙམ་མོ། །དེ་ནས་རྒྱལ་པོའི་སྦྱིན་པ་རླབས་པོ་ཆེ། །བདག་གི་ལུས་ལ་འང་མངོན་པར་མ་ཆགས་པར། །སྦྱིན་པར་བྱ་བ་རྣམ་རྟོག་དེ་རིག་ནས། །བུད་མེད་ཁྱོ་ལ་གདུང་བཞིན་ས་གཡོས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ས་གཞི་གཡོས་པས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེའི་འོད་གསལ་བ་ཡང་གཡོས་པར་གྱུར་པ་དང༌། འདི་ཅི་སྙམ་དུ་རྟོགས་པ་སྐྱེས་སོ། །རྒྱལ་པོ་དེའི་རྣམ་པར་རྟོག་པ་ཁྱད་པར་ཅན་དེ་ལས་ས་གཡོས་པར་རིག་ནས། སེམས་ལ་ཡ་མཚན་ཆེ་བར་གྱུར་ནས་བསམས་པ། སྦྱིན་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །འདི་ནི་རྒྱལ་བོས་གྱི་ནར་རྣམ་བརྟགས་སམ། །བདག་གིས་ལུས་འདི་ངེས་པར་སྦྱིན་བྱས་ན། །འོན་ཏེ་སྙིང་ནས་འབད་དེ་བསམ་པ་ཡིན། །དེ་བས་ན། ད་འདི་རེ་ཞིག་བརྟག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་དེ་བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འཁོར་གྱི་ནང་ན་འདུག་པ་དང། ཕོངས་པ་རྣམས་ལ་གར་འོས་འོས་སུ་གང་ཅི་འདོད་ཅེས་བོས་ཏེ། ནོར་བུ་རིན་པོ་ཆེ་དང༌། གསེར་དང༌། དངུལ་དང༌། ནོར་གྱི་ཚོགས་རྣམས་ནི་བྱུང་སྟེ། དཀོར་གྱི་བླ་མ་རྣམས་ཀྱིས་སྤྱན་པ་བྱས་ནས་གོས་རྣམ་པ་སྣ་ཚོགས་ཀྱིས་བཀང་བའི་སྣོད་རྣམས་ནི་ཁ་ཕྱེས། བཞོན་བ་དུལ་བ་སྣ་ཚོགས་ཀྱིས་དྲངས་པའི་ཤིང་རྟའི་ཁྱད་པར་བཟང་པོ་རྣམས་ནི་བསོགས། སྐྱེ་བོ་ཕོངས་པ་རྣམས་ནི་སོ་སོ་ནས་ལྷགས་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེ་རྒན་པོ་ལོང་བ་ཅིག་གི་གཟུགས་སུ་བསྒྱུར་ནས། རྒྱལ་པོའི་སྤྱན་སྔར་འོངས་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེའི་སྙིང་རྗེ་དང་བྱམས་པ་བསྒོམ་པའི་ལྟ་བ་བརྟན་ཞིང་གསལ་ལ་ཞི་བས་བསུ་བ་བཞིན་འཁྱུད་པ་བཞིན་དུ་བལྟས་པ་དང༌། རྒྱལ་པོའི་འཁོར་རྣམས་ཀྱིས་ཅི་འདོད་ཅེས་དྲིས་ནས། མིའི་བདག་བོ་དང་ཉེ་བར་འོངས་ནས་རྒྱལ་


DTG168_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག་ཚིག་གིས་ཤིས་པ་བརྗོད་དེ། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ས་བདག་དམ་པ་ཁྱོད་ཀྱི་སྤྱན་འཚལ་ཕྱིར། །རྒན་པོ་རིང་ནས་མི་མཐོང་བཞིན་དུ་མཆིས། །པདྨའི་སྤྱན་མངའ་སྤྱན་ནི་གཅིག་པུས་ཀྱང༌། །འཇིག་རྟེན་བདག་པོས་འཇིག་རྟེན་བགྱི་བ་འགྲུབ། །བྱང་ཆུབ་སེམས་དཔས་ཡིད་ལ་བསམས་བཞིན་སྨོན་ལམ་རབ་ཏུ་གྲུབ་པས་རབ་ཏུ་དགའ་ཞིང་རབ་ཏུ་སྤྲོ་བར་གྱུར་ཏེ། ཅི་བྲམ་ཟེ་འདིས་འདི་བདེན་པར་སྨྲས་སམ། འོན་ཏེ་འདི་ལྟ་བུའི་རྟོག་པ་ལ་གོམས་པས། བདག་ཉིད་ཀྱིས་འདི་ལྟ་བ་ཟིན་སྙམ་དུ་རྟོགས་པ་སྐྱེས་ནས། ཡིད་ལ་མིག་སློང་བའི་ཚིག་སྙན་པ་ཉན་པར་འདོད་དེ། མིག་སློང་བ་དེ་ལ་སྨྲས་པ། བྲམ་ཟེའི་གཙོ་བོ་ང་ལ་མིག་སློང་བ། །སུ་ཡིས་བསྟན་ནས་ཁྱོད་ནི་འདི་རུ་འོང༌། །མིག་ནི་རབ་ཏུ་གཏང་དཀའ་ཞེས་གྲགས་པའི། །སྲིད་པ་སུ་ཞིག་ང་ལ་མེད་པར་འགྱུར། །དེ་ནས་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་བའི་བརྒྱ་བྱིན་དེས། རྒྱལ་པོ་དེའི་བསམ་པ་རིག་ནས་སྨྲས་པ། བརྒྱ་བྱིན་འདྲ་བ་བརྒྱ་བྱིན་གྱིས་བསྟན་ནས། །ཁྱོད་ལ་སྤྱན་སློང་སླད་དུ་འདིར་མཆིས་སོ། །དེ་ཡི་སྲིད་དང་བདག་གི་རེ་བ་དག །སྤྱན་སྩལ་བས་ནི་འབྲས་བུ་མཆིས་པར་མཛོད། །དེ་ནས་རྒྱལ་པོ་དེས་བརྒྱ་བྱིན་སྨོས་པས། ལྷའི་མཐུས་བྲམ་ཟེའི་མིག་འདི། གདོན་མི་ཟ་བར་ཆོ་ག་འདིས་མིག་དང་ལྡན་པར་འགྱུར་རོ་སྙམ་དུ་བསམས་ནས། རབ་ཏུ་དགའ་བའི་ཚིག་གསལ་བས་དེ་ལ་འདི་སྐད་སྨྲས་སོ། །ཡིད་ལ་རིབ་གང་གིས་འདིར་འོངས་པའི། །བྲམ་ཟེ་ཁྱོད་ཀྱི་རེ་བ་དེ་ངས་བསྐང༌། །ང་ཡི་མིག་ནི་ཡ་གཅིག་འདོད་པ་ལས། །ཁྱོད་ལ་མིག་ནི་གཉིས་ཀ་ངས་སྦྱིན་གྱིས། །དེས་ཁྱོད་ཨུཏྤལ་རྒྱས་པའི་མིག་གིས་གདོང་བརྒྱན་ནས། །ཅི་སྟེ་འདི་ཉིད་ཡིན་ནམ་འོན་ཏེ་མ་ཡིན་ཞེས། རྣམ་རྟོག་ཡེངས་པ་དེ་འདི་ཡིན་ཞེས་ངོ་མཚར་གྱུར། །ཇི་ལྟར་འདོད་པའི་གནས་སུ་འགྲོ་བས་མཐོང་བར་སོང༌། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་མིག་སྦྱིན་པ་སྩོལ་བར་རིག་ནས་བརྟབ་པ་དང་བཅས་པའི་ཤུགས་ཀྱི་སྐྲག་པས་གདུངས་པའི་ཡིད་དུ་གྱུར་ནས། རྒྱལ་པོ་ལ་


DTG168_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། སྦྱིན་པ་ལ་དགྱེས་ཆེས་ན་མི་རིགས་པ་དང་གནོད་པར་འགྱུར་བ་མི་བརྟག་པར་ལྷ་དེ་ལྟར་མི་མཛད་དུ་གསོལ། སྤྱན་སྩལ་བར་མི་རིགས་སོ། །བྲམ་ཟེ་འདི་ནི་གཅིག་པུའི་ཕྱིར། །བདག་ཅག་ཐམས་ཅད་མི་འདོར་གསོལ། །སྐྱེ་དགུ་བདེ་བར་བསྐྱེད་པ་རྣམས། །མྱ་ངན་ཞུགས་ཀྱིས་མི་བསྲེག་གསོལ། །དཔལ་ཆེན་སྐྱེད་པར་བྱེད་པའི་ནོར་རྣམས་དང༌། །དཔལ་དང་ལྡན་པ་རིན་ཆེན་བ་བཞོན་དང༌། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་སྩོལ། །གླང་པོ་དྲེགས་པས་གཟི་ལྡན་འགྱིང་བ་སྩོལ། །རྐང་གདུབ་འཁྲོལ་བའི་སྒྲ་རྣམས་གྲགས་པ་ཡི། །ཁང་པ་དུས་རྣམས་ཀུན་ཏུ་བདེ་ལྡན་པ། །སྟོན་ཀའི་སྤྲིན་བས་རབ་ཏུ་དཀར་བ་སྩོལ། །འགྲོ་བའི་མིག་གཅིག་ཉིད་ཀྱི་སྤྱན་མ་སྩལ། །གཞན་ཡང་རྒྱལ་པོ་རེ་ཞིག་དགོངས་སུ་གསོལ། །གཞན་གྱི་མིག་གཞན་ལ་ཇི་ལྟར་སྦྱར་དུ་རུང། དེ་སྟེ་འདི་ལྷ་ཡི་མཐུ་ཅི་ལགས་ན། ཁྱོད་ཀྱི་སྤྱན་ལ་ཡང་ལྟོས་ཅི་འཚལ། ལྷ་གཞན་ཡང་གཞན་གྱི་འབྱོར་པ་དབང་བྱེད་པ། མིག་གིས་དབུལ་ལ་ཅི་ཞིག་བགྱི། །དེ་བས་དཀོར་ལས་སྩལ་དུ་གསོལ། །ལྷ་གཅིག་ཐུབ་ཆོད་མི་མཛད་གསོལ། །དེ་ནས་རྒྱལ་པོ་དེས། བློན་པོ་རྣམས་ལ་བྱམས་པའི་ཚིག་འཇམ་པོས་སྨྲས་པ། གང་ཞིག་སྦྱིན་ཞེས་སྨྲས་ནས་ནི། །མི་སྦྱིན་པ་ཡི་བློ་བསྐྱེད་པ། །དེ་ནི་འདོད་པའི་ཞགས་པ་ཡིས། །བདག་ཉིད་སླར་ནི་འཆིང་བར་བྱེད། །སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་ཞིག་ཡིད་ལ་གཞན་སེམས་པ། །སེར་སྣས་མ་ངེས་བློ་ཅན་དེ། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །སྦྱིན་ནོ་ཞེས་ནི་ཁས་བླངས་པས། །ཕོངས་པའི་རེ་བ་བརྟན་བྱས་ནས། །བསླུ་བའི་ཚིག་ནི་རྩུབ་པོ་དེའི། །སྐྱིན་པོའི་བསབ་པ་ཅི་ཡང་མེད། །གང་ཡང་ཁྱེད་ན་རེ། ལྷའི་མཐུ་ཉིད་ཀྱིས་འདིའི་མིག་ཡོད་པར་ཅིའི་ཕྱིར་མི་འགྱུར་ཞེས་ཟེར་བ་དེ་ཡང་ཉོན། རྒྱུ་གཅིག་གིས་ནི་འགྲུབ་པ་ཡི། །འབྲས་བུ་གང་ཡང་ཡོད་མ་ཡིན། །ལྷ་རྣམས་ཀྱིས་ནི་བྱས་པ་ཡང༌། །རྒྱུ་རྐྱེན་གཞན་ལ་ལྟོས་པ་ཡོད། །དེ་བས་ན་ངས་སྦྱིན་པ་ཆེན་པོ་


DTG168_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ་ཁྱེད་ཀྱིས་གེགས་བྱེད་པར་མི་རིགས་སོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ནོར་དང༌། འབྲུ་དང༌། རིན་པོ་ཆེ་ལ་སོགས་པ་རྣམས་སྩལ་བར་རིགས་ཀྱི། སྤྱན་ནི་སྩལ་བར་མི་རིགས་སོ། །ཞེས་བདག་ཅག་གིས་སྔར་གསོལ་བ་ལགས་ཏེ། དེ་བས་ན་བདག་ཅག་ལྷ་ཤུལ་མ་ལགས་པར་གཤེགས་སུ་མི་གསོལ་ལོ། །རྒྱལ་པོས་སྨྲས་པ། གང་ཞིག་སློང་བ་དེ་ཉིད་སྦྱིན་པར་བྱ། །མི་འདོད་པ་ནི་བྱིན་ཡང་དགའ་མི་འགྱུར། །ཆུས་ཁྱེར་བ་ལ་ཆུ་ཡིས་ཅི་ཞིག་བྱ། །དེ་བས་སློང་བའི་དོན་འདི་འདི་ལ་སྦྱིན། །དེ་ནས་རྒྱལ་པོའི་བློན་པོ་ཆེན་པོ་རབ་ཏུ་ཡིད་གཅུགས་ཤིང་འདྲིས་པ་གཅིག་བྱམས་པའི་ཤུགས་ཀྱི་ཞེས་བཏང་སྟེ། རྒྱལ་པོ་དེ་ལ་སྨྲས་པ། ཀྱེ་ཅུང་ཞིག་གཞེས་ཤིག །ལ་ལས་དཀའ་ཐུབ་ཏིང་འཛིན་ཆོ་ག་ཆེན་པོས་གང་ཞིག་ཐོབ་འགྱུར་ཞིང༌། །གང་ལ་བརྟེན་ནས་མཆོད་སྦྱིན་ཆེན་པོ་མང་པོས་གྲགས་དང་མཐོ་རིས་ཐོབ། །བརྒྱ་བྱིན་ལོངས་སྤྱོད་ལ་ཡང་འགྲན་པའི་རྒྱལ་པོའི་རྒྱལ་སྲིད་ཐོབ་པ་དེ་སྤངས་ནས། །ཅི་ཞིག་མཐོང་ནས་ཁྱོད་ཀྱིས་མིག་སྦྱིན་ཆོ་ག་འདི་ནི་སུ་ལས་ལོབས། །མཆོད་སྦྱིན་བྱས་པས་སུམ་ཅུ་རྩ་གསུམ་ཉེ། །གྲགས་པས་ཀུན་ཏུ་རབ་ཏུ་གསལ་འགྱུར་ཞིང༌། །མི་དབང་གཙུག་གི་འོད་ཀྱིས་རྐང་བརྒྱན་པ། །ཅི་ཞིག་འདོད་ཕྱིར་མིག་ནི་སྦྱིན་པར་བྱེད། །དེ་ནས་རྒྱལ་པོ་དེས་བློན་པོ་རྣམས་ལ་བྱམས་པ་དང་བཅས་པའི་ཚིག་གིས་སྨྲས་པ། ད་འབད་འདི་ནས་ས་ཀུན་ཐོབ་ཕྱིར་མིན། །མཐོ་རིས་ཐར་པ་གྲགས་པ་ཐོབ་ཕྱིར་མིན། །སློང་བ་འདི་ནི་དོན་མེད་མི་འགྱུར་ཞིང༌། །འཇིག་རྟེན་བསྐྱབ་ཕྱིར་ང་ནི་འདི་ལྟར་འབད། །དེ་ནས་རྒྱལ་པོ་དེས་མེ་ཏོག་ཨུཏྤལ་མཐིང་གའི་འདབ་མ་ལྟར་མཛེས་ཤིང་ཡིད་དུ་འོང་བའི་མིག་ཡ་གཅིག་སྨན་དཔྱད་ལས་བྱུང་བ་བཞིན་དུ་དལ་བུས་མ་སྣད་པར་ཕྱུང་སྟེ་རབ་ཏུ་དགའ་བཞིན་དུ་མིག་སློང་བ་ལ་བྱིན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཅི་ནས་ཀྱང་མིག་དེ་དེའི་མིག་ཏུ་གནས་པར་གྱུར་པ། རྒྱལ་པོ་འཁོར་དང་བཅས་པ་དེས་མཐོང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱས་སོ། །དེ་


DTG168_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མིག་ཡ་གཅིག་ཕྱེས་ཏེ། སློང་བ་པོ་ལ་བལྟས་པ་དང༌། རྒྱལ་པོ་དེ་སྙིང་རབ་ཏུ་དགའ་བར་གྱུར་ནས། མིག་ཡ་གཅིག་ཀྱང་དེ་ལ་བྱིན་ཏོ། །དེ་ནས་རྒྱལ་པོ་དེ་ཡིས་མིག་བྱིན་ནས། །པདྨ་མེད་པའི་པདྨའི་མཚོ་འདྲ་གདོང༌། །གཞན་ལ་མེད་པས་རབ་ཏུ་དགའ་བར་གྱུར། །བྲམ་ཟེའང་མིག་དང་ལྡན་པར་འཁོར་གྱིས་མཐོང༌། །རྒྱལ་པོའི་བཙུན་མོ་འཁོར་དང་ཕོ་བྲང་འཁོར་རྣམས་ཀྱང༌། །མྱ་ངན་མཆི་མས་ས་གཞི་ཐམས་ཅད་ཆག་ཆག་གདབ། རྒྱལ་པོ་རྫོགས་པའི་བྱང་ཆུབ་བློ་བརྟན་མཐོང་ནས་ནི། །བརྒྱ་བྱིན་དེ་ཡང་ངོ་མཚར་ཆེ་ཞིང་རབ་ཏུ་དགའ། །དེ་ནས་བརྒྱ་བྱིན་ངོ་མཚར་ཆེན་པོས་སེམས་རབ་ཏུ་དགའ་བ་དང་དང་བར་གྱུར་ནས་འདི་སྙམ་དུ་སེམས་སོ། །ཨེ་མའོ་བརྟན་ཞིང་སྙིང་སྟོབས་ཆེ། །ཨེ་མའོ་སེམས་ཅན་ཕན་འདོགས་པ། །ལས་འདི་མངོན་སུམ་གསལ་གྱུར་ཀྱང༌། །ཐེ་ཚོམ་ཟ་བར་གྱུར་པ་འདྲ། །དེ་ལྟ་བས་ན་ངོ་མཚར་ཆེ་བའི་སེམས་ཅན་འདི་ཡུན་རིང་དུ་འདི་ལྟར་ཉོན་མོངས་སུ་གཞུག་པར་མི་རིགས་ཀྱི། ཐབས་ཀྱིས་འདིའི་མིག་སླར་སྐྱེ་བར་འགྱུར་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་དེའི་རིམ་གྱིས་མིག་གི་རྨ་ནི་སོས་སོ། །བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་མྱ་ངན་སྲབས་ཀྱི་སོང་ནས། རབ་ཏུ་དབེན་པར་འདོད་པའི་ཕྱིར་རྫིང་བུའི་འགྲམ་ན་མེ་ཏོག་གི་ལྗིད་ཀྱིས་ནོན་པའི་ཤིང་བཟང་པོ་སྟུག་པོ་ཡོད་པ་སེར་བུ་བསིལ་ཞིང་བདེ་ལ་དྲི་ཞིམ་པོའི་ངད་ལྡང་བ། བུང་བ་མང་པོས་སྒྲ་འབྱིན་པ་ཞིག་ཏུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་མདུན་དུ་འོངས་སོ། །དེ་ནས་རྒྱལ་པོས་འདི་སུ་ཡིན་ཞེས་དྲིས་པ་དང༌། སྨྲས་པ། ང་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ཏེ་ཁྱོད་ཀྱི་དྲུང་དུ་འོངས་སོ། །གཤེགས་པ་ལེགས་སོ་ཅི་བཞེད་པ་བཀའ་སྩལ་དུ་གསོལ། ཞེས་ཞེས་དང་བཅས་པས་སྨྲས་པ་དང༌། རྒྱལ་བོ་ལ་ཡང་སྨྲས་པ། རྒྱལ་པོ་དྲང་སྲོང་ང་ལ་ཅི་འདོད་པའི་མཆོག་དེ་སློང་ཅིག །དེ་ནས་རྒྱལ་པོ་དེ་སྦྱིན་པ་ལ་གོམས་ཤིང་སློང་བ་ལ་མ་གོམས་པའི་ཕྱིར་བརྟན་པས་འཛུམ་ཞིང་ངོ་མཚར་མི་ཆེ་ཞིང་རླབས་ཅན་དུ་སྨྲས་པ། བརྒྱ་བྱིན་བདག་


DTG168_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནོར་མང་ཞིང༌། །དམག་ཚོགས་ཆེ་ཞིང་མཐུ་དང་ལྡན། །ད་ནི་ལོང་བར་གྱུར་པས་བདག །འཆི་བ་འབའ་ཞིག་མངོན་པར་འདོད། །གཞན་ཡང་སློང་བ་རྣམས་ནི་ཡིད་ལ་རེ་བ་ཀུན། །ཡོངས་སུ་བསྐོངས་པས་རབ་ཏུ་དགའ་འགྱུར་ཞིང༌། །ལེགས་པར་ལྟ་བའི་བཞིན་རྣམས་མི་མཐོང་བས། །དེ་ཕྱིར་དབང་པོ་བདག་ནི་འཆི་བར་དགའ། །བརྒྱ་བྱིན་གྱིས་སྨྲས་པ། སྐྱེས་བུ་དམ་པ་རྣམས་འདི་ལྟ་བུ་ཉམས་སུ་མྱོང་བར་གྱུར་གྱིས། དེ་སྙམ་དུ་མ་སེམས་ཤིག །འོན་ཀྱང་ཁྱོད་ལ་ངས་དྲིའོ། །སློང་བ་རྣམས་ཀྱིས་འདི་ལྟའི་གནས་སྐབས་གྱུར་བྱས་ནས། །ད་ནི་དེ་ལ་ཁྱོད་ཀྱི་ཡིད་ནི་ཅི་སྙམ་སེམས། །ཅི་ནས་ཡིད་ནི་རབ་ཏུ་ཆེས་པར་འགྱུར་བ་རུ། །དེ་ནི་གསང་བ་མེད་པར་རབ་ཏུ་སྨྲ་བར་གྱིས། །རྒྱལ་པོས་སྨྲས་པ། བདག་དོམ་དུ་ཞུགས་པ་དེ་ཙམ་དུ་ཁྱོད་ལ་ཅི་ཡིད་ཆེས། འོན་ཀྱང་ལྷ་ཡི་དབང་པོ་གསན་དུ་གསོལ། །དེ་ཚེ་ང་ནི་དེ་ལྟར་སློང་རྣམས་ཀྱིས། །སློང་ཞེས་ངེས་པར་སྨྲ་བའི་ཚིག་རྣམས་ལ། །ཤིས་པ་བརྗོད་པ་བཞིན་དུ་བདག་དགའ་ན། །བདག་གི་མིག་ནི་ཡ་གཅིག་མཐོང་བར་ཤོག །དེ་ནས་རྒྱལ་པོ་དེའི་བདེན་པའི་བྱིན་རླབས་ཀྱི་མཐུ་དང་བསོད་ནམས་སྤེལ་བའི་ཁྱད་པར་གྱིས། ཚིག་དེ་སྐད་སྨྲས་མ་ཐག་ཏུ་མེ་ཏོག་ཨུཏྤལ་མཐིང་གའི་དབུས་རིན་པོ་ཆེ་ཨན་ད་རྙིལ་གྱིས་སྤྲས་པ་འདྲ་བའི་མིག་ཡ་གཅིག་མཐོང་བར་གྱུར་ཏོ། །ཡ་མཚན་ཆེ་བའི་མིག་དེས་མཐོང་བར་གྱུར་ནས་རྒྱལ་པོ་དེ་སེམས་རབ་ཏུ་དགའ་བས། ཡང་བརྒྱ་བྱིན་ལ་སྨྲས་པ། གང་ཡང་བདག་ལ་མིག་ཡ་གཅིག་སློངས་ནས། །དེ་ལ་བདག་གིས་མིག་གཅིག་དགའ་བཞིན་བྱིན། །དགའ་ཞིང་སྤྲོ་ལ་རྩེ་གཅིག་སེམས་གྱུར་ན། །ཡ་གཅིག་མིག་ཀྱང་བདག་ལ་ཡོད་པར་ཤོག །དེ་ནས་དེ་སྐད་སྨྲས་མ་ཐག་ཏུ་རྒྱལ་པོ་དེའི་མིག་ཡ་གཅིག་ཀྱང་སྔ་མ་དང་འདྲ་བ་བཞིན་དུ་ཡོད་པར་གྱུར་ཏོ། །དེ་ནས་རི་དང་བཅས་པའི་ས་ཆེན་གཡོས། །རྒྱ་མཚོའི་རླབས་ཀྱང་དུས་ལས་འདས་པ་བྱུང༌། །ལྷ་རྣམས་ཀྱིས་ནི་རྔ་བོ་ཆེ་དག་ཀྱང༌། །ཟབ་ཅིང་སྙན་པའི་སྒྲ་ཆེན་སྒྲོགས་པར་གྱུར། །ཕྱོགས་རྣམས་ཀུན་ཀྱང་


DTG168_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དངས་ཤིང་གསལ་བར་སྣང༌། །སྟོན་ཀའི་དུས་བཞིན་ཉི་མ་གསལ་བར་སྣང༌། །ཙནྡན་ཕྱེ་མས་བསྒོས་པའི་མེ་ཏོག་རྣམས། །ནམ་མཁའི་ནང་ནས་ལྡེང་ཞིང་བབ་པར་གྱུར། །ལྷ་ཡི་བུ་མོ་འཁོར་བཅས་ལྷ་རྣམས་ཀྱང༌། །ཡ་མཚན་ཆེ་བའི་མིག་བགྲད་དེར་ལྷགས་གྱུར། །སེར་བུ་ཡིད་དུ་འོང་བ་བདེ་བ་ལྡན། །འགྲོ་བ་རྣམས་ཀྱི་ཡིད་ཀྱི་དགའ་བར་གྱུར། །འབྱུང་པོ་མཐུ་ཆེན་ངོ་མཚར་གྱུར་པ་རྣམས། །ཡིད་ནི་རབ་ཏུ་དགའ་བས་ཁྱབ་གྱུར་ནས། །རྒྱལ་པོའི་སྤྱོད་མཆོག་བསྟོད་པའི་གཞི་བརྗོད་པ། །སྙན་པའི་ཚིག་རྣམས་ཀུན་ཏུ་གྲགས་པར་གྱུར། །ཨེ་མའོ་རླབས་ཆེན་ཨེ་མའོ་སྙིང་རྗེ་ཆེ། །འདི་ཡི་སེམས་ནི་ཇི་ལྟར་རྣམ་དག་ལྟོས། །ཨེ་མའོ་བདག་གི་བདེ་ལ་སེམས་མ་ཆགས། །བརྟན་ཞིང་དཔའ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །པདྨའི་སྤྱན་ནི་དཔལ་ལྡན་སླར་རྒྱས་པས། །ཁྱོད་ཀྱིས་འགྲོ་བ་མགོན་བཅས་བགྱིས་པ་ལེགས། །ཨེ་མའོ་བསོད་ནམས་ཚོགས་ནི་དོན་ཡོད་པ། །རིང་ཞིག་ལོན་ནས་ཁྱོད་ཀྱི་བྱིན་གྱིས་རྒྱལ། །དེ་ནས་བརྒྱ་བྱིན་གྱིས་ལེགས་སོ་ལེགས་སོ། །ཞེས་བྱ་བས་དེ་མགུ་བར་བྱས་ནས་ཡང་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་བསམ་པ་དག་པ་ནི། །ང་ཡིས་སྔར་ནས་མི་ཤེས་མ་ཡིན་ཏེ། །རྒྱལ་པོ་ཁྱོད་ཀྱི་མིག་འདི་གཉིས། །དེ་ལྟར་ཁྱོད་ལ་སྦྱིན་པས་ན། །དཔག་ཚད་བརྒྱར་ནི་ཁོར་ཡུག་ཏུ། །བྲག་རི་རྣམས་ཀྱིས་བར་བཅད་ཀྱང༌། །ཁྱོད་ཀྱི་མིག་ནི་འདི་གཉིས་ཀྱིས། །ཐོགས་པ་མེད་པར་མཐོང་བར་འགྱུར། །ཞེས་སྨྲས་ནས། བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློན་པོ་ཆེན་པོ་རྣམས་དང༌། རྗེས་སུ་འབྲང་བ་རྣམས་དང་ཕོ་བྲང་འཁོར་གྱི་མི་རྣམས་ཡ་མཚན་ཆེ་ཞིང་སེམས་རབ་ཏུ་དགའ་བར་གྱུར་པའི་མིག་གིས་ལྟ་ཞིང༌། བྲམ་ཟེ་རྣམས་ཀྱིས་ཀྱང་རྒྱལ་བར་གྱུར་ཅིག །ཅེས་བྱ་བའི་ཤིས་པ་བརྗོད་པའི་ཚིག་སྨྲ་བས་མངོན་པར་དགའ་བར་བྱས་ཏེ། ཕོ་བྲང་དམ་པ་རྒྱལ་མཚན་དང་བ་དན་སྣ་ཚོགས་བཙུགས་པ། མངོན་པར་མཐོ་བའི་རྒྱན་རྣམས་ཀྱིས་བརྒྱན་པར་ཕྱིན་ནས། འཁོར་གྱི་ནང་ན་འདུག་སྟེ་དགའ་བ་ལྟ་


DTG168_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ལྷགས་པའི་བློན་པོ་ལ་སོགས་པ་བྲམ་ཟེ་དང༌། ཕོ་བྲང་འཁོར་གྱི་མི་ཡ་རབས་རྣམས་ལ་དེ་ལྟར་བདག་གིས་ཉམས་སུ་མྱོང་བའི་ཆོས་བཤད་དེ། རབ་ཏུ་སྦྱིན་པའི་བསོད་ནམས་ལས་གྱུར་པའི། །ལྷ་ཡི་མཐུ་ལྡན་ང་ཡི་མིག་མཐོང་ནས། །ཕོངས་པ་རྣམས་ནི་ནོར་གྱིས་མགུ་བྱས་ལ། །འཇིག་རྟེན་ན་ནི་སུ་ཞིག་བསྒྲིམ་པ་ལྷོད། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །བྲག་རི་མང་པོས་བར་བཅད་ཀྱང༌། །ཤིན་ཏུ་རིང་ན་གནས་པ་ཡང༌། །བལྟ་བར་བྱ་བ་གསལ་བར་མཐོང༌། །གང་ཕྱིར་མི་ཡི་མིག་ནི་འདིར་བྱིན་ནས། །མི་ལས་འདས་བའི་ལྷ་མིག་བདག་གིས་ཐོབ། །གཞན་ལ་བརྩེ་ཞིང་དུལ་བ་ལས་བྱུང་བའི། །སྦྱིན་ལས་གཞན་པའི་མངོན་མཐོའི་ཐབས་གང་ཡོད། །ཤི་པི་པ་རྣམས་དེ་ལྟར་རིག་བྱས་ནས། །སྦྱིན་དང་སྤྱད་པས་ནོར་རྣམས་དོན་ཡོད་བྱོས། །འཇིག་རྟེན་འདི་དང་གཞན་ལའང་འདི་ཉིད་ནི། །གྲགས་པ་ཆེ་བའི་བདེ་བ་འབྱུང་བའི་ལམ། །འཇིག་རྟེན་ཕན་ཕྱིར་བྱིན་པ་གང་ཡིན་པ། །སྙིང་པོ་མེད་པའི་ནོར་ཡང་སྙིང་པོར་སྤྱོད། །སྦྱིན་པ་བྱས་ན་གཏེར་དང་འདྲ་བར་འགྱུར། །མ་སྦྱིན་ན་ནི་ཤིན་ཏུ་ཆུད་ཟོས་འགྱུར། །དེ་ལྟར་བཅོམ་ལྡན་འདས་དེས་བདག་ཅག་གི་ཕྱིར་བྱ་དཀའ་བ་མང་པོས་དམ་པའི་ཆོས་འདི་བསྒྲུབས་པ་ཡིན་པས། རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་དང༌། སྔ་མ་བཞིན་དུ་སྙིང་རྗེའི་ཡོན་ཏན་བསྔགས་པ་དང༌། ཚེ་འདི་ཉིད་ལ་བསོད་ནམས་ཀྱི་འབྲས་བུ་མཐོང་བར་འགྱུར་བ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་རིམ་གྲོ་བསྐྱེད་དེ་བསོད་ནམས་བསགས་པ་ནི། བདག་གིས་མཐུ་ཆེན་པོ་ཐོབ་པར་འགྱུར་བའི་མེ་ཏོག་གྲགས་པའི་རྒྱུན་ཆགས་པ་ཡིད་དུ་འོང་བ་ཚེ་འདི་ཉིད་ལ་བསྟན་པ་ཡིན་ནོ། །ཡུལ་ཤི་པི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་བའོ།། །།སེམས་རབ་ཏུ་དང་བ་ལས་བྱུང་བ་དང༌། སྣོད་ཁྱད་པར་ཅན་ལ་སྦྱིན་པ་བྱིན་པ་ནི་རྣམ་པར་སྨིན་པ་ཆེ་བའི་ཕྱིར་ཆུང་ཞེས་བྱ་བ་གང་ཡང་མེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཡུལ་ཀོས་ལེའི་རྒྱལ་


DTG168_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར་ཏོ་ཞེས་གྲགས་སོ། །དེ་ཡང་སྤྲོ་བ་དང་གསང་ཚིག་དང་མཐུ་དང་ནུས་པ་ཕུན་སུམ་ཚོགས་པ་ལ་སོགས་པ་རྒྱལ་པོའི་ཡོན་ཏན་རྣམས་མཆོག་ཏུ་གྱུར་དུ་ཟིན་ཀྱང་སྐལ་བ་ཕུན་སུམ་ཚོགས་པའི་ཡོན་ཏན་བཟང་པོས་འབྱོར་པ་ལྷག་པར་གྱུར་ཏོ། །སྐལ་བ་ཕུན་སུམ་ཚོགས་བརྒྱན་པས། །དེ་ཡི་ཡོན་ཏན་ལྷག་པར་གསལ། །སྟོན་ཀའི་དཔལ་ནི་གསལ་གྱུར་པས། །ཟླ་བའི་འོད་ཟེར་གསལ་བ་བཞིན། །དེས་དགྲ་དྲེགས་པ་རྣམས་ཀྱང་བཏང༌། །དེ་ལ་བརྟེན་པ་རྣམས་ལ་ཆགས། །ཁྲོས་དང་བྱམས་པའི་རྗེས་འབྲང་དཔལ། །རྒྱལ་པོ་གཞན་ལ་དེ་ལྟར་གྱུར། །དེ་ནི་ཆོས་ཀྱི་བདག་ཉིད་གྱུར་པས་ན། །གཞན་ལ་གནོད་པའི་སེམས་དུག་མེད་པར་འགྱུར། །དེ་ཡི་དཔལ་ནི་དགྲ་ལ་མི་འགོ་བས། །འབངས་ཀྱང་དེ་ལ་གློ་བ་ཉེ་བར་གྱུར། །དེ་བདག་གི་ཚེ་སྔ་མ་འདས་པ་རྗེས་སུ་དྲན་པར་གྱུར་ཏོ། །དེ་རྗེས་སུ་དྲན་པར་གྱུར་པས་རབ་ཏུ་སྐྱེ་བར་གྱུར་ནས། དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་དང་སློང་བ་རྣམས་ལ། བདེ་བའི་རྒྱུ་དང་གཞིར་གྱུར་པའི་སྦྱིན་པ་ཁྱད་པར་ཅན་བྱིན་པར་གྱུར་ཏོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ངན་པ་མ་ཡིན་པ་དང༌། གསོ་སྦྱོང་ངེས་པར་གནས་པ་དག་ཀྱང་དུས་མཚམས་ཀྱི་ཉིན་པར་ཡང་དག་པར་ལེན་ཏོ། །རྒྱལ་པོའི་འཁོར་དང༌། བདག་གི་བཙུན་མོའི་འཁོར་གྱི་ནང་ན་བསོད་ནམས་ཀྱི་མཐུ་བསྒྲགས་པ་དང༌། འཇིག་རྟེན་པ་རྣམས་ལེགས་པ་ལ་བཀོད་པ་འདོད་པས་དང་བའི་སེམས་ཀྱིས་དོན་ངེས་པའི་ཚིགས་སུ་བཅད་པ་འདི་གཉིས་ཡང་དང་ཡང་དུ་སྨྲས་སོ། །བདེ་བར་གཤེགས་ལ་བཀུར་སྟི་བྱས་པ་ཆུང་ངུ་ཡང༌། །འབྲས་བུ་འབྱོར་པ་ཆུང་ངུ་མེད་ཅེས་སྔོན་ཐོས་ཀྱི། །ཟན་དྲོན་ཁེངས་པ་རྩུབ་མོ་ལན་ཚྭ་མེད་པ་ཡི། །འབྲས་བུ་འབྱོར་པ་ཆེན་པོ་འདི་ལྟར་གྱུར་ལ་ལྟོས། །ཤིང་རྟ་སྣ་ཚོགས་རྟ་དང་གླང་པོ་འགྱིང་བ་དང། །བདག་གི་དམག་ཚོགས་ཆེན་པོ་འདི་དང་ས་ཆེན་འདི། །ནོར་མང་དཔལ་ཡང་རྗེས་ཆགས་བཙུན་མོ་རྒྱ་ཆེན་ལྡན། །ཟན་དྲོན་ཆངས་ཅིག་འབྲས་བུ་གྲུབ་པ་བཟང་པོ་ལྟོས། །བློན་པོ་ཆེན་པོ་རྣམས་དང༌། བྲམ་ཟེ་རྒན་པོ་རྣམས་དང༌། ཕོ་བྲང་འཁོར་གྱི་མི་སྟོད་རིམ་རྣམས་


DTG168_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་ངོ་མཚར་ཆེར་གྱུར་ཀྱང༌། རྒྱལ་པོ་ཆེན་པོ་ཅི་ལ་དགོངས་ཏེ། ཚིགས་སུ་བཅད་པ་འདི་གཉིས་རྟག་ཏུ་གསུངས་ཞེས་དེ་ལ་སླར་ཞུ་མ་ནུས་སོ། །དེ་ནས་རྒྱལ་པོ་དེའི་བཙུན་མོ་གནང་ཆེན་སྨྲ་བའི་སྤོབས་པ་ཐོགས་པ་མེད་པ་ཅིག་ངོ་མཚར་སྐྱེས་ནས། གཏམ་གླེང་བའི་སྐབས་སུ་བབ་སྟེ་འཁོར་གྱི་ནང་དུ་དེ་ལ་ཞུས་པ། མི་ཡི་བདག་པོ་ངེས་པར་གསུངས་པ་ནི། །ཐུགས་ལ་དགོངས་པ་དགྱེས་པ་ཞལ་དུ་བྱུང༌། །ཁྱོད་ཀྱིས་དེ་སྐད་གསུངས་པས་བདག་གི་སེམས། །ངོ་མཚར་ཆེ་བས་རབ་ཏུ་གཡེངས་པར་གྱུར། །སྐྱེ་བོ་འདི་ཡིས་དེ་ནི་ཐོས་རུང་ན། །རྒྱལ་པོ་ཅི་ཕྱིར་གསུངས་པ་བཀའ་སྩལ་གསོལ། །གསང་ན་དེ་སྐད་གར་ཡང་མི་བསྒྲགས་ཏེ། །དེ་བས་བདག་གིས་གུས་པས་ཞུ་བ་ལགས། །དེ་ནས་རྒྱལ་པོ་དེ་དགའ་ཞིང་རབ་ཏུ་བྱམས་པའི་ལྟ་བས་བཙུན་མོ་ལ་བལྟས་ཏེ། འཛུམ་པའི་བཞིན་མདངས་དང་ལྡན་པས་སྨྲས་པ། །དོན་དང་རྒྱུ་མཚན་མ་ཕྱེས་པར། །ང་ཡིས་སྨྲས་པ་འདི་ཐོས་ནས། །འདི་ནི་ཁྱོད་ཉིད་འབའ་ཞིག་ཏུ། །ངོ་མཚར་ཆེ་གྱུར་ཡིད་གཡོས་མིན། །བློན་པོ་ཆེན་པོ་ཚོགས་པ་འདི་དག་ཐམས་ཅད་ཀྱང༌། །ཡིད་ནི་ངོ་མཚར་ཆེན་པོས་རབ་ཏུ་གཡོས་པར་གྱུར། །ང་ཡི་ཕོ་བྲང་འཁོར་དང་བཙུན་མོར་བཅས་པ་ཡང༌། །གང་ཕྱིར་ང་ཡིས་དེ་སྐད་སྨྲས་པ་མཉན་པར་གྱིས། །གཉིད་ལས་སད་པ་བཞིན་དུ་སྐྱེ་བ་ངས་དྲན་པ། །ཚུལ་དང་ལྡན་ཡང་ནོར་ཙམ་གྱིས་ནི་མཐོ་བ་ལ། །ལས་ཀྱིས་མགུ་བར་བྱས་ནས་དམན་ཆས་འཚོ་བ་ཡིས། །གླ་མི་གཅིག་ཏུ་གྲོང་ཁྱེར་འདིར་ནི་ང་གྱུར་ཏོ། །གཞན་གྱིས་བརྙས་ཤིང་ངལ་བ་དམན་པའི་གླ་དེ་ཡང༌། །སྐྱབས་སུ་རེ་ཞིང་མི་འཚོར་དོགས་ནས་དེ་ལ་ཞུགས། །དགེ་སློང་བཞི་སྡེ་བསོད་སྙོམས་ཕྱིར་ལྷགས་མཐོང་བར་གྱུར། །དབང་པོ་དུལ་ཞིང་དགེ་སློང་དཔལ་གྱི་རྗེས་འབྲངས་བཞིན། །འཇམ་པའི་ཡིད་ཀྱིས་དེ་ལ་ཕྱག་འཚལ་ནས། །ཟན་དྲོན་ཙམ་ཅིག་བདག་གིས་ཁྱིམ་དུ་གུས་པར་བྱིན། །དེ་ཡིས་མྱུ་གུ་ཙམ་ཞིག་བྱུང་བ་འདི་ཡིན་ཏེ། །རྒྱལ་པོ་གཞན་གྱི་གཙུག་གིས་ང་ཡི་ཞབས་ལ་གཏུགས། །ང་ཡིས་དེ་ལ་བསམས་ནས་ནི། །ལྷ་མོ་ཁྱོད་ལ་སྨྲས་པ་ཡིན། །བསོད་ནམས་ཀྱིས་ནི་


DTG168_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ངོམས་མི་མྱོང༌། །དགྲ་བཅོམ་མཐོང་བས་མི་ངོམས་སོ། །དེ་ནས་ལྷ་མོ་དགའ་ཞིང་ཡ་མཚན་ཆེ་བའི་མིག་བགྲད་ནས། རྒྱལ་པོ་ལ་རབ་ཏུ་གུས་པར་བལྟ་ཞིང་སྨྲས་པ། མངོན་པར་མཐོ་བའི་ཁྱད་པར་འདི་ལྟ་བུ་ནི། བསོད་ནམས་ཀྱི་རྣམ་པར་སྨིན་པ་ལགས་པར་གདའོ། །རྒྱལ་པོ་ཆེན་པོ་འདི་ལྟར་མཛད་པ་ལ་གུས་པ་ནི། བསོད་ནམས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་སླད་དུའོ། །དེ་བས་ན་འདི་ལྟར་དངོས་སྡིག་མི་མཛད་པ་དང༌། སྐྱེ་དགུ་རྣམས་ལ་ཕ་བཞིན་དུ་ཡོངས་སུ་སྐྱོང་བ་ལེགས་པར་མཛད་པ་དང༌། བསོད་ནམས་ཀྱི་ཡོན་ཏན་བསྒྲུབ་པ་ལ་མངོན་པར་ཕྱོགས་པས་ལགས་སོ། །གྲགས་དང་དཔལ་དང་སྦྱིན་པ་ཕུན་སུམ་ཚོགས་པས་འབར། །བཀའ་ལུང་གཉེན་པོ་རྒྱལ་པོ་གཞན་གྱི་སྤྱི་བོས་ནོད། །བསེར་མ་ལངས་པས་རླབས་བསྐྱོད་རྒྱ་མཚོའི་གོས་གྱོན་པའི། །ཆོས་ཀྱི་ཚུལ་བཞིན་ས་ཆེན་ཡུན་རིང་སྐྱོང་བར་འགྱུར། །རྒྱལ་པོས་སྨྲས་པ། ལྷ་མོ་དེ་དེ་ལྟར་ག་ལ་ཞིག་མ་ཡིན། མཚན་མ་བཟང་པོས་མངོན་པར་མཚོན་པ་ལེགས་པའི་ལམ། །དེ་ཉིད་ལ་ནི་བདག་གིས་ད་དུང་བསྟན་པར་བྱ། །འཇིག་རྟེན་པ་ནི་སྦྱིན་པའི་འབྲས་བུ་ཐོས་ནས་སྟེར། །ང་བདག་ཉམས་སུ་མྱོང་ན་ཅི་ཕྱིར་སྦྱིན་མི་བྱ། །དེ་ནས་རྒྱལ་པོ་དེས་ལྷ་མོ་བཞིན་དུ་དཔལ་འབར་བའི་ལྷ་མོ་ལ་རབ་ཏུ་བྱམས་པས་བལྟས་ནས། དཔལ་ཕུན་སུམ་ཚོགས་པ་ལ་སེམས་ཞེན་པས་ཡང་སྨྲས་པ། སྐར་མའི་ནང་ན་ཟླ་བ་བཞིན། །བུད་མེད་ནང་ན་རྣམ་པར་མཛེས། །ཤིན་ཏུ་ཡིད་འོང་འབྱུང་བའི་ལས། །དགེ་ལྡན་ཁྱོད་ཀྱིས་ཅི་ཞིག་བྱས། །ལྷ་མོས་སྨྲས་པ། ལྷ་བདག་གིས་ཀྱང་ཚེ་སྔ་མ་ཅུང་ཟད་ཅིག་བགྱིས་པ་རྗེས་སུ་དྲན་ནོ། །དེ་སྨྲོས་ཤིག་ཅེས་རྒྱལ་པོས་དྲིས་པ་དང༌། སྨྲས་པ། བྱིས་པའི་ཚེ་ན་མྱོང་བ་རྗེས་དྲན་བཞིན། །བདག་ནི་བྲན་མོ་བྱེད་པའི་ཚེ་ན་ཟན་ཆངས་ཅིག །ཐུབ་པ་ཟག་པ་ཟད་ལ་གུས་པར་ཕུལ་བ་ཡིས། །དེ་ཚེ་གཉིད་ཀྱིས་ལོག་པ་འདིར་ནི་སད་པ་བཞིན། །མི་རྗེ་ལྷས་མཛད་དགེ་བ་དེ་ནི་བདག་གིས་དྲན། །དེ་ཡིས་བདག་ནི་ས་དང་བཅས་པའི་མགོན་དུ་གྱུར། །ཟག་པ་ཟད་ལ་བྱས་པ་ཆུང་བ་གང་


DTG168_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད། །ཇི་ལྟར་ཐུབ་པས་བཀའ་སྩལ་བཞིན་དུ་ཁྱོད་ཀྱིས་གསུངས། །དེ་ནས་རྒྱལ་པོ་དེས་བསོད་ནམས་ཀྱི་འབྲས་བུ་མཐོང་བས། བསོད་ནམས་ལ་གུས་པ་བསྐྱེད་པར་སེམས་རབ་ཏུ་དད་པར་གྱུར་པའི་འཁོར་ཡ་མཚན་ཆེ་ལ་རྩེ་གཅིག་ཏུ་གྱུར་པར་རིག་ནས། ངེས་པར་འདི་འདྲ་ཅུང་ཟད་ཅིག་རྗེས་སུ་དྲན་ཏོ། །དགེ་བ་མི་ཆེ་བས་ཀྱང་རྣམ་སྨིན་རྒྱ་ཆེན་དཔལ་འདི་མཐོང་ནས་སུ། །སྦྱིན་དང་ཚུལ་ཁྲིམས་སྤྱད་པས་བསོད་ནམས་བྱ་ལ་མི་འབད་སུ་ཞིག་ཡོད། །ནོར་གྱིས་ཆོག་པར་ཡོད་ཀྱང་སེར་སྣའི་མུན་པས་གང་ཞིག་བློ་བསྒྲིབས་ནས། །སྦྱིན་པས་གྲགས་པ་ཐོབ་པར་མི་བྱེད་མི་དེ་བལྟར་མི་རུང༌། །དབང་མེད་པར་ནི་གང་ཞིག་བཏང་དགོས་དེ་བཞིན་སུ་ལའང་ཕན་མི་ཐོགས། །ནོར་དེ་རིགས་པར་བཏང་ན་གལ་ཏེ་ཡོན་ཏན་འགའ་ཞིག་ཐོབ་གྱུར་ན། །ཡོན་ཏན་རྣམས་ནི་ཡོད་བཞིན་དེ་ལ་སུ་ཞིག་སེར་སྣའི་ལམ་ལ་བརྟེན། །སྦྱིན་པ་ལས་བྱུང་ཡོན་ཏན་དགའ་བ་ལ་སོགས་སྣ་ཚོགས་གྲགས་དང་ལྡན། །སྦྱིན་པ་ཞེས་བྱ་གཏེར་ཆེན་རྗེས་འགྲོ་རྐུན་པོ་ལ་སོགས་ཐུན་མོང་མིན། །སྦྱིན་པ་འདོད་དང་སེར་སྣའི་སྐྱོན་གྱིས་རྡུལ་ཅན་སེམས་ནི་སྦྱོང་བར་བྱེད། །སྦྱིན་པས་འཁོར་བའི་ལམ་བགྲོད་ངལ་བ་མེད་པ་བཞོན་པ་བདེ་བ་ཡིན། །སྦྱིན་པས་བདེ་བ་མང་པོ་འགྲུབ་ཅིང་གྲོགས་པོ་བཟང་པོའི་མཆོག་ཡིན་ནོ། །འབྱོར་པ་ཕུན་སུམ་ཚོགས་པའམ་བཀའ་ལུང་ཡོན་ཏན་ནམ། །སུམ་ཅུ་རྩ་གསུམ་ཕོ་བྲང་གནས་སམ་གཟུགས་བཟང་ཡོན་ཏན་ནམ། །གང་ཞིག་འདོད་པ་དེ་དག་ཐམས་ཅད་སྦྱིན་པས་ཐོབ་པར་འགྱུར། །དེ་ལྟར་ངེས་དོན་གཏན་ལ་ཕབ་ན་སྦྱིན་པ་སུས་མི་བྱེད། །སྦྱིན་པས་ནོར་གྱི་སྙིང་པོ་ལེན་པར་གསུངས། །སྦྱིན་པ་དབང་ཕྱུག་རྣམས་ཀྱི་རྒྱུ་ཞེས་གསུངས། །སྦྱིན་པ་དཔལ་ལྡན་སྐྱེ་པོ་མཆོག་གི་ཚུལ། །ཤེས་རབ་ཆུང་དུས་རྡུལ་ཙམ་སྦྱིན་མི་ནུས། །དེ་ནས་འཁོར་དེ་དག་གིས་རྒྱལ་པོ་དེའི་ཚིག་བཟུང་བ་ལ་རབ་ཏུ་དགའ་ཞིང་གུས་པར་བྱས་ནས། སྦྱིན་པ་ལ་སོགས་པའི་ཡོན་ཏན་བསྒྲུབ་པ་ལ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེ་བས་ན་སེམས་རབ་ཏུ་དང་བ་ལས་བྱུང་བ་དང༌། སྣོད་ཁྱད་པར་ཅན་ལ་སྦྱིན་པའི་རྣམ་པར་སྨིན་པ་ཆེ་བའི་ཕྱིར།


DTG168_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ཆུང་ཞེས་བྱ་བ་གང་ཡང་མེད་དོ། །དེ་བས་ན་སེམས་རབ་ཏུ་དང་བས་བླན་མེད་པའི་བསོད་ནམས་ཀྱི་ཞིང་འཕགས་པའི་དགེ་འདུན་ལ་སྦྱིན་པ་བྱིན་ན། བདག་ཀྱང་དེ་ལྟ་བུའི་ཕུན་སུམ་ཚོགས་པ་འམ་དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་བ་རིང་པོར་མི་ཐོགས་སོ་སྙམ་དུ་བསམས་ཏེ། དགའ་བ་བསྐྱེད་པར་བྱའོ་ཟན་དྲོན་ཆངས་ཅིག་བྱིན་པའི་སྐྱེས་པའི་རབས་ཏེ་གསུམ་པའོ།། །།བམ་པོ་གཉིས་པ། སྐྱེས་བུ་དམ་པ་རྣམས་ནི་བདག་བརླག་པར་འགྱུར་བ་ལ་མི་འཛེམ་པར་སྦྱིན་པ་བྱེད་ན། བདེ་བར་འདུག་པས་ལྟ་སུ་ཞིག་སྦྱིན་པར་མི་བྱེད། དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། སྐལ་བ་ཁྱད་པར་ཅན་དང་ལྡན་པ་ཡོན་ཏན་སྤྲོ་བ་ཕུན་སུམ་ཚོགས་པས་ནོར་ཕུན་སུམ་ཚོགས་པ་དང་ནི་ལྡན། སྤྱོད་ཚུལ་མི་མཐུན་པ་མེད་པའི་ངང་ཚུལ་ཅན་ཡིན་པས། འཇིག་རྟེན་པ་རྣམས་ཀྱིས་བཀུར་སྟི་བྱ་བའི་གནས་སུ་ནི་གྱུར། ཆོ་རིགས་བཙུན་པ་དང་ནི་ལྡན། རིག་པ་སྒྱུ་རྩལ་གྱི་ཁྱད་པར་རྣམ་པ་དུ་མ་ཁོང་དུ་ཆུད་པས། བློ་རབ་ཏུ་དྲི་མ་མེད་པར་ནི་གྱུར། ཡོན་ཏན་ཆེ་བས་རྒྱལ་པོས་ནི་བཀུར་སྟིར་བྱས། རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་ཡིན་པས། འབྱོར་པ་རྣམས་ནི་འཇིག་རྟེན་པ་རྣམས་དང་ཐུན་མོང་དུ་སྤྱོད་པའི་ཚོང་དཔོན་ཞིག་ཏུ་སྐྱེས་སོ། །ཞེས་གྲགས་སོ། །ཕོངས་པ་རྣམས་ནི་དགའ་འགྱུར་བས། །ཕན་ཚུན་ཀུན་ཏུ་བསྒྲགས་པ་ནི། །དེ་མིང་སྦྱིན་ལ་དཔའ་བ་ཞེས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་གྱུར། །སྦྱིན་ནམ་མི་སྦྱིན་སྙམ་པའི་རྣམ་རྟོག་པ། །ཡིད་ལ་སེམས་པ་ཕོངས་པ་རྣམས་ལ་མེད། །དེ་ཡི་སྦྱིན་པའི་མཐུ་ཆེན་གྲགས་པར་གྱུར། །ཕོངས་པ་རྣམས་ནི་ཡིད་ཆེས་སྤོབས་ཤིང་སློང༌། །དེས་ནི་བདག་གི་བདེ་ཕྱིར་ནོར་མི་སྦེད། །འདྲེན་པ་དང་ནི་ཆགས་པས་ཟིལ་གནོན་མིན། །དེས་ནི་ཕོངས་པའི་སྡུག་བསྔལ་བཟོད་མི་ནུས། །དེ་བས་མེད་ཅེས་སྨྲ་བ་སྤས་པར་འགྱུར། །དེ་ནས་རེ་ཞིག་ཅིག་སེམས་དཔའ་ཆེན་པོ་དེ་ཟས་ཀྱི་དུས་ལ་བབས་པའི་ཚེ། ཁྲུས་བྱས་བྱུག་སྤོས་ཀྱིས་བྱུགས་པ་དང༌། གཡོས་མཁན་མཁས་པས་གཡོས་པའི་བཟའ་བ་དང༌། བཅའ་བ་དང༌།


DTG168_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བ་དང༌། རོ་དང་འཇམ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྣ་ཚོགས་བཤམས་པ་དང༌། རང་སངས་རྒྱས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པ་བསོད་ནམས་ཀྱི་ཚོགས་རྣམས་འཕེལ་བར་འདོད་པ་ཅིག་དེའི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་འོངས་སོ། །འོངས་ནས་ཀྱང་དེའི་སྒོ་ཁང་ན་བསྡད་དེ། དོགས་མེད་མི་གཡོ་བརྟན་ཞིང་ཞི་བ་ཡི། །མིག་གིས་ས་ལ་གཉའ་ཞིང་གང་དུ་བལྟ། །རབ་ཏུ་ཞི་བར་གྱུར་ཅིང་དེ་ན་བསྡད། །དེ་ལག་པདྨའི་མཆོག་ནི་ལྷུང་བཟེད་ཐོགས། །དེ་ནས་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཕུན་སུམ་ཚོགས་པ་ལ་མི་བཟོད་པས་དེ་ལ་གེགས་བྱ་བའི་ཕྱིར། རང་སངས་རྒྱས་དེ་དང་བར་སྒོ་གཉིས་ཀྱི་བར་ན་སེམས་ཅན་དམྱལ་བ་ཆེན་པོའི་ནང་ན་མེ་ཆེན་པོ་འབར་བ། ཟབས་སུ་མི་འགྲེད་དུ་ཡོད་པ་རབ་ཏུ་ཟབ་པ། མཐོང་ན་རབ་ཏུ་འཇིགས་པ། འཇིགས་སུ་རུང་བའི་སྒྲ་བསྒྲགས་པ། སྐྱེ་བོ་མང་པོ་རྣམ་པར་གཡོ་བས་གང་བ་ཅིག་མངོན་པར་སྤྲུལ་ཏེ། དེ་ནས་བྱང་ཆུབ་སེམས་དཔས་རང་སངས་རྒྱས་བསོད་སྙོམས་ལ་གཤེགས་པར་མཐོང་ནས། ཆུང་མ་ལ་བདག་ཉིད་ཀྱིས་འཕགས་པ་ལ་བསོད་སྙོམས་ཕུལ་ཅེས་སྨྲས་སོ། །དེས་དེ་ལྟར་མཉན་ནས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། བཟའ་བ་དང་བཅའ་བ་བཟང་པོ་ཁྱེར་ཏེ་སོང་སོང་བ་ལས། སེམས་ཅན་དམྱལ་བའི་གནས་མཐོང་བ་དང༌། འཇིགས་ཤིང་སྐྲག་ནས་མིག་རིག་རིག་པོར་གྱུར་ཏེ། སྒོ་དྲུང་ནས་སླར་ལོག་པ་དང༌། འདི་ཅི་ཉེས་བྱང་ཆུབ་སེམས་དཔས་དྲིས་པ་དང༌། དེ་སྐྲག་པས་སྐད་འགགས་ནས་དེ་ལ་སྨྲ་ཡང་དེའུ་མ་ནུས་ཏེ་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ཨེ་མ་ཧོ། འཕགས་པ་འདི་བདག་གི་ཁྱིམ་ནས་བསོད་སྙོམས་མ་བཞེས་པར་སླར་བཞུད་ན་ག་ལ་རུང་བསམས་ནས་དེས་སྨྲས་པ་ལ་མ་ཉན་པར། རིངས་རིངས་ལྟར་བཟའ་བ་དང༌། བཅའ་བ་བཟང་པོ་བདག་ཉིད་ཀྱིས་ཁྱེར་ཏེ། མཐུ་ཆེན་པོ་དེ་ལ་བསོད་སྙོམས་འབུལ་བའི་ཕྱིར། སྒོ་ཁང་གི་དྲུང་དུ་ཕྱིན་པ་དང༌། སེམས་ཅན་དམྱལ་བའི་གནས་ཆེན་པོ་རབ་ཏུ་འཇིགས་པ་དེ་མཐོང་བར་གྱུར་ཏོ། །དེ་ནས་འདི་ཅི་ཞིག་ཡིན་སྙམ་དུ་རྣམ་པར་


DTG168_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་སྐྱེས་པ་དང༌། བདུད་སྡིག་ཅན་ཁང་པའི་ངོས་ཀྱི་རྩིག་པའི་ནང་ནས་བྱུང་སྟེ། ལྷའི་ལུས་ཡ་མཚན་ཆེ་བར་མངོན་སུམ་དུ་བསྟན་ནས་བར་སྣང་ལ་གནས་ཏེ། ཕན་པར་འདོད་པ་བཞིན་དུ་གསལ་བར་སྨྲས་པ། ཀྱེ་ཁྱིམ་བདག་སེམས་ཅན་དམྱལ་གནས་ཆེན་པོ་འདི་ནི། ངོམ་གྲོག་ཆེན་པོ་ཞེས་བྱ་བ་ཡིན་ནོ། །ཕོངས་པས་བསྔགས་པའི་ཚིག་གིས་བསླུས་ནས་ནི། །སྦྱིན་ལ་ཞུགས་པ་གང་གིས་ནོར་ཆུད་གསན། །དེ་དག་ལོ་ནི་སྟོང་ཕྲག་དུ་མར་ཡང༌། །འདི་ན་གནས་འགྱུར་དབྱུང་བ་རབ་ཏུ་དཀའ། །ནོར་ནི་འཁོར་གསུམ་བྱང་བར་རྒྱུ་ཡིན་ཏེ། །དེ་མེད་བྱས་ན་སུ་ཡིས་ཆོས་མ་བརླག །ནོར་ཆུད་གསན་པས་ཆོས་ནི་བརླགས་གྱུར་ན། །ཅི་ཕྱིར་སེམས་ཅན་དམྱལ་བར་གནས་མི་འགྱུར། །སྦྱིན་པའི་ཕྱིར་ནི་ཆོས་ཀྱི་རྩར་གྱུར་པའི། །ནོར་ནི་ཁྱོད་ཀྱིས་ཆུད་གསན་སྡིག་བྱས་པས། །དམྱལ་བའི་གཤེད་པོ་མི་བཟད་འབར་བའི་ལྕེས། །དེ་ཕྱིར་ཁྱོད་ནི་ཟ་བར་འདིར་འོངས་སོ། །དེ་བས་བློ་ནི་སྦྱིན་ལས་བཟློག་ན་ལེགས། །འོན་ཏེ་འཕྲལ་དུ་ལྟུང་བར་ཁྱོད་མི་འགྱུར། །སྙིང་རྗེར་དུ་ཞིང་འགྲེ་ལྡོག་བྱེད་པ་ཡི། །གཏོང་བ་འདི་དང་ལྷན་ཅིག་ཁྱོད་མ་འགྲོགས། །སྦྱིན་པ་ཚུལ་མིན་མི་བྱེད་ལེན་པ་པོའི། །སྐྱེ་བོ་རྣམས་ནི་ལྷ་ཡུལ་འགྲོ་བར་འགྱུར། །དེ་བས་མཐོ་རིས་ལམ་བསྒྲིབ་བཏང་ནས་ནི། །སྦྱིན་ལ་བརྩོན་པ་བཟློག་པར་གནས་པར་གྱིས། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། འདི་སྐད་ཟེར་བའི་བདག་ཉིད་ངན་པ་འདི་ནི། བདག་གིས་སྦྱིན་པ་བྱེད་པ་ལ་ངེས་པར་གེགས་བྱེད་པ་ཡིན་ནོ་སྙམ་ནས། བདག་གིས་སྙིང་སྟོབས་ཀྱི་ཁུར་མ་བོར་ཏེ། བརྟན་པར་བྱས་ནས། ཚིག་འཇམ་པོའི་རྒྱུན་མ་ཆད་པར་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་འདྲ་ལ་ཕན་པར་དགོངས་ནས་ནི། །ཁྱོད་ཀྱིས་འཕགས་པའི་ལམ་འདི་རྣམས་བསྟན་པ། །གཞན་ལ་ཕན་འདོགས་མཁས་པའི་སྤྱོད་པ་ཅན། །ལྷ་རྣམས་ཀྱིས་ནི་དེ་ལྟར་བགྱི་བའི་རིགས། །ཉེས་པ་འབྱུང་བའི་སྔོན་ནམ་འོག་ཏུ་ཡང༌། །ཞི་བའི་ལམ་དེར་འཆི་བ་རབ་ཏུ་རིགས། །ནད་ལ་ཆོག་སྤྱད་པ་ནོངས་པ་ཡིས། །ཚབས་ཆེར་གྱུར་ལ་དཔྱད་ཀྱིས་ཕན་མི་


DTG168_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། །སྦྱིན་ལ་ཞུགས་པ་བདག་གིས་སྡུག་བསྔལ་འདི། །དཔྱད་ཀྱིས་རློན་པ་རབ་ཏུ་མི་འགྱུར་རོ། །ཁྱོད་ཀྱིས་ཕན་པར་བསྟན་པའང་མི་ཉན་པར། །བདག་གི་སེམས་ནི་སྦྱིན་ལས་སླར་མི་ལྡོག །སྦྱིན་པ་སྡིག་པ་འགྱུར་ཞེས་གང་སྨྲས་ཤིང༌། །ནོར་ཡང་ཆོས་ཀྱི་རྒྱུ་ཡིན་ཞེས་བགྱི་བ། །སྦྱིན་པ་མ་གཏོགས་ཆོས་ལམ་གཞན་ཡོད་པ། །དེས་ནི་གཏེར་སྦས་ཆོས་ཀྱི་རྒྱུར་འགྱུར་བ། །འོན་ཏེ་རྐུན་པོ་འོང་ནས་ཕྲོག་གྱུར་ཏམ། །འདོད་པས་ཁྱེར་ཏེ་མི་སྣང་འགྱུར་བའམ། །མེ་ཡིས་ཚིག་ན་བསོད་ནམས་ཐོབ་འགྱུར་བར། །མི་ཡི་བློས་ནི་རྟོགས་པར་མི་ནུས་སོ། །ནོར་སྦྱིན་པས་ནི་དམྱལ་བར་འགྲོ་བ་དང༌། །ལེན་པ་ལྷ་ཡུལ་འགྲོ་ཞེས་བྱ་བ་ཡང༌། །ཁྱོད་ཀྱིས་སྦྱིན་ལས་བཟློག་པར་བྱས་མོད་ཀྱི། །དེ་ཡིས་བདག་ནི་སྦྱིན་ལ་བརྩོན་པར་འགྱུར། །ཁྱོད་ཀྱི་ཚིག་དེ་གཞན་དུ་མ་གྱུར་ཅིག །བདག་ལ་སློང་བ་དེ་དག་མཐོ་རིས་དང། །འཇིག་རྟེན་ཕན་ཕྱིར་བདག་ནི་སྦྱིན་པ་བྱེད། །བདག་ནི་བདེ་བ་བསྒྲུབ་ཕྱིར་འདི་མི་བྱེད། །དེ་ནས་ཡང་བདུད་ཕན་པར་འདོད་པ་བཞིན་བརྟན་པར་བྱ་བའི་ཕྱིར་ལག་པ་བརྐྱང་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འདི་ནི་ང་ཡིས་ཕན་པའམ་བརྫུན་སྨྲས་པ། །ལེགས་པར་རྟོགས་ལ་གང་དུ་བདེ་བར་སོང༌། །བདེ་དང་ལྡན་པས་གུས་བྱས་བདེ་བར་གྱིས། །ཡང་ན་འགྱོད་བཞིན་ང་ནི་དྲན་པར་བྱོས། །བྱང་ཆུབ་སེམས་དཔས་གྲོགས་པོ་ཁྱོད་བཟོད་པ་མཛོད་ཅིག་ཅེས་སྨྲས་ནས། ཕོངས་པ་རྣམས་ཀྱིས་བག་ཕབ་སྤོབས་ཏེ་སློང་བ་ལ། །སྦྱིན་པའི་དུས་སུ་བརྙས་ཏེ་མ་བྱིན་དགའ་བ་བས། །མི་བཟད་མེ་ལྕེ་འབར་བའི་སེམས་ཅན་དམྱལ་བ་དེར། །མེ་ལྕེ་འབར་བས་ཕོག་ནས་སྤྱི་གཙུག་ལྟུང་ཡང་རུང༌། །དེ་སྐད་སྨྲས་ནས་བྱང་ཆུབ་སེམས་དཔའ་བདག་གི་སྐལ་བའི་མཐུ་ལ་བརྟེན་ནས་སྦྱིན་པ་ལ་ཉེས་དམིགས་མེད་པར་ཡང་ཤེས་ཏེ། བུ་སྨད་དང་གཡོག་འཁོར་འགྲོ་མི་སྟེར་བ་རྣམས་བོར་ཏེ། བློ་ལ་ཐེ་ཙོམ་མེད་ཅིང་སྦྱིན་པ་བྱེད་པར་འདོད་པ་སྐྱེས་ཏེ། དམྱལ་བའི་ནང་ནས་ཕར་སོང་ངོ༌། །དེ་ནས་དེ་ཡི་བསོད་ནམས་མཐུ་ཡིས་དེར། །འདམ་རྫ་བ་མེད་པར་འདམ་ལས་སྐྱེས་པ་བྱུང༌། །ཟེའུ་འབྲུ་དཀར་པོ་


DTG168_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡི་ཕྲེང་བ་དག །བདུད་ལ་འཕྱ་བ་བཞིན་དུ་དགོད་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདག་གི་བསོད་ནམས་ཁྱད་པར་ཅན་ལས་བྱུང་བའི་པདྨའི་སྟེགས་བུ་ལས་སོང་སྟེ། རང་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས་སེམས་རབ་ཏུ་དང་ཞིང་དགའ་བས་དེ་ལ་བསོད་སྙོམས་ཕུལ་ལོ། །དེ་ཡི་ཡིད་ནི་རབ་ཏུ་དང་བྱའི་ཕྱིར། །དེ་ནས་དགེ་སློང་དེ་ནི་མཁའ་ལ་ལྡིང༌། །དེས་ནི་དེ་ན་ཆར་འབབས་འབར་བར་བྱེད། །གློག་དང་བཅས་པའི་སྤྲིན་གྱི་དཔལ་བཞིན་མཛེས། །བདུད་ནི་ཡིད་ལ་བསམ་པ་མ་གྲུབ་ནས། །ཡི་ཆད་ནས་ནི་མདངས་ཀྱང་ཉམས་པར་གྱུར། །དེ་ལ་ཕྱོགས་ཏེ་ལྟ་ཡང་མ་ནུས་ནས། །དམྱལ་བ་དང་བཅས་དེ་ན་མི་སྣང་གྱུར། །དེ་ཅིའི་ཕྱིར་བཤད་ཅེ་ན། དེ་ལྟར་སྐྱེས་བུ་དམ་པ་རྣམས་ནི་བདག་བརླག་པར་འགྱུར་བ་ལ་ཡང་མི་འཛེམ་པར་སྦྱིན་པ་བྱེད་ན། བདེ་བར་འདུག་པ་ལྟ་སུ་ཞིག་སྦྱིན་པར་མི་བྱེད། དེ་བས་ན་སྙིང་སྟོས་ཅན་ནི་བསྡིགས་ཀྱང་མི་རིགས་པ་བྱེད་དུ་གཞུག་མི་ནུས་སོ། །ཞེས་ཀྱང་བཤད་པར་བྱའོ། །ཚོང་དཔོན་གྱི་སྐྱེས་པའི་རབས་ཏེ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་འབྱོར་པ་ཟད་དུ་དོགས་ནས། སྦྱིན་པ་བྱེད་པ་ལ་ཞུམ་པར་མི་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། བྱང་ཆུབ་སེམས་དཔའ་གཏོང་བ་དང༌། ཚུལ་ཁྲིམས་དང༌། ཆོ་རིགས་དང༌། དུལ་བ་དང༌། མང་དུ་ཐོས་པ་དང༌། ཤེས་རབ་དང༌། དྲེགས་པ་མེད་པ་ལ་སོགས་པའི་ཡོན་ཏན་དང་ནི་ལྡན། འབྱོར་པ་ཕུན་སུམ་ཚོགས་པས་ནི་ནོར་སྦྱིན་པོ་དང་འདྲ། གློ་བུར་པ་ཐམས་ཅད་ལ་སྦྱིན་པ་བྱེད་པས་སྦྱིན་པའི་འབྱོར་པ་ནི་རྒྱུན་མི་འཆད། འཇིག་རྟེན་ལ་ཕན་པའི་དོན་བྱེད་པའི་ཕྱིར་སྦྱིན་པ་པོའི་གཙོ་བོ་ཚོང་དཔོན་ཞིག་ཏུ་གྱུར་ཏོ། །ཞེས་གྲགས་སོ། །སེར་སྣ་ལ་སོགས་པའི་ཉེས་པས་ཟིལ་གྱིས་མི་གནོན་པའི་ཕྱིར། མིང་ཡང་ཟིལ་གྱིས་མི་གནོན་པ་ཞེས་བཏགས་སོ། །འདོད་པའི་དོན་ཕྱིར་ཐེ་ཚོམ་མེད་གྱུར་པས། །དགའ་བ་སྐྱེ་བའི་ཁྱད་པར་རྒྱུར་གྱུར་པ། །ཕོངས་པ་རྣམས་ཀྱིས་དེ་ནི་མཐོང་བ་བཞིན། །དེས་ཀྱང་ཕོངས་པ་རྣམས་ནི་མཐོང་ན་དགའ། །སློང་བས་སློང་ཞེས་ངེས་པར་བསློངས་པ་ལ། དེས་


DTG168_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་ཅེས་བྱ་བར་མི་འགྱུར་ཏེ། །དེ་ཡི་སེམས་ནི་ནོར་ལ་ཆགས་པའི་སྐབས། །སྙིང་རྗེ་ཆེན་པོས་རབ་ཏུ་མེད་པར་བྱས། །ཕོངས་པ་རྣམས་ཀྱིས་དེ་ཡི་ཁྱིམ་ནས་ནི། །ནོར་གྱི་སྙིང་པོ་ཕྱུང་ན་རབ་ཏུ་དགའ། །རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། །ནོར་ནི་ཤིན་ཏུ་མི་བཟད་ནོར་མི་རིགས། །འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང༌། །ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་འགྱུར། །དེ་ཡི་ནོར་ནི་བདག་དང་གཞན་དག་གི །འབྱོར་པ་ཐོབ་པས་དོན་དང་ལྡན་པར་འགྱུར། །དེ་ནས་སེམས་དཔའ་ཆེན་པོ་དེས། ཀུན་ཏུ་སློང་བ་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཉོན་མ་མོངས་པར་གུས་པ་ཁྱད་པར་ཅན་གྱིས་བརྒྱན་ཅིང༌། ནོར་སྦྱིན་པ་རླབས་པོ་ཆེས་རབ་ཏུ་ཚིམ་པར་བྱས་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་པ་རླབས་པོ་ཆེ་དེ་ཐོས་ནས། ཡིད་ལ་ཡ་མཚན་ཆེ་བར་གྱུར་ཏེ་འདི་སྦྱིན་པ་ལ་བརྟན་ནམ་མི་བརྟན་ཉམས་བསྐྱེད་པ་དང། འདིའི་ནོར་ཟད་ཀྱིས་དོགས་པས་སེར་སྣ་བྱེད་དུ་གཞུག་པའི་ཕྱིར། ཉིན་རེ་ཞིང་རིམ་གྱིས་འབྲས་བུ་དང་ནོར་དང༌། རིན་པོ་ཆེ་དང༌། ཡོ་བྱད་ཀྱི་རྣམ་པ་དེ་དང་དེ་དག་མི་སྣང་བར་བྱས་སོ། །སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པ་ལ་མོས་པས། ཆུ་ཡི་ཐིགས་པ་ཉི་མས་ཕོག་པ་བཞིན། །དེ་ཡི་ནོར་ནི་ཅི་ཙམ་ཟད་གྱུར་པ། །དེ་ཙམ་གྱིས་ནི་སྦྱིན་པ་ཆེན་པོ་ཡི། །མེ་ཡིས་ཚིག་པ་བཞིན་དུ་ཁྱིམ་ནས་འབྱིན། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སེམས་དཔའ་ཆེན་པོ་དེའི་ནོར་ཐམས་ཅད་ཟད་པར་གྱུར་ཀྱང༌། སྦྱིན་པ་ལ་རབ་ཏུ་གཞོལ་བར་གྱུར་པ་རིག་ནས་བློ་ལ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། དེའི་ནོར་གཅེས་པ་ཐམས་ཅད་ནུབ་ཅིག་མི་སྣང་བར་བྱས་ནས། ཐག་པ་ཞིག་དང་ཟོར་བ་ཞིག་བཞག་གོ །དེ་ནས་བྱང་ཆུབ་སེམས་དཔས་ནང་པར་ནམ་ལངས་ནས་དུས་བཞིན་དུ་ལངས་ཏེ་བལྟས་པ་ན། བདག་གི་ཁྱིམ་གྱི་ནོར་དང༌། འབྲུ་དང༌། ཡོ་བྱད་དང༌། མི་རྣམས་ནི་མེད་ལ་སྒྲ་ཅ་ཅོ་ཡང་མེད་ལ་སྡུག་བསྔལ་བ་ལྟར་འདུག་ཅིང༌། སྲིན་པོས་ཕུང་བར་བྱས་པ་བཞིན་དུ་བལྟས་ན་ཉམས་མི་དགའ་བར་གྱུར་པ་མཐོང་ནས། འདི་ཅི་ཉེས་སྙམ་དུ་རྟོགས་པ་སྐྱེས་ཏེ། ཀུན་ཏུ་ཉུལ་ཉུལ་བ་དང༌། ཐག་པ་བསྡོགས་པ་ཞིག་དང༌།


DTG168_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་བ་ཞིག་དེ་ན་འདུག་པ་མཐོང་ནས། དེས་བསམས་པ། གལ་ཏེ་འགའ་ཞིག་གིས་སློང་བའི་ཚིག་སྨྲ་མ་ཕོད་དེ། བདག་གི་ཞོ་ཤས་འཚོ་བས་བདག་གི་ཁྱིམ་དུ་སྤོབས་པ་དེ་ལྟ་བུ་བསྟན་ན་ནི་བདག་གི་ནོར་ལེགས་པར་སྤྱད་པ་ཉིད་དུ་གྱུར་ཏོ། །དེ་སྟེ་བདག་སྐལ་བ་ཆུང་བའི་སྐྱོན་གྱིས་མཐོང་བར་གྱུར་པ་མ་བཟོད་ནས་སུས་ཀྱང་མ་སྤྱད་པར་མེད་པར་གྱུར་ན་ནི་མ་རུང་བར་གྱུར་ཏོ་སྙམ་མོ། །ནོར་རྣམས་ངོ་བོ་མི་རྟག་པར། །བདག་གིས་སྔ་ནས་ཤེས་ཟིན་ན། །ཕོངས་པ་རྣམས་ཀྱི་སྡུག་བསྔལ་གྱིས། །བདག་གི་ཡིད་ནི་འདིར་བསྲེགས་སོ། །སྦྱིན་དང་བཀུར་སྟིས་ཡུན་རིང་བདེ་བྱས་པ། །བདག་གི་ཁྱིམ་ནི་ནོར་དང་བྲལ་མཐོང་ནས། །མཚོ་སྐམས་དྲུང་དུ་སྐོམ་པ་ལྷགས་པ་བཞིན། །བདག་གི་ཕོངས་པ་དེ་དག་ཇི་ལྟར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདག་གིས་བརྟན་པ་ལ་བརྟན་པས་ཞུམ་པ་དང་སྤྲོ་བའི་བློ་ཞི་བར་མ་གྱུར་ཏོ། །དེའི་གནས་སྐབས་ན་ཡང་སློང་བ་ལ་མ་གོམས་པ་ངོ་ཤེས་ཀྱང་གཞན་ལ་སློང་མ་ཕོད་པ་དང༌། སློང་བ་དེ་ནི་དེ་ལྟར་དཀའ་བ་ལྟ་ཞིག་སྙམ་ནས། དེས་སློང་མི་རྣམས་ལ་དེ་བས་ཀྱང་རྗེས་སུ་བརྩེ་བར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོ་དེས་སློང་མི་རྣམས་ལ་འོངས་པ་ལེགས་སོ། །ཞེས་བྱ་བ་ཙམ་ལ་ལྟོས་ནས། བདག་ཉིད་ཀྱིས་ཐག་པ་བསྡོགས་པ་དེ་དང་ཟོར་བ་གཉིས་བླངས་ཏེ། ཉིན་རེ་བཞིན་རྩྭ་བཙོངས་པའི་རིན་རྙེད་པ་ཙམ་གྱིས་སྐྱེ་བོ་ཕོངས་པ་རྣམས་སློང་བ་ལ་མགུ་བར་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་རབ་ཏུ་དབུལ་བར་གྱུར་ཀྱང་དེ་ལྟར་ཞུམ་པ་མེད་ཅིང་སྦྱིན་པ་ལ་རབ་ཏུ་གཞོལ་བར་མཐོང་ནས་ཡ་མཚན་ཆེ་ཞིང་གུས་པར་གྱུར་ཏེ། ལྷའི་ལུས་མངོན་སུམ་དུ་བསྟན་ནས་བར་སྣང་ལ་གནས་ཏེ། སྦྱིན་པ་ལས་བཟློག་པའི་ཕྱིར་སེམས་དཔའ་ཆེན་པོ་ལ་སྨྲས་པ། ཁྱིམ་བདག་བྱམས་ཀྱིས་འགྱོད་པའི་གནས་སྐབས་འདི་ལྟ་བུར། །སྦྱིན་པ་དྲགས་པས་ཁྱོད་ཀྱིས་མྱོང་བ་ནི། །རྐུན་པོས་མ་ཁྱེར་ཆུ་དང་མེས་མ་ཚིག །རྒྱལ་པོ་རྣམས་ཀྱིས་ནོར་ཡང་མ་འཕྲོགས་སོ། །དེ་བས་ཁྱོད་ལ་ཕན་ཕྱིར་ང་ཡིས་སྨྲ། །སྦྱིན་ལ་ཞུགས་པའི་ཆགས་པ་


DTG168_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བར་གྱིས། །འདི་ལྟར་གྱུར་ཀྱང་གལ་ཏེ་མ་སྦྱིན་ན། །སྔོན་གྱི་འབྱོར་པ་བཟང་པོ་ཐོབ་པར་འགྱུར། །ཆུང་དུ་གོད་ཀྱང་རྟག་ཏུ་སྤྱད་ན་ནི། །ཡུན་རིང་སྤྱད་ན་མིག་སྨན་ཟད་ལ་ལྟོས། །བསགས་ན་གྲོག་མཁར་མཐོན་པོར་གྱུར་ལ་ལྟོས། །དར་བར་འདོད་པས་བསྡམ་པར་བྱས་ན་ལེགས། །དེ་ནས་བྱང་ཆུབ་སེམས་དཔས་སྦྱིན་པའི་ཡོན་ཏན་བསྟན་པའི་ཕྱིར་བརྒྱ་བྱིན་ལ་སྨྲས་པ། སྤྱན་སྟོང་མངའ་བ་རབ་ཏུ་ཕོངས་གྱུར་ཀྱང༌། །འཕགས་པས་མ་རབས་ཆོས་བྱ་རབ་ཏུ་དཀའ། །གང་ཞིག་ཐོབ་ཕྱིར་སེར་སྣའི་སེམས་བྱུང་བ། །བརྒྱ་བྱིན་ནོར་དེ་བདག་ལ་མེད་ཀྱང་རུང༌། །སློང་བའི་སྡུག་བསྔལ་ཤི་དང་འདྲ་བ་ཡི། །གཉེན་པོའི་ལམ་དུ་བགྲོད་པར་འདོད་པ་ལ། །དེ་ཡིས་ཕོངས་པ་ཡ་རབས་གཟི་བྱིན་ཅན། །སུ་ཞིག་མེད་ཅེས་ཟེར་བའི་སེར་བས་བརྡེག །སློང་བས་གདུངས་ནས་ངོ་ཟུང་གནག་གྱུར་པས། །ཕོངས་པ་རྣམས་ནི་མགུ་བར་མི་འགྱུར་བའི། །ནོར་རམ་རིན་ཆེན་ལྷ་ཡི་རྒྱལ་སྲིད་ཀྱང༌། །དེ་ལྟ་བུ་དག་བདག་ནི་སོགས་སམ་ཅི། །གང་ཞིག་སེར་སྣའི་སྐྱོན་ནི་འཕེལ་འགྱུར་ཞིང༌། །གཏོང་བའི་སེམས་ཀྱང་སྐྱེ་བར་མི་འགྱུར་བ། །བདག་ལྟ་བུ་ཡིས་དེ་ནི་བཏང་བའི་རིགས། །ཡོངས་སུ་བཟུང་བར་སྙད་བཏགས་ཕོངས་པ་ཡིས། །གློག་ནི་འགྱུ་བ་བཞིན་དུ་མི་བརྟན་ནོར། །ཀུན་དང་ཐུན་མོང་ཕོངས་པ་དུ་མའི་རྒྱུ། །བདེ་བ་འབྱུང་བའི་རྒྱུ་ནི་སྦྱིན་པ་ཡིན། །ཡ་རབས་སུ་ཞིག་སེར་སྣའི་ལམ་ལ་བརྟེན། །བརྒྱ་བྱིན་ཁྱོད་ཀྱིས་བདག་ལ་གཉེན་པོ་བསྟན། །ཕན་པ་སྨྲས་པས་བདག་ལ་བརྩེ་བར་བགྱིས། །སྦྱིན་པས་ཡིད་ནི་དགའ་ལ་གོམས་པར་གྱུར། །དེ་བས་ལམ་མིན་སུ་ཞིག་དགའ་བར་འགྱུར། །ཁྱོད་ཀྱི་ཐུགས་ནི་ཁྲོ་བར་གྱུར་པ་ཡིས། །ལམ་དུ་འཇུག་པར་བགྱི་བ་མི་རིགས་སོ། །ངོ་བོ་ཉིད་ནི་མི་མཐུན་ཕྱོགས་ཀྱི་ལམ། །བགྲོད་དཀའ་བཞུགས་པ་སླ་བ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱིམ་བདག་འབྱོར་པ་ཕུན་སུམ་ཚོགས་ཤིང་བང་མཛོད་ཡོངས་སུ་གང་བ་དང༌། །ཞིང་གི་སོ་ནམ་ལེགས་པར་བྱེད་ཅིང་རླབས་ཆེ་རྣམ་པ་སྣ་ཚོགས་བྱེད་པ་དང༌། །དབང་ཕྱུག་དབང་དུ་གྱུར་པ་ལ། །རིམ་པ་འདི་འཇིག་རྟེན་ན་དར་བར་འགྱུར་


DTG168_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། གནས་སྐབས་འདི་ལྟ་བུ་མི་རུང་ངོ་ལྟོས་ཤིག །བདག་གིས་བློ་ཡིས་ལྕོགས་ཤིང་མ་ཡེངས་པ་འམ། །གྲགས་པའི་རྗེས་མཐུན་རིགས་དང་མཐུན་པ་འམ། །ལས་ཀྱི་ཡོན་ཏན་གྱི་ནི་འབྱོར་ཐོབ་ནས། །ཉི་མ་བཞིན་དུ་འགྲན་ཟླ་ཟིལ་མནན་ཏེ། །སྐྱེ་བོ་རྣམས་ནི་ཞོར་ལ་གྲོགས་བཙལ་ནས། །མཛའ་བོར་བཅས་པའི་གཉེན་རྣམས་མགུ་བྱས་ཏེ། །རྒྱལ་པོ་ལས་ཀྱང་བཀུར་སྟི་ཐོབ་གྱུར་ནས། །མངོན་པར་ཆགས་བཞིན་དཔལ་གྱིས་འཁྱུད་གྱུར་ན། །དེ་ནས་སྦྱིན་པའམ་བདེ་བའི་རིམ་པ་ལ། །རབ་ཏུ་ཞུགས་ནས་སྐྱེ་བོས་འཕྱས་གདབ་མེད། །འདབ་གཤོག་མ་རྫོགས་མཁའ་ལ་འཕུར་འདོད་བཞིན། །སྦྱིན་པ་འབའ་ཞིག་འདོད་པས་བརླག་པར་འགྱུར། །དེ་བས་སྡོམ་ཞིང་མི་གཡེང་གནས་བཅས་ལ། །སྦྱིན་པ་ཐོང་ལ་རེ་ཞིག་ནོར་སོགས་ཤིག །འབྱོར་པ་མེད་པར་གང་ཞིག་མི་སྦྱིན་པ། །དེ་ལ་མ་རབས་གྱུར་པ་ཅི་ཞིག་ཡོད། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་དེ་ལྟར་ཧ་ཅང་དུས་མ་ཆེ་བར་ཐོང་ཞིག །གཞན་གྱི་དོན་པས་གང་ཞིག་བདག་དོན་ཆེར་འཛིན་པ། །དེས་ཀྱང་འབྱོར་པ་ཁྱད་དུ་བསད་ནས་སྦྱིན་དགོས་སོ། །གང་དག་ཆགས་པ་སྤངས་ནས་སྦྱིན་པར་དགའ་འགྱུར་བ། །འབྱོར་པ་ཆེན་པོ་ཡིས་ཀྱང་དགའ་བ་དེ་མི་མྱོང༌། །འབྱོར་པ་འབའ་ཞིག་གིས་ཀྱང་མཐོ་རིས་ཐོབ་མི་འགྱུར། །སྦྱིན་པ་ཡིས་ནི་གྲགས་པ་སྙན་པ་ཐོབ་པར་འགྱུར། །སེར་སྣ་ལ་སོགས་སྐྱོན་གྱིས་ཟིལ་གྱིས་གནོན་མི་འགྱུར། །དེ་བས་འབྱོར་པ་དེ་ཕྱིར་སྦྱིན་པ་སུས་མི་བྱེད། །གང་ཞིག་སྐྱེ་ཤིས་ཉེན་པའི་འཇིག་རྟེན་སྐྱོང་འདོད་པའི། །སྙིང་རྗེའི་དབང་གིས་བདག་ཀྱང་རབ་ཏུ་གཏོང་བྱེད་ཅིང༌། །གཞན་སྡུག་བསྔལ་བས་བདག་གིས་བདེ་བ་མི་མྱོང་བས། །དེ་བས་དཔལ་ལྡན་ཁྱོད་ཀྱི་ནོར་ཡང་ཅི་ཞིག་བྱ། །ལྷའི་དབང་པོ་གཞན་ཡང༌། ནོར་རྣམས་ཕུན་སུམ་ཚོགས་པ་བཞིན། །ཚེ་ཡང་གནས་པ་མི་བརྟན་ཏེ། །དེ་བས་སློང་མི་མཐོང་ན་ནི། །ཕུན་སུམ་ཚོགས་ལ་མི་ལྟའོ། །ཤིང་རྟ་གཅིག་གིས་གང་དུ་ས་ལ་ལམ་དྲངས་པ། །དེ་བཞིན་གཞན་དང་གཞན་ཡང་ལམ་དེར་བརྟུལ་ཏེ་འདོང༌། །དེ་ལྟར་ཐོག་མའི་ལམ་ནི་བདེ་བ་འདི་


DTG168_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ནས། །ཡང་དག་མ་ཡིན་ལམ་དུ་འཇུག་པ་བདག་མི་དགའ། །གལ་ཏེ་བདག་ནི་ཕྱིས་ཀྱང་ནོར་དང་ལྡན་གྱུར་ན། །སློང་མི་རྣམས་ཀྱི་སེམས་ནི་ངེས་པར་མགུ་པར་བྱ། །བརྒྱ་བྱིན་བདག་ནི་སྦྱིན་ལས་ལྡོག་པར་མི་བྱེད་ཅིང༌། །འདི་ལྟར་གྱུར་ཀྱང་ཅི་འབྱོར་པ་ནི་སྦྱིན་པར་བྱ། །དེ་སྐད་ཅེས་སྨྲས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་ཡིད་རབ་ཏུ་དགའ་བར་གྱུར་ནས། ལེགས་སོ་ལེགས་སོ་ཞེས་བྱ་བས་མགུ་བར་བྱས་ཏེ་རབ་ཏུ་གུས་ཤིང་བྱམས་པའི་ལྟ་བས་བལྟས་ནས་སྨྲས་པ། སྐྱེ་བོ་རྣམས་ནི་གྲགས་དང་འགལ་བར་འགྱུར་བའི་ལས། །མི་བཟད་ངན་པ་རྣམས་ཀྱིས་འབྱོར་པ་ཐོབ་པར་འདོད། །བདག་གི་བདེ་ལ་ཆགས་པའི་ཉེས་དམིགས་མང་མཐོང་ནས། །ཤིན་ཏུ་གཡེང་བའི་སེམས་ཀྱིས་ཆགས་པ་རབ་ཏུ་འཇུག །ཁྱོད་ཀྱིས་ནོར་ནི་ཟད་པར་འགྱུར་བའང་མ་བསམས་ཤིག །བདག་གི་བདེ་ཉམས་ང་ཡིས་བསླུས་པའང་མ་བསམས་པར། །གཞན་གྱི་ནོར་བསྒྲུབ་པ་ལ་སེམས་ནི་བརྟན་གྱུར་པས། །བདག་ཉིད་ཕུན་སུམ་ཚོགས་པར་རབ་ཏུ་ཆེ་བར་བསྟན། །ཨེ་མ་འོ་རླབས་ཆེན་ཁྱད་པར་འཕགས་པ་གསལ་བ་ཡིས། །སྙིང་གི་སེར་སྣའི་མུན་པ་རབ་ཏུ་བསལ་བར་གྱུར། །ནོར་ནི་མེད་པར་གྱུར་ཀྱང་དེ་ལ་ཆགས་པ་ཡིས། །རབ་ཏུ་སྦྱིན་ལས་ཞུམ་པའི་སྐྱོན་དུ་ཡོངས་མ་གྱུར། །གཞན་སྡུག་པ་ཡིས་སྡུག་ལ་ངོ་མཚར་མི་ཆེ་སྟེ། །སྙིང་རྗེའི་དབང་གིས་ཁྱོད་ནི་འཇིག་རྟེན་ཕན་པར་འདོད། །གངས་ཀྱི་རི་བོ་རླུང་གིས་བསྐྱོད་པར་མ་ནུས་བཞིན། །རབ་ཏུ་སྦྱིན་ལས་བདག་གིས་བསྐྱོད་པར་མི་ནུས་སོ། །གྲགས་པ་ཀུན་ཏུ་བསྒྲགས་ཕྱིར་ཡོངས་སུ་བརྟགས་པ་འདིས། །ཁྱོད་ཀྱི་ནོར་འདི་རྣམས་ནི་བདག་གིས་སྦས་པར་གྱུར། །དེ་ལྟར་མ་བྱས་ན་ནི་ནོར་བུ་བཟང་པོ་ཡང༌། །ནོར་བུ་དེ་ནི་གྲགས་དང་རིན་ཆེན་མི་རྟོགས་སོ། །དེ་བས་སློང་མི་རྣམས་ལ་སྦྱིན་པའི་ཆར་ཕོབ་ལ། །སྤྲིན་ཆེན་གྱིས་ནི་མཚོ་རྣམས་གང་བ་བཞིན་དུ་བྱོས། །ངས་ནི་རྗེས་སུ་བཟུང་བས་ནོར་རྣམས་ཟད་མི་འགྱུར། །བདག་གིས་གཙེས་པ་འདི་ཡང་ཁྱོད་ཀྱིས་བཟོད་པར་བྱོས། །ཞེས་བྱ་བས་དེ་མགུ་བར་བྱས་ནས། བརྒྱ་བྱིན་གྱིས་དེའི་ནོར་གྱི་རྣམ་པ་


DTG168_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སླར་བྱིན་ཏེ། བཟོད་པར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་བདོག་པ་ཟད་དུ་དོགས་པའམ། འབྱོར་པ་ལ་ཆགས་པའི་ཕྱིར་སྦྱིན་པ་དང་འགལ་བར་མི་བྱེད་དོ། །ཚོང་དཔོན་ཟིལ་གྱིས་མི་གནོན་པའི་སྐྱེས་པའི་རབས་ཏེ་ལྔ་པའོ།། །།སེམས་དཔའ་ཆེན་པོ་རྣམས་ནི་དུད་འགྲོར་གྱུར་ཀྱང་སྦྱིན་པ་ཅི་ནུས་བྱེད་པ་ཡོད་ན། མིར་གྱུར་པ་རྣམས་ལྟ་སུ་ཞིག་སྦྱིན་པ་མི་བྱེད། དེ་ཡང་འདི་སྐད་ཐོས་ཏེ། དགོན་པའི་གནས་ལྡུམ་བུ་དང༌། རྩྭ་དང་ཤིང་ལྗོན་པ་ཡིད་དུ་འོང་བ་ཡོད་པ། མེ་ཏོག་དང་འབྲས་བུར་ལྡན་པ་དང༌། ཆུ་གཙང་མ་བཻ་ཌཱུཪྻ་མཐིང་ག་དང་འདྲ་བ། འབབ་པའི་མཚོས་མཐའ་བསྐོར་བ། ས་གཞི་ནེའུ་གསིང་སྔོན་པོ་འཇམ་པ་དང་ལྡན་པ། སྐྱེ་བོ་དཀའ་ཐུབ་ཅན་དག་གནས་པ་ཅིག་ན། བྱང་ཆུབ་སེམས་དཔའ་རི་བོང་ཞིག་ཏུ་གྱུར་ཏེ་གནས་སོ་ཞེས་གྲགས་སོ། །དེ་ནི་ལུས་བཟང་སྙིང་སྟོབས་ཆེ་བ་དང༌། །སྟོབས་ཀྱང་ཆེ་ཞིང་གཟི་མདངས་ཆེ་བས་ན། །གཅན་གཟན་ངན་པས་གླགས་ལྟ་བག་མི་ཚ། །རི་དྭགས་རྒྱལ་པོའི་ཚུལ་གྱིས་དེ་ན་གནས། །བདག་གིས་པགས་པ་ཨ་ཛིན་གྱོན། །བདག་གི་སྤུ་ཡིས་ཤུན་ཕྲགས་བྱས། །རྩྭ་ཡི་མྱུ་གུས་སེམས་མགུ་ཞིང༌། །ཐུབ་པ་བཞིན་དུ་དེ་ན་མཛེས། །དེ་ཡི་ལུས་དང་ངག་ཡིད་ལ། །བྱམས་པས་ཡོངས་སུ་བསྐོར་བ་ཡི། །རི་དྭགས་སློབ་མ་བདེར་གནས་ཤིང༌། །བདག་ཉིད་ངན་པ་སྤངས་པར་གྱུར། །དེའི་ཡོན་ཏན་ཁྱད་པར་ཅན་གྱིས་བྱམས་པ་དང་གུས་པ་བསྐྱེད་པས་སེམས་རབ་ཏུ་ཆགས་པའི་གྲོགས་གསུམ་ཡོད་པ་ནི། སྲམ་དང༌། ཅེ་སྤྱང་དང༌། སྤྲེའུ་རྣམས་སོ། །དེ་དག་ཀྱང་ཕན་ཚུན་གཉེན་འདུན་འབྲེལ་བ་བཞིན་དུ་གཅིག་ལ་གཅིག་བྱམས་ཤིང་ཆགས་པར་གྱུར། གཅིག་ལ་གཅིག་སྤོབས་ཤིང་བཀུར་སྟི་བྱེད་པས་རབ་ཏུ་མཛའ་བར་གྱུར་པའི་གྲོགས་པོ་བཞིན་དུ་དགའ་ཞིང་དེ་ན་གནས་ཏེ། དུད་འགྲོའི་རང་བཞིན་ལ་ནི་དེ་མི་ཕྱོགས། །སྲོག་ཆགས་རྣམས་ལ་སྙིང་རྗེ་ཆེ་བ་དང༌། །བརྐམ་པ་མེད་པ་དང༌། རྐུ་བ་མི་དྲན་པ་དང༌། ཆོས་དང་མཐུན་པའི་འཚོ་བ་ལ་གནས་པ་དང༌། རྣམ་པར་ཤེས་པ་


DTG168_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བས་དུལ་བ་དང༌། སྡོམ་པ་སྤྱོད་པ་བརྟན་པའི་ཕྱིར། ལྷ་རྣམས་ཀྱང་ཡ་མཚན་དུ་གྱུར་ཏོ། །བདེ་དང་མཐུན་ཞིང་ཡོན་ཏན་མི་མཐུན་ཚུལ། །ཡོན་ཏན་མཐུན་ཞིང་བདེ་དང་མི་མཐུན་ཚུལ། །མི་ཡང་ཡོན་ཏན་ཕྱོགས་ལ་བརྟེན་ན་ནི། །རྣམ་པར་མཛེས་པ་དུད་འགྲོ་སྨོས་ཅི་དགོས། །རི་བོང་གཟུགས་ཅན་མཁས་ཏེ་དེ་རྣམས་ཀྱི། །གཞན་ལ་སྙིང་རྗེ་ཆེ་བའི་བླ་མར་གྱུར། །ཡོན་ཏན་རྗེས་འགྲོ་རང་བཞིན་ཕུན་སུམ་ཚོགས། །དེ་རྣམས་གྲགས་པ་ལྷ་ཡུལ་དུ་ཡང་གྲགས། །དེ་ནས་རེ་ཞིག་ཅིག་བདག་ཉིད་ཆེན་པོ་དེས་ཕྱི་དྲོའི་དུས་སུ་གྲོགས་དེ་རྣམས་ཆོས་ཉན་པའི་ཕྱིར་ལྷགས་ཏེ། རབ་ཏུ་གུས་པས་བཀུར་སྟི་བྱས་པ་དང༌། ཟླ་བ་ཡར་གྱི་ངོའི་ཚེས་བཅུ་བཞི་ལ་དཀྱིལ་འཁོར་ཡོངས་རྫོགས་སུ་ཉེ་བ་ཉི་མ་དང་ཐག་རིང་བ་རྣམ་པར་དཀར་ཞིང་མཛེས་པ། དངུལ་གྱི་མེ་ལོང་ལུང་མེད་པ་འདྲ་བ་ངོས་ཅིག་ཅུང་ཟད་སྔོ་བ་ཤར་བ་ལ་བལྟས་ནས་གྲོགས་རྣམས་ལ་སྨྲས་པ། དཀྱིལ་འཁོར་ཅུང་ཟད་མ་རྫོགས་པ། །བཟང་པོ་འདི་ལ་དགོངས་པ་བཞིན། །དགེ་བ་རྣམས་ལ་གསོ་སྦྱོང་གིས། །སྤྲོ་བ་ཟླ་བ་འདི་སྟོན་ཏོ། །དེ་བས་ན་ངེས་པར་སང་ནི་ཚེས་བཅོ་ལྔ་སྟེ། ཁྱེད་རྣམས་ཀྱང་གསོ་སྦྱོང་དང་སྡོམ་པ་ལ་བརྩོན་ཞིང༌། རིགས་པར་རྙེད་པའི་ཁ་ཟས་ཀྱི་དུས་སུ་ལྷགས་པའི་གློ་བུར་པ་བྱུང་ན་མགྲོན་གྱིས་ལ་སྲོག་གཟུང་བར་བྱ་བར་རིགས་སོ། །ཁྱེད་རྣམས་ལྟོས་ཤིག །འདུ་བ་གང་ཡོད་མཐའ་ནི་བྲལ་བར་འགྱུར། །དར་བ་ཡོད་ན་དེ་ཡང་རྒུད་པའི་མཐའ། །ཚེ་ཡང་གློག་བཞིན་འགྱུར་ཞིང་མི་བརྟན་ནོ། །དེ་ཕྱིར་བག་ཡོད་པ་ལ་བརྟན་པར་གྱིས། །དེ་བས་སྦྱིན་པ་ཚུལ་ཁྲིམས་བརྒྱན་པ་ཡི། །བསོད་ནམས་དག་ནི་ཁྱེད་ཅག་སྤེལ་བར་གྱིས། །ཀྱེ་ཧོ་ངན་འགྲོའི་ནང་ན་འཁོད་པའི་ཚེ། །འཇིག་རྟེན་རྣམས་ལ་བསོད་ནམས་རྟེན་གྱི་མཆོག །སྐར་མ་རྣམས་ཀྱི་དཔལ་ནི་ཟིལ་མནན་ནས། །གཟི་མདངས་ཡོན་ཏན་གྱིས་ནི་ཟླ་བ་མཛེས། །འོད་ཟེར་ཅན་རྣམས་ཉི་མས་ཟིལ་མནན་ནས། །མཛེས་པར་གང་འགྱུར་དེ་ནི་བསོད་ནམས་མཐུ། །ས་ཡི་དབང་གྱུར་རྣམས་ཀྱི་བསོད་ནམས་མཐུས། །རྒྱལ་པོ་རྣམས་དང་བློན་པོ་དྲེགས་


DTG168_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །དྲེགས་པ་ཀུན་སྤངས་རྟ་མཆོག་ཚུལ་དག་གིས། །དགའ་བ་བཞིན་དུ་བཀའ་ལུང་ཉན་པར་བྱེད། །སོ་ཆིས་བྱ་བའི་དོན་ལ་འབད་གྱུར་ཀྱང། །བསོད་ནམས་མི་ལྡན་དཔལ་མིན་རྗེས་སུ་འབྲང༌། །བསོད་ནམས་ཆེ་བས་དེ་ནི་བསྐྲད་པ་བཞིན།། དེ་དང་མི་མཐུན་དྲུང་དུ་ཁྲོས་བཞིན་འགྲོ། །སྡུག་བསྔལ་གཞིར་གྱུར་གཏམ་ངན་རྗེས་འབྲང་བས། །སྡིག་པའི་ལས་ལམ་དེ་ལས་སླར་ལོག་ལ། །དེ་ལས་བསོད་ནམས་སྤྱད་པ་དཔལ་ལྡན་པ། །བདེ་བ་རབ་བྱུང་བསྒྲུབ་ལ་བློ་བྱོས་ཤིག །དེ་དག་གིས་དེ་བཞིན་བགྱིའོ་ཟེར་ནས་རྗེས་སུ་བསྟན་པ་མཉན་ཏེ་ཕྱག་འཚལ་བསྐོར་བ་བྱས་ནས། རང་རང་གི་གནས་སུ་སོང་ངོ༌། །གྲོགས་དེ་དག་སོང་ནས། རིང་པོ་མ་ལོན་པར་བདག་ཉིད་ཆེན་པོ་དེས་བསམས་པ། མགྲོན་ཅིག་བྱུང་ན་དེ་དག་གིས། །ཅིར་ཡང་རུང་བས་མགྲོན་བྱར་ཡོད། །བདག་གིས་ཅི་ཡང་སྦྱིན་དུ་མེད། །བདག་གིས་སོ་རྩེས་བཅད་པ་ཡི། །རྩྭ་ཡི་མྱུ་གུ་ཁ་བོ་ནི། །མགྲོན་ལ་སྦྱིན་དུ་ཡང་མི་རུང༌། །མི་ནུས་པ་ནི་ཡོང་ཡེ་སྨད། །དེ་བས་ཅི་ཡང་མི་ནུས་པ། །བདག་ནི་གསོན་ཡང་ཅི་ལ་ཕན། །བདག་ནི་མགྲོན་ཅིག་བྱུང་གྱུར་ན། །དགའ་ཞིང་མྱ་ངན་སྐྱེ་བར་འགྱུར་སྙམ་མོ། །ད་མགྲོན་བྱར་རུང་བ་སྙིང་པོ་མེད་པའི་ལུས་འདི་གར་བོར་ན། འགའ་ཞིག་ལ་ཕན་ཐོགས་པར་འགྱུར་སྙམ་དུ་བསམས་པ་དང༌། བདག་ཉིད་ཆེན་པོ་དེས་དྲན་པ་རྙེད་པ། ཨེ་མའོ། དབང་བདག་ལ་ཡོད་ཅིང་རྙེད་སླ་བ་བདག་གི་ལུས་པོ་འདི་ཉིད་མགྲོན་རྣམས་ལ་སྦྱིན་དུ་རུང་བའི་ནོར་ཁ་ན་མ་ཐོ་བ་མེད་པ་བདག་ལ་ཡོད་བཞིན་དུ་ཅིའི་ཕྱིར་མྱ་ངན་བྱེད། བདག་གིས་མགྲོན་བྱར་རུང་བ་འདི་རྙེད་ཀྱིས། །སྙིང་ཁྱོད་ད་ནི་མི་དགའ་མ་བྱེད་ཅིག །བདག་གིས་ད་ནི་མགྲོན་རྣམས་སྤོབས་པ་ལ། །རྫོགས་པར་ཡོད་པའི་ལུས་འདིས་བཀུར་སྟི་བྱའོ་སྙམ་དུ་ངེས་པར་བསམས་ནས། སེམས་དཔའ་ཆེན་པོ་དེ་རྙེད་པའི་མཆོག་རྙེད་པ་བཞིན་དུ་དགའ་བར་གྱུར་ཅིང་དེ་ན་འདུག་གོ །དེ་ཡི་སྙིང་ལ་རྣམ་རྟོག་པ། །ཁྱད་པར་ཅན་ནི་སྐྱེས་གྱུར་པས། །མཐུ་དང་རབ་ཏུ་དང་བ་དག །ལྷ་རྣམས་ལ་ནི་བསྟན་པར་གྱུར། །དེ་ནས་


DTG168_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་རི་དང་བཅས་པ་གཡོས་པ་ནི། །རྒྱ་མཚོ་འཁྲུག་པའི་གོས་གྱོན་དགའ་བ་བཞིན། །མཁའ་ལས་ལྷ་ཡི་རྔ་སྒྲ་རྒྱས་པར་གྲག །ཕྱོགས་ཀྱང་རབ་ཏུ་དང་བའི་གོས་གྱོན་གསལ། །སྤྲིན་ཀྱང་གློག་དང་ལྡན་པ་འབྲུག་གི་སྒྲ། །རྒྱུན་ཆགས་དལ་བུས་སྒྲོགས་ཤིང་དགོད་པ་བཞིན། །ཕན་ཚུན་བདས་པས་རྡུལ་རྣམས་ལྷགས་པ་ཡི། །མེ་ཏོག་རྒྱུན་ཆགས་རྣམས་ཀྱིས་དེ་ལ་འཐོར། །སེར་བུ་དལ་བུར་ལྡང་བའི་རླུང་གིས་ཀྱང༌། །ལྗོན་ཤིང་སྣ་ཚོགས་མེ་ཏོག་དྲི་ཞིམ་རྡུལ། །རབ་ཏུ་འཁྲིགས་པ་སྲབ་མོའི་གོས་བཀྲམ་བཞིན། །རབ་ཏུ་དགའ་བས་དེ་ལ་མཆོད་བྱེད་འདྲ། །དེའི་རྣམ་པར་རྟོག་པ་རྨད་དུ་བྱུང་བ་དེ་ལ་རབ་ཏུ་དགའ་ཞིང་ཡིད་ལ་ངོ་མཚར་སྐྱེས་པའི་ལྷ་རྣམས་ཀྱིས་ཀུན་ཏུ་བསྒྲགས་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཐོས་ནས། ཡིད་ལ་ཡ་མཚན་དང་ངོ་མཚར་ཆེ་བར་གྱུར་ནས། དེའི་བསམ་པ་ཉམས་བསྐྱེད་པའི་ཕྱིར། ཕྱིར་ཉིན་ཉི་མ་ཕྱེད་ཀྱི་དུས་ན་ཉི་ཟེར་གྱི་འོད་ཀྱིས་ནི་རབ་ཏུ་གསལ་བར་གྱུར། ཕྱོགས་ཐམས་ཅད་ཀྱི་སྨིག་རྒྱུ་འཁྲིགས་པའི་གོས་ནི་གྱོན། ཉི་མ་ཚ་བའི་འོད་ཀྱིས་ནི་མགོ་གཡོགས། མིག་གིས་བལྟར་ཡང་མི་བཟོད་པར་གྱུར་པའི་ཚེ་ན། ནགས་ཚལ་ཆེན་པོ་རྣམས་ཀྱི་གྲིབ་མ་ཉི་ཟེར་གྱིས་བསྒྲིབས་པ་ལྟ་བུར་གྱུར། ཚ་བའི་སྦྲང་བུ་རྣམས་ཀྱི་སྒྲ་ནི་ཆེར་གྲག །བྱ་རྣམས་ལྡིང་ཞིང་རྒྱུ་བའི་རྒྱུན་ནི་ཆད། མགྲོན་པོ་རྣམས་ནི་ཚ་བས་གདུང་ཞིང་ངལ་བར་གྱུར་པས་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་བསྒྱུར་ནས་ལམ་ནོར་བ་འདྲ་བར་བྱས་ནས། བཀྲེས་པ་དང་སྐོམ་པ་དང་ངལ་བས་གདུངས་ཤིང་མགྲིན་པ་འགག་པ་བཞིན་དུ་དེ་དང་ཉེ་ས་ཅིག་ཏུ་སྒྲ་ཕྱུང་སྟེ་དུས་ཤིང་བོས་པ། གྲོགས་དང་བྲལ་བ་གཅིག་པུར་གྱུར། །ནགས་ཚལ་སྟུག་པོའི་ནང་དུ་འཁྱམས། །བཀྲེས་ཤིང་ངལ་བས་བདག་ལུས་དུབ། །དགེ་སེམས་ཀྱིས་ནི་བསྐྱབ་པར་རིགས། །བདག་ནི་ལམ་དང་ལམ་མིན་མི་ཤེས་པས། །གཅིག་པུ་ཕྱོགས་སླར་གར་འགྲོ་གཏོལ་ཡང་མེད། །དགོན་པ་འདི་ན་ཚ་ཞིང་སྐོམ་པས་གདུངས། །མ་འཇིགས་སྒྲ་ཡིས་སུ་ཞིག་བདག་ཚིམ་བྱེད། །དེ་ནས་སྐྱེས་བུ་ཆེན་པོ་དེས་


DTG168_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་རྗེ་སྐད་ཟེར་བའི་སྒྲ་དེ་ཐོས་ནས་སྙིང་འདར་བར་གྱུར་ཏེ་རིངས་རིངས་ལྟར་མགྱོགས་སུ་སོང་སྟེ། ཕྱོགས་དེར་ཕྱིན་པ་དང༌། མགྲོན་པོ་ལམ་ནོར་ཏེ་ཉམ་ཐག་པ་དེ་མཐོང་ནས་ཉེ་བར་ལྷགས་ཏེ། གུས་པ་དང་བཅས་པས་དབུགས་ཕྱུང་ཞིང་སྨྲས་པ། བདག་ནི་དགོན་པར་འཁྱམས་སྙམ་དུ། །ཁྱོད་ཀྱི་བསམས་པ་དེ་ཐོང་ཤིག །བདག་གི་སློབ་མ་འཁོད་བཞིན་དུ། །བདག་ཅག་གང་ཕྱིར་ཉེ་བར་འཁོད། །དེ་བས་དེ་རིང་བདག་ཅག་གིས། །བཀུར་སྟི་བྱ་བ་ཡོངས་བཟུང་ཞིང༌། །ཞི་བ་ཡོངས་སུ་བཟུང་ནས་སུ། །སོང་ནི་ཇི་ལྟར་འདོད་པར་སོང༌། །དེ་ནས་ཅང་མི་ཟེར་བས་མགྲོན་དུ་བོས་པ་ཁས་བླངས་པ། སྲམ་གྱིས་རིག་ནས། དགའ་བས་རྟབ་རྟབ་པོར་གྱུར་ཞིང་མགྱོགས་པར་སོང་སྟེ། ཉ་མོ་བདུན་ཁྱེར་ཏེ་འོངས་ནས་སྨྲས་པ། ཉ་པ་རྣམས་ཀྱིས་བརྗེད་ནས་བོར་བའམ། སྡངས་ཏེ་བརྒལ་ནས་ཐང་ལ་འདྲེས་པ་དག །མི་དགའ་གཉིད་ཀྱིས་ལོག་པའི་ཉ་བདུན་པོ། །བདག་གིས་རྙེད་པ་འདི་དག་ཟོ་ལ་འདུག །དེ་ནས་ཅེ་སྦྱང་ཡང་ཅི་སྙེད་པའི་ཟས་དག་ཁྱེར་ཏེ་འོངས་ནས་ཕྱག་བྱས་ཏེ་གུས་པར་སྨྲས་པ། སྐྱིན་གོར་གཅིག་དང་ཞོ་ནི་རྗེའུ་གང་ཞིག །ལ་ལ་ཅིག་གིས་བོར་བ་རྙེད་པ་འདི། །བདག་ལ་ཕན་པའི་ཕྱིར་ནི་དེར་བསྣམས་ལ། །ཡོན་ཏན་གནས་ཁྱོད་ནགས་ཚལ་འདིར་བཞུགས་ཤིག །ཅེས་སྨྲས་ནས་ཡིད་དགའ་བཞིན་དུ་དེ་ལ་བྱིན་ནོ། །དེ་ནས་སྦྲེའུས་ཤིང་ཐོག་ཨ་མྲའི་འབྲས་བུ་རབ་ཏུ་སྨིན་པ་འཇམ་པོ་ལྡོང་རོས་ཀྱི་ཕྱེ་མས་ཁ་བསྒྱུར་བ་འདྲ་བ་སེར་བ་རྩ་བ་དམར་བའི་སྙེ་མ་དག་ཁྱེར་ཏེ་འོངས་ནས་ཐལ་མོ་སྦྱར་ཏེ་དེ་ལ་སྨྲས་པ། ཨ་མྲ་སྨིན་དང་ཡིད་དུ་འོང་བའི་ཆུ། །གྲིབ་མ་བསིལ་བ་དམ་པ་རྣམས་དང་འགྲོགས། །བདག་ལ་མཆིས་ཀྱི་ཚངས་པ་རིག་པའི་མཆོག །འདི་དག་བསྣམས་ནས་ཁྱེད་ནི་འདིར་བཞུགས་ཤིག །དེ་ནས་རི་བོང་གིས་ཞེས་དང་བཅས་པས་དེའི་དྲུང་དུ་འོངས་ཏེ་གུས་པར་ལྟ་ཞིང༌། བདག་གི་ལུས་ཀྱིས་མགྲོན་དུ་བྱེད་པ་ནི། །ནགས་ཀྱི་རི་བོང་ལ་ནི་ཅི་ཡང་མེད། །མུངྒ་དང་ནི་ཏིལ་དང་འབྲས་ཀྱང་མེད། །བདག་གི་ལུས་ནི་མེ་ལ་བསྲེག་པ་འདི། །


DTG168_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ལ་དེ་རིང་དཀའ་ཐུབ་ནགས་ན་བཞུགས། །གང་གི་དོན་གྲུབ་ནོར་ནི་ཅི་ཡོད་པ། །ཕོངས་པ་འོང་ན་ད་ནི་དེ་ལ་འབུལ། །བདག་ལ་ལུས་ལས་ལྷག་པའི་ནོར་ཡང་མེད། །དེ་བས་བདག་གི་ནོར་ཕྱིར་འདི་ཁྱེར་ཅིག །བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་ལྟ་བུས་གཞན་དག་གི །སྲོག་ཀྱང་གཅོད་པར་མི་བྱེད་ན། །དེ་ལྟར་རབ་ཏུ་བྱམས་བསྟན་པ། །ཁྱེད་ལྟ་བུ་ལ་སྨོས་ཅི་དགོས། །རི་བོང་གིས་སྨྲས་པ། བྲམ་ཟེ་ཆོས་ལ་འདི་ལྟ་བུའི་སྙིང་རྗེ་ཉེ་བར་གནས་པ་ནི་རིགས་ཀྱི། དེ་བས་ན་བདག་ལ་ཕན་པའི་ཐབས་འགའ་ཞིག་གུད་ནས་བཙལ་ཏེ་འོང་གི་དེའི་བར་དུ་བདག་ལ་ཕན་པའི་སླད་དུ་རེ་ཞིག་འདི་ན་བཞུགས་ཤིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས། མེའི་ཕུང་པོ་གསེར་བཙོ་མའི་མདོག་འདྲ་བ་ཅུང་ཟད་འབར་བ་མེ་སྟག་རྣམ་པར་འཕྲོ་བ་དུ་བ་མེད་པ་ཞིག་མངོན་པར་སྤྲུལ་ལོ། །དེ་ནས་རི་བོང་གིས་ཕྱོགས་ཀུན་ཏུ་བལྟས་པ་དང་མེའི་ཕུང་པོ་དེ་མཐོང་ངོ༌། །མཐོང་ནས་ཀྱང་ཡིད་དགའ་ནས། བརྒྱ་བྱིན་ལ་སྨྲས་པ། བདག་ལ་ཕན་པའི་ཐབས་འདི་བདག་གིས་རྙེད་དེ། དེ་བས་ན་བདག་གིས་ལུས་ལོངས་སྤྱོད་དུ་བྱས་པས་ཕན་གདགས་པའི་བསམ་པས་འབྲས་བུ་དང་བཅས་པ་བདག་ལ་མཛད་པར་རིགས་སོ། །བྲམ་ཟེ་ཆེན་པོ་གཟིགས་སུ་གསོལ། །སྦྱིན་པར་བྱ་དང་སྦྱིན་འདོད་གཞོལ་སེམས་དང༌། །ཁྱོད་ལྟ་བུ་ཡི་མགྲོན་དང་ལྡན་གྱུར་པ། །འདི་ལྟ་བུ་ནི་རྙེད་པ་རབ་ཏུ་དཀའ། །དེ་ལ་བརྟེན་ནས་བདག་ནི་དོན་ཡོད་འགྱུར། །ཅེས་མགྲོན་ལ་དགའ་བའི་ཕྱིར་གུས་ཤིང་རིམ་གྲོ་བསྐྱེད་དེ། དེ་ལ་འདི་སྐད་སྨྲས་སོ། །དེ་ནས་དེ་ནི་མེ་འབར་དེ་ནང་དུ། །ནོར་འདོད་པ་དག་གཏེར་ནི་མཐོང་བ་བཞིན། །རབ་ཏུ་དགའ་བས་མེ་ཡི་ནང་དུ་ཞུགས། །པདྨ་རྒྱས་པའི་ཆུ་ནང་དང་པ་བཞིན། །ལྷ་རྣམས་ཀྱི་བདག་པོས་དེ་མཐོང་ནས། ཡིད་ལ་ངོ་མཚར་སྐྱེས་ཏེ། བདག་ཉིད་ཀྱི་ལུས་སུ་གནས་ནས། ལྷའི་མེ་ཏོག་ཆར་བཞིན་དུ་འབབ་པ་དང་བཅས་པའི་ཚིག་རྣར་སྙན་ཅིང་ཡིད་དུ་འོང་བས་མངོན་པར་བསྟོད་དེ། བདག་ཉིད་ཀྱི་ལག་པ་པདྨའི་འདབ་མ་འདྲ་


DTG168_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བ། དཔལ་ཕུན་སུམ་ཚོགས་པ། སོར་གདུབ་ཀྱི་རྒྱན་བཟང་པོས་བརྒྱན་པ་གཉིས་ཀྱིས་དེ་བླངས་ནས། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ན་གནས་པའི་ལྷ་ཁྱེད་རྣམས་ལྟོས་ཤིག །སྐྱེས་བུ་ཆེན་པོའི་ལུས་རབ་ཏུ་ཡ་མཚན་ཆེ་བ་འདི་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །མགྲོན་ལ་བྱམས་པས་དེ་རིང་མ་ཆགས་པར། ཨེ་མའོ། འདི་ཡིས་ཅི་ལྟར་ལུས་བཏང་བ། །སེམས་ཅན་མི་བརྟན་རྣམས་ཀྱིས་དམན་མ་ཡང༌། །དེ་ལྟར་ཐེ་ཚོམ་མེད་པར་གཏོང་མི་ནུས། །འདི་ལྟའི་རིགས་དང་དེ་དག་འགལ་བ་ཡི། །གཏོང་བ་རྒྱ་ཆེན་སེམས་ཀྱང་གསལ་བ་འདི། །ལྷ་མི་བསོད་ནམས་མི་བྱེད་པ་རྣམས་ལ། །དཔེ་བསྟན་བཞིན་དུ་འདི་ནི་རྣམ་པར་གསལ། །ཨེ་མའོ་ཡོན་ཏན་གོམས་བྱས་པ། །འདི་ཡི་བློ་ལ་བསྒོས་པ་དང༌། །ཨེ་མའོ་དམ་པའི་སྤྱོད་གཞོལ་བ། །སྤྱོད་པ་རྒྱ་ཆེན་འདི་ཡིས་བསྟན།། དེ་ནས་བརྒྱ་བྱིན་གྱིས་དེའི་ལས་ཁྱད་པར་ཅན་བརྟན་པའི་ཕྱིར། འཇིག་རྟེན་ལ་ཕན་པར་བསམས་ནས། ཁང་བཟངས་མཆོག་རྣམ་པར་རྒྱལ་བ་དང༌། ལྷའི་འདུན་ས་ཆོས་བཟང་གི་ཁང་པ་བརྩེགས་པ་དང༌། ཟླ་བའི་དཀྱིལ་འཁོར་ལ་རི་བོང་གི་གཟུགས་བརྙན་གྱིས་བརྒྱན་ཏེ་བཞག་གོ །ཟླ་བའི་དཀྱིལ་འཁོར་བཟང་པོ་ལ། །དིང་སོང་དུ་ཡང་རི་བོང་གཟུགས། །མེ་ལོང་དཀྱིལ་ན་གཟུགས་བརྙན་བཞིན། །རབ་ཏུ་མངོན་པར་མཛེས་པར་སྣང༌། །དེ་དག་ཕྱིན་ཆད་འཇིག་རྟེན་པས། །ཀུ་མུ་ཏ་ཡི་ཁ་འབྱེད་པ། །མཚན་མོའི་མཚན་མ་ཟླ་བ་ལ། །རི་བོང་མཚན་མ་ཅན་ཞེས་གྲགས། །དེ་བས་ན་དེ་ལྟར་སེམས་དཔའ་ཆེན་པོ་དུད་འགྲོར་གྱུར་པ་རྣམས་ཀྱང་ཅི་ནུས་པར་སྦྱིན་པ་བྱེད་པ་མཐོང་ན་མིར་གྱུར་པ་སུ་ཞིག་སྦྱིན་པ་མི་བྱེད། དེ་བཞིན་དུ་དུད་འགྲོར་གྱུར་པ་རྣམས་ཡོན་ཏན་ལ་དགའ་ན། དམ་པ་རྣམས་ཀྱིས་མཆོད་པར་གྱུར་པའི་ཕྱིར། ཡོན་ཏན་ལ་གུས་པར་བྱའོ། །ཞེས་ཀྱང་བཤད་པར་བྱའོ། །རི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པའོ།། །།དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་རྣམས་ལ་ཡང་གཏོང་བ་དང་དཔའ་བ་གཉིས་རྒྱན་དུ་གྱུར་ན། ཁྱིམ་ན་གནས་


DTG168_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་སྨོས་ཅི་དགོས། དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། འཇིག་རྟེན་ལ་ཕན་པའི་ཕྱིར་འཁོར་བ་ན་གནས་པའི་ཚེ། སྤྱོད་པ་དང་ཡོན་ཏན་རྣམ་པར་དག་པས་མངོན་པར་མཚོན་པ། སའི་སྟེང་ན་རྒྱན་དུ་གྱུར་པ། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནམ་མཁའ་ལ་ཤར་བ་བཞིན་དུ་བྲམ་ཟེའི་རིགས་ཅིག་ཏུ་སྐྱེས་པར་གྱུར་ཏོ། །ཞེས་གྲགས་སོ། །དེ་བཞིན་དུ་ཐོས་པ་དང༌། དྲན་པ་ལས་བྱུང་བའི་ཆོ་ག་བཞིན་དུ་སྐྱེས་པའི་ལས་ལ་སོགས་པའི་བྱ་བ་རྣམས་ནི་བྱས། རིག་བྱེད་ཡན་ལག་དང་བཅས་པ་ནི་བསླབ། མཁས་པའི་གྲགས་པས་ནི་མིའི་འཇིག་རྟེན་མ་ལུས་པར་ཁྱབ་པར་བྱས། སྦྱིན་པ་པོ་ཡོན་ཏན་ལ་དགའ་བ་རྣམས་ཀྱིས་གསོལ་བ་བཏབ་སྟེ། ཕུལ་བ་རྣམས་བླངས་པས་འབྱོར་པའི་ཕྱིར། ནོར་རབ་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །གཉེན་དང་མཛའ་བཤེས་བརྟན་དང་ཕོངས་རྣམས་དང༌། །མགྲོན་དང་བླ་མར་བཀུར་སྟི་བྱ་བ་རྣམས། །འབྱོར་པ་དེས་ནི་རབ་ཏུ་ཚིམ་བྱས་ནས། །ཡུལ་དུ་སྤྲིན་གྱི་ཆར་ཆེན་བབ་པ་བཞིན། །མཁས་པའི་ཕྱིར་ནི་དེ་ཡི་གྲགས་པ་དེ། །གཏོང་བ་དང་ནི་དཔའ་བས་ལྷག་གྱུར་པས།། སྟོན་ཀའི་ཟླ་བ་རྣམ་པར་དག་པ་དང༌། །ཡོངས་སུ་རྫོགས་པས་ལྷག་པར་གསལ་བ་བཞིན། །དེ་ནས་བདག་ཉིད་ཆེན་པོ་དེ་ཁྱིམ་ན་གནས་པ་བྱ་བ་ངན་པས་བྲེལ་བའི་ཉེས་པས་གླགས་པ། བག་མེད་པའི་གནས་སུ་གྱུར་པ། ནོར་སྒྲུབ་ཅིང་བསྲུང་བའི་ཞར་གྱིས་རྣམ་པར་དཀྲུགས་པ། ཉེ་བར་ཞི་བ་དང་འགལ་བ། སྡུག་བསྔལ་མང་པོའི་མདའི་འབེན་དུ་གྱུར་པ། སོ་ཚིས་ཀྱི་ལས་བསྒྲུབ་པ་མཐའ་ཡས་པས་དུབ་པར་གྱུར་པ། ཆོག་མི་ཤེས་པས་བདེ་བ་མྱོང་བ་ཆུང་བར་རིག་ནས། རབ་ཏུ་བྱུང་བ་ནི་དེའི་ཉེས་པ་མེད་ཅིང་བདེ་བ་ལ་ཆོས་བསྒྲུབ་པ་དང་རྗེས་སུ་མཐུན་པ། ཐར་པའི་ཆོས་བརྩམས་པའི་གནས་སུ་གྱུར་པར་མཐོང་བས་ཉོན་མ་མོངས་པར་རྙེད་པའི་ནོར་ཕུན་སུམ་ཚོགས་པ་འཇིག་རྟེན་གྱིས་བཀུར་སྟི་བྱས་པ། ཡིད་དུ་འོང་བ་དེ་དག་ཀྱང་རྩྭ་བཞིན་སྤངས་ནས། རབ་ཏུ་བྱུང་བ་དཀའ་ཐུབ་ཅན་གྱི་ཆོས་འདུལ་བ་དང༌། སྡོམ་པ་


DTG168_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རབ་ཏུ་འབད་པར་གྱུར་ཏོ། །སེམས་དཔའ་ཆེན་པོ་དེ་རབ་ཏུ་བྱུང་བར་གྱུར་ཀྱང༌། གྲགས་པ་ཆེ་བ་དང༌། སྔོན་ཤེས་པ་རྗེས་སུ་དྲན་པ་དང༌། སྲིད་པའི་ཡོན་ཏན་དང་རབ་ཏུ་ཞི་བས་མཚོན་པའི་ཕྱིར་ལེགས་པར་འདོད་པའི་སྐྱེ་བོ་རྣམས་དེའི་ཡོན་ཏན་མང་པོས་ཡིད་མགུ་བས་དེའི་ཕྱི་བཞིན་དུ་འདུ་ཞིང་འོང་བར་གྱུར་ཏོ། །དེའི་སྐྱེ་བོ་ཁྱིམ་པའི་འདུ་འཛིས་རབ་ཏུ་དབེན་པའི་བདེ་བ་མེད་པར་བྱེད་པ། འཁྲུག་པ་དང་གཡེང་བ་དང་བར་ཆད་དུ་གྱུར་པ་དེ་ལ་མི་དགའ་ནས་སེམས་རབ་ཏུ་དབེན་པ་ལ་དགའ་བའི་ཕྱིར། ཀུ་རུ་ཞེས་བྱ་བའི་གླིང་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་ནང་ན་འདུག་པ། རྒྱ་མཚོའི་རླབས་རླུང་གིས་བསྐྱོད་པ། ཨན་ད་རྙིལ་གྱི་བཅག་འཕྲོ་ལྟར་སྔོ་བ་འཐོར་བས་མཐའ་མ་བསྐོར་བ། ས་གཞི་བྱེ་མ་སྐྱ་བོས་ཁེབས་པ། ཤིང་ལྗོན་པ་རྣམ་པ་སྣ་ཚོགས་པ་མེ་ཏོག་དང༌། འབྲས་བུ་དང་འདབ་མས་བརྒྱན་པ་རྣམས་ཀྱིས་མཛེས་པར་བྱས་པ། ཆུ་གཙང་མ་བཏུང་དུ་རུང་བ་ཡོད་པ་ཅིག་ཏུ་གནས་ནས། དཀའ་ཐུབ་ལ་གནས་ཤིང་དཔལ་དང་ལྡན་པར་བྱས་སོ། །ལུས་བཟང་དེ་ནི་དཀའ་ཐུབ་ཀྱིས། །རིད་པར་གྱུར་ཅིང་དེ་ན་མཛེས། །མཁའ་ལ་ཟླ་བ་ཚེས་པ་བཞིན། །གཟི་མདངས་ཆེ་བའང་མཁའ་ལ་སྣང༌། །སྤྱོད་དང་དབང་པོ་རབ་ཏུ་ཞི་ཞིང་དུལ། །བརྟུལ་ཞུགས་སྡོམ་ལ་ངེས་བྱས་ནགས་ཚལ་གནས། །བློ་ཡི་མཐུ་ཆུང་རྣམས་ཀྱིས་ཐུབ་པ་ཞེས། །བྱ་དང་རི་དྭགས་རྣམས་ཀྱང་དེ་ལ་འཁོར། །དེ་ནས་བདག་ཉིད་ཆེན་པོ་དེ་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་ཀྱང་སྦྱིན་པ་ལ་རབ་ཏུ་གོམས་པས་གློ་བུར་པ་རྣམས་དུས་སུ་འོང་ན་རྩ་བ་དང་འབྲས་བུ་ཇི་སྙེད་པ་དང༌། ཆུ་གཙང་མ་དང་འདིར་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཤིས་པ་བརྗོད་པ། ཡིད་དུ་འོང་བ་སྐྱེ་བོ་དཀའ་ཐུབ་ཅན་རྣམས་ཀྱིས་མཆོད་པར་བྱེད་དོ། །གློ་བུར་དུ་ལྷགས་པ་རྣམས་ལ་མགྲོན་བྱས་པའི་ལྷག་མ་རྣམས་ནགས་ཚལ་ནས་བྱུང་བ་འཚོ་བའི་ཕྱིར་ཟ་ཞིང་གནས་སོ། །དེའི་དཀའ་ཐུབ་མཆོག་ཏུ་གྱུར་པའི་གྲགས་པ་འཕྲོས་པས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སེམས་མགུ་བར་གྱུར་ནས། སེམས་དཔའ་ཆེན་པོ་དེ་ཉམས་


DTG168_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ནམ་མི་བརྟན་ཉམས་བསྐྱེད་པའི་ཕྱིར། དགོན་པའི་གནས་དེ་ན་རྩ་བ་དང༌། འབྲས་བུ་དཀའ་ཐུབ་ཅན་རྣམས་ཀྱིས་བཟར་རུང་བ་ཐམས་ཅད་མཐར་གྱིས་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ཡང་ཡིད་བསམ་གཏན་ལ་ཞུགས་པ་དང༌། ཆོག་ཤེས་པ་ལ་གོམས་པ་དང༌། ཁ་ཟས་ལ་ཞེན་པ་མེད་པ་དང༌། ལུས་ལ་མ་ཆགས་པའི་ཕྱིར་དེ་དག་མི་སྣང་བར་གྱུར་པའི་རྒྱུ་ཡིད་ལ་མི་བྱེད་དོ། །དེས་ཤིང་གི་ལོ་མ་གཞོན་ནུ་རྣམས་བཙོས་ཏེ་དེས་ཁ་ཟས་ཀྱི་དགོས་པ་བྱས་ནས་ཞེན་པ་མེད་ཅིང་ཟས་ཁྱད་པར་ཅན་མི་ཚོལ་བར་བློ་བདེ་བར་བྱས་ཏེ་དེར་གནས་སོ། །ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །རྩྭ་དང་ལོ་མཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །དེ་དེ་ལྟར་གནས་པས་ལྷའི་དབང་པོ་བརྒྱ་བྱིན་ཉིད་ཡིད་ལ་ངོ་མཚར་ཆེ་བར་གྱུར་ནས། །ཡོན་ཏན་རབ་ཏུ་བརྟན་པ་དེ་དག་བརྟག་པའི་ཕྱིར་ནགས་ཚལ་དགོན་པ་དེ་ན་ཤིང་ལྗོན་པ་དང་ལྡུམ་བུ་ཐམས་ཅད་དཔྱིད་ཀྱི་རླུང་གིས་བཏབ་པ་བཞིན་དུ་ལོ་མ་ཐམས་ཅད་མེད་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་ལོ་མ་ལྷགས་ཤིང་རྙིངས་པ་ཅུང་ཟད་ཡོད་པ་རྣམས་བཏུས་ཏེ་ཆུའི་ནང་དུ་བཙོས་པ་དེ་དག་ཟ་ཞིང་མི་དགའ་བ་མེད་པར་དེར་བསམ་གཏན་གྱི་བདེ་བས་ཡིད་ཚིམ་པར་བྱས་ཏེ། བདུད་རྩིའི་དམ་པ་བཞིན་དུ་གནས་སོ། །མང་དུ་ཐོས་པ་སྙེམས་པ་མེད། །འབྱོར་པ་རྣམས་ནི་སེར་སྣ་མེད། །ནགས་ཚལ་གནས་རྣམས་ཆོག་ཤེས་པས། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །དེ་ནས་དེའི་ཆོག་ཤེས་བརྟན་པ་ངོ་མཚར་དུ་གྱུར་པ་དེས། བརྒྱ་བྱིན་ངོ་མཚར་ཆེར་གྱུར་ནས་བོས་པ་བཞིན་དུ། སེམས་དཔའ་ཆེན་པོ་དེ་དྲོ་ལ་བབས་པའི་ཚེ། མེ་ལ་སྦྱིན་སྲེག་བྱ་བ་ནི་ཟིན། བཟླས་བརྗོད་ནི་རྫོགས་ནས། སྐྱེ་བོ་གློ་བུར་དུ་འོངས་པ་ལྟ་བའི་ཕྱིར་ཕྱོགས་སུ་བལྟས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་བསྒྱུར་ནས་གློ་བུར་དུ་འོངས་པ་འདྲ་བར་མདུན་དུ་འོངས་སོ། །བྱང་ཆུབ་སེམས་དཔའ་ཡིད་རབ་ཏུ་དགའ་ནས། དེའི་དྲུང་དུ་འོངས་ནས། འདིར་འོངས་པ་ལེགས་སོ། །ཞེས་བྱ་བ་ལ་སོགས་པའི་


DTG168_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྙན་པར་བརྗོད་ནས། ཟས་ཀྱི་དུས་ལ་བབས་པ་བསྟན་ནས་མགྲོན་དུ་བོས་སོ། །དེས་ཀྱང་མི་སྨྲ་བས་ཁས་བླངས་པ་བདག་ཉིད་ཆེན་པོ་དེས་ཤེས་ནས། སྦྱིན་པ་འདོད་པས་མིག་བགྲད་བཞིན་ནི་འཛུམ་པས་མཛེས། །ཡིད་འོང་རྣར་སྙན་ཚིག་གིས་དགའ་བར་བྱས་ནས་ནི། །དཀའ་བས་རྙེད་དེ་བཙོས་པ་དེ་དག་ཐམས་ཅད་ཀྱང༌། །དེ་ལ་བྱིན་ནས་བདག་ཉིད་དགའ་བས་ཚིམ་པར་གྱུར། །དེ་དེ་བཞིན་དུ་བསམ་གཏན་གྱི་གནས་སུ་ཞུགས་ནས་དགའ་ཞིང་མགུ་བ་ཉིད་ཀྱིས་ཉིན་མཆན་གནས་སོ། །དེ་ནས་བརྒྱ་བྱིན་དེ་ཕྱི་དེ་གཉིས་དང༌། ཉི་མ་གསུམ་ལ་ཡང་དེ་བཞིན་དུ་བརྟུལ་ཞུགས་ཀྱིས་དེའི་མདུན་དུ་འོངས་སོ། །དེའང་རབ་ཏུ་དགའ་ནས་དེ་བཞིན་དུ་དེ་ལ་མཆོད་པ་བྱས་སོ། །སྦྱིན་པར་འདོད་པའི་དགེ་བ་རྣམས། །སྙིང་རྗེ་གོམས་པ་ལས་སྐྱེས་པས། །སྡུག་བསྔལ་སྲོག་ལ་བབས་ན་ཡང༌། །དམན་ཞིང་ཞུམ་པར་ཡོངས་མི་འགྱུར། །དེ་ནས་བརྒྱ་བྱིན་སེམས་ལ་ངོ་མཚར་ཆེ་བར་གྱུར་ནས། འདི་ནི་དཀའ་ཐུབ་ཆེ་བས་སུམ་ཅུ་རྩ་གསུམ་པའི་བདག་པོའི་དཔལ་ཐོབ་པར་བྱ་བ་ཡང་འདོད་པ་ཙམ་གྱིས་འགྲུབ་པར་རིག་ནས་དོགས་པ་དང་འཇིགས་པ་སྐྱེས་ནས། བདག་གི་ལུས་ལྷའི་ཆ་ལུགས་ངོ་མཚར་ཆེ་བར་བཟང་པོ་དང་ལྡན་པ་མངོན་པར་བསྟན་ནས། དེ་ལ་དཀའ་ཐུབ་ཀྱི་དགོས་པ་དྲིས་སོ། །གཉེན་དང་མཛའ་བཤེས་མཆིམས་འཇུ་བ་དང༌། །བདེ་བའི་རྒྱུར་གྱུར་ཡོངས་སུ་བཟུང་བོར་ནས། །བསམ་པའི་ལྕགས་ཀྱུ་གང་དུ་དམིགས་ནས་ནི། །དཀའ་ཐུབ་སྡུག་བསྔལ་འདི་ལ་གནས་པར་གྱུར། །བདེ་བ་འབྱོར་པའི་ལོངས་སྤྱོད་ཡོངས་བོར་ཞིང༌། །གཉེན་བཤེས་རྣམས་ཀྱང་མྱ་ངན་བསློངས་ནས་སུ། །རྒྱུ་རྐྱེན་ཆུང་དུ་དག་གིས་བརྟེན་པ་རྣམས། །བདེ་དང་འགལ་བའི་དཀའ་ཐུབ་ནགས་མི་འགྲོ། །གང་གི་ཡོན་ཏན་ཐོས་ནས་ཁྱོད་ལྟ་བུའི། །བློ་ཡང་དེ་ལྟར་དབང་དུ་བྱས་པ་དེ། །བདག་ལ་གལ་ཏེ་སྨྲ་བར་བྱ་རུང་ན། །དེ་བས་བདག་གི་རྟོག་པ་བསལ་བར་རིགས། །བྱང་ཆུབ་སེམས་དཔས་སྨྲས་པ། གང་གི་ཕྱིར་བདག་ལྟར་འབད་པ་གྲོགས་པོ་ཁྱོད་ཉོན་ཅིག །ཡང་དང་ཡང་དུ་


DTG168_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་སྡུག་བསྔལ་དང༌། །རྒས་དང་རྒུད་དང་ན་བའི་སྡུག་བསྔལ་དང༌། །འཆི་བར་གྱུར་སྙམ་སེམས་པའི་འཇིག་རྟེན་རྣམས། །བསྐྱབ་པའི་ཕྱིར་ན་བདག་ནི་དེ་ལྟར་གནས། །དེ་ནས་བརྒྱ་བྱིན་གྱིས་བསམས་པ། འདི་ནི་བདག་གི་དཔལ་འདོད་པ་མ་ཡིན་ནོ་སྙམ་ནས་དབུགས་ཕྱིན་ཏེ། ལེགས་པར་སྨྲས་པ་དེས་དགའ་བར་གྱུར་ཏེ། དེའི་ཚིག་དེ་རིགས་སོ། །ཞེས་བྱ་བས་དགའ་བ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ལ་མཆོག་སྦྱིན་པར་བྱས་སོ། །འདིར་ཁྱོད་ཀྱིས་དཀའ་ཐུབ་ཅན་དང་མཐུན་པའི་ཚིག་ལེགས་པར་སྨྲས་པའི་ཕྱིར་འོངས་བས། ཁྱོད་ལ་མཆོག་སྦྱིན་གྱི་གང་འདོད་པ་དེ་སློངས་ཤིག །དེ་ནས་བྱང་ཆུབ་སེམས་དཔས་སྲིད་པའི་བདེ་བ་ལ་མ་ཆགས་པ་དང༌། སློང་བ་ཉིད་སྡུག་བསྔལ་དུ་རིག་ཅིང་ཆོག་ཤེས་པ་ལ་གོམས་པས། བརྒྱ་བྱིན་ལ་སྨྲས་པ། རྗེས་སུ་ཕན་པར་བྱེད་པའི་མཆོག །གལ་ཏེ་བདག་ལ་སྦྱིན་འདོད་ན། །ལྷ་ཡི་མཆོག་ལ་དམ་པ་འདི། །བདག་གིས་ད་ནི་བསློང་བར་བྱའོ། །ཆུང་མ་ཡིད་དུ་འོང་དང་བུ་དང་དབང་བྱེད་དང༌། །མངོན་པར་འདོད་པའི་ནོར་རྣམས་རྒྱ་ཆེན་ཐོབ་གྱུར་ཀྱང༌། །གང་གིས་ཡིད་གདུངས་རྣམས་ཀྱང་ཆོག་མི་ཤེས་པ་ཡི། །བརྐམ་པའི་རླུང་དེ་བདག་གི་སྙིང་ལ་མེད་པར་བྱོས། །དེ་ནས་དེའི་ཆོག་ཤེས་པ་ལ་གཞོལ་བ་ལ་ལེགས་པར་སྨྲས་པས་བསལ་བར་བྱས་པ་དེས། བརྒྱ་བྱིན་ཡིད་རབ་ཏུ་དང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བས་བསྟོད་དེ། ཡང་མཆོག་སྦྱིན་པས་འདུན་བར་བྱས་སོ། །འདིར་ཡང་སྐྱེ་བོ་དཀའ་ཐུབ་པ་དང་མཐུན་པའི་ཚིག་ཁྱོད་ཀྱིས་ལེགས་པར་སྨྲས་པ་ལ་དགའ་བས། སྐྱེས་ལན་དང་འདྲ་བར་མཆོག་གཞན་ལ་ཡང་སྦྱིན་པར་བྱའོ། །ད་ནས་བྱང་ཆུབ་སེམས་དཔས་མཆོག་སློང་བ་ལ་སྙད་བཏགས་ཏེ། ཉོན་མོངས་པ་དང་བྲལ་བ་ཐོབ་དཀའ་བ་ཉིད་དེ་ལ་བསྟན་པའི་ཕྱིར་ཡང་དེ་ལ་ཆོས་བཤད་དོ། །ཡོན་ཏན་མཆོག་ནི་བརྒྱ་བྱིན་ཁྱོད། །ང་ལ་གལ་ཏེ་མཆོག་སྦྱིན་ན། །ལྷ་ཡི་དབང་པོ་དམ་པའི་མཆོག །དེ་བས་གཞན་ཡང་འདི་བསླང་ངོ༌། །སེམས་ཅན་གང་གིས་ཟིལ་ནོན་དགྲ་བོ་བཞིན། །ནོར་


DTG168_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉམས་ཤིང་མདོག་བཟང་གྲགས་པ་དང༌། །བདེ་བ་ལས་ཀྱང་ཉམས་པར་གྱུར་པ་ཡི། །ཞེ་སྡང་མེད་དེ་བདག་ལ་རིང་དུ་བྱོས། །ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས། ངོ་མཚར་དུ་གྱུར་ཏེ། ལེགས་སོ་ཞེས་བྱ་བས་དེ་ལ་གུས་པས་བསྟོད་དེ། ཡང་སྨྲས་པ། རབ་ཏུ་བྱུང་ལ་གྲགས་པ་དེ། །རྗེས་སུ་ཆགས་བཞིན་བསྟན་པར་འོས། །དེ་བས་ལེགས་པར་སྨྲས་པ་ཡི། །མཆོག་དེ་བདག་ལ་བཞེས་སུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར། མཆོག་འདོད་པ་ལ་སྙད་བཏགས་ནས་སེམས་ཅན་ཉོན་མོངས་པ་ཅན་དང་འགྲོགས་པ་སྨད་པའི་ཕྱིར་འདི་སྐད་སྨྲས་སོ། །བྱིས་པ་རྣམས་ནི་ནམ་ཡང་མི་ཐོས་ཤིང༌། །མཐོང་བར་མི་འགྱུར་ནམས་ཀྱང་མི་སྨྲ་ཞིང༌། །དེ་དང་འགྲོགས་པར་སྐྱོ་བའི་སྡུག་བསྔལ་ཡང༌། །མི་མྱོང་མཆོག་ནི་བདག་གིས་ཁྱོད་ལ་སློང༌། །བརྒྱ་བྱིན་གྱིས་སྨྲས་པ། ཕོངས་པར་གྱུར་ལ་ཁྱད་པར་དུ། །དམ་པས་ཕན་བཏགས་མ་ཡིན་ན། །ཕོངས་པའི་གནས་སུ་གྱུར་པའི་ཕྱིར། །བྱིས་པ་ཐ་མ་ཡིན་པར་འདོད། །བྱིས་པ་འདི་དག་ཁྱད་པར་དུ། །སྙིང་རྗེའི་གནས་སུ་གྱུར་པ་ནི། །ཅི་ཕྱིར་སྙིང་རྗེ་ཅན་ཡིན་ཡང༌། །མཐོང་བ་ཙམ་དུ་ཁྱོད་མི་འདོད། །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་ཁྱོད་མི་ནུས་མོད་འདི་ལ་ལྟོས་ཤིག །ཇི་ལྟར་བྱས་ཀྱང་བྱིས་པ་ལ། །ཕན་གདགས་པར་ནི་མི་ནུས་ཏེ། །བདག་ཅག་ལྟ་བུ་ཇི་ལྟར་ན། །དེ་ལ་ཕན་པར་བརྩོན་མི་བྱེད། །དེ་ལྟ་བས་ན་འདི་དག་ཕན་གདགས་པར་བྱ་བའི་སྣོད་མ་ཡིན་པར་ཟུང་ཤིག །འདི་དག་ཚུལ་མིན་པ་ཡང་ཚུལ་བཞིན་བྱེད། །གཞན་ཡང་འདི་ལ་རབ་ཏུ་སྦྱོར་བར་འདོད། །འདུལ་དང་དྲང་པོའི་རིམ་དང་མི་མཐུན་པར། །ཕན་པར་བསྟན་ཀྱང་རབ་ཏུ་འཁྲུག་པར་འགྱུར། །མཁས་པའི་ང་རྒྱལ་གཏི་མུག་མེས་བསྲེགས་ཤིང༌། །ཕན་པར་སྨྲ་ལའང་ཁྲོ་བས་རྩུབ་འགྱུར་བ། །འདུལ་དང་བརྩོན་འགྲུས་ཆུང་བས་གཟུ་ལུམས་ཅན། །དེ་ལ་ཇི་ལྟར་ཕན་བཏགས་རུང་བ་སྨོས། །ལྷའི་གཙོ་བོ་དེ་ལྟ་བས་ན། སྙིང་རྗེ་ཆེན་པོར་གྱུར་པ་ཡང༌། །བྱིས་པ་རྗེས་སུ་མི་རུང་བ། །མཐོང་


DTG168_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་དུའང་མི་འདོད་དོ། །བརྒྱ་བྱིན་གྱིས་དེ་ཐོས་ནས། ལེགས་སོ་ལེགས་སོ་ཞེས་དེ་ལ་བསྟོད་དེ་ལེགས་པར་སྨྲས་པས་སེམས་རབ་ཏུ་དད་པར་གྱུར་ནས། ཡང་སྨྲས་པ། ལེགས་པར་སྨྲས་པ་རིན་ཆེན་ལ། །རིན་ནི་ཅི་ཡང་ཡོད་མ་ཡིན། །དགའ་བས་མེ་ཏོག་སྙིམ་བཀང་ནས། །འདིར་ཡང་ཁྱོད་ལ་མཆོག་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེས་བུ་དམ་པ་གནས་སྐབས་ཐམས་ཅད་དུ་བདེ་བ་བསྟན་པའི་ཕྱིར། བརྒྱ་བྱིན་ལ་སྨྲས་པ། བརྟན་པ་མཐོང་ཞིང་བརྟན་པ་ཐོས་པ་དང༌། དེ་དག་ཉིད་དང་བརྒྱ་བྱིན་བདག་འགྲོགས་གྱུར། །དེ་དང་སྨྲ་ཞིང་སྤོབས་པའི་བདེ་ལྡན་གྱུར། །ལྷ་ཡི་དམ་པ་མཆོག་དེ་བདག་ལ་སྩོལ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ནི་བརྟན་པ་ལ་རབ་ཏུ་དགའ་ན། དེ་སྨྲོས་ཤིག །བརྟན་པས་ཁྱོད་ལ་ཅི་ཞིག་བྱས། །འོད་སྲུངས་དེ་ཡི་རྒྱུ་སྨྲོས་ཤིག །བརྟན་པ་མཐོང་བར་འདོད་པ་ཡི། །གང་ཕྱིར་མི་བརྟན་བཞིན་དུ་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེས་བུ་དམ་པའི་ཡོན་ཏན་བསྟན་པའི་ཕྱིར་སྨྲས་པ། བདག་གང་གི་ཕྱིར་བརྟན་པ་འབའ་ཞིག་མཐོང་བར་འདོད་པ་དེ་གྲོགས་པོ་ཁྱོད་ཉོན་ཅིག །ཡོན་ཏན་ལམ་དུ་བདག་ཉིད་འགྲོ་བར་བྱེད། །གཞན་ཡང་ལམ་དེ་ཉིད་དུ་འཛུད་པར་བྱེད། །རྩུབ་མོའི་ཚིག་ཀྱང་མི་བཟོད་བསྐྱེད་མི་འགྱུར། །དེ་ཡི་ཚིག་ནི་ཕན་པར་ལྡན་པ་ཡིན། །གཡོ་སྒྱུ་མེད་པའི་འདུལ་བས་རྟག་ཏུ་བརྒྱན། །དེ་ལྟར་ཕན་པ་དག་ཀྱང་བསྟན་པར་ནུས། །དེ་ལྟར་བདག་བློ་ཡོན་ཏན་དགའ་བ་ལ། །ཡོན་ཏན་དགའ་ཕྱིར་རབ་ཏུ་གཞོལ་བར་གྱུར། །དེ་ནས་དེ་ལ་བརྒྱ་བྱིན་གྱིས། ལེགས་སོ་འདི་ནི་ལེགས་སོ་ཞེས་བསྟོད་དོ། །སེམས་རབ་ཏུ་དང་བར་གྱུར་ནས། ཡང་མཆོག་སྦྱིན་པར་བྱས་སོ། །ཆོག་ཤེས་པ་ལ་གོམས་གྱུར་པས། །ཁྱོད་ཀྱིས་ཀུན་ཏུ་བཟློག་གྱུར་ཀྱང༌། །བདག་ལ་པན་བཏགས་བློ་ཡིས་སུ། །མཆོག་ནི་བླང་བར་བྱ་བའི་རིགས། །གུས་དང་ཕན་པའི་བསམ་པ་དང༌། །མཐུ་ཡང་ཅི་ཡོད་ཐམས་ཅད་ཀྱིས། །མཆོག་ནི་སྦྱིན་པར་བྱས་པ་ལ། །མ་བླངས་པ་ནི་སྡུག་བསྔལ་ཆེ། །དེ་ནས་བྱང་ཆུབ་སེམས་དཔས་དེ་རབ་ཏུ་ཕན་འདོགས་པར་


DTG168_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རྟོགས་ནས་དེ་དག་ལ་དགའ་བ་དང་ཕན་པར་འདོད་པས་སྦྱིན་པ་ལ་རབ་ཏུ་དགའ་བ་དེ་ལ་བརྟན་པའི་ཕྱིར་སྨྲས་པ། ཁྱོད་ཀྱི་ཁ་ཟས་ཟད་པའི་ཉེས་པ་སྤངས། །ཡིད་ཀྱང་སྦྱིན་ལ་དགའ་དང་མཐུན་གྱུར་ཞིང༌། །སློང་མི་རྣམས་ནི་ཚུལ་ཁྲིམས་རྣམ་དག་བརྒྱན། །འདི་དག་བདག་ལ་ཡོད་གྱུར་མཆོག་སློང་ངོ༌། །བརྒྱ་བྱིན་གྱིས་སྨྲས་པ། འདིར་ཡང་ཁྱོད་ནི་ལེགས་པར་སྨྲས་པ་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་ཏོ། །གཞན་ཡང་ཁྱོད་ཀྱིས་གང་བླངས་པ། །དེ་དག་ཐམས་ཅད་དེ་བཞིན་དུ་འགྱུར་རོ། །ལེགས་པར་སྨྲས་པ་འདི་ལ་ཡང། །ཁྱོད་ལ་མཆོག་ནི་སྦྱིན་པར་བྱ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་ཁྱོད། །བདག་ལ་ཕན་འདོགས་རྒྱུར་གྱུར་མཆོག་སྦྱིན་ན། །གསལ་བར་བདག་དྲུང་སླན་ཆད་མི་འབྱོན་པའི། །མཆོག་འདི་ལྷ་མིན་འཇོམས་པ་ཁྱོད་ལ་བསློང༌། །དེ་ནས་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས། །མི་བཟོད་པ་བཞིན་དུ་དེ་ལ་སྨྲས་པ། ཁྱོད་རེ་ཞིག་ལྟོས་ཤིག་དང༌། བཟླས་བརྗོད་བརྟུལ་ཞུགས་མཆོག་སྦྱིན་དཀའ་ཐུབ་སྤྱད་པ་ཡིས། །སྐྱེ་བོ་འདི་དག་ཁོ་བོའི་རྗེས་སུ་མཐུན་འདོད་ན། །ཁོ་བོ་མཆོག་སྦྱིན་འདོད་ཕྱིར་འདི་ལྟར་འོངས་པ་ལ། ཁྱོད་ནི་དེ་ལྟར་མཐོང་བར་མི་འདོད་ཅི་ཡི་ཕྱིར། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ལ་བདག་གིས་ཁྱོད་མཉེས་པར་བགྱི་ཡིས། ལྷའི་དབང་པོ་ཁྱོད་མ་བཀྱོན་ཅིག །འདི་མི་སྲུན་པའི་ཚུལ་ཀྱང་མ་ལགས། མ་གུས་པར་བགྱིད་པ་ཡང་མ་ལགས། ཁྱོད་དང་འཕྲད་པར་མི་འཚལ་བ་ཡང་མ་ལགས་ན། ལྷ་ཡི་གཟུགས་མཆོག་རྨད་དུ་བྱུང་བ་མཐོང་བ་དང༌། །གཟི་བརྗིད་གསལ་ཞིང་མདངས་དང་ལྡན་པ་མཐོང་གྱུར་ན། །ཁྱོད་ནི་རབ་ཏུ་དང་ཞིང་ཞི་བར་གྱུར་པ་ཡང༌། །བདག་གི་དཀའ་ཐུབ་ཉམས་པར་འགྱུར་དུ་དོགས་ལགས་མོད། །དེ་ནས་བརྒྱ་བྱིན་གྱིས་དེ་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ནམ་ལངས་པ་དང༌། ལྷའི་བཟའ་བ་དང་བཏུང་བ་བརྒྱ་བྱིན་གྱིས་སྦྱར་བ་རྣམས་དང༌། རང་སངས་རྒྱས་བརྒྱ་ཕྲག་དུ་མ་བརྒྱ་བྱིན་གྱིས་སྤྱན་དྲངས་པ་རྣམས་དང༌། ལྷའི་བུ་གཞོན་ནུ་བཤོས་འདྲེན་


DTG168_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆས་ཤིང་བསྡོགས་པ་དུ་མ་ཙམ་ལྷགས་པ། བྱང་ཆུབ་སེམས་དཔས་མཐོང་བར་གྱུར་ཏོ། །བཟའ་བ་དང་ནི་བཏུང་བ་སྦྱར་བ་དེ་དག་གིས། །དྲང་སྲོང་ཆེན་པོ་དེ་དག་མཆོད་པར་བྱས་པ་དང༌། །ཐུབ་པ་དེ་ནི་དགའ་བ་ཆེན་པོ་ཐོབ་པར་གྱུར། །སྐྱེ་བོ་དཀའ་ཐུབ་ཅན་དང་མཐུན་པའི་ཚུལ་དག་དང༌། །བསམ་གཏན་ཚད་མེད་སྡོམ་དང་ཞི་བའི་གནས། །དེ་བས་ན་དེ་ལྟར་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་རྣམས་ལ་ཡང་གཏོང་ཕོད་པ་དང་དཔའ་བས་རྒྱན་དུ་གྱུར་ན། ཁྱིམ་ན་གནས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་མི་རྣམས་ཀྱི་གཏོང་ཕོད་པས་བདག་བརྒྱན་པར་བྱའོ། །ཞེས་སྦྱིན་བདག་གཟེངས་བསྟོད་པའི་ཕྱིར་དེ་ལྟར་བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལ་ཡང་ལེགས་པར་གསུངས་པ་ཁྱད་པར་ཅན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ཡིན་ན། མངོན་པར་རྫོགས་པར་སངས་རྒྱས་པ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་བཞིན་གཤེགས་པའི་ཆེ་བ་ཉིད་བསྟན་པ་ལ་ཡང་སྦྱར་བར་བྱའོ། །ཨ་གསྟྱའི་སྐྱེས་པའི་རབས་ཏེ་བདུན་པའོ།། །།བམ་པོ་གསུམ་པ། སྙིང་རྗེ་ཆེན་པོ་གཞན་གྱི་སྡུག་བསྔལ་གྱིས་གདུང་བ་རྣམས་ནི་བདག་གི་བདེ་བ་ལ་མི་ལྟ་སྟེ། དེ་ཡང་འདི་སྐད་ཐོས་སོ། །བྱང་ཆུབ་སེམས་དཔའ་དག་གི་ཆེ་བ་ཉིད་ཀྱིས་སྙིང་རྗེ་དང་ལྡན་ཞིང༌། འགྲོ་བ་ཡོངས་སུ་བསྐྱབ་པའི་ལྷག་པའི་བསམ་པ་ཅན། སྦྱིན་པ་དང་དུལ་བ་དང་སྡོམ་པ་དང༌། ངེས་པ་ལ་སོགས་པ་འཇིག་རྟེན་ལ་ཕན་འདོགས་པ་དང༌། མཐུན་པའི་ཡོན་ཏན་ཁྱད་པར་ཅན་མངོན་པར་འཕེལ་བ། སེམས་ཅན་ཐམས་ཅད་ལ་བྱམས་པའི་ཡིད་དུ་གྱུར་པ། བྱམས་པའི་སྟོབས་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ། །ཞེས་གྲགས་སོ། །སྐྱེ་དགུ་རྣམས་ནི་བདེ་དང་སྡུག་བསྔལ་གང༌། །རྒྱལ་པོ་དེ་ཡང་དེ་དག་དེ་བཞིན་གྱུར། །དེ་བས་དེ་ནི་སྐྱེ་དགུ་བསྲུང་ལ་མཁས། །མཚོན་ཆ་དང་ནི་གཙུག་ལག་རྣམས་ལ་གོམས། །མི་ཡི་བདག་པོའི་བཀའ་ཁྲིམས་སྤྱི་བོས་མནོས། །དེ་ཡི་མཚོན་ཆ་རྒྱན་དང་འདྲ་བར་གྱུར། །འཇིག་རྟེན་ཕན་བྱུང་བསྟན་བཅོས་ཚུལ་རྣམས་ཀྱི། །གཙུག་ལག་དག་ཀྱང་རྣམ་པར་གསལ་བར་སྣང༌། །ཚར་གཅད་པ་དང་ཕན་གདགས་བྱས་


DTG168_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཆོས་དང་འགལ་བ་དེ་ནི་ཡོངས་མི་བྱེད། །ཚུལ་ལ་མཁས་ཤིང་ཕན་པར་སེམས་པའི་ཕྱིར། །སྐྱེ་དགུ་རྣམས་ལ་རྟོག་མཁས་ཕ་དང་འདྲ། །དེ་དེ་ལྟར་ཆོས་ཀྱིས་སྐྱེ་དགུ་རྣམས་སྐྱོང་བ་ན། བདེན་བ་དང་གཏོང་བ་དང༌། ཤེས་རབ་ལ་སོགས་པ་གཞན་ལ་ཕན་པ་ཡོངས་སུ་བསྔོས་པའི་ཕྱིར་ཁྱད་པར་ཅན་གྱུར་པ་ལ་རླབས་ཆེ་བའི་རིམ་པས་བྱང་ཆུབ་ཀྱི་ཚོགས་བསགས་ཤིང་མངོན་པར་དར་བ་ལས། རེ་ཞིག་ཅིག་ཉེས་པ་འགའ་ཞིག་བྱུང་བའི་ཕྱིར་གནོད་སྦྱིན་གཞན་གསོད་པ་ལ་མཁས་པ་མདངས་འཕྲོག་པ་ལ་དགའ་བ་ལྔ་སྡེ་ཅིག །གནོད་སྦྱིན་གྱི་བདག་པོས་རང་གི་ཡུལ་ནས་སྤྱུགས་པ་ཡུལ་དེར་ལྷགས་སོ། །དེའི་ཡུལ་ན་གནོད་པ་ཐམས་ཅད་མེད་པ་དང་རྟག་ཏུ་དགའ་བ་སྣ་ཚོགས་ཡོད་པ་དང༌། ཕུན་སུམ་ཚོགས་པ་མཆོག་དང་ལྡན་པས་རྟག་ཏུ་མི་རྣམས་རབ་ཏུ་དགའ་མགུ་ཞིང་དར་བ་མཐོང་ནས། དེ་དག་ཡུལ་དེ་ན་གནས་པའི་མི་རྣམས་ཀྱི་མདངས་འཕྲོག་འདོད་པར་གྱུར་ཏོ། །དེ་དག་རབ་ཏུ་བསྒྲིམས་ནས་ནི། །རང་གི་ལས་ལ་འཇུག་བྱས་ཀྱང༌། །དེ་ན་གནས་པ་རྣམས་ཀྱི་མདངས། །འཕྲོག་པར་བྱ་བར་མི་ནུས་སོ། །རྒྱལ་པོ་དེའི་མཐུ་ཁྱད་པར་ཆེ་བས་ན། །བདག་གི་ཡིན་པའི་བློ་ནི་གར་བཞག་པ། །དེ་ཉིད་དེ་ཡི་སྲུང་མ་མཆོག་ཡིན་པས། །དེ་དག་གིས་ནི་མདངས་འཕྲོག་ནུས་མ་གྱུར། །དེ་ལྟར་རབ་ཏུ་འབད་ཀྱང་ཡུལ་དེ་ན་གནས་པའི་མི་གང་གི་མདངས་འཕྲོག་པར་མ་ནུས་པ་དེའི་ཚེ། དེ་དག་གཅིག་ལ་གཅིག་བལྟས་ནས། གྲོགས་པོ་དག་འདི་ཅི་ཞིག་ཡིན་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཅག་མཐུ་ལ་གནོད་པར་ནུས་པ་ཡི། །རིག་སྔགས་དཀའ་ཐུབ་དངོས་གྲུབ་ཁྱད་པར་ཡང༌། །དེ་དག་ལ་ནི་ཡོད་པ་མ་ཡིན་ན། །འོན་ཀྱང་དེ་རིང་བདག་ཅག་ཐམས་ཅད་ཀྱི། །མིང་ནི་དོན་དང་མཐུན་པར་མ་གྱུར་ཏོ། །དེ་ནས་གནོད་སྦྱིན་དག་བྲམ་ཟེའི་གཟུགས་སུ་བསྒྱུར་ཏེ་སོང་སོང་བ་དང༌། གྲིབ་ཤིང་སྔོན་པོ་ཅིག་གི་དྲུང་ན་ནགས་ན་རྒྱུ་བའི་བ་གླང་གི་རྫིའུ་ཅིག་ལྷམ་དང་བཅས་པར་འདུག་ཅིང༌། ནགས་ཚལ་གྱི་ཤིང་གི་མེ་ཏོག་ལོ་མ་དང་བཅས་པའི་ཕྲེང་བ་ནི་ཐོགས། དབྱུག་པ་དང་དགྲ་སྟ་ནི་གཡས་རོལ་དུ་བཞག །གཅིག་


DTG168_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པུས་སྲད་བུ་ནི་འཁལ། སྤྱུགས་གླུ་ནི་ལེན་ཅིང་འདུག་པ་མཐོང་ནས། དེའི་དྲུང་དུ་ལྷགས་ཏེ་སྨྲས་པ། ཀྱེ་བ་གླང་རྫིའུ་འདི་ལྟ་བུའི་དགོན་པ་དབེན་པ་འགྲོ་བ་མེད་པ་ན་གཅིག་པུར་ཇི་ལྟར་མི་འཇིགས། དེས་དེ་དག་ལ་བལྟས་ནས་སུ་ལ་འཇིགས་ཞེས་སྨྲས་སོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། སྲིན་པོ་རྣམས་དང་འདྲེ་རྣམས་རང་བཞིན་གྱིས་གཏུམ་ཞིང་མ་རུངས་པ་ཡིན་པར་ཁྱོད་ཀྱིས་སྔོན་མ་ཐོས་སམ། རིག་སྔགས་དཀའ་ཐུབ་བདེ་ལེགས་ལྡན་པ་དག །གྲོགས་ཀྱིས་བསྐོར་བའི་ནང་ན་འདུག་གྱུར་ཞིང༌། །དཔའ་ལ་འཇིགས་པ་མེད་པའི་མི་དག་ཀྱང༌། གང་ལས་ཐར་བར་འགྱུར་བ་རབ་དཀའ་བ། །ནགས་ཚལ་རབ་ཏུ་དབེན་ཞིང་ཟབ་པ་ལ། །འཇིགས་པའི་ས་ན་གྲོགས་ཀྱང་ཡོང་མེད་པར། །མི་ཡི་ཤ་དང་ཚིལ་དག་ཟ་བ་ཡི། །སྲིན་པོ་དེ་དག་ཅི་ཕྱིར་ཁྱོད་མི་སྐྲག །དེ་སྐད་ཅེས་སྨྲས་པ་དང༌། བ་གླང་རྫིའུ་དེས་དགོད་ནས་སྨྲས་པ། བདེ་ལེགས་ཆེན་པོས་འགྲོ་བ་འདི། །ཡོངས་སུ་བསྐྱང་བར་གྱུར་བ་ན། །ལྷ་ཡི་དབང་པོ་དག་གིས་ཀྱང༌། །འདི་དག་གཙོ་བར་མི་ནུས་ན། །ཤ་ཟ་རྣམས་ཀྱིས་ག་ལ་ནུས། །དེ་བས་ནགས་ན་ཁྱིམ་བཞིན་དུ། །མཚན་མོ་དག་ཀྱང་ཉིན་པར་བཞིན་། གཅིག་པུ་འང་གྲོགས་ཀྱི་ནང་འདུག་འདྲ། །བདག་ནི་འཇིགས་པ་མེད་པར་འདུག །དེ་ནས་གནོད་སྦྱིན་དེ་དག་ངོ་མཚར་ཆེར་གྱུར་ནས། དེ་ལ་ཟིལ་གྱིས་གནོན་པ་བཞིན་དུ་ཆེད་ཆེར་བྱས་ནས་སྨྲས་པ། ཀྱེ་བཟང་པོ་ཁྱོད་ཀྱི་བདེ་ལེགས་ཀྱི་བྱེ་བྲག་དེ་ཅི་འདྲ་བ་ཞིག་རེ་ཞིག་སྨྲོས་ཤིག །དེ་དགོད་ཅིང་དེ་དག་ལ་སྨྲས་པ། བདག་ཅག་གི་བདེ་ལེགས་ཀྱི་བྱེ་བྲག་རྨད་དུ་བྱུང་བ་ཅི་འདྲ་བ་ཉོན་ཅིག །གསེར་གྱི་རི་བོའི་བྲག་ལྟར་ཡངས་པའི་བྲང༌། །སྟོན་ཀའི་ཟླ་བ་དྲི་མེད་མཛེས་བའི་ཞལ། །དཔུང་པ་གསེར་གྱི་སྡོང་པོ་ལྟ་བུར་རྒྱས། །མི་དབང་ཁྱུ་མཆོག་སྤྱན་འདྲ་རྣམ་པར་གནོན། །བདག་ཅག་གི་བདེ་ལེགས་ཀྱི་ཁྱད་པར་ནི་འདིའོ་ཞེས་སྨྲས་ནས། ངོ་མཚར་ཆེ་ཞིང་ཁྲོ་བ་དང་བཅས་པས་གནོད་སྦྱིན་དེ་དག་ལ་བལྟས་ཏེ་ཡང་སྨྲས་པ། ཨེ་མ་ཧོ་འདི་ངོ་མཚར་ཆེའོ། །མི་དབང་ཐུབ་ཆེན་འདི་ལྟར་གྲགས་པ་ཡང༌། །ཁྱེད་


DTG168_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣ་ལམ་ཅི་ལྟར་མ་གྲགས་ཀྱེ། །འོན་ཏེ་ཐོས་ཀྱང་ཤིན་ཏུ་རྨད་བྱུང་བས། །ཁྱེད་ཅག་ཡིད་མི་ཆེས་ཕྱིར་མ་བཟུང་ངམ། །ཁྱེད་ཅག་གང་ནས་ལྷགས་པའི་ཡུལ་དེ་ཡི། །མི་རྣམས་ཡོན་ཏན་ཚོལ་ལ་མི་མཁས་སམ། །ཆེད་ཆེར་མི་འཛིན་སྐལ་བ་མེད་པའི་ཕྱིར། །མི་དབང་གྲགས་པས་རྣམ་པར་སྤངས་སུ་དོགས། །དེ་བས་ན་ཡུལ་དེ་ལྟ་བུ་མཐའ་འཁོབ་ནས་འདིར་ལྷགས་པ་ནི། ཁྱེད་ཅག་ལ་སྐལ་བ་ཅུང་ཟད་ཅིག་ཡོད་དོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། བཟང་པོ་དེའི་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་མི་མ་ཡིན་པ་རྣམས་ཀྱིས་གནོད་པ་བྱེད་མི་ནུས་པ་རྒྱལ་པོ་དེའི་མཐུ་དེ་ལྟ་བུ་ཅི་ལས་གྱུར། བ་གླང་རྫིའུས་སྨྲས་པ། ངེད་ཀྱི་རྒྱལ་པོ་ཆེན་པོའི་མཐུ་འདི་ལྟ་བུ་འདི་ནི་རང་གི་ཆེ་བ་ཉིད་ཀྱིས་ཐོབ་པའོ། །བྲམ་ཟེ་དག་ལྟོས་ཤིག །དེའི་དཔུང་བྱམས་པའི་རུ་མཚོན་ཁྲོ་བོའི་དཔུང་ནི་ཆོ་ག་ཙམ། །དེ་ནི་མི་ཁྲོ་ཚིག་རྩུབ་མི་སྨྲས་ཡང་ལེགས་པར་བསྲུང༌། །དེ་ཡི་བཀའ་ཁྲིམས་ཆོས་ཡིན་རྒྱུ་མེད་ནོར་ཡང་དམ་པ་མཆོད། །དེ་ལྟར་རྨད་དུ་བྱུང་ཡང་ངན་པའི་ཆོས་ཉིད་དྲེགས་པ་མེད། །ཁོ་བོ་ཅག་གི་རྗེ་འདི་ནི་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་ཏེ། དེ་བས་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པར་མི་ནུས་སོ། །དེ་ལྟ་བས་ན་ཁོ་པོས་ཁྱེད་ལ་ཅི་སྙེད་ཅིག་སྨྲ་བར་མི་ནུས་ཀྱིས། མིའི་བདག་པོའི་ཡོན་ཏན་ཐོས་པར་འདོད་ན་ཁྱེད་གྲོང་ཁྱེར་དེ་ཉིད་དུ་འདོང་བར་རིགས་སོ། །ཁྱེད་དེར་སོང་དང་སྐྱེ་བོ་རྣམས་རང་རང་གི་ཆོས་ལ་དགའ་བས་ཡ་རབས་ཀྱི་ཚུལ་ལ་གནས་པ་དང་རྟག་ཏུ་བདེ་ཞིང་ལོ་ལེགས་པས་རབ་ཏུ་དགའ་བ་ཕུན་སུམ་ཚོགས་ཤིན་ཏུ་ལུགས་བཟང་ལ་མི་འཕྱ་བ་དང༌། སྐྱེ་བོ་གློ་བུར་དུ་ལྷགས་པ་རྣམས་ལ་ཁྱད་པར་དུ་བྱམས་པ་དང༌། མིའི་བདག་པོའི་ཡོན་ཏན་སྙིང་ལ་དྲན་པ་དང༌། དེའི་གྲགས་པའི་གཞི་བསྟོད་པ་དང་བཀྲ་ཤིས་པ་དང་བདེ་ལེགས་བཞིན་དུ་རབ་ཏུ་དགའ་ཞིང་གོམས་པར་བྱེད་པ་དག་མཐོང་ན་རྒྱལ་པོའི་ཡོན་ཏན་རྒྱ་ཆེར་ཤེས་པར་འགྱུར་རོ། །དེ་ལྟར་ཡོན་ཏན་མང་པོ་བརྗོད་པས་དེ་མཐོང་བར་འདོད་པ་ལ་ངེས་པར་དེའི་ཡོན་ཏན་མངོན་སུམ་དུ་འགྱུར་རོ། །དེ་ནས་གནོད་སྦྱིན་དེ་དག་རང་གི་མཐུས་མ་ཚུགས་པས་རྒྱལ་པོ་དེ་ལ་སེམས་


DTG168_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པ་དང་བཅས་པས་ཡོན་ཏན་སྙིང་ནས་བརྗོད་ཅིང་ཚིག་རིགས་པ་དང༌། བདེན་པར་སྨྲས་པ་དེས་ཀྱང་སེམས་འཇམ་པོར་མ་གྱུར་ཏོ། །དམན་པ་རྣམས་ནི་ཕལ་ཆེར་ཡང༌། །མི་བཟོད་པས་ནི་ཡིད་གདུངས་པས། །དངོས་པོ་གང་ལ་དེ་གྲགས་པ། །དེ་ཡིས་ལྷག་པར་གདུངས་པར་གྱུར། །རྒྱལ་པོ་དེ་སྦྱིན་པ་ལ་དགའ་བར་ཤེས་ནས། དེ་ལ་གནོད་པ་བྱེད་པར་འདོད་པའི་གནོད་སྦྱིན་དེ་དག་གིས་རྒྱལ་པོ་དེ་མཐོང་ནས་མཐོང་བའི་ཚེ། བཟའ་བ་སློངས་སོ། །དེ་ནས་རྒྱལ་པོ་དེ་རབ་ཏུ་དགའ་ནས་དེའི་ལས་སུ་བསྐོས་པའི་མི་རྣམས་ལ་ཁ་ཟས་ཞིམ་པོ་བྲམ་ཟེ་རྣམས་ལ་མྱུར་དུ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་བྲམ་ཟེ་ལ་དགོས་པའི་ཁ་ཟས་རྣམས་ཁྱེར་ཏེ་འོངས་ན་ཡང༌། གནོད་སྦྱིན་དེ་དག་ན་རེ་ཁ་ཟས་དེ་ལྟ་བུ་བདག་ཅག་མི་བཟའོ་ཞེས་སྨྲས་ནས། སྟག་གཟིག་རྩ་སྔོན་པོ་མི་འདོད་པ་བཞིན་དུ་ལེན་དུ་མ་བཏུབ་བོ། །དེ་རྒྱལ་པོ་དེས་ཐོས་ནས། དེ་དག་གི་དྲུང་དུ་སོང་སྟེ། འོ་ན་ཁྱེད་ཅག་རྣམས་ཁ་ཟས་ཅི་ལྟ་བུ་འདོད་དེ་འདྲ་བ་བཙལ་ལོ། །ཞེས་སྨྲས་སོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། མི་ཤ་ཤིན་ཏུ་དྲོན་པོ་དང༌། །མི་ཡི་ཁྲག་ནི་དྲོན་མོ་དག །བརྟུལ་ཞུགས་མ་ཉམས་པདྨའི་སྤྱན། །གནོད་སྦྱིན་རྣམས་ཀྱི་བཟའ་བཏུང་ལགས། །ཞེས་སྨྲས་ནས། རང་གི་ལུས་ཁ་ནས་མཆེ་བ་གཙིགས་པ། མིག་དམར་ཞིང་སེར་ལ་གཡོ་ཞིང་མི་སྡུག་པ་དང༌། སྣ་ལེབ་ཅིང་མི་སྡུག་པ་དང༌། སྐྲ་དང་ཁ་སྤུ་མེ་འབར་བ་ལྟར་སེར་བ་དང༌། ལུས་ཆར་སྤྲིན་ལྟར་གནག་ཅིང་མི་སྡུག་པ་འཇིགས་པ་བསྟན་པ་དེ་དག་མཐོར་ནས། རྒྱལ་པོ་དེས་བསམས་པ། འདི་དག་ནི་ཤ་ཟ་ཡིན་ཏེ་མི་མ་ཡིན་ནོ། །དེ་བས་ན་བདག་ཅག་གི་བཟའ་བ་དང་བཏུང་བ་མ་འདོད་དོ་སྙམ་དུ་ངེས་པར་གྱུར་ཏོ། །དེ་ནས་མིའི་དབང་པོ་དེ་སྙིང་རྗེ་ཅན་ཡིན་པས། བསམ་པ་དག་པས་དེ་དག་ལ་སྙིང་རྗེ་དེ་བས་ཡང་ཆེས་གྱུར་སྙིང་ལ་སྙིང་རྗེ་འབའ་ཞིག་སེམས། གནོད་སྦྱིན་དེ་དག་ལ་མྱ་ངན་བྱེད་ཅིང་དོན་འདི་ལྟ་བུ་ངེས་པར་བསམ་མོ། །སྙིང་རྗེ་ཅན་ལ་འདི་ལྟ་བུའི། །བཟའ་དང་བཅའ་བ་རབ་ཏུ་དཀོན། །ཉིན་རེ་ཞིང་ཡང་དེ་བཙལ་བ། །དེ་ལས་སྡུག་བསྔལ་ཆེ་བ་མེད། །སྙིང་རྗེ་མེད་


DTG168_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མི་ནུས་ནའང༌། །འབད་པ་དོན་ནི་མེད་པར་འགྱུར། །ནུས་ནའང་ཕན་བྱེད་གོམས་པ་ལ། །དེ་བས་དཀའ་བ་ཅི་ཞིག་ཡོད། །སྙིང་རྗེ་མེད་ཅིང་ཡིད་ནི་མ་ཞི་བ། །དེ་ལྟ་བུ་ཡི་ཁ་ཟས་ཟ་བ་རྣམས། །ཚེ་འདི་དང་ནི་ཕ་རོལ་རང་དོན་བསྲེག །འདི་དག་སྡུག་བསྔལ་ནམ་ཞིག་མེད་པར་འགྱུར། །ད་འདི་དག་གི་ཁ་ཟས་སྦྱར་བས་ཉིན་ཞག་འགའ་ཙམ་ཡང་གཞན་གསོད་པ་ལ་ཞུགས་པ་འདི་ལས་ཅི་ལྟར་བཟློག་པར་བྱ། ཕོངས་ཏེ་སློང་དུ་འོངས་པ་རྣམས་ཀྱི་གདོང༌། །རེ་བ་བཟློག་པས་ངོ་འཛུམ་གནག་གྱུར་པ། །བུ་ཡུག་རླུང་གིས་པདྨ་རྙིང་པ་བཞིན། །མི་དགའ་བྱས་པས་ནམས་ཀྱང་བདག་མི་དྲན། །གདོན་མི་ཟ་བར་བདག་ལུས་རྒྱས་པ་འདི། །ཁྲག་དང་བཅས་པའི་ཤ་རྣམས་སྦྱིན་བར་བྱ། །ཕོངས་པ་འོངས་ན་དེ་ནི་རིགས་པ་སྙམ། །དེ་ལས་གཞན་པ་བདག་གིས་གང་དུ་བཙལ། །བདག་རང་ཤི་བའི་ཤ་རྣམས་དྲོད་མེད་ལ། །ཁྲག་རྣམས་འང་དེ་ལ་ཡོད་པ་མ་ཡིན་ནོ། །བྲུ་བ་ཚ་བས་སེམས་ནི་གདུངས་པ་ལ། །དེ་ཡིས་ལེགས་པར་མགུ་བར་འགྱུར་མ་ཡིན། །གསོན་པོའི་ཤ་ཡང་བདག་གིས་ཇི་ལྟར་བཙལ་བར་བྱ། །འདི་དག་བདག་གི་ཐད་དུ་འོངས་ནས་བཀྲེས་པ་ལ། །སྐོམ་པས་མིག་དང་གདོང་གི་མདོངས་ཉམས་ཤིང༌། །བསློང་དང་རེ་བའི་འབྲས་བུ་མེད་པས་ཡིད། །སྡུག་བསྔལ་བཞིན་དུ་སླར་དོང་ན་ཡང་ཅི་ཞིག་བྱ། །དེ་བས་ན་འདི་ནི་དུས་ལ་བབ་ཀྱིས། རྟག་ཏུ་ན་ཞིང་གདུག་པའི་རྨ་དང་འདྲ། །ནད་ཀྱི་འབྱུང་ཁུངས་ངན་པའི་ལུས་འདི་ལ།། དགོས་པ་ཁྱད་པར་ཅན་དུ་སྤྱད་པ་ཡིས། །བཅོས་པའི་སྡུག་བསྔལ་ཤིན་ཏུ་བཟོད་པར་བྱ། །དེ་ལྟར་ངེས་པར་བྱས་ནས་རྒྱལ་པོ་རབ་ཏུ་དགའ་བར་གྱུར་པས། མིག་རྩ་དང་གདོང་གི་མདངས་བཟང་པོས་རང་གི་ལུས་བསྟན་ནས། གནོད་སྦྱིན་དེ་དག་ལ་སྨྲས་པ། བདག་གི་ཤ་ནི་ཁྲག་དང་བཅས་པ་འདི། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་བཟུང་སྟེ། །གལ་ཏེ་དེ་རིང་མགྲོན་དུ་བྱར་རུང་ན། །དེ་ནི་བདག་གིས་མངོན་པར་ཐོབ་པར་འགྱུར། །དེ་ནས་གནོད་སྦྱིན་དེ་དག་རྒྱལ་པོ་དེའི་ལྷག་པའི་བསམ་པ་ཤེས་བཞིན་དུ་ངོ་མཚར་རབ་ཏུ་ཆེ་བས་ཡིད་མ་ཆེས་ནས།


DTG168_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་སྨྲས་པ། ཕོངས་པས་བདག་གི་སྡུག་བསྔལ་དག །སློང་ཞིང་དམན་པས་བསྟན་པ་ལགས། །དེ་ལས་སྦྱིན་པ་པོ་ཉིད་ཀྱིས། །དུས་ལ་བབ་པ་མཁྱེན་པར་མཛོད། །དེ་ནས་རྒྱལ་པོ་དེས་བསམས་པ་ད་ནི་འདི་དག་དགའ་འདོད་དོ་སྙམ་ནས། སྙིང་རབ་ཏུ་དགའ་སྟེ། རྩད་བྲལ་བའི་ཕྱིར་སྨན་པ་རྣམས་བོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་རྒྱལ་པོའི་ཤ་དང་ཁྲག་རྣམས་སྦྱིན་པར་སྩོལ་བར་རིག་ནས། རྟབ་རྟབ་པོར་གྱུར་ཏོ། །མི་བཟོད་ཅིང་སེམས་འཁྲུགས་ནས་བྱམས་པའི་དབང་གིས་དོན་འདི་ལྟ་བུ་ཅུང་ཟད་ཅིག་གསལ་བར་སྨྲས་སོ། །ལྷ་སྦྱིན་པ་ལ་དགྱེས་ཆེས་པས་འབངས་གློ་བ་ཉེ་བ་རྣམས་ལ་ཕན་པ་དང༌། གནོད་པར་འགྱུར་བ་མི་གཟིགས་པ་མི་རིགས་སོ། །ལྷས་འདི་དག་ནི་མི་མཁྱེན་པ་ཡང་མ་ལགས་ཏེ། །འདི་ལྟར་སྐྱེ་དགུ་རྣམས་ལ་གནོད་པ་གང་དང་གང༌། །དེ་དང་དེ་དག་གནོད་སྦྱིན་རྣམས་ལ་དགའ། །གཞན་ལ་གནོད་པས་འཚོ་ཞིང་དགའ་བ་སྐྱེ། །འདི་དག་རིགས་དང་རང་བཞིན་དེ་ལྟ་ལགས། །རྒྱལ་སྲིད་དཔལ་འདི་འཇིག་རྟེན་ཕན་པའི་ཕྱིར། །བདེ་ལ་མ་ཆགས་ལྷ་ཡིས་བཟུང་བར་མཛོད། །དེ་བས་བདག་གི་ཤ་སྦྱིན་གསོལ་བ་ཡི། །ལོག་པའི་ལམ་དུ་ཡི་དམ་བཅས་པ་མཐོང༌། །སྐྱེས་བུ་དཔའ་བོ་ཁྱོད་ཀྱི་མཐུས་བསྐྱབས་པའི། །འཇིག་རྟེན་གདོན་མི་ཟ་བར་འདི་མི་བཟོད། །པུང་བར་བྱེད་ལ་མཁས་པ་འདི་དག་ནི། །ཚུལ་གྱིས་ཚུལ་མིན་སྐྱེ་དགུ་ཕུང་བར་འདོད། །མཆོད་སྦྱིན་ཚེ་ན་སུམ་ཅུ་རྩ་གསུམ་པའང༌། །ཚིལ་དང་ཞག་ལ་སོགས་པ་བསྲེགས་པས་མགུ། །ཁྱོད་ཀྱི་ཞལ་ཟས་ཕུན་སུམ་ཚོགས་པ་དག །གུས་པར་སྦྱིན་ཡང་འདི་དག་འདོད་མི་འགྱུར། །ལྷའི་ཐུགས་ནི་བདག་ཅག་ལྟ་བུའི་སྐྱེ་བོས་བཅོས་པ་མ་ལགས་མོད་ཀྱི། འོན་ཀྱང་འདི་ནི་བདག་ཅག་གི་དོན་དུ་གཅེས་པའི་སླད་དུ་བདག་ཅག་འདི་ལྟར་ཀོ་ལོང་གསོལ་བར་གྱུར་ཏོ། །གནོད་སྦྱིན་ལྔ་པོ་འདི་རྣམས་ཀྱི་དོན་དུ་འབངས་ཐམས་ཅད་མགོན་མ་མཆིས་པར་བགྱིའམ། ལྷ་འདི་ལྟ་བུའི་ཆོས་གང་གི་ལམ་ལགས། གཞན་ཡང་འདི་ལྟ་བདག་ཅག་ལ་མི་བྱམས་པ་ཅི་ལས་གྱུར། རྗེའི་ཆེད་དུ་འཚལ་བ་


DTG168_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤ་དང་ཁྲག་ཡོངས་སུ་རྫོགས་པར་མཆིས་པ་འདི་དག་སྔོན་བདག་ཅག་གང་གིས་སྦས་ཏེ་མ་ཕུལ་ན་ལྷ་ཉིད་ཀྱིས་སྩལ་བར་བཞེད། དེ་ནས་རྒྱལ་པོ་དེས་བློན་པོ་དེ་དག་ལ་སྨྲས་པ། ཡོད་བཞིན་དུ་ནི་མེད་ཅེས་སུ། །ངེད་ཅག་ལྟ་བུས་ཅི་ལྟར་སྨྲ། །བརྟུལ་ཏེ་གསལ་བར་སློང་བ་ལ། །མི་སྦྱིན་ཞེས་ཀྱང་ཅི་སྐད་སྨྲ། །ཆོས་ཀྱི་བཀའ་ཁྲིམས་ཐོག་མར་འགྲོ་བ་དག །གལ་ཏེ་ངན་པའི་ལམ་དུ་བདག་སོང་ན། །ང་ཡི་སྤྱོད་པའི་རྗེས་སུ་འཇུག་པ་ཡི། །ང་ཡི་འབངས་རྣམས་གནས་སྐབས་ཅི་ལྟར་འགྱུར། །འདི་ཡང་སྐྱེ་དགུ་རྣམས་ཀྱི་དོན་གྱི་ཕྱིར། །ངས་ནི་ལུས་ལ་སྙིང་པོ་དབྱུང་བར་བྱ། །ང་ཡི་སེམས་ནི་སེར་སྣས་ཕྲོགས་གྱུར་ན། །སྐྱེ་བོའི་དོན་ལ་དགེ་བའི་གཟི་ཅི་འདྲ། །ཁྱེད་ཀྱིས་ང་ལ་གུས་པ་དང་བཅས་པར་བྱམས་པ་དང་བག་ཕབ་སྟེ་གང་སྨྲས་པ། འདི་ལྟར་བདག་ཅག་ལ་ནི་མི་བྱམས་པ་ནི་ཅི་ལས་གྱུར། ཤ་དང་ཁྲག་བདག་ཅག་ལ་ཡོངས་སུ་རྫོགས་པར་མཆིས་བཞིན་དུ། ལྷ་ཉིད་ཀྱིས་སྩལ་བར་བཞེད་ཅེས་ཟེར་བ་དེ་ཡང་ཁྱེད་ལ་བཤད་དོ། །ང་ཁྱེད་ལ་མི་འབྱོར་ཞིང་མི་བྱམས་པ་ཡང་མ་ཡིན་ལ། མ་བྱིན་དུ་དོགས་པ་ཡང་མེད་མོད་ཀྱིས། རིམ་གྱིས་ནོར་ནི་ཉུང་ངུར་གྱུར་པའམ། སྐལ་བ་ཆུང་པས་ཟད་པར་གྱུར་ན་ནི། །མཛའ་བོ་རྣམས་ལ་སློང་བ་མཛེས་པར་གྱུར། །ནོར་ལྡན་དབུལ་ལ་སློང་བ་ཡོངས་མི་མཛེས། །སྐྱེ་བོ་ཕོངས་པ་རྣམས་ཀྱི་ཕྱིར་བསྐྱེད་པའི། །ལུས་ནི་ཤ་རྒྱས་ཤིན་ཏུ་མཐོ་བ་དང༌། །ང་བདག་ཉིད་ལ་ཆེན་པོ་ཡོད་བཞིན་དུ། །ཁྱོད་ལ་སློང་བ་ལེགས་པ་མ་ཡིན་ནོ། །མི་ཤེས་གཞན་གྱི་གནོད་པའང་མི་བཟོད་ན། །ཁྱོད་ཀྱི་གནོད་པ་བདག་གིས་ག་ལ་བཟོད། །འདི་དག་ཁྱོད་ལ་མི་སློང་ང་ལ་སློང༌། །དེ་བས་ང་བདག་ཤ་ནི་སྦྱིན་པར་བྱ། །དེ་བས་ན་ང་ལ་རབ་ཏུ་བྱམས་པས་ཆོས་ཀྱི་གེགས་ལ་འཛེམ་པ་མེད་པ་འདི་ཐོང་ཤིག །ངའི་དོན་དུ་ཁྱོད་ཀྱིས་སྤྱོད་པ་འདི་ལྟ་བུ་བྱ་བ་མི་རིགས་སོ། །འདི་ནི་རེ་ཞིག་དཔྱད་དགོས་ཏེ། བཟའ་བ་ལ་སོགས་བདོག་བཞིན་དུ། །སྦྱིན་པ་འགོག་པ་ཇི་ལྟར་འགྱུར། །ལེགས་སམ་གལ་ཏེ་མ་ལེགས་ན། །དེ་ལྟར་བྱེད་པ་ཅི་འདྲར་འགྱུར། །དེ་


DTG168_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདིར་བསམ་པ་དེ་ལྟ་བུ་དེ་ཐོང་ལ། ངའི་གྲོགས་རྗེས་སུ་མཐུན་པར་བྱས་ན་རིགས་པས་དཔྱད་པར་བྱའོ། །ལམ་ལོག་པར་འགྲོ་བ་ལས་བཟློག་པའི་ཡིད་ཅན་དུ་བྱས་ལ་རྗེས་སུ་ཡི་རང་བ་དང་མཐུན་པར་འདི་ལ་ཁྱེད་ཀྱིས་བྱས་ན་བཟང་གི་དེ་ལྟར་མི་བརྟན་པར་བྱ་བ་མི་རིགས་སོ།། ཅིའི་ཕྱིར་ཞེ་ན། ནོར་ནི་གཅིག་པུས་སྤྱད་པ་མ་ཡིན་ལ། །སློང་བ་འང་ཉིན་རེ་རྟག་ཏུ་འོང་མ་ཡིན། །སློང་བ་འདི་ལྟ་བུ་དང་འཕྲད་པ་ནི། །ལྷ་དག་མཉེས་པར་བྱས་ཀྱང་མི་འགྲུབ་ན། །སློང་པ་འདི་ལྟ་བུའང་འོང་འགྱུར་ཞིང༌། །ལུས་ཀྱང་ཆུད་ཟ་མི་བདེའི་གནས་གྱུར་ལ། །ཐེ་ཚོམ་ཟ་ན་འང་རྒྱ་ཆེར་མི་འགྲུབ་ན། །འཛུམ་ཞིང་ཞུམ་པ་མེད་པའི་མཆོག་ཡིན་ནོ། །དེ་ལྟར་རྒྱལ་པོ་དེས་རང་གི་འཁོར་རྣམས་ལ་ཁྱེད་ཀྱིས་དེ་ལྟར་ང་ལ་བརྒལ་བར་མི་རིགས་སོ། །ཞེས་ཚིག་འཇམ་པོས་བསྒོས་ནས། སྨན་པ་རྣམས་བོས་ཏེ་རང་གི་ལུས་ལ་རྩ་ལྔ་དབྲལ་ཏེ། གནོད་སྦྱིན་དེ་རྣམས་ལ་སྨྲས་པ། ང་ཡི་ལུས་འདི་ཁྱེར་ནས་སུ། །ཆོས་ཀྱི་གྲོགས་ཀྱང་བྱ་བ་དང༌། །ང་ཡང་རབ་ཏུ་དགའ་གྱུར་པར། །ཁྱོད་ཀྱིས་ད་ནི་བྱ་བར་རིགས། །དེ་དག་གིས་དེ་ལྟར་བགྱིའོ་ཞེས་སྨྲས་ནས། རྒྱལ་པོའི་ཁྲག་ཙནྡན་དམར་པོའི་ཁུ་བ་འདྲ་བ་སྙིམ་པ་ཟེད་དེ་བཏུང་བར་ཆས་སོ། །རྒྱལ་པོ་དེའི་ལུས་གསེར་མདོག་འདྲ་བ་ལ། །མཚན་མོ་སྤྱོད་པ་རྣམས་ནི་ཁྲག་འཐུང་བ། །རི་རབ་ལྷུན་པོའི་རི་ལ་དཔྱར་དུས་ཀྱི། །ཆར་སྤྲིན་སྟུག་པོས་ཉེ་བར་བསྐོར་བ་བཞིན། །དགའ་བ་མཆོག་ལྡན་བསྟན་དང་ལྡན་པ་དང༌། །ལུས་ཀྱི་ཡོན་ཏན་ལྡན་པས་རྒྱལ་པོ་དེ། །ལུས་ཀྱང་མ་ཉམས་སེམས་ཀྱང་བརྒྱལ་བ་མེད། །ཁྲག་གི་རྒྱུན་ཡང་ཟད་པ་ཡོད་མ་གྱུར། །གནོད་སྦྱིན་དེ་དག་སྐོམ་གྱིས་གདུང་བ་ཞི་ནས་ད་ནི་འདིས་འཚལ་ཏོ་ཞེས་རྒྱལ་པོ་ལ་སྨྲས་སོ། །སྡུག་བསྔལ་མང་པོ་འབྱུང་བའི་གནས་ཀྱི་ལུས། །རྟག་ཏུ་བྱས་པ་མི་གཟོ་ཡིན་ཡང་རྒྱལ་པོ་དེ། །སློང་བ་དག་ལ་སྦྱིན་བའི་དོན་གྲུབ་པས། །རབ་ཏུ་དགའ་དང་རྗེས་མཐུན་བཟུང་བར་གྱུར། །དེ་ནས་རྒྱལ་པོ་དེ་རབ་ཏུ་དགའ་བས་བསྐུལ་བས་མིག་དང་བཞིན་གྱི་མདངས་ལྷག་པར་གསལ་བར་གྱུར་ནས། ཨུཏྤ་ལ་མཐིང་གའི་འདབ་མ་ལྟར་མདོག་སྔོ་བའི་རལ་གྲི་རྣོན་པོ་རྡོ་རྗེ་རིན་པོ་ཆེས་སྤྲས་


DTG168_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་ཀྱིས་མཛེས་པ་བླང་སྟེ། བདག་གི་ཤ་བཅད་ཅིང་དེ་དག་ལ་བྱིན་ནོ། །བྱིན་ལ་དགའ་བས་ཡང་དང་ཡང༌། །སྐབས་ནི་མེད་པར་བྱས་པ་ན། །བཅད་པའི་སྡུག་བསྔལ་དེ་ཡིད་ལ། །དམིགས་པར་བྱེད་ནི་མ་ནུས་སོ། །རལ་གྲི་རྣོན་པོས་བཅད་པས་དྲངས་པ་ཡི། །དགའ་བས་ཕྱིར་ཡང་རིང་དུ་བསྲེགས་པ་བཞིན། །དེ་ཡི་སྡུག་བསྔལ་སྐྱོ་ཞིང་ངལ་བ་ལྟར། །ཡིད་ལ་འཇུག་པར་བྱེད་པ་ཆུང་བར་འགྱུར། །རང་གི་ཤ་ཡིས་གནོད་སྦྱིན་དེ་དག་ནི། །ཚིམ་པར་བྱས་པས་དེ་ནི་དེ་བཞིན་དགའ། །དེ་དག་སེམས་ནི་ཁྲོ་བའི་རང་བཞིན་ཡང༌། །དེ་ལྟར་བྱས་ནས་འཇམ་ཞིང་ངེས་པར་གྱུར། །ཆོས་ལ་དགའ་ཞིང་སྙིང་རྗེའི་དབང་གྱུར་ཏེ། །གཞན་གྱི་དོན་དུ་བདག་ལུས་གཅེས་བཏང་བས། །ཞེ་སྡང་མེ་ཡིས་བསྲེགས་པའི་ཡིད་རྣམས་ཀྱང༌། །རབ་ཏུ་དང་ཞིང་མདོག་ཀྱང་གསལ་བར་བྱས། །དེ་ནས་གནོད་སྦྱིན་དེ་དག་རྒྱལ་པོ་དེས་རང་གི་ཤ་གཅོད་པ་ལ་འབད་ཅིང་ཤ་བཅད་པའི་སྡུག་བསྔལ་གྱིས་བཞིན་མདངས་མ་གྱུར་པ་དང༌། མི་གཡོ་བ་དེ་བཞིན་དུ་བཞུགས་པ་མཐོང་ནས། རབ་ཏུ་དགའ་ཞིང་ངོ་མཚར་ཆེ་བར་གྱུར་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་བྱུང་འདི་དག་ཅི། །བདེན་ནམ་བརྫུན་ཞེས་དཔྱོད་ཅིང་དགའ་བ་སྐྱེས། །བརྒྱ་ལ་མི་བཟོད་ཞི་ནས་ཡིད་ཀྱང་དང༌། །དེ་ལ་བསྟོད་ཅིང་ཕྱག་ཀྱང་འཚལ་བར་གྱུར། །ལྷ་ཉིད་ཀྱི་སྐུའོ་བརྒྱལ་བར་མཛད་པ་བཏང་དུ་གསོལ། བདག་ཀྱང་ཚིམ་པར་བགྱིས་ལགས་སོ། །སྐྱེ་བོ་སློང་བ་ཡིད་དགའ་བར་བགྱིད་པ་ཤིན་ཏུ་རྨད་དུ་བྱུང་བ་ཁྱོད་ཀྱི་སྤྱོད་པ་འདི་ངོ་མཚར་གྱིས་བཏང་དུ་གསོལ། ཞེས་རྒྱལ་པོ་ལ་གུས་པ་དང་བཅས། ཕྱག་འཚལ་བ་དང་བཅས་པས་རབ་ཏུ་དགའ་ཞིང་གདོང་མཆི་མ་ཅན་གྱིས་བལྟས་ནས་ཡང་སྨྲས་པ། གུས་པའི་དབང་གིས་སྐྱེ་བོས་ཁྱོད་ཀྱི་གྲགས་པ་སྒྲོགས་པ་ཐོག་ཏུ་བབ། །དཔལ་ཡང་པདྨའི་ནགས་ཚལ་བཏང་སྟེ་ཁྱེད་ལ་བརྟེན་པ་ཐོག་ཏུ་བབ། །བརྒྱ་བྱིན་མགོན་དུ་གྱུར་ཀྱང་ཁྱོད་ཀྱི་མཐུས་བསྐྱབས་ས་ཡི་ལྷ་མོ་འདི། །མཐོ་རིས་ཀྱིས་མཐོང་སྨོན་པར་ངེས་ཏེ་གལ་ཏེ་མི་སྨོན་བསླུས་སུ་ཟད། །མར་དུ་སྨོས་ཀྱང་མི་དགོས་ཏེ། སྐྱེ་བོ་


DTG168_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུས་མངོན་པར་བཟུང་བའི་མིའི་འཇིག་རྟེན་འདི་དག་ནི་སྐལ་པ་དང་ལྡན་པའོ། །ཁྱོད་ལྟ་བུའོ་བརྒྱལ་བར་བགྱིས་པ་འདིས་ནི་བདག་ཅག་བསྲེགས་ཀྱི་འགྲན་ཟླ་མ་མཆིས་སོ། །དེ་ལྟར་གྱུར་པ་ལས་ཀྱང་སྐྱེ་བོ་ཁྱོད་ལྟ་བུ་ལ་བརྟེན་ནས་བདག་ཅག་ཐར་པར་ནུས་ངེས་སོ། །བདག་ཅག་གིས་ནོངས་པ་བགྱིས་པ་གསོལ་བའི་སླད་དུ་ཞུ་བར་འཚལ་ལོ། །བདེ་བ་བརྙེས་པར་གྱུར་པ་དང༌། །རྒྱལ་པོའི་དཔལ་ཡང་བོར་ནས་ནི། །འདི་ལྟ་བུ་ཡི་སྤྱོད་པ་ཡིས། །རྨད་དུ་བྱུང་བའི་གནས་ཅི་བཞེད། །ཐམས་ཅད་ས་ཡི་བདག་པོའམ། །ནོར་གྱིས་ཕྱུག་པའམ་དབང་པོའམ། །ཚངས་པའམ་རྣམ་པར་གྲོལ་བ་དག །དཀའ་ཐུབ་འདི་ཡིས་བཞེད་ལགས་སམ། །འདི་ལྟ་བུ་ཡི་རྩོལ་ཕོད་པས། །བཞེད་པའི་དོན་ནི་མི་རིང་སྟེ། །གལ་ཏེ་བདག་ཅག་ཐོས་རུང་ན། །བདག་ཅག་ལ་ནི་བཀའ་སྩལ་རིགས། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར་ངས་འདི་ལྟར་བྱེད་པ་ཉོན་ཅིག །རྙེད་པར་དཀའ་ལ་འཇིག་པར་སླ་བ་དང༌། །ཆོག་པའི་བདེ་མེད་རབ་ཏུ་ཞི་མེད་པའི། །སྲིད་པའི་ལོངས་སྤྱོད་བདེ་བ་ང་མི་འདོད། །ལྷ་དབང་དཔལ་ཡང་འདོད་པ་མ་ཡིན་ན། །དེ་ལས་གཞན་པ་སྨོས་ཀྱང་ཅི་ཞིག་དགོས། །བདག་གིས་སྡུག་བསྔལ་ཟད་པ་ཙམ་གྱི་ཕྱིར། །ང་ཡི་ཡིད་ནི་མགུ་བར་འགྱུར་མ་ཡིན། །སྡུག་བསྔལ་མི་བཟད་ནང་ཀྱིས་ཉེན་པ་ཡི། །ལུས་ཅན་མགོན་མེད་འདི་རྣམས་ངས་བལྟས་ན། །བསོད་ནམས་འདིས་ནི་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ཅིང་སྐྱོན་གྱི་དགྲ་བཏུལ་ནས།། རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་སྐྱེ་བོ་འདོན་པར་འདོད། །དེ་ནས་གནོད་སྦྱིན་དེ་དག་རབ་ཏུ་དང་ཞིང་བ་སྤུ་ལངས་ནས། རྒྱལ་པོ་ལ་ཕྱག་འཚལ་ཏེ་སྨྲས་པ། འདི་ལྟ་བུའི་རྩོལ་བ་ཁྱད་པར་ཅན་གྱི་ལས་འདི་ནི་རིགས་ཏེ། དེ་བས་ན་ཁྱོད་ལྟ་བུའི་དགོས་པ་གྲུབ་པ་ནི། རིང་པོར་མི་ཐོགས་སོ་སྙམ་དུ་ཡིད་ལ་ངེས་པར་བསམས་པས་གསོལ་བ་བཏབ་པ། ཁྱོད་ཀྱི་བསམ་པ་འདི་ཀུན་ནི། །འཇིག་རྟེན་ཕན་པའི་ཕྱིར་ལགས་ཀྱང༌། །བདག་ཅག་རང་ལ་ཕན་འཚལ་བས། །དེ་ཚེ་བདག་ཅག་དགོངས་སུ་གསོལ། །མ་འཚལ་བས་


DTG168_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་ཅག་གིས། །བདག་གི་དོན་ཡང་མ་མཐོང་བས། །དེ་ལྟར་ཁྱོད་ནི་འོ་བརྒྱལ་བ། །དེ་ཡང་བཟོད་པ་མཛད་དུ་གསོལ། །ཁྱོད་ཀྱི་བཀའ་ཡང་བདག་ཅག་ལ། །རྗེས་སུ་བཟུང་བའི་རྒྱུར་གྱུར་པ། །བློན་པོ་དག་ལ་བགྱི་བ་བཞིན། །འཛེམ་པ་མེད་པར་སྩལ་བ་རིགས། །དེ་ནས་རྒྱལ་པོ་དེས་དེ་དག་སེམས་རབ་ཏུ་ཞི་ཞིང་འཇམ་པར་གྱུར་པ་རིག་ནས་སྨྲས་པ། འདི་ནི་ང་ལ་ཕན་པ་ཡིན་གྱི་གནོད་པ་མ་ཡིན་པས་མི་བཟོད་དུ་དོགས་པ་མ་བསྐྱེད་ཅིག །གཞན་ཡང༌། ཆོས་ཀྱི་ལམ་ལ་འདི་ལྟར་གྲོགས་བྱེད་པ། །བྱང་ཆུབ་ཐོབ་ནས་རྗེད་པར་ག་ལ་འགྱུར། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་ལས། །ཁྱེད་ཅག་ཉིད་ལ་ཐོག་མར་བགོ་བར་བྱ། །ང་ནི་དེ་ལ་དགའ་བར་ཤེས་བྱས་ནས། །སྲོག་གཅོད་ཁྱེད་ཀྱིས་དུག་བཞིན་སྤང་བར་བྱོས། །གཞན་ནོར་ཆུང་མ་དག་ལ་ཆགས་པ་དང༌། །བརྫུན་དུ་སྨྲ་དང་ཆང་གི་སྡིག་པ་སྤོངས། །དེ་ནས་གནོད་སྦྱིན་དེ་དག་གིས་དེ་བཞིན་དུ་བགྱིའོ་ཞེས་དེ་ལ་མཉན་ནས། དེ་ལ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་དེས་བདག་གི་ཤ་དང་ཁྲག་ངེས་པར་སྦྱིན་པར་བྱས་པ་དེ་ཉིད་ཀྱི་ཚེ། ས་ནི་རྣམ་པ་མང་པོར་གཡོས་པར་གྱུར་ཏོ། །གསེར་གྱི་རི་བོ་རྣམ་པར་འགུལ་བར་གྱུར། །དེ་ན་གནས་པའི་བྱ་རྣམས་སྒྲ་ཡང་འབྱིན། །ཤིན་རྣམས་འགུལ་བས་མེ་ཏོག་ལྷགས་པར་གྱུར། །དེ་དག་རྫིས་བསྐྱོད་མཁའ་ལ་སྤྲིན་ལྟར་ཆགས། །ལ་ལ་བླ་རེས་བྲེས་ཤིང་བྱ་བརྒྱུས་བཞིན། །ཁ་ཅིག་ཏུ་ནི་ཕྲེད་བ་བརྒྱུས་པ་བཞིན། །མི་ཡི་བདག་པོ་ཁོར་ཡུག་མཉམ་པར་ལྷགས། །རྒྱ་མཚོ་ཆེན་པོ་ཤིན་ཏུ་གཡོ་བའི་རླབས། །རང་བཞིན་ལས་ནི་ལྷག་པའི་ཤུགས་དང་སྒྲས། །འགྲོ་བ་བརྟུལ་བའི་ལུས་ནི་གཟི་མདངས་ཅན། །ས་ཡི་བདག་པོའི་བཟློག་པ་བཞིན་དུ་བྱུང༌། །དེ་ནས་ལྷ་ཡི་དབང་པོས་འདི་ཅི་ཞེས། །བརྟགས་པར་གྱུར་ནས་དེ་ཡི་རྒྱུ་རྟོག་ཅིང༌། །རྒྱལ་པོ་ཉེས་པར་དོགས་ཏེ་རབ་མྱུར་བར། །རྒྱལ་པོའི་ཕོ་བྲང་མྱ་ངན་འཁྲུགས་པར་འོངས། །ས་ཡི་བདག་པོ་དེ་ལྟར་གྱུར་ན་ཡང༌། །གཟི་མདངས་གསལ་བས་ལྷག་པར་ཡ་མཚན་སྐྱེས། །


DTG168_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་དུ་འོངས་ནས་སྙན་པའི་ཚིག་རྣམས་ཀྱིས། །དང་ཞིང་དགའ་བས་དེ་ཡི་སྤྱོད་པ་བསྟོད། །ཨེ་མ་ཧོ། །སྐྱེ་བོ་དམ་པའི་ཆོ་རིགས་བཟང༌། །ཨེ་མ་ཧོ། །ཡོན་ཏན་བསྒོམས་པས་རྒྱ་རེ་ཆེ། །ཨེ་མ་ཧོ། གཞན་ལ་ཕན་པས་བློ་རེ་བདེ། །ས་འདི་ཁྱོད་ལ་གཏད་པ་མགོན་དང་བཅས། །ཞེས་བསྟོད་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་སྨན་གྱི་ཁྱད་པར་གྱི་རྨ་གསར་པ་སོས་པར་བྱེད་ནུས་པ་རྣམས་ཀྱིས། དེའི་ལུས་སྔོན་བཞིན་དུ་སྡུག་བསྔལ་མེད་པར་བྱས་ནས། རྒྱལ་པོ་དེས་ཀྱང་མཐུན་པ་དང་གུས་པ་དང་ཡོ་བྱད་ཀྱིས་སླར་མཆོད་པར་བྱས་ཏེ། ཉིད་ཀྱི་གནས་སུ་སླར་སོང་ངོ༌། །དེ་ལྟར་ན་སྙིང་རྗེ་ཆེན་པོ་རྣམས་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་ཞིང༌། བདག་གི་བདེ་བ་ལ་མི་ལྟ་བ་ཡིན་ན། ནོར་ཙམ་ལ་ཆགས་ནས་གཏོང་མི་ཕོད་པ་ལྟ་སུ་ཞིག་ཡོད་ཅེས། སྐྱེ་བོ་སྦྱིན་པ་བྱེད་པ་དག་ལ་གཟེངས་བསྟོད་པ་དང༌། སྙིང་རྗེའི་ཡོན་ཏན་བསྔགས་པ་དང༌། །དེ་བཞིན་གཤེགས་པའི་ཆེ་བ་བསྟན་པ་དང༌། བསྟི་སྟང་དུ་བྱས་ཏེ་ཆོས་ཉན་པ་ལ་ཡང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་འདི་དག་ནི་མང་དུ་བྱེད་བྱེད་པའོ། །ཞེས་གསུངས་པ་དེ་ཡང་འདི་ལ་དགོངས་ཏེ། དེའི་ཏེ་གནོད་སྦྱིན་ལྔ་པོར་གྱུར་པ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཞལ་གྱིས་བཞེས་པ་དེ་བཞིན་དུ་ཆོས་ཀྱི་བདུད་རྩི་བྱིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པའི་སྟོབས་སུ་སྐྱེས་པའི་རབས་ཏེ་བརྒྱད་པའོ།། །།བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་སེམས་ཅན་ཕལ་པ་རྣམས་ཀྱིས་རྗེས་སུ་ཡི་རང་བ་ཙམ་ཡང་ལགས་པར་མི་ནུས་ན་ཀུན་ཏུ་སྤྱད་པ་ལྟ་ག་ལ་ནུས། དེ་ཡང་འདི་སྐད་ཐོས་ཏེ། དབང་པོ་ཐུལ་བ་གོམས་པར་གྱུར་པ་དང༌། དཔའ་བ་དང༌། ཚུལ་དང་དུལ་བ་ཕུན་སུམ་ཚོགས་པས་རྣམ་པར་རྒྱལ་བའི་དཔལ་ཐོབ་པ། རྒན་པ་ལ་བསྙེན་བཀུར་ངེས་པར་བྱས་པས་རིག་བྱེད་གསུམ་དང་བརྟག་པའི་དོན་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་རང་གི་འཁོར་རང་གི་ཆོས་དང་ལས་ལ་འབད་པ། ཡིད་དེའི་རྒྱུ་མེད་པས་མ་གྱུར་ཞིག་བདེ་བར་འཚོ་བ་སྙིང་ཉེ་བ་རྣམས་ཀྱིས་བཀའ་ཁྲིམས་བཟང་པོ་བསྒྲགས་པ། སོ་ཆིས་བྱས་


DTG168_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་པར་འབྱོར་པ། ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོ་ཀུན་ཏུ་རྒྱལ་བ་ཞེས་བྱ་བ་ཞིག་བྱུང་ངོ༌། །ཡོན་ཏན་ལྡན་པས་མི་ཡི་བདག་པོའི་དཔལ། །རིགས་ལྡན་ཆུང་མ་བཞིན་དུ་སྙིང་ཉེ་བ། །རི་ཕུག་སེང་གེས་བསྲུངས་པའི་རི་དྭགས་བཞིན། །ས་ཡི་བདག་པོ་གཞན་རྣམས་གླགས་མི་ལྟ། །དཀའ་ཐུབ་རྣམས་དང་རིགས་དང་སྒྱུ་རྩལ་ལ། །ནང་གི་འཁོར་གྱིས་གོམས་པར་བྱས་པ་རྣམས། །འོངས་ནས་རིམ་གྲོ་ལྷག་པར་ཆེ་བར་འགྱུར། །བཀུར་སྟི་བྱས་པ་གཙོ་བོ་ཡིན་པར་སྣང༌། །དར་རྒྱལ་སྲིད་ཐོབ་མ་ཐག་ཏུ་དེའི་བུ་ཐམས་ཅད་སྒྲོལ་ཞེས་བྱ་བ་ཡོན་ཏན་མང་པོ་རབ་ཏུ་གྲགས་པ་ཅིག་རྒྱལ་ཚབ་ཏུ་གྱུར་ཏེ། དེའི་ཚེ་རྒྱལ་ཚབ་དེ་བཅོམ་ལྡན་འདས་འདི་ཉིད་ཡིན་ནོ། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང༌། །མཁས་པར་གྱུར་ཀྱང་ཤེས་བའི་ང་རྒྱལ་མེད། །དཔལ་དང་ལྡན་ཞིང་འབྱོར་ཡང་དྲེགས་པ་མེད། །དེ་ཡི་གྲགས་པས་འཇིག་རྟེན་གསུམ་ཁྱབ་པས། །ཕྱོགས་རྣམས་རབ་ཏུ་རྒྱ་ཆེན་མཐོང་གྱུར་ཀྱང༌། །གཞན་གྱི་གྲགས་པ་ཅུང་ཟད་ཡོད་པ་རྣམས། །འཕྲོ་བའི་སྐབས་ཀྱང་མེད་པ་བཞིན་དུ་འགྱུར། །སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་དཔག་མེད་པ། །དེ་ཡིས་མ་བཟོད་སྙིང་རྗེའི་གཞུ་དག་དང༌། །སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཡིས། །དེ་དང་ལྷན་ཅིག་གཡུལ་ཆེན་འགྱེད་པ་འདྲ། །དེ་ཉིན་རེ་བཞིན་སློང་བ་ལྷགས་པ་རྣམས་ལ་བསློངས་པ་བས་ཀྱང་ལྷག་པར་ཉོན་མ་མོངས་པར་ནར་གཏོང་ཞིང་ཚིག་འཇམ་པོ་དང་གུས་པ་དང་ཡིད་དུ་འོང་བས་རབ་ཏུ་ཚིམ་པར་བྱེད་པར་གྱུར་ཏོ། །དུས་མཚམས་ཀྱི་ཉི་མ་དག་ལ་ཡང་གསོ་སྦྱོང་ངེས་པར་གནས་པ་དང༌། རབ་ཏུ་ཞི་བས་བརྒྱན་ཏེ། མགོ་ཁྲུས་བྱས་ཏེ་གོས་དཀར་པོ་བགོས་ནས་གླང་པོ་ཆེའི་མཆོག་གངས་རི་འདྲ་བ། དྲེགས་པ་དངུལ་གྱིས་གདོང་བརྒྱན་པ། མཚན་ཉིད་དང༌། དུལ་བ་དང༌། མགྱོགས་པ་དང༌། སྙིང་སྟོབས་ཆེ་བ་ཕུན་སུམ་ཚོགས་པ། གྲགས་པ་བཞོན་པར་འོས་པའི་སྤོས་ཀྱི་གླང་པོ་ཆེ་མཆོག་ཞོན་ནས། གྲོང་ཁྱེར་གྱི་ཁོར་ཁོར་ཡུག་ན་བདག་གིས་སྦྱིན་


DTG168_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏང་བའི་ཁང་པ་སྐྱེ་བོ་ཕོངས་པ་རྣམས་ཀྱི་རྫིང་བུ་དང་འདྲ་བ་བཤམས་ཏེ་བཞག་པ་རྣམས་ཉུལ་དུ་སོང་ངོ༌། །དགའ་བའི་ཁྱད་པར་འདི་ལྟ་བུ་དག་ཐོབ་པར་གྱུར་ཏེ། ཕོངས་པ་རྣམས་ལ་སྦྱིན་འདོད་པའི། །དགའ་བ་གང་དག་སྐྱེ་བ་ནི། །ཁྱིམ་ན་གནས་པའི་ལོངས་སྤྱོད་ལ། །དེ་ཙམ་དུ་ནི་དགའ་བ་མེད། །དེ་ནས་རེ་ཞིག་ཅིག་དེ་དེ་ལྟར་སྦྱིན་པ་ལ་རབ་ཏུ་དགའ་བའི་སློང་མོ་པ་རྣམས་ཀྱིས་ཀུན་ཏུ་བསྐྲགས་པ་ཐོས་ནས། དེའི་ཚེ་ཉི་འོག་གི་རྒྱལ་པོ་གཞན་ཅིག་གིས་བསམས་པ། འདི་ནི་སྦྱིན་པ་ལ་དགའ་བའི་དབང་དུ་གྱུར་པས་བསླུ་བར་ནུས་སོ་སྙམ་ནས། གླང་པོ་ཆེའི་མཆོག་སོང་བའི་ཕྱིར་དེར་བྲམ་ཟེ་ཅིག་བཏང་ངོ༌། །དེ་ནས་ཐམས་ཅད་སྒྲོལ་རང་གིས་སྦྱིན་བཏང་གི་ཁང་པ་ཉུལ་ཞིང་རབ་ཏུ་དགའ་བས་བཞིན་གྱི་མདངས་བཟང་པོ་དང་ལྡན་པ་ལ། བྲམ་ཟེ་དེ་དག་གིས་རྒྱལ་བ་དང་ཤིས་པ་བརྗོད་ནས་ལག་པ་གཡས་པ་བསྒྲེང་སྟེ་བསྟོད་ནས་མདུན་དུ་སྡོད་པ་དང༌། །དེས་གླང་པོ་ཆེའི་མཆོག་དེ་བཟུང་ནས་ཞེས་དང་བཅས་པས་ཅི་བཞེད་གསུངས་ཤིག་ཅེས་ཅིའི་ཕྱིར་ལྷགས་པ་དྲིས་སོ། བྲམ་ཟེ་རྣམས་ཀྱིས་སྨྲས་པ། ཁྱོད་ནི་སྦྱིན་ལ་དགའ་བ་དང༌། །ཁྱོད་ཀྱི་གླང་པོ་ཆེན་པོ་འདི། །འགྲོས་བཟང་འགྱིང་ཞིང་འགྲོ་བ་ཡི། །ཡོན་ཏན་འཚལ་ཕྱིར་བདག་ཅག་མཆིས། །ཏི་སེའི་གངས་དང་འདྲ་བ་ཡི། །གླང་ཆེན་འདི་ནི་སྩལ་བ་ཡིས། །འཇིག་རྟེན་འདི་དག་ཡ་མཚན་གྱིས། །འདི་ནི་རབ་ཏུ་དགའ་བར་མཛོད། །ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སྙིང་དགའ་བས་ཀུན་ཏུ་རྒྱས་པར་གྱུར་ནས། ཡུན་རིང་མོ་ཞིག་ནས་གདོད་སློང་མོ་པའི་སྐྱེ་བོ་རླབས་ཆེར་སློང་ཕོད་པ་མཐོང་བར་གྱུར་ཏོ་སྙམ་དུ་བསམ་མོ། །བྲམ་ཟེ་འདི་དག་ལ་ནི་གླང་པོ་ཆེའི་རྒྱལ་པོ་འདི་ལྟ་བུ་ནི་ཅང་མི་དགོས་ཀྱི། གདོན་མི་ཟ་བར་འདི་ནི་བརྐམ་པ་དང༌། ཕྲག་དོག་གི་སྐྱོན་གྱིས་བདག་ལ་ཡིད་དཀྲུགས་པའི་རྒྱལ་པོ་འདོད་ཆེན་ཅིག་གིས་སྦྱར་ཏེ་བཏང་ངོ་སྙམ་དུ་ངེས་སོ། །གྲགས་དང་ཆོས་ལའང་མ་བལྟས་པར། །ང་ལ་ཕན་བཞིན་གང་བྱེད་པ། །རྒྱལ་པོ་དེ་ཡི་བསམས་པ་དག །རེ་ཐག་ཆད་པར་མི་བྱའོ། །དེ་ལྟར་ངེས་པར་བྱས་ནས། བདག་ཉིད་ཆེན་པོ་དེ་གླང་པོ་ཆེའི་མཆོག་དེ་


DTG168_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མྱུར་དུ་བབས་ཏེ་བཞེས་སུ་གསོལ་ཞེས་བྱས་ནས་གསེར་གྱི་རིལ་བ་གཏད་དེ། དེ་དག་གི་མདུན་ན་འདུག་གོ །ནོར་བསྒྲུབ་ངོར་ནི་ཆོས་ལམ་མི་མཐུན་པའི། །རྒྱལ་པོ་གཙུག་ལག་དག་ལ་མཁས་གྱུར་ཀྱང༌། །ཆོས་ལ་དགའ་བས་དེ་ནས་གླང་ཆེན་བྱིན། །ཚུལ་དང་དགའ་བས་དེ་ནི་གཡོས་མ་གྱུར། །གླང་ཆེན་གསེར་གྱི་དྲ་བས་མཛེས་པར་ལེགས་བརྒྱན་པ། །སྟོན་ཀའི་སྤྲིན་ཚོགས་གློག་འགྱུ་འདྲ་བ་དེ་བྱིན་ནས། །མི་ཡི་བདག་པོའི་སྲས་དེ་རབ་ཏུ་དགའ་བར་གྱུར། །ཚུལ་གྱི་ཕྱོགས་ལ་དགའ་བའི་གྲོང་ཁྱེར་པ་རྣམས་འཁྲུག །དེ་ནས་གླང་པོ་ཆེའི་རྒྱལ་པོ་དེ་བྱིན་པ་ཐོས་ནས་ཡུལ་ཤི་བི་པའི་བྲམ་ཟེ་རྒན་པོ་དང་བློན་པོ་བཀའ་ལ་གཏོགས་པ་དང༌། དམག་མི་དང་གྲོང་ཁྱེར་གྱི་གཙོ་བོ་རྣམས་ཅ་ཅོའི་སྒ་ཕྱུང་ནས། རྒྱལ་པོ་ཀུན་ཏུ་རྒྱལ་གྱི་དྲུང་དུ་ལྷགས་ནས། རྟབ་རྟབ་པོར་གྱུར་ནས་མི་བཟོད་ཅིང་སྡངས་ཏེ་ཞེས་བཏང་ནས་ཀོ་ལོང་དུ་སྨྲས་པ། ལྷ་རྒྱལ་སྲིད་ཀྱི་དཔལ་འདི་ལྟར་མཆོག་ཏུ་གྱུར་པ་ཡལ་བར་དོར་བ་ནི་ཅི་ལགས། ལྷ་ཉིད་ཀྱི་རྒྱལ་སྲིད་འདི་ལྟར་ཉམས་པར་གྱུར་པ་བཟོད་པར་མཛད་པ་མི་རིགས་སོ། །རྒྱལ་པོས་རིངས་རིངས་སྐད་དུ་འདི་ཅི་ཉེས་ཞེས་སྨྲས་པ་དང༌། ཡང་སྨྲས་པ། ཅི་ལྷ་མི་མཁྱན་ཏམ། གང་གི་འགྲམ་པ་བུད་པ་སྒྲ་སྒྲོགས་པ། །དངུལ་གྱི་དྲི་ཞིམ་རླུང་གིས་རེག་བ་ཡི། །གཞན་གྱི་གླང་པོ་མྱོས་ཤིང་དྲེགས་པ་རྣམས། །སྩལ་བའི་སྡུག་བསྔལ་མེད་པར་ཟིལ་གནོན་པ། །གང་གི་གཟི་ཡིས་ཁྱོད་ཀྱི་དགྲ་བོ་རྣམས། །མཐུ་སྟོབས་མནན་ཞིང་དྲགས་པ་མེད་བྱས་པ། །ཐམས་ཅད་སྒྲོལ་གྱིས་གླང་པོ་དེ་བྱིན་བས། །ཁྱོད་ཀྱི་རྒྱལ་བ་གཟུགས་ཅན་གཞན་ཡུལ་སོང༌། །བ་དན་གསེར་དང་གོས་དང་བཟའ་བ་དག །རྒྱལ་པོས་བྲམ་ཟེ་རྣམས་ལ་སྦྱིན་པར་འོས། །གང་ལ་དཔལ་དང་རྒྱལ་བ་ངེས་ཡོད་པའི། །གླང་ཆེན་བཏང་བ་སྦྱིན་པ་དཔའ་ཆེས་སོ། །ཚུལ་དང་འགལ་བའི་ལམ་དུ་སོང་བ་འདིས། །རྒྱལ་པོའི་དཔལ་ནི་ཇི་ལྟར་འགྲོ་ཞེས་འགྱུར། །འདི་ནི་ཡལ་བར་དོར་བ་ཁྱོད་ལ་གནོད། །ཁྱོད་ཀྱི་དགྲ་ནི་མདུན་ན་དགའ་བར་བྱེད། །དེ་སྐད་ཐོས་ནས་རྒྱལ་པོ་བུ་ལ་བྱམས་པས་དེ་དག་ཉིད་ལ་ཅུང་ཟད་ཅིག་མི་


DTG168_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་གྱུར་ནས། དགོས་པའི་དབང་གིས་མི་དགའ་བཞིན་དུ་དེ་ལྟར་བྱའོ་སྨྲས་ནས། ཡུལ་ཤི་བི་པའི་མི་རྣམས་ལ་ཡིད་བཞོས་ཏེ་སྨྲས་པ། ཐམས་ཅད་སྒྲོལ་འདི་སྦྱིན་པ་ལ་ཞུགས་ཤིང༌། །ཚུལ་གྱི་རིམ་པ་ལ་མི་ལྟ་བ་ངས་ཤེས་ཏེ། རྒྱལ་སྲིད་ལ་དབང་བྱེད་དུ་བཅུག་པ་ནི་དེ་ལྟར་སྤང་བར་བྱ་བ་མི་རིགས་མོད། འདིས་ཀྱང་རང་གི་གླང་པོ་ཆེ་བྱིན་ཟིན་པས། སྐྱུགས་པ་དང་འདྲ་བར་བོར་བ་ལྟ་བུ་ཅིག་སླར་འཕྲོག །འོན་ཀྱང་འདི་ཅི་ནས་སྦྱིན་པ་ལ་ཚོད་ཤེས་པར་བྱ་ཡིས་ཁྱེད་དེ་ལྟར་འཁྲུག་པར་མ་བྱེད་ཅིག །ཤི་བི་པ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཐམས་ཅད་སྒྲོལ་འདི་ནི་དོན་དེ་ལྟ་བུ་དག་ལ་གཏམས་པ་ཙམ་གྱིས་དམ་བཅའ་བཟློག་ཏུ་བཏུབ་པ་མ་ལགས་སོ། །ཀུན་ཏུ་རྒྱལ་བས་སྨྲས་པ། འོ་ན་དེ་ལ་ངས་གཞན་ཅི་ཞིག་བྱ། །ཉེས་པ་སྤྱོད་ལ་གང་ཞིག་རབ་དགའ་ཞིང༌། །ཡོན་ཏན་བརྟན་ལ་སྐྱོན་དུ་བཟུང་ངམ་ཅི། །གླང་པོ་དེ་ཡི་ཕྱིར་ནི་བདག་གི་བུ། །བསད་དམ་འོན་ཏེ་བཟུང་ངམ་ཅི་ཞིག་བྱ། །དེ་བས་ན་ཁྱེད་རྣམས་འདི་ལ་རྔམ་ཞིང་འཁྲུག་པར་མ་བྱེད་ཅིག །ངས་ཐམས་ཅད་སྒྲོལ་ལ་འདི་ལྟ་བུ་དག་བྱེད་དུ་མི་འཇུག་གོ །དེ་ནས་ཡུལ་ཤི་བི་པ་རྣམས་ཁྲོས་ནས་རྒྱལ་པོ་ལ་སྨྲས་པ། མི་ཡི་བདག་པོ་ཁྱོད་ཀྱི་སྲས་འདི་ལ། །བསད་དམ་བཅིང་ངམ་བརྡེག་པར་སུ་ཞིག་འཚལ། །ཆོས་ལ་ཞེན་པ་སྙིང་རྗེའི་བདག་ཉིད་པས། །འདིས་ནི་རྒྱལ་སྲིད་བཟུང་བ་ཡོངས་མི་ནུས། །འཁོར་གསུམ་བརྟེན་ཞིང་གཟི་བརྗིད་ཆེ་བ་ལ། །གྲགས་པ་ཐོབ་པ་སེང་གེའི་ཁྲི་ལ་འོས། །ཚུལ་ལ་མི་ལྟ་ཆོས་ལ་རབ་དགའ་བས། །འདི་ནི་དཀའ་ཐུབ་ནགས་ན་གནས་པར་འོས། །ས་ཡི་བདག་པོ་རྣམས་ཀྱི་ཚུལ་ཉེས་སྐྱོན། །དེ་ལ་བརྟེན་པ་རྣམས་ལ་འབྱུང་མོད་ཀྱི། །འོན་ཀྱང་དེ་དག་བཅོས་སུ་རུང་མ་མཆིས། །ས་བདག་གཙོ་བོ་ཉམས་ན་བཅོས་མི་རུང༌། །འདི་ལ་མང་དུ་གསོལ་ཡང་ཅི་འཚལ་ཏེ། །ཁྱོད་ཀྱི་སྲིད་ཉམས་མི་བཟོད་ཤི་བི་པ། །འདི་རྣམས་ཀྱིས་ནི་འདི་ལྟར་ངེས་པར་བཅད། །མི་རྗེའི་སྲས་འདི་བཀའ་ཐུབ་འཕེལ་བའི་ཕྱིར། །ཐུབ་པས་བསྟན་པའི་རི་པོ་འབང་ཀར་བཏང༌། །ཚུལ་མ་ཡིན་པར་ཉམས་སུ་དོགས་ཤིང་ཕན་པར་དགའ་བའི་སྐྱེ་བོ་དེ་


DTG168_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ངོ་བཟློག་མ་ཕོད་པར་སྨྲས་པ་དང༌། དེ་ནས་རྒྱལ་པོ་དེ་བུ་དང་བྲལ་བའི་སེམས་གདུངས་བས་ངོ་ཚ་བ་བཞིན་དུ། མགོ་སྨད་དེ་ཉམ་ང་ང་ལྟར་ཤུགས་ནར་སེ་བྱུང་ནས། བྱམས་ཤིང་སྦོབས་པ་དང༌། ཡིད་གཅུགས་པའི་དབང་གིས་ཡུལ་ཤི་བི་པ་རྣམས་ལ་སྨྲས་པ། ཁྱེད་དེ་ལྟར་འདི་ལ་གལ་གྱིས་འཆུ་ན་རེ་ཞིག་ཉིན་ཞག་གཅིག་ཙམ་ཅིག་སྤྲོ་སྲིངས་ཤིག་དང༌། སང་ནང་པར་ཁྱེད་ཀྱིས་བསམས་པ་བཞིན་དུ་ཐམས་ཅད་སྒྲོལ་བྱེད་དུ་བཅུག་གོ །ཡུལ་ཤི་བི་པ་རྣམས་ཀྱིས་དེ་ལྟར་བགྱིའོ་ཞེས་སྨྲས་ནས། བསྒོ་བ་ཉན་པ་དང༌། རྒྱལ་པོ་དེས་གསོལ་ཀ་བ་ལ་ཁྱོད་སོང་ལ་འདི་ལྟར་གྱུར་པ་ཐམས་ཅད་སྒྲོལ་ལ་སྤྲོན་ཅིག་ཅེས་བཀའ་སྩལ་ཏོ། །དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས། མྱ་ངན་གྱི་མཆི་མས་གདོང་ཁེབས་ཤིང༌། ཐམས་ཅད་སྒྲོལ་རང་གི་ཁང་པ་ན་འདུག་པ་དེའི་དྲུང་དུ་སོང་སྟེ། མྱ་ངན་གྱི་སྡུག་བསྔལ་གྱིས་ཤུགས་ཀྱི་སྐད་ཕྱུང་སྟེ་དུས་ནས། དེའི་རྐང་པ་གཉིས་ལ་ཕྱག་འཚལ་ལོ། །ཐམས་ཅད་སྒྲོལ་གྱིས་རྟབ་རྟབ་ལྟར། ཨེ་མ་རྒྱལ་པོ་ཐུགས་བདེའམ་ཞེས་དྲིས་པ་དང༌། མི་དགའ་བས་ཚིག་མི་གསལ་བར་དེ་ལ་རྒྱལ་པོ་ཐུགས་བདེ་ཞེས་སྨྲས་སོ། །འོ་ན་ཅིའི་ཕྱིར་དེ་ལྟར་མི་བརྟན་པར་གྱུར་ཞེས་ཐམས་ཅད་སྒྲོལ་གྱིས་ཡང་ཡང་དྲིས་པས། གསོལ་ཀ་བ་མཆི་མས་བརྣངས་ཤིང་སྐད་འཇོར་ལ་དབུགས་ཀྱིས་བརྣངས་པའི་ཚིག་མི་གསལ་བས། གཅོམ་ཆུང་དུས་སྨྲས་པ། ཤི་བི་པ་རྣམས་མི་སྲུན་པ། །འཁྲུགས་པར་གྱུར་ནས་རྒྱལ་པོའི་བཀའ། །འཇམ་པོར་སྩལ་ཡང་མི་ཉན་པར། །རྒྱལ་པོ་ཁྱོད་ནི་ཡུལ་ནས་འབྱིན། །ཐམས་ཅད་སྒྲོལ་གྱིས་སྨྲས་པ། ཡུལ་ཤི་བི་པ་རྣམས་ཅིའི་ཕྱིར་འཁྲུགས་ནས་ང་སྐྲད། འདུལ་དང་འགལ་བའི་ལམ་མི་འགྲོ། །བག་མེད་པ་ལ་ང་མི་དགའ། །ཉེས་པར་བྱས་པ་མ་མཐོང་ན། །ཤི་བི་པ་རྣམས་ཅི་ཕྱིར་འཁྲུག །གསོལ་ཀ་པས་སྨྲས་པ། ཧ་ཅང་རླབས་ཆེས་པས་ལེན་ནོ། །ཁྱོད་ནི་ཆགས་པ་མེད་ལ་དགའ་བར་གྱུར། །སློང་བ་རྣམས་ཀྱི་ཡིད་ནི་ཆགས་ལ་དགའ། །གླང་པོའི་རྒྱལ་པོ་ཁྱོད་ཀྱིས་བྱིན་པའི་ཕྱིར། །ཤི་བི་པ་རྣམས་འཁྲུགས་ནས་བསྟན་པ་ཉམས། །དེ་བས་རང་གི་


DTG168_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བོར་ཏེ། །ཁྱོད་ལ་ཚམ་ཚོམ་མེད་པར་ནི། །གང་དུ་སྤྱུགས་ཀྱང་མི་དང་པས། །ལམ་དེར་ཁྱོད་ཀྱང་སོང་ཞེས་ཟེར། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བ་ལ་གོམས་པ་ཤས་ཆེ་བ་དང༌། གཞུང་ལུགས་སྐྱེ་བོ་སློང་བ་རྣམས་ལ་བྱམས་པ་དང༌། རང་གི་བསྟན་པ་ཕུན་སུམ་ཚོགས་པའི་ཕྱིར་སྨྲས་པ། ཡུལ་ཤི་བི་པ་རྣམས་ནི་མི་བརྟན་པའི་རང་བཞིན་ཅན་ཡིན་ཏེ། ངས་རང་བཞིན་མི་ཤེས་པ་ལྟར་བྱེད་མོད། །འཇིག་རྟེན་དོན་དུ་ང་ཡི་ལུས་འཛིན་ན། །ཕྱི་རོལ་ནོར་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རང་གི་མིག་དང་མགོ་ཡང་ངས་སྦྱིན་ན། །ཕྱི་རོལ་ནོར་སྦྱིན་སྨོས་ཀྱང་ཅི་ཞིག་དགོས། །སློང་བ་རྣམས་ཀྱི་སློང་བའི་ཚིག་རྣམས་ལ། །རང་གི་ལུས་ཀྱང་གཏོང་བར་སེམས་པ་ལ། །སྐྲག་པར་བྱས་ནས་མི་སྦྱིན་སེམས་སྙམ་པ། །བྱིས་པ་རང་གི་རང་བཞིན་སྟོན་པ་ཟད། །ཤི་བི་པ་རྣམས་ཐམས་ཅད་ཀྱིས། །ང་ནི་བསད་དམ་སྤྱུགས་ཀྱང་རུང༌། །མི་སྦྱིན་པ་ནི་ངས་མི་བྱེད། །དཀའ་ཐུབ་ཚལ་དུ་འགྲོ་ཟད་མོད། །དེ་ནས་བྱང་ཆུབ་སེམས་དཔའི་བཙུན་མོས་གཏམ་ངན་དེ་ཐོས་ནས་བཞིན་འགྱུར་བ་ལ། ཡུལ་ཤི་བི་པ་རྣམས་ཀྱིས་འདིར་ཇི་ལྟར་ངེས་པར་བྱས་པ་ཁྱོད་ཀྱིས་ཐོས་སམ། ང་ལས་ཁྱོད་ཀྱིས་ཅི་ཐོབ་དང༌། །གང་ཡང་ཁྱོད་ཀྱི་ཕ་མ་ཡི། །ནོར་རྣམས་ཅུང་ཟད་ཅི་ཡོད་པ། །དེ་དག་ཁྱོད་ཀྱིས་གཏེར་དུ་སྤོས། །མ་དྲིས་སྨྲས་པ། ལྷ་འདི་དག་གར་གཏེར་དུ་སྦ་བར་བགྱི། ཐམས་ཅད་སྲོལ་གྱིས་སྨྲས་པ། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་སྦྱིན། །ནོར་རྣམས་དེ་ལྟར་གཏེར་བཅུག་པ། །རྗེས་སུ་འགྲོ་ཞིང་ཕྲོག་ཏུ་མེད། །གྱོས་སྒྱུག་གཉིས་ཀྱང་དགའ་བར་བྱོས། །ཆོས་ལ་གཅིག་ཏུ་བག་ཡོད་བྱོས། །ང་མེད་མྱ་ངན་མ་བྱེད་ཅིག །མ་དྲིས་དེ་ཐོས་ནས་སྙིང་རབ་ཏུ་གདུངས་ནས། ཁྱིམ་ཐབ་མི་དགའ་བ་སྤང་བའི་ཕྱིར་མྱ་ངན་དང་མི་དགའ་བ་བཏང་སྟེ་སྨྲས་པ། རྒྱལ་པོ་ཆེན་པོ་ཉག་གཅིག་པུ། །ནགས་སུ་གཤེགས་པའི་ཆོས་མ་མཆིས། །རྒྱལ་རིགས་གང་དུ་གཤེགས་པ་དེར། །བདག་ཀྱང་དེ་བས་མཆི་བར་འཚལ། །ཁྱོད་སྤངས་ནས་ནི་ཡོངས་བསྐོར་ཏེ། །གནས་ཀྱང་བདག་ཉིད་ངེས་པར་མཆི། །དུལ་བ་ཁྱེད་གང་གསོན་པ་དེར། །འཆི་


DTG168_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་མེད་པར་འགྱུར། །ལྷ་བདག་ནི་ནགས་ན་གནས་པ་མི་བདེ་བར་མ་མཐོང་ལགས་སོ། །ཅིའི་ཕྱིར་ཞེ་ན། མི་སྲུན་མི་མེད་ཤིང་དང་ཆུ་མང་བསྐྱེད། །བྱ་རྣམས་སྣ་ཚོགས་སྒྲ་འབྱིན་རི་དྭགས་མང༌། །ནེའུ་གསེང་སྔོན་པོ་ཡིད་འོང་བཻ་ཌཱུ་ར་འདྲ། །སྐྱེད་མོས་ཚལ་བས་དཀའ་ཐུབ་ནགས་ཚལ་དགྱེས། །ལྷ་གཞན་ཡང༌། ནགས་ཚལ་ལྕུག་མའི་ཁྲོད་དག་ན། །གཞོན་ནུ་འདི་གཉིས་ཕྲེང་བ་ཡིས། །བརྒྱན་ཅིང་བརྩེ་བ་གཟིགས་ན་ནི་།རྒྱལ་སྲིད་དག་ཀྱང་དགོས་མི་འགྱུར། །དུས་ཀྱི་དབང་གིས་གྱུར་པ་ཡི། །ནགས་ཚལ་མཛེས་པ་གསར་པ་དང༌། །སྨན་ལྗོངས་འབབ་ཆུར་བཅས་པ་ཡི། །ནགས་ཚལ་དག་ན་དགྱེས་པར་འགྱུར། །དགའ་བས་འཚལ་བའི་བྱ་རྣམས་ནི། །སྣ་ཚོགས་སྒྲ་འབྱིན་སིལ་སྙན་བཞིན། །འདོད་ཆགས་བདེ་བའི་སློབ་དཔོན་གྱིས། །བསྟན་པའི་རྨ་བྱ་གར་ཡང་བགྱིད། །བུང་བའི་ན་ཆུང་གླུ་ལེན་པ། །རབ་ཏུ་སྙན་ཅིང་མ་སྨད་པ། །ནགས་ཚལ་དག་ན་གླུ་གར་གྱིས། །ཁྱོད་ཀྱི་ཐུགས་ནི་དགྱེས་པར་བགྱིད། །ནགས་ཚལ་དག་ན་མཚན་མོ་ཟླ་འོད་ནི། །རས་དཀར་བཟང་པོས་གཡོགས་པའི་རྡོ་ལེབ་དང༌། །མེ་ཏོག་ཤིང་གི་དྲི་ཞིམ་བསྒོས་པ་ཡི། །ནགས་ཚལ་སེར་བུའི་བསིལ་ཡབ་གཡོབ་པར་བགྱིད། །འབབ་ཆུའི་ན་ཆུང་གོར་མས་བསྐྱོད་པ་ཡི། །ཆབ་སྒྲ་སྙན་པ་ལྷང་ལྷང་སྒྲ་སྒྲོགས་པ། རྒྱན་གྱི་སྒྲ་རྣམས་སིལ་ཁྲོལ་མཆིས་པ་བཞིན། །ཁྱོད་ཀྱི་ཐུགས་ནི་རབ་ཏུ་དགྱེས་པར་བགྱིད། །དེ་དེ་ལྟར་བཙུན་མོ་གནང་ཆེན་གྱིས་ཡིད་བཞོས་པ་དང༌། ནགས་སུ་འགྲོ་བ་ལ་སེམས་སྤྲོ་བར་གྱུར་ནས། སྐྱེ་བོ་སློང་མོ་པ་རྣམས་ལ་བལྟས་ཏེ། སྦྱིན་པ་ཆེན་པོ་སྦྱིན་པ་ལ་ཞུགས་སོ། །དེ་ནས་ཐམས་ཅད་སྒྲོལ་དེ་ལྟར་བཏང་བར་གྱུར་པ་ཐོས་ནས། རྒྱལ་པོའི་ཕོ་བྲང་ན་དུད་མོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །སྐྱེ་བོ་སློང་མོ་པ་རྣམས་ཀྱང་མྱ་ངན་གྱིས་གདུངས་པའི་ཤུགས་ཀྱིས་བརྒྱལ་བ་བཞིན་དུ་གྱུར་ཞིང༌། སྨྱོ་བླ་ཅན་དུ་གྱུར་པ་བཞིན་དུ་སྨྲེ་སྔགས་རྣམ་པ་མང་པོ་འདོན་པར་གྱུར་ཏོ། །འབྲས་བུ་ཞིམ་པོ་ཡོད་པའི་གྲིབ་ཤིང་དག །བཅད་པའི་ཕྱིར་ནི་སྟ་རེ་གཟས་པ་རྣམས། །འཛིན་པའི་ས་ནི་ངོ་མཚར་


DTG168_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་པ། །འདི་ནི་སེམས་དཔའ་མེད་པར་གསལ་བར་མངོན། །ཆུ་གཙང་ཞིམ་པོ་བསིལ་བས་གང་བ་ཡི། །རྫིང་བུ་འདྲ་བ་དག་ཀྱང་མི་འགོག་ན། །འཇིག་རྟེན་སྐྱོང་རྣམས་མིང་ནི་དོན་མེད་གྱུར། །གྲགས་པས་ཟད་དམ་གལ་ཏེ་གུད་དུ་སོང༌། །གང་ན་རྒྱལ་པོ་ཐམས་ཅད་སྒྲོལ། །རང་གི་སྲིད་ལས་ཕྱུང་བས་ན། །ཀྱེ་མའོ་ཆོས་མིན་གཉིད་མ་ལོག །ཆོས་ནི་གཉིད་ལོག་ཡང་ན་ཤི། །བདག་ཅག་ཕོངས་པ་སློང་མོ་པ། །ཉེས་པ་ཅུང་ཟད་མེད་པ་ལ། །སྲོག་ལ་རྒོལ་བ་མི་སྲུན་པ། །དེ་ལས་ཕུང་བྱེད་མཁས་པ་མེད། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་རིན་པོ་ཆེ་དང༌། གསེར་དངུལ་གྱིས་གང་བའི་མཛོད་འབུམ་ཕྲག་དུ་མ་དང༌། ནོར་དང་འབྲུ་མང་པོར་ལྡན་པའི་བང་མཛོད་རྣམས་དང༌། བྲན་ཕོ་དང༌། བྲན་མོ་དང༌། ཐེག་པ་དང༌། བཞོན་པ་དང༌། གོས་དང་ཡོ་བྱད་ལ་སོགས་ཐམས་ཅད་ཕོངས་པ་རྣམས་ལ་ཇི་ལྟར་རིགས་པ་བྱིན་ཏེ། ཕ་མ་མྱ་ངན་གྱི་སྡུག་བསྔལ་གྱིས་བརྟན་པ་ཟིལ་གྱིས་གནོན་པའི་རྐང་པ་གཉིས་ལ་ཕྱག་འཚལ་ནས། བུ་དང་ཆུང་མར་བཅས་ཏེ་ཤིང་རྟའི་མཆོག་ལ་ཞོན་ནས། བསོད་ནམས་ཀྱི་ཉིན་བར་གྱི་སྒྲ་བཞིན་དུ་སྐྱེ་བོ་མང་པོ་ཆོ་ངེ་འདོན་པའི་སྒྲ་སྒྲོགས་ཤིང༌། གྲོང་ཁྱེར་ཆེན་པོ་མཆོག་གི་ནང་ནས་ཕྱིར་བྱུང་སྟེ། །རྗེས་སུ་ཆགས་པའི་དབང་གིས་རྗེས་སུ་འབྲང་བའི་སྐྱེ་བོ་མྱ་ངན་གྱིས་གདུངས་པའི་མཆི་མ་ལ་གདོང་གཡོགས་པ་རྣམས་ནན་གྱིས་སླར་བཟློག་སྟེ་བཀྱེ་ནས། བདག་ཉིད་ཀྱིས་སྲབ་སྐྱོགས་བཟུང་སྟེ། རི་བོ་འབང་ཀ་ལ་གལ་བ་དེར་སོང་ངོ༌། །གྲོང་ཁྱེར་གྱི་མཆོག་གི་ཉེ་ཀོར་བ་སྐྱེད་མོས་ཚལ་བཟང་པོ་ཡིད་དུ་འོང་བ་དངར་བ་འདས་ནས་ཀྱང༌། ཡིད་ལ་འཁྲུགས་པ་མེད་པ་མཐར་གྱིས་གྲིབ་ཤིང་ཉུང་ཞིང་སྐྱེ་བོ་མང་པོ་འདུ་བའི་རྒྱུན་ཆད་པ། རི་དྭགས་མང་པོ་རྒྱུ་བ། ཕྱོགས་གསལ་བར་སྣང་བ། ཚད་པས་བྱིའུ་ཙ་ཙའི་སྒྲ་གྲག་པའི་དགོན་པ་ཅིག་ཏུ་ཕྱིན་ཏོ། །དེ་ནས་བྲམ་ཟེ་འཁྱམས་པ་དག་ཅིག་གིས་དེ་ལ་ཤིང་རྟ་འདྲེན་པའི་རྟ་བསླངས་སོ། །དཔག་ཚད་དུ་མའི་ལམ་དུ་དེ་ལུས་པ། །བུ་སྨད་བཅས་ཤིང་གྲོགས་ནི་མེད་གྱུར་ཀྱང༌། །སྦྱིན་ལ་དགའ་བས་ཕྱི་རྗེས་མི་ལྟ་བར། །བྲམ་ཟེ་རྣམས་ལ་རྟ་བཞི་བྱིན་


DTG168_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཤིང་རྟ་དྲངས་པར་བརྩམས་ནས་ལེགས་པར་ཆས་པ་དང༌། གནོད་སྦྱིན་གཞོན་ནུ་བཞི་རི་དྭགས་དམར་པོའི་གཟུགས་སུ་བསྒྱུར་ནས་རྟ་བཟང་པོ་རབ་ཏུ་དུལ་བ་བཞིན་དུ་བདག་ཉིད་ཀྱི་ཤིང་རྟའི་གཉའ་ཤིང་གཉའ་བར་ཐོགས་པར་གྱུར་ཏོ། །དེ་མཐོང་བ་དང་མ་དྲིས་དགའ་ཞིང་ངོ་མཚར་དུ་གྱུར་པས་མིག་བགྲད་པ་ལ་བྱང་ཆུབ་སེམས་དཔས་སྨྲས་པ། གང་ན་འདི་ལྟར་གློ་བུར་འོངས་པ་ལ། །བྱམས་པའི་རྩ་ཟུག་རི་དྭགས་མཆོག་འཁོད་ནགས། །དཀའ་ཟུར་ཅན་གྱི་ནགས་བཅས་བཀུར་བ་ཡི། །མཐུ་ཆེན་ཁྱད་པར་འཕགས་པ་འདི་ལ་ལྟོས། །མ་དྲིས་སྨྲས་པ། དམ་པ་རྣམས་ཀྱི་ཡོན་ཏན་དང༌། །རབ་ཏུ་གོམས་ཀྱང་མི་འདྲ་བས། །བདག་གིས་བསམས་ན་མཐུ་ཆེན་འདི། །རྒྱལ་པོ་ཁྱོད་ཀྱི་ལགས་པ་སྙམ། །མཚོ་ཡི་ནང་ན་སྐར་མའི་གཟུགས་བརྙན་རྣམས། །ཀུ་མུད་རྒྱས་པ་ལྷག་པར་མཛེས་གྱུར་པ། །ཟླ་བའི་འོད་ཟེར་ལྟད་མོ་ལྟ་བ་བཞིན། །འདིར་མཆིས་པ་རྣམས་རྒྱུར་གྱུར་ལགས་པ་སྙམ། །འདི་ལྟར་དེ་དང་དེ་དག་ཕན་ཚུན་རྗེས་སུ་མཐུན་པས་གཅིག་ལ་གཅིག་སྙན་པར་སྨྲ་ཞིང་ལམ་དུ་ཞུགས་ཏེ་དོང་པ་ལས། བྲམ་ཟེ་ཅིག་བྱུང་ནས་བྱང་ཆུབ་སེམས་དཔའ་ལ་ཤིང་རྟ་བསླངས་སོ། །སློང་ལ་དགའ་བས་སྙན་གྱུར་པ། །བདག་གིས་ནོར་ལ་མ་ཆགས་དེས། །ཤིང་རྟ་བྱིན་པས་བྲམ་ཟེ་དེ། །རེ་བ་ཡོངས་སུ་རྫོགས་པར་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་དགའ་བཞིན་དུ། བདག་དང་བུ་སྨད་ཤིང་རྟ་ལས་བབས་ཏེ། ཤིང་རྟའི་མཆོག་བྲམ་ཟེ་ལ་བྱིན་ནས། གཞོན་ནུ་དྲ་བ་ཅན་པང་དུ་ཐོགས་ཏེ་རྐང་པས་ལམ་དུ་ཞུགས་སོ། །མ་དྲི་ཡང་ཡིད་ལ་མི་དགའ་བ་མེད་པར་གཞོན་ནུ་མ་ཀྲྀཥྞ་འཛིན་པང་དུ་ཐོགས་ཏེ་དེ་དང་འགྲོགས་ཏེ་སོང་ངོ༌། །ལྗོན་པའི་ཤིང་རྣམས་འབྲས་བུ་བཟང་པོ་ཡི།། རྩེ་མོ་བཏུད་ནས་མགྲོན་དུ་གཉེར་བ་བཞིན། །བསོད་ནམས་མཐུ་ཡིས་མངོན་དུ་ལྟ་བྱེད་ཅིང༌། །སློབ་མ་དུལ་བ་ཕྱག་ཀྱང་འཚལ་བ་འདྲ། །གང་དུ་ཆུ་འདོད་གྱུར་པ་དེ་དག་ཏུ། །ངང་པའི་དཔུང་མགོས་པདྨ་བསྐྱོད་པ་ཡི། །ཟེ་བ་ལྷགས་པས་སེར་པོ་གསལ་གྱུར་པའི། །མཚོ་རྣམས་


DTG168_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རབ་ཏུ་བྱུང་བར་གྱུར། །སྤྲིན་རྣམས་ཀྱིས་ཀྱང་བླ་རེ་བཟང་པོ་བྲེས། །སེར་བུ་བདེ་བའི་དྲི་ཞིམ་ངད་ཀྱང་ལྡང༌། །ངལ་བའི་སྡུག་བསྔལ་མྱོང་བ་མི་བཟོད་པས། །གནོད་སྦྱིན་རྣམས་ཀྱིས་དེ་ཡི་ལམ་ཡང་བསྟུངས། །དེ་ལྟར་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་ནང་དུ་འགྲོ་བ་བཞིན་དུ་ཆོས་ལ་དགའ་བའི་བདེ་བ་རྗེས་སུ་མྱོང་ཞིང། །ལམ་གྱིས་དུབ་པའི་སྡུག་བསྔལ་མ་མྱོང་བར་བུ་སྨད་དང་བཅས་ཏེ་ཕྱིན་ནས། འབང་ཀའི་རི་མཐོང་བར་གྱུར་ཏེ། དེ་ན་ཡང་མེ་ཏོག་དང༌། འབྲས་བུ་དང༌། ལོ་མས་བརྒྱན་པའི་ཤིང་ལྗོན་པ་སྣུམ་སྣུམ་ལྟར་འདུག་པ་དུ་མས་གང་བ། བྱ་མང་པོ་འདོད་པས་མྱོས་ཤིང༌། དགའ་བའི་སྒྲ་འབྱིན་ཅིང༌། རྨ་བྱ་མང་པོ་གང་བྱེད་པས་མཛེས་པར་གྱུར་པ། རི་དྭགས་ཀྱི་རིགས་དུ་མ་རྒྱུ་བ་མཚོ་ཆུ་སྔོན་པོ་གཙང་མས་ཆེད་དུ་བསྐོར་བ་ལྟར་འདུག་པ། མེ་ཏོག་གི་དྲིས་བསྒོས་པའི་སེར་བུའི་ངད་ལྡང་བའི་དཀའ་ཐུབ་ཀྱི་ནགས་ཚལ་དུ། ནགས་ཚལ་ན་རྒྱུ་བ་རྣམས་ཀྱིས་ལམ་མཚོན་ཏེ་ཞུགས་པ་དང༌། དེ་ཡང་བརྒྱ་བྱིན་གྱིས་བཀའ་སྩལ་ཏེ། ལས་སྣ་ཚོགས་བྱེད་པ་ཉིད་ཀྱིས་བྱས་པ། ཤིང་ལོའི་ཁང་པ་མཐོང་ན་ཡིད་དུ་འོང་བ། དུས་ཐམས་ཅད་དུ་བདེ་བ་དེ་ལྟ་བུ་ཞིག་ན་གནས་བཅས་ཏེ་འདུག་གོ །ནགས་ཚལ་དེ་ན་ཆུང་མ་འདུག་པས་བཀུར་སྟི་བྱས། །བདག་གིས་བྱིས་པའི་སྙན་ངག་མ་བསྒྲིབ་སྙན་པ་ཉན། །སྐྱེད་མོས་ཚལ་ན་འདུག་བཞིན་རྒྱལ་སྲིད་བསམ་པ་མེད། །ལོ་ཕྱེད་ལྷག་ཙམ་དེ་ནི་དཀའ་ཐུབ་སྤྱོད་པར་གྱུར། །དེ་ནས་རྒྱལ་པོའི་བཙུན་མོས་རྩ་བ་དང༌། འབྲས་བུ་ཚོལ་དུ་སོང་བའི་འོག་ཏུ་བྱིས་པ་གཉིས་སྐྱོང་བའི་ཕྱིར་རྒྱལ་པོ་བུ་དང་གནས་བསྲུང་ཞིང་འདུག་པ་ན། བྲམ་ཟེ་ལམ་གྱི་རྡུལ་གྱིས་རྐང་པ་དང་བྱིན་པ་རྩུབ་རྩུབ་ལྟར་འདུག་པ། ཤིན་ཏུ་ངལ་བ་བཞིན་མདོག་དང་མིག་རྩ་ཉམས་པ། རིལ་བ་སྤྱི་བླུགས་དབྱུག་པ་ལ་བཏགས་པ་ཕྲག་པར་ཐོགས་པ། ཆུང་མས་གཡོག་ཁྲིད་ལ་ཤོག་ཅིག་པར་ཆེད་ཆེར་སྦྲན་པ་ཅིག་ཕྱོགས་དེར་འོངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུན་རིང་མོ་ཅིག་ནས་སློང་མོ་བ་འོངས་པ་མཐོང་ནས་ཡིད་རབ་ཏུ་དང་བས་མིག་དང་བཞིན་གྱི་མདངས་རབ་ཏུ་གསལ་བར་གྱུར་ནས་བསུས་ཏེ་འོངས་པ་


DTG168_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པ་བརྗོད་དེ། དཀའ་ཐུབ་ཀྱི་ནགས་ཀྱི་ནང་དུ་བཞག་ནས། གློ་བུར་དུ་འོངས་པ་ལ་བཀུར་སྟི་བྱས་ཏེ། ཅིའི་ཕྱིར་འོངས་པ་དྲིས་སོ། །དེ་ནས་བྲམ་ཟེ་དེ་ཆུང་མ་ལ་བྱམས་པས་བརྟེན་པ་དང་ངོ་ཚ་བ་བོར་ཞིང་སློང་བ་འབའ་ཞིག་ཏུ་ཆས་པས་དོན་འདི་ལྟར་སྨྲས་སོ། །གང་ན་སྣང་ཞིང་མཉམ་པའི་ལམ་ཡོད་པས། །འཇིག་རྟེན་འདི་དག་དེར་དོང་ཉམ་ངར་མིན། །འགྲོ་བ་འདི་ནི་ཕལ་ཆེར་སེར་སྣས་བསྒྲིབས། །བདག་གིས་གཞན་དུ་སློང་བའི་ཚིག་མི་ཕྱིན། །སྦྱིན་ལ་དཔའ་བའི་གྲགས་དང་དཔལ་དག་གིས། །མཐར་བྱུང་མ་ལུས་ཁྱོད་ཀྱིས་མཐར་ཕྱིན་པས། །དེ་ཕྱིར་བདག་ནི་སློང་མོ་བགྱིད་པར་གྱུར། །དེ་བས་སྲས་གཉིས་བདག་ལ་གཡོག་ཏུ་སྩོལ། །དེ་སྐད་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ལ་དགའ་བས་གོམས་པར་བྱས་ཤིང༌། སླར་བཟློག་པ་ནི་མ་བསླབས་པས། །རབ་ཏུ་སྡུག་པའི་བུ་གཉིས་ཀྱང༌། །ཚམ་ཚོམ་མེད་པར་སྦྱིན་ཞེས་སྨྲས། །བདེ་ལེགས་སུ་གྱུར་ཅིག །ད་འདི་ན་མཆིས་ཏེ་ཅི་བགྱིས་ཞེས་བྲམ་ཟེས་སྨྲས་པ། བུ་གཉིས་ཀྱིས་སྦྱིན་པའི་གཏམ་ཐོས་ནས་སྐྲག་པས་མིག་རིག་རིག་པོར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཤུགས་ཀྱིས་སྙིང་གདུངས་པར་གྱུར་ཏེ་སྨྲས་པ། །ཁྱོད་ལ་འདི་གཉིས་ངས་བྱིན་ན། །འདི་གཉིས་མ་ནི་ནགས་ཚལ་དུ། །རྩ་བ་འབྲས་བུ་ཚོལ་དུ་སོང༌། །དེ་ཡང་དེ་རིང་འདིར་འོང་གིས། །འདིར་ཡང་ཞག་གཅིག་ངལ་སོས་ལ། །ད་དང་འཕྲད་ནས་གཏམ་བྱས་པ། །རྒྱན་གྱིས་བརྒྱན་ཅིང་ཕྲེང་བ་ཅན། །ང་ཡི་བུ་གཉིས་སང་ཁྲིད་ཅིག །བྲམ་ཟེས་སྨྲས་པ། ཁྱོད་འདི་ལ་དུས་ཀྱི་འཚུབ་འདི་ཐོང་ཅིག །བུད་མེད་རྣམས་ནི་མི་དྲང་བས། །མིང་ནི་གཡོ་ཅན་ཞེས་སུ་བཏགས། །ཁྱོད་ཀྱི་སྦྱིན་ལ་གེགས་བྱེད་ཀྱིས། །དེ་བས་བདག་ནི་འདུག་མི་འདོད། །བྱང་ཆུབ་སེམས་དཔས་སྨྲས་པ། སྦྱིན་པའི་གེགས་སུ་འགྱུར་དུ་མ་དོགས་ཤིག །དེ་ནི་ང་ཡི་ཆོས་སྤྱོད་པའི་གྲོགས་ཡིན་མོད་ཀྱི། འོན་ཀྱང་འདི་ལ་ཁྱོད་ཅི་དགར་ཟད་མོད། གཞན་ཡང་བྲམ་ཟེ་ཆེན་པོ། རབ་ཏུ་གཞོན་ཞིང་


DTG168_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་གཉིས། །གཡོག་གི་བྱ་བ་མི་མཁས་པས། །འདི་གཉིས་ཁྱོད་ཀྱི་བྲན་བྱེད་ཀྱང༌། །ཇི་ལྟ་བུར་ན་མགུ་བར་འགྱུར། །ཤི་བིའི་རྒྱལ་པོ་ང་ཡི་ཡབ། །འདི་གཉིས་འདི་ལྟར་གྱུར་མཐོང་ནས། །འདི་གཉིས་བསླུ་བའི་ནོར་དག་ནི། །ཅི་འདོད་ཁྱོད་ལ་ངེས་པར་སྟེར། །དེ་བས་དེ་ཡི་ཡུལ་དུ་ནི། །འདི་གཉིས་ཁྲིད་ན་ལེགས་པར་འགྱུར། །དེ་ལྟར་བྱས་ན་ནོར་ཆེན་དང༌། །ཆོས་རྣམས་དང་ཡང་ལྡན་པར་འགྱུར། །བྲམ་ཟེས་སྨྲས་པ། བདག་ནི་རྒྱལ་པོ་སྤྲུལ་གདུག་པ་དང་འདྲ་བའི་དྲུང་དུ་མི་དགའ་བ་སྐྱེས་འཚལ་ཏེ་མཆི་བའི་རྔོ་མི་ཐོགས་སོ། །རྒྱལ་པོས་བདག་གི་འདི་གཉིས་འཕྲོག །ཡང་ན་ཆད་པས་གཅོད་ཀྱང་སྲིད། །དེ་བས་འདི་གཉིས་བྲམ་ཟེ་ཆེན་མོ་ཡི། །གཡོག་ཏུ་བདག་གིས་ཁྲིད་དེ་མཆི། །དེ་ནས་བྱང་ཆུབ་སེམས་དཔས་དོན་ཡོངས་སུ་མ་རྫོགས་པར་འོ་ན་ཅི་དགར་ཟད་ཅེས་སྨྲས་ནས། བུ་གཉིས་ལ་ཆགས་པ་དང་བཅས་པར་གཡོག་ལེགས་པར་བྱོས་ཤིག་ཅེས་གདམས་ནས་ལེན་དུ་གཞུག་པའི་ཕྱིར། བྲམ་ཟེའི་ལག་པ་བརྐྱང་པ་ལས། རིལ་བ་སྤྱི་བླུགས་གཏད་དོ། །དེ་ཡིས་བསྒྲིམས་པའི་མཐུ་དག་གིས། །རིལ་བ་ལས་ནི་ཆུ་བྱུང་ནས། །མིག་ནི་པདྨའི་འདབ་འདྲ་ལས། །མ་བསྒྲིམ་པར་ཡང་མཆི་མ་བྱུང༌། །དེ་ནས་བྲམ་ཟེ་དེ་བརྐམ་པས་ཧ་ཅང་ཡང་དགའ་ཆེས་ནས། རྟབས་པ་དང་བཅས་པའི་ཡིད་ཀྱིས། བྱང་ཆུབ་སེམས་དཔའི་བུ་འཕྲོག་པར་རིངས་ནས་ཤིས་པར་བརྗོད་པའི་ཚིག་མདོར་སྨྲས་པ། ཚིག་དྲག་པོ་རྩུབ་མོས་ཕྱིར་བྱུང་ཞེས་སྨྲས་ནས། གཞོན་ནུ་གཉིས་དཀའ་ཐུབ་ཀྱི་ནགས་ནས་ཕྱིར་ཕྱུང་ངོ༌། །དེ་ནས་གཞོན་ནུ་གཉིས་ཕ་མ་དང་བྲལ་བའི་སྡུག་བསྔལ་གྱིས་སྙིང་གདུངས་པས། ཕ་ལ་ཕྱག་འཚལ་ནས། མིག་མཆི་མས་གང་བཞིན་དུ་སྨྲས་པ། ཡབ་གཅིག་ཡུམ་ཡང་སླད་རོལ་བྱུང༌། །ཁྱོད་ཀྱིས་བདག་ཅག་གཏོང་བར་བཞེད། །མ་དང་མ་འཇལ་བར་དུ་གཞེས། །དེ་ནས་བདག་ཅག་ཁྱོད་ཀྱིས་སྩོལ། །དེ་ནས་བྲམ་ཟེ་དེས་བསམས་པ། འདི་གཉིས་ཀྱི་མ་ཡང་དེ་རིང་ཚུར་འོང་ལ། འདི་ཡང་བུ་ལ་བྱམས་པས། འགྱོད་པ་སྐྱེ་ཡང་སྲིད་དོ་སྙམ་ནས། པདྨའི་བམ་པོ་བཅིངས་པ་བཞིན་དུ་


DTG168_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱི་ལག་པ་ལྕུག་མས་བཅིངས་པ་དང༌། དེ་གཉིས་གཅིག་ལ་གཅིག་འཁྲི་ཞིང༌། །ཕ་ལ་བཞིན་སླར་ཕྱོགས་ཏེ། ལྟ་བ་རབ་ཏུ་གཞོན་པའི་གཞོན་ནུ་གཞོན་ཤ་ཅན་གཉིས་བསྡིགས་ཤིང་ཁྲིད་དོ། །དེ་ནས་གཞོན་ནུ་མ་ཀྲྀཥྞ་འཛིན་སྡུག་བསྔལ་དང་པོ་མྱོང་བ་དེས་སྐད་ཕྱུང་སྟེ་དུ་ཞིང་ཕ་ལ་སྨྲས་པ། ཕ་གཅིག་བདག་ལ་བྲམ་ཟེ་འདིས། །བརྩེ་བ་མེད་པར་ལྕུག་མས་བཀྱིགས། །བྲམ་ཟེ་ཆོས་དང་ལྡན་ཞེས་གདའ། །འདི་ནི་བྲམ་ཟེ་མ་ལགས་ངེས། །གནོད་སྦྱིན་བྲམ་ཟེར་བསྒྱུར་ནས་ནི། །ངེས་པར་ཟ་བའི་ཕྱིར་ཁྲིད་དོ། །ཤ་ཟས་བདག་ཅག་ཁྲིད་གྱུར་ན། །ཡབ་ཀྱིས་ཅི་ཕྱིར་ཡལ་བར་བོར། །དེ་ནས་གཞོན་ནུ་དྲ་བ་ཅན་གྱིས་སྨྲེ་སྔགས་འདོན་ཅིང་སྨྲས་པ། བྲམ་ཟེས་བདག་ལ་བརྡེག་པ་ཡི། །དེ་ཙམ་སྡུག་བསྔལ་མི་ཆེ་ཡི། །དེ་རིང་ཡུམ་དང་མ་འཇལ་བ། །དེ་ཡིས་བདག་སྙིང་གས་པ་བཞིན། །དཀའ་ཐུབ་ནགས་ཚལ་སྟོང་པ་ན། །ཡུམ་ནི་ཡུན་རིང་ངེས་པར་བཤུམ། །ཉོན་མོངས་བུ་ཡི་སྡུག་བསྔལ་གྱིས། །བྱིའུ་ཕྲུག་བསད་པའི་མ་མ་བཞིན། །བདག་ཅག་ཕྱིར་ནི་ནགས་ཚལ་ནས། །རྩ་བ་ཤིང་ཐོག་མང་པོ་རྣམས། །བསྣམས་ཏེ་བྱོན་ནས་གནས་སྟོང་འདིར། །གཟིགས་ནས་ཡུམ་ནི་ཇི་ལྟར་འགྱུར། །ཡབ་གཅིག་ཆིབས་རྟ་འདི་རྣམས་དང༌། །གླང་ཆེན་ཤིང་རྟ་གང་མཆིས་ལས། །ཕྱེད་ཙམ་ཡུམ་ལ་ཕུལ་ན་ནི། །དེ་ཡི་ཐུགས་ངལ་ཆུང་ཡང་སྲིད། །འཕྲིན་གྱིས་ཡུམ་ལ་ཕྱག་འཚལ་ཞིང༌། །ཐུགས་ངལ་མཛད་ལས་བཟློག་ཏུ་གསལ། །ཡབ་གཅིག་ཁྱོད་དང་ཡུམ་དེ་ཡི། །ཞལ་ནི་མཐོང་བ་རབ་ཏུ་དཀའ། །ཀྲྀཥྞ་ཚུར་ཤོག་བདག་ཅག་འདོང༌། །བྲམ་ཟེའི་བྲན་གཡོག་འདོད་པ་ལ། །ཡབ་ཀྱིས་བདག་ཅག་བྱིན་ཟིན་གྱིས། །བདག་ཅག་གསོན་ཡང་ཅི་ཞིག་རུང༌། །དེ་ནས་བྱང་ཆུབ་སེམས་དཔས་བུས་སྨྲེ་སྔགས་བཏོན་པ་སྙིང་རྗེ་རྗེ་སྐད་ཟེར་བ་དེའི་བློ་རབ་ཏུ་བསྐྱེད་ཀྱང་བྱིན་ཟིན་པས་ད་འགྱོད་ཀྱང་ཅི་ཕན་སྙམ་ནས། མྱ་ངན་གྱི་མེ་བཟློག་དཀའ་བས། སྙིང་བརྩེ་སྟེ་དུག་ལངས་ནས་བརྒྱལ་བ་བཞིན་དུ་སེམས་བློང་བློང་པོར་གྱུར་ནས་དེ་ཉིད་དུ་འདུག་གོ །


DTG168_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བུ་བསིལ་བའི་རླུང་ཡབ་ཀྱིས་འདུ་ཤེས་སླར་རྙེད་པ་དང༌། སྒྲ་ཅི་ཡང་མི་གྲག་ཅིང་བུ་མི་འཁོར་བའི་གནས་མཐོང་ནས། །མགྲིན་པ་དབུགས་ཀྱིས་བརྣངས་བཞིན་དུ་རང་ལ་རང་གིས་སྨྲས་པ། ང་ཡི་སྙིང་བུ་གཅེས་པ་ལ། །འཛེམ་དོགས་མེད་པར་མངོན་སུམ་དུ། །མཚོན་གྱིས་འདེབས་པ་ཅི་ལྟར་ན། །བྲམ་ཟེ་ངན་པ་ངོ་མི་ཚ། །ལྷམ་ཡང་མེད་པར་རྐང་གིས་དོང༌། །རབ་ཏུ་གཞོན་པས་ངལ་མི་བཟོད། །ཇི་ལྟར་ལམ་དུ་ཞུགས་ཏེ་དོང༌། །ཇི་ལྟར་དེ་ཡི་བྲན་གཡོག་བྱེད། །ལམ་དུ་ངལ་ཞིང་དུབ་པ་ལ། །སུ་ཞིག་དེ་རིང་ངལ་བསོར་འཇུག ། བཀྲེས་སྐོམ་སྡུག་བསྔལ་ཉེན་པ་གཉིས། །སློང་པའི་གནས་ཀྱང་སུ་ཞིག་ཡོད། །བདག་ནི་བརྟན་པར་བྱེད་འདོད་ཀྱང༌། །འདི་ལྟ་བུ་ནི་སྡུག་བསྔལ་ན། །ངའི་བུ་བདེ་བར་སྐྱེས་པ་གཉིས། །གནས་སྐབས་ཇི་ལྟར་འགྱུར་ཞིང་འཁོང༌། །ཀྱེ་མ་འོ་བུ་དང་བྲལ་བ་ཡི། །སྡུག་བསྔལ་མེས་ནི་བདག་སེམས་བསྲེགས། །དམ་པ་རྣམས་ནི་ཆོས་དྲན་ནས། །སུ་ཞིག་རྗེས་སུ་འགྱོད་པ་བྱེད། །དེ་ནས་མ་དྲིས་མི་དགའ་བ་བྱུང་བའི་ལྟས་ངན་པ་རྣམས་ཀྱིས་ཡིད་མི་དགའ་བར་གྱུར་བཞིན་དུ་རྩ་བ་དང་འབྲས་བུ་ཁྱར་ཏེ་རབ་ཏུ་མྱུར་བར་འོང་བར་འདོད་ཀྱང་གཅན་གཟན་ཁྲོ་བོ་རྣམས་ཀྱིས་ལམ་ཆོད་པས་རིངས་ཤིག་ལོན་ནས་དཀའ་ཐུབ་ཀྱི་གནས་སུ་ཕྱིན་ནས་བསུར་འོད་རན་པའི་ས་དང༌། རྩེད་མོ་རྩེ་བའི་ས་ན་ཡང་བུ་གཉིས་མི་སྣང་བ་དང༌། རབ་ཏུ་མི་དགའ་བའི་དབང་དུ་གྱུར་ཏོ། །ལྟས་བ་ན་བྱུང་ནས་དོགས་པ་སྐྱེས་པར་གྱུར། །དེ་ནས་བུ་བཙལ་ཕྱིར་ནི་མིག་ཀྱང་བལྟ། །ཡང་དང་ཡང་བོས་བུ་གཉིས་ལེན་མེད་པས། །མྱ་ངན་གདུང་ནས་སྨྲེ་སྔགས་འདོན་པར་གྱུར། །བྱིས་པ་སྨྲ་བའི་སྒྲ་གྲག་ནགས་ཚལ་འདི། །སྔོན་ནི་བདག་ལ་མང་པོ་ཚོགས་བཞིན་སྣང༌། །དེ་གཉིས་མི་སྣང་དེ་གཉིས་དེ་རིང་ནི། །བདག་ལ་འབྲོག་དགོན་བཞིན་དུ་སྐྱབས་མེད་སྣང༌། །ཀྱེ་མ་གཞོན་ནུ་དེ་གཉིས་ཅི་ཉེས་ཀྱེ། །རྩེ་རྩེ་ངལ་ནས་གཉིད་ཀྱིས་ལོག་གྱུར་ཏམ། །ནགས་ཚལ་འཐུག་པོར་བརླག་གམ་འོན་ཏེ་ཉལ། །བདག་འོང་ཕྱིས་པས་མ་མགུ་མཆིས་གྱུར་ཏམ། །བྱིས་པར་གྱུར་པས་གང་ཞིག་གབ་


DTG168_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཁོད། །གལ་ཏེ་བསད་པ་མཐོང་ན་འཁྲུགས་ནས་ནི། །བྱ་འདི་ཀུན་ཀྱང་ཅི་སྟེ་སྒྲ་མི་འབྱིན། །འབབ་ཆུ་དྲག་པོ་རླབས་ཆེན་འཁྲུག་པ་ཡི། །ཆུ་ཡིས་གལ་ཏེ་དེ་གཉིས་ཁྱེར་གྱུར་ཏམ། །འོན་ཀྱང་ད་ནི་བདག་གིས་ལོག་པར་རྟོག་པ་འདི་ལྟར་མ་གྱུར་ཅིག་རྒྱལ་པོ་ཡབ་སྲས་བདེ་ལེགས་སུ་གྱུར་ཅིག །ལྟས་ངན་མཚན་མ་ངན་པ་སྟོན་པ་ཡང༌། བདག་གི་ལུས་ལ་སྨིན་པར་གྱུར་ཅིག །བདག་གི་སྙིང་འདི་ཡང་ལྟས་ངན། དགའ་བ་ནི་བཟློག །མི་དགའ་བའི་མུན་པས་ནི་ཁེབས་ནས་གསབ་བཞིན་དུ་གྱུར་ཏམ་ཅི། བདག་གི་ལུས་ཀྱང་ལྷུ་ཚིགས་བྲལ་སྙམ་བྱེད། ཕྱོགས་རྣམས་ཀྱང་འཁྲུག་པ་སྙམ་བྱེད། ནགས་ཚལ་འདི་ཡང་དཔལ་ཉམས་ཤིང་གཡོ་བ་སྙམ་བྱེད་པར་གྱུར་ཏོ། །དེ་ནས་དཀའ་ཐུབ་ཀྱི་ནགས་ཀྱི་ནང་ནས་འོངས་ནས་རྩ་བ་དང་འབྲས་བུ་རྣམས་ཕྱོགས་གཅིག་ཏུ་བཞག་སྟེ། ཞེ་ས་དང་བཅས་པས་ཁྱིམ་ཐབ་ལ་བྱིས་པ་གཉིས་གར་སོང་དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔས། མ་ནི་བུ་ལ་བྱམས་པས་སྟོབས་ཆུང་བ་དང༌། མི་དགའ་བའི་ཚིག་བརྗོད་པར་དཀའ་བར་ཤེས་ནས། དེ་ལ་ཅུང་ཟད་ཀྱང་སྨྲ་མ་ནུས་སོ། །དགའ་བར་བྱ་རིགས་སྐྱེ་བོ་ལ། །མི་དགའ་སྨྲ་བའི་མི་དག་གིས། །ཆེད་ཀར་ཡིད་ནི་གདུངས་བྱ་བ། །སྙིང་རྗེ་ཅན་གྱིས་རབ་ཏུ་དཀའ། །དེ་ནས་མ་དྲིས་བསམས་པ། འདི་འདི་ལྟར་མྱ་ངན་གྱིས་གདུངས་ནས་ཅང་མི་སྨྲ་བ་དང་སྦྱར་ན་བདག་གི་བུ་གཉིས་གདོན་མི་ཟ་བར་མ་རུང་བར་གྱུར་ཏོ་སྙམ་ནས། དཀའ་ཐུབ་ཀྱི་ནགས་ཀུན་ཏུ་སེམས་ཀྱིས་བརྟགས་ན་བུ་གཉིས་མི་སྣང་བས་མཆི་མས་བརྣངས་ནས་ཡང་སྨྲས་པ། བྱིས་པ་གཉིས་ཀྱང་ཡོང་མི་སྣང༌། །ཁྱོད་ཀྱང་བདག་ལ་ཅང་མི་གསུང༌། །མི་དགར་གྱུར་པ་མི་གསུངས་པས། །ཀྱི་ཧུད་བདག་ནི་བསད་ཀྱིས་མེད། །དེ་སྐད་ཅེས་སྨྲས་ནས། མྱ་ངན་གྱི་མེས་སྙིང་བསྲེགས་པས་ལྕུག་མ་རྩ་བ་ནས་བཅད་པ་བཞིན་དུ་འགྱེལ་ཏོ། །དེ་འགྱེལ་མ་ཐག་ཏུ་བྱང་ཆུབ་སེམས་དཔས་བླངས་ནས་རྩྭའི་སྟན་ལ་བཞག་སྟེ། ཆུ་གྲང་མོ་བཏབ་ནས་སླར་སོས་པ་དང༌། དབུགས་ཕྱུང་


DTG168_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྨྲས་པ། བྱམས་པའི་ཡིད་ཀྱིས་མི་བཟོད་ལ། །བརྟན་པོ་མེད་དུ་དོགས་པས་ན། །མ་དྲི་ཁྱོད་ལ་ང་ཡིས་ནི། །སྡུག་བསྔལ་མྱུར་དུ་མ་སྨྲས་སོ། །རྒས་ཤིང་དབུལ་བའི་སྡུག་བསྔལ་གྱིས། །ཉེན་པའི་བྲམ་ཟེ་ང་ཅན་བྱུང༌། །དེ་ལ་ང་ཡིས་བུ་གཉིས་བྱིན།། མྱ་ངན་མ་བྱེད་སྤྲོ་བསྲིངས་ལ། །བུ་ལ་མ་སེམས་ང་ལ་ལྟོས། །བུ་ཡི་མྱ་ངན་གདུངས་སྙིང་ལ། །མཚོན་གྱིས་འདེབས་པ་བཞིན་མ་བྱེད། །བསླངས་པར་གྱུར་ན་སྲོག་དག་ཀྱང༌། །མི་སྦྱིན་པར་ནི་ཇི་ལྟར་ནུས། །དེ་བས་ང་ཡི་སྦྱིན་པ་ལ། །བཟང་མོས་རྗེས་སུ་ཡི་རང་བྱོས། །མ་དྲིས་དེ་ཐོས་ནས་བུ་ཤོར་དོགས་ཏེ་སྙིང་བརྩེ་བ་ལ། བུ་གཉིས་གསོན་པའི་གཏམ་ཐོས་ནས་མྱ་ངན་ཆུང་ངུར་གྱུར་ནས། ཁྱིམ་ཐབ་མྱ་ངན་བསད་བའི་ཕྱིར། མཆི་མ་ཕྱིས་ཏེ། ཡ་མཚན་ཆེ་བར་བལྟས་ནས་ཁྱིམ་ཐབ་ལ་སྨྲས་པ། མང་དུ་གསོལ་ཡང་ཅི་འཚལ་ཏེ་ངོ་མཚར་ཆེའོ། །འདི་ལྟར་ཁྱོད་ཀྱི་ཐུགས་ལ་ནི། །འཛུམ་པའི་སྐབས་ཀྱང་མ་རྙེད་པ། །ལྷ་ཡི་སེམས་ཀྱང་ངེས་པར་ནི། །ཡ་མཚན་ཆེ་བའི་དབང་དུ་གྱུར། །ཁྱོད་ཀྱི་གྲགས་པའི་ཚིག་བསྡེབ་སྒྲ་གྲག་པ། །ལྷ་ཡི་རྔ་ཆེན་བརྡུངས་པའི་སྒྲ་རྣམས་ཀྱི། །བྲག་ཆའི་སྒྲ་ཡིས་ཕྱོགས་རྣམས་ཐམས་ཅད་དུ། །ཚིག་འབྲུ་གསལ་བས་ནམ་མཁའ་ཁྱབ་པར་གྱུར། །ས་གཞི་རི་ཡི་ནུ་མ་གཡོ་བ་ཅན། །འདོད་ཆགས་ལངས་པ་བཞིན་དུ་རབ་ཏུ་གཡོས། །གསེར་གྱི་མེ་ཏོག་རྣམས་ཀྱང་མཁའ་ལ་ལྷགས། །གློག་འགྱུའི་འོད་ཀྱིས་ནམ་མཁའ་གསལ་གྱུར་བཞིན། །དེ་བས་ཐུགས་ངན་མ་མཛད་པར། །སྩལ་བས་ཐུགས་ནི་དགྱེས་པར་མཛོད། །འཇིག་རྟེན་རྣམས་ལ་བཏུང་ཆུ་བཞིན། །སླན་ཆད་ཀྱང་ནི་སྦྱིན་བདག་མཛོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ས་གཞི་གཡོས་པས། རིའི་རྒྱལ་པོ་རི་རབ་འགུལ་བ་དང༌། འདི་ཅི་ཡིན་ཞེས་རྟོག་པ་སྐྱེས་པ། འཇིག་རྟེན་སྐྱོང་བ་ཡ་མཚན་སྐྱེས་པས་མིག་བགྲད་པ་རྣམས་ལས་གཡོས་པའི་རྒྱུ་ཐམས་ཅད་སྒྲོལ་གྱི་སྦྱིན་པ་ཡིན་པར་རྟོགས་ནས་སེམས་རབ་ཏུ་དགའ་བར་གྱུར་ཏེ། དེའི་མཚན་མོ་ནམ་ལངས་པ་དང༌།


DTG168_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་གྱིས་བྲམ་ཟེའི་གཟུགས་སུ་བསྒྱུར་ནས་སློང་མོ་སྤྱོད་པ་འདྲ་བ་བྱས་ཏེ། ཐམས་ཅད་སྒྲོལ་གྱི་དྲུང་དུ་འོངས་སོ། །བྱང་ཆུབ་སེམས་དཔས་གློ་བུར་དུ་བྱུང་བ་ལ་བཀུར་སྟི་བྱས་ནས། ཅི་འདོད་ཅེས་སྐབས་ཕྱེས་པ་དང༌། དེ་ལ་ཆུང་མ་བསླངས་སོ། །མཆོ་ཆེན་དག་ལ་ཆུ་ནི་མི་ཟད་བཞིན། །དམ་པ་རྣམས་ལ་སྦྱིན་པའི་ཆོས་མི་ཟད། །དེ་བས་ལྷ་འདྲ་ཁྱོད་ལ་འཕགས་མ་སློང༌། །བཙུན་མོ་འདི་ནི་བདག་ལ་སྩལ་བར་རིགས། །བྱང་ཆུབ་སེམས་དཔའ་ཡིད་མི་དགའ་བ་མེད་པ་ཉིད་དུ་དེ་བཞིན་དུ་བྱའོ་ཞེས་སྦྱིན་པར་བྱས་སོ། །དེ་ནས་ལག་པ་གཡོན་པས་མ་དྲི་བཟུང༌། །ལག་པ་གཡས་པས་རིལ་བ་སྤྱི་བླུགས་བཟུང་ནས་ནི། །དེ་ཡི་ལག་གཡས་རྩེ་ལ་ཆུ་སྦྲེང་ནས། །འདོད་ལྷའི་སེམས་ནི་མྱ་ངན་མེ་ཡིས་ཚིག །དེ་ཡི་རང་བཞིན་ཕན་སེམས་ཤེས་ནས་ནི། །སེམས་ཀྱང་མ་འཁྲུག་དུས་ཀྱང་མ་དུས་ཏེ། །སྔོན་མེད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་ནས། །དེ་ལ་མིག་ཚུགས་ལྟ་ཞིང་བྲིས་བཞིན་འདུག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་མཐོང་ནས་སྙིང་ལ་ངོ་མཚར་རབ་དང་ལྡན་པར་གྱུར་ཏེ། སེམས་དཔའ་ཆེན་པོ་དེ་ལ་བསྟོད་ནས་སྨྲས་པ། ཡ་རབས་མ་རབས་ཆོས་གཉིས་ནི། །ཨེ་མ་ཁྱད་པར་རེ་ཆེ་སྟེ། །བདག་ཉིད་མ་སྦྱངས་པ་རྣམས་ནི། །སུས་ཀྱང་ཡིད་ཆེས་མི་ནུས་སོ། །འདོད་ཆགས་བྲལ་བར་མ་གྱུར་པས། །བུད་མེད་རབ་ཏུ་སྡུག་པ་དག །དེ་ལྟར་མ་ཆགས་སྦྱིན་བྱེད་པ། །འདི་དྲའི་རླབས་ཆེན་སུ་ལ་ཡོང༌། །ཁྱོད་ཀྱི་ཡོན་ཏན་ཆགས་པའི་གཏམ་དག་གིས། །ཁྱོད་ཀྱི་གྲགས་པ་ཕྱོགས་སུ་བསྒྲགས་པ་དེས། །ཉི་མའི་འོད་ཀྱིས་གཞན་འོད་ཟིལ་མནན་བཞིན། །གཞན་གྱི་དཔལ་གྲགས་ཟིལ་གྱིས་ནོན་པར་གྱུར། །ཁྱོད་ཀྱི་སྤྱོད་པ་མི་ལས་འདས། །འདི་ལ་གནོད་སྦྱིན་དྲི་ཟ་དང༌། །ལྟོས་འགོ་སུམ་ཅུ་རྩ་གསུམ་པ། །བརྒྱ་བྱིན་བཅས་པ་ཡི་རང་འགྱུར། །བརྒྱ་བྱིན་གྱིས་དེ་སྐད་སྨྲས་ཏེ། བདག་གི་ལུས་འོད་གསལ་བར་འདུག་པ་བསྟན་ནས། བདག་ནི་བརྒྱ་བྱིན་ལགས་སོ་ཞེས་སྦྲན་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཟླ་བ་བཏང་སྟེ་ཟླ་འོད་རྣམས། །གཞན་དུ་འགྲོ་བར་མི་རིགས་ཀྱི། །ཁྱོད་


DTG168_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཙུན་མོ་མ་དྲི་འདི། །ཁྱོད་བདག་ཉིད་ལ་བདག་འབུལ་ལོ། །བརྟན་པ་རྣམས་ནི་བསླངས་ན་སྟེར། །སེང་གེའི་ཆུང་མ་ཅེ་སྦྱང་ལ། །བྱིན་ཡང་དེ་ཡིས་ཅི་ཞིག་བྱ། །དེ་ནི་སེང་གེ་ཉིད་ལ་འོས། །མཐོན་པོ་རྣམས་དང་དམན་པ་ལ། །རྒྱལ་པོའི་མྱུ་གུ་འདྲ་བར་སེམས། །དེ་བས་དེ་ཡི་སྤྱོད་པ་དེས། །འཇིག་རྟེན་རྣམས་ནི་དགའ་བར་འགྱུར། །དེ་བས་བུ་དང་བྲལ་བར་མ་སེམས་ཤིག །རྒྱལ་སྲིད་ཉམས་པའི་མྱ་ངན་མ་བྱེད་ཅིག །ཁྱོད་ཀྱི་ཡབ་ནི་ཚད་བྱུག་གཉིས་དང་འགྲོགས། །ཁྱོད་ཀྱི་མགོན་བྱས་ཡུལ་ན་རྒྱལ་སྲིད་བྱེད། །དེ་སྐད་ཅེས་སྨྲས་ནས། བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བརྒྱ་བྱིན་གྱི་མཐུས་བྲམ་ཟེ་དེས་ཀྱང༌། བྱང་ཆུབ་སེམས་དཔའི་བུ་གཉིས་ཡུལ་ཤི་བིར་ཁྲིད་དེ་སོང་ངོ༌། །དེ་ནས་ཡུལ་ཤི་བི་པ་རྣམས་དང༌། ཡུལ་ཤི་བི་པའི་རྒྱལ་པོ་ཀུན་ཏུ་རྒྱལ་བས། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་ཏུ་བྱ་དཀའ་བ་ཐོས་ནས་སྙིང་བརླན་པར་གྱུར་ཏེ། བྲམ་ཟེ་ལས་བྱང་ཆུབ་སེམས་དཔའི་བུ་གཉིས་བསླུས་ནས། ཐམས་ཅད་སྒྲོལ་མགུ་བར་བྱས་ཏེ་བསུས་ནས་རྒྱལ་སྲིད་བྱེད་དུ་བཅུག་གོ །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་ཏུ་རྨད་དུ་བྱུང་བ་ཡིན་ནོ། །དེ་ལ་ཕྱོགས་པའི་སེམས་ཅན་ཁྱད་བར་ཅན་རྣམས་ལ་བརྙས་པའམ་གནོད་པར་མི་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང༌། བཀུར་སྟི་བྱེད་དེ་དམ་པའི་ཆོས་ཉན་པ་ལ་ཡང་སྦྱར་བར་བྱའོ། །ཐམས་ཅད་སྒྲོལ་དུ་སྐྱེས་པའི་རབས་ཏེ་དགུ་པའོ།། །། བམ་པོ་བཞི་པ། བསམ་པ་དགེ་བ་རྣམས་ནི་སྡིག་པ་བྱེད་དུ་གཞུག་པར་བསླུར་མི་ཚུགས་ཏེ། དེ་བས་ན་བསམ་པ་དགེ་བ་བྱ་བ་ལ་འབད་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་རང་གི་བསོད་ནམས་ཀྱི་མཐུ་ཐོབ་པ། རྒྱལ་ཕྲན་ཐམས་ཅད་ཕྱག་འཚལ་བ། བདག་དང་གཞན་གྱི་འཁོར་ལ་སོགས་པའི་གནོད་པ་རབ་ཏུ་ཞི་བས་འཚེ་བ་མེད་པ། གདུགས་ཟླ་མེད་པ། བགོ་སྐལ་གྱི་རིམ་པས་ཐོབ་པའི་ས་སྐྱོང་ཞིང་འདུག་གོ་ཞེས་གྲགས་སོ། །དབང་པོའི་དགྲ་ཐུལ་དེ་ནི་ས་ཡི་མགོན། །འབྲས་བུ་སྨིན་པ་སྤྱད་ལ་མ་ཆགས་ཤིང༌། །དངོས་པོ་ཀུན་


DTG168_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲོ་ལ་ཕན་བྱེད་པ། །ཐུབ་པ་བཞིན་དུ་ཆོས་དོན་གཅིག་པུར་བྱེད། །སྐྱེ་དགུ་རྣམས་ནི་གཙོ་བོའི་རྗེས་སྤྱོད་པར། །འཇིག་རྟེན་རང་བཞིན་དེ་ཡིས་ཤེས་གྱུར་ནས། །སྐྱེ་དགུ་རྣམས་ནི་དགེ་ལ་གཟུད་པར་བྱེད། །ཁྱད་པར་དུ་ནི་ཆོས་ལ་སྤྱོད་པར་གྱུར། །ནོར་ཡང་སྦྱིན་ཞིང་ཚུལ་ཁྲིམས་སྤྱོད་པ་མནོས། །བཟོད་པ་བརྟན་ཅིང་འགྲོ་བའི་དོན་ཡང་སྤྱོད། །འགྲོ་ལ་ཕན་སེམས་མཐོང་ན་ཞིབ་སྣང༌། །གཟུགས་ཅན་ཆོས་བཞིན་དེ་ནི་རྣམ་པར་མཛེས། །དེ་ནས་རེ་ཞིག་ཅིག་དེའི་མཐུས་དེའི་ཡུལ་བསྐྱབས་ཀྱང་མ་ཕན་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པ་དང༌། ལྷའི་བུ་ཆར་འབེབས་པའི་ལས་སུ་བསྐོས་པ་རྣམས་བག་མེད་པར་གྱུར་པའི་དབང་གིས་ཁ་ཅིག་ཏུ་ཐན་པ་བྱུང་བས་འཁྲུག་ཅིང་གནོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་བསམས་པ་འདི་ནི་བདག་ཅག་སྐྱེ་དགུ་རྣམས་ཀྱིས་ཆོས་ལེགས་པར་མ་སྤྱད་པས་ལན་གྱིས་མ་རུང་པར་གྱུར་ཏོ། །ཞེས་བློ་ངེས་པར་གྱུར་ཏོ། །སྐྱེ་དགུ་རྣམས་ལ་ཕན་པའི་བསམ་པ་ཆེ་བ་དང༌། དེའི་སྡུག་བསྔལ་མི་བཟོད་པས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་བསླབ་པར་གྱུར་པ་མདུན་ན་འདོན་པའི་གཙོ་བོ་བྲམ་ཟེ་རྒན་པོ་རྣམས་དང་བློན་པོ་རྣམས་ལ་དེ་ཅི་ལྟར་ཐར་པའི་ཐབས་དྲིས་སོ། །དེ་ནས་དེ་དག་གིས་མཆོད་སྦྱིན་གྱི་ཆོ་ག་རིག་བྱེད་ལས་བྱུང་བ། སྲོག་ཆགས་དུམ་གསོད་པ་འཇིགས་འཇིགས་སྐད་ཟེར་བ་བྱས་ན། ཆར་ལེགས་པར་འབབ་པར་འགྱུར་བར་བསམས་ནས་ཆོ་ག་དེ་དེ་ལ་གསོལ་ཏོ། །རྒྱལ་པོ་དེས་མཆོད་སྦྱིན་ལས་བྱུང་བའི་ཆོ་ག་སྲོག་ཆགས་གསོད་པའི་རྒྱུས་ཤེས་ནས། སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་གི་ཚིག་ཡིད་ལ་འབབ་པར་མ་གྱུར་ཏེ། འདུལ་བའི་འཁོར་རྗེས་སུ་མཐུན་པར་དེ་དག་ལ་ངོ་བཟློག་ཕོང་བའི་ཚིག་རྩུབ་མོ་མ་སྨྲས་པར་སྐབས་གཞན་དག་གིས་དེ་དག་གི་གཏམ་དེ་ཁྱད་དུ་བསད་དོ། །དེ་ནས་ཡང་རྒྱལ་པོ་དེ་ལ་ཆོས་ཀྱི་གཏམ་བྱ་བའི་སྐབས་རྙེད་ནས། དེའི་བསམ་པ་ཟབ་ཅིང་བརྟག་དཀའ་བ་མ་ཤེས་ནས་མཆོད་སྦྱིན་བྱ་བའི་གྲོས་འདེབས་སོ། །རྒྱལ་པོས་བགྱི་བར་ངེས་པ་གང་ལགས་པ། །ས་གཞི་ཐོབ་དང་ཡོངས་སུ་སྐྱོང་བ་སྟེ། །དེ་དག་ཁྱེད་ནི་དུས་ལས་འདའ་མི་མཛད། །དེ་དག་


DTG168_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་ཆོས་དང་བདེ་བ་བཞིན། །འཁོར་གསུམ་བརྟེན་ལ་མཁས་པར་གྱུར་པ་དང༌། །འབངས་ལ་ཕན་ཕྱིར་གནམ་རུ་བསྣམས་པ་སྟེ། །མཆོད་སྦྱིན་ཆོ་ག་མཐོ་རིས་ཐེམ་སྐས་ལ། །ཇི་ལྟར་ཁྱོད་ཐུགས་བག་མེད་དབང་དུ་གྱུར། །ཁྱོད་ཀྱི་བཀའ་ནི་རྒྱལ་པོ་གཞན་རྣམས་ཀྱིས། །འདི་ནི་དངོས་གྲུབ་མངོན་དུ་གྲུབ་ཡིན་ཞེས། །འབངས་དང་འདྲ་བར་རབ་ཏུ་གུས་ནོད་ན། །མཆོད་སྦྱིན་དག་གིས་གྲགས་འབར་ལེགས་པ་དག །ད་ནི་ཁྱོད་ཀྱིས་མཛད་པའི་དུས་ལ་བབ། །སྦྱིན་པ་མཛད་ཅིང་སྡོམ་ལ་གནས་པ་ཡིས། །རྟག་པར་ཁྱོད་ནི་དབང་བསྐུར་ལགས་གྱུར་ཀྱང༌། འོན་ཀྱང་རིག་བྱེད་གྲགས་པའི་མཆོད་སྦྱིན་གྱིས། །ལྷ་ཡི་བུ་ལོན་བྲལ་པར་མཛད་པར་རིགས། །མཆོད་སྦྱིན་ལེགས་པར་བགྱིས་པས་ལྷ་མཉེས་ན། །ཆར་པ་འབབ་པས་འབྱུང་པོ་མགུ་བར་བགྱིད། །དེ་བས་འབངས་དང་བདག་ལ་ཕན་པའི་ཕྱིར། །གྲགས་པར་གྱུར་པའི་མཆོད་སྦྱིན་ཆོ་ག་མཛད། །དེས་བསམས་པ། ཀྱེ་མའོ་གཞན་གྱི་དྲིད་ལ་འཇོག་ཅིང༌། །བློ་ཆུང་ལ་དཔྱོད་པ་མི་ནུས་པའི་ཆོས་ཙམ་ལ་དགའ་ཞིང༌། དད་པ་སྐྱེ་བའི་འགྲོ་བ་འདི་དག་ནི་ཤིན་ཏུ་མ་ལེགས་པར་བསྟན་ཏོ། །གང་ཡང༌། འཇིག་རྟེན་དག་ན་གང་ལ་སྐྱབས་བཙལ་བ། །དེ་དག་བསད་པས་ཆོས་སུ་འགྱུར་བ་ནི། །དེ་ཡིས་བསྟན་པའི་སྐྱེ་བོ་ལམ་ངན་སོང༌། །ངན་སོང་མི་བདེ་དོགས་པའི་ནང་ན་འཁོད། །ཕྱུགས་རྣམས་བསད་པས་ཆོས་འགྱུར་ཞིང༌། །ལྷ་ཡི་འཇིག་རྟེན་སྐྱེ་བ་དང༌། །ལྷ་ཡང་མཉེས་པར་འགྱུར་བདག །ཅི་ལྟ་བུར་ན་འཐད་པར་འགྱུར། །ཕྱུགས་རྣམས་བསད་པའི་སྔགས་ཀྱི་མཐུས། །མཐོ་རིས་འགྲོ་ཕྱིར་དེ་བས་དེ་བསད་ན། །ཆོས་སུ་འགྱུར་ཞེས་ཟེར་བ་དེ་ཡང་བརྫུན། །གཞན་གྱིས་བྱས་པ་ཕ་རོལ་སུ་ཞིག་ཐོབ། །ལེགས་པར་སྤྱོད་ལས་ཡིད་ནི་མ་བཟློག་ཅིག །དགེ་བའི་ལས་ལ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང༌། །བདག་བྱས་གཞི་མེད་ཇི་ལྟར་ཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་བདག་ཉིད་ཕྱུགས་སུ་བསྐྱུར་ལ་རག །གང་ཕྱིར་ཚུལ་འདི་གང་ནའང་མི་སྣང་བས། །དེ་ཕྱིར་དེ་དག་ཆིག་ནི་སུ་ཞིག་ཉན། །མཚུངས་མེད་


DTG168_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བསུང་རོ་གང་གཟི་ལྡན་པའི། །བདུད་རྩིའི་ཟས་མཆོག་ལྷ་མོས་ཕུལ་བ་དག །བོར་ནས་ཕྱུགས་བསད་ཤ་ཁྲག་ལ་སོགས་པས། །ལྷ་རྣམས་མགུ་བར་གྱུར་པ་ག་ལ་སྲིད། །རྒྱལ་པོ་དེས་ད་ནི་འདི་འདི་ལྟར་བྱ་དགོས་སོ་སྙམ་དུ་བསམས་ནས། མཆོད་སྦྱིན་བྱེད་པ་ལ་མོས་པར་འདྲ་བར་བྱས་ཏེ། དེ་དག་གི་ཚིག་མཉན་ནས། དེ་དག་ལ་སྨྲས་པ། ཁྱེད་ཅག་འདི་ལྟར་བདག་ལ་ཕན་པར་སེམས་པ་ནི། བདག་མགོན་དང་བཅས་ཤིང་ཕན་འདོགས་པ་དང་ལྡན་པར་གྱུར་ཏོ། །དེ་བས་ན་བདག་ནི་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ཀྱིས། ཇི་སྐད་དུ་བསྐོས་པའི་བློན་པོ་རྣམས་དེའི་ཡོ་བྱད་སྦྱོར་དུ་ཆུག་ཤིག །བཀོད་ས་རྩིག་ཏུ་རུང་བའི་ས་ཕྱོགས་དང༌། དེ་དང་མཐུན་པའི་ཚེས་གྲངས་དང༌། བྱེད་པ་དང་ཡུད་ཙམ་དང༌། རྒྱུ་སྐར་དང་སྦྱོར་བ་ཡང་རྟོགས་ཤིག །དེ་ནས་དེའི་མདུན་ན་འདོན་གྱིས་སྨྲས་པ། འདོད་པའི་དོན་གྲུབ་པར་བགྱིད་པའི་སླད་དུ། རྒྱལ་པོ་ཆེན་པོ་རེ་ཞིག་ཁྲུས་མཛོད་ཅིག་དང་མཆོད་སྦྱིན་ཅིག་བགྱིས་ལགས་ན། བདག་ཅག་རྣམས་ཀྱིས་བཀོད་པ་བརྩམ་མོ། །ཅིག་ཆར་མི་སྟོང་བཟུང་ན་ཁྱོད་ཀྱི་འབངས་རྣམས་གདོན་མི་ཟ་བར་ཡིད་འབྱུང་བར་འགྱུར་རོ། །བྲམ་ཟེ་རྣམས་ཀྱིས་ཀྱང་དེ་མད་དོ་ཞེས་སྨྲས་སོ། །རྒྱལ་པོ་དེས་དེ་དག་ལ་སྨྲས་པ། ཁྱེད་འབངས་འཁྲུག་པར་གྱུར་དུ་མ་དོགས་ཤིག་དང༌། བདག་གིས་ཅི་ནས་ཀྱང་ཡིད་འབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ། །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་གྱི་མི་རྣམས་བསྡུས་ནས་སྨྲས་པ། ངས་ནི་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ན་ཉེས་པ་མེད་པར་མི་འདོད་བཞིན་དུ་སུ་ཡང་ཕྱུགས་སུ་བྱར་ངས་མི་ནུས་ཀྱི། དེ་བས་ན་དེ་རིང་ཕན་ཆད་ཁྱེད་ཅག་ལས་གང་དང་གང་ཚུལ་དང་བཀའ་ཁྲིམས་ལས་འགལ་བར་བྱེད་ཅིང༌། ངའི་བཀའ་གཅོག་པ་དེ་དང་དེ་དག་ངའི་རྟོག་ཆེན་གྱི་མི་བག་མེད་པའི་གཉིད་ཀྱིས་མ་ལོ་གཅིག །དྲི་མ་མེད་པར་བརྟག་པར་བྱའོ། །རང་གི་རིགས་ལ་གནོད་པ་དང་ཡུལ་ལ་གནོད་པར་བྱེད་པ་དག་ཡོད་ན། ངས་ཕྱུགས་ཀྱི་གོར་བཟུང་བར་ཁྱེད་ཀྱིས་ཤེས་པར་གྱིས་ཤིག །དེ་ནས་དེ་དག་གི་ནང་ནས་གཙོ་བོ་རྣམས་ཀྱིས་ཐལ་མོ་སྦྱར་ནས་དེ་ལ་སྨྲས་པ། ཁྱོད་ཀྱི་སྤྱོད་པ་


DTG168_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབངས་ལ་ཕན་པར་གཞོལ། །མི་རྗེ་ལྷས་མཛད་དེ་ལ་བརྒལ་བ་ག་ལ་སྲིད། །ཁྱེད་ཀྱི་སྤྱོད་ལ་ཚངས་པ་རྗེས་སུ་ཡི་རང་ངོ༌། །ཁྱོད་ནི་ལེགས་པར་ཚད་མའི་ནང་ནས་ཚད་མ་མཆོག །ལྷ་གཅིག་དགྱེས་པ་གང་ལགས་པ། །བདག་ཅག་ཀུན་ཀྱང་དེ་ལ་དགྱེས། །འོ་སྐོལ་དགྱེས་ཤིང་སྨོན་པ་ལས། །དགྱེས་པར་གུད་ན་གཞན་མ་མཆིས། །དེ་ལྟར་གྲོང་ཁྱེར་གྱི་འབངས་རྣམས་ཀྱིས་བཀའ་སྩལ་པ་མཉན་པ་དང༌། རྒྱལ་པོ་དེས་བློན་པོ་ཐུགས་ཆེས་པ་རྣམས་སྐྱེ་བོ་མང་བོས་མཐོང་བར་གྱུར་པའི་ཡོ་ལང་ཆེན་པོ་དང་བཅས་པར་ལྗོངས་དང་གྲོང་ཁྱེར་རྣམས་སུ་སྡིག་པ་བྱེད་པའི་མི་རྣམས་འཛིན་དུ་བཀྱེའོ། །ཁོ་ར་ཁོར་ཡུག་ཏུ་ཡང་ཉིན་རེ་ཞིང་འདི་སྐད་བསྒོས་སོ། །བརྟན་ཞིང་གཙང་མའི་ཚུལ་ཁྲིམས་ནོར་ལྡན་མི་མཆོག་ལ། །རྒྱལ་པོ་མི་འཇིགས་སྦྱིན་པས་མི་འཇིགས་སྦྱིན་པར་མཛད། །འབངས་ལ་ཕན་ཕྱིར་ཚུལ་མིན་བྱེད་པའི་མི་རྣམས་ནི། །ཕྱུགས་སུ་བསྒྱུར་བ་སྟོང་གིས་མཆོད་སྦྱིན་མཛད་པར་བཞེད། །དེ་བས་དེ་རིང་ཕྱིན་ཆད་གང་ཞིག་ཚུལ་མིན་རྗེས་སྤྱོད་ཅིང༌། །རྒྱལ་པོའི་བཀའ་ལུང་ས་སྐྱོང་བློན་པོས་བཀུར་དང་འགལ་བྱེད་པ། །དེ་ནི་རང་གི་ལས་ཀྱི་མཆོད་སྦྱིན་ཕྱུགས་སུ་བྱས་གྱུར་ནས། །མཆོད་སྡོང་ལུས་བཏགས་གྲིམ་ཤིང་སྐམས་པ་སྐྱེ་པོས་མཐོང་བར་འགྱུར། །དེ་ནས་ཡུལ་དེ་ན་གནས་པའི་མི་རྣམས་ཀྱིས་མཆོད་སྦྱིན་གྱི་ཕྱུགས་སུ་བྱ་བའི་ཕྱིར། རྒྱལ་པོས་ཚུལ་བཞིན་མི་བྱེད་པའི་མི་ཚོལ་དུ་འཇུག་པ་དང༌། ཉིན་རེ་བཞིན་འཇིགས་འཇིགས་སྐད་བསྒོ་བ་དེ་ཐོས་པ་དང༌། རྒྱལ་པོའི་མི་རྣམས་ཀྱིས་སྡིག་བྱེད་པའི་མི་རྣམས་བཟུང་བའི་ཕྱིར། ཐམས་ཅད་དུ་ཚོལ་ཞིང་འོང་བར་མཐོང་ནས། ཚུལ་མ་ཡིན་པར་བྱེད་པ་ལ་དགའ་བ་ནི་བཏང༌། ཚུལ་ཁྲིམས་དང་སྡོམ་པ་དང་ཡང་དག་པར་བླངས་པ་ལ་ནི་འབད། དགྲར་འཛིན་པ་ལས་ནི་ཕྱིར་ཕྱོགས། གཅིག་ལ་གཅིག་དགའ་བ་དང་མགུ་བར་ནི་བྱེད། འཐབ་པ་དང་རྩོད་པ་ནི་རབ་ཏུ་ཞི། བླ་མའི་མན་ངག་ཉན་ཅིང་རྗེས་སུ་མཐུན་པར་ནི་བྱེད། བགོ་བཤའ་བྱེད་པ་ལ་བག་ཚ་བ་ནི་མེད། གློ་བུར་དུ་འོངས་པ་ལ་མགྲོན་བྱེད་པ་ལ་ནི་དགའ་ཞིང་དུལ་བ་དང༌། གུས་པར་བྱ་བ་ལ་ནི་འབད་པར་གྱུར་ཏེ། རྫོགས་


DTG168_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་དུས་བཞིན་དུ་གྱུར་ཏོ། །ཤི་བས་འཇིགས་ཤིང་འཇིག་རྟེན་ཕ་རོལ་སེམས། །རིགས་ཀྱི་ང་རྒྱལ་གྲགས་པ་བསྲུང་བ་དང༌། །བསམ་པ་དག་ཅིང་ངོ་ཚ་ཤེས་པ་ཡིས། །སྐྱེ་བོ་རང་གི་ཚུལ་ཁྲིམས་དྲི་མེད་བརྒྱན། །ཇི་ལྟ་ཇི་ལྟར་སྐྱེ་བོ་ཆོས་འབད་པ། །དེ་ལྟ་དེ་ལྟར་སྲུང་མ་ཁྱད་པར་དུ། །ཚུལ་བཞིན་མི་བྱེད་སྐྱེ་བོ་ཚོལ་བར་གྱུར། །དེས་ནི་ཆོས་ལས་སུ་ཡང་གཡོས་མ་གྱུར། །རང་གི་ཡུལ་ནི་དེ་ལྟར་ཐོས་གྱུར་ནས། །རྒྱལ་པོ་དགའ་བའི་ཁྱད་པར་བརྒྱན་པ་ནི། །དགའ་བའི་གཏམ་སྙན་རྒྱ་ཆེར་བསྒྲགས་པ་ཡིས། །བློན་པོ་མགུ་བར་བྱས་ནས་བཀའ་སྩལ་པ། །ང་ནི་འབངས་རྣམས་བསྲུང་བར་རབ་ཏུ་སེམས། །དེ་རྣམས་ཀུན་ཀྱང་ད་ནི་སྦྱིན་གནས་གྱུར། །ང་ནི་མཆོད་སྦྱིན་བྱེད་འདོད་ཅེས་བསམས་ནས། །མཆོད་སྦྱིན་ཕྱིར་ནི་ནོར་རྫས་བསགས་པ་འདི། །གང་ཞིག་བདེ་བ་བསྐྱེད་པའི་ནོར་གང་འདོད། །ང་ཡི་དྲུང་ནས་འདི་དག་ཅི་བདེར་ཁྱེར། །འདི་ལྟར་ང་ཡི་ཡུལ་ནི་དབེན་སྤྱོད་པའི། །དབུལ་བ་ནི་ནས་ཡུལ་ན་མེད་པར་འགྱུར། །འབངས་རྣམས་བསྲུང་བར་སེམས་པར་ང་འདུག་ཅིང༌། །གྲོགས་ལྡན་ཡོ་བྱད་ཕུན་སུམ་ཚོགས་བཞིན་དུ། །སྐྱེ་བོ་ཕོངས་བྱེད་ང་ནི་མི་བཟོད་པ། །ང་ཡི་སེམས་ནི་ཡང་ཡང་བསྲེགས་པ་བཞིན། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་ལེགས་སོ་སྙམ་ནས་དེའི་ཆིག་མཉན་ཏེ། །གྲོང་དང་ལྗོངས་དང་གྲོང་ཁྱེར་ཐམས་ཅད་དང་ལམ་གྱི་ངལ་བསོ་བའི་ས་ཕྱོགས་ཐམས་ཅད་དུ་སྦྱིན་བཏང་གི་ཁང་པ་བརྩིགས་ནས། རྒྱལ་པོས་ཇི་སྐད་བཀའ་སྩལ་པ་བཞིན་དུ། ཉིན་རེ་ཞིང་ཕོངས་པ་རྣམས་ཅི་འདོད་པའི་ནོར་གྱིས་མགུ་བར་བྱས་སོ། །དེ་ནས་སྐྱེ་བོ་དེ་དག་དབུལ་བོར་ཏེ། །ས་བདག་ལས་ནི་མཐུན་པར་ནོར་ཐོབ་ནས། །རྣམ་མང་གོས་དར་རིན་ཆེན་རྒྱན་གྱིས་བརྒྱན། །དགའ་སྟོན་བཞིན་དུ་བཟང་པོས་བརྒྱན་པར་གྱུར། །ཕོངས་པ་རབ་ཏུ་དགའ་ནས་བསྟོད་པའི་ཚིག །རྒྱལ་པོའི་གྲགས་པ་ཕྱོགས་སུ་རྒྱས་གྱུར་པ། །མཚོ་ལས་པདྨའི་གེ་སར་ཕྱེ་མ་དང༌། །རླབས་ཀྱིས་བསྐྱོད་དེ་ཀུན་ཏུ་ཁྱབ་པ་བཞིན། །དེ་ལྟར་རྒྱལ་པོའི་ཚུལ་བཟང་ཡོན་ཏན་གཞིས། །སྐྱེ་བོ་མ་ལུས་ལེགས་པར་སྤྱོད་གྱུར་པས། །དགེ་བ་ཆེན་


DTG168_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གནད་པ་རྣམས་ཀྱི་མཐུ། །ཟིལ་གྱིས་མནན་ནས་ཆགས་མེད་ཟད་པར་གྱུར། །དུས་ཚིགས་རྣམས་ཀྱང་དུས་ལ་མཐུན་པར་བདེ། །རྒྱལ་པོ་དེ་བཞིན་ཆོས་ལ་གཞོལ་བར་གྱུར། །ས་གཞི་འབྲུ་རྣམས་སྣ་ཚོགས་སྐྱེ་བར་གྱུར། །ཆུ་བཞི་ཆུ་གཙང་སྔོན་པོ་པདྨར་བཅས། །འགྲོ་བ་ནད་ཆེན་དག་གིས་མི་འདེབས་གྱུར། །སྨན་རྣམས་ཡོན་ཏན་རབ་ཏུ་ཆེ་བར་གྱུར། །དུས་ཚིགས་དབང་གིས་སེར་བུའི་ངད་ཀྱང་ལྡང༌། །གཟའ་རྣམས་ལམ་ནི་བཟང་པོར་རྒྱུ་བར་གྱུར། །གཞན་གྱི་དམག་གི་འཇིགས་པ་མེད་པར་གྱུར། །ཕན་ཚུན་གནོད་དང་དམག་གི་འཇིགས་པ་མེད། །སྐྱེ་བོ་ངེས་པར་ཆོས་སྤྱོད་དུལ་གྱུར་པས། །རྫོགས་ལྡན་དུས་བཞིན་ཕུན་སུམ་ཚོགས་པར་གྱུར། །དེ་ནས་རྒྱལ་པོས་དེ་ལྟར་ཆོས་ཀྱི་མཆོད་སྦྱིན་བྱས་པ་དང༌། །སྐྱེ་བོ་ཕོངས་པ་རྣམས་ཀྱི་སྡུག་བསྔལ་དང༌། གནོད་པ་རྣམས་ནི་རབ་ཏུ་ཞི་བར་གྱུར། ས་གཞི་ནི་སྐྱེ་བོ་རབ་ཏུ་དགའ་བ་མང་པོས་གང་ཞིང་མངོན་པར་མཐོ་བ་ཉམས་དགའ་བར་ནི་སྣང༌། འཇིག་རྟེན་པ་རྣམས་ནི་རྒྱལ་པོའི་ཤིས་པ་བརྗོད་པ་འབའ་ཞིག་ཁ་ཏོན་དུ་བྱེད། རྒྱལ་པོའི་གྲགས་པས་ནི་ཐམས་ཅད་དུ་རྒྱས་པར་གྱུར་པ་དང༌། བློན་པོའི་གཙོ་བོ་ཅིག་ཡིད་རབ་ཏུ་དགའ་བར་གྱུར་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །མཆོག་དང་འབྲིང་དང་ཐ་མ་ཡི། །དགོས་པ་རྟག་ཏུ་གཟིགས་པས་ན། །དབང་ཕྱུག་རྣམས་ཀྱི་བློ་དག་ནི། །གོང་ནས་གོང་དུ་དཔྱོད་པར་འགྱུར། །ཞེས་བྱ་བ་འདི་ནི་ལེགས་པར་སྨྲས་པ་ལེགས་སོ། །འདི་ལྟར་ལྷའི་ཞལ་སྔ་ནས་ཕྱུགས་འགུམ་པའི་སྐྱོན་མ་མཆེས་པར། ཆོས་ཀྱི་མཆོད་སྦྱིན་གྱིས་འབངས་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་ཕན་པར་བགྱིས་སོ། གནོད་པ་དང་དབུལ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་གྱུར་ཏེ། མང་དུ་གསོལ་ཡང་ཅི་འཚལ་ཏེ། འབངས་དེ་དག་ནི་སྐལ་བ་དང་ལྡན་པ་ལགས་སོ། །ཟླ་བ་བཞིན་དུ་སྐུ་ལ་དྲི་མེད་འོད་གསལ་ཞིང༌། །དབང་བསྐུར་སྔོམ་པས་རང་བཞིན་མཛེས་པའི་སྤྱོད་པ་ཡོངས་མ་ཞུམ། །སྤྱི་བོ་གདུགས་དང་འདྲ་བའི་དབུ་མཛེས་བསྐྱིལ་བ་དེ་བཞིན་གནས། །ཁྱོད་ཀྱི་གཏོང་བས་བརྒྱ་བྱིན་གྲགས་པ་རྨད་བྱུང་ཟིལ་གྱིས་ནོན། །འཇིག་རྟེན་མཆོད་སྦྱིན་


DTG168_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་གསོད་ཅིང་སྨད། །འབྲས་བུ་འཚལ་བས་མཆོད་སྦྱིན་མ་ལགས་ཀྱི། །ཁྱོད་ཀྱི་མཆོད་སྦྱིན་གྲགས་པའི་རྒྱན་གྱི་བརྒྱན། །ཚུལ་ཁྲིམས་སྐྱོན་མེད་ཡིད་དུ་འོང་དང་མཐུན། །གང་རྣམས་སྐྱོབ་པ་ཁྱོད་བཞུགས་པའི། །སྐྱེ་དགུ་དེ་རྣམས་སྐལ་དང་ལྡན། །བུ་རྣམས་ལ་ཡང་ཕ་དག་ནི། །ངེས་པར་དེ་ལྟར་སྐྱོབ་མི་འགྱུར། །གཞན་ཞིག་གིས་སྨྲས་པ། སྦྱིན་ཞེས་བྱ་བ་ནོར་ཡང་སྟེར་བའི་སྐྱེ་བོ་དེ་ཡི་དབང་དུ་གྱུར། །ཚུལ་ཁྲིམས་བསྲུང་བའང་འཇིག་རྟེན་བདེ་ལ་ཕྱོགས་ཤིང་མཐོ་རིས་འདོད་ལ་ཆགས། །གཞན་གྱི་དོན་བསྒྲུབ་ཕྱིར་ནི་དེ་གཉིས་དེ་བཞིན་སྤྱོད་པ་གང་ལགས་པ། །མཁས་པ་མ་ལགས་སེམས་སྟོབས་མི་ལྡན་པ་ལ་དེ་དག་ཡོད་མ་མཆིས། །དེ་ལྟ་བས་ན་བསམ་པ་དགེ་བ་རྣམས་ནི། སྡིག་པ་བྱེད་དུ་གཞུག་པར་བསླུར་མི་ཚུགས་པས་བསམ་པ་དག་པར་བྱ་བ་ལ་འབད་པར་བྱའོ། །དེ་བས་འབངས་ལ་ཕན་བརྩོན་ལ།། ལེགས་དང་གྲགས་དང་བདེ་བ་ཐོབ། །དེ་བས་རྒྱལ་པོའི་ཚུལ་དེ་ལས། །འགལ་བར་བྱ་བ་ཡོངས་མི་རིགས། །དེ་བཞིན་དུ་རྒྱལ་པོའི་གདམས་ངག་ལ་ཡང་བརྗོད་པར་བྱའོ། །ཆོས་ལ་གོམས་པར་བྱས་པ་ནི། སྐྱེ་དགུ་རྣམས་ལོངས་སྤྱོད་ཆེ་བར་འགྱུར་བས་ན། ལོངས་སྤྱོད་ཆེ་བར་འདོད་པས་ཆོས་ཀྱི་རྗེས་སུ་འབྲང་བར་བྱའོ་ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། །མངོན་པར་མཐོ་བ་ནི་སྦྱིན་པ་དང་དུལ་བ་དང་སྔོམ་པ་ལ་གནས་པས་ཐོབ་པར་འགྱུར་གྱི། ཕྱུགས་བསད་པས་ནི་ནམ་ཡང་མངོན་པར་མཐོ་བར་མི་འགྱུར་རོ། །དེ་བས་ན་དེ་འདོད་པས་སྦྱིན་པ་ལ་སོགས་པ་ལ་གུས་བར་འབད་པར་བྱའོ། །བཅོམ་ལྡན་འདས་དེ་ནི་སྐུ་ཚེ་སྔ་མ་ལ་ཡང་འཇིག་རྟེན་གྱི་དོན་སྤྱོད་པ་ལ་ཐུགས་གཞོལ་བ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །མཆོད་སྦྱིན་གྱི་སྐྱེས་པའི་རབས་ཏེ་བཅུ་པའོ། །སྡོམ་ལ། སྟག་མོ་ཤི་བི་ཀོས་ལ་བདག །ཚོང་དཔོན་གཉིས་དང་རི་བོང་དང༌། །ཨ་གསྟྱ་དང་ཤ་སྦྱིན་དང༌། །ཐམས་ཅད་སྒྲོལ་དང་མཆོད་སྦྱིན་བྱེད། །བཙུ་ཚན་དང་པོའོ།། །།བདག་ཉིད་ཆེན་པོ་རྣམས་ནི་རྒུད་པར་གྱུར་ཏམ། དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ཀྱང་རུང་


DTG168_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་བསོད་ནམས་སྤྱོད་པ་ལ་རབ་ཏུ་གོམས་ཤིང་སྦྱིན་པ་དང༌། དུལ་བ་དང༌། སྡོམ་པ་དང༌། སྙིང་རྗེ་ལ་འདྲིས་པར་གྱུར་པ། གཞན་ལ་ཕན་པར་སྦྱོད་པ་ཁྱད་པར་ཅན་ལ་ངེས་པར་བྱེད་པ་དེ་རེ་ཞིག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ་ཞེས་གྲགས་སོ། །ལྷ་དབང་དཔལ་ནི་དེ་ལ་བརྟེན་བྱས་པས། །གཞི་བྱིན་ཆེན་པོས་ལྷག་པར་མཛེས་གྱུར་པ། །ཡང་ཐོག་རྡོ་ཐལ་གསར་དུ་བསྐུས་པ་ལ། །ཟླ་བའི་འོད་ཟེར་ཕོག་པས་གསལ་བ་བཞིན། གང་ཕྱིར་ལྷ་མ་ཡིན་རྣམས་ཚམ་ཚོམ་མེད་པར་ནི། །ཕྱོགས་ཀྱི་གླང་ཆེན་མཆེ་བ་ལྟོ་བས་ཟེད་འོང་བ། །སྐལ་བ་ཆེ་བས་བདེ་བ་ཐོབ་པའི་དཔལ་དེ་ནི། །དེ་སྙིང་དྲེགས་པའི་དྲི་མ་ཅན་དུ་བྱེད་པར་གྱུར། །དེ་ལྷའི་ཡུལ་དང་མིའི་ཡུལ་ལེགས་པར་བསྐྱངས་པ་ལས་གྱུར་པའི་གྲགས་པ་ཕུན་སུམ་ཚོགས་པ་འཇིག་རྟེན་ཐམས་ཅད་ཀྱི་མཐས་ཀླས་པ་རྨད་དུ་བྱུང་བའི་དཔལ་དེ་ལྷ་མ་ཡིན་རྣམས་ཀྱིས་མ་བཟོད་ནས། གླང་པོ་ཆེ་དང་ཤིང་རྟ་དང༌། རྟ་དང་རྐང་ཐང་གི་དམག་བཤམས་ཏེ་ཆེས་པ་རབ་ཏུ་འཇིགས་འཇིགས་ལྟར་སྣང་བ། སྒྲ་འཇིགས་འཇིགས་སྐད་སྒྲོགས་པས། རྒྱ་མཚོ་འཁྲུག་པར་བྱེད་པ། མཚོན་ཆ་དང་གོ་ཆ་དྲི་མ་མེད་པ་བགོས་པས་འབར་འབར་ལྟར་འདུག་པ། མིག་གིས་མི་བཟོད་པའི་དཔུང་གི་ཚོགས་ཆེན་པོ་དང་བཅས་ཏེ། དེ་ལ་དམག་རྒོལ་དུ་ལྷགས་སོ། །ཆོས་ཀྱི་བདག་ཉིད་ཡིན་ཡང་དེ་ལ་གཞན་བསྔོ་བ། །རོལ་པའི་གེགས་གྱུར་ཡིད་འབྱུང་འགྲོ་བ་འཇིགས་པར་གྱུར། །གཟི་བརྗིད་ཅན་གྱིས་ཚུལ་བཞིན་བྱ་བ་རིགས་པས་ན། །སྙིང་ནི་དམག་དྲངས་གཡེངས་ལ་མངོན་པར་ཕྱོགས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། གསེར་གྱི་ཤིང་རྟ་ངམ་པ་རྟ་བཟང་པོ་སྟོང་དང་སྦྱར་བ། གོས་བཟང་པོ་འོས་པས་བརྒྱན་པའི་བ་དན་མཛེས་པ་ཕྱར་བའི་རྒྱལ་མཚན་བསྒྲེང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་གསལ་བར་སྣང་བ། ལུས་འབར་བ་རྒྱན་གདགས་པའི་གོ་རིམས་ངེས་པར་བྱས་པ། ངོས་གཉིས་མཚོན་ཆ་རྣམ་པ་སྣ་ཚོགས་འབར་བས་མཛེས་པར་བྱས་པ། ལྷའི་གོས་དཀར་པོ་


DTG168_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་སྟེང་ན་འདུག་ནས། རྟ་དང་གླང་པོ་ཆེ་དང༌། ཤིང་རྟ་དང་རྐང་ཐང་རྣམ་པ་སྣ་ཚོགས་དང་ལྡན་པའི་ལྷའི་དམག་གི་དཔུང་ཆེན་པོས་ཡོངས་སུ་བསྐོར་ནས། ལྷ་མ་ཡིན་གྱི་དམག་གི་དཔུང་ཚོགས་དེ་རྒྱ་མཚོའི་འགྲམ་དུ་ཐུག་པར་བསུས་སོ། །དེ་ནས་དེར་ནི་གཡུལ་བསྲེས་པས། །སྔར་མ་རྣམས་ནི་སྐྲག་པར་བྱེད། །ཕན་ཚུན་མཚོན་འདེབས་ཕྱེ་མར་ལྷགས། །གོ་ཆ་རྣམས་ནི་རལ་བར་གྱུར། །ང་ནི་འདི་ན་འདུག་བཞིན་དུ། །མཐོང་བཞིན་ཐར་པ་ག་ལ་འགྱུར། །ཐོབ་ཤིག་འདི་ནི་མེད་ཟིན་ཏོ། །དེ་ལྟར་ཕན་ཚུན་དམྱལ་འདྲར་གྱུར། །དེ་ནས་མཚོན་ཆ་འཁྲུག་པ་ཡི། །སྒྲ་ཆེན་གཡུལ་ནི་བསྲེས་པ་དང༌། །རྔ་བརྡུངས་སྒྲ་ནི་གྲག་བ་ཡིས། །ནམ་མཁའི་ངོས་ནི་རལ་བ་བཞིན། །བརྟག་ལྟར་འཇིགས་པའི་གླང་ཆེན་དག །ཕན་ཚུན་འཐབ་མོ་འགྱེད་པ་ཡི། །རྡུལ་གྱི་དྲི་ནི་མི་བཟོད་པ། །དུས་མཐའི་རླུང་གིས་གཡོས་པ་བཞིན། །གློག་ལྟར་འགྱུ་བའི་བ་དན་ཅན། །ཤིང་རྟའི་སྒྲ་ཆེན་གྲག་པ་ནི། །ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་པ། །སྤྲིན་ཆེན་གློ་བུར་ལངས་པ་བཞིན། །ཕན་ཚུན་མདའ་རྣམས་འཕངས་པ་ཡིས། །ལྷ་དང་ལྷ་མིན་དཔའ་བོ་ཡི། །གདུགས་དང་རྒྱལ་མཚན་གོ་ཆ་དང༌། །ཅོད་པན་དག་ནི་འགྱེལ་བར་གྱུར། །དེ་ནས་ལྷ་མིན་མདའ་འཕངས་བསྡད་པ་དང༌། །ལྷ་དབང་དཔུང་ནི་འཇིགས་པས་བྱེར་བར་གྱུར། །དགྲ་ཡི་དཔུང་ནི་ཤིང་རྟས་རྣམ་བཅིལ་ནས། །ལྷ་དབང་གཅིག་པུ་གཡུལ་ངོར་འཐེན་པར་གྱུར། །དེ་ནས་ལྷ་མ་ཡིན་གྱི་དཔུང་རབ་ཏུ་དགའ་བས་ཤིན་ཏུ་ང་རྒྱལ་བར་གྱུར་ཏེ། ཅ་ཅོའི་སྒྲ་ཆེན་པོ་སེང་གེའི་སྒྲ་བཞིན་སྒྲོགས་པ་མཐོང་བ་དང༌། ལྷའི་དབང་པོའི་ཁ་ལོ་སྒྱུར་བ་མ་ཏ་ལིས་བདག་ཅག་གི་དཔུང་བྲོས་པར་གྱུར་པ་མཐོང་ནས། ད་ནི་སླར་ལོག་པའི་དུས་ལ་བབ་པོ་སྙམ་ནས་ལྷའི་དབང་པོའི་ཤིང་རྟ་སླར་བཟློག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤིང་ཤལ་མ་ལི་ལ་ནམ་མཁའ་ལྡིང་གི་ཚང་བཅས་པ་ཅིག་ཤིང་རྟ་དྲངས་པའི་གཉའ་ཤིང་གི་རྩེ་མོས་ཕོག་པར་གྱུར་པའི་སྟེང་དུ་བབ་པ་མཐོང་ངོ༌། །མཐོང་མ་ཐག་ཏུ་སེམས་སྙིང་རྗེ་ལ་དམིགས་པས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ། །


DTG168_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་མ་ལི་ཡི་ཤིང་ལ་བྱ་ཚང་དག །བཅས་པའི་ནང་ན་བྱིའུ་ཕྲུག་མ་ཚར་བ། །འཁོད་པ་འདི་ནི་ཤིང་རྟའི་གཉའ་ཤིང་གིས། །ཕོག་ནས་མི་ལྷུང་བར་ནི་ཤིང་རྟ་དྲངས། །མ་ཏ་ལིས་སྨྲས་པ། འཕགས་པ་ལྷ་མ་ཡིན་གྱི་དམག་འདི་དག་ད་རུང་སླར་མི་ལྡོག་གོ །བརྒྱ་བྱིན་གྱིས་སྨྲས་པ། འོ་ན་འདི་ཅི་ཉེས་ནམ་མཁའ་ལྡིང་གི་ཚང་འདི་དག་ལས་ལེགས་པར་ཟུངས་ཤིག །མ་ཏ་ལིས་སྨྲས་པ། ཤིང་རྟ་འདི་ནི་སླད་དུ་ལྡོག་ན་འདོད། །བྱ་རྣམས་ལ་ནི་རབ་ཏུ་ཕན་གྱུར་ན། །ལྷ་རྣམས་ལ་ནི་གནས་ནས་སྐབས་རྙེད་པའི། །དགྲ་ཡི་དམག་ཚོགས་འདི་དག་མངོན་ཕྱོགས་མཆིས། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྙིང་རྗེའི་དབང་གིས་རང་གི་ལྷག་པའི་བསམ་པ་ཁྱད་པར་ཅན། སྙིང་སྟོབས་ཀྱི་ཁྱད་པར་བསྟན་པའི་ཕྱིར་སྨྲས་པ། སེམས་ཅན་འཇིགས་པས་ཉེན་པ་འདི་བསད་ཕྱིར། །སྨོད་པའི་གཏམ་ངན་ཕོག་ཅིང་གསོད་བ་པས། །ལྷ་མིན་མཚོན་གྱིས་ཕོག་སྟེ་ཤི་ཡང་སླ། །དེ་བས་ཤིང་རྟ་སླད་དུ་བཟློག་པར་བྱོས། །དེ་ནས་མ་ཏ་ལིས་དེ་ལྟར་བགྱིའོ་ཞེས་མཉན་ནས། དེའི་ཤིང་རྟ་རྟ་སྟོང་དང་ལྡན་པ་སླར་ལྡོག་གོ །དགྲ་རྣམས་ཀྱིས་ནི་དེ་ཡི་མཐུ་མཐོང་ཞིང༌། །ཤིང་རྟ་གཡུལ་ངོར་སླར་ལོག་མཐོང་པ་དང༌། །ཆར་སྤྲིན་ནག་པོ་རླུང་གིས་གཏོར་བ་བཞིན། །སྐྲག་ནས་རྟབ་བཞིན་རབ་ཏུ་མགྱོགས་པར་བྱེད། །བདག་གི་དམག་ཚོགས་ཕམ་ཡང་སླར་ལོག་ཅིང༌། །དགྲ་ཡི་དམག་ཚོགས་ལམ་ནི་བཀག་སྟེ་འཐེན། །གཅིག་པུར་གྱུར་ཀྱང་རབ་ཏུ་དཔའ་སྲིད་པས། །དགྲ་རྣམས་དྲེགས་པ་སྤ་ནི་བཀོད་བར་གྱུར། །ལྷ་མིན་དཔུང་དེ་ཕམ་པར་གྱུར་མཐོང་ནས། །ལྷ་དབང་དཔུང་ཡང་དེ་ནས་སླར་ལོག་གྱུར། །ལྷ་ཡི་དགྲ་རྣམས་འཇིགས་ནས་བྱེར་གྱུར་པ། །དེ་ནས་སླར་ལོག་ཕོད་པ་ཡོངས་མ་གྱུར། །ལྷ་རྣམས་དགའ་ཞིང་ངོ་ཡང་མཚར་བཞིན་དུ། །ལྷ་ཡི་དབང་པོ་ལ་ནི་ཕྱག་ཀྱང་བྱེད། །རྒྱལ་བའི་དཔལ་གྱིས་རབ་མཛེས་མདངས་གསལ་ཞིང༌། །སྲས་རྣམས་དགའ་བའི་མཁར་གྱི་ནང་དུ་སོང༌། །དེ་ལྟར་དེ་ཉིད་དེའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཏོ། །དེ་བས་ན་གསུང་རབ་ལས་ཀྱང༌། ངན་པ་རྣམས་ནི་སྙིང་རྗེ་མེད་པར་སྡིག་པ་


DTG168_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །བློ་འབྲིང་རྣམས་ནི་ཕོངས་ན་སྙིང་རྗེས་བཅས་ཤིང་སྤྱོད། །སྐྱེ་བོ་དགེ་བ་རྣམས་ནི་སྲོག་དང་བྲལ་གྱུར་ཀྱང༌། །རྒྱ་མཚོའི་དུས་བཞིན་རང་གི་ཚུལ་དང་འགལ་མི་བྱེད། །དེ་ལྟར་ལྷའི་རྒྱལ་སྲིད་དང་སྲོག་ཀྱང་བོར་ཏེ། བཅོམ་ལྡན་འདས་ཀྱིས་ཡུན་རིང་པོ་ནས་སེམས་ཅན་རྣམས་ཡོངས་སུ་བསྐྱངས་པས་ན། །ཤེས་རབ་ཅན་གྱིས་དེ་དག་ལ། འདིར་ངན་སེམས་བསྐྱེད་པའང་མི་རིགས་ན། གནོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་འཕགས་པ་རྣམས་ཀྱིས་ནི་སྲོག་ཆགས་རྣམས་ལ་སྙིང་རྗེ་དང་ལྡན་པར་བྱ་བ་རིགས་སོ། །དེ་ལྟ་བས་ན་ཆོས་སྤྱོད་པ་རྣམས་ནི་ཆོས་ཉིད་སྲུང་བར་བྱེད་དོ་ཞེས་གསུངས་པ་དང་ཡང་སྦྱར་བར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང༌། རིམ་གྲོ་བསྐྱེད་དེ་ཆོས་མཉན་པ་ལ་ཡང་སྦྱར་བར་བྱའོ། །བརྒྱ་བྱིན་གྱི་སྐྱེས་པའི་རབས་ཏེ་བཅུ་གཅིག་པའོ།། །། སྐྱེས་བུ་དམ་པ་རྣམས་ནི་བདག་ངོ་ཚ་བ་ཉིད་ཀྱིས་སྤྱོད་ཚུལ་གྱི་དུས་ལས་མི་འདའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་བྲམ་ཟེའི་རིགས་ཆེན་པོ་རུས་དང་སྤྱོད་པ་མ་སྨད་པ། རང་གི་ཆོས་ལ་སྤྱོད་པའི་སྒྲ་གྲག་པ་དང་འདུལ་བ་དང་སྤྱོད་ཚུལ་བཟང་པོ་ཅིག་ཏུ་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཏོ་ཞེས་གྲགས་སོ། །དེ་གོ་རིམས་བཞིན་དུ་སྐྱེས་ནས་ཁྲུས་བྱ་བ་དང༌། སྐྲ་མཚམས་དབྱེ་བ་དང༌། བཙས་པའི་ཆོ་ག་བྱ་བ་ལ་སོགས་པ་ཡོངས་སུ་སྦྱངས་ནས། རིག་བྱེད་བསླབ་པའི་ཕྱིར། བླ་མ་ཐོས་པ་དང་རིགས་བཙུན་པ་དང༌། སྤྱོད་ཚུལ་ཕུན་སུམ་ཚོགས་པ་ཅིག་ལ་བཅར་ཏེ་གནས་པར་གྱུར་ཏོ། །དེས་ནི་ཐོས་པ་སློབ་ཅིང་འཛིན་གསལ་དང༌། །རང་རིགས་གྲགས་དང་གུས་དང་དུལ་བ་དང༌། །ལང་ཚོས་ཆེ་ཡང་ཞི་ཞིང་ཆོས་བཟང་བས། །དེ་ལ་བླ་མ་བྱམས་ཤིང་དགའ་བར་གྱུར། །ཡོན་ཏན་དབང་དུ་བྱེད་པའི་སྔགས། །རྟག་ཏུ་མ་ཉམས་མཐུ་དང་ལྡན། །ཞེ་སྡང་འཁྲུགས་པ་དབང་བྱེད་ན། །ཐ་མལ་སེམས་ལྟ་སྨོས་ཅི་དགོས། །དེ་ནས་དེའི་མཁན་པོ་དང་སློབ་མ་ཐམས་ཅད་ཀྱི་ངན་ཚུལ་བརྟག་པའི་ཕྱིར། བསང་བའི་དུས་དག་ཏུ་བདག་ཉིད་དབུལ་བའི་སྡུག་བསྔལ་རྟག་ཏུ་བསྒྲགས་སོ། །དབུལ་བ་འབྲས་བུ་རེ་བ་མེད། །


DTG168_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་མི་ལ་སྨྲ་མེད་ཅིང༌། །དགའ་སྟོན་ཚེ་ཡང་དགའ་མི་མྱོང༌། །ཀྱི་ཧུད་སྦྱིན་པའི་གཏམ་ཡང་ཞན། །སྨ་དབབ་གནས་གྱུར་ཉོན་མོངས་ངལ་བའི་རྒྱུ། །བདེ་བ་ཡོངས་སྤངས་ཤིན་ཏུ་མི་བརྗིད་པ། །ཉམས་ཉེས་བཞིན་དུ་རྟག་ཏུ་མྱ་ངན་བྱེད། །ནོར་མེད་གྱུར་པ་ཤིན་ཏུ་འཇིགས་སུ་རུང། །དེ་ནས་དའི་སློབ་མ་དེ་དག་རྟ་བཟང་པོ་ལ་ལྕག་གིས་བསྐུལ་བ་བཞིན་དུ། བླ་མ་ལ་བྱམས་པས་མི་དགའ་བར་གྱུར་ཏོ། །བསོད་སྙོམས་རབ་ཏུ་བཟང་ཞིང་ཤིན་ཏུ་མང་དུ་བྱུང་ངོ༌། །དེས་དེ་དག་ལ་སྨྲས་པ། བསོད་སྙོམས་ཀྱི་ཟས་ཀྱིས་སུ་འི་དབུལ་ཕོངས་པ་ཡང་ཕྱེད་པར་མི་འགྱུར་གྱི། ཁྱེད་ཅག་ཉོན་མོངས་པར་བྱེད་པ་འདི་ཐོང་ཤིག །ང་ཉོན་མོངས་པ་མི་བཟོད་ན། ཁྱོད་ཀྱིས་ནོར་བསྒྲུབ་བ་ལ་འབད་པར་བྱ་བ་འདི་ནི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཀྲེས་སྐོམ་ཟན་དང་ཆུ་ཡི་ཕྱིར། །སྔགས་བཅས་སྨན་གྱིས་ནད་སོས་འགྱུར། །རྒྱུན་གནས་ནོར་གྱིས་དབུལ་པོར་འགྱུར། །ཐབས་ཀྱིས་ནོར་བཙལ་དབུལ་བ་འདོར། །སློབ་མ་རྣམས་ཀྱིས་སྨྲས་པ། བདག་ཅག་སྐལ་བ་ཆུང་བས་འདི་ཙམ་ལས་ལྷག་པར་རྡོ་མི་ཐོགས་ན་ཅི་ལྟར་བགྱི། གཞན་ཡང༌། མཁན་པོ་ནོར་ཡང་བསོད་སྙོམས་བཞིན། །གལ་ཏེ་རྙེད་པར་གྱུར་ན་ནི། །ཁྱོད་ཀྱིས་དབུལ་བའི་སྡུག་བསྔལ་འདི། །དེ་ལྟར་བདག་ཅག་ག་ལ་བཟོད། །བྲམ་ཟེ་རྣམས་ཀྱིས་ནོར་བསྒྲུབ་ཏུ། །བླང་བའི་ཐབས་ནི་རབ་ཏུ་ཆུང༌། །སྐྱེ་བོ་འདི་ཡང་སྦྱིན་མི་ཕོད། །དེ་བས་ཐབས་མེད་བདག་ཅག་ཕུང༌། །མཁན་པོས་སྨྲས་པ། བྲམ་ཟེ་རྣམས་ལ་ནི་ནོར་བསྒྲུབ་པའི་ཐབས་གཙུག་ལག་ལས་བྱུང་བ་གཞན་དག་ཀྱང་ཡོད་ན། བདག་ནི་རྒས་པས་མཐུ་མེད་པར་གྱུར་ཏེ་དེ་སྒྲུབ་མི་ནུས་སོ། །སློབ་མ་རྣམས་ཀྱིས་སྨྲས་པ། སློབ་དཔོན་བདག་ཅག་ནི་མ་རྒས་པས་མཐུ་ཉམས་པར་མ་གྱུར་ན། གལ་ཏེ་གཙུག་ལག་ལས་བྱུང་བའི་ཐབས་དེ་དག་བདག་ཅག་གིས་བསྒྲུབ་ཏུ་རུང་བར་དགོངས་ན་གསུངས་ཤིག་དང༌། བདག་ཅག་ལ་ཆོས་འཆང་པའི་དྲིན་ལན་བླ་ན་པར་བགྱིའོ། །མཁན་པོས་སྨྲས་པ། གཞོན་ཡང་སྙིང་ལ་རྩོལ་མི་ཕོད་པ་རྣམས་ཀྱིས་ནི་འདི་ལྟ་བུའི་ནོར་བསྒྲུབ་པར་དཀའ་མོད་ཀྱི། འོན་ཀྱང་དེ་ལྟར་ཁྱེད་


DTG168_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དུས་ཀྱིས་འཚུན་ན་ལེགས་ཀྱིས་ཉོན་ཅིག་ནོར་བསྒྲུབ་པའི་རིམ་པ་གཅིག་ཡོད་པ་དེ་ཡང་གང་ཞེ་ན། བྲམ་ཟེ་རྒུད་ཚེ་རྐུ་བ་ཆོས་སུ་འཆད། །འཇིག་རྟེན་ན་ཡང་ནོར་མེད་རྒུད་པའི་མཆོག །དེ་བས་གཞན་ནོར་མ་མཐོང་བླང་བར་གྱིས། །འདི་དག་ཀུན་ཀྱང་བྲམ་ཟེའི་ནོར་ཡིན་ནོ། །མངོན་སུམ་དུ་ནི་ནོར་འཕྲོག་ནུས་གྱུར་ཀྱང༌། །བདག་གི་གྲགས་པས་བསྲུང་བར་བྱ་དགོས་སོ། །ཁྱེད་ཅག་ལྟ་བུས་འདི་ལྟར་བྱར་མི་རུང༌། །དེ་བས་དེ་ལྟར་མ་མཐོང་བསྒྲུབ་པར་བྱ། །དེ་ལྟར་དེས་བསྡམ་པ་གློད་པ་དང༌། སློབ་མ་དེ་དག་གིས་དེའི་ཚིག་དེ་མི་རིགས་ཀྱང༌། རིགས་པ་བཞིན་དུ་དེ་ལྟར་བགྱིའོ་ཞེས་མཉན་ནས། བྱང་ཆུབ་སེམས་དཔའ་འབའ་ཞིག་ནི་མ་གཏོགས་སོ། །དེ་ལ་རང་བཞིན་དགེ་བས་ན། །དེ་ལ་རྗེས་སུ་ཡི་མི་རང༌། །དེ་དག་གིས་ནི་མ་བརྟགས་པར། །བྱར་རུང་བཞིན་དུ་ཁས་བླངས་སོ། །བྱང་ཆུབ་སེམས་དཔའ་ནི་ངོ་ཚ་བས་མགོ་སྨད་དེ་ཅུང་ཟད་ཅིག་ཤུགས་ནར་ཞེས་ཕྱུང་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་དེ་དག་གི་མཁན་པོ་དེས་བྱང་ཆུབ་སེམས་དཔའ་དེ་ཆོ་ག་བསྟན་པ་དེ་ལ་དགའ་བར་ཡང་མ་གྱུར། སླར་ལྡོག་པར་ཡང་མ་གྱུར་པ་མཐོང་ནས། སེམས་དཔའ་ཆེན་པོ་དེ་ལ་ཡོན་ཏན་ཞིག་ཡོད་པར་བསམས་ནས། འདིས་ཅི་སྩོལ་མི་ཕོད་དམ། ང་ལ་མི་བྱམས་སམ། འོན་ཀྱང་ཆོས་ཀྱི་འདུ་ཤེས་ཀྱིས་རྐུན་པོ་བྱེད་དུ་མི་བཏུབ་བམ་སྙམ་ནས་དེའི་རང་བཞིན་བརྟག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ། །བྲམ་ཟེ་འདི་རྣམས་ང་རྒུད་མི་བཟོད་པས། །མི་རྣམས་དཔའ་བོའི་ལམ་ལ་བརྟེན་པར་གྱུར། །ཁྱོད་ནི་སྤྲོ་བ་མེད་ཅིང་བླུན་པར་མངོན། །ང་རྒུད་པས་ནི་ངེས་པར་མ་གདུངས་སོ། །ང་ཡི་སྡུག་བསྔལ་རྒྱ་ཆེར་རབ་བསྒྲགས་ཤིང༌། །ཚིག་ཏུ་སྨྲས་པས་མ་བཅབས་བསྟན་གྱུར་ཀྱང༌། །ཁྱོད་ནི་ཇི་ལྟར་མི་བསྒྲིམ་བརྟེན་གྱུར་ན། །དེ་ལྟར་ཐ་མལ་བཞིན་དུ་གནས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པས་ཕྱག་འཚལ་ཏེ། མཁན་པོ་ལ་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །བདག་ནི་མི་བྱམས་ཤིང་སྙིང་སྲ་བའི་ཕྱིར་བླ་མའི་སྡུག་བསྔལ་གྱིས་མ་གདུངས་ཏེ། འདི་ལྟར་མ་མཆིས་པ་མ་ལགས་ཀྱིས། མཁན་པོས་བསྟན་པའི་


DTG168_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་འདི་མི་སྲིད་པའི་ཕྱིར་འདི་ལྟར་མཆིས་སོ། །སུས་ཀྱང་མ་མཐོང་བར་སྡིག་པ་སྤྱད་དུ་རུང་བ་ནི་གང་ཡང་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། དབེན་པ་ནི་མི་སྲིད་པའི་སླད་དུའོ། །སྡིག་པའི་ལས་རྣམས་བྱེད་པ་ན། །འཇིག་རྟེན་ན་ནི་དབེན་པ་མེད། །མི་སྣང་བ་ཡི་འབྱུང་པོ་རྣམས། །མི་རྣམས་ལ་ནི་ལྟ་བར་བྱེད། །ལྷ་ཡི་སྤྱན་ནི་ཕྱེ་བ་ཡིས། །ཐུབ་པ་བདག་ཉིད་སྦྱངས་པ་རྣམས། །དེ་ཡིས་མ་མཐོང་དབེན་སྙམ་ནས། །བྱིས་པ་སྡིག་པ་སྤྱོད་ལ་འཇུག །བདག་གིས་གང་ནའང་བསྟོད་པ་ནི། །ཅུང་ཟད་མཆིས་པར་མ་མཐོང་ངོ༌། །གང་ན་གཞན་དག་མི་སྣང་བ། །དེ་ནི་བདག་གིས་སྟོང་མ་ལགས། །ཉེས་ཕྱས་གཞན་གྱིས་མཐོང་བ་དང༌། །གང་ཡང་བདག་གིས་མཐོང་བ་དག །བདག་གིས་མཐོང་བ་གང་ཡིན་པ། །དེ་ནི་ལེགས་པར་མཐོང་བ་ཡིན། །བདག་གིས་དགོས་པས་ཡིད་ནི་གཡེངས་གྱུར་ཕྱིར། །ཕ་རོལ་སྤྱོད་པས་གཞན་གྱིས་མི་མཐོང་སྲིད།། བདག་ནི་ཆགས་པས་རྩེ་གཅིག་ཡིད་གྱུར་ཕྱིར། །སྡིག་པ་བྱེད་པ་ངེས་པར་རིགས་པར་གྱུར། །དེ་ཡི་སླད་དུ་བདག་ནི་དེ་ལྟར་མཆིས་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་མཁན་པོའི་ཡི་དགའ་བར་རིགས་ནས། ཡང་སྨྲས་པ། ཁྱོད་ནི་དེ་ལྟར་ནོར་གྱི་ཕྱིར་ཞུགས་པར། །བདག་གི་ཚིག་ལ་ངེས་པར་མི་འཛིན་ཏོ། །སྐྱོན་དང་ཡོན་ཏན་བྱེ་བྲག་ཤེས་གྱུར་པ། །སུ་ཞིག་ནོར་ཕྱིར་ཡོན་ཏན་ཆུང་གསོན་བྱེད། །ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བར་བྱེད་པ་ལས། །གྱོ་མོའི་སྣོད་ཐོགས་གོས་ངན་གོན་ནས་ནི། །དགྲ་ཡི་ཁྱིམ་ན་འབྱོར་པ་བསློང་ཡང་སླ། དེ་ནས་དེའི་མཁན་པོ་སྙིང་རབ་ཏུ་དགའ་ཞིང་ཡ་མཚན་དུ་གྱུར་ནས་སྟན་ལས་ལངས་ཏེ། དེ་ལ་ལག་པས་འཁྱུད་ནས་སྨྲས་པ། བུ་ལེགས་སོ་ལེགས་སོ་བྲམ་ཟེ་ཆེན་པོ་ལེགས་སོ། །ཁྱོད་ཀྱི་ཤེས་རབ་རབ་ཏུ་ཞི་བས་བརྒྱན་པ་འདི་ལ་དོན་དེ་རིགས་སོ། །བྱིས་པ་རྣམས་ནི་མཚན་མ་ཅུང་ཟད་ལ། །བརྟེན་ནས་རང་གི་ཆོས་ལམ་འདོར་པར་བྱེད། །དཀའ་ཐུབ་ཐོབ་དང་ཤེས་པའི་ནོར་ལྡན་པ། །དགེ་བ་རྣམས་ནི་ཕོངས་ཀྱང་མི་འགྱུར་རོ། །ཁྱོད་ཀྱིས་རང་རིགས་དྲི་མེད་བརྒྱན་པ་འདི། །སྟོན་ཟླ་ཤར་བས་ནམ་མཁའ་བརྒྱན་པ་བཞིན། །ཁྱོད་ཀྱི་ཐོས་པ་རྣམས་


DTG168_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོན་དང་ལྡན། །ང་ཡིས་འབད་པའི་ནོར་ཡང་ལེགས་པར་འབྱུང༌། །དེ་བས་ན་སྐྱེས་པུ་དམ་པ་རྣམས་ནི། །དེ་ལྟར་བདག་ངོ་ཚ་བ་ཉིད་ཀྱི་སྤྱོད་ཡུལ་གྱིས་དུས་ལས་འདའ་བར་མི་བྱེད་དོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱིས་ཀྱང་ངོ་ཚ་ཤེས་པའི་སྟོབས་དང་ལྡན་པར་བྱ་བའི་རིགས་སོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་རྣམས་ནི་ངོ་ཚ་ཤེས་པའི་འོབས་ཀྱིས་བསྐོར་བས་མི་དགེ་བ་རབ་ཏུ་སྤོང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ངོ་ཚེ་ཤེས་པའི་བསྔགས་པ་དང་ལྡན་པའི་མདོ་སྡེ་དང་འཇིག་རྟེན་ལ་དབང་བྱེད་པའི་མདོ་སྡེ་དག་ལ་ཡང་སྦྱར་བར་བྱའོ། །བྲམ་ཟེར་སྐྱེས་པའི་རབ་ཏེ་བཅུ་གཉིས་པའོ།། །།སྐྱེས་པུ་དམ་པ་རྣམས་ནི་བདག་རང་སྲན་ཐུབ་པས་བརྟན་པའི་ཕྱིར་སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པར་མི་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་བདེན་པ་དང་གཏོང་བ་དང༌། ཉེ་བར་ཞི་བ་དང༌། ཤེས་རབ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱིས་འཇིག་རྟེན་ལ་ཕན་པར་བརྩོན་པ་དེ། རེ་ཞིག་ཅིག་ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོར་གྱུར་ཏོ། །ཞེས་གྲགས་སོ། །ཆོས་དང་འདུལ་བ་ལས་མངོན་སུམ་དུ་གྱུར་པ་བཞིན་སྐྱེ་དགུ་རྣམས་ལ་ཕ་དང་འདྲ་བར་ཕན་འདོགས་ནུས་པར་གྱུར་ཏོ། །ཉེས་པ་སྤྱོད་ལས་རྣམ་པར་བཟློག་པ་དང༌། །ཡོན་ཏན་འཕེལ་བ་རབ་ཏུ་དགོངས་པའི་ཕྱིར། །རྒྱལ་པོ་དེས་ནི་ཕ་ཡིས་བུ་དག་བཞིན། །འཇིག་རྟེན་གཉིས་ཀར་མི་རྣམས་དགའ་བར་འགྱུར། །ནང་གི་མི་དང་ཕྱི་མི་འདྲ་བར་སྙོམས། །དེ་ཡི་བཀའ་ཁྲིམས་ཆོས་དང་རྗེས་སུ་མཐུན། །སྐྱེ་བོའི་ཆོས་མིན་ལམ་ནི་བསྒྲིབས་ནས་སུ། །མཐོ་རིས་ལམ་ནི་ཐེམ་སྐས་རིམ་པ་བཞིན། །འཇིག་རྟེན་ཕན་པ་ཆོས་ལྡན་དེ་མཐོང་ནས། །མི་རྣམས་སྐྱོང་བ་ཆོས་རྣམས་འབའ་ཞིག་སྤྱོད། །རྣམ་པ་ཀུན་ཏུ་ཆོས་ཀྱི་ལམ་ལ་དགའ། །གཞན་གྱི་ཆོས་ལ་གནོད་བྱས་ཡོངས་མི་བཟོད། །རྒྱལ་པོ་ཆེན་པོ་དེའི་བློན་པོ་ཆེན་པོའི་བུ་མོ་ཞིག་དཔལ་མོ་གཟུགས་དང་ལྡན་པ་བཞིན། དགའ་བ་མངོན་སུམ་གྱུར་པ་བཞིན། ལྷའི་བུ་མོ་བཞིན་གཟུགས་དང་གཟི་མདངས་མཆོག་དང་ལྡན་པ། བལྟ་ན་སྡུག་པ། བུད་མེད་རིན་པོ་ཆེ་རབ་ཏུ་བཀུར་


DTG168_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་ཡོད་པར་གྱུར་ཏོ། །འདོད་ཆགས་མ་བྲལ་བས་ནི་དེ་ཡི་ལུས། །ཇི་སྲིད་མཐོང་བར་གྱུར་པ་དེ་སྲིད་དུ། །དེ་ཡི་གཟུགས་དང་ཡོན་ཏན་རྣམས་ལ་ཆགས། །དེ་ཡི་ལྟ་བ་བཟློག་པར་ཡོང་མི་ནུས། །དེ་བས་ན་གཉེན་རྣམས་ཀྱིས་ཀྱང༌། དེའི་མིང་མྱོས་བྱེད་མ་ཞེས་བཏགས་སོ། །དེ་ནས་དེའི་ཕས་རྒྱལ་པོ་ལ་གསོལ་པ། ལྷ་ཁྱེད་ཀྱི་ཡུལ་དུ་བུད་མེད་རིན་པོ་ཆེ་ཞིག་བྱུང་བར་གྱུར་ན། ཕྱག་ཏུ་བཞེས་སམ་མི་བཞེས་པ་ལྷ་ཉིད་མཁྱེན་ཏོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་བུད་མེད་ཀྱིས་མཚན་ཉིད་ལ་མཁས་པའི་བྲམ་ཟེ་རྣམས་ལ་འདི་ཅི་ལ་འོས་པ་ཡིན་ནམ་མ་ཡིན་ཁྱེད་ཀྱིས་ལྟོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་བུ་མོ་དེའི་ཕས་བྲམ་ཟེ་དེ་དག་རང་གྱི་ཁྱིམ་དུ་ཕྱིན་ནས་མྱོས་བྱེད་མ་ལ། བཟང་མོ་ཁྱོད་རང་གིས་བྲམ་ཟེ་རྣམས་ལ་ཁ་ཟས་དྲངས་ཤིག་ཅེས་སྨྲས་པ་དང༌། བུ་མོ་དེས་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས། བྲམ་ཟེ་རྣམས་ལ་གོ་རིམས་བཞིན་དུ་ཁ་ཟས་དྲངས་སོ། །དེ་ནས་བྲམ་ཟེ་དེ་དག་དེའི་གདོང་དུ་མིག་མི་འཛུམས་པར་ལྟ། འདོད་ཆགས་ཀྱིས་ནི་བརྟེན་པ་ཉམས་པར་གྱུར། །མིག་དང་ཡིད་ལ་དབང་ཡང་མེད་པར་གྱུར། །འདོད་པས་མྱོས་ནས་འདུ་ཤེས་ཉམས་པར་གྱུར། །གང་གི་ཚེ་བརྟན་ཅིང་མི་གཡོ་བར་འཁོད་པར་ཡང་གནས་མ་ནུས་པར་གྱུར་པ་དེའི་ཚེ། ཁ་ཟས་བཟའ་བ་ལྟ་ག་ལ་ནུས་ཏེ། དེ་ནས་ཁྱིམ་བདག་དེས་རང་གི་བུ་མོ་དེ་དག་གི་མིག་ལམ་དུ་མི་སྣང་བར་བྱས་ཏེ། བདག་ཉིད་ཀྱིས་བྲམ་ཟེ་རྣམས་ལ་ཁ་ཟས་བྱིན་ཏེ་སླར་གྱིས་སོ། །དེ་ནས་དེ་དག་གིས་བསམས་པ། འདི་ནི་བཅོས་མའི་གཟུགས་ཡིན་ནོ། །བུ་མོ་འདིའི་གཟུགས་བྱད་ནི་ཡིད་འཕྲོག་པར་བྱེད་པ་ཞིག་གོ །འདི་ནི་རྒྱལ་པོས་གཟིགས་པར་བྱ་བ་ཡང་མི་རིགས་ན། བཙུན་མོ་འབུལ་དུ་ལྟ་ག་ལ་རུང༌། འདི་བྱད་བཞིན་བཟང་ཆེས་པས་གདོང་མི་ཟ་བར་རྒྱལ་པོ་དེ་སེམས་མྱོས་ནས་ཆོས་དང་སྲིད་ཀྱི་དོན་བསྒྲུབ་པ་ལ་གཡེལ་བར་འགྱུར་ཞིང༌། རྒྱལ་པོའི་དོན་བསྒྲུབ་རྒྱུ་དུས་ལས་ཡོལ་བས་འབངས་རྣམས་ལ་ཕན་པ་དང༌། བདེ་བའི་ལམ་ཆད་དེ་འདིས་ཕུང་བར་འགྱུར་རོ། །འདི་ནི་མཐོང་བར་གྱུར་པ་ཙམ་གྱིས་ཀྱང༌། །དྲང་སོང་རྣམས་ལའང་དངོས་གྲུབ་གེགས་གྱུར་ན། །


DTG168_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཅན་གྱི་མིག་ལ་ལང་ཚོར་ལྡན། །རྒྱལ་པོ་བདེ་བར་གནས་པ་སྨོས་ཅི་དགོས། །དེ་བས་ན་ད་ནི་དུས་ལ་བབ་པོ་སྙམ་ནས། སྐབས་ཅིག་ཏུ་རྒྱལ་པོའི་སྤྱན་སྔར་སོང་སྟེ། རྒྱལ་པོ་ཆེན་པོ་བུ་མོ་དེ་བདག་གིས་མཐོང་སྟེ། དེའི་བྱད་གཟུགས་ནི་རབ་ཏུ་བཟང་ལ་མཚན་ངན་ཏེ། །དཔལ་དང་མི་ལྡན་པ་ཞིག་ལགས་པས། རྒྱལ་པོས་གཟིགས་སུ་མི་རུང་ན། །ཁབ་ཏུ་བགྱིད་ལྟ་ག་ལ་རུང༌། །སྨད་པའི་བུད་མེད་ཁྱིམ་ནི་གཉིས་ཀར་ཡང༌། །གྲགས་པ་དང་ནི་འབྱོར་པ་མེད་པར་བྱེད། །མཚན་མོའི་ཟླ་བ་སྤྲིན་རུམ་ནུབ་པ་ནི། །གནམ་སའི་བྱེ་བྲག་མཛེས་པ་མེད་པ་བཞིན། །རྒྱལ་པོས་དེའི་དོན་ཐོས་ནས་བུ་མོ་དེ་མཚན་ངན་ཞེས་གྲགས་པས། ངའི་རིགས་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེ་ལ་ཆགས་པ་མེད་པར་གྱུར་ཏོ། །རྒྱལ་པོས་མི་བཞེད་པར་ཤེས་ནས། ཁྱིམ་བདག་དེའི་བུ་མོ་དེ་རྒྱལ་པོ་དེ་ཉིད་ཀྱི་བློན་པོ་ཅིག་ལ་བྱིན་ནོ། །དེ་ནས་རེ་ཞིག་ཅིག་རྒྱལ་པོ་དེ་མཐར་གྱིས་རང་གི་གྲོང་ཁྱེར་ན་མེ་ཏོག་ཀུ་མུ་ཏའི་དགའ་སྟོན་བཟང་པོ་བྱུང་བ་ལ་ལྟ་བར་འདོད་ནས་ཤིང་རྟ་མཆོག་ལ་ཞོན་ཏེ་གྲོང་ཁྱེར་གྱི་ལམ་པོ་ཆེ་སྲང་དང་ཚོང་ཁང་ཐམས་ཅད་ཕྱག་དར་བྱས་ཤིང་ཆག་ཆགས་གདབ་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བདན་བསྒྲེང་བ། སའི་སྟེང་ཐོག་དག་མེ་ཏོག་སིལ་མས་བཀྲམ་པ་གླུ་གར་དང་བཞད་གད་དང༌། རྩེད་མོ་དང་སིལ་སྙན་སྒྲོགས་པ། མེ་ཏོག་དང༌། གདུགས་དང༌། རྒྱལ་མཚན་དང༌། སྤོས་དང༌། ཕྱེ་མ་དང༌། གོས་དང༌། ཕྲེང་བ་དང༌། ཁྲུས་དང༌། བྱུག་སྤོས་ཀྱི་བསུང་ཞིམ་པོའི་ངད་ལྡང་བ། ཚོང་ཟོང་བཟང་བ་རྣམ་པ་མང་པོ་བཀྲམ་པ། གྲོང་ཁྱེར་གྱི་མི་དར་ཞིང་དགའ་ལ་ཆས་རབ་ཏུ་བཟང་བ་རྣམས་ཀྱིས་གང་བའི་གྲོང་ཁྱེར་མཆོག་གི་ནང་ནས་སོང་སོང་བ་ལས། བློན་པོ་དེའི་ཁྱིམ་དང་ཉེ་བ་ཅིག་ཏུ་ཕྱིན་པ་དང༌། དེ་ནས་མྱོས་བྱེད་མས་བསམས་པ། བདག་ནི་རྒྱལ་པོ་འདིས་མཚན་ངན་ཞེས་བཏགས་ནས་སྤོངས་སོ་སྙམ་སྟེ། སྙིང་ན་བཞིན་དུ་རྒྱལ་པོ་ལ་ལྟ་འདོད་པ་འདྲ་བ་བྱས་ནས་ལུས་བྱད་མཛེས་པར་བསྟན་ནས། སྤྲིན་གྱི་སྟེང་ན་གློག་འགྱུ་བ་བཞིན་དུ། ཡང་ཐོག་གི་སྟེང་ན་རབ་ཏུ་གསལ་བར་སྣང་བར་བྱས་ཏེ་འདུག་གོ །ད་


DTG168_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྟ་བུ་མཚན་ངན་པ་མཐོང་ན། འདིའི་དྲན་པ་རྣམ་པ་གཡོ་བ། བདག་རང་གིས་འཛིན་ནུས་སམ་མི་ནུས་ལྟའོ་སྙམ་མོ། །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་མཆོག་བརྒྱན་པ་ལ་བལྟས་པ་ལས། བུ་མོ་དེ་མིག་སྔ་ན་འདུག་པ་མཐོང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས། ཕོ་བྲང་སྟེང་དུ་ན་ཆུང་བཟང་མོ་ཡི། །ལུས་བཟང་ཆེས་པ་ཚིམ་པར་མཐོང་གྱུར་ཅིང༌། །ཆོས་ལམ་རྗེས་སུ་དགའ་བས་མ་འཕྱར་ལ། །དབང་པོ་དུལ་བར་བྱེད་ལ་བརྩོན་གྱུར་ཅིང༌། །བརྟེན་པའི་ཡོན་ཏན་ཆེ་ལ་ངོ་ཚ་ཤེས། །གཞན་གྱི་བུད་མེད་ལྟ་ལ་མ་སྨོས་ཀྱང༌། །འདོད་ཆགས་ལངས་ཤིང་ཡ་མཚན་ཆེར་གྱུར་ནས། །བུད་མེད་དེ་ལ་མིག་གིས་རིང་བཞིན་བལྟས། །འདི་ཅི་ཀུ་མུ་ཏ་ཡིན་ནམ། །འོན་ཏེ་ཁྱིམ་འདིའི་ལྷ་ཡིན་ནམ། །ལྷ་འམ་ལྷ་མིན་ཆུང་མ་ཡིན། །འདི་ནི་མི་ལུས་མ་ཡིན་ནོ། །སྙམ་ནས། །རྒྱལ་པོས་དེ་ལྟར་དཔྱོད་དཔྱོད་ནས་དེ་ལ་བལྟས་པས་ཚིམ་པར་མ་གྱུར་བཞིན་དུ། ཤིང་རྟ་དེ་ཕྱོགས་དེ་ནས་ཐལ་བྱུང་དུ་བྱེད་པ་དང་ཡིད་ལ་མི་འབབ་པར་གྱུར་ཏེ། དེ་ནས་རྒྱལ་པོ་དེ་སྙིང་སྟོར་བ་བཞིན་དུ་དེ་ལ་སེམས་རྩེ་གཅིག་ཏུ་གྱུར་ཞིང་བདག་གི་གནས་སུ་ཕྱིན་པ་དང༌།། འདོད་ཆགས་ཀྱིས་བརྟེན་པ་མེད་པར་གྱུར་པ་དང༌། ཁ་ལོ་སྒྱུར་བ་རབ་ཏུ་དགའ་བ་ཞེས་བྱ་བ་ལ་གསང་སྟེ་སྨྲས་པ། ཕྱིར་དཀར་པོས་བསྐོར་བ་ཡི། །ཁྱིམ་དེ་སུའི་ཡིན་ཁྱོད་ཤེས་སམ། །སྤྲིན་དཀར་སྟེང་ན་གློག་བཞིན་དུ། །དེ་ན་མཛེས་པ་སུ་ཞིག་ཡིན། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཉིད་ཀྱི་བློན་པོ་ཨ་བྷི་པ་ར་ཀ་ཞེས་བགྱི་བ་ཞིག་མཆིས་ཏེ། ཁྱིམ་དེ་ནི་དེའི་ལགས་སོ། །བུ་མོ་དེ་ཡང་དེ་ཉིད་ཀྱི་མཆིས་འབྲང་ལགས་ཏེ། ཀི་རཱི་ཏ་བཱ་ཚ་ཞེས་བགྱི་བའི་བུ་མོ་མྱོས་བྱེད་མ་ཞེས་བགྱི་བ་ལགས་སོ། །རྒྱལ་པོ་དེས་དེ་སྐད་ཅེས་ཐོས་ནས། གཞན་གྱི་ཆུང་མ་ཡིན་ནོ་སྙམ་སྟེ་རེ་ཐག་ཆད་ནས་སེམས་ཁོང་དུ་ཆུད་ནས་མིག་རྩ་དང་མདངས་ཉམས་ཤིང་ཤུགས་ནར་གྱིས་ཕྱུང་ནས། དེ་ལ་སེམས་ཆགས་པ་བཞིན་དུ་དལ་བུས་བདག་རང་ལ་སྨྲས་པ། ཨེ་མའོ་འདི་མིང་འདི་ལྟར་བཏགས་པ་ནི། །དོན་དང་རྗེས་སུ་མཐུན་ཞིང་ཚིག་ཀྱང་སྙན། །འཛུམ་པའི་མདངས་དཀར་མྱོས་བྱེད་མ་ཞེས་པ། །འདི་


DTG168_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་ནི་མྱོས་པ་བཞིན་དུ་བྱེད། །དེ་ནི་བཞེད་པར་བདག་འདོད་ན། །སེམས་ཀྱིས་མཐོང་བ་བཞིན་དུ་གྱུར། །བདག་གི་སེམས་ནི་དེ་ལ་གནས། །སེམས་ནི་དེ་ཡི་དབང་དུ་གྱུར། །གཞན་གྱི་ཆུང་མ་ཡིན་པ་ལ། །བདག་ཀྱང་དེ་ལྟར་མི་བརྟེན་པར། །དེ་ནི་མྱོས་ཏེ་ངོ་ཚ་དང༌། །བྲལ་བ་བཞིན་དུ་གཉིད་དང་བྲལ། །དེ་ཡི་ལུས་བཟང་ཆས་ཤིང་འགྲེང་དང་ལྡན་པ་ལ། །ཆགས་པས་རྩེ་གཅིག་ཡིད་དུ་གྱུར་ཞིང་འདུག་པའི་ཚེ། །དོན་སྒྲུབ་གོ་རིམས་སྤྲོན་པའི་ཆབ་ཚོད་སྒྲ་གྲགས་པའི། །ཆབ་ཚེད་དེ་ནི་ང་ཡི་སེམས་ལ་ཞེ་སྡང་ལྡང༌། །དེ་ལྟར་རྒྱལ་པོ་དེ་འདོད་པས་མྱོས་པའི་མཐུ་བརྟེན་པ་ནི་ཉམས། །བདག་རང་གིས་བརྣག་སྟེ་བོར་ཡང་མདངས་ནི་སེམས་སྐྱར་གྱུར་ཅིང་ལུས་ཀྱང་ཤ་བྲི་སྲབ་མོར་གྱུར། སེམས་ཁོང་དུ་ཆུད་ཅིང་ཤུགས་ནར་གྱིས་ཕྱུང་བ་ལ། །གླལ་བ་ཡང་དང་ཡང་དུ་ནི་བྱུང༌། འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་ནི་རབ་ཏུ་མངོན་པར་གྱུར་ཏོ། །བརྟན་པ་ཆེན་པོས་བརྣགས་ཤིང་བསྒྲིམས་བྱས་ཀྱང༌། །རྒྱལ་པོ་དེ་ཡི་ཡིད་ནི་གྱུར་པ་དེ། །སེམས་ཁོང་ཆུད་པའི་མིག་དང་བཞིན་མདངས་དང༌། །ཤ་བྲི་སྲབ་མོར་གྱུར་པས་རབ་ཏུ་མངོན་པར་གྱུར། །དེ་ནས་བློན་པོ་ཨ་བྷི་པ་ར་ཀ་བརྡ་དང་མཚན་མ་ལ་མཁས་པ་དེས། རྒྱལ་པོ་དེ་དེ་ལྟར་གྱུར་པར་ཤེས་ནས་སྙིང་ཉེ་བས་རྒྱལ་པོ་མ་རུང་བར་གྱུར་དུ་དོགས་པ་དང༌། འདོད་ཆགས་ཀྱང་མཐུ་ཆེ་བར་ཤེས་ནས་རྒྱལ་པོ་ལ་ཞུས་ཏེ། ནང་དུ་མཆིས་པར་གནང་བ་དང༌། དབེན་པར་གསང་སྟེ་གསོལ་པ། ད་ནང་བདག་ནི་ལྷ་མཆོད་བགྱིས་པའི་ཚེ། །གནོད་སྦྱིན་ཞིག་གིས་མངོན་སུམ་མཆིས་ནས་སུ། །མྱོས་བྱེད་མ་ལ་རྒྱལ་པོའི་ཐུགས་ཆགས་པ། །ཁྱོད་ཀྱིས་མི་ཤེས་སམ་ཞེས་བདག་ལ་མཆིས། །དེ་སྐད་སྨྲས་ནས་མོད་ལ་མི་སྣང་གྱུར། །བདག་ནི་རྟོག་པ་སྐྱེས་ནས་འདིར་མཆིས་ལགས། །དེ་ལྟར་མེད་ན་ལྷ་གཅིག་འདི་ལྟ་བུ། །ཅི་ཡི་སླང་དུ་བདག་ལ་བཀའ་མི་སྩལ། །དེ་བས་ན་ལྷ་བདག་ལ་ཐུགས་བརྩེ་བའི་སླད་དུ། བུ་མོ་འདི་ཕྱག་ཏུ་བཞེས་པར་རིགས་སོ། །དེ་ནས་རྒྱལ་པོ་དེ་ལྟས་ཀྱིས་བསྐུལ་བས་ངོ་ཚ་སྟེ། མགོ་སྨད་ནས་འདོད་ཆགས་ཀྱི་དབང་དུ་གྱུར་ཀྱང༌། ཆོས་ལ་སེམས་རབ་ཏུ་གོམས་པའི་ཕྱིར་བརྟེན་པ་


DTG168_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་མི་འདོད་པའི་ཚིག་རབ་ཏུ་གསལ་བས་དེ་ལ་སྨྲས་པ། དེ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཉམས་གྱུར་བདག་ཀྱང་མི་འཆི་མིན། །བདག་གི་སྡིག་འདིའང་གཞན་གྱིས་ཤེས་པར་འགྱུར། །དེ་དང་བྲལ་བས་འགྱོད་པར་འགྱུར་བའི་མེས། །ཁྱོད་ཀྱི་སེམས་ཀྱང་རྩ་བཞིན་བསྲེག་པར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀ་ལ། །བདག་ཅག་གཉིས་ལ་དེར་ལྟར་གནོད་པའི་ལས། །གང་ཕྱིར་མི་མཁས་བསྟེན་པར་བྱེད་གྱུར་པ། །དེ་ཕྱིར་མཁས་པས་བསྟེན་པར་ཡོང་མི་བྱེད། །ཨ་བྷི་པ་ར་ཀས་སྨྲས་པ། ལྷ་ཆོས་དང་འགལ་བར་དོགས་པ་མི་མཛད་དུ་གསོལ། །སྦྱིན་པ་བགྱིད་པའི་གྲོགས་བགྱིད་པས། །ཁྱོད་ལ་བསོད་ནམས་ཉིད་དུ་འགྱུར། །དེ་ནི་བདག་ལས་མ་བཞེས་ན། །སྦྱིན་ལ་གེགས་པས་ཆོས་མིན་འགྱུར། །ལྷ་ལས་བཀའ་མཆིད་ངན་པའི་སྐབས་ཀྱང་མ་མཐོང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འོ་སྐོལ་གཉིས་ལས་མ་གཏོགས་པ། །གཞན་ནི་སུ་ཞིག་འདི་ཤེས་འགྱུར། །དེ་བས་མི་ཡིས་ཁྲེལ་གྱུར་པའི། །ཐུགས་ལ་དགོངས་པ་མ་མཛད་ཅིག །དེ་ལྟར་བགྱིས་ན་བདག་ལ་ཕན་ཡོན་བཏགས་པར་འགྱུར་གྱི་གནོད་པར་ནི་མི་འགྱུར་རོ། །རྗེ་ཡི་དོན་དུ་སྤྱད་པས་མགུ་བ་ཡིས། །སེམས་ལ་ཁྱབ་པར་གྱུར་ན་ག་ལ་གནོད། །དེ་བས་ཐུགས་ལ་བཞེས་པ་དོན་བཅས་མཛོད། །བདག་ལ་གནོད་པར་དོགས་པ་ཁྱོད་མ་མཛད། །རྒྱལ་པོས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །ང་ལ་རབ་ཏུ་བྱམས་པའི་ཕྱིར། །ཁྱོད་ཀྱིས་དེ་ནི་མ་བརྟགས་སོ། །འདི་ལྟར་སྦྱིན་པ་ཐམས་ཅད་དུ། །ཆོས་བསྒྲུབ་པ་ཡི་གྲོགས་མ་ཡིན། །རབ་ཏུ་བྱམས་པས་ང་ཡི་ཕྱིར། །སྲོག་ཀྱང་ཕངས་པར་མི་ལྟ་བར། །གཉེན་པས་ལྷག་པ་དེ་ལྟ་བུའི། །གྲོགས་པོའི་ཆུང་མ་གྲོགས་མོ་ཡིན། །དེ་བས་ན་དེ་ལྟ་བུ་བྱེད་དུ་བཅུག་པ་མི་རིགས་སོ། །གང་ཡང་འདི་གཞན་སུས་ཀྱང་ཤེས་པར་མི་འགྱུར་རོ། །ཞེས་ཟེར་བ་དེ་ཡང༌། འདི་ཅི་སྡིག་ཏུ་མི་འགྱུར་རམ། མ་མཐོང་བར་ནི་སྡིག་པ་བྱས་པ་དག །དུག་ཟོས་བཞིན་དུ་བདེ་བར་ཅི་ལྟར་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མིག་དག་ནི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ།།


DTG168_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང༌། དེ་ནི་ཁྱོད་ལ་མི་ཕངས་ཞེའམ། །དེ་ནི་བཏང་མ་ཐག་ཏུ་ཡང༌། །སྡུག་བསྔལ་འབྱུང་བར་མི་འགྱུར་ཞེས། །སུ་ཞིག་དེ་ལ་ཡིད་ཆེས་འགྱུར། །ཨ་བྷི་པ་ར་ཀ་ས་སྨྲས་པ། བདག་ནི་བུ་སྨད་བཅས་པ་འབངས། །ཁྱོད་ནི་བདག་གི་རྗེ་དང་ལྷ། །དེ་བས་བྲན་མོ་འདི་ལྟ་ལ། །ཆོས་དང་འགལ་བ་ཅི་ཞིག་མཆིས། །འདི་བདག་ལ་ཕོངས་ཞེས་བགྱི་བ་དེ་ཡང༌། ཕངས་ན་ཕངས་སུ་བས་མོད། །འདི་ནི་བདག་ལ་ཕངས་པ་ལགས་མོད་ཀྱི། །དེ་ཡི་སླད་དུ་འདི་ནི་ཁྱོད་ལ་འབུལ། །ཕངས་པ་བྱིན་ན་ཚེ་རབས་ཕྱི་མ་ལ། །རབ་ཏུ་དགའ་ཞིང་ཕངས་པ་ཐོབ་པར་འགྱུར། །ལྷ་དེ་བས་ན་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། དེ་ལྟར་བྱར་མི་རུང་གིས། དེ་སྐད་མ་ཟེར་ཅིག །ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་པ་ལས་དཔལ་ནི་ཐོབ་གྱུར་ན། །དེ་ཉིད་ལ་ཡང་གནོད་པར་བྱེད་པ་བས། །བདག་ནི་མཚོན་ཆ་རྣོན་པོས་བཏབ་པའམ། །མེ་སྟག་འཕྲོ་པའི་མེ་ནང་ཞུགས་ཀྱང་སླ། །ཨ་བྷི་པ་ར་ཀས་སྨྲས་པ། གལ་ཏེ་འདི་གཞན་གྱི་ཕྱིར་འབྲང་ལགས་པའི་སླད་དུ། ལྷ་མི་བཞེས་ན་ཡང་འདི་སྐྱེ་བོ་ཐམས་ཅད་ཀྱི་བཏུད་དུ་རུང་བ་སྨད་འཚོང་མའི་ཚུལ་འཛིན་དུ་འཚལ་ལོ། །དེ་བས་ལྷ་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་མྱོས་སམ་ཅི། སྐྱོན་མེད་ཆུང་མ་བོར་ན་ནི། །ང་ཡི་ཆད་པས་བཅད་ཏ་རེ། །སྨད་པའི་གནས་སུ་ཁྱོད་གྱུར་ན། །འདི་དང་ཕ་རོལ་བསྲེག་པར་འགྱུར། །དེ་བས་ན་བྱར་མི་རུང་བ་ལ། ཡུས་མ་ཆེ་བར་རིགས་པ་ལ་དགའ་བར་གྱིས་ཤིག །ཨ་བྷི་པ་ར་ཀས་སྨྲས་པ། ཁྱོད་ལ་བདེ་བས་བདག་ཡིད་བདེར་གྱུར་ན། །གལ་ཏེ་ཆོས་དང་འགལ་བར་གྱུར་ཀྱང་རུང༌། །སྐྱེ་བོས་སྨད་ཅིང་བདེ་བ་ཉམས་ཀྱང་རུང༌། །དེ་དག་ཐམས་ཅད་ལྟོ་བས་བཟོད་པར་གྱིས། །ས་བདག་ཆེན་པོ་འཇིག་རྟེན་འདི་ན་ནི། །ཁྱོད་ལས་ལྷག་པའི་མགྲོན་མཆོག་གཞན་མ་མཐོང༌། །བདག་གི་བསོད་ནམས་འཕེལ་ཕྱིར་མྱོས་བྱེད་མ། །དུས་ཚིགས་མཆོད་པའི་ཡོན་བཞིན་བཞེས་སུ་གསོལ། །རྒྱལ་པོས་སྨྲས་པ། ང་ལ་རབ་ཏུ་བྱམས་པའི་ཕྱིར། །བདག་ལ་ཕན་པ་དང་གནོད་པར་གྱུར་པ་ལ་ཡང་མི་ལྟ་བར་ཁྱོད་འདི་ལྟར་འབད་པ་ནི་དའི་དོན་དུ་སྐྱོད་པ་ཡིན་པས། །དེའི་ཕྱིར་ཡང་ཁྱོད་ལྷག་པར་ཡལ་བར་དོར་དུ་


DTG168_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་ངོ༌། །འཇིག་རྟེན་པས་སྨད་པ་ལ་ཡང་འཛེམ་པ་མེད་པར་བྱ་བའི་མི་རིགས་སོ། །ལྟོས་ཤིག །འཇིག་རྟེན་སྨོད་པས་འཛེམ་པ་མེད་པ་དང༌། །ཆོས་དང་ཕྱི་མའི་འབྲས་བུ་མི་ལྟ་བར། །གང་ཡིན་དེ་ལ་སྐྱེ་བོ་ཡིད་མི་ཆེས། །ལྷ་དང་དཔལ་གྱིས་རབ་ཏུ་སྤང་བར་འགྱུར། །དེ་བས་ནངས་ཁྱོད་ལའང་སྨྲའོ། །སྲོག་གི་ཕྱིར་ནི་ཆོས་དང་ནི། །འགལ་བར་གྱུར་ལ་དགའ་མི་བྱེད། །ཉེས་པ་ཆེར་འགྱུར་གདོན་མི་ཟ། །ལེགས་འབྱུང་ཆུང་ལ་དོགས་དང་བཅས། །གཞན་ཡང༌། དམ་པ་རྣམས་ནི་ཕ་རོལ་སྨོད་ལ་སོགས། །སྡུག་བསྔལ་བྱས་ན་བདག་ཉིད་བདེ་མི་འགྲུབ། །དེ་བས་ང་ནི་ཅི་ལའང་མི་གནོད་པར། །ཆོས་ལ་གནས་ནས་བདག་གི་དོན་གྲུབ་པོ། །ཨ་བྷི་པ་ར་ཀས་སྨྲས་པ། རྗེའི་དོན་དུ་གུས་པའི་འབངས་ཀྱིས་སྤྱད་པ་འདི་ལ་བདག་ཅག་ལ་ཆོས་མ་ལགས་པའི་སྐབས་ཅི་ཞིག་མཆིས། འདི་བདག་གིས་ཕུལ་བ་ལྷས་བ་ཞེས་པ་ལ་ཡང་ནོངས་པ་ཅི་མཆིས། དེའི་སྨད་དུ་ཡུལ་ཤི་པི་པའི་ལྗོངས་ཀྱི་མི་དང་བཅས་པས་ཀྱང་འདི་ལ་ཆོས་མ་ལགས་པའི་སྙད་གདགས་སུ་ཅི་ཞིག་མཆིས། དེ་ལྟ་བས་ན་ལྷ་འདི་བཞེས་སུ་གསོལ། །རྒྱལ་པོས་སྨྲས་པ། ཁྱོད་ནི་ངའི་དོན་སྤྱད་པ་ལ་རབ་ཏུ་གཞོལ་བར་ངོས་མོད་ཀྱི། འདི་ལ་འོ་ཅག་གཉིས་དང༌། ཡུལ་ཤི་བི་པའི་ལྗོངས་ཀྱི་མི་དང་བཅས་པའི་ནང་ན་སུ་ཆོས་ཤེས་པའི་མཆོག་ཡིན་པ་འདི་ནི་དཔྱད་དགོས་སོ། །དེ་ནས་ཨ་བྷི་པར་ཀས་གུས་པ་དང་བཅས་པས་རྒྱལ་པོ་ལ་སྨྲས་པ། རྒན་པ་བསྙེན་བཀུར་བྱ་བ་བྱས་པ་དང༌། །ཐོས་པ་མང་ཞིང་བློ་ཡང་རྣོ་བ་དང༌། །འཁོར་གསུམ་དོན་གྱི་མཆོག་ཉིད་རིག་པ་ནི། །ལྷ་གཅིག་ཁྱོད་དང་བདག་པོ་ཆེ་ལ་མཆིས། །རྒྱལ་པོས་སྨྲས་པ། དེ་བས་ན་འདི་ལ་ང་བསླུ་བར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་ལ་ཕན་པ་དང་གནོད་པ་ནི་རྒྱལ་པོ་རྣམས་ཀྱི་སྤྱོད་པ་ལ་རག་ལུས་ཏེ། དེ་བས་འབངས་རྣམས་སྙིང་ཉེ་བསམས་ནས་སུ། །གཏམ་སྙན་འབྱུང་བའི་ལམ་གྱི་མཆོག་དགའ། །ཁྱུ་མཆོག་འགྲོ་བ་དང་ངམ་གཡོ་བ་བཞིན། །རྗེས་སུ་འགྲོ་བ་རྣམས་ནི་དོགས་མེད་ཅིང༌། །འཁྲུལ་པ་མེད་པར་རྗེས་སུ་འབྲང་བ་བཞིན། །འབངས་ཀྱང་དེ་བཞིན་རྒྱལ་པོའི་རྗེས་སུ་འབྲངས། །གཞན་ཡང་ཁྱོད་ལྟོས་ཤིག །ང་བདག་རང་ཡང་སྲུང་བ་ནི། །གང་ཚེ་ནུས་


DTG168_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་པ། །དེ་ཚེ་ང་ཡིས་བསྲུང་འདོད་པའི། །སྐྱེ་བོ་རྣམས་ནི་ཇི་ལྟར་འགྱུར། །དེ་ལྟར་འབངས་ལ་ཕན་པར་ལྟ་བ་དང༌། །བདག་གི་ཆོས་དང་གྲགས་པ་དྲི་མེད་ལ། །བལྟས་ནས་སེམས་ཀྱི་དབང་དུ་ང་མི་འགྲོ། །ཁྱུ་མཆོག་བཞིན་དུ་ང་ནི་འབངས་ཀྱི་མགོན། །དེ་ནས་བློན་པོ་ཨ་བྷི་པ་ར་ཀས། རྒྱལ་པོ་སྲན་ཚུགས་པར་དེ་མགུ་ནས། རྒྱལ་པོ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ཏེ་སྨྲས་པ། གང་རྣམས་བསྲུང་བའི་རྒྱལ་པོ་ཁྱོད་བཞུགས་པའི། །ཨེ་མ་ཧོ་འབངས་རྣམས་སྐལ་བ་ཕུན་སུམ་ཚོགས། །ཆོས་ལ་བགྱིས་ཤིང་བདེ་ལ་མ་ཆགས་པ། །དེ་ལྟ་བུ་ནི་དཀའ་ཐུབ་ནགས་ནའང་དཀོན། །རྒྱལ་པོ་ཆེན་པོ་ཆེན་པོའི་སྒྲ། །འདི་ནི་རྒྱལ་པོ་ཁྱོད་ལ་མཛེས། །ཡོན་ཏན་མེད་ལ་ཡོན་ཏན་བརྗོད། །སྨད་ཅིང་རྩུབ་པའི་ཚིག་ཏུ་གྱུར། །རྒྱ་མཚོར་རིན་ཆེན་འབྱུང་གནས་བཞིན། །ཡོན་ཏན་འབྱུང་གནས་ཁྱེད་ལགས་པས། །ཁྱེད་ནི་དེ་ལྟར་ཞི་གྱུར་པ། །དེ་ལ་ངོ་མཚར་ཆེར་མི་འཛིན། །དེ་ལྟར་སྐྱེས་བུ་དམ་པ་རྣམས་ནི་བདག་རང་སྲན་ཐུབ་པས་བསྟན་པ་དང་ཆོས་ཀྱི་འདུ་ཤེས་རབ་ཏུ་གོམས་པར་བྱས་པའི་ཕྱིར། སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པར་མི་འགྱུར་རོ། །དེ་བས་ན་སྲན་ཐུབ་པར་བྱ་བ་དང༌། ཆོས་ལ་གོམས་པར་བྱ་བ་ལ་བརྩོན་པར་བྱའོ། །མྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པའོ།། །།བམ་པོ་ལྔ་པ། ཆོས་ལ་གནས་ན་བདེན་པའི་ཚིག་ཙམ་གྱིས་ཀྱང་མ་རུངས་པར་གྱུར་པ་ལས་ཐར་བར་འགྱུར་ན། དེའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། །དེ་བས་ན་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་རབ་ཏུ་རྣོ་བ་གྲུའི་ཁ་ལོ་སྒྱུར་བ་ཅིག་ཏུ་གྱུར་ཏོ། །ཞེས་གྲགས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱིས་ཤེས་རབ་རྣོ་བས་གཙུག་ལག་ཁྱད་པར་ཅན་གང་དང་གང་སློབ་པར་འདོད་པ་དང༌། སྒྱུ་རྩལ་ཁྱད་པར་ཅན་གང་དང་གང་སློབ་པར་འདོད་པ་དེ་དང་དེ་དག་ལ་ཤེས་རབ་རྣོ་ཞིང་སྐྱེ་བོ་གཞན་པས་ལྷག་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེ་ལྟར་སྐར་མ་རྒྱུ་བ་ལ་མཁས་པས། ཕྱོགས་ཀྱི་བྱེ་བྲག་ལ་བློ་མ་རྨོངས་ཤིང་ནར་མ་དང༌། གློ་བུར་དུ་འབྱུང་བའི་ལྟས་ཤེས་ལ། མཚན་མ་ལ་


DTG168_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་དུས་དང་དུས་མ་ཡིན་པའི་གོ་རིམས་ལ་མཁས་པས་ཉ་དང་ཆུའི་ཁ་དོག་དང་སའི་བྱེ་བྲག་དང་བྱ་དང་རི་དགས་ལ་སོགས་པའི་མཚན་མས་ཀྱང་རྒྱ་མཚོའི་ཕྱོགས་ནི་ལེགས་པར་རྟོགས། དྲན་པ་དང་ལྡན་ཞིང་ལེ་ལོ་དང་གཉིད་ནི་ཆུང༌། གྲང་བ་དང་ཚ་བ་དང་ཆར་འབབ་པ་ལ་སོགས་པའི་སྡུག་བསྔལ་ནི་ཅི་མི་སྙམ། བག་ཆེ་ལ་བརྟེན་པ་དང་ནི་ལྡན། དྲང་བ་དང་བཟློག་པ་ལ་སོགས་པ་ལ་མཁས་པའི་ཕྱིར། ཚོང་པ་རྣམས་འདོད་པའི་ཡུལ་དུ་ཕྱིན་པར་བྱེད་པ་ཅིག་ཏུ་གྱུར་ཏོ། །དེས་འགྲོ་བའི་དོན་རབ་ཏུ་འགྲུབ་པར་འགྱུར་བའི་ཕྱིར། མིང་ཡང་ལེགས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱའོ། །དེ་གནས་པའི་མིང་ཡང་ལེགས་པར་ཕ་རོལ་ཕྱིན་པ་ཞེས་སྔོན་གྲགས་སོ། །དིང་སོང་ནི་སུ་པཱ་ར་ཀ་ར་ཞེས་བྱའོ། །དེ་རབ་ཏུ་བཀྲ་ཤིས་པ་ཕུན་སུམ་ཚོགས་པའི་ཕྱིར། རྒས་པ་རྣམས་ཀྱང་རྒྱ་མཚོར་འདོང་བའི་ཚོང་པ་དོན་འགྲུབ་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པ་དང་བཀུར་སྟི་ཆེར་བྱེད་དེ་གྲུ་བོ་ཆེའི་ནང་དུ་འཇུག་པར་བྱེད་དོ། །དེ་ནས་རེ་ཞིག་ཅིག་ཡུལ་བྷ་རུ་ཀ་ཙྪ་ནས་ཚོང་པ་གསེར་གླིང་དུ་འདོང་བ་དོན་གྲུབ་པར་འདོད་པ་ཅིག་ཡུལ་ལེགས་པར་ཕ་རོལ་ཏུ་ཕྱིན་པར་ལྷགས་ནས། སེམས་དཔའ་ཆེན་པོ་དེ་གྲུ་བོ་ཆེ་དེའི་ནང་དུ་གཞག་པའི་ཕྱིར་གསོལ་བ་བཏབ་པོ། །དེས་དེ་དག་ལ་སྨྲས་པ། རྒས་པའི་དབང་གིས་ལྟ་བ་ཉམས་གྱུར་ཞིང༌། །གཞོན་ཤ་ཆུང་བས་དྲན་པ་རབ་ཏུ་ཉམས། །བདག་གི་ལུས་ཀྱི་བྱ་བའང་ཉམ་ཆུང་ན། །བདག་ལ་གྲོགས་བྱར་རེ་བ་ག་ལ་སྲིད། །ཚོང་པ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ལུས་ནི་གནས་སྐབས་ཅི་འདྲ་བ་བདག་ཅག་གིས་འཚལ་ཏེ། ཁྱོད་ལ་དྲག་ཤུལ་སྤྱད་པའི་མཐུ་མ་མཆིས་ལགས་ཀྱིས་ཀྱང༌། བདག་ཅག་ནི་ཁྱོད་ལ་ཕྲིན་ལས་བགྱི་བར་མི་གསོལ་གྱི། གཞན་དུ་ན། ཁྱེད་ཀྱི་ཞབས་ཀྱི་པདྨ་ལ་བརྟེན་པའི། །མཐུ་ཡིས་གྲུ་ནི་བཀྲ་ཤིས་ལྡན་གྱུར་ན། །མཚོ་ཡི་ནང་ནས་རབ་ཏུ་བགྲོད་དཀའ་ཡང༌། །བདེ་བར་ཐར་འགྱུར་སླད་དུ་བདག་ཅག་མཆིས། །དེ་ནས་བདག་ཉིད་ཆེན་པོ་དེས་དེ་དག་ལ་སྙིང་བརྩེ་བའི་ཕྱིར་རྒས་པས་ལུས་ཤིག་ཤིག་པོར་གྱུར་དུ་ཟིན་ཀྱང་གྲུ་བོ་ཆེའི་ནང་དུ་ཞུགས་སོ། །དེ་གྲུ་ནང་དུ་ཞུགས་པ་དང༌། ཚོང་པ་དེ་དག་ཐམས་ཅད་ཀྱིས་བསམས་པ། །ད་ནི་


DTG168_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མི་ཟ་བར་བདག་ཅག་རྣམས་དོན་གྱི་མཆོག་གྲུབ་པར་འགྱུར་རོ་སྙམ་ནས་སེམས་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་མཐར་གྱིས་རྒྱ་མཚོ་ཆེན་པོར་ཉའི་རིགས་རྣམ་པ་སྣ་ཚོགས་རྣམ་པར་རྒྱུ་བ། ཆུ་རླབས་ཀྱི་སྒྲ་ཆེན་པོ་གྲག་པ། རླུང་གིས་བསྐྱོད་པའི་ཆུ་རླབས་མང་པོ་གཉེར་བ། རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་སའི་ཁ་དོག་གི་ཁྱད་པར་མང་པོས་མདོག་བསྒྱུར་བ། ལྦུ་བ་སྦྲེང་བས་མེ་ཏོག་གི་ཕྲེང་བ་བཞིན་དུ་མཛེས་པར་བྱས་པ། ལྷ་མ་ཡིན་དང་ཀླུ་མཆོག་རྣམས་ཀྱི་གནས་སུ་གྱུར་པ། གཏིང་དཔག་དཀའ་བ་ཆུ་ཚད་མེད་པའི་ནང་དུ་ཞུགས་སོ། །དེ་ནས་ཨནད་རྙིལ་གྱི་འོད་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །ཁོར་ཁོར་ཡུག་ཆུ་འགྲམ་བ་ལྟར་མི་སྣང༌། །གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས། །དེ་ནས་དེ་དག་དེར་ཕྱིན་པ་དང་ཕྱི་དྲོའི་དུས་སུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་ནི་ཆུང་ངུར་གྱུར། གློ་བུར་དུ་ལྟས་ངན་ཆེན་པོ་རབ་ཏུ་འཇིགས་སུ་རུང་བ་ཅིག་བྱུང་བ་དང༌། །རླབས་ནི་རྣམ་པར་འཁྲུགས་ཤིང་ལྦུ་བ་འཐོར། །དྲག་པོའི་རླུང་གིས་བསྐྱོད་པས་འཇིགས་སྒྲ་འབྱིན། །ཆུ་ཀུན་ཐ་མལ་འདུག་ལས་རབ་ཏུ་གཡོས། །རྒྱ་མཚོ་དེ་མ་ཐག་ཏུ་འཁྲུགས་པར་གྱུར། །ལྟས་ངན་གློ་བུར་ལངས་པའི་རླུང་གིས་བསྐྱོད། །རླབས་ཆེན་འཇིགས་སུ་རུང་བའི་ཤུགས་ཀྱིས་དཀྲུགས། །དུས་མཐའི་རླུང་གིས་རི་གཡོས་ས་གཞི་བཞིན། །རྒྱ་མཚོའི་འཇིང་ནི་རབ་ཏུ་འཁྲུགས་པར་གྱུར། །གློག་ཕྲེང་རྒྱུ་བའི་འོད་འབར་ལྕེ་གཡོ་བ། །སྦྲུལ་ནག་མགོ་མང་བཞིན་དུ་མདོག་སྔོ་བའི། །སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་གྱུར། །འབྲུག་སྒྲ་འཇིགས་སུ་རུང་བ་རྒྱུན་མར་གྲགས། །སྤྲིན་ཆེན་འཐུག་པོས་འོད་ཀྱི་དྲ་བ་སྒྲིབ། །ཉི་མ་མཐང་གྱིས་ནུབ་ཏུ་ཉེ་ལ་གྱུར། །ཉི་མ་ནུབ་པའི་སྐབས་ནི་རྙེད་པ་དང༌། །མུན་པའང་རིམ་གྱིས་གནག་ཏུ་ཉེ་བར་གྱུར། །ཆར་རྒྱུན་མདའ་ཡིས་རླབས་ལ་ཕོག་པ་དང། །རྒྱ་མཚོའི་འཇིང་ནི་གནམ་དུ་བརྒལ་བ་འདྲ། །གྲུ་ཡང་འཇིག་པ་བཞིན་དུ་རབ་ཏུ་གཡོས། །དེ་དག་སྙིང་ལ་འཇིགས་པ་སྐྱེད་པར་བྱེད། །དེ་དག་སྐྲག་ཅིང་སྤ་བཀོང་མི་སྨྲ་ཞུམ། །བརྟེན་པོ་དག་ནི་ཐར་པའི་ཐབས་ལ་འབད། །ཁ་ཅིག་ཡི་དམ་ལྷ་ལ་གསོལ་བ་འདེབས།


DTG168_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྟོབས་ཡོན་ཏན་བསམ་བ་རྣམ་པར་སྟོན། །དེ་ནས་ཚོང་པ་དེ་དག་རླུང་དང་ཆུའི་ཤུགས་ཀྱིས་བརྡས་པའི་གྲུ་བོ་ཆེ་གཡེངས་ནས་ཉིན་ཞག་དུ་མར་ཆུའི་འགྲམ་མ་མཐོང་ཞིང༌། རྒྱ་མཚོའི་མཚན་མ་ཇི་ལྟར་འདོད་པ་ཡང་མ་མཐོང་ལ། རྒྱ་མཚོའི་མཚན་མ་སྔར་མ་མཐོང་བ་ཤ་སྟག་མཐོང་བས། ཅིའི་ཕྱིར་སེམས་མི་དགའ་ལ། འཇིགས་ཤིང་བག་ཚ་བས། ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལེགས་པར་ཕ་རོལ་ཕྱིན་པས། དེ་དག་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། རྒྱ་མཚོའི་ནང་ན་ཞུགས་པ་རྣམས་ལ་ལྟས་ངན་གློ་བུར་དུ་བྱུང་བས་འཁྲུགས་ཤིང༌། ཉོན་མོངས་པར་འགྱུར་བ་འདི་ལྟ་བུ་ངོ་མཚར་མི་ཆེ་ཁྱེད་ཅག་བག་ཚ་བར་མ་བྱེད་ཅིག །ཞུམ་པ་ཕངས་ལས་ཐར་ལ་མི་ཕན་གྱིས། །དེ་བས་མྱ་ངན་གདུང་བར་མ་བྱེད་ཅིག །དགོས་པའི་དོན་སྒྲུབ་མཁས་ལ་བརྟེན་བྱས་ནས། །རབ་ཏུ་དཀའ་བའང་སླ་བས་ཐར་པར་འགྱུར། །དེ་བས་འཇིགས་ཤིང་མི་དགའ་མ་བྱེད་པར། །ཇི་ལྟར་བྱ་བའི་ཐབས་ཀྱིས་དགོས་པ་བསྒྲུབ། །མཁས་པས་གཟི་བརྗིད་བརྟན་པས་གཟེངས་བསྟོད་ནས། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས་ཚོང་པ་དེ་དག་སེམས་བརྟན་པར་བྱས་པ་དང༌། རྒྱ་མཚོའི་འགྲམ་མཐོང་དུ་རེ་ནས། རྒྱ་མཚོ་ལ་བལྟས་ནས་མིའི་གཟུགས་འདྲ་བ་དང་དངུལ་གྱི་ཡ་ལད་གྱོན་པ་ཅིག་ཆུའི་ནང་དུ་ཡང་བྱིང་སྟེང་དུ་ཡང་འབྱུང་བ་མཐོང་ངོ༌། །དེ་དག་གི་བྱད་གཟུགས་དང་མཚན་མ་ལགས་པར་བརྟགས་ནས་ཡ་མཚན་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་བྱིན་པ་ལ་སྨྲས་པ། རྒྱ་མཚོ་འདིའི་ནང་ན་སྔོན་མ་མཐོང་བའི་མཚན་མ་དག་ཅིག་སྣང་སྟེ། དེ་དག་ནི་ལྷ་མ་ཡིན་གྱི་དམག་མི་བཞིན་དུ་དངུལ་གྱི་གོ་ཆ་བགོས། མིག་མི་སྡུག་ལ་སྣ་ཡང་སྤུ་གྲི་འདྲ་བར་སྣང༌། །སྟེང་དུ་བྱིང་ཞིང་རྒྱལ་བའི་ཞོར་ལ་ནི། །རྒྱ་མཚོའི་ཆུ་ལ་རྩེད་མོ་བྱེད་པ་སུ་ཞིག་ལགས། ལེགས་པར་ཕ་རོལ་ཏུ་ཕྱིན་པས་སྨྲས་པ། འདི་དག་ནི་མི་མ་ཡིན་གྱི་ཉ་མི་འདྲ་བ་སྣང་བ་དག་ཡིན་གྱིས། འདི་དག་གིས་མ་འཇིགས་ཤིག །འོན་ཀྱང༌། བདག་ཅག་ཡུལ་ནི་གཉིས་ཀ་ལས། །དེ་ལས་རབ་ཏུ་རིང་བར་གྱུར། །རྒྱ་མཚོ་དེ་ནི་སྤུ་གྲིའི་ཕྲེང༌། །དེ་ལས་བཟློག་ལ་འབད་པར་བགྱིས།།


DTG168_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡང་དྲག་ཏུ་འབབ་པ་དང༌། །ནུབ་ཕྱོགས་ནས་ལངས་པའི་རླུང་དྲག་པོས་གྲུ་རབ་ཏུ་མགྱོགས་པར་སོང་བས་ཚོང་པ་དེ་དག་གིས་སླར་བཟློག་མ་ནུས་སོ། །དེ་ནས་ཆུས་ཁྱེར་བ་ལས་མཐར་གྱིས་དངུལ་གྱི་མདོག་འདྲ་བའི་ཆུ་དཀར་པོ་ལྦུ་བ་མང་པོ་འཁྲིགས་པའི་རྒྱ་མཚོ་གཞན་ཅིག་མཐོང་ནས་ཡ་མཚན་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་སྨྲས་པ། ཆུ་རྣམས་རང་གི་ལྦུ་བས་གཡོགས་པ་བཞིན། །རྒྱ་མཚོ་ཆེན་པོས་གོས་དཀར་གྱོན་པ་བཞིན། །ཟླ་བའི་འོད་ཟེར་ཞུ་བ་འབབ་པ་བཞིན། །ངང་པ་བཞིན་དུ་བབ་པ་འདི་ཅི་ལགས། །ལེགས་པར་ཕ་རོལ་ཏུ་ཕྱིན་པས་སྨྲས་པ། རབ་ཏུ་རིང་དུ་ཆུས་ཁྱེར་བས་ཤིན་ཏུ་དཀའོ། །འོ་མའི་རྒྱ་མཚོ་ཞེས་བྱ་སྟེ། །འདི་ནི་ཞོ་ཕྲེང་རྒྱ་མཚོ་ཡིན། །གལ་ཏེ་བཟློག་པར་ནུས་ན་ནི། །འདི་ལས་ཐར་ཏེ་འགྲོར་མི་རུང༌། །ཚོང་པ་རྣམས་ཀྱིས་སྨྲས་པ། གྲུ་བོ་ཆེ་རབ་ཏུ་མགྱོགས་པ་དང་རླུང་ཡང་དྲག་ཏུ་ལངས་པས་གྲུ་དལ་བུས་བཏང་བ་ཡང་མི་ནུས་ན། སླར་ལོག་པ་ག་ལ་ནུས། དེ་ནས་རྒྱ་མཚོ་དེ་ཡང་འདས་པ་དང༌། ཡང་རྒྱ་མཚོ་གཞན་ཅིག་རླབས་ཀྱི་ཕྲེང་བ་རབ་ཏུ་འཁྲུགས་པ་གསེར་གྱི་མདོག་འདྲ་བ། ཆུའི་མདོག་མེ་འབར་བ་འདྲ་བ་མཐོང་ནས། ཚོང་པ་དེ་དག་ཡ་མཚན་དང་ངོ་མཚར་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་དྲིས་པ། ཉི་མ་འཆར་ཀའི་ཁ་དོག་འདྲ་བ་ལ། །སྔོན་པོ་མ་ཡིན་ཆུ་རླབས་གནམ་དུ་རྒལ། །མེ་ཆེན་རབ་ཏུ་འབར་བ་འདྲ་བ་ཡི། །མཚོ་འདིའི་མིང་ནི་འདི་ལྟར་ཅི་ཕྱིར་གྱུར། །ལེགས་པར་ཕ་རོལ་ཏུ་ཕྱིན་པས་སྨྲས་པ། འདི་ལྟར་སྣང་བའི་རྒྱ་མཚོ་འདི། །མེ་ཡི་ཕྲེང་བ་ཞེས་གྲགས་ཏེ། །དེ་བས་འདི་ལས་བཟློག་ནུས་ན། །ཁྱེད་ལ་རབ་ཏུ་ལེགས་པར་འོང༌། །དེ་ལྟར་བདག་ཉིད་ཆེན་པོ་དེའི་མིང་ཙམ་ཞིག་བསྟན་ནས་རྒྱང་རིང་དུ་བལྟས་པས་ཆུའི་ཁ་དོག་གྱུར་པའི་གཏན་ཚིགས་ནི་མ་བསྟན་ཏོ། །དེ་ནས་ཚོང་པ་དེ་དག་རྒྱ་མཚོ་དེ་ལས་ཀྱང་ཐལ་བ་དང༌། ཡང་རྒྱ་མཚོ་གཞན་ཆུའི་ཁ་དོག་རིན་པོ་ཆེ་སྡུར་ལེན་དང༌། ཨ་ན་ད་རྙིལ་གྱི་མདོག་ཀྱང་འདྲ་ལ། རྩྭ་ཀུ་ཤ་སྨིན་པའི་ཁ་དོག་ཀྱང་འདྲ་བ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་དྲིས་པ། ཀུ་ཤ་སྨིན་པའི་འདབ་


DTG168_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲ་བའི་མདོག །དྲག་ཏུ་ལངས་པའི་རླུང་གིས་བསྐྱོད་པའི་རླབས། །ལྦུ་བ་བཀྲམ་པ་མེ་ཏོག་བཅས་པ་བཞིན། །འདི་ལྟར་གདའ་བ་རྒྱ་མཚོ་གང་ཞིག་ལགས། །ལེགས་པར་ཕ་རོལ་ཏུ་ཕྱིན་པས་སྨྲས་པ། ཀྱེ་དེད་དཔོན་དག་སླར་བཟློག་པའི་ཕྱིར་འབད་པ་གྱིས་ཤིག །འདི་ལས་འདས་ན་མི་རུང་ངོ༌། །ཀུ་ཤའི་ཕྲེང་ཅན་རྒྱ་མཚོ་འདི། །གླང་པོ་ལྕགས་ཀྱུ་མེད་པ་བཞིན། །བཟོད་པར་དཀའ་བའི་ཆུ་འབབ་པ། །བདག་ཅག་དགའ་བ་འཕྲོག་པར་བྱེད། །དེ་ནས་ཚོང་པ་དེ་དག་གིས་རབ་ཏུ་འབད་ཀྱང་གྲུ་བོ་ཆེ་དེ་བཟློག་པར་མ་ནུས་ནས། རྒྱ་མཚོ་དེ་ལས་ཀྱང་ཐལ་ཏེ། ཆུའི་མདོག་སྔོན་པོ་སྨྱུག་མའི་མདོག་དང༌། བཻཌཱུ་ཪྻའི་མདོག་འདྲ་བའི་རྒྱ་མཚོ་གཞན་ཞིག་མཐོང་ནས། ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་སྨྲས་པ། རིན་ཆེན་མར་གད་མདོག་ལྟར་སྔོ་བའི་ཆུ། །ནེའུ་གསིང་སྔོན་པོ་མཛེས་པ་བཞིན་དུ་འབབ། །ཀུ་མུ་ཏ་དང་འདྲ་བའི་ལྦུ་བས་བརྒྱན། །དེ་ལྟར་གདའ་བའི་རྒྱ་མཚོ་འདི་གང་ལགས། །དེ་ནས་བདག་ཉིད་ཆེན་པོ་དེས་ཚོང་པ་དེ་དག་སྡུག་བསྔལ་བར་གྱུར་པ་དེས་སེམས་གདུངས་ནས་མི་དགའ་ཞིང་ཤུགས་རིང་དུ་ནར་གྱིས་ཕྱུང་སྟེ་དལ་བུས་སྨྲས་པ། ད་ནི་རབ་ཏུ་ཕ་རོལ་ཐལ། །འདི་ལས་བཟློག་པ་རབ་ཏུ་དཀའ། །འཇིག་རྟེན་ཐ་མར་བྱེད་པ་བཞིན། །རྒྱ་མཚོ་འདི་ནི་འདམ་བུའི་ཕྲེང༌། །ཚོང་པ་དེ་དག་གིས་དེ་སྐད་ཐོས་ནས་མི་དགའ་ཞིང་སེམས་ནི་ཞུ་མ་ལུས་ཀྱི་ཚིགས་ནི་ཤིག་ཤིག་པོར་གྱུར། ཤུགས་ནར་གྱིས་འབྱིན་པ་ཙམ་ལ་བརྟེན་ཅིང་དེ་ཉིད་དུ་མཆིས་སོ་ཞེས་འཁོད་དོ། །རྒྱ་མཚོ་དེ་ལས་ཀྱང་ཐལ་ནས་ཕྱི་དྲོའི་དུས་ལས་བབ་ཅིང་ཉི་མའི་འོད་ཟེར་ཇེ་ཆུང་ཇེ་ཆུང་དུ་གྱུར་ཏེ། ཉི་མ་ཡང་མཚོའི་ནང་དུ་ནུབ་པར་གྱུར་བ་འདྲ་བ་ལ། རྒྱ་མཚོ་ཡང་བླ་འོག་བཟློག་པ་འདྲ་ཞིང་རྒྱ་མཚོའི་ཆུ་སྒྲ་ཡང་སེར་བ་དྲག་པོ་འབབ་པ་དང༌། སྨྱུག་མའི་ཚལ་མེས་ཚིག་སྟེ་ཏོག་ཡར་གྱིས་འགེངས་པ་དང་འདྲ་བར་སྒྲ་ཆེ་ཞིང་རབ་ཏུ་འཇིགས་པར་བྱེད་པ་ཐོས་པར་གྱུར་ཏོ། །དེ་ཐོས་ནས་ཀྱང་རབ་ཏུ་སྐྲག་ཅིང་སྙིང་འདར་བཞིན་དུ་ལ་འུར་དུ་ལངས་ནས་ཕྱོགས་ཀུན་དུ་བལྟས་ནས། ཆུའི་འཇིང་ཆེན་པོ་དེ་གཡང་ས་གཅོང་རང་གི་ནང་དུ་འབབ་པ་འདྲ་བ་མཐོང་ངོ༌། །དེ་ལྟ་བུ་མཐོང་ནས་རབ་ཏུ་བློང་བློང་པོར་གྱུར་ཏེ། ལེགས་པར་ཕ་རོལ་ཏུ་ཕྱིན་པའི་


DTG168_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་ལྷགས་ནས་སྨྲས་པ། བདག་ཅག་རྣ་བ་གས་ཤིང་སྙིང་ཡང་འཇིགས་པས་དཀྲུགས་པ་བཞིན་དུ་གྱུར། །ཆུ་ཡི་བདག་པོ་ཁྲོས་པ་འདྲ་བའི་སྒྲ་འདི་རྒྱང་རིང་ནས་ཀྱང་གྲག །ཆུ་འདི་ཐམས་ཅད་གཅོང་རོང་འཇིགས་པའི་ནང་དུ་མདུན་ན་འབབ་པ་འདྲ། །རྒྱ་མཚོ་འདི་འདྲ་ཅི་ལགས་ཁྱོད་ཀྱང་འདི་ལ་ཅི་ལྟར་བགྱི་བ་དགོངས། །དེ་ནས་བདག་ཉིད་ཆེན་པོ་དེ་རྟབ་རྟབ་པོར་གྱུར་ནས། ཨེ་མ་ཧོ་མཚར་བྱས་མཚར་བྱས་ཞེས་སྨྲས་ཏེ། རྒྱ་མཚོ་ལ་བལྟས་ནས་སྨྲས་པ། གང་དུ་ཕྱིན་ནས་སླར་མི་ལྡོག །འཆི་བདག་ཁར་ནི་སྔོན་སོང་བཞིན། །བདག་ཅག་མ་རུངས་གྱུར་གྱིས་མེད། །རྒྱ་མཚོའི་གློང་དེ་འདི་ཡིན་ནོ། །ཚོད་པ་དེ་རྣམས་ཀྱིས་དེ་སྐད་ཐོས་ནས། བདག་ཅག་ནི་རྒྱ་མཚོའི་གློང་གི་ཁར་སོང་ངོ་སྙམ་ནས་གསོན་དུ་རེ་བ་མེད་ཅིང་ཤི་བས་འཇིགས་པས་སེམས་བློང་བློང་པོར་གྱུར་ཏེ། ཁ་ཅིག་སྐད་ཕྱུང་ངུས་པར་གྱུར་ཏོ། །ཁ་ཅིག་སྨྲེ་སྔགས་འདོན་ཞིང་འབོད། །ཁ་ཅིག་ཅི་ཡང་བྱེད་མ་ནུས། །ཁ་ཅིག་སྐྲག་ནས་སེམས་ཀྱང་སྟོར། །ཕངས་པར་གྱུར་པའི་ཡིད་ཀྱིས་རབ་བསྐུལ་ནས། །ཁ་ཅིག་ལྷ་དབང་གུས་པས་ཕྱག་ཀྱང་འཚལ། །ཁ་ཅིག་ཉི་མ་དྲག་པོ་ཐ་སྐར་དང༌། །ནོར་ལྷ་རྒྱ་མཚོ་ཉིད་ལ་སྐྱབས་སུ་འདོང༌། །ལ་ལ་གསང་སྔགས་བཟླས་བརྗོད་བྱེད། །གཞན་དག་ལྷ་མོ་ཉིད་ལ་ཕྱག་འཚལ་གྱུར། །ལེགས་པར་ཕ་རོལ་ཕྱིན་ལ་ཁ་ཅིག་གིས། །དྲུང་དུ་འོངས་ནས་བསྐོར་ནས་སྨྲེ་སྔགས་འདོན། །ཕོངས་པར་གྱུར་ལ་འཇིགས་པ་མེད་བྱེད་པ། །གཞན་ལ་ཕན་འདོགས་ཡོན་ཏན་བསགས་པ་ཡི། །ཁྱོད་ཀྱི་མཐུ་ཆེན་ཁྱད་པར་ཅན་དེ་ནི། །ད་ནི་སྦྱར་བའི་དུས་ལ་བབ་ཅིང་མཆིས། །བདག་ཅག་མགོན་མེད་ཕོངས་ནས་སྐྱབས་སུ་མཆི། །དེ་བས་བརྟན་པོས་བསྐྱབ་པར་ཐུགས་ལ་དགོངས། །རྒྱ་མཚོ་འདི་ནི་ཁྲོས་བཞིན་བདག་ཅག་རྣམས། །རྒྱ་མཚོའི་གློང་གིས་ཅིར་ཆར་རིལ་མིད་བགྱིད། །སྐྱེ་བོ་ཆབ་ཀྱི་ནང་དུ་འགུམ་པ་འདི། །ཁྱོད་ཀྱིས་ཡལ་བར་དོར་བ་མི་སྲིད་དོ། །རྒྱ་མཚོ་འདིས་ཀྱང་ཁྱོད་ཀྱི་བཀའ་མི་གཅོག །དེ་བས་འཁྲུགས་པར་གྱུར་པ་འདི་ལས་བཟློག །དེ་ནས་བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་པོས་སེམས་གདུངས་ནས། ཚོང་པ་དེ་དག་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། འདི་ལ་ཡང་བདག་ལ་བཅོས་སུ་ཡོད་


DTG168_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་འགའ་ཞིག་ཡོད་པར་མཐོང་སྟེ། དེ་ལ་རེ་ཞིག་སྙིང་རྗེས་སྦྱར་བར་བྱ། །དེའི་ཕྱིར་ཁྱེད་ཅག་རེ་ཞིག་སྤྲོ་སྲིངས་ཤིག་ཅེས་སྨྲས་པ་དང༌། དེ་ནས་ཚོང་པ་དེ་དག་གིས་འདི་ལའང་བཅོས་སུ་ཡོད་དོ་ཟེར་རོ་སྙམ་ནས་རེ་ཐག་མ་ཆད་དེ། བསམ་པ་བརྟན་པོ་བརྟས་པར་གྱུར་ནས། དེ་ལ་ཡིད་རྟོན་ཅིང་ཁ་རོག་སྟེ་སྡོད་ཅིང་འཁོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལེགས་པར་ཕ་རོལ་ཏུ་ཕྱིན་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་གྲུ་བོ་ཆེ་ལ་བཙུགས་ཏེ། ལུས་ཐམས་ཅད་ཀྱིས་བཏུད་དེ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། ཚོང་པ་དེ་དག་ལ་སྨྲས་པ། ཚོང་པ་ཁྱེད་རྣམས་དང༌། རྒྱ་མཚོ་དང་ནམ་མཁའ་ལ་གནས་པའི་ལྷ་ཁྱད་པར་ཅན་རྣམས་གསོན་ཅིག །བདག་ནི་ཤེད་བྱེ་ཚུན་ཆད་དུ། །ནམ་ཡང་ཆེད་དུ་བསམས་ནས་སུ། །སྲོག་ཆགས་རྣམས་ནི་ནམ་དུ་ཡང༌། །བསད་པར་བདག་ནི་ཡང་མི་དྲན། །བདེན་པའི་ཚིག་ནི་འདི་དག་དང༌། །བདག་གི་བསོད་ནམས་མཐུ་དག་གིས། །རྒྱ་མཚོའི་གློང་དུ་མ་སོང་བར། །གྲུ་འདི་བདེ་བར་སླར་ལོག་ཅིག །དེ་ནས་བདག་ཉིད་ཆེན་པོ་དེས་བདེན་པའི་བྱིན་རླབས་ཀྱི་མཐུ་དང༌། བསོད་ནམས་ཀྱི་མཐུས་རླུང་དེ་ཆུའི་ཤུགས་དང་བཅས་པས་སླར་ལོག་པ་དང༌། གྲུ་དེ་ཡང་སླར་ལོག་པར་གྱུར་ཏོ། །གྲུ་དེ་དེ་ལྟར་སླར་ལོག་པར་མཐོང་ནས། ཚོང་པ་དེ་དག་རབ་ཏུ་ཡ་མཚན་ཆེ་ཞིང་ཡིད་རབ་ཏུ་དགའ་བར་གྱུར་ནས། ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ཞིང་ཞེས་བསྐྱེད་དེ། གྲུ་སླར་ལོག་གོ་སླར་ལོག་གོ་ཞེས་སྨྲས་སོ། །དེ་ནས་བདག་ཉིད་ཆེན་པོ་དེས་ཚོང་པ་རྣམས་ལ་སྨྲས་པ། བ་དན་མྱུར་དུ་ཚུག་ཅིག་ཅེས་བསྒོ་བ་དང༌། དེའི་ལས་སུ་བསྐོས་པ་དེ་དག་རབ་ཏུ་དགའ་ཞིང་སྟོབས་དང་སྤྲོ་བ་བསྐྱེད་དེ་བསྒོ་བ་བཞིན་དུ་བྱས་སོ། །དེ་ནས་སྐྱེ་བོ་དགའ་བའི་སྒྲ་འབྱིན་པ། །བ་དན་དཀར་པོ་ཕྱར་བའི་འདབ་མ་མཛེས། །རྒྱ་མཚོའི་ནང་ན་འཇུག་པ་གྲུ་མཛེས་པ། །སྤྲིན་མེད་མཁའ་ལ་ངང་མོ་མཛེས་པ་བཞིན། །གྲུ་དེ་དེ་ལྟར་སླར་ལོག་སྟེ། ཆུ་དང་རླུང་མཐུན་པར་བབ་ཅིང་ལངས་པས་གཞལ་མེད་ཁང་མཛེས་པའི་ཚུལ་དུ་རང་དགར་ནི་འགྲོ། ནམ་སྲོད་དུ་ཉེ་བའི་


DTG168_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཆམས་ཀྱི་དུས་ནི་ཁད་ཀྱིས་སྔོ་ཞིང་ཕྱོགས་རྣམས་མུན་ནག་གི་བླ་རེས་ཁེབས་ཤིང་སྐར་མའི་རྒྱན་གྱིས་བརྒྱན་པར་སྣང༌། ནམ་སྲོད་གྱི་དུས་ལ་བབ་པ་དང༌། ལེགས་པར་ཕ་རོལ་ཏུ་ཕྱིན་པས་ཚོང་པ་དེ་དག་ལ་སྨྲས་པ། ཀྱེ་དེད་དཔོན་དག་འདམ་བུའི་ཕྲེང་བ་ཚུན་ཆད་ཀྱི་རྒྱ་མཚོ་ལས་བྱེ་མ་དང༌། རྡོ་བ་ཅི་མཐོང་བ་རྣམས་ལོང་ལ་གྲུས་ཅི་ཐེག་པ་གྲུའི་ནང་དུ་རྫོངས་ཤིག །དེ་ལྟར་བྱས་ན་གྲུ་འདི་ལྗིད་ཀྱིས་ནོན་པས་ལྡོག་པར་མི་འགྱུར་རོ། །བྱེ་མ་དང་རྡོབ་འདི་དག་ཀྱང་བཀྲ་ཤིས་པར་བཀུར་བ་ཤ་སྟག་ཡིན་པས་ཁྱོད་གདོན་མི་ཟ་བར་རྙེད་པ་གྲུབ་པར་གྱུར་ཏོ། །ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་དགའ་ཞིང་གུས་པར་གྱུར་པའི་ལྷ་རྣམས་ཀྱིས་བསྟན་པའི་གླིང་རྣམས་ལས་དེ་དག་གིས་བྱེ་མ་དང་རྡོ་བ་ཡིན་སྙམ་པའི་བློས། བཻ་ཌཱུ་ཪྻ་ལ་སོགས་པའི་རིན་པོ་ཆེ་རྣམས་བླངས་ནས་གྲུ་བོ་ཆེའི་ནང་དུ་བརྫོངས་སོ། །དེ་ཉིད་ཀྱི་མཚན་མོ་ལ་གྲུ་དེ་ཡུལ་བྷ་རུ་ཀཙྪར་ཕྱིན་ཏོ། །དེ་ནས་ནང་པར་དངུལ་དང༌། ཨན་ད་རྙིལ་དང༌། བཻ་ཌཱུཪྻ་དང༌། གསེར་གྱིས་གྲུ་བཀང་སྟེ། དེ་དག་བདག་ཡུལ་ཆུ་འགྲམ་ཕྱིན་གྱུར་ནས། །རབ་དགའ་བྱམས་པས་དེ་ལ་མཆོད་པ་བྱས། །དེ་བས་ན་དེ་ལྟར་ཆོས་ལ་གནས་པ་ལ་བདེན་པའི་ཚིག་ཙམ་གྱིས་ཀྱང་མ་རུངས་པར་གྱུར་པ་ལས་ཐར་བར་གྱུར་ན། དེའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བརྟེན་ན་དེ་ལྟར་བདེ་བ་ཐོབ་པར་འགྱུར་བས་ན། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ལེགས་པར་ཕ་རོལ་ཏུ་ཕྱིན་པར་སྐྱེས་པའི་རབས་ཏེ་བཅུ་བཞི་པའོ།། །།ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ཚེ་འདི་ཉིད་ལ་ཡང་དགེ་བའི་བསམ་པ་འགྲུབ་པར་འགྱུར་ན། ཚེ་རབས་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་འབད་པར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་མཚོ་མི་ཆེ་བ་མེ་ཏོག་ཀ་ལ་ཧ་ར་དང༌། པདྨ་དམར་པོ་དང༌། པདྨ་དཀར་པོ་དང༌། ཨུཏྤལ་རྣམས་ཀྱིས་ཆུ་བཟང་པོ་བརྒྱན་པ་ངང་པ་དང༌། བྱ་ཀ་རན་དག་དང༌། དུར་པ་ཁྱོ་ཤུག་ཏུ་འགྲོགས་པ་རྣམས་ཀྱིས་མཛེས་པར་བྱས་པ། ཆུ་


DTG168_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ན་ཤིང་ལྗོན་པ་དང་མེ་ཏོག་མང་པོ་ཡོད་པ་ཅིག་ན་ཉའི་རྒྱལ་པོ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །ཚེ་རབས་མང་པོར་གཞན་གྱི་དོན་སྤྱད་པ་ལ་གོམས་པར་བྱས་པས། དེ་ན་གནས་པའི་ཚེ་ཡང་གཞན་ལ་ཕན་པ་དང་བདེ་བ་བྱེད་པ་འབའ་ཞིག་ཏུ་གྱུར་ཏོ། །དགེ་དང་མི་དགེའི་ལས་རྣམས་གོམས་བྱས་ན། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་གྱུར། །དེ་ལྟ་བུ་དག་ཆེད་དུ་མ་བསྒྲིམས་ཀྱང༌། །ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །སེམས་དཔའ་ཆེན་པོ་དེས་ཉ་དེ་རྣམས་ལ་བདག་གི་བུ་སྡུག་པ་རྣམས་ལ་བྱམས་པ་བཞིན་དུ། སྦྱིན་པ་དང་ཚིག་འཇམ་པོ་དང་དོན་སྤྱོད་པ་ལ་སོགས་པའི་རིམ་པས་རབ་ཏུ་ཕན་འདོགས་པར་གྱུར་ཏོ། །ཕན་ཚུན་གནོད་པར་བྱེད་ལས་རབ་ཏུ་བཟློག །གཅིག་ལ་གཅིག་ནི་བྱམས་པ་རབ་ཏུ་བསྐྱེད། །ཐབས་ལ་མཁས་ཤིང་རིགས་པས་དེ་དག་ལ། །ཉ་ཡི་ཆོས་ཚུལ་རབ་ཏུ་བརྗོད་པར་བྱ། །དེ་ཡིས་དེ་དག་ལེགས་པར་བསྐྱངས་པས་ན། །ཉ་རིགས་དེ་དག་རབ་ཏུ་དང་བར་གྱུར། །མི་ཡི་བདག་པོ་ཚུལ་བཞིན་སྤྱོད་པ་ཡིས། །འབངས་རྣམས་བསྐྱངས་པས་གནོད་པ་མེད་པ་བཞིན། །དེ་ནས་རེ་ཞིག་ཅིག་སེམས་ཅན་རྣམས་སྐལ་བ་མེད་པར་གྱུར་པ་དང༌། ཆར་འབེབས་པའི་ལྷའི་བུ་རྣམས་བག་མེད་པར་གྱུར་པས་ཆར་ལེགས་པར་མ་བབ་པར་གྱུར་ཏོ། །དེ་ལྟར་ཆར་ལེགས་པར་མ་བབ་པ་དང༌། མཚོ་མེ་ཏོག་རྒྱས་པ་པདྨ་དཀར་པོ་དང་ལྡན་པའི་ཆུ་གཅང་མས་སྔོན་བཞིན་དུ་གང་བར་མ་གྱུར་ཏོ། །དེ་ནས་རིམ་གྱིས་དཔྱིད་ཀྱི་དུས་ལ་བབ་པ་དང༌། ངལ་ཞིང་ལེ་ལོའི་དབང་གིས་བུལ་བར་གྱུར་པ་འདྲ་བའི་ཉི་མའི་འོད་ཟེར་རྣོ་ཞིང་ཚ་བས་ས་གཞི་མངོན་པར་གདུངས་ཤིང་འབར་བར་གྱུར་པའི་རྗེས་སུ་འབྲང་བའི་རླུང་སྐམ་པའི་དབང་གིས་བསིལ་བ་འདོད་པས་ཉིན་རེ་ཞིང་འཐུངས་པ་བཞིན་དུ་མཚོ་དེ་ལྟེང་ཀ་བཞིན་དུ་གྱུར་ཏོ། །དཔྱིད་ཀྱི་དུས་སུ་ཉི་མ་འབར་བ་དང༌། །འབར་བའི་རྗེས་འབྲང་རླུང་ནི་དྲག་པོ་དང༌། །རིམས་ནད་གདུངས་འདྲའི་ས་གཞི་ཚ་བ་ཡིས། །ཁྲོས་པ་བཞིན་དུ་ཆུ་ནི་བསྐམས་པར་བྱས། །དེ་ནས་བྱང་ཆུབ་སེམས་དཔས་ཉ་མང་པོ་དེ་རྣམས་ལ་ཁྭ་ད་རྣམས་ཀྱིས་གླགས་ལྟ་བར་གྱུར་ན། ཆུ་འགྲམ་ན་རྒྱུ་བའི་བྱ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་


DTG168_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དཔའ་བསྐུམ་ཞིང་མི་དགའ་བའི་དབང་དུ་ནི་གྱུར། ཅུང་ཟད་འགུལ་ནུས་པ་རྣམས་ལ་བལྟས་ནས། སྙིང་རྗེ་བཞིན་དུ་བསམས་པ། ཀྱི་ཧུད་ཀྱེ་མ་ཉ་འདི་རྣམས་ནི་མ་རུངས་པར་གྱུར་ན་མི་རུང་ངོ་སྙམ་ནས། ཆུ་ཡང་ཉིན་རེ་བྲི་བར་གྱུར། །ཚེ་ཟད་པ་དང་འདྲེན་པ་བཞིན། །ཆར་བཞིན་འདུ་བར་འགྱུར་བ་ཡང༌། །ད་རུང་རབ་ཏུ་དཀའ་བ་འདྲ། །བྲོས་ཏེ་འགྲོ་བའི་ལམ་ཡང་མེད། །གཞན་དུ་ཁྱེར་བའང་སུ་ཡང་མེད། །བདག་ཅག་བརླག་པར་དགའ་བ་ཡི། །དེད་ཀྱི་དགྲ་ཡང་དེ་རིང་བྱུང༌། །ཆུ་ཡི་ལྷག་མ་འདི་བསྐམས་ན། །གདོན་མི་ཟ་བར་གཡོ་བཞིན་ཡང༌། །བདག་གིས་མངོན་སུམ་མཐོང་བཞིན་དུ། །དགྲ་རྣམས་ཀྱིས་ནི་ཟོས་ཡང་དག །དེ་ལ་འདི་ཅི་ལྟར་བྱས་ན་རུང་སྙམ་དུ་བདག་ཉིད་ཆེན་པོ་དེས་རྣམ་པར་བརྟགས་ནས། བདེན་པའི་བྱིན་རླབས་འབའ་ཞིག་གིས་ཕོངས་པ་རྣམས་ལ་ཕན་འདོགས་པར་མཐོང་ངོ༌། །སྙིང་རྗེས་ཀྱང་སེམས་གདུངས་པས་ཤུགས་ནར་གྱིས་ཕྱུང་སྟེ། གནམ་དུ་བལྟས་ནས་སྨྲས་པ། རབ་ཏུ་ཕོངས་པར་གྱུར་ནས་བདག་གིས་ནི། །བསམ་བཞིན་སྲོག་ཆགས་བསད་པ་མི་དྲན་ཏེ། །བདེན་པ་འདི་ཡིས་ལྷ་ཡི་རྒྱལ་པོ་རྣམས། །ཆར་པ་འབབ་ཅིང་མཚོ་ནི་གང་བར་ཤོག །དེ་ནས་བདག་ཉིད་ཆེན་པོ་དེས་བསོད་ནམས་བསགས་པའི་ཡོན་ཏན་དང༌། བདེན་པའི་བྱིན་རླབས་ཀྱི་མཐུ་དང༌། དེ་ལ་དགའ་བར་གྱུར་པའི་ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱི་མཐུས་དུས་མ་ཡིན་པའི་སྤྲིན་ཆུས་གང་བའི་གཟུགས་ཅན་རྣམས་སྒྲ་སྙན་པ་ཟབ་མོ་ནི་སྒྲོགས། གློག་འགྱུ་བས་ནི་བརྒྱན་སྤྲིན་མགོ་སྔོན་པོ་རྒྱ་ཆེ་བ་རབ་ཏུ་འཕྲོ་བ་ནི་ཁ་གླལ་བ་བཞིན་སྤྲིན་གྱི་རྩེ་མོ་ཕན་ཚུན་དུ་འདུས་པ་ནི་ལག་པས་འཁྱུད་པ་འདྲ་བར་སྤྲིན་ནག་པོ་རྣམས་བྱུང་བར་གྱུར་ཏོ། །ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན། །ཕྱོགས་ཀྱི་ཐ་གྲུའི་ཚད་ནི་འཇལ་བ་བཞིན། །སྤྲིན་མགོ་ནག་པོས་མུན་ནག་སྤེལ་བ་བཞིན། །མེ་ལོང་ནང་བཞིན་ནམ་མཁའི་དཀྱིལ་ན་མཛེས། །རྨ་བྱ་རབ་དགའ་ཟེ་པ་སྦྲེལ་བ་རྣམས། །གླུ་གར་མཛེས་པས་རབ་ཏུ་བསྟོད་པ་བཞིན། །སྤྲིན་ཚོགས་དེ་དག་དཔའ་བོ་དགོད་པ་བཞིན། །རྒྱུན་ཆགས་ཟབ་མོའི་སྒྲ་འཛིན་རྣམ་པར་མཛེས། །དེ་ཡིས་ཆར་པ་མུ་ཏིག་


DTG168_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བ་བཞིན། །ཆུ་རྒྱུན་འབབ་པས་རྡུལ་རྣམས་རབ་ཞི་ཞིང༌། །ཆར་སྤྲིན་ལངས་པའི་རླུང་གིས་རྣམ་བསྐྱོད་པས། །ས་གཞི་དྲི་ཞིམ་ངད་ཀྱིས་ཁྱབ་པར་གྱུར། །དཔྱིད་ཀྱི་དུས་ལ་བབ་པས་རྣམ་སྤེལ་ཀྱང༌། །ཉི་མའི་འོད་ཟེར་སྣང་བ་མེད་པར་གྱུར། །ལྦུ་བའི་ཕྲེང་བ་འཁྲིགས་པས་བསྐོར་བ་ཡི།། ཆུ་རྣམས་ཤོང་བུ་དམའ་བར་འབབ་པར་གྱུར། །འབྲུག་གི་རྔ་སྒྲས་རབ་ཏུ་དགའ་གྱུར་ནས། །གློག་ཕྲེང་འགྱུ་བ་བྲོ་གར་བྱེད་པ་བཞིན། །ཡང་དང་ཡང་དུ་གསེར་འོད་གསལ་བ་ཡི། །འོད་ཟེར་འཕྲོ་བས་ཕྱོགས་རྣམས་ཁྱབ་པར་གྱུར། །དེ་ནས་ཆར་པའི་རྒྱུན་མདོག་སྐྱ་བོ་ཀུན་ཏུ་ཁྱབ་པར་བབ་པར་གྱུར་པས་མཚོ་གང་བར་གྱུར་ཏེ། ཆར་གྱི་རྒྱུན་བབ་མ་ཐག་ཏུ་ཁྭ་ད་ལ་སོགས་པ་བྱ་མང་པོ་རྣམས་ནི་བྱེར། ཉ་མང་བོ་རྣམས་གསོན་དུ་རེ་བའི་བསམ་པ་གྲུབ་ཅིང་རབ་ཏུ་དགའ་བར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་སྙིང་རབ་ཏུ་དགའ་བར་གྱུར་ཀྱང་ཆར་ཆད་དུ་དོགས་ནས་ཆར་སྤྲིན་ལ་སྨྲས་པ། ཆར་སྤྲིན་འབྲུག་སྒྲ་ཟབ་ཅིང་བརྟན་པར་སྒྲོགས། ཁྭ་ད་རབ་ཏུ་དགའ་བ་མེད་པར་མཛོད། །གློག་རྒྱུན་འབར་བ་འགྱུ་བའི་འོད་ཟེར་ཅན། །ཆར་པའི་རྒྱུན་རྣམས་རིན་ཆེན་འདྲ་བར་ཕོབ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས། ཡིད་ལ་ཡ་མཚན་རབ་ཏུ་ཆེ་བར་གྱུར་ཏེ། དེའི་དྲུང་དུ་མངོན་སུམ་དུ་འོངས་ནས་མགུ་བར་གྱུར་ཏེ་སྨྲས་པ། ཆར་སྤྲིན་འབྲུག་སྒྲ་སྙན་པ་རབ་སྒྲོགས་ཤིང༌། །བུམ་པ་བསྡུས་པ་བཞིན་དུ་གང་བབ་པ། །འདི་ནི་ཉ་དབང་མཐུ་ཆེན་ཁྱོད་ཉིད་ཀྱི། །བདེན་པ་ཁྱད་པར་ཅན་གྱི་མཐུ་ཡིན་ཏེ། །འཇིག་རྟེན་དོན་ལ་བརྩོན་པར་གྱུར་པ་ཡིས། །སྐྱེས་བུ་ཁྱོད་ལྟ་བུ་ཡི་སྤྱོད་པ་ལ། །ངན་སྒྲོགས་བྱ་བ་བདག་གིས་གང་བྱས་པ། །བདག་གིས་བག་མེད་འཁྲུལ་པ་མཚར་ཅིག་བྱས། །སྐྱེས་བུ་དམ་པའི་གྲོགས་ནི་བདག་གིས་བགྱིས། །དེ་རིང་སླན་ཆད་དེ་ལྟར་ཁྱོད་མ་དགོངས། །ཡུལ་ཕྱོགས་འདི་ཡར་ཁྱོད་ཀྱི་ཡོན་ཏན་གཞི། །སླན་ཆད་འདི་ལྟར་ཕོངས་པར་ཡང་མི་འགྱུར། །དེ་ལྟར་ཚིག་སྙན་པས་མགུ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །མཚོ་དེ་ཡང་ཆུས་གང་ཞིང་རབ་ཏུ་འབྱོར་པར་གྱུར་ཏོ། །དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ཚེ་འདི་ཉིད་ལ་ཡང་དགེ་བའི་བསམ་པ་འགྲུབ་པར་འགྱུར་ན། ཚེ་རབས་གཞན་


DTG168_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་འབད་པར་བྱའོ། །ཉ་རུ་སྐྱེས་པའི་རབས་ཏེ་བཅོ་ལྔ་པའོ།། །།བདེན་པའི་ཚིག་བསྒོམས་ན་མེས་ཀྱང་འདའ་བར་བྱེད་མི་ནུས་སོ། །དེ་བས་ན་བདེན་པའི་ཚིག་ལ་བརྩོན་པར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་དགོན་པའི་གནས་ཅིག་ན། བྱ་སྲེག་པའི་ཕྲུ་གུ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་ཡང་སྒོ་ངའི་སྦུབས་ནས་བྱུང་ནས་ཞག་གྲངས་མང་པོ་ནི་མ་ལོན། སྤུ་གསར་པ་ནི་མ་སྐྱེས། རབ་ཏུ་རིད་པས་ཡན་ལག་དང་ཉིད་ལག་གི་ཕྱོགས་རྣམས་ནི་གསལ་བར་མངོན། ཕ་མ་གཉིས་ཀྱིས་རྩྭ་དང་ལྡུམ་བུ་སྟུག་པོའི་ནང་དུ་ཚང་བཅས་པའི་ནང་ན་ཕྲུ་གུ་མང་པོ་སྤུན་དང་ལྷན་ཅིག་ཏུ་འཁོད་དོ། །དེ་ལྟ་བུའི་གནས་སྐབས་ན་ཡང་ཆོས་ཀྱི་འདུ་ཤེས་མ་ཉམས་པའི་ཕྱིར། ཕ་མ་གཉིས་ཀྱིས་ཟས་རྙེད་བ་སྲོག་ཆགས་ཁྱེར་ཏེ་འོངས་པ་ནི་ཟར་མི་བཏུབ་ཅིང་རྩྭའི་ས་བོན་དང་ཤིང་ནྱ་གྲོ་དྷའི་འབྲས་བུ་ཁྱེར་ཏེ་འོངས་པ་དེ་འབའ་ཞིག་ཟོས་ཏེ། ཕ་མ་གཉིས་ཀྱིས་ཀྱང་དེ་འབའ་ཞིག་གིས་གསོས་སོ། །དེ་ཁ་ཟས་རྩུབ་ཅིང་ཆུང་བ་དེས། ལུས་རྒྱས་པར་མ་གྱུར་འདབ་གཤོག་ཀྱང་མ་རྫོགས་སོ། །བྱ་སྲེག་པའི་ཕྲུ་གུ་གཞན་རྣམས་ཁ་ཟས་ཅི་འོངས་པ་ཟོས་པས་མཐུ་ཆེ་ཞིང་འདབ་གཤོག་རྣམས་ཀྱང་རྒྱས་པར་གྱུར་ཏོ། །འདི་ནི་ཆོས་ཉིད་ཡིན་ཏེ། འདི་ལྟར། ཆོས་དང་ཆོས་མིན་མི་འཛེམ་ཞིང༌། །ཐམས་ཅད་ཟ་བ་བདེ་བར་གནས། །ཆོས་དང་ལྡན་པའི་ཚུལ་འདོད་ན། །ཆོ་གའི་ཟས་ཟ་བཞིན་དུ་འདུག །བཅོམ་ལྡན་འདས་ཀྱིས་ཀྱང་ངོ་ཚ་མི་ཤེས་པ་ནི་བདེ་པར་འཚོའོ། །ཞེས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ཡང་འཕགས་པ་གནས་བརྟན་པའི་གཞུང་ལས་འབྱུང་བ། བརྐམ་ཞིང་བྱ་རོག་ལྟར་དཔའ་བ། །ངོ་ཚ་མེད་པ་ལེགས་པར་འཚོ། །བརྣབ་ཅིང་སྤྱི་རྟོལ་ཆེ་བ་ཡི། །འཚོ་བ་ཤིན་ཏུ་ཉོན་མོངས་ལྡན། །རྟག་ཏུ་སྐྱོན་མེད་ཚོལ་བ་དང༌། །ཞུམ་ཞིང་བག་དང་བཅས་པ་དང༌། །འཚོ་བ་སྐྱོན་མེད་བལྟ་བ་དང༌། །ངོ་ཚ་ཤེས་པས་འཚོ་མི་བདེ། །དེ་དག་གི་གནས་སྐབས་དང་མི་རིང་བ་ཅིག་ན་ནགས་ཚལ་ཆེན་པོ་མེས་ཚིག་སྟེ། འཇིགས་སུ་རུང་བའི་སྒྲ་ནི་འུར་འུར་ཟེར། དུད་པའི་ཚོགས་ནི་འཁྱིལ། མེ་ལྕེ་གཡོ་བ་འཁྲིགས་ཤིང་མེ་སྟག་ནི་རྣམ་


DTG168_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཕྲོ། ནགས་ཚལ་ན་རྒྱུ་བར་བྱེད་པ་རྣམས་ནི་སྐྲག་པར་བྱེད་པ། ནགས་ཚལ་སྟུག་པོ་རྣམས་ནི་འཇིག་པར་བྱད་པ་ཅིག་བྱུང་བར་གྱུར་ཏོ། །དེ་ནི་རླུང་གིས་བསྐྱོད་པས་རྣམ་པར་འཕྲོ། །མེ་ལྕེ་འཁྲུག་པའི་ལག་པ་གར་མཛེས་བྱེད། །དུད་པས་འཁྲིགས་པའི་སྒྲ་ནི་བསྡིགས་པ་བཞིན།། སྒྲ་དང་བཅས་པ་དེ་དག་འཇིགས་པ་བསྐྱེད། །དྲག་པོའི་རླུང་གིས་བསྐྱོད་པས་རབ་ཏུ་གཡོ། །ནགས་ཀྱི་རྩྭ་རྣམས་འཇིགས་པས་ཉེན་པ་འདྲ། །མེ་དེ་རྔམ་པ་བཞིན་དུ་མངོན་པར་འོངས། །མེ་སྟག་འཕྲོ་བ་མང་པོས་ཁྱབ་པར་བསྲེག །བྱ་ཚོགས་མང་པོ་སྐྲག་ནས་རབ་ཏུ་བྱེར། །རི་དྭགས་འཇིགས་པས་རྒྱུ་ཞིང་ཀུན་ཏུ་བྲོས། །དུད་པའི་ནང་ནས་མེ་སྒྲ་དྲག་པོ་གྲག །དེ་ཡིས་སྐྲག་ནས་ནགས་ཚལ་དུ་བ་འདྲ། །མེ་དེ་རླུང་དྲག་པོས་བདས་པས་གནོད་པ་བཞིན་དུ་རྩྭ་མཐུག་པོ་ལ་མེ་མཆེད་པས་དེ་དག་གི་ཚང་དང་ཉེ་བར་འོངས་སོ། །དེ་ནས་སྲེག་པའི་ཕྲུ་གུ་དེ་རྣམས་འཇིགས་ཤིང་སྐྲག་པས་འཁྲུག་པའི་སྒྲ་མི་སྙན་པ་འབྱིན་ཅིང་གཅིག་ལ་གཅིག་མི་ལྟ་བར་རྟབ་བཞིན་དུ་འཕུར་ཏེ་སོང་ངོ༌། །བྱང་ཆུབ་སེམས་དཔའ་ནི་ཉམ་ཆུང་བས་འདབ་གཤོག་མ་རྫོགས་པར་འཕུར་བར་མ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བདག་གི་མཐུ་སྟོབས་ཤེས་པས་མ་འཁྲུགས་པ་ཉིད་དུ་མེ་དེ་བཙན་ཐབས་སུ་འོངས་པ་འདྲ་བ་ལ་ཚིག་འཇམ་པོས་སྨྲས་པ། བདག་གི་རྐང་པའི་མིང་དོན་མེད་ཅིང་འདབ་མ་མེད། །བདག་གི་ཕ་མ་གཉིས་ཀྱང་ཁྱོད་ལ་སྐྲག་ནས་བྲོས། །ཁྱོད་ལ་མགྲོན་བྱར་རུང་བ་འདི་ན་ཅི་ཡང་མེད། །དེ་བས་མེ་ཁྱོད་འདི་ནས་སླར་ནི་ལྡོག་པར་རིགས། །སེམས་དཔའ་ཆེན་པོ་དེས་བདེན་པ་ཡོངས་སུ་བསྒོམས་པའི་ཚིག་གིས་དེ་སྐད་སྨྲས་པ་དང༌། རྩྭ་རྣམས་ཚང་ཚིང་སྐམ་པོ་འདབ་ཆགས་ལ། །མེ་དེ་རླུང་གིས་རབ་ཏུ་སྦར་གྱུར་ཀྱང༌། །འབབ་ཆུ་ཀླུང་ཆེན་འབྲུབ་དང་འཕྲང་པ་བཞིན། །དེ་ཡི་ཚིག་ཐོས་དེ་མ་ཐག་ཏུ་ཞི། །དེང་སོང་དུས་ན་གངས་རིའི་ཁྲོད་ནས་ས་ཕྱོགས་དེར། །དགོན་པའི་མི་ལྕེ་རླུང་གིས་བསྐྱོད་དེ་རྒོད་པ་ཡང༌། །མགོ་མང་སྤྲུལ་ནི་སྔགས་ཀྱིས་བཏབ་སྟེ་བཟློག་པ་བཞིན། །མེ་ལྕེ་གཡོ་བ་དལ་ཞིང་ཞི་བར་འགྱུར་ཞེས་གྲགས། །དེ་ཅིའི་ཕྱིར་བསྟན་ཞེ་ན། སྨྲས་པ། རྒྱ་མཚོའི་དུས་ཤུགས་རབ་ཏུ་གཡོ་བའི་གདེངས་


DTG168_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང། །བདག་ལ་ཕན་འདོད་ཐུབ་དབང་བསྟན་པའི་བསླབ་པ་བཞིན། །བདེན་པའི་བདག་ཉིད་ཅན་གྱིས་གང་དག་བསྒོ་བ་ནི། །མེས་ཀྱང་མི་འདའ་དེ་བས་བདེན་པ་མི་བཏང་ངོ༌། །དེ་ལྟར་བདེན་པ་ཡོངས་སུ་བསྒོམས་པའི་ཚིག་ནི་མེས་ཀྱང་འདའ་བར་མི་ནུས་ཏེ། དེ་བས་ན་བདེན་པའི་ཚིག་ལ་བརྩོན་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱ་སྲེག་པའི་ཕྲུ་གུར་སྐྱས་པའི་རབས་ཏེ་བཅུ་དྲུག་པའོ།། །།ཆང་འཐུང་བ་ནི་ཉེས་པ་དུ་མ་འབྱུང་ཞིང༌། ཤིན་ཏུ་མ་རུངས་པར་འགྱུར་བའི་ཕྱིར། དགེ་བ་རྣམས་ནི་གཞན་དག་ཀྱང་འདི་ལས་ཟློག་པར་བྱེད་ན་བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་བློ་ཅན། གཞན་ལ་ཕན་ཞིང་བདེ་བར་བྱེད་པ་ལ་དགའ་བ། སྦྱིན་པ་དང་དུལ་བ་དང་ཞི་བ་ལ་སོགས་པས་བསོད་ནམས་འཕེལ་བ་ཉམས་སུ་ལེན་པ་སྟེ། དེ་རེ་ཞིག་ཅིག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ་ཞེས་གྲགས་སོ། །དེ་ལྷའི་ལོངས་སྤྱོད་ཀྱི་བདེ་བ་རྣམས་ཕུན་སུམ་ཚོགས་ཀྱང་སྙིང་རྗེའི་དབང་དུ་གྱུར་པས་འཇིག་རྟེན་གྱི་དོན་བྱ་བ་ལ་བརྩོན་པ་ལྷོད་པར་མ་གྱུར་ཏོ། །འཇིག་རྟེན་ཡོངས་ཀྱི་ཕལ་ཆེར་དཔལ་ལྡན་ན། །ཆང་གིས་མྱོས་བཞིན་བདག་གི་དོན་ཡང་འདོར། །ཐག་ཡོད་རྣམས་ནི་གཞན་གྱི་དོན་ལ་ཡང༌། །ལྷ་དབང་དཔལ་དང་ལྡན་ཡང་དེས་མི་མྱོས། །སྡུག་བསྔལ་མང་པོས་གདུངས་པའི་སེམས་ཅན་ལ། །གཉེན་བཤེས་སྡུག་པ་རྣམས་ལ་བྱམས་པ་བཞིན། །བརྟན་ཞིང་དཔལ་གྱི་རང་བཞིན་ཤེས་པས་ན། །དེ་ནི་གཞན་གྱི་དོན་སྤྱོད་ཡོད་མི་བརྗེད། །དེ་ནས་རེ་ཞིག་ཅིག་བདག་ཉིད་ཆེན་པོ་དེས་མིའི་འཇིག་རྟེན་ཉུལ་བའི་ཚེ། །སྙིང་བརྩེ་བ་དང་བྱམས་ཤིང་མཐུ་ཆེ་བའི་མིག་གིས་མཐོང་བ་ནི། ཐམས་ཅད་ཀྱི་མཛའ་བོ་ཞེས་བྱ་བའི་རྒྱལ་པོ་ཅིག་མི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་སྐྱོན་གྱིས་བློན་པོ་དང་འབངས་སུ་བཅས་པར་ཆང་འཐུང་བ་ལ་དགའ་བར་གྱུར་ཏེ། དེ་ལ་སྐྱོན་དུ་མི་ལྟ་བར་གྱུར་པ་ལ་ཆང་འཐུང་བ་ཡང་སྐྱོན་ཆེ་བར་མཐོང་ནས། བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་པོས་མི་དགའ་བར་གྱུར་ཏེ་བསམས་བ། ཀྱེ་མ་ཧོ། འཇིག་རྟེན་འདི་དག་ནི་རབ་ཏུ་


DTG168_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པར་གྱུར་ཅིང་འཁོད་དོ་སྙམ་ནས། འཐུང་ན་ཐོག་མར་རབ་ཏུ་ཞིམ། །སྐྱོན་དུ་ལྟ་བ་རྨོངས་པར་གྱུར། །ལེགས་པར་འགྱུར་བ་མེད་པར་བྱས། །ལོག་པའི་ལམ་ནི་བཟང་པོ་བཞིན། །དེ་ལ་འདིར་ནི་ཇི་ལྟར་བྱས་ན་རུང་སྙམ་པ་དང༌། སླར་ཐབས་ཡོད་དོ་སྙམ་ནས། གཙོ་བོར་གྱུར་པ་རྣམ་པ་གང་སྤྱོད་པར། །སྐྱེ་བོ་རྣམས་ཀྱང་དེ་ཡི་རྗེས་སུ་འཇུག །དེ་བས་འདིར་ནི་རྒྱལ་པོ་ཉིད་བཅས་ན། །འཇིག་རྟེན་དག་ན་དགེ་སྡིག་དེ་ལས་འབྱུང༌། །དེ་ལྟར་རྣམ་པར་ངེས་པར་བྱས་ནས། སེམས་དཔའ་ཆེན་པོ་དེ་གསེར་བཙོ་མའི་མདོག་ལྟར་ཡིད་དུ་འོང་བ་སྐྲའི་ཐོར་ཚུགས་ཅུང་ཟད་རྩུབ་པ་འཁྱིལ་བ་ཅན་ཤིང་གི་ཤུན་ལྔགས་དང་རི་དྭགས་ཨ་ཛི་ནའི་པགས་པ་གྱོན་པ་ཚངས་པའམ། ལུས་གཟི་བྱིན་ལྡན་པ་ཅིག་ཏུ་མངོན་པར་སྤྲུལ་ནས། ཆར་གིས་གང་བའི་བུམ་པ་ཧ་ཅང་མི་ཆེ་བ་ཞིག་ནི་ལག་པ་གཡོན་ན་ཐོགས་ཏེ་འོངས་པ། དེ་ནས་ཐམས་ཅད་ཀྱི་མཛའ་བོ་རྒྱལ་པོའི་འཁོར་གྱི་ནང་དུ་འདུས་ཏེ། ཆང་དང་སྦྲང་ཆང་དང་བུ་རམ་ཤིང་གི་ཆང་དང༌། ཆང་བཅོས་མ་དང་རྒུན་ཆང་གི་གཏམ་གྱི་གནས་སྐབས་གླེང་བའི་ཚེ། མདུན་གྱི་ནམ་མཁའ་ལ་བྱུང་སྟེ་འདུག་པར་གྱུར་ཏོ། །ད་ནས་སྐྱེ་བོ་དེ་དག་ངོ་མཚར་ཆེ་ཞིང་རབ་ཏུ་གུས་པས་ལངས་ཏེ་ཐལ་མོ་སྦྱར་ནས་རིམ་གྲོ་བསྐྱེད་པ་དང༌། ཆར་སྤྲིན་འབྲུག་སྒྲ་ཟབ་མོའི་སྒྲ་འབྱིན་པ་བཞིན་དུ་གསར་བསྟོད་དེ་སྨྲས་པ། མེ་ཏོག་ཕྲེང་བ་མགུལ་ན་བཀོད། །མགྲིན་པ་མན་ཆད་རབ་ཏུ་གང༌། །བུམ་པ་རྒྱན་གྱིས་བརྒྱན་པ་ཡི། །བུམ་པ་འདི་ནི་སུ་ཉོ་འདོད། །མེ་ཏོག་ཕྲེང་བས་གདུ་བུར་བཏགས་པ་བཞིན། །བུམ་པའི་ཁ་རྒྱན་འདམ་བུས་བརྒྱན་པ་དག །རླུང་གིས་བསྐྱོད་པས་རབ་ཏུ་གཡོ་བ་ཡི། །བུམ་པ་འདི་ནི་རིན་གྱིས་སུ་ཉོ་འདོད། །དེ་ནས་རྒྱལ་པོ་དེ་ཡ་མཚན་དང་ངོ་མཚར་ཆེ་བར་གྱུར་ཏེ། རབ་ཏུ་གུས་པས་ལྟ་ཞིང་ཐལ་མོ་སྦྱར་ནས་སྨྲས་པ། གཟི་ཆེན་ཉི་མ་འབར་འདྲ་མཛེས་པ་ཟླ་བ་བཞིན། །ཁྱོད་ཀྱི་སྐུ་མཛེས་ཐུབ་བ་འགའ་ཞིག་ལགས་པར་གདའ། །དེ་བས་འཇིག་རྟེན་ཀུན་གྱིས་འཚལ་བར་གསུང་པའི་རིགས། །ཁྱོད་ཀྱི་ཡོན་ཏན་མཚར་ཅིག་མཆིས་པ་བདག་ཅག་རེ། །བརྒྱ་བྱིན་གྱིས་སྨྲས་པ། ང་ནི་སུ་ཡིན་ཕྱིས་ཀྱང་ཤེས་འགྱུར་གྱིས། །ཁྱེད་ཅག་འཇིག་རྟེན་གཞན་ལ་མི་འཇིགས་ཤིང༌།།


DTG168_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ་ཡང་བརླག་པར་མེ་འཇིགས་ན། །བུམ་པ་འདི་ནི་ང་ལས་ཉོ་བར་གྱིས། །རྒྱལ་པོས་སྨྲས་པ། ཨེ་མ་ཧོ། །ཁྱོད་ཀྱིས་ཚོང་ཟོང་བཙོང་བ་འདི་ནི་སྔོན་མ་བྱུང་བ་ཞིག་གོ །འཇིག་རྟེན་ན་ནི་ཚོང་ཟོང་རྣམས། །གང་ལ་ཡོད་ཀྱང་ཡོན་ཏན་བརྗོད། །ཉེས་པའི་སྐྱོན་ནི་བཅས་པ་ཡིན། །ཚོང་ཟོང་བཙོང་པ་དེ་ལྟར་གྲགས། །བརྫུན་དུ་སྨྲས་པས་འཇིགས་པ་རྣམས། །ཁྱོད་ལྟ་བུ་ཡི་ཚུལ་འཛིན་ཏེ། །དགེ་བ་རྣམས་ནི་བདེན་པ་དང༌། །ཕོངས་པར་གྱུར་ཀྱང་མི་གཏོང་ན། །བུམ་པ་འདི་ནི་ཅི་ཡིས་བཀང༌། །ཁེ་སྤོགས་ཆེན་པོ་ཅི་ཡོད་ན། །ཁྱོད་ལྟ་བུས་ཡང་བདག་ལ་ཚོང༌། །བདག་ཉིད་ཆེན་པོ་དེས་སྨྲོས་ཤིག །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གསོན་ཅིག །འདི་ནི་ཆུ་དང་ཞོ་དང་དར་བའམ་མུ་ཏིག་ཆུ་ཡིས་གང་བ་མིན། །གེ་སར་དྲི་ཞིམ་ཁུ་བའི་ཆང་དང་མར་གྱིས་གང་བ་ཡང་མ་ཡིན་ལ། །ཀུ་མུ་ཏ་དང་སྤྲིན་མེད་ཟླ་འོད་འདྲ་བའི་འོ་མས་གང་བ་མིན། །སྡིག་པའི་རང་བཞིན་ཅན་གྱིས་གང་བའི་བུམ་པ་དེ་ཡི་ཡོན་ཏན་ཉོན། །གང་ཞིག་འཐུངས་ན་ར་རོ་སོང་ནས་གོམ་པ་དབང་མེད་འདོར་ཞིང་འགྲོ། །ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམས་ཤིང་རྡེག་འཆོས་དྲན་པ་ཉམས་པར་འགྱུར། །བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དག་བཟར་གྱུར་པ། །དེ་དང་དེ་ཡིས་གང་བའི་བུམ་པ་ཐ་ཤལ་འདི་ཉོས་ཤིག །གང་གིས་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམས། །ཕྱུགས་དང་འདྲ་བར་བླུན་ཞིང་དགྲ་བོས་འཕྱས་ཀྱང་བྱེད་པར་འགྱུར། །གང་གིས་མདུན་སར་གར་བྱེད་འགྱུར་ཞིང་བྲང་གིས་འཁར་རྔ་བརྡུངས། །དགེ་བ་མེད་པའི་བུམ་པའི་ཆང་འདི་ཁྱེད་ཀྱིས་ཉོ་བར་རིགས། །འཐུངས་ན་གང་གིས་བདག་གི་ངོ་ཚ་འོས་པ་འདོར། །གོས་དང་བྲལ་ཞིང་གཅེར་བུར་བྱུང་ཡང་ངོ་ཚ་མེད། །གྲོང་ཁྱེར་སྐྱེ་བོ་མང་པོའི་ལམ་དུ་ཡིད་རྟོན་འགྲོ། །བུམ་པ་འདི་ནི་བཙོང་བར་འོས་ཏེ་དེ་བླུགས་སོ། །གང་འཐུངས་ན་ནི་སྐྱུགས་པའི་ཟས་ཀྱིས་གོས་འགྱུར་ཞིང༌། །ཁྱི་ཡིས་ཁ་ཡང་དོགས་པ་མེད་པར་བལྡག་པར་འགྱུར། །དྲན་པ་མེད་པར་ལམ་པོ་ཆེ་ན་ཉལ་བར་འགྱུར། །བཙོང་ན་འགྲིམ་པ་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ནས་མྱོས་ཏེ་དབང་མེད་པར། །


DTG168_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ་དག་ཀྱང་ཤི་ལ་འཆིང་བར་བྱེད། །ནོར་གྱི་བདག་པོ་དག་ཀྱང་ཁྱད་དུ་གསོད། །ཕན་བརླགས་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ན་མྱོས་པས་དྲན་བརླགས་ཏེ། །འབྲི་སྣ་ཨན་དྷ་དག་ཀྱང་དམེ་བྱུང་ནས། །དབྱུག་ཚོན་ཐོགས་ཏེ་ཕན་ཚུན་ཐ་མལ་ཕྱུང༌། །མྱོས་འགྱུར་དེ་ནི་བུམ་པ་འདིར་བླུགས་སོ། །གང་ལ་ཆགས་ན་དཔལ་གྱི་གཞིར་གྱུར་རིགས། །ཇེ་མཐོ་ཇེ་མཐོར་འགྱུར་བའང་བརླག་པར་འགྱུར། །ནོར་གྱི་དབྱིག་ལྡན་རིགས་ཀྱང་ཕུང་བར་འགྱུར། །བཙོང་རྒྱུ་དེ་ནི་བུམ་པ་འདི་ན་འདུག །གློ་བུར་དུ་ཞིང་འདུག་ལ་དགོད་ཅིང་མ་ངེས་སྨྲ། །གདོན་གྱིས་ཟིན་པ་བཞིན་དུ་མིག་ནི་མཆིམས་གང༌། །སྨད་ཅིང་བརྙས་པར་འགྱུར་བའི་གནས་སུ་ངེས་འགྱུར་བ། །བློ་ཉམས་འགྱུར་བ་འདི་ནི་བུམ་པ་འདི་ན་ཡོད། །རྒས་པར་གྱུར་ཀྱང་གང་གིས་སེམས་ཉམས་ཤིང༌། །བདག་ལ་ཕན་པར་འདོད་པའི་ལམ་དུ་མི་འཇུག་ན། །མ་བརྟགས་མང་དུ་སྨྲ་བར་ངེས་འགྱུར་ལ། །བཙོང་རྒྱུ་དེ་ནི་བུམ་པ་འདི་ན་ཡོད། །གང་གི་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་རྒྱལ་པོའི་དཔལ་ནི་ཉམས་བྱས་ནས། །སྐྱབས་འདོད་ཕྱིར་ནི་རྒྱ་མཚོའི་ནང་ན་གབ། །དེ་ཡིས་གང་བའི་བུམ་པ་འདི་ཉོས་ཤིག །མི་བདེན་པ་ཡང་བདེན་པ་བཞིན་དུ་ངོ་མཐོན་སྨྲ། །མི་བྱ་བ་ཡང་བྱ་བ་བཞིན་དུ་དགའ་བཞིན་བྱེད། །གང་གི་ལན་གྱིས་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས། །དེ་ནི་སྨད་པའི་ལུས་བཞིན་བུམ་པ་འདི་ན་འདུག །མྱོས་འགྱུར་རིག་སྔགས་སྡུག་བསྔལ་རྒྱུར་འགྱུར་བ། །སྡིག་པའི་མ་མོ་བྱུང་རན་མངོན་སུམ་བཞིན། །རྩོད་པའི་ལམ་དང་ཐ་དད་མ་ཡིན་པ། །སྙིང་གི་མུན་པ་མི་བཟད་དེ་མྱོས་ཤིག །གང་གིས་བློ་ནི་རབ་ཏུ་ཉམས་གྱུར་ནས། །ཕ་མ་ཉེས་པ་མེད་པའང་གསོད་འགྱུར་ཞིང༌། །བདེ་ལ་མ་ཆགས་དཀའ་ཐུབ་ཅན་ཡང་གསོད། །བཙོང་པའི་མཆོག་འདི་རྒྱལ་ལ་ཕུལ་བས་བཞེས། །མི་ཡི་བདག་པོ་ཆང་ནི་འདི་འདྲ་ཡང༌། །འཇིག་རྟེན་ན་ནི་ལྷ་ཞེས་རབ་ཏུ་གྲགས། །ཡོན་ཏན་ལ་ནི་གང་དག་མི་དགའ་བ། །དེ་དག་ཆང་འདི་ཉོས་ལ་འབད་པར་གྱིས། །གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པས་སེམས་ཅན་དམྱལ་བར་ལྟུང༌། །དུད་འགྲོའི་གནས་དང་


DTG168_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་དབུལ་གྱུར་པ། །མཐོང་བར་འདོད་པ་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་དུ་འཐུངས་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གིས་ཕྱོགས་ཀྱང་མནར་མེ་འབར་བས་བསྲེག་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་སུམ་འབྱུང༌། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུངས་ན་ཡོན་ཏན་དེ་དང་དེ་ཉམས་པ། །དེ་བས་རྒྱལ་པོ་ཁྱོད་ཀྱིས་ཆང་འཐུང་ག་ལ་རིགས། །དེ་ནས་རྒྱལ་པོ་དེས་སྙིང་ལ་བབ་པའི་ཚིག་རྣམས་ཆང་འཐུང་བའི་ཉེས་པ་ཁོང་དུ་ཆུད་པར་བྱས་པ་དང༌། ཆང་འཐུང་བ་ལ་མ་ཆགས་ཤིང་ཞེན་པ་མེད་པར་གྱུར་ནས། བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པའི་ཕ་མའམ་འདུལ་བས་མཉེས་བྱས་བླ་མ་བཞིན། །ཚུལ་དང་ཚུལ་མིན་མཁས་པའི་ཐུབ་པས་སྨྲས་པ་བཞིན། །ཁྱོད་ཀྱིས་བདག་ལ་ཕན་ཕྱིར་ལེགས་པར་གདམས་པ་དེ། །སྤྱོད་པས་ཉམས་སུ་བླང་སྟེ་ཚུལ་བཞིན་མཉེས་པར་བགྱིའོ། །ལེགས་པར་སྨྲས་པའི་ལན་དུ་མཆོད་པ་འདི་ཁྱོད་ཀྱིས་བདག་ལས་བཞེས་པར་རིགས་སོ། །ཡུལ་གྲུ་བཟང་པོ་ལྔ་ཡང་ཁྱོད་ལ་འབུལ། །བྲན་བརྒྱ་པོ་དང་བཞོན་པ་ལྔ་བརྒྱ་འབུལ། །རྟ་མཆོག་སྦྱར་བའི་ཤིང་རྟ་འདི་བཅུ་བཞེས། །བདག་གི་བླ་མ་ཕན་པ་སྟོན་པར་འགྱུར། །གཞན་ཡང་བདག་གིས་གང་དང་གང་བགྱི་བ་འདིར་སྤྲིང་ཞིང་སླན་ཆད་ཀྱང་བདག་ལ་སྤྱན་རས་ཀྱིས་སྩལ་པར་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཡུལ་གྲུ་མཆོག་ལ་སོགས་པའང་ང་མི་འདོད། །ལྷ་དབང་ང་ཡིན་རྒྱལ་པོས་ཤེས་པར་བྱོས། །ཕན་པར་སྨྲས་ལ་མཆོད་པར་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །གྲགས་དང་དཔལ་གྱི་ལམ་ནི་འདི་ཡིན་ཏེ། །ཚེ་རབས་གཞན་ལ་བདེ་བ་དེ་ཡང་ཐོབ། །དེ་བས་ཆང་ལ་ཆགས་པ་རབ་སྤོངས་ལ། །ཆོས་ལ་གནས་པ་ང་ཡི་ཡུལ་ལ་བརྟེན། །དེ་སྐད་སྨྲས་ནས་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །རྒྱལ་པོ་དེ་ཡང་བློན་པོ་དང་འབངས་སུ་བཅས་པ་ཆང་མི་འཐུང་བར་གྱུར་ཏོ། །དེ་ལྟར་ན་ཆང་འཐུང་བ་ནི་ཉེས་པ་དུ་མ་འབྱུང་ཞིང་ཤིན་ཏུ་མ་རུངས་པར་འགྱུར་བའི་ཕྱིར། དགེ་བ་རྣམས་ནི་གཞན་དག་ཀྱང་འདི་


DTG168_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟློག་པར་བྱེད་ན། བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་དེ་ཚེ་རབས་སྔ་མ་ལ་ཡང་འཇིག་རྟེན་ལ་ཕན་པ་འབའ་ཞིག་མཛད་པའོ་ཞེས། དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བུམ་པའི་སྐྱེས་པའི་རབས་ཏ་བཅུ་བདུན་པའོ།། །། བམ་པོ་དྲུག་པ། ཁྱིམ་ན་གནས་པ་ནི་ཚུལ་ཁྲིམས་ཀྱི་གཉེན་པོར་འགྱུར་ཞིང་གནོད་པའི་ཕྱིར་བདག་ལ་ཕན་པར་འདོད་པ་རྣམས་ཁྱིམ་ན་གནས་པ་ཡོངས་སུ་གཏོང་ངོ༌། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་རྒྱལ་རིགས་ཕྱུག་པོའི་རིགས་འཚོ་བའི་ཚུལ་དང་སྤྱོད་པ་ཕུན་སུམ་ཚོགས་པ། ཆོ་རིགས་མཐོན་པོ་ལ་དགའ་བ་རྣམས་ཀྱིས་གཉེན་བྱ་བར་གསོལ་བ་བཏབ་པ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་རེ་བའི་གནས་སུ་གྱུར་པ། བང་མཛོད་རྣམས་ན་གཉེན་བཤེས་དང་ཐུན་མོང་དུ་སྤྱོད་པ། ཕོངས་ཤིང་སློང་བ་རྣམས་ནི་མངོན་པར་འཁོར་བ། ལག་བཟོ་བ་རྣམས་ཀྱི་འཚོ་བའི་གནས་སུ་གྱུར་པ། དཔལ་གྱི་གཞིར་གྱུར་པ་དང༌། རྒྱལ་པོས་བཀུར་སྟི་བྱ་ཞིང་ཕན་བཏགས་པར་གྱུར་པ། འཇིག་རྟེན་པས་མངོན་པར་བཀུར་བའི་ཁྱིམ་ཅིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་རིམ་གྱིས་ནར་སོན་པར་གྱུར་པ་དང༌། འཇིག་རྟེན་པས་བསྔགས་པའི་རིག་པའི་གནས་རྣམས་ནི་བསླབ་པ་དང་སྒྱུ་རྩལ་གྱི་ཐབས་རྣམ་པ་སྣ་ཚོགས་ལ་ནི་བློ་གསལ་བར་གྱུར། ལུས་བྱད་བཟང་པོ་སྐྱེ་བོའི་མིག་ཏུ་སྡུག་པ་དང༌། ཆོས་དང་མི་འགལ་བར་འཇིག་རྟེན་གྱི་ཚུལ་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་ནང་མི་བཞིན་དུ་སྙིང་ལ་ཆགས་པར་གྱུར་ཏོ། །ནང་མི་རྣམས་ནི་ནང་མི་ཞེས། །ལྷག་པར་དགའ་བར་འགྱུར་བ་མེད། །ཕྱི་མི་རྣམས་ཀྱང་ཕྱི་མི་ཞེས། །ནང་མི་དག་ལས་གཞན་དུ་མིན། །སྐྱོན་དང་ཡོན་ཏན་ལས་བརྟགས་ནས། །ནང་མིའམ་ཡང་ན་ཕྱི་མིའང་རུང༌། །འཇིག་རྟེན་ན་ནི་བཀུར་སྟི་དང༌། །སྨད་པར་བྱ་བའི་གནས་སུ་གྱུར།། སེམས་དཔའ་ཆེན་པོ་དེ་སྔོན་རབ་ཏུ་བྱུང་བ་ལ་གོམས་པར་བྱས་པས། །ཁྱིམ་ན་གནས་པ་ཚོལ་བའི་སྡུག་བསྔལ་དང༌། ཆོས་དང་འགལ་བར་རབ་ཏུ་ཤེས་གྱུར་ཅིང༌། །དཀའ་ཐུབ་ནགས་ཚལ་བདེ་འབྱུང་གནས་རིག་ནས། །ཁྱིམ་གྱི་བདེ་ལ་ཡིད་ནི་ཆགས་མ་གྱུར། །དེ་ཕ་མ་གཉིས་


DTG168_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་པས་སྙིང་མི་དགའ་བར་གྱུར་ཏོ། །ཁྱིམ་གྱི་རྫས་དང་དབྱིག་བརྒྱ་སྟོང་དུ་མ་ཡོད་པ་དེ་ཡང་གཉེན་བཤེས་དང་དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་རྣམས་ལ་ཅི་ལྟར་རིགས་པར་བྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རིམ་གྱིས་གྲོང་དང་ལྗོངས་དང་ཕོ་བྲང་འཁོར་དུ་རྒྱུ་ཞིང་སོང་སོང་བ་ལས་གྲོང་ཁྱེར་ཅིག་ཏུ་བརྟེན་ཏེ། ནགས་ཚལ་གྱི་གནས་ཅིག་ཏུ་གནས་པར་གྱུར་ཏོ། །དེ་བསམ་གཏན་གྱི་ཡོན་ཏན་ལ་གོམས་པས་ཚུལ་བཅོས་པ་མ་ཡིན་པར་དབང་པོ་རང་བཞིན་གྱིས་དང་བ་དང་མ་ཁེངས་པ་དང་རྙེད་པ་ལ་རེ་བའི་བརྐམ་པ་དང་ཞུམ་པ་མེད་པ་དང༌། དུལ་ཞིང་གཟི་བརྗིད་ཆེ་བ་དང། ཅི་ལྟར་རིགས་པར་འཇམ་པོར་སྨྲས་ཤིང་གསལ་བ་དང་ཆོས་དང་ཆོས་མ་ཡིན་པ་རབ་ཏུ་འབྱེད་པ་ལ་མཁས་པ་དང༌། རྣ་བ་དང་སྙིང་ཚིམ་པར་བྱད་པའི་ཚིག་ལ་མཁས་པ་ཡིན་པར་མངོན་པར་སྨྲ་བ་དང༌། རབ་ཏུ་བྱུང་བའི་སྤྱོད་ཚུལ་བཟང་པོ་དང་ཡ་རབས་རྣམས་དགའ་བའི་སྤྱོད་པས་དེ་ན་ཡང་རབ་ཏུ་གྲགས་པར་གྱུར་ཏོ། །སྐྱེ་བོ་རྟོག་དཔྱོད་ཅན་རྣམས་ཀྱིས་ཀྱང༌། དེའི་ཆོ་རིགས་བཙུན་པ་ལས་རབ་ཏུ་བྱུང་བར་ཤེས་ནས། དེ་ནས་འཇིག་རྟེན་པ་རྣམས་ཀྱིས་བཀུར་སྟི་ཆེར་བྱས་པར་གྱུར་ཏོ། །རིགས་དང་གཟུགས་ཀྱི་ཡོན་ཏན་ལས། །ཡོན་ཏན་རབ་ཏུ་བརྗིད་པར་འགྱུར། །ས་གཞི་རབ་ཏུ་བཟང་པོ་ལ། །ཟླ་བའི་འོད་ཟེར་ཤར་པ་བཞིན། །དེ་ནས་དེར་འོངས་པར་དེའི་ཕའི་མཛའ་བོས་ཤེས་ནས་དེའི་དྲུང་དུ་འོང་སྟེ། ཡོན་ཏན་བརྗོད་ཅིང་གུས་པར་ནད་དྲིས་ནས་དེ་ལ་བདག་ཕའི་མཛའ་བོ་ཡིན་པར་ཤེས་པར་བྱས་ཏེ། གཏམ་གྱི་གླེང་བསླང་ནས་འཇམ་པོས་སྨྲས་པ། ན་ཚོད་འདི་ཙམ་ལས་ཆོ་རིགས་ལ་ཡང་མི་ལྟ་བར་འདི་ལྟར་རབ་ཏུ་བྱུང་བ་ནི། བཙུན་པ་ཁྱེད་ཀྱིས་མི་བརྟན་པ་བཞིན་དུ་བྱས་སོ། །ཁྱིམ་ན་འདུག་གམ་དགོན་པར་སོང་ཡང་རུང༌། །ལེགས་པར་བསྒྲུབས་པས་ཆོས་ནི་བརྙེས་གྱུར་ན། །ཁྱིམ་བཟང་དཔལ་དང་ལྡན་པ་བོར་ནས་ནི། །ཅི་ཕྱིར་ཁྱོད་བློ་དགོན་པར་དགའ་བར་གྱུར། །གཞན་གྱི་དྲིང་ལ་ལྟོས་ཤིང་སློང་མོ་སྤྱོད། །ངན་པ་བཞིན་དུ་སྐྱེ་བོ་རྣམས་ཀྱིས་སྨད། །ངན་པའི་གོས་གྱོན་གཉེན་བཤེས་རྣམས་དང་བྲལ། །བས་མཐའི་ས་ན་ལུས་ནི་བསྐྱུར་ཏེ་བོར། །དབུལ་པོའི་ལུས་ནི་ཉེ་བར་བླངས་པ་བཞིན། །ཁྱོད་ཀྱི་གནས་


DTG168_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདི་ལ་བལྟས་ན་ནི། །དགྲ་ཡི་མིག་ཀྱང་མཆི་མས་གང་འགྱུར་ན། །མྱ་ངན་དབང་དུ་ཇི་ལྟར་མ་གྱུར་ཀྱང༌། །དེ་བས་ཁྱོད་ཀྱི་ཕ་ཡི་ཁྱིམ་དུ་འདོང༌། །ཐོས་པའི་དོན་ནི་ཁྱོད་ཀྱིས་ཡོད་པར་བྱོས། །བུ་མཆོག་ཁྱོད་ཀྱིས་དེར་ནི་གནས་བཅས་ནས། །ཆོས་དང་ཡིད་ལ་བསམ་པ་གྲུབ་པར་གྱིས། །འཇིག་རྟེན་ན་ཡང་འདི་སྐད་དུ་གྲགས་ཏེ། གཞན་གྱི་ལས་བྱེད་པ་དག་ཀྱང༌། །བདག་གི་ཁྱིམ་ན་རེ་གནས་བདེ། །འབྱོར་པའི་དཔལ་ནི་འབྱོར་གྱུར་པ། །བདེ་བ་ཐོབ་པ་སྨོས་ཅི་དགོས། །དེ་ནས་བྱང་ཆུབ་སེམས་དཔའ་དབེན་པ་ལ་གནས་པའི་བདེ་བའི་བདུད་རྩི་འདི་ལ་བློ་གོམས་པར་བྱས་པ་དང༌། སྙིང་དེ་ལ་གཞོལ་བར་གྱུར་པ། ཁྱིམ་ན་གནས་པ་དང་ནགས་ཚལ་ན་གནས་པའི་བྱེ་བྲག་ཤེས་པར་གྱུར་པ། ལྟོས་འགྲངས་ཟིན་པ་ལ་ཁ་ཟས་ཀྱི་གཏམ་ཟེར་བ་ཡིད་དུ་མི་འོང་བ་བཞིན་དུ་འདོད་པ་ལ་བསྟབས་པ་ཡིད་དུ་མི་འོང་བར་གྱུར་ནས་སྨྲས་པ། ཁྱོད་ཀྱིས་ཚིག་འདི་སྨྲས་པ་ཡི། །སྨྲས་པ་ཉེས་པ་ཆུང་མོད་ཀྱི། །བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ། །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །གང་ན་བདེ་བ་མེད་གྱུར་པ། །དེ་ལ་དགའ་བ་རྨོངས་པ་ནི། །སྡིག་པའི་འབྲས་བུ་སྨིན་པ་ཉིད། །ཁྱིམ་ན་གནས་པས་ཀྱང་ཆོས་འདི་མཉེས་པར་བྱར་རུང་ངོ༌། །ཞེས་ཟེར་བ་དེ་ཡང་ཁྱིམ་ཡང་ཆོས་ཀྱི་གཉེན་པོ་དང་འདོམ་པ་དང༌། ལས་སུ་བྱ་བ་མང་ཆེས་པས་རབ་ཏུ་དཀའོ། །ཁྱོད་ལྟོས་ཤིག །ཁྱིམ་གྱི་སོ་ནམ་བྱས་ན་ནི། །བརྫུན་དུ་མི་སྨྲ་མི་རུང་ཞིང༌། །ཕ་རོལ་ཉེས་པ་བྱེད་པ་ལ། །ནན་ཏུར་མི་བྱར་མི་རུང་ངོ༌། །དེ་ལྟ་བས་ན་སྐྱེ་པོ་འདི་དག་ཁྱིམ་གྱི་བདེ་བ་ལ་སྙིང་ཆགས་ནས། དེ་བསྒྲུབ་བ་ལ་འབད་པ་ནི། གལ་ཏེ་ཆོས་སྤྱད་ཁྱིམ་གྱི་སོ་ནམ་འཆོར། །ཁྱིམ་ལ་ཆགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལམ་ནི་རབ་ཏུ་ཞི་བ་ཡིན། །ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཆོས་ནི་བདེ་ལ་ཆགས་པ་


DTG168_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་ཡིན། །བདེ་བ་བསྒྲུབ་པའང་ངེས་པ་ཡོད་མ་ཡིན། །གདོན་མི་ཟ་བར་གྲགས་པ་མེད་པར་འགྱུར། །ཡིད་ལ་གདུང་བ་སྐྱེ་ཞིང་ངན་འགྲོར་ལྟུང༌། །དེ་བས་ཆོས་དང་འགལ་བ་བདེ་བའི་ཐབས། །ཚུལ་ལ་མཁས་པ་རྣམས་ནི་མི་བསྒྲུབ་པོ། །གཞན་ཡང་ཁྱིམ་ན་གནས་པ་བདེའོ་ཞེས་བྱ་བ་འདི་ཡང་ཡིད་ཆེས་པར་བྱ་བ་ཡིན་པར་བདག་གིས་མ་མཐོང་ངོ༌། །བསྒྲུབ་ཅིང་བསྲུང་ལ་སོགས་པའི་སྡུག་བསྔལ་དེས། །བཅིང་ཞིང་བསད་པའི་སྡུག་བསྔལ་གཞིར་གྱུར་པ། །རྒྱལ་པོ་དག་ཀྱང་འབྱོར་པས་ཆོག་མི་ཤེས། །ཆར་ཆུ་འབབ་པས་རྒྱ་མཚོ་མི་གང་བཞིན། །ཡོངས་སུ་རྟོགས་པའི་དབང་དུ་མ་གྱུར་ན། །འདི་ལ་ཅི་ལྟར་ནམ་ཞིག་གང་ལ་བདེ། །རྨོངས་པས་འདོད་ཆགས་ཉེ་བར་སྤྱོད་པ་ཡང༌། །རྨ་གཡའ་འཕྲུགས་པའི་བདེ་བ་བཞིན་དུ་ཟད། །གཞན་ཡང་ཕལ་ཆེར་ནི་འདི་ལྟ་བུ་ཡིན་ནོ། །ཁྱིམ་ནི་འབྱོར་ན་ཕལ་ཆེར་རྒྱགས་པར་འགྱུར། །རིགས་བཙུན་ང་རྒྱལ་ཆེ་ཞིང་སྟོབས་ཀྱིས་བསྙེམས། །སྡུག་བསྔལ་ཁྲོ་ཞིང་རྒུད་ན་ཞུམ་པར་འགྱུར། །དེས་ན་ནམ་ཞིག་རབ་ཏུ་ཞི་བར་འགྱུར། །དེ་བས་ན་འདིར་བཙུན་པ་ཁྱོད་ལ་གདམས་ངག་ཏུ་བྱ་བ་ནི། དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང༌། །རབ་ཏུ་ཞི་ལ་དགའ་བའི་བདེ་འཇིགས་པ། །སྡུག་བསྔལ་མི་བཟད་མང་པོའི་གནས་གྱུར་ཁྱིམ། །ཁུང་དང་འདྲ་བས་སུ་ཞིག་གནས་པར་བྱེད། །སྐྱེ་བོ་ཆོག་ཤེས་རྣམས་ཀྱི་ཁྱིམ། །རབ་ཏུ་བདེ་བ་དབེན་པའི་ཚལ། །ཇི་ལྟར་སེམས་ནི་དགའ་འགྱུར་བ། །དེ་འདྲ་ལྷ་ཡི་ཡུལ་ནའང་མེད། །དེ་བས་ཚལ་ན་ངན་པའི་གོས་གྱོན་ཏེ། །གཞན་གྱི་དྲིང་ལ་འཇོག་ཅིང་འཚོ་ཡང་རུང༌། །བདག་ལ་ཕན་འདོད་དུག་ཅན་མི་བཟའ་བཞིན། །ཆོས་མིན་འདྲེས་པའི་བདེ་བ་མི་འདོད་དོ། །དེ་ལྟར་དེས་ཡིད་དུ་འོང་བའི་ཚིག་གིས་ཕའི་མཛའ་བོ་དེ་ཡིད་ཆེས་པར་བྱས་པ་དང༌། སེམས་དཔའ་ཆེན་པོ་དེ་ལ་རབ་ཏུ་གུས་ཤིང་བཀུར་སྟིའི་བྱ་བ་ཁྱད་པར་ཅན་གྱིས་རབ་ཏུ་མགུ་བར་བྱས་སོ། །དེ་ལྟ་བས་ན་ཁྱིམ་ན་གནས་པའི་ཚུལ་ཁྲིམས་དང་རབ་ཏུ་ཞི་བའི་གཉེན་པོ་ལ་གནོད་པ་ཡིན་པས། བདག་ལ་ཕན་པར་འདོད་པ་རྣམས་ཡོངས་སུ་གཏོང་ངོ༌།།


DTG168_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབེན་པའི་རོ་མྱོང་ན་འདོད་པ་ལས་སླར་ལོག་གོ་ཞེས་རབ་ཏུ་དབེན་པའི་གཏམ་བྱ་བ་ལ་ཡང་སྦྱར་བར་བྱའོ། །རྒྱལ་རིགས་ཕྱུག་པོར་སྐྱེས་པའི་རབས་ཏེ་བཅོ་བརྒྱད་པའོ།། །།རབ་ཏུ་དབེན་པ་བདེ་བའི་རོ་མྱང་བ་རྣམས་ནི། འདོད་པ་ལས་འཕྱས་ཀྱི་གནས་དང༌། གནོད་པ་ལྟ་བུར་མི་མཐུན་པར་སེམས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག །བྲམ་ཟེའི་རིགས་ཆེན་པོ་ཡོན་ཏན་གྱི་གྲགས་པ་རྒྱས་པ་འཕྱས་སུ་བྱས་པའི་སྐྱོན་མེད་པ་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ལ་ཡང་ནུ་བོ་དྲུག་ཡོད་པ་ཡང༌། དེའི་གཟུགས་དང་ཡོན་ཏན་མཐུན་པ། བྱམས་ཤིང་གུས་པའི་ཡོན་ཏན་དང་ལྡན་པ། རྟག་ཏུ་རྗེས་སུ་འབྲང་བ་དག་དང་སྲིང་མོ་གཅིག་དང་བདུན་འཁོད་པ་ལས། དེ་ནི་རིག་བྱེད་ཡན་ལག་དང་བཅས་པ། ཉེ་བའི་རིག་བྱེད་དང་བཅས་པ་ནི་ལོབས། མཁས་པའི་གྲགས་པ་ནི་ཐོབ། སྐྱེ་བོ་རྣམས་ཀྱིས་ནི་བཀུར་སྟི་བྱས། ཕ་མ་གཉིས་ལ་ལྷ་བཞིན་དུ་རབ་ཏུ་གུས་པར་བསྙེན་བཀུར་བྱས། ནུ་བོ་དེ་རྣམས་ལ་སློབ་དཔོན་དང་ཕ་བཞིན་དུ་རིག་པ་སློབ་ཅིང༌། ཚུལ་དང་འདུལ་བ་ལ་མཁས་པར་བྱས་ནས་ཁྱིམ་ན་གནས་སོ། །དེ་ཡུན་རིང་ཞིག་ན་ཕ་མ་གཉིས་དུས་བྱས་པའི་མྱ་ངན་གྱིས་གདུངས་པ་ལས་ཕ་མ་གཉིས་ཀྱི་ཤིད་བྱས་ཟིན་ནས། མྱ་ངན་བྱེད་པའི་ཉིན་ཞག་འདས་པ་དང༌། ནུ་བོ་རྣམས་ལ་སྨྲས་པ། ཡུན་རིང་ལྷན་ཅིག་འཁོད་འདོད་ཀྱང༌། །འཆི་བས་སོ་སོར་བྲལ་གྱུར་ཞིང༌། །མྱ་ངན་ཆེན་པོས་གདུངས་གྱུར་པ། །འདི་ནི་འཇིག་རྟེན་འདི་ན་ངེས།། བདག་ནི་ཁྱིམ་ན་ཆགས་བཞིན་དུ། །འཆི་བའི་དགྲ་ཡིས་དེའུ་རེ་བསད། །དེ་བས་ཕན་པའི་ལམ་བཟང་པོའི། །བདག་ནི་རབ་ཏུ་བྱུང་བར་འདོད། །དེ་བས་ན་ཁྱེད་རྣམས་ཀྱིས་ཤེས་པར་གྱིས་ཤིག །བྲམ་ཟེའི་ཁྱམ་ན་ཆོས་ཀྱི་ལམ་གྱིས་རྙེད་པའི་ལོངས་སྤྱོད་ཙམ་ཡོད་དེ། དེས་འཚོ་བ་འབྱོར་གྱིས་དེ་བས་ན་ཁྱེད་རྣམས་ཕན་ཚུན་བྱམས་པ་དང༌། བཀུར་སྟི་ནི་བྱེད། ཚུལ་ཁྲིམས་དང་གཅང་སྦྲ་སྤྱོད་པ་ལ་ནི་འབད། རིག་བྱེད་སློབ་པ་ལ་ནི་འགྲུས། གཉེན་བཤེས་དང་སློང་བ་རྣམས་ནི་རེ་ཐག་མི་གཅོད། ཆོས་ལ་ནི་གཞོལ་བར་བྱོས་ལ་ཁྱིམ་ན་ལེགས་པར་


DTG168_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་ཅིག །འདུལ་བ་ལ་ནི་རྟག་ཏུ་འབད། །ཁ་ཐོན་སློབ་པ་དག་ལ་འགྲུས། །སྦྱིན་པ་ལེགས་པར་རབ་སྦྱིན་ཞིང༌། །ཁྱིམ་གྱི་དཀའ་ཐུབ་སྤྱད་པར་གྱིས། །དེ་ལྟར་བྱས་ན་ཁྱེད་ལ་གྲགས་པ་འཕེལ། །ཆོས་དང་སྲིད་དང་བདེ་བའང་འཕེལ། །འཇིག་རྟེན་ཕྱི་མ་ལ་ཡང་བདེ་བར་འགྱུར། །དེ་བས་བག་ཡོད་ཁྱིམ་ན་གནས་པར་གྱིས། །དེ་ནས་དེའི་ནུ་བོ་རྣམས་ཀྱིས་དེ་རབ་ཏུ་བྱུང་ཞེས་ཟེར་བ་ཐོས་ནས་བྲལ་དུ་དོགས་པའི་མྱ་ངན་གྱིས་སེམས་གདུངས་ཏེ། མྱ་ངན་གྱི་མཆིམས་གདོང་ཁེབས་བཞིན་དུ་ཕྱག་འཚལ་ཏེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཕ་མ་དང་བྲལ་བའི་མྱ་ངན་གྱི་ཟུག་རྡུའི་རྨ་མ་སོས་པར་སྡུག་བསྔལ་གཞན་གྱིས་མནན་ཏེ། ཁྱོད་ཀྱིས་འདིར་རྨ་དཀྲུགས་པར་མི་རིགས་སོ། །ཕ་མའི་མྱ་ངན་ཟུག་རྡུ་ད་རུང་དུ། །བདག་ཅག་ཡིད་ལ་རྨ་ནི་མ་སོས་བཞིན། །དེ་བས་བརྟན་པའི་བློ་ཅན་འདི་བཏང་ལེགས། །བདག་ཅག་རྨ་ནི་འཇིག་པར་མ་མཛད་ཅིག །འོན་ཏེ་ཁྱིམ་ན་གནས་པ་མི་བཞེད་ལ། །ནགས་ཚལ་གནས་པ་བདེ་བའི་ལམ་དག་ན། །བདག་ཅག་མགོན་མེད་ཁྱིམ་དུ་བོར་ནས་སུ། །ཅི་ཕྱིར་གཅིག་པུ་ནགས་སུ་བཞུགས་པར་དགྱེས། །དེ་བས་ན་ཁྱོད་གང་དུ་བཞུད་པ་དེར་བདག་ཅག་ཀྱང་མཆིས་ཏེ། བདག་ཅག་ཀྱང་རབ་ཏུ་བྱུང་ངོ་ཞེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས་སྨྲས་པ། དབེན་པར་གནས་ལ་མ་གོམས་ཤིང༌། །འདོད་ལ་ཆགས་པའི་རྗེས་འབྲང་བའི། །སྐྱེ་བོ་ཕལ་ཆེར་རབ་བྱུང་ལ། །གཡང་སར་ལྷུང་བ་བཞིན་དུ་ལྟ། །དེ་བས་ན་ཁྱིམ་དུ་གནས་པ་དང༌། ནགས་ཆལ་ན་གནས་པའི་བྱེ་བྲག་ཤེས་བཞིན་དུ་རབ་ཏུ་བྱུང་བ་ལ་གནས་པར་བདག་ཅག་གི་ཆེད་དུ་མ་སྨྲས་སོ། །དེ་ལྟར་ཁྱོད་རབ་ཏུ་བྱུང་བར་འདོད་ན། ཡུ་བུ་ཅག་རབ་ཏུ་བྱུང་བར་འདོད་ཀྱིས་འདོད་ངོ༌། །དེ་ནས་བུ་བདུན་པོ་དེ་དག་དང༌། སྲིང་མོ་དང་བརྒྱད་ཆར་གྱིས་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་བཟང་པོ་དང༌། མཛའ་བོ་དང༌། ནང་མི་དང་ཉེ་དུའི་འཁོར་གདོང་མཆི་མས་གང་བ་རྣམས་བོར་ཏེ་དཀའ་ཐུབ་ནགས་སུ་རབ་ཏུ་བྱུང་ངོ༌། །དེ་དག་གི་གྲོགས་པོ་ཅིག་དང༌། བྲན་ཕོ་དང་བྲན་མོ་སྙིང་ཉེ་བ་ཅིག་ཀྱང་དེའི་ཕྱི་བཞིན་དུ་རབ་ཏུ་བྱུང་ངོ༌།།


DTG168_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དགོན་པའི་ནགས་ཚལ་ཆེན་པོ་ཅིག་ན་མཚོ་ཆེན་པོ་མེ་ཏོག་པདྨ་མང་པོ་ཁ་བྱེ་བས་མཛེས་པ་ནི་འབར་བ་བཞིན། མེ་ཏོག་ཀུ་མུ་ཏ་མང་པོ་ཁ་འབུས་པ་བཀོད་པ་བཞིན། བུང་བ་མང་པོ་ནི་ཏི་རི་རི་ཆུ་གཙང་སྔོན་པོས་ནི་གང་བ་ཅིག་གི་འགྲམ་དུ་བརྟེན་ནས། ཤིང་ལོའི་སྤྱིལ་པོ་རབ་ཏུ་གཙང་ཞིང་ཡིད་དུ་འོང་བ་གྲིབ་ཤིང་གིས་བསྒྲིབས་པ། སོ་སོ་སོ་སོར་བར་མི་ཉེ་བར་བྱས་པ་རྣམས་སུ་བརྟུལ་ཞུགས་དང་སྡོམ་པ་ལ་རབ་ཏུ་འབད་ཅིང་ཡིད་བསམ་གཏན་ལ་སྦྱོར་བས་གནས་པར་གྱུར་ཏོ། །ཞག་ལྔ་ལྔ་ཞིང་བྱང་ཆུབ་སེམས་དཔའི་དྲུང་དུ་ཆོས་མཉན་པའི་ཕྱིར་འདུའོ། །བྱང་ཆུབ་སེམས་དཔའ་དེ་ཡང་དེ་དག་ལ་བསམ་གཏན་གྱི་མན་ངག་ལ་འཇུག་པ་འདོད་པའི་ཉེས་དམིགས་སྟོན་པ། སྐྱོ་ཞིང་ཡིད་འབྱུང་བར་འགྱུར་བ། རབ་ཏུ་དབེན་པ་དང་ཆོག་ཤེས་པའི་བསྔགས་པ་མང་དུ་འབྱུང་ལ། ཚུལ་འཆོས་པ་དང༌། གཅམ་སྒྱུ་དང་ལེ་ལོ་ལ་སོགས་པའི་སྐྱོན་ལ་སྨོད་པ། ཉེ་བར་ཞི་བ་དང་རབ་ཏུ་དད་པའི་ལམ་དུ་གྱུར་པའི་ཆོས་ཀྱི་གཏམ་དེ་དང་དེ་དག་ཟེར་རོ། །དེ་དག་གི་བྲན་མོ་དེ་ཡང་རབ་ཏུ་གུས་ཤིང་སྙིང་ཉེ་བས་དེ་བཞིན་དུ་གཡོག་བྱེད་དོ། །དེས་མཚོ་དེའི་ནང་ནས་པདྨའི་རྩ་བ་བཏོན་ཏེ། པདྨའི་ལོ་མ་ཆེན་པོ་ལ་མཚོ་འགྲམ་དུ་གཙང་བར་ཆ་མཉམ་པར་བཀོད་ནས། ཏོག་བརྡུང་བའི་སྒྲས་དུས་བསྟན་ཏེ་སླར་སོང་ངོ༌། །དེ་ནས་དྲང་སྲོང་དེ་དག་བཟླས་བརྗོད་དང་སྦྱིན་སྲེག་གི་ཆོ་ག་བྱས་ཟིན་པ་དང༌། རྒན་རིམས་ཀྱིས་རེ་རེ་ནས་སོང་སྟེ། པདྨའི་རྩ་བ་ཆར་བགོས་ཏེ་བཞག་པ་དེ་ལས་གོ་རིམས་བཞིན་དུ་རེ་རེ་ནས་བླངས་ནས། རང་རང་གི་ཤིང་ལོའི་སྤྱིལ་པོར་ཆོ་ག་བཞིན་དུ་ཟོས་ཏེ། བསམ་གཏན་ལ་བརྩོན་པའི་བློས་གནས་སོ། །དེ་དག་དེ་ལྟར་འཁོད་པ་ན། ཆོས་ཉན་པའི་དུས་མ་གཏོགས་པར་གཅིག་ལ་གཅིག་ལྟར་མི་འདོད་དོ། །དེ་དག་དེ་ལྟར་ཚུལ་ཁྲིམས་དང་སྤྱོད་ཚུལ་དེ་ལྟ་བུ་དང་རབ་ཏུ་དབན་པ་ལ་དགའ་བ་དང་བསམ་གཏན་ལ་གཞོལ་བས་གྲགས་པ་འདྲ་བ་གཙང་མ། པདྨའི་མེ་ཏོག་གི་འདབ་མ་དང་ཟེ་བའི་བརྟག་པའི་ཕྱིར་དེར་སོང་ངོ༌། །དེས་ཀྱང་དེ་དག་བསམ་གཏན་ལ་མངོན་པར་ཕྱོགས་པ་དང༌། བྱ་བ་ངན་པ་དང་མ་འབྲེལ་ཞིང་གདུང་བ་མེད་


DTG168_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རབ་ཏུ་ཞི་བ་ལ་མངོན་པར་དགའ་ཞིང་འཁོད་པར་མཐོང་ནས། ཡོན་ཏན་རབ་ཏུ་བརྟན་པ་ཡོད་པར་རེ་ཞིག་དེ་བརྟག་པ་ལ་ཡིད་གཞོལ་བར་གྱུར་ཏོ། །རྩོལ་བ་མེད་པར་བས་མཐའ་ནས། །ཞི་ལ་རབ་ཏུ་གཞོལ་ཞིང་འཁོད། །དགེ་བ་རྣམས་ནི་ཡོན་ཏན་ལ། །རེ་བ་སྙིང་ལ་འཇོག་པར་བྱེད། །དེ་ནས་པདྨའི་རྩ་བ་གླང་པོ་ཆེའི་ཕྲུ་གུའི་མཆེ་བ་ལྟར་དཀར་ལ་འཇམ་པ་རྣམས་བཏོན་ཏེ་བཀྲུས་ནས་པདྨའི་ལོ་མ་སྔོན་པོ་རིན་པོ་ཆེ་མར་གད་འདྲ་བ་གཙང་མ། པདྨའི་མེ་ཏོག་གི་འདབ་མ་དང་ཟེ་བའི་རྒྱན་གྱིས་བརྒྱན་པ་ལ་ཆ་མཉམ་པར་བཀོད་ནས། ཏོག་བརྡུངས་པའི་སྒྲས་དྲང་སྲོང་དེ་དག་ལ་དུས་བསྟན་ཏེ་བྲན་མོ་དེ་སླར་སོང་བ་དང༌། བྱང་ཆུབ་སེམས་དཔའ་བརྟག་པའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་གྱིས། པདྨའི་རྩ་བའི་ཆ་དང་པོ་དེ་མི་སྣང་བར་བྱས་སོ། །སྡུག་བསྔལ་འབྱུང་བར་གྱུར་པ་དང༌། །བདེ་བ་མེད་པར་གྱུར་ཀྱང་རུང༌། །དགའ་བ་རྣམས་ཀྱི་བརྟན་པའི་རྒྱུ། །རྣམ་པར་འཕྲོ་བ་བཞིན་དུ་མཐོང༌། །དེ་ནས་བྱང་ཆུབ་སེམས་དཔའ་སོང་སོང་ནས་ཆ་དང་པོའི་གནས་དེ་ན་པདྨའི་རྩ་བ་ནི་མེད། པདྨའི་ལོ་མ་ནི་རྒྱན་འཁྲུགས་ཤིང་འདུག་པ་མཐོང་ནས། བདག་གི་པདྨའི་རྩ་བའི་སྐལ་བ་ཅིག་གིས་ཁྱེར་རོ་སྙམ་སྟེ། སེམས་འཁྲུག་པ་དང་ཁོང་ཁྲོ་བ་མེད་པར་དེ་ནས་སླར་ལོག་ནས་ཤིང་གི་སྤྱིལ་པོར་ཞུགས་ཏེ། བསམ་གཏན་གྱི་ཆོ་ག་ཚུལ་བཞིན་དུ་བརྩམ་མོ། །དྲང་སྲོང་གཞན་རྣམས་སྙིང་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་དོན་མ་སྨྲས་སོ། །དའི་ནུ་བོ་གཞན་གྱི་སྙིང་ལམ་ན། འདིས་རང་གི་སྐལ་བ་ངེས་པར་བླངས་བ་འདྲ་སྙམ་ནས། རང་རང་གི་པདྨའི་རྩ་བའི་སྐལ་བ་བླངས་ནས། རང་རང་གི་ལོ་མའི་སྤྱིལ་པོར་ཆོ་ག་བཞིན་ཟོས་ཏེ་བསམ་གཏན་བྱེད་ཅིང་འཁོད་དོ། །དེ་བཞིན་དུ་ཞག་གཉིས་པ་དང༌། གསུམ་པ་དང་བཞི་པ་དང་ཞག་ལྔ་པའི་བར་དུ་ཡང་དེའི་པདྨའི་རྩ་བའི་སྐལ་པ་བརྒྱ་བྱིན་གྱིས་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་བཞིན་དུ་སེམས་འཁྲུགས་པ་མེད་ཅིང་རབ་ཏུ་ཞི་བར་གྱུར་ཏོ། །དམ་པ་རྣམས་ནི་སེམས་དཀྲུགས་པས། །ཚེ་ཟད་ནས་ནི་ཤི་ཡང་སླ། །དེ་བས་མཁས་པས་སྲོག་ཕྱིར་ཡང༌།།


DTG168_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ནི་འཁྲུག་པར་མི་འགྱུར་རོ། །དེ་ནས་ཕྱི་དྲོའི་དུས་ལ་བབ་སྟེ། དྲང་སྲོང་དེ་དག་ཆོས་མཉན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཤིང་ལོའི་སྤྱིལ་པོར་གོ་རིམས་བཞིན་དུ་ལྷགས་པ་དང༌། དེའི་ལུས་ནི་རབ་ཏུ་རིང་འགྲམ་པ་དང་མིག་ནི་ཀོང༌། བཞིན་གྱི་མདངས་རྣམས་ནི་ངན། སྐད་ཀྱི་གདངས་ནི་ཆུང༌། ཉམས་དམས་ཀྱང་བརྟན་པ་དང་རབ་ཏུ་ཞི་བའི་ཡོན་ཏན་ཟླ་བ་ཚེས་པ་མཐོང་ན་དགའ་བ་འདྲ་བ་མཐོང་བ་དང༌། ཉེ་བར་བརྟེན་ནས་ཞེས་བསྐྱེད་དེ་རྟབས་པ་བཞིན་དུ་འདི་ཅི་ནོངས་ཞེས་རིད་པར་གྱུར་པའི་རྒྱུ་དེ་ལ་དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དག་ལ་དེའི་དོན་ཅི་ལྟར་འགྱུར་བ་སྨྲས་སོ། །དེ་ནས་དཀའ་ཐུབ་ཅན་དེ་དག་འདི་སྙམ་དུ་འདི་ལྟ་བུའི་ཆོས་མ་ཡིན་པ་མི་སྲིད་དོ་སྙམ་ནས། དེ་ཉམ་ཐག་པས་ཀྱང་མི་དགའ་བར་གྱུར་ཏེ། མཚར་བྱས་སོ་ཞེས་གཅིག་ལ་གཅིག་སྨྲས་ནས་ངོ་ཚ་ཞིང་མགོ་སྨད་དེ་འཁོད་དོ། །ཤེས་པ་འཇུག་པའི་ཡུལ་ཡང་བརྒྱ་བྱིན་གྱི་མཐུས་བསྒྲིབས་པས། འདི་ཅི་ལས་གྱུར་པ་ཡང་ངེས་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་ནུ་བོ་འོག་མས་རང་གི་ཡིད་ལ་གཅགས་མེད་པ། བདག་ཉིད་གཙང་བར་བསྟན་པའི་ཕྱིར། མནའ་ཁྱད་པར་ཅན་བོར་བ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །འབྱོར་པའི་མཚན་མས་བརྒྱན་པའི་ཁྱིམ་དག་དང༌། །ཆུང་མ་ཡིད་དུ་འོང་བ་རྙེད་པ་དང༌། །བུ་དང་ཚ་བོ་རྣམས་དང་ལྡན་པར་ཤོག །དེའི་འོག་མས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །ཕྲེང་བ་དོ་ཤལ་ཙནྡན་གོས་བཟང་དང༌། །བུ་ཡིས་རེག་པའི་རྒྱན་རྣམས་ཐོགས་པ་ཡི། །འདོད་པ་མི་ཟད་པ་ལ་སྤྱོད་པར་ཤོག །ཡང་གཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་གང་གིས་ཁྱེར་བ་དེ། །ཞིང་རྨོས་པ་ལས་ནོར་དང་འབྲུ་རྙེད་ཅིང༌། །བུ་དང་སྨྲ་བས་རབ་ཏུ་དགའ་བར་འགྱུར། །ཚེ་ལའང་མི་ལྟ་ཁྱིམ་ན་དགའ་བར་འགྱུར། །ཡང་གཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་བརྐམ་པས་གང་ཁྱེར་བ། །རྒྱལ་པོ་བྲན་བཞིན་དུལ་བར་སྤྱོད་པ་ཡི། །གཙུག་ཏོར་བཏུད་པས་རབ་ཏུ་ཕྱག་བྱས་ཤིང༌། །རྒྱལ་པོའི་ཚུལ་གྱིས་མ་ལུས་ས་སྐྱོང་གྱུར། །ཡང་གཅིག་གིས་སྨྲས་པ།


DTG168_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། །དེ་ནི་རྒྱལ་པོའི་མདུན་ན་འདོན་གྱུར་ཏེ། །སྔགས་ལ་སོགས་པས་བདེ་ལེགས་བྱེད་གྱུར་ཅིག །དེ་བཞིན་རྒྱལ་པོས་བཀུར་སྟི་བྱ་བར་ཤོག །ཡང་གཅིག་གིས་སྨྲས་པ། རྩ་བ་འདོད་ཅིང་ཡོན་ཏན་མི་འདོད་པ། །རིག་བྱེད་ལེགས་པར་ལོབས་ནས་སྟོན་པར་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་ཀུན་གྱིས་དེ་ལ་མཆོད་པར་ཤོག །གྲོགས་པོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་ལ་ཆགས་གང༌། །ཡུལ་གྲུ་དམ་པ་འབྱོར་པ་བཞི་བརྒྱ་ཙམ། །རྒྱལ་པོ་དག་ལས་ཐོབ་ནས་སྤྱོད་གྱུར་ཅིང༌།། འདོད་ཆགས་མ་བྲལ་བར་ནི་ཤི་བར་གྱུར། །བྲན་གྱིས་སྨྲས་པ། རྩ་བའི་ཕྱིར་ནི་བདག་དོན་ཆུད་གསོན་པ། །གྲོགས་པོའི་ནང་ན་དེ་ནི་གྲོང་དཔོན་གྱུར། །རྒྱལ་པོའི་ཆད་པ་དག་གིས་མི་གཅོད་པར། །བུད་མེད་གླུ་གར་དག་གིས་དགའ་བར་གྱུར། །སྲིང་མོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། །དེ་ནི་རྒྱལ་པོའི་བཙུན་མོར་གྱུར་ནས་སུ། །གཟུགས་དང་དཔལ་གྱི་གཟི་བྱིན་འབར་འགྱུར་ཞིང༌། །བཙུན་མོ་དམ་པ་སྟོང་གི་མཆོག་ཏུ་གྱུར། །བྲན་མོས་སྨྲས་པ། གང་གིས་རྩ་བ་མཐོང་ལ་ཆོས་མ་མཐོང༌། །དེ་ནི་གཅིག་པུ་དགེ་བ་རྣམས་དང་བྲལ།། བཀུར་སྟི་བྱས་ནས་མྱོས་པར་གྱུར་ནས་སུ། །ཁ་ཟས་ཞིམ་པོ་དག་ལ་དགའ་བར་གྱུར། །དེ་ནས་ནགས་ཚལ་དེ་ན་འཁོད་པའི་གནོད་སྦྱིན་དང༌། གླང་པོ་ཆེ་དང༌། སྤྲེའུ་དག་ཅིག་དེར་ཆོས་ཉན་དུ་ལྷགས་པས་གཏམ་དེ་ཐོས་ནས། རབ་ཏུ་ངོ་ཚ་ཞིང་མི་དགའ་བར་གྱུར་ཏེ། །དེ་ནས་གནོད་སྦྱིན་གྱིས་བདག་གཙང་མར་བསྟན་པའི་ཕྱིར། དེ་དག་གི་མདུན་དུ་མནའ་བོར་བ། ཁྱེད་ཀྱི་རྩ་བའི་ཕྱིར་ནི་གང་འཁྲུལ་བ། །གཙུག་ལག་ཁང་ཆེན་དག་ནི་བརྒྱན་པར་གྱུར། །བཀྲུ་བཤལ་སྟོར་ཁུང་དག་གི་ཞིག་རལ་འཆོས། །ཉི་མའི་འོད་ཀྱིས་སྣང་བར་བྱེད་པར་འགྱུར། །གླང་པོ་ཆེས་སྨྲས་པ། ཐུབ་མཆོག་ཁྱོད་ཀྱི་རྩ་བ་གང་བརྐུས་པ། །དེ་ནི་ཞགས་པ་དམ་པ་དྲུག་བརྒྱས་འཆིངས། །ལྕགས་ཀྱུ་རྣོན་པོས་དཀྲུགས་པའི་རྨ་ནད་བཞིན། །ནགས་ཚལ་ཉམས་དགའ་བོར་ནས་གྲོང་འདབ་སོང༌། །སྤྲེ་འུས་སྨྲས་པ། ཁྱོད་ཀྱི་རྩ་བ་བརྐམ་པས་གང་བརྐུས་


DTG168_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ནི་མེ་ཏོག་ཕྲེང་ཅན་ཞ་ཉེ་ཐོགས། །དབྱུག་པས་བརྡེག་ཅིང་སྦྲུལ་གྱི་ཁར་གཏོང་ཞིང༌། །སེ་རལ་ཁར་བཅིངས་ཁྱིམ་ན་གནས་པར་ཤོག །དེ་ནས་བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་ལ། འཇམ་ཞིང་དུལ་བ་དང་བཟོད་བ་དང་ཟབ་པ་སྟོན་པའི་ཚིག་འདི་སྐད་ཅེས་སྨྲས་སོ། །གང་ཞིག་མ་བརླག་པར་ནི་བརླག་ཅེའམ། །གང་ཞིག་འདི་འདྲར་ཁྱེད་ལ་དོགས་གྱུར་པ། །འདོད་པའི་ཡིད་འོང་ཅི་བདེར་སྤྱད་ནས་སུ། །ཁྱིམ་ན་གནས་བཞིན་འཆི་བའི་དུས་བྱེད་གྱུར། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་དག་འདོད་པ་ལ་ཉེ་བར་སྤྱོད་པ་དང་མི་མཐུན་པ་སྨོད་པ་ཞི་ནས་ཁྱད་པར་ཅན་དུ་གྱུར་པར་སྨྲས་པ་དེས། གུས་པ་དང་ཡ་མཚན་སྐྱེས་པར་གྱུར་ཏེ། དེར་རང་གི་གཟུགས་འབར་བ་དྲང་སྲོང་དེ་རྣམས་ཀྱི་མདུན་དུ་བསྟན་ནས། མི་བཟོད་པ་བཞིན་དུ་སྨྲས་པ། ཁྱེད་རེ་ཞིག་སྡོད་ཅིག །གང་དག་ཐོབ་ཕྱིར་ཡིད་ལ་རྩོལ་བྱེད་ཅིང༌། །བདེ་བ་འདོད་ཕྱིར་ཡིད་ལ་གཉིད་ཀྱང་མེད། །དཀའ་ཐུབ་འབད་པས་གང་དག་ཐོབ་འདོད་པའི། །འདོད་པ་དེ་དག་ཅི་ཕྱིར་དམོད་པར་བྱེད། །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་འདོད་པ་ནི་ཉེས་དམིགས་མཐའ་ཡས་ཏེ། གང་ལ་བརྟགས་ན་ཐུབ་པ་རྣམས་འདོད་པ་ལ་མི་སྤྱོད་པ་དེ་མདོ་ཙམ་ཞིག་ཉོན་ཅིག །འདོད་པའི་ཕྱིར་ན་འཇིག་རྟེན་བཅིང་ཞིང་བསད་པར་འགྱུར། །མྱ་ངན་གདུངས་ཤིང་འཇིགས་པ་མང་པོའི་སྡུག་བསྔལ་མྱོང༌། །རྒྱལ་པོ་རྣམས་ཀྱང་འདོད་པའི་ཕྱིར་ནི་བརླག་པར་འགྱུར། །ཕྱི་མ་ལ་ཡང་ཆོས་ཉམས་སེམས་ཅན་དམྱལ་བར་ལྟུང༌། །གང་གིས་མཛའ་བོ་རྣམས་དང་མྱུར་དུ་འཁོན་འབྱུང་འགྱུར། །གང་གིས་གཡོ་སྒྱུ་དྲི་མ་ཅན་གྱི་ལམ་དུ་འགྲོ། །གྲགས་པ་ཉམས་ཤིང་ཕྱི་མ་ལ་ཡང་སྡུག་བསྔལ་མྱོང༌། །དེ་དག་ཐོབ་པར་འགྱུར་བའི་རྒྱུ་ནི་འདོད་པ་ཡིན། །དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །འདི་དང་ཕ་རོལ་དུ་ཡང་འདོད་པས་གསོད་པར་བྱེད། །བདག་ལ་ཕན་འདོད་སྦྲུལ་གདུག་ཁྲོས་པ་བཞིན། །ཐུབ་པ་རྣམས་ནི་དེ་ལ་མི་བསྟེན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་བདེན་ནོ་སྙམ་ནས། མངོན་པར་


DTG168_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དེ། དྲང་སྲོང་དེ་དག་གི་མཐུ་དེས་ཡིད་དགའ་བར་གྱུར་ནས། དེ་དག་ལ་བདག་གི་ཉེས་པ་ཁས་བླངས་སོ། །གང་དག་བརྟགས་ན་ཡོན་ཏན་རྣམས། །རེ་བ་བཞིན་དུ་རྟོགས་པར་གྱུར། །བརྟག་པའི་ཕྱིར་ནི་བདག་གིས་འདིར། །པདྨའི་རྩ་བ་སྦས་པ་ཡིན། །པདྨའི་རྩ་བ་འདི་དག་གིས། །ཁྱེད་ཅག་རྣམས་ཀྱིས་སྤྱོད་པ་བརྟན། །ཐུབ་པ་བདེན་པར་སྨྲ་བ་ཡི། །འགྲོ་བ་མགོན་དང་བཅས་པ་མཐོང༌། །དེ་སྐད་ཅེས་སྨྲས་ནས། པདྨའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་རླབས་པོ་ཆེ་དེ་ལ་ག་ཟི་བརྗིད་ཟིལ་གྱིས་ནོན་པའི་ཚིག་དྲག་པོས་སྨྲས་པ། ངེད་ཅག་ཁྱོད་ཀྱི་གཉེན་དང་གྲོགས་མ་ཡིན། །གར་མཁན་ཁྱོད་མིན་ངེད་ཅག་འཕྱས་གདགས་མིན། །ལྷ་དབང་ཅི་ཕྱིར་ཁྱད་དུ་བསད་ནས་སུ། །དྲང་སྲོང་རྣམས་ལ་རྩེད་མོའི་ལམ་བཞིན་བྱ། །དེ་སྐད་ཅེས་སྨྲས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་རབ་ཏུ་གུས་པས་རྣ་ཆ་དང་ཅོད་པན་འགུལ་བའི་འོད་ཀྱིས་གདོང་གསལ་བར་གྱུར་ཏེ་རབ་ཏུ་གུས་པས་ཕྱག་འཚལ་ནས། དེ་ལ་བཟོད་པར་གསོལ་བ། བདག་གིས་འདི་ལྟར་མི་བརྟན་པ། །བགྱིས་པ་དགོས་པ་སྔར་སྨྲས་ལགས། །ཕ་དང་སློབ་དཔོན་འདྲ་བ་རུ། །བདག་ལ་ཁྱེད་ཀྱིས་བཟོད་པར་མཛོད། །ཤེས་པའི་མིག་ནི་བཙུམས་པར་གྱུར་པ་རྣམས། །རང་བཞིན་གྱིས་ནི་མཉམ་པའང་འཁྲུལ་པར་འགྱུར། །བདག་ལ་ཕན་པས་དེ་ལ་བཟོད་པར་མཛོད། །དེ་བས་བདག་ལ་ཐུགས་ལ་མི་འཆང་གསོལ། །དེ་ལྟར་བཟོད་པར་གསོལ་ནས་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །དེ་ལྟ་བས་ན་རབ་ཏུ་དབེན་པའི་བདེ་བའི་རོ་མྱོང་བ་རྣམས་ནི། འདོད་པ་ལ་འཕྱས་ཀྱི་གནས་དང་གནོད་པ་ལྟ་བུར་མི་མཐུན་པར་སེམས་སོ། །དེ་ལ་སྐྱེས་པའི་རབས་འདི་ཡང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། ང་དང་ཤ་ར་དྭ་ཏིའི་བུ། །མཽད་གལ་བུ་དང་འོད་སྲུངས་དང༌། །གང་པོ་མ་འགགས་ཀུན་དགའ་བོ། །དེ་ཡི་ཚེ་ན་སྤུན་དུ་གྱུར། །སྲིང་མོ་ཨུཏྤལ་མདོག་ཡིན་ནོ། །བྲན་མོ་ཀུབྫ་ཨུཏྟ་ར། །བྲན་ཕོ་ཁྱིམ་བདག་མཛེས་པ་ཡིན། །


DTG168_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་རི་བོ་བདེ་བ་ཡིན། །གླང་པོ་པ་རི་ལོ་ཀ་ཡིན། །སྤྲེའུ་ནི་སྦྲང་རྩི་འབུལ་བ་ཡིན། །བརྒྱ་བྱིན་ནག་པོ་འཆར་ཀ་ཡིན། །སྐྱེས་པའི་རབས་ནི་དེ་ལྟར་བཟུང༌། །དཀའ་ཐུབ་ཅན་དུ་སྐྱེས་པའི་རབས་ཏེ་བཅུ་དགུ་པའོ།། །།ཡོན་ཏན་མེད་པ་ལ་ཡོད་པར་གྲགས་པ་ནི་སྐྱེས་བུ་དགེ་བ་རྣམས་ལ་བསྐུལ་མ་བཏབ་བ་དང་འདྲ་བར་འགྱུར་ཏེ། དེ་བས་ན་ཡོན་ཏན་བསྒྲུབ་པ་ལ་འབད་པར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཐོས་པ་དང་དུལ་བ་དང་ཆོ་རིགས་བཙུན་པ་དང༌། མ་འཇུངས་ཤིང་ཁོང་བཟོ་བ་དང༌། འཇིག་རྟེན་གྱི་ཐ་སྙད་བྱ་བ་ལ་འགལ་བ་མེད་པ། གཙུག་ལག་མང་པོ་ལ་གོམས་པས་ཚིག་ལ་མཁས་པར་གྲགས་པ། སྙིང་རྗེ་དང་ལྡན་ཞེང་སྦྱིན་གཏོང་ཆེ་བས་ནོར་གྱི་འབྱོར་པས་ཐམས་ཅད་ཁྱབ་པ། རབ་ཏུ་ཕྱུག་པས་ཁྱིམ་བདག་རིན་པོ་ཆེ་ལྟར་བཀུར་བའི་རྒྱལ་པོ་ཞིག་གི་ཚོང་དཔོན་དུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ནས་རང་གཞན་ཆོས་ཀྱི་བདག །ཐོས་ལ་སོགས་པའི་ཡོན་ཏན་བརྒྱན། །འཇིག་རྟེན་དག་གིས་ཕལ་ཆེར་ནི། །བཀུར་སྟི་བྱ་བའི་གནས་སུ་གྱུར། །དེ་ནས་རེ་ཞིག་ཅིག་སེམས་དཔའ་ཆེན་པོ་དེ་རྒྱལ་པོའི་ཕོ་བྲང་དུ་སོང་བའི་འོག་ཏུ་དེའི་སྒྱུག་མོ་གཅིག་དོན་ཞིག་གཉེར་ཞིང་བུ་མོ་དང་འཕྲད་པའི་ཕྱིར་དེའི་ཁྱིམ་དུ་སོང་ངོ༌། །མགྲོན་འོངས་པའི་བཀུར་སྟིའི་བྱ་བ་བྱས་ནས། གཏམ་གླེང་ལངས་པ་ལས་རང་གི་བུ་མོ་བྱང་ཆུབ་སེམས་དཔའི་ཆུང་མ་ལ་བདེ་འམ་མི་བདེ་དྲིས་པའི་སྐབས་སུ། བུ་མོ་ཁྱོད་ཀྱི་ཁྱིམ་ཐབ་ཀྱིས་ཁྱོད་ལ་བྱམས་སམ་མི་བྱམས། ཁྱོད་ཀྱིས་བཀུར་སྟི་བྱས་པའི་ཡོན་ཏན་དྲིན་དུ་གཟོ་འམ་མི་གཟོ་མི་བདེ་བ་ལྟ་ཡོད་དམ་མེད་ཅེས་དྲིས་པ་དང༌། དེ་ནི་ངོ་ཚ་བས་མགོ་སྨད་དེ་མི་སྤོབས་བཞིན་དུ་གཅོམ་བསྐྱུངས་ཏེ་སྨྲས་པ། དེ་ལྟ་བུའི་ཚུལ་ཁྲིམས་དང༌། ཡོན་ཏན་དང་སྤྱོད་ཡུལ་ནི་རབ་ཏུ་བྱུང་བ་ལ་མ་མཆིས་སོ་ཞེས་བྱས་པ་དང༌། དེ་ནས་དེའི་མ་དེ་རྒས་ནས། རྣ་བ་མི་གསང་ཞིང་སེམས་མི་གསལ་བ་དང༌། བུ་མོས་དེ་སྐད་དུ་སྨྲས་པའི་ཚིག་ཀྱང་ངོ་ཚ་ཞིང་གཅོམ་ཆུང་བས་ལེགས་པར་མ་ཐོས་ནས། རབ་ཏུ་བྱུང་བའི་སྒྲ་ཅིག་ཀྱང་ཐོས་པས། བདག་གི་དམག་པ་ངེས་པར་རབ་ཏུ་


DTG168_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ལྟ་ཅི་ཞིག་སྙམ་ནས། བུ་མོ་དེའི་མྱ་ངན་དང་དེའི་སྡུག་བསྔལ་གྱི་དབང་དུ་གྱུར་ནས་སྨྲེ་སྔགས་འདོན་ཅིང་དེས་ཀྱང་སྐད་ཕྱུང་སྟེ་དུས་སོ། །འདི་ལྟར་སྙིང་ཉེ་བའི་བདག་གི་མི་ཡང་བོར་ཏེ། རབ་ཏུ་བྱུང་བས་དེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཡང་ཅི་འདྲ་བ་ཞིག་གོ །བུ་དེའི་རབ་ཏུ་བྱུང་བ་ཡང་ཅི་ལྟ་བུ་ཞིག་གོ །དར་ལ་བབ་ཅིང་བྱད་གཟུགས་བཟང༌། །གཞོན་ཤ་ཅན་ལ་བདེ་བར་གསོས། །དེ་ནི་རྒྱལ་པོའི་གནད་ཆེན་ཡིན། །དགོན་པར་གནས་བློ་ཅི་ལྟར་སྐྱེས། །ནང་མི་དག་དང་འཁོན་མ་བྱུང༌། །རྒས་པས་མི་སྡུག་མ་གྱུར་ཞིང༌། །ནད་མེད་ཅི་ལྟར་ཚིག་གཅིག་གིས། །ཁྱིམ་གྱི་ལོངས་སྤྱོད་དེ་ཡིས་བཏང༌། །མཛངས་ཤིང་དུལ་བའི་རྒྱན་གྱིས་བརྒྱན། །གཞན་ལ་སྙིང་བརྩེ་མཉེས་ཀྱང་གཤིན། །མི་བརྟན་ནང་མི་སྙིང་རྗེ་མེད། །འདི་ལྟ་བུ་ནི་ཅི་ལྟར་ལོབས། །དགེ་སྦྱོང་བྲམ་ཟེ་མཛའ་བོའི་རྟེན། །ནང་མི་དག་དང་ཕོངས་པ་གསོལ། །ནགས་ཚལ་དགོན་པར་གང་འཚལ་བ། །གཙང་སྦྲ་ཚུལ་ཁྲིམས་ནོར་ལྡན་པའི། །ཁྱིམ་ན་རྙེད་པར་མི་འགྱུར་རམ། །རྗེས་སུ་མཐུན་ཞིང་ཆོས་གྲོགས་བྱེད། །ཉེས་པ་མེད་པར་བོར་ནས་སུ། །ཧ་ཅང་ཆོས་ལ་དད་ཆེས་ནས། །ཆོས་དང་འགལ་བར་འདི་མི་ལྟ། །འདི་ལྟར་གུས་པའི་སྐྱེ་བོ་སྤངས། །ཡིད་ལ་སྙིང་རྗེ་ཅུང་ཟད་མེད། །ཆོས་ནི་ཅུང་ཟད་འགྲུབ་རེ་སྐན། །ཀྱེ་མ་ཧོ་གནམ་གྱིས་མནར་བ་ལྟར། །དེ་ནས་བྱང་ཆུབ་སེམས་དཔའི་ཆུང་མས། བདག་གི་ཁྱིམ་ཐབ་རབ་ཏུ་བྱུང་བའི་ཕྱིར། །བདག་གི་མ་སྙིང་ཉེ་ཞིང་སྙིང་ནས་སྨྲེ་སྔགས་འདོན་པ་དེས་བུད་མེད་ཀྱི་རང་བཞིན་མི་བརྟེན་པའི་ཕྱིར་སྙིང་མི་དགའ་བས་འཁོམ་ཞིང་བློང་བློང་པོར་ནི་གྱུར། མྱ་ངན་གྱི་སྡུག་བསྔལ་གྱིས་སེམས་དཀྲུགས་ནས་གཏམ་གླེང་སློང་བའི་འཕྲོ་ཡང་བརྗེད། བདག་གི་ཁྱིམ་ཐབ་རབ་ཏུ་བྱུང་བའི་གཏམ་ངན་ཐོས་ནས། བདག་གི་མ་བདག་ལ་མྱ་ངན་བསང་བའི་ཕྱིར་འདིར་འོངས་སོ་སྙམ་ནས། བུ་མོས་སྨྲེ་སྔགས་འདོན་ཞིང་སྐད་ཕྱུང་སྟེ་དུ་བ་ལས་བརྒྱལ་བར་གྱུར་ཏོ། །ཁྱིམ་གྱི་མི་དང་གཡོག་འཁོར་རྣམས་ཀྱིས་ཀྱང་དེ་ཐོས་ནས་མྱ་ངན་གྱི་སྡུག་བསྔལ་གྱི་ཤུགས་ཀྱིས་ཆོ་ངེས་


DTG168_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པོ། །ཁྱིམ་ཚེས་དང་མཛའ་བོ་དང་གཉེན་བཤེས་དེ་ལ་བརྟེན་པའི་སྐྱེ་བོ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཀྱང་དེ་ཐོས་ནས་ཁྱིམ་བདག་དེ་ལ་རྗེས་སུ་ཆགས་པའི་དབང་དུ་གྱུར་པ་རྣམས་ཕོ་བྲང་འཁོར་གྱི་མི་རྣམས་ཀྱང་ཕལ་ཆེར་ཁྱིམ་དེར་དོང་ངོ༌། །གང་ཕྱིར་འཇིག་རྟེན་དག་ན་སྲིད་པ་ནི། །བདེ་དང་སྡུག་བསྔལ་དག་ལ་མཚུངས་པར་སྤྱོད། །དེ་བས་འདི་ཡང་འཇིག་རྟེན་སློབ་མ་བཞིན། །བདེ་དང་སྡུག་བསྔལ་དག་ལ་མཚུངས་སྤྱོད་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོའི་ཕོ་བྲང་ནས་སླར་ལོག་སྟེ་ཁྱིམ་དང་ཉེ་བ་ཅིག་ཏུ་ཕྱིན་པ་དང༌། བདག་གི་ཁྱིམ་ན་ཆོ་ངེས་འདེབས་པ་དང། མི་མང་པོ་འདུས་པ་མཐོང་ནས། བདག་གི་གཡོག་པོ་ལ་འདི་ལྟ་བུར་གྱུར་པ་ཅི་ཉེས་རྟོགས་ལ་ཤོག་ཅིག་ཅེས་བསྒོས་སོ། །དེས་དེ་ལྟར་བརྟགས་ནས་དེའི་དྲུང་དུ་ཕྱིན་ནས། དེས་དེ་ལ་སྨྲས་པ། ཇོ་བོས་འབྱོར་པའི་ཁབ་སྤངས་ནས། །རབ་ཏུ་བྱུང་ཞེས་ཐོས་ནས་སུ། །སྐྱེ་བོ་འདི་དག་གང་ཞིག་ནས། །བྱམས་པའི་དབང་གིས་འདུས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་བསམ་པ་དག་པས་ཚིག་དེས་བསྐུལ་མ་བཏབ་པ་བཞིན། ངོ་ཚ་ཞིང་མི་དགའ་བར་གྱུར་ནས་སྨྲས་པ། ཨེ་མ་ཧོ། །སྐྱེ་བོ་རྣམས་བདག་ལ་དེ་ལྟར་རེ་བ་ལེགས་སོ་སྙམ་ནས། སྐྱེ་བོ་རྣམས་ཀྱི་ཡོན་ཏན་དུ། །བརྗོད་ཅིང་བསྔགས་པ་ཐོབ་གྱུར་ལ། །གལ་ཏེ་ཁྱིམ་ལ་ཕྱོགས་ན་ནི། །བདག་ལྟར་མིར་ཡང་ག་ལ་རུང༌། །དེ་ལྟར་བདག་གི་སྐྱོན་ལ་དད་གྱུར་ཅིང༌། །ཡོན་ཏན་ཁྱད་དུ་གསོད་ལ་ཚུལ་ངན་ན། །སྐྱེ་བོ་དགེ་བ་སྤངས་པ་ཉིད་དུ་འགྱུར། །དེ་ལྟར་གྱུར་ན་གསོན་ཡང་ཅི་ཞིག་རུང༌། །དེ་བས་སྐྱེ་བོ་རེ་བར་གྱུར་པ་འདི། །སྤྱོད་པ་ངན་པའི་ཉོན་མོངས་ཁྱིམ་སྤངས་ནས། །དཀའ་ཐུབ་ནགས་ན་དགའ་བའི་ཡོན་ཏན་གྱིས། །ཉམས་སུ་བླངས་ཏེ་རབ་ཏུ་བཀང་བར་བྱ། །བདག་ཉིད་ཆེན་པོ་དེས་དེ་ལྟར་ངེས་པར་བྱས་ཏེ། དེ་ནས་སླར་ལ་ལོག་སྟེ། རྒྱལ་པོའི་གསོལ་ཁ་བ་ལ་ཚོང་དཔོན་སྤྱན་སྔར་མཆིས་འཚལ་ལོ་ཞེས་གསོལ་ཅིག་ཅེས་སྨྲས་སོ། །སྤྱན་སྔར་མཆི་བར་གནང་ནས་ཀྱང་ཚུལ་བཞིན་དུ་རྒྱལ་པོའི་སྤྱན་སྔར་འོངས་པ་དང༌། རྒྱལ་པོས་ཅིའི་ཕྱིར་འོང་ཞེས་སྨྲས་པ་ལ། ལྷ་བདག་ནི་རབ་ཏུ་འབྱུང་བར་འཚལ་ན་


DTG168_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་རིགས་སོ། །དེ་ནས་རྒྱལ་པོ་དེས་རིམ་གྲོ་བསྐྱེད་དེ་བྱམས་པའི་ཚིག་གིས་འདི་སྐད་ཅེས་སྨྲས་སོ། །ང་འདྲའི་གཉེན་དང་མཛའ་མཆོག་ཡོད་བཞིན་དུ། །ནོར་དང་ཐབས་དང་མཐུ་རྩལ་གང་དག་གིས། །ང་ཡིས་ཐུབ་པར་འགྱུར་བ་མ་ཡིན་པའི།། སྡུག་བསྔལ་གང་གིས་ཁྱོད་ནི་བས་མཐར་འགྲོ། །གལ་ཏེ་ནོར་འདོད་ང་ལས་ནོར་ཁྱེར་ཅིག །གནོད་པ་ཡོད་ན་དེ་ལས་བཟློག་པར་བྱ། །ང་དང་གཉེན་བཤེས་གསོལ་བ་འདེབས་པ་རྣམས། །ཅི་ཞིག་མི་འདོད་ཕྱིར་ནི་བས་མཐར་འགྲོ། །དེ་ལྟར་བདག་ཉིད་ཆེན་པོ་དེ་ལ་རྒྱལ་པོས་བྱམས་པ་དང་གུས་པས་བསྒོ་བ་དང༌། དེ་ལ་ཚིག་འཇམ་པོས་སྨྲས་པ། ཁྱོད་ལ་བརྟེན་ནས་གནོད་པ་ག་ལ་མཆིས། །ནོར་གྱིས་ཕོངས་པའང་མཆིས་པར་ག་ལ་འགྱུར། །དེ་བས་ཕོངས་པས་བས་མཐར་བདག་མི་མཆི། །གང་གི་སླད་དུ་མཆི་བ་གསན་དུ་གསོལ། །སྐྱེ་བོ་མྱ་ངན་གདུངས་པའི་མཆི་མ་ཅན་དག་གིས། །བདག་ནི་རབ་ཏུ་བྱུང་བར་གྱུར་ཅེས་རབ་ཏུ་བསྒྲགས། །བདག་ནི་ཡོན་ཏན་ལྡན་ཞེས་དད་པའི་སྐབས་སུ་གྱུར། །དེ་བས་བདག་ནི་བས་མཐའ་དབེན་པར་གནས་པར་འཚལ། །རྒྱལ་པོས་སྨྲས་པ། ཁྱོད་སྐྱེ་བོ་རྣམས་ཀྱི་ཚིག་ཙམ་གྱིས་ངེད་འདོར་བར་མི་རིགས་སོ། །ཁྱོད་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ནི་སྐྱེ་བོའི་ཚིག་བསྲུང་བ་ཙམ་གྱིས་ཆོག་པ་ཡང་མ་ཡིན་ལ། དེ་མ་བྱས་ན་མི་རུང་བ་ཡང་མ་ཡིན་ནོ། །འཇིག་རྟེན་མུ་ཅོར་སྨྲ་བའི་གཏམ་རྣམས་ནི། །རང་གར་རྟོགས་པ་རྣམས་ལ་རྣམ་པར་འཕྲོ། །གང་ཞིག་དེ་དག་སྙིང་ལ་སེམས་ན་ཡང༌། །ཕྱས་སུ་འགྱུར་ན་བྱེད་པ་ཅི་ཞིག་སྨོས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་སྐད་བཀའ་མི་སྩལ་དུ་གསོལ། སྐྱེ་བོའི་བཀའ་མཆིད་དགེ་བ་གྲགས་པ་རྣམས་ལ་ལྟར་མི་བགྱིད་པ་ཡང་མ་ལགས་སོ། །ལྷ་གཟིགས་སུ་གསོལ། མི་ཡི་བདག་པོ་གང་ཚེ་དགེ་བ་ཡི། །ཆོས་དང་ལྡན་ཞེས་གྲགས་པར་གྱུར་པ་ལས། །མི་ཡི་དེ་ལས་ཉམས་པར་མི་བགྱི་ཞིང༌། །ངོ་ཚའི་ཕྱིར་ཡང་རབ་ཏུ་འབད་པར་རིགས། །ཡོན་ཏན་ཡོད་ཅེས་གྲགས་ཤིང་རེ་བ་དག །ཇི་ལྟར་གྱུར་ཀྱང་རུང་སྟེ་གནང་ན་ནི། །གྲགས་པ་དག་


DTG168_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཏམ་སྙན་འཕེལ་བར་འགྱུར། །གཞན་དུ་བགྱིས་ན་ཁྲོན་པ་སྐམ་པོ་བཞིན། །དོན་བཞིན་མ་ཡིན་ཡོན་ཏན་གྲགས་མི་འཕེལ། །རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པ་ལས། །མི་རྣམས་གྲགས་པ་ཉམས་པར་གྱུར་པ་ནི། །སླར་ཡང་གྲགས་པར་འགྱུར་བ་རབ་ཏུ་དཀའ། །སྦྲུལ་ནག་ཁྲོས་ནས་གདེང་ཀ་བཏེག་འདྲ་བའི། །ཡོངས་སུ་བཟུང་བ་རྩོད་པའི་རྒྱུར་གྱུར་ཅིང༌། །སྤང་རིགས་དེ་ནི་སྤོང་བར་བགྱིད་པ་ལ། །ལྷ་གཅིག་བདག་ནི་བཟློག་པར་མི་རིགས་སོ། །གུས་པར་མཁྱེན་ནས་འབངས་ལ་བྱམས་པ་ཡི། །ཁྱོད་ཀྱིས་དེ་ལྟར་བགྱི་བ་རིགས་མོད་ཀྱི། །བདག་གིས་སེམས་ཀྱི་རབ་ཏུ་བྱུང་ལགས་ན། །འདུ་འཛི་ཉོན་མོངས་ཅན་གྱིས་ཅི་ཞིག་བགྱི། །དེ་ལྟར་གསོལ་བ་བཏབ་ནས། བདག་ཉིད་ཆེན་པོ་དེ་རྒྱལ་པོས་གནང་སྟེ། དཀའ་ཐུབ་ཅན་གྱི་ནགས་ཚལ་དུ་འགྲོ་བར་ཆས་སོ། །དེ་ནས་དེའི་མཛའ་བོ་དང༌། ཉེ་དུ་དང། དེ་ལ་བརྟེན་པ་རྣམས་ལྷགས་ནས། མྱ་ངན་གྱིས་མིག་མཆི་མས་གང་ཞིང་རྐང་པ་ལ་འཇུས་ཏེ་འགྲོ་བར་མི་སྟེར་བར་གྱུར་པ་ནི། ཁ་ཅིག་གིས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་ཤིང༌། དེའི་ལམ་བཀག་སྟེ་འཁོད་དོ། །ཁ་ཅིག་ནི་མགུལ་ནས་འཇུས་ཏེ་ཚིག་འཇམ་བོས་བྲིད་ཅིང་ཁྱིམ་ལོགས་སུ་ཁྲིད་པར་བྱེད། ཁ་ཅིག་ནི་སྤོབས་པའི་ཚུལ་གྱིས་ཚིག་རྩུབ་མོས་གཏོལ་མེད་པ་ཤ་སྟག་བྱེད་ཟེར་ཞིང་གཤེ། ཁ་ཅིག་ནི་མཛའ་བོ་དང་ནང་མི་ལ་ནི་སྙིང་མི་རྗེ་འམ་ཞེས་ཟེར་ཞིང་འགྲོར་མི་སྟེར། ལ་ལ་ནི་ཁྱིམ་ན་གནས་པའི་དཀའ་ཐུབ་ཉིད་བསོད་ནམས་ཆེ་མོད་ཞེས་ཟེར་ཞིང༌། རྣར་འོང་པ་དང་རིགས་པའི་ཚིག་གིས་རྟོགས་པ་བསྐྱེད། གཞན་དག་ནི་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་སྡུག་བསྔལ་ཆེ་བ་དང༌། ད་དུང་བྱ་བ་ཁ་ཅིག་མ་ཟིན་པ་ཡོང་པ་སྐད་དུ་གསོལ་བ་འདེབས། ཁ་ཅིག་ནི་ཚེ་ཕྱི་མ་ལ་བསོད་ནམས་ཀྱི་འབྲས་བུ་ཡོད་དམ་མེད་གཏོལ་མེད་ཅེས་ཐེ་ཚོམ་བསྐྱེད་དེ། གཞུང་ལུགས་ཀྱི་ཁྱད་པར་དེ་དང་དེ་དག་སྨོས་ཤིང༌། དེ་སླར་ཅི་ལྡོག་ཏུ་འབད་པར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་དུ་མི་སྟེར་བ་ནགས་ཚལ་དུ་འགྲོ་བ་ལ་འགོག་ཅིང་འཐེན་པ། གདོང་མཆིམས་གང་པའི་


DTG168_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བོ་དེ་དག་ལ་བལྟས་ནས། འདི་ལྟར་སེམས་པར་མངོན་ནོ། །མཛའ་བོ་འཐམ་པས་མཛའ་བོ་བག་མེད་པ། །ཕན་པར་འགྱུར་ན་རྩུབ་མོའང་སྦྱར་བ་རིགས། །ཕན་ཞིང་འཇམ་ན་སྨོས་ཀྱང་ཅི་ཞིག་དགོས། །དམ་པ་རྣམས་ཀྱི་ཚུལ་ནི་དེ་ལྟར་ཡིན། །ནགས་པས་ཁྱིམ་དགའ་སྙམ་དུ་འདི་ལྟར་སེམས། །ནགས་ན་གནས་པ་དོགས་ཤིང་འཇིགས་མེད་པར། །ཐ་མལ་གནས་པར་ཇི་ལྟར་མི་སེམས་ཀྱེ། །སྡིག་པས་གོས་པ་བཞིན་དུ་འགོག་པར་བྱེད། །མི་དག་ཤི་འམ་ཤི་བར་གྱུར་པ་ལ། །ཆོས་ལས་ཉམས་ན་དུ་བར་འགྱུར་བ་བཞིན། །ནགས་ཚལ་གནས་འདོད་ང་ནི་གསོན་བཞིན་དུ། །ཅི་ཞིག་སེམས་ཤིང་འདི་དག་དུ་བར་གྱུར། །ང་དང་བྲལ་བས་དེ་ལྟར་མི་དགའ་ན། །ང་དང་ལྷན་ཅིག་ནགས་ན་ཅིར་མི་འཁོད། །གལ་ཏེ་དུ་བས་ཁྱིམ་ན་འཁོད་དགའ་ན། །མཆི་མ་ཟད་པར་དུ་བ་ཅི་ཆེད་ཆེ། །དེ་སྟེ་བདག་གི་མི་ལ་ཆགས་པའི་ཕྱིར། །དཀའ་ཐུབ་བྱེད་དུ་འགྲོ་བར་མི་སྟེར་ན། །དགྲ་དང་དམག་འགྱེད་དེ་དང་དེ་དག་ཏུ། །འགྲོ་བ་ན་ཡང་དེ་ལྟར་ཅིས་མི་བྱེད། །ཕོངས་པར་གྱུར་པའི་ཚེ་ན་མཛའ་བོ་རྣམས། །མཆི་མས་འཇུ་ཞིང་འོང་བའི་མཐུ་ཡང་མཐོང། །མཛའ་བའི་རང་བཞིན་རབ་ཏུ་བརྟེན་གྱུར་ཀྱང༌། །ཕྱི་བཞིན་མི་འབྲང་གཡོ་དང་ཐབས་བྱེད་བཞིན། །སླར་དུ་བཟློག་པའི་ཕྱིར་ནི་སྐད་འཛེར་ཞིང༌། །མིག་ནི་མཆི་མས་གང་བཞིན་སྨྲས་པ་དང༌། །མཚུངས་པ་ལ་ཡང་བླ་མ་འདྲ་བར་ནི། །མགོ་བོ་བཏུད་དེ་བདག་ལ་ཕྱག་འཚལ་བ། །རབ་ཏུ་བྱུང་བའི་རྗེས་སུ་རབ་བྱུང་བ། །འདི་དག་བྱམས་ན་དེ་བཞིན་བྱ་བར་རིགས། །དམ་པའི་སེམས་ནི་ངོ་མཚར་གྱུར་པ་ཡི། །གར་མཁན་སྤྱོད་པ་བཞིན་དུ་མི་འགྱུར་རམ། །ཡོན་ཏན་མེད་ལ་ཕོངས་པར་གྱུར་པའི་ཚེ། །གྲོགས་ལ་གཉིས་གསུམ་ཡོད་པར་ངེས་པར་འགྱུར། །ཡོན་ཏན་ཡོང་བཞིན་ནགས་སུ་འགྲོ་བ་ན། །གྲོགས་པོ་གཅིག་ཀྱང་མེད་པ་ངོ་མཚར་ཆེ། །གློང་ཆེན་སྨྱོན་པའི་གཡུལ་ངོ་དོགས་པ་ན། །ང་ཡི་སྔོན་དུ་འགྲོ་ཞིང་སྒྲིབ་པ་དག །ནགས་སུ་ང་འགྲོའི་ཕྱིར་ནི་མི་འབྲང་བ། །དེ་


DTG168_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་ནམ་ང་ཡང་དེ་མ་ཡིན། །དེ་ལྟར་བྱམས་པ་མེད་པར་འགྱུར་བའི་རྒྱུ། །ཉེས་པ་བྱས་པར་བདག་ནི་མི་དྲན་ནམ། །བདག་ནི་མཛའ་བོ་འདི་ལྟར་འཁོན་བཞིན་དུ། །འདི་ལྟར་གྱུར་པ་རུང་བར་འོང་ངམ་ཀྱེ། །བདག་ནི་ནགས་སུ་འགྲོ་ཕྱིར་མི་འབྲང་བ། །བདག་ལ་ཡོན་ཏན་མེད་པས་དེ་ལྟར་གྲང༌། །ཡོན་ཏན་དག་ལ་རྗེས་སུ་ཆགས་པ་རྣམས། །དེ་ལྟར་འབྲལ་བར་ནུས་པ་སུ་ཞིག་ཡོད། །གང་དག་ཁྱིམ་གྱི་ཉེས་པ་གསལ་བར་མངོན། །དཀའ་ཐུབ་ནགས་ཚལ་ཡོན་ཏན་མི་མཐོང་བ། །ཤེས་པའི་མིག་ནི་བཙུམས་གྱུར་དེ་དག་ལ། །བདག་གི་གཞན་དུ་བརྟག་ཏུ་ཅི་ཡང་མེད། །ཕྱི་མའི་ཚེ་དང་ཚེ་འདིའི་སྡུག་བསྔལ་རྒྱུ། །འདོད་པ་དག་ནི་སྤོང་བར་མི་འདོད་པ། །དཀའ་ཐུབ་ནགས་དང་འགལ་བར་བྱེད་པ་དེ། །དེ་རིང་བདག་འདོད་པ་ནི་གཏི་མུག་ཡིན། །བདག་གི་མཛའ་པོ་འདི་རྣམས་གང་གིས་བསླུས། །འཇིག་རྟེན་མ་ལུས་ཞི་བར་མ་གྱུར་པ། །དཀའ་ཐུབ་ནགས་ཚལ་རྙེད་པའི་མཐུ་ཆེན་གྱིས། །ཉེས་པ་དེ་དག་མངོན་དུ་གཞོམ་པར་བྱེད། །དེ་ལྟར་ངེས་པའི་བདག་ཉིད་ཅན་གྱིས་ཡོངས་བརྟགས་ནས། །མཛའ་བཤེས་སྤོབས་པ་རྣམས་ཀྱི་རྣམ་པར་སྤྱོད་པ་དག །འཇམ་ཞིང་རབ་ཏུ་མཉེན་པར་སྨྲ་བའི་ཚིག་རྣམས་ཀྱིས། །བགས་ཀྱིས་བྲིད་དེ་བོར་ནས་དཀའ་ཐུབ་ནགས་སུ་སོང༌། །དེ་ལྟ་བས་ན་ཡོན་ཏན་མེད་པ་ལ་ཡོད་པར་གྲགས་པ་ནི་སྐྱེས་བུ་དགེ་བ་རྣམས་ལ་བསྐུལ་མ་འདེབས་པ་དང་འདྲ་བར་འགྱུར་ཏེ། །དེ་བས་ན་ཡོན་ཏན་བསྒྲུབ་པ་ལ་འབད་པར་བྱའོ། །དེ་ལྟར་དགེ་སློང་ངོ་ཞེའམ་དགེ་བསྙེན་ནོ་ཞེས་ཡོན་ཏན་དུ་བརྗོད་པར་གྱུར་ན། དགེ་བ་རྣམས་ཀྱིས་ཡོན་ཏན་དེ་བསྒྲུབ་པའི་ཕྱིར་བདག་ཡོན་ཏན་གྱིས་བརྒྱན་པར་བྱའོ། །དེ་བཞིན་དུ་ཆོས་སྒྲུབ་པའི་གྲོགས་བྱེད་པ་རབ་ཏུ་དཀོན་ནོ་ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། །ཚོང་དཔོན་དུ་སྐྱེས་པའི་རབས་ཏེ་ཉི་ཤུ་པའོ། །སྡོམ་ལ། བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པོའི་བུ། །དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །བཅུ་ཚན་གཉིས་པའོ།། །།


DTG168_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བ་ཐུལ་ན་དགྲ་ཞི་བར་འགྱུར་གྱི་གཞན་དུ་བྱས་ན་དགྲ་འཕེལ་ལོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེན་པོ་ཡོན་ཏན་ལ་གོམས་པའི་མཐུས་གྲགས་པ་རྒྱས་པའི་འབྱོར་པའི་ཡོན་ཏན་ངེས་པ། རྒྱལ་པོས་བཀུར་སྟི་བྱས་པས། འཇིག་རྟེན་པས་ལྷ་བཞིན་དུ་བཀུར་བ་ཅིག་ཏུ་སྐྱེས་པར་ཏོ་ཞེས་གྲགས་སོ། །དེ་ཡུན་རིང་དུ་གྱུར་ནས་ཆོ་གའི་ལས་སུ་བྱ་བ་རྣམས་ནེ་བྱས་པ་དང༌། མང་དུ་ཐོས་པའི་ཡོན་ཏན་ལ་གོམས་པར་བྱས་པས་མཁས་པ་རྣམས་ཀྱི་ནང་དུ་མིང་གྲགས་པར་གྱུར་ཏོ། །མཁས་པ་རྣམས་ཀྱི་གྲགས་པ་ནི། །མཁས་པ་ཉིད་ཀྱི་ནང་དུ་འཕེལ། །རིན་ཆེན་ཤེལ་ལ་རིན་ཆེན་དང༌། །གཡུལ་ངོ་དག་ཏུ་དཔའ་བོ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཚེ་རབས་སྔ་མ་ལ་རབ་ཏུ་བྱུང་བ་ལ་གོམས་ཤིང་ཆོས་ལ་སེམས་གོམས་པར་བྱས་པ་དང༌། བློ་དང་ཤེས་རབ་རབ་ཏུ་གསལ་བའི་ཕྱིར་ཁྱིམ་ན་གནས་བ་དག་ལ་དགའ་བར་མ་གྱུར་ཏོ། །དེ་འདོད་པ་རྣམས་འཐབ་མོ་དང་རྩོད་པ་དང་དྲེགས་པ་དང༌། འཁོན་དང་མི་མཐུན་པ་མང་པོ་དང༌། རྒྱལ་པོ་དང༌། རྐུན་པོ་དང༌། ཆུ་དང༌། མེ་དང༌། དགྲ་དང༌། བགོ་སྐལ་ལ་དབང་བ་རྣམས་དང༌། ཐུན་མོང་མ་ཡིན་པ་དང༌། ཆོག་མི་ཤེས་པར་གྱུར་པ་དང༌། ཉེས་པ་མང་པོའི་གནས་སུ་གྱུར་པའི་ཕྱིར་བདག་ཅག་ལ་ཕན་པར་འདོད་པ་རྣམས། ཟས་དུག་ཅན་སྤོང་བ་བཞིན་དུ་ཡོངས་སུ་སྤངས་ནས་སྐྲ་དང་ཁ་སྐུ་བཟང་པོ་རྣམས་བྲེགས་ཏེ། གོས་ཁ་དོག་བསྒྱུར་བ་དུར་སྨྲིག་ནི་གྱོན། ཁྱིམ་པའི་ཆ་ལུགས་ནི་བོར། རབ་ཏུ་བྱུང་བའི་འདུལ་བ་དང་སྡོམ་པའི་དཔལ་ལ་གནས་པར་གྱུར་པ་དང༌། དེའི་ཆུང་མ་དེ་ལ་སྙིང་ཉེ་བའི་དབང་དུ་གྱུར་པ་ཡང་སྐྲ་བྲེགས་ཏེ། ལུས་ལ་རྒྱན་དང་ལྷབ་ལྷུབ་ནི་མེད་པར་བྱས། རང་བཞིན་གྱི་ཡོན་ཏན་མང་པོས་ནི་བརྒྱན། གོས་དུར་སྨྲིག་ནི་གྱོན་ནས་དེའི་ཕྱི་བཞིན་དུ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བའི་རྗེས་སུ་འབྲང་བར་ཤེས་ནས། བུད་མེད་སྡུག་མ་མྱོང་བ་དཀའ་ཐུབ་ཀྱི་ནགས་ཚལ་ལ་གནས་མི་ནུས་པའི་ཕྱིར་དེ་ལ་སྨྲས་པ། བཟང་མོ་ཁྱོད་ང་ལ་བྱམས་པའི་རང་བཞིན་


DTG168_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཟིན་གྱི། ཁྱོད་ངའི་ཕྱི་བཞིན་དུ་འགྲོ་བར་ཆས་པ་ཐོང་ཤིག །བུད་མེད་རབ་ཏུ་བྱུང་བ་གཞན་དག་གང་ན་འཁོད་པ་དེ་དག་དང་ལྷན་ཅིག་འདུག་པའི་རིགས་སོ། །དགོན་པའི་ནགས་ན་འདུག་པ་ནི་རབ་ཏུ་དཀའོ། །ལྟོས་ཤིག་དུར་ཁྲོད་དང་ནི་ཁང་སྟོང་རི་བོ་དང༌། །ནགས་ཚལ་གཅན་གཟན་ཁྲོ་བོས་གང་བ་ན། །ཉི་མ་གང་དུ་ནུབ་པར་གྱུར་པ་དེར། །དཀའ་ཐུབ་ཅན་རྣམས་གནས་བྱེད་འཁོད་པར་འགྱུར། །བསམ་གཏན་བྱེད་ཅིང་རྟག་པར་གཅིག་པུར་གནས། །བུད་མེད་དག་ནི་བལྟར་ཡང་མེད་པར་བྱེད། །ཁྱོད་ཀྱི་འབད་པ་འདི་ནི་ཅི་ཞིག་དགོས།། དེ་བས་ཁྱེད་བློ་སླར་དུ་ལོག་པར་གྱིས། །དེ་ཡང་དེའི་ཕྱི་བཞིན་དུ་འགྲོ་བར་ཡིད་དམ་བཅས་པས་མིག་མཆི་མས་གང་བཞིན་དུ་ཅུང་ཟད་ཅིག་འདི་སྐད་སླར་སྨྲས་སོ། །ཁྱོད་ཀྱི་ཕྱི་བཞིན་འགྲོ་བ་ལ། །བདག་ནི་གལ་ཏེ་ཉོན་མོངས་ན། །བདག་སྡུག་ཁྱོད་ཀྱང་མི་དགྱེས་བཞིན། །ཅི་ཡི་སླད་དུ་དེ་ལྟར་བགྱི། །བདག་ནི་ཁྱོད་དང་བྲལ་བཞིན་དུ། །མཆིས་པར་ནུས་པ་མ་ལགས་ཀྱིས། །དེ་ལྟར་བཀའ་དང་འགལ་བ་ནི། །བདག་ལ་བཟོད་པར་མཛད་དུ་གསོལ། །དེ་ལྟར་དེ་ལན་གཉིས་ལན་གསུམ་དུ་བསྒོ་ཡང་སླར་ལོག་ཏུ་མ་རུང་བ་དང༌། དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་ཅང་མི་སྨྲས་པ་དང༌། བྱ་དུར་པའི་ཕྱི་བཞིན་དུ་དུར་པ་མོ་འབྲང་བ་དང་འདྲ་བར་དེའི་ཕྱི་བཞིན་དུ་འབྲང་སྟེ། གྲོང་དང་ལྗོངས་སུ་རྒྱུ་ཞིང་སོང་སོང་བ་ལས། ཟས་ཀྱི་བྱ་བ་བྱས་ནས་རེ་ཞིག་ཅིག་ནགས་ཚལ་རབ་ཏུ་དབེན་པ་ཉམས་དགའ་བ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་པ། གྲིབ་མ་སྟུག་པ། ལ་ལ་དག་ན་ཉི་མའི་འོད་ཟེར་ཏིག་ཏིག་པོ་དག་གིས་མེ་ཏོག་སིལ་མ་བཀྲམ་པ་ལྟར་འདུག་པ། མེ་ཏོག་སྣ་ཚོགས་ཀྱི་ཕྱེ་མས་ཁེབས་པའི་ས་གཞི་གཙང་མ་ཅིག་ཏུ་བསམ་གཏན་གྱི་ཆོ་ག་བྱས་ནས་ཕྱི་དྲོའི་དུས་སུ་ཏིང་ངེ་འཛིན་ལས་ལངས་ཏེ། ཕྱག་དར་ཁྲོད་ཀྱི་ཚེམ་བུ་དྲུབ་ཅིང་འདུག་གོ །བུད་མེད་རབ་ཏུ་བྱུང་བ་དེ་ཡང་དེ་དང་མི་རིང་བ་ཅིག་ན་རང་གི་ལུས་ཀྱི་གཟི་མདངས་ལྷ་མོ་དང་འདྲ་བར་མཛེས་པས་ཤིན་ཏུ་བརྒྱན་པ་བཞིན་དུ་འདུག་ཅིང༌། ཡིད་ལ་བྱ་བའི་མན་ངག་དེས་བསྟན་པའི་ཚུལ་བཞིན་དུ་བསམ་གཏན་བྱེད་ཅིང་འདུག་གོ །དེ་ན་


DTG168_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེའི་རྒྱལ་པོས་ས་ཕྱོགས་དེ་དང་ཉེ་བའི་ནགས་ཚལ། དཔྱིད་ཀྱི་དུས་ལ་བབ་པའི་ཤིང་ལོ་ལྷག་པར་མཛེས་པ་དང་ནི་ལྡན། བུང་བ་ཆེ་ཕྲ་མང་པོའི་སྒྲ་ཏི་རི་རི་ཟེར། བྱ་ཀོ་ཀི་ལ་མང་པོ་ནི་སྒྲ་སྙན་པ་འབྱིན། མཚོའི་གནས་རབ་ཏུ་ཉམས་དགའ་བ་མེ་ཏོག་པདྨ་དང༌། ཨུཏྤ་ལ་ཁ་བྱེ་བ་ནི་རབ་ཏུ་དགོད་པ་བཞིན་དུ་འདུག་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་བསུང་གིས་བསྒོས་པའི་སེར་བུའི་ངད་ཉམས་སུ་བདེ་བ་དང་ལྡན་པ་ཡོད་པ་ནས་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས་ཕྱོགས་དེར་ཕྱིན་ཏོ། །མེ་ཏོག་སྣ་ཚོགས་ཚོམ་བུ་རབ་ཏུ་མཛེས། །དཔྱིད་ཀྱི་དཔལ་གྱི་ཆེད་དུ་བཤམས་པ་བཞིན། །ཀོ་ཀི་ལ་དང་རྨ་བྱའི་སྒྲ་ཡང་འབྱིན། །མཚོ་གནས་བཟང་པོ་ཆུ་སྐྱེས་མེ་ཏོག་ལྡན། །ནེའུ་གསིང་སྔོན་པོ་མཛེས་པའི་རྩྭ་འཇམ་ཡོད། །བུང་བ་མྱོས་པའི་ནགས་ཚལ་སྒྲ་འབྱིན་དག །འདོད་པའི་ལྷ་ཡི་རྩེད་མོའི་གནས་གྱུར་འདྲ། །ཡིད་ལ་ལྟ་བ་རབ་ཏུ་འདོད་པར་གྱུར། །དེ་ནས་རྒྱལ་པོ་དེ་དུལ་ཞིང་ཞེས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ལ་དགའ་བའི་གཏམ་བྱས་ནས། དེ་དང་ཉེ་བའི་ཕྱོགས་གཅིག་ཏུ་འདུག་གོ །དེས་བུད་མེད་དེ་རབ་ཏུ་བྱུང་བ་མཐོང་ནས་ཡིད་རབ་ཏུ་འཕྲོག་པར་འགྱུར་བ་དེ་མཐོང་ནས། དེའི་གཟུགས་བཟང་བ་དེ་ལ་སྙིང་ཆགས་པར་གྱུར་ཏེ། དེ་ནི་ཆུང་མ་ཡིན་ཡང་དག་གོ་སྙམ་ནས། འདོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དེ་འཕྲོག་པའི་ཐབས་བསམ་མོ། །དཀའ་ཐུབ་ཅན་གྱི་དམོད་པ་མེ་འབར་བའི། །མཐུ་ནི་ཁྲོ་བོའི་མེ་འབར་དེ་ཤེས་ནས། །ཡིད་ལ་འདོད་པ་བསྟན་པས་གཡེངས་གྱུར་ཀྱང༌། །དེ་ལ་འཕྲལ་དུ་བརྙས་ཐབས་མ་བྱས་སོ། །དེས་བསམས་པ། དེའི་དཀའ་ཐུབ་ཀྱི་མཐུ་ཤེས་པར་བྱས་ལ་ནུས་ན་ནི་དེ་བྱ་བར་རིགས་ཀྱི། དེ་ལྟ་མ་ཡིན་ན་ནི་མི་རུང་ངོ་སྙམ་ནས། གལ་ཏེ་འདི་དེ་ལ་སེམས་ཆགས་པའི་དབང་དུ་གྱུར་ན་ནི། དེ་ལ་དཀའ་ཐུབ་ཀྱི་མཐུ་མེད་གོར་མ་ཆགས་སོ། །དེ་སྟེ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་དེ་ལ་མི་ལྟ་བར་རིགས་སོ། །དེ་བས་དེའི་དཀའ་ཐུབ་ཀྱི་མཐུ་ཆེ་འམ་ཆུང་བརྟག་གོ་སྙམ་ནས། རྒྱལ་པོ་དེས་དཀའ་ཐུབ་ཀྱི་མཐུ་བརྟག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་


DTG168_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པར་དགའ་བ་བཞིན་དུ་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་ཁྱོད་འཇིག་རྟེན་འདི་ན་མི་གཡོན་ཅན་དང་ཐུབ་ཆོད་ཅན་རབ་ཏུ་མང་ན། ནགས་ཚལ་དབེན་པ་རབ་མདའ་བཟློག་ཏུ་ཡང་མེད་པ་འདི་ལྟ་བུ་ན་ཆུང་མ་འདི་ལྟ་བུ་དང་ལྷན་ཅིག་འཁོད་དུ་རུང་ངམ། ཁྱོད་ཀྱི་ཆུང་མ་འདི་ལ་འགའ་ཞིག་གིས་གཙེས་ན་ནི་ང་ལ་ཡང་གཤེ་བར་འགྱུར་རོ་ལྟོས་ཤིག །དབེན་པའི་གནས་ན་དཀའ་ཐུབ་ཆུང་མ་པ། །འགའ་ཞིག་ཆོས་དང་བཅས་ཏེ་བརྙས་བྱས་ནས། །ཆུང་མ་འདི་ནི་མངོན་སུམ་ཕྲོགས་གྱུར་ན། །མྱ་ངན་བྱེད་ལས་གཞན་ནི་ཅི་བྱར་ཡོད། །ཁྲོ་བ་བསྐྱེད་ནའང་ཡིད་ནི་འཁྲུགས་འགྱུར་ཞིང༌། །ཆོས་དང་འགལ་བ་གྲགས་པ་མེད་པར་འགྱུར། །དེ་བས་འདི་ནི་གྲོང་དུ་བཞག་པར་རིགས། །དཀའ་ཐུབ་ཅན་ལ་བུད་མེད་བསྙེན་ཅི་དགོས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོས་གསུངས་པའང་མད་ན་གལ་ཏེ་དེ་ལྟར་གྱུར་ན་བདག་གིས་ཅི་ལྟར་བགྱི་བ་གསན་དུ་གསོལ། རྒྱགས་པས་སྙེམས་སམ་གལ་ཏེ་མ་བརྟགས་པར། །བདག་ལ་གནོད་པར་བྱེད་པ་འདིར་བྱུང་ན། །ས་རྡུལ་སྟུག་པོ་ཆར་པས་མནན་པ་བཞིན། །བདག་ཉིད་གསོན་བཞིན་དེ་ནི་ཡོང་མི་གཏང༌། །དེ་ནས་རྒྱལ་པོ་དེས་བསམས་པ། འདི་ནི་ཆུང་མ་འདི་ལ་རབ་ཏུ་ཆགས་པས་དཀའ་ཐུབ་ཀྱི་མཐུ་མེད་དོ་སྙམ་ནས། སེམས་དཔའ་ཆེན་པོ་ལ་བརྙས་པར་གྱུར་ཏོ། །དེས་གནོད་པ་བྱས་སུ་མི་དོགས་ལ་འདོད་པའི་འདོད་ཆགས་ཀྱི་དབང་དུ་ཡང་གྱུར་པས། བུད་མེད་དེ་མཐོང་བའི་མི་རྣམས་ལ་བསྒོས་པ། ཁྱེད་རྣམས་སོང་ལ་བུད་མེད་རབ་ཏུ་བྱུང་བ་དེ་ཕོ་བྲང་གི་ནང་དུ་ཁྲིད་ཅིག་ཅེས་བསྒོས་སོ། །བུད་མེད་རབ་ཏུ་བྱུང་བ་དེས་དེ་སྐད་ཟེར་བ་ཐོས་ནས་ནགས་ཚལ་གྱི་རི་དགས་མོ་གཅན་གཟན་མ་རུངས་པས་གཙེས་པ་བཞིན་དུ་འཇིགས་ཤིང་བག་ཚ་བས་ངོ་འཛུམ་ནི་གྱུར་མིག་མཆི་མས་གང་སྐད་ནི་འཛེར་ཕོངས་ནས་སྨྲེ་སྔགས་འདི་སྐད་བཏོན་ཏོ། །འཇིག་རྟེན་ཕོངས་ཤིང་དགྲ་ཡིས་གཙེས་གྱུར་ན། །རྒྱལ་པོ་དག་ལ་ཕ་བཞིན་སྐྱབས་ཚོལ་ན། །དེ་ཉིད་གང་ལ་མི་རིགས་བྱས་གྱུར་ན། །དེ་ཡིས་སུ་ལ་ཕ་སྐྱབས་བཙལ་བར་བྱ། །ཀྱེ་མ་ཧོ་འཇིག་རྟེན་སྐྱོང་བའི་ཚུལ་ལས་ཉམས། །གང་དག་ཕོངས་


DTG168_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་པར་མི་སྐྱོང་བ། །འོན་ཏེ་མེད་དམ་ཤི་བར་གྱུར་ཏམ་ཅི། །ཆོས་ཀྱང་གྲགས་པ་ཙམ་དུ་ཟད་པར་ལྟ། །ཇོ་བོ་བཞུགས་བཞིན་ལྷ་ཡིས་ཅི་ཞིག་བྱ། །གཞན་ཞིག་ཡིན་ནའང་རྗེས་སུ་བསྲུང་རིགས་ན། །སྡིག་ཅན་རྣམས་ཀྱིས་བདག་ནི་ཁྲིད་བཞིན་དུ། །བདག་ལ་སྐལ་བ་མེད་པས་ཅང་མི་གསུངས། །བདག་ལ་དམོད་པའི་སེར་བ་བབ་གྱུར་ན། །རི་ཡི་གཟུགས་ཀྱང་མི་སྣང་དྲན་གྱུར་པ། །བདག་ནི་འདི་ལྟར་གྱུར་ཀྱང་ཅང་མི་སྨྲ། །འོན་ཀྱང་བྱུར་ངན་མ་ནི་ཅུང་ཟད་གསོན། །བདག་ནི་འདི་ལྟར་རབ་ཏུ་ཕོངས་གྱུར་ཀྱང༌། །སྙིང་རྗེའི་སྣོད་དུ་མ་གྱུར་སྙིང་རེ་རྗེ། །ཕོངས་ལ་སྙིང་རྗེ་ཅན་གྱིས་བསྐྱབ་བྱ་བ། །འདི་ནི་དཀའ་ཐུབ་ཅན་གྱི་ཚུལ་མིན་ནམ། །བདག་ནི་སླད་དུ་བཟློག་ཀྱང་མ་ལོག་པར། །དེ་ཉིད་ད་རུང་ཐུགས་ལ་འཆང་བ་འདྲ། །ཁྱོད་ནི་མི་དགྱེས་བཞིན་དུ་བདག་མཆིས་པ། །ཀྱེ་མ་བདག་དགར་བགྱིས་པ་ག་ལ་སྲིད། །དེ་ལྟར་བུད་མེད་རབ་ཏུ་བྱུང་བ་དེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ལ་དུ་བ་ཙམ་ལ་བརྟེན་པ་རྒྱལ་པོས་བསྒོས་པའི་མི་དེ་རྣམས་ཀྱིས། སེམས་དཔའ་ཆེན་པོས་དེ་མཐོང་བཞིན་ཤིང་རྟའི་སྟེང་དུ་བཞག་སྟེ། ཕོ་བྲང་གི་ནང་དུ་ཁྲིད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་སོ་སོར་བརྟགས་པའི་མཐུས་ཁྲོ་བའི་སྟོབས་བཅིངས་ཏེ། དེ་བཞིན་དུ་སེམས་འཁྲུག་པ་མེད་ཅིང་རབ་ཏུ་ཞི་བར་ཕྱག་དར་ཁྲོད་པའི་ཚེམ་བུ་དྲུབ་ཅིང་འདུག་གོ །དེ་ནས་དེ་ལ་རྒྱལ་པོས་སྨྲས་པ། མི་བཟོད་ཁྲོ་བའི་དབང་དུ་གྱུར་པའི་ཆིག །ཁྱོད་ཀྱིས་བསྙེམས་ཤིང་གསང་བསྟོད་སྨྲས་ཟིན་ན། །ཉོན་མོངས་མ་དེ་མཐོང་ཞིང་ཕྲོགས་གྱུར་གྱང༌། །མཐུ་མེད་ཞུམ་ནས་རབ་ཏུ་ཞི་བར་འདུག །དེ་བས་རང་གི་མཐུ་རྩལ་བསྟན་པར་གྱིས། །དཀའ་ཐུབ་གནས་པའི་གཟི་བརྗིད་བསྩགས་པའང་སྟོན། །བདག་གི་ཚོད་ཀྱང་བཟུང་བ་མ་ཤེས་ནས། །ཁས་འཆེས་དོན་མེད་ལྷག་པ་མ་མཐོང་ངོ༌། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་བདག་གིས་ཡིད་དམ་བཅས་པའི་དོན་མ་མཆིས་པར་མ་ལགས་ཀྱིས། མཁྱེན་པར་མཛད་དུ་གསོལ། གང་ཞིག་བདག་ལ་གནོད་པར་


DTG168_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པ་དེ། །གཡོ་བཞིན་དུ་ཡང་བདག་གིས་ཡང་མ་བཏང༌། །བདག་གིས་མངོན་སུམ་དུ་ཡང་ཞི་བར་བགྱིས། །དེ་བས་བདག་གིས་ཡིད་དམ་བཅས་བཞིན་གྱུར། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་རབ་ཏུ་བརྟན་པ་དང་རབ་ཏུ་ཞི་བའི་ཚུལ་སྟོན་པ་དེས། དཀའ་ཐུབ་ཅན་གྱི་ཡོན་ཏན་ཡོད་པར་ཡིད་ཆེས་པར་གྱུར་ནས་བསམས་པ། བྲམ་ཟེ་འདིས་ནི་གཞན་ཞིག་ལ་བསམས་ནས་སྨྲས་པ་ལྟ་ཞིག་ན། བདག་གིས་དེ་མ་ཤེས་པར་འདི་ལྟ་བུ་མི་བརྟན་པར་བྱས་སོ་སྙམ་སྟེ་རྟོག་པ་སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྣམ་པར་གཡོ་བཞིན་ཁྱོད་ཀྱིས་མ་བཏང་བ། །ཁྱོད་ལ་གནོད་བྱེད་དེ་ནི་སུ་ཞིག་ཡིན། །ཆར་པ་བབ་པས་རྡུལ་ཕྲན་བཀབ་པ་བཞིན། །ཁྱོད་ཀྱིས་གང་ཞིག་རབ་ཏུ་ཞི་བར་བྱས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་གསན་དུ་གསོལ། སྐྱེས་ནའང་གང་ཞིག་མི་མངོན་ལ། །མ་སྐྱེས་པ་ནི་དགེ་བ་མངོན། །བདག་ལ་གནོད་པའི་ཁྲོ་བ་དེ། །བདག་གིས་ཤོར་བར་མ་གྱུར་ཏོ། །མི་ཕན་འདོད་པའི་མི་རྣམས་ནི། །ནམ་ཞིག་སྐྱེས་ན་དགའ་འགྱུར་བ། །དགྲ་རྣམས་དགའ་འགྱུར་ཁྲོ་བ་དེ། །བདག་གིས་ཁྲོ་བར་མ་གྱུར་ཏོ། །གང་ཞིག་སྐྱེས་པར་གྱུར་ན་ནི། །དམ་པའི་དོན་ལ་སྤྱོད་མི་འགྱུར། །རྒྱལ་པོ་ལོག་པར་སྤྱོད་པ་ཡི། །ཁྲོ་བ་དེ་ལ་བདག་མི་གནས། །གང་གིས་ཟིལ་གནོན་དགེ་བ་གཏོང་འགྱུར་བ། །དོན་རྣམས་གྲུབ་ཀྱང་ཉམས་པར་འགྱུར་བ་ཡིན། །ཁྲོ་བ་མ་རུངས་གདོན་གྱིས་བསྒྱུར་བ་འདྲ། །ཚུལ་མིན་བྱེད་པ་གདོན་གྱིས་ཟིན་པའོ། །གཙུབ་ཤིང་གཙུབས་པ་ལས་ནི་མེ་བྱུང་ན། །དེ་ཉིད་རབ་ཏུ་ཚིག་པར་འགྱུར་འདྲ་བ། །ལོག་པར་རྟོག་ལས་འབར་བར་འགྱུར་བ་ཡིན། །ཁྲོ་བས་དེ་བཞིན་བདག་ཉིད་ཕུང་པར་བྱེད། །རབ་ཏུ་འབར་ཞིང་ཚིག་པའི་མེ་འདྲ་བ། །སྙིང་ལ་གདུང་བའི་ཁྲོ་བ་མ་མཆིས་ན། །སྤོང་བར་གྱུར་བས་དེ་ལ་གཏམ་ངན་འབྱུང༌། །ནང་བར་ནམ་ལངས་ཟླ་བའི་འོད་ཉམས་བཞིན། །གཞན་ལ་གནོད་པར་བྱ་བར་མི་སེམས་པར། །ཁྲོ་བ་ལ་ནི་དགྲ་བཞིན་གང་ལྟ་བ། །དེ་ཡི་གྲགས་པ་ངེས་པར་རྒྱས་པར་འགྱུར། །ཟླ་བ་ཡར་གྱི་འོད་ཟེར་


DTG168_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་བཞིན། །ཁྲོ་བ་ལ་ནི་ཉེས་དམིགས་ཆེན་པོ་འདི། །འདི་ལྟ་བུ་ནི་གཞན་དག་ཀྱང་ཡོད་དེ། །ཁྲོ་བའི་མེ་ཡིས་བཞིན་མདངས་ཉམས་གྱུར་ན། །རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོང་མི་སྣང༌། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང༌། །ཁྲོ་བའི་ཟུག་རྡུས་སེམས་ནི་སྡུག་བསྔལ་འགྱུར། །བདག་ལ་ཕན་པའི་དོན་གྲུབ་བྱེད་གྱུར་ཏེ། །ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་གྲུབ་པ་ལས་ཉམས་གྱུར་ཏེ། །ཟླ་བ་མར་གྱི་ངོ་བཞིན་དཔལ་ལས་ཉམས། །མཛའ་བཤེས་དག་གིས་རབ་ཏུ་གཅུགས་གྱུར་ཀྱང༌། །ཁྲོ་བར་མི་རིགས་གཡང་སར་ལྷུང་བར་འགྱུར། །ཕན་དང་གནོད་པ་སེམས་ལས་བློ་ཉམས་ན། །ཕལ་ཆེར་འགལ་ཞིང་སེམས་ནི་རྨོངས་པར་འགྱུར། །ཁྲོ་བས་སྡིག་པའི་ལམ་ནི་གོམས་བྱས་པས། །ངན་སོང་དག་ཏུ་ལན་བརྒྱར་སྡུག་བསྔལ་འབྱུང༌། །གནོད་པ་ཆེན་པོར་བྱས་པས་ཤར་གཉེར་བའི། །དགྲས་ཀྱང་དེ་ལ་ལྷག་པར་ཅི་བྱར་ཡོད། །ཁྲོ་བ་འདི་ནི་ནང་གི་དགྲ། །བདག་གིས་དེ་ལྟར་ཤེས་ནས་སུ། །དེ་ཡི་མཐུ་ནི་ཁྲོ་བ་དག །སྐྱེས་བུ་སུ་ཞིག་བཟོད་པར་བྱེད། །དེ་བས་བདག་ནི་གསོན་བཞིན་དུ། །ཁྲོ་བ་གཡོས་ཀྱང་མ་ཤོར་རོ། །ཕུང་པར་བྱེད་པའི་དགྲ་བོ་དེ། །སུ་ཞིག་ཡལ་བར་དོར་མི་བྱེད། །དེ་ནས་དེའི་རབ་ཏུ་ཞི་བའི་ཡོན་ཏན་རྨད་དུ་བྱུང་བ་དང་ཚིག་སྙིང་ལ་བབ་པ་དེས་རྒྱལ་པོ་དེའི་ཡིད་རབ་ཏུ་མགུ་བར་གྱུར་ནས་སྨྲས་པ། ཁྱོད་ཀྱིས་སྨྲ་བའི་རིམ་འདི་དང༌། །ཞི་བའི་རྗེས་སུ་མཐུན་པ་འདི། །མང་དུ་སྨོས་ཀྱང་ཅི་དགོས་ཏེ། །ཁྱོད་དང་མ་འཕྲད་བརླག་པར་འགྱུར། །དེ་སྐད་ཅེས་བསྟོད་ནས་དྲུང་དུ་བསྙེན་ཏེ། དེའི་རྐང་པ་གཉིས་ལ་ཕྱག་འཚལ་ནས། སྡིག་པ་བྱས་པ་ཡང་བཤགས་སོ། །བུད་མེད་རབ་ཏུ་བྱུང་བ་དེ་ལ་ཡང་བཟོད་པར་གསོལ་ནས་སླར་བཏང་ངོ༌། །བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་གཡོག་ཏུ་ཁས་བླངས་སོ། །དེ་ལྟ་བས་ན་ཁྲོ་བ་ཐུལ་བར་གྱུར་ན་དགྲ་ཞི་བར་འགྱུར་གྱི། གཞན་དུ་བྱས་ན་དགྲ་འཕེལ་ལོ། །དེ་བས་ན་ཁྲོ་བ་ཐུལ་བར་བྱ་བ་ལ་འབད་པར་བྱའོ། །དེ་ལྟར་ན་ཁོན་དུ་འཛིན་པ་མེད་ན་དགྲ་ཞི་བར་འགྱུར་ལ་དུལ་བར་བྱས་ན་དགྲ་མེ་འཕེལ་ལོ། །དེ་


DTG168_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མི་ཁྲོ་བ་ནི་གཉིས་ཀའི་དོན་སྤྱོད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་བཟོད་པའི་ཕན་ཡོན་འབྱུང་བའི་མདོ་སྡེ་དག་ལ་བར་བྱའོ། །ཁྲོ་བའི་ཉེས་དམིགས་ཀྱི་གཏམ་བྱ་བ་དང༌། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ལ་བརྗོད་པར་བྱའོ། །གཙུག་ཕུད་བྱང་ཆུབ་ཏུ་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པའོ།། །།བམ་པོ་བདུན་པ། དམ་པ་རྣམས་དུད་འགྲོར་ལྷུང་པའི་སྤྱོད་པ་ལ་ཡང༌། སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་མཐུན་པར་བྱ་བ་ཙམ་ཡང་མི་ནུས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཡིད་བཞིན་གྱི་རྒྱ་མཚོ་ཆེན་པོའི་ནང་ན། ངང་པའི་ཁྱུ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་གྲངས་མང་པོའི་བདག་པོ་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་ཏོ། །ཞེས་གྲགས་སོ། །དེའི་བློན་པོ་ངང་པའི་རྒྱལ་པོ་རིགས་པ་དང་མི་རིགས་པ་ཡོངས་སུ་ཤེས་པར་བྱ་བ་ལ་མཁས་པ་ཡུན་རིང་པོར་ཡང་དྲན་པའི་མཐུ་དང་ལྡན་པ། རིགས་མཐོན་པོའི་ནང་ནས་གཙོ་བོར་གྱུར་པ། མཁས་པ་དང་དེས་པ་དང་དུལ་བས་བརྒྱན་པ་བརྟན་པ་དང་གཙང་སྦྲ་དང་ཚུལ་ཁྲིམས་དང་སྤྱོད་ཚུལ་དང་སྤྱོད་ལམ་ཕུན་སུམ་ཚོགས་པ། དཔའ་ལ་སྡུག་བསྔལ་བཟོད་ཅིང་བག་ཡོད་པ། གཡུལ་ངོར་འགྱེད་པའི་དགྲ་ཐབས་ལ་མཁས་ཤིང་མི་འཇིགས་པ་ཇོ་བོ་ལ་སྙིང་ཉེ་ཞིང་ལེགས་པར་ལྟ་བ་བཞིན་བཟང་ཞེས་བྱ་བ་ཞིག་ཀྱང་ཡོད་པར་གྱུར་ཏེ། དེའི་ཚེ་དེ་ལྟར་གྱུར་པ་དེ་ཡང་གནས་བརྟན་འཕགས་པ་ཀུན་དགའ་བོ་ཡིན་ནོ། །དེ་གཉིས་གཅིག་ལ་གཅིག་བྱམས་ཤིང་མཛའ་བའི་ཡོན་ཏན་གྱི་གཞིས་ཡོན་ཏན་གྱི་མཐུ་རབ་ཏུ་ཆེ་བར་གྱུར་ཏེ། འཇིག་རྟེན་གཉིས་ཀ་ལ་ཕན་པར་འབྱུང་བར་བྱ་བའི་དོན་དུ་ལེགས་པར་འཇོག་པ་ནི། སློབ་དཔོན་དང་སློབ་མའི་གཙོ་བོ་གཞན་རྣམས་ནི་སློབ་མ་ཕལ་བ་བཞིན། རྣམ་པ་གཅིག་ཏུ་ན་ཕ་དང་བུ་རབ་ཐུ་བོ་བཞིན་གཞན་ནི་བུ་ཕལ་བ་བཞིན་ནོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། རིག་སྔགས་འཆང་དང༌། དཀའ་ཐུབ་ཅན་མངོན་སུམ་དུ་མཐོང་བ་རྣམས་རབ་ཏུ་ངོ་མཚར་ཆེ་བར་གྱུར་ཏོ། །དེ་གཉིས་ངང་པའི་ཚོགས་རྣམས་འཁོད་པ་དེའི། །བདེ་པའི་ལུས་འདེགས་སྤྱོད་པ་གཅིག་ཏུ་གྱུར། །


DTG168_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་རྒྱུ་བར་བྱེད་པའི་འདབ་མ་གཉིས། །ལུས་འདེགས་ཕྱིར་ནི་སྤྱོད་པ་གཅིག་པ་བཞིན། །དེ་ལྟར་དེ་གཉིས་ཀྱིས་ངང་པའི་ཚོགས་དེ་དག་རྗེས་སུ་སྐྱོང་བ་ནི་ཆོས་དང་སྲིད་དར་བ་གཉིས་ཀྱིས་མི་རྣམས་རྗེས་སུ་བསྐྱང་བ་བཞིན་དུ་རབ་ཏུ་དར་བར་གྱུར་པ་དེས་མཚོ་དེ་ཡང་རབ་ཏུ་མཛེས་པར་གྱུར་ཏོ། །དང་པ་མང་པོ་ཚོགས་པ་ཡི། །སྒྲ་སྙན་ཡིད་དུ་འོང་བ་དེ། །པདྨ་དཀར་པོ་འགྱུ་བ་བཞིན། །མཚོ་དེ་རབ་ཏུ་མཛེས་པར་བྱས། །ལ་ལ་ངང་པ་སོ་སོར་གྱེས། །ཁ་ཅིག་ཏུ་ནི་ཕང་ཕུང་ཆས། །མཁའ་ལ་སྤྲིན་རྣམས་གྱེས་ཕུང་བའི། །མཛེས་པའི་དཔལ་ཡང་ཟིལ་གྱིས་ནོན། །དེ་ནས་ངང་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་བ་དེ་དང༌། བློན་པོ་དང་པའི་སྡེ་དཔོན་བཞིན་བཟང་བྱ་བ་དེའི་ཡོན་ཏན་ཁྱད་པར་ཅན་གྱི་མཐུ་ཆེན་པོས་ཡིད་ལ་ཡ་མཚན་ཆེར་གྱུར་པའི་གྲུབ་པ་དང་དྲང་སྲོང་རིག་སྔགས་འཆང་བ་དང་ལྷ་མང་པོ་རྣམས་དེ་གཉིས་ཀྱི་གྲགས་པའི་གཞི་ལས་གྱུར་པའི་གཏམ་འབའ་ཞིག་འཛེར་ཞིང་དེ་དང་དེ་དག་ན་འཁོད་དོ། །གསེར་མཆོག་བཙོ་མའི་ཁ་དོག་འདྲ་བའི་མདོག །དཔལ་ལྡན་ལུས་ཅན་ཚིག་འབྲུ་གསལ་བར་སྨྲ། །དུལ་ཞིང་རིག་པ་ཆོས་ཀྱི་ཚུལ་ལས་བྱུང། །ངང་པའི་ལུས་ཅན་འདི་གཉིས་ངེས་པར་གཞན། །ཕྲག་དོག་མེད་པས་ཡོན་ཏན་བསྒྲགས་པ་དང༌། །དེ་གཉིས་གྲགས་པ་ཕྱོགས་སུ་རྒྱས་པར་གྱུར། །རྒྱལ་པོ་རྣམས་ཀྱང་དེ་ལ་དད་པ་སྐྱེས། །དམ་པ་ཚོགས་སར་སྐྱེས་དང་འདྲ་བར་གྱུར། །དེའི་ཚེ་ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་བྱ་བ་ཞིག་ཡོད་དེ། དེས་ངང་པའི་རྒྱལ་པོ་དེ་དང་ངང་པའི་སྡེ་དཔོན་དེའི་ཡོན་ཏན་ཁྱད་པར་ཅན་གྱི་གཏམ། བློན་པོ་ཡིད་ཆེས་པ་དང་བྲམ་ཟེ་རྒན་པོ་རྣམས་ཀྱིས་ཚོགས་པའི་ནང་དུ་གློང་བསླངས་པ་ལ་ལན་དུ་མ་ཞིག་ཐོས་ཏེ། དེ་གཉིས་ལྷག་པར་ལྟ་འདོད་ནས། །བློན་པོ་བཀའ་ལ་གཏོགས་པའི་གཙུག་ལག་དུ་མ་ལ་གོམས་ཤིང་མཁས་པའི་བློ་དང་ལྡན་པ་རྣམས་ལ་སྨྲས་བ། ཀྱེ་ངང་པའི་མཆོག་དེ་གཉིས་ཅི་ནས་ཀྱང་ངའི་སྤྱན་སྔར་བྲིམ་དུ་རུང་བའི་ཐབས་བཟང་པོ་འགའ་ཞིག་ཚོལ་ཅིག །དེ་ནས་བློན་པོ་དེ་དག་གིས་རང་རང་གི་བློ་ལ་ཅི་དྲན་པ་དང་


DTG168_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་དག་དང་ཡང་སྦྱར་ཏེ་རྒྱལ་པོ་ལ་གསོལ་བ། སེམས་ཅན་རྣམས་ནི་བདེ་བ་འཆལ། །བདེ་བར་གྱུར་བའི་ཡོན་ཏན་མཆོག །དེ་དང་དེ་ནས་འགུགས་པར་བགྱིད། །དེ་བས་དེ་ཐོས་དེ་གཉིས་མཆིས། །དེ་བས་ན་མཚོ་གང་ན་དེ་གཉིས་མངོན་པར་དགའ་བར་གྱུར་པའི་བཀའ་མཆིད་གདའ་བ་དེ་བས་ཀྱང༌། ཡོན་ཏན་ཁྱད་དུ་འཕགས་པའི་མཚོ་ཞིག །ཡུལ་འདིར་ཡང་དགོན་པའི་ས་ཕྱོགས་གཅིག་ཏུ་བགྱིད་དུ་སྩལ་ལ། གདུགས་རེ་རེ་ཞིང་ཡང་བྱ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་སྒྲ་བསྒྲགས་ཤིང༌། ཅི་ནས་ཀྱང་ངོ་མཚར་ཆེར་གྱུར་པའི་བདེ་བའི་ཡོ་བྱད་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོས་ནས། དེ་གཉིས་འདིར་མཆི་བར་འགྱུར་བ་དེ་ལྟར་བགྱི་བར་རིགས་སོ། །ལྷ་གཟིགས་སུ་གསོལ། ལྷ་གཅིག་སེམས་ཅན་ཕལ་ཆེར་ནི། །བདེ་བ་རྙེད་པ་ཁྱད་དུ་གསོད། །ཐོས་ནས་བདེ་བའི་དགའ་བ་དག ། གུད་དུ་འདུག་ཀྱང་ཡིད་འཕྲོག་གྱུར། །དེ་ནས་རྒྱལ་པོ་དེས་བསམས་པ། དེ་བདེན་ནོ་སྙམ་ནས་རིང་པོར་མ་ལོན་པར་གོང་ཁྱེར་གྱི་སྐྱེད་མོས་ཚལ་དང་ཧ་ཅང་མི་རིང་བ་ཅིག་ཏུ་ཡིད་བཞིན་གྱི་མཚོའི་ལོངས་སྤྱོད་ཀྱི་ཡོན་ཏན་ལ་འགྲན་དུ་རུང་བ་མེ་ཏོག་པདྨ་དང༌། ཨུཏྤ་ལ་དང༌། ཀུ་མུ་ཏ་དང༌། པདྨ་དཀར་པོ་དང༌། སཽ་གན་དྷི་ཀ་དང༌། པདྨ་དམར་པོ་དང༌། ཀུ་མུ་ཏ་དམར་པོས་ཁེབས་ཤིང་ཆུ་གཙང་མས་གང་བ། རབ་ཏུ་ཡིད་དུ་འོང་བའི་མཚོ་ཆེན་པོ་ཅིག་བྱེད་དུ་བཅུག་གོ །ལྗོན་ཤིང་མེ་ཏོག་བཟང་ལྡན་ཞིང༌། །ལོ་མ་བཟང་པོ་འོད་གསལ་རྣམས། །དེ་ལ་ལྟད་མོ་ལྟར་ལྷགས་བཞིན། །མཚོ་ཡི་མཐའ་མ་ཡོངས་སུ་བསྐོར། །པདྨ་རྣམས་ནི་དགོད་པ་བཞིན། །ཆུ་རླབས་འཁྲུག་པས་གཡོ་བར་གྱུར། །དེ་ལ་ཆགས་པའི་བུང་བ་རྣམས། །གཡོ་ཞིང་འཕུར་བ་མང་པོས་གང༌། །ཁ་ཅིག་ན་ནི་ཟླ་འོད་ཀྱིས། །ཁ་བྱེ་ཀུ་མུ་ཏ་དག་དང༌། །ཤིང་གི་གྲིབ་མས་བར་བཅད་པས། །ཁ་ཅིག་ཟླ་བའི་དུམ་བུ་འདྲ། །པདྨ་ཨུཏྤལ་ཕྱེ་བ་རྣམས། །རླབས་ཀྱིས་སོར་མོས་བྲིས་པ་བཞིན། །མཚོ་ཡི་འགྲམ་དག་རབ་ཏུ་བརྒྱན། །ཁ་ཅིག་གསེར་ཕྱེའི་རི་མོ་བཞིན། །པདྨ་ཨུཏྤ་ལ་འདབ་མ་དག །གེ་སར་བཅས་པ་དེ་དང་དེར། །


DTG168_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སིལ་མ་བཀྲམ་པ་བཞིན། །རབ་ཏུ་ཉམས་དགའ་རྣམ་པར་མཛེས། །ཆུ་ནི་རབ་གསལ་མི་གཡོ་བས། །ལུས་ཀྱི་ཡོན་ཏན་གསལ་མཛེས་པའི། །ཉ་ཡི་ཆོགས་ནི་མང་པོ་དག །མཁའ་ལ་རྒྱུ་བ་འདྲ་བས་བརྒྱན། །ལ་ལ་མུ་ཏིག་ཕྲེང་བཅད་བཞིན། །གླང་ཆེན་སྣ་ནས་བུས་པ་དང༌། །བྲག་ལ་ཕོག་པའི་ཆུ་འཕྲོས་པས། །རླབས་ཀྱི་ཕྱེ་མ་རབ་ཏུ་འཕྲོ། །རིག་འཛིན་ན་ཆུང་ཁྲུས་བྱ་ཞིང༌། །གླང་ཆེན་རྒྱལ་བའི་བསུང་དག་དང༌། །མེ་ཏོག་རྣམས་ཀྱི་ཕྱེ་མ་ཡིས། །ཁ་ཅིག་ཏུ་ནི་བསུང་བསྒོས་བཞིན།། ཟླ་བའི་ཆུང་མ་སྐར་མ་རྣམས། །སྤྱི་ཡི་གདོང་ལྟ་མེ་ལོང་བཞིན། །བྱ་རྣམས་དགའ་བ་མང་པོས་གང༌། །དེ་ཡི་སྒྲ་སྙན་རབ་ཏུ་གྲགས། །མཚོ་ཆེན་པོ་དེ་ལྟ་བུར་བྱ་མང་པོ་དག་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་དགག་པ་མེད་པ་དེ་ལྟ་བུ་བྱེད་དུ་བཅུག་ནས་དེ་དག་ལ་བྱིན་ཏེ་བྱ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། ཉིན་རེ་ཞིང་ཡང་མི་འཇིགས་པ་སྦྱིན་པའི་སྒྲ་སྒྲོག་ཏུ་བཅུག་གོ །མཚོ་འདི་མེ་ཏོག་པདྨ་དང༌། །ཨུཏྤལ་འདབ་མས་གང་བའི་ཆུ། །རྒྱལ་པོས་བྱ་རྣམས་ཀུན་ལ་སྦྱིན། །དགའ་ཞིང་མི་འཇིགས་ཡོན་ཏན་བཅས། །དེ་ནས་རེ་ཞིག་ཅིག་སྟོན་གྱི་དུས་ལ་བབ་པའི་ཚེ། སྤྲིན་གྱི་མུན་པ་ཡོལ་བ་ལྟར་སྒྲིབ་པ་ནི་མེད། སྟོན་གྱི་དུས་སུ་ཡོན་ཏན་བཟང་པོ་ནི་བྱུང༌། ཕྱོགས་རྣམས་ནི་གསལ་བ་ལྟར་སྣང༌། མེ་ཏོག་པདྨ་མང་པོ་ཁ་ཕྱེ་བས་ནི་མཛེས་པར་གྱུར། མཚོའི་ཆུ་རྣམས་ནི་རབ་ཏུ་དངས་ཤིང་ཡིད་དུ་འོང་བར་གྱུར། ཟླ་བ་ནི་གཟི་མདངས་ཀྱི་མཆོག་དང་ལྡན་ཞིང་འོད་ཟེར་རབ་ཏུ་འཕེལ་བ་བཞིན་དུ་གྱུར། ས་གཞི་ནི་མེ་ཏོག་རྣམ་པ་མང་པོ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར། བྱ་ངང་པ་གཞོན་ནུ་མང་པོ་ནི་རྒྱུ་བར་གྱུར་པའི་ཚེ། ཡིད་བཞིན་གྱི་མཚོའི་ནང་ནས་ངང་པ་མང་པོ་འཁོད་པ་དེའི་ནང་ནས་ངང་པ་ཁྱོ་ཤུག་གཉིས། སྟོན་གྱི་དུས་ཉམས་དགའ་བའི་ཚེ་ཡུལ་ལྗོངས་སུ་རྒྱུ་ཞིང་མཐར་གྱིས་སོང་སོང་བ་ལས་རྒྱལ་པོ་དེའི་ཡུལ་དུ་ཕྱིན་ཏོ། །དེ་ན་ཡང་བྱ་མང་པོ་ནི་སྒྲ་འབྱིན། བུང་བ་མང་པོ་ནི་སྒྲ་ཏི་རི་རི་ཟེར། སེར་བུ་བསིལ་བ་ལངས་པས་རླབས་ཀྱི་ཕྲེང་བ་འཁྲིགས་པར་


DTG168_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་པདྨ་དང༌། ཨུཏྤ་ལའི་དྲི་ཞིམ་པོའི་ངད་ནི་ལྡང༌། པདྨ་ཁ་བྱེ་བ་རྣམས་ནི་འབར་བ་བཞིན། མེ་ཏོག་ཀུ་མུ་ཏ་དཀར་པོ་རྣམས་ནི་དགོད་པ་བཞིན་དུ་འདུག་པའི་མཚོ་དེ་མཐོང་བར་གྱུར་ཏོ། །ངང་པ་ཁྱོ་ཤུག་གཉིས་པོ་དེ་ཡིད་བཞིན་གྱི་མཚོན་འཁོད་ཀྱང༌། མཚོ་དེའི་དཔལ་རབ་ཏུ་ཡིད་དུ་འོང་བ་མཐོང་ནས། རབ་ཏུ་ཡ་མཚན་ཆེ་ཞིང་རང་གི་ངང་པའི་ཚོགས་ཀྱང་རྗེས་སུ་དྲན་པར་གྱུར་ཏེ། ཨེ་མ་ཧོ། །ངང་པའི་ཚོགས་དེ་དག་ཀྱང་འདིར་ལྷགས་ཀྱང་ཅི་མ་རུང་སྙམ་ནས། འཇིག་རྟེན་པ་ནི་ཕལ་ཆེར་དུ། །སྤྱི་ཡི་བདེ་བ་མྱོང་ནས་ནི། །བྱམས་ཤིང་རྗེས་སུ་ཆགས་པ་ཡིས། །མཛའ་བཤེས་ཐོག་མར་དྲན་པར་འགྱུར། །དེ་ནས་ངང་པ་ཁྱོ་ཤུག་གཉིས་པོ་དེ་ན་རེ། ཇི་སྲིད་འདོད་པ་འཁོད་འཁོད་ནས། དབྱར་གྱི་དུས་སུ་བབ་པ་དང་གློག་འགྱུ་བ་ནི་མཚོན་ཆ་འདེབས་པ་འདྲ། སྤྲིན་གྱིས་ཁེབས་པའི་མུན་པ་ནི་ཧ་ཅང་མི་གནག །སྤྲིན་གྱི་ཚོགས་མང་པོ་འདུ་བ་ནི་ལྷ་མ་ཡིན་གྱི་དམག་ཚོགས་འདུ་བ་བཞིན། རྨ་བྱའི་མདོངས་ཡོངས་སུ་རྒྱས་པ་ནི་མཛེས་པར་གྱུར། རྨ་བྱའི་སྒྲ་ཅོང་ཅོང་བུ་འབྱིན་པ་ནི་དབྱར་སྤྲིན་རྣམས་རྒྱལ་བར་གྱུར་པ་བཞིན་དུ་མགུ་བར་བྱེད། རྨ་བྱ་མང་པོ་ནི་གར་སྣ་ཚོགས་བྱེད། བྱ་བྲན་མང་པོ་ནི་སྒྲ་སྣ་ཚོགས་འབྱིན་ཅིང་རྣམ་པར་རྒྱུ། མེ་ཏོག་ཀ་དམ་པ་དང༌། སརྫ་དང༌། ཨརྫུ་ན་དང༌། ཀེ་ཏ་ཀའི་དྲི་ཞིམ་པོས་བསྒོས་པའི་སེར་བུ་བསིལ་བའི་ངད་ལྡང་བ་ནི་ནགས་ཚལ་དབུགས་འབྱིན་པ་བཞིན། བྱ་མང་པོའི་ཕྲེང་བ་བརྒྱུས་པ་ནི་སྤྲིན་གྱི་སོའི་ཕྲེང་བ་གཏམས་པ་བཞིན། ངང་པའི་ཚོགས་རྣམས་ནི་གུད་དུ་འདོང་འདོད་པས། སྒྲ་ཆེར་མི་འབྱིན་ཞིང་འགྲོ་ཆས་བྱེད་པ་དེ་བཞིན་དུ་དང་པ་ཁྱོ་ཤུག་གཉིས་པོ་དེ་ཡང་ཡིད་བཞིན་གྱི་མཚོ་དེ་ཉིད་དུ་སླར་སོང་ངོ༌། །ངང་པའི་བདག་པོའི་དྲུང་དུ་ལྷགས་ནས་ཀྱང་ཡུལ་དང་ཕྱོགས་ཀྱི་གཏམ་གླེང་བསླང་བའི་ཚེ། མཚོ་དེའི་ཡོན་ཏན་ཁྱད་པར་ཅན་དེ་གླེང་ངོ༌། །ལྷ་གངས་རིའི་ལྷོ་ཕྱོགས་ན་ཡུལ་བཱ་རཱ་ཎཱ་སཱི་ཞེས་བགྱི་བ་ན་རྒྱལ་པོ་ཚངས་བྱིན་ཞེས་བགྱི་བ་ཞིག་མཆིས་ཏེ། དེས་མཚོ་ཆེན་པོ་རྨད་དུ་བྱུང་བ། བཟང་བ། ཡོན་ཏན་ཆེ་བ་བརྗོད་ཀྱིས་མི་ལང་བ་ཅིག་བྱ་རྣམས་ལ་རང་དག་


DTG168_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིང༌། བདེ་བའི་ལོངས་སྤྱོད་དུ་སྩལ་ཏེ། ཉིན་རེ་ཞིང་ཡང་མི་འཇིགས་པ་སྦྱིན་པའི་སྒྲ་ཡང་སྒྲོགས། བྱ་རྣམས་ཀྱང་དེ་ན་རང་གི་ཁྱིམ་ན་མཆིས་པ་བཞིན་དུ་འཇིགས་ཤིང་བག་ཚ་བ་མ་མཆིས་པར་སྤྱོད་ཅིང་མཆིས་སོ། །དེ་བས་ན་ལྷ་ཡང་དགུང་ལོ་སླད་མ་ལ་དེར་གཤེགས་པ་རིགས་སོ། །དེ་སྐད་ཅེས་ཟེར་བ་ཐོས་ནས་དང་པའི་ཚོགས་དེ་དག་ཐམས་ཅད་ལྟ་བར་འདོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ངང་པའི་སྡེ་དཔོན་བཞིན་བཟང་ལ་གྲོས་དྲིས་པའི་ཚིག་དང་ཡི་གེ་གསལ་བ་རྒྱ་ཆེར་བསྟན་ནས་ཇི་ལྟར་བྱ་བར་རིགས་ཞེས་སྨྲས་སོ། །དེ་ནས་བཞིན་བཟང་གིས་ཕྱག་འཚལ་ནས་དེ་ལ་སྨྲས་པ། ལྷ་དེར་གཤེགས་པ་མི་རིགས་སོ། །དེ་ཅིའི་སླད་དུ་ཞེ་ན། འོ་སྐོལ་གྱི་ལུས་འདི་དག་ནི་ཤ་བཟར་རུང་སྟེ་ཆགས་པའི་གནས་ལགས་ཤིང་ཡིད་དུ་འོང་བ་ཤ་སྟག་ལགས་ལ། བདག་ཅག་འདི་ན་ཅིས་ཀྱང་ཕོངས་པ་མ་མཆིས་སོ། །མི་རྣམས་ཀྱི་སྙིང་ཡང་ཚིག་འཇམ་པོ་བཅོས་མ་ཕྱི་བཞག་ཅན་དུ་སྨྲ་ལ། གནོད་པར་སེམས་པའི་རང་བཞིན་ངན་པ་ནི་མི་མངོན་པར་བགྱིད་ཅིང་ཕལ་ཆེར་སྙིང་རྗེ་ཆུང་བ་ངན་གཡོ་ཅན་ལགས་སོ། །རྗེ་གཅིག་གཟིགས་སུ་གསོལ། ཕལ་ཆེར་བྱ་དང་རི་དགས་རྣམས། །སྨྲ་དང་སེམས་པ་མཐུན་པར་བགྱིད། །མི་ཡི་ནང་ན་ཁ་ཅིག་ནི། །དེ་ལས་བཟློག་པའི་ཚུལ་ལ་མཁས། །འཇམ་ཞིང་སྙན་པའི་ཚིག་སྨྲས་ཀྱང༌། །དོན་དང་མཐུན་པར་མ་མཆིས་སོ། །ཚོང་པ་རྣམས་ཀྱིས་ཁེ་ཚོལ་ཕྱིར། །བདག་གི་ནོར་ཡང་འགོད་པར་བགྱིད། །སྐྱོན་དང་བཅས་ཤིང་མི་རིགས་པ། །དགོས་པ་མཆིས་ཀྱང་མི་སྨན་ཏེ། །དེ་བས་ལྷ་གཅིག་དེ་ཙམ་གྱིས། །ཐུགས་ཆེས་མཛད་པར་མི་རིགས་སོ། །གལ་ཏེ་དེར་མི་གཤེགས་སུ་མི་རུང་ན་ཡང༌། དེར་གཤེགས་ལ་མཚོ་དེའི་ལོངས་སྤྱོད་བཏང་སྟེ། སླར་མྱུར་དུ་གཤེགས་པར་རིགས་ཀྱིས་དེ་ན་ཡུན་རིང་དུ་བཞུགས་པར་ཡང་མི་རིགས་ལ། གཏན་དུ་བཞུགས་དགོངས་པར་མི་རིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོན་གྱི་དུས་ལ་བབ་ཅིང་ཟླ་བ་དང་སྐར་མ་དང་རྒྱུ་སྐར་དྲི་མ་མེད་པས་བརྒྱན་པའི་ཚེ། ངང་པའི་ཚོགས་


DTG168_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡུལ་བཱ་རཱ་ཎ་སཱིའི་མཚོ་ལྟ་བར་འདོད་པ་རྣམས་ཀྱིས་དེར་འདོད་བའི་ཕྱིར་ཡང་དང་ཡང་དུ་གསོལ་བ་གདབ་པ་དང༌། ངང་པ་དེ་དག་གི་ངོ་བཟློག་མ་ཕོད་ནས། བཞིན་བཟང་ལ་སོགས་པ་ངང་པ་མང་པོས་ཡོངས་སུ་བསྐོར་ཏེ། ཟླ་བ་སྟོན་གྱི་སྤྲིན་གྱིས་བསྐོར་བ་བཞིན་དུ་དེར་སོང་ངོ༌། །མཚོ་ཆེན་དེ་ཡི་ཉམས་དགའ་དཔལ་མཐོང་ནས། །ཡིད་དུ་འོང་དགུ་བཀོད་པ་སྣ་ཚོགས་རྣམས། །རབ་ཏུ་དགའ་བས་སེམས་པ་དེ་རྣམས་ཀྱི། །གནས་སུ་རུང་པ་ཡོན་ཏན་མཚུངས་པར་གྱུར། །མཚོ་དེ་གནས་སྐབས་དེ་དང་དེ་དག་གིས། །ཡིད་བཞིན་མཚོ་བས་གང་དག་ལྷག་གྱུར་པ། །དེ་ཡི་ཕྱིར་ན་རིང་དུ་གནས་པར་སེམས། །ཡིད་བཞིན་མཚོ་ལ་དེ་དག་མི་སེམས་སོ། །དེ་དག་གིས་མི་འཇིགས་པ་སྦྱིན་པའི་སྒྲ་དེ་ཡང་ཐོས་ལ། དེ་ན་བྱ་མང་པོ་རྣམས་ཀྱང་བདེ་བར་འཁོད། མཚོ་དེའི་ལོངས་སྤྱོད་ཀྱིས་སེམས་རབ་ཏུ་དགའ་ཞིང་དེ་ནས་སྐྱེད་མོས་ཚལ་དུ་རྩེར་དོང་དོང་བ་བཞིན་དུ་ལོངས་སྤྱོད་རྗེས་སུ་མྱོང་ཞིང་དགའ་བར་གྱུར་རོ། །དེ་ནས་མཚོ་དེ་དག་བསྲུང་བར་བསྐོས་པའི་མི་རྣམས་ཀྱིས་དང་པ་དེ་དག་དེར་ལྷགས་པར་རྒྱལ་པོ་ལ་བཟླས་པར་གསོལ་པ། ལྷ་སྔོན་ངང་པ་མཆོག་གཉིས་ཤིག་ཡོན་ཏན་དང་གཟུགས་དཀའ་མཆིད་དུ་གདའ་བ། དེ་ཁོ་ན་དང་འདྲ་བའི་དང་པ་མཆོག་གཉིས་ཤིག་འདབ་མ་ནི་གསེར་གྱི་འདབ་མ་ལྟར་མཛེས། གདོང་དང་རྐང་པ་གཉིས་ནི་གསེར་བཙོ་མ་བས་ཀྱང་ལྷག་པར་མདོག་འཇམ་ཞིང་མཛེས། ལུས་ཀྱི་ཚད་ནི་ལྷག་པར་ཆེ་ཞིང་ལེགས་པ་དག་ཅིག །ངང་པའི་གཡོག་འཁོར་བརྒྱ་ཕྲག་དུ་མས་བསྐོར་ཏེ། ལྷའི་མཚོ་བརྒྱན་པའི་ཕྱིར་མཛེས་པ་བཞིན་དུ་འདིར་མཆིས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་བྱ་བཤོར་བའི་མི་བྱ་བཤོར་བའི་ལས་ལ་མཁས་པར་གྲགས་ཤིང་གྲུབ་པ་ཅིག་བཙལ་ནས། བྱ་དེ་གཟུང་བའི་ཕྱིར་རིམ་གྲོ་བསྐྱེད་དེ་བཀའ་སྩལ་ཏོ། །དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་རྒྱལ་པོའི་བཀའ་ཉན་ནས་ངང་པ་དེ་གཉིས་ཀྱི་གནས་དང་སྤྱོད་ཡུལ་ལེགས་པར་བརྟགས་ཏེ། དེ་དང་དེ་དག་ཏུ་རྙི་དམ་པོ་རྣམས་ནི་མི་མངོན་པར་བྱས་ཏེ་བཙུགས་སོ། །དེ་ནས་ངང་པ་དེ་དག་བརྟན་ཞིང་མི་རུང་དུ་དོགས་པ་མེད་པས་


DTG168_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དགའ་ནས་ཡིད་གཡེངས་སུ་རྒྱུ་ཞིང་འཁོད་འཁོད་པ་ལས། ངང་པའི་བདག་པོའི་རྐང་པ་གཉིས་རྙིས་ཟིན་པར་གྱུར་ཏོ། །བྲིད་པའི་ཐབས་ནི་མཁས་པ་ཡིས། །ཉེས་སུ་དོགས་པ་མེད་པ་རྣམས། །བག་ཕབ་པ་ནི་ལོག་པར་འགྱུར། །བག་མེད་བརླག་པའི་འབྱུང་ཁུངས་ཡིན། །དེ་ནས་བྱང་ཆུབ་སེམས་དཔས་བསམ་པ་གཞན་དག་ལས་ཀྱང་ཁ་ཅིག་འདི་ལྟ་བུའི་ཉམས་ཉེས་པར་གྱུར་ན་མི་རུང་ངོ་སྙམ་ནས་སྒྲ་འབྱིན་པའི་བྱེ་བྲག་གིས་མཚོ་འདི་འཇིགས་པ་དང་བཅས་པ་ཡིན་ནོ། །ཞེས་བསྒྲགས་སོ། །དེ་ནས་ངང་པ་དེ་དག་ངང་པའི་བདག་པོ་རྙིས་ཟིན་པས་སྙིང་འདར་ནས་འཇིགས་ཤིང་སྐྲག་ལ་རྟབ་པའི་སྐད་མི་སྙན་པ་ཕྱུང་སྟེ་གཅིག་ལ་གཅིག་མི་ལྟ་བར་དམག་གི་དཔུང་གཡུལ་ངོར་ཕམ་པ་བཞིན་དུ་ཕྱོགས་ཕྱོགས་ནས་འཕུར་ཏེ་བྱེར་རོ། །ངང་པའི་སྡེ་དཔོན་བཞིན་བཟང་ནི་ངང་པའི་བདག་པོའི་དྲུང་ནས་མ་གཡོས་སོ། །བྱམས་པའི་བཅིང་བས་ཡིད་ནི་བཅིངས་པ་རྣམས། །རང་གི་སྲོག་དང་བྲལ་བའང་མི་སེམས་སོ། །མཛའ་བཤེས་ཉམས་ཉེས་གྱུར་པའི་མྱ་ངན་ནི། །སྲོག་དང་བྲལ་བ་བས་ཀྱང་སྡུག་བསྔལ་ཆེ། །དེ་ནས་བྱང་ཆུབ་སེམས་དཔས་བཞིན་བཟང་ལ་སྨྲས་པ། སོང་ཤིག་སོང་ཤིག་བཞིན་བཟང་ཁྱོད། །འདི་ན་འདུག་པ་མི་རིགས་སོ། །ང་ནི་འདི་ལྟར་གྱུར་པ་ལ། །ཁྱོད་ཀྱི་སྲོགས་བྱར་ག་ལ་ཡོད། །བཞིན་བཟང་གིས་སྨྲས་པ། འདི་ན་མཆིས་ནའང་འགུམ་པར་ངེས་མ་མཆིས། །གུད་དུ་མཆིས་ཀྱང་རྒ་ཤི་མེད་མི་འགྱུར། །བདེ་བའི་ཚེ་ན་རྟག་ཏུ་ཁྱོད་བཀུར་ལ། །ཉམས་ཉེས་ཚེ་ན་དོར་དུ་ག་ལ་རུང༌། །བདག་གི་སྲོག་བཟུང་ཙམ་གྱི་ཕྱིར། །བྱ་ཡི་རྒྱལ་པོ་ཁྱོད་བོར་ན། །གཏམ་ངན་ཆར་བཞིན་བབ་པ་ཡི། །སྐྱབས་ནི་བདག་ལ་ཅི་ཞིག་མཆིས། །རྒྱལ་པོ་ཆེན་པོ་ཉམས་ཉེས་པ། །བོར་ཏེ་འགྲོ་བ་ཆ་མཆིས་སམ། །བྱ་རྒྱལ་ཁྱོད་ནི་ཅིར་གྱུར་པ། །དེ་ལྟར་བདག་ཉིད་གྱུར་ཀྱང་རུང༌། །བྱང་ཆུབ་སེམས་དཔས་སྨྲས་པ། རྙིས་ནི་ཟིན་པར་གྱུར་པ་ལ། །ཚང་མང་མིན་པ་གང་དུ་འགྲོ། །ཁྱོད་ནི་མ་ཟིན་བདེ་བར་གནས། །ཅི་ཕྱིར་དེ་ལྟར་འགྱུར་བར་འདོད། །དེ་ལྟར་བྱས་ན་ཅིར་


DTG168_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྟོས། །གཉིས་ཀ་སྲོག་དང་བྲལ་གྱུར་ན། །གཉེན་བཤེས་ཕྱིར་ནི་འཁོད་པ་དང༌། །ཁྱོད་དང་ང་ལ་ཅི་ཞིག་ཕན། །བདེ་དང་མི་བདེ་མུན་ཁུང་བཞིན། །ཕན་པའི་དོན་ནི་མི་མངོན་པས། །དེ་ལྟ་བུ་ལ་སྲོག་བོར་ན། །ཁྱོད་ཀྱིས་དོན་ནི་ཅི་ཞིག་བསྟན། །བཞིན་བཟང་གིས་སྨྲས་པ། འདབ་ཆགས་རྣམས་ཀྱི་གཙོ་བོ་མཆོག །ཆོས་ཀྱི་དོན་ཀྱང་མ་གཟིགས་སམ། །ཆོས་དོན་ལེགས་པར་བགྱིད་ན་ནི། །སྲིད་པའི་དོན་མཆོག་ཐོབ་པར་འགྱུར། །བདག་ནི་ཆོས་ཀྱི་དོན་ལ་ལྟ། །ཆོས་ཀྱི་སྲིད་ཀྱང་ཐོབ་པར་འགྱུར། །ཁྱོད་ལ་གློ་བ་ཉེ་བའི་ཕྱིར། །བདག་ནི་གསོན་པར་མི་འཚལ་ལོ། །བྱང་ཆུབ་སེམས་དཔས་སྨྲས་པ། །མཛའ་བོ་ཉམས་ཉེས་གྱུར་པ་ལ། །གྲོགས་པོ་གང་དག་ཆོས་དྲན་ཞིང༌། །སྲོག་གི་ཕྱིར་ཡང་མི་གཏོང་བ། །དམ་པ་རྣམས་ཀྱི་ཆོས་ཡིན་བདེན། །དེ་བས་ཁྱོད་ཀྱིས་ཆོས་བཞིན་བྱས། །ང་ལ་གུས་པ་བསྟན་ཟིན་གྱི། །ངས་ནི་གསོལ་བ་བཏབ་པ་བཞིན། །ང་བདག་འདོད་པ་བཞིན་དུ་སོང༌། །དེ་ལྟར་བྱས་ན་རུང་བ་ནི། །མཛའ་བཤེས་ང་དང་བྲལ་བ་རྣམས། །བློ་གྲོས་ཕུན་སུམ་ཚོགས་པ་ཁྱོད། །སོང་ན་འབྱོར་པ་མཆོག་ཏུ་འགྱུར། །དེ་ལྟར་དེ་གཉིས་གཅིག་ལ་གཅིག །བྱམས་པའི་ཡིད་ཀྱིས་སྨྲས་པ་ལ། །འཆི་བདག་མངོན་སུམ་འོངས་པ་བཞིན། །རྔོན་པ་དེ་ཡང་འོང་བ་མཐོང༌། །དེ་ནས་ངང་པའི་མཆོག་དེ་གཉིས་ཀྱིས་རྔོན་པ་དེ་འོང་བ་མཐོང་བ་དང་ཅང་མི་སྨྲ་བར་འཁོད་དོ། །དེས་ཀྱང་ངང་པ་མང་པོ་དེ་དག་བྱེར་ཏེ་མེད་པར་གྱུར་པ་མཐོང་ནས། འདིར་འགའ་ཞིག་ནི་རྙིས་ཟིན་ཡང་དག་གོ་སྙམ་ནས། བློ་ལ་ངེས་པ་སྐྱེས་ཏེ་རྙི་བཙུགས་པའི་ནགས་རྣམས་ཉུལ་དུ་སོང་སོད་བ་དང༌། ངང་པའི་མཆོག་དེ་གཉིས་མཐོང་ངོ༌། །དེའི་གཟུགས་བཟང་པོ་དེས་ཡིད་ལ་ངོ་མཚར་ཆེར་གྱུར་ཏེ། གཉིས་ཀ་རྙིས་ཟིན་ཏོ་སྙམ་ནས། དེར་བཙུགས་པའི་རྙི་གཉིས་བསྒུལ་བ་དང༌། དེ་ནས་གཅིག་ནི་རྙིས་ཟིན་གཅིག་ནི་མ་ཟིན་པར་བདེ་བར་འདུག་བཞིན་དུ། རིམ་གྲོ་བྱེད་ཅིང་འདུག་པ་མཐོང་ནས། སྙིང་ལ་ཡང་མཚན་ཆེར་གྱུར་ཏེ། །བཞིན་བཟང་ལ་ཆེད་དུ་སྨྲས་པ། །བྱ་འདི་རྙི་ཡིས་ཟིན་


DTG168_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། །འཕུར་ཏེ་འགྲོ་བའི་མཐུ་རྩལ་མེད། །ང་ཡང་དྲུང་དུ་འོངས་བཞིན་དུ། །མཁའ་ལ་འཕུར་ཏེ་མི་འགྲོ་འམ། །ཁྱོད་ནི་མ་ཟིན་བདེ་བར་འདུག །འདབ་གཤོག་རྫོགས་ཤིང་མཐུ་དང་ལྡན། །ང་ནི་འདི་ལྟར་འོང་གྱུར་ཀྱང༌། །ཅི་ཕྱིར་མཁའ་ལ་མྱུར་མི་འགྲོ། །བཞིན་བཟང་གིས་དེ་སྐད་ཟེར་བ་ཐོས་ནས། ཚིག་འབྲུ་རབ་ཏུ་གསལ་ཞིང་སྤེལ་ལེགས་ལ་རང་བཞིན་གྱིས་ཡིད་དུ་འོང་ཞིང་བརྟན་པའི་ཡོན་ཏན་གྱི་གཟི་བྱིན་དང་ལྡན་པའི་སྒྲ་ཕྱུང་སྟེ། མིའི་སྐད་དུ་སྨྲས་པ། ནུས་བཞིན་དུ་ནི་མི་འགྲོ་བ། །བྱ་འདི་རྙི་ཡིས་ཟིན་གྱུར་ཏེ། །སྡུག་བསྔལ་ཆེན་པོ་མྱོང་བར་གྱུར། །དེ་ཕྱིར་ང་ནི་མི་འགྲོའོ། །ཁྱོད་ཀྱིས་འདི་ཡི་རྐང་པ་གཉིས། །རྙི་ཡི་ཞགས་པ་ཆེན་པོས་བཟུང༌། །བདག་ཀྱང་འདི་ཡི་ཡོན་ཏན་གྱི། །རྙིས་ནི་དེ་བས་དམ་དུ་ཟིན། །དེ་ནས་རྔོན་པ་དེ་རབ་ཏུ་ཡ་མཚན་ཆེར་གྱུར་ཏེ། བ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། བཞིན་བཟང་ལ་ཡང་སྨྲས་པ། ང་ཡིས་འཇིགས་ནས་ངང་པ་གཞན། །འདི་བོར་ནས་ནི་གུད་དུ་སོང༌། །ཁྱོད་ནི་འདི་ལྟར་འདི་མི་གཏོང༌། །བྱ་འདི་ཁྱོད་ཀྱི་ཅིར་འོང་གི །བཞིན་བཟང་གིས་སྨྲས་པ། ངང་པའི་རྒྱལ་པོ་སྲོག་དང་འདྲ་བའི་གྲོགས། །བདེ་བ་སྦྱིན་པ་དེ་ནི་ཉམས་ཉེས་གྱུར། །དེ་བས་བདག་གི་སྲོག་ནི་ཡལ་གྱུར་ཀྱང༌། །འདི་ནི་བཏང་བར་བདག་གིས་མི་ནུས་སོ། །དེ་ནས་བཞིན་བཟང་གིས་རྔོན་པ་དེ་ཡིད་མགུ་ཞིང་ཡ་མཚན་ཆེར་བྱེད་པར་ཤེས་ནས་ཡང་སྨྲས་པ། བཟང་པོ་བདག་ཅག་སྨྲས་པ་འདིས། །གལ་ཏེ་བདེ་བ་འབྱུང་འགྱུར་ཞིང༌། དེ་རིང་བདག་ཅག་བཏང་ན་ནི། །ཆོས་དང་ལྡན་པའི་གྲགས་པ་ཐོབ། །རྔོན་པས་སྨྲས་པ། ངས་ནི་ཁྱེད་ལ་གནོད་མི་བྱེད། །ཁྱོད་ནི་ང་ཡིས་བཟུང་བའང་མེད། །དེ་བས་ཁྱོད་ནི་ཅི་བ་དེར་སོང༌། །གཉེན་དང་འཕྲད་ཅིང་དགའ་བར་གྱིས། །བཞིན་བཟང་གིས་སྨྲས་པ། བདག་གི་སྡུག་བསྔལ་མི་བཞེད་ན། །བདག་གིས་གསོལ་བ་བཞིན་དུ་མཛོད། །གལ་ཏེ་གཅིག་གིས་མཉེས་གྱུར་ན། །འདི་ནི་ཐོང་ལ་བདག་ཟུང་ཤིག །བདག་ཅག་ཆུ་དང་ཞེང་ཡང་མཉམ། །ན་ཚོད་ལ་ཡང་རྒན་གཞོན་མེད། །འདི་ལྟར་བསླུས་པར་གྱུར་པ་ལ། །ཁྱོད་དང་བདག་


DTG168_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕམ་རྒྱལ་མེད། །བདག་ལ་ཐུགས་ཆེས་མི་འགྱུར་ན། །ཁྱོད་ཀྱིས་བདག་ཉིད་སྔར་ཟུང་ལ། །བྱ་ཡི་རྒྱལ་པོ་ཕྱི་ནས་ཐོང༌། །ཁྱོད་ཀྱི་རྙེད་པའང་དེ་བཞིན་ལ། །བདག་གིས་གསོལ་བའང་གནང་བར་མཛོད། །ངང་པ་མང་པོའང་དགའ་བར་གྱིས། །དེ་བས་མཛའ་བའང་དེ་བཞིན་འགྱུར། །ཁྱོད་ཀྱིས་བཏང་ནའང་ཇི་ལྟར་འགྱུར་བ་གཟིགས། །ངང་པ་མང་པོ་གྲགས་པའི་བདག་པོ་འདི། །ནམ་མཁའ་དངས་པའི་ནང་ན་རྣམ་མཛེས་པ། །ལྷ་མིན་རྒྱལ་པོ་ཟླ་བ་བཟང་པོ་བཞིན། །དེ་ནས་རྔོན་པ་དེ་སྙིང་སྲ་ཞིང་རྩུབ་པ་ལ་གོམས་ཀྱང༌། དེ་རང་གི་སྲོག་ལ་ཡང་མི་བལྟ་བར་ཇོ་བོ་ལ་སྙིང་ཉེ་ཞིང་བྱམས་པས་ཆུ་གང་ཁྲེལ་ལྟས་ཆེ་བའི་ཡོན་ཏན་གྱི་གཟི་བྱིན་དང་ལྡན་པ། བརྟན་ཞིང་འཇམ་པོར་སྨྲ་བའི་རྒྱན་གྱིས་བརྒྱན་པའི་ཚིག་དེས་སེམས་དུལ་བར་གྱུར་ནས་ངོ་མཚར་ཆེ་ཞིང་རབ་ཏུ་གུས་པའི་དབང་གིས་ཐལ་མོ་སྦྱར་ཏེ་བཞིན་བཟང་ལ་སྨྲས་པ། སྐལ་བ་ཆེན་པོ་ལེགས་སོ་ལེགས་སོ། །ཇོ་བོའི་དོན་དུ་སྲོག་བཏང་བ། །ཁྱོད་ཀྱིས་འདིར་ནི་གང་བསྟན་པ། །དེ་ལྟ་བུ་ཡི་ཆོས་བཟང་བ། །མི་འམ་ལྷ་ཡི་ནང་ན་དཀོན། །དེ་བས་ཁྱོད་ཀྱི་རྒྱལ་པོ་དེ། །མགུ་བར་བྱས་ནས་གཏང་བར་བྱའོ། །ཁྱོད་ཀྱི་སྲོག་པས་ཕོངས་དེ་ལ། །གནོད་པ་བྱེད་པ་སུ་ཞིག་ཡོད། །དེ་སྐད་ཅེས་སྨྲས་ནས། རྔོན་པ་དེས་རྒྱལ་པོ་དེའི་བཀའ་མཉན་པར་ངང་པའི་རྒྱལ་པོ་སྙིང་རྗེ་ཅན་དེ་ལ་རིམ་གྲོ་བྱས་ནས་རྙི་བཀྲོལ་ཏེ་བཏང་ངོ༌། །དེ་ནས་དང་པའི་སྡེ་དཔོན་བཞིན་བཟང་དེ། ངང་པའི་རྒྱལ་པོ་དེ་བཏང་བས་སྙིང་རབ་ཏུ་དགའ་བར་གྱུར་ཏེ། རྔོན་པ་ལ་དགའ་ཞིང་བྱམས་པའི་ལྟ་བས་བལྟས་ནས་སྨྲས་པ། ངང་པའི་རྒྱལ་པོ་ཁྱོད་ཀྱིས་དེ་བཏང་བས། །བདག་ནི་མཛའ་བོས་ཇི་ལྟར་དགའ་གྱུར་པ། །མཛའ་བོ་ཁྱོད་ཀྱང་གཉེན་དང་ལྷན་ཅིག་ཏུ། །སྟོན་བརྒྱ་མང་པོ་རབ་ཏུ་དགའ་བར་ཤོག །ཁྱོད་ཀྱི་ལས་བྱས་དོན་མེད་མི་འགྱུར་ཕྱིར། །ང་དང་ངང་པ་མང་པོའི་བདག་པོ་གཉིས། །བདེ་བར་ཟུང་ལ་ཁུར་གྱི་ངོར་བསྔོས་ཏེ། །ཕོ་བྲང་ནང་དུ་རྒྱལ་པོའི་སྤྱན་སྔར་བྲིམ། །ངང་པའི་རྒྱལ་པོ་གཡོག་དང་བཅས་གཟིགས་ནས། །རྒྱལ་པོ་དེ་ནི་ངེས་པར་དགྱེས་པར་འགྱུར། །ཁྱོད་ལ་མགུ་བར་གྱུར་པའི་ནོར་ཆེན་རྣམས། །དེ་ཡང་


DTG168_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མི་རེ་བ་དག་སྩོལ་བར་འགྱུར། །དེ་ནས་དེས་དེ་ལྟར་གལ་གྱིས་གཅུས་པ་དང༌། རྔོན་པ་དེས་བསམས་པ། འདི་ལྟ་བུའི་ངང་པ་ངོ་མཚར་རྨད་དུ་བྱུང་བ་འདི་གཉིས་རེ་ཞིག་རྒྱལ་པོའི་སྤྱན་སྔར་བྲིམ་མོ་སྙམ་ནས། ངང་པའི་མཆོག་དེ་གཉིས་ཁུར་གྱི་ངོར་བསྔོས་ཏེ། བདེ་ཞིང་མ་བཅིངས་པར་ཁྱེར་ཏེ་སོང་སོང་ནས་རྒྱལ་པོའི་སྤྱན་སྔར་བྲིམ་མོ། །བདག་གིས་ངང་པའི་རྒྱལ་པོ་འདི། །སྡེ་དཔོན་དང་བཅས་འཚལ་ཏེ་མཆིས། །རྨད་དུ་བྱུང་བའི་སྤྱན་གཟིགས་འདི། །རྒྱལ་པོའི་སྤྱན་སྔར་བྲིམ་དུ་གསོལ། །དེ་ནས་རྒྱལ་པོ་དེ་ཡ་མཚན་ཆེ་ཞིང་སྙིང་རབ་ཏུ་དགའ་བར་གྱུར་ནས། ངང་པའི་མཆོག་གསེར་གྱི་ཕ་བོང་འདྲ་བ་གཟི་མདངས་དང་ལྡན་པའི་གཟུགས་ཡིད་དུ་འོང་བ་དེ་གཉིས་ལ་བལྟས་ནས། རྔོན་པ་དེ་ལ་སྨྲས་པ། བྱ་འདི་གཉིས་ནི་མ་བཅིངས་ལ། །སྣད་ཅིང་སྨས་པའང་ཡང་མེད་པར། །ཁྱོད་ནི་ས་ལ་འགྲོ་བ་ཡིས། །ཇི་ལྟར་ཟིན་པ་ཞིབ་ཏུ་སྨྲོས། །དེ་སྐད་ཅེས་སྨྲས་པ་དང༌། རྔོན་པ་དེས་རྒྱལ་པོ་ལ་ཕྱག་འཚལ་ནས་སྨྲས་པ། མཚོ་དང་ལུ་མའི་འགྲམ་དག་ན། །བྱ་རྣམས་རྒྱུ་བའི་ས་ཕྱོགས་སུ། །བྱ་རྙི་རབ་ཏུ་མི་བཟད་པ། །བདག་གིས་ཤིན་ཏུ་མང་པོ་བཙུགས། །དེ་ནས་ངང་པའི་མཆོག་འདི་ནི། །བག་ཕབ་དོགས་པ་མེད་པར་རྒྱུ། །རྙི་རྣམས་བཙུགས་པ་དེ་དག་གིས། །རྐང་པ་གཉིས་ནས་ཟིན་པར་གྱུར། །གཅིག་ནི་མ་ཟིན་དེ་ལ་འཁོར། །བདག་ལ་དེ་ཡིས་གསོལ་བ་བཏབ། །ངང་པའི་རྒྱལ་པོའི་སྲོག་གླུད་དུ། །བདག་ཉིད་མཆིས་བགྱིས་ཟེར་བར་གྱུར།། མི་ཡི་སྐད་དུ་ཚིག་སྨྲས་པ། །རྣམ་པར་གསལ་ལ་ཚིག་འབྲུ་འཇམ། །བདག་གིས་སྲོག་ཀྱང་ཡོངས་བཏང་ཞིང༌། །གསོལ་བ་འདེབས་ཤིང་གཟི་བྱིན་ཆེ། །དེ་བས་འདི་ཚིག་རབ་ཏུ་འཇམ་པ་དང༌། །རྗེ་ལ་སྙིང་ཉེ་སྤྱོད་ཚུལ་བརྟན་པ་དེས། །བདག་ནི་མགུ་བར་གྱུར་ནས་འདི་ཡི་རྗེ། །བདག་གིས་ཁྲོ་བ་བཏང་ནས་འདི་ཡང་བཏང༌། །དེ་ལྟར་བྱ་རྒྱལ་འདི་ནི་བཏང་བ་ཡིས། །དགའ་བར་གྱུར་ནས་སྙན་པ་མང་དུ་སྨྲས། །བདག་གི་སུག་ལས་དོན་མེད་མི་འགྱུར་ཕྱིར། །ཁྱོད་ཀྱི་སྤྱན་སྔར་བྲི་མ་ཞེས་བདག་ལ་མཆིས། །དེ་བས་འདི་ནི་བྱའི་གཟུགས་ཅན་ཆོས་དང་མཐུན་པ་གཞན་ཞིག་


DTG168_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །གང་གིས་བདག་གི་སེམས་ཀྱང་དེ་མ་ཐག་ཏུ་འཇམ་ཞིང་མཉེན་པར་གྱུར། །དེ་བས་བདག་གིས་བྱ་ཡི་རྒྱལ་པོ་རྙི་ལས་བཀྲོལ་ཏེ་བཏང་བ་དང༌། །བདག་ལ་དྲིན་གཟོ་ཕྱིར་ནི་རྗེ་ཁོལ་བཅས་ཏེ་ཁྱོད་ཀྱི་སྤྱན་སྔར་མཆིས། །རྒྱལ་པོ་དེས་དེ་སྐད་ཐོས་ནས་རབ་ཏུ་དགའ་ཞིང་ཡིད་ལ་ངོ་མཚར་ཆེར་གྱུར་ཏེ། གསེར་གྱི་སྟན་ཁྲི་རྒྱལ་པོའི་གདན་དུ་འོས་པའི་ཁྲི་དེས་རྐང་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འོད་ཟེར་འཕྲོ་ཞིང་སྡུག་པ། ལྷའི་གདན་རིམ་པ་དུ་མར་བཤམས་ཤིང་བཟང་བ་རྒྱབ་རྟེན་བདེ་ཞིང་ཉམས་དགའ་བས་བརྒྱན་པ། རྐང་རྟེན་བཙུགས་པ་གཅིག་དང་པའི་རྒྱལ་པོ་དེའི་སྟན་དུ་ཐིངས་ཤིག་ཅེས་བཀའ་སྩལ་ཏོ། །བློན་པོ་ཆེན་པོའི་གདན་ཁྲི་གཅིག་ནི་བཞིན་བཟང་གི་སྟེན་དུ་ཐིངས་ཤིག་ཅེས་བསྒོས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ད་ནི་དགའ་བར་གྱུར་པའི་གཏམ་བྱ་བའི་དུས་ལ་བབ་པོ་སྙམ་ནས། དྲིལ་བུ་ལྟར་སྙན་པའི་སྐད་ཕྱུང་སྟེ། རྒྱལ་པོ་ལ་སྨྲས་པ། གཟི་བྱིན་ཆེ་ཞིང་མདངས་དང་ལྡན་པའི་སྐུ། །བདེ་བར་གནས་ཁྱོད་ད་ལྟ་ཐུགས་བདེ་འམ། །ཁྱོད་ཀྱི་ཆོས་ཀྱི་སྐུ་ལ་རྨ་མེད་དམ། །བཀའ་ལུང་སྙན་པས་རྒྱ་ཆེར་དབུགས་ཕྱུང་ངམ། །ཕན་བཏགས་ནན་ཏུར་བགྱི་བའི་བཀའ་ཁྲིམས་ཀྱིས། །འབངས་ཀྱི་སྐྱེ་དགུ་བསྲུང་བའི་དབང་བསྐུར་ཏམ། །བདག་གི་གྲགས་པའི་གཏམ་སྙན་རྒྱས་གྱུར་ཏམ། །འབངས་རྣམས་གློ་བ་ཉེ་ཞིང་ཕན་བཏགས་སམ། །བློན་པོ་མཛངས་ཤིང་གློ་བ་ཉེ་རྣམས་ལ། །བརྟག་པའི་ཐབས་ཀྱིས་ལེགས་པར་བརྟགས་ལགས་སམ། །འབངས་ལ་སྨན་པ་རྟག་ཏུ་དགོངས་ལགས་སམ། །དེ་དག་མི་མཁྱེན་པ་ནི་མི་བཞུགས་གྲང༌། །དཔའ་ཞིང་ཐབས་ལ་མཁས་པའི་ཐུགས་རྗེ་ཅན། །རྒྱལ་ཕྲན་དེ་དག་བཀའ་ནི་ཉན་ལགས་སམ། །ཐུགས་རྗེ་ཆེན་པོའི་མཛད་པ་མ་ལགས་སམ། །ཐུགས་ཆེན་བག་མེད་པར་ནི་མི་མནལ་གྲང༌། །ཆོས་དང་བདེ་དང་སྲིད་རྣམས་མཐུན་ལགས་སམ། །ཁྱོད་ཀྱི་སྤྱོད་པ་དམ་པ་དགའ་བ་ཡི། །གྲགས་པ་ཕྱོགས་སུ་རྒྱས་པར་གྱུར་པ་ཡིས། །དགྲ་རྣམས་ཤུགས་འབྱིན་སྤྱོད་པར་གྱུར་ལགས་སམ། །དེ་ནས་རྒྱལ་པོ་དེ་སེམས་རབ་ཏུ་དང་ཞིང་དབང་པོ་རྣམས་ཀྱང་དང་ལ་གསལ་བར་གྱུར་


DTG168_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལ་སླར་སྨྲས་པ། ངང་པ་དེ་རིང་བདག་ཀྱང་བདེ། །ཐམས་ཅད་དུ་ཡང་བདེ་བར་འགྱུར། །དམ་པ་བདག་དང་འཕྲད་པས་འདིར། །ཡུན་རིང་བསམ་པ་འགྲུབ་པར་གྱུར། །ཁྱོད་ནི་རྙི་ཡིས་ཟིན་པ་ན། །དགའ་བས་སེམས་ནི་གཡེངས་གྱུར་ནས། །ཁྱོད་ལ་དབྱུག་པས་བརྡེགས་ནས་ནི། །འདི་ཡིས་སྣད་པར་མ་བྱས་སམ། །དེ་ལྟར་རྔོན་པ་འདི་དག་ནི། །བྱ་རྣམས་ཟིན་ཅིང་སྣད་གྱུར་ཏེ། །དགའ་བས་སེམས་ནི་གཡེངས་གྱུར་ན། །ངན་པ་དག་ཀྱང་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ལྟ་བུར་ནི་ཉམས་ཉེས་ཀྱང༌། །རྒྱལ་པོ་ཆེན་པོ་བདེ་ཞིང་མཆིས། །འདིས་ཀྱང་བདག་ལ་དགྲ་བཞིན་དུ། །གནོད་པ་ཅི་ཡང་མ་བགྱིས་སོ། །བཞིན་བཟང་འདི་ཡང་མ་ཟིན་པར། །བདག་ལ་བྱམས་པས་ཟིན་བཞིན་འདུག །འཇམ་པོར་སྨྲས་པ་མཐོང་བ་དང༌། །ངོ་མཚར་ཆེ་བར་གྱུར་པ་ཡིས། །འདི་ཡི་ཚིག་ནི་འཇམ་པོ་ཡིས། །དེ་ནས་ཡིད་ནི་མགུ་གྱུར་ནས། །དུལ་ཞིང་རིམ་གྲོ་ཆེར་བསྐྱེད་དེ། །བདག་ནི་འདི་ཡིས་རྙི་ལས་བཀྲོལ། །དེ་བས་འདི་ལྟར་བཞིན་བཟང་གིས། །འདི་ལ་ཕན་ཡོན་གདགས་པ་དང༌། །བདེ་བ་ཆེན་པོ་འབྱུང་བའི་ཕྱིར། །བདག་ཅག་གཉིས་ནི་འདིར་མཆིས་སོ། །རྒྱལ་པོས་སྨྲས་པ། བསམ་པ་གཉིས་ནི་འདིར་བྱོན་ཏེ། །ཁྱེད་གཉིས་བྱོན་པ་རབ་ཏུ་ལེགས། །ཁྱེད་གཉིས་མཐོང་བར་གྱུར་པས་ན། །བདག་ནི་རབ་ཏུ་དགའ་བར་གྱུར། །རྔོན་པ་འདི་ཡང་དེ་རིང་ནས། །དོན་ཆེན་གྲུབ་པ་གཟིགས་སུ་གསོལ། །འོ་སྐོལ་གཉིས་ཀ་དགའ་བགྱིས་པས། །འདི་ནི་མགུ་བར་འགྱུར་བར་རིགས། །དེ་སྐད་ཅེས་སྨྲས་ནས། རྒྱལ་པོ་དེས་རྔོན་པ་དེ་ལ་ནོར་རབ་ཏུ་མང་ཞིང་རྒྱ་ཆེ་བ་བྱིན་ཏེ་མགུ་བར་བྱས་ནས། ཡང་རྒྱལ་པོས་སྨྲས་པ། ཁྱེད་གཉིས་ཆེད་དུ་བདག་གི་ཁྱིམ་དུ་བྱོན། །དེ་བས་བདག་ལ་འཛེམ་དོགས་མ་མཆིས་པར། །ཅི་དང་ཅི་བཞེས་དེ་དག་བདག་ལ་གསུངས། །བདག་གི་བདོག་པ་ཁྱེད་དང་ཐུན་མོང་ལགས། །མཛའ་བོས་སྤོབས་ཏེ་དོགས་མེད་ཚིག་གསལ་བ། །ལོངས་སྤྱོད་བདོག་ལ་བསླངས་ནས་མགུ་གྱུར་པ། །དེ་ལྟ་བུ་ནི་ནོར་གྱིས་མགུར་མི་འགྱུར། །དེ་བས་མཛའ་བོའི་སྤོབས་


DTG168_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕན་ཡོན་ཆེ། །དེ་ནས་རྒྱལ་པོ་དེས་བཞིན་བཟང་ལ་སྨྲར་གཞུག་པར་འདོད་ནས་འཛུམ་དམུལ་ཏེ་བཞིན་བཟང་ལ་བལྟས་ནས་སྨྲས་པ། སྐྱེ་བོ་གསར་བུ་བཤེས་ཤིང་མ་འདྲིས་པ། །རབ་ཏུ་སྤོབས་ཤིང་བག་ཕབ་མི་རུང་ཡང༌། །དེས་ཤིང་མཉམ་པར་བཞག་པའི་ཚིག་དག་གིས། །ཞེ་སར་བཅས་ཤིང་སྙན་པར་མི་སྨྲ་མིན། །དེ་བས་ཚིག་ཙམ་སྨྲ་བ་ཡིས། །བདག་ནི་སྤོབས་པར་རེ་བ་དང༌། །ཕྱི་ཕྱིར་མཛའ་བར་འདོད་པ་དང༌། །བསམ་པ་དོན་ཡོད་བགྱི་བར་རིགས། །དེ་སྐད་ཅེས་སྨྲས་པ་དང༌། ངང་པའི་སྡེ་དཔོན་བཞིན་བཟང་གིས་དེ་ལ་ཚུལ་བཞིན་དུ་ཕྱག་འཚལ་ཏེ་སྨྲས་པ། དབང་ཆེན་འདྲ་བ་ཁྱོད་དང་གཉིས། །དེ་ལྟར་བཀའ་མཆིད་གསུངས་པ་ནི། །རབ་ཏུ་དགྱེས་པའི་ཚུལ་བསྟན་ན། །སུ་ཞིག་ཡིད་ལ་བསམ་མི་རྫོགས། །མི་ཡི་བདག་པོ་བཀའ་མཆིད་གསུང་བཞིན་ལ། །བྱ་ཡི་བདག་པོ་རབ་ཏུ་དགའ་བཞིན་དུ། །བཀའ་མཆིད་དེ་ལྟའི་ནང་དུ་འབངས་དག་གིས། །སྤྱི་བརྟོལ་བསྐྱེད་དེ་སྨྲ་བ་གལ་རིགས། །ཡ་རབས་དུལ་བའི་ཚུལ་ནི་དེ་མ་ལགས། །དེ་ལྟར་འཚལ་བཞིན་རབ་ཏུ་ཇི་ལྟར་འཇུག །རྒྱལ་པོ་ཆེན་པོ་དེ་བས་བདག་མི་སྨྲ། །བཟོད་པར་མཛད་པའི་རིགས་ན་བཟོད་པར་གསོལ། །དེ་སྐད་ཅེས་སྨྲས་པ་དང༌། རྒྱལ་པོ་རབ་ཏུ་དགའ་ཞིང་བཞིན་གྱི་མདངས་ཕྱུང་ནས་བཞིན་བཟང་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཡོན་ཏན་གཏམ་སྙན་མི་རྣམས་ཟེར་བར་རིགས། །ངང་པའི་བདག་པོ་དང་ཡང་གྲོགས་པོ་འཐམས་པར་རིགས། །དུལ་བ་དང་ནི་ཚུལ་ལ་མཁས་པ་འདི་ལྟ་བུ། །རང་གི་སེམས་ནི་མ་སྦྱངས་ག་ལ་ཡོད། །དེ་བས་བདག་ཅག་མཛའ་བ་འདི། །ཅི་ནས་རྒྱུན་མི་ཆད་པ་དང༌། །དེ་བཞིན་བདག་ལ་སྤོབས་པར་གྱིས། །ཡ་རབས་འཕྲད་པ་ཉམས་མ་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་རབ་ཏུ་མཛའ་པར་འདོད་པ་དང་བྱམས་པར་ཤེས་ནས། དེ་ལ་མགུ་བར་བྱེད་ཅིང་འདི་སྐད་ཅེས་སྨྲས་སོ། །དང་པོ་བཤེས་པར་གྱུར་པ་ནའང༌། །བདག་ཉིད་ཆེན་པོའི་ཚུལ་འཛིན་པས། །མཛའ་བོ་དམ་པས་བྱ་བ་གང༌། །དེ་ནི་ཁྱོད་ཀྱིས་བདག་ལ་བྱས། །བཀུར་སྟི་བགྱི་བའི་ཆོ་ག་འདིས། །


DTG168_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བདག་ལ་གང་བསྟན་པ། །རྒྱལ་པོ་ཆེན་པོ་སུ་ཡིས་སེམས། །དྲན་བཞིན་དམིགས་པར་མི་འགྱུར་མཆིས། །དགོས་པ་ལྟ་ཞིག་ཆེད་ཆེ་ཅི་ཞིག་མཆིས། །རྒྱལ་པོ་ཆེན་པོ་ཁྱོད་ལ་བརྟེན་ཞིང་ལྟ། །ཁྱོད་ནི་མགྲོན་ལ་དགའ་ཞིང་ཡོན་ཏན་འདོད། །འདི་ལྟར་གྱུར་པ་ངེས་པར་གོམས་པ་ཡིས། །འབངས་ལ་ཕན་ཕྱིར་རྒྱལ་པོའི་ཚུལ་འཛིན་པ། །དྲང་སྲོང་མཉམ་གཞག་དཀའ་ཐུབ་འབད་པ་བཞིན། །ཁྱོད་ཀྱི་ཡོན་ཏན་རང་གི་ངང་གིས་གནས། །རང་བཞིན་དུལ་བ་ཁྱོད་ལྟ་ལགས་ཀྱང་མོད། །དེ་བས་བསྟོད་པར་འོས་པའི་ཡོན་ཏན་བདེ།། འབྱུང་པོ་ངེས་པའི་གཅོང་རོང་མི་འདོད་དོ། །ཡོན་ཏན་སྐྱོན་གྱི་ཆོས་ཉིད་འདི་ཤེས་ནས། །སེམས་ཡོད་སུ་ཞིག་མི་ཕན་ལམ་ངན་འགྲོ། །དཔའ་བས་ཡུལ་འཁོར་ཐོབ་པར་མི་འགྱུར་ལ། །ནོར་དང་རྩོལ་ཕོད་ཐབས་ཀྱིས་དེ་མི་ཐོབ། །ཡོན་ཏན་མེད་ན་ནོར་གོས་འབད་མི་ཕན། །རྒྱལ་པོ་ཡོན་ཏན་གྱིས་ནི་ཐོབ་པར་འགྱུར། །ལྷ་ཡི་དབང་པོའི་དཔལ་ཡང་ཡོན་ཏན་ལྟོས། །ཡོན་ཏན་ཡོད་ན་རྒྱུད་ཀྱང་རབ་ཏུ་འཕེལ། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའི་མཐུ་ཡང་ཡོན་ཏན་གནས། །ཟླ་བའི་འོད་ལས་གསལ་བའི་ཡོན་ཏན་ནི། །དགྲ་བོ་མི་བཟད་དྲེགས་པས་སྡང་བ་དང༌། །འཁོན་སྙིང་ཡོད་ཅིང་ཕྲག་དོག་ཆེ་བ་དང༌། །ཡིད་ནི་དང་ཞིང་རབ་ཏུ་མགུ་བར་བྱེད། །རྒྱལ་པོ་དེ་ལྟར་དུལ་ལ་སོགས་པ་ཡི། །ཡོན་ཏན་བཟང་ཞིང་ཆེ་བ་མ་ཉམས་པར། །རྒྱལ་ཕྲན་དྲེགས་པ་མཐུ་ཡིས་བཏུལ་ནས་ནི། །ས་འདི་སྐྱོང་ལ་འབངས་ཀྱང་བསྐྱང་དུ་གསོལ། །འབངས་ལ་ཕན་གདགས་རྒྱལ་པོའི་དོན་གྱི་མཆོག །རྒྱལ་པོ་ཆོས་ལ་དགའ་བར་གྱུར་ན་ནི། །ཚེ་རབས་གཉིས་ཀ་བདེ་བའི་ལམ་འདི་ཡིན། །རྒྱལ་པོའི་སྤྱོད་པ་བཞིན་དུ་འབངས་ཀྱང་སྤྱོད། །དེ་བས་ཆོས་བཞིན་ས་ལ་གནས་པ་སློབས། །སུམ་ཅུ་རྩ་གསུམ་རྗེ་ཡང་ཁྱོད་ལ་བསྲུང༌། །ཁྱོད་ཀྱི་དྲུང་ན་བདེ་བར་གནས་གྱུར་ཀྱང༌། །བདག་གི་གྲོགས་མང་སྡུག་བསྔལ་འབོད་པ་བཞིན། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་དེའི་ཚིག་དེ་ལ་མངོན་པར་དགའ་བར་གྱུར་ནས། བཀུར་སྟི་དང་ཚིག་སྙན་པར་སྨྲས་ཏེ། ངང་པའི་གཙོ་བོ་དེ་གཉིས་


DTG168_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བཀྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོན་གྱི་ནམ་མཁའི་དཀྱིལ་རལ་གྲི་དྲི་མ་མེད་པ་ལྟར་སྔོ་ཞིང་དངས་ལ་མཛེས་པ་ལ་འཕུར་ནས། བཞིན་བཟང་དེའི་ཕྱི་བཞིན་དུ་འབྲང་བ་ནི། གཟུགས་བརྙན་དྲུང་ན་འདུག་པ་དང་འདྲ་བར་བྱས་ཏེ། ངང་པའི་ཚོགས་མང་པོའི་དྲུང་དུ་འོང་བ་དང། མཐོང་མ་ཐག་ཏུ་རབ་ཏུ་དགའ་བ་དང་ལྡན་པར་བྱས་སོ། །དུས་དུས་དག་ཏུ་ངང་པའི་རྒྱལ་པོ་དེ། །གཞན་ལ་སྙིང་བརྩེའི་ཕྱིར་ནི་རྒྱལ་པོ་ཡི། །ཆེད་དུ་སོང་ནས་ཆོས་ཀྱང་སྟོན་པར་བྱེད། །རྒྱལ་པོ་དེས་ནི་མཆོད་པ་གུས་པར་བྱས། །དེ་ལྟ་བས་ན་དམ་པ་རྣམས་དུད་འགྲོར་ལྷུང་བའི་སྤྱོད་པ་ལ་ཡང༌། སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་མཐུན་པར་བྱ་བ་ཙམ་ཡང་མི་ནུས་ན། བདེ་འགྲོ་ལ་གནས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཚིག་སྙན་པ་ནི་གཉིས་ཀ་ལ་ཕན་པར་འགྱུར་བ་ཡིན་ནོ། །ཞེས་ཚིག་སྙན་པར་སྨྲ་བའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་དང་ལྡན་པས་དོན་བསྒྲུབ་དཀའ་བ་ཡང་གྲུབ་པར་གྱུར་ཏོ། །ཞེས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །གནས་བརྟན་ཀུན་དགའ་བོའི་སྔོན་གྱི་རིས་མཐུན་པ་ལ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་འགྲོགས་ཏེ། ཡུན་རིང་པོར་བྱམས་པ་དང་རབ་ཏུ་གུས་པ་འབའ་ཞིག་བྱེད་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པའོ།། །།བམ་པོ་བརྒྱད་པ། སྐྱེས་བུ་དམ་པ་རྣམས་ནི་ཕན་བཏགས་པ་ལ་དྲིན་དུ་གཟོ་བ་དང་བཟོད་པ་ལ་གོམས་པས་རིམ་གྲོ་མ་བྱས་ཀྱང་སྔོན་ཕན་འདོགས་པ་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར་རོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཀུན་དུ་རྒྱུ་བྱང་ཆུབ་ཅེས་བྱ་བར་གྲགས་སོ། །དེ་ཁྱིམ་ན་གནས་བཞིན་དུ་འཇིག་རྟེན་པས་བསྔགས་པའི་གནས་རྣམས་ཀྱི་གོ་རིམས་ནི་རྒྱ་ཆེར་ཤེས། སྒྱུ་རྩལ་རྣམ་པ་སྣ་ཚོགས་ལ་ནི་མཁས་པར་བྱས། རབ་ཏུ་བྱུང་ནས་ཀྱང་འཇིག་རྟེན་ལ་ཕན་འདོགས་པར་བརྩོན་པས་ཆོས་ཀྱི་གཙུག་ལག་རྣམས་ལ་ལྷག་པར་ཡང་བློ་ཞེན་པར་གྱུར་ཏེ། དེ་དག་


DTG168_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་དཔོན་གྱི་གོ་འཕང་ཐོབ་པར་གྱུར་ཏོ། །དེ་བསོད་ནམས་དང་ལྡན་ཞིང་ཤེས་པ་རྒྱ་ཆེ་བ་དང་འཇིག་རྟེན་གྱི་སྤྱོད་ཚུལ་ལ་མཁས་པ་དང་ནན་ཏན་ཆེ་བའི་ཡོན་ཏན་དང་ལྡན་པས། གང་དང་གང་དུ་སོང་བ་དེ་དང་དེར་མཁས་པ་རྣམས་དང་མཁས་པ་ལ་དགའ་བ་རྣམས་དང༌། རྒྱལ་པོའི་བློན་པོ་རྣམས་དང༌། བྲམ་ཟེ་དང༌། ཁྱིམ་བདག་རྣམས་དང༌། གཞན་མུ་སྟེགས་ཅན་རྣམས་དང༌། རབ་ཏུ་བྱུང་བ་རྣམས་ཀྱིས་བཀུར་སྟི་བྱ་ཞིང་དྲན་པར་བྱ་བར་གྱུར་ཏོ། །བསོད་ནམས་གཞི་ལས་འབར་བའི་ཡོན་ཏན་རྣམས། །ནན་ཏན་བསྒྲུབ་པའི་བྱིན་གྱིས་དགའ་བར་གྱུར། །དགྲ་ཡང་རང་གི་གྲགས་པ་བསྲུང་བའི་ཕྱིར། །ལྷག་པར་བཀུར་སྟི་བྱེད་པ་ཉིད་དུ་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་འཇིག་རྟེན་ལ་ཕན་བཏགས་པའི་ཕྱིར། གྲོང་དང་གྲོང་ཁྱེར་དང་ལྗོངས་དང༌། གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་རྒྱུ་ཞིང་སོང་སོང་བ་ལས། རྒྱལ་པོ་ཞིག་གི་ཡུལ་གྱི་འདབ་ཏུ་ཕྱིན་པར་གྱུར་ཏོ། །དེའི་ཡོན་ཏན་གྱི་མཐུ་རྒྱ་ཆེན་པོ་དེས་ཐོས་ཤིང་དེ་རྒྱང་རིང་པོ་ནས་འོངས་པར་ཤེས་ནས་ཡིད་རབ་ཏུ་དགའ་སྟེ། རང་གི་སྐྱེད་མོས་ཚལ་ཉམས་དགའ་བའི་ས་ཕྱོགས་གཅིག་ཏུ་དེའི་གནས་བྱེད་དུ་བཅུག་གོ།། བསུ་བ་ལ་སོགས་པ་བཀུར་སྟི་ཆེར་བྱས་ཏེ། དེ་རང་གི་ཡུལ་དུ་བཞག་ནས་སློབ་དཔོན་ལ་སློབ་མས་བྱ་བ་བཞིན་དུ་རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བྱས་ཏེ་མཆོད་ཅིང་བཀུར་རོ། །ལོངས་སྤྱོད་ཡོན་ཏན་ཕུན་སུམ་ཚོགས། །ཁྱིམ་དུ་རེ་བའི་མགྲོན་འོངས་ནས། །ཡོན་ཏན་ཅན་ལ་དགའ་བ་རྣམས། །རབ་ཏུ་དགའ་ཞིང་སྤྲོ་བར་གྱུར། །བྱང་ཆུབ་སེམས་དཔས་ཀྱང་དེ་ལ་ཆོས་ཀྱི་གཏམ་ཡིད་དུ་འོང་ཞིང་རྣ་བར་སྙན་པ་རྣམས་ཀྱིས་ཕན་པར་འགྱུར་བའི་ལམ་བསྟན་པས་ཉི་མ་རེ་རེ་ཞིང་ཕན་འདོགས་པར་འགྱུར་རོ། །གུས་པ་མེད་ལའང་ཆོས་ལ་དགའ་བ་རྣམས། །གཞན་ལ་སྙིང་བརྩེ་ཕན་པའི་ཚིག་སྨྲ་ན། །ཕན་པར་འདོད་ཅིང་ཡོན་ཏན་དགའ་བ་ཡི། །སྐྱེ་བོ་སྣོད་གཙང་འདྲ་ལ་སྨོས་ཅིང་དགོས། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་དང་མཁས་པའི་ཐབས་ཐོབ་པ་རྣམས་འཁོར་ཚོགས་པའི་ནང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་


DTG168_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ཆེར་བྱས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་ལ་ཕྲག་དོག་གི་སེམས་སྐྱེས་ནས་མི་བཟོད་པར་གྱུར་ཏོ། །རང་གི་ཡོན་ཏན་གྲགས་པ་ཁྱད་པར་ཅན། །འགྲོ་བ་མགུ་བར་ནུས་པའི་མཐུ་ཅན་ལ། །ཡོན་ཏན་བཅོས་མས་བཀུར་སྟི་ཐོབ་པ་རྣམས། །ཕྲག་དོག་མེ་ནི་གོར་མ་ཆགས་པར་འབར། །དེ་ལ་གཙུག་ལག་གི་གཏམ་གྱིས་མངོན་སུམ་དུ་ཟིལ་གྱིས་མནན་མི་ནུས་ཤིང༌། རྒྱལ་པོ་ཆོས་ལ་བརྟེན་པའང་མ་བཟོད་ནས། ཐབས་དེ་དག་གིས་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་གྱུར་པ་བྱས་སོ། །ལྷ་ཀུན་ཏུ་རྒྱུ་བྱང་ཆུབ་ལ་ཐུགས་ཆེས་པར་མཛད་པར་མི་རིགས་སོ། །གདོན་མི་ཟ་བར་འདི་ནི་ལྷ་ཡོན་ཏན་ལ་དགྱེས་པ་དང་ཆོས་ལ་ཕྱོགས་པར་འཚལ་ནས། བརླག་པར་བགྱི་བའི་སླད་དུ་གཡོ་དང་བཅས་པའི་ཚིག་འཇམ་པོ་སྨྲ་ཞིང་སྤྱོད་པའི་ཉམས་དྲོད་འཛིན་པ་ལགས་ཏེ་ཉི་འོག་གི་རྒྱལ་པོ་འགའ་ཞིག་གིས་བྱ་མ་རྟ་བཏང་བར་ལགས་པར་གོར་མ་ཆགས་སོ། །དེ་ལྟར་ཅི་མངོན་ཞེ་ན། འདི་ལྟར་ཆོས་ཀྱི་བདག་ཉིད་ཅན་དུ་བགྱིས་ནས། ལྷའི་ཞལ་སྔ་ནས་ཅིག་ཁོ་ན་ཐུགས་རྗེ་ཆེ་བ་དང༌། ངོ་ཚ་མཁྱེན་ཞིང་འཇམ་དེས་ཅན་དུ་བསླབ་སྟེ་སྲིད་དང་འདོད་པ་དང་མི་མཐུན་པ་རྒྱལ་རིགས་ཀྱི་ཆོས་མ་ཡིན་པ་སྙན་དངགས་དང་མི་མཐུན་པ། ཆོས་ལ་སྐུལ་མ་འདེབས་ཤིང༌། སྙིང་རྗེ་དང་ལྡན་པ་བགྱི་བའི་དོན་དུ་བསྒྲུབ་ཅིང་ཆེད་ཆེར་བགྱིས་ནས་ཐབས་ཀྱིས་བག་འབེབས་སོ། །ཉི་འོག་གི་རྒྱལ་པོའི་ཕོ་ཉ་གཞན་དག་དང་བཤེས་ཤིང་འདྲུལ་ལ། འདི་ཉིད་ཀྱང་རྒྱལ་པོའི་གཙུག་ལག་གི་རྒྱུས་ལ་མི་མཁས་པ་ཡང་མ་ལགས་ཏེ། དེ་བས་ན་བདག་ཅག་ནི་འདི་ལ་གློ་བ་མི་ཆེས་སོ། །དེ་ནས་རྒྱལ་པོ་དེ་ལ་དབྱེན་གྱི་ཐབས་ཡང་དང་ཡང་དུ་ལན་དུ་མར་ཕན་པར་འདོད་པ་བཞིན་དུ་མི་མང་པོས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་ལ་ཡིད་མི་ཆེས་པར་གྱུར་ཏེ་བྱམས་པ་དང་བཀུར་སྟི་ཆུང་ཞིང་སེམས་སྔོན་དང་མི་འདྲ་བར་གྱུར་ཏོ། །འབྲུག་སྒྲ་དྲག་པོ་སེར་བ་འདྲ་བ་ཡི། །དབྱེན་གྱི་སེར་བ་རྡོ་རྗེ་འབབ་པ་ནི། །མིང་ཙམ་ཚོད་ཀྱིས་མཛའ་བ་བརྟན་པ་དག །ཉམས་ཤིང་ཞིག་པར་མི་འགྱུར་སུ་ཞིག་ཡོད། །དེ་ནས་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་དེ་ལ་བག་མི་འབེབས་ཤིང་དགའ་དགའ་ལྟར་བྱེད་པ་བཏང་སྟེ་


DTG168_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་སྟི་ཆུང་བར་གྱུར་ནས། སྔོན་བཞིན་དུ་རིམ་གྲོ་མི་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་སེམས་གཙང་བས་རྒྱལ་པོ་རྣམས་འབངས་ཀྱི་བྱ་བ་མང་པོས་བློ་བྲེལ་ཏོ་སྙམ་ནས། དེ་ལྟར་གྱུར་པ་ཡིད་ལ་ཡང་མི་བྱེད་ན། དེའི་འཁོར་འཁོད་པ་རྣམས་གུས་པ་དང་རིམ་གྲོ་བྱེད་པ་ལ་གཡེལ་བར་གྱུར་པ་མཐོང་བ་དང༌། རྒྱལ་པོ་ཐུགས་མ་དགྱེས་པར་གྱུར་པ་ཤེས་ནས། ཀུན་ཏུ་རྒྱུའི་ཡོ་བྱད་དབྱུག་པ་གསུམ་དང་རིལ་བ་སྤྱི་བླུགས་ལ་སོགས་པ་ཁྱེར་ཏེ་འགྲོ་བར་ཆས་སོ། །དེ་ལྟར་གྱུར་པ་རྒྱལ་པོ་དེས་ཐོས་ནས་ད་དུང་འཁོན་བྱུང་བ་ཉིད་དུ་ཡང་མ་གྱུར་པས། དེས་ཤིང་དུལ་བའི་ཚུལ་བསྟན་ཏེ། དེའི་དྲུང་དུ་སོང་ནས་རྟབ་རྟབ་པོར་གྱུར་པ་འདྲ་བར་བྱས་ཏེ་སླར་ལོག་པར་འདོད་བཞིན་དུ་སྨྲས་པ། ཅི་ཕྱིར་འདི་ལྟར་འཕྲལ་དུ་བདག་པོར་ཏེ། །ཁྱོད་ནི་འགྲོ་བར་ཆས་པ་བཞིན་དུ་སེམས། །ནོངས་པར་དོགས་པ་འགའ་ཞིག་འབྱུང་བའི་གཞི། །བདག་གི་ནོངས་པ་ཁྱོད་ཀྱིས་མཐོང་ངམ་ཅི། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་སྨྲས་པ། །བདག་ནི་འཕྲལ་ལ་འདི་ལྟར་མི་མཆི་ཞིང༌། །བཀུར་སྟི་ཆུང་བ་ཙམ་གྱིས་ཁྲོས་མ་ལགས། །ཁྱོད་ནི་ཆོས་ཀྱི་སྣོད་དུ་མ་གྱུར་ཅིང༌། །གཡོ་དང་བཅས་པས་འདི་ནས་བདག་ནི་ཆ། །དེ་ནས་རྒྱལ་པོ་དེས་ཁྱི་གནང་ཆེན་ཅིག་ཁྲོས་ཞིང་ཟུག་སྟེ་སོ་གཙིགས་ནས་དེར་ཟར་འོངས་པ་བསྟན་ནས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་མི་མ་ལགས་པ་འདིས་མཆེ་བཞི་བགྱིས་པ་གཟིགས་སུ་གསོལ། ཁྱི་འདི་སྔོན་ནི་ཁྱོད་ཀྱི་རྗེས་འབྲང་ཞིང༌། །བདག་ལ་རབ་ཏུ་འདྲིས་པར་བགྱིས་པ་ལས། །མཛད་སྟངས་གསང་བར་ཤེས་པར་མ་གྱུར་ནས། །ཟུགས་ཤིང་ཟ་བས་ཁྱོད་ཀྱི་དགོངས་པ་བསྟན། །བདག་ལ་མགུས་རྩུབ་པ་ཅུང་ཟད་ཅིག །ཁྱོད་ལས་ངེས་པར་འདི་ཡིས་ཐོས་ལགས་གྲང༌། །དེ་བས་འདིས་ཀྱང་རྗེས་སུ་འབྲང་བར་གྱུར། །འཁོར་རྣམས་སྤྱོད་པ་ཁྱོད་ནི་དགྱེས་པར་བགྱིད། །དེ་ནས་རྒྱལ་པོ་དེ་བརྟགས་པ་ལ་བབ་པ་དང་ངོ་ཚ་བས་མགོ་སྨད་དེ་འདིའི་བློ་རྣོ་བ་དེས་སེམས་མི་དགའ་བར་གྱུར་ཏེ། ང་ནི་གཡོ་བྱ་བའི་དུས་ལ་མ་བབ་པོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཏེ་སྨྲས་པ། ཁྱོད་ལས་གླེང་ནས་བཀའ་མཆིད་འདི་ལྟ་བུ། །བདག་ཅག་ཚོགས་པའི་ནང་དུ་བགྱིས་ཀྱང་


DTG168_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མད་། །དགོས་པའི་དབང་གིས་བདག་གིས་ཡལ་བར་བོར། །དེ་བས་བཟོད་པར་མཛོད་ལ་མ་བཞུད་བཞུགས། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་བཀུར་སྟི་ཆུང་བའི་ཕྱིར་མི་བཟོད་དེ་མཆི་བ་མ་ལགས་ཀྱི་རྒྱལ་པོ་ཆེན་པོ་ད་ནི་མཆི་བའི་དུས་ལགས་པའི་སླད་དུ་མཆིས་སོ། །ཁྱོད་ཀྱིས་གཟིགས་སུ་གསོལ། བཀུར་སྟི་ཅུང་ཟད་བྲི་བར་གྱུར་པའི་ཚེ། །བདག་རང་ལངས་ཏེ་སོང་བར་མ་གྱུར་ན། །ཕོངས་ཤིག་འདུག་པ་ངན་ཞིང་བྱིས་པའི་ཆོས། །མ་བལྟས་ན་ནི་སླད་ཀྱིས་བསྐྲད་པར་འགྱུར། །དེ་བས་ན་ནི་མཆི་བའི་དུས་ལ་བབ། །མི་དགའ་བཞིན་དུ་མཆིས་སུ་ག་ལ་རུང༌། །ལན་ཅིག་ཙམ་གྱིས་སྨ་བབ་གྱུར་པ་ཡིས། །སྔོན་ཆད་ཕན་བཏགས་པ་ཡང་ག་ལ་སྙམ། །བྱམས་པའི་རླན་མེད་བརྟེན་དུ་མི་རུང་སྟེ། །ཁྲོན་པ་སྐམ་པོ་ཆུ་འདོད་མི་བསྟེན་བཞིན། །དེ་ལ་རབ་ཏུ་བསྒྲིམས་ཏེ་དོན་བསྒྲུབ་ཀྱང༌། །དེ་དོན་ཆུང་ཞིང་རྙོག་པ་ཅན་དུ་གྱུར། །བདེ་བ་འདོད་ཅིང་ཉོན་མོངས་མི་འདོད་པས། །མཚོ་ཆེན་སྟོན་ཀའི་ཆུ་གཙང་འདྲ་བ་ནི། །རབ་ཏུ་དངས་པ་ཉིད་ལ་བརྟེན་པར་རིགས། །ཚུལ་འདི་འཇིག་རྟེན་དག་ན་གསལ་བར་གྲགས། །གུས་པར་བྱེད་ཀྱང་གཞན་དུ་ཕྱོགས་པ་དང༌། །གཞན་དུ་ཕྱོགས་ཀྱང་ཞུམ་པས་དེ་ལ་ལྟ། །སྔོན་ཆད་ཕན་བཏགས་དྲིན་དུ་མི་གཟོ་པ། །མི་ཡི་གཟུགས་དེ་ཅི་ལགས་གཏོལ་མ་མཆིས། །མ་བརྟེན་པ་དང་རབ་ཏུ་བརྟེན་དྲགས་དང༌། །བསླང་བ་དྲགས་ན་བྱམས་པ་མེད་པར་འགྱུར། །དེ་བས་གནས་པའི་སྐྱོན་ལ་མཛའ་བའི་མཇུག་འདི་ནི། །བསྲུང་བར་འཚལ་གྱིས་བདག་ནི་རེ་ཞིག་མཆིས། །རྒྱལ་པོས་སྨྲས་པ། གལ་ཏེ་ཁྱོད་མི་འགྲོར་མི་བཏུབ་ཡང༌། །ང་ལ་སེམས་ནས་ད་རུང་སླར་ཡང་འདིར་བྱོན་ཅིང་བདག་སྤྱན་རས་ཀྱིས་བཙལ་བར་རིགས་སོ། །ཧ་ཅང་མ་བརྟེན་པ་ལས་འཁོན་བྱུང་བ་མི་རིགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་དག་ནི་བར་ཆད་མང་ལ་གནོད་པ་དང་དགྲ་མང་བས་གདོན་མི་འཚལ་བར་མཆིའོ་ཞེས་མཆིད་ཀྱིས་འཚལ་དུ་མི་རུང་ངོ༌། །གལ་ཏེ་མཆི་བའི་སྐབས་དང་ལྡན་ན་ཁྱོད་ཀྱི་ཞལ་ལྟའོ་ཞེས་བདག་ཉིད་ཆེན་པོ་དེས། རྒྱལ་པོ་དེ་ལ་ཚིག་འཇམ་པོས་དགའ་བར་བྱས་ནས། རྒྱལ་པོ་


DTG168_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བཀུར་སྟི་བྱས་ཏེ། དེའི་ཡུལ་ལས་བྱུང་སྟེ་སོང་ངོ༌། །དེ་ཁྱིམ་པ་དང་བརྟེན་པ་དེས། སེམས་མི་བདེ་བར་གྱུར་ནས་དགོན་པའི་གནས་ཞིག་ཏུ་གནས་ཏེ་བློ་བསམ་གཏན་ལ་བརྩོན་པར་དེ་ན་གནས་པ་ལས། རིང་པོར་མ་ལོན་པར་བསམ་གཏན་བཞི་དང༌། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །རབ་ཏུ་ཞི་བའི་བདེ་བའི་རོ་མྱོང་བ་དེས་རྒྱལ་པོ་ལ་སྙིང་བརྩེ་བའི་དྲན་པ་བྱུང་བར་གྱུར་པ་ནི། རྒྱལ་པོ་དེ་ད་ལྟ་ཇི་ལྟར་འདུག་སྙམ་པ་དང༌། དེ་ནས་དེས་འདི་ལྟར་བློན་པོ་དེ་དག་གིས་ལྟ་བ་གང་ལ་ཆགས་པ་དེ་དག་ལ་ལྟར་བཅུག་པ་མཐོང་ངོ༌། །དེ་ལ་བློན་པོ་ལ་ལས་ནི་རྒྱུ་བརྟགས་མི་བཟོད་པའི་དཔེ་རྣམས་ཀྱིས་རྒྱུ་མེད་པའི་ལྟ་བ་ལས་དྲངས་སོ། །པདྨའི་སྡོང་པོ་ལོ་མ་མེ་ཏོག་སྙིང་པོ་དང༌། །ཁ་དོག་དབྱིབས་དང་འཇམ་ལ་སོགས་པའི་རྒྱུ་ནི་གང༌། །བྱ་ཡི་འདབ་མ་སྣ་ཚོགས་རིས་སུ་བྲིས་པ་སུ། །འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་དེ་བཞིན་ངེས། །ཁ་ཅིག་ནི་དབང་ཕྱུག་གི་བློས་སྦྱར་བ་རྒྱུ་ཡིན་པར་སྟོན་ཏེ། འདི་དག་ཐམས་ཅད་རྒྱུ་མེད་བྱུང་བར་མི་རིགས་ཏེ། །འདི་ལ་ཀུན་ཏུ་བདག་པོ་མཐའ་ཡས་གཅིག་ཅིག་ཡོད། །སྣ་ཚོགས་འདི་དག་རང་དགར་བྱེད་པ་ངེས་པར་ཡོད། །འཇིག་རྟེན་བྱས་ན་ཕྱིས་ཀྱང་མཉམ་དུ་མེད་པར་བྱེད། །ཡང་ལ་ལས་ནི་བདེ་དང་མི་བདེ་བ་འདི་དག་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ཀྱི་འབད་པའི་མཐུས་བྱས་པ་མ་ཡིན་ནོ་ཞེས་དེ་ལ་དེ་ལྟར་འཛིན་དུ་བཅུག་གོ །དངོས་པོ་མཐའ་ཡས་སོ་སོར་གནས་པ་མང་པོ་རྣམས། །གཅིག་པུས་དུས་གཅིག་ཏུ་ནི་ཇི་ལྟར་བྱ་བར་ནུས། །བདེ་བར་བྱེད་ལའང་མཁས་པ་སྡུག་བསྔལ་མྱོང་བར་འགྱུར། །དེ་བས་འདི་དག་ཐམས་ཅད་སྔོན་གྱི་ལས་ལས་གྱུར། །གཞན་དག་ནི་ཆད་པར་ལྟ་བའི་གཏམ་གྱིས་དེ་འདོད་པའི་ལོངས་སྤྱོད་བྱེད་དུ་གཞུག་པའི་ཕྱིར་སྨྲས་པ། རྣམ་པ་སྣ་ཚོགས་ཁ་དོག་ཡོན་ཏན་ལྡན་པའི་ཤིང༌། །ལས་ཀྱིས་བྱས་པ་མ་ཡིན་འོན་ཀྱང་འབྱུང་བར་འགྱུར། །ཆུ་དགས་ན་རྣམས་ཀྱང་སླར་ནི་དེ་བཞིན་སྐྱེ་མི་འགྱུར། །འཇིག་རྟེན་དེ་དང་འདྲ་བར་བདེ་ལ་གཞོལ་བར་མཛོད། །ཁ་ཅིག་ནི་དེ་ལ་རྒྱལ་རིགས་ཀྱི་གཙུག་ལག་ལས་འབྱུང་བ་གཡོ་དང་དགྲ་ཐབས་དང་འབྲེལ་པ། སྙིང་རྗེ་མེད་ཅིང་


DTG168_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དང་བཅས་པ་ཆོས་དང་འགལ་བ་ལ། འདི་ནི་རྒྱལ་པོའི་ཆོས་ལགས་སོ་ཞེས་སྟོན་ཏོ། །བརྟེན་པའི་མི་རྣམས་ལ་ནི་གྲིབ་མའི་ལྗོན་ཤིང་བཞིན། །དེ་དག་ཇི་སྲིད་དགོས་པའི་དུས་ལ་མ་བབ་པ། །དེ་སྲིད་བྱས་པ་གཟོ་བས་རང་གི་གྲགས་པ་བསྲུང༌། །དགོས་པ་བྱུང་ན་མཆོད་སྦྱིན་ཕྱུགས་བཞིན་དེ་དག་སྤྱད། །དེ་ལྟར་བློན་པོ་དེ་དག་གིས་རྒྱལ་པོ་དེ་ལྟ་བ་ངན་པའི་ལམ་དེ་དང་དེ་དག་ཏུ་དྲངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་སྐྱེ་བོ་སྡིག་པ་ཅན་དག་བརྟེན་ཅིང་བློ་གཞན་གྱི་དྲིང་ལ་འཇོག་པས་ལྟ་བ་ངན་བའི་གཡང་སར་ལྷུང་དུ་ཉེ་བར་དགོས་ནས་དེ་ལ་སྙིང་བརྩེ་བར་གྱུར་ནས་དེ་ལས་བཟློག་པའི་ཐབས་བསམས་པ། ཡོན་ཏན་གོམས་པས་དགེ་བ་རྣམས། །ལེགས་པར་བྱས་པ་སེམས་ལ་གནས། །པདྨའི་འདབ་ལས་ཆུ་བོ་བཞིན། །ཉེས་པར་བྱས་པ་མི་ཆགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ད་ནི་དེའི་དུས་ལ་བབ་པོ་སྙམ་ནས། རང་གི་དཀའ་ཐུབ་ཀྱི་གནས་སུ་སྤྲེའུ་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། རྫུ་འཕྲུལ་གྱི་མཐུས་དེའི་པགས་པ་བཤུས་ཏེ། གཞན་མི་སྣང་བར་བྱས་ནས། དེས་སྤྲེའུའི་པགས་པ་ཆེན་པོ་སྤྲུལ་པ་དེ་གྱོན་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་ཕྱིན་པ་དང༌། ཆབ་སྒོ་བས་ཀྱང་སྦྲན་ནས། རྒྱལ་པོའི་འཁོར་ཚོགས་པ་གོ་རིམས་བཞིན་དུ་མི་འཁྲུག་པར་འཁོད་པའི་མཐའ་ནི་མཚོན་ཆ་ཐོགས་པ་རྣམས་ཀྱིས་བསྐོར། བློན་པོ་དང༌། བྲམ་ཟེ་དང༌། ཕོ་ཉ་དང༌། ནང་མི་གཙོ་བོ་རྣམས་ཀྱིས་ནི་གང༌། སྐྱེ་བོ་རྣམས་ཀྱི་ཆས་ནི་བརྟན་ཞིང་དུལ་ལ་རྒྱ་ཆེ། ཆབ་སྒོ་ཆེན་པོའི་སྒོ་བ་རལ་གྲི་དང་དབྱུག་པ་ཐོགས་པ་རྣམས་ཀྱིས་ནི་བསྲུང༌། མིའི་བདག་པོ་ནི་སེང་གེའི་ཁྲི་ལ་འདུག་པར་འོངས་སོ། །རྒྱལ་པོ་དེས་ཀྱང་བསུ་བ་ལ་སོགས་པ་མགྲོན་འོངས་པའི་བཀུར་སྟི་བྱ་བ་དང་སྙན་པར་སྨྲ་པ་གདན་བཏིང་བ་བྱས་ནས། སྤྲེའུའི་པགས་པ་གྱོན་པ་ངོ་མཚར་ཆེར་བཟུང་ནས་དྲིས་པ། འཕགས་པ་ལ་སྤྲེའུའི་པགས་པ་འདི་ཕུལ་བས་བདག་ཉིད་ལ་ཕན་པ་ཆེན་པོ་བཏགས་པ་སུ་ཞིག་ལགས། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་བདག་ཉིད་ཀྱིས་རྙེད་ཀྱི་གཞན་སུས་ཀྱང་མ་འཚལ་ཏོ། །ས་གཞི་རང་བཞིན་གྱིས་མཁྲད་བ་ལ། རྩྭ་ཀུ་ཤ་དང་རྩྭ་ཙམ་


DTG168_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་བ་ལ་མཆིས་ཤིང་ཉལ་བས་གདུངས་ན། ཆོས་ཀྱི་ཆོ་ག་བདེ་བླག་ཏུ་བགྱི་བ་རྡོ་མི་ཐོགས་ལ། སྤྲེའུ་ཆེན་པོ་འདི་ཡང་དཀའ་ཐུབ་ཀྱི་ནགས་ན་མཆིས་པ་བདག་གིས་མཐོང་ནས། དེ་ལ་བདག་གིས་བསམས་པ། བདག་གིས་ཆོས་སྤྱོད་པའི་ཡོ་བྱད་སྤྲེའུ་འདིའི་པགས་པ་རྙེད་དོ་སྙམ་མོ། །འདི་ལ་འདུག་གམ་ཉལ་ན་ཆོས་ཀྱང་འགྲུབ་ནུས་ལ། རྒྱལ་པོའི་མལ་སྟན་བཟང་པོ་ལམ་ཆགས་པར་ཡང་རང་གི་ཆོས་ཀྱི་ཆོ་ག་བསྒྲུབ་ཏུ་རུང་ངོ་སྙམ་ནས། བདག་གིས་དེའི་པགས་པ་བཅང་སྟེ་དེ་ཡང་མ་མཆིས་པར་བགྱིས་སོ། །དེ་སྐད་ཟེར་བ་ཐོས་ནས། རྒྱལ་པོ་དེས་དུལ་ཞིང་དེས་པའི་ཚུལ་བཟུང་སྟེ། བྱང་ཆུབ་སེམས་དཔའ་ལ་ཅི་ཡང་སླར་མ་སྨྲས་སོ། །དེ་ངོ་ཚ་བར་གྱུར་ནས་ཅུང་ཞིག་མ་གོ་སྨད་དེ་འདུག་གོ །དེ་ནས་བློན་པོ་དེ་དག་སྔོན་ཡང་སེམས་དཔའ་ཆེན་པོ་དེ་ལ་སེམས་མི་བཟོད་ཅིང་སྨྲ་བའི་སྐབས་རྙེད་བས་འཛུམ་དམུལ་ཏེ་མདངས་ཕྱུང་ནས་རྒྱལ་པོ་ལ་བལྟས་ནས། བྱང་ཆུབ་སེམས་དཔའ་དེ་བསྟན་ཏེ་སྨྲས་པ། ཨེ་མ་ཧོ། །ཁྱོད་ཀྱི་ཆོས་ལ་རྗེས་སུ་དགའ་བས་བློ་ལ་ལྟོས། །ཨེ་མ་ཧོ། །རྩོལ་ཕོད་པའི་མཐུ་ཆེ་ཞིང་བརྟན་ཀྱང་བཀའ་ཐུབ་ཀྱི་ནགས་ན་འདུག་བཞིན་དུ། གཅིག་པུས་དཀའ་ཐུབ་སྤྱོད་ཅིང་ལུས་ཉམ་ཆུང་ཡང༌། སྤྲེའུ་ཆེན་པོ་འདི་ལྟ་བུ་སོད་པ་ངོ་མཚར་ཆེའོ། །དཀའ་ཐུབ་གྲུབ་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔས་མ་ཁྲོས་པར་སྨྲས་པ། ཁྱོད་རང་གི་ལྟ་བ་བཟང་པོ་ལ་མི་ལྟ་བར་འདི་ལྟར་བདག་སྨད་པར་མི་རིགས་སོ། །འདིས་མཁས་པའི་གྲགས་པ་ཕྱིན་པར་མི་འགྱུར་རོ། །ཚེ་དང་ལྡན་པ་དག་གཟིགས་སུ་གསོལ། བདག་གི་ལྟ་ལ་གནོད་པའི་ཚིག །གང་གིས་གཞན་ལ་གནོད་བྱེད་པ། །དེ་ནི་བདག་ལ་གནོད་པ་ཡིས། །གཞན་གྱིས་མི་སྙན་སྒྲོགས་པར་འདོད། །དེ་ལྟར་བདག་ཉིད་ཆེན་པོ་དེས་བློན་པོ་དེ་དག་ལ་སྤྱིར་སྨྲས་པ། སོ་སོར་སྨྲ་བར་འདོད་ནས་བློན་པོ་རྒྱུ་མེད་པར་སྨྲ་བ་དེ་ལ་སྨྲས་པ། འགྲོ་བའི་ངོ་བོ་ཉིད་ཀྱིས་དེ་བཞིན་ཉིད་ཟེར་ན། །གལ་ཏེ་དེ་ལྟར་བདེན་ན་བདག་ལ་ཅི་ཞིག་སྨད། །སྤྲེའུ་ངོ་བོ་ཉིད་ཀྱིས་ཤི་བར་གྱུར་པ་ལ། །བདག་ལ་ཅི་ཕྱིར་སྡིག་འགྱུར་བསད་དུ་མ་ཟད་དམ། །དེ་སྟེ་དེ་བསད་བདག་ལ་སྡིག་ཏུ་གྱུར་ན་ནི། །


DTG168_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་འདི་ནི་རྒྱུ་ལས་གྱུར་པར་གྲུབ་པར་འགྱུར། །དེ་བས་རྒྱུ་མེད་སྨྲ་བ་འདི་ནི་དོར་བར་རིགས། །འདིར་ནི་དེ་སྐད་སྨྲ་བ་ཁྱོད་ལ་མི་རིགས་འགྱུར། །གལ་ཏེ་པདྨའི་སྡོད་བུ་སྐྱེས་ལ་སོགས་འདྲ་ན། །འོ་ན་རྟག་ཏུ་རྒྱུ་མེད་པར་ཡང་ཅིར་མི་འབྱུང༌། །ཆུ་ལ་སོགས་དང་ས་བོན་དག་གིས་དེ་བྱས་ངེས། །དེ་དག་ཡོད་ན་སྐྱེ་ལ་མེད་ན་མི་སྐྱེའོ། །གཞན་ཡང་ཚེ་དང་ལྡན་པ་དག་རེ་ཞིག་ལེགས་པར་རྟོགས་ཤིག །གཏན་ཚིགས་བཅས་པ་རྒྱུ་མེད་ཟེར་བ་ནི། །བདག་ཉིད་ཀྱིས་ནི་ཁས་འཆེས་སུན་ཕྱུང་ངོ༌། །དེ་སྟེ་གཏན་ཚིགས་བསྟན་པར་མི་འདོད་ན། །ཁས་འཆེས་ཙམ་གྱིས་འདི་ལ་ཅི་ཞིག་ཕན། །གང་ཞིག་ཁ་ཅིག་ཏུ་ནི་རྒྱུ་རྐྱེན་མ་མཐོང་བས། །དེ་ཉིད་ཀྱིས་ནི་ཐམས་ཅད་རྒྱུ་མེད་སྨྲ་ན་ནི། །དེ་དག་རྒྱུ་དང་བཅས་པར་མངོན་སུམ་མཐོང་བཞིན་དུ། །དེ་ལ་སྡང་བས་འགལ་བའི་ཚིག་ངན་སྨྲ་བར་འགྱུར། །གལ་ཏེ་གང་ནའང་རྒྱུ་ནི་ཡོད་པར་མ་མཐོང་ན། །དེ་ནི་མེད་ཅེས་ངེས་པར་ཅི་ལྟར་སྨྲ་བར་འགྱུར། །ཉི་མ་ནུབ་ཚེ་ཉི་མའི་དཀྱིལ་འཁོར་དྲི་མེད་བཞིན། །ཡོད་བཞིན་དུ་ཡང་རྒྱུ་རྐྱེན་གཞན་གྱིས་མི་སྣང་མོད། །གཞན་ཡང་ཁྱེད་ཅག་ཡིད་དུ་འོང་བའི་ཡུལ་ནི་བདེ་བར་འདོད་ཕྱིར་བརྟེན། །དེ་དང་འགལ་བ་དག་ནི་བརྟེན་པར་ཡོང་མི་འདོད། །དེ་ཡི་ཕྱིར་ཡང་རྒྱལ་པོ་དག་ལ་བརྟེན་པར་བྱེད། །རྒྱུ་ཡང་ཡོད་པ་མ་ཡིན་ཞེས་ནི་རྟག་ཏུ་སྨྲ། །གལ་ཏེ་དངོས་རྣམས་དེ་ལྟར་ཡིན། །རྒྱུ་ཡང་ཡོད་པར་མ་མཐོང་ན། །རྒྱུ་མེད་མཐོང་ན་སྤྲེའུ་བསད་པ། །བདག་ལ་སྨད་དུ་ཅི་ཞིག་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས་རྒྱུ་མེད་པར་སྨྲ་བ་དེ་གསལ་བ་རྣམས་ཀྱིས་སྤོབས་པ་མེད་པར་བྱས་ནས། དབང་ཕྱུག་རྒྱུར་སྨྲ་བ་དེ་ལ་བོས་ཏེ་སྨྲས་པ། ཆོས་དང་ལྡན་པ་དག་གིས་ཀྱང༌། བདག་དེ་ལྟར་སྨད་པར་མི་རིགས་སོ། །ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་གི་བྱེད་པར་ཁྱེད་འདོད་ན་ལྟོས་ཤིག །གལ་ཏེ་ཐམས་ཅད་དབང་ཕྱུག་བྱེད་ན་ནི། །འོ་ན་སྤྲེའུ་དེ་དེ་ཉིད་ཀྱིས་བསད་པས། །ཁྱེད་ནི་བདག་ལ་ཅི་ཕྱིར་སེམས་མི་དགའ། །གཞན་གྱི་ཉེས་པ་བདག་ལ་ཅི་ཕྱིར་བསྒོ། །དེ་ན་སྤྲེའུ་ཆེན་པོ་དེ་ཤི་བ། །དེ་ཡི་སྙིང་རྗེ་བལྟས་ཏེ་མ་བསད་ན། །འགྲོ་བའི་རྒྱུ་ནི་དབང་ཕྱུག་ཡིན་ཞེས་སུ། །ཁྱེད་ཅག་ཅི་ཕྱིར་རྒྱ་ཆེར་སྒྲོགས་པར་བྱེད། །ཀྱེ་བཟང་པོ་གཞན་ཡང་


DTG168_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དབང་ཕྱུག་གིས་བྱས་པར་ལྟ་ན། དབང་ཕྱུག་ལ་ནི་རེ་བ་ཡིས། །ཅི་ཕྱིར་ཕྱག་ལ་སོགས་པ་འཚལ། །ཁྱོད་ཀྱི་དེ་ནི་རང་བྱུང་སྟེ། །གང་གིས་བྱས་པ་དེ་ལས་ཡིན། །མཆོད་སྦྱིན་ཁྱོད་ཀྱིས་གང་བྱས་པ། །དེ་ནི་མི་བྱེད་མ་ཡིན་ཏེ། །བདག་ཉིད་འབྱོར་པ་ཐོབ་པའི་ཕྱིར། །གང་བྱེད་དེ་ཉིད་བྱེད་པ་པོ། །སྡིག་པ་ཆེན་པོ་མ་ལུས་པ། །གལ་ཏེ་དབང་ཕྱུག་བྱེད་ན་ནི། །དེ་ལ་གུས་པར་བྱེད་པ་དག །ཡོན་ཏན་ཅི་ཞིག་མཐོང་ནས་བྱེད། །སྡིག་པས་འཇིགས་ན་དེ་དག་ཀུན། །གལ་ཏེ་དེ་ནི་མི་བྱེད་ན། །ཐམས་ཅད་དབང་ཕྱུག་གིས་བྱས་ཞེས། །དེ་བས་སྨྲ་བར་མི་རིགས་སོ། །དེ་ཡང་དབང་ཕྱུག་ཉིད་དུ་གྱུར་པ་ནི། །ཆོས་སམ་གཞན་ནས་འགྱུར་གྲང་ན། །གལ་ཏེ་ཆོས་ལས་གྱུར་ན་ནི། །དེ་ཡི་སྔོན་རོལ་དབང་ཕྱུག་མིན། །གང་དག་གཞན་གྱིས་བྱས་གྱུར་པ། །དེ་ནི་བྲན་དུ་གྱུར་པ་ཉིད། །དབང་ཕྱུག་དེ་ནི་ཅི་ཡི་ཕྱིར། །རྒྱུ་ཡིས་བྱས་པར་མ་གྱུར་ཀྱེ། །དེ་ལྟར་གྱུར་ཀྱང་གུས་ཤིང་ཆགས། །རིགས་དང་མི་རིགས་པ་དོར་ནས། །གལ་ཏེ་འགྲོ་བ་མ་ལུས་པ་ཡི་རྒྱུར། །དབང་ཕྱུག་ཆེན་པོ་ཉིད་དུ་ཁྱོད་འདོད་ན། །དབང་པོས་སྤྲེའུའི་རྒྱལ་པོ་བསད་པའི་སྐྱོན། །བདག་ལ་སྐུར་པ་བཏབ་པ་མི་རིགས་སོ། །དེ་ལྟར་བདག་ཉིད་ཆེན་པོ་དེས་དབང་ཕྱུག་རྒྱུར་སྨྲ་བ་དེ་ལ་གཏན་ཚིགས་བཟང་པོ་རྣམས་ཀྱིས་ཤགས་མེད་པར་བྱས་ནས། སྔོན་གྱི་ལས་ཀྱིས་བྱས་པ་སྨྲ་བ་དེ་ལ་བོས་ཏེ་སྔོན་དུ་ལྟར་བཅུག་ནས་སྨྲས་པ་ནི། ཁྱེད་རྣམས་ཀྱང་བདག་ལ་སྨོད་པ་ལེགས་པ་མ་ཡིན་ནོ། །འདི་དག་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་སོ་ཞེས་པ་རྒྱལ་སྐྱེ་བ་དེའི་ཕྱིར་ཁྱེད་ལ་སྨྲའོ། །གལ་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ན་ནི། དེ་བས་སྤྲེའུ་འདི་བདག་གིས་བསད་པ་ཉེས་པ་མེད། །སྔོན་གྱི་ལས་ཀྱིས་དགོན་པ་མེས་ཚིག་གྱུར་པ་ལས། །གང་ཕྱིར་བདག་ལ་སྨད་པའི་སྡིག་པ་ཅི་ཞིག་ཡོད། །དེ་སྟེ་བདག་གིས་སྤྲེའུ་བསད་སྡིག་ཡོད་ན། །བདག་གིས་བསད་ཀྱི་སྔོན་གྱི་ལས་མ་ཡིན། །གལ་ཏེ་ལས་དང་ལས་ཀྱི་རྒྱུ་འདོད་ན། །དེ་ལྟར་ཡིན་ན་སུ་ཡང་གྲོལ་མི་འགྱུར། །སྡུག་བསྔལ་རྒྱུ་ལའང་གལ་ཏེ་བདེ་བར་འགྱུར། །བདེ་བ་བསྒྲུབ་ལའང་སྡུག་བསྔལ་གནས་པར་འགྱུར། །ད་ལྟར་གྱུར་ན་བདེ་དང་སྡུག་བསྔལ་


DTG168_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དག །སྔོན་གྱི་ལས་ཀྱིས་བྱས་པ་ངེས་པར་མངོན། །བདེ་དང་སྡུག་བསྔལ་དེ་ལྟར་གྱུར་པའང་མེད། །དེ་བས་སྔོན་གྱི་ལས་ཀྱི་རྒྱུ་མ་ཡིན། །གསར་དུ་བྱས་པའི་ལས་ཀྱང་མེད་པར་འགྱུར། །དེ་མ་གྲུབ་ན་སྔ་མའང་ཇི་ལྟར་འགྲུབ། །སྔོན་གྱི་ལས་ཀྱིས་ཀུན་བྱས་ཞེས། །འོན་ཀྱང་དེ་ལྟར་སེམས་ན་ནི། །ཅི་ཕྱིར་ལས་ནི་སྤྲེའུ་བསད་པ། །བདག་གིས་བྱས་པར་ཡོངས་སུ་བརྟག །དེ་ལྟར་བདག་ཉིད་ཆེན་པོ་དེས་སླར་བཟློག་ཏུ་མེད་པའི་གཏན་ཚིགས་རྣམས་ཀྱིས་དེ་ལྟར་མི་སྨྲ་བའི་དགའ་ཐུབ་བླངས་པ་བཞིན་དུ་བྱས། ཆད་པར་སྨྲ་བ་དེ་ལ་འཛུམ་དམུལ་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་བདག་དམོང་པ་ལ་འདི་ལྟར་དགའ་བར་འགྱུར། གལ་ཏེ་ཆད་པར་ལྟ་བ་དེ་ཁོ་ན་ཉིད་ཡིན་པར་སེམས་ན། འཇིག་རྟེན་ཕ་རོལ་མེད་ན་སུས་ཀྱང་ཅི་ཞིག་ཡང༌། །སྡིག་དང་དགེ་བ་དག་ལའང་སུ་ཞིག་འབད་དུ་ཡོད། །མཁས་པ་རྣམས་ཀྱང་རང་དགར་ཅི་བདེར་སྤྱོད་པའི་རིགས། །དེ་ལྟར་གྱུར་ན་སྤྲེའུ་དེ་བསད་ཀྱང་ཉེས་པ་མེད། །འགྲོ་བས་འཕྱ་བ་དག་གིས་འཇིགས་ནས་སུ། །སྡིག་པ་སྤོང་ཞིང་དགེ་ལ་གནས་ནས་ནི། །བདག་གི་ཚིག་དང་མི་མཐུན་སྤྱོད་པ་ཡིས། །འགྲོ་བས་འཕྱ་བ་འདི་ཡང་ཤེས་མི་འགྱུར། །འཇིག་རྟེན་ཚུལ་ལ་གནས་པར་འགྱུར་ན་ནི། །རང་གི་གཞུང་ལུགས་བདེ་བ་མི་ཐོབ་སྟེ། །དེ་བས་སྨྲ་བར་འཁྲུལ་བར་དོན་མེད་འགྱུར། །འདི་ནི་བྱིས་པའི་དུས་ན་ཐ་མ་ཡིན། །གང་ཡང་ཁྱེད་ཀྱིས་སྨྲས་པ་ལ། རྣམ་པ་སྣ་ཚོགས་ཁ་དོག་ཡོན་ཏན་ལྡན་པའི་ཤིང༌། །ལས་ཀྱིས་བྱས་པ་མ་ཡིན་འོན་ཀྱང་འབྱུང་བར་འགྱུར། །ཆུད་གཟན་རྣམས་ཀྱང་སླར་ནི་དེ་བཞིན་སྐྱེ་མི་འགྱུར། །འཇིག་རྟེན་དེ་དང་འདྲ་བརྒྱུ་ནི་གང་ཞིག་ཡིན། །དེ་ལྟར་གྱུར་ཀྱང་ཁྱེད་ཅག་ནི། །ཆད་པར་ལྟ་ལ་དག་འགྱུར་ན། །སྤྲེའུ་འམ་ཡང་ན་མི་ཡང་རུང༌། །གསོད་པ་སྨད་དུ་ཅི་ཞིག་ཡོད། །དེ་ལྟར་སེམས་དཔའ་ཆེན་པོ་དེས།། ཆད་པར་ལྟ་བ་དེ་ལ་ལན་བཏབ་པའི་རིམ་པ་ལེགས་ཤིང་གསལ་བས་ཅང་མི་སྨྲ་བར་བྱས་ནས། རྒྱལ་རིགས་ཀྱི་གཞུང་ལུགས་ལ་མཁས་པ་དེ་ལ་བོས་ཏེ་སྨྲས་པ། ཁྱེད་ཅག་བདག་ལ་ཅི་ཕྱིར་སྨོད། གལ་ཏེ་སྲིད་གཟུགས་པའི་གཙུག་ལག་ལས་འབྱུང་བའི་ཆོ་ག་རིགས་པར་སེམས་ན། སྲིད་


DTG168_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དགེ་འམ་མི་དགེའང་རུང༌། །ཅི་ཡང་རུང་བ་བྱས་ནས་སུ། །དེ་ནས་བདག་ཉིད་ཐར་ནས་ནི། །ནོར་ཀྱིས་ཆོས་ནི་བསྒྲུབ་པར་བྱ། །ཞེས་ཟེར་བ་དེའི་ཕྱིར་ཁྱོད་ལ་སྨྲའོ། །དགོས་པ་དག་ནི་འབྱུང་བར་གྱུར་པའི་ཚེ། །མཛའ་དང་གཉེན་ལའང་དགེ་ཚུལ་མི་ལྟ་ན། །སྤྲེའུ་འདི་པགས་པའི་ཕྱིར་ནི་ངས་བསད་ན། །གཙུག་ལག་གཞུང་ལུགས་ཀྱིས་ནི་སྨད་དུ་མེད། །འོན་ཏེ་སྙེང་རྗེ་མེད་ཕྱིར་སྨད་འགྱུར་རམ། །འདི་འདྲིའི་ལས་དག་འབྲས་བུ་སྡུག་བསྔལ་མཐོང༌། །གཞུང་ལུགས་སྣང་བ་བཞིན་དུ་མི་བྱེད་པར། །གང་གི་སྒོ་ནས་ཁྱོད་ཀྱིས་འདི་ལྟར་བྱེད། །གང་ན་རིགས་པའི་གཞུང་ལྡན་འདི་འདྲ་བ། །དེ་ནི་མ་རིག་འཁྲུལ་པ་ཅི་འདྲ་བ། །ཨེ་མ་ཧོ་སྤྱི་བརྟོལ་ཅན་གྱིས་ཟིལ་མནན་ནས། །གཙུག་ལག་ལམ་གྱིས་ཆོས་མིན་དར་བར་བྱས། །ཁྱེད་ཅག་དགའ་བ་དེ་ནི་ཡོང་མ་མཐོང༌། །གཙུག་ལག་ལས་ནི་གསལ་བར་བསྟན་ཅེས་གྲགས། །གཞུང་ལས་བྱུང་བའི་ཚུལ་གྱིས་འགྲོ་བ་ལ། །སྤྲེའུ་བསད་པས་ནི་སྨད་པ་མི་རིགས་སོ། །དེ་ལྟར་འཁོར་གྱི་ནང་ནས་རྒྱལ་བར་གྱུར་པ་སྤོབས་པ་ཆེ་བར་གོམས་པའི་བློན་པོ་རྣམས་ཀྱང་མངོན་སུམ་དུ་ཟིལ་གྱིས་མནན་ཏེ། རྒྱལ་པོ་འཁོར་དང་བཅས་པ་སེམས་རབ་ཏུ་མགུ་བར་གྱུར་པ་ཤེས་ནས། དེ་དག་གིས་སྤྲེའུ་བསད་པ་སྙིང་ལ་གཅགས་པ་མེད་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་གིས་སྲོག་དང་བཅས་པའི་སྤྲེའུ་བཀུམ་པ་ནི་མ་ལགས་ཀྱི། འདི་ནི་སྤྲུལ་བ་ལགས་ཏེ། བཀའ་མཆིད་ཀྱི་གོ་རིམས་འདི་ལྟ་བུ་གླེང་བསླང་བའི་སླད་དུ་སྤྲེའུ་སྤྲུལ་པའི་པགས་པ་འདི་བདག་གིས་འཚལ་ཏོ། །དེ་བས་ན་བདག་ལ་གཞན་དུ་མི་དགོངས་སུ་གསོལ། ཞེས་སྨྲས་ནས། རྫུ་འཕྲུལ་མངོན་པར་འདུ་བྱས་པ་དེ་བཏང་སྟེ། རྒྱལ་པོ་འཁོར་དང་བཅས་པ་སེམས་རབ་ཏུ་མགུ་བར་གྱུར་པ་ཤེས་ནས་སྨྲས་པ། རྒྱུ་ལས་གྲུབ་པ་མཐོང་བཞིན་ལ། །རང་དབང་འཇིག་རྟེན་ཕ་རོལ་ཤེས། །དགེ་བར་ཁས་ལེན་སྙིང་རྗེ་ཅན། །སྲོག་ཆགས་གསོད་པ་སུ་ཞིག་བྱེད། །རྒྱལ་པོ་ཆེན་པོ་གཟིགས་སུ་གསོལ། །རྒྱུ་མེད་སྨྲ་དང་རང་དབང་ལྟ་བ་དང༌། །ཡོད་པར་མི་ལྟ་རྒྱལ་རིགས་གཞུང་ལུགས་ཅན། །གྲགས་པ་ཅུང་ཟད་ཕྱིར་ནི་གཞུང་བྱེད་པ། །རིགས་


DTG168_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲ་དེ་ཅི་ལྟར་ཁས་བླང་བྱ། །མི་ཡི་བདག་པོ་ལྟ་བ་བཟང་ངམ་ངན། །རིས་མཐུན་ལས་ནི་བསྒྲུབ་པའི་རྒྱུ་དག་གིས། །དེ་དང་དེ་དག་ཁྱོད་ཀྱིས་བརྟགས་ན་ནི། །ཚིག་དང་སྤྱོད་པ་རྣམས་ཀྱིས་ངེས་པར་སྟོན། །དེ་བས་ལྟ་བ་བཟང་པོ་བརྟེན་པར་རིགས། །ལྟ་བ་ངན་པས་ཕུང་བར་འགྱུར་བ་ཡང༌། །སྐྱེ་བོ་ངན་པ་རིང་དུ་སྤངས་ནས་ནི། །དམ་པ་རྣམས་ལ་བརྟེན་ན་འདི་ཤེས་འགྱུར། །མི་སྡོམ་པ་ཡང་སྡོམ་པའི་ཚུལ་འཛིན་པ། །ས་ཡི་སྟེང་ན་དགེ་སློང་སྲིན་པོ་རྣམས། །ལྟ་བ་ངན་པས་སྐྱེ་བོ་བྱིས་པ་རྣམས། །གདུག་པ་སྦྲུལ་བཞིན་བརླག་པར་བྱེད་ཅིང་རྒྱུ། །རྒྱུ་མེད་སྨྲ་བ་སོགས་པ་རྩུབ་པོས་བསྒོས། །དེས་ན་ཁྱད་པར་མངོན་པ་ཅེ་སྤྱང་བཞིན། །དེ་བས་མཁས་པས་དེ་དག་རྟེན་མི་རིགས། །དེ་དག་དོན་ནི་ནུས་པ་སྤྱད་པའི་རིགས། །སྐྱེ་བོ་མི་མཐུན་པ་དག་གྲགས་པ་ཆེར་གྱུར་ཀྱང༌། །དགོས་པ་ཡོད་པར་གྱུར་ཀྱང་མཛའ་བར་མི་བྱ་སྟེ། །དགུན་གྱི་དུས་ཀྱི་ཡུལ་ངན་འབྱུང་བས་བསྒྲིབས་ན་ནི། །མཚན་མོ་གསལ་བྱེད་ཟླ་བའི་འོད་ཀྱང་མི་གསལ་འགྱུར། །སྐྱེ་བོ་ཡོན་ཏན་སྤོང་བ་དེ་དག་སྤང་བ་དང༌། །ཡོན་ཏན་སྟོན་ལ་མཁས་པ་རྣམས་དང་བསྟེན་པ་ཡིས། །འབངས་རྣམས་སྐྱོན་ལ་མི་དགའ་ཡོན་ཏན་དགར་འཇུག་ཅིང༌། །བདག་གི་གྲགས་པ་རབ་ཏུ་གསལ་ཞིང་རྒྱས་པར་མཛོད། །ཁྱེད་ཀྱི་ཆོས་སྤྱད་གྱུར་ན་མི་ཡི་འཇིག་རྟེན་ཕལ་ཆེར་ནི། །ལེགས་པར་སྤྱོད་ལ་ཕྱོགས་ཤིང་མཐོ་རིས་ལམ་ལ་གནས་པར་འགྱུར། །ཁྱོད་ཀྱིས་བརྩོན་འགྲུས་བསྐྱེད་དེ་འགྲོ་བ་འདི་དག་རྗེས་སུ་སྐྱོངས། །དེ་བས་འདུལ་བ་བཟང་པོའི་ལམ་དང་ལྡན་པའི་ཆོས་ལ་བརྟེན། །ཚུལ་ཁྲིམས་རྣམ་པར་སྦྱོངས་ལ་སྦྱིན་པའི་གྲགས་པ་སྤེལ། །ནང་མི་བཞིན་དུ་ཕྱི་མི་ལ་ཡང་བྱམས་པར་གྱིས། །ས་ལ་འཁོད་པ་ཆོས་ཀྱིས་སྐྱོང་ལ་བག་མེད་སྤོངས། །དེ་ལྟར་བྱས་ན་གྲགས་པ་དང་ནི་མཐོ་རིས་ཐོབ། །ཆུན་པ་རྣམས་དང་ཕྱུགས་ལུག་འཚོ་བ་རྣམས། །མེ་ཏོག་འབྲས་བུར་ལྡན་པའི་ལྗོན་ཤིང་བཞིན། །རྒྱུ་དཔྱ་འབུལ་བའི་འབངས་རྣམས་མ་སྐྱོང་ན། །སྨན་རྣམས་ཀུན་དང་རྒྱལ་པོ་འབྲལ་བར་འགྱུར། །ཚོང་ཟོང་སྣ་ཚོགས་ཉོ་ཚོང་བགྱིད་པ་ཡི། །ཚོང་པ་རྣམས་


DTG168_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕོ་བྲང་འཁོར་གྱི་མི། །དེ་བཞིན་ཤོ་གམ་གཅོད་ཅིང་དཔྱ་འབུལ་བ། །རྒྱལ་པོས་མི་སྐྱོང་དཀོར་གྱིས་བྲེལ་བར་འགྱུར། །སྐྱོན་མེད་གཡུལ་ངོར་རབ་ཏུ་དཔའ་བ་དང༌། །མཚོན་ཆ་དགྲ་ཐབས་མཁས་པ་དེ་ལྟ་བུ། །རྒྱལ་པོས་ཡལ་བར་དོར་ཞིང་མ་བཀུར་ན། །དགྲ་ལས་རྒྱལ་བའི་དབུ་རྨོག་བཙན་མི་འགྱུར། །དེ་བཞིན་ཚུལ་ལྡན་མཁས་པ་དགེ་བ་དང༌། །ཡོན་ཏན་ཆེ་བར་གྲགས་པ་དགེ་བ་རྣམས། །རྒྱལ་པོས་སྨད་ཅིང་ཡལ་བར་བོར་ན་ནི། །མཐོ་རིས་འགྲོ་བའི་སྒོ་དང་འགལ་བར་འགྱུར། །འབྲས་བུ་མ་སྨིན་ཤིང་ལས་གང་འཐོག་པ། །ས་བོན་ཆུད་གསན་རོ་ཡང་དེས་མི་མྱོང༌། །དེ་བཞིན་རྒྱལ་པོ་ཆོས་མིན་སྤྱོད་པ་ན། །ཡུལ་ཡང་ཕུང་ལ་དེས་ཀྱང་ཕན་མི་ཐོགས། །དེ་ལྟར་ལྗོན་ཤིང་ཡོན་ཏན་ཕུན་སུམ་ཚོགས། །འབྲས་བུ་སྨིན་པ་ཤིང་ཐོག་ཆེར་འཕེལ་བ། །རྒྱལ་པོས་བསྲུངས་པའི་ཡུལ་ཡང་དེ་བཞིན་དུ། །ཆོས་དང་སྲིད་དང་བདེ་བ་འབྱོར་པར་བྱེད། །བློན་པོ་མཛངས་ལ་གློ་བ་ཉེ་བ་དང༌། །གྲོགས་པོ་སྐྱོན་མེད་བདག་གིས་ནང་མི་རྣམས། །རིམ་གྲོ་བྱས་པའི་བྱ་དགའ་སྩལ་བ་དང༌། །དགའ་བར་སྨྲ་བས་ཀྱང་ནི་ཆགས་པར་མཛོད། །དེ་བས་ཁྱོད་ཀྱིས་ཆོས་ནི་ལྷུར་བླང་སྟེ། །བདེ་བ་ཐོབ་ཕྱིར་འབངས་རྣམས་སེམས་པར་མཛོད། །ཆགས་དང་ཞེ་སྡང་མེད་པའི་ནན་ཏུར་གྱིས། །འབངས་རྣམས་སྐྱོངས་ལ་བདག་གིས་འཇིག་རྟེན་སྲུངས། །དེ་ནས་བདག་ཉིད་ཆེན་པོ་དེས་རྒྱལ་པོ་འཁོར་དང་བཅས་པ་དེ་ལྟ་བ་ལས་གྱུར་པའི་ལས་ངན་པ་དེ་དང་ཕྲལ་ནས་ཡང་དག་པའི་ལམ་ལ་བཙུད་དེ་དེ་ཉིད་ནས་ནམ་མཁའ་ལ་ལྡིང་བ་དང༌། སྐྱེ་བོ་དེ་དག་གིས་ཐལ་མོ་སྦྱར་ཏེ་གུས་པར་ཕྱག་འཚལ་ཞིང་མཆོད་པ་བྱས་ནས་དགོན་པའི་གནས་དེ་ཉིད་དུ་སླར་སོང་ངོ༌། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་ཕན་བཏགས་པ་ལ་དྲིན་དུ་གཟོ་བ་དང་བཟོད་པ་ལ་གོམས་པས་རིམ་གྲོ་མ་བྱས་ཀྱང༌། སྔོན་ཆད་ཕན་འདོགས་པ་རྣམས་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར་རོ། །དེ་བས་ན་རིམ་གྲོ་མ་བྱས་པ་ཙམ་གྱིས་སྔོན་ཕན་བཏགས་པ་བརྗེད་པར་བྱ་བ་མི་རིགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཚེ་ན་ཡང་ཕ་རོལ་གྱི་རྒོལ་བ་རྣམས་ཟིལ་གྱིས་མནན་ནས་སེམས་ཅན་འདུལ་


DTG168_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དོ། །ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་ལྟ་བ་ལོག་པ་ལ་རྗེས་སུ་ཆགས་པར་བྱ་བར་མི་རུང་བ་དང༌། སྡིག་པའི་གཞིར་གྱུར་པ་བརྟེན་དུ་མི་རུང་བའི་ཕྱིར། ལྟ་བ་ལོག་པ་སྨད་པ་ལ་ཡང་སྦྱར་བར་བྱའོ། །དེ་ལས་བཟློག་ནས་ཡང་དག་པར་ལྟ་བའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་གནོད་པ་བྱེད་པ་རྣམས་དགེ་བའི་ཕྱོགས་ལས་ཉམས་ན་ཇི་ལྟར་སེམས་གདུངས་པར་གྱུར་པ་དེ་ཙམ་དུ་བདག་གི་སྡུག་བསྔལ་གྱིས་སེམས་གདུང་བར་མི་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག །གངས་རི་དཔལ་དང་ལྡན་པའི་ངོས་འབྱུང་ཁུངས་ཀྱི་རྫས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ནགས་སྟུག་པོ་བཟང་པོས་ནི་ཀཽ་ཤཱམྦཱིའི་དར་སྔོན་པོའི་སྟོད་གཡོགས་བྱས་པ་བཞིན། ཐེལ་ལྡིང་དང༌། ཤང་ཤང་རྣམ་པ་མང་པོ་ཁ་དོག་དང་དབྱིབས་རྣམས་པ་དུ་མ་དག་ནི་ཆེད་དུ་བཤམས་པ་བཞིན། ཤིང་དྲུང་གི་གད་པ་བང་རིམ་རྣམ་པ་སྣ་ཚོགས་ཀྱིས་ནི་བརྒྱན། འབབ་ཆུ་རྣམ་པ་དུ་མ་དག་ནི་ཁ་དུ་མ་ནས་འབབ། གཅོང་རོང་དོག་མོ་གཡང་ཟ་བ་དག་ནི་མང་པོ་ཡོད། བུང་བ་མང་པོ་ནི་སྒྲ་ཏི་རི་རི་ཟེར། ཤིང་ལྗོན་པ་མེ་ཏོག་འབྲས་བུ་སྣ་ཚོགས་དང་ལྡན་པ་དག་ནི་སེར་བུ་བསིལ་བ་ཡིད་དུ་འོང་བ་ལངས་པས་བསིལ་ཡབ་བྱེད་པ་བཞིན་རིག་སྔགས་འཆད་རྣམས་ཀྱི་རྩེད་མོའི་སར་རུང་བ་ཞིག་ན། སྤྲེའུ་ཆེན་པོ་གཅིག་པུར་རྒྱུ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་དེ་ལྟ་བུའི་གནས་སྐབས་སུ་གྱུར་པའི་ཚེ་ཡང༌། ཆོས་ཀྱི་འདུ་ཤེས་ནི་མ་ཉམས་ལ་བྱས་པ་གཟོ་བ་ལ་འཛུམ་པའི་རང་བཞིན་ཅན་རབ་ཏུ་བརྟན་པ་དང་ལྡན་པ་དེ་ལ་རྗེས་སུ་ཆགས་པ་བཞིན་དུ་སྙིང་རྗེ་མ་བཏང་ངོ༌། །ནགས་ཚལ་རི་མཆོག་རྒྱ་མཚོར་བཅས་པའི་ས། །དུས་མཐའི་མེ་དང་ཆུ་དང་རླུང་དག་གིས། །བརྒྱ་ཕྲག་དུ་མར་རྣམ་པར་ཞིག་པར་གྱུར། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡོངས་མ་ཉམས། །བདག་ཉིད་ཆེན་པོ་དགའ་ཐུབ་ཅན་དུ་ནགས་ཀྱི་ཤིང་གི་ལོ་མ་དང་འབྲས་བུ་ཙམ་གྱིས་འཚོ་ཞིང༌། ཚུལ་དེ་དང་དེ་དག་གིས་སྤྱོད་པའི་སྤྱོད་ཡུལ་དུ་བབ་པའི་སྲོག་ཆགས་རྣམས་ལ་སྙིང་བརྩེ་བར་བྱེད་ཅིང༌། དགོན་པའི་ཕྱོགས་


DTG168_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་གནས་པར་གྱུར་ཏོ། །དེ་ནས་མི་ཞིག་བ་སྟོར་བ་ཚོལ་བའི་ཕྱིར་ཀུན་ཏུ་རྒྱུ་ཞིང་སོང་སོང་བ་ལས། ལམ་སྟོར་ཞིང་ཕྱོགས་སླད་དེར་འཁྱམས་ཤིང༌། ས་ཕྱོགས་དེར་འོངས་སོ། །དེ་བཀྲེས་པ་དང་སྐོམ་པ་དང་ཚ་བ་དང་ངལ་བས་ལུས་ནི་རྨྱ། ཡིད་མི་དགའ་བའི་སེམས་ཀྱིས་ནི་ཁོང་པའི་ནང་གདུངས། མྱ་ངན་གྱི་ཁུར་ལྕི་བས་ནི་ནོན་པ་བཞིན་དུ་ཤིང་གི་དྲུང་དུ་འདུག་པ་དང༌། ཤིང་ཏིན་དུའི་འབྲས་བུ་སྨིན་ནས་ལྷགས་པར་ཁ་དོག་སེར་པོར་གྱུར་པ་ཅུང་ཟད་ཅིག་མཐོང་ངོ༌། །དེས་དེ་དག་མྱངས་ནས་བཀྲེས་པས་ཉེན་པས་རབ་ཏུ་ཞིམ་པར་རྟོགས་ཏེ། དེ་གང་ལས་བྱུང་བའི་ཤིང་བཙལ་བའི་ཕྱིར་སྤྲོ་བ་སྐྱེས་ནས་ཀུན་ཏུ་བལྟས་པ་དང༌། ཤིང་ཏིན་དུ་ཅིག་གད་པ་གཡང་ཟ་བའི་ཁ་ན་འདུག་པའི་ཡལ་ག་འབྲས་བུ་སྨིན་པའི་ལྕིད་ཀྱིས་དྲུད་ཅིང་སེར་པོར་གྱུར་པ་ཞིག་མཐོང་ངོ༌། །དེའི་འབྲས་བུ་དེ་འདོད་པའི་ཕྱིར་རིའི་གད་པ་གཡང་ཟ་བ་དེ་ལ་འཛེག་སྟེ། ཤིང་ཏིན་དུའི་ཡལ་ག་འབྲས་བུ་ཅན་གཡང་ས་ལོགས་སུ་དྲུད་པ་དེ་ལ་འཛེགས་པ་དང༌། འབྲས་བུ་ལེན་པའི་ཕྱིར་ཤིང་དེའི་རྩེ་མོ་ལ་ཐུག་པར་ཕྱིན་ཏོ། །དེ་ནས་ལྗོན་པའི་ཤིང་གི་ཡལ་ག་དེ། །ལྕི་བའི་ལྗིད་ཀྱིས་ནོན་ཞིང་ཕྲ་བ་ཡིས། །སྟ་རེས་ཆེད་དུ་རྩད་ནས་བཅད་པ་བཞིན། །སྒྲ་དང་བཅས་པར་ཆག་ནས་ལྷུང་བར་གྱུར། །དེ་ཡང་དེ་དང་བཅས་ཏེ་ལྷུང་བ་ལས་ནི་རིའི་གཅོང་རོང་ཁོར་ཁོར་ཡུག་བྲག་གིས་བསྐོར་བ་ཁྲོན་པ་དང་འདྲ་བ་ཞིག་ཏུ་ལྷུང་བ་དང༌། ཤིང་ལོ་སྟུག་པོ་དང༌། ཆུ་གཏིང་ཟམ་མོ་ཞིག་ཀྱང་ཡོད་པས། ལུས་ཀྱི་ཡན་ལག་ལ་ནི་ཆག་གྲུགས་སུ་ནི་ཅུང་ཟད་ཀྱང་མ་གྱུར་ཏོ། །དེ་ཆུའི་ནང་ནས་ལངས་ཏེ་ཁོ་ར་ཁོར་ཡུག་ཏུ་བསྐོར་ནས་ཀྱང་ཐར་བར་འགྱུར་བའི་ལམ་མ་མཐོང་བ་དང་དེས་བསམས་པ། ཐབས་ཅི་ཡང་མེད་པས་བདག་ནི་དེ་རིང་དུ་འཆི་འོ་སྙམ་ནས། གསོན་དུ་རེ་བ་ནི་མེད་མྱ་ངན་གྱིས་གདུངས་པའི་མཆི་མས་ནི་གདོང་གཡོགས། ཡིད་རབ་ཏུ་མི་བདེ་བའི་ཟུང་རྡུས་ནི་བཙུགས། སེམས་སྤ་གོང་ནས་སྨྲེ་སྔགས་དེ་དང་དེ་དག་འདོན་པར་གྱུར་ཏོ། །ནགས་ཁུང་དགོན་པ་བགྲོད་དཀའ་བ། །སྐྱེ་བོ་འདྲུལ་བ་ཡོང་མེད་པ། །འདི་ལྟ་བུར་ནི་བདག་ལྷུང་སྟེ། །གང་དུ་བརྟགས་ཀྱང་འཆི་ལས་མེད། །གཉེན་བ་ཤེས་ཀུན་དང་བྲལ་ནས་གཅིག་པུར་གྱུར། །ཤ་


DTG168_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་མང་པོ་སྦྲང་མ་འདུ་བའི་ས། །གཅོང་རོང་ཟབ་མོ་ཁ་ཡི་ནང་དུ་སོང༌། །རི་དྭགས་འདྲ་བ་སུ་ཞིག་བདག་ལ་འབྱིན། །སྐྱེད་མོས་ཚལ་དང་ནགས་ཚལ་ལྡིང་ཁང་སྣ་ཚོགས་མཚོ། །ནོར་བུ་རིན་ཆེན་དཀར་བཀྲ་སྤྲིན་མཛེས་འགྲོ་བ་དག །ནག་པོའི་ཕྱོགས་ཀྱི་མུན་ནག་འདྲ་བའི་གཤིན་རྗེ་ཡིས། །ཀྱི་ཧུད་བདག་ལ་དེ་དག་སྣང་བ་མེད་པར་བྱེད། །དེ་ལྟར་མི་དེས་སྨྲེ་སྔགས་དེ་དང་དེ་དག་འདོན་ཞིང་ཆུ་དེར་བདག་དང་ལྷན་ཅིག་ཏུ་ལྟུང་བའི་ཤིང་ཏིན་དུའི་འབྲས་བུ་དེས་འཚོ་ཞིང་རེ་ཞིག་དེ་ན་འདུག་འདུག་པ་ལས། དེ་ནས་སྤྲེའུ་བདག་ཉིད་ཆེན་པོ་དེ་ཟས་ཚོལ་ཞིང་ནགས་དེའི་ནང་ནས་སོང་སོང་བ་དང༌། ཤིང་ཏིན་དུའི་ཡལ་གའི་རྩེ་མོ་རླུང་གིས་བསྐྱོད་པས་གཡབས་ཏེ་བོས་པ་བཞིན་དུ་དེར་འོངས་ནས། དེ་གད་པ་དེའི་ཁར་འཛེགས་ཏེ་བལྟས་ནས་མི་དེ་ལྟོགས་པས་མིག་རྩ་ངན་ཞིང་བཞིན་མདངས་ནི་ཉམས། ལུས་ནི་རིད་ལ་སྐྱ་བོ་སིང་སིང་པོར་གྱུར་ཏེ། དེ་ནས་འགྲེ་ལྡོག་བྱེད་ཅིང་རྩོལ་བ་མཐོང་བས། མི་དེ་ཕོངས་ཤིང་ཉམ་ཐག་པས་སྤྲེའུ་ཆེན་པོ་དེས་སྙིང་བརྩེ་བར་གྱུར་ཏེ། ཟས་བཙལ་བ་བཏང་ནས་མི་དེ་ལ་ཡུན་རིང་དུ་བརྟགས་ཏེ། མིའི་སྐད་དུ་སྨྲས་པ། མི་ཡིས་ཐར་ས་མ་ཡིན་པའི། །གཡང་ས་འདི་ན་འདུག་པ་ཁྱོད། །ཅི་ཕྱིར་འདིར་འོང་སུ་ཞིག་ཡིན། །དེ་ནི་ལེགས་པར་སྨྲ་པར་རིགས། །དེ་ནས་སྤྲེའུ་ཆེན་པོ་དེ་ལ་མི་དེས་རབ་ཏུ་ཕྱོགས་ནས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ་ལྟ་ཞིང་འདི་སྐད་ཅེས་སྨྲས་སོ། །ལྷ་དཔལ་བདག་ནི་མི་ཞིག་ལགས། །འཁྱམས་ནས་ནགས་ན་རྒྱུ་བ་ལས། །ཤིང་འདིའི་འབྲས་བུ་ཚོལ་ཚོལ་ནས། །འདི་ལྟ་བུ་ཡི་ཉམས་ཉེས་བྱུང། །དེ་བས་གཉེན་བཤེས་དང་ཡང་བྲལ། །ཉམས་ཉེས་ཆེན་པོ་འབྱུང་བ་ལ། །སྤྲེའུ་ཚོགས་མང་པོའི་མགོན་པོ་ཁྱོད། །བདག་གི་སྐྱབས་ཀྱང་མཛད་དུ་གསོལ། །དེ་སྐད་ཅེས་ཟེར་བ་ཐོས་ནས་སེམས་དཔའ་ཆེན་པོ་དེ་སྙིང་རྗེ་ཆེན་པོ་སྐྱེས་པར་གྱུར་ཏོ། །ཉམས་ཉེས་གྱུར་ཞིང་གཉེན་བཤེས་རྣམས་དང་བྲལ། །ཐལ་མོ་སྦྱར་ནས་དམན་པས་གསོལ་བ་ནི། །དགྲ་བོ་རྣམས་ཀྱང་སྙིང་རྗེ་སྐྱེ་བར་འགྱུར། །སྙིང་རྗེ་ཅན་རྣམས་བརྩེ་བ་གཡོ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་སྙིང་རྗེ་བལྟས་ཏེ། དེ་ལྟ་བུའི་དུས་ན་དཀོན་པའི་ཚིག་འཇམ་པོས་དབུགས་ཕྱུང་བ།


DTG168_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སར་ལྷུང་བས་བདག་ལ་སྐྱབས་མེད་ཅིང༌། །གཉེན་བཤེས་མེད་སྙམ་མྱ་ངན་མ་བྱེད་ཅིག །ཁྱོད་ལ་གཉེན་གྱིས་བྱ་བ་ཅི་ཡོད་པ། །ཐམས་ཅད་ངས་བྱ་འཇིགས་པར་མ་གྱུར་ཅིག །དེ་ལྟར་སེམས་དཔའ་ཆེན་པོ་དེས་མི་དེ་དབུགས་ཕྱུང་ནས། དེའི་འོག་ཏུ་དེ་ལ་ཤིང་ཏིན་དུའི་འབྲས་བུ་གཞན་དག་ཅིག་ཀྱང་བྱིན་ཏེ། དེ་དབྱུང་དུ་རུང་བའི་ཐབས་སུ་རྡོ་བ་ལྗིད་མིའི་ཁུར་ཚད་ཙམ་ཅིག་ལ་གོམས་པར་བྱས་སོ། །དེ་ནས་བདག་གི་མཐུ་སྟོབས་ཉམས་སད་པ་དང༌། བདག་གིས་མི་འདི་དབྱུང་ནུས་སོ་སྙམ་དུ་ངེས་པར་བསམས་ནས་གཡང་ས་དེའི་ནང་དུ་ཞུགས་ཏེ། སྙིང་རྗེས་བསྐུལ་ནས་མི་དེ་ལ་སྨྲས་པ། ཚུར་ཤོག་ང་ཡི་རྒྱབ་ཏུ་ཞོན། །ཁྱོད་ནི་སྟེང་དུ་ཕྱིན་པ་དང༌། །རང་གི་ལུས་ལས་སྙིང་པོ་དག །ཕྱིན་གྱི་བར་དུ་ལེགས་པར་འཇུས། །མཁས་པས་གཞན་ལ་ཕན་པའི་ཕྱིར། །སྒྲུབ་པར་བྱེད་པ་གང་ཡིན་པ། །སྙིང་པོ་མེད་པའི་ལུས་ལ་ནི། །དམ་པས་སྙིང་པོ་བླང་བར་འདོད། །དེས་དེ་ལྟར་བགྱིའོ་ཞེས་མཉན་ནས་ཕྱག་འཚལ་ཏེ་དེ་ལ་ཞོན་ནོ། །དེ་ནས་མི་དེས་མངོན་པར་ཞོན་པ་དེས། །རབ་ཏུ་ལྕི་བའི་ཁུར་གྱིས་ནོན་བཞིན་ཡང༌། །སྙིང་སྟོབས་ཆེ་བས་བརྟན་པ་མ་ཉམས་པར། །སྡུག་བསྔལ་ཆེན་པོས་དེ་ནི་སྟེང་དུ་ཕྱིན། །དེ་ནི་ཕྱིན་ནས་རབ་ཏུ་དགའ་བར་གྱུར། །ངལ་ཞིང་ཆད་པས་གོམ་པ་འཁྱོར་ཞིང་འདོར། །ཆར་སྤྲིན་སྔོན་པོ་འདྲ་བའི་རྡོ་ལེབ་ལ། །ངལ་ནི་སོས་པར་བྱ་ཕྱིར་ཉལ་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་རང་བཞིན་ཡོངས་སུ་དག་པ་དང༌། ཕན་བཏགས་པའི་ཕྱིར་མི་དེས་ཉེས་པ་བྱེད་དུ་དོགས་པ་མེད་དེ་བག་པབ་ནས་དེ་ལ་སྨྲས་པ། ཀུན་ནས་ཐར་པ་མེད་པའི་ས་ཕྱོགས་འདིར། །གཅན་གཟན་ཁྲོ་བོ་ཐགས་ཐོགས་མེད་པར་འོང༌། །ལ་ལ་ང་དང་རང་ལ་ཕན་པ་དང༌། །ངལ་བ་གཉིད་ཀྱིས་ལོག་པ་གསོད་ཀྱང་སྲིད། །ང་ནི་ངལ་ཞིང་ལུས་ཀྱང་རབ་ཏུ་རྨྱ། །དེ་བས་ང་ནི་ཅུང་ཞིག་ཉལ་བར་འདོད། །དེ་ཕྱིར་ཁྱོད་ཀྱིས་ཕྱོགས་སུ་མིག་ལྟོས་ལ། །ང་དང་ཁྱོད་བདག་གཉིས་ཀ་བསྲུང་བར་གྱིས། །དེ་ནས་དུལ་བ་ལྟར་ཚུལ་འཆོས་པ་ལ་མཁས་པ་དེས་ན་རེ་སླར་ཡང་བདེ་བར་སད་པར་གྱུར་པའི་བར་དུ་ཁྱོད་ཅི་བདེ་བར་མནོལ་ཅིག་དང༌། ཁྱོད་བསྲུང་བའི་ཕྱིར་བདག་ཉིད་འདི་ལྟར་མཆིས་སོ་ཞེས་དེ་ལ་བསྒོས་སོ།།


DTG168_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སེམས་དཔའ་ཆེན་པོ་དེ་ངལ་བར་གྱུར་པའི་མཐུས་གཉིད་ཀྱི་དབང་དུ་གྱུར་པ་དང༌། མི་དེས་སེམས་ངན་པར་བསམས་པ། རབ་ཏུ་འབད་པས་རྙེད་པའི་རྩ་བ་དང༌། །ནགས་ཀྱི་འབྲས་བུ་ཅི་དགར་རྙེད་པས་ཀྱང༌། །འདི་ལྟར་ཡོངས་སུ་རྨྱ་བར་གྱུར་པའི་ལུས། །འཚོ་བ་ཙམ་ཡང་དཀའ་ན་འདི་ལྟར་བལྟས། །དགོན་པ་འདི་ཡང་ཐར་བར་བྱ་བ་དཀའ། །མཐུ་སྟོབས་མེད་པར་ཇི་ལྟར་ཐར་བར་འགྱུར། །དགོན་པ་བགྲོད་དཀའ་འདི་ལས་ཐར་བྱས་ན། །འདི་ཡི་ཤ་འདིས་བདག་ནི་སོས་པར་འགྱུར། །ཕན་པ་བྱས་ཀྱང་བཟར་ནི་རུང་བ་ཉིད། །བཟའ་བ་འདི་ཡི་རང་བཞིན་དེ་འདྲ་སྟེ། །ཕོངས་པར་གྱུར་ན་ཆོས་འདི་བསྒྲུབ་པ་ཡིན། །དེ་བས་འདི་ནི་ལམ་གྱི་བརྒྱགས་སུ་རུང༌། །ཇི་སྲིད་བག་ཕབ་བདེ་བར་གཉིད་ལོག་པ། །དེ་ཡི་བར་དུ་བདག་གིས་བསད་པར་ནུས། །འདི་དང་འཐབ་མོ་སྔོན་དུ་སྤྲད་གྱུར་ན། །སེང་གེ་དག་ཀྱང་ཕམ་དུ་དགོས་པ་བསྐྱེད། །དེ་བས་བདག་གིས་འདི་ནི་བཤོལ་བར་མི་རིགས་སོ། །སྙམ་ནས་ངེས་པར་བྱས་ཏེ། བདག་ཉིད་ངན་པ་དེ་ཆགས་པའི་སྐྱོན་གྱིས་བློ་ནི་རྨོངས། བྱས་པའི་དྲིན་ནི་མེད། ཆོས་ཀྱི་འདུ་ཤེས་ནི་ཉམས། སྙིང་རྗེ་དང་དེས་པའི་ངོ་བོ་ཉིད་ནི་རབ་ཏུ་སྤངས། ཉམ་ཆུང་ཡང་མི་དགོས་པ་བྱེད་པ་ལ་རབ་ཏུ་ཆགས། རྡོ་བ་ཆེན་པོ་ཞིག་བཏེག་སྟེ། སྤྲེའུ་ཆེན་པོ་དེའི་མགོ་སྟེང་དུ་འཕང་ངོ༌། །དེ་ནས་དེ་ནི་ཉམ་ཆུང་མི་བརྟན་ཞིང༌། །དགོས་པ་རབ་ཏུ་ཆེ་བས་རིངས་པར་དེས། །རྡོ་དེས་གཉིད་ལས་སངས་པར་བྱ་བའི་ཕྱིར། །འཕངས་པ་བཞིན་དུ་སྤྲེའུ་དེ་གཉིད་སངས་གྱུར། །རྡོ་དེ་རིལ་གྱིས་ཕོག་པར་མ་གྱུར་ནས། །དེ་ཡི་མགོ་བོ་ཕྱེ་མར་མ་གྱུར་ནས། །མཐའ་མའི་ཟུར་གྱིས་དེ་ལ་རྨ་བྱུང་ནས། །རྡོ་ལེབ་སྟེང་དུ་སེར་བ་བཞིན་དུ་བབ། །རྡོ་འཕངས་པས་ནི་མགོ་བོ་མ་ཞོམ་སྟེ། །བྱང་ཆུབ་སེམས་དཔའ་མྱུར་དུ་མཆོངས་ནས་ནི། །བདག་ལ་སུ་ཞིག་གསོད་པ་ཡིན་སྙམ་བལྟས། །དེ་ཉིད་སྐྱེངས་བཞིན་ཅན་དུ་འདུག་པ་མཐོང༌། །སྐྱེངས་པས་གཟི་ཉམས་སྤོབས་པ་མེད་པར་གྱུར། །མི་དགའ་སྤ་གོང་མདོག་ཀྱང་ཉམས་པར་གྱུར། །སྐྲག་པར་གྱུར་པས་སྐང་འགག་ཁ་ཡང་སྐམ། །རྡུལ་གྱིས་གཤེར་ཞིང་ལྟ་ཡང་ཡོང་མ་ནུས། །དེ་ནས་སྤྲེའུ་ཆེན་པོ་དེས་བསམས་པ། འདི་ཉིད་ཀྱིས་འདི་


DTG168_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་སོ་སྙམ་དུ་བློ་ལ་ངེས་པར་བྱས་ནས། བདག་སྣད་པའི་སྡུག་བསྔལ་ལ་མི་སེམས་པར། དེས་བདག་ལ་ཕན་པ་ལ་ཡང་མི་ལྟ་བར་མི་བཟོད་པའི་ལས་བྱེད་པ་དེས་ཡི་ཆད་ཅིང་སྙིང་རྗེ་སྐྱེས་ནས། ཁྲོ་བ་དང་འཁྲུག་པའི་སྐྱོན་མེད་པར་མིག་མཆི་མས་གང་བཞིན་དུ་མི་དེ་ལ། བལྟས་ཏེ་མྱ་ངན་བྱེད་ཅིང་སྨྲས་པ། བཟང་པོ་ཁྱོད་ནི་མིར་གྱུར་ཀྱང༌། །འདི་འདྲ་བདག་ལ་ཁྱོད་ཀྱིས་བྱས། །བྱ་བ་ཅི་ལྟར་བྱས་བསམས་ནས། །ཇི་ལྟ་བུར་ཡང་རྩོམ་པར་གྱུར། །ང་ལ་གནོད་པ་བྱེད་པ་ནི། །གཞན་དག་འོངས་ནའང་ཁྱོད་ཉིད་ཀྱིས། །བརྩོན་འགྲུས་རབ་ཏུ་བསྐྱེད་ནས་སུ། །མཐུ་རྩལ་ཆེན་པོས་བཟློག་པར་རིགས། །བདག་གིས་དཀའ་བ་སྤྱད་དོ་སྙམ། །ང་རྒྱལ་སྐྱེས་པར་གྱུར་ནས་ཉལ། །ཧ་ཅང་དཀའ་བ་སྤྱད་ཁྱོད་ཀྱིས། །དེ་ཡང་རིང་དུ་སྤངས་པར་གྱུར། །འཆི་བདག་ཁ་ཡི་ནང་འདྲ་བ། །འཇིག་རྟེན་གཞན་ནས་བླངས་པ་བཞིན། །གཡང་ས་འདི་ནས་ངས་ཕྱུང་ནས། །ཁྱོད་ནི་གཞན་དུ་ལྷུང་བར་འགྱུར། །སྤྱོད་པ་ངན་པ་ཁྱོད་ཅི་རུང༌། །མི་ཤེས་ཤིན་ཏུ་མི་བཟད་པ། །འགྲོ་བ་བདེ་བར་འདོད་པ་རྣམས། །གང་གིས་སྡུག་བསྔལ་རྣམས་སུ་ལྷུང༌། །བདག་ཉིད་ངན་འགྲོ་རྣམས་སུ་ལྷུང༌། །ང་ལའང་མྱ་ངན་མེ་ཡིས་གཏོར། །གྲགས་པའི་དཔལ་ནི་མེད་པར་བྱས། །ཡོན་ཏན་དགའ་བས་འགལ་བར་འགྱུར། །ངན་པར་སྨྲ་བའི་གཞིར་ཡང་གྱུར། །ཡིད་ཀྱང་བརྟན་དུ་མི་རུང་ངོ༌། །ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིས། །དོན་ནི་ཅི་ཞིག་གྲུབ་པར་འགྱུར། །ཇི་ལྟར་འདི་ཉིད་ང་ཡི་ཡིད་ལ་གནོད་གྱུར་པ། །དེ་ལྟར་ང་ལ་རྨ་འདིས་གནོད་པར་མི་འགྱུར་རོ། །ཁྱོད་ཀྱི་ཕྱིར་ནི་ང་ཡང་སྡིག་པ་ཅན་དུ་གྱུར། །གང་ཕྱིར་འདི་ནི་ངས་ཀྱང་མེད་པར་བྱེད་མི་ནུས། །ནགས་ཁུང་སྟུག་པོ་འཇིགས་པ་མང་པོ་འདི་ནས་ཁྱོད། །གྲོང་འདབ་ལམ་དུ་བསྐྱལ་ཏེ་ཕྱིན་པར་མ་གྱུར་པ། །དེ་ཡི་བར་དུ་ང་ཡི་དྲུང་ནས་གནང་བཞིན་འདོང༌། །གཏན་དུ་མ་རུངས་དོགས་པར་གྱུར་ཀྱང་ལེགས་པར་བསྐྱལ། །ཁྱོད་ནི་གཅིག་པུར་ལུས་ཀྱང་ཉམ་ཆུང་ལ། །ལམ་ཡང་མི་ཤེས་ནགས་ན་འཁྱམས་ན་ནི། །འགའ་ཞིག་འོངས་ནས་གནོད་པ་བྱེད་པར་འགྱུར། །ཁྱོད་ལ་གནོད་ནང་ཡང་དོན་མེད་འགྱུར། །སྤྲེའུ་ཆེན་པོ་དེས་མི་དེ་ལ་ཡང་དེ་ལྟར་བྱས་ཏེ་འཕྱས་ནས་གྲོང་འདབ་ཏུ་ཕྱིན་པར་བྱས་ཏེ་དེ་ལ་


DTG168_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡང་བསྟན་ནས་ཡང་སྨྲས་པ། ནགས་འདབ་ཉམས་དགའ་འདི་ནས་གྲོང་འདབ་ཁྱོད་ཕྱིན་གྱིས། །དགོན་པ་འགྲོ་དཀའ་འཇིགས་པ་བོར་ལ་བདེ་བར་སོད། །སྡིག་པའི་ལས་ཀྱང་ཡོངས་སུ་སྤང་བར་འབད་པར་རིགས། །དེ་ཡི་རྣམ་པར་སྨིན་པ་ངེས་པར་སྡུག་བསྔལ་འགྱུར། །དེར་སྤྲེའུ་ཆེན་པོ་དེས་མི་དེ་ལ་སྙིང་བརྩེ་བས་སློབ་མ་བཞིན་དུ་རྗེས་སུ་གདམས་ནས། སླར་ནགས་ཀྱི་ནང་དུ་སོང་ངོ༌། །དེ་ནས་མི་དེས་དེ་ལྟ་བུའི་སྡིག་པའི་ལས་མི་བཟད་པ་བྱས་པས་འགྱོད་པའི་མེས་སེམས་གདུངས་ནས། དེ་མ་ཐག་ཏུ་མཛེའི་ནད་ཆེན་པོས་བཏབ། གཟུགས་ནི་གཞན་དུ་གྱུར། ལུས་ཀྱི་པགས་པ་ནི་ཁྲ་བོར་སོང༌། །རྨ་ཞིག་པའི་ཆུ་སེར་གྱིས་ནི་ལུས་གཤེར་བར་གྱུར། ལུས་ཀྱི་དྲི་ནི་རབ་ཏུ་མི་ཞིམ་པ་མནམ་པར་གྱུར་ཏོ། །དེ་གང་དང་གང་དུ་སོང་བ་དེ་དང་དེ་དག་ཏུ་རབ་ཏུ་འཇིགས་པར་སྣང་བས་མིའི་གཟུགས་ཡིན་བར་ཡིད་ཆེས་སུ་མི་རུང་བས། སྐད་འཛེར་ཞིང་དམན་པར་སྨྲ་བ་མཐོང་ནས། མི་རྣམས་ཀྱིས་འདི་ནི་སྡིག་པ་མངོན་སུམ་དུ་འོངས་སོ་སྙམ་ནས། རྡོ་འཕན་ཞིང་དབྱུག་པས་གདེངས་ཏེ། སྐྲོད་པའི་ཚིག་རྩུབ་པོས་རབ་ཏུ་སྐྲོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཞིག་རི་དྭགས་བཤོར་དུ་སོང་སོང་བ་ལས་དགོན་པ་ཞིག་ན་རི་དྭགས་བཞིན་དུ་འཁྱམས་པ་ཉམ་རབ་ཏུ་ཆུང་ཞིང་གོས་དྲི་མ་ཅན་གོན་པ། པ་ཆར་གྱིས་མདོམས་དཀྲིས་པ་དེ་ལྟ་ན་རབ་ཏུ་མི་སྡུག་པ་ཞིག་མཐོང་ནས། སྡངས་ཤིང་ངོ་མཚར་དུ་བཟུང་སྟེ་དྲིས་པ། མཛེ་ཡིས་ལུས་ནི་མི་སྡུག་གྱུར། །ཤུ་བས་ལུས་ཀྱི་པགས་པ་བཀྲ། །སྐྱ་བསེད་ལུས་རིད་རབ་ཏུ་དམན། །སྐྲ་ནི་རྡུལ་གྱིས་གང་ཞིང་སྤགས། །ཁྱོད་ནི་སུ་ཞིག་ཡི་དགས་འདྲིའམ། །སྡིག་གི་གཟུགས་སམ་སྲུལ་པོའམ། །ནད་རྣམས་མང་པོའི་ཚོགས་པའམ། །ནད་ཀྱི་ནང་ན་གང་ཞིག་ཡིན། །དེས་དེ་ལ་ཕྱག་བྱས་ནས་སྐད་དམན་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་མི་ལགས་ཏེ། མི་མ་ལགས་པ་མ་ལགས་སོ། །རྒྱལ་པོས་འོ་ན་ཅིའི་ཕྱིར་འདི་ལྟར་གྱུར་ཅེས་དྲིས་པ་དང༌། དེ་ལ་བདག་གིས་ཉེས་པར་སྤྱད་པ་རྣམས་སྨྲས་པ། བྱམས་ལ་སྙིང་རིང་བྱས་པ་ཡིས། །མེ་ཏོག་འདི་ནི་རེ་ཞིག་མྱོས། །དེ་བས་རབ་ཏུ་མི་བཟད་པའི། །འབྲས་བུ་གཞན་ནི་སླད་ཀྱིས་མཆིས།།


DTG168_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་བྱམས་པ་སྙིང་རིང་བ། །དགྲ་བོ་བཞིན་དུ་ལྟ་བར་རིགས། །རང་བཞིན་བྱམས་པའི་མཛའ་བཤེས་ལ། །རང་བཞིན་བྱམས་པས་ལྟ་བར་མཛོད། །བྱམས་པ་རྣམས་ལ་སྡང་བར་སྤྱོད་པའི་ཚུལ་བཟུང་ནས། །ཚེ་འདི་ཉིད་ལ་འདི་འདྲའི་གནས་སྐབས་མྱོང་བར་འགྱུར། །ཆགས་ལ་སོགས་པའི་སྐྱོན་གྱིས་ཡིད་ནི་རྙོག་པ་རྣམས། །བྱམས་ལ་སྙིང་རིང་འགྲོ་བ་གཞན་དུ་འདི་ལས་དཔག །མཛའ་བོ་རྣམས་ལ་སེམས་ཤིང་བྱམས་པས་གྲགས་པ་ཐོབ། །ཡིད་བརྟན་རིམ་གྲོ་བྱེད་པའི་བདེ་བའང་དེ་ལས་ཐོབ། །ངན་གྲོགས་བྱེད་པའི་ཡོན་ཏན་ཐོབ་ཅིང་ཡིད་ཀྱང་དགའ། །དགྲ་རྣམས་ཀུན་གྱིས་མི་ཚུགས་མཐོ་རིས་ཐོབ་པར་འགྱུར། །བྱམས་པའི་ཕྱོགས་ལ་ལེགས་ནོངས་ཅི་མཆིས་པའི། །མཐུ་རྣམས་གྲུབ་པ་རྒྱལ་པོས་མཁྱེན་ནས་སུ། །སྐྱེ་བོ་དམ་པ་འདོད་པའི་ལམ་ལ་བརྟེན། །ལམ་དེར་སོང་ནས་འབྱོར་པ་རྗེས་སུ་འབྲང༌། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་གནོད་པ་བྱེད་པ་རྣམས་ལ་དགེ་བའི་ལམ་ལས་ཉམས་ན། ཇི་ལྟར་སེམས་གདུང་པར་གྱུར་པ་དེ་ཙམ་དུ་བདག་གི་སྡུག་བསྔལ་གྱིས་སེམས་གདུང་བར་མི་འགྱུར་རོ། །ཞེས་དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་ལ་ཡང་བརྗོད་པར་བྱའོ། །རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་དང༌། བཟོད་པའི་གཏམ་བྱ་བ་དང༌། བྱམས་པ་ལ་སྙིང་ཉེ་བར་བྱ་བ་དང༌། སྡིག་པའི་ལས་ཀྱི་ཉེས་དམིགས་བསྟན་པ་ལ་ཡང་བརྗོད་པར་བྱའོ། །སྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པའོ།། །།བམ་པོ་དགུ་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ནི་བདག་ལ་གསོད་པར་བྱེད་པ་རྣམས་ཀྱང་ཉམས་ཉེས་པར་གྱུར་ན་སྙིང་བརྩེ་བར་བྱེད་ཀྱི་ཡལ་བར་མི་དོར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་འབྲོག་དགོན་པ་མིའི་རྒྱུན་ལྷུང་མེད་ཅིང་སྒྲ་མི་གྲག་པ། རི་དྭགས་ཀྱི་རིགས་མང་པོ་གནས་པ་ཤིང་གི་རྩ་བ་དང་ལྡུམ་བུ་མང་པོ་རྩྭ་སྟུག་པོའི་ནང་དུ་ནུབ་པ། མགྲོན་པོ་རྣམས་ཀྱི་ཤིང་རྟ་དང་བཞོན་པའི་རྐང་པས་ལམ་གྱི་སྲོལ་མ་བཏོད་པ། འབབ་ཆུ་འབབ་པ་དང༌། གྲོག་མཁར་དང༌། གད་པ་དག་གིས་ས་གཞིའི་ཕྱོགས་མི་བདེ་བ་ཞིག་ན་རི་དྭགས་ཤ་ར་བྷ་སྟོབས་རྩལ་དང༌། མགྱོགས་པ་དང༌། སེམས་


DTG168_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཕུན་སུམ་ཚོགས་ཤིང་ལུས་སྲབ་པ་དང་ལྡན་པ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་སྙིང་རྗེ་ལ་གོམས་པ་དང་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་ཅིང་རྩྭ་དང་ལོ་མ་དང་ཆུ་ཙམ་གྱིས་འཚོ་བ་ཆོག་ཤེས་པའི་ཡོན་ཏན་གྱིས་དགོན་པ་ན་གནས་པ་ལ་དགའ་བའི་བློ་དང་ལྡན་པའི་རྣལ་འབྱོར་པ་རབ་ཏུ་དབེན་པ་ལ་དགའ་བ་བཞིན་དུ་འབྲོག་དགོན་པ་དེ་ན་བརྒྱན་ཏེ་གནས་པར་གྱུར་ཏེ། །རི་དྭགས་ལུས་ལ་མི་ལྟར་བརྟན་པའི་སེམས། །དཀའ་ཐུབ་ཅན་བཞིན་འགྲོ་བ་རྣམས་ལ་བརྩེ། །ནགས་ཚལ་དབེན་པ་དེར་ནི་དེར་གནས་པ། །རྣལ་འབྱོར་ཅན་བཞིན་རྩྭ་མཆོག་དག་གིས་མགུ། །དེ་ནས་རེ་ཞིག་ཅིག་ཡུལ་དེ་ལ་དབང་བའི་རྒྱལ་པོ་ཤིང་རྟ་བཟང་པོ་ལ་ནི་ཞོན། ལག་ན་མདའ་གཞུ་ཐོགས་ཏེ། བདག་ཉིད་རི་དྭགས་ལ་འཕོང་སྐྱེན་ནམ་མི་སྐྱེན་ཚད་པའི་ཕྱིར་ཆགས་པའི་དབང་གིས་རི་དྭགས་བསྙེགས་པ་དང༌། རྟ་རབ་ཏུ་མགྱོགས་པས་རྟ་དང༌། གླང་པོ་ཆེ་དང༌། ཤིང་རྟ་དང༌། རྐང་ཐང་གི་ཚོགས་རྣམས་རྒྱང་རིང་པོར་ལུས་བཞིན་དུ་ཕྱོགས་དེར་འོངས་པ་དང༌། རྒྱང་རིང་པོ་ནས་སེམས་དཔའ་ཆེན་པོ་དེ་མཐོང་ནས་བསད་པར་བསམས་ཏེ། མདའ་མདེའུ་རྣོན་པོ་ཅན་ཕྱུང་ནས། བདག་ཉིད་ཆེན་པོ་གང་ན་འདུག་པ་དེའི་ཕྱོགས་སུ་རྟ་མགྱོགས་པ་དེ་བརྒྱུགས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་རྟ་མགྱོགས་པ་ལ་ཞོན་ཏེ་མདའ་གཞུ་ཐོགས་ནས་བསྙེགས་པ་མཐོང་བ་དང༌། སླར་རྒོལ་བར་ནུས་སུ་ཟིན་ཀྱང་གྱ་ཚོམ་དུ་རྒོལ་བ་སྤང་བའི་ཕྱིར། རབ་ཏུ་མགྱོགས་པའི་ཤུགས་ཀྱིས་བརྒྱུགས་ཏེ་སོང་ངོ༌། །དེ་རྟ་བཟང་དེས་བསྙེགས་པ་དང་ལམ་ཀ་ན་གྲོག་རོང་ཆེན་པོ་ཅིག་ཡོད་པ་ལ་བ་གླང་གི་རྗེས་ལ་བྱ་བ་བཞིན་དུ་མཆོངས་ནས་བྲོས་ཏེ་སོང་ངོ༌། །དེ་ནས་རྟ་དེ་རི་དྭགས་ཤ་ར་བྷ་བྲོས་པའི་ལམ་དེ་ཉིད་དུ་མགྱོགས་པར་བསྙེགས་པ་དང༌། གྲོག་རོང་དེ་ལ་ཐུག་ནས་མཆོངས་མ་ནུས་ནས་འཐེན་ནོ། །དེ་ནས་རྟ་ཡི་ཐོག་ནས་རྒྱལ་པོ་མཚོན་ཆེར་བཅས་པ་སྟེ། །གྲོག་རོང་ཆེན་པོའི་ནང་དུ་ལྷུང༌། །ལྷ་མིན་དམག་མི་མཚོར་ལྷུང་བཞིན། །དེ་ཡི་མིག་ནི་རི་དྭགས་དེ་ལ་ཡེངས། །གྲོག་རོང་དེ་ཡང་མཐོང་བར་མ་གྱུར་ཞིང༌། །མི་བརྟན་སྐྱོན་གྱིས་རྟ་ཡི་གོང་ནས་གཡོས། །རྟ་མགྱོགས་ཤུགས་ཀྱིས་རྒྱལ་པོ་ལྷུང་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་རྟའི་


DTG168_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་པའི་སྒྲ་མི་གྲགས་པ་དང༌། ཅི་རྒྱལ་པོ་དེ་སླར་ལོག་གམ་སྙམ་དུ་རྟོག་པ་སྐྱེས་ཏེ་སླར་བལྟས་པ་དང༌། རྟ་ཞོན་པ་མེད་པར་གྲོག་རོང་ཁ་ན་འདུག་པ་མཐོང་ངོ༌། །དེས་བསམས་པ། རྒྱལ་པོ་དེ་གྲོག་རོང་གི་ནང་དུ་ལྷུང་གོར་མ་ཆག་གོ་སྙམ་མོ། །འདི་ན་ངལ་བསོ་རུང་བའི་རྟེན་ནམ། ཤིང་དྲུང་གྲིབ་མ་སྟུག་པོ་ཅན་ནམ། ཨུཏྤ་ལའི་འདབ་མ་སྔོན་པོ་འདྲ་བའི་མཚོ་ཡང་མེད། འདི་ལྟ་བུའི་འབྲོག་དགོན་པ་གཅན་གཟན་ཁྲོ་བོ་རྣམས་རྒྱུ་བ་ན་རྟ་བཞག་སྟེ་ངལ་བསོ་ཞིང་འདུག་པའི་གནས་ཀྱང་མེད། རི་དགས་བཤོར་དུ་ཡང་མེད། གབ་ཏུ་རུང་བའི་རྩྭ་མཐུག་པོ་ཡང་ཅུང་ཟད་ཀྱང་མེད་དེ། །དེ་བས་ན་རྒྱལ་པོ་དེ་ནི་གདོན་མི་ཟ་བར་གྲོག་རོང་འདིའི་ནང་དུ་ལྷུང་བར་གྱུར་ཏོ་སྙམ་མོ། །བདག་ཉིད་ཆེན་པོ་དེས་དེ་ལྟར་ངེས་པར་གྱུར་ནས། དེས་བདག་གསོད་པ་ལ་འོངས་པ་ཡིན་ཀྱང༌། དེ་ལ་སྙིང་རྗེ་ཆེན་པོ་སྐྱེས་པར་གྱུར་ཏོ། །དེ་ཉིད་རྒྱལ་མཚན་བཟང་པོའི་རྒྱན་རྣམས་དང༌། །ཕུབ་དང་མཚོན་ཆ་མང་པོས་རྣམ་པར་མཛེས། །རྟ་དང་གླང་ཆེན་ཤིང་རྟ་རྐང་ཐང་དང༌། །སིལ་སྙན་སྣ་ཚོགས་སྒྲ་སྒྲོགས་དཔུང་དག་གིས། །ཕྱི་བཞིན་བསྐྱལ་ཞིང་མཛེས་པའི་གདུགས་ཀྱིས་བསྐྱབས། །གཡག་རྔའི་བསིལ་གཡབ་གཡོབ་པས་མཛེས་པར་བྱས། །སྐྱེ་བོ་མང་པོས་ལྷ་ཡི་དབང་པོ་བཞིན། །མཆོད་པའི་རྒྱལ་སྲིད་བདེ་བ་མྱོང་གྱུར་ནས། །དེ་རིང་ཁོ་ནར་གཡང་ས་ཆེན་པོར་ལྷུང༌། །ལྷུང་བའི་ཤུགས་ཀྱིས་ཡན་ལག་གྲུགས་པར་གྱུར། །རྒྱལ་བར་གྱུར་ཏམ་ཡང་ན་མྱ་ངན་བྱེད། །ཀྱེ་མའོ་མཚར་བྱས་ཉོན་མོངས་རང་བཞིན་གྱུར། །སྡུག་བསྔལ་མ་མྱོང་རབ་ཏུ་གཞོན་ཤ་ཅན། །ཡ་རབས་རྣམས་ལ་ཉམས་ཉེས་གནོད་པ་བཞིན། །མ་རབས་རྣམས་ལ་རྨ་རྙིང་སོས་འདྲ་བར། །སྡུག་བསྔལ་རྣམས་ཀྱིས་དེ་ལ་གནོད་མི་འགྱུར། །དེ་བས་ན་འདི་ནས་བདག་རང་ཐར་བར་ནི་མི་ནུས་ཏེ། སྲོག་གི་ལྷག་མ་ཙམ་ཅིག་ལུས་སུ་ཟིན་ཀྱང་འདི་ཡལ་བར་འདོར་བར་མི་རིགས་སོ་སྙམ་ནས། བདག་ཉིད་ཆེན་པོ་དེ་སྙིང་རྗེས་སེམས་དྲངས་ནས་གཡང་སའི་འགྲམ་དུ་ཕྱིན་པ་དང༌། དེ་དེ་ན་འཐབ་བེར་ནི་རྡུལ་གྱིས་གཡོགས། ཐོད་བཅིངས་པ་ནི་ཞིག །གཡང་སར་


DTG168_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་སྟེ་སྣད་པའི་ཚོར་བ་མྱོང་བས་ནི་སེམས་ལ་ཁྱབ་པར་གྱུར་ཏེ། འགྲེ་ཞིང་འདུག་པ་མཐོང་ངོ༌། །གྲོག་རོང་དེ་ཡི་ནང་ན་འགྲེ་ཞིང་འདུག་པ་ཡི། །རྒྱལ་པོ་མཐོང་ནས་མིག་ནི་མཆིམས་གང༌། །སྙིང་རྗེའི་དབང་གིས་དགྲ་ཡི་འདུ་ཤེས་བརྗེད། །དེ་ཡི་སྡུག་བསྔལ་ཐུན་མོང་ཉིད་དུ་གྱུར། །སྐྱེ་བོ་དགེ་བའི་རང་བཞིན་སྟོན་བྱེད་ཅིང༌། དབུགས་འབྱིན་འགྱུར་བ་འཇམ་ཞིང་གསལ་བའི་ཚིག །ཞེ་སར་བཅས་ཤིང་ཡིད་དུ་འོང་བ་ཡིས། །ཡ་རབ་ས་ཚུལ་བཞིན་དེ་ལ་འདི་སྐད་སྨྲས། །རྒྱལ་པོ་ཆེན་པོ་སྣད་པར་མ་གྱུར་ཏམ། །གཡང་ས་ཟབ་མོ་འདིར་ནི་ལྷུང་བ་ཡིས། །ལུས་ལ་ཆག་གྲུགས་བྱུང་བར་མ་གྱུར་ཏམ། །ཁྱོད་ཀྱི་ནད་རྣམས་རྒྱས་པར་མ་གྱུར་ཏམ། །མི་ཡི་བདག་པོ་བདག་ནི་གཞན་མ་ལགས། །ཁྱོད་ཀྱི་ཡུལ་ན་གནས་པའི་རི་དྭགས་ལགས། །ཁྱོད་ཀྱི་རྩྭ་དང་ཆུ་ཡིས་བདག་སྐྱེད་བསྐྱེད། །དེ་བས་བདག་ལ་བག་ནི་ཕབ་པར་རིགས། །གཡང་སར་ལྷུང་བས་མི་དགྱེས་མ་མཛད་ཅིག །ཁྱོད་ནི་འདི་ནས་བདག་གིས་དབྱུང་བར་ནུས། །བདག་ལ་ཐུགས་རྗེས་རུང་བར་དགོངས་ནས་སུ། །འོ་ན་བདག་མཆིས་མྱུར་དུ་བཀའ་སྩོལ་མཛོད། །དེ་ནས་རྒྱལ་པོ་དེས་དེ་སྐད་སྨྲ་བ་རབ་ཏུ་ངོ་མཚར་ཆེ་བར་གྱུར་པ་དེས་ཡ་མཚན་དུ་གྱུར་ཞིང་སེམས་མགུ་ཡང་ངོ་ཚ་སྐྱེས་ཏེ་བདེན་ནམ་རྫུན་སྙམ་ནས་བསམས་པ། དགྲ་ལ་རྒོལ་བར་ནུས་བཞིན་དུ། །བདག་ལ་ཇི་ལྟར་སྙིང་རྗེ་སྐྱེས། །བདག་གིས་གནོད་པར་བྱས་པའང་ཤེས། །སྐྱོན་མེད་འདི་ནི་སུ་ཞིག་ཡིན། །ཨེ་མ་ཧོ་འཇམ་ཞིང་རྣོ་བ་ཡི། །ལས་ཀྱིས་བདག་ནི་བསྐུལ་བར་གྱུར། །བདག་ཉིད་ཕྱུགས་སམ་རི་དྭགས་ཡིན། །རི་དྭགས་གཟུགས་ཅན་འདི་ནི་གཞན། །དེ་བས་ན་འདིས་བག་ཕབ་སྟེ་སྨྲས་པ་འདི་བཞིན་དུ་བྱ་བར་རིགས་སོ་སྙམ་ནས་དེ་ལ་སྨྲས་པ། འཐབ་བེར་མཐུག་པོ་བགོས་པས་ན། །བདག་གི་ལུས་འདི་ཆེར་མ་སྣད། །གཡང་ས་ན་ནི་ལྷུང་བ་ཡིས། །ཅུང་ཟད་སྣད་པ་བདག་གིས་བཟོད། །ཁྱོད་ལྟར་དགེ་བར་སེམས་པ་ལ། །ནོངས་པ་བགྱིས་པའི་སྡུག་བསྔལ་ཙམ། །གཡང་ས་ན་ནི་ལྷུང་བ་ཡི། །སྡུག་བསྔལ་བདག་ལ་ག་ལ་མཆིས། །གཟུགས་ཀྱི་རྐྱེན་གྱིས་རི་དྭགས་ལྟར། །བདག་གིས་ཁྱོད་


DTG168_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐོང་བར་གྱུར། །ཁྱོད་ཀྱི་རང་བཞིན་མ་འཚལ་བ། །དེ་ནི་ཐུགས་ལམ་བཅངས་ཤིག །དེ་ནས་རྒྱལ་པོ་དེ་ཡི་ཚིག །དགའ་བར་སྟོན་པ་སྨྲས་པ་དེས། །གྲོག་རོང་ནས་དབྱུང་བར་འདོད་པ་ཤ་ར་བྷས་རིག་ནས། རྡོ་བ་མིའི་ལྗིད་ཙམ་དུ་ལྗིབ་གཅིག་ལ་ཚད་དེ་དབྱུང་ནུས་པར་གོམས་པར་བྱས་ནས། བདག་གི་སྟོབས་ཀྱི་ཉམས་དྲོད་རིག་པ་དང༌། རྒྱལ་པོ་དེ་དབྱུང་བར་ཆས་ཏེ། གྲོག་རོང་དེའི་ནང་དུ་ཞུགས་ནས་དེའི་དྲུང་དུ་འོངས་ནས་གུས་པར་སྨྲས་པ། བདག་ལ་ཕན་པར་གྱུར་པར་གཟིགས་ནས་སུ། །དགྱེས་ཤིང་དང་བའི་ཞལ་གྱིས་མངོན་ཕྱོགས་པ། །དེ་ཡི་བར་དུ་བདག་ལུས་རེག་པ་འདི། །དགོས་པའི་དབང་གིས་རེ་ཞིག་བཟོད་པར་མཛོད། །རྒྱལ་པོ་ཆེན་པོ་དེ་བས་ན་བདག་གི་རྒྱབ་ཏུ་བཅིབས་ལ་བདག་ལ་ལེགས་པར་འཇུས་ཤིག་ཅེས་སྨྲས་པ་དང༌། དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས་རྟ་ལ་ཞོན་པ་བཞིན་དུ་དེ་ལ་ཞོན་ནོ། །དེ་ནས་རོ་སྟོད་གྱེན་དུ་མངོན་བསྟོད་ནས། །མི་ཡི་བདག་པོས་ལེགས་པར་ཞོན་པ་དང༌། །སྙིང་སྟོབས་ཆེན་པོ་དྲག་པོའི་ཤུགས་ཀྱིས་མཆོངས། །རྟ་བབས་རྒྱན་བཞིན་སྟེང་དུ་བྱུང་བར་གྱུར། །དེ་ནས་རྒྱལ་པོ་གྲོག་རོང་ནས་ཕྱུང་བ་དང༌། དགའ་བར་གྱུར་ནས་རྟ་ཡང་བླངས་ཏེ་བྱིན། །རང་གི་ཁྱིམ་དུ་འགྲོ་བའི་ལམ་བསྟན་ནས། །ནགས་ཚལ་ནང་དུ་འགྲོ་བར་ཆས་པར་གྱུར། །དེ་ནས་རྒྱལ་པོ་དེ་བྱས་པ་དྲིན་དུ་གཟོ་བས། དེའི་ཕན་བཏགས་པའི་དུལ་ཞིང་འཇམ་པ་དེས་སེམས་རབ་ཏུ་དགའ་བར་གྱུར་ནས། ཤ་ར་བྷ་ལ་མགུལ་ནས་འཁྱུད་དེ་སྨྲས་པ། བདག་གི་སྲོག་ཀྱང་རི་དྭགས་ཁྱོད་མངའ་ན། །བདག་ལ་བཟློག་པ་གཞན་ལྟ་ཅི་ཞིག་སྨོས། །དེས་ན་བདག་གི་ཁྱིམ་འདི་གཟིགས་པར་རིགས། །བཞུགས་སུ་གནང་ན་དེ་ན་བཞུགས་སུ་གསོལ། །ནགས་ཚལ་རྔོན་པ་གང་ཞིག་འཇིགས་དང་བཅས། །གྲང་དང་ཚ་དང་ཆར་འབབ་སྡུག་བསྔལ་ཅན། །འདི་ལྟ་བུར་ནི་བདག་གིས་ཁྱོད་བོར་ནས། །བདག་ནི་གཅིག་པུར་ཁྱིམ་དུ་འགྲོ་མི་རིགས། །དེ་བས་ན་འོ་སྐོལ་འགྲོགས་ཏེ་བཞུད་ཀྱིས་ཚུར་སྤྱོན་ཞེས་སྨྲས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་འདུལ་ཞིང་འཇམ་པའི་ཚིག་གིས་མགུ་བར་བྱས་ནས་དེ་ལ་སླར་སྨྲས་པ། མི་མཆོག་ཡོན་ཏན་


DTG168_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ཁྱོད་ལྟ་བུ། །ཉིད་ལ་ཚུལ་འདི་རབ་ཏུ་རིགས་པ་ལགས། །གོམས་པར་བྱས་པས་སྐྱེ་བོ་དམ་པ་རྣམས། །ཡོན་ཏན་མང་པོ་རང་གི་ངང་དུ་གྱུར། །གལ་ཏེ་བདག་ལ་ཕན་བཏགས་བཞེད་ན་ནི། །བདག་ཅག་ཁྱིམ་ན་མི་གནས་ནགས་ན་གོམས། །དེ་བས་མི་རྣམས་བདེ་བའང་གཞན་ཁྱིམ་ལགས། །རི་དགས་རིགས་དང་མཐུན་པའི་བདེ་པའང་གཞན། །གལ་ཏེ་བདག་ནི་དགའ་བར་ཁྱོད་བཞེད་ན། །དཔའ་བོ་ཁྱོད་ཀྱིས་རྔོན་པའི་ཕྲིན་ལས་སྤངས། །དུད་འགྲོའི་རང་བཞིན་སེམས་ནི་གླན་པ་ཅན། །རི་དགས་ཉོན་མོངས་རྣམས་ལ་སྙིང་རྗེ་མཛོད། །བདེ་ལ་གནས་དང་སྡུག་བསྔལ་བྲལ་འདོད་པ། །སེམས་ཅན་ཐམས་ཅད་མཚུངས་པར་ཐུགས་ལ་དགོངས། །དེ་བས་བདག་ཉིད་མི་འདོད་གང་ཡིན་པ། །དེ་དག་གཞན་ལ་བགྱི་བར་མི་རིགས་སོ། །གྲགས་པ་མེད་ཅིང་དམ་པས་སྨད་པར་འགྱུར། །སྡུག་བསྔལ་སྡིག་ལས་བྱུང་བར་རིག་ནས་ནི། །དགྲ་བོའི་ཕྱོགས་བཞིན་སྡིག་པ་སྤོང་བར་མཛོད། །དེ་ནི་རང་བཞིན་ཡལ་བར་དོར་མི་རིགས། །གང་ལ་བརྟེན་ནས་དཔལ་གྱི་གནས་གྱུར་པ། །འཇིག་རྟེན་བསྔགས་པའི་རྒྱལ་སྲིད་ཐོབ་འགྱུར་བའི། །བསོད་ནམས་དེ་ཉིད་རྣམ་པར་འཕེལ་བར་མཛོད། །ཕན་འདོགས་ཕྱོགས་ནི་སྤོང་བར་ཡོང་མི་རིགས། །དུས་སུ་རིམ་གྲོ་བྱས་པའི་སྦྱིན་པ་རྒྱ་ཆེན་དང༌། །སྐྱེ་བོ་དགེ་དང་མཐུན་པའི་ཚུལ་ཁྲིམས་བརྟན་པ་དང༌། །བདག་དང་གཞན་ལ་ཕན་པ་བསྒྲུབ་པའི་བློས། །བདེ་བ་བསྒྲུབ་དང་གྲགས་དང་བསོད་ནམས་སོགས། །དེ་ལྟར་བདག་ཉིད་ཆེན་པོ་དེས་རྒྱལ་པོ་དེ་ལ་ཚེ་འདི་དང་ཚེ་ཕྱི་མའི་དོན་དུ་བྱ་བ་ལ་ཕན་ནི་བཏགས། རྒྱལ་པོ་དེས་ཀྱང་དགོས་པའི་ཚིག་མཉན་ཏེ་རབ་ཏུ་གུས་པས་ལྟ་བཞིན་དུ་ནགས་ཚལ་དེ་ཉིད་ཀྱི་ནང་དུ་བཞུད་དེ་སོང་ངོ༌། །དེ་ལྟ་བས་ན་སྙིང་རྗེ་ཆེན་པོ་རྣམས་ནི་བདག་ལ་གནོད་པར་བྱེད་པ་རྣམས་ཀྱང་ཉམས་ཉེས་པར་གྱུར་ན་སྙིང་བརྩེ་བར་བྱེད་ཀྱི་ཡལ་བར་མི་དོར་རོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང༌། རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་དང༌། འཁོན་མེད་པར་བྱས་ན་དགྲ་ཞི་བར་འགྱུར་བའི་དཔེ་དང༌།


DTG168_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་གཏམ་བྱ་བ་ལ་ཡང་སྦྱར་བར་བྱ་སྟེ། དུད་འགྲོར་གྱུར་པ་རྣམས་ཀྱང་འདི་ལྟར་བདག་གསོད་པ་ལ་སྙིང་རྗེ་བྱེད་པ་ཡོད་ན། མིར་གྱུར་པའམ་རབ་ཏུ་བྱུང་བར་ཁས་འཆེས་པ་ལ་སེམས་ཅན་རྣམས་ལ་སྙིང་རྗེ་མེད་ན་ལྟག་ལ་རུང་ཞེས་སྲོག་ཆགས་རྣམས་ལ་སྙིང་རྗེ་དང་ལྡན་པར་བྱ་ཞེས་ཀྱང་བརྗོད་པར་བྱའོ། །རི་དྭགས་ཤ་ར་བྷར་སྐྱེས་པའི་རབས་ཏེ་ཉི་ཤུ་ལྔ་པའོ།། །།དགེ་བ་རྣམས་ནི་གཞན་སྡུག་བསྔལ་བ་ཉིད་ཀྱིས་བདག་སྡུག་བསྔལ་ཏེ་དེ་མི་བཟོད་ཀྱི་བདག་གི་སྡུག་བསྔལ་བཟོད་པ་ནི་མ་ཡིན་ནོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་དགོན་པའི་ནགས་ཚལ་ཆེན་པོའི་ཤིང་སཱ་ལ་དང༌། བ་ཀུ་ལ་དང༌། པི་ཡ་ལ་དང༌། ཧི་ན་ཏ་ལ་དང༌། མུ་ལེ་གྲུམ་ཤིང་དང༌། ཏ་མ་ལ་དང༌། ནག་ཏ་ལ་དང༌། བི་དུ་ལ་དང༌། ནི་ཙུ་ལ་མང་པོ་དང༌། ཤིང་ཤ་པ་དང༌། ཨ་ཏི་ནི་ཤ་དང༌། ཤ་མི་དང༌། པ་ལ་ཤ་དང༌། རྩྭ་ཀ་ཤ་དང༌། ཀུ་ཤ་དང༌། འོད་མ་དང༌། སྨྱུག་མའི་ནགས་ཚལ་སྟུག་པོ་ཅན་དང༌། ཤིང་ཀ་དམ་པ་དང༌། སརྫ་དང༌། ཨརྫུ་ན་དང༌། དྷ་བ་དང༌། སེང་ལྡེང་དང༌། ཀུ་ཊ་ཛ་སྟུག་པོ་ཡོད་པ། ཤིང་ལྗོན་པ་ལྡུམ་བུ་མང་པོ་འཁྲི་ཤིང་སྣ་ཚོགས་ཀྱིས་དཀྲིས་པ། རི་དྭགས་རུ་རུ་དང༌། པྲྀ་ཥ་ཏ་དང༌། སྲི་མ་ར་དང༌། གཡག་རྒོད་དང༌། གླང་པོ་ཆེ་དང༌། བ་མན་དང༌། མ་ཧེ་དང༌། དགོ་བ་དང༌། ཉ་ཀུ་དང༌། ཕག་རྒོད་དང༌། སྟག་དང༌། གཟིག་དང༌། སེང་གེ་དང༌། སྤྱང་ཀི་དང༌། དོམ་དང༌། དྲེད་ལ་སོགས་པ་མང་པོ་རྒྱུ་བ། མིའི་རྒྱུན་ལུགས་མེད་པའི་ས་ཕྱོགས་ཅིག་ན། རི་དྭགས་རུ་རུ་གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བ། སྤུ་རབ་ཏུ་འཇམ་པ། ལུས་ཀྱི་མདོག་རིན་པོ་ཆེ་ཨན་ད་རྙིལ་དང༌། མར་གད་དང༌། བཻ་ཌཱུཪྻའི་ཁ་དོག་འདྲ་བའི་ཚོན་སྣ་ཚོགས་ཀྱི་ཐིག་ལེས་བརྒྱན་པ། མིག་གི་དཀྱུས་ནི་རིང་ཞིང་བཀྲག་བཟང་བ། རྭ་དང་རྨིག་པ་རིན་པོ་ཆེ་ལྟར་འཇམ་ཞིང་འོད་དང་ལྡན་པ། གཟུགས་བལྟ་ན་རབ་ཏུ་སྡུག་པ། རིན་པོ་ཆེའི་འབྱུང་གནས་འགྲོ་ཤེས་པ་འདྲ་བ་ཅིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་ཡང་རང་གི་ལུས་ཆགས་སུ་རུང་བ་དང་སྐྱེ་བོ་རྣམས་སྙིང་རྗེ་ཆུང་བར་ཤེས་ནས། ནགས་ཚལ་


DTG168_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྟུག་པོ་སྐྱེ་བོ་མེད་པ་དག་ན་ཉམས་དགའ་བར་འདུག་གོ །དེ་སེམས་རྣོ་བས་ཕྱོགས་གང་དང་གང་ན་རྔོན་པ་རྣམས་རྒྱུ་བ་དང༌། འཁྲུལ་འཁོར་དང༌། གཏོར་དང༌། རྒྱ་མོ་དང༌། རྙི་བཅུགས་པ་དང༌། རྙོང་དང༌། ཤིང་གི་ཝ་དང་འཛོལ་རྣམས་ལེགས་པར་སྤངས་ནས་རི་དྭགས་མང་པོ་རྗེས་སུ་འབྲང་བ་རྣམས་ལ་ཡང་སློབ་དཔོན་དང་ཕ་མ་བཞིན་དུ་སློབ་པ་དང༌། རི་དྭགས་རྣམས་ཀྱི་བདག་པོ་བྱེད་ཅིང་འདུག་གོ །གཟུགས་དང་ཤེས་པ་ཕུན་སུམ་ཚོགས། །བྱ་བ་རྣམས་ལ་མཁས་པས་བརྒྱན། །བདག་ལ་ཕན་འདོད་སྐྱེ་བོ་ལ། །མཆོད་པ་མི་བྱེད་སུ་ཞིག་ཡོད། །དེ་ནས་རེ་ཞིག་ཅིག་བདག་ཉིད་ཆེན་པོ་དེ་ནགས་ཚལ་སྟུག་པོ་དེ་ན་གནས་བཅས་ཤིང་འདུག་འདུག་པ་ལས། དེ་དང་ཉེ་བ་ཅིག་ན་འབབ་པའི་ཆུ་གསར་དུ་བབ་པས་གང་བ་རབ་ཏུ་ཤུགས་དྲག་པོས་མི་ཞིག་ཁྱེར་ནས་ངུ་ཞིང་འབོད་པའི་སྒྲ་ཐོས་པར་གྱུར་ཏོ། །ཆུ་ཆེན་འབྲུབ་པ་རབ་ཏུ་དྲག་པོ་ཡིས། །ཁྱེར་ནས་མགོན་མེད་གཟིངས་ཀྱང་ཡོད་མ་ཡིན། །བདག་ལྟར་ཕོངས་ཤིང་ཉམ་ཐག་བསྒྲལ་བའི་ཕྱིར། །སྡུག་བསྔལ་བྱམས་པས་མྱུར་དུ་བརྒྱུགས་ཏེ་བཟུང༌། །ད་ནི་ཤོལ་དུ་རུང་བ་མ་ཡིན་ཏེ། །ངལ་ཞིང་དུབ་པས་དཔུང་པའང་འགྱུར་མི་ནུས། །ཟུག་ཅིང་འབོག་ཏུ་རུང་བའང་ཅུང་ཟད་མེད། །དེ་བས་བརྒྱུགས་ཏེ་འོང་བའི་དུས་ལ་བབ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འབོད་པའི་སྒྲ་དེས་སྙིང་ལ་བརྡེག་པ་བཞིན་དུ་གྱུར་ནས། མ་འཇིགས་མ་འཇིགས་ཞེས་ཟེར་བའི་ཚིག་འཇིགས་པ་དང༌། མི་དགའ་བ་དང༌། ངལ་བ་དུབ་པ་མེད་པར་བྱེད་པ་ལོ་བརྒྱ་གོམས་པར་བྱས་པ་གསལ་བར་གསང་བསྟོད་དེ་སྙིང་རྗེས་གདུངས་ནས་མིའི་སྐད་དུ་ཕྱུང་སྟེ། །ནགས་ཚལ་སྟུག་པོ་དེ་ནས་བྱུང་བ་དང་ཐག་རིང་པོ་ནས་མི་དེ་ཆུས་ཁྱེར་བ་ཡིད་དུ་འོང་བའི་སྐྱེས་བསྐུར་ཏེ་བཏང་བ་བཞིན་དུ་འོང་བ་མཐོང་ངོ༌། །དེ་ནས་དེ་བསྒྲལ་ཕྱིར་ནི་ངས་བྱས་པས། །བདག་སྲོག་ཡལ་བར་བོར་ཡང་མི་སེམས་པར། །དེ་ནི་འབབ་ཆུ་དྲག་པོའི་འཇིང་དེར་བཞུགས། །དགྲ་ཡི་དཔུང་རྣམས་འཇོམས་པའི་དཔའ་བོ་བཞིན། །དེ་ནས་ལུས་ཀྱིས་དེ་ཡི་ལམ་བཀག་ནས། །ང་ལ་འཇུས་ཞེས་དེ་ལ་ཚིག་ཏུ་སྨྲས། །སྐྲག་


DTG168_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉན་ལ་ངལ་བས་ཡན་ལག་འཁུམས། །དེ་ནི་དེ་ཡི་རྒྱབ་ཏུ་ཞོན་པར་གྱུར། །མི་དེའི་ལྗིད་ཀྱིས་རབ་ཏུ་ནོན་གྱུར་ཞིང༌། །འབབ་ཆུ་དྲག་པོའི་ཤུགས་ཀྱིས་བདས་གྱུར་ཀྱང༌། །དཔའ་སྙིང་བརྟན་ལ་རྩོལ་བ་དྲག་པོ་ཡིས། །ཡིད་དུ་འོང་བའི་འགྲམ་དུ་མ་ཉམས་ཕྱིན། །དེ་ནས་མི་དེ་འགྲམ་དུ་ཕྱིན་པར་བྱས་ནས་སུ། །རབ་ཏུ་དགའ་བས་ངལ་བའི་སྡུག་བསྔལ་མེད་པར་གྱུར། །བདག་གི་དྲོད་ཀྱིས་དེ་ཡི་གྲང་བ་མེད་པར་བྱས། །ལམ་ཡང་བསྟན་ནས་དེ་ལ་སོང་ཞེས་སྨྲས་པས་བཏང༌། །དེ་ནས་མི་དེ་དེས་གྲོགས་བྱས་ཤིང་ཕན་བཏགས་པ་དེ་ལྟ་བུ་ཉེ་དུ་དང་གྲོགས་པོ་མཛའ་བ་སུ་ལ་ཡང་མེད་པར་རབ་ཏུ་ངོ་མཚར་ཆེ་བ་དེས་སེམས་ནི་རབ་ཏུ་མགུ་བར་གྱུར། དེའི་གཟུགས་བཟང་པོ་དེས་ཀྱང་ཡ་མཚན་དང་ཞེས་བསྐྱེད་ནས་ཕྱག་འཚལ་ཏེ། དེ་ལ་ཚིག་སྙན་པ་དེ་དང་དེ་དག་སྨྲས་པ། ཁྱོད་ཀྱིས་བདག་ལ་བགྱིས་པ་ནི། །གཉེན་བཤེས་བྱིས་པ་ཚུན་ཆད་ནས། །བྱམས་པར་གྱུར་པ་བདག་གིས་ཀྱང༌། །འདི་ལྟ་བུ་དག་བྱར་མི་ནུས། །བདག་གི་སྲོག་འདི་ཁྱོད་ཀྱི་ལགས། །ཁྱོད་ཀྱི་དོན་དུ་ཅུང་ཟད་ཙམ། །དགོས་པ་ཅིག་ཏུ་སྤྱད་ནས་སུ། །བདག་ལ་རབ་ཏུ་བཀའ་དྲིན་ཆེ། །དེ་བས་ཅི་བགྱི་བཀའ་སྩལ་བས། །བདག་ལ་རྗེས་སུ་བཟུང་བར་རིགས། །ཁྱོད་ལ་གང་དུ་ཅི་འཚལ་བ། །དེ་ནི་བདག་ཉིད་བསྐྱེད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་གུས་པར་སྨྲས་པ། སྐྱེ་བོ་དམ་པ་དྲིན་གཟོ་རྨད་མི་ཆེ། །དེ་ཡི་ཆོས་ཉིད་རང་བཞིན་གྲུབ་པ་ཡིན། །འགྲོ་བ་རྣམས་ནི་འགྱུར་བ་མང་དུ་མཐོང༌། །བྱས་པ་དྲིན་དུ་གཟོ་བ་དེང་སོང་ཡོན་ཏན་ཆེ། །དེ་བས་ན་ཁྱོད་ལ་གདམས་པ་ནི་ཕན་བཏགས་པ་རྗེས་སུ་དྲན་པར་བྱ་བ་ན། སེམས་ཅན་འདི་ལྟ་བུ་ཞིག་གིས་བདག་ཆུའི་ནང་ནས་ཕྱུང་ངོ་ཞེས་ཁྱོད་སུ་ལ་ཡང་མ་ཟེར་ཅིག །ངའི་ལུས་འདི་ཡང་ཤ་བཟར་རུང་བས་རབ་ཏུ་ཆགས་པར་གྱུར་པ་ཅིག་ཡིན་ལ། མི་རྣམས་ཀྱི་སྙིང་ཡང་འདོད་པ་ཆེ་ལ་བག་མེད་པ་མང་སྟེ། དེ་བས་ན་བདག་གི་ཡོན་ཏན་དང༌། ང་ཡང་ལེགས་པར་བསྲུང་བར་རིགས། །མཛའ་བོ་དག་ལ་སྙིང་རིང་བ། །གང་ནའང་བདེ་བ་ཡོད་མ་ཡིན། །ངེད་ཅག་ནི་རི་དྭགས་


DTG168_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་མི་ནི་གཡོ་སྒྱུ་དང་ཕྱི་བཞག་ལ་གོམས་པའི་ཕྱིར། ངས་དེ་སྐད་སྨྲས་པ་ལ་འཁོན་དུ་འཛིན་པའམ། སྙིང་མི་དགའ་བར་མ་སེམས་ཤིག །གཞན་ཡང༌། ལོག་པའི་ཆོས་ལ་མཁས་པ་ཡིས། །དེ་ལྟའི་གཡོ་དག་བྱས་པའི་ཕྱིར། །རང་བཞིན་གྱིས་ནི་དུལ་བ་ཡི།། སྐྱེ་བོ་རྣམས་ཀྱང་དོགས་པ་སྐྱེ། །དེ་སྐད་ཅེས་སྨྲས་པ་དང༌། ཁྱོད་ལ་ཕན་པར་འདོད་པའི་ཕྱིར་རོ། །དེས་ཀྱང་དེ་བཞིན་བགྱིའོ་ཞེས་མཉན་ནས་ཕྱག་འཚལ་ཏེ། སེམས་དཔའ་ཆེན་པོ་དེ་ལ་བསྐོར་བ་བྱས་ནས་རང་གི་ཁྱིམ་དུ་སོང་ངོ༌། །དེའི་ཚེ་ཡུལ་དེའི་རྒྱལ་པོ་ཞིག་གི་བཙུན་མོ་རྨི་ལམ་རྣོ་བ་ཞིག་ཡོད་དེ། དེ་ཡང་རྨི་ལམ་ངོ་མཚར་ཆེ་བ་གང་དང་གང་མཐོང་བ་དེ་དང་དེ་དག་དེ་བཞིན་དུ་འགྱུར་རོ། །དེ་རེ་ཞིག་ཅིག་གཉིད་ཀྱིས་ལོག་པ་ལས་ཐོ་རངས་ཀྱི་རྨི་ལམ་དུ། རི་དྭགས་རུ་རུ་ཞིག་རིན་པོ་ཆེ་ཐམས་ཅད་བརྩེགས་པའི་ཚོགས་བཞིན་དུ། དཔལ་རབ་ཏུ་འབར་བ་སེང་གེའི་ཁྲི་སྟེང་ན་འདུག་ཅིང༌། རྒྱལ་པོ་དང་བཅས་པའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ཚིག་གསལ་ཞིང་སྡེབ་ལེགས་པས་ཆོས་འཆད་པ་མཐོང་ངོ༌། །དེ་ནས་སེམས་དེ་ལས་ངོ་མཚར་ཆེར་བཟུང་བ་ལས། རྒྱལ་པོ་བཞེངས་སུ་གསོལ་བའི་རྔ་སྒྲ་ཐོས་ཏེ་སད་པ་དང་སྤོབས་ཤིང་གནང་བའི་སྐབས་ཤིག་ཏུ་རྒྱལ་པོ་དེའི་སྤྱན་སྔར་སོང་ངོ༌། །ངོ་མཚར་ཆེ་བས་མིག་བགྲད་དཔལ་ལྡན་དེའི། །དགའ་བས་མཁུར་ཚོས་མཛེས་པར་གཡོ་བཞིན་དུ། །རྨི་ལམ་ངོ་མཚར་མཐོང་བ་བཟླས་པ་དེས། །སྐྱེས་འབུལ་བཞིན་དུ་མི་ཡི་བདག་པོའི་ལྟས། །རྨི་ལམ་བཟང་པོ་རྒྱལ་པོ་ལ་གསོལ་ནས། །ཞེས་བསྐྱེད་དེ་སླར་སྨྲས་པ། ལྷ་གཅིག་དེ་བས་རི་དྭགས་བཟང་པོ་དེ། །རྙེད་པའི་སླད་དུ་ནན་ཏན་བསྐྱེད་དུ་གསོལ། །རི་དྭགས་རིན་ཆེན་དེ་ཡིས་ཕོ་བྲང་ནང༌། །མཁའ་ལ་སྐར་མ་བཞིན་དུ་མཛེས་པར་མཛོད། །དེ་ནས་རྒྱལ་པོ་དེས་བཙུན་མོ་དེའི་རྨི་ལམ་རྣོ་བ་ཡིན་པས། དེའི་ཚིག་མཉན་ཏེ་དེ་དགའ་བར་བྱ་བ་དང༌། རི་དྭགས་རིན་པོ་ཆེ་རྙེད་པར་འདོད་པས། རི་དྭགས་དེ་བཙལ་བའི་ཕྱིར་རྔོན་པ་ཐམས་ཅད་ལ་བསྒོས་ཏེ། ཉིན་རེ་ཞིང་ཡང་ཕོ་བྲང་དམ་པའི་འཁོར་དུ་འདི་སྐད་སྒྲོགས་སུ་བཅུག་གོ །རི་དྭགས་


DTG168_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མདོག་ཅན་རིན་ཆེན་སྣ་ཚོགས་ཀྱིས། །ལུས་བརྒྱན་གྲགས་པ་ཐོས་སམ་གང་གིས་མཐོང་ཡང་རུང༌། །དེ་ནི་རབ་ཏུ་སྟོན་པ་རྒྱལ་པོས་ཡུལ་གྲུ་མཆོག །བཞི་བཅུ་ཙམ་དང་བུད་མེད་རབ་ཏུ་སྡུག་པ་སྦྱིན། །དེ་ནས་མི་དེས་སྐད་དུ་བསྒྲགས་པ་ཡང་དང་ཡང་དུ་ཐོས་ནས། དབུལ་བའི་སྡུག་བསྔལ་བསམས་ནས་སེམས་ནི་ཡོངས་སུ་སྐྱོ། རི་དྭགས་རུ་རུས་ཕན་པ་ཆེར་བྱས་པ་ཡང་དྲན། བརྐམ་པ་དང་ནི་ཕན་བཏགས་དེ་ནི་དྲན་པས་ན། །སྙིང་ནི་བར་མ་དོར་གྱུར་དེ་དང་དེ་དག་སེམས། །ཇི་ལྟར་བྱ་ཀྱེ་ཡོན་ཏན་ལ་ལྟའམ་ཡང་ན་ནོར་འབྱོར་པ་ལ་ལྟ། །ཕན་བཏགས་པ་དེ་རྗེས་སུ་བསྐྱང་ངམ་འོན་ཏེ་ཁྱིམ་གྱི་སོ་ནམ་བསྐྱང༌། །འཇིག་རྟེན་ཕ་རོལ་གྱི་སྲིད་བྱའམ་འོན་ཏེ་འཇིག་རྟེན་འདིའི་སྲིད་བྱ། །དམ་པའི་ཚུལ་བཟུང་ངམ་འོན་ཏེ་འདོད་ཆེན་གྱི་ཚུལ་བཟུང༌། །དཔལ་ཆེན་ཉམས་སུ་མྱོང་བར་བྱའམ་འོན་ཏེ་དབེན་པ་རྣམས་ལ་དགའ་བའི་ངོ་ཚ་ལྟ། །ད་ལྟ་འཕྲལ་གྱི་དོན་ཆེད་ཆེར་ལྟའམ་འོན་ཏེ་ཡུན་རིངས་ཀྱི་དོན་ཆེད་ཆེར་ལྟ། །སྐྱེ་བོ་དམ་པའི་ཕྱོགས་སུ་བཟུང་ངམ་འོན་ཏེ་སྐྱེ་བོ་ངན་པའི་ཕྱོགས་སུ་བཟུང་སྙམ་པ་ལས། །དེ་ནས་འདོད་ཆེན་གྱི་གཡེན་སྤྱོ་བའི་བློ་ཅན་དེས་འདི་སྙམ་དུ་བསམས་སོ། །ནོར་མང་པོ་རྙེད་དེ་ཕུན་སུམ་ཚོགས་པར་གྱུར་ན། མཛའ་བཤེས་དང་ནང་མི་དང་མགྲོན་དང་ཕོངས་པ་རྣམས་ཀྱང་མགུ་བར་བྱེད་ཅིང༌། བདེ་བ་ཉམས་སུ་མྱོང་བར་བྱས་ནས། འཇིག་རྟེན་ཕ་རོལ་གྱི་དོན་བསྒྲུབ་ཀྱང་ནུས་སོ་སྙམ་དུ་ངེས་པར་བསམས་ནས། རི་དགས་རུ་རུས་ཕན་པ་ཆེན་པོ་བྱས་པ་དེ་ནི་བརྗེད་དེ། རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་རི་དྭགས་ཀྱི་མཆོག་དེ་གང་ན་གནས་པ་བདག་གིས་འཚལ་ཏེ་སུ་ལ་སྟོན་པར་བགྱི་བཀའ་སྩལ་དུ་གསོལ། རྒྱལ་པོ་དེས་དེ་སྐད་ཟེར་བ་ཐོས་པ་དང༌། ཡིད་རབ་ཏུ་དགའ་བར་གྱུར་ཏོ། །བཟང་པོ་ང་ཉིད་ལ་དེ་སྟོན་ཅིག་ཅེས་སྨྲས་ནས། རི་དྭགས་བཤོར་དུ་འགྲོ་བའི་ཆ་ལུགས་སུ་ཆས་ཏེ། དམག་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ནས་ཕོ་བྲང་དམ་པའི་ནང་ནས་བྱུང་སྟེ། མི་དེས་ལམ་དྲངས་ནས་འབབ་ཆུ་དེའི་དོགས་སུ་སོང་ངོ༌། །ནགས་ཚལ་སྟུག་པོ་དེ་ཡང་དམག་གི་དཔུང་ཐམས་ཅད་ཀྱིས་


DTG168_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྐོར་ཏེ། ལག་ན་མདའ་གཞུ་ནི་ཐོགས་ཡིད་ཆེས་པའི་མི་རྣམས་ཀྱིས་བསྐོར་ནས། རྒྱལ་པོ་མི་དེ་ཉིད་ཀྱིས་ལམ་དྲངས་ནས་ནགས་ཚལ་སྟུག་པོ་དེ་ཉིད་དུ་ཞུགས་སོ། །དེ་ནས་མི་དེས་རི་དྭགས་རུ་རུ་དེ་བག་ཕབ་ཅིང་འདུག་བ་མཐོང་ནས། རྒྱལ་པོ་ལ་བསྟན་པ། ལྷ་རི་དྭགས་ཀྱི་མཆོག་དེ་ནི་འདི་ལགས་ཏེ། དེ་བས་ན་ནན་ཏན་ཆེ་བར་མཛད་དུ་གསོལ་ཞེས་སྨྲས་སོ། །རི་དྭགས་ལེགས་པར་བསྟན་པའི་ཕྱིར། །དེ་ཡི་ལག་པ་བསྒྲེངས་པ་དང༌། །རལ་གྲི་རྣོན་པོས་བཅད་པ་བཞིན། །ལག་པའི་མཁྲིག་མ་ཆད་དེ་ལྷུང༌། །དངོས་པོ་དེ་ལྟ་བུ་ལ་བརྟེན་པ་དང༌། །བྱ་བའི་ཁྱད་པར་དག་གིས་བཏང་ནས་ནི། །གཉེན་པོ་ཆུང་ན་རབ་ཏུ་རྒྱས་གྱུར་ནས། །ལས་རྣམས་འབྲས་བུ་འཕྲལ་དུ་སྨིན་པར་འགྱུར། །དེ་ནས་རྒྱལ་པོ་དེ་མི་དེས་བསྟན་པའི་ལམ་ཕྱོགས་སུ་རི་དྭགས་ལྟ་འདོད་པའི་ཕྱིར་མིག་གིས་བལྟས་པ་དང༌། ཆར་སྤྲིན་འདྲ་བའི་ནགས་ཚལ་སྔོན་པོ་ན། །རིན་ཆེན་གཏེར་འདྲ་ལུས་ཀྱི་དཔལ་གྱིས་འབར། །རི་དྭགས་རུ་རུ་ཡོན་ཏན་མཆོག་དེ་མཐོང༌། །སྤྲིན་གྱི་ནང་ན་གློག་འགྱུར་མེ་འབར་བཞིན། །དེ་ནས་དེའི་གཟུགས་བཟང་པོས་ཡིད་འཕྲོག་ནས། རྒྱལ་པོས་དེ་ནི་བཟུང་བར་འདོད་པ་ཡིས། །གཞུ་བདུངས་མདའ་ནི་ལྟོང་དུ་བཅུག་ནས་སུ། །དེ་ལ་འཕེན་བའི་ཕྱིར་ནི་གཞུ་བཀང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ཁོ་ར་ཁོ་ར་ཡུག་ན་མི་མང་པོ་ཀུ་ཅོ་འདོན་པ་གྲགས་པ་དང་སྦྱར་ན། བདག་ནི་ཀུན་ནས་བསྐོར་ཟིན་གོར་མ་ཆག་གོ་སྙམ་ནས། རྒྱལ་པོས་བདག་ལ་མདའ་འཕེན་པར་ཆས་བཤེས་ཏེ། ད་ནི་བྲོས་ཀྱང་མི་ཕན་ནོ་སྙམ་ནས། མིའི་སྐད་དུ་ཕྱུང་སྟེ་ཚིག་འབྲུ་གསལ་བས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་རེ་ཞིག་དགོངས། །མི་མཆོག་བདག་ལ་མདའ་འཕེན་པར། །རེ་ཞིག་ངོ་མཚར་ཆེན་པོ་ཡི། །ཐེ་ཚོམ་འདི་ནི་བསལ་དུ་གསོལ། །ནགས་ཚལ་སྟུག་པོ་འདི་ལྟ་བུ། །སྐྱེ་བོ་རྒྱུན་ལུགས་མེད་པ་ན། །རི་དྭགས་འདི་འདྲ་གནས་སོ་ཞེས། །ཁྱོད་ལ་སུ་ཡིས་བཀའ་མཆིད་གསོལ། །དེ་ནས་རྒྱལ་པོ་དེ་རི་དྭགས་མི་སྐད་དུ་སྨྲས་པ་རབ་ཏུ་ངོ་མཚར་ཆེ་བ་དེས་སེམས་རབ་ཏུ་དུལ་བར་གྱུར་ནས། དེ་ལ་འདི་ལྟ་བུའི་ངོ་མཚར་


DTG168_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བདག་ལ་སྟོན་པ་ནི་འདི་ལགས་སོ། །ཞེས་མི་དེ་ལ་མདའི་རྩེ་མོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་མི་དེ་ངོ་ཤེས་ནས་སྨད་པའི་ཕྱིར་སྨྲས་པ། ཀྱི་ཧུད་ད་ཀྱེ་ཁྱེད་ལྟ་བུའི་ངན་པ། །ཁྲོལ་མེད་མི་དག་ཕྱུང་བ་བས། །ཆུ་ཡི་ཤུགས་ཀྱིས་ཁྱེར་བ་ཡི། །ཤིང་དག་ཕྱུང་ཡང་སླའོ་ཞེས། །གཏམ་དུ་གྲགས་པ་དེ་རེ་བདེན། །དེ་ལྟར་འབད་པ་དེ་ཡི་ལན། །འདི་ལྟ་བུ་ཡིས་ཕན་གདགས་སམ། །བདག་ལའང་ཕན་པ་མ་མཐོང་ན། །ཚུལ་མིན་མཐོང་བར་གལ་འགྱུར། །དེ་ནས་རྒྱལ་པོ་དེས་འདི་ལྟར་སུ་ལ་ཡོད་སྙམ་ནས་ངོ་མཚར་ཆེར་གྱུར་ཏེ། མི་དགའ་བཞིན་དུ་རི་དྭགས་རུ་རུ་དེ་ལ་སྨྲས་པ། མིང་གིས་མ་ཕྱེས་དོན་ཟབ་པ། །སྤྱི་ལ་རྣམ་པར་སྨད་པ་འདི། །བདག་གིས་ཐོས་པར་གྱུར་ནས་སུ། །བདག་གི་ཡིད་ཀྱང་འདྲ་བར་འདྲ། །དེ་བས་རི་དྭགས་དམ་པ་ཁྱོད། །སུ་ལ་བརྩམས་ཏེ་བཀྱོན་པ་གསུངས། །མིའམ་འོན་ཏེ་མི་མ་ཡིན། །བྱ་འམ་འོན་ཏེ་རི་དྭགས་ལགས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་གཞན་ལ་འདི་ནི་སྨད་མ་ལགས། །ལས་འདི་སྨད་པར་འོས་པའི་ཕྱིར་སྨྲའོ། །འདི་འདྲ་ཕྱིན་ཆད་བྱ་བར་མི་རིགས་སྙམ། །བདག་གིས་བསམས་ནས་དེ་ཕྱིར་དེ་སྐད་སྨྲས། །སྨད་པའི་རྨ་ལ་སུ་ཞིག་རྩུབ་པོར་སྨྲ། །སྡུག་པའི་བུ་ལ་ཕན་པར་འདོད་པའི་ཕྱིར། །ནད་ཀྱི་དབང་གིས་སྨན་དཔྱད་བྱེད་པའང་ཡོད། །འབབ་ཆུ་དྲག་པོས་ཁྱེར་ཏེ་སོང་བ་ལས། །སྙིང་རྗེའི་དབང་གིས་བདག་གིས་ཕྱུང་བ་ལས། །དེ་བས་བདག་ལ་འཇིགས་པ་འདི་འདྲ་བྱུང༌། །མ་རབས་བསྟེན་དུ་རུང་བར་ག་ལ་འགྱུར། །དེ་ནས་རྒྱལ་པོ་དེས་མི་དེ་ལ་སྡང་མིག་བལྟས་ཏེ་འཕྱ་བའི་ཚིག་སྨྲས་པ། ཀྭ་ཡེ་ཁྱོད་དེ་ལྟར་ཉམས་ཉེས་པ་ལས་རི་དྭགས་འདིས་ཕྱུང་བ་བདེན་ནམ། དེ་ནས་མི་དེ་འཇིགས་ཤིང་སྐྲག་ལ་བཞིན་གྱི་མདོག་ཉམས་ཤིང་ངོ་ཚ་བས་གཅོམ་བསྐྱུངས་ཏེ་མད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་ཁྱོད་ལྟ་བུའི་ངན་པ་མེད་དོ། །ཞེས་ཕྱས་ནས་མདའ་འདྲེན་དུ་བཅུག་སྟེ་སྨྲས་པ། ཀྭ་ཡེ་ཁྱོད་སྡོད་ཅིག །དེ་ལྟར་འབད་དེ་ཕན་པ་ཆར་བྱས་ཀྱང༌། །བདག་གི་སེམས་ནི་དུལ་བར་མ་གྱུར་


DTG168_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཚོགས་པའི་ནང་ན་གཏམ་ངན་རྒྱལ་མཚན་ཐོགས། །མི་ངན་དེ་འདྲ་གསོན་ཏེ་ཅི་ཞིག་རུང༌། །དེ་སྐད་ཅེས་སྨྲས་ནས། མདའ་ལྟོང་དུ་བཅུག་སྟེ་གསད་པའི་ཕྱིར་ནི་གཞུ་བཀང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་སྙིང་གདུངས་ནས་དེ་གཉིས་ཀྱི་བར་དུ་འདུག་གོ །རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་གུམས་ལགས་པ་བཀུམ་སྟེ་ཅི་རུང་མ་མཛད་མ་མཛད། གང་གི་ཚེ་ན་འདོད་ཆེན་དགྲས་བསྐུལ་ཏེ། །སྨད་པའི་གནས་སུ་ཉེ་བར་འདིར་སོང་བ། །གྲགས་པ་ངན་པས་དེ་ཚེ་བཀུམ་པར་འགྱུར། །བསོད་ནམས་མིན་པས་སླད་མའི་ཚེ་ལའང་བཀུམ། །སྡུག་བསྔལ་བཟོད་པར་དཀའ་བས་ཡིད་གདུངས་ནས། །མི་རྣམས་འདི་ལྟ་བུར་ནི་བརླག་པར་གྱུར། །འབྲས་བུ་ཕུན་སུམ་ཚོགས་པ་འདོད་པས་བསླུས། །མར་མེའི་འོད་ཀྱིས་ཕྱེ་མ་ལེབ་བྲིད་བཞིན། །དེ་བས་སྙིང་རྗེ་མཛོད་ལ་མ་བཀྱོན་ཅིག །འདི་ཉིད་ཅུང་ཟད་ཅི་དང་ཅི་འཚལ་བ། །དེ་དག་སྩོལ་ལ་ཐུབ་ཆོད་དོན་ཡོད་མཛོད། །བདག་ནི་ཁྱོད་ཀྱིས་བཀའ་སྩལ་སྤྱི་བོས་ནོད། །དེ་ནས་རྒྱལ་པོ་དེ་དེ་ལྟར་གནོད་པ་བྱེད་པ་པོ་ལ་ཡང་སྙིང་རྗེ་བ་དང་བཅས་ཤིང་གཡོ་བ་མེད་པར་དེ་ལ་ཕན་འདོགས་པར་བྱེད་པ་དེས་རབ་ཏུ་ངོ་མཚར་ཆེ་བར་གྱུར་ནས་དེ་ལ་སེམས་དང་བ་སྐྱེས་ཏེ། གུས་པ་དང་བཅས་པས་བལྟས་ནས། རེ་དྭགས་ཀྱི་མཆོག་དེ་ལ་སྨྲས་པ། སྐལ་པ་ཆེན་པོ་ལེགས་སོ་ལེགས་སོ། །འཕྲལ་དུ་མི་བཟད་གནོད་པ་ལའང༌། །གང་གིས་སྙིང་རྗེ་འདི་འདྲ་བ། །ཁྱོད་ནི་ཡོན་ཏན་ཉིད་ཀྱི་མི། །བདག་ཅག་མི་ཡི་གཟུགས་སུ་བས། །བླུན་པོ་འདི་ལ་ཁྱོད་ཀྱིས་བརྩེ་བར་མཛོད། །སྐྱེས་བུ་མཆོག་དང་བདག་མཇལ་རྒྱུ་ལགས་པས། །དེ་ཉིད་འཚལ་བའི་ནོར་རྣམས་སྩལ་བར་བགྱི། །རྒྱལ་སྲིད་འདི་ལའང་ཁྱོད་ནི་ཅི་བདེར་སྤྱོད། །རུ་རུས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གནང་བ་འདི་དོན་མཆིས་བར་བགྱིས་ཏེ་བདག་གིས་བླངས་ཀྱི། དེ་བས་ན་ཁྱོད་འདིར་བྱོན་པའི་དགོས་པ་དེ་བདག་གིས་སྦྱར་བར་འཚལ་ན་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་ཆེན་པོ་དེས་རི་དྭགས་རུ་རུ་དེ་ཤིང་རྟ་མཆོག་གི་སྟེང་དུ་བཞག་ནས་བཀུར་སྟི་ཆེན་པོ་བྱས་ཏེ། །ཕོ་བྲང་དམ་པའི་ནང་དུ་བཅུག་


DTG168_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགྲོན་དུ་བྱ་བའི་བཀུར་སྟི་བྱས་ཏེ། སེང་གེའི་ཁྲི་ཆེན་པོ་ལ་བཞག་ནས་བཙུན་མོའི་འཁོར་དང༌། བློན་པོ་མང་པོས་བསྐོར་ཏེ་དགའ་ཞིང་ཞེས་བསྐྱེད་ནས་ཞི་བར་ལྟ་ཞིང་ཆོས་དྲིས་པ། མི་རྣམས་ཆོས་ལ་ལྟ་བའི་ཕྱིར། །བློ་ནི་རྣམ་པ་མང་དུ་གྱེས། །ཁྱོད་ནི་ཆོས་རྣམས་གཏན་ལ་འབེབས། །ཇི་ལྟར་ལགས་པར་བཤད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་ཚིག་འབྲུ་གསལ་ཞིང་སྙན་པ་བཟང་པོས་ཆོས་བཤད་པ། རྒྱལ་པོ་ཆོས་ནི་མདོར་བཤད་ན། །སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད། །གསོད་དང་རྐུ་ལ་སོགས་པ་སྤོངས། །རྣམ་པ་གསུམ་དུ་དགྱེས་པར་བྱེད། །རྒྱལ་པོ་ཆེན་པོ་གཟིགས་སུ་གསོལ། །བདག་རང་ཉིད་དང་ནང་མི་ལའང༌། །བརྩེ་བ་བཞིན་དུ་གཞན་ལའང་བརྩེ། །དེ་ཡིས་སེམས་ནི་ཆོས་མིན་ལ། །འཇུག་པའི་མི་དགེ་ག་ལ་འབྱུང༌། །སྐྱེ་བོ་སྙིང་རྗེ་མེད་པས་ན། །ལུས་ངག་ཡིད་ཀྱི་སྤྱོད་པ་རྣམས། །ནང་མི་ལ་ཡང་ཕྱི་མི་བཞིན། །མི་རིགས་སྤྱོད་པ་མཆོག་ཏུ་འགྱུར། །དེ་བས་ཆོས་ལ་དད་པ་ཡིས། །སྙིང་རྗེ་གཏང་བར་མི་བྱ་སྟེ། །ཆར་འབེབས་ལོ་ཐོག་འཕེལ་བ་བཞིན། །དེ་ལས་ཡོན་ཏན་འཕེལ་བར་འགྱུར། །སྙིང་རྗེས་ནོན་པའི་སེམས་ནི་གཞན་ལ་གནོད་པ་བྱེད་མི་འགྱུར། །གཙང་མ་དེ་ལ་ལུས་སམ་ངག་ཀྱང་གཞན་དུ་འགྱུར་བ་མེད། །དེ་ལྟར་བྱེད་པ་གཞན་ལ་ཕན་འདོད་དེ་ནི་དགའ་བས་དར། །སྦྱིན་དང་བཟོད་ལ་སོགས་པའི་ཡོན་ཏན་གྲགས་དང་མཐུན་པར་འཕེལ། །སྙིང་རྗེ་ཅན་གཉིས་ཉེ་བར་ཞི་བས་གཞན་གྱི་ཡིད་མི་དབྱུང༌། །སྙིང་རྗེ་ལྡན་པས་སྐྱེ་བོ་རྣམས་ཀྱི་གཉེན་བཞིན་ཡིད་བརྟན་འགྱུར། །སྙིང་རྗེའི་དབང་གྱུར་སྙིང་ལ་འཐབ་མོའི་འཁྲུགས་པ་ཡོང་མི་འབྱུང༌། །སྙིང་རྗེའི་ཆུས་བརླན་སེམས་ལ་འཁྲུགས་པ་མེ་འབར་ཡོང་མི་འབྱུང༌། །དེ་བས་མདོར་ན་སྙིང་རྗེ་བརྟན་པའི་མཁས་པ་ཆོས་ལ་ལྟ། །དགེ་བ་དགའ་བའི་ཡོན་ཏན་བརྩེ་ལ་མི་བརྟན་གང་ཞིག་ཡོད། །དེ་བས་བདག་དང་བུ་བཞིན་སྐྱེ་བོ་དག་ལ་སྙིང་རྗེ་བསྐྱེད། །དམ་པའི་ཚུལ་གྱིས་འགྲོ་བ་ཡིད་འོང་རྒྱལ་པོའི་ཚུལ་སྟོན་ཅིག།


DTG168_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་དེ་དེའི་ཚིག་དེ་ལ་མངོན་པར་དགའ་བར་གྱུར་ནས་ཕོ་བྲང་འཁོར་གྱི་མི་རྣམས་དང་བཅས་པས་ཆོས་ཉམས་སུ་ལེན་པར་གྱུར་ཏེ། རི་དྭགས་དང་བྱ་ཐམས་ཅད་ལའང་མི་འཇིགས་པ་བྱིན་ནོ། །དེ་ལྟ་བས་ན་དགེ་བ་ནི་གཞན་གྱི་སྡུག་བསྔལ་ཉིད་མ་བཟོད་པས། རང་གི་སྡུག་བསྔལ་མི་བཟོད་པ་ནི་མ་ཡིན་ནོ། །ཞེས་སྙིང་རྗེ་ཅན་གྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །སྐྱེས་བུ་དམ་པ་རྣམས་ནི་རང་ཉིད་ཡལ་བར་དོར་ནས་གཞན་ལ་ཕན་འདོགས་པར་མཛད་པའོ། །དེ་བཞིན་དུ་ཡོན་ཏན་རྣམས་ནི་རང་ཉིད་གསོད་པ་ལ་ཡང་བླང་དོར་གསལ་བར་སྟོན་ཅིང་འགྲོ་བ་རྣམས་འདྲེན་པར་མཛད་དོ། །ཞེས་ཀྱང་བརྗོད་པར་བྱའོ། །བྱམས་པ་དང་ལྡན་པ་རྣམས་ལ་གནོད་པའི་འབྲས་བུ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ཞེས་གནོད་པ་བྱེད་པའི་ཉེས་དམིགས་ལའང་སྦྱར་བར་བྱའོ། །རི་དགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པའོ།། །།དམ་པའི་ཚུལ་གྱི་རྗེས་སུ་འབྲང་བ་རྣམས་ནི་དགྲ་རྣམས་ཀྱི་ཡིད་ཀྱང་མགུ་བར་བྱེད་དོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཞིག་ཅིག་གངས་རི་དཔལ་དང་ལྡན་པའི་ཁྲོད། སྨན་གྱི་ཁྱད་པར་རོ་དང་མཐུ་དང་རྣམ་པར་སྨིན་པའི་ཡོན་ཏན་རྣམ་པ་མང་པོ་དང་ལྡན་པ་ཡོད་པའི་ས་ཕྱོགས་མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་དང༌། འདབ་མ་དང༌། ལྡུམ་བུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་ལྗོན་པ་བརྒྱ་ཕྲག་མང་པོས་གང་བ། འབབ་ཆུ་ཤེལ་སྒོང་ལྟར་དངས་ཤིང་གཙང་མ་འབབ་པ། བྱ་མང་པོའི་སྒྲ་སྙན་མང་པོ་གྲག་པ་ཞིག་ན་སྤྲེའུ་མང་པོའི་བདག་པོ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་དེ་ལྟ་བུའི་གནས་སྐབས་སུ་གྱུར་ཀྱང༌། གཏོང་བ་དང་སྙིང་རྗེ་ལ་གོམས་པའི་ཕྱིར། གཉེན་པོ་ལ་བརྟེན་པས་མི་དགའ་བར་གྱུར་པ་བཞིན་དུ་ཕྲག་དོག་དང༌། འཇུངས་པ་དང་ཁྲོ་བ་རྣམས་ཉེ་བར་འོང་བར་མ་གྱུར་ཏོ། །དེ་དེ་ན་ཤིང་ནྱ་གྲོ་དྷ་ཆེན་པོ་ཅིག་ཡོད་པ་ལ། རིའི་རྩེ་མོ་མཐོན་པོ་བཞིན་དུ་ནམ་མཁའ་ལ་རེག་ལ་ཐུག་པ་ནགས་ཚལ་དེའི་བདག་པོ་འདྲ་བ། ལོ་མ་དང་ལྡུམ་བུ་རྒྱས་པས་ཁེབས་པའི་གྲིབ་མ་ནི་སྤྲིན་སྟུག་པོས་གཡོགས་པ་བཞིན། དེའི་འབྲས་བུའི་ཁྱད་པར་རོ་མཆོག་ཏུ་མངར་བ་ཁ་དོག་དང་དྲི་ཞིམ་པ་ཡིད་དུ་འོང་བ། མུ་ལེ་གྲུམ་ཤིང་གི་


DTG168_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བས་ཀྱང་ཆེ་བ་རྣམས་ཀྱི་ལྗིད་ཀྱིས་ཡལ་གནོན་པ་ཅིག་གི་དྲུང་ན་གནས་ཤིང་འདུག་གོ །དམ་པ་རྣམས་ནི་དུད་འགྲོར་སྐྱེས་གྱུར་ཀྱང༌། །དབང་ཐང་ལྷག་མས་བདེ་བའི་གནས་སུ་འགྱུར། །ཕན་བཏགས་འབྲེལ་པའི་མཛའ་བཤེས་སྐྱེ་བོ་རྣམས། །བྱེས་ཡུལ་དོང་བའི་ནོར་གྱི་ལྷག་མ་བཞིན། །ནགས་ཚལ་གྱི་བདག་པོ་འདྲ་བའི་ཤིང་དེའི་ཡལ་ག་གཅིག་དེའི་དྲུང་ནས་འབབ་པའི་ཆུ་ལ་གཞོལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཕྱི་རྗེས་སུ་རྒྱང་རིང་དུ་ལྟ་བས། སྤྲེའུ་མང་པོ་དེ་དག་ལ་རྗེས་སུ་གདམས་པ། ཤིང་ནྱ་གྲོ་དྷའི་ཡལ་ག་འདིའི་འབྲས་བུ་རྣམས་ཟད་པར་མ་བྱས་ཀྱི་བར་དུ། ཁྱེད་ཅག་སུ་ཡང་ཡལ་ག་གཞན་ལས་འབྲས་བུ་བཏོགས་ཏེ་མ་ཟ་ཅིག་ཅེས་བསྒོ་བ་དང༌། དེ་དག་ཀྱང་དེ་བཞིན་དུ་བྱེད་པར་གྱུར་ཏོ། །དེ་ནས་རེ་ཞིག་ཅིག་ཡལ་ག་དེའི་འབྲས་བུ་མ་སྨིན་པ་ཧ་ཅང་མི་ཆེ་བ་གཅིག་གྲོག་མ་རྣམས་ཀྱིས་ཤིང་གི་ལོ་མ་བསྡུས་པས་གཡོགས་པ་སྤྲེའུ་རྣམས་ཀྱིས་མ་མཐོང་ངོ༌། །དེ་མཐར་གྱིས་སྐྱེས་པ་དང་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་ཤིང་འཇམ་པོར་གྱུར་ནས་ཡོངས་སུ་སྨིན་པའི་དབང་གིས་རྩ་བ་སྙི་བར་གྱུར་ཏེ། འབབ་ཆུའི་ནང་དུ་ལྷུང་ནས་འབབ་ཆུའི་རྒྱུན་གྱིས་ཁྱེར་ཏེ་སོང་བ་ལ། རྒྱལ་པོ་ཞིག་བཙུན་མོའི་འཁོར་དང་བཅས་ཏེ་ཆུ་དེའི་ནང་ན་རྩེ་བའི་མཐའ་རྒྱ་མོས་བསྐོར་བའི་ངོས་ཅིག་ན་ཆགས་པར་གྱུར་ཏོ། །ན་ཆུང་ཁྲུས་བྱེད་ཕྲེང་བ་དྲི་ཞིམ་དང༌། །ཁྲུས་རྩིས་བསྒོས་པའི་བསུང་ཞིམ་སོགས་པའི་དྲི། །དེ་ཡི་དྲི་ཞིམ་ཡོན་ཏན་སྣར་སྣོམ་པ། །ཁྱབ་པར་གྱུར་པས་དེ་དག་ཟིལ་གྱིས་མནན། །ན་ཆུང་དེ་དག་དེ་ཡི་དྲི་ཡིས་མྱོས། །སྣར་སྣོམ་དབུགས་ནི་བསྲིངས་བས་མིག་ཀྱང་བཙུམས། །ངོ་མཚར་ཆེ་ཞིང་དེ་ནས་གཡོ་བར་གྱུར། །ཕྱོགས་ཀུན་ཏུ་མིག་ཀྱང་རྣམ་པར་ལྟ། །བུད་མེད་དེ་དག་ངོ་མཚར་ཆེ་བའི་མིག་གཡོ་ཞིང་རིག་རིག་པོར་ལྟ་བར་གྱུར་ནས། ཤིང་ནྱ་གྲོ་དྷའི་འབྲས་བུ་མུ་ལེ་གྲུམ་ཤིང་གི་འབྲས་བུ་སྨིན་པ་བས་ཀྱང་ཆེ་བ་དེ། རྒྱ་མོ་བྲེས་པའི་ངོས་ལ་ཆགས་ཤིང་འདུག་པ་མཐོང་བ་དང༌། འདི་ཅི་ཞིག་ཡིན་སྙམ་ནས་དེ་ལ་མིག་ཆགས་པ་བཞིན་དུ་རྒྱལ་པོ་དང་བཅས་པ་དེར་འདུས་ནས་འདི་ཅི་ཡིན་ནོ་


DTG168_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གླེངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་འབྲས་བུ་དེ་བླངས་ཏེ། སྨིན་པ་ཡིད་ཆེས་པ་རྣམས་ཀྱིས་བརྟགས་ཏེ། བདག་རང་གིས་རོ་མྱོང་ངོ༌། །དེ་ནས་རྨད་དུ་བྱུང་བའི་རོས། །རྒྱལ་པོ་ཡ་མཚན་ཆེ་བར་གྱུར། །ཆེད་དུ་སྦྱར་བའི་ཡོན་ཏན་མཆོག །རྨད་དུ་བྱུང་བའི་རོ་མཆོག་བཞིན། །སྔོན་མེད་ཁ་དོག་དྲི་དག་གིས། །དེ་ལ་ཡ་མཚན་ཆེ་བར་གྱུར། །དེ་ཡི་རོ་ལ་ཆགས་པ་ཡིས། །ཡ་མཚན་ཆེ་བའི་རྣམ་པར་གྱུར། །དེ་ནས་རྒྱལ་པོ་དེའི་ཁ་ཟས་རོ་ཞིམ་པོ་ཕུན་སུམ་ཚོགས་ཀྱང་དེའི་རོ་ལ་ཆགས་པའི་དབང་གིས་འདི་སྙམ་དུ་བསམས་སོ། །གང་ཞིག་འབྲས་བུ་འདི་དག་མ་ཟོས་པར། །དེས་ནི་རྒྱལ་སྲིད་འབྲས་བུ་ཅི་ཞིག་ཟོས། །རྒྱལ་སྲིད་བསྒྲུབ་པའི་ཉོན་མོངས་མེད་པར་ཡང༌། །འདི་འདྲ་ཟ་བ་དེ་ཉིད་རྒྱལ་པོ་ཡིན། །དེ་ནས་དེས་འབྲས་བུ་གང་ལས་བྱུང་བ་བཙལ་བར་བསམས་ཏེ། རང་གི་བློས་བརྟགས་པ། གང་ལས་འབྲས་བུ་འདི་ལྟ་བུའི་ཤིང་ལྗོན་པ་བཟང་པོ་དེ་ནི་འདི་ནས་མི་རིང་བ་ཅིག་ན་ཡོད་ལ། འབབ་ཆུའི་འགྲམ་ཅིག་ནའང་འདུག་པ་གོར་མ་ཆག་བགོ །དེ་ལྟར་ཅི་མངོན་ཞེ་ན། འདི་ལྟར་ཁོ་དོག་དང་དྲི་དང་རོ་ཡང་མ་ཉམས་ལ་རྨ་མེད་ཅིང་མ་སྣད་པ་ལ་བལྟས་ཏེ། ཆུའི་ནང་དུ་ལྷུང་ནས་ཀྱང་རིང་པོར་མ་ལོན་པར་འདྲ་སྟེ། དེ་བས་འདི་གང་ནས་བྱུང་བའི་གནས་ཤེས་པར་ནུས་ཡང་དག་གོ་སྙམ་ནས། དེའི་རོ་ལ་ཆགས་པའི་དབང་གིས་ཆུ་དེའི་ནང་དུ་རྩེ་བ་བཏང་སྟེ། བདག་རང་གི་ཕོ་བྲང་དམ་པ་བསྲུང་བའི་སྲུང་མ་ལེགས་པར་བསྐོས་ནས། དམག་དྲང་དུ་རུང་བའི་དཔུང་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། འབབ་ཆུ་དེའི་འགྲམ་ཐོག་ཐག་མཐར་གྱིས་ནགས་ཚལ་སྟུག་པོ་གཅན་གཟན་དང་བཅས་པས་ནི་གང་ཞིང༌། བདེ་བའི་རོ་རྣམ་པ་སྣ་ཚོགས་ནི་རྗེས་སུ་མྱོང་བར་བྱེད། ནགས་ཚལ་གྱི་ཁྱད་པར་མཛེས་ཤིང་ཉམས་དགའ་བ་ཆེད་དུ་མ་བྱས་པ་གཞན་དང་གཞན་དག་ལ་ནི་ལྟ། རྔ་སྒྲ་དྲག་པོས་ནགས་ཚལ་གྱི་རི་དྭགས་རྣམས་ནི་སྐྲག་པར་བྱེད་ཅིང་ཤིང་ལྗོན་པ་ནགས་ཚལ་གྱི་བདག་པོ་མི་རྣམས་ཀྱིས་བགྲོད་དཀའ་བ་དེ་དང་ཉེ་བ་ཅིག་ཏུ་ཕྱིན་ཏོ། །ཆར་སྤྲིན་ཆུ་ཡི་ལྗིད་ཀྱིས་ནོན་པ་འདྲ་བ་དེ། །རི་དང་འདྲ་ཡང་རི་རྩེ་མཐོན་པོ་འདྲ་བར་སྣང༌། །ལྗོན་ཤིང་


DTG168_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྒྱལ་པོ་བཞིན་དུ་ལྟ། །ནགས་ཚལ་དབང་པོ་དེ་ནི་རྒྱལ་པོས་རིང་ནས་མཐོང༌། །ཤིང་ཨ་མྲའི་འབྲས་བུ་ས་ཧ་ཀ་ར་སྨིན་པའི་དྲི་བས་ཀྱང་ལྷག་པར་དྲ་ཞིམ་པ་ཡིད་དུ་འོང་བའི་ངད་ལྡང་བས་མདུན་ནས་བསུ་བ་བཞིན་དུ་བསུང་ཚོར་བ་དང༌། འབྲས་བུ་དེའི་ཤིང་ནི་འདི་ཡིན་གོར་མ་ཆག་གོ་སྙམ་ནས། དེའི་དྲུང་དུ་འོང་བ་དང༌། སྤྲེའུ་བརྒྱ་ཕྲག་དུ་མ་ཤིང་དེའི་འབྲས་བུ་ཟ་བ་རྣམས་ཀྱིས་ཡལ་ག་ཁེབས་པར་མཐོང་ནས། རྒྱལ་པོ་དེས་བདག་འདོད་པའི་དོན་མེད་པར་བྱེད་པའི་སྤྲེའུ་དེ་རྣམས་ལ་སེམས་ཁྲོས་ནས། སྤྲེའུ་ངན་པ་འདི་དག་ཐམས་ཅད་ལ་རྒྱོབ་རྒྱོབ་ཆོམ་ཁ་ཐོག་ཅེས་ཚིག་རྩུབ་པོས་སྨྲ་ཞིང་རང་གིས་མི་རྣམས་ལ་བསྒོས་སོ། །དེ་ནས་རྒྱལ་པོའི་མི་དེ་རྣམས་ཀྱིས་སྤྲེའུ་དེ་དག་བསྐྲད་པའི་སྒྲ་དྲག་པོ་ཕྱུང་སྟེ། ལག་ན་མདའ་གཞུ་ཐོགས་ནས་འཕེན་པར་གཟས། ཁ་ཅིག་ནི་རྡོ་བ་དང༌། དབྱུག་པ་དང༌། མཚོན་ཆ་གཟས་ཏེ། དགྲའི་མཁར་སྒོ་ནོན་པ་བཞིན་དུ་ཤིང་དེའི་དྲུང་དུ་ལྷགས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོའི་དཔུང་གི་ཚོགས་མང་པོ་རྒྱ་མཚོའི་ཆུ་རླབས་རླུང་གི་ཤུགས་དྲག་པོས་ཕུལ་བ་འདྲ་བ། ཅ་ཅོའི་སྒྲ་ཆེན་པོ་འབྱིན་པ་མངོན་དུ་ཕྱོགས་ཏེ་ལྷགས་པ། ཤིང་ལྗོན་པ་མཆོག་དེའི་ཁོ་ར་ཁོར་ཡུག་ནས། མདའ་དང་རྡོ་བ་དང་དབྱུག་པ་འཕེན་པ་ནི་སེར་བ་འབབ་པ་བཞིན་དུ་གྱུར་པ་ནི་མཐོང༌། སྤྲེའུ་མང་པོ་རྣམས་ནི་འཇིགས་ཤིང་མི་དགའ་བའི་སྐད་ངན་འབྱིན་པ་ཙམ་ལ་བརྟེན་ཅིང༌། ངོ་འཛུམ་གནག་པ་སྤ་གོང་སྟེ། མིག་གྱེན་དུ་ལྟ་ཞིང་འཁོད་པ་མཐོང་ནས། སེམས་ནི་སྙིང་རྗེ་ཆེན་པོས་ནོན། འཇིགས་ཤིང་སྐྲག་ཅིང་སྐྲག་པ་དང༌། མྱ་ངན་ནི་བཏང་ནས། སྤྲེའུ་མང་པོ་དེ་དག་དབུགས་ཕྱུང་ནས། དེ་དག་ཡོངས་སུ་སྐྱབས་པའི་བློ་བསྐྱེད་ནས། ཤིང་ཆེན་པོ་དེའི་རྩེ་མོར་འཛེག་སྟེ། དེ་དང་ཉེ་བ་ན་འདུག་པའི་རི་ཅིག་གི་ཁར་མཆོངས་པར་ཆས་སོ།། རི་དེ་ཡང་མཆོངས་པ་གཅིག་གིས་མཆོངས་ཏེ་ཕྱིན་པའི་ས་མ་ཡིན་ཡང་སེམས་དཔའ་ཆེན་པོ་དེ་རང་གི་མཐུ་ཁྱད་པར་དུ་འཕགས་པས་བྱ་འཕུར་བ་བཞིན་དུ་དེར་མཆོངས་ཏེ་ཕྱིན་ཏོ། །སྤྲེའུ་གཞན་གྱིས་མཆོངས་པ་གཉིས་ཀྱིས་ཀྱང༌། །མཆོངས་མི་ནུས་པའི་ས་ཁྱོན་ཆེན་པོ་དེ། །མཆོངས་པའི་


DTG168_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རྩལ་ཅན་དེས་བྱ་འཕུར་བཞིན། །མཆོངས་པ་གཅིག་གིས་ལེགས་པར་མཆོངས་པར་གྱུར། །དེས་ནི་སྙིང་རྗེ་རྣམ་པར་བསྐྱེད་པ་དང༌། །དཔའ་བའི་ཤུགས་ཀྱིས་རྩོལ་བ་དྲག་པོར་གྱུར། །དེ་ཡི་འབད་པ་ཁྱད་པར་དྲག་པོ་དེས། །ཡིད་ལ་བསམས་པ་བཞིན་དུ་ཕྱིན་པར་གྱུར། །རི་དེའི་རྩེ་མོ་མཐོན་པོར་ཕྱིན་ནས་ཀྱང༌། །སྤ་ཐག་ས་ཁྱོན་དེའི་བར་བས་ཀྱང་རིང་བར་སྐྱེས་ཤིང་རྩ་བ་བརྟན་པ་སྲ་བ་ཞིག་གིས་བདག་གི་རྐང་པ་གཉིས་བཅིངས་ནས་སླར་ཡང་ཤིང་ཆེན་པོ་དེའི་ཁར་མཆོངས་པ་དང༌། དེ་གཉིས་ཀྱི་བར་ཐག་རིང་ཞིང་རྐང་པ་གཉིས་བཅིངས་པས་ཟོ་མདོག་མི་བདེ་བའི་ཕྱིར། སེམས་དཔའ་ཆེན་པོ་དེས་ཤིང་དེའི་ཡལ་གའི་རྩེ་མོར་དེའུ་མ་སླེབས་ཏེ་སླེབས་སོ། །དེ་ནས་ཡལ་ག་དེ་ལ་དམ་དུ་འཇུས། །སྤ་ཐག་དེ་ཡང་རབ་ཏུ་བསྒྲིམས་ཏེ་བརྒྱངས། །ཤིང་འདིའི་ཁ་ནས་འདི་ལས་མྱུར་དུ་དེང༌། །སྤྲེའུའི་ཚོགས་རྣམས་བདག་གི་སྐད་ཀྱིས་སྦྲན། །དེ་ནས་སྤྲེའུ་དེ་དག་འཇིགས་པས་ཉེན་ཅིང་བྲོས་པའི་ལམ་རྙེད་ནས། རབ་ཏུ་རྟབ་པའི་འགྲོས་ཀྱིས་དེའི་ལུས་བརྫི་བ་ལ་ཚམ་ཚོམ་མེད་པར་སྤ་ཐག་དེ་ལས་བརྒྱུད་དེ་བདེ་བར་བྲོས་ཏེ་སོང་ངོ༌། །སྤྲེའུའི་ཚོགས་དེ་དག་འཇིགས་པས་ཉེན་པ་ཡི། །རྐང་ལག་རྣམས་ཀྱིས་དེ་ཡི་ལུས་བརྫིས་པས། །བདག་གི་ལུས་ཀྱི་ཤ་དང་བྲལ་གྱུར་ཀྱང༌། །རབ་ཏུ་བརྟན་པས་སེམས་ནི་ཡོང་མ་བྲལ། །དེ་ལྟར་སྤྲེའུའི་རྒྱལ་པོ་དེ་རྒྱལ་པོ་དང་མི་དེ་དག་གིས་མཐོང་ནས་རབ་ཏུ་ཡ་མཚན་ཆེ་བར་གྱུར་ཏོ། །འདི་ནི་དཔའ་ཞིང་བློ་ཡང་ཕུན་སུམ་ཚོགས། །བདག་ལའང་མི་ལྟ་གཞན་ལ་སྙིང་བརྩེ་བ། །ཐོས་པར་གྱུར་ན་ངོ་མཚར་ཆེ་གྱུར་པ། །མངོན་སུམ་མཐོང་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ནས་མི་དེ་དག་ལ་རྒྱལ་པོ་དེས་བསྒོས་པ། སྤྲེའུའི་བདག་པོ་འདི་སྤྲེའུ་མང་པོ་འཇིགས་ཏེ་བྲོས་པའི་རྐང་ལག་གིས་བརྫིས་པས། ལུས་སྣད་ལ་ཡུན་རིང་དུ་ཟམ་པ་བྱེད་ཅིང་འདུག་འདུག་པས་དུབ་པའི་ཕྱིར་གདོན་མི་ཟ་བར་བདག་རང་ལྡང་མི་ནུས་ཀྱིས། དེ་བས་ན་འདིའི་འོག་ཏུ་རས་བརྒྱངས་པ་ཟེད་ལ། སྦ་ཐག་འདི་དང་ཤིང་ནྱ་གྲོ་དྷའི་ཡལ་ག་འདི་ཡང་མངའ་གཉིས་ཀྱིས་དུས་གཅིག་ཏུ་ཆོད་ཅིག་ཅེས་བསྒོས་སོ། །དེ་


DTG168_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་དེ་དག་གིས་ཀྱང་དེ་བཞིན་དུ་བྱས་སོ། །དེ་ནས་རྒྱལ་པོ་དེས་རས་བརྒྱངས་ཏེ་ཟེད་པ་ལ་ཕབ་ནས། ལུས་རྨ་བྱུང་བའི་སྡུག་བསྔལ་གྱིས་བརྒྱལ་བར་གྱུར་ཏེ། སེམས་མི་དྲན་པ་དེ་མལ་སྟན་འཇམ་པོ་ཞིག་ལ་བཞག་ནས་རྨ་གསེར་པ་གསོ་བའི་སྨན་ལ་སོགས་པས་དེའི་ལུས་ཀྱི་རྨ་བཀྲུས་ཏེ་ཅུང་ཟད་ཅིག་ལོན་པར་གྱུར་ཅིང་དབུགས་ཕྱུང་བར་གྱུར་པ་དང༌། རྒྱལ་པོ་དེ་ངོ་མཚར་དང་ཡ་མཚན་ཆེ་ཞིང་གུས་པར་གྱུར་ནས། ནད་དྲིས་ཕྱིར་སྨྲས་པ། སྙིང་རྗེ་བསྐྱེད་དེ་བདག་གི་སྲོག་བོར་ནས། །གང་རྣམས་ཕྱིར་ནི་བདག་གིས་ཟམ་པ་བྱས། །ཁྱོད་ཀྱིས་བསྒྲལ་བའི་སྤྲེའུ་ཚོགས་མང་པོ་འདི། །ཁྱོད་ཀྱི་ཅིར་འོང་ཁྱོད་ཀྱང་ཁོང་གི་ཅི། །གལ་ཏེ་ངེད་ཀྱིས་འདི་ནི་མཉན་རུང་ན། །སྤྲེའུ་རྒྱལ་གཙོ་བོ་དེ་ནི་རྗེས་སྨྲོས་ཤིག །རབ་ཏུ་མཛའ་བའི་རྒྱུ་འབྲེལ་ཆུང་ངུ་དག །དེ་ལྟ་བུ་ནི་ཡིད་ལ་བྱེད་མི་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་དེ་ལྟར་གུས་ཤིང་ལེགས་པར་སྨྲས་པ་ལ་ལན་ལེགས་པར་གླན་པའི་ཕྱིར། མི་ངོམས་པའི་ཚུལ་གྱིས་བདག་ཉིད་སུ་ཡིན་པར་བསྟན་པ། བདག་གི་ངག་མཉན་གུས་པ་འདི་དག་གིས། །བདག་ལ་རྒྱལ་པོའི་ཁུར་ནི་བསྐུར་བར་གྱུར། །དེ་བས་འདི་དག་བུ་དང་འདྲ་བར་སྡུག །ཁུར་ཏེ་བསྐུར་བའི་ཕྱིར་ནི་འདི་ལྟར་བགྱི། །རྒྱལ་པོ་ཆེན་པོ་བདག་དང་འདི་རྣམས་ནི། །ཡུན་རིང་དུས་ནས་འདི་ལྟར་འབྲེལ་པར་གྱུར། །རིགས་གཅིག་སྐྱེས་པས་འདི་ལྟར་མཛའ་གྱུར་ཅིང༌། །ལྷན་ཅིག་གནས་པས་གཉེན་དང་འདྲ་བར་གྱུར། །དེ་སྐད་ཟེར་བ་རྒྱལ་པོ་དེས་ཐོས་ནས། །ཡ་མཚན་ཆེ་བར་གྱུར་ནས་ཡང་སྨྲས་པ། །བློན་པོ་ལ་སོགས་རྒྱལ་པོའི་ཕྱིར། །དེ་དག་ཕྱིར་ནི་རྒྱལ་པོ་མིན། །དེ་བས་བདག་གི་བྲན་གྱི་ཕྱིར། །ཅི་ཕྱིར་ཁྱོད་ཀྱིས་བདག་ལུས་བོར། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་བགྱིད་པ་ནི་མད་ན། རྒྱལ་པོའི་གཞུང་ལུགས་དེ་ལྟ་བུ། །བདག་གི་གཞུང་ལུགས་ངན་པར་མཐོང༌། །མ་འདྲིས་པར་ཡང་སྡུག་བསྔལ་མི་བཟོད་པ། །ཡལ་བར་བོར་ན་སྡུག་བསྔལ་ཆེར་གྱུར་ན། །སེམས་ནི་རབ་ཏུ་གུས་པས་སྐྱེ་བོ་རྣམས། །གཉེན་དང་མཛའ་བོར་གྱུར་པ་སྨོས་ཅི་


DTG168_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །སྤྲེའུ་རྣམས་རབ་ཏུ་ཉམས་ཉེས་ཆེར་གྱུར་ཞིང༌། །ཕོངས་ནས་མྱ་ངན་བྱེད་པ་འདི་མཐོང་ནས། །བདག་གི་དོན་བསྒྲུབ་སེམས་པར་མི་འགྱུར་བའི། །སྡུག་བསྔལ་ཆེན་པོ་བདག་ལ་བྱུང་བར་གྱུར། །དེ་བས་གཞུ་རྣམས་རབ་ཏུ་བཀང་ནས་སུ། །མདེའུ་རྩེ་རྣོན་པོ་རབ་ཏུ་འཕེན་པ་ཡི། །གཞུ་རྒྱུད་སྒྲས་འཇིགས་སེམས་ལ་མ་བསམས་པར། །ཤིང་དེའི་ཁ་ནས་རི་ཁ་འདིར་མཆོངས་མོད། །བདག་གི་འཁོར་ནི་རབ་ཏུ་སྐྲག་པའི་སེམས། །ངུ་ཞིང་འབོད་པས་བདག་ནི་རབ་བསྐུལ་ནས། །ས་ཁྱོན་ཚད་ནི་ལེགས་པར་བརྟགས་ནས་སུ། །སྦ་ཐག་བཅད་ནས་བདག་གི་རྐང་པ་བཅིངས། །རི་བོ་དེ་ལས་སླར་ཡང་འདིར་མཆོངས་ཏེ། །ལྗོན་ཤིང་འདི་ལས་བདག་གི་འཁོར་བསྒྲལ་ཕྱིར། །དེ་ཡི་ཡལ་ག་ལག་པ་བརྐྱང་འདྲ་བ། །བདག་གི་ལག་པ་གཉིས་ཀྱིས་ཟིན་པར་གྱུར། །སྦ་ཐག་དེ་ནི་རབ་ཏུ་བརྐྱངས་པ་དང༌། །ལྗོན་ཤིང་དེ་ཡི་ཡལ་གས་བཏུད་པ་ལས། །བདག་གི་ལུས་བརྫིས་ཚམ་ཚོམ་མ་མཆིས་པར། །བདག་ལ་བརྟེན་ནས་འཁོར་རྣམས་བདེ་བར་ཐར། །དེ་ནས་རྒྱལ་པོ་དེ། སེམས་དཔའ་ཆེན་པོ་དེ་དེ་ལྟ་བུའི་གནས་སྐབས་ན་ཡང་དེ་ལྟར་བྱེད་པ་མཐོང་ནས་རབ་ཏུ་དགའ་བར་གྱུར་ཏེ་རབ་ཏུ་ཡ་མཚན་ཆེ་བར་གྱུར་ནས་ཡང་འདི་སྐད་ཅེས་སྨྲས་སོ། །བདག་གི་བདེ་བ་ཁྱད་དུ་བསད། །གཞན་ལ་ཉམས་ཉེས་བྱུང་བ་དང༌། །དེ་ལྟར་བདག་གིས་ཉམས་སུ་བླངས། །ཁྱོད་ཀྱི་ཡོན་ཏན་ཅི་ཞིག་ཐོབ། །བྱང་ཆུབ་སེམས་དཔས་སྨྲས་པ། གང་རྣམས་རྒྱལ་པོ་བདག་གིས་ཡུན་རིང་བྱས།། དེ་དག་སྡུག་བསྔལ་བདག་གིས་རྣམ་པར་བཟློག །དེ་བས་སེམས་ནི་རབ་ཏུ་དགའ་བར་གྱུར། །བདག་གི་ལུས་ལྟ་བཅད་པར་གྱུར་ཀྱང་རུང༌། །དྲེགས་པའི་དགྲ་རྣམས་གཡུལ་ངོ་ཕམ་བྱས་ནས། །ལུས་ལ་རྨ་བྱུང་རྒྱན་གྱིས་བརྒྱན་པ་བཞིན། །དཔའ་བོ་རྣམས་ནི་དཔའ་བོའི་མཚོན་གྱིས་བརྒྱན། །དེ་བཞིན་རྨ་འདི་བདག་གིས་དགའ་བཞིན་བཟོད། །རིགས་མཐུན་རྣམས་ནི་རབ་ཏུ་གུས་བྱས་ནས། །གུས་པས་ཕྱག་འཚལ་བཀུར་སྟི་ཆེར་བྱས་པའི། །དབང་ཕྱུག་བདེ་བ་ཐོབ་པར་གྱུར་པ་ཡི། །བུ་ལོན་བདག་གི་དེ་རིང་འཁོར་བར་གྱུར། །དེ་བས་བདག་ནི་མཛའ་དང་བྲལ་


DTG168_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། །བདེ་བ་མེད་པར་སྡུག་བསྔལ་མ་མཆིས་ཀྱིས། །འདི་ལྟར་བགྱིས་པས་བདག་ནི་འགུམས་གྱུར་ཀྱང༌། །འདི་ནི་དགའ་དང་འཕྲད་པར་གྱུར་པ་བཞིན། །སྔོན་དུ་ཕན་བཏགས་བུ་ལོན་འཁོར་བས་མགུ། །མྱ་ངན་གདུངས་ཤིང་གྲགས་པ་དྲི་མེད་ཐོབ། །རྒྱལ་པོའི་མཆོད་བྱས་འཆི་ལ་འཇིགས་པ་མེད། །དམ་པས་ཕན་བཏགས་དྲིན་ཀྱང་དྲན་པར་གྱུར། །ཡོན་ཏན་མཆོག་གནས་ཡོན་ཏན་འདི་དག་ནི། །སྡུག་བསྔལ་འདི་མྱོང་བདག་གིས་ཐོབ་བར་འགྱུར། །བདག་པོ་སྙིང་རྗེ་མེད་ལ་རྟེན་བཅས་ན། །དེ་དང་མི་མཐུན་ཕྱོགས་རྣམས་ཐོབ་པར་འགྱུར། །ཡོན་ཏན་མེད་ཅིང་གྲགས་པ་མེད་གྱུར་པ། །ཉེས་པ་འབྱུང་བའི་གནས་སུ་གྱུར་པ་རྣམས། །དམྱལ་བའི་མེ་འབར་རབ་ཏུ་འཁྲུག་པ་ལས། །གཞན་དུ་འགྲོ་བའི་གནས་ནི་ཅི་ཞིག་ཡོད། །དེ་བས་ཁྱོད་ལ་ཡོན་ཏན་སྐྱོན་གྱི་མཐུ། །བདག་གིས་ལེགས་པར་བསྟན་པ་འདི་ལགས་ཀྱི། །ལྷ་དཔལ་འགྲོ་བའང་བུད་མེད་རང་བཞིན་ཅན། །དེ་བས་ཆོས་ཀྱིས་རྒྱལ་སྲིད་སྐྱོང་བར་མཛོད། །གཞོན་པའི་དཔུང་དང་ལྗོངས་དང་བློན་པོ་དང༌། །མགོན་མེད་འབངས་དང་དགེ་སྦྱོང་བྲམ་ཟེ་དང༌། །རྒྱལ་པོས་ཕ་བཞིན་ཕན་པའི་རྗེས་མཐུན་པར། །ཐམས་ཅད་བདེ་དང་ལྡན་པར་མཛད་པར་རིགས། །དེ་ལྟར་བྱས་ན་ཆོས་སྲིད་གྲགས་པ་འཕེལ། །འདི་དང་གཞན་ལའང་ཁྱོད་ནི་བདེ་བར་འགྱུར། །དེ་བས་ཁྱོད་ནི་འབངས་ལ་ཐུགས་བརྩེ་བས། །རྒྱལ་པོ་དྲང་སྲོང་དཔལ་གྱིས་བརྗིད་པར་མཛོད། །དེ་ལྟར་རྒྱལ་པོ་སློབ་མ་བཞིན་དུ་བསྟན། །རབ་ཏུ་བསྟོད་པའི་ཚིག་གིས་དེ་བསྟན་ནས། །སྣད་པའི་སྡུག་བསྔལ་རབ་ཏུ་ཟིལ་མནན་ཏེ། །ལུས་དེ་བོར་ནས་མཐོ་རིས་སོང་བར་གྱུར། །དེ་ལྟ་བས་ན་དམ་པའི་ཚུལ་གྱི་རྗེས་སུ་འབྲང་བ་རྣམས་ནི་ཡིད་ཀྱང་མགུ་བར་བྱེད་དོ། །ཞེས་འཇིག་རྟེན་པ་རྣམས་མགུ་བར་བྱེད་པར་འདོད་པས། དམ་པ་རྣམས་ཀྱི་ཚུལ་གྱི་རྗེས་སུ་འབྲང་བར་བྱའོ། །བཅོམ་ལྡན་འདས་དེ་གཞན་གྱི་དོན་ཇི་ལྟར་བསྒྲུབ་པ་དེ་ལྟར་སེམས་ཅན་རྣམས་བདག་གིས་ཀྱང་བསྒྲུབ་མི་ནུས་སོ། །ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་


DTG168_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྙིང་རྗེ་ཆེན་པོས་ཡོན་ཏན་བསྔགས་པ་དང༌། རྒྱལ་པོའི་འབངས་རྣམས་ལ་དེ་ལྟར་སྙིང་རྗེ་དང་ལྡན་པར་བྱའོ། །ཞེས་རྒྱལ་པོ་ལ་གདམས་པ་དང༌། སྐྱེས་བུ་དམ་པ་རྣམས་ནི་དེ་ལྟར་ཆུ་གང་ཆེའོ་ཞེས་ཆུ་གང་ཆེ་བའི་གཏམ་བྱ་བ་ལ་ཡང་བརྗོད་པར་བྱའོ། །སྤྲེའུའི་རྒྱལ་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བདུན་པའོ།། །།བམ་པོ་བཅུ་པ། བཟོད་པ་ལ་གོམས་ཤིང་སོ་སོར་བརྟགས་ཏེ། བརྣགས་པའི་ཤས་ཆེ་བ་རྣམས་ནི་བརྣགས་མི་ཐུབ་ཅེས་བྱ་བ་མེད་དོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ནི་ཉེས་པ་མང་པོའི་སྡུག་བསྔལ་དང་ལྡན་པ། སྲིད་དང་འདོད་པ་ལྷུར་ལེན་པས་ཉེ་བར་མ་ཞི་ཞིང་འདོད་ཆགས་དང༌། ཞེ་སྡང་དང༌། མི་བཟོད་པ་དང༌། འཐབ་པ་དང༌། དྲེགས་པ་དང༌། ང་རྒྱལ་དང༌། སེར་སྣ་ལ་སོགས་པའི་སྐྱོན་རྣམས་ཀྱི་གནས་ངོ་ཚ་བའི་ཆོས་མེད་པར་བྱེད་པ་འདོད་ཞེན་ཆེ་བའི་སྐྱེ་གནས་བྱ་བ་ངན་པའི་སྐལ་བས་ཆོས་སྤྱད་པའི་གོ་སྐབས་མེད་པར་ཤེས་ལ། རབ་ཏུ་བྱུང་བ་ནི་འདུ་འཛིའི་དུག་སྤོང་ཞིང་ཉེས་པ་དེ་ལྟ་བུ་མེད་པའི་བདེ་བ་ཅན་དུ་མཐོང་ནས། ཚུལ་ཁྲིམས་དང༌། མང་དུ་ཐོས་པ་དང༌། རབ་ཏུ་ཞི་བ་དང༌། དུལ་བ་ལ་ཡིད་དེས་པར་བྱ་བའི་དཀའ་ཐུབ་ཅན་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེས་བཟོད་པ་བྱས་པའི་དམ་བཅས་པ་མ་ཉམས་ཤིང་བཟོད་པའི་བསྔགས་བརྗོད་པར་བྱེད་པ་དེ་དང་རྗེས་སུ་མཐུན་པའི་ཆོས་གོ་རིམས་བཞིན་དུ་འཆད་པས། བདག་རང་གི་མིང་རུས་ནས་སུ་ཡང་མི་འབོད་པར་བཟོད་པར་སྨྲ་བ་ཞེས་འཇིག་རྟེན་པ་རྣམས་ཀྱིས་ཡང་དག་པར་བློ་བསྐྱེད་དེ་མིང་དུ་གྲགས་སོ། །དབང་ཕྱུག་རིགས་པ་དཀའ་ཐུབ་ཕུན་སུམ་ཚོགས། །སྒྱུ་རྩལ་རྣམས་ལ་གོམས་པ་རྒྱ་ཆེ་བ། །ལུས་དང་ངག་གི་སྤྱོད་པ་མཐུ་རྩལ་ཅན། །མི་རྣམས་མིང་ནི་གཞན་དུ་འདོགས་པར་བྱེད། །དེ་ནི་བཟོད་པའི་ཡོན་ཏན་མཐུ་ཤེས་ནས། །དེ་ཡིས་བདག་གཞན་འཇིག་རྟེན་རབ་ཏུ་བརྒྱན། །བཟོད་པའི་གཏམ་ཡང་རྒྱུན་དུ་བྱེད་པར་གྱུར། །དེ་བས་དེ་ནི་བཟོད་པར་སྨྲ་ཞེས་གྲགས། །བཟོད་པ་ཆེན་པོ་རང་གི་ངང་དུ་གྱུར། །གཞན་ལ་གནོད་པ་མི་བྱེད་རབ་ཏུ་བརྟན། །དེ་ཡི་དོན་དང་མཐུན་པའི་གཏམ་དག་གིས། །ཐུབ་


DTG168_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཡི་གྲགས་པ་རྒྱས་པར་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་ནགས་ཚལ་གྱི་ཕྱོགས་རབ་ཏུ་དབེན་ཞིང་ཉམས་དགའ་བ། མེ་ཏོག་དང་འབྲས་བུ་དུས་ཐམས་ཅད་དུ་རྙེད་པར་སླ་བ། མཚོ་ཆུ་གཙང་མ་པདྨ་དང་ཨུཏྤ་ལས་བརྒྱན་པ། སྐྱེད་མོས་ཚལ་ཉམས་དགའ་བ་བཞིན་དུ་མཛེས་པ་ཞིག་ཏུ་གནས་བཅས་པས་དཀའ་ཐུབ་ཀྱི་ནགས་ཚལ་ཤིན་ཏུ་བཀྲ་ཤིས་པར་བྱས་སོ། །དམ་པ་ཡོན་ཏན་མཆོག་ལྡན་པ། །གང་ན་གནས་པ་དེ་དག་ཉིད། །བཀྲ་ཤིས་ཡིད་དུ་འོང་བ་དང༌། །རི་ཉིད་བརྟེན་དང་དཀའ་ཐུབ་ཚལ། །དེ་ན་གནས་པའི་ལྷ་རྣམས་ནི། །དེ་ལ་ཤིན་ཏུ་དད་པ་སྐྱེས། །སྐྱེ་བོ་ཕན་པར་འདོད་ཅིང་ཡོན་ཏན་ལ་དགའ་བ་རྣམས་ནི་བཀུར་སྟི་བྱེད་ཅིང་འོང་བར་གྱུར་ཏེ། སྐྱེ་བོ་མང་པོ་དེ་རྣམས་ལ་ཆོས་ཀྱི་གཏམ་བཟོད་པ་དང་ལྡན་པ། རྣར་འོང་ཞིང་སེམས་ལ་འབབ་པ་རྣམས་ཀྱིས་ཕན་བཏགས་སོ། །དེ་ནས་རེ་ཞིག་ཅིག་ཡུལ་དེའི་རྒྱལ་པོ་དཔྱིད་ཀྱི་དུས་ལ་བབ་པས། ཆུའི་ནང་དུ་རྩེར་འགྲོ་འདོད་པར་གྱུར་ཏེ། སྐྱེད་མོས་ཚལ་གྱི་ཡོན་ཏན་པས་ཀྱང་ལྷག་པའི་གནས་སུ་གྱུར་པའི་ནགས་ཚལ་གྱི་ཕྱོགས་དེར་བཙུན་མོའི་འཁོར་དང་བཅས་ཏེ་སོང་ངོ༌། །དགའ་བའི་ཚལ་ལྟར་ཉམས་དགའ་མཛེས་པའི་ཚལ། །དེ་ཡི་བཙུན་མོའི་འཁོར་གྱིས་གང་བར་གྱུར། །ལོངས་སྤྱོད་ཅན་གྱི་སྤྱོད་ཚུལ་མཛེས་པ་ཡི། །ན་ཆུང་ཆས་པ་རྣམས་ཀྱིས་བརྒྱན་པ་བཞིན། །འཁྲི་ཤིང་འཁྱིལ་པས་གཏིབས་པ་ལྡིང་ཁང་བཞིན། །མེ་ཏོག་རྒྱས་པའི་ལྗོན་ཤིང་བཀོད་པ་བཞིན།། པདྨ་རབ་ཏུ་རྒྱས་པའི་མཚོ་འགྲམ་ན། །བཙུན་མོ་རྣམས་ནི་རབ་ཏུ་དགའ་ཞིང་རྩེ། །མེ་ཏོག་ཕྲེང་དང་ཁྲུས་ཀྱི་བྱུག་སྤོས་ཀྱི། །བསུང་ཞིམ་ངད་ཀྱིས་བུང་བ་འདུས་རྣམས་ལ། །བཙུན་མོ་ཁ་ཅིག་ལྟད་མོ་ཆེར་ལྟ་བ། །ཡ་མཚན་ཆེར་གྱུར་བསྔགས་ཤིང་འཛུམ་པས་མཛེས། །མེ་ཏོག་རྣ་ཆ་གསར་པས་རབ་ཏུ་མཛེས་པ་དང༌། །སྐྲ་ཡི་རྒྱན་དུ་བཏགས་པའི་ཕྲེང་བ་མཛེས་ཡོད་ཀྱང༌། །དེ་དག་མེ་ཏོག་འདོད་པས་ཚིམ་པར་མ་གྱུར་ཏེ། །དེ་བཞིན་རྒྱལ་པོའི་བཙུན་མོ་རྩེ་བས་སྙིང་མ་ཚིམ། །མེ་ཏོག་ཤིང་ལ་བུད་མེད་མིག་ལྟ་ཞིང༌། །གཞལ་མེད་ཁང་ལ་ལྟ་བས་ཆགས་


DTG168_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །པདྨའི་མཚོན་བུང་བ་དངར་བ་བཞིན། །རབ་ཏུ་མཛེས་པ་རྒྱལ་པོས་མཐོང་བར་གྱུར། །ཀོ་ཀི་ལ་དག་མྱོས་པའི་སྒྲ་རྣམས་དང༌། །རྨ་བྱ་གར་བྱེད་བུང་བ་གླུ་ལེན་དང༌། །ན་ཆུང་ཚིག་སྨྲ་གླུ་ལེན་གར་བྱེད་པས། །དེ་དག་དེ་ན་རབ་ཏུ་མཛེས་པར་སྣང༌། །འབྲུག་སྒྲ་ཟབ་མོ་རྔ་སྒྲ་བརྡུངས་པ་བཞིན། །རྨ་བྱ་མང་པོ་ལྷང་ལྷང་སྒྲ་འབྱིན་ཞིང༌། །རབ་ཏུ་སྒྱུ་རྩལ་ཐབས་ཀྱིས་གར་བྱེད་པ། །རྒྱལ་པོ་དེ་ལ་རྨ་བྱ་གར་བྱེད་འདྲ། །དེ་དེ་ན་བཙུན་མོའི་འཁོར་དང་བཅས་པ་ནགས་ཚལ་སྐྱེད་མོས་ཚལ་འདྲ་བ་ན་སྤྱོད་པའི་བདེ་བ་ཉམས་སུ་མྱོང་ནས་རྩེ་རྩེ་བས་ཆད་ཅིང་འདོད་པ་ལ་ཆགས་པའི་དབང་གིས་ཤིང་གྲིབ་དཔལ་དང་ལྡན་པ་གཞལ་མེད་ཁང་པའི་དྲུང་དུ་མལ་ཆ་བཟང་པོ་བཏིང་བ་ལ་ཉལ་ཏེ་གཉིད་ཀྱིས་ལོག་པར་གྱུར་ཏོ། །དེ་ནས་བཙུན་མོ་དེ་དག་རྒྱལ་པོ་མནལ་བའི་སྐབས་སུ་བབ་པ་ཤེས་ནས། །ནགས་ཚལ་མཛེས་པ་ལ་སྙིང་ཆགས་ཤིང་དེ་ལྟ་བས་མ་ངོམས་པས་དགའ་སྟེ་དགའ་བ་དེར་ཆས་སོ། །རྒྱན་རྣམས་སིལ་སིལ་ཟེར་བའི་སྒྲ་དང་མཛེས་པའི་སྐད་སྙན་པ་འབྱིན་ཅིང་ཀུན་ཏུ་འཁྱམས་སུ་སོང་ངོ༌། །དེ་དག་གདུགས་དང་རྔ་ཡབ་སྟན་ལ་སོགས། །གསེར་གྱིས་བརྒྱན་པ་རྣམས་ནི་བྲན་མོས་ཐོགས། །དབང་ཕྱུག་རྟགས་དང་བཅས་པ་རྗེས་སུ་འབྲང༌། །བུད་མེད་རང་བཞིན་འཕྱར་བ་རྣམ་པར་རྒྱུ། །དེ་དག་ལྗོན་ཤིང་བཟང་པོའི་མེ་ཏོག་དང༌། །ལོ་མ་སྡུག་གུ་བསྙབ་ཏུ་སླེབས་པ་རྣམས། །བྲན་མོས་བཏོགས་ཏེ་དབུལ་གྱིས་མི་སླེབས་པ། །ཆགས་པའི་དབང་གིས་བདག་ཅག་ཉིད་ཀྱིས་བཏོགས།། ཤིང་ལོ་གཡོ་བའི་ཤིང་དང་གེལ་པ་རྣམས། །ལམ་དང་ཉེ་བ་མེ་ཏོག་རྒྱས་པ་ཀུན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་བཀླུབས་ཟིན་ཀྱང༌། །ཆགས་པའི་དབང་གིས་མ་བཏོགས་དེ་མ་དོང༌། །དེ་ནས་རྒྱལ་པོའི་བཙུན་མོ་དེ་དག་ནགས་ཚལ་ཉམས་དགའ་བ་དེ་ལས་སེམས་གཡེང་བཞིན་དུ། ནགས་ཚལ་དེའི་ནང་ནས་མཐར་གྱིས་སོང་སོང་བ་ལས། བཟོད་པར་སྨྲ་བའི་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ཏོ། །བུད་མེད་བསྲུང་བའི་ཉུག་རུམ་པ་རྣམས་ཀྱིས། ཐུབ་པ་དེའི་དཀའ་ཐུབ་ཀྱི་མཐུ་ཆེ་བར་ཤེས་ཤིང༌། བཙུན་མོ་དེ་རྣམས་ཀྱང་རྒྱལ་པོའི་གནང་ཆེན་ཡིན་ལ་བཅོས་དཀའ་བའི་


DTG168_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེར་མི་འདོད་བར་བཟློག་མ་ནུས་སོ། །དཀའ་ཐུབ་ཀྱི་ནགས་དེ་བྱི་དོར་ལེགས་པར་བྱས་པས་ཉམས་དགའ་ཞིང་ཡིད་དུ་འོང་བས། བཙུན་མོ་དེ་དག་དྲངས་པ་བཞིན་དུ་དེར་ལྷགས་པ་དང༌། དེ་ན་ཐུབ་པའི་མཆོག་དེ་རབ་ཏུ་ཞི་ཞིང་དུལ་བར་སྣང་ཡང་རབ་ཏུ་ཟབ་པས་དཀའ་ཐུབ་ཀྱི་དཔལ་མེ་འབར་བ་བཞིན་དུ་བསྙེན་པར་ནི་དཀའ། བསམ་གཏན་ལ་གོམས་པར་བྱས་པས་འདོད་ཆགས་ཀྱི་ཡུལ་བཟང་པོ་ཉེ་བར་གྱུར་ཀྱང་དབང་པོ་དུལ་ཞིང་མ་འཁྲུགས་པས་ནི་མཛེས། ཆོས་མངོན་སུམ་དུ་མཐོང་བ་བཞིན་དུ་བཀྲ་ཤིས་ཤིང་བསོད་ནམས་དང་ནི་ལྡན་པར་ཤིང་དྲུང་དུ་སྟན་བཏིང་བ་ལ་འདུག་པ་མཐོང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེའི་བཙུན་མོ་དེ་དག་དེའི་དཀའ་ཐུབ་ཀྱི་གཟི་བྱིན་གྱིས་སེམས་ཟིལ་གྱིས་ནོན་པས། མཐོང་མ་ཐག་ཏུ་གཡེང་བ་དང་འཛུམ་འཕྱར་བ་དང་འདོད་པ་བཏང་སྟེ། དུལ་ཞིང་གུས་པར་བྱས་ཏེ། དེའི་དྲུང་དུ་ལྷགས་ནས་བསྙེན་བཀུར་བྱས་སོ། །དེས་ཀྱང་དེ་དག་ལ་འདིར་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པ་བརྗོད་ནས། མགྲོན་འོངས་པ་དགའ་བར་འགྱུར་བའི་རིམ་གྲོ་བྱས་ཏེ། དེ་དག་ལ་ནད་དྲི་བའི་སྐབས་ནས་གླེང་བསླངས་ཏེ། ཆོས་ཀྱི་གཏམ་བུད་མེད་ཀྱིས་གོ་བར་སླ་བ་དཔེ་དང་བཅས་པ་རྣམས་ཀྱིས་དེ་རྣམས་ལ་མགྲོན་བྱས་སོ། །མི་ཡི་ལུས་སུ་གྱུར་པ་མ་སྨད་ཐོབ་པར་འགྱུར། །དེ་བཞིན་དབང་པོ་རྣམས་ཀྱང་མ་ཉམས་སྣོད་དང་ལྡན། །འོན་ཀྱང་འཆི་བདག་དེས་ནི་ལེགས་པར་མི་བྱེད་ངེས། །བག་མེད་གྱུར་པ་དེ་དག་ཉིན་རེ་བསླུས་པར་འགྱུར།། རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་མ་སྦྱངས་ན། །རིགས་དང་གཟུགས་དང་ལང་ཚོའི་ཡོན་ཏན་རྣམས་དང་ནི། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་གྱུར་ཀྱང༌། །ཕྱི་མའི་ཚེ་ལ་སུ་ཡང་བདེ་བ་ཐོབ་མི་འགྱུར། །རིགས་ལ་སོགས་པ་དམན་ཡང་སྡིག་ལ་མ་ཆགས་ཤིང༌། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །དབྱར་གྱི་དུས་ན་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཕྱི་མའི་ཚེ་ལ་ངེས་པར་བདེ་བ་རྒྱས་པར་འགྱུར། །རིགས་དང་གཟུགས་དང་ལུས་ཀྱི་ཡོན་ཏན་རྣམས་ཀྱང་རུང༌། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་ཀྱང་རུང༌། །ཡོན་ཏན་


DTG168_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་ཚེ་འདི་ལ་ཡང་རྒྱན་དུ་འགྱུར། །གསེར་གྱི་ཕྲེང་བས་ཕྱུག་པོའི་མཚན་མ་བསྟན་པ་བཞིན། །མེ་ཏོག་རྣམས་ནི་ལྗོན་པའི་ཤིང་གི་རྒྱན་དུ་འགྱུར། །གློག་ཕྲེང་འགྱུ་བ་ཆར་སྤྲིན་རྣམས་ཀྱི་རྒྱན་དུ་འགྱུར། །བུང་བ་མྱོས་པ་འདུ་བ་པདྨ་མཚོ་ཡི་རྒྱན། །ཡོན་ཏན་ཁྱད་པར་འཕགས་པ་ལུས་ཅན་རྣམས་ཀྱི་རྒྱན། །ནད་མེད་ཚེ་རིང་ནོར་དང་གཟུགས་དང་རིགས་རྣམས་ནི། །རབ་དང་འབྲིང་དང་ཐ་མའི་བྱེ་བྲག་སྣ་ཚོགས་པའི། །སྐྱེ་བོ་འདི་དག་ངོ་བོ་ཉིད་ལས་གྱུར་མ་ཡིན། །གཞན་གྱི་སྐྱེད་མིན་ལས་ནི་རྣམ་པ་གསུམ་ལས་གྱུར། །འགྲོ་བའི་ཆོས་ཉིད་འདི་ལྟར་ངེས་པར་གནས་པར་གྱུར། །སྲོག་ཀྱང་མི་བརྟན་ཤི་དང་ཉེ་བར་ཤེས་ནས་སུ། །དགེ་བའི་ཕྱོགས་ལ་བརྟེན་ནས་སྡིག་པ་སྤོང་བར་གྱིས། །གྲགས་དང་བདེ་བ་ཐོབ་པའི་ལམ་ནི་འདི་ཡིན་ནོ། །ཡིད་ལ་ཞེ་སྡང་ཡོད་ན་བདག་དང་གཞན་དགལ། །ཕན་པར་འགྱུར་བ་མེ་བཞིན་རབ་ཏུ་སྲེག་པར་བྱེད། །དེ་བས་སྐྱེ་བོ་སྡིག་ལ་འཛེམ་པ་དེ་དག་གིས། །གཉེན་པོ་རྣམས་ལ་བརྟེན་ནས་སྡིག་པ་སྤང་བར་བྱ། །དགོན་པའི་མེ་ནི་རབ་ཏུ་འབར་བར་གྱུར་པ་ཡང༌། །ཆུ་ཀླུང་ཆེན་པོ་མཐའ་ཀླས་འབབ་དང་འཕྲད་གྱུར་ན། །ཞི་ལྟར་རབ་ཏུ་ཞི་བར་གྱུར་པ་དེ་བཞིན་དུ། །ཡིད་ཀྱི་གདུང་བའང་བཟོད་ལ་བརྟེན་ན་ཞི་བར་འགྱུར། །དེ་བས་དེའི་རྒྱུ་ཟིལ་གྱིས་མནན་པས་བཟོད་པ་སྡིག་པ་སྤོང༌། །དེ་ཕྱིར་བྱམས་ལ་བརྟེན་པའི་སྟོབས་ཀྱིས་དགྲ་ཡང་འཕེལ་མི་འགྱུར། །དེ་ལ་དགའ་ཞིང་མཆོད་འོས་བདེ་བའི་སྐལ་དང་ལྡན་པར་འགྱུར། །བསོད་ནམས་བྱས་པའི་ཡོན་གྱིས་ཐ་མར་མཐོ་རིས་འགྲོ་བར་འགྱུར། །གཞན་ཡང་ཀྱི་བཙུན་མོ་དག་བཟོད་པ་ཞེས་བྱ་བ་འདི་ནི། དགེ་བའི་རང་བཞིན་ཅན་དུ་རབ་ཏུ་གྲགས། །བསོད་ནམས་གྲགས་པ་དག་ཀྱང་རབ་ཏུ་འཕེལ། །ཆུ་ཡིས་མ་བཀྲུས་པར་ཡང་དག་པར་འགྱུར། །ཡོན་ཏན་དེ་དང་དེ་དག་ཕུན་སུམ་ཚོགས། །གཞན་ལ་གནོད་པ་རྟག་ཏུ་ཡོང་མི་ཤེས། །སྙིང་སྟོབས་ཅན་གྱི་ཆོས་ཉིད་ཡིད་དུ་འོང༌། །ཡོན་ཏན་མངོན་བསྒྲུབ་བཟོད་པ་མཛེས་པའི་མིང༌། །སྙིང་རྗེས་བཀའ་སྩལ་འཇིགས་རྟེན་དོན་བྱེད་པ། །མཐུ་དང་ལྡན་པ་རྣམས་ཀྱི་རྒྱན་ཀྱང་ཡིན། །དཀའ་ཐུབ་ཅན་གྱི་སྟོབས་


DTG168_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཕུན་སུམ་ཚོགས། །གནོད་སེམས་དགོན་པའི་མེ་ལ་ཆུ་རྒྱུན་འབེབས། །གཉིས་ཀའི་ཚེ་ལ་དོན་མེད་ཞི་བར་བྱེད། །དམ་པ་རྣམས་ཀྱི་གོ་ཆ་བཟོད་པ་ཡིན། །སྐྱེ་བོ་ངན་པའི་ཚིག་ངན་མདའ་ཡང་རྡུགས། །ཕལ་ཆེར་ཡོན་ཏན་བསྔགས་པ་མེ་ཏོག་འགྱུར། །དེ་ནི་གྲགས་པའི་ཡན་ལག་ཅན་དུ་འགྱུར། །ཆོས་ཀྱི་མི་མཐུན་ཕྱོགས་རྣམས་བཟོད་པས་འཇོམས། །རྣམ་པར་ཐར་པའི་བདེ་པའང་བཟོད་པས་ཐོབ། །རབ་ཏུ་འབད་ན་བཟོད་པ་ཕན་པར་འགྱུར། །བཟོད་པ་དེ་ནི་མི་བྱེད་སུ་ཞིག་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས་བཙུན་མོ་དེ་རྣམས་ལ་ཆོས་ཀྱི་མགྲོན་བྱས་སོ། །དེ་ནས་རྒྱལ་པོ་དེ་གཉིས་ཀྱིས་ལོག་པ་ལས་སད་པ་དང༌། འདོད་ཆགས་ལྷག་མ་ལུས་པས། མིག་ལྕི་བར་གྱུར་ནས། ཆགས་པའི་དབང་གིས་བཙུན་མོ་རྣམས་གར་སོང་ཞེས་གཟིམས་མལ་བ་རྣམས་ལ་སྨིན་མ་བསྐྱུར་ཏེ་དྲིས་སོ། །ལྷ་བཙུན་མོ་དེ་རྣམས་ནི་ནགས་ཀྱི་ལྟད་མོ་རྣམས་ལྟ་ཞིང་ལོངས་སྤྱོད་བགྱིད་དུ་མཆིས་སོ། །ཞེས་གཟིམས་མལ་བ་རྣམས་ཀྱིས་གསོལ་པ་ཐོས་པ་དང༌། རྒྱལ་པོ་དེས་བཙུན་མོ་རྣམས་སྤོབས་པས་བག་ཡངས་སུ་དགོད་ཅིང་སྨྲ་བ་དང་རྩེ་བ་ལྟ་འདོད་པའི་ཕྱིར་མལ་ནས་ལངས་ཏེ། གདུགས་དང་རྔ་ཡབ་དང། བསིལ་ཡབ་དང༌། བླ་གོས་དང༌། རལ་གྲི་རྣམས་ནི་ན་ཆུང་རྣམས་ཀྱིས་བཟུང༌། བཙུན་མོའི་འཁོར་ཉུག་རུམ་པ་ལག་ན་སྦ་གར་ཐོགས་པ་རྣམས་ཀྱིས་བསྐོར་ཏེ། ནགས་ཚལ་དེའི་ནང་ནས་མཐར་གྱིས་སོང་ངོ༌། །དེས་དེ་ན་བུད་མེད་རྣམས་ཉམས་རངས་སུ་རྒྱུ་ཞིང་སོང་སོང་བའི་ལམ་མེ་ཏོག་དང་ལོ་མ་སྣ་ཚོགས་ཀྱིས་གཏོར་བ། སོ་རྩིའི་ཁུ་བའི་ཚོན་གྱིས་ཁྲ་བོར་གྱུར་པའི་རྗེས་བཞིན་དུ་སོང་སོང་ནས་དཀའ་ཐུབ་ཀྱི་ནགས་དེར་ཕྱིན་ཏོ། །རྒྱལ་པོ་དེས་དྲང་སྲོང་གི་མཆོག་བཟོད་པར་སྨྲ་བ་དེ་བཙུན་མོའི་འཁོར་གྱིས་བསྐོར་ཞིང་འདུག་པ་མཐོང་ནས། སྔོན་གྱི་འཁོན་སྙིང་ཡོད་པ་དང༌། འདོད་ཆགས་ཀྱིས་དྲན་པ་ཉམས་པར་གྱུར་པ་དང༌། ཕྲག་དོག་གིས་ཟིལ་གྱིས་ནོན་པའི་ཕྱིར་སེམས་རབ་ཏུ་འཁྲུགས་པར་གྱུར་ཏེ་སོ་སོར་བརྟགས་ཏེ་བརྣགས་པའི་མཐུ་ཆུང་བས་དུལ་བ་དང་ངེས་པའི་སྤྱོད་པ་ནི་ཉམས། འཐབ་མོ་རྒལ་འདོད་པའི་ཤུགས་ཀྱིས་


DTG168_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ནི་བྱུང༌། ལུས་འདར་ཞིང་སྨིན་མ་བསྡུས་ཏེ། མིག་རྩ་དམར་པོ་ནི་བགྲད། གཟི་མདངས་བཟང་པོ་ནི་ཉམས། གསེར་གྱི་གདུ་བུ་དང་སོར་གདུབ་ཀྱིས་བརྒྱན་པའི་ལག་པ་གཉིས་ནི་མཉེས་ཏེ། །དྲང་སྲོང་གི་མཆོག་དེ་ལ་སྐུར་པ་འདེབས་པའི་ཚིག་དེ་དང་དེ་དག་སྨྲས་པ། ངན་པ་དེས། ང་ཡི་གཟི་བྱིན་ཟིལ་མནན་ནས། །ཐུབ་པའི་ཆ་ལུགས་གོ་བགོས་ཏེ། །ང་ཡི་བཙུན་མོའི་འཁོར་ལྟ་བ། །ཚུལ་འཆོས་དེ་ནི་སུ་ཞིག་ཡིན། །དེ་སྐད་ཟེར་བ་ཉུག་རུམ་པ་རྣམས་ཀྱིས་ཐོས་ནས། རྟབ་ཅིང་སྐྲག་པའི་ཤུགས་ཀྱིས། རྒྱལ་པོ་ལ་སྨྲས་པ། ལྷ་དེ་ལྟར་མ་མཛད་ཅིག །ཐུབ་པ་འདི་ནི་ཡུན་རིང་པོ་ནས་བརྟུལ་ཞུགས་དང་སྡོམ་པ་དང་དཀའ་ཐུབ་བསྒོམས་པའི་བདག་ཉིད་ཅན་ལགས་ཏེ། མིང་ཡང་དཀའ་ཐུབ་བཟོད་པ་སྨྲ་བ་ཞེས་བགྱིའོ། །རྒྱལ་པོ་དེ་ནི་ནང་གི་བསམ་པ་ངན་པས་དེ་དག་གི་ཚིག་མི་ཉན་པར་སྨྲས་པ། ཨེ་མ་འོ་ཁྱེད་ཅག་ཅི་ཟེར་ཞིག །འཇིག་རྟེན་འདི་དག་ཡུན་རིང་ནས། །འདི་ཡིས་དེ་ལྟར་བསླུས་པར་གྱུར། །ཚུལ་འཆོས་གཡོ་སྒྱུའི་རང་བཞིན་ཅན། །དཀའ་ཐུབ་ཚུལ་སྟོན་འདི་ལྟར་བྱེད། །དེས་འདི་ལྟར་དཀའ་ཐུབ་ཅན་གྱི་ཚུལ་དུ་བསྒྱུར་ནས། གཡོ་དང༌། སྒྱུ་བྱེད་པ་ལ་གོམས་པས་ཚུལ་འཆོས་པའི་རང་བཞིན་ཅན་ཡིན་ཏེ། ད་ངས་བསྟན་པར་བྱའོ་ཞེས་སྨྲས་ནས། གསོལ་ཀ་བའི་ལག་ན་རལ་གྲི་འདུག་པ་བླངས་ཏེ། དྲང་སྲོང་གི་མཆོག་དེ་དགྲ་བཞིན་དུ་ངེས་པར་བསད་པར་བསམས་ནས་སོང་བ་དང༌། དེ་ནས་བཙུན་མོ་དེ་དག་ལ་འཁོར་རྣམས་ཀྱིས་རྒྱལ་པོ་གར་གཤེགས་པར་སྦྲན་པ་དང༌། རྒྱལ་པོ་ལ་བལྟས་ན་ཁྲོས་ནས་ཞི་བའི་མདངས་མེད་པར་མཐོང་ནས། སྙིང་མི་དགའ་བར་རྟབ་རྟབ་པོར་གྱུར་པའི་ཤུགས་ཀྱིས་མིག་རིག་རིག་པོར་ལྟ་ཞིང་ལངས་ཏེ་དྲང་སྲོང་མཆོག་དེ་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། སྟོན་ཀའི་པདྨ་ཁ་འབུས་པ་འདྲ་བ་བཞིན་ཅུང་ཟད་འཛུམ་བར་བྱས་ཏེ། རྒྱལ་པོའི་དྲུང་དུ་སོང་ངོ༌། །དེའི་ཡིད་ལ་ཁྲོས་པའི་མེ་འབར་བས། བཙུན་མོ་དེ་དག་གི་སྤྱོད་ཚུལ་མཛེས་པ་དང་དུལ་ཞིང་གུས་པར་འོང་བར་མཁས་པ་དེས་ཀྱང་དེའི་ཡིད་ཞི་བར་མ་གྱུར་ཏོ། །བཙུན་མོ་དེ་དག་རབ་ཏུ་སྤོབས་ཤིང་བག་ཕེབས་པས། རྒྱལ་པོ་དེ་རབ་ཏུ་ཁྲོས་ཤིང་བཞིན་འགྱུར་ལ་སྤྱོད་པ་


DTG168_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཤིང་རྩུབ་པར་མངོན་པས་ལག་ན་མཚོན་ཆ་ཐོགས་ཏེ། དྲང་སྲོང་མཆོག་དེ་ལ་སྡང་མིག་ཏུ་ལྟ་བར་མཐོང་ནས་ཡིད་གཅུགས་པའི་ཕྱིར་སྨྲས་པ། འདི་ནི་བཅོམ་ལྡན་འདས་བཟོད་པར་སྨྲ་བ་ལགས་ཀྱི། ལྷ་དེ་ལྟ་བུའི་ཐུབ་ཆོད་མ་མཛད་ཅིག་ཅེས་བྱས་པ་དང༌། རྒྱལ་པོ་དེ་སེམས་རབ་ཏུ་གདུག་པས། འདི་དག་ནི་དེས་མགུ་བར་བྱས་ཟིན་ཏོ་སྙམ་ནས་རབ་ཏུ་ཁྲོས་པར་གྱུར་ཏེ་མི་བཟོད་པའི་ཤུགས་དྲག་པོས་སྨིན་མ་རབ་ཏུ་གཡོ་ཞིང་མིག་ཟུར་གྱིས་ལྟ་བས། བཙུན་མོ་དེ་དག་གིས་སྤོབས་པ་དང་འཇམ་པར་སྨྲ་བའི་ཚིག་མི་ཉན་པར་བཙུན་མོའི་འཁོར་བསྲུང་བའི་ཉུག་རུམ་ལ་ཁྲོ་བ་དང་བཅས་པས་ལྟ་ཞིང་མགོ་བསྒྱུར་བས་རྣ་ཆ་དང་ཅོད་པན་ཟུར་ཕུད་གཡོ་བ་བཞིན་དུ་བཙུན་མོ་དེ་དག་ལ་བལྟས་ནས་སྨྲས་པ། འདི་ནི་བཟོད་པར་སྨྲ་ཞེས་ཟེར། །དེ་ཡང་ཉམས་སུ་ཡོང་མི་ལེན། །འདི་ལྟར་བུད་མེད་བསྟེན་པ་ཡི།། སྲེད་པ་འདི་ནི་བཟོད་མ་གྱུར། །ཚིག་ཏུ་གཞན་སྨྲ་ལུས་ཀྱི་སྤྱོད་པ་གཞན། །བསམ་པ་གདུག་ཅིང་ཡིད་ལ་གཞན་དུ་སེམས། །དཀའ་ཐུབ་ནགས་ན་མ་ཞི་འདི་སུ་ཞིག །བྲིད་པའི་ཚུལ་ཅན་ཕྱི་ཚུལ་འཆོས་ཤིང་འདུག །དེ་ནས་བཙུན་མོ་དེ་དག་རྒྱལ་པོ་ཁྲོས་ཤིང་རྔམ་པས་སྙིང་རྩུབ་པར་གྱུར་པ་ལས་ཡིད་གཅུགས་མ་ནུས་ཏེ། རྒྱལ་པོ་དེ་རབ་ཏུ་གཏུམ་ཞིང་བཅོས་དཀའ་བར་ཡང་ཤེས་ནས། ཡིད་མི་དགའ་ཞིང་མྱ་ངན་གྱིས་ནི་གདུངས། ཉུག་རུམ་པ་རྣམས་ཀྱང་འཇིགས་ཤིང་སྐྲག་པས་འཁྲུགས་པའི་ལག་བརྡས་ནི་བསྐྲད། ངོ་ཚ་བས་མགོ་ནི་སྨད། དྲང་སྲོང་མཆོག་དེའི་མྱ་ངན་བྱེད་ཅིང་དེ་ནས་བྱེར་ཏེ་སོང་ངོ༌། །དཀའ་ཐུབ་ཆེན་པོས་དུལ་ལ་ཡོན་ཏན་གྲགས་པ་འདི། །བདག་ཅག་རྣམས་ཀྱི་ཕྱིར་ནི་ཉེས་པ་ཡོང་མེད་པར། །རྒྱལ་པོ་ཁྲོ་བ་འདི་ནི་ཅི་ཞིག་གྱུར་ནས་སུ། །གང་ཞིག་ལམ་དུ་ཞུགས་ནས་ཅི་བྱེད་སུས་ཤེས་ཀྱི། །རྒྱལ་པོའི་རྒྱལ་སྲིད་གྲགས་པ་ཐོབ་པ་དང༌། །ཐུབ་པ་འདི་ལུས་དཀའ་ཐུབ་ལུས་འདི་དང༌། །བདག་ཅག་ཉིད་ནི་ཉེས་པ་མེད་འདི་དག །རྒྱལ་པོས་ཅིག་ཅར་བསད་པར་མི་འགྱུར་རམ། །དེ་ལྟར་བཙུན་མོ་དེ་དག་མྱ་ངན་བྱེད་པའི་ཤུགས་རིང་པོ་འབྱིན་པ་རྣམས་བྱེར་ཏེ་སོང་བའི་འོག་ཏུ་རྒྱལ་པོ་དེས། དྲང་སྲོང་མཆོག་


DTG168_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསྡིགས་ཤིང་ཁྲོ་བའི་ཤུགས་ཀྱིས་རལ་གྲི་ཕྱུང་སྟེ་བདག་རང་འདེབས་སུ་སོང་ངོ༌། །སེམས་དཔའ་ཆེན་པོ་དེ་ལྟར་སྨ་ཕབ་ཀྱང་མ་འགྱུར་ཞིང་བརྟན་པ་མ་ཉམས་ལ་རང་བཞིན་དུ་སྤྱོད་པ་དེ་མཐོང་ནས་རབ་ཏུ་རྔམ་ཞིང་དེ་ལ་སྨྲས་པ། ཨ་ཛི་ན་དང་དབྱུག་པ་ཐོགས། །གཡོ་སྒྱུའི་བརྗིད་བག་འཆོས་པ་ནི། །བདེན་པ་བཞིན་དུ་མཐར་ཕྱིན་ཀྱང༌། །ཐུབ་པ་བཞིན་དུ་ང་ལ་ལྟ། །དེ་ནས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་གོམས་པས། སྨད་ཅིང་འཕྱས་པ་དེས་ཀྱང་བརྟན་པ་མ་ཉམས་པར། རྒྱལ་པོ་ཁྲོས་ཤིང་རྔམ་པས་སྤྱོད་པའི་ཚུལ་ནི་མི་སྡུག་པར་གྱུར། དུལ་བར་སྤྱོད་པའི་དཔལ་ནི་ཉམས། བདག་ལ་ཕན་པ་དང་གནོད་པའི་ལམ་ནི་བརྗེད་པར་གྱུར་པ་ལ་ཡ་མཚན་ཆེར་གྱུར་ནས། ཅུང་ཟད་ཅིག་བལྟས་ཏེ་སྙིང་རྗེ་བཞིན་དུ་ཚིག་འཇམ་པོས་བཞམས་ཏེ་འདི་སྐད་ཅུང་ཟད་ཅིག་སྨྲས་པར་ངེས་སོ། །འདི་ལྟར་དམོད་ལ་སྐལ་བ་མེད་ལས་གྱུར་པ་ནི། །འགྲོ་བ་དག་ལ་སྲིད་པས་དེ་ཕྱིར་བདག་མི་སེམས། །ཁྱོད་ལ་འོས་པའི་བཀུར་སྟི་བདག་གིས་བྱ་བ་ལས། །ཚིག་ཙམ་གྱིས་ཀྱང་མི་རིགས་མ་བྱས་སེམས་ལ་གཅགས། རྒྱལ་པོ་ཆེན་པོ་གཞན་ཡང༌། འགྲོ་བའི་དོན་བྱེད་ཁྱེད་ལྟ་བུ་དག་ནི། །དམ་པ་མ་ཡིན་སྤྱོད་པའི་ལམ་འཇུག་པ། །ཐུབ་ཆོད་བྱས་ཏེ་སྤྱད་པ་མི་རིགས་ཀྱི། །དེ་བས་རྣམ་པར་བརྟགས་པའི་ལམ་དུ་འཇུག་པར་རིགས། །ལེགས་པ་དག་ཀྱང་ཅུང་ཟད་མི་རིགས་མཐོང༌། །ཁ་ཅིག་ཉེས་ཀྱང་ལེགས་པ་འདྲ་བར་སྣང༌། །གཏན་ཚིགས་ཁྱད་པར་ཅན་དག་མ་བརྟགས་པར། །དགོས་པའི་དོན་ནི་ཆེད་དུ་མི་རྟོགས་སོ། །དགོས་པའི་དོན་ནི་ལེགས་པར་བརྟགས་ནས་སུ། །རིགས་དང་མི་རིགས་བྱ་བ་ལེགས་རྟོགས་ནས། །བསྟན་དག་ལམ་དུ་ལེགས་པར་ཞུགས་ནས་ནི། །ཆོས་དང་སྲིད་དང་བདེ་བའི་དོན་བསྒྲུབས་ན། །དེ་དག་ཉིད་ཀྱིས་སྐྱེ་བོ་ཉམས་མི་འགྱུར། །དེ་བས་རབ་ཏུ་རྒོད་པའི་བློ་བཏུལ་ནས།། གྲགས་པར་གྱུར་པའི་ལས་ཉིད་བརྩམ་པར་རིགས། །སྔོན་ཆད་མ་བྱུང་ཉེས་པ་སྤུངས་ནས་སུ། །མངོན་པའི་ང་རྒྱལ་ཅན་རྣམས་གཏམ་ངན་འཕེལ། །ཁྱོད་ཀྱི་མཐུ་ཡིས་བསྲུངས་བའི་ནགས་ཚལ་ན། །གཞན་གྱི་གནོད་པ་བྱས་ནའང་བསྐྱབ་པར་རིགས། །ཕན་པའི་ཚུལ་མེད་དམ་པས་


DTG168_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་པ་དག །རྒྱལ་པོ་ཆེན་པོ་རང་གིས་ཇི་ལྟར་སྤྱད། །སྲུང་མ་ཉུག་རུམ་བཅས་པར་བུད་མེད་རྣམས། །བདག་གི་གནས་སུ་རང་དགར་ལྷགས་པ་ལ། །བདག་གིས་ནོངས་པ་ཅུང་ཟད་ཅི་ལྟར་བགྱི། །དེ་ལྟར་བཀྱོན་པར་གྱུར་པ་ག་ལ་སྲིད། །དེ་སྟེ་བདག་གིས་ནོངས་པར་གྱུར་ན་ཡང༌། །འོན་ཀྱང་རྒྱལ་པོས་བཟོད་ན་མཛེས་པར་འགྱུར། །ནུས་པ་དག་ལ་བཟོད་པ་རྒྱན་གྱི་མཆོག །ཡོན་ཏན་རྗེས་སུ་སྲུངས་ལ་མཁས་པར་སྟོན། །བཟོད་པས་བརྒྱན་ན་ཇི་ལྟར་མཛེས་པ་བཞིན། །གདོང་ལ་འོད་ཟེར་སྣང་བ་རྣ་ཆ་དང༌། །རིན་ཆེན་སྣ་ཚོགས་འོད་འབར་ཅོད་པན་རྣམས། །དེ་ལྟར་རྒྱན་དུ་མཛེས་པ་མ་ལགས་དགོངས། །རྟག་ཏུ་བསྟེན་དུ་མི་རུང་མི་བཟོད་ཐོང༌། །ཕན་པར་གྱུར་པའི་བཟོད་པ་བསྲུང་བར་རིགས། །དཀའ་ཐུབ་ཚུལ་དུ་རྒྱལ་པོ་འོང་ན་ནི། །དེས་ཤིང་གུས་པའི་ཚུལ་དུ་སྤྱོད་པར་རིགས། །ཐུབ་པའི་མཆོག་དེས་དེ་ལྟ་བུའི་ཚིག་འཇམ་པོས་གདམས་ཀྱང༌། རྒྱལ་པོ་དེ་མི་བསྲུན་པས་བློ་ཉམས་པའི་ཕྱིར་དེ་ལ་རྣམ་པ་གཞན་དུ་དོགས་ནས། ཡང་སྨྲས་པ། དཀའ་ཐུབ་ཅན་ལྟར་ཁྱོད་ཀྱིས་མ་བཅོས་ལ། །རང་གི་སྡོམ་ལ་གལ་ཏེ་གནས་ན་ནི། །བཟོད་པའི་མན་ངག་བསྟན་པར་སྙད་བཏགས་ནས། །ཅི་ཕྱིར་ང་ལ་མི་འཇིགས་སྦྱིན་པར་གསོལ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་ཅི་ཕྱིར་བདག་ཉིད་འདི་ལྟར་བགྱིས་པ་གསན་དུ་གསོལ། བྲམ་ཟེ་ལས་རབ་ཏུ་བྱུང་བ་ཉེས་པ་མེད་པར་རྒྱལ་པོས་བསད་དོ་ཞེས་བདག་གི་སླད་དུ་ཁྱོད་ཀྱི་གྲགས་པ་འཕྱས་བྱ་བར་འགྱུར་དུ་དོགས་སོ། །སེམས་ཅན་རྣམས་ནི་འཆི་འགྱུར་བའི། །ཚུལ་འདི་ངེས་པ་ཉིད་དུ་གནས། །བདག་གི་ཚུལ་ལའང་རྗེས་བལྟས་ནས། །བདག་ནི་དེ་བས་ཤིས་མི་འཇིགས། །ཕྱི་ནས་ཆོས་ཀྱི་བདེན་པ་ལ། །དེ་ལྟར་བྱས་ན་གནོད་དུ་དོགས། །བདེ་བ་ཐོབ་ལ་ཕན་པ་ཡི། །བཟོད་པ་དེ་ཕྱིར་ཁྱོད་ལ་སྨྲས། །བཟོད་པ་ཡོན་ཏན་འབྱུང་གནས་ཡིན། །ཉེས་པ་རྣམས་ཀྱང་ཟློག་པར་བྱེད། །རབ་ཏུ་བཟང་པོའི་སྐྱེས་བཞིན་དུ། །དགའ་བས་བདག་ནི་བཟོད་པར་སྨྲ། །དེ་ནས་རྒྱལ་པོ་དེས་ཚིག་རབ་ཏུ་བདེན་པར་སྨྲས་ཀྱང་མི་ཉན་པར། ཐུབ་པ་དེའི་ཚིག་མེ་ཏོག་དང་འདྲ་བ་ལ་ཁྲོས་བཞིན་དུ་


DTG168_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་མཆོག་དེ་ལ་སྨྲས་པ། ཁྱོད་བཟོད་པ་ལ་དགའ་བ་དེ་རིང་ངས་ལྟའོ་ཞེས་སྨྲས་ནས། ཐུབ་པ་དེའི་ལག་པ་གཡས་པ་ཅུང་ཟད་བསྒྲེང་སྟེ། དགག་པའི་ཕྱིར་སོར་མོ་ནི་ཕྲ་ཞིང་རིང་བ་བཀྲམ་པ་དང༌། རལ་གྲི་རྣོན་པོས་པདྨའི་རྩ་བ་བཞིན་དུ་མཁྲིག་མ་བཅད་དེ། དེའི་ལག་པའི་མཁྲིག་མར་བཅད་པ་ན། གཅོད་པ་པོ་ནི་བདེ་བར་གནས་པ་ལས། །ཕྱིས་ནས་སྡུག་བསྔལ་མི་བཟོད་མྱོང་འགྱུར་བའི། །སྡུག་བསྔལ་ཅི་ལྟར་མི་བཟོད་སྡུག་བསྔལ་བ། །དེ་ལྟར་བདག་ནི་སྡུག་བསྔལ་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ཨེ་མ་ཧོ་ངོ་མཚར་བྱས་ཀྱིས་མེད། །མི་འདིས་བདག་ལ་ཕན་པའི་བསམ་པ་ལས་ནི་འདས། །རྗེས་སུ་གདམས་པའི་སྣོད་དུ་ཡང་མ་གྱུར་གྱི་དོན་མེད་དོ་སྙམ་ནས། ནད་པ་སྨན་པས་བོར་བ་བཞིན་དུ་དེ་ལ་མྱ་ངན་བྱས་ཏེ་ཅང་མི་ཟེར་བར་འདུག་གོ །དེ་ནས་ཡང་རྒྱལ་པོས་དེ་ལ་བསྡིགས་ནས་སྨྲས་པ། དེ་ལྟར་མཐར་གྱིས་བཅད་ན་ནི། །ཁྱོད་ཀྱི་ལུས་ནི་མེད་པར་འགྱུར། །མ་རུངས་པ་ཡི་བློ་རྙེད་པ། །ཚུལ་འཆོས་བརྟུལ་ཞུགས་འདི་ཐོད་ཤིག །དེ་ནས་བྱང་ཆུབ་སེམས་དཔས། དེ་རྗེས་སུ་གདམས་སུ་མི་རུང་ཞིང་འདི་ལྟར་ངན་དུ་བྱེད་པར་རིག་ནས། དེ་ལ་ཅི་ཡང་མ་སྨྲས་སོ། །དེ་ནས་རྒྱལ་པོ་དེས་བདག་ཉིད་ཆེན་པོ་དེའི་ལག་པ་ཡ་གཅིག་དང་དཔུང་པ་གཉིས་དང་རྣ་བ་དང་སྣ་དང་རྐང་པ་གཉིས་ཀྱང་དེ་བཞིན་དུ་བཅད་དོ། །དེ་ཡི་ལུས་བཅད་འགྱེལ་བར་གྱུར་ན་ཡང༌། །ལུས་ཀྱི་ཁོག་པ་གནས་པའི་མཐའ་ཤེས་ཤིང༌། །སྐྱེ་བོ་རྣམས་ལ་བཟོད་པ་གོམས་གྱུར་པས། །ཐུབ་པའི་མཆོག་དེ་མ་འཁྲུགས་མྱ་ངན་མེད། །ལུས་དེ་བཅད་པར་གྱུར་ཀྱང་དེ་ཡི་སེམས། །དགེ་བའི་ཚུལ་བལྟས་བཟོད་པ་གཏན་མ་ཉམས། །དགའ་བའི་ཚུལ་གྱིས་སྡུག་བསྔལ་ཡོང་མ་གྱུར། །རྒྱལ་པོ་ཆོས་ཉམས་མཐོང་ནས་མི་དགར་གྱུར། །སོ་སོར་བརྟགས་བཟོད་སྙིང་རྗེ་ཅན། གཞན་གྱི་སྡུག་བསྔལ་མི་བཟོད་པ། །བདག་གི་སྡུག་བསྔལ་ཆེན་པོ་ཡང༌། །དེ་ཙམ་དུ་ནི་གནོད་མི་འགྱུར། །རྒྱལ་པོ་དེ་ཡིས་མི་བཟད་ལས་བྱས་པས། །དེ་མ་ཐག་ཏུ་རིམས་ནད་མེ་བཞིན་འབར། །ནགས་ཚལ་ཉེ་བའི་ནང་ནས་ཐ་མར་བྱུང༌། །ས་གས་ནང་དུ་དེ་མ་ཐག་ཏུ་སོང༌། །རྒྱལ་པོ་དེ་


DTG168_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ས་གས་པས་འཇིགས་པའི་སྒྲ་བྱུང་ལ། མེ་འབར་བ་འཁྲུག་པ་དེའི་ནང་དུ་སོང་ནས། ཁོ་ར་ཁོར་ཡུག་ཏུ་ཀུ་ཅོ་འདོན་པའི་སྒྲ་ཆེན་པོ་ནི་འབྱིན། རྒྱལ་པོའི་འཁོར་ནི་རབ་ཏུ་འཁྲུག་པར་གྱུར་པ་དང༌། རྒྱལ་པོའི་བློན་པོ་རྣམས་ཀྱིས་ཐུབ་པ་དེའི་དཀའ་ཐུབ་ཀྱི་མཐུ་ཆེ་བ་དང༌། རྒྱལ་པོ་དེ་སའི་འོག་ཏུ་སོང་བ་ཡང་དེ་ལས་གྱུར་པར་ཤེས་ནས། རྒྱལ་པོ་དེ་ཉེས་པས་དྲང་སྲོང་འདིས་ནི་མཁར་དང་ཡུལ་འདི་ཐམས་ཅད་བསྲེག་གོ་སྙམ་ནས། འཇིགས་ཤིང་དོགས་པ་སྐྱེས་ནས། དྲང་སྲོང་དེའི་དྲུང་དུ་ལྷགས་ནས་ཕྱག་བྱས་ནས་བཟོད་པར་གསོལ་ཞིང་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ། རྒྱལ་པོ་བླུན་ཞིང་རབ་ཏུ་མི་བརྟན་པས། །ཁྱོད་ནི་འདི་ལྟར་མ་རུངས་བགྱིས་པར་གྱུར། །དེ་ནི་ཁྱོད་ཀྱི་དམོད་པས་མི་ཤིས་སོང༌། །མཁར་འདི་ཞུགས་ཀྱིས་བསྲེག་པར་མི་མཛད་གསོལ། །བུད་མེད་བྱིས་པ་རྒན་པོ་ནད་པ་སྨན། །བྲམ་ཟེ་ཉེས་པ་མེད་པ་བསྲེག་མི་རིགས། །དེ་བས་རྒྱལ་པོ་འདི་ཡི་ཡུལ་འདི་ཀུན། །ཡོན་ཏན་ཆོས་ཀྱིས་རང་གི་ཕྱོགས་བཞིན་བསྲུང༌། །དེ་ནས་མི་དེ་རྣམས་ལ་བྱང་ཆུབ་སེམས་དཔས་དབུགས་ཕྱུང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་མ་འཇིགས་ཤིག །བདག་ནི་ནགས་ན་གནས་པ་ལ། །ཉེས་པ་མེད་པར་རལ་གྲི་ཡིས། །ལག་པ་དང་ནི་རྐང་པ་དང༌། །སྣ་དང་རྣ་བ་བཅད་གྱུར་ཀྱང༌། །བདག་ལྟ་བུ་ཡིས་ཇི་ལྟར་ན། །དེ་ལ་གནོད་པར་བསམ་པར་བྱ། །རྒྱལ་པོ་དེ་ནི་ཚེ་རིང་གྱུར། །དེ་ལ་སྡིག་ཏུ་མ་གྱུར་ཅིག །འཆི་དང་ན་བའི་སྡུག་བསྔལ་ཅན། །འདོད་ཆགས་ཞེ་སྡང་དབང་དུ་གྱུར། །ཉེས་པར་སྤྱད་པས་ཚིག་པ་ལ། །མྱ་ངན་བྱེད་མོད་ག་ལ་ཁྲོ། །གལ་ཏེ་བཅོས་སུ་རུང་ན་དེ་ཡི་སྡིག །བདག་ལ་རྣམ་པར་སྨིན་པར་གྱུར་ཀྱང་རུང༌། །བདེ་བ་ཅན་ལ་སྡུག་བསྔལ་རྗེས་འབྲང་ཞིང༌། །ཡུན་རིང་མིན་ཡང་མི་བཟད་བརྣག་མི་ནུས། །བདག་ལ་བན་པར་མི་ཤེས་རྒྱལ་པོ་དེ། །དེ་ལྟར་ཚིག་ལ་བསྐྱབ་པར་མ་ནུས་པ། །བདག་གིས་མ་ནུས་ཉེས་པ་དེ་བོར་ཏེ། །རྒྱལ་པོ་ལ་ནི་ཅི་ལྟར་འཁོན་དུ་འཛིན། །རྒྱལ་པོ་གྲོང་ནའང་འཆི་ལ་སོགས་པ་ཡི། །སྡུག་བསྔལ་སྐྱེས་ན་ཀུན་གྱིས་མྱོང་བར་འགྱུར། །དེ་བས་སྐྱེལ་འཁོན་དུ་བཟུང་མི་རིགས། །དེ་མེད་སྡུག་


DTG168_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཅི་ཞིག་ཅི་ལས་གྱུར། །ནགས་ན་གནས་ཤིང་རབ་ཏུ་བྱུང་བར་ཤེས། །བཟོད་པ་སྨྲ་བ་རིང་པོ་མི་ཐོགས་འཆི། །ཅི་ཕྱིར་མི་བཟོད་སྐབས་ནི་འབྱེད་པར་བྱེད། །དེ་བས་མ་འཇིགས་ཁྱེད་ཅག་བདེ་བར་དོང༌། །དེ་ལྟར་ཐུབ་པ་མཆོག་གིས་རྗེས་བསྟན་པ། །སློབ་མ་ཉིད་དུ་ལེགས་པར་བཟུང་བར་བྱས། །བཟོད་ལ་གནས་པས་བསྟན་པ་མ་ཉམས་པར། །བཟོད་པའི་མཐུ་ཡིས་མཐོ་རིས་སོང་བར་གྱུར། །དེ་ལྟར་ཐུབ་པ་ལས་གླེངས་ནས་བཟོད་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་དེའི་དཔེས་མི་བརྟན་ཞིང་མི་བཟོད་པའི་སྐྱོན་བསྟན་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་འདོད་པའི་ཉེས་དམིགས་ཀྱི་ཕྱིར་ཉེས་པར་སྤྱད་པས་ངན་སོང་དུ་ལྟུང་བར་གྱུར་ཏོ། །ཞེས་འདོད་པའི་ཉེས་དམིགས་ཀྱི་གཏམ་ལ་ཡང་བརྗོད་པར་བྱའོ། །འབྱོར་པ་མི་རྟག་པར་བསྟན་པ་ལ་ཡང་བརྗོད་པར་བྱའོ། །བཟོད་པར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པའོ།། །།ལོག་པར་ལྟ་བ་ནི་ཁ་ནམ་ཐོ་བ་རབ་ཏུ་ཆེ་བའི་ཕྱིར། ལོག་པར་ལྟ་བ་ལ་ཞེན་པ་རྣམས་ལ། དམ་པ་རྣམས་ཀྱིས་ལྷག་པར་རྗེས་སུ་བརྩེ་བར་བྱ་བ་རིགས་སོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། བསམ་གཏན་ལ་གོམས་པར་བྱས་པའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་མཐུས། ཚངས་པའི་འཇིག་རྟེན་དུ་སྐྱེས་སོ་ཞེས་གྲགས་སོ། །དེ་ཚངས་པའི་བདེ་བ་ཆེན་པོ་བསམ་གཏན་གྱི་ཁྱད་པར་ཐོབ་ཀྱང་ཚེ་རབས་སྔ་མ་ལ་སྙིང་རྗེ་བྱ་བ་ལ་གོམས་པར་བྱས་པས་གཞན་ལ་ཕན་པར་བྱེད་པའི་ཡིད་ལ་བྱེད་བ་རྩོལ་བ་མེད་པར་མ་གྱུར་ཏོ། །ཡུལ་གྱི་བདེ་བ་ཙམ་གྱི་ཚོད་ཀྱིས་ཀྱང༌། །འཇིག་རྟེན་རྣམས་ནི་བག་མེད་དབང་དུ་གྱུར། །དམ་པ་རྣམས་ནི་བསམ་གཏན་བདེ་བས་ཀྱང༌། །གཞན་ལ་ཕན་པར་འདོད་པ་ཡོང་མི་ཉམས། །དེ་ནས་རེ་ཞིག་ཅིག་བདག་ཉིད་ཆེན་པོ་དེ་འདོད་པའི་ཁམས་སྙིང་རྗེའི་གནས་སུ་གྱུར་པ། སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་སྣ་ཚོགས་བརྒྱ་དང་ལྡན་པ། གནོད་སེམས་དང་འཚེ་བ་མང་པོ་ལ་བལྟས་ནས། ཡུལ་ལུས་འཕགས་པོའི་རྒྱལ་པོ་ཡན་ལག་སྦྱིན་ཞེས་བྱ་བ་བཤེས་གཉེན་ངན་པ་བརྟེན་པའི་སྐྱོན་དང་ཡང་དག་པ་མ་ཡིན་


DTG168_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིད་ལ་བྱེད་པ་འདྲིས་པས་ལོག་པར་ལྟ་བ་སྟུག་པོའི་ནང་ན་འཁྱམས་ཤིང༌། འཇིག་རྟེན་ཕ་རོལ་མེད་པས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལྟ་ག་ལ་ཡོད་ཅེས་ཟེར་ཞིང་དེས་དེ་ལྟར་ངེས་པར་བྱས་ནས། ཆོས་སྤྱོད་པའི་སྤྲོ་བ་ནི་མེད། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལེགས་པར་སྤྱད་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ཆོས་སྤྱོད་པ་རྣམས་ལ་ནི་བརྙས་པར་སེམས། ཆོས་ཀྱི་གཙུག་ལག་རྣམས་ལ་ནི་དད་པ་མེད་ཅིང་བློ་རྩུབ། འཇིག་རྟེན་ཕ་རོལ་གྱི་གཏམ་ལ་ནི་འཕྱས་སུ་འཛིན། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ནི་དུལ་བ་དང་བཀུར་སྟི་དང་གུས་པར་བྱ་བ་ལ་ནི་ལྷོད་པར་གྱུར་ཏོ། །འདོད་པའི་བདེ་བ་ལ་གཞོལ་བར་གྱུར་པ་མཐོང་ངོ༌། །དགེ་དང་མི་དགེའི་ལས་ལ་འཇིག་རྟེན་ཕ་རོལ་ཏུ། །བདེ་དང་སྡུག་བསྔལ་འབྱུང་བར་རབ་ཏུ་ངེས་བྱས་ནས། །སྡིག་པ་སྤངས་ཏེ་དགེ་བའི་ལས་ལ་རབ་ཏུ་འབད།། དད་པ་མེད་པ་དག་ནི་ཇི་ལྟར་འདོད་པར་སྤྱོད། །དེ་ནས་བདག་ཉིད་ཆེན་པོ་ལྷའི་དྲང་སྲོང་དེས། རྒྱལ་པོ་དེ་ལྟ་བ་ངན་པ་ལ་ཞེན་པས། ངན་སོང་དུ་ལྷུང་བར་འགྱུར་བ། འཇིག་རྟེན་རྣམས་དོན་མེད་པར་གྱུར་པ་ལ་སྙིང་རྗེ་སྐྱེས་པར་གྱུར་ནས། ཡུལ་གྱི་བདེ་བ་ལ་སེམས་ཆགས་པར་གྱུར་པའི་རྒྱལ་པོ་དེ། གཞལ་མེད་ཁང་གཙང་མ་བཟང་པོ་ཅིག་ན་འདུག་པ་དེའི་མདུན་དུ་ཚངས་པའི་འཇིག་རྟེན་ནས་འོད་འབར་ཞིང་བབ་སྟེ་འོང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་མི་དེ་མིའི་ཕུང་པོ་བཞིན་དུ་འབར། གློག་མང་པོ་འགྱུ་བ་བཞིན་དུ་ནི་འོད་གསལ། ཉི་མའི་འོད་ཟེར་མང་པོ་ལྟར་གཟི་བྱིན་ཆེ་ཞིང་མཛེས་པ་མཐོང་ནས། དེའི་གཟི་བྱིན་གྱིས་སེམས་ཟིལ་གྱིས་གནོན་ཏེ་རྟབ་རྟབ་པོར་གྱུར་ནས། དེ་ནས་ཐལ་མོ་སྦྱར་ཏེ་ལངས་ནས་གུས་པར་ལྟ་ཞིང་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཞབས་དང་ཕྱག་མཛེས་པདྨ་བཞིན། །ནམ་མཁའ་ལ་ཡང་ས་བཞིན་ཡོངས་སུ་འཛིན་པར་བགྱིད། །འོད་ཟེར་འབར་བ་ཉི་མ་བཞིན་དུ་གསལ། །བལྟ་ན་མཛེས་པའི་གཟུགས་ཅན་ཁྱོད་སུ་ཞིག །བྱང་ཆུབ་སེམས་དཔས་སྨྲས་པ། མཉམ་པར་གཞག་པའི་སེམས་ཀྱིས་འདོད་ཆགས་ཞེ་སྡང་གཉིས། །དྲེགས་པའི་དགྲ་རྣམས་གཡུལ་ངོ་ཕམ་བྱས་བཞིན་དུ་བཅོམ། །


DTG168_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ཚངས་པའི་འཇིག་རྟེན་སྐྱེས་པར་གྱུར་པ་ཡི། །ལྷ་ཡི་དྲང་སྲོང་ནང་ནས་གཅིག་ནི་བདག་ལགས་སོ། །དེ་སྐད་སྨྲས་པ་དང༌། རྒྱལ་པོ་དེས་གཤེགས་པ་ལེགས་སོ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་མཆོད་ཡོན་ཕུལ་བ་དང་རྐང་པ་བཀྲུས་པས་བཀུར་སྟི་བྱས་ནས། དེ་ལ་ཡ་མཚན་ཅན་དུ་བལྟས་ཏེ་སྨྲས་པ། འཕགས་པ་ཁྱོད་ཀྱི་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་ནི་ངོ་མཚར་ཆེའོ། །ཁང་བཟང་རྩིག་པ་དག་ལ་ཐོགས་མེད་ལ། །ས་ལ་འགྲོ་བ་བཞིན་དུ་མཁའ་ལའང་འཆག །གློག་གི་འོད་བཞིན་གཟི་བརྗིད་ཕུན་སུམ་ཆོགས། །ཁྱོད་ཀྱི་རྫུ་འཕྲུལ་འདི་ནི་ཅི་ཐོབ་སྨྲོས། །བྱང་ཆུབ་སེམས་དཔས་སྨྲས་པ། བསམ་གཏན་ཚུལ་ཁྲིམས་དྲི་མ་མེད་པ་དང༌། །དབང་པོ་རྣམས་ནི་རབ་ཏུ་བསྡམས་པ་དང༌། །སྲིད་པ་གཞན་ལའང་གོམས་པར་བྱས་པ་ཡི། །དེ་ཡི་འབྲས་བུ་གྲུབ་པ་ཡིན་པར་འདྲའོ། །རྒྱལ་པོས་སྨྲས་པ། འཇིག་རྟེན་ཕ་རོལ་ཅེས་ཟེར་བ་འདི་བདེན་ནམ། ཚངས་པས་སྨྲས་པ། རྒྱལ་པོ་ཆེན་པོ་མང་དེ་འཇིག་རྟེན་ཕ་རོལ་མཆིས་སོ། །རྒྱལ་པོས་སྨྲས་པ། འཕགས་པ་འདི་བདག་གིས་ཅི་ལྟར་ཡིད་ཆེས་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་རབ་ཏུ་གསལ་ཏེ། མངོན་སུམ་ལ་སོགས་པའི་རིག་པའི་ཚད་མས་གཟུང་དུ་རུང་ལ། ཡིད་གཅུགས་པའི་ཚིག་གིས་བསྟན་པ་དང༌། བརྟག་པའི་རིམ་པས་ཀྱང་ཡིད་ཆེས་པར་བྱར་རུང་ངོ༌། །ཁྱོད་གཟིགས་སུ་གསོལ། ཉི་ཟླ་སྐར་མས་བརྒྱན་པའི་ནམ་མཁའ་དང༌། །དུད་འགྲོ་བརྟག་པའི་རྣམ་པ་མང་པོ་འདི། །འཇིག་རྟེན་ཕ་རོལ་མངོན་སུམ་བཞིན་དུ་སྣང༌། །འདི་ལ་ཐེ་ཚོམ་བློ་ངན་ཁྱོད་མ་བསྐྱེད། །བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས། །ཚེ་རབས་དྲན་པའང་དེ་དང་དེ་ན་ཡོད། །འཇིག་རྟེན་ཕ་རོལ་དེ་ལ་རྗེས་སུ་དཔོགས། །ད་བདག་ལས་ཀྱང་མངོན་པར་མི་འགྱུར་རམ། །སྔ་མའི་བློ་ལ་ཕྱི་མའི་བློ་འགྲུབ་ན། །འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན། །མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི། །དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ། །ཤེས་བྱ་རྟོགས་པར་བྱེད་པའི་བློ་ཡིན་ཟེར། །དེ་བས་སྐྱེ་སོགས་བློ་ནི་ཡུལ་ཡོད་གྱུར། །མིག་སོགས་མེད་


DTG168_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ནི་ཚེ་འདི་མིན། །དེ་ཡི་བློ་ནི་འཇིག་རྟེན་ཕ་རོལ་ཡིན། །སྐྱེ་དགུ་ཚུལ་ཁྲིམས་ལ་སོགས་བྱེ་བྲག་རྣམས། །ཕ་མའི་རང་བཞིན་དག་དང་མི་མཐུན་སྣང༌། །གློ་བུར་གྱུར་པ་གང་ཡང་གྲུབ་པ་མེད། །དེ་བས་ཚེ་རབས་གཞན་ལ་གོམས་དེ་ཡིན། །བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང༌། །དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བཅས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ནུ་ཞོ་འཐུང་བ་རྩོལ་བར་བྱེད་པ་དང༌། །ཁ་ཟས་བཟའ་བར་རྩོལ་བར་བྱེད་པ་ཡང༌། །སྲིད་པ་གཞན་ལ་གོམས་པར་བྱས་པ་མངོན། །དེ་དང་དེ་འདྲའི་ལས་ལ་སློབ་ལོབས་པ། །གོམས་པར་བྱས་པས་མཁས་པར་གྱུར་པར་གྲུབ། །དེ་ལ་འཇིག་རྟེན་ཕ་རོལ་ཡོད་པར་ཡིད་ཆེས་པ་ལ་མ་འདྲིས་པས་ཁྱེད་ཅག་འདི་ལྟར་དོགས་པ་སྐྱེ་ཡང་སྲིད། པདྨ་རྣམས་ནི་འབྱེད་དང་འཛུམས་པ་དག །སྲིད་པ་གཞན་ལ་སྤྱོད་པ་གོམས་ལས་གྱུར། །དེ་ལྟར་མི་འདོད་ནུ་ཞོ་འཐུང་བ་དག །ཚེ་རབས་སྔ་མའི་གོམས་ལས་ཅི་ཕྱིར་འདོད། །ཅེས་ཟེར་བའི་དོགས་པ་དེ་ཡང་སྐྱེས་པ་མི་རིགས་སོ། །དུས་ངེས་པ་དང་མ་ངེས་པ་ལས་འགྱུར་བ་སྣང་བ་དང༌། འབད་པ་རིགས་པ་དང་མི་རིགས་པའི་ཕྱིར་ཏེ། པདྨ་ཁ་འབྱེད་འཛུམས་ལ་དུས་ངེས་ཡོད། །ནུ་ཞོ་འཐུང་བར་རྩོལ་ལ་དུས་ངེས་མེད། །པདྨ་མི་རྩོལ་ནུ་ཞོ་འཐུད་བར་རྩོལ། །དེ་བས་པདྨ་ཁ་བྱེ་ཉི་མའི་མཐུ། །དེ་བས་ན་རྒྱལ་པོ་ལེགས་པར་བརྟགས་ན་འཇིག་རྟེན་ཕ་རོལ་ཡོད་ན་ཡིད་ཡོད་པར་རུང་ངོ༌། །དེ་ནས་རྒྱལ་པོ་དེ་ལོག་པར་ལྟ་བ་ལ་བློ་ཞེན་ཅིང་སྡིག་ཆེ་བས། འཇིག་རྟེན་ཕ་རོལ་ཡོད་པའི་གཏམ་དེས་ཉམས་མི་བདེ་ནས་སྨྲས་པ། ཀྱེ་དང་སྲོང་ཆེན་པོ། འཇིག་རྟེན་ཕ་རོལ་གལ་ཏེ་བྱིས་བ་བསྡིགས་ཚུལ་མ་ཡིན་ལ། །འདི་ནི་བདག་གི་ཡིད་ཆེས་བྱ་བར་གལ་ཏེ་ཁྱོད་སེམས་ན། །འོ་ན་དེ་རིང་འདིར་ནི་གསེར་སྲང་ལྔ་བརྒྱ་ང་ལ་བྱིན། །དེ་ཡི་སྐྱིན་པོ་སྲིད་པ་གཞན་དུ་གསེར་སྲང་སྟོང་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས། དེ་སྤྱི་བརྟོལ་ཆེ་བ་ལ་གོམས་ཤིང་འཛེམ་དོགས་མེད་ལ། ལོག་པར་ལྟ་བའི་དུག་གི་སྒྲེགས་པ་དང་འདྲ་བའི་མི་རིགས་པའི་ཚིག་དེའི་ལན་རིགས་པའི་ཚུལ་གྱིས་སྨྲས་པ། འདི་ལའང་རེ་ཞིག་ནོར་ནི་འབྱོར་པར་འདོད་པ་


DTG168_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །བདག་ཉིད་ངན་པ་དག་ལ་ནོར་ནི་ཡོང་མི་གཏོང༌། །བརྐམ་དང་མི་མཁས་ལེ་ལོ་ཅན་ལའང་ནོར་མི་གཏོང༌། །དེ་དག་ལ་ནི་བཏང་ན་དེ་ཉིད་ཟད་པའི་མཐར། །གང་དག་ངོ་ཚ་ཤེས་པ་མངོན་པ་དང༌། །ཆོ་རིགས་བཙུན་ཞིང་ནོར་སྤེལ་མཁས་པ་དང༌། །རབ་ཏུ་དབུལ་ཡང་བུ་ལོན་འཇལ་བྱེད་པ། །དེ་ལ་བྱིན་ན་ནོར་ནི་འཕེལ་བར་འགྱུར། །ནོར་གཏོང་ཚུལ་ནི་དེ་ལྟར་མཁྱེན་པར་མཛོད། །འཇིག་རྟེན་གཞན་ལ་བུ་ལན་འཇལ་བྱ་བ། །ལྟ་བ་ངན་པ་སྤྱོད་པ་ཁྱོད་ལ་ནི། །ནོར་རྣམས་བྱིན་ཡང་དོན་ནི་མེད་པར་འགྱུར། །ལྟ་བ་ངན་པའི་སྐྱོན་གྱུར་མི་བཟད་པའི།། བདག་གི་ལས་ཀྱིས་ཁྱོད་ནི་དམྱལ་བར་ལྟུང༌། །སེམས་ཉམས་ནད་ཀྱིས་གདུངས་པར་གྱུར་པ་ལ། །གསེར་སྲང་སྟོང་གི་ཕྱིར་ནི་སུ་ཞིག་བསྐུལ། །དེ་ན་ཉི་ཟླའི་འོད་ཟེར་རྣམས་ཀྱིས་ཀྱང༌། །ཕྱོགས་ཀྱི་ནང་དུ་མུན་གྱིས་གཡོགས་མི་སྣང༌། །སྐར་མ་མང་པོས་བརྒྱན་པའི་ནམ་མཁའ་ཡང། །ཀུ་མུད་རྒྱས་པའི་མཚོ་འདྲ་ཡོང་མི་སྣང༌། །མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང༌། །དེས་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །མུན་ནག་འཐིབས་པོ་དུ་བ་དཀུ་བ་ཡི། །དམྱལ་བའི་ནང་ན་ཁ་ཅིག་ཡུན་རིང་གནས། །རང་གི་པགས་པའི་འབྲེང་བས་དྲངས་པར་སྣང༌། །ཕན་ཚུན་བརྔོས་ཏེ་སྣད་པས་འོ་དོད་འབོད། །མེ་མུར་འབར་བའི་དམྱལ་བ་གཞན་དག་ནི། །ཡང་དང་ཡང་དུ་རྐང་ལག་ཚིག་བཞིན་དུ། །དེ་ལས་ཐར་བར་འདོད་ཕྱིར་ཕྱོགས་སུ་རྒྱུག །མི་དགེ་མ་བྱང་བར་དུ་ཚེ་མི་འདའ། །ལ་ལ་གཤིན་རྗེའི་གཤེད་མ་མ་རུངས་པས། །ཤིང་མཁན་བཞིན་དུ་ཡན་ལག་གཤགས་པ་ནི། །ལྗོན་ཤིང་རློན་པ་དག་ལ་སྐབས་རྙེད་བཞིན། །མཚོན་ཆ་རྣོན་པོས་རབ་ཏུ་གཏུབས་ཤིང་གཤགས། །དེ་བཞིན་གཞན་དག་དུམ་བུར་རབ་ཏུ་གཏུབས། །པགས་པ་བཤུས་པའི་སྡུག་བསྔལ་མི་བཟད་མྱོང༌། །ཤ་རྣམས་བཏོགས་པས་ཁ་ཅིག་རུས་པ་ཙམ། །རང་གི་སྡིག་གིས་སྲོག་ནི་ཆད་མི་འགྱུར། །ཁ་ཅིག་འབར་བའི་སྲབ་ཀྱིས་ཁ་བསྲབས་ནས། །ལྕགས་ཀྱིས་གཞི་རབ་ཏུ་འབར་བ་ལ། །གླང་ལྕག་མེ་ལྟར་འབར་བས་


DTG168_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་བྱས། །རབ་ཏུ་འབར་བའི་ཤིང་རྟ་འདྲེན་ཅིང་འཁོད། །བསྡུས་འཇོམས་རི་ཡིས་ཁ་ཅིག་ལུས་ཀྱང་གཟིར། །དེ་ཡིས་བརྫིས་པས་ཕྱེ་མར་ལྷགས་གྱུར་ཀྱང༌། །སྡིག་པའི་ལས་རྣམས་མ་ཟད་པར་དུ་ནི། །སྡུག་བསྔལ་རྒྱུན་ཆགས་ཆེ་ཡང་ཡོང་མི་འཆི། །ལྕགས་གཏུན་རབ་ཏུ་འབར་བའི་ནང་དག་ཏུ། །ལྕགས་ཀྱི་བླ་གཏུན་རབ་ཏུ་འབར་བ་ཡིས། །ལོ་གྲངས་ལྔ་བརྒྱར་ཚང་གི་བར་དུ་ནི། །ཕྱེ་མར་བཏགས་ཀྱང་ད་རུང་སྲོག་མི་འདོར། །བྱི་རུ་བཞིན་དུ་རབ་འབར་ཤིང་དག་གི །ལྕགས་ཀྱི་ཚེར་མ་འབར་ཞིང་རྩུབ་པ་ལ། །གཤིན་རྗེའི་གཤེད་པོ་ཁྲོ་བས་མགོན་མེད་པར། །སྟེང་དང་འོག་ཏུ་རབ་ཏུ་དྲངས་ཤིང་བསྡུས། །ལ་ལ་མེ་མདག་ཕུང་པོ་ཆེན་པོ་ནི། །བཙོ་མའི་གསེར་ལྟར་རབ་ཏུ་འབར་བ་ན། །བདག་གིས་ལས་ངན་སྤྱད་པའི་འབྲས་བུ་མྱོང༌། །འགྲེ་ལྡོག་དུ་འབོད་ཙམ་གྱི་མཐུ་ལ་བརྟེན། །ཁ་ཅིག་ས་གཞི་རབ་ཏུ་འབར་བ་ལ། །ཕུར་པ་བརྒྱ་ཡིས་ལྕེ་ཡང་རབ་ཏུ་བརྒྱངས། །མི་བཟད་ནད་ཀྱིས་ལུས་གཟིར་སྒྲ་ཡང་འབྱིན། །དེ་དག་དེ་ཚེ་འཇིག་རྟེན་ཕ་རོལ་ཤེས། །ལྕགས་ཀྱི་ལེབ་མ་འབར་བས་ཁ་ཅིག་དཀྲིས། །གཞན་དག་ལྕགས་ཀྱི་རྫ་ཆེན་ནང་དུ་བསྐོལ། །ལ་ལ་མཚོན་རྣོན་ཆར་འབབ་ལུས་ཀྱང་དམྱལ། །གཅན་གཟན་ཁྲོ་བོས་ཤ་ལྤགས་ཟད་པར་བཏོགས། །ཁ་ཅིག་མེ་འབར་ཚ་བས་གདུངས་གྱུར་ནས། །ཆུ་བོ་བརྒལ་དཀའ་རྩུབ་མོའི་ནང་དུ་འཇུག །དེ་ན་དེ་རྣམས་ཤ་ནི་མྱགས་པར་འགྱུར། །ངན་སྤྱོད་མཐུས་བཟུང་སྲོག་ནི་ཆད་མི་འགྱུར། །གཞན་དག་ཚབས་རབ་ཏུ་གདུངས་གྱུར་ནས། །མི་གཙང་རོ་མྱགས་ཁྲོད་ལ་འཚོ་སྙམ་སྟེ། །ཞུགས་ནས་སྡུག་བསྔལ་མཚུངས་མེད་དེ་ན་མྱོང༌། །སྲིན་བུ་མང་པོས་ལུས་དང་རུས་པ་བཤིག །ཁ་ཅིག་མེ་ཡི་ནང་དུ་ལུས་འབར་ཞིང༌། །རབ་ཏུ་ཚ་བའི་སྡུག་བསྔལ་ཡུན་རིང་མྱོང༌། །མེ་འབར་ནང་ན་ལྕགས་བསྲེག་འདྲར་གྱུར་ཀྱང༌། །རང་གི་ལས་ཀྱིས་ཐལ་བར་ལྷགས་མི་འགྱུར། །གཞན་དག་སོགས་ལེ་འབར་བས་དྲ་ཞིང་ཁ་ཅིག་སྤུ་གྲི་རྣོན་པོས་གཏུབ། །ལ་ལ་ལྕགས་ཀྱི་ཐོ་བས་མགོ་བཅོམ་མྱ་ངན་གདུངས་ཤིང་འོ་དོད་འབོད། །ཁ་ཅིག་གསལ་ཤིང་ཆེན་པོས་ལུས་བརྒྱངས་དུ་བ་


DTG168_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མེ་ལ་རབ་ཏུ་བསྲེག །གཞན་ཡང་ལྕགས་ཀྱི་ཁུ་བ་མ་ལྟར་འབར་བ་བླུད་ནས་མཁུན་སྒྲ་འབྱིན། །ལ་ལ་སྣ་ཚོགས་ཁྱི་རྣམས་སྟོབས་ཆེན་གྱིས། །མཆེ་བ་རྣོན་པོའི་སོ་ཡིས་རབ་ཏུ་འདྲད། །ལུས་ཀྱི་ཤ་རྣམས་བཏོགས་པས་སྲབ་མོར་གྱུར། །དམན་པའི་སྒྲ་འབྱིན་གཅོམ་ཆུང་དུ་ཞིང་འགྱེལ། །དམྱལ་བ་མི་བཟད་དེ་ལྟ་བུ་ནི་མི་བདེ་བ། །བདག་གི་ལས་ཀྱིས་འཕངས་ནས་མྱོང་བ་དེ་ཡི་ཚེ། །མྱ་ངན་སེམས་གདུངས་འཇིགས་ཤིང་ཉམ་ཐག་གྱུར་པ་ལ། །དེ་ཚེ་སུ་ཞིག་ཁྱོད་ལ་བུ་ལོན་དེད་དུ་འགྲོ། །ལྕགས་ཀྱི་རྫ་ཆེན་རབ་ཏུ་མེ་འབར་རྙེད་དཀའ་བ། །མི་བཟད་ནང་ན་འགྲོ་ངན་ལུས་རྣམས་སློང་གྱུར་ཅིང༌། །རབ་ཏུ་བསྐོལ་བའི་ཤུགས་ཀྱིས་དབང་མེད་རྣམ་པར་འགྱུར། །དེ་ཚེ་སུ་ཞིག་ཁྱོད་ལ་བུ་ལོན་དེད་དུ་འགྲོ། །ས་གཞི་མེ་འབར་དུ་བ་མེད་པ་སེར་པོ་ལ། །ལྕགས་ཀྱི་ཕུར་པ་མེ་འབར་བརྒྱ་ཡིས་ལུས་བརྒྱངས་ནས། །རབ་ཏུ་ལུས་བསྲེགས་སྙིང་རྗེར་རུང་བར་དུ་བ་ན། །དེ་ཚེ་ཁྱོད་ལ་སུ་ཞིག་བུ་ལོན་དེད་དུ་འགྲོ། །རབ་ཏུ་མནར་བའི་གནས་ན་འདུག་པ་ན། །དེ་ཚེ་སྡུག་བསྔལ་ཆེན་པོ་མྱོང་འགྱུར་བས། །ཚིག་གི་ལན་ཀྱང་སྨྲ་བར་མི་ནུས་ན། །དེ་ཚེ་ཁྱོད་ལ་སུ་ཞིག་བུ་ལོན་དེད་དུ་འགྲོ། །ཁུ་ཡུག་རླུང་གིས་རབ་ཏུ་བདས་གྱུར་ཞིང༌། །མཁུན་པའི་སྒྲ་ཡང་འབྱིན་པར་མི་ནུས་པས། །རུས་པའི་རྒྱ་ཞིག་ཕོངས་པའི་སྒྲ་འབྱིན་པ། །ཕྱི་མའི་ཚེ་ལ་སུ་ཞིག་ནོར་དེད་ཡོང༌། །གཤིན་རྗེའི་གཤེད་པོས་བསད་པར་གྱུར་པའམ། །རབ་ཏུ་འབར་བའི་མེ་ཡིས་ཚིག་པའམ། །ཤ་དང་ཁྲག་རྣམས་ཁྱེར་ཞིང་ཟ་བས་ན། །སུ་ཞིག་ཁྱོད་ལ་ནོར་སློང་སྡུག་བསྔལ་མྱོང༌། །བསད་དང་བཅད་དང་གཤགས་དང་བརྡེག་པ་དང༌། །བསྲེག་དང་བཞོག་དང་བརྡུང་དང་གཞིག་པ་དང༌། །གནོད་པ་མང་པོས་རྟག་ཏུ་སྡུག་བསྔལ་ན། །དེ་ཚེ་ཇི་ལྟར་ང་ལ་བུ་ལོན་བཙལ། །དེ་ནས་རྒྱལ་ཕོ་དེས་སེམས་ཅན་དམྱལ་བའི་གཏམ་རབ་ཏུ་འཇིགས་སུ་རུང་བ་དེ་ཐོས་ནས་མི་དགའ་བར་གྱུར་ཏེ། ལོག་པར་ལྟ་བ་ལ་རྗེས་སུ་ཆགས་པ་ནི་བཏང༌། འཇིག་རྟེན་ཕ་རོལ་ཡོད་པར་ཡིད་ཆེས་པར་གྱུར་ནས། དྲང་སྲོང་ཆེན་པོ་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། །དམྱལ་བའི་སྡུག་བསྔལ་བདག་གིས་ཐོས་ནས་སུ།།


DTG168_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཡིད་ནི་འཇིགས་པས་རྣམ་པར་སྐྲག །དེ་དག་བདག་གིས་ཇི་ལྟར་མྱོང་གྱུར་སྙམ། །རྣམ་རྟོག་མེ་ཡིས་བདག་ནི་བསྲེགས་པ་བཞིན། །བདག་གི་སེམས་ནི་ལྟ་ངན་ལྷུང་གྱུར་ཞིང༌། །ཡུན་རིང་མ་མཐོང་ངན་པའི་ལམ་དུ་སོང༌། །འདི་ལ་དགེ་བའི་གནས་སུ་ཁྱོད་ཀྱིས་མཐོང༌། །ཐུབ་པ་ཁྱོད་ནི་བདག་གི་མགོན་དང་སྐྱབས། །བདག་གི་ལྟ་ངན་མུན་པ་ཁྱོད་ཀྱིས་བསལ། །ཉི་མ་ཤར་བས་མུན་ནག་བསལ་བ་བཞིན། །གང་གིས་བདག་ནི་ངན་འགྲོར་མི་ལྟུང་བ། །དེ་འདྲའི་ལམ་ནི་བདག་ལ་བཤད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་ཡིད་མི་དགའ་བར་གྱུར་ཏེ་ལྟ་བ་དྲང་པོར་གྱུར་ནས་ཆོས་བསྒྲུབ་ནུས་པའི་སྣོད་དུ་གྱུར་པ་མཐོང་ནས། ཕ་བུ་ལ་སྙིང་བརྩེ་བ་དང༌། སློབ་དཔོན་སློབ་མ་ལ་སྙིང་བརྩེ་བ་བཞིན་དུ་འདི་ལྟར་རྗེས་སུ་བསྟན་ཏོ། །སྔོན་གྱི་རྒྱལ་པོ་ཡོན་ཏན་དགའ་བ་རྣམས། །སློབ་མ་མཆོག་ཚུལ་དགེ་སྦྱོང་བྲམ་ཟེ་དང༌། །འབངས་ལའང་ངང་ཚུལ་སྙིང་རྗེ་ལྡན་བསྟན་པ། །གྲགས་ལྡན་དེ་ནི་མཐོ་རིས་འགྲོ་བའི་ལམ། །དེ་བས་ཆོས་མིན་ཐུབ་དགའ་ཐུབ་བྱེད་ཅིང༌། །སེར་སྣ་དོར་དཀའ་རིང་དུ་བོར་ནས་སུ། །ལྷ་དབང་ཕོ་བྲང་གསེར་གྱི་རྟ་བབས་ཅན། །རིན་ཆེན་མཆོག་འབར་དེ་ནི་འབར་བཞིན་སོང༌། །ཡང་དག་ལྟ་ལ་ཁྱོད་ཡིད་འདྲིས་པར་གྱིས། །སྐྱེ་བོ་མཆོག་རྣམས་ལྟ་བ་བློ་གནས་ཏེ། །བྱིས་པ་དགའ་བྱེད་སྐྱེ་བོའི་ལྟ་བ་སྤོངས། །ཆོས་ཉིད་ངེས་པ་གང་དག་བསྟན་ལ་རྟོགས། །ད་ནི་ཁྱོད་ཀྱིས་ཡང་དག་ལྟ་དགེ་ཞིང༌། །རྒྱལ་པོའི་ཚུལ་གྱིས་འགྲོ་བར་འདོད་པར་གྱིས། །ཡོན་ཏན་མི་དགའ་སེམས་དེ་མེད་པར་བྱོས། །དེ་ཉིད་སེམས་ཀྱི་གོ་འཕང་ལམ་དུ་གྱུར། །དེ་བས་ཡོན་ཏན་བསྒྲུབ་པའི་དབྱིག་ཏུ་བྱོས། །བདག་དང་གཞན་ལ་ཕན་འདོད་སྙིང་རྗེ་བསྐྱེད། །ཚུལ་ཁྲིམས་བརྟན་ཞིང་དབང་པོ་རབ་ཏུ་སྡོམས། །དེ་ཡིས་ཕྱི་མའི་ཚེ་ལ་ཁྱོད་མི་སྡུག ། རང་གི་བསོད་ནམས་རྒྱལ་པོའི་དཔལ་གྱི་གཟི། །མཛའ་བཤེས་རྣམས་ལ་རབ་གསལ་ཡིད་འོང་དཀའ། །གྲགས་པ་སྙན་པས་འགྲོ་བའི་སྡུག་བསྔལ་བསལ། །བདག་གི་དོན་དང་ལྡན་པའི་ཕན་པ་སྤྱོད། །ཁྱོད་འདིར་བཀུར་སྟི་སྤྱིན་པའི་ཤིང་རྟ་དག །རང་ལུས་ཡོན་ཏན་འབྱུང་པའི་ཤིང་རྟ་


DTG168_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །མིག་རྩུབ་མིག་ལྡན་སྦྱིན་དུལ་འཁོར་ལོ་ཅན། །བསོད་ནམས་འདོད་པའི་ཤིང་རྟའི་མདའ་དང་ལྡན། །དབང་པོ་དུལ་རྟ་དྲན་པའི་སྲབ་སྐྱོགས་ཅན། །བློ་གྲོས་ལྕགས་ལྡན་ཐོས་པ་རྒྱ་ཆེན་བརྩོན། །ངོ་ཚ་ཡོ་བྱད་ངན་གྲོགས་མཛེས་པས་བཅིངས། །བཟོད་པའི་གཉའ་ཤིང་དེས་འགྲོ་བརྟན་པས་བརྟན། །ཚིག་ངན་བསྡོམས་པས་མི་སྙན་སྒྲ་མི་འབྱིན། །ཡིད་འོང་ཚིག་ཙམ་སྨྲ་བས་ཟབ་པའི་སྒྲ། །གདམས་པ་མ་ཞིག་པས་ན་མཚམས་མ་བྱེད། །སྤྱོད་པ་ངན་པའི་གྱ་གྱུ་སྤངས་པས་དྲངས། །ཐེག་པ་འདི་དང་གྲགས་པའི་རུ་མཚོན་དང༌། །སྙིང་རྗེ་བསྐྱལ་ཞིང་ཞི་བའི་རྒྱལ་མཚན་མཐོ། །བདག་དང་གཞན་དོན་མ་རྨོངས་གསལ་སྤྱོད་པས། །རྒྱལ་པོ་ནམ་ཡང་དམྱལ་བར་ཡོང་མི་ལྟུང༌། །དེ་ལྟར་བདག་ཉིད་ཆེན་པོ་ངེས། རྒྱལ་པོ་དེའི་ལྟ་བ་ལོག་པའི་མུན་ནག་དེ་ཚིག་གསལ་བའི་ཉི་མ་ཤར་བས་བསལ་ནས། དེ་ལ་བདེ་འགྲོའི་ལམ་ཡང་བསྟན་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཇིག་རྟེན་ཕ་རོལ་ཡོད་པའི་དོན་ཡང་དག་པར་ནི་རྟོགས་ཡང་དག་པའི་ལྟ་བའི་སེམས་ནི་རྙེད་ནས། བློན་པོ་དང་ཕོ་བྲང་འཁོར་གྱི་མི་དང་བཅས་པ་དག་སྦྱིན་པ་དང་དུལ་བ་དང་སྡོམ་པ་ལ་གཞོལ་བར་གྱུར་ཏོ། །དེ་ལྟ་བས་ན་ལོག་པར་ལྟ་བ་ནི་ཁ་ན་མ་ཐོ་བ་རབ་ཏུ་ཆེ་བའི་ཕྱིར། ལོག་པར་ལྟ་བ་ལ་ཞེན་པ་རྣམས་ལ་དམ་པ་རྣམས་ཀྱིས་ལྷག་པར་རྗེས་སུ་བརྩེ་བར་བྱ་བར་རིགས་སོ། །དེ་བཞིན་དུ་དམ་པའི་ཆོས་ཡོངས་སུ་རྫོགས་པར་མཉན་པ་ནི་དད་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཞེས་ཀྱང་སྦྱར་བར་བྱའོ། །དེ་བཞིན་དུ་གཞིན་ལས་ཆོས་མཉན་ན་ཡང་དག་པའི་ལྟ་བ་སྐྱེ་བའི་རྐྱེན་དུ་འགྱུར་རོ། །ཞེས་སྦྱར་བར་བྱའོ། །དེ་ལྟར་ན་སྐྱེས་བུ་དམ་པ་རྣམས་ནི་བརྙས་ཐབས་བྱས་ཀྱང་བཟོད་པ་ལ་གོམས་པར་བྱས་པས་དེ་ལ་ཕན་པའི་མན་ངག་སྟོན་པར་བྱེད་ཀྱི་ཚིག་རྩུབ་མོ་ནི་མི་སྨྲའོ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྐྱོ་ཞིང་ཡིད་འབྱུང་བར་བྱས་ནས་མྱུར་དུ་ལེགས་པའི་ལམ་ལ་ཕྱོགས་པར་འགྱུར་བའི་ཕྱིར། སྐྱོ་ཞིང་ཡིད་འབྱུང་བར་བྱ་བའི་གཏམ་བྱ་བ་ལ་བརྗོད་པར་བྱའོ། །ཚངས་པར་སྐྱེས་པའི་རབས་ཏེ་ཉི་ཤུ་དགུ་


DTG168_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།བམ་པོ་བཅུ་གཅིག་པ། དགེ་བ་རྣམས་ནི་ཕྱིས་གཞན་ལ་ཕན་པར་འགྱུར་ན། སྡུག་བསྔལ་ཡང་ཁེ་རྙེད་པ་དང་འདྲ་བར་སེམས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ནགས་ཚལ་ཤིང་ལྗོན་པ་གཞོན་ནུ་བཟང་པོའི་རྩེ་མོ་མེ་ཏོག་དང་འབྲས་བུ་དང་ཤིང་ལོར་ལྡན་པ་རྣམས་ཀྱིས་དེ་དང་དེ་དག་ཏུ་བརྒྱན་པ་བཞིན་དུ་འདུག་པ། ལྡུམ་བུ་དང༌། ཤིང་གེལ་བ་དང༌། རྩ་བ་རྣམ་པ་སྣ་ཚོགས་ཀྱིས་ཁེབས་པའི་ས་ཕྱོགས་ན། རིའི་ལྗོངས་རྣམས་ན་ནགས་ཚལ་ཉམས་དགའ་བ་ལ་སྙིང་ཆགས་ནས་གཞན་དུ་གཡེང་བ་མེད་པར་གནས་བཅས་པ་བཞིན་དུ་ནི་འདུག །ནགས་ན་རྒྱུ་བ་རྣམས་ཀྱི་གནས་སུ་ནི་གྱུར། མཚོ་ཟབ་མོ་རྒྱ་ཆེན་པོས་ནི་དགོན་པ་དང་བཅས་པར་བྱས། ཤིང་དང་རྩྭ་དང་ཆུ་མེད་པའི་མྱ་ངམ་དགོན་པ་ཆེན་པོས་ཁོར་ཁོར་ཡུག་ཏུ་བསྐོར་བས་ཡུལ་དང་ལྗོངས་ཐག་རིང་དུ་གྱུར་པ་ཞིག་ན། གླང་པོ་ཆེ་ལུས་ཆེན་པོ་གཅིག་པུ་རྒྱུ་བ་ཞིག་ཏུ་གྱུར་ཏོ། །ཞེས་གྲགས་སོ། །དེ་དེ་ན་ཤིང་ལོ་དང༌། པདྨའི་རྩ་བ་དང༌། ཆུ་ཙམ་གྱིས་འཚོ་ཞིང་ཆོག་ཤེས་པ་དང༌། ཞི་བས་དཀའ་ཐུབ་ཅན་བཞིན་དུ་དགའ་བར་གནས་སོ། །དེ་ནས་རེ་ཞིག་ཅིག་སེམས་དཔའ་ཆེན་པོ་དེ་ནགས་ཚལ་དེའི་མཐའ་ནས་རྒྱུ་ཞིང་སོང་སོང་བ་ལས། མྱ་ངམ་དགོན་པ་ན་མིའི་སྒྲ་ཅིག་ཐོས་པ་དང་དེས་བསམས་པ། འདི་ཅི་ཞིག་ས་ཕྱོགས་འདི་ན་ཡུལ་དུ་རྒྱུ་བའི་ལམ་ནི་ཅི་ཡང་མེད། མྱ་ངམ་དགོན་པ་ཆེན་པོ་འདི་ལྟ་བུར་བརྒལ་ཏེ་རི་དྭགས་བཤོར་བ་ཡང་མི་རིགས་ན་ཚེགས་ཆེན་པོ་བྱུང་སྟེ། ཤ་ཐང་ཤིང་བདག་ཅག་གླང་པོ་ཆེའི་ཁྱུ་ནས་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འོང་བ་མི་རིགས་ན་གོར་མ་ཆག་པར་འདི་དག་ནི་ཕྱོགས་སླད་ནས་ལམ་ནོར་བ་ཅིག་ཡིན་ནམ། དེ་དག་གིས་མི་རིགས་པར་བྱས་ནས། རྒྱལ་པོ་ཁྲོས་ཏེ་སྤྱུགས་པ་དག་ཅིག་ཡིན་པ་འདྲ་སྟེ། འདི་ལྟར་འདི་དག་གཅོམ་ཆུང་ཞིང༌། །དགའ་བའི་སྐད་གསང་མཐོན་པོ་ཉམས། །རབ་ཏུ་ཉམ་ཐག་ཕོངས་པའི་སྒྲ། །འབའ་ཞིག་དུ་བ་བཞིན་དུ་གྲག །དེ་བས་ན་འདི་ཅི་ཡིན་རེ་ཞིག་བརྟག་པར་བྱའོ་སྙམ་ནས། བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་


DTG168_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པོས་དྲངས་ནས། མིའི་སྒྲ་གང་ན་གྲག་པ་དེ་ལོགས་སུ་སོང་སྟེ། སྨྲེ་སྔགས་འདོན་པའི་ཚིག་དང་མི་འགལ་ཞིང་མྱ་ངན་བྱེད་པའི་ཚིག་གིས་དུ་བའི་སྒྲ་ཉན་ཅིང་སྙིང་རྗེས་སེམས་བསྐུལ་ནས། སེམས་དཔའ་ཆེན་པོ་དེ་དེར་རིངས་པར་སོང་སྟེ་ནགས་ཚལ་སྟུག་པོ་དེ་ནས་བྱུང་བ་དང༌། ས་ཕྱོགས་དེ་ན་ཤིང་དང་ཚང་ཚིང་མེད་པས་རྒྱང་རིང་པོར་བལྟས་པ་ན། མི་བདུན་བརྒྱ་ཙམ་ཅིག་བཀྲེས་པ་དང༌། སྐོམ་པ་དང༌། ངལ་བས་ཉེན་པ་དག་ནགས་ཚལ་དེ་ལོགས་སུ་འོང་བ་མཐོང་ངོ༌། །མི་དེ་དག་གིས་ཀྱང་སེམས་དཔའ་ཆེན་པོ་དེ་དག་གངས་རིའི་རྩེ་མོ་འགྲོ་ཤེས་པའམ། སྟོན་ཀའི་སྤྲིན་ནམ། ན་བུན་གྱི་ཚོགས་རླུང་གིས་བསྐྱོད་པ་བཞིན་ཚུར་འོང་བ་མཐོང་ངོ༌། །མཐོང་ནས་ཀྱང་སྐྲག་ཅིང་མི་དགའ་སྟེ། ད་ནི་བདག་ཅག་རྣམས་བསད་དོ་སྙམ་ནས་ཡིད་སྐྲག་པར་གྱུར་ཀྱང་བཀྲེས་པ་དང༌། སྐོམ་པ་དང༌། ངལ་བས་སྒྱིད་ལུག་པས་ཕྱིར་འབྲོས་མ་ནུས་སོ། །དེ་དག་རབ་ཏུ་འཇིགས་གྱུར་ཀྱང༌། །བཀྲེས་སྐོམ་ངལ་བས་ཉམས་སྨད་ཅིང༌། །མི་དགའ་འཇིགས་པས་སྤ་གུམ་པས། །འབྲོས་པ་རྩོལ་ནི་མ་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དག་སྐྲག་པར་རིག་ནས། ང་ལས་ཁྱོད་རྣམས་ལ་འཇིགས་པ་མི་འབྱུང་གི །མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་གླང་པོ་ཆེ་སྣ་མདོག་ཅུང་ཟད་དམར་ཞིང་སྣུམ་པ་བསྒྲེངས་པས་དབུགས་ཕྱུང་སྟེ། དྲུང་དུ་ཕྱིན་ནས་སྙིང་རྗེ་བ་བཞིན་དུ་དྲིས་པ། ཁྱེད་ཅག་སུ་ཡིན་ཅི་ཡི་ཕྱིར། །འདི་ལྟར་གྱུར་ཅིང་འདི་ན་འཁོད། །རྡུལ་དང་ཉི་མའི་འོད་ཟེར་གྱིས། །ཁ་དོག་ཉམས་ཤིང་རིད་པར་གྱུར། །མྱ་ངན་གདུངས་ཕོངས་ཁྱོད་སུ་ཡིན། །ཁྱེད་ཅག་གང་ནས་འདིར་ལྷགས་གྱུར། །དེ་ནས་མི་དེ་དག་མིའི་སྐད་དུ་སྨྲ་ཞིང་མི་འཇིགས་པ་སྦྱིན་པར་ཁས་ལེན་པས་དགའ་བར་བྱེད་པ་དེས་སེམས་བརྟས་པར་གྱུར་ཏེ་དེ་ལ་ཕྱག་འཚལ་ནས་སྨྲས་པ། གླང་ཆེན་རྒྱལ་པོ་བདག་ཅག་ནི། །རྒྱལ་པོ་ཁྲོས་པའི་རླུང་ལངས་པས། །གཉེན་བཤེས་མྱ་ངན་གདུངས་བཞིན་དུ། །འདིར་ནི་བསྐྲད་དེ་བཏང་བ་ལ། །གཉེན་བཤེས་པས་ཀྱང་ལྷག་གྱུར་པ། །ཁྱོད་ཀྱིས་བདག་


DTG168_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གཟིགས་པས་ན། །བདག་ཅག་སྐལ་བ་ལྷག་མ་མཆིས། །ལྷ་དཔལ་མངོན་དུ་གྱུར་པར་ངེས། །ཁྱེད་ཀྱི་སྤྱན་སྔར་བབ་པས་ན། །ཕོངས་པ་འདི་ལས་ཐར་བར་འགྱུར། །རྨི་ལམ་དུ་ཡང་ཁྱོད་མཐོང་ན། །ཕོངས་ལས་མི་ཐར་སུ་ཞིག་མཆིས། །དེ་ནས་གླང་པོ་ཆེ་དེས་མི་དེ་རྣམས་ལ་འདི་ན་ཁྱེད་ཅག་དུ་ཙམ་ཡོད་ཅེས་དྲིས་པ་དང༌། མི་དེ་རྣམས་ཀྱིས་སྨྲས་པ། ཡིད་འོང་སྐུ་ལྡན་བདག་ཅག་སྟོང་ཙམ་ཅིག །ས་ཡི་བདག་པོས་འདིར་ནི་སྤྱུགས་པ་ལ། །དེ་ལས་ཕལ་ཆེར་སྡུག་བསྔལ་མ་མྱོང་བས། །བཀྲེས་དང་སྐོམ་པས་གདུངས་ནས་གུམ་པར་གྱུར། །གླང་ཆེན་གཙོ་བོ་བདག་ཅག་འདི་ན་ནི། །མི་ཡི་ལྷག་མ་བདུན་བརྒྱ་ཙམ་ཅིག་མཆིས། །འཆི་བདག་ཁ་ཡི་ནང་དུ་མཆིས་པ་ལས། །ཁྱོད་ནི་དབུགས་འབྱིན་ལུས་དང་འདྲ་བར་གཤེགས། །དེ་སྐད་ཐོས་ནས་སེམས་དཔའ་ཆེན་པོ་དེ་སྙིང་རྗེ་ལ་གོམས་པས་མྱ་ངན་བྱེད་ཅིང་མཆི་མ་ཕྱུང་སྟེ། དེ་དག་ལ་འདི་སྐད་སྨྲས་སོ། །ཀྱེ་མ་ཧོ་ཁྱེད་ཅག་ཉོན་མོངས་ངོ་མཚར་བྱས་ཀྱིས་མེད། །སྙིང་རྗེ་མེད་ཅིང་ཀྱི་ཧུད་འཛེམ་པ་མེད། །རྒྱལ་པོའི་བློ་ནི་ཕྱི་ཚེ་མི་སེམས་ཤིང༌། །རྒྱལ་པོའི་དཔལ་ཡང་གློག་ལྟར་མི་བརྟན་ཞིང། །བདག་ལ་ཕན་སེམས་མེད་པས་དབང་པོ་འཕྲོག །འཆི་བདག་དེའུ་རེ་འོང་བ་དེ་མེ་སེམས། །སྡིག་པའི་མཐའ་ཡང་རིང་བར་མ་ཐོས་སམ། །རྣམ་རྟོག་ཞེན་པས་ཚིག་གིས་གདམས་སུ་མེད། །རྒྱལ་པོ་ཉོན་མོངས་རབ་ཏུ་མགོན་མེད་གྱུར། །ནད་ཀྱི་གཞིར་གྱུར་ཆུད་ཟ་བའི། །འདི་ལྟར་ལུས་འདི་གཅིག་བུའི་ཕྱིར། །སེམས་ཅན་རྣམས་ལ་སྙིང་མི་བརྩེ། །ཀྱི་ཧུད་གཏི་མུག་འདི་ཅི་རུང༌། །དེ་ནས་གླང་པོ་ཆེའི་བདག་པོ་དེས་མི་དེ་རྣམས་སྙིང་རྗེ་ཞིང་བྱམས་པའི་སེམས་ཀྱིས་བསམས་པ། འདི་རྣམས་འདི་ལྟར་བཀྲེས་པ་དང་སྐོམ་པ་དང་ངལ་བས་ཉམ་ཐག་པར་ནི་གྱུར། ལུས་ནི་རིད་ཅིང་ཉམ་ཆུང་བས། །མྱ་ངམ་གྱི་དགོན་པ་དཔག་ཚད་དུ་མ་ཡོད་པ་ཆུ་མེད་ཅིང་གྲིབ་མ་མེད་པ་འདི་ལས་ལམ་བརྒྱགས་ཀྱང་མེད་པར་ཅི་ལྟར་ཐར་བར་འགྱུར། གླང་པོ་ཆེའི་ནགས་ཚལ་ན་ཡང་འདི་རྣམས་ཉིན་གཅིག་ཙམ་ཉོན་མ་མོངས་པར་གནས་


DTG168_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རུང་བ་ཡང་ཅི་ཡང་མེད་ན་ཅི་ལྟར་བྱ། ངའི་ཤས་འདི་རྣམས་ཀྱི་ལམ་བརྒྱགས་བྱས་ཏེ། ངའི་རྒྱུ་མས་ཀྱང་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ནས། གདོད་མྱ་ངམ་གྱི་དགོན་པ་འདི་ལས་ཐར་བར་འགྱུར་གྱིས། ཐབས་གཞན་ནི་མེད་དོ་སྙམ་ནས། དེ་བས་ནད་མང་བརྒྱ་ཡི་གནས། །ལུས་འདི་སྡུག་བསྔལ་ཉམ་ཐག་པ། །འདི་རྣམས་ཕོངས་ལས་བསྒྲལ་བ་ཡི། །གཟིངས་སུ་གྱུར་པ་བདག་གིས་བྱ། །མི་ཡི་ལུས་སུ་སྐྱེས་པ་ཡིས། །མཐོ་རིས་ཐར་པའི་བདེ་བ་ཐོབ། །འདི་དག་དེ་ལྟར་གྱུར་པ་ལ། །ཕན་འདོགས་ནུས་པའང་ཤིན་ཏུ་དཀོན། །བདག་གི་སྤྱོད་ཡུལ་གནས་སུ་ལྷགས་པར་གྱུར། །འདི་འདྲའི་མགྲོན་ཀྱང་བསོད་ནམས་བྱས་པས་ཐོབ། །གཉེན་དང་བྲལ་བས་ཕོངས་ཤིང་ཉམ་ཐག་གྱུར། །དེ་བས་བདག་གིས་ལྷག་པར་བསྐྱབ་པར་རིགས། །ལུས་ཞེས་བྱ་བ་འདི་ནི་དོན་མེད་མང༌། །ཡུན་རིང་བར་དུ་སྡུག་བསྔལ་མང་བའི་གནས། །རྟག་ཏུ་ན་བས་ཉོན་མོངས་མང་པོའི་གཞི། །གཞན་གྱི་དོན་དུ་ཕན་ན་སྤྱད་པར་རིགས། །དེ་ནས་དེ་དག་ལས་ཁ་ཅིག་ནི་བཀྲེས་པ་དང་སྐོམ་པ་དང༌། ངལ་བ་དང་ཚ་བའི་སྡུག་བསྔལ་གྱིས་ལུས་ཉམ་ཐག་ནས་ཐལ་མོ་སྦྱར་ཏེ། མིག་མཆི་མས་གང་བཞིན་དུ་ཕྱག་འཚལ་ཞིང་ཕོངས་ནས་ལག་བརྡས་ཆུ་བསླང་བ་ནི། བདག་ཅག་མགོན་མེད་ཁྱོད་མགོན་ལགས། །ཁྱོད་ནི་བདག་ཅག་སྐྱབས་དང་རྟེན། །སྐལ་བ་ཆེན་པོ་ཅི་རིགས་པར། །བདག་ཅག་རབ་ཏུ་བསྐྱབ་པར་རིགས། །ཞེས་ཁ་ཅིག་དེ་ལ་སྙིང་རྗེ་རྗེ་སྐད་དུ་སྨྲས་སོ། །གཞན་དག་ནི་སེམས་རབ་ཏུ་བརྟན་པས་ཆུ་གང་ན་ཡོད་པའི་ས་ཕྱོགས་དང༌། མྱ་ངམ་དགོན་པ་བགྲོད་དཀའ་བ་བརྒལ་བའི་ལམ་དྲིས་ཏེ། མཚོའི་གནས་སམ་ཆུ་བསིལ་ཀླུང་ཡང་རུང༌། །གཡའ་ཆབ་བསིལ་མ་གང་ན་ཡོད་ཀྱང་རུང༌། །གྲིབ་ཤིང་ཟླུམ་པོའམ་བསིལ་ལ་སྔོན་པོའང་རུང༌། །གླང་ཆེན་བདག་པོ་བདག་ལ་བསྟན་དུ་གསོལ། །དགོན་པ་འདི་ལས་གང་དག་ན། །ཐར་བར་ནུས་པར་འགྱུར་བ་དེ། །ཐུགས་ནི་བརྩེ་བར་མཛད་ནས་སུ། །ཕྱོགས་དེ་བསྟན་ན་རབ་ཏུ་ལེགས། །མྱ་ངམ་དགོན་ན་ཡུན་རིང་དུ། །བདག་ཅག་འཁྱམས་ཤིང་མཆིས་པ་ལ། །མཛའ་


DTG168_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྱོད་ཀྱིས་བསྒྲལ་བར་གསོལ། །ཞེས་སྨྲས་པ་དང༌། དེ་ནས་བདག་ཉིད་ཆེན་པོ་དེས། དེ་དག་གིས་སྙིང་རྗེ་རྗེ་སྐད་དུ་གསོལ་བ་བཏབ་པ་དེ་དག་གིས་སེམས་རབ་ཏུ་བརླན་པར་གྱུར་ནས། མྱ་ངམ་དགོན་པ་དེ་ལས་ཐར་བར་འགྱུར་པའི་རི་ཞིག་ཡོད་པ་དེ། དེ་དག་ལ་བསྟན་པའི་ཕྱིར། གླང་པོ་ཆེའི་སྣ་སྤྲུལ་ཆེན་པོའི་མགོ་བོའི་གདེངས་ཀ་འདྲ་བ་བརྐྱང་སྟེ་སྨྲས་པ། རི་འདིའི་དྲུང་ན་མཚོ་ཆེན་པོ་མེ་ཏོག་པདྨ་དང་ཨུཏྤ་ལས་བརྒྱན་པ། ཆུ་གཙང་མས་གང་བ་ཞིག་ཡོད་དེ། དེ་བས་ན་ལམ་འདི་ནས་སོང་ལ། དེར་ཡང་ཚ་བ་སྐོམ་པ་ངོམས་ཤིང་ངལ་སོས་པར་གྱིས་ལ། དེ་དང་མི་རིང་བ་ཞིག་ན་རི་དེའི་ཁ་ནས་ལྷུང་བའི་གླང་པོ་ཆེའི་རོ་ཅིག་ཡོད་ཀྱིས། དེའི་ཤས་ལམ་བརྒྱགས་གྱིས་ལ། དེའི་རྒྱུ་མས་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ཏེ་ཆུ་ལོང་ལ། ས་ཕྱོགས་འདི་ནས་དེངས་ཤིག་དང༌། མྱ་ངམ་དགོན་པ་འདི་ལས་ཐར་བར་འགྱུར་གྱིས་ཁྱེད་རྣམས་ལམ་འདི་ནས་ཕར་དེངས་ཤིག་ཅེས་སྨྲས་ནས། བདག་ཉིད་ཆེན་པོ་དེས་མི་དེ་རྣམས་དབུགས་ཕྱུང་སྟེ། དེ་ནས་གྱེས་ཏེ་ལམ་གཞན་ཅིག་ནས་སོང་སྟེ། རི་དེའི་ཁར་འཛེག་ནས། སྐྱེ་བོ་རྣམས་བསྒྲལ་བའི་ཕྱིར། དེ་ནས་རང་གི་ལུས་པོར་བ་ན། སྨོན་ལམ་འདི་ལྟར་བཏབ་པར་ངེས་སོ། །བདག་གིས་འདི་བྱས་བདེ་འགྲོ་ཐོབ་ཕྱིར་མིན། །མི་དབང་རྒྱལ་སྲིད་གདུགས་གཅིག་དཔལ་ཕྱིར་མིན། །མཐོ་རིས་བདེ་མཆོག་མྱོང་བའི་ཕྱིར་མ་ཡིན། །ཚངས་པའི་དཔལ་དང་ཐར་པའི་བདེ་ཕྱིར་མིན། །མྱ་ངམ་དགོན་པར་འཁྱམས་པའི་སྐྱེ་བོ་འདི། །བདག་གིས་བསྒྲལ་པའི་བསོད་ནམས་ཡོད་ན་ནི། །དེ་ཡིས་འཁོར་བའི་དགོན་པར་འཁྱམས་པ་ཡི། །འཇིག་རྟེན་རྣམས་ནི་སྒྲོལ་བར་ནུས་པར་ཤོག །བདག་ཉིད་ཆེན་པོ་དེས་དེ་ལྟར་ངེས་པར་བྱས་ནས་རབ་ཏུ་དགའ་བའི་ཤུགས་ཀྱིས་རང་གི་ལུས་གཡང་ས་ན་ལྷུང་སྟེ། ཞིག་ནས་འཆི་བའི་སྡུག་བསྔལ་ལ་མི་ལྟ་བར་རི་དེའི་ཁ་ནས་རང་གི་ལུས་ས་ཕྱོགས་དེར་བོར་རོ། །དེ་ནས་དེ་ལྷུང་སྟོན་ཀའི་སྤྲིན་བཞིན་མཛེས་པར་གྱུར། །ཟླ་བའི་དཀྱིལ་འཁོར་ནུབ་ཀྱི་རི་ཁར་ནུབ་པ་བཞིན། །ཁྱུང་གི་འདབ་མ་བསྐྱོད་པའི་རླུང་གིས་བསྐྱོད་པ་ཡིས། །གངས་རི་རྩེ་མོས་


DTG168_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་གཡོགས་ལྷུང་བར་གྱུར་པ་བཞིན། །དེ་ནས་ས་དང་རི་རྣམས་གཡོས་པར་གྱུར། །བདག་པོར་བསྙེམས་པའི་བདུད་ཀྱི་སེམས་ཀྱང་འདར། །གནམ་གྲུམ་སྒྲ་བཞིན་ས་ལ་ལྷུང་བར་གྱུར། །ནགས་ཚལ་འཁྲི་ཤིང་ལྷ་རྣམས་འདུད་པར་གྱུར། །ནགས་ཚལ་དེ་ན་གནས་པའི་ལྷ་རྣམས་ནི། །དེ་ཚེ་ངེས་པར་ཡ་མཚན་སྐྱེས་པར་གྱུར། །རབ་ཏུ་དགའ་ནས་སྤུ་ལངས་ནམ་མཁའ་ལ། །ལག་པ་བསྒྲེངས་ནས་མཛུབ་མོས་བསྟན་པར་གྱུར། །ཁ་ཅིག་ཙན་དན་ཕྱེ་མས་བསྒོས་པ་ཡི། །མེ་ཏོག་དྲི་ཞིམ་རྣམས་ཀྱིས་རྟག་ཏུ་འཐོར། །ལ་ལ་མ་བཏགས་སྟོད་གཡོགས་གསེར་གྱིས་བརྒྱན། །རྒྱན་རྣམས་ཀྱིས་ནི་དེ་ལ་མཆོད་པར་བྱེད། །དེ་བཞིན་གཞན་དག་དད་པས་བསྟོད་པ་དང༌། །ཐལ་མོ་སྦྱར་བ་པདྨ་ཁ་འབུས་འདྲ། །ཅོད་པན་མཛེས་ལྡན་སྤྱི་བོས་བཏུད་པ་ཡིས། །དེ་ལ་ཕྱག་འཆལ་མཆོད་པ་བྱེད་པར་གྱུར། །ཁ་ཅིག་མཚོ་རླབས་འཁྲུགས་པར་བྱེད་པའི་རླུང༌། །མེ་ཏོག་དྲི་ཞིམ་ངད་དང་ལྡན་པ་ཡིས། །དེ་ལ་བསིལ་གཡབ་བྱེད་ཅིང་གཞན་དག་ནི། །སྤྲིན་གྱི་བླ་རེ་སྟུག་པོ་འདྲ་བར་བྱེད། །ལ་ལ་དད་པས་དེ་ལ་མཆོད་པའི་ཕྱིར། །ལྷ་ཡི་རྔ་སྒྲས་ནམ་མཁའ་དགོད་པར་བྱེད། །གཞན་དག་དེར་ནི་ལྗོན་ཤིང་མེ་ཏོག་དང༌། །འབྲས་བུ་ལོ་མར་ལྡན་པས་བརྒྱན་པར་བྱེད། །ཕྱོགས་རྣམས་སྟོན་ཀའི་མདངས་བཟང་མཛེས་པར་གྱུར། །ཉི་མའི་ཟེར་ཡང་སྔོན་པོས་གསལ་བ་འདྲ། །རྒྱ་མཚོ་དེ་ཡང་དངས་ལ་རླབས་བསྐྱོད་ནས། །དགའ་བས་དེ་ཡི་དྲུང་དུ་འོངས་པ་འདྲ། །དེ་ནས་མི་དེ་དག་མཐར་གྱིས་སོང་སོང་བ་ལས་མཚོ་དེའི་དྲུང་དུ་ཕྱིན་ནས་དེར་ཚ་བ་དང༌། སྐོམ་པ་དང༌། ངལ་བཞི་བར་གྱུར་པ་དང༌། བདག་ཉིད་ཆེན་པོ་དེས་ཇི་སྐད་བསྟན་པ་བཞིན་དུ། དེ་དང་མི་རིང་བ་ཅིག་ན་གླང་པོ་ཆེ་ཞིག་ཤི་ནས་རིང་པོར་མ་ལོན་པའི་རོ་ཞིག་འདུག་པ་མཐོང་ངོ༌། །དེ་དག་གིས་བསམས་པ། ཨེ་མ་ཧོ་གླང་པོ་ཆེ་འདི། གླང་པོ་ཆེའི་བདག་པོ་དེ་ཡང་རེ་འདྲ་བ་ཞིག་གོ །འདི་ནི་གླང་ཆེན་མཆོག་དེའི་སྤུན་ཞིག་གམ། །གཉེན་ཞིག་ཡིན་ནམ་ཡང་ན་བུ་ཡིན་ནོ། །འདི་ལྟར། ཕྱེ་མར་ལྷགས་ཀྱང་འདི་ཡི་


DTG168_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །གངས་རི་དཀར་པོ་འདྲ་བར་སྣང༌། །མེ་ཏོག་ཀུ་མུད་སྤུངས་ལྟར་མཛེས། །ཟླ་བའི་འོད་ཟེར་སྤུངས་པ་བཞིན། །འདི་ནི་དེ་ཡི་གཟུགས་བརྙན་ཞིག །མེ་ལོང་ནང་ན་འདུག་པ་འདྲ། །དེ་ནས་མི་དེ་དག་གི་ནང་ནས་རབ་ཏུ་མཛངས་པ་ཁ་ཅིག་གིས་བརྟགས་ནས་བསམས་པ། འདི་ནི་ཕྱོགས་ཀྱི་གླང་པོའི་གཟུགས་མཆོག་དང་འདྲ་བའི་གླང་པོ་ཆེ་དེ་ཉིད་ཡིན་གོར་མ་ཆག་སྟེ། བདག་ཅག་གཉེན་བཤེས་མེད་པ་ཕོངས་ཤིང་ཉམ་ཐག་པ་རྣམས་བསྒྲལ་བའི་ཕྱིར་རི་འདིའི་ཁ་ནས་ལུས་བོར་བ་སྙམ། གནམ་གྲུས་སྒྲ་སྐད་གང་གྲག་དང༌། །ས་ཡང་གཡོས་བཞིན་དུ་གྱུར་པ། །བདག་ཅག་རྣམས་ཀྱིས་ཐོས་པ་སྟེ། །ངེས་པར་འདི་ཉིད་ལྷུང་བ་ཡིན། །ལུས་འདི་པདྨའི་རྩ་བ་དཀར་པོ་དེ་ཉིད་འདྲ། །ཟླ་བའི་འོད་ལྟར་ལུས་ཀྱི་སྤུ་དཀར་ཐིག་ལེ་མཛེས། །སེན་མོ་རུས་སྦལ་དབྱིབས་འདྲ། དཀར་ཞིང་རྐང་ལག་དཀར། །རྒྱབ་བཤུལ་གཞུ་ལྟར་སྐུ་ཞིང་མཛེས་པ་དེ་ཉིད་ཡིན། །མྱོས་པའི་དབྱེས་ཅན་གདོང་དེ་དེ་ཉིད་ཡིན། །ངོ་ཕེལ་ཆེན་པོ་དྲི་ཞིམ་རབ་ཏུ་མཛེས། །མགོ་གཙུག་མཐོ་མཛེས་ལྕགས་ཀྱུའི་རྨ་ཡང་མེད། །མཇིང་པ་སྟུག་པོ་དེ་ཡང་འདི་ཉིད་ཡིན། །པ་སྙེམས་པས་གད་པ་བསྙོགས་པའི་མཚན་མ་ཅན། །མཆེ་བ་མདོག་དཀར་དེ་གཉིས་འདི་ཉིད་ཡིན། །གང་གིས་བདག་ཅག་ལམ་འདི་བསྟན་པ་ཡང༌། །སོར་མོ་རིང་བའི་སྣ་ལག་འདི་ཉིད་ཡིན། །ཀྱེ་མའོ་འདི་ནི་ངོ་མཚར་རྨད་དུ་ཆེ། །བདག་ཅག་རྣམས་ཀྱི་ཆོ་རིགས་དང༌། ཚུལ་དང༌། །དད་པ་ཅི་འདྲ་སྔོན་ཆད་མ་མཐོང་བར། །སྐལ་ཉམས་ངེད་ལའང་འདི་ལྟར་སེམས་བྱམས་ན། །གཉེན་བཤེས་རྣམས་ལ་འདི་ནི་ཅི་འདྲ་ཞིག །སྐལ་བ་ཆེན་པོ་དེ་ལ་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ལོ། །ཕོངས་ཤིང་ཉམ་ཐག་འཇིགས་ལ་མྱ་ངན་གདུངས། །བདག་ཅག་རྣམས་ལ་འདི་ལྟར་ཕན་འདོགས་པ། །གླང་པོ་ལྟར་སྣང་འདི་ནི་སུ་ཞིག་ཡིན། །ཡ་རབས་སྤྱོད་ཚུལ་མ་ཉམས་གསལ་བར་བྱེད། །སྤྱོད་བཟང་འདི་འདྲ་གང་དུ་བསླབ་ཞིག་གུ། །བླ་མ་གང་ལ་གནས་ནས་བསྙེན་བཀུར་བྱས། །ཡོན་ཏན་མེད་པར་གཟུགས་


DTG168_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མི་འགྱུར་ཞིང༌། །སྐྱེ་བོ་སྨྲ་བ་དེ་ནི་འདི་ལས་སྔོན། །ཨེ་མ་ཧོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །དོན་བཞིན་བསྒྲུབ་པ་འདི་ཡིས་བསྟན་པར་གྱུར། །འདི་ནི་ཤི་བར་གྱུར་ཀྱང་བདག་མགུ་བས། །གངས་རི་འདྲ་བའི་ལུས་མཛེས་རྒོད་པ་བཞིན། །དེ་བས་ན་དེ་ནི་འདི་ལྟར་སུ་ཞིག་གཉེན་བཤེས་བྱམས་པ་བས་ཀྱང་ལྷག་པར་བྱམས་པ་ཕན་འདོགས་པ་བདག་ཅག་ལ་ཕན་པའི་ཕྱིར། རང་གི་སྲོག་སྩལ་ཏེ། རབ་ཏུ་ལེགས་པར་བྱེད་བྱེད་པ་འདིའི་ཤ་ཟ་སུས་ཕོད། བདག་ཅག་གིས་འདི་ལ་མཆོད་པ་བྱེད་ཅིང་མེར་བསྲེག་པའི་ཞལ་ཏ་བྱས་ལ་དྲིན་ལན་བླན་པ་རིགས་སོ་སྙམ་ནས། མི་དེ་རྣམས་ཉེ་དུ་ཤི་བ་བཞིན་དུ་སེམས་མྱ་ངན་གྱིས་གདུངས་ཏེ། མིག་ནི་མཆི་མས་གང་སྐད་ནི་འཛེར་བ་ལ་བལྟས་ནས། སེམས་བརྟན་པོ་ཁ་ཅིག་གིས་དོན་ལ་བརྟགས་ཏེ་སྨྲས་པ། དེ་ལྟར་བྱས་པས་གླང་པོ་ཆེ་མཆོག་འདི་ལ་བདག་ཅག་གིས་མཆོད་ཅིང་བཀུར་སྟི་བྱས་པར་མི་འགྱུར་གྱི། འདིའི་བསམ་པ་རྫོགས་པར་བྱས་ནས། འདི་ལ་བདག་ཅག་གིས་མཆོད་པ་བྱས་པར་འགྱུར་རོ་སྙམ་མོ། །བདག་ཅག་རྣམས་ནི་བསྒྲལ་བའི་ཕྱིར། །སྔོན་ཆད་མ་འདྲིས་གཉེན་འདི་ཡིས། །རབ་ཏུ་ཕངས་པའི་ལུས་བཏང་ནས། །རབ་ཏུ་གཅེས་པའི་མགྲོན་བྱས་པས། །དེ་བས་དེ་ཡི་བསམ་རྫོགས་པར། །བདག་ཅག་རྣམས་ཀྱིས་བྱ་བར་རིགས། །གཞན་དུ་བྱས་ན་འདི་ལྟ་བུ། །འདི་ཡིས་བྱས་པ་དོན་མེད་འགྱུར། །དེ་ཡིས་བྱམས་ཏེ་ཅི་བདོག་པ། །ཐམས་ཅད་མགྲོན་དུ་བྱས་པ་འདི། །བདག་ཅག་རྣམས་ཀྱིས་མ་བླངས་ན། །དེ་ལ་ཅི་ཞིག་བཀུར་སྟི་བྱེད། །དེ་བས་དེ་ལ་བླ་མ་བཞིན། །ཚིག་ནི་མཉན་པར་བྱས་ནས་སུ། །བཀུར་སྟི་ཆེན་པོ་བྱ་བར་རིགས། །བདག་ཅག་རྣམས་ལའང་ཕན་པར་འགྱུར། །སྡུག་བསྔལ་འདི་ལས་ཐར་ནས་ཆོགས་པའམ། །སོ་སོ་ནས་ནི་གླང་པོ་མཆོག་འདི་ལ། །བཤེས་གཉེན་འདས་པ་དག་ལ་མཆོད་པ་བཞིན། །བྱ་བ་ཐམས་ཅད་བདག་ཅག་རྣམས་ཀྱིས་བྱ། །དེ་ནས་མི་དེ་རྣམས་མྱ་ངམ་དགོན་པ་དེ་ནས་ཐར་པར་བྱ་བའི་ཕྱིར་གླང་པོ་ཆེའི་བདག་པོ་དེའི་བསམ་པ་ཡང་དྲན་


DTG168_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ། དེའི་ཚིག་མཉན་ནས་སེམས་དཔའ་ཆེན་པོ་དེའི་ཤ་རྣམས་ཀྱང་བླང༌། དེའི་རྒྱུ་མ་རྣམས་ཀྱིས་ཀྱང་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ནས་ཆུ་ཡང་བླངས་ཏེ་དེས་བསྟན་པའི་ས་ཕྱོགས་དེ་ནས་སོང་སྟེ། མྱ་ངམ་དགོན་པ་དེ་ནས་ཐར་ཏེ་དོང་ངོ༌། །དེ་ལྟ་བས་ན་དགེ་བ་རྣམས་ནི་ཕྱིས་གཞན་ལ་ཕན་པར་འགྱུར་ན། སྡུག་བསྔལ་ཡང་ཁེ་རྙེད་པ་དང་འདྲ་བར་སེམས་སོ་ཞེས་སྐྱེ་བོ་དགེ་བ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་དང༌། དེ་ལྟར་རང་བཞིན་བཟང་པོ་ལ་གོམས་པར་བྱས་ནས། ཚེ་རབས་གཞན་ལ་ཡང་རྗེས་སུ་འབྲང་བར་འགྱུར་རོ་ཞེས་རང་བཞིན་བཟང་པོ་བསྒྲུབ་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ནོར་བཏོང་བ་ལ་གོམས་པར་བྱས་ན་བདག་གི་ལུས་ལ་ཕོངས་པ་མེད་པ་ཡང་ཐགས་ཐོགས་མེད་པར་གཏོང་ངོ་ཞེས་གཏོང་བ་ལ་གོམས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལྷའི་མེ་ཏོག་དང་སིལ་སྙན་ལ་སོགས་པས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། ཀུན་དགའ་བོ་དེ་ཙམ་གྱིས་ནི། དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་ཆུད་དོ་ཞེས་གསུངས་པ་དེ་ཡང་འདི་ལྟར་བསྟན་པར་བྱ་སྟེ། དེ་ལྟར་བསམ་པ་རྫོགས་པར་བྱས་ན་མཆོད་པ་བྱས་པར་འགྱུར་གྱི། སྤོས་དང་ཕྲེང་བ་ལ་སོགས་པ་ཕུལ་བས་མཆོད་པ་བྱས་པར་མི་འགྱུར་རོ་ཞེས་བསྟན་པར་བྱའོ། །གླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་ཅུ་པའོ། །སྡོམ་ལ། །བྱང་ཆུབ་ངང་པ་བྱང་ཆུབ་ཆེ། །སྤྲེའུ་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེའུ་རྒྱལ་བཟོད་པར་སྨྲ། །ཚངས་དང་གླང་ཆེན་དེ་དང་བཅུ། །བཅུ་ཚན་གསུམ་པའོ།། །།སྐྱེ་བོ་དམ་པ་རྣམས་དང་འཕྲད་ན་ཇི་ལྟར་འཕྲད་ཀྱང་རུང་སྟེ། ལེགས་པར་འགྱུར་བའི་ཕྱིར། ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་རྣམས་ལ་བརྟེན་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཀུ་རུའི་རྒྱུད་རབ་ཏུ་གྲགས་པའི་རིགས་དང་ལྡན། ཡོན་


DTG168_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡོངས་སུ་འཛིན་པར་བྱེད་པས་འབངས་རྣམས་ནི་རང་བཞིན་གྱིས་གློ་བ་ཉེ་བ། གཟི་བྱིན་ཆེ་བས་རྒྱལ་ཕྲན་དྲེགས་པ་རྣམས་ནི་ཕྱག་འཚལ་བར་གྱུར་པ། རྒྱལ་པོའི་རིགས་དཔལ་དང་ལྡན་པ་ཅིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །ཟླ་བ་དང་འདྲ་བར་མཐོང་ནས་དགའ་བ་ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པའི་བུ་དེ་ཕ་མས་མིང་ཡང་ཟླ་བ་ཞེས་བཏགས་སོ། །དེ་ཟླ་བ་ཡར་གྱི་ངོ་བཞིན་དུ་ཉིན་རེ་ཞིང་གཟི་བྱིན་ཇེ་ཆེར་གྱུར་ཏེ། རིམ་གྱིས་རིག་བྱེད་ཡན་ལག་དང་བཅས་པ། ཉེ་བའི་རིག་བྱེད་དང་བཅས་པ་ལ་ནི་མཁས་པར་གྱུར་པ། སྒྱུ་རྩལ་མཆོག་དང་བཅས་པའི་སྒྱུ་རྩལ་རྣམས་ཀྱི་གོ་རིམས་ནི་མཐོང་བར་གྱུར། འཇིག་རྟེན་པ་རྣམས་ནི་རབ་ཏུ་དགའ་ཞིང་གུས་པར་བྱེད་པའི་གནས་སུ་གྱུར། ལེགས་པར་ཕན་འདོགས་ཤིང་ཉེ་བར་བསྡུ་བ་ལ་མཁས་པ་དང༌། གུས་པ་ཇེ་ཆེ་ཇེ་ཆེར་གྱུར་པ་དང༌། ཡོངས་སུ་སྐྱོང་བ་ལ་ངེས་པར་བྱེད་པའི་ཕྱིར། འགྲོ་བ་རྣམས་ཀྱི་གཉེན་དང་འདྲ་བར་གྱུར་ཏོ། །ཚུལ་ཁྲིམས་ཐོས་དང་གཏོང་དང་སྙིང་རྗེ་དུལ། །གཟི་བྱིན་བཟོད་དང་ཤེས་རབ་བརྟན་དང་བྱམས། །མ་དྲེགས་ངོ་ཚ་བྱིན་ཆེ་མདངས་ལྡན་གྲགས། །དེ་ལ་སྟོབས་ཆེན་སྟོབས་ཆེན་དག་པ་རྣམས། །ཡོན་ཏན་དེ་དང་དེ་དག་ཡོད་པ་ནི། །ལོང་ཚོར་གྱུར་པའི་རྒྱན་གྱིས་བརྒྱན་པ་བཞིན། །རྣམ་པར་དག་ཅིང་རྒྱ་ཆེར་ཡིད་འོང་བ། །ཟླ་བའི་འོད་ཟེར་འདྲ་བའི་གནས་སུ་གྱུར། །དེ་ནས་དེ་འབངས་རྣམས་སྐྱོང་ནུས་པ་དང་མ་འཇུངས་ཤིང་རང་བཞིན་བཟང་བའི་ཕྱིར་རྒྱལ་པོས་རྒྱལ་ཚབ་ཀྱི་ལོངས་སྤྱོད་བྱེད་དུ་བཅུག་གོ །རབ་ཏུ་མཁས་པས་ཆོས་ལྡན་ལེགས་སྨྲ་རྣམས། །དེ་ཡི་གནང་ཆེན་བཞིན་དུ་སྡུག་པར་གྱུར། །གང་དག་དེ་ལ་ལེགས་པར་སྨྲ་བ་དེ། །མཆོད་པ་ཁྱད་པར་ཅན་གྱིས་བཀུར་སྟི་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེ་རེ་ཞིག་ཅིག་གྲོང་ཁྱེར་དང་ཉེ་བའི་སྐྱེད་མོས་ཚལ་དཔྱིད་ཀྱི་ཟླ་བའི་དུས་ལ་བབ་པའི་མཐུས། ཤིང་གི་ལོ་མ་རྣམས་ནི་མཛེས་ཤིང་འཇམ་པར་གྱུར། མེ་ཏོག་སྡུག་གུ་ཁ་འབུས་པ་རྣམས་ནི་དགོད་པ་བཞིན། ས་གཞི་རྣམས་ནི་ནེའུ་གསིང་སྔོན་པོ་གསར་པ་རྣམས་ཀྱིས་རི་མོར་བཀྲམ་པ་བཞིན་དུ་མཛེས་པར་བྱས། ཆུ་གཙང་མ་


DTG168_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་མེ་ཏོག་པདྨ་དང༌། ཨུཏྤ་ལའི་འདབ་མས་ཁེབས་བུང་བ་མང་པོ་རྣམས་ནི་དགའ་བའི་སྒྲ་འབྱིན། བྱ་ཀོ་ཀི་ལ་དང༌། རྨ་བྱ་རྣམས་ནི་སྐྲ་ཆེར་འབྱིན། སེར་བུ་བསིལ་བའི་དྲི་ཞིམ་པོ་ཉམས་སུ་བདེ་བ་དག་ནི་དལ་བུས་ལྡང་ཡིད་རབ་ཏུ་དགའ་བར་བྱེད་པ་ཞིག་ནས་དམག་གི་དཔུང་རབ་ཏུ་མི་མང་བ་ཞིག་གིས་ཡོངས་སུ་བསྐོར་ཏེ། རྩེ་བའི་ཕྱིར་རྒྱུ་ཞིང་སོང་སོང་བ་ལས་སྐྱེད་མོས་ཚལ་གཞན་ཅིག་ཏུ་ཕྱིན་ཏོ། །དེ་ནི་ནགས་ཚལ་ཀོ་ཀིའི་སྒྲ་འབྱིན་པ། ལྡིང་ཁོང་རྒྱན་ཅན་ཡིད་འོང་སྐྱེད་མོས་ཚལ། །ལྗོན་ཤིང་སྣ་ཚོགས་མེ་ཏོག་གཡུར་གྱིས་དུད། །དགའ་བའི་ཚལ་ན་ལྟ་ཞིང་དགའ་དང་སྤྱོད། །བུད་མེད་རྣམས་ནི་གླུ་དང་རྔ་སྒྲ་སྙན་དང་འབྲེལ། །འཛིན་ལ་མཁས་པའི་ཡན་ལག་མཛེས་པར་བསྒྱུར་བའི་གར། །བུད་མེད་བཟང་མོ་མཛེས་པ་ཆས་པ་དེ་དག་དང༌། །སྐྱེད་མོས་ཚལ་བཟང་དེ་ན་དེ་ནི་དགའ་བར་གནས། །དེ་དེ་ན་འདུག་པའི་དྲུང་དུ་བྲམ་ཟེ་ལེགས་པར་སྨྲ་བ་ལ་མཁས་པ་ཞིག་འོངས་ཏེ། ཞེས་དང་ཕྱག་བྱས་ནས་དེའི་གཟུགས་བཟང་པོ་ལ་སེམས་ཆགས་བཞིན་དུ་དེར་འདུག་གོ །དེ་ནས་སེམས་དཔའ་ཆེན་པོ་དེ་དེ་ན་ལང་ཚོ་ལ་བབ་ཅིང་བསོད་ནམས་ཕུན་སུམ་ཚོགས་པའི་མཐུ་ལས་བྱུང་བའི་རོལ་མོ་བྱེད་པ་རྣམས་ལ་ལྟ་ཞིང་འདུག་པ་ལས་བྲམ་ཟེ་འོངས་པས་རབ་ཏུ་དགའ་བར་ནི་གྱུར་ན། དེས་ལེགས་པར་སྨྲས་པ། ཐོས་པ་དང་དེར་འོངས་པའི་དོན་མ་གྲུབ་པར་གློ་བུར་དུ་ཅ་ཅོ་ཆེན་པོ་གླུ་དང་སིལ་སྙན་གྱི་སྒྲའི་བར་ཆད་དུ་འགྱུར་བ་རོལ་མོའི་དགའ་བ་ལ་གནོད་པ། བུད་མེད་གཞོན་ནུ་རྣམས་འཇིགས་ཤིང་བག་འཁུམས་པར་བྱེད་པ་ཞིག་བྱུང་བ་ཐོས་ནས། ཉུག་རུམ་པ་རྣམས་ལ་འདི་ཅི་ཡིན་རྟོགས་ཤིག་ཅེས་ཆེད་ཆེར་བསྒོས་སོ། །དེ་ནས་དེའི་ཆབ་སྒོ་བ་རྣམས་རྟབ་རྟབ་པོར་གྱུར་ནས། འཇིགས་ཤིང་སྐྲག་པས་ངོ་འཛུམ་གནག་སྟེ། མྱུར་དུ་ལྷགས་ནས་གསོལ་བ། ལྷ་སུ་དཱ་སའི་བུ་རྐང་བཀྲ་མི་ཟན་པོ་དེ་མི་མང་པོ་ཟ་བ་ལ་གོམས་པས་གཤིན་རྗེ་མངོན་སུམ་དུ་མཆིས་པ་བཞིན་དུ། སྲིན་པོ་བས་ཀྱང་སེམས་རྩུབ་པ། སྟོབས་དང་མཐུ་ལ་སོགས་པ་མི་ལས་ལྷག་པ། སྲིན་པོ་བས་ཀྱང་ལྷག་པར་མི་བཟད་པ་འཇིགས་


DTG168_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་རྣམས་འཇིགས་པར་བགྱིད་པ་གཟུགས་ཅན་བཞིན་དུ་འདིར་མཆིས་ཏེ། དེས་སྐྲག་ནས་ཤིང་རྟ་དང་གླང་པོ་ཆེ་དང་རྟ་དང་དམག་མི་མང་པོའི་དཔུང་ཡང་བརྟན་པ་ཉམས་ཏེ་བྱེར་བར་གྱུར་ཅིང་མཆིས་ན། ལྷ་དེ་ལས་ཅི་ལེགས་པར་མཛད་ཅིང་བཀའ་གྲོས་མཛད་པའི་དུས་ལ་བབ་པོ་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སུ་དཱ་སའི་བུའི་ངང་ཆུལ་གྱི་སྐྱོན་དང་སྤྱོད་པ་སྔ་ནས་ཤེས་པས་སྙིང་རྗེས་དེ་གསོ་བར་བསམས་ཏེ། དེའི་ངང་ཚུལ་ངན་པ་ཞི་བར་བྱ་བའི་མཐུ་བདག་ལ་ཡོད་པར་ཤེས་པས། སུ་དཱ་སའི་བུ་འདིར་འོངས་སོ་ཞེས་ཟེར་བ་གཏམ་སྙན་པ་ཐོས་པ་བཞིན་དུ་དགའ་བར་གྱུར་ནས་འདི་སྐད་སྨྲས་པར་ངེས་སོ། །མི་ཤ་འདོད་པས་རྒྱལ་སྲིད་ཉམས་པར་གྱུར། །སྨྱོན་པར་གྱུར་པ་བཞིན་དུ་རང་དབང་མེད། །རང་གི་ཆོས་བཏང་བསོད་ནམས་གྲགས་པ་ཉམས། །མྱ་ངན་བྱ་བའི་གནས་སྐབས་གནས་པ་ལ། །བདག་གིས་བརྒལ་བའི་གོ་སྐབས་ག་ལ་ཡོད། །དེ་ལྟ་བུ་ལ་འཇིགས་སུ་འང་ག་ལ་རུང༌། །འདི་ནི་འཐབ་མོ་བརྒལ་བ་མེད་པར་ཡང༌། །དེ་ཡི་སྡིག་པ་སྔོན་དུ་གཞོམ་པར་བྱ། །བདག་གིས་སོང་སྟེ་རྗེས་སུ་བཟུང་དགོས་ལ། །བདག་གི་དྲུང་དུ་ཁོ་བདག་འོངས་པ་ལ། །དེ་བས་དེ་ལ་བདག་གིས་མགྲོན་བྱར་དགོས། །དམ་པ་རྣམས་ནི་དེ་ལྟར་མགྲོན་ཡང་བྱེད། །དེ་ནས་དེས་ཕོ་བྲང་གི་ནང་གི་མི་རྣམས་ལ་ཁྱེད་རྣམས་ལ་ཇི་ལྟར་བསྒོས་པ་བཞིན་དུ་ལེགས་པར་གྱིས་ཤིག་ཅེས་བསྒོས་ནས་བཙུན་མོའི་འཁོར་མི་དགའ་ཞིང་ཡིད་བློང་པས་མིག་མཆི་མས་གང༌། སྐད་འཛེར་ཞིང་སྨྲ་བའི་ཚིག་ནི་འཁྲུལ་བཞིན་དུ་ལམ་འགོག་པ་རྣམས་དབུགས་ཕྱུང་སྟེ་སླར་བཟློག་ནས་ཅ་ཅོ་ཆེན་པོ་གང་ན་ཟེར་བ་དེ་ལོགས་སུ་སོང་བ་དང༌། སུ་དཱ་སའི་བུས་གོས་དྲི་མ་ཅན་གྱིས་རྐེད་པ་བཅིངས་ཏེ་མགོ་བོའི་སྐྲ་གཡེངས་ཤིང་རིང་ལ་རྡུལ་གྱིས་གོས་པ་ཤིང་ཤུན་གྱིས་ཐོད་ནི་བཅིངས། གདོང་ནི་ཁ་སྤུ་རིང་པོ་འཛིངས་པས་ངམ་གནག་པར་གྱུར་ལ། ཁྲོས་ཤིང་རྔམས་པས་མིག་ནི་བགྲད་ཅིང་འཇིགས་འཇིགས་ལྟར་འདུག །རལ་གྲི་དང་ཕུབ་ནི་ཕྱར་ནས་རྒྱལ་པོའི་དཔུང་བྱེར་བའི་ཕྱི་བཞིན་དུ་སྙེགས་པ་མཐོང་ནས།


DTG168_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་དང་ཚམ་ཚོམ་མེད་པར། ཀྭ་ཡེ་བུ་ཟླ་བ་ནི་ང་ཡིན་ཏེ་འདི་ན་འདུག་གིས། མི་ཤ་ཟ་བ་ལ་ཞུགས་པའི་བཀྲེན་ཆོས་ངན་པ་དེས་ཅི་ཞིག་བྱ། སླར་ལོག་ཚུར་ལ་ཤོག །སུ་དཱ་སའི་བུས་ཀྱང་དེ་སྐད་འབོད་པའི་སྒྲ་ཐོས་ནས། སེང་གེ་བཞིན་དུ་བསྙེམས་པ་དང་བཅས་པས་དེ་ནས་སླར་ལོག་པ་དང༌། བྱང་ཆུབ་སེམས་དཔའ་གཅིག་པུ་ཕུབ་དང་མཚོན་ཆ་ཡང་མེད་པར་རང་བཞིན་གྱིས་ཞི་བར་སྣང་བ་མཐོང་ནས། ང་ཡང་ཁྱོད་ཉིད་ཚོལ་ཞེས་སྨྲས་ཏེ། འཛེམ་དོགས་དང་ཚམ་ཚོམ་མེད་པར་རྔམ་བཞིན་དུ་དེའི་དྲུང་དུ་བརྒྱུགས་ཏེ་འོངས་ནས་ཕྲག་པ་ལ་བསྐྱོན་ཏེ་བྲོས་ནས་སོང་ངོ༌། །བྱང་ཆུབ་སེམས་དཔས་ཀྱང་དེའི་སེམས་རྔམ་ཞིང་དྲེགས་པས་གཡེངས་པ་ལ། བློ་རྟབ་རྟབ་པོར་གྱུར་ཅིང༌། རྒྱལ་པོའི་དཔུང་བྱེད་བས་རབ་ཏུ་དགའ་བར་ཡང་གྱུར་ལ། དོགས་པ་དང་བཅས་པར་ཡང་ཤེས་ནས། ད་ཅུང་ཞིག་འདི་བཅོས་པའི་དུས་ལ་མ་བབ་པོ་སྙམ་ནས་བཏང་སྙོམས་སུ་བཞག་གོ །སུ་དཱ་སའི་བུ་ཡང་འདོད་པའི་དོན་གྲུབ་པས་རྙེད་པ་ཆེན་པོ་རྙེད་པ་བཞིན་དུ་ཡིད་རབ་ཏུ་དགའ་ནས་རང་གི་གནས་རྫོང༌། མི་རྣམས་བསད་པའི་ཀེང་རུས་མང་པོས་གང༌། །ས་གཞི་ཁྲག་གིས་གཤེར་བས་རྩུབ་རྩུབ་ལྟར། །ཅེ་སྦྱང་ཁ་འབར་མི་སྙན་སྒྲ་སྒྲོགས་པ། །ཁྲོ་ཚིག་རྩུབ་མོས་རབ་ཏུ་སྐྲོང་པ་བཞིན། །བྱ་རྒོད་ཁ་ནས་ལོ་མ་དམར་བའི་ཤིང༌། །རོ་མང་བསྲེགས་པའི་དུ་བས་མདོག་འགྱུར་ཞིང༌། །སྲིན་པོ་ཡི་དྭགས་གར་བྱེད་ལྟས་ངན་འཇིགས། །མགྲོན་པོས་རྒྱང་ནས་མཐོང་ན་མིག་བསྒྱུར་བ། །དེ་ལྟ་བུའི་ནང་དུ་སོང་ནས་དེར་བྱང་ཆུབ་སེམས་དཔའ་བཞག་སྟེ། དེའི་བྱད་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ལ་ཆགས་ནས། མིག་བགྲད་དེ་དེ་ལ་ལྟ་ཞིང་ངལ་བསོ་ཞིང་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔས་བྲམ་ཟེ་ལེགས་པར་སྨྲ་བའི་སྐྱེས་ཁྱེར་ཏེ་འོང་བ། རིམ་གྲོ་མ་བྱས་པ་སྐྱེད་མོས་ཚལ་དེར་སླར་འོང་དུ་རེ་ཞིང་སྡོད་པ་དེ་རྗེས་སུ་དྲན་ནས་བསམས་པ། ཀྱེ་མའོ་མཚར་ཅིག་བྱས་ཀྱིས་མེད། །ལེགས་པར་སྨྲ་བའི་སྐྱེས་བུ་ལ། །རེ་བའི་སེམས་ཀྱིས་རིང་ནས་འོངས། །འདི་ལྟར་བདག་ཁྲིད་ཐོས་ནས་སུ། །


DTG168_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་དེས་ནི་ཅི་བྱེད་ཅིག །རེ་ཐག་ཆད་པའི་མི་ཡིས་སེམས་བསྲེགས་ཏེ། །མྱ་ངན་མི་བཟད་ཆེན་པོས་གདུངས་གྱུར་ཏམ། །བདག་གི་མྱ་ངན་བྱེད་ཅིང་ཤུགས་འབྱིན་ཏམ། །རང་གི་སྐལ་བ་ཆུང་ཞེས་སྨད་ཅིང་འདུག །བྱང་ཆུབ་སེམས་དཔའ་དེས་དེ་སྙམ་དུ་སེམས་ཤིང་བྲམ་ཟེའི་སྡུག་བསྔལ་གྱིས་སེམས་གདུངས་ནས་སྙིང་རྗེའི་དབང་གིས་མཆི་མ་བྱུང་ངོ༌། །དེ་ནས་སུ་དཱ་སའི་བུས་བྱང་ཆུབ་སེམས་དཔའ་མིག་མཆི་མས་གང་བ་ལ་བལྟས་ནས་དགོད་ཅིང་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག །ཡོན་ཏན་མང་པོ་དེ་དག་གིས། །ཁྱོད་ནི་རབ་ཏུ་བརྟན་ཞེས་གྲགས། །འོན་ཀྱང་ང་ཡི་དབང་གྱུར་ན། །འདི་ལྟར་མཆི་མ་བྱུང་ངམ་ཅི། །ཉམས་ཉེས་བརྟན་པ་དོན་མེད་འགྱུར། །མྱ་ངན་བྱུང་ན་ཐོས་མི་ཕན། །བརྡེག་ན་གཡོ་བར་མི་འགྱུར་བའི། །སེམས་ཅན་དེ་ནི་གང་ཡང་མེད། །ཅེས་ཟེར་བ་དེ་རེ་བདེན་གྱི། དེ་བས་ན་དྲང་པོར་ཁྱོད་སྨྲོས་ཤིག །སྲོག་གམ་སྡུག་པའམ་འོན་ཏེ་བདེ་བ་བསྒྲུབ་པའི་ནོར། །གཉེན་ནམ་མི་ཡི་བདག་པོ་རྒྱལ་སྲིད་མྱ་ངན་བྱེད། །བུ་ལ་བྱམས་པའི་ཕ་ནི་དུ་བ་འམ་བུ་ཡང་རུང༌། །དྲན་ནས་ཁྱོད་ཀྱི་མིག་ནི་མཆི་མས་གང་བར་འགྱུར། །བྱང་ཆུབ་སེམས་པས་སྨྲས་པ། སྲོག་དང་ཕ་མ་བུ་དང་གཉེན་དང་ཆུད་མའི་ཕྱིར་ཡང་མ་ཡིན་ལ། །བདག་ལ་མཆི་མ་བྱུང་བ་འདི་ནི་དབང་ཕྱུག་བདེ་བ་དྲན་པའང་མིན། །བྲམ་ཟེ་ལེགས་པར་སྨྲ་བ་རེ་བས་འོངས་པ་བདག་ཁྲིད་ཐོས་ནས་སུ། །རེ་ཐག་ཆད་པས་ངེས་པར་དེ་གདུངས་དྲན་ནས་བདག་ནི་མཆི་མ་བྱུང༌། །དེ་བས་བྲམ་ཟེ་རེ་ཐག་ཆད་པས་སེམས་དཀྲུགས་ཏེ། །བཀུར་སྟིའི་ཆུས་བཀྲུས་གསལ་བར་བྱས་ནས་དེ་ལས་ཀྱང༌། །ལེགས་པར་སྨྲས་པའི་བདུད་རྩི་མྱོང་བར་བྱས་ནས་སུ། །སླད་དུ་འོང་བའི་བར་དུ་བདག་ནི་བཏང་དུ་གསོལ། །བདག་གིས་བྲམ་ཟེའི་དྲིན་ལ་ལན་བླན་ནས། །ཁྱོད་ཀྱི་དྲིན་ཡང་དེ་ནས་ལེན་འདོན་དུ། །འདིར་ནི་འོངས་ནས་ཁྱོད་ཀྱི་མིག་གཉིས་ཀྱིས། །རབ་ཏུ་དགའ་བའི་སྐབས་ཕྱེ་ལྟར་ཡང་གཞུག །འདི་ནི་བྲོས་པའི་ཐབས་ཅིག་ཡིན་སྙམ་དུ། །སེམས་ཤིང་ཡིད་ལ་དོགས་པ་མ་བསྐྱེད་ཅིག །རྒྱལ་པོ་བདག་ལྟ་བུ་ཡི་ལམ་ཡང་གཞན། །སྐྱེ་


DTG168_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཞན་ཡང་དེ་ལྟར་མིན་པར་སྤྱོད། །སུ་དཱ་སའི་བུས་སྨྲས་པ། །དེ་སྐད་ཁྱོད་ཀྱིས་རབ་ཏུ་གུས་སྨྲས་ཀྱང༌། །ཇི་ལྟར་བྱས་ཀྱང་ཡིད་ཆེས་མི་རུང་ངོ༌། །འཆི་བདག་ཁ་ནས་ཐར་ཏེ་བདེ་གནས་པ། །སུ་ཞིག་དེ་ནི་སླད་དུ་འོང་བ་ཡོད། །འཆི་བདག་འཇིགས་པ་ཐར་བར་དཀའ་ལས་ཐར། །རང་གི་ཁྱིམ་ན་བདེ་བར་གནས་གྱུར་པ། །གང་ཕྱིར་ཁྱོད་ནི་ང་ཡི་དྲུང་འོངས་པ། །དེ་ཡི་རྒྱུ་ནི་ཅི་ཞིག་ཡོད་པར་སྨྲོས། །བྱང་ཆུབ་སེམས་དཔས་སྨྲས་པ། །བདག་འདིར་སླར་འོང་བའི་རྒྱུ་ཆེན་པོ་ཅིག་ཡོད་པར་ཡང་ཁྱོད་ཀྱིས་ཡིད་ཆེས་སུ་མི་རུང་བ་ཅི་ཡོད། ངས་སླར་འོང་ངོ་ཞེས་ཁས་མ་བླངས་སམ། དེ་ལྟར་མི་ངན་པ་དང་མགོ་བསྙམས་ཏེ་དོགས་པ་མ་བསྐྱེད་ཅིག །ང་ནི་བུ་ཟླ་བ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་འདོད་པའི་འཇིགས་པ་འམ། ཤིར་དོགས་པས་བདེན་པར་སྨྲ་བ་རྩྭ་དང་འདྲ་བར་དོར། ཡ་རབས་རྣམས་ནི་བདེན་པ་སྲོག་དང་འདྲ། །དེ་བས་རབ་ཏུ་ཕངས་ཀྱང་དེ་ནི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བའམ། །སྲོག་ཀྱང་ངན་འགྲོ་དག་ལས་བསྲུང་མི་ནུས། །དགའ་བ་གྲགས་དང་བདེ་བའི་འབྱུང་གནས་གང༌། །བདེ་བ་སུ་ཞིག་དེ་ཕྱིར་སྤོང་པར་བྱེད། །གྱ་གྱུའི་ཚུལ་ཞིག་གལ་ཏེ་མཐོང་གྱུར་ཏམ། །ལེགས་པར་སྤྱོད་པ་གལ་ཏེ་མ་མཐོང་ངོ༌། །དེ་ལྟར་བདེན་པ་ཡིད་ཆེས་མི་འགྱུར་བ། །ང་ལ་ཅི་ཞིག་ཁྱོད་མཐོང་དོགས་པ་སྐྱེ། །ཁྱོད་ཀྱིས་ང་ནི་གལ་ཏེ་འཇིགས་གྱུར་ཏམ། །བདེ་ལ་ཆགས་པས་སྙིང་རྗེ་མེད་གྱུར་ན། །དཔའ་བར་སེམས་ཤིང་གཏུམ་པོར་སྤྱོད་གྲགས་པ། །ཕུབ་བཟུང་མཚོན་བཟུང་དྲུང་དུ་ང་འོང་ངམ། །ཁྱོད་དང་བཤེས་པ་རང་ཡང་འདོད་པ་ཉིད། །འདི་ནས་བྲམ་ཟེ་དེ་ཡི་དོན་བྱས་ནས། །སླར་ཡང་བདག་ནི་ཁྱོད་ཀྱི་གན་དུ་འོང༌། །ངེད་ཅག་ལྟ་བུ་བརྫུན་གྱི་ཚིག་མི་སྨྲ། །དེ་ནས་སུ་དཱ་སའི་བུས་བྱང་ཆུབ་སེམས་དཔའི་ཚིག་དེ་རང་ལ་བསྟོད་པ་འདྲ་བས་མ་བཟོད་ནས་བསམས་པ། །འདི་ནི་བདེན་པར་སྨྲས་པ་དང་ཆོས་དང་ལྡན་པར་ཡང་མངོན་ན། །དེ་བས་ན་རེ་ཞིག་འདི་བདེན་པ་ལ་དགའ་བ་དང་ཆོས་ལ་དགའ་བ་ལ་ལྟའོ། །གཞན་ཡང་འདི་མེད་དུ་ཟིན་ཡང་རྒྱལ་རིགས་ཀྱི་བུ་


DTG168_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཅམ་རང་གི་མཐུས་རྙེད་པ་བདག་ལ་ཡོད་ཀྱིས། ཇི་ལྟར་ཁས་བླང་བ་བཞིན་དུ་དེ་དག་གིས་འབྱུང་པོའི་མཆོད་སྦྱིན་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འོན་སོང་ཤིག་ཁྱོད་ཀྱིས་བདེན་པར་སྨྲ་བ་ཁས་འཆེས་པ་དང༌། ཆོས་དང་ལྡན་པར་ཁས་འཆེས་པར་ལྟའོ། །སོང་ལ་བྲམ་ཟེ་དེ་ཅི་དང་ཅི་འདོད་པ་བྱོས་ལ་སླར་མྱུར་དུ་ཤོག་ཅིག །ང་ཡང་ཁྱོད་བསྲེག་པའི་སྟ་གོན་བྱེད་ཅིང་སྡོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དེའི་ཚིག་ཉན་ནས་རང་གི་ཁྱིམ་དུ་སོང་ངོ༌། །རང་གི་མི་རྣམས་ཀྱང་རབ་ཏུ་དགའ་བར་གྱུར་ཏོ། །བྲམ་ཟེ་དེ་ཡང་བཀུག་སྟེ་དེ་ལས་ཚིགས་སུ་བཅད་པ་བཞི་ཐོས་སོ། །དེས་དེ་ཐོས་ནས་ལེགས་པར་སྨྲས་པས་ཡིད་མགུ་ནས་སེམས་དཔའ་ཆེན་པོ་དེས། བྲམ་ཟེ་དེ་ལ་མགུ་བར་བྱས་པ་དང༌། ཚིག་སྙན་པ་དང༌། བཀུར་སྟི་བྱས་ནས་ཚིགས་སུ་བཅད་པ་གཅིག་གསེར་སྲང་སྟོང་སྟོང་གི་ཐང་དུ་བརྩིས་ཏེ། ཅི་འདོད་པའི་ནོར་གྱིས་མཆོད་པར་བྱས་སོ། །དེ་ནས་དེའི་ཕས་དེ་ལ་གནས་མ་ཡིན་པར་གོད་ཚབས་ཆེ་བ་དགག་པའི་བསམ་པས་སྐབས་ཤིག་ཏུ་གླེང་བསླང་སྟེ་ཚིག་འཇམ་པོས་སྨྲས་པ། བུ་ལེགས་པར་སྨྲས་པ་ལ་མཆོད་པ་ཡང་རན་པར་བྱས་ན། །ལེགས་པར་ཤེས་པར་བྱ་བར་རིགས་སོ། །ཁྱོད་ཀྱིས་འབངས་མང་པོ་གསོ་དགོས་ལ། རྒྱལ་པོའི་དཔལ་ཡང་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་སོ། །དེ་བས་ན་ཁྱོད་ལ་སྨྲའོ། །ལེགས་པར་སྨྲས་པའི་མཆོད་པ་མངན་བརྒྱ། །དེ་བས་མང་ན་ནུས་པར་མི་འགྱུར་ཏེ། །སྦྱིན་པ་དྲགས་ན་ནོར་གྱི་དབང་ཕྱུག་གི །ནོར་ཡང་ཇི་སྲིད་ཅིག་ཏུ་ཐུབ་པར་འགྱུར། །ནོར་དང་རབ་ཏུ་ལྡན་ན་བསྒྲུབ་པར་ནུས། །དེ་དང་མི་ལྡན་ན་ནི་བསྒྲུབ་མི་ནུས། །ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང༌། །དགའ་བར་མི་འགྱུར་སྨད་འཚོང་བུད་མེད་བཞིན། །བྱང་ཆུབ་སེམས་དཔས་སྨྲས་པ། ལེགས་པར་སྨྲས་པ་རྣམས་ཀྱི་རི་ཐང་ཅིག །གལ་ཏེ་ངེས་པར་བཅད་དུ་རུང་ན་ནི། །དེ་ཡི་རིན་དུ་རྒྱལ་སྲིད་ཉིད་ཀྱང་སྦྱིན། །ཁྱོད་ཀྱིས་འགྱོད་ཀྱང་སྨྲ་བར་ག་ལ་འགྱུར། །གང་ཞིག་ཐོས་ནས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་


DTG168_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ཉིད་ཉོ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོ་ཡི་ནི་དཔུང་འཇོམས་པ། །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག ། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ། །འདྲེན་པ་རྣམས་ཀྱང་གྲགས་དང་དྲེགས་པ་སེལ། །མི་ཤེས་རྣམས་ཀྱང་རབ་ཏུ་དགའ་གྱུར་ནས། །མིག་དང་བཞིན་མདངས་རབ་ཏུ་གསལ་གྱུར་ཅིང༌། །ལག་པའི་སེ་གོལ་མགུ་བྱེད་རྡེབ་པ་ཡིས། །ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས། གཏན་ཚིགས་དོན་རྣམས་རབ་ཏུ་གསལ་བར་སྟོན། །གཙུག་ལག་ལུང་རྣམས་སྣ་ཚོགས་སྟོན་དང་མཚུངས། །བསྙེན་ཞིང་སྦྱངས་པས་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་ཕྲེང་བ་མར་རྙིང་བཀྲམ་པ་བཞིན། །དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བ་དེར་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །དེ་ལྟར་ཐོས་པ་ཡོན་ཏན་དུ་མ་ཅན། །ཐོས་པ་བདག་གིས་སྐྱེས་དང་འདྲ་རྙེད་ནས། །ནུས་བཞིན་དུ་ནི་ཇི་ལྟར་མཆོད་མི་བགྱི། །ཁྱོད་ཀྱི་བཀའ་ཡང་ཅི་ཕྱིར་བཅག་མི་འགྱུར། །སྐྱོན་གྱི་ལམ་དུ་ཞུགས་ནས་དོན་མེད་པར། །ཡོན་ཏན་ཉམས་པར་འགྱུར་བ་ཐོབ་འགྱུར་བའི། །རྒྱལ་སྲིད་སྤྱོད་པ་བདག་ལ་དགོས་པ་མེད། །དེ་བས་སུ་དཱ་ས་ཡི་དྲུང་དུ་འགྲོ། །དེ་ནས་དེའི་ཕ་དེ་དེ་ལ་བྱམས་པས་རྟབ་རྟབ་པོར་གྱུར་ནས། ཞེས་བསྐྱེད་ནས་དེ་ལ་


DTG168_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། བུ་ཁྱོད་ཉིད་ལ་ཕན་པའི་ཕྱིར་ངས་ཁྱོད་ལ་དེ་སྐད་སྨྲས་ཀྱིས། དེ་ལྟར་མི་དགའ་མ་བྱེད་ཅིག་ཁྱོད་ཀྱི་དགྲ་རྣམས་སུ་དཱ་སའི་བུའི་དབང་དུ་འགྲོ་འམ། འོན་ཏེ་དེའི་དྲུང་དུ་འགྲོ་བ་ཁྱོད་ཀྱིས་ཁས་བླངས་ཏེ། བདེན་པ་བསྲུང་བའི་ཕྱིར་ཁ་འོག་ཏུ་ལུས་འཁྲུད་པར་བྱ་འདོད་ན་དེ་ཡང་ངས་མི་གནང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རང་གི་སྲོག་བསྲུང་བ་དང་བླ་མའི་དོན་དུ་བརྫུན་བྱས་ཀྱང་སྡིག་ཏུ་མི་འགྱུར་བར་རིག་བྱེད་མཁས་པ་དག་གིས་བཤད་པའི་ཕྱིར། དེ་བས་ན་བརྫུན་སྤོང་བ་ལ་འབད་པས་ཁྱོད་ལ་ཅི་ཞིག་བྱ། སྲིད་དང་འདོད་པ་ཉིད་དང་འགལ་བའི་ཆོས་ལ་བརྟེན་པ་ཡང་ཐབས་དང་ཚུལ་མ་ཡིན་ལ་སྡུག་བསྔལ་ཡིན་པར་རྒྱལ་པོ་ཐབས་དང་ཚུལ་མ་མཁས་པར་སྨྲའོ། །དེ་བས་ན་ངེད་ཀྱི་སེམས་གདུངས་པར་འགྱུར་བ་དང༌། རང་གི་དོན་ལ་ཡང་མི་ལྟ་བར་ཁྱོད་ཀྱི་ངན་དུས་དེ་ཐོང་ཤིག །དེ་སྟེ་གཞུང་ལུགས་ཀྱི་ཆོས་དང་འགལ་བས་གཏམ་ངན་པ་དང་ཡིད་དམ་བཅས་པ་དང་འགལ་བར་མི་རིགས་སོ་སྙམ་ནས་ཁྱོད་ཀྱི་ཡིད་ལ་མི་འཐད་ན་ཡང་ཁྱོད་ཐར་བར་བྱ་བའི་ཕྱིར་ངའི་དམག་གི་དཔུང་རྟ་དང༌། གླང་པོ་ཆེ་དང༌། ཤིང་རྟ་དང༌། རྐང་ཐང་དུ་ལྡན་པའི་སྙིང་ཉེ་བ། དགྲ་ཐབས་ལ་མཁས་ཤིང་དཔའ་བ་གཡུལ་ངོ་དུ་མ་ལས་རྒྱལ་བར་གྱུར་པའི་དཔུང་ཆེན་པོ་འཇིགས་འཇིགས་ལྟར་འདུག་པ་བཤམས་ཟིན་གྱིས། དེ་བས་ན་དེས་ཡོངས་སུ་བསྐོར་ཏེ་སོང་ལ། དེའི་དབང་དུ་གྱུར་པ་ལས་ཐར་པ་དང༌། གཤིན་རྗེའི་དབང་དུ་གྱུར་པ་ལས་ཀྱང་ཐར་བར་བྱས་ནས། ཁས་བླངས་པ་ཡང་ཁ་འོག་ཏུ་ལུས་འཁྲུད་པར་འགྱུར་ལ། བདག་ཀྱང་བསྲུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་ཁས་བླངས་ལས་གཞན་དུ་བགྱིད་པའི་རྡོ་མི་ཐོགས་སོ། །རྣམ་པ་གཅིག་ཏུ་མྱ་ངན་བགྱིར་རུང་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བ། སེམས་ཅན་དམྱལ་བ་ལ་མངོན་དུ་ཕྱོགས་པ། མཛའ་བོ་དང་གཉེན་བཤེས་ཀྱིས་སྤངས་པ། མགོན་མ་མཆིས་པ་དེ་ལྟ་བུ་ལ་བརྒལ་བའི་གཏོལ་ཡང་མ་མཆིས་སོ། །གཞན་ཡང་མི་ཤ་འཚོལ་བས་བདག་ལ་ནི། །དེ་ལྟ་བུ་ཡིས་ཡང་བར་བགྱིས། །བདག་གི་ཚིག་


DTG168_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡིད་ཆེས་ནས། །དབང་དུ་གྱུར་པ་བཏང་བར་དགའ། །དེ་ཡི་དྲིན་གྱིས་བདག་གིས་ནི། །ལེགས་པར་སྨྲས་པ་འདི་ཡང་ཐོས། །དེ་བས་ལྷག་པར་དྲིན་ཆེ་བས། །ད་ནི་བདག་གིས་རྗེས་སུ་བཟུང༌། །ལྷ་འདི་ལ་བདག་བཀུམ་དུ་དོགས་པ་ཡང་མི་མཛད་དུ་གསོལ། བདག་འདི་ལྟར་ཁོ་བོའི་དྲུང་དུ་མཆིས་པ་ལ་གུམ་པའི་རྡོ་ག་ལ་ཐོགས། དེ་ལྟར་བདག་ཉིད་ཆེན་པོ་དེས་ཕས་འགྲོར་མི་སྟེར་བ་ལ་ཚིག་འཇམ་པོས་གསོལ་བ་བཏབ་པ་སྤོབས་ཏེ་གསོལ་བ་འདེབས་པའི་མི་རྣམས་དང༌། དམག་གི་དཔུང་ཉེ་བ་རྣམས་ནི་སླར་བཟློག་སྟེ། གཅིག་པུ་འཇིགས་པ་དང་མི་དགའ་བ་མེད་པར་བདེན་པ་རྗེས་སུ་བསྲུང་ཞིང་འཇིག་རྟེན་ལ་ཕན་པའི་ཕྱིར། སུ་དཱ་སའི་བུ་སེམས་ཤིང་དེའི་གནས་སུ་སོང་ངོ༌། །སུ་དཱ་སའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྒྱང་རིང་པོ་ནས་མཐོང་ནས། ཡ་མཚན་ཆེར་བཟུང་སྟེ། སེམས་རྩུབ་པ་ལ་ཡུན་རིང་དུ་གོམས་པའི་དྲི་མས་ཤས་ཆེར་གཡོགས་ཀྱང་རབ་ཏུ་གུས་ཤིང་དང་བར་གྱུར་ནས་འདི་ལྟར་སེམས་པར་མངོན་ནོ། །ཨེ་མའོ། །ཨ་ལ་ལ། ཨ་ལ་ལ། ཨེ་མའོ་ངོ་མཚར་ཆེ། དེ་བཞིན་རྨད་དུ་བྱུང་བས་རྨད། །རྒྱལ་པོ་དེ་ཡི་སེམས་རླབས་ནས། །ལྷ་དང་མི་ལས་རབ་ཏུ་འཕགས། །འཆི་བདག་མི་བཟད་པ་ལ་ཡང༌། །འཇིགས་སྐྲག་ཅུང་ཟད་ཙམ་ཡང་མེད། །འདི་ལྟར་བདག་རང་འདིར་འོངས་པ། །ཨེ་མ་འོ་བདེན་སྨྲ་བསྟན་ལ་དགེ །འདི་ལྟར་བདེན་པ་བསྲུང་བའི་ཕྱིར། །སྲོག་དང་རྒྱལ་སྲིད་གང་གཏོང་བ། །བདེན་པར་སྨྲ་ཞེས་གྲགས་པ་དེ། །ཐོག་ཏུ་བབ་པས་རྣམ་པར་གྲགས། །དེ་ནས་བྱང་ཆུབ་སེམས་དཔའ་ལ་ཡ་མཚན་ཆེ་ཞིང་རབ་ཏུ་གུས་པར་གྱུར་ལ། སེམས་རབ་ཏུ་དང་བར་གྱུར་ནས་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ལེགས་པར་སྨྲ་བའི་ནོར་རྙེད་ཕོངས་པ་མཆོད་པར་བྱས། །ཁྱོད་ཀྱི་དྲིན་ལ་ཡིད་ཀྱང་རབ་ཏུ་དགའ་བར་གྱུར། །བདག་ཀྱང་ད་ནི་འདིར་འོང་ཇི་ལྟར་འདོད་པ་ཟོ། །ཡང་ན་མཆོད་སྦྱིན་ཕྱིར་ནི་ཕྱུགས་ཀྱི་བརྟུལ་ཞུགས་འབྱིན། །སུ་དཱ་སའི་བུས་སྨྲས་པ། ང་ཡིས་ཁྱོད་བཟའི་དུས་ནི་ད་ཅུང་


DTG168_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །བསྲེག་པའི་གནས་ཀྱང་ད་ཅུང་དུད་པ་འཐུལ། །ཤ་ཡང་དུད་པ་མེད་པར་བསྲེག་ན་ཞིམ། །ལེགས་པར་སྨྲས་པ་དེ་དག་རེ་ཞིག་མཉན། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ད་འདི་ལྟར་མ་རུངས་གྱུར་པ་ལས། །ལེགས་པར་སྨྲས་པ་ཅི་ཞིག་མཉན་པར་བྱ། །སྐྱེ་དགུ་རྣམས་ལ་སྙིང་རྗེ་མེད་གྱུར་པས། །ལྟོ་ཡི་ཕྱིར་ནི་གནས་སྐབས་ཅི་འདྲ་རྙེད། །ཚིགས་བཅད་འདི་རྣམས་ཆོས་ཉིད་འབའ་ཞིག་སྨྲ། །ཆོས་དང་ཆོས་མིན་དེ་བས་མི་མཐུན་ནོ། །སྲིན་པོ་བས་ཀྱང་སྤྱོད་ཚུལ་ངན། །འཕགས་པའི་ལམ་ནི་རབ་ཏུ་སྤངས། །བདེན་པའང་མེད་ན་སྨོས་ཅི་དགོས། །ཐོས་པས་ཁྱོད་ལ་ཅི་ཞིག་བྱ། །དེ་ནས་སུ་དཱ་སའི་བུས་འཕྱས་པ་དེ་མ་བཟོད་ནས་སླར་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག་རྒྱལ་པོ་གང་ཞིག་མཚོན་ཆ་གཟས་ནས་རྩེད་མོའི་ཕྱིར། ནགས་ཚལ་རི་དྭགས་སྡུག་གུ་མ་བསད་ཡོད་པ་སྨྲོས། །དེ་བཞིན་འཚོ་བའི་ཕྱིར་ཡང་གལ་ཏེ་མི་བསད་ན། །དེ་ནི་ཆོས་འགལ་ཟེར་ལ་རི་དྭགས་གསོད་པ་མིན། །བྱང་ཆུབ་སེམས་དཔས་སྨྲས་པ། གང་དག་རི་དྭགས་བྲོས་པ་བསྙགས་ཤིང་གཞུ་བདུངས་པ། །དེ་དག་ཀུན་ཀྱང་ཆོས་ལ་གནས་པ་མ་ཡིན་ཏེ། །མི་ཤ་ཟ་བ་དེ་དག་བས་ཀྱང་རབ་ཏུ་སྨད། །མི་རྣམས་རིགས་ཀྱིས་མཐོ་བ་ཡིན་པས་བཟར་མི་རུང༌། །དེ་ནས་སུ་དཱ་སའི་བུ་ལ། བྱང་ཆུབ་སེམས་དཔས་ཚིག་རྩུབ་པོས་འཕྱས་ཀྱང༌། དེའི་བྱམས་པའི་ཡོན་ཏན་གྱི་མཐུས། ཁྲོ་བའི་རང་བཞིན་ཟིལ་གྱིས་ནོན་ནས། དེའི་ཚིག་རྣར་འོང་བ་བཞིན་དུ་འཛུམ་དམུལ་ཏེ་སྨྲས་པ། ད་ཡིས་ཁྱོད་བཏང་ཁྱིམ་དུ་ཕྱིན་ནས་སུ། །རྒྱལ་པོའི་ལོངས་སྤྱོད་དགའ་བ་ཐམས་ཅད་མྱོང༌། །འོན་ཀྱང་ང་ཡི་དྲུང་དུ་ཁྱོད་འོངས་པ། །དེ་བས་ཁྱོད་ནི་གཞུང་ལུགས་ཚུལ་མི་མཁས། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟ་མ་ཡིན་ནོ། །ཚུལ་དེ་སྤྱོད་པར་མི་འདོད་པའི་ཕྱིར་ང་ཉིད་གཞུང་ལུགས་ཀྱི་ཚུལ་ལ་མཁས་སོ། །དེ་ལ་སྤྱོད་པར་གྱུར་པ་ནི། །ཆོས་ཀྱི་གཟི་བྱིན་རབ་ཏུ་ཆེ། །འཕྲལ་གྱི་བདེ་བ་རབ་བསྒྲུབ་པ། །དེ་ལས་མཁས་པ་སུ་ཞིག་ཡོད། །གཞན་ཡང༌། གཞུང་ལུགས་ཚུལ་


DTG168_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བརྟན་པ་གང་ཡིན་པ། །དེ་དག་ཕལ་ཆེར་ཤི་ནས་ངན་སོང་ལྷུང༌། །དེ་བས་གཞུང་ལུགས་ཚུལ་ངན་ལམ་སྤོངས་ནས། །བདེན་པའི་ཚིག་བསྲུང་སླར་ཡང་འདིར་འོངས་སོ། །བརྫུན་སྨྲ་བཏང་ནས་བདེན་པར་ངས་སྨྲ་སྟེ། །དེ་བས་གཞུང་ལུགས་མཁས་པ་ང་ཉིད་ཡིན། །གྲགས་དང་བདེ་བའི་དན་དང་འགལ་བ་གང༌། །དེ་ནི་གཞུང་བཟང་མིན་ཞེས་དེ་མཁས་སྨྲ། །སུ་དཱ་སའི་བུས་སྨྲས་པ། ཕངས་པའི་སྲོག་དང་ནང་མིའི་མཆི་མས་འཇུ་བ་དང༌། །རྒྱལ་སྲིད་བདེ་བ་ཡིད་དུ་འོང་བ་བོར་ནས་སུ། །བདེན་པའི་ཚིག་ལ་དོན་དུ་འགྱུར་བ་ཅི་མཐོང་ནས། །དེ་བ་སྲུང་ཕྱིར་ནི་འདི་ལྟར་ང་ཡི་དྲུང་དུ་འོངས། །བྱང་ཆུབ་སེམས་དཔས་སྨྲས་པ། བདེན་པའི་ཡོན་ཏན་ལ་གནས་ན་ཡོན་ཏན་ཁྱད་པར་ཅན་མང་དུ་ཡོད་ཀྱིས། མདོ་ཙམ་ཞིག་ཉོན་ཅིག །ཕྲེང་བ་མཛེས་པའི་བརྒྱན་པས་ཁྱད་པར་འཕགས་རོ་རྣམས་ཀུན་ལས་ཞིམ་པས་ཁྱད་པར་འཕགས། །དཀའ་ཐུབ་སྤྱོད་དང་མུ་སྟེགས་འགྲོ་བ་ཡི། །ཉོན་མོངས་མེད་པར་བསོད་ནམས་ཡོན་ཏན་བསྒྲུབ། །འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདས་པའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫོད་ལས་ཐར་པའི་ཟམ་པ་ཡིན། །དེ་ནས་སུ་དཱ་སའི་བུས་དེ་ལ་ལེགས་སོ་ཞེས་བསྟོད་ནས། ཡ་མཚན་དང་བཅས་པས་ལྟ་ཞིང་ཡང་སྨྲས་པ། མི་རྣམས་གཞན་ནི་ང་ཡི་དབང་གྱུར་ན། །བརྟན་པ་ཉམས་ནས་སྐྲག་ཅིང་སྤ་ཡང་གུམ། །ཁྱོད་ནི་དཔའ་བརྟན་དཔལ་གྱིས་མ་བཏང་བས། །མི་དབང་ཁྱོད་ནི་འཆི་བའི་འཇིགས་མེད་འདྲ། །བྱང་ཆུབ་སེམས་དཔས་སྨྲས་པ། རབ་ཏུ་བསྒྲིམས་ཀྱང་གནས་མི་ནུས། །གང་ལ་བཅོས་སུ་མི་རུང་བ། །འཇིགས་ཤིང་འདར་བར་བྱས་པ་ཡིས། །དེ་ལ་ཅི་ཞིག་ཕན་པ་ཡོད། །དེ་ལྟར་འཇིག་རྟེན་ཆོས་ཉིད་ལ་བརྟགས་ནས། །མི་རྣམས་སྡིག་པ་བྱས་པས་རྗེས་སུ་འགྱོད་པར་འགྱུར། །དགེ་བའི་ལས་ཀྱང་ལེགས་པར་ཡོང་མ་བྱས། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །འཆི་བར་འགྱུར་བའི་འཇིགས་པས་རྨོངས་པར་འགྱུར། །


DTG168_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་བདག་གི་ཡིད་ནི་འགྱོད་གྱུར་པ། །དེ་ཉིད་བདག་གིས་བྱས་པར་ཡོང་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །ཕོངས་པ་རྣམས་ནི་སློང་དུ་འོང་བ་ལ། །མགུ་བར་མ་བྱས་བདག་ནི་ཡོང་མི་དྲན། །དེ་ལྟར་སྦྱིན་པས་མ་གུ་བར་རྙེད་གྱུར་ལ། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །རིང་དུ་བརྟགས་ཏེ་བསམས་ཀྱང་སྡིག་བྱ་བར། །ཡིད་ལ་བསམས་པ་ཙམ་ཡང་ཡོང་མི་དྲན། །བདག་གིས་དེ་ལྟར་མཐོ་རིས་ལམ་སྦྱངས་ན། །འཆི་བས་བདག་ནི་ཇི་ལྟར་འཇིགས་པར་འགྱུར། །བྲམ་ཟེ་རྣམས་དང་གཉེན་དང་མཛའ་བོ་བསྟེན་པ་དང༌། །གནས་ཀྱི་རྒྱན་གྱུར་དཀའ་ཐུབ་ཅན་དང་ཕོངས་པ་ལ། །ཅི་རིགས་སྦྱིན་པས་བདག་གི་ནོར་ཡང་མང་དུ་བཞག །གང་གིས་བྱ་བ་ཅི་ཡོད་དེ་ཡང་བདག་གིས་བྱས། །གྲགས་པའི་གཞིར་གྱུར་དཔལ་དང་ལྡན་པ་བརྒྱ་དག་བརྩིགས། །དཀའ་ཐུབ་གནས་དང་འདུན་ས་བཏུང་བའི་གནས་རྣམས་བྱས། །དེ་བྱས་དགའ་བར་གྱུར་པས་འཆི་བས་ང་མི་འཇིགས། །དེ་བས་ང་ནི་མཆོད་སྦྱིན་བྱ་འམ་ཡང་ན་ཟོ། །དེ་སྐད་སྨྲས་པ་དང༌། སུ་དཱ་སའི་བུས་ཐོས་ནས་དད་པ་སྐྱེས་ཏེ་མིག་ནི་མཆི་མས་གང་བ་དང༌། ལུས་ཀྱི་བ་སྤུ་ནི་ལངས། སྡིག་པ་ཅན་གྱི་མུན་ནག་ནི་བརྗིད་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་གུས་པར་བལྟས་ཏེ་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །རྒྱལ་མཆོག་ཁྱོད་ལྟ་བུ་ལ་སུ་ཞིག་ཤེས་བཞིན་དུ། །སྡིག་པ་བྱེད་པ་དེ་ནི་མི་བཟད་དུག་འཐུང་བཞིན། །ཡང་ན་མྱུར་པར་དུག་འཐུང་ལྕགས་བསྲེག་འབར་བ་ཟོ། །སྙིང་དང་སྤྱི་བོ་ཚལ་པ་བརྒྱ་རུ་འགས་པར་འགྱུར། །ལེགས་པར་སྨྲས་པ་དེ་དག་ཀྱང༌། །བདག་ལ་ཁྱོད་ཀྱིས་བཤད་དུ་གསོལ། །ཁྱོད་ཀྱི་ཚིག་སྙན་པའི་མེ་ཏོག་ཆར་བཞིན་དུ་བབ་པ་དེས། བདག་གི་སེམས་རབ་ཏུ་དད་པར་གྱུར་པས་ལེགས་པར་སྨྲས་པ་དེ་དག་རབ་ཏུ་ཉན་འཚལ་བར་གྱུར་ཏོ། །ཀྱེ་གཞན་ཡང་བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ནས། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་གྱུར། །


DTG168_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་སྣོད་དུ་གྱུར་ཅིང་ཆོས་མཉན་པ་ལ་ཡིད་རབ་ཏུ་འདུན་པར་རིག་ནས་སྨྲས་པ། འོ་ན་ཆོས་འདོད་པ་དེ་རྗེས་སུ་མཐུན་པའི་སྤྱོད་པ་ལ་མཁས་པར་བྱས་ཏེ་ཆོས་མཉན་པར་རིགས་སོ། །རབ་ཏུ་དམའ་བའི་སྟན་ལ་འདུག་།དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་ལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པར་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དད་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག་།དེ་ནས་སུ་དཱ་སའི་བུས་རྡོ་ལེབ་མཐོན་པོ་གཅིག་གི་སྟེང་དུ་བདག་གི་སྟོད་གཡོགས་བཏིང་སྟེ་དེ་ལ་བྱང་ཆུབ་སེམས་དཔའ་བཞག་ནས་བདག་རང་ཡང་བར་གཞན་གྱིས་མཆོད་པའི་ས་ལ་བྱང་ཆུབ་སེམས་དཔའི་མདུན་དུ་འདུག་སྟེ། དེའི་གདོང་དུ་བལྟས་ནས། སེམས་དཔའ་ཆེན་པོ་དེ་ལ་འཕགས་པ་ད་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དབྱར་གྱི་འབྲུག་སྒྲ་སྙན་ཅིང་ཟབ་པ་དང་འདྲ་བའི་ཚིག་གིས་ནགས་ཚལ་དེ་གང་བར་གྱུར་པ་བཞིན་དུ་ཀུན་ཏུ་ཁྱབ་པར་སྨྲས་པ། དམ་པ་དག་ལ་ལན་ཅིག་ཙམ། །ཇི་ལྟར་འདོད་པར་འཕྲད་ཀྱང་རུང༌། །འདྲིས་པར་བྱ་བ་མི་དགོས་པར། །རབ་ཏུ་བརྟན་པ་ཉིད་དུ་གྱུར། །སུ་དཱ་སའི་བུས་དེ་སྐད་ཐོས་ནས་ལེགས་སོ་ལེགས་སོ་ཞེས་སྨྲས་ནས། མགོ་བསྒྱུར་སེ་གོལ་གཏོགས་ནས་མགུ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ལ་དེ་ནས་ཡང་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་གཉིས་པ་སྨྲས་པ། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ༌། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། དགེ་བ་རྣམས་ཀྱིས་ལེགས་སྨྲས་པ། །ཁྱོད་ཀྱིས་རྣམ་པ་ཀུན་མཆོད་པ། །ནོར་ཡང་གནས་སུ་ཕྱིན་པར་བཏང༌། །འབད་དེ་དོན་གྲུབ་ཐོག་ཏུ་བབ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོའི་ཤིང་རྟ་རིན་ཆེན་གསེར་གྱིས་བརྒྱན། །ལུས་


DTG168_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒས་པས་མི་སྡུག་པར་ཡང་འགྱུར། །དམ་པ་རྣམས་ཀྱི་ཆོས་ནི་རྒས་མི་འགྱུར། །དགེ་བ་རྣམས་ནི་ཡོན་ཏན་རྗེས་ཆགས་བརྟན། །སུ་དཱ་སའི་བུས་སྨྲས་པ། ཨེ་མའོ་བདག་ནི་བདུད་རྩིའི་ཆར་བབ་པས་དོམས་པར་བགྱིས་སོ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག་བྱང་ཆུབ་སེམས་དཔས་སྨྲས་པ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང༌། །ཤར་དང་ནུབ་ཀྱི་རི་ཡི་བར་ཡང་དེ་བས་རིང༌། །ཕལ་པ་དག་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །དེ་ནས་སུ་དཱ་སའི་བུ་ཡ་མཚན་ཆེ་ཞིང་དད་པས་དགའ་ཞིང་གུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱི་ཚིགས་སུ་བཅད་པ་སྙན་པ་དང༌། །ཚིག་དང་དོན་ཀྱང་རབ་ཏུ་གསལ་ལ་འཕགས། །དེ་ཐོས་དགའ་གྱུར་དེ་ལ་མཆོད་པའི་ཕྱིར། །དམ་པ་བཞི་ཞིག་ཁྱོད་ལ་འབུལ་བར་འཚལ། །དེ་བས་ན་ཅི་བཞེད་པ་བདག་ལ་བསླད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཡ་མཚན་དུ་གྱུར་ནས་སྨྲས་པ། བདག་ལའང་རང་བཞིན་མེད་པར་གྱུར་པ་ཁྱོད། །མི་རིགས་བྱེད་ལ་དགའ་བས་ཕམ་པར་གྱུར། །དགེ་བ་སྤྱོད་ལ་རང་བཞིན་ཕྱིན་ཅི་ལོག །ཁྱོད་ཀྱིས་ཇི་ལྟར་གཞན་ལ་དམ་པ་སྦྱིན། །བདག་གིས་དམ་པ་སྦྱིན་ཞེས་གནང་གྱུར་ན། །ཁྱོད་ཀྱི་ཡིད་ཀྱང་སྦྱིན་པར་སྤྲོ་མི་འགྱུར། །སྐྱོན་དང་བཅས་པ་ཁྲེལ་ཡོད་སུ་ཞིག་སྨྲ། །དེ་སྐད་རེ་ཞིག་ང་ལ་མ་སྨྲ་ཅིག །དེ་ནས་སུ་དཱ་སའི་བུ་ཅུང་ཟད་ངོ་ཚ་བར་གྱུར་ཏེ་མགོ་སྨད་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་དེ་ལྟར་བདག་ལ་དོགས་པ་མ་སྐྱེད་ཅིག །བདག་གིས་སྲོག་ཀྱང་ཡོངས་བཏང་ནས། །དམ་པ་དེ་རྣམས་བདག་འབུལ་གྱིས། །རྒྱལ་བོ་ཅི་དང་ཅི་བཞེད་བ། །བག་ཕབ་ནས་ནི་དེ་སློང་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། འོ་ན། །བདེན་པའི་བརྟུལ་ཞུགས་ལོང་ལ་སེམས་ཅན་གསོད་པ་སྤོངས། །སྐྱེ་བོ་བཙོན་དུ་བཟུང་བ་འདི་རྣམས་མ་ལུས་ཐོད་། །དཔའ་བོ་ཁྱོད་ཀྱིས་མི་ཤ་ཟ་བ་རབ་ཏུ་སྤོངས། །དམ་པའི་ནང་ནས་མཆོག་གྱུར་འདི་བཞི་སྦྱིན་པར་གྱིས། །སུ་དཱ་སའི་བུས་སྨས་པ། དམ་པ་སྔ་མ་གསུམ་ནི་ཁྱོད་ལ་འབུལ། །དམ་པ་བཞི་


DTG168_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ཞིག་བསླད་དུ་གསོལ། །བདག་ནི་མི་ཤ་མི་ཟ་མི་ནུས་པས། །སྔ་ནས་ཁྱོད་ཉིད་མཁྱེན་པར་མ་གྱུར་ཏམ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་དམ་པ་སྦྱིན་པ་ག་ལ་ནུས་ཞེས་ངས་མ་སྨྲས་སམ། ཨི་མ་འོ་དེ་ལྟར་ཟེར་བ་དེ་ཁོ་ན་བཞིན་དུ་གྱུར་ཏོ། །ཀྱེ་གཞན་ཡང་ཁྱོད་ཉོན་ཅིག །མི་ཤ་ཟ་བ་མ་སྤངས་ན། །ཇི་ལྟར་བདེན་པར་སྨྲ་བར་འགྱུར། །རྒྱལ་པོ་ཁྱོད་ཀྱིས་སྲོག་ཆགས་རྣམས། །མི་གསོད་པ་ཡང་ག་ལ་ནུས། །བདག་གི་སྲོག་ཀྱང་ཡོངས་སྤོངས་ནས། །དམ་པ་འདི་རྣམས་སྦྱིན་ནོ་ཞེས། །ཐོག་མར་དེ་སྐད་མ་སྨྲས་སམ། །དེ་བས་འདི་ལྟར་གཞན་དུ་གྱུར། །ཤ་ཡི་ཕྱིར་ནི་མི་བསད་ན། །སྲོག་ཆགས་མི་གསོད་ག་ལ་ནུས། །དེ་ལྟར་གྱུར་ན་དམ་པ་གསུམ། །ཁྱོད་ཀྱིས་ཇི་ལྟར་སྦྱིན་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། གང་གི་ཕྱིར་ནི་རྒྱལ་སྲིད་ཉམས། །ནགས་ཚལ་སྡུག་བསྔལ་བདག་གིས་མྱོང༌། །ཆོས་ལས་ཉམས་ཤིང་གཏམ་ངན་ཐོབ། །བདག་གིས་དེ་ནི་ཇི་ལྟར་བཏང༌། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་བས་ན་ཁྱོད་ཀྱིས་དེ་བཏང་བའི་རིགས་མེད། གང་ཕྱིར་ཁྱོད་ནི་ཆོས་དང་སྲིད། །བདེ་དང་གྲགས་པ་ཉམས་པར་གྱུར། །ཕུང་བར་གྱུར་པའི་འབྱུང་གནས་དེ། །ཇི་ལྟར་བཏང་བ་མི་རིགས་ཀྱེ། །བྱིན་ན་འགྱོད་པ་སྐྱེ་བ་འདི། །སྐྱེ་བོ་སེམས་རྒྱ་ཆུང་དུ་ལ། །སྲིད་པར་འགྱུར་བའི་འོས་ཡིན་ཏེ། །དེ་བས་ཁྱོད་ཀྱང་ཟིལ་གནོན་ཏམ། །དེ་བས་ན་ཁྱོད་སྡིག་པའི་རྗེས་སུ་འབྲང་བ་ཐོང་ལ། བདག་ཉིད་ཤེས་པར་བྱ་བར་རིགས་སོ། །ཁྱོད་སུ་དཱ་སའི་བུ་མ་ཡིན་ནམ། སྨན་པ་མཁས་པས་བརྟགས་ཏེ་ལེགས་པར་སྦྱར་བའི་ཤ་།གྲོང་དང་དགོན་པ་སྐམ་གཤེར་ཆུ་དང་ཐད་ལས་སྐྱེས། །དེ་ལྟ་བུ་ཡི་ཤ་རྣམས་ཡོད་ཀྱི་དེ་ཡིས་སེམས་མགུ་བྱོས། །མི་ཤ་སྨད་པར་འགྱུར་བ་བཏང་ན་རབ་ཏུ་ལེགས། །རྔ་སྒྲ་སྙན་པ་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས། །གླུ་སྒྲ་སྙན་དང་རྒྱལ་སྲིད་དེ་དང་དེ། །གཉེན་དང་བུ་དང་ནང་མི་ཡིད་དུ་འོང་བ་རྣམས། །བོར་ནས་ནགས་ཚལ་དབེན་པ་འདི་ན་ཅི་ཞིག་དགའ། །རྒྱལ་པོས་སེམས་ཀྱི་དབང་དུ་འགྲོ་


DTG168_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་རིགས་ཀྱི། །ཆོས་དང་སྲིད་ལ་མི་གནོད་ལམ་དུ་འཇུག་པར་རིགས། །རྒྱལ་པོ་གཅིག་པུས་གཡུལ་དོར་དམག་གི་དཔུང་ལས་རྒྱལ། །སེམས་ཙམ་ཚར་བཅད་ཕྱིར་ནི་སྡར་མ་མ་བྱེད་ཅིག །མི་ཡི་བདག་པོ་འཇིག་རྟེན་ཕྱི་མའང་ལྟ་བར་རིགས། །དེ་བས་དགའ་ཡང་ཕན་པ་མ་ཡིན་བརྟེན་མི་རིགས། །ལམ་གང་ཡིད་དུ་འོང་བ་གྲགས་དང་མི་འགལ་བའི། །དེ་ནི་མི་དགའ་འང་སྨན་བཏུང་བཞིན་དུ་བརྟེན་པར་རིགས། །དེ་ནས་སུ་དཱ་སའི་བུ་རབ་ཏུ་དད་པར་གྱུར་ནས། མིག་ནི་མཆི་མས་གང་སྐད་ནི་འཛེར་བཞིན་དུ། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། རྐང་པ་གཉིས་ལ་འཇུས་ནས་སྨྲས་པ། ཡོན་ཏན་མེ་ཏོག་ཕྱེ་མས་བསོད་ནམས་དྲི་ཞིམ་དང༌། །ཁྱོད་ཀྱི་གྲགས་པའི་རྒྱུ་ཡིས་འགྲོ་བ་འདི་དག་ཁྱབ། །འདི་ལྟར་སྡིག་སྤྱོད་འཆི་བདག་ཕོ་ཉར་བདག་གྱུར་ལ། །ཁྱོད་ལྟར་ཐུགས་རྗེ་ཆེ་བ་གཞན་ནི་སུ་ཞིག་མཆིས། །ཁྱོད་ནི་བདག་གི་སྟོན་པ་བླ་མ་ལྷ་ཉིད་ལགས། །ཁྱོད་ཀྱིས་བསྒོ་བ་འདི་རྣམས་བདག་གིས་སྦྱི་བོས་མཆོད། །ད་ཕྱིན་སླན་ཆད་བདག་ནི་མི་ཤ་ཡོང་མི་འཚལ། །བདག་ལ་ཅི་སྐད་བཀའ་སྩལ་དེ་དག་དེ་བཞིན་བགྱི། །མཆོད་སྦྱིན་ཕྱིར་ནི་རྒྱལ་པོའི་བུ་འཕྲོག་པ། །བདག་གིས་བཙོན་རར་སྩལ་བས་མི་དགའ་ཞིང༌། །བཞིན་མདངས་ཉམས་ལ་མྱ་ངན་གདུངས་པའི་ཡིད། །དེ་དག་ཀུན་ཀྱང་བཏང་གིས་ལྷན་ཅིག་བཞུད། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དེས་སྨྲས་པ་བཞིན་དུ་མཉན་ནས། རྒྱལ་པོའི་བུ་བཙོན་དུ་བཟུང་བ་གང་ན་འཁོད་པ་དེར་སོང་ངོ༌། །རྒྱལ་པོའི་བུ་དེ་རྣམས་ཀྱིས་བུ་ཟླ་བ་མཐོང་ནས་བལྟས་སོ། །བདག་ཅག་ནི་ཐར་རོ་སྙམ་ནས་རབ་ཏུ་དགའ་བར་གྱུར་ཏེ། རྒྱལ་བུ་དེ་དག་ཟླ་བ་མཐོང་ནས་ནི། །རབ་ཏུ་འཛུམ་དམུལ་མདངས་གསལ་རྣམ་པར་མཛེས། །སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ཟེར་གྱིས། །མེ་ཏོག་ཀུ་མུད་ཁ་བྱེ་མཚོ་གསལ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་དྲུང་དུ་འོངས་ནས་དབུགས་ཕྱུང་ཚིག་སྙན་པས་དགའ་བར་བྱས་ཏེ། དེ་བས་རྒྱལ་བུ་དེ་རྣམས་སུ་དཱ་སའི་བུ་ལ་གནོད་པ་མི་བྱེད་པར་མནའ་བསྒགས་བཙོན་ནས་ཕྱུང་སྟེ། སུ་དཱ་སའི་བུ་དང་རྒྱལ་


DTG168_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ་དག་གིས་བསྐྱལ་ཏེ། རང་གི་རྒྱལ་སྲིད་ལ་གནས་ནས་རྒྱལ་བུ་དེ་དག་དང་སུ་དཱ་སའི་བུ་ལ་ཇི་ལྟར་རིགས་པར་རིམ་གྲོ་བྱས་ཏེ་སོ་སོའི་རྒྱལ་སྲིད་ལ་བཀོད་དོ། །དེ་ལྟ་བས་ན་སྐྱེ་བོ་དམ་པ་རྣམས་དང་འཕྲད་ན། ཇི་ལྟར་འཕྲད་ཀྱང་རུང་སྟེ་ལེགས་པར་འགྱུར་བའི་ཕྱིར། ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་ལ་བརྟེན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚེ་རབས་སྔ་མ་ལ་ཡང་མ་འདྲིས་པ་ལ་བྱམས་ཤིང་ཕན་འདོགས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་དམ་པའི་ཆོས་མཉན་ན། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར། དམ་པའི་ཆོས་མཉན་བའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཆོས་ཐོས་ན་དེ་ལྟར་ཕན་ཡོན་རྣམ་པ་དུ་མ་ཡོད་པའི་ཕྱིར། མང་དུ་ཐོས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བདེན་པའི་ཚིག་བསྲུང་ན་དེ་ལྟར་སྐྱེ་བོ་དམ་པ་རྣམས་དགའ་ཞིང་བསོད་ནམས་དང་གྲགས་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་བདེན་པའི་ཚིག་བསྲུང་བའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྐྱེས་བུ་དམ་པ་རྣམས་ནི་དེ་ལྟར་བདག་གི་སྲོག་དང་བདེ་བ་དང་དབང་ཕྱུག་ལ་ཡང་མི་ལྟ་བར་བདེན་པའི་ཚིག་བསྲུང་ངོ་ཞེས་སྐྱེས་བུ་དམ་པའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །ཟླ་བར་སྐྱེས་པའི་རབས་ཏེ་སུམ་ཅུ་གཅིག་པའོ།། །།བམ་པོ་བཅུ་གཉིས་པ་སྟེ་ཐ་མའོ། །ཡིད་སྐྱོ་བར་གྱུར་པ་རྣམས་ལ་ནི་རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲིབ་པར་མི་འགྱུར་བའི་ཕྱིར་སྐྱོ་བ་ལ་གོམས་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། འཇིག་རྟེན་ན་ན་བ་དང༌། རྒས་པ་དང༌། འཆི་བ་དང༌། སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་བྱུང་བས་སྡུག་བསྔལ་བ་དང༌། མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པ་དག་མཐོང་ནས་སྙིང་རྗེས་བསྐུལ་ནས་དེ་དག་ལ་བསྐྱབ་པར་སེམས་པ་རབ་ཏུ་དགེ་བའི་རང་བཞིན་ཅན་ཏེ། འཇིག་རྟེན་མི་མཐུན་པ་དང༌། མ་ཤེས་པ་


DTG168_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཕན་པ་དང༌། བདེ་བའི་ཁྱད་པར་དེ་དང་དེ་དག་བསྒྲུབ་ཅིང༌། རེ་ཞིག་རྒྱལ་པོའི་རིགས། འབངས་གློ་བ་ཉེ་བའི་བདེ་བ་དང༌། འཁྲུགས་པ་མེད་པའི་དལ་བ་ཕུན་སུམ་ཚོགས་པ་དང༌། རྒྱལ་ཕྲན་དྲེགས་པ་རྣམས་ཕྱག་འཚལ་ནས་མངོན་པར་གྲགས་པར་གྱུར་ཅིང༌། དབང་ཐང་ཆེ་བ་དུལ་བ་ལ་དགའ་བའི་རིགས་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་དང་པོ་སྐྱེས་པའི་ཚེ་ནའང་རྒྱལ་པོའི་རིགས་དེ་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བ་དེ་དང་མཚུངས་པར་གྱུར་པས་མངོན་པར་མཐོ་ཞིང་དལ་བའི་དཔལ་ཆེན་པོ་དང་ལྡན་པར་གྱུར་ཏོ། །སྦྱིན་པ་ཐོབ་པས་བྲམ་ཟེ་མགུ་ཞིང་གཡེངས། །འབངས་རྣམས་དྲེགས་ཤིང་ཆ་ལུགས་བཟང་པོ་འཕྱར། །རྔ་སྒྲ་མང་པོའི་བྲག་ནས་རི་ལུང་གང༌། །ཀུན་དུ་དགའ་བའི་གར་ནི་རྒྱུན་མི་ཆད། །གླུ་སྒྲ་སྙན་དང་དགོད་སྒྲ་འབྲེལ་མར་འབྱུང༌། །གཅིག་ལ་གཅིག་འདུས་དགའ་བ་རྣམ་པར་འཕེལ། །གཏམ་སྙན་བསྐྱལ་བའི་བྱ་དགས་མགུ་བའི་མིས། །རྒྱལ་པོའི་མངོན་པར་མཐོ་བའི་ཤིས་པ་བརྗོད། །སྒོ་རྣམས་ཕྱེ་ཞིང་བཙོན་དུ་བཟུང་བ་མེད། །སྲང་གི་བཞི་མདོར་རྒྱལ་མཚན་བཙུགས་པས་མཛེས། །མེ་ཏོག་ཕྱེ་མ་ཁུ་བས་ས་གཞི་བརྒྱན། །དགའ་སྟོན་བཟང་པོས་གྲོང་ཁྱེར་ཉམས་དགར་གྱུར། །ཁང་པ་ཆེན་པོའི་སྟེང་ནས་གསེར་དང་གོས། །རྒྱན་ལ་སོགས་པ་ཆར་བཞིན་འབབ་པ་ཡིས། །འཇིག་རྟེན་འདི་དག་དཔལ་གྱིས་ཁྱབ་པར་སྩོལ། །གངྒཱ་སྨྱོན་པ་དྲག་ཏུ་འབབ་པ་འདྲ། །དེའི་ཚེ་ཡང་རྒྱལ་པོ་དེའི་བུ་བཙས་སོ་ཅོག་ཤི་བར་གྱུར་ཏེ། དེ་ལྟར་གྱུར་པ་དེ་ཡང་མི་མ་ཡིན་པས་བྱས་པ་ཡིན་པར་སེམས་ནས། བུ་དེ་བསུང་བའི་ཕྱིར་བུ་བཙས་པའི་ཁང་པ་ལྕགས་འབའ་ཞིག་ལས་བྱས་པ་བཟང་པོ་ནོར་བུ་དང་གསེར་དངུལ་གྱི་རྒྱན་གྱིས་བརྒྱན་པ་ཞིག་ཏུ་བཞག་སྟེ། འབྱུང་པོའི་རིག་སྔགས་ཀྱི་ཆོ་ག་དང༌། རིག་བྱེད་ལས་བྱུང་བའི་རིམ་པས་བསྲུང་བའི་ཆོ་ག་དང༌། བཀྲ་ཤིས་ཀྱི་དཔྱད་བཟང་པོས་བདེ་ལེགས་ནི་བྱས། བཙས་པའི་ཆོ་ག་ལ་སོགས་པ་སྦྱང་བའི་ཆོ་ག་ཡང་བྱས་སོ། །སེམས་དཔའ་ཆེན་པོ་དེ་ཉིད་ཀྱང་སྟོབས་དང་ལྡན་པ་དང༌། བསོད་ནམས་བསགས་


DTG168_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ་དང༌། བསྲུང་བ་ལེགས་པར་བྱས་པས་གདོན་རྣམས་ཀྱིས་མ་ཚུགས་སོ། །དེ་རིམ་གྱིས་བསྐྱེད་པའི་ཆོ་ག་གོ་རིམས་བཞིན་དུ་བྱས་ནས། སློབ་དཔོན་བླ་མ་མང་དུ་ཐོས་པ་དང༌། ཆོ་རིགས་བཙུན་པ་དང༌། སྤྱོད་ཚུལ་བཟང་བ་དང༌། མཁས་པར་གྲགས་པ་དང༌། བཀུར་སྟི་ཐོབ་བ་དང༌། རབ་ཏུ་ཞི་བ་དང༌། དུལ་བ་དང༌། ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལས་རིག་པའི་གནས་དུ་མ་ནི་ལོབས། ལང་ཚོའི་གཟི་མདངས་ནི་ཉིན་རེ་ཞིང་སྐྱེས་པས་ལུས་ནི་ཡོངས་སུ་རྫོགས་པར་གྱུར། རང་བཞིན་གྱིས་དུལ་བ་དང་དགའ་བས་ནི་སྐྱེ་བོ་དང༌། ཡོངས་ཀྱི་སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བའི་གནས་སུ་གྱུར་ཏོ། །དམ་པ་རིང་ན་གནས་གྱུར་ཀྱང༌། །མ་འདྲིས་གཉེན་དུ་མ་འབྲེལ་བའི། །སྐྱེ་བོ་དགའ་བས་རྗེས་འབྲང་བ། །དེ་ཡི་རྒྱུ་ནི་ཡོན་ཏན་དཔལ། །འོད་ཟེར་རབ་ཏུ་གསལ་བ་ཡིས། །གནམ་ནི་དགོད་པ་ལྟར་བྱེད་པའི། །སྟོན་ཀའི་ཟླ་བ་དེ་དང་ནི། །འཇིག་རྟེན་རྣམས་དང་ཅི་ཞིག་འབྲེལ། །དེ་ནས་སེམས་དཔའ་ཆེན་པོ་དེ་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་བདེ་བ་ཆེན་པོ་ལྷའི་ལོངས་སྤྱོད་དང་འདྲ་བའི་ལོངས་སྤྱོད་ལ་ཉེ་བར་སྤྱོད་ཅིང༌། ཕས་ཀྱང་བྱམས་ཤིང་རབ་ཏུ་བཀུར་སྟི་བྱས་ཏེ་ཡིད་བརྟན་ཞིང་བག་ཕབ་སྟེ། རིམ་གྲོ་ཆེར་བྱས་པ་ལས་རེ་ཞིག་ཅིག་རང་གི་ཕོ་བྲང་དམ་པ་ནས་མེ་ཏོག་ཀུ་མུ་ཏའི་ལོངས་སྤྱོད་ཀྱི་དུས་ལ་བབ་སྟེ། རྒྱན་བཟང་པོ་དགའ་དགའ་ལྟར་འདུག་པ་ལ་བལྟར་འགྲོ་བ་ལ་ཕས་ཀྱང་གནང་སྟེ། ཤིང་རྟ་བཟང་པོ་གསེར་དང་ནོར་བུ་དང་དངུལ་གྱི་རྒྱན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན། བ་དན་དང་རྒྱལ་མཚན་ཁ་དོག་སྣ་ཚོགས་ཅན་རབ་ཏུ་གཡོ་བ་རྣམས་བཙུགས། གསེར་གྱི་འཇིམ་བག་གིས་གཡོགས་པ། རྟ་དུལ་ཞིང་བདེ་པས་དྲངས་པ། ཁ་ལོ་བསྒྱུར་བ་བཟོ་ཞིང་དེས་ལ་མཁས་ཤིང་གཙང་ལ་དུལ་ཞིང་བརྟན་པ་དང་ལྡན་པ། གཡོག་འཁོར་ཆ་ལུགས་བཟང་པོ་སྣ་ཚོགས་སུ་བྱས་པས་བསྐོར་བ། རྔ་སྒྲ་སྙན་པའི་རྔ་བརྡུང་བས་མདུན་དུ་དྲངས་པ་ལ་ཞོན་ཏེ། ཕོ་བྲང་མཆོག་དེ་ནས་རྒྱུ་ཞིང་སོང་སོང་བ་ལས། ཕོ་བྲང་འཁོར་གྱི་མིས་རྒྱལ་བུ་དེ་ལ་ལྟ་བས་སེམས་ནི་གཡེངས། ངོ་མཚར་ཆེ་བས་མིག་ནི་རིག་


DTG168_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པོར་ནི་བལྟ། བསྟོད་པས་དགའ་བར་བྱེད་ཅིང་ཐལ་མོ་སྦྱར་ཏེ། ཤིས་པར་བརྗོད་པའི་ཚིག་ནི་འདོན། དགའ་སྟོན་གྱི་དགའ་བའི་ཆས་བཟང་པོར་ཞུགས་པ་རྣམས་ཀྱིས་མཛེས་པ་མང་པོ་རྣམས་ལ་བརྟགས་ན། སེམས་དགའ་བར་གྱུར་བའི་སྐབས་ལ་བབ་ཀྱང༌། ཚེ་རབས་སྔ་མ་ལ་སེམས་སྐྱོ་བ་ལ་གོམས་པར་བྱས་པའི་ཕྱིར་དྲན་པ་འདི་ལྟ་བུ་རྙེད་པར་གྱུར་ཏོ། །ཀྱེ་མ་འོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་མི་དགར་གྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང༌། །དྲན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པར་རེ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །ན་དང་རྒས་དང་འཆི་བས་གནོད་བྱེད་དགྲ། །མཐུ་ཆེན་དགག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་དགའ་བར་སེམས། །སྤྲིན་ཆེན་གློག་འགྱུ་གསེར་ཕྲེང་འདྲ་བ་དག །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་ཕྱུང༌། །ཆར་ཆེན་འབབ་པའི་རྩོམ་པ་ཆེན་པོ་བྱས། །ཀུན་ཏུ་འདུས་ཀྱང་དེ་ནས་དེངས་པར་འགྱུར། །ཆུ་འབབ་དྲག་པའི་ཤུགས་ཀྱིས་ཤིང་རྣམས་ཀྱི། །རྩ་བ་འགྲམ་ན་ཟབ་ཏུ་ཟུག་པ་ཡང༌། །རྩད་ནས་བཏོན་ཏེ་སླར་ཡང་ཆུ་དེ་ཉིད། །འབྲེལ་ཞིང་བྲི་ནས་མྱ་ངན་གདུངས་པ་བཞིན། །རླུང་གི་མཐུས་ཀྱང་རི་ཡི་རྩེ་མོ་བསྙིལ། །སྤྲིན་གྱི་ཚོགས་ཀྱང་དྲག་པོའི་ཤུགས་ཀྱིས་གཏོར། །རྒྱ་མཚོའི་ཆུ་ཡང་རྣམ་པར་དཀྲུགས་ཤིང་ཀློང༌། །དེ་ལྟའི་རླུང་ཡང་རབ་ཏུ་ཞི་བར་འགྱུར། །མེ་ལྕེ་རབ་འབར་མེ་སྟག་འཕྲོ་བ་ཡིས། །ནགས་ཚལ་མཛེས་དང་རྩྭ་རྣམས་ཀུན་བསྲེགས་ནས། །དེ་འདྲའི་མེ་ཡང་རིམ་གྱིས་ཞི་བར་འགྱུར། །རབ་ཏུ་འབར་ཡང་དེ་ནས་མེད་པར་འགྱུར། །འདུས་པ་གང་ཞིག་འབྲལ་བ་མ་གྱུར་ཡོད། །དར་བ་གང་ཞིག་རྒུད་པར་མ་གྱུར་ཡོད། །འགྲོ་བའི་རྒྱུད་ནི་རབ་ཏུ་གཡོ་བ་ལ། །མ་བརྟགས་པར་ནི་སྐྱེ་བོ་དགའ་བར་འགྱུར། །བདག་ཉིད་ཆེན་པོ་དེ་སེམས་སྐྱོ་བ་དེས་དེ་ལྟར་བརྟགས་ནས། རབ་ཏུ་དགའ་བས་སེམས་གཡེངས་པའི་ཡིད་ནི་སླར་བཟློག །ཕོ་བྲང་དམ་པ་རྒྱན་གྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་དང༌། མི་མང་པོ་སྣ་


DTG168_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེར་འདུས་པ་རྣམས་ལ་ཡང་སེམས་མ་ཆགས་པར་སླར་ལོག་སྟེ་མཐར་གྱིས་རང་གནས་སུ་ཕྱིན་ནས། བདག་རང་ལ་འདི་ལྟར་རྟོག་གོ །ལོངས་སྤྱོད་ཀྱི་བདེ་བ་ལ་སེམས་རབ་ཏུ་སྐྱོ་བར་གྱུར་ཏེ། མ་ཆགས་ནས་ཆོས་འབའ་ཞིག་སྐྱབས་སུ་རུང་ངོ་སྙམ་ནས། དེ་བསྒྲུབ་པར་ངེས་པར་བསམས་ཏེ། སྐབས་ཅིག་ཏུ་རྒྱལ་པོའི་དྲུང་དུ་སོང་སྟེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བར་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ། རབ་ཏུ་བྱུང་ལ་བརྟེན་ནས་སུ། །བདག་ལ་ཕན་པར་བགྱི་བར་འཚལ། །ཁྱོད་ཀྱི་ཐུགས་དཔག་མཛད་ནས་སུ། །གསོལ་བ་དེ་ཡང་གནང་བར་མཛོད། །རྒྱལ་པོ་དེ་བུ་ལ་བྱམས་པས་དེ་སྐད་ཟེར་བ་ཐོས་པ་ནས། གླང་པོ་ཆེ་མདའ་དུག་ཅན་གྱིས་ཚབས་ཆེར་ཕོག་པ་དང༌། རྒྱ་མཚོ་རབ་ཏུ་ཟབ་པ་རླུང་གིས་བསྐྱོད་པ་བཞིན་དུ། དེའི་མྱ་ངན་གྱིས་སེམས་གདུངས་ནས་འཁུམས་ཏེ་འདར་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་ཡིས་དེ་བཟློག་ཕྱིར། །བྱམས་པས་མཆི་མས་བརྣང་སྟེ་མགུལ་ནས་འཇུས། །བུ་གཅིག་ཅི་ཕྱིར་ཇི་ལྟར་གློ་བུར་དུ། །བདག་ཅག་དོར་བའི་བློ་འདི་སྐྱེས་པར་གྱུར། །བདག་ཉིད་ཕུང་བར་བྱེད་པ་སུ་ཞིག་གིས། །ཁྱོད་ནི་མི་དགར་བྱས་ནས་འཆིང་བར་འགྱུར། །སུ་ཡིས་རང་གི་མི་རྣམས་མྱ་ངན་གྱིས། །གདུངས་ནས་མིག་ནི་མཆི་མས་གང་བར་བྱས། །འོན་ཏེ་ང་ལ་ཅུང་ཟད་དོགས་པ་འམ། །འཁྲུལ་པར་གྱུར་པ་ཅུང་ཟད་ཐོས་ཀྱང་རུང༌། །དེ་དག་སྨྲ་ན་དེ་ལས་བཟློག་པར་བྱེད། །དེ་ལྟ་བུ་ནི་བདག་གིས་མ་མཐོང་ངོ༌། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་རབ་ཏུ་བྱམས་ཁྱོད་ལ། །འཁྲུལ་པ་ལྟ་ཞིག་ག་ལ་འགྱུར། །བདག་ལ་མི་དགར་བགྱིད་པ་ཡང༌། །དེ་ལྟར་ནུས་པ་སུ་ཞིག་མཆིས། །འོ་ན་ཅི་ཕྱིར་ང་འབོར་བར་སེམས་ཞེས་མིག་མཆི་མས་གང་བཞིན་དུ། རྒྱལ་པོས་སྨྲས་པ་དང༌། ཡང་དེས་སྨྲས་པ། ཤི་བས་འཇིགས་པའི་ཕྱིར་ལྷ་གཟིགས་སུ་གསོལ། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །བརྩམས་ཏེ་འཇིག་རྟེན་འཇིག་རྟེན་འདི་རྣམས་ནི། །ལམ་དུ་ཞུགས་ནས་གཞན་དུ་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །ཐབས་དང་རབ་ཏུ་ལྡན་ཞིང་མཐུ་ཡོད་ཀྱང༌། །འཆི་དང་རྒ་ལས་སུ་ཡང་ཐར་བ་མེད། །འདི་གཉིས་ཀྱིས་ནི་འདི་ཀུན་རབ་ཏུ་གཙེས། །དེ་


DTG168_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆོས་ཀྱི་དོན་དུ་དགོན་པར་མཆི། །མི་རྟ་གླང་ཆེན་ཤིང་རྟ་མང་པོའི་དམག་ཚོགས་རྣམས། །རྒྱལ་པོ་དཔུང་དང་ལྡན་བ་ཐགས་ཐོགས་མེད་བར་ཐུབ། །གཤིན་རྗེའི་དགྲ་ནི་གཅིག་པུར་འདུག་ཀྱང་མི་ཐུབ་ལ། །དེ་བས་བདག་གི་སེམས་ནི་ཆོས་དོན་བསྒྲུབ་པར་འཚལ། །རྟ་དང་གླང་ཆེན་རྐང་ཐང་ཤིང་རྟས་ཡོངས་བསྲུངས་ན། །རྒྱལ་པོ་རྣམས་ནི་དགྲ་ལས་རྣམ་པར་ཐར་བར་འགྱུར། །ཤེད་ཅན་ལ་སོགས་དཔུང་དང་བཅས་པའང་དབང་མེད་པར། །རབ་ཏུ་མཐུ་ཆེན་འཆི་བདག་དགྲ་ཡི་དབང་དུ་གྱུར། །གླང་ཆེན་སྨྱོན་བའི་མཆེ་བ་མཁར་གྱི་རྟ་བབས་དང༌། །གཡུལ་དོར་མི་དང་ཤིང་རྟ་གླང་པོ་རྣམས་ཀྱང་བཅོམ། །གད་པ་ཆེན་པོའི་ངོས་བྲལ་བརྒྱལ་བར་གྱུར་པ་ཡི། །མཆེ་བ་དེ་ཡིས་གཤིན་རྗེའི་ཁར་སོང་འབེབས་མ་ནུས། །གོ་མཚོན་བཟང་པོ་བགོས་ཤིང་ཕུབ་བཟུང་ནས། །གཡུལ་དོར་རྒྱང་གིས་མདའ་ཡང་འཕེན་པར་ནུས། །དེ་ལྟར་འཕོང་སྐྱེན་རྣམས་ཀྱང་འཁོན་སྙིང་ཅན། །དགྲ་བོ་གཤིན་རྗེ་ལ་ནི་འཕེན་མི་ནུས། །སེང་གེ་རྣམས་ཀྱང་སེན་མོ་རྣོན་པོས་གླང་ཆེན་གྱི། །གཟི་བརྗིད་ཟིལ་མནན་སྤྱི་བོར་སྡེར་མོས་འབྲད་ཅིང་འབད། སྒྲ་སྐད་དྲག་པོ་གྲག་པས་གཞན་གྱི་སེམས་སྐྲག་བྱས། །གཤིན་རྗེ་འོངས་ནས་མཐུ་དང་དྲེགས་པ་ཉམས་ནས་ཉལ། །རྒྱལ་པོ་རྣམས་ཀྱང་གཞན་གྱིས་ཉེས་བྱས་ན། །ཉེས་དང་རྗེས་སུ་མཐུན་པར་ཆད་པས་གཅོད། །འཆི་བདག་དགྲ་བོས་ཉེས་པ་ཆེར་བྱས་ཀྱང༌། །ཆད་པས་བཅད་པའི་ཐབས་ནི་ཡོང་མི་ཤམས། །རྒྱལ་པོ་རྣམས་ནི་མཇལ་དུམ་ལ་སོགས་པའི། །ཐབས་ཀྱིས་ཉེས་པ་བྱས་པ་ཞི་བར་བྱེད། །འཆི་བདག་གཏུམ་པོ་དྲེགས་པ་གོམས་བྱས་པས། །མཇལ་དུམ་ལ་སོགས་པས་ནི་བསྡུམ་མི་ནུས། །སྦྲུལ་ཆེན་ཁྲོས་པའི་རླུང་གིས་མཆེ་བ་དུ་ག་ཅན་གྱི། །རྩེ་མོ་འབར་བས་མི་རྣམས་མངོན་སུམ་དུ་འབིགས་ཤིང༌། །ཤ་ཆགས་བསད་པའི་ཐབས་ལ་རབ་ཏུ་མཁས་གྱུར་ཀྱང༌། །འཆི་བདག་འོངས་ན་ཟ་བར་བརྩམས་པའང་ཉམས་པར་གྱུར། །སྤྲུལ་གདུག་ཁྲོས་ནས་རབ་ཏུ་འཁྲུགས་པས་ཟིན་པ་ཡང༌། །སྨན་པ་རྣམས་ཀྱིས་སྔགས་དང་སྨན་གྱིས་དུག་ཞི་བྱེད། །གཤིན་རྗེ་འདི་ནི་མྱུར་བའི་དུག་ལས་རབ་གདུག་པ། །སྔགས་དང་སྨན་ལ་སོགས་པས་ཐུབ་པར་ཡོང་མི་ནུས། །འདབ་བཟང་ཁྱུང་ཡང་གཤོག་པའི་རླུང་གིས་རྒྱ་


DTG168_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཆུ། །ཉ་མང་འཕྱོ་བ་འབྲུག་སྒྲ་དྲག་པོས་དཀྲུགས་པ་ཡང༌། །རྣམ་པར་གཏོར་ནས་གདེངས་ཀ་ཕྱར་བའི་སྦྲུལ་རྣམས་འཛིན། །དེ་བཞིན་འཆི་བདག་རབ་ཏུ་གཞོམ་པར་ཡོང་མི་ནུས། །སྟག་ཀྱང་ནགས་ཚལ་དག་ན་རི་དྭགས་བྲོས་པ་རྣམས། །རབ་ཏུ་མགྱོགས་པས་བསྙགས་ནས་སྡེར་མོ་རྡོ་རྗེ་ཡིས། །ཐང་ཅིག་བཏབ་པ་ཙམ་གྱིས་བཟུང་ནས་ཁྲག་འཐུང་ན། །འཆི་བདག་འོང་ན་དེ་ལྟར་རྟུལ་ཕོད་མེད་པར་འགྱུར། །སྟག་གིས་ཁ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཡི། །ནང་དུ་སོད་བའི་རི་དྭགས་རྣམས་ཀྱང་ཐར་བ་སྲིད། །གཤིན་རྗེའི་ཁ་གདངས་ན་དང་རྒས་པའི་མཆེ་བ་གཙིགས། །དེ་ཡི་ནང་དུ་སོད་བ་སུ་ཞིག་ཐར་བ་ཡོད། །མི་སྡུག་འཇིགས་ལ་དམ་དུ་འཛིན་པའི་གདོན། །གཟི་དང་བཅས་པས་མི་ཡི་སྲོག་ཀྱང་འཕྲོག །འཆི་བདག་དགྲ་དང་འཐབ་མོའི་དུས་རན་ན། །རབ་ཏུ་བསྙེམས་པའི་མཐུ་རྩལ་ཉམས་པར་འགྱུར། །མཆོད་འདོད་གནོད་བྱེད་འོང་བའི་གདོན་རྣམས་ཀྱང༌། །རིག་སྔགས་གྲུབ་པ་རྣམས་ཀྱེ་མཐུ་དག་དང༌། །དཀའ་ཐུབ་བདེ་ལེགས་སྨན་གྱིས་ཞི་བར་ནུས། །འཆི་བདག་གདོན་ནི་བཟློག་པར་ཡོད་མི་ནུས། །མང་པོ་འདུས་པའི་ནང་དུ་སྒྱུ་མ་མཁན། །སྐྱེ་བོ་རྣམས་ཀྱི་མིག་ཀྱང་བསླུ་བར་ནུས། །གཤིན་རྗེ་འདི་ལ་མཚར་གྱི་མཐུ་ཅི་ཡོད། །དེ་དག་གིས་ཀྱང་བསླུ་བར་ཡོང་མི་ནུས། །གསང་སྔགས་གྲུབ་པའི་དཀའ་ཐུབ་མཐུ་ཡིས་དུག་ཞི་ནུས། །སྨན་པ་མཆོག་གིས་མི་ཡི་ནད་ཀྱང་ཞི་བར་ནུས། །དྷན་ནན་ཏ་རི་ལ་སོགས་པ་ཡང་མེད་པར་གྱུར། །དེ་བས་ཆོས་ཕྱིར་བདག་བློ་བས་མཐར་མཆི་བར་མོས། །རིག་སྔགས་འཆང་རྣམས་གསང་སྔགས་མཐུ་སྟོབས་སྣ་ཚོགས་ཀྱིས། །མངོན་དུ་བྱུང་ནས་བར་བར་སླར་ཡང་མི་སྣང་གྱུར། །བར་བར་མཁའ་ལ་འགྲོ་ཞིང་བར་བར་ས་འོག་ནུབ། །འཆི་བདག་བྱུང་ན་མཐུ་སྟོབས་རབ་ཏུ་ཉམས་པར་གྱུར། །ལྷ་དབང་དྲེགས་པ་རྣམས་ཀྱང་ལྷ་མིན་དམག་གིས་བཟློག །ལྷ་མིན་དྲེགས་པ་རྣམས་ཀྱང་ལྷ་ཡི་དཔུང་གིས་བཟློག །ང་རྒྱལ་བསྔོ་བའི་བློ་ཅན་དམག་ཚོགས་ཆེན་པོའི་དཔུང༌། །དེ་དག་ཀུན་བསྡོངས་པས་ཀྱང་འཆི་བདག་ཡོང་མི་ཐུབ། །གཤིན་རྗེ་དགྲ་བོའི་གླང་པོ་མི་བཟློག་པ། །འདི་འདྲ་རིག་ནས་ཁྱིམ་ན་བདག་མི་དགའ། །ཁྲོས་པ་འམ་བྱམས་པ་མ་མཆིས་ཕྱིར་མ་ལགས། །ཆོས་


DTG168_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དུ་བདག་ནི་ངེས་པར་མཆི། །རྒྱལ་པོས་སྨྲས་པ། འོ་ན་དེ་ལྟར་འཆི་བདག་གིས་འཇིགས་པ་བཅོས་སུ་མི་རུང་ན་ཆོས་ཡོངས་སུ་བཟུང་སྟེ་ནགས་ཚལ་དུ་སོང་ཡང་ཅི་ལ་ཕན། ཁྱོད་ཀྱི་ནགས་སུ་འཆི་བདག་གི་དགྲ་དེ་མི་འོང་དམ་ཅི། དྲང་སྲོང་ཆོས་ལ་གནས་པ་འང་ནགས་སུ་མ་ཤིའམ། །དེ་ལྟར་ཐམས་ཅད་ནའང་ཆོས་ཀྱི་རང་བཞིན་ན། །ཁྱིམ་དག་བོར་ཏེ་ནགས་སུ་སོང་ཡང་ཅི་ལ་ཕན། །བྱང་ཆུབ་སེམས་དཔས་སྨྲས་པ། ནགས་དང་ཁྱིམ་ན་འདུག་ཀྱང་འཆི་བདག་འོང་འགྱུར་ལ། །ཆོས་ལ་གནས་དང་ལོག་པར་སྤྱོད་ལ་མཚུངས་སྤྱོད་ཀྱང༌། །ཆོས་ཀྱི་བདག་ཉིད་ཅན་རྣམས་མྱ་ངན་གདུང་མི་འགྱུར། །ཆོས་ཀྱང་ནགས་ཚལ་དག་ན་བདེ་བར་བསྒྲུབ་ཏུ་མཆིས། །ལྷ་གཟིགས་སུ་གསོལ། བག་མེད་དྲེགས་དང་འདོད་ཆགས་དང༌། །བརྐམ་དང་ཞེ་སྡང་གཞིར་གྱུར་ཁྱིམ། །དེ་ཡི་གཉེན་པོར་གྱུར་པའི་ཆོས། །སྤྱད་པའི་སྐབས་ལྟ་ག་ལ་མཆིས། །ལས་རྣམས་ངན་པ་མང་པོས་རྣམ་པར་གཡེངས། །ཡོངས་སུ་བཟུང་དང་བསྒྲུབ་དང་བསྲུང་བས་བྲེལ། །སེམས་ནི་མ་ཞི་སྡུག་བསྔལ་འབྱུང་བའི་གནས། །ཁྱིམ་པས་ནམ་ཡང་ཞི་བའི་ལམ་མི་འགྲུབ། །ནགས་ན་བྱ་བ་ངན་པ་མང་པོ་བཏང༌། །ཡོངས་སུ་བཟུང་བའི་སྡུག་བསྔལ་སྤངས་ལ་གཙང༌། །ཞི་བ་འབའ་ཞིག་བྱེད་ཅིང་ཡིད་ཀྱང་མགུ། །བདེ་དང་བསོད་ནམས་གྲགས་པའང་ཐོབ་པར་གྱུར། །མི་རྣམས་ཆོས་ཀྱིས་བསྲུངས་ཀྱི་ནོར་དང་དཔུང་གིས་མིན། །ཆོས་ཀྱིས་བདེ་བ་ཆེན་པོ་འཐོབ་ཀྱི་འབྱོར་བས་མིན། །ཆོས་ཀྱི་བདག་ཉིད་ཅན་ནི་ཤི་ན་དགའ་བར་འགྱུར། །ཆོས་ལ་འབད་པས་ངན་འགྲོའི་འཇིགས་པ་མེད་པར་འགྱུར། །ལས་ཀྱི་ཁྱད་པར་དག་ཀྱང་ཇི་བཞིན་གནས། །དགེ་དང་སྡིག་པའི་མཚན་ཉིད་ཐ་དད་ལ། །རྣམ་པར་སྨིན་པ་མི་དགེ་ངན་འགྲོར་ལྷུང༌། །བསོད་ནམས་བསགས་པ་བདེ་བའི་གནས་སུ་འགྲོ། །དེ་ལྟར་བདག་ཉིད་ཆེན་པོ་དེས་ཕ་ལ་གསོལ་བ་བཏབ་ནས། ཕས་ཀྱང་གནང་སྟེ། རྒྱལ་སྲིད་ཀྱི་དཔལ་རྩྭ་དང་འདྲ་བར་བོར་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་གནས་པར་གྱུར་ཏེ། དེ་ཡང་བསམ་གཏན་རྣམས་དང༌། ཆད་མེད་པ་རྣམས་བསྒྲུབས་ནས། འཇིག་རྟེན་པ་རྣམས་ཀྱང་དེ་དག་ལ་བཀོད་


DTG168_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །དེ་ལྟ་བས་ན་ཡིད་སྐྱོ་བར་གྱུར་པ་རྣམས་ནི་རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲིབ་པར་མི་འགྱུར་བའི་ཕྱིར་སེམས་སྐྱོ་བ་ལ་གོམས་པར་བྱའོ། །འཆི་བའི་འདུ་ཤེས་བསྐྱེད་ན་མྱུར་དུ་སེམས་སྐྱོ་བར་འགྱུར་པའི་ཕྱིར། འཆི་བའི་འདུ་ཤེས་བསྐྱེད་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །འདུ་བྱེད་རྣམས་ནི་འདི་ལྟར་མི་རྟག་གོ་ཞེས་དེ་བཞིན་དུ་འཆི་བ་རྗེས་སུ་དྲན་པའི་ཡོན་ཏན་བསྔགས་པ་དང་མི་རྟག་པའི་གཏམ་བྱ་བ་ལ་ཡང་བརྗོད་པར་བྱའོ། །འདུས་བྱས་རྣམས་ནི་འདི་ལྟར་དབུགས་མ་ཕྱིན་པའོ་ཞེས་འཇིག་རྟེན་པ་ཐམས་ཅད་ལ་མངོན་པར་མ་ཆགས་པའི་འདུ་ཤེས་བསྐྱེད་པ་དང༌། དེ་བཞིན་དུ་འཇིག་རྟེན་འདི་དག་དཔུང་གཉེན་མེད་ཅིང་གྲོགས་བྱེད་པ་མེད་དོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་བཞིན་དུ་ནགས་ཚལ་དགོན་པ་ན་ཆོས་བདེ་བར་བསྒྲུབ་ནུས་ཀྱི་ཁྱིམ་ན་དེ་ལྟར་མི་ནུས་སོ་ཞེས་ཀྱང་སྦྱར་བར་བྱའོ། །ལྕགས་ཀྱི་ཁྱིམ་ལ་སྐྱོ་བ་སྐྱེས་པའི་རབས་ཏེ་སུམ་ཅུ་གཉིས་པའོ།། །།བཟོད་པར་བྱ་བ་ཡོད་ན། བཟོད་པ་ཡོད་པར་འགྱུར་གྱི་མེད་ན་མ་ཡིན་ནོ། །དེ་བས་ན་དགེ་བ་རྣམས་ནི་གནོད་པར་བྱེད་པ་ལ་ཡང་ཁེ་རྙེད་པ་དང་འདྲ་བར་དགའ་བར་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནགས་ཚལ་དགོན་པ་ཞིག་ན། མ་ཧེ་རྒོད་ཀྱི་ཁྱུ་མཆོག་ལུས་འདམ་རྫབ་ཀྱིས་བསྐུས་པས་རྩུབ་པར་གྱུར་པ། སྤྲིན་གྱི་ཕུང་པོ་ལོགས་ཤིག་ཏུ་ཆད་པ་རྐང་གིས་འགྲོ་ཤེས་པ་འདྲ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་དུད་འགྲོའི་སྐྱེ་གནས་ན་ཆོས་ཀྱི་འདུ་ཤེས་དཀོན་པས་གཏི་མུག་ཆེ་བའི་གནས་སུ་སྐྱེས་ཀྱང༌། རྣམ་པར་ཤེས་པ་གསལ་བས་ཆོས་སྤྱོད་པ་ལ་སེམས་མི་བརྩོན་པར་མ་གྱུར་ཏོ། །དེ་ལ་སྙིང་རྗེ་ཡུན་རིང་འདྲིས་པ་བཞིན། །དེས་ནི་སྙིང་རྗེ་རྣམས་ཀྱང་ཡོངས་མ་བཏང༌། །ལས་ཀྱི་དབང་གིས་དེ་ལྟར་དེ་གྱུར་ཏམ། །དེ་ཉིད་མཐུ་ཡིས་དེ་ཉིད་དེ་ལྟར་གྱུར། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །དེ་ནའང་ཆོས་ཀྱི་འདུ་ཤེས་སྐྱེ་བར་འགྱུར། །ལས་མེད་ན་ནི་སྐྱེ་བའི་མཚམས་མི་


DTG168_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། །དགེ་བའི་རྣམ་པར་སྨིན་པ་མི་བདེན་མེད། །ཆོས་ཀྱི་འདུ་ཤེས་ཡོད་ཀྱང་ལས་ཀྱི་བག་ཆགས་ཀྱིས། །དེ་དང་དེ་བརྟེན་དེ་ལྟ་དེ་ལྟར་འགྱུར། །དེ་ནས་སྤྲེའུ་མི་སྲུན་པ་ཞིག་གིས། དེའི་རང་བཞིན་དེས་ཤིང་སྙིང་རྗེ་ཆེ་བས་ཁྲོ་ཤིང་འཁྲུགས་པ་མེད་པར་ཡུན་རིང་པོ་ནས་མངོན་པར་གསལ་བར་ཤེས་ཏེ་དེ་ལ་འཇིགས་པ་མེད་དོ་སྙམ་ནས། སེམས་དཔའ་ཆེན་པོ་དེ་ལ་འཚེ་བའི་རྣམ་པ་དེ་དང་དེ་དག་གིས་རབ་ཏུ་གནོད་པ་བྱེད་པར་གྱུར་ཏོ། །སྙིང་རྗེ་ཆེ་ཞིང་འཇམ་པ་ལ། །སྐྱེ་བོ་མི་སྲུན་བསྙེམས་ཤིང་དྲེགས། །དེ་ལ་འཇིགས་པ་མེད་མཐོང་ནས། །རབ་ཏུ་རྣམ་པར་འགྱུར་བར་བྱེད། །གང་ཞིག་ཅུང་ཟད་འཇིགས་གྱུར་ན། །རབ་ཏུ་དུལ་བ་ལྟར་བྱས་ཏེ། །བསྙེམས་པ་བོར་ནས་དེ་ལ་ནི། །དམན་པའི་ཚུལ་གྱིས་སྤྱོད་པར་འགྱུར། སེམས་དཔའ་ཆེན་པོ་དེ་རེ་ཞིག་ཅིག་གཉིད་ཀྱིས་ལོག་ནས་བག་ཕབ་སྟེ་ཉལ་ཞིང་འདུག་པ་ལ། སྤྲེའུ་དེ་དྲག་ཏུ་མགུལ་ནས་གློ་བུར་དུ་སྟེང་དུ་མཆོངས་ཏེ་འོངས་སོ། །བར་བར་ནི་དེ་ལ་ཞོན་ནས་རབ་ཏུ་བརྒྱུག་གོ །བར་བར་ནི་བཀྲེས་ཏེ་ཟས་བཙལ་དུ་འགྲོ་བའི་ལམ་བཀག་སྟེ་འདུག་གོ །བར་བར་ནི་ཤིང་གིས་ཀྱང་དེའི་རྣ་བ་གཉིས་དཀྲུགས་སོ། །བར་བར་ནི་དེ་ཆུ་ནང་དུ་རྐྱལ་དུ་འགྲོ་བ་ལ་མགོའི་སྟེང་དུ་ཞོན་ཏེ་ལག་པ་གཉིས་ཀྱིས་དེའི་མིག་གཉིས་བཀབ་པོ། །བར་བར་ནི་དེ་ལ་ཞོན་ཏེ་དབྱུག་པ་ཕྱར་ནས་བརྒྱུགས་པས་གཤིན་རྗེའི་ཚུལ་དུ་འཆོས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེས་མ་རུངས་པའི་ཀྱལ་ཀ་བྱས་པ་དེ་དག་ཐམས་ཅད་ལ་འཁྲུག་པ་དང་ཁྲོ་བ་དང་མི་དགའ་བ་མེད་པར་ཕན་བཏགས་པ་བཞིན་དུ་བཟོད་པར་གྱུར་ཏོ། །སྡིག་ཅན་རྣམས་ནི་རང་བཞིན་གྱིས། །འདུལ་དང་འགལ་བའི་ལམ་ལ་བརྟེན། །དམ་པ་རྣམས་ནི་གོམས་པའི་ཕྱིར། །དེ་ལའང་ཕན་བཏགས་བཞིན་དུ་བཟོད། །དེ་ནས་གནོད་སྦྱིན་ཞིག་གིས་དེས་གཙེས་པ་དེ་མ་བཟོད་པ་དང༌། སེམས་དཔའ་ཆེན་པོ་དེའི་བསམ་པ་བརྟག་པའི་ཕྱིར། མ་ཧེ་ཁྱུ་མཆོག་དེ་སྤྲེའུ་མི་སྲུན་པ་དེས་ཞོན་ཏེ་འོང་བའི་ལམ་དུ་བསྒུགས་ནས་སྨྲས་པ། ཀྱེ་ཁྱོད་ཅུང་ཞིག་ཅིག་སྡོད་ཅིག །ཁྱོད་སྤྲེའུ་མི་སྲུན་པ་འདིས་ཉོས་སམ་ཅི། །འོན་ཏེ་རྒྱན་


DTG168_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཕམ་མམ། འོན་ཏེ་འཇིགས་པ་ཅུང་ཟད་ཅིག་ཡོད་དམ། དེ་སྟེ་བདག་ལ་མཐུ་མེད་པར་ཤེས་སམ། ཅི་སྟེ་འདི་དེ་ལྟར་བརྙས་ཤིང་ཞོན། །ཀྱེ་མའོ། །ཁྱོད་ཀྱི་རྭ་ཡི་རྩེ་མོ་རྡོ་རྗེའི་ཤུགས་ཀྱིས་ཀྱང༌། །རྡོ་རྗེ་འམ་རི་ཡང་རྡོ་རྗེ་བཞིན་དུ་འཇོམས། །ཁྱོད་ཀྱི་རྐང་ལག་ཁྲོས་ཏེ་འཕྲད་ན་ནི། །བྲག་གི་རྩེ་མོ་འདམ་དུ་བྱིང་པ་བཞིན། །ཁྱོད་ཀྱི་ལུས་འདི་བྲག་བཞིན་མཁྲེགས་ལ་བརྟན། །མཐུ་སྟོབས་ཕུན་སུམ་ཚོགས་པས་ཀུན་ཏུ་མཛེས། །རང་བཞིན་གཟི་ཆེ་ལྟ་བས་བརྗིད་པ་ནི། །སེང་གེ་དག་ཀྱང་རབ་ཏུ་སྤ་བཀོང་འགྱུར། །དེ་བས་འདི་ནི་རྨིག་པས་རྒྱོབ་ལ་ཆོམ། །ཡང་ན་རྭ་རྩིས་འདི་ཡི་དྲེགས་པ་སོལ། །མཐུ་མེད་འདྲ་བ་སྤྲེལ་ངན་སྡིག་ཅན་འདིས། །རབ་ཏུ་གཙེས་པའི་སྡུག་བསྔལ་བཟོད་པར་བྱེད། །ཡོན་ཏན་ཚུལ་སྤྱོད་བདེ་ཞིང་བསིལ་བ་ཡིས། །སྐྱེ་བོ་ངན་པ་བཅོས་སུ་ག་ལ་རུང༌། །ཚ་ཞིང་དྲོད་ཆེ་རྩུབ་པས་བསྒྲུབ་པ་ཡི། །བད་ཀན་ནད་བཞིན་རབ་ཏུ་འཕེལ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་གནོད་སྦྱིན་དེ་ལ་བལྟས་ཏེ། བཟོད་པའི་ཕྱོགས་བཟུང་ནས་ཚིག་འཇམ་པོས་སྨྲས་པ། འདི་ནི་མཐུ་སྟོབས་ཆུང་བ་དང༌། །རྟག་ཏུ་མ་དྲང་སྤྱོད་པའང་ཤེས། །དེ་བས་འདི་ལ་བདག་གིས་ནི། །བཟོད་པར་བྱ་བ་མི་རིགས་སམ། །མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་ཅི་ཞིག་བྱར་ཡང་ཡོད། །དགེ་བ་དུལ་བའི་ཚུལ་སྤྱོད་ལ། །བཟོད་པར་བྱ་བ་འང་ཅི་ཞིག་ཡོད། །མཐུ་ཆུང་འཁྲུལ་པ་དག་ལ་ནི། །མཐུ་ཡོད་བཞིན་དུ་བཟོད་ན་རུང༌། །དེ་ཕྱིར་ཡོན་ཏན་ཉམས་པ་བས། །རབ་ཏུ་བརྙས་པར་གྱུར་ཀྱང་རུང༌། །མཐུ་སྟོབས་ཆུང་བས་བརྙས་ཐབས་བྱས་པ་ལ། །དང་དུ་ལེན་པ་ཡོན་ཏན་རྣམས་ཀྱི་མཆོག །ཡོན་ཏན་དགའ་བས་ཁྱད་དུ་དེ་བསད་ནས། །རང་གི་བསྟན་པ་ཉམས་ཕྱིར་ཅི་ཕྱིར་བརྒལ། །བཟོད་པ་རྟག་ཏུ་བདེ་བར་འགྱུར་བ་ཡི། །དུས་ནི་རབ་ཏུ་རྙེད་པར་དཀའ་བ་ལ། །གཞན་གྱི་དེ་ལྟ་བུ་དག་བྱས་གྱུར་ན། །དེ་ལ་འཁྲུལ་པར་གྱུར་པ་སུ་ཞིག་ཡོད། །གང་ཞིག་རང་གི་ཆོས་ཉམས་མི་སེམས་པར། །བདག་གི་སྡིག་སྤྱད་ཕྱིར་ནི་ཞུགས་འདྲ་ལ། །འདི་ལའང་བདག་ནི་བཟོད་པར་མི་བྱེད་ན། །དེ་ལས་གཞན་པ་


DTG168_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་མེད་ཅི་འདྲ་ཞིག །གནོད་སྦྱིན་གྱིས་སྨྲས་པ། དེ་བས་ན་ཁྱོད་ནི་འདིས་གནོད་པར་བྱས་པ་ལས་ནམས་ཀྱང་ཐར་བར་མི་འགྱུར་རོ། །ཡོན་ཏན་རྣམས་ལ་མི་དགའ་ཞིང༌། །མི་སྲུན་པ་ནི་མ་བཏུལ་བ། །བཟོད་པ་བསྒོམ་པ་མ་བཏང་ན། །སྤ་བཀོད་ནུས་པ་སུ་ཞིག་ཡོད། །བྱང་ཆུབ་སེམས་དཔས་སྨྲས་པ། གཞན་ལ་གནོད་པ་བྱས་པའི་བདེ་བ་འམ། །སྡུག་བསྔལ་འབྱུང་བ་དགག་པར་འདོད་པ་དེས། །རྣམ་པར་སྨིན་པ་བདེ་བ་མི་འགྲུབ་པས། །བདེ་བ་འདོད་པས་དེ་ནི་བསྒྲུབ་མི་ནུས། །དེ་བས་བདག་གི་བཟོད་ལ་གནས་ན་ནི། །ཐབས་ཀྱིས་བསྒོ་ཡང་གལ་ཏེ་མ་གོ་ན། །བཟོད་པ་ཆུང་བ་གཞན་དག་ཡོད་པས་ན། །དེ་དག་འདི་ནི་ལོག་པའི་ལམ་ལས་བཟློག །སྐྱེ་བོ་དེ་ལྟ་བུ་ཡིས་བརྙས་བྱས་ན། །བདག་ཏུ་ལྟ་བ་འང་དེ་ལྟར་དེ་མི་བྱེད། །ཉེས་དམིགས་མཐོང་ན་དེ་ལྟར་ཕྱིས་མ་བྱེད། །འོན་ཀྱང་བདག་ཉིད་དེ་ལས་ཐར་བར་འགྱུར།། དེ་ནས་གནོད་སྦྱིན་དེ་སེམས་རབ་ཏུ་དགའ་ཞིང་ཡ་མཚན་ཆེ་བར་གྱུར་ཏེ། རབ་ཏུ་མགུ་ནས་སེམས་དཔའ་ཆེན་པོ་དེ་ལ་མགོ་བོས་བཏུད་དེ་སེ་གོལ་བརྡབ་ནས་ལེགས་སོ་ལེགས་སོ་ཞེས་སྨྲས་ཏེ། མགུ་བར་བྱས་ནས་ཚིག་སྙན་པ་དེ་དང་དེ་དག་སྨྲས་སོ། །དུད་འགྲོ་རྣམས་ལ་ཆོས་འདི་ག་ལ་ཡོད། །ཡོན་ཏན་དགའ་བ་འདི་འདྲ་ག་ལ་ཡོད། །མཚར་གྱིས་བསམས་པ་འདི་འདྲའི་ལུས་སུ་གནས། །དཀའ་ཐུབ་ནགས་ན་ཁྱོད་ནི་དཀའ་བ་སྤྱོད། །ཅེས་དེ་ལྟར་དེ་ལ་མངོན་པར་བསྟོད་ནས། སྤྲེའུ་རྨི་སྲུན་པ་ཡང་དེའི་རྒྱབ་ནས་ཕབ་སྟེ། དེ་བསྲུང་བ་ཡང་བསྐོས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་བཟོད་པ་བྱ་བ་ཡོད་ན། བཟོད་པ་ཡོད་པར་འགྱུར་གྱི་མེད་ན་མ་ཡིན་པའི་ཕྱིར། དགེ་བ་རྣམས་ནི་གནོད་པ་བྱེད་པ་ལ་ཡང་ཁེ་རྙེད་པ་དང་འདྲ་བར་དགའ་བར་འགྱུར་རོ། །ཞེས་བཟོད་པའི་གཏམ་བྱ་བ་ལ་ཡང་བརྗོད་པར་བྱའོ། །དུད་འགྲོར་གྱུར་པ་རྣམས་ལ་ཡང་དེ་ལྟར་སོ་སོར་བརྟགས་པའི་མཐུ་ཡོད་ན་མིར་གྱུར་པ་འམ། རབ་ཏུ་བྱུང་བ་ཁས་འཆེས་པ་ལ་བཟོད་པ་དེ་དག་དང་མི་ལྡན་ན་མཛེས་པར་ག་ལ་འགྱུར། །ཞེས་དེ་སྐད་ཀྱང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་


DTG168_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དང། རིམ་གྲོ་བསྐྱེད་དེ་ཆོས་ཉན་པ་ལ་འང་བརྗོད་པར་བྱའོ། །མ་ཧེར་སྐྱེས་པའི་རབས་ཏེ་སུམ་ཅུ་གསུམ་པའོ།། །།རང་བཞིན་གྱིས་དགེ་བདག་ནི་བསྐུལ་མ་བཏབ་ཀྱང་མ་གོམས་པའི་ཕྱིར་སྡིག་པ་མེ་སྤྱོད་དོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནགས་ཚལ་ཞིག་ན། བྱ་ཤིང་རྟ་མོ་འདབ་གཤོག་ཁ་དོག་སྡུག་གུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་ཏུ་གྱུར་ཅིང་གནས་སོ། །ཞེས་གྲགས་སོ། །སྙིང་རྗེ་ལ་གོམས་པས་དེ་ལྟ་བུའི་གནས་དེ་ན་ཡང་བྱ་ཤིང་རྟ་མོའི་འཚོ་བ་སྲོག་ཆགས་གསོད་པའི་སྐྱོན་ཅན་མི་བྱེད་དོ། །ལྗོན་ཤིང་ལྡུམ་བུས་མྱུ་གུ་རབ་ཏུ་གསལ། །མེ་ཏོག་བསུང་ཞིམ་ཁུ་བས་བསྒོས་པ་དང༌། །རོ་དང་དྲི་བསུང་ཁ་དོག་སྣ་ཚོགས་པའི། །ཤིང་ཐོག་རྣམས་ཀྱིས་འཚོ་བ་ཆོག་པར་འཛིན། །ཇི་ལྟར་རིགས་པར་གཞན་ལ་ཆོས་ཀྱང་འཆད། །ཕོངས་པ་རྣམས་ལ་ཅི་ནུས་ཕན་ཡང་འདོགས། །ངན་པ་རྣམས་ཀྱང་མི་རིགས་པ་ལས་བཟློག །གཞན་གྱི་དོན་སྤྱད་རབ་ཏུ་གསལ་བར་སྟོན། །སེམས་དཔའ་ཆེན་པོ་དེས་ནགས་ཚལ་དེ་ན་འཁོད་པའི་སེམས་ཅན་མང་པོ་རྣམས་ཡོངས་སུ་བསྐྱངས་པས། དེ་དག་སློབ་དཔོན་དང་བཅས་པ་བཞིན། བཤེས་གཉེན་དང་བཅས་པ་བཞིན། སྨན་པ་དང་བཅས་པ་བཞིན། རྒྱལ་པོ་མཉེས་གཤིན་པས་བསྐྱང་བ་བཞིན་དུ་བདེ་བར་བྱའོ། །དེ་ནས་རེ་ཞིག་ཅིག་སེམས་དཔའ་ཆེན་པོ་དེ་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ནགས་ཚལ་གྱི་ནང་ནས་རྒྱུ་ཞིང་སོང་སོང་བ་ལས། ནགས་ཚལ་གྱི་ཕྱོགས་ཤིག་ན་སེང་གེ་ཞིག་ནད་དྲག་པོས་བཏབ་སྟེ། མདའ་དུག་ཅན་གྱིས་ཕོག་པ་བཞིན་དུ། འགྲེ་ལྡོག་བྱེད་ཅིང་རོལ་བ་རྣམས་ནི་རྡུལ་གྱིས་གོས་དྲི་མ་ཅན་དུ་གྱུར་ལ་འཛིངས་པ་ཞིག་མཐོང་བ་དང༌། སྙིང་རྗེས་བསྐུལ་ནས་དེའི་དྲུད་དུ་སོང་སྟེ་དྲིས་པ། རི་དྭགས་ཀྱི་རྒྱལ་པོ་ཁྱོད་ཀྱི་ལུས་རབ་ཏུ་མི་བདེ་བ་འདྲ་ན་འདི་ཅི་ཉེས། གླང་པོ་དག་ལ་དྲེགས་པས་བརྒལ་དྲགས་སམ། །རབ་ཏུ་མགྱོགས་པས་རི་དྭགས་བསྙགས་དྲགས་སམ། །མཆོངས་པ་དྲགས་པས་འདི་ལྟར་ཁྱོད་སྨད་དམ། །རྔན་པ་དག་གིས་


DTG168_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཕངས་སྣད་གྱུར་ཏམ། །བསྟན་དུ་རུང་ན་ཁྱོད་ཀྱིས་འདི་སྨྲོས་ཤིག །འདི་ལ་ཅི་ལྟར་བྱས་ན་རུང་བའང་སྨྲོས། །བདག་གིས་གྲོགས་བྱར་རུང་བའི་མཐུ་ཡོད་ན། །བདེ་བར་དེ་བསྒྲུབ་ཁྱོད་ཀྱང་སོས་པར་བྱ། །སེང་གེས་སྨྲས་པ། བྱའི་ནད་ནས་མཆོག་ཏུ་གྱུར་པ་ཁྱོད་ལེགས་སོ་ལེགས་སོ། །བདག་འདི་ལྟར་མི་བདེ་བར་གྱུར་པ་འདི་ནི། རྩལ་དྲག་པོ་ལས་གྱུར་པའང་མ་ལགས། རྔོན་པའི་མདའ་ཕོག་སྟེ་སྣད་པ་ཡང་མ་ལགས་ཏེ། རུས་པའི་ཚལ་པ་འདི་འདྲ་བ་ཞིག་གྲེ་བར་ཟུག་སྟེ། ནང་དུ་མིད་དུ་ཡང་མ་རུང༌། ཕྱིར་དབྱུང་དུ་ཡང་མ་རུང་སྟེ། ཟུག་རྡུས་ཟུག་པ་བཞིན་དུ་བདག་རབ་ཏུ་སྡུག་བསྔལ་ཞིང་མཆིས་ན། དེ་བས་ནད་འདི་ཇི་ལྟར་བགྱི་བ་གྲོགས་པོ་དག་གིས་བགྱི་བའི་དུས་ལ་བབ་ཀྱིས་ཇི་ལྟར་མཁྱེན་པར་བདག་བདེ་བར་མཛད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་རྣོ་བས་ཟུག་རྡུ་དབྱུང་བའི་ཐབས་བསམས་ཏེ། དེའི་ཁ་གདངས་སུ་རུང་བའི་ཤིང་ཞིག་བླངས་ནས་སེང་གེ་དེ་ལ་ཁྱོད་ཀྱིས་ཅི་ནུས་སུ་ཁ་ལེགས་པར་གདངས་ཤིག་ཅེས་སྨྲས་པ་དང༌། དེས་ཀྱང་དེ་བཞིན་དུ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་དེ་དེའི་སོ་བར་དུ་ལེགས་པར་བཅུག་ནས། དེའི་གྲེ་བར་ཞུགས་ཏེ་རུས་པའི་ཚལ་པ་བསེགས་ཁར་ཟུག་པ་དེའི་རྩེ་མོ་གཅིག་ནས་མཆུས་བསྒུལ་ཏེ་ལྷོད་པར་བྱས་ནས་རྩེ་མོ་གཅིག་ནས་བཟུང་སྟེ་ཕྱུང་ནས་ཕྱིར་དབྱུང་བའི་ཚེ་ཡང་དེའི་ཁ་བཀག་པའི་ཤིང་དེ་ཕྱུང་སྟེ་བོར་རོ། །ཤེས་རབ་རྣོན་པོ་ཚེ་རབས་བརྒྱར་གོམས་པས། །མ་བསྒོམས་པར་ཡང་ཇི་ལྟར་དེར་ཕྱུང་བ། །རབ་ཏུ་གོམས་ཤིང་མཁས་པའི་སྨན་པས་ཀྱང༌། །རབ་ཏུ་བསྒྲིམས་ཀྱང་ཟུག་རྡུ་དེ་མི་འབྱིན། །ཟུག་རྡུ་ཕྱུང་ནས་དེ་མ་ཐག་ཏུ་ནི། །དེ་ཡི་སྡུག་བསྔལ་མྱ་ངན་མེད་པར་བྱས། །ཟུག་རྡུ་ཕྱུང་ནས་ཇི་ལྟར་དེ་དགའ་བ། །ཟུག་རྡུ་ཕྱུང་བས་དེ་ལྟར་དེ་དགར་གྱུར། །སྐྱེ་བོ་དམ་པ་རྣམས་ཀྱི་ཆོས་ཉིད་ནི་དེ་ལྟ་བུ་ཡིན་ཏེ། སྐྱེ་བོ་དམ་པ་གཞན་གྱིས་དེ་བསྒྲུབས་སམ། །སྡུག་བསྔལ་བཟློག་ནའང་དེ་དང་མཚུངས་པར་ནི། །བདེ་དང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །རང་གི་བདེ་བ་འགྲུབ་ཀྱང་དེ་ལྟར་མིན། །སེམས་དཔའ་ཆེན་པོ་དེས་དེ་ལྟར་དེའི་སྡུག་བསྔལ་


DTG168_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཞི་བར་བྱས་ནས་སེམས་རབ་ཏུ་དགའ་བར་གྱུར་ཏེ། སེང་གེ་དེ་ལ་གར་འགྲོ་བར་བརྡ་སྤྲད་ནས། དེས་ཀྱང་དགའ་བར་བྱས་ཏེ་གར་དགའ་བར་སོང་ངོ༌། །དེ་ནས་རེ་ཞིག་ཅིག་བྱ་ཤིང་རྟ་མོ་དེ་འདབ་གཤོག་སྡུག་གུ་རབ་ཏུ་ཕྱར་ནས་འཕུར་ཏེ་འཁྱམས་ཤིང་སོང་སོང་བ་ལས། ཁ་ཟས་བཟར་རུང་བ་དེ་ལྟ་བུ་མ་རྙེད་དེ། །བྲུ་བ་ཚ་བས་གདུངས་པ་དང༌། སེང་གེ་དེ་ཡང་རི་དྭགས་གཞོན་ནུ་སོང་མ་ཐག་པའི་ཤ་ནི་ཟ། ཁ་དང་སྡེར་མོ་དང་རལ་པའི་རྩེ་མོ་རྣམས་ནི་དེའི་ཁྲག་གིས་སྦགས་པ་སྟོན་ཀའི་སྤྲིན་གྱི་དུམ་བུ་མཚམས་ཀྱི་དུས་ལ་བབ་པའི་མདོག་འདྲ་བར་འདུག་པ་མཐོང་ངོ༌། །དེ་ཡིས་ཕན་པ་བྱས་ནས་དེ་ལ་ནི། །སློང་བའི་ཚིག་འབྲུ་ངན་པ་བརྗོད་མ་ནུས། །འཇིགས་མེད་ཡིན་ཡང་དེ་ཡི་ངོ་ཚ་ནི། །དེ་ཚེ་མི་སྨྲའི་བརྟུལ་ཞུགས་ལེན་དུ་འཇུག །འོན་ཀྱང་དགོས་པའི་དབང་གིས་ངོ་ཚ་བཏང༌། །དེ་ཡི་མིག་སྔར་བབ་པར་ཉེ་བར་འོངས། །བདག་ཉིད་ངན་པ་དེས་ནི་དེ་མཐོང་ཡང༌། །མགྲོན་བྱའི་ཚིག་ཀྱང་དེ་ལ་ཡོང་མ་བརྗོད། །རྡོ་ལེབ་སྟེང་དུ་ས་བོན་བཏབ་པ་བཞིན། །མེ་མེད་ཐལ་བ་དག་ལ་བསྲེགས་པ་བཞིན། །འབྲས་བུ་སྨིན་པའི་དུས་ན་བྱེ་བྲག་མེད། །ཕན་བཏགས་དྲིན་མེད་བེནྡུའི་མེ་ཏོག་བཞིན། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། འདིས་ནི་བདག་གོར་མ་ཆག་པར་ངོ་མ་ཤེས་སོ་སྙམ་ནས། དོགས་ཤིང་འཛེམ་པ་མེད་པར་དེའི་དྲུང་དུ་མགྲོན་གསར་དུ་འོངས་པའི་ཚུལ་གྱིས་ཤིས་པ་བརྗོད་དེ་སློང་མོ་བཏབ་བོ། །རི་དྭགས་རྒྱལ་པོ་བདུད་རྩིར་གྱུར། །མཐུ་རྩལ་ཆེན་པོས་རྙེད་པ་ལས། །ཕོངས་པས་བཙལ་བ་ཅུང་ཟད་འཚལ། །ཁྱོད་ཀྱི་བསོད་ནམས་གྲགས་པ་འགྲུབ། །དེ་ལྟར་ཤིས་པ་བརྗོད་པ་དང་ཚིག་འཇམ་པོས་བསླངས་ཀྱང་སེང་གེ་དེ་ཁྲོ་བ་དང་སེར་སྣ་ལ་གོམས་པས་ཡ་རབས་ཀྱི་ཚུལ་ནི་མེད། མིག་གཉིས་ཁྲོ་བའི་མེ་འབར་བས་སེར་པོར་གྱུར་པ་བཟློག་ནས་བསྲེགས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་བལྟས་ཏེ་སྨྲས་པ། ཀྭ་ཡེ་ཁྱོད་ཅུང་ཞིག་སྡོད་ཅིག །སྙིང་རྗེའི་བརླན་བག་གང་མེད་པ། །རི་དྭགས་རྣམ་པར་གཡོ་བ་ཟ། །ང་ཡི་ཁ་ནི་དེར་སོང་ནས། །གསོན་པ་དེ་ནི་གནང་ཆེ་མོད། །འོན་ཀྱང་ང་ལ་བརྙས་ཐབས་སུ། །དེ་ལྟར་སློང་མོ་འདེབས་པ་ནི། །སྲོག་གིས་སྐྱོ་བར་ཁྱོད་གྱུར་ཏམ། །


DTG168_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕ་རོལ་ལྟ་བར་འདོད། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དེའི་ཚིག་རྩུབ་མོས་སླར་བཟློག་པ་དེ་ངོ་ཚ་བར་གྱུར་ཏེ། དེ་ཉིད་ནས་ནམ་མཁའ་ལ་འཕུར་ཏེ་འདབ་མ་བརྡབས་པའི་གཤོག་སྒྲས་ངེད་ཅག་ནི་བྱ་ཡིན་པས་ཅི་བྱར་ཡང་མེད་དོ་ཞེས་ཚུལ་གྱིས་བསྟན་ནས་ལངས་ཏེ་སོང་ངོ༌། །དེ་ནས་ནགས་ཚལ་གྱི་ལྷ་ཞིག་དེས་དེ་ལ་བརྙས་ཐབས་བྱས་བ་དེ་མ་བཟོད་པ་དང༌། ཅི་ཙམ་དུ་སྤྲོ་རིང་བ་བརྟག་པའི་ཕྱིར། སེམས་དཔའ་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ཀྱེ་བྱ་རྣམས་ཀྱི་མཆོག་བདག་ཉིད་ངན་པ་འདི་ལ་ཕན་བཏགས་པའི་སྟེང་དུ། བདག་ལ་ཡང་མཐུ་ཡོད་བཞིན་དུ་འདི་ལྟར་བརྙས་ཐབས་བྱས་པ་ཅིའི་ཕྱིར་བཟོད་པར་བྱེད། ཁྲེལ་མེད་དེ་ལ་དེ་ལྟར་བཟོད་པ་བྱས་ཀྱང་ཅི་ཕན། ཁྱོད་ཀྱི་མཆུ་ཡིས་འདི་ཡི་མིག་ཀྱང་དབྱུང་བར་ནུས། །རྣམ་པར་གཡོ་ཞིང་སྟོབས་དང་ལྡན་ཡང་གཞོམ་པར་ནུས། །མཆེ་བའི་བར་ན་འདུག་པའི་ཤ་ཡང་འཕྲོག་ནུས་ན། །ཅི་ཕྱིར་འདི་ཡི་སྟོབས་བསྙེམས་དྲེགས་པ་བཟོད་པར་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟར་བརྙས་པར་བྱས་པའི་ཕྱིར། ལྷ་དེས་གཅུགས་བྱས་ཏེ་རབ་ཏུ་བསྐུལ་ཡང༌། བདག་ཉིད་ཀྱི་རང་བཞིན་བཟང་པོ་བསྟན་པའི་ཕྱིར་སྨྲས་པ། བདག་ཅག་ལྟ་བུའི་ཚུལ་དེ་ལྟ་བུ་མ་ཡིན་གྱིས། དེ་སྐད་ཅེས་མ་ཟེར་ཅིག །ཕོངས་པ་དག་ལ་དགེ་བ་རྣམས། །སྙིང་རྗེས་སྤྱོད་ཀྱི་ཁེ་ཕྱིར་མིན། །གཞན་གྱིས་ཤེས་སམ་མ་ཤེས་ན། །དེ་ལས་འཁྲུལ་པ་སུ་ཞིག་བྱེད། །གཞན་གྱིས་ཕན་བཏགས་དྲིན་མེད་ན། །ཁོ་བདག་རབ་ཏུ་བསླུས་པར་ཟད། །ཕན་པ་བྱས་པའི་ལན་འདོད་ཕྱིར། །སུ་ཞིག་དེ་ལ་ཕན་འདོགས་ཡོད། །ཕན་འདོགས་པ་ནི་བསོད་ནམས་ཐོབ། །ཕྱི་མའི་ཚེ་ནའང་འབྲས་བུ་ཡོད། །ཚེ་འདི་ལ་ཡང་གྲགས་དང་དཔལ། །གདོན་མི་ཟ་བ་ཐོབ་པར་འགྱུར། །དེ་ལྟར་བསོད་ནམས་བྱས་པ་ལ། །འཁོན་དུ་འཛིན་པ་སུ་ཞིག་ཡོད། །དེ་སྟེ་ཕན་བཏགས་ལན་འདོད་ནའང༌། །བུ་ལོན་ཆགས་བྱས་ཕན་མ་བཏགས། །བདག་གིས་ཕན་བཏགས་ཕ་རོལ་དྲིན་མེད་ཅེས། །གང་ཞིག་དེ་ལ་གནོད་པ་བྱེད་ན་ནི། །ཡོན་ཏན་གྲགས་དང་བཅས་པས་ལུས་བཀྲུས་ནས། །གླང་ཆེན་ཚུལ་དུ་སྤྱད་པར་མི་འགྱུར་རམ། །ཕ་རོལ་ཕོངས་ལ་ཕན་བཏགས་དྲིན་དུ་མི་གཟོ་བ། །ཡོན་ཏན་བྱིན་ཅན་དཔལ་དང་ལྡན་


DTG168_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་མོད། །སེམས་དང་ལྡན་པ་སུ་ཞིག་ཕྱིན་ཆད་ཕན་འདོགས་བྱེད། །བདག་གི་གྲགས་པ་མེད་པར་ཕྱིན་ཆད་རྩོལ་དུ་ཟད། །འདི་ལ་བདག་གིས་འདི་ལྟར་བྱས་ན་རུང་བ་སྙམ། །གང་ལ་དགེ་བའི་ཚུལ་སྤྱད་ཀྱང༌། །གྲོགས་པོའི་ཆོས་ཚུལ་མི་སྣང་ན། །མ་ཁྲོས་རྔམ་པར་མ་གྱུར་པར། །དེ་ནས་བགས་ཀྱིས་གུད་དུ་འགྲོ། །དེ་ནས་ལྷ་དེ་ལེགས་པར་སྨྲས་པ་དེས་ཡིད་མགུ་ནས་ལེགས་སོ་ཞེས་ཡང་དང་ཡང་དུ་བསྔགས་ཏེ། ཚིག་སྙན་པ་དེ་དང་དེ་དག་སྨྲས་པ། ཐོར་གཙུག་ཤིང་ཤུན་གོས་ནི་མེད་པར་ཡང༌། །ཁྱོད་ནི་དྲང་སྲོང་མི་མངོན་དཀའ་ཐུབ་ཅན། །ཆ་ལུགས་ཙམ་གྱིས་ཐུབ་པར་འགྲུབ་མི་འགྱུར། །ཡོན་ཏན་ལྡན་ན་ཡང་དག་ཐུབ་པ་ཡིན། །དེ་སྐད་སྨྲས་ནས་མངོན་པར་དགའ་བར་གྱུར་ཏེ། དེ་ནས་མཆོད་པ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་དགེ་བ་དག་ནི་བསྐུལ་མ་བཏབ་ཀྱང་མ་གོམས་པའི་ཕྱིར་སྡིག་པ་མི་སྤྱོད་དོ། །ཞེས་སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལ་འང་བརྗོད་པར་བྱའོ། །དེ་ལྟར་བཟོད་པ་གོམས་པར་གནས་ན་དགྲ་མང་བར་མི་འགྱུར་ཞིང༌། ཁ་ན་མཐོབ་ཡང་མང་བར་མི་འགྱུར་བ་དང༌། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་བའི་ཕྱིར་བཟོད་པའི་གཏམ་བྱ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་སོ་སོར་བརྟགས་བ་མང་དུ་བྱས་ན། མཁས་པ་རྣམས་རང་གི་ཡོན་ཏན་བཟང་པོ་རྗེས་སུ་བསྲུང་བར་འགྱུར་བའི་ཕྱིར། སོ་སོར་བརྟགས་པའི་ཡོན་ཏན་བསྔགས་པ་ལ་འང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་དང༌། དེ་ལྟར་རང་བཞིན་བཟང་པོ་ལ་གོམས་པར་བྱས་ན། དུད་འགྲོར་གྱུར་ཀྱང་མེད་པར་མི་འགྱུར་རོ། །ཞེས་རང་བཞིན་བཟང་པོ་ལ་གོམས་པར་བྱ་བའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱ་ཤིང་རྟ་མོར་སྐྱེས་པའི་རབས་ཏེ་སུམ་ཅུ་བཞི་པའོ། །སྐྱེས་པའི་རབས་ཀྱི་རྒྱུད་སློབ་དཔོན་དཔའ་བོས་སྦྱར་བ་རྫོགས་སོ། །ཤློ་ཀ་སུམ་སྟོང་ཕྱེད་དང་བཞི་སྟེ་བམ་པོ་བཅུ་གཉིས་མ་ལངས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སི་ཧཾ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲཱི་ཝརྨས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་བའོ།། །།

སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ།
དྷརྨ་ཀཱིརྟི།


DTG168_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཛཱ་ཏ་ཀ་མཱ་ལཱ་ཊཱི་ཀཱ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཐུབ་པའི་ལེགས་སྤྱོད་རྨད་བྱུང་དཔག་མེད་པ། །སྙན་ངག་མཁན་པོ་འཕགས་པ་དཔའ་བོས་བཀོད། །བདག་བློ་ཞན་ཀྱང་གུས་པས་བཤད་པ་ནི། །བློ་ཆུང་དག་ལ་པན་ཕྱིར་རབ་ཏུ་བརྩམས། །དཔལ་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདི་ནི་འོག་ནས་འབྱུང་པའི་སྙན་ངག་མཐའ་དག་གི་བསྡུས་པའི་དོན་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པའི་དབང་དུ་བྱས་ནས་བདག་གིས་སྙན་ངག་འདི་བྱའོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ལས་དང་པོའི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཚོགས་ཏེ། འཁོར་བའི་འཁོར་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པས་སོ། །བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི་རྣམ་པར་གྲོལ་བའི་རྒྱུར་གྱུར་པ་ཡིན་པར་ངེས་པར་གཟུང་ངོ༌། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཀའི་ཕྱོགས་ལ་བརྟེན་པ་ཡིན་ནོ། །གང་དག་ལ་དཔལ་ཡོད་པ་དེ་ནི་དཔལ་ལྡན་ཏེ། གཟི་མདངས་བཟང་པོ་དང་ལྡན་པ་ཡིན་ནོ། །དཔལ་དང༌། འོད་དང༌། འབར་བ་ཞེས་བྱ་བ་ནི་རྣམ་གྲངས་སོ། །འདིར་དཔལ་ཞེས་བྱ་བ་སྨོས་པས་ནི། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་སྟེ། འཁོར་བའི་ལོངས་སྤྱོད་དང༌། འཁོར་ཕུན་སུམ་ཚོགས་པ་བཟུང་སྟེ། སྦྱོར་བ་འདིས་ཞེས་བྱ་བར་སྦྱར་བར་བྱའོ། །ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་པ། །ཞེས་བྱ་བ་ནི་ཡོན་ཏན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་ཡོན་ཏན་དམ་པའོ། །ཡང་ན་ཡོན་ཏན་བཟང་པོ་ཡིན་པས་ཡོན་ཏན་


DTG168_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའོ། །ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ཡིན་པས་སོ། །ཡོངས་བཟུང་ཞེས་བྱ་བ་ནི་འདི་དག་གིས་ཡོངས་སུ་བཟུང་བས་ནའོ། །ཡོན་ཏན་དམ་པ་ཡང་ཡིན་ལ་ཡོངས་སུ་བཟུང་བ་ཡང་ཡིན་པས་ཡོན་ཏན་དམ་པས་ཡོངས་བཟུང་ངོ། །དེ་དག་གི་བཀྲ་ཤིས་ཡིན་པས་ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་སོ། །དེ་ལ་ཡོན་ཏན་ནི་གཞན་ལ་ཕན་པ་ཁ་ན་མ་ཐོ་བ་མེད་པའི་བསོད་ནམས་ལ་འཇུག་པའོ། །གལ་ཏེ་དེ་ནི་དེ་ལྟ་ན་དམ་པ་ཞེས་སྨོས་པ་ཅི་ཞིག་དགོས་ཤེ་ན། བྱང་ཆུབ་སེམས་དཔའ་མ་ཡིན་པ་ཡང་གཞན་ལ་ཕན་པ་ལ་འཇུག་པ་དེ་དག་ནི་བདག་ལ་ཕན་པ་དང་འབྲེལ་པའི་དངོས་པོ་སྟོན་ཅིང་ཡོན་ཏན་གྱི་འབྲས་བུ་ཡོད་པར་གྱུར་པ་སྟེ། གང་ཞིག་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་སྟེ། དེའི་ཡོན་ཏན་ནི་རང་གི་རྒྱུད་ལས་བྱུང་བའི་ཉོན་མོངས་པ་འཇོམས་པའོ། །ཡོངས་སུ་སྔོ་བར་བྱེད་པ་སྟེ། སྔ་མ་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཡོངས་སུ་བཟུང་བ་ཡིན་པས་ན་ཡོངས་སུ་བཟུང་བ་སྟེ། ཡོན་ཏན་དམ་པ་རྣམས་ཀྱིས་ཡོངས་སུ་བཟུང་བས་ན། ཡོན་ཏན་དམ་པས་ཡོངས་བཟུང་ངོ༌། །ཡོན་ཏན་དམ་ཕས་ཡོངས་སུ་གཟུང་བའི་བཀྲ་ཤིས་པ་ནི། ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་པའོ། །བཀྲ་ཤིས་ཞེས་བྱ་བ་ནི། དགེ་ཤིས་དང་དག་བྱེད་དོ། །གྲགས་པའི་གཞིར་གྱུར་ཅེས་བྱ་བ་ནི་གྲགས་པའི་གཞིར་གྱུར་པས་ན་གྲགས་པའི་གཞིར་གྱུར་ཏེ། གྲགས་པའི་གནས་སུ་གྱུར་པ་ཞེས་པའི་དོན་ཏོ། །འདིས་ནི་མངོན་དུ་འགྲོ་བས་དེའི་སྤྱོད་པ་སྟོན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་མ་ཡིན་པ་གཞན་བརྒྱ་བྱིན་དང༌། པ་བསངས་དང༌། སྐེམ་བྱེད་དང༌། ཉེ་དབང་ལ་སོགས་པའི་སྤྱོད་པ་དག་ལ་ཡང་གྲགས་པའི་གཞིར་གྱུར་པ་ཡོད་ཅེ་ན། སྨྲས་པ། མ་སྨད་བཞིན་དུ་ཤིན་ཏུ་ཡིད་དུ་འོང༌། །ཞེས་སྨོས་སོ། །གྲགས་པ་ནི་སྙན་པ་སྟེ་རྣམ་གྲངས་སོ། །མ་སྨད་ཅེས་བྱ་བ་ནི་སྨད་པ་མ་ཡིན་པས་ན་མ་སྨད་པ་སྟེ། དེས་རང་གི་རྒྱུད་བརྒྱན་


DTG168_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཇིག་རྟེན་ལས་འདས་པར་གྱུར་པས་སོ། །ཡང་ན་མ་སྨད་པ་ནི་མཆོད་པར་འོས་པའི་གཞིར་གྱུར་པ་སྟེ་མ་སྨད་པའོ། །དེ་བས་ན་དེ་ཉིད་ཡིད་དུ་འོང་བ་སྟེ། མ་སྨད་ཤིན་ཏུ་ཡིད་འོང་ངོ༌། །འདིས་ནི་སྤྱོད་པ་དེའི་ཡེ་ཤེས་ཀྱི་ཚོགས་གཞན་ལ་ཕན་པར་སྟོན་པ་ཡིན་ནོ། །འཇིག་རྟེན་པ་རྣམས་ལ་ཡང༌། ཤེས་པ་ནི་ཡོད་མོད་ཀྱི་ཚོགས་ནི་མ་ཡིན་ཏེ། འདིས་སངས་རྒྱས་པའི་རྒྱུར་གྱུར་པ་དང༌། སངས་རྒྱས་སུ་འཇོག་པར་བྱེད་པས་ཚོགས་སོ། །ཡིད་འཕྲོག་པར་བྱེད་པས་ཡིད་དུ་འོང་བའོ། །སྐུ་ཚེ་སྔ་མ་རྣམས་སུ་ཞེས་བྱ་བ་ནི་འདི་ལྟར་སྔོན་གྱི་མཐའི་སྐྱེ་བ་ནས་གང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་བརྙེས་པའི་སྐྱེ་བ་དེ་ནི་མཐའི་བར་རོ། །ཐུབ་པ་ཞེས་བྱ་བ་ནི་གསུམ་ཐུབ་བས་ན་ཐུབ་པ་སྟེ། བཅོམ་ལྡན་འདས་སོ། །ཡང་ན་ཉོན་མོངས་པ་སྐྱེ་བ་འགོག་པས་ན་ཐུབ་བའོ། །དེའི་སྤྱོད་པ་ནི་སྤྱོད་པ་སྟེ་ཚུལ་ལོ། །དེའི་སྤྱོད་པ་རྨད་དུ་བྱུང་བ་ཡིན་པས་རྨད་དུ་བྱུང་བ་སྟེ་སྤྱོད་པ་ངོ་མཚར་བའོ། །ཡང་ན་དེའི་སྤྱོད་པ་འདས་པར་གྱུར་པས་ནི་མཐོང་བ་སྟེ། བརྒྱ་ལ་ཞིག་ན་ཉེ་བར་དམིགས་པ་ཡིན་པས་རྨད་དུ་བྱུང་བ་རྣམས་སོ། །གུས་པས་ཞེས་བྱ་བ་ནི་དགའ་ཞིང་ཞེས་པས་ཞེས་བྱའོ། །འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་སྟོན་པ་ཡིན་ནོ། །རང་གི་སྙན་ངག་ཡིན་པས་བདག་གི་སྙན་ངག་གོ །བདག་གི་སྙན་ངག་ཉིད་མེ་ཏོག་ཡིན་པས་བདག་གི་སྙན་ངག་མེ་ཏོག་གོ །མེ་ཏོག་བཞིན་དུ་མེ་ཏོག་གི་མཆོད་པའི་ཡོ་བྱད་ཆོས་མཐུན་པ་ཡིན་པའི་ཕྱིར་ཇི་ལྟར་དེ་མེ་ཏོག་ལ་སོགས་པའི་སྙིམ་པ་སྟེ། བདག་གི་སྙན་ངག་མེ་ཏོག་སྙིམ་པའོ། །སྙིམ་པ་ནི་ལག་པ་གཉིས་སྦྱར་བའོ། །ཡང་ན་མེ་ཏོག་གི་སྙིམ་པ་ཡིན་པས་མེ་ཏོག་སྙིམ་པའོ། །རང་གི་སྙན་ངག་ཉིད་མེ་ཏོག་སྙིམ་པ་ཡིན་པས་ན་བདག་གི་སྙན་ངག་མེ་ཏོག་སྙིམ་པའོ། །དེས་ན་བདག་གི་སྙན་ངག་གི་མེ་ཏོག་སྙིམ་པ་ཞེས་བྱ་བ་འདིས་ནི་མཆོད་པའི་ཡོ་བྱད་ཅུང་ཟད་ཙམ་དུ་བསྟན་ཏེ། མེ་ཏོག་གི་གནས་དག་ལ་སྙན་ངག་ཉེ་བར་བསྟན་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་སྦྱོར་བ་


DTG168_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ། །གྲགས་པའི་མཚན་མར་གྱུར་པ་འདི་རྣམས་ཀྱིས་ཞེས་བྱ་བ་དང༌། འཇིག་རྟེན་དོན་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་སྙན་ངག་བརྩམས་པའི་དགོས་པ་བསྟན་པ་ཡིན་ཏེ། དགོས་པ་དང་དགོས་པ་བྱེད་པ་གཉིས་ཀྱིས་བསྡུས་པའི་དོན་ཏེ། ཚིགས་བཅད་འདི་གཉིས་ནི་བདག་དང་གཞན་གྱི་དོན་མཐའ་དག་འདི་ལས་འབྱུང་བར་བསྟན་ཏོ། །དེ་ལ་གཞན་གྱི་དོན་མཐའ་དག་ལས་བརྩམས་ཏེ། གྲགས་པའི་མཚན་མར་གྱུར་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་བསྟན་ཏེ། འདི་རྣམས་ཀྱི་ཞེས་བྱ་བ་ནི་སྔར་བཤད་པའི་བསོད་ནམས་དང་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་དེས་ན་གྲགས་པ་ཞེས་བྱ་བར་གྲགས་པར་བྱེད་པ་ཡིན་ཏེ་རབ་ཏུ་བསྔགས་པའོ། །ཇི་ལྟར་གྲགས་པ་ཡིན་ཞེ་ན་སྨྲས་པ། མངོན་སྣང་མཚན་མར་གྱུར་པ་ཞེས་སྨོས་ཏེ། སེམས་ཅན་རྣམས་ཀྱི་མངོན་པར་སྣང་བའི་མཚན་མར་གྱུར་པ་སྟེ། འདིས་ནི་གནས་ཀྱི་ཁྱད་པར་གྱི་སྤྱོད་པའི་ཁྱད་པར་བཤད་པ་ཡིན་ནོ། །ཡང་ན་མངོན་པར་སྣང་བ་ཡང་ཡིན་ལ། མཚན་མར་གྱུར་པ་ཡིན་བས་མངོན་སྣང་མཚན་མར་གྱུར་པའོ། །འདིས་ནི་དེའི་སྤྱོད་པ་དག་གིས་སྐྱེ་བོ་ཀུན་ལ་ཕན་པར་སྟོན་པར་བཤད་དེ་བསྡུས་པའི་དོན་ཏོ། །གྲགས་པ་ཞེས་བྱ་བ་ནི་དགེ་ཤིས་སོ། །འདི་རྣམས་ཀྱིས་ཞེས་བྱ་བ་ནི་སྤྱོད་པ་སྟེ་མངོན་སྣང་མཚན་མར་བྱས་པའོ། །དེ་གང་གི་ཞེ་ན། སངས་རྒྱས་ཉིད་ཀྱིའོ། །མཚན་མར་གྱུར་པ་ནི་རྟགས་སུ་གྱུར་པ་དང༌། མཚོན་པར་གྱུར་པའོ། །བདེ་བར་གཤེགས་འགྱུར་ལམ་ཞེས་བྱ་བ་ནི་བདེ་བར་གཤེགས་པར་འགྱུར་བ་ཡིན་པས་བདེ་བར་གཤེགས་འགྱུར་རོ། །མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པའོ། །དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའོ། །ལམ་རྣམས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །གང་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །བསྟན་པ་ནི་བཤད་པ་སྟེ་རབ་ཏུ་སྟོན་པ་ཡིན་ནོ། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་ཞེས་བྱ་བ་ལ། འདིར་ཡང་ཞེས་བྱ་བ་ནི་


DTG168_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དེ་ལྟར་འགྱུར་ཞེས་པ་སྟེ། ཀྱང་གི་སྒྲ་ནི་སྲིད་པའི་ཚུལ་ལོ། །ཡང་ན་ཡིད་ལ་དད་པ་མེད་པ་རྣམས་ཀྱང་དེ་བཞིན་དུ་འགྱུར་བ་སྟེ་གཞན་དག་གི་ཡང་ངོ༌། །འདིར་ཀྱང་གི་སྒྲ་ཡང་སྲིད་པའི་ཚུལ་ཉིད་དོ། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བ་ཞེས་བྱ་བ་ནི་གྲགས་པའི་སྤྱོད་པ་འདི་རྣམས་ཀྱིས་རབ་ཏུ་དགའ་བར་གྱུར་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདིར་ཉན་པ་ཐ་མལ་པ་རྣམས་གང་གི་ཕྱིར་རབ་ཏུ་དགའ་བར་འགྱུར་བ་ཡིན་པས་སོ། །དེས་ན་ཡང་སྐྱེ་བོ་ཐ་མལ་པ་ལ་མངོན་པར་བརྟགས་ནས་འབད་དེ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐྱེ་བོའི་བྱེ་བྲག་ཀྱང་རྣམ་པ་གསུམ་སྟེ། དད་པ་དང་ལྡན་པ་དང༌། དད་པ་ཉམས་པ་དང༌། ཐ་མལ་པའོ། །སྐྱེ་བོ་དེ་གསུམ་ཐ་མལ་པ་ལ་མངོན་པར་བརྟགས་ཤིང་འབད་ནས་བྱའོ་ཞེས་པ་ནི་ཚིགས་བཅད་འདིའི་བསྡུས་པའི་དོན་ཏོ། །དེ་སྐྱེ་བོ་དད་པ་དང་ལྡན་པའི་དབང་དུ་བྱས་ནས། བསྟན་པར་འགྱུར་བ་ནི་བདེ་བར་གཤེགས་འགྱུར་ལམ་རྣམས་གང་ཡིན་ཞེས་བྱ་བས་བསྟན་ཏོ། །དད་པ་ཉམས་པའི་དབང་དུ་བྱས་པ་ནི་ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར་ཞེས་བྱའོ། །ཐ་མལ་པའི་དབང་དུ་བྱས་པ་ནི་ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར་ཞེས་བྱ་བ་ཡིན་ནོ། །དེ་ལ་ཆོས་ནི་ཡན་ལག་བཅུ་གཉིས་བརྗོད་པའི་རྣམ་པའོ། །གཏམ་ཡིན་པས་ན་གཏམ་སྟེ་རབ་ཏུ་དགའ་བའོ། །རབ་ཏུ་ཞེས་བྱ་བ་ནི་ལྷག་པར་ཞེས་བྱ་བ་དང༌། རབ་ཏུ་ཞེས་བྱ་བའི་དབྱེ་བས་སོ། །འགྱུར་ཞེས་བྱ་བ་ནི་འོང་བར་འགྱུར་བའོ། །འཇིག་རྟེན་གྱི་དོན་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་རོ། །མངོན་པར་བརྟགས་ཞེས་བྱ་བ་ནི་བལྟས་ནས་བརྩམས་སོ། །ཞེས་བྱ་བའི་ཚིག་གི་དོན་ནོ། །འབར་ཞེས་བྱ་བ་ནི་ཀུན་ལ་སྦྱར་བར་བྱའོ། །ཐོས་པ་དང་གཙུག་ལག་དང་རིགས་པ་ནི་ཐོས་པ་དང་གཙུག་ལག་རིགས་པ་དག་སྟེ། ཐོས་པ་ནི་ཉན་པའོ། །གཙུག་ལག་ནི་སངས་རྒྱས་ཀྱིས་གསུངས་པའོ། །རིགས་པ་ནི་རིགས་པའི་བསྟན་བཅོས་སོ། །ཡང་ན་རིགས་པ་ནི་ཚད་མའོ། །མི་འགལ་


DTG168_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྐྱོན་དང་བྲལ་བའི་ལམ་དག་གིས་སོ། །འབད་པ་ནི་མངོན་པར་སྤྲོ་བས་སོ། །འཇིག་རྟེན་མཆོག་གི་སྤྱོད་པ་ཞེས་བྱ་བ་ནི་འཇིག་རྟེན་ནི་སྐྱེ་དགུའོ། །མཆོག་ནི་གཙོ་བོའོ། །སྤྱོད་པ་ནི་སྤྱོད་པའོ། །དམ་པ་ཞེས་བྱ་བ་ནི་ལྷག་པའོ། །ཕྱོགས་ཙམ་ཞེས་བྱ་བ་ནི་ཕྱོགས་གཅིག་གོ །མཉན་པར་རུང་བ་ནི་མཉན་དུ་རུང་བའོ། །ཤེས་པར་འགྱུར་བ་ཡིན་པས་ན་ཤེས་པར་རུང་བ་སྟེ། སྙན་ངག་གོ །རྟོགས་པ་ནི་ཉེ་བར་འདུལ་བའི་དོན་དུའོ། །མཉན་པ་ནི་རྣ་བའི་དབང་པོས་སོ། །རུང་བར་བྱ་བ་ནི་དགའ་བར་བྱ་བའོ། །རང་དོན་བརྩོན་པས་ཞེས་བྱ་བ་ལ་རང་གི་དོན་ནི་རང་ལ་ཕན་པའོ། །བརྩོན་པ་ནི་མངོན་པར་བརྩོན་པའོ། །ཡང་གི་སྒྲ་ནི་སྲིད་པའི་ཚུལ་ལོ། །གཞན་དོན་བརྩོན་ཞེས་བྱ་བ་ནི་གཞན་གྱི་དོན་ལ་སྤྱོད་པ་ཡིན་པས་གཞན་དོན་བརྩོན་པའོ། །ཡོན་ཏན་སྒྲུབ་པ་བཟང་པོ་ཞེས་བྱ་བ་ལ་སྒྲུབ་པ་ནི་ཕུན་སུམ་ཚོགས་པའོ། །བཟང་པོ་ནི་བཟང་པོར་གྱུར་པས་སོ། །རྗེས་སུ་མཐུན་མ་གྱུར་ཞེས་བྱ་བ་ནི། དེའི་རྗེས་སུ་མ་གྱུར་ཅེས་བྱའོ། །ཡང་ན་རང་དོན་བརྩོན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེས་ཀྱང་རྗེས་སུ་མཐུན་པར་མ་གྱུར་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པའམ། །སྐྱེད་པར་མི་ནུས་ན་སྐྱེ་བོ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་ཐམས་ཅད་མཁྱེན་པའོ། །འདི་ལྟར་མ་ནོར་བ་ནི་ཕྱིན་ཅི་མ་ལོག་པའོ། །གསལ་བ་ནི་སྣང་བར་གྱུར་པའོ། །གྲགས་པ་ནི་སྙན་པའོ། །ཆོས་དང་དགེ་འདུན་དང་བཅས་པ་ནི་ཆོས་དང་དགེ་འདུན་དང་ལྷན་ཅིག་པའོ། །སྤྱི་བོ་ནི་མགོ་བོའི་གཙུག་གིས་སོ། །འདུད་ཅེས་བྱ་བ་ནི་དེས་ཕྱག་འཚལ་བར་བྱེད་པའོ། །བཅོམ་ལྡན་འདས་དེ་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་བྱམས་པའི་ངོ་བོ་ཉིད་ཡིན་ཞེས་བྱ་བ་ནི་ཕྱོགས་སོ། །འབྱུང་པོ་ཀུན་ལ་དགའ་བཞིན་དུ་གྱུར་པ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་སྐད་ཐོས་ཏེ། བྱང་ཆུབ་སེམས་དཔའ་ཞེས་


DTG168_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་དཔེའོ། །སེམས་ཅན་ཞེས་བྱ་བ་ནི་སྐྱེ་དགུའོ། །ཐམས་ཅད་ནི་ལུས་པ་མེད་པའོ། །རྒྱུ་མེད་པར་ཞེས་བྱ་བ་ནི་དགོས་པ་མེད་པར་རོ། །རབ་ཏུ་ཞེས་བྱ་བ་ནི། ཡང་དག་པར་རབ་ཏུ་དང་བའོ། །བྱམས་པ་ནི་མཉེས་གཤིན་པ་དང་ལྡན་པའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་རང་བཞིན་ནོ། །འབྱུང་པོ་ཀུན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དོ། །བདག་བཞིན་དུ་གྱུར་པ་ཞེས་བྱ་བ་ནི་བདག་དང་མཉམ་པས་སོ། །སྐུ་ཚེ་སྔ་མ་ལ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་དུས་ནའོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་རང་བཞིན་གྱིས་འཇིག་རྟེན་ལ་དེ་བཞིན་ཉིད་དུ་རབ་ཏུ་སྟོན་པ་ཡིན་པས་ན་སངས་རྒྱས་ཀྱི་ཡོན་ཏན་བཤད་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་བས་ན་བཅོམ་ལྡན་འདས་སོ། །དེ་བས་ན་གཙོ་བོ་སྟེ་དམ་པ་དེ་ལ་སེམས་དང་བར་བྱ་བ་ནི་དད་པར་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་དཀོན་མཆོག་གསུམ་མོ། །འདི་སྐད་ཐོས་ཞེས་བྱ་བ་ནི་བཤད་པའོ། །བདག་ཅག་གི་བླ་མ་དཀོན་མཆོག་གསུམ་བླ་མར་བྱེད་པ་གང་ཡིན་པ་དེ་དག་ནི་བླ་མ་དཀོན་མཆོག་གསུམ་བླ་མར་བྱེད་པའོ། །བསྒྲུབ་པའི་ཡོན་ཏན་ནི་ཚུལ་ཁྲིམས་ཀྱིས་བསྒྲུབ་པའི་ཡོན་ཏན་ཏེ། སྐྱོན་མེད་ཅིང་འདྲེན་མར་མ་གྱུར་པས་བླ་མ་རྣམས་ཏེ། སློབ་དཔོན་དང༌། མཁན་པོ་དང༌། འཕགས་པ་དགའ་མགུ་བར་བྱའོ། །ཡོན་ཏན་གྱི་ཚོགས་ནི་ཡོན་ཏན་བསགས་པ་སྟེ་དེས་བདག་ཅག་གི་བླ་མར་གྱུར་པའོ། །མཁན་པོ་དག་གིས་ཡོངས་སུ་བསྒྲགས་པ་ནི་བསྔགས་པར་སྨྲ་བ་དག་བསྟན་པའོ། །འདི་ཞེས་བྱ་བ་ནི་སྟོན་པ་ཡིན་ཏེ། ཅི་ཞིག་སྟོན་པ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔར་གྱུར་པའིའོ། །རྟོགས་པ་བརྗོད་པ་སྤྱོད་པའི་མཚན་མའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །དམ་བཅས་པས་ཁྱད་པར་ཅན་ཞེས་བྱ་བ་དང་པོ་སེམས་བསྐྱེད་པ་དེ་དང་རྗེས་སུ་མཐུན་པ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདིས་སོ། །དམ་


DTG168_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཁྱད་པར་ཅན་ནི་དམ་བཅས་པ་དམ་པའོ། །དེ་གང་ཡིན་ཞེ་ན། སངས་རྒྱས་ཏེ་དེ་དང་མཐུན་པ་ནི་འདྲ་བའོ། །གང་བྱིན་པ་དེ་ནི་སྦྱིན་པའོ། །ཚིག་སྙན་པ་ནི་གཏམ་སྙན་པའོ། །དོན་སྤྱོད་པ་ནི་ཕན་པ་སྤྱོད་པའོ། །སོགས་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་དོན་མཐུན་པ་དང་གཞན་ཡང་ཡོན་ཏན་དག་གོ །དོན་མཐུན་པར་སྤྱོད་པ་ནི་དོན་མཐུན་པ་སྟེ་དགེ་བའི་ཆོས་སོ། །གཞན་ཡང་ཡོན་ཏན་གྱི་ཆོས་རྣམས་ཡོངས་སུ་གཟུང་ངོ༌། །ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཞེས་བྱ་བ་ནི་འདིས་ཡོངས་སུ་བཟུང་བས་ན་ཡོངས་སུ་ཟིན་པ་སྟེ། ཤེས་རབ་ཉིད་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའོ། །ཤེས་རབ་ཀྱིས་བཟུང་བས་ན་སྐྱོན་མེད་པ་སྟེ་མ་སྨད་པའོ་སྙིང་རྗེའི་རྒྱུ་མཐུན་པ་ཞེས་བྱ་བ་ནི་སྙིང་རྗེའི་རྒྱུས་སྙིང་རྗེ་དང་རྗེས་སུ་མཐུན་པ་སྟེ། རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བའི་ཚིག་གོ །ཡོངས་སུ་འཛིན་པ་ནི་མགུ་བར་བྱས་པའོ། །རང་གི་ཆོས་ཡིན་པས་ན་རང་གི་ཆོས་དེ་ལས་རྣམ་པ་དྲུག་གོ །དེ་ཡང་མཆོད་སྦྱིན་དང༌། མཆོད་སྦྱིན་བྱེད་དུ་འཇུག་པ་དང༌། འདོན་པ་དང༌། འདོན་དུ་འཇུག་པ་དང༌། སྦྱིན་པ་དང༌། ལེན་པའོ། །ཆོས་དེ་རྣམས་ལ་མངོན་པར་དགའ་བ་ལས་གྱུར་པའི་རིགས་ཀྱི་གཙང་སྤྲ་སྤྱོད་པ་གང་ཡིན་པ་དེ་ནི་རང་གི་ཆོས་ལ་མངོན་པར་དགའ་བ་ལས་གྱུར་པའི་གཙང་སྤྲའི་སྤྱོད་པ་སྟེ། དེ་ལ་གཙང་སྤྲ་ནི་དག་པའི་སྤྱོད་པ་སྟེ། དག་པར་སྤྱོད་པའི་ཚུལ་ཀུན་ཏུ་སྤྱོད་པའོ། །ཆེན་པོ་ཞེས་བྱ་བ་ནི་རིགས་གཞན་ལ་ལྟོས་པས་ཆེན་པོའོ། །ཇེ་མཐོ་ཇེ་མཐོར་ཞེས་བྱ་བ་ནི་སྐྱེས་ཤིང་སྐྱེས་པ་ནའོ། །ཡང་ན་མཐོ་བའི་རིགས་དེ་ལས་བྱང་ཆུབ་སེམས་དཔའ་མཐོ་བར་གྱུར་པའི་ཕྱིར་རོ། །སྐྱེ་བ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །ཡོངས་སུ་བཟུང་བ་ནི་ཐོབ་པར་བྱས་པའོ། །གྲགས་སོ་ཞེས་བྱ་བ་ནི་མངོན་སུམ་དུ་མ་གྱུར་བའི་ཚིག་གོ །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །སྐྱེས་པའི་ལས་ནི་རུམ་སྐྱེད་པ་དང༌། མིང་གདགས་པ་དང༌། །བཟས་སྦྱིན་པ་དང༌། གཙུག་ཕུད་བྱ་བ་དང༌། ཚངས་སྐུད་གདགས་པ་དང༌། གཙུག་ཕུད་


DTG168_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བ་དང༌། སྐ་རགས་བཅིང་བ་ལ་སོགས་པ་གཟུང་ངོ༌། །སྦྱངས་པ་རིམ་པ་བཞིན་དུ་བྱས་པ་ནི་གོ་རིམས་བཞིན་དུ་བྱས་པའོ། །མངོན་པར་སྐྱེས་པ་ཞེས་བྱ་བ་ནི་མངོན་པར་འཕེལ་བ་ནའོ། །རང་བཞིན་གྱིས་ཡིད་གཞུངས་པ་ནི་ངོ་བོ་ཉིད་ཀྱིས་ཡིད་གཞུངས་པའོ། །མགོན་སྐྱབས་ཀྱི་ཁྱད་པར་ནི་མགོན་སྐྱབས་ཀྱི་སྦྱོར་བའོ། །ཆེད་ཆེར་འཛིན་པ་ཉིད་ལྟ་བ་ཡིན་ཏེ། ཤེས་པ་ལ་གཅིག་ཏུ་ལྟ་བ་ཞེས་བྱ་བའི་དོན་ཏོ། །ལེ་ལོ་ནི་སྙོམ་ལས་ཏེ། དེ་མེད་པ་ནི་ལེ་ལོ་མེད་པ་སྟེ། རིང་པོར་མ་ཐོགས་པས་ཞེས་བྱ་བའི་དོན་ཏོ། །རིག་པའི་གནས་བཅོ་བརྒྱད་ནི་འདི་ལྟ་སྟེ། རོལ་མོ་དང༌། འཁྲིག་ཐབས་དང༌། འཚོ་ཚིས་དང༌། གྲངས་ཅན་དང༌། སྒྲ་དང༌། གསོ་བའི་དཔྱད་དང༌། བཟོ་དང༌། འཕོང་དཔྱད་དང༌། གཏན་ཚིགས་ཀྱི་སྦྱོར་བ་དང༌། རྣལ་འབྱོར་དང༌། ཐོས་ཤིང་དྲན་པ་དང༌། སྐར་མའི་དཔྱད་དང༌། རྩིས་དང༌། མིག་འཕྲུལ་དང༌། སྔོན་གྱི་རབས་དང༌། དེ་བཞིན་དུ་བྱེ་བྲག་པ་དང༌། དོན་གྱི་ཕྲེང་བ་དང༌། རིག་པའི་བསྟན་བཅོས་དང༌། ཡོངས་སུ་བརྟགས་པའོ། །དེ་བཞིན་དུ་ཡང་བདག་གི་རིགས་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ལ་གནས་པ་ལས་མ་འདས་པ་སྟེ། མི་འགལ་བ་ནི་བྲམ་ཟེའི་གནས་པ་ལས་མ་འཁྲུལ་པའོ། སྒྱུ་རྩལ་རྣམས་ཞེས་བྱ་བ་ནི་སྒྱུ་རྩལ་མཐའ་དག་སྟེ། སྙན་ངག་དང༌། གླུ་དབྱངས་དང༌། གླེགས་འདྲ་མཁན་དང༌། འཐབ་མོ་དང༌། རོལ་མོ་དང༌། མཚན་མ་དང། མེ་ཏོག་གི་ལས་ཀྱི་སྦྱོར་བ་དང༌། དམག་གི་བཀོད་པ་དང༌། རྩིས་དང༌། གཡོས་ཀྱི་ལས་དང༌། བུད་མེད་ཀྱི་མཚན་ཉིད་དང༌། སྐྱེས་པའི་མཚན་ཉིད་དང༌། གར་དང༌། ཚོང་དང༌། ཤིང་འཇོག་པ་དང༌། འདྲི་བ་དང༌། རྩིག་པའི་ལས་དང༌། རི་མོའི་ལས་དང༌། སོག་ལེའི་ལས་དང༌། ཁྱིམས་བརྟག་པའི་མཚན་ཉིད་དང༌། མལ་སྟན་གྱི་མཚན་ཉིད་དང༌། རིན་པོ་ཆེ་བརྟག་པ་དང༌། སྐུ་གཟུགས་ཀྱི་མཚན་ཉིད་དང༌། གླང་པོ་ཆེ་བརྟག་པ་དང༌། བཞད་གད་དང༌། བྲོ་གར་དང༌། ལུས་ཀྱི་བསྐུ་


DTG168_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཉེ་དང༌། ལྟས་ཤེས་པ་དང༌། ཧོ་ར་ཛྙཱ་ན་ནོར་སྒྱུར་མཁན་དང༌། གཏེར་ཤེས་པ་དང༌། མཆོད་སྦྱིན་གྱི་ཆོ་ག་ཤེས་པ་དང༌། མཚོན་ཆ་བརྟག་པ་དང༌། ལུགས་ཀྱི་བསྟན་བཅོས་ཤེས་པ་དང༌། མིག་འཕྲུལ་ཤེས་པ་དང༌། བཞོན་པ་དང་ལྷན་ཅིག་སྤྱོད་པ་དང༌། དེ་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའོ། །རང་གི་རིགས་ནི་བྲམ་ཟེའི་རིགས་སོ། །སློབ་དཔོན་དམ་པའི་གོ་འཕང་ནི་སློབ་དཔོན་དམ་པའི་གོ་འཕང་སྟེ། དམ་པའི་ཁྱད་པར་ཐོབ་པར་གྱུར་ཞེས་པའོ། །རིག་བྱེད་ཤེས་ལ་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རིག་བྱེད་ཤེས་ལ་ཞེས་བྱ་བ་དེ་ཚངས་པ་ཤེས་པའོ། །ཚངས་པ་བཞིན་ཞེས་བྱ་བ་ནི་ཚངས་པ་བཞིན་གྱུར་པའོ། །རྒྱལ་པོ་ཞེས་བྱ་བ་ནི་ཇི་ལྟར་ཡུལ་ན་གནས་པའི་རྒྱལ་པོ་བཞིན་དུ་སྐྱེ་དགུ་རྣམས་ལ་མཛེས་པ་ཡིན་ཏེ། བཀུར་བ་ནི་ཞེ་ས་དང་མཆོད་པ་མང་པོས་སོ། །གནས་ནི་སྣོད་དུ་གྱུར་པའོ། །སྐྱེ་དགུ་རྣམས་ནི་དོན་སྤྱོད་པ་སྟེ། སྤྲིན་ལས་ཆར་བབ་པ་ལྟ་བུ་ཡིན་ཏེ། བརྒྱ་བྱིན་ནི་མིག་སྟོང་ལྡན་ནོ། །མངོན་སུམ་ནི་མངོན་སུམ་ཉིད་དོ། །ཤེས་འདོད་རྣམས་ནི་ཤེས་པར་འདོད་པའི་སློབ་མ་རྣམས་སོ། །དོན་སྤྱོད་ནི་ཕན་པར་འདོད་པ་སྟེ། ཇི་ལྟར་བུའི་ཕ་ལྟ་བུར་རོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །སྐལ་བ་དང་ཡོན་ཏན་ཞེས་བྱ་བ་ནི་སྐལ་བ་དང་ཡོན་ཏན་ཏེ། སྐལ་བ་དང་ཡོན་ཏན་ཉིད་ཁྱད་པར་དུ་གྱུར་པ་ཡིན་པའི་ཕྱིར་སྐལ་བ་དང་ཡོན་ཏན་ཁྱད་པར་དུ་གྱུར་པའོ།། དེ་ཡང་དག་པར་སོགས་པ་ཡིན་པས་སྐལ་བ་དང་ཡོན་ཏན་ཁྱད་པར་དུ་གྱུར་པ་དང་ལྡན་པའོ། །སྐལ་བ་ནི་བསོད་ནམས་སོ། །ཡོན་ཏན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ཁྱད་པར་ནི་ལྷག་པའོ། །ལྡན་པ་ནི་མངོན་དུ་བྱས་པའོ། །རྙེད་པ་ནི་དབྱིག་དང་གསེར་ལ་སོགས་པའོ།། བཀུར་སྟི་ནི་མཆོད་པའོ། །ཆེན་པོ་ནི་མང་པོ་སྟེ་མང་པོའི་སྒྲ་ནི་རེ་རེ་ལ་སྦྱར་ན་རྙེད་པ་ཆེན་པོ་དང་བཀུར་སྟི་ཆེན་པོའོ། །གྲགས་པ་ནི་སྙན་པར་གྲགས་པའོ། །ཁྱད་པར་ནི་ཁྱད་པར་དུ་འཕགས་པ་སྟེ་བྱུང་བར་གྱུར་ཏེ་ཞེས་བྱ་བ་ནི་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་


DTG168_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བློ་ནི་སེམས་སོ། །ཆོས་ལ་གོམས་པ་ཞེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཁྱིམ་ན་གནས་པའི་ཆོས་དང༌། མངོན་པར་འབྱུང་བའི་ཆོས་སོ། །ཁྱིམ་ན་གནས་པའི་ཆོས་ལ་གོམས་ཤིང་བསྒོམས་པར་གྱུར་ཀྱང་དེ་རྙེད་པ་ལ་སོགས་པ་དེ་ལ་མངོན་པར་དགའ་བར་མ་གྱུར་ཏེ། རབ་ཏུ་བྱུང་བ་དང་འདྲིས་པར་བྱས་པ་ཞེས་བྱ་བ་རབ་ཏུ་བྱུང་བ་ལ་འདྲིས་པར་བྱས་པས་ནི། བྱང་ཆུབ་སེམས་དཔའ་དེ་རབ་ཏུ་བྱུང་བ་ལ་དགའ་ཞིང༌། དེ་ལ་དགའ་བར་མ་གྱུར་པ་ནི། མངོན་པར་དགའ་བ་མེད་པ་ཡིན་ནོ། །སྔོན་གྱི་སྤྱོད་པས་དེ་བློ་ཡོངས་སུ་དག །ཅེས་བྱ་བ་ནི་སྐྱེ་བ་གཞན་དག་ལ་དེས་ཡོངས་སུ་དག་པར་བྱས་པ་སྟེ། གང་གིས་བློ་ཡོངས་སུ་དག་པ་དེ་ནི་བློ་ཡོངས་སུ་དག་པའོ། །འདོད་པར་བྱ་བ་ཡིན་པས་འདོད་པ་རྣམས་སོ། །མངོན་པ་ནི་རྟོགས་པའོ། །སྐྱོན་མང་ཞེས་བྱ་བ་ནི་བསགས་པ་དང༌། བསྲུངས་པ་དང༌། ཉེ་བར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པའི་མངོན་པའི་ཉེས་པས་སོ། །ཁྱིམ་ན་གནས་པ་ནད་བཞིན་ཡོངས་སྤངས་ནས་ཞེས་བྱ་བ་ནི་ནད་ནི་མི་བདེ་བའོ། །ཡོངས་སུ་སྤངས་པ་ནི་ཡོངས་སུ་དོར་བའོ། །ནགས་ཚལ་གནས་ཤིང་ཞེས་བྱ་བ་ནི་ནགས་ཀྱི་ཕྱོགས་གཅིག་གོ །བརྒྱན་པར་གྱུར་ཞེས་བྱ་བ་ནི་སྡུད་པའོ། །དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེར་ནི་ཞེས་བྱ་བ་ནི་ནགས་ཀྱི་གནས་དེར་རོ། །ཆགས་མེད་ཅེས་བྱ་བ་ནི་ཞེན་པ་མེད་པ་སྟེ། ཆགས་པ་མེད་པར་གྱུར་པའི་ཕྱིར་ཆགས་པ་མེད་པའོ། །དེ་ཡིས་ཞེས་བྱ་བ་ནི་ཆགས་པ་མེད་པ་དེ་ཡིས་ཞེས་འདྲེན་པ་ཡིན་ནོ། །ཤེས་རབ་ཡོངས་སུ་སྦྱངས་པ་ནི་ཤེས་རབ་དག་པའོ། །ཞི་བ་ནི་ཉེ་བར་ཞི་བའོ། །མིའི་འཇིག་རྟེན་ཞེས་བྱ་བ་ནི་མིའི་འཇིག་རྟེན་དུའོ། །དམ་པ་ནི་གཞུང་ལུགས་སྟོན་པར་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་རྗེས་སུ་སྤྱོད་པ་སྟེ། རྗེས་སུ་འཇུག་ཅིང་དབང་པོ་སྡོམ་པའོ། །བྲལ་བ་ནི་མེད་པར་གྱུར་པའོ། །ངན་པ་ནི་འཇིག་རྟེན་ངན་པ་བཞིན་དུ་སྤྱོད་པ་སྟེ། ངན་པ་བྱེད་པ་ཡིན་པས་


DTG168_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་སྤྱོད་པའོ། །ཆགས་པ་ནི་ཞེན་པའོ། །བཟློག་པ་ནི་བསལ་བའོ། །བྱམས་པའི་རང་བཞིན་ཞེས་བྱ་བ་ནི་བྱམས་པའི་ངོ་བོ་ཉིད་ཀྱིས་སོ། །རབ་ཞི་ཞེས་བྱ་བ་ནི་ཉེ་བར་ཞི་བ་ཉིད་དོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་འོ། །རྣམ་པར་བརླན་པ་ཞེས་བྱ་བ་ནི་རྣམ་པར་བརླན་ཅིང་འཇོག་པའོ། །སེམས་མཐུན་ཞིང་ཞེས་བྱ་བ་ནི་མི་མཐུན་པ་མེད་པའོ། །ཕན་ཚུན་ནི་གཅིག་ལ་གཅིག་གོ །གནོད་པ་མེད་པ་ཞེས་བྱ་བ་ནི་ལྡོག་པ་སྟེ། དེ་གང་ལས་ལྡོག་པ་ཡིན་ཞེ་ན། གནོད་པའི་དངོས་པོ་སྟེ་ཀུན་ནས་གནོད་པའི་སེམས་ལས་སོ། །དཀའ་ཐུབ་ཅན་ཞེས་བྱ་བ་ནི་དྲང་སྲོང་བཞིན་ནོ། །གཅན་གཟན་ཁྲོ་བོ་ནི་སེང་གེ་དང༌། སྟག་དང༌། དོམ་ལ་སོགས་པའོ། །སྤྱོད་ཅེས་བྱ་བ་ནི་སྤྱོད་པ་དང་ལྡན་པའོ། །སྤྱོད་པ་དག་པ་ནི་གཞུང་ལུགས་དག་པའོ། །ཡང་ན་སྤྱོད་པ་དག་པ་ནི་བདུན་ལས་ལྡོག་པའོ། །དབང་པོ་དུལ་བ་ཞེས་བྱ་བ་ནི་དབང་པོ་དམ་པར་བསྡམས་པའོ། །ཆོ་ག་ཤེས་པ་ནི་ངན་དོན་ཙམ་གྱིས་ཆོ་ག་ཤེས་པའོ། །བཟའ་བ་དང་བགོ་བ་ལ་སོགས་པའི་རྒྱུས་སོ། །སྙིང་རྗེའི་ཡོན་ཏན་ཞེས་བྱ་བ་ནི་གོམས་པས་སོ། །འཇིག་རྟེན་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྐྱེ་བོ་ནི་དེ་ན་གནས་པའི་སྐྱེ་བོ་ལ་བརྗོད་དོ། །མ་འདྲིས་པ་ནི་ཡོངས་སུ་འདྲིས་པར་མ་གྱུར་པའོ། །འང་གི་སྒྲ་ནི་སྲིད་པའི་དོན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སྐྱེ་བོ་ལ་བྱམས་པར་གྱུར་པ་དེ་བཞིན་དུ་མ་འདྲིས་པའི་སྐྱེ་བོ་དང་བྱང་ཆུབ་སེམས་དཔའ་དེ་ལ་བྱམས་པར་གྱུར་ཏོ། །འདོད་པ་ཆུང་བ་ནི་ཡོངས་སུ་བཟུང་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། ཆོག་ཤེས་པའོ། །ངན་གཡོ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟིའི་ཆེད་དུ་སྤྱོད་ལམ་འཆོས་པའོ། །མི་ཤེས་པ་ནི་མངོན་པར་མི་ཤེས་པའོ། །ཆགས་པ་ནི། རྙེད་པ་དང༌། གྲགས་པ་དང༌། བདེ་བ་དག་ལའོ། །འདིས་ནི་ཆགས་པ་མེད་པར་བསྟན་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ལྷ་རྣམས་ཀྱི་ཡིད་ཀྱང་མགུ་བར་གྱུར་པས་དང་ཞིང་གུས་པ་ལ་རབ་ཏུ་གཞོལ་བ་ནི་རྗེས་སུ་མཐུན་པའོ།།


DTG168_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི་བྱེད་པ་དང་ལྡན་པའོ། །དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རབ་ཏུ་བྱུང་བ་ནི་རྟགས་དང་ལྡན་པར་བྱས་ཞེས་བྱ་བའི་དོན་ཏོ། །མིས་ཞེས་བྱ་བ་ནི་སྐྱེ་བོས་སོ། །ཐོས་ཏེ་ཞེས་བྱ་བ་ནི་རྣ་བའི་དབང་པོ་གཏད་པ་ལས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །ཡོན་ཏན་ཞེས་བྱ་བ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། དེས་པ་ལ་སོགས་པའོ། །སེམས་དྲངས་ནས་ཞེས་བྱ་བ་ནི་ཡོན་ཏན་འཛིན་པར་བྱེད་པ་སེམས་ཡིན་པས་སོ། །རྣམ་སྤངས་ཏེ་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །དེ་གང་ཡིན་ཞེ་ན། གཉེན་དང་ཡོངས་སུ་བཟུང་བ་སྟེ། གཉེན་ནི་ཕ་དང་མ་དང་འབྲེལ་པའོ། །ཡོངས་སུ་བཟུང་བ་ནི། དབྱིག་དང༌། གསེར་དང༌། གླང་པོ་ཆེ་ལ་སོགས་པའོ། །དེའི་སློབ་མ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེའི་སློབ་མར་ཉེ་བར་ཁས་བླངས་པའོ། །ཇི་ལྟར་ཞེ་ན། འདི་ལྟར་དངོས་གྲུབ་གྲུབ་པ་ལྟ་བུར་རོ། །ཡང་ན་དེའི་སློབ་མ་ནི། དངོས་གྲུབ་བཞིན་དུ་སྟེ་བྱ་བ་རྣམས་གྲུབ་པ་བཞིན་དུའོ། །གྱུར་པ་ནི་ཐོབ་པའོ། །ཚུལ་ཁྲིམས་ནི་སོ་སོ་ཐར་པའི་སྡོམ་པའོ། །གཙང་བ་བསླབ་པའི་གཞི་ཡང་དག་པར་བསྲུང་བ་ལ་སོགས་པའོ། །དབང་པོ་དུལ་བ་ནི་དང་པ་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །བསྒོམ་པ་ནི་གོམས་པའི་སྦྱོར་བས་སོ། །དྲན་པ་ཞེས་སྨོས་པས་ནི་དྲན་པ་ཉེ་བར་གཞག་པ་གཟུང་ངོ༌། །མ་ཉམས་པ་ནི་དྲན་པ་མངོན་དུ་འགྲོ་བས་དྲན་པ་ཉེ་བར་གནས་པའོ། །རབ་ཏུ་དབེན་པ་ནི་རབ་ཏུ་དབེན་པར་བྱས་པ་སྟེ། ལུས་ངག་ཡིད་གསུམ་རྣམས་དབེན་པར་གནས་པས་སོ། །བྱམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་གཟུང་ངོ༌། །ཡིད་ནི་སེམས་སོ། །ཏིང་ངེ་འཛིན་ནི་བསམ་གཏན་ནོ། །ཅི་ནུས་ཞེས་བྱ་བ་ནི་གང་གང་ལ་ཅི་ནུས་པ་སྟེ་ཇི་ལྟར་ནུས་པའོ། །དང་པོ་ཚུལ་ཁྲིམས་ལ་གཞག་པར་སྟོན་ཏོ། །ཚུལ་ཁྲིམས་ལ་གནས་ནས་དབང་པོའི་སྒོ་སྡོམ་པའོ། །དེ་ལ་སོགས་པའི་རིམ་པ་ཇི་ལྟར་འཚམ་བ་བཞིན་དུ་ཅི་ནུས་པ་སྟེ། སྟོབས་ཇི་ལྟ་བ་བཞིན་དུ་རྗེས་སུ་སྟོན་པ་ཞེས་བྱ་བའི་དོན་ཏོ། །སློབ་མ་


DTG168_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་ཡིན་ཞེ་ན། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ལ། བདག་ཉིད་ཆེན་པོ་གང་ལ་ཡོད་པ་དེ་ལ་བདག་ཉིད་ཆེན་པོ་སྟེ། ཚུལ་ཁྲིམས་ལ་སོགས་པ་ཡོད་པའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རེ་ཞིག་ཅེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །སློབ་མའི་ཚོགས་ཞེས་བྱ་བ་ནི་སློབ་མ་འདུས་པ་རྣམས་སོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུའོ། །ཡོངས་སུ་རྫོགས་པ་ནི་བྱ་བ་རྣམས་མཐར་ཕྱིན་པའོ། །རྒྱ་ཆེ་བ་ནི་ཡངས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དགེ་བ་ནི་དེས་དག་པའོ། །ལས་ནི་ལམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རབ་ཏུ་བཀོད་པ་ནི་རྣམ་པར་གཞག་པའོ། །འཇིག་རྟེན་པ་རྣམས་ཞེས་བྱ་བ་ནི་སློབ་མའི་མཆོག་ཏུ་བཟུང་བ་ཡིན་ནོ། །ཡང་ན་འཇིག་རྟེན་པ་ཐ་མལ་པའོ། །ངེས་པ་ནི་མྱ་ངན་ལས་འདས་པའོ། །ངེས་བའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ཉིད་སྦྱར་བར་བྱའོ། །བཙུད་པ་ནི་ཡང་དག་པར་ཞུགས་པར་བྱས་པས་སོ། །ངན་སོང་ནི་དམྱལ་བ་དང༌། དུད་འགོ་དང༌། ཡི་དགས་ལ་སོགས་པའོ། །སྒོ་ནི་འཇུག་པར་བྱེད་པ་སྟེ། བཅད་པ་ནི་བཀག་པའོ། །བདེ་འགྲོ་ཞེས་བྱ་བ་ནི་མཛེས་པར་འགྲོ་བས་བདེ་འགྲོའོ། །ཡང་ན་ལྷ་དང་མིའི་མྱ་ངན་ལས་འདས་པའོ། །ལམ་པོ་ཆེ་སྟེ་རྒྱལ་པོའི་ལམ་སྲང་བཞིན་དུ་ཞེས་བྱ་བ་ནི་དཔེས་ཉེ་བར་འཇལ་བ་སྟེ། ཇི་ལྟར་བྲམ་ཟེའི་ཁྱེའུ་སེང་གེ་ལྟ་བུའོ། །བྱས་ནས་ཞེས་བྱ་བ་ནི་བྱས་པར་གྱུར་ནས་ཞེས་པ་ཡིན་ནོ། །ཚེ་འདི་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལའོ། །བདེ་བ་སྤྱད་པའི་ཕྱིར་ཞེས་བྱ་བ་ནི་ཚངས་པའི་གནས་པ་བཞི་སྟེ། དེ་ཡང་གཅིག་ཏུ་བདེ་བ་ཡིན་པས་དེས་གནས་པའི་ཕྱིར་སྤྱོད་པའོ། །དེའི་ཚེ་ཞེས་བྱ་བ་ནི་སེམས་ཅན་གདུལ་བྱ་རྣམས་འདུལ་བའི་ཚེའོ། །ཡང་ན་དེའི་ཚེ་ཞེས་པ་ནི་སློབ་མ་སྨིན་པའི་ཚེ་ནའོ། །སློབ་མའི་ངང་ཚུལ་ཅན་ཡིན་པས་ན་སློབ་མའོ། །མ་ཕམ་པ་ནི་བྱམས་པ་འདིའོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །རྣལ་འབྱོར་དང་མཐུན་པ་ནི་ཞིག་ནས་དང་ལྷག་མཐོང་དང་


DTG168_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པའི་གནས་སོ། །རི་སུལ་ནི་རིའི་སྨན་ལྗོངས་དང༌། ཕུག་དང་ཚང་ཚིང་དང་བཅས་པའོ། །གནས་ཤིང་སྤྱོད་པ་ནི་སྤྱོད་ཅིང་འདུག་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །རིའི་ཁྲོད་ནི་རིའི་ཁྲོད་དེ་སུལ་དག་གོ །དེ་ན་ནི་ཞེས་བྱ་བ་ནི་དེའི་ཚེ་ནའོ། །སྟག་མོ་ནི་སྟག་མོ་ཉིད་དོ། །ཕྲུ་གུ་འབྲངས་བར་གྱུར་པ་ཞེས་བྱ་བ་ནི་བཙས་པར་གྱུར་པའོ། །བཙས་པའི་ནད་ཀྱིས་སྡུག་བསྔལ་བ་ཉིད་ནི་ཉོན་མོངས་པའོ། །སྐྱོན་ནི་དེའི་སྐྱོན་གྱིས་ལྟོགས་ཤིང་དེས་ཤིན་ཏུ་གཟིར་བའི་སྡུག་བསྔལ་གྱི་དབང་དུ་གྱུར་ཏེའོ། །སྤྱོད་པ་ཉམས་པར་གྱུར་ཞེས་བྱ་བ་ནི་འགྲོ་བ་ཉམས་པ་སྟེ་མི་ནུས་པར་གྱུར་པའི་ཕྱིར་རོ། །མཐོང་བ་ནི་ཤེས་པའོ། །གང་ལ་མིག་ཟུང་ཡོང་པ་དེ་ནི་མིག་གཉིས་ལྟ་བའོ། །ལྟ་བ་ནི་མིག་གོ །གཉིས་ནི་ཟུང་ངོ༌། །ཞན་པར་གྱུར་པ་ནི་མིག་ཕུགས་སུ་ཞུགས་པའོ། །བཀྲེས་པ་ནི་ཟ་བར་འདོད་པའོ། །ལྟོ་བ་ནི་གསུས་པ་སྟེ་རབ་ཏུ་རྙོང་བ་ནི་རབ་ཏུ་ཞུམ་པར་གྱུར་པ་སྟེ། བཙས་པའི་ནད་ཀྱིས་ལྟོ་རབ་ཏུ་ཞུམ་པར་གྱུར་པའོ། །ཁ་ཟས་ཞེས་བྱ་བ་ནི་བཟའ་བ་བཞིན་དུ་མཐོང་བར་གྱུར་པས་སོ། །དེ་གང་ཡིན་ཞེ་ན། ཕྲུ་གུ་དེ་ཤིན་ཏུ་གཞོན་པའི་གཟུགས་ཅན་ནོ། །བདག་གི་ཞེས་བྱ་བ་ནི་རང་གིའོ། །བུ་ཞེས་བྱ་བ་ནི་རང་ལས་སྐྱེས་པའོ། །མ་ཞེས་བྱ་བ་ནི་འཛིན་པའོ། །ཡིད་གཅུགས་འཇིགས་མེད་ཅེས་བྱ་བ་ནི་དོགས་པ་མེད་པར་རོ། །ནུ་ཞོ་ནི། ནུ་མ་ནས་འོང་བའོ། །འདོད་ཕྱིར་ཞེས་བྱ་བ་ནི་སྲེད་པ་སྟེ། འཐུང་བར་འདོད་པའོ། །ལྷགས་པ་ཞེས་བྱ་བ་ནི་ཉེ་བར་ཕྱིན་པའོ། །སྟག་སྐད་ཅེས་བྱ་བ་ནི་སྐད་རྩུབ་པའོ། །ཉེར་ཉེར་སྐད་འབྱིན་ཅིང་ཞེས་བྱ་བ་ནི་སྒྲའི་ཁྱད་པར་ལས་བྱ་བ་ཡིན་ཏེ། འཇིགས་སུ་རུང་བས་བསྡིགས་པ་དང་སྐྲོད་པའོ། །གཞན་གྱི་ཞེས་བྱ་བ་ནི། ཕ་རོལ་གྱིའོ། །བཞིན་ཞེས་བྱ་བ་ནི། དཔེས་ཉེ་བར་འཇལ་བའོ། །བྱང་ཆུབ་སེམས་དཔས་སྟག་མོ་དེ་མཐོང་ནས། །བརྟན་ཡང་སྙིང་རྗེའི་དབང་གྱུར་བས། །ཞེས་བྱ་བ་ནི་བརྩེ་བའི་དབང་དུ་གྱུར་པས་འབར་བར་གྱུར་པའོ། །ཅིའི་ཕྱིར་འདར་ཞེ་ན། གཞན་གྱི་སྡུག་བསྔལ་གྱིས་སོ། །ཇི་ལྟར་འདར་ཞེ་ན། ས་གཡོས་པའི་ལྗོན་ཤིང་ལྟ་བུར་རོ། །ས་ནི་འབྱུང་བའི་


DTG168_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནོ། །ལྗོན་ཤིང་ནི་ཤིང་སྟེ། ཇི་ལྟར་ས་གཡོས་པ་ན། ཤིང་འགུལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཞན་གྱི་སྡུག་བསྔལ་གྱིས་འདར་རོ་ཞེས་བྱ་བའི་དོན་ནོ། །བདག་གི་སྡུག་བསྔལ་ཞེས་བྱ་བ་ནི་རང་གི་སྡུག་བསྔལ་ཆེན་པོ་ལ་ཡང་བརྟན་པས་ཡི་ཆད་པ་དང། སྒྱིད་ལུག་པ་སྤངས་པ་ཡིན་ནོ། །སྙིང་རྗེའི་བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་དུ་གྱུར་པའོ། །གཞན་གྱི་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །ཆུང་དུ་ནི་ཅུང་ཟད་ཙམ་གྱིས་ཀྱང་ངོ༌། །སྡུག་བསྔལ་ནི་ཕོངས་པའོ། །འདར་བར་གྱུར་པ་ཞེས་བྱ་བ་ནི་གནོད་པར་གྱུར་པའོ། །དེ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རྨད་དོ་ཞེས་བྱ་བ་ནི་ངོ་མཚར་རོ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བྱང་ཆུབ་སེམས་དཔའ་བརྟབས་ཤིང་རིངས་པའི་ཚིག་གང་ཡིན་པ་དེ་ནི་རིངས་རིངས་སྐད་དུ་སྨྲ་བའི་ཚིག་བཟླས་པ་སྟེ། ཇི་ལྟ་བུ་ཞེས་བྱ་བ་ལྟ་བུའོ། །རང་བཞིན་ཁྱད་པར་ཅན་གསལ་བ་ཞེས་བྱ་བ་ལ་རང་བཞིན་ནི་ངོ་བོ་ཉིད་དོ། །ཁྱད་པར་ཅན་ནི་དམ་པའོ། །གསལ་བར་སྟོན་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ། །སྙིང་རྗེ་ནི་བརྩེ་བའོ། །དབང་གིས་ཞེས་བྱ་བ་ནི་སྤྲོ་བས་སོ། །ཚིག་གི་འབྲུ་ཞེས་བྱ་བ་ནི་ཡི་གེའོ། །གསལ་བ་ཞེས་བྱ་བ་ནི་སེམས་མ་འཁྲུལ་པའོ། །སློབ་མ་ནི་མ་ཕམ་པའོ། །སྨྲས་པ་ནི་བསྟན་པའོ། །བུ་བུ་ཞེས་བྱ་བ་ནི་རྟག་པར་ཟློས་པའོ། །འཁོར་བ་ནི་འཁོར་བར་བྱེད་པས་ན་འཁོར་བའོ། །ཡོན་ཏན་མེད་པ་ཞེས་བྱ་བ་ནི་ཡོན་ཏན་ཕྱིར་རྒོལ་བར་གྱུར་པས་སོ། །ལྟོས་ཞེས་བྱ་བ་ནི་ལྟོས་ཤིག་ཅེས་པའོ། །གཅན་གཟན་མོ་ཞེས་བྱ་བ་ནི་གཅན་གཟན་གྱི་རིགས་སོ། །བྱམས་པ་ནི་བརྩེ་ཞིང་དགའ་བ་དང་རྗེས་སུ་འབྲེལ་བའོ། །མཚམས་ནི་རྣམ་པར་གནས་པའོ། །འདས་པ་ནི་བརྒལ་བའོ། །བདག་གི་བུ་ཞེས་བྱ་བ་ནི་རང་གི་བུའོ། །འདི་སྐད་བསྟན་ཏེ། བྱམས་པའི་མཚམས་སུ་བྱས་པ་སྟེ། སྟག་མོ་གང་ཡིན་པ་དེས་འདས་པར་བྱས་ཞེས་པའོ། །ཨེ་མ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །ཀྱི་ཧུད་ཅེས་བྱ་བ་ནི་སྐྱོ་བ་དང་རྗེས་སུ་བརྩེ་བས་སོ། །ཀྱི་ཧུད་ཅེས་བྱ་བ་ནི། དཀའ་བས་སོ། །བདག་ལ་བྱམས་པ་ནི་བདག་ལ་དགའ་བའོ། །མི་བཅད་དོ་


DTG168_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྙིང་རྗེ་མེད་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གིས་སོ། །མ་ནི་སྐྱེད་པར་བྱེད་པའོ། །ཡང་གི་སྒྲ་ནི་སྲིད་པའི་ཚུལ་ལོ། །བུ་ནི་བུའོ། །བཟའ་བ་ནི་ཟ་བའོ། །འདོད་པ་ནི་མངོན་པར་འདོད་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུས་སོ། །འདི་འདྲའི་ཞེས་བྱ་བ་ནི་བུ་ཟ་བར་འདོད་པ་དེའི་ལས་སྟོན་པར་བྱེད་པ་ཡིན་ནོ། །ལས་ནི་བྱ་བའོ། །ཀྱང་གི་སྒྲ་ནི་སྲིད་པ་ཉིད་དོ། །བྱེད་པ་ནི་བྱེད་པར་གྱུར་པའོ། །རྩོལ་བ་དེ་ལྟ་བུ་ཞེས་བྱ་བ་ནི་རབ་ཏུ་གནས་པ་དང༌། འབད་པ་དང་འཇུག་པའོ། །བདག་ལ་བྱམས་པ་ནི་བདག་ལ་དགའ་བའོ། །འདི་ཞེས་བྱ་བ་ནི་ཉེ་བར་སྟོན་པ་ཡིན་ནོ། །དགྲ་ནི་ཤ་ཁོན་ཅན་ནོ། །སུ་ཞིག་ཅེས་བྱ་བ་ཇི་ལྟར་ཞེས་པའོ། །འཕེལ་བར་བྱེད་པ་ནི་སྐྱེད་པར་བྱེད་པའོ། །ཡོད་ཅེས་བྱ་བ་ནི་འོས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། བུ་ཟ་བར་འདོད་པ་དེ་བས་ན་ཆོལ་ཅིག་པའོ། །མྱུར་དུ་ཞེས་བྱ་བ་ནི་རིངས་པར་རོ། །ཚོལ་ཅིག་པ་ནི་བཙལ་བ་སྟེ། དེས་བུ་ཟ་བར་མི་འགྱུར་བ་དེ་ལྟར་ཚོལ་ཅིག་པའོ། །གང་ཞིག་ནས་ཞེས་བྱ་བ་ནི་ཇི་ལྟར་ཡོང་ངོ༌། །འདི་ཞེས་བྱ་བ་ནི་སྟག་མོའོ། །བཀྲེན་པའི་སྡུག་བསྔལ་ནི་ཞེས་བྱ་བ་ནི་འདོད་པའི་ཚོལ་བའོ། །བསལ་བ་ནི་གསོ་བའོ། །རྒྱུ་ནི་རྒྱུ་ཉིད་དོ། །ཇི་ལྟར་མོ་བདག་དང་ཕྲུ་གུ་རྣམས་མ་རུང་བར་མི་འགྱུར་བར་ཞེས་བྱ་བ་ནི་སྟག་མོ་དང་ཕྲུ་གུ་གཉིས་ཏེ། བུ་དང་བདག་ཉིད་མ་རུངས་པར་མ་གྱུར་པ་ཞེས་བྱ་བ་ནི་འཆི་བར་མ་གྱུར་པའོ། །དགག་པ་གཉིས་སྨོས་པ་ནི་དོན་གྱི་རང་བཞིན་སྨོས་པར་བྱེད་པ་སྟེ། འཚེ་བ་ཉིད་ཀྱིས་འཆི་བར་མི་འགྱུར་བའོ། །མོ་བདག་ལ་གནོད་པ་ནི་བུ་བསད་པའི་སྡིག་པས་འཇིག་རྟེན་ཕ་རོལ་དུ་ངན་སོང་དུ་འགྲོ་བའོ། །བདག་ཀྱང་འདི་ཞེས་བྱ་བ་འདིས་ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ཀྱི་སྦྱིན་པ་ཡིན་པ་ལ་བསམས་ནས་སྨྲས་པའོ། །དེས་ཞེས་བྱ་བ་ནི་སློབ་མའོ། །དེ་བཞིན་དུ་བགྱིའོ་ཞེས་ནས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལས་དེའོ། །མཉན་ཏེ་ཞེས་བྱ་བ་ནི་མཉན་ནས་སོ། །དེའི་ཟས་ཞེས་བྱ་བ་ནི་སྟག་མོ་དང་སྦྱར་རོ། །ཚོལ་བ་ནི་བཙལ་བའོ། །འབད་པ་ནི་ནན་ཏན་ཏེ། དེ་བྱས་པར་གྱུར་ཏོ་ཞེས་བྱ་བའི་དོན་


DTG168_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱིར་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །སློབ་མ་དེ་ཞེས་བྱ་བ་ནི་མ་ཕམ་པའོ། །སྙད་བཏགས་ཏེ་ཞེས་བྱ་བའི་དོན་དང་ལྡན་པར་བྱས་ཏེའོ། །བཏང་བ་ནི་གཞན་དུ་བཏང་བའོ། །བསམས་པ་ནི་བསམས་པ་ལ་ཞུགས་པའོ། །ཡོད་བཞིན་དུ་ཞེས་བྱ་བ་ནི་ལྡན་བཞིན་དུའོ། །ཚང་བ་ཞེས་བྱ་བ་ནི་མ་ལུས་པའོ། །ཚང་བ་ཞེས་སྨོས་པ་ནི་གཞན་དག་འདི་ལྟར་མ་གྱུར་པའི་ཕྱིར་ཏེ། ལ་ལ་ཡན་ལག་མ་ཚང་བ་ལས་ནི་ཡོངས་སུ་གཏོང་བ་དང་ལྡན་པ་ཡིན་ནོ་ཞེས་མི་འཛིན་པས་སོ། །ལུས་ནི་འཇིག་པའི་བདག་ཉིད་པས་ལུས་སོ། །ཅི་ཕྱིར་ཞེས་བྱ་བ་ནི་ཅིའི་རྒྱུས་སོ། །གཞན་ལ་ཞེས་བྱ་བ་ནི་གཞན་དག་གི་སྟེ་ཤའོ། །བཙལ་བ་ནི་བསླང་བར་བྱ་བའོ། །དེ་ཞེས་བྱ་བ་ནི་སློབ་མས་ཀྱང་ངོ༌། །གཏོལ་མེད་ཅེས་བྱ་བ་ནི་གློ་བུར་དུ་རྙེད་དམ་མི་རྙེད་མ་ངེས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བདག་གི་དགོས་པ་ཞེས་བྱ་བ་ནི་རྙེད་པ་ཕུན་སུམ་ཚོགས་པའོ། །དགོས་པ་མི་འགྲུབ་སྲིད་ཅེས་བྱ་བ་ནི་བྱ་བ་མི་འགྲུབ་ཅིང་འཇིག་པར་འགྱུར་ཞེས་བྱའོ། །གཉིས་སུ་ན་ཞེས་བྱ་བ་ནི་གཞན་ཡང་ངོ༌། །བདག་མེད་ཅེས་བྱ་བ་ནི་བདག་དང་བྲལ་བའོ། །འཇིག་ལ་ཞེས་བྱ་བ་ནི་འཇིག་པའི་ངོ་བོ་ཉིད་ཡིན་པས་སོ། །སྙིང་པོ་མེད་པ་ནི་སྙིང་པོ་མེད་པའི་བདག་ཉིད་དེ་ཆུ་ཤིང་གི་སྡོང་པོ་ལྟ་བུའོ། །སྡུག་བསྔལ་ཞེས་བྱ་བ་ནི་གནོད་པ་སྣ་ཚོགས་ཀྱི་གཞིར་གྱུར་པ་ཡིན་པས་སྡུག་བསྔལ་ལོ། །དྲིན་མེད་ཅེས་བྱ་བ་ནི་གང་ཕན་པ་བྱས་པ་གང་ཡིན་པ་དེ་ཡང་འཇིག་པར་བྱེད་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །མི་གཙང་བ་ནི་ཕྱིས་དང༌། གཅིན་དང༌། མཆིལ་མ་ལ་སོགས་པ་འཛག་པའི་ཕྱིར་མི་གཙང་བའོ། །ལུས་ནི་ལུས་སོ། །གཞན་ལ་ཞེས་བྱ་བ་ནི་གཞན་གྱི་དོན་དུའོ། །ཕན་ཐོགས་པར་གྱུར་པ་ནི་ཉེ་བར་སྦྱོར་བར་གྱུར་པའོ། །དགའ་བར་མི་འགྱུར་བ་ནི་དགའ་བར་གྱུར་པའོ། །མཁས་པ་ནི་རྟོགས་པའོ། །བདག་ནི་བདེ་བ་ལ་ཆགས་ཞེས་བྱ་བ་ནི་རང་གི་བདེ་བ་ལ་ཞེན་པའོ། །གཞན་གྱི་སྡུག་བསྔལ་ཡལ་


DTG168_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོར་བ་ནི་ཐ་མལ་པར་འདུག་པ་ཉིད་དོ། །མཐུ་མེད་དམ་ཞེས་བྱ་བ་ནི། སྦྲོ་བ་ཉམས་པའོ། །དམ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཉི་གར་བརྟག་པའོ། །གཞན་གྱི་སྡུག་བསྔལ་ཞེས་བྱ་བ་ནི་དེ་གཞན་ལ་སྡུག་བསྔལ་ཡོད་པ་སྟེ། འདི་ལྟར་གཞན་དག་སྡུག་བསྔལ་བས་སྡུག་བསྔལ་བདག་ལ་བདེ་བ་མེད་དོ། །ནུས་པ་ཡོད་བཞིན་དུ་ཞེས་བྱ་བ་ནི་སྐྱེས་བུའི་བྱེད་པ་སྟེ། འདི་ལྟར་ལུས་ཡོངས་སུ་གཏོང་བའོ། །ཅི་སྟེ་ཞེས་བྱ་བ་ནི་ཅིའི་ཕྱིར་ཡལ་བར་འདོར་བར་བྱེད་ཅེས་བྱ་བ་ཡིན་ནོ། །ནུས་པ་ཡོད་བཞིན་ཞེས་བྱ་བ་ནི་ལྡན་པ་སྟེ་སྐྱེས་བུའི་བྱེད་པའོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །གལ་ཏེ་ཡལ་བོར་ཞེས་བྱ་བ་སྟེ། །གལ་ཏེ་ཐ་མལ་པར་བདག་འདུག་ནའོ། །གསོད་པའི་དགྲ་ནི་ཕས་ཀྱི་དགྲ་སྟེ་གསོད་པར་འདོད་པའོ། །སྡུག་བསྔལ་བྱིང་བ་ཞེས་བྱ་བ་ནི་ཕོངས་པར་བྱིང་བ་ཞེས་བྱ་བའི་དོན་ཏོ། །སྡིག་པ་བྱས་པ་བཞིན་ཞེས་བྱ་བ་ནི་བདག་གིས་ཏེ་ཕྱི་ནས་ཡིད་ལ་གཅགས་པའི་ཕྱིར་རོ། །བདག་གི་སེམས་ནི་རང་གི་སེམས་སོ། །དེ་འགྱོད་པའི་མི་དེས་སེམས་ཀུན་ཏུ་ཚིག་པ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། འདི་ལྟར་མེ་ཆེན་པོས་འདམ་བུའམ་རྩྭ་དག་ཚིག་པ་ཡིན་ནོ། །དེ་བས་ཞེས་བྱ་བ་ནི་དེའི་ཕྱིར་རོ། །བསྲུང་བར་བྱ་བ་ནི་བསྲུང་བའོ། །ལུས་ཞེས་བྱ་བ་ལ། ཀ་ཞེས་བྱ་བའི་སྒྲ་ངན་པར་བསྟན་ཏོ། །གཡང་སར་ལྷུང་བ་ལ་ཐུག་པ་ཡིན་པས་དེའི་ཕྱིར་གང་གི་སྲོག་ཐུག་པ་ཡོད་པ་སྟེ་ལུས་ཀྱིའོ། །ཐུག་པ་ཞེས་བྱ་བ་ནི་ཉེ་བར་འདོད་པའི་སྲོག་དང་ལྡན་པའི་ལུས་ཞེས་བྱ་བའི་དོན་ཏོ། །ཕྲུ་གུ་བསྲུང་བ་ནི་ཕྲུ་གུ་གསོད་པ་ལས་སོ། །གཅན་མོ་ནི་སྟག་མོའོ། །དེའི་ཕྲུ་གུ་ནི་དེའི་བུའོ། །གཞན་ཡང་ཞེས་བྱ་བ་ནི་གཞན་ཡང་ཡོད་པར་བསྟན་པའོ། །ཡང་ན་གཞན་ཡང་ཞེས་བྱ་བ་ནི་འདི་ལྟར་ཡང་བསྟན་པ་ཡིན་ཏེ། འདི་ལྟར་མདོའི་ཚིག་བསྟན་པ་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །སྤྲོ་བ་བསྐྱེད་པ་ནི་ཡང་དག་པར་གཟེངས་བསྟོད་པའོ། །དེ་ལ་བསྟན་པ་ནི་རབ་ཏུ་བཤད་པའོ། །གང་ལ་བཤད་པ་ཡིན་ཞེ་ན། གང་འཇིག་རྟེན་ལ་ཕན་པར་བརྩོན་པ་རྣམས་སོ། །འཇིག་རྟེན་ནི་སེམས་ཅན་ནོ། །ཕན་བརྩོན་ནི་ཕན་འདོགས་པར་བྱེད་པའོ། །བརྩོན་འགྲུས་ཞན་པ་ནི་


DTG168_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་སྟེ། ཕ་རོལ་གནོན་པ་ཞན་པ་དང༌། སྤྲོ་བ་ཆུང་བ་རྣམས་སོ། །དགའ་བ་བསྐྱེད་པ་ནི་ཚིམ་པར་བྱ་བའོ། །སུ་ཞེ་ན། གང་ཞིག་སྦྱིན་པ་གཏོང་ཕོད་པ་སྟེ། དེ་གང་ཡིན་ཞེ་ན། མགོན་མེད་ཟས་སྦྱིན་ལ་སོགས་པའོ། །གཏོང་བ་ནི་བཏང་བའོ། །ཕོད་པ་ནི་རླབས་ཆེ་བ་ཉིད་དོ། །སྐྱེ་བོ་དམ་པ་ཞེས་བྱ་བ་ནི་བག་ཡོད་པ་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་དང་སྐྱེས་བུ་དམ་པ་དག་གོ །ཡིད་དྲང་བ་ནི་འདྲེན་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་སེམས་འདྲེན་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ།། ཡང་ན་བདག་ལས་སྐྱེས་པ་ནི་བུ་བུ་ལས་བསྟན་པ་ནི་རབ་ཏུ་སྟོན་པའོ། །བརྩོན་པ་ནི་འབད་པའོ། །སྤྲོ་བ་བསྐྱེད་པ་ནི་གཟེངས་བསྟོད་པའོ། །ཡིད་དྲང་བ་ནི་ཡིད་དྲང་བར་བྱ་བའོ། །བདུད་ནི་འདོད་པའི་ལྷའོ། །ཆེན་པོ་ནི་མང་པོ་ཉིད་དོ། །སྡེ་ནི་ཚོགས་སོ། །སྤ་བཀོང་བ་ནི་སེམས་ཞུམ་པར་བྱ་བའོ། །ཡང་ན་སྤ་བཀོང་བ་ནི་ཡིད་སྐྱོ་བར་བྱ་བའོ། །སངས་རྒྱས་ཀྱི་ཡོན་ཏན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །གཞན་ཡང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མཐའ་དག་གོ །དགའ་བ་ནི་ཡོན་ཏན་ལ་དགའ་བའོ། །དང་བ་ནི་སེམས་དང་བའོ།། གང་དེ་དག་ལ་མངོན་པར་དད་པ་དང་མ་དད་པ་རྣམས་ཀྱང་དང་བར་འགྱུར་རོ། །བདག་གི་དོན་བརྩོན་ཞེས་བྱ་བ་ནི་བདག་གི་དོན་ལ་གཞོལ་བའོ། །ངོ་ཚ་ཞེས་བྱ་བ་ནི་ངོ་ཚའི་གནས་ཀྱིས་སོ། །འཇུངས་དང་འདོད་ཆེན་ཞེས་བྱ་བ་ལ། འཇུངས་པ་ནི་ཀུན་ཏུ་བཟུང་བའི་ཡོ་བྱད་ཀྱི་ཚོགས་ཡོངས་སུ་མི་གཏོང་བའི་དང་ཚུལ་ལོ། །འདོད་ཆེན་ཞེས་བྱ་བ་ནི་ཞེན་པས་གཟུང་བ་སྟེ། བཟུང་བ་དང་རྗེས་སུ་འབྲེལ་པའོ། །དེ་ལྟར་དེས་ནི་འཇུངས་པ་དང་འདོད་ཆེན་པའི་སེམས་ཉེ་བར་བཅོམ་པ་ཡིན་ཏེ། ངོ་ཚ་བསྐྱེད་པར་གྱུར་པ་ཡིན་ནོ། །དད་པ་བསྐྱེད་པ་ནི་དང་བར་བྱེད་པ་ཡིན་ཏེ། སུ་དག་ཅེ་ན། ཐེག་པ་མཆོག་ལ་བརྟེན་པ་རྣམས་སོ། །ཐེག་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ། །མཆོག་གི་སྒྲ་ནི་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་བཟུང་ངོ༌། །བརྟེན་པ་རྣམས་ཀྱང་ཐེག་པ་གསུམ་ལ་བརྟེན་པ་དད་པའོ། །ངོ་མཚར་


DTG168_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་བྱ་བ་ནི་ཡ་མཚན་མེད་པ་སྟེ། སུ་ཞིག་ཅེ་ན། གཏོང་བ་བྱས་པ་རྣམས་ཀྱི་སྟེ། སྦྱིན་པ་ཆུང་དུས་སྙེམས་པ་དེ་རྣམས་ཀྱི་ངོ་མཚར་གཞིག་པའོ། །སྤྱང་ཕྱིར་ཞེས་བྱ་བ་ནི་དག་པར་བྱ་བའི་ཕྱིར་ཏེ། གང་གི་ཞེ་ན། མཐོ་རིས་ལམ་ཆེན་ཞེས་བྱ་བ་ཡིན་ནོ། །གཏོད་ལ་དགའ་བ་ཞེས་བྱ་བ་ནི་སྦྱིན་པར་འདོད་པ་རྣམས་ཏེ། སུ་དག་ཅེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་རྟུལ་ཕོད་པ་རྣམས་སོ། །གཏོང་ལ་དགའ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་མཐའ་དག་ལ་དེ་བས་ལུས་ཀྱིས་ཡོངས་སུ་བསྲུང་བར་བྱ་ཞེས་སྦྱར་རོ། །དེའི་འབྲས་བུ་ཡོད་པར་བྱ་བ་ནི་དེ་འབྲས་བུ་གང་ཡིན་པ་དེ་འབྲས་བུ་དང་བཅས་པར་བྱ་བ་སྟེ། ཡིད་ལ་སེམས་པའི་སྨོན་ལམ་མོ། །བྱང་ཆུབ་མཆོག་ཀྱང་བདག་གིས་ཉེ་བར་བྱ། །ཞེས་བྱ་བ་ནི་བདག་གིས་བྱའོ་ཞེས་སྦྱར་རོ། །དེ་བས་ལུས་ཀྱིས་ཡོངས་སུ་བསྲུང་བར་བྱ་བའི་དང་པོའོ། །ཚིགས་སུ་བཅད་པ་ལྔས་ནི་རིམ་པ་བཞིན་དུ་དཔྱད་པས་དུས་གསུམ་གྱི་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར་མངོན་པར་བརྟག་ཅིང་ངེས་པར་བྱས་པ་སྟེ། རང་གི་ལུས་བཏང་བས་སྟག་མོ་དང་སྟག་ཕྲུག་གཉིས་ཡང་དག་པར་བསྲུངས་པ་ནི་ད་ལྟར་གྱི་གཞན་གྱི་དོན་ནོ། །འཇིག་རྟེན་ཕན་བརྩོན་རྣམས་ལ་བསྟན་ཞེས་པའི་དང་པོའི་ཚིགས་བཅད་གསུམ་གྱིས་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བསྟན་ཏོ། །ཕུན་སུམ་ཚོགས་པ་བསྐྱེད་པ་ལ་མངོན་པར་བརྟགས་ནས་ལུས་ཙམ་གྱིས་ཀྱང་ནམ་ཞིག་ཕན་ཐོགས་པར་གྱུར་ཞེས་བྱ་བ་ལ་སོགས་པས་ནི་འདས་པའི་དུས་ཀྱི་ལུས་ཀྱིས་གཞན་ལ་ཕན་པར་བྱ་བ་ཡིན་ནོ། །སྨོན་ལམ་ནི་འདོད་པའི་དོན་ནོ། །འབྲས་བུ་ཡོད་པར་བྱ་བའི་ཕྱིར་ཡང་བདག་གི་ལུས་གཏང་བར་བྱ་སྟེ། དེ་ཡིས་བསམས་པའི་སྨོན་ལམ་འདས་པར་གྱུར་པ་ཡིན་པས་དེའི་སྨོན་ལམ་སྒྲུབ་པ་ནི་འདས་པའི་སེམས་ཅན་རྣམས་ཀྱི་དོན་ཞེས་བརྗོད་དོ། །བྱང་ཆུབ་མཆོག་ཀྱང་ཉེ་བར་བྱ་ཞེས་བྱ་བ་འདི་ལ་ཀྱང་གི་སྒྲ་ནི་གཞན་གྱི་སྒྲ་མ་ཡིན་པར་སྟོན་ཏོ། །བྱང་ཆུབ་ཀྱི་མཆོག་ཐོབ་པ་ནི་གཞན་གྱི་དོན་བྱ་བས་སོ། །འགྲན་ཕྱིར་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། མཐོང་བའི་ཆོས་དང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་འབྲས་བུར་བཅས་པ་


DTG168_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་པའི་ཕྱིར་བདག་གིས་བྱས་པ་མ་ཡིན་པར་སྟོན་ཏོ། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །ཞེས་བྱ་བ་སྟེ། འཇིག་རྟེན་རྣམས་ནི་གཞན་ཕལ་ཆེར་ཟིལ་གྱིས་གནོན་པ་དང༌། བདག་ཉིད་ཀྱི་ཡོན་ཏན་འབྱུང་བའི་ཕྱིར་དགེ་བ་རྣམས་ལ་བརྩོན་པར་བྱེད་དེ་གཉི་ག་མ་ཡིན་པའི་ཕྱིར་འགྲན་ཕྱིར་མ་ཡིན་གྲགས་པའི་དོན་ཕྱིར་མིན་ཞེས་བྱའོ། །འདི་གཉིས་ཀྱིས་ནི་མངོན་པར་མཐོ་བ་འདོད་པ་མ་ཡིན་པར་སྟོན་ཏོ། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །ཞེས་བྱ་བ་སྟེ། འདི་གཉིས་ཀྱིས་ནི་མངོན་པར་མཐོ་བའི་ལྷར་སྐྱེ་བ་དང༌། མི་རིགས་ཁྱད་པར་ཅན་དུ་སྐྱེ་བ་མི་འདོད་པར་བསྟན་ཏོ། །བདག་གིས་བདེ་བ་མཆོག་ནི་ཐོབ་ཕྱིར་མིན། །ཞེས་བྱ་བ་འདིས་ནི་ངེས་པར་ལེགས་པ་དོན་དུ་མི་གཉེར་བ་ཡིན། བདག་གིས་བདེ་བ་མཆོག་ཅེས་བྱ་བ་ནི་བདག་བདེ་བ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ཏེ། དེ་ལ་ཡང་བརྩོན་པར་མི་བྱེད་དོ་ཞེས་པ་སྟེ། སྨྲས་པ། གཞན་དོན་སྒྲུབ་ཕྱིར་ཞེས་བྱ་བ་སྨོས་ཏེ། གཞན་དོན་བསྒྲུབ་པ་ཞེས་བྱ་བ་བཤད་པའི་གཞན་དོན་སྒྲུབ་པ་དེ་གང་ཡིན་ཞེ་ན། གཞན་གྱི་དོན་སྒྲུབ་པ་སྟེ། གཞན་གྱི་དོན་སྒྲུབ་པའི་རྣམ་པ་དོན་དུ་གཉེར་བའོ། །དེ་བས་བདག་ནི་ཞེས་བྱ་བས་ན་མཐོང་ཞིང་ཐོས་སམ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་མངོན་པར་མཐོ་བ་ལས་བརྩམས་ཏེ། འདིས་ཞེས་བྱ་བ་ནི་རང་གི་ལུས་སྦྱིན་པའི་དགེ་བས་སོ། །དུས་གཅིག་ཏུ་ཞེས་བྱ་བ་ནི་ཅིག་ཅར་སྡུག་བསྔལ་བསལ་བ་དང་བདེ་བ་འབྱུང་བར་གྱུར་ཅིག་པའོ། །མངོན་པར་མཐོ་བ་ལས་བརྩམས་ཏེ། མཐོང་ཞིང་ཐོས་སམ་ཞེས་བྱ་བའི་ཚིགས་སུ་བཅད་པ་ལ། རེག་གམ་ཞེས་བྱ་བ་ནི་ལུས་དང་ངོ༌། །གཏམ་དུ་བརྗོད་པར་གྱུར་ཀྱང་ཞེས་བྱ་བ་ནི་ཆོས་བསྟན་པ་དང་མཉན་པས་སོ། །རྣམ་ཀུན་ཏུ་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྐྱེད་ཅིང་འཕེལ་བ་དང༌། ནུས་པར་ལྡན་ཞིང་རྣམ་པར་གྲོལ་བའི་མཚན་ཉིད་ནི། རྣམ་པ་ཀུན་ཏུ་ཕན་པའོ། །ཁྲོས་ཤིང་ངོ་མཚར་སྐྱེས་ནས་ཞེས་བྱ་བ་ལ། ཁྲོས་ཤིང་ངོ་མཚར་སྐྱེས་པ་ནི་ཅི་ཞིག་ཅེས་ལངས་ནས་བྲོས་ཏེ་གཞན་དག་གི་ཕྲུ་གུ་ཟོས་པར་དོགས་པ་དང༌། ལྟོགས་པས་ཟ་བར་འདོད་པ་ཡང་བཏང་སྟེའོ། །ཉེ་བར་འོངས་ཏེ་ཞེས་པ་ནི་དྲུང་དུ་ཕྱིན་པའོ། །བརྩམས་པ་ནི་


DTG168_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པའོ། །དེ་སྤྱོད་པ་ཞེས་བྱ་བ་ནི་དེའི་ལས་ཁྱད་པར་ཅན་ནོ། །ལས་ཁྱད་པར་ཅན་དེས་ངོ་མཚར་བ་དེ་ནི་སྤྱོད་པ་ཁྱད་པར་ཅན་ངོ་མཚར་རོ། །དེ་བས་ན་མྱ་ངན་དང་སྡུག་བསྔལ་ནི་མྱ་ངན་དང་སྡུག་བསྔལ་ཏེ། མྱ་ངན་ནི་བླ་མ་སྡུག་པ་དང་བྲལ་བས་སོ། །སྡུག་བསྔལ་ནི་མྱ་ངན་གྱིས་ཀུན་ནས་བསླང་བ་སྟེ། ལུས་དང་སེམས་ཀྱི་སྡུག་བསྔལ་ལོ། །དེ་གཉིས་ཀྱི་ཤུགས་ཀྱིས་ཡང་དག་པར་བསྐྱེད་པའོ། །བཏང་བ་ནི་སྤངས་པ་སྟེ། གང་གི་མྱ་ངན་དང་སྡུག་བསྔལ་གྱི་ཤུགས་བཏང་བ་གང་ཡིན་པ་དེ་ནི་མྱ་ངན་དང་སྡུག་བསྔལ་གྱི་ཤུགས་བཏང་བའོ། །ཀྱེ་མའོ་སྡུག་བསྔལ་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱི་བྱེད་པས་ནི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སེམས་ཅན་ལ་བརྩེ་བའི་སྙིང་རྗེའི་བསམ་པ་དང༌། དེ་ལ་ཆགས་པ་མེད་པའི་ཤེས་རབ་སྟེ། དེ་གཉི་ག་བྱང་ཆུབ་ཀྱི་རྩ་བ་སྟེ། དེ་བས་ནི་འདི་དང་པོར་སྨོས་པས་ནི་བྱང་ཆུབ་སེམས་དཔའོ། །གཞན་གྱི་ཞེས་བྱ་བ་འདི་ནི་གཉིས་པོ་འདི་ཡིན་ཏེ། དེའི་དབང་དུ་བྱས་ནས། གཉིས་པའི་ཚིགས་བཅད་ཕྱེད་ཀྱིས་དོན་དམ་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་དང་ལྡན་པ་ནི་ངོ་མཚར་གྱི་བྱ་བ་ཡིན་ཏེ། ངོ་མཚར་དུ་བྱས་པར་གྱུར་པས་སོ། །གཞན་གྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདིའི་ཕྱེད་ཀྱིས་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་དང༌། བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འོག་མ་ཕྱེད་ཀྱིས་ནི་དེའི་འབྲས་བུ་སྨིན་པ་ཡིན་ནོ། །ཕྱག་གི་གནས་ཞེས་བྱ་བ་ནི་རྟེན་དུ་གྱུར་པའོ། །དེ་ནས་རང་བཞིན་ཞི་བ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་བྱང་ཆུབ་སེམས་དཔའ་བདག་གི་རྒྱུད་རབ་ཏུ་སྟོན་ཏོ། །རང་བཞིན་ཞི་བ་ཉིད་ནི་ས་བཞིན་དུ་བརྟན་པ་ཡིན་ཏེ། མི་བཟོད་པ་མེད་པའི་རྒྱུས་སོ། །མི་བཟོད་པ་མེད་པ་འདིས་ནི་མྱུར་དུ་བྱེད་པ་སྟོན་པ་ཡིན་ནོ། །སྐྱོན་དུ་གྱུར་པ་ཡིན་པས་དང་པོ་དེའི་སྡུག་བསྔལ་སྐྱེ་བ་ནི་མེད་དོ། །མགོན་པོ་འདིས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདིས་ནི་འགྲོ་བའི་དགྲ་དང་བདུད་འདི་གཉིས་ཏེ། དེ་གཉིས་ཀྱི་བྱེ་བྲག་དང་ལྡན་པའོ། །གཞན་གྱིས་ཕམ་གྱིས་དོགས་པའི་བདུད་དག་


DTG168_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། །ཞེས་བྱ་བ་ཡིན་ཏེ། བདུད་ཀྱང་གཞན་གྱིས་ཕམ་དུ་དོགས་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་གཞན་གྱིས་ཕམ་དུ་དོགས་པའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ་ཞེས་བྱ་བ་འདི་ནི་བསྟན་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་ཞེ་ན། ཐུགས་རྗེ་ཤིན་ཏུ་རླབས་ཆེ་བ་དང༌། སྙིང་སྟོབས་དཔག་ཏུ་མེད་པས་སོ། །སྙིང་སྟོབས་དཔག་ཏུ་མེད་པ་ནི་ཤེས་རབ་དཔག་ཏུ་མེད་པའོ། །དེ་གཉི་གའི་སྦྱོར་བ་དོན་ཇི་ལྟ་བ་བཞིན་ཡོད་པས་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་དོན་ཇི་ལྟ་བ་ཉིད་དོ། །སློབ་མ་ཞེས་སྨོས་པ་ནི་མི་དག་བཟུང་སྟེ། དེ་ན་གཞན་མི་དག་མེད་པས་སོ། །དྲི་ཟ་དང་གནོད་སྦྱིན་ཞེས་བྱ་བ་ནི་གཤོལ་མདའ་འཛིན་པ་ལ་སོགས་པའི་རིའི་བར་དག་ལ་གནས་པས་སོ། །ཀླུ་ཞེས་སྨོས་པས་ནི། འདི་ནས་འོག་ན་གནས་པའི་སྤྲུལ་གཟུང་ངོ༌། །སུམ་ཅུ་རྩ་གསུམ་གྱི་བདག་པོ་ཞེས་སྨོས་པས་རི་རབ་ལ་གནས་པ་རྣམས་གཟུང་ངོ༌། །དེ་དག་གིས་སྐུ་གདུང་གི་སྟེང་དུ་ས་གཞི་ཐམས་ཅད་གཡོགས་པར་གྱུར་པ་སྟེ། ཕྲེང་བ་ལ་སོགས་པ་སྨོས་པས་ནི་གོས་དང་ཡོ་བྱད་རྣམས་གཟུང་ངོ༌། །རྒྱན་ཞེས་སྨོས་པས་ནི་ཡོ་བྱད་དེ། དྲི་ཞིམ་པོའི་ཡོ་བྱད་དང། གོས་ཀྱི་ཡོ་བྱད་དང༌། ཕྲེང་བ་དང༌། གོས་དང༌། རྒྱན་དང༌། རྒྱན་གྱི་ཡོ་བྱད་རྣམས་སོ། །ཙནྡན་གྱི་ཕྱེ་མ་ནི་དྲི་ཞིམ་པོའི་ཡོ་བྱད་དོ། །དེ་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱིས་མངོན་པར་མཆོད་དེ། མཆོད་པའི་ཡོ་བྱད་རྣམས་ཀྱིས་དེ་ཉིད་དུ་སློབ་མ་ལ་སོགས་པས་མཆོད་པ་བྱས་པའོ། །རབ་ཏུ་དད་པར་བྱའོ་ཞེས་བྱ་བ་ནི་མ་དད་པ་རྣམས་ཀྱི་དབང་དུ་བྱས་པའོ། །དད་པ་སྐྱེད་པ་རྣམས་ཀྱིས་ནི་དགའ་བ་སྐྱེད་པ་ཞེས་པ་ནི། དད་པ་རྣམས་ཕྱིར་ཞིང་ཉེ་བར་འགྲོ་བར་བྱ་བའི་ཕྱིར་བསྟན་པར་བྱའོ། །གནས་ནི་གནས་སུ་གྱུར་པ་སྟེ། དད་པ་དང་དགེ་པའི་ཚས་སྐྱེ་བའི་གནས་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་གནས་ཏེ། གནས་དེ་དག་ལ་དད་པར་བྱའོ། །དེ་ལྟར་གནས་དེ་ལ་དད་པར་བྱས་ནས་ཆོས་ལ་རིམ་གྲོ་བསྐྱེད་ཅིང་ཆོས་མཉན་པར་བྱས་ཏེ་རབ་ཏུ་བྱེད་པ་སྒྲུབ་པ་དང༌། ངོ་བོ་ཉིད་ཁྱད་པར་ཅན་སྒྲུབ་པ་ལ་འབད་དེ་གནས་པར་བྱའོ་ཞེས་པ་


DTG168_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་ཀྱི་མདོ་དང་མཐུན་པའི་རྒྱ་ཆེར་བཤད་པ་ལས་སྟག་མོའི་སྐྱེས་པའི་རབས་ཏེ་དང་པོའོ།། །།དཔག་ཏུ་མེད་པའི་དུས་ནས་གོམས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས་པའོ། །བསོད་ནམས་ཀྱི་ལས་བྱས་ཤིང་འདྲིས་པ་ཞེས་བྱ་བ་ནི་སྦྱིན་པའི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་ནུས་པའི་འབྲས་བུ་ཡིན་ཏེ། བསོད་ནམས་ཀྱི་ལས་བརྟག་པ་དང་གུས་པར་བྱེད་པའི་སྦྱོར་པ་གཉིས་ཀྱིས་ནི་དོན་གཉིས་འགྲུབ་པ་ཡིན་ནོ། །རྟག་ཏུ་སྦྱོར་པས་ནི་བསོད་ནམས་ཀྱི་ལས་རྒྱུ་མཐུན་པའི་འབྲས་བུ་སྦྱོར་བ་ཡིན། ཏ། རྟག་པར་བྱེད་པའི་བག་ཆགས་ཀྱིས་ཕྱིས་ཀྱང་བསོད་ནམས་ཀྱི་བྱ་བ་མངོན་པར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །གུས་པར་བྱ་བའི་སྦྱོར་བས་ནི་བསོད་ནམས་ཀྱི་ལས་རྒྱ་ཆེར་སོགས་ཤིང་རྣམ་པར་སྨིན་པའི་འབྲས་བུ་སྦྱིན་པའི་ངེས་པར་འབྱུང་བར་འགྱུར་རོ། །དེ་ཡང་བསོད་ནམས་ཀྱི་ལས་གོམས་ཤིང་འདྲིས་པར་བྱས་པ་སྟེ། དཔག་ཏུ་མེད་པའི་དུས་ནས་གོམས་པར་བྱས་པས་སོ། །བསོད་ནམས་ཞེས་སྨོས་པས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ༌། །དེ་བས་ན་དེ་ཉིད་ཀྱིས་རྒྱལ་པོ་ཉིད་དུ་གྱུར་པ་ཡིན་ཏེ། བསོད་ནམས་ཀྱི་འབྲས་བུའི་སྟོབས་ཀྱིས་སོ། །རྒྱལ་པོ་དག་གི་བུ་བཞིན་དུ་ཞེས་བྱ་བ་ནི་རང་གི་སྐྱེ་བོ་བཞིན་དུ་སྐྱེ་དགུ་སྐྱོང་བར་གྱུར་པའོ། །ཡོན་ཏན་ཅི་དང་ལྡན་པས་ཡོངས་སུ་སྐྱོང་ཞེ་ན། དེ་ཉིད་སྨྲས་པ། བྱིས་པ་ནས་རྒན་པོ་ལ་བསྙེན་བཀུར་བྱེད་པ་ཞེས་བྱ་བའི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་སོ། །གང་དག་སྐྱོང་བར་གྱུར་ཞེ་ན། རང་གི་ཚོགས་དང་གཞན་གྱི་ཚོགས་གཉིས་ཏེ། རང་གི་ཚོགས་ཀྱི་སྐྱེ་བོ་སྐྱོང་བར་བྱེད་པ་ནི་རྒན་པ་ལ་སོགས་པ་ལ་བསྙེན་བཀུར་བྱ་བ་ལ་དགའ་བ་དང༌། རྗེ་བློན་བྱམས་པ་དང༌། ཡིད་གཞུངས་པ་སྟེ། འདིས་ནི་རིགས་པ་རྟོགས་ཤིང་བློ་དྲི་མ་མེད་པར་གྱུར་པའོ། །གཞན་གྱི་ཚོགས་ཀྱི་སྐྱེ་བོ་སྐྱོང་བར་བྱེད་པ་ནི་ནུས་པ་གསུམ་དང་ལྡན་པ་དང༌། སྐལ་བ་ཕུན་སུམ་ཚོགས་པ་དང༌། དེས་ན་དེ་ཉིད་ཀྱི་ཚིག་གིས་ནི་ལུགས་ཀྱི་བསྟན་བཅོས་དང་གཉིས་སུ་དབྱེར་མེད་པ་ཡིན་ནོ། །ཡང་ན་འཁོར་གསུམ་དང་རྗེས་སུ་མཐུན་པའི་ཡོན་ཏན་གྱི་ཚོགས་


DTG168_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དེ་བསྟན་པའི་ཕྱིར་རྒན་པ་ལ་བསྙེན་བཀུར་བྱེད་པ་ལ་སོགས་པའི་ཡོན་ཏན་འདི་དག་བསྟན་ཏེ། ཆོས་ཀྱི་ཡོན་ཏན་དང་ནུས་པ་གསུམ་གྱི་ཡོན་ཏན་དང༌། དོན་གྱི་ཡོན་ཏན་དང༌། སྐལ་བ་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། དད་པའི་ཡོན་ཏན་ནོ། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར་ཅེས་བྱ་བ་འདིས་ནི་ཇི་ལྟར་ཡོད་པའི་ཡོན་ཏན་དང་ལྡན་པ་དེ་དག་ཀྱང་ལྷན་ཅིག་ཏུ་གནས་པར་གྱུར་པ་ཡིན་པར་བསྟན་ཏོ། །དངོས་པོ་ཐམས་ཅད་ནི་དངོས་པོ་ཇི་སྲིད་པས་མ་ལུས་པའི་ཡོན་ཏན་ཡོད་པར་གྱུར་པ་སྟེ། ཆོས་དང་དོན་དང་འདོད་པ་ཕན་ཚུན་འགལ་བ་ཡིན་ཡང་དེའི་ཡོན་ཏན་འགལ་ཞིང་འཁྲུག་པས་གཙེས་པ་མེད་པར་གྱུར། ཞེས་པའི་དོན་ཏོ། །མ་དུལ་འཕྱར་བ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་ཞེ་སྡང་དང༌། གཏི་མུག་དང༌། འདོད་ཆགས་ཀྱི་ཉེས་པས་མ་རུངས་པར་བྱས་པས་མ་དུལ་བ་ལ་སོགས་པའོ། །གསུམ་དུ་གྱུར་པའི་ཉེས་པས་གསུམ་པ་མེད་པ་སྟེ་ཉེས་པ་དེ་གསུམ་གྱི་གཉེན་པོར་གྱུར་པ་བྱམས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། མི་སྡུག་པ་བསྒོམ་པ་དང་ལྡན་པ་སྟེ། དཔལ་དེ་དེ་ལ་མིང་ནི་དོན་བཞིན་དུ་གྱུར་ཅེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་དང་མཚན་དུ་གྱུར་པའོ།། རང་བཞིན་རྒྱ་ཆེ་ཞེས་བྱ་བ་འདིའི་ལུས་ནི་བསམ་པ་དང༌། སྦྱིན་པའི་དངོས་པོ་དང༌། སློང་བའི་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རང་བཞིན་རྒྱ་ཆེ་བ་དང༌། སྙིང་རྗེའི་ཡོན་ཏན་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒྱ་ཆེ་བས་ནི་རང་གི་བདེ་བ་ལ་མི་ཆགས་པར་འགྱུར་བ་ཡིན་ནོ། །སྙིང་རྗེའི་ཡོན་ཏན་གྱིས་ནི་གཞན་གྱི་སྡུག་བསྔལ་སེལ་བར་མངོན་པར་འདོད་པ་ཡིན་ནོ། །ཡང་ན་བདག་གི་ལོངས་སྤྱོད་ལ་མི་ལྟོས་པ་དང༌། སེམས་ཅན་ལ་ལྟོས་པ་དང་གཉིས་སྟོན་པ་ཡིན་ནོ། །ཡང་ན་འབྲས་བུ་ལ་མི་ལྟོས་པ་དང༌། སེམས་ཅན་ལ་ལྟོས་པ་ཡིན་པར་བསྟན་ཏོ། །སྦྱིན་པའི་དངོས་པོ་ནི་ནོར་གྱི་རྒྱལ་པོས་མི་ལེན་ཅིང༌། སེམས་ཅན་གྱི་སྡུག་བསྔལ་སེལ་བར་འདོད་པ་ཡིན་པས། ལོངས་སྤྱོད་སེམས་ཅན་རྣམས་ལ་སྦྱིན་པའི་དངོས་པོ་སྒྲུབ་པ་ཡིན་ནོ། །ནོར་ལ་དབང་ཡོད་ཕྱིར་ཞེས་བྱ་བ་འདིས་ནི་སྦྱིན་པའི་དངོས་པོ་ཕུན་སུམ་


DTG168_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་བསྟན་ཏོ། །འདོད་པའི་དོན་གྲུབ་ཅེས་བྱ་བ་སྨོས་པ་ནི་སྦྱིན་པའི་དངོས་པོ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཇི་ལྟ་བུ་འདོད་པ་དང༌། ཇི་སྙེད་འདོད་པ་དང༌། གང་འདོད་པ་དེ་དག་ཡང་དག་པར་སྒྲུབ་པའོ། །འདོད་པའི་དོན་གྲུབ་པས་ཕོངས་པ་དག་ངོ་ཟུམ་མི་གནག་བཞིན་བཟངས་མཐོང་བས་དགའ་བ་སྟེ། དེ་ལྟར་སློང་མོ་བ་རྣམས་ཕུན་སུམ་ཚོགས་པའོ། །དེའི་ཕུན་སུམ་ཚོགས་པ་གང་ཞེ་ན། སྦྱིན་པའི་དངོས་པོ་རྣམ་པ་ཐམས་ཅད་བསླངས་པ་སྟེ། འདོད་པ་ཞེས་སྨོས་པས་ཐོབ་པ་ཡིན་ཏེ། དེས་དུས་ཕྱི་ཞིག་ན་མིང་དང་གཟུགས་ཀྱི་ལུས་དགའ་བ་དང་མཛེས་པར་བྱེད་དོ། །སྦྱིན་པ་ལ་དགའ་བས་ཞེས་བྱ་བས་ནི་སྔར་སྨོས་པ་བཞིན་དུ་རྒྱུ་མཐུན་པའི་འབྲས་བུ་སྟོན་པ་ཡིན་ཏེ། རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བ་སྟེ་དེའི་ཚིག་གིས་སྔོན་གྱི་སྦྱིན་པ་བྱས་པས་སྦྱིན་པ་ལ་མངོན་པར་དགའ་བ་སྐྱེ་བར་འགྱུར་ཏེ། རྒྱུ་མཐུན་པའི་འབྲས་བུ་སྦྱིན་པ་ལ་དགའ་བ་ཉིད་དོ། །ཡོ་བྱད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡོ་བྱད་ནི་ནོར་དང་འབྲུ་ཞེས་སྨོས་པ་སྟེ། ཉེ་བར་སྤྱད་པ་དང༌། ལོངས་སྤྱད་པའི་བྱེ་བྲག་གིས་གསུམ་གྱི་ནང་དུ་འདུས་པ་ཡིན་ནོ། །གང་དག་མ་སྨོས་པའི་སྦྱིན་པའི་དངོས་པོ་དེ་ཡང་འདིའི་ནང་དུ་ཆུད་པ་ཡིན་ཏེ། དེ་དག་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་གི་བདག་ཉིད་ཆེ་བ་དང་རྗེས་སུ་མཐུན་པས་ཞེས་བྱ་བས་ནི་སྦྱིན་པའི་དངོས་པོ་མང་དུ་ཡོད་པ་བསྟན་ཏོ། །རེ་བ་ཇི་ལྟ་བ་བཞིན་ཞེས་བྱ་བས་ནི་གང་དང་གང་འདོད་པ་དེ་དེ་རེ་བ་ཇི་ལྟ་བ་བཞིན་དུའོ། །འདིས་ནི་དངོས་པོ་སྣ་ཚོགས་སྦྱིན་པར་བསྟན་པའོ། །གུས་པ་དང་བཅས་པར་ཞེས་བྱ་བ་ནི་བསྒྲུབ་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །དུས་བཞིན་དུ་འབྱོར་པས་ཡིད་དུ་འོང་བ་ནི་དུས་གང་གི་ཚེ་གང་འདོད་པ་བཞིན་དུ་སྟེ། རྫོགས་ལྡན་གྱི་སྤྲིན་དང་འདྲ་བར་བདག་གི་བདག་ཉིད་ཆེ་བ་དང་རྗེས་སུ་མཐུན་པར་རེ་བ་ཇི་ལྟ་བར་དུས་བཞིན་དུ་འབྱོར་པ་སྒྲུབ་པའི་ཆོས་དང་མཐུན་པ་ཡིན་ནོ། །འདིས་ནི་རེ་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འདིའི་ཁྱད་པར་བསྟན་པ་སྟེ། ཟས་འདོད་པ་ལ་སོགས་པ་སྨོས་པས་ནི་གང་དང་གང་འདོད་པར་གྱུར་པ་དེ་དང་དེ་སྒྲུབ་པ་ཡིན་ནོ། །ཡང་ན་ཡོ་བྱད་ཐམས་ཅད་དེ། ནོར་དང་འབྲུ་ལ་སོགས་པ་གང་གོང་དུ་བསྟན་པ་དེས་ཟས་འདོད་པ་རྣམས་ལ་ནི་


DTG168_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཟས། བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ་སྟེ། གང་གོང་དུ་བཤད་པ་དེ་སྦྱིན་པའོ། །མལ་ཆ་དང༌། སྟན་དང༌། གོས་དང༌། བཟའ་བ་དང༌། བྱུག་སྤོས་དང༌། ཕྲེང་བ་དང༌། དངུལ་ལ་སོགས་པའི་ནོར་སྒྲུབ་པས་སྙིང་དགའ་བར་བྱེད་དེ། བདག་གི་བདག་ཉིད་ཆེན་པོ་དང་རྗེས་སུ་མཐུན་པས་སོ། །སྦྱིན་པ་དེས་དགའ་བར་འགྱུར་ཏེ་ཞེས་བྱ་བ་ནི་རེ་བ་ཇི་ལྟ་བ་བཞིན་དུ་བསྒྲུབ་པ་ལ་སོགས་པ་གསུམ་གྱིས་སོ། །ཕྱོགས་ཐ་དད་པའི་ཡུལ་ན་གནས་པ་དེ་ནི་ཕྱོགས་ཐ་དད་པའི་ཡུལ་ན་གནས་པའོ། །ཡང་ན་ཕྱོགས་ཐ་དད་པའི་གནས་པས་མཚོན་པའི་ཚུལ་གང་ལ་ཡོད་པ་དེ་དག་གོ །ཕྱོགས་ཐ་དད་པ་ཞེས་སྨོས་པས་ནི་ཐག་རིང་པོ་ནས་འོང་བར་སྟོན་པ་མངོན་པར་མཚོན་པའོ། །ཡུལ་ན་གནས་པ་ཞེས་སྨོས་པས་ནི་ཡུལ་ན་གནས་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །གཞན་དག་ན་རེ་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་མེད་དམ། ཅིའི་ཕྱིར་ཐག་རིང་པོ་ནས་ལྷགས་ཤིང་འོངས་ཤེ་ན། དེའི་རྒྱུ་བསྟན་པའི་ཕྱིར། མི་ཡུལ་ཀུན་ཏུ་ཡིད་ཀྱིས་བརྟགས་ན་ཡང༌། །ཞེས་བྱ་བའི་ཚིགས་བཅད་འདི་སྨོས་སོ། །གཞན་དུ་བསླང་བའི་སྐབས་ནི་མ་རྙེད་པ་ཞེས་བྱ་བ་ནི་སེར་སྣ་ཆེ་བར་གྱུར་པ་སྟེ། སྐྱེ་བོ་རྣམས་སྦྱིན་པ་ལ་འཇུག་པ་མེད་པར་སྟོན་ཏོ། །དེ་བས་ན་རིང་པོ་ནས་ལྷགས་པར་གྱུར་པ་ཡིན་ནོ། །ནགས་ཚལ་གླང་པོ་མཚོ་ཆེན་དོགས་ལྷགས་བཞིན། །ཞེས་བྱ་བ་འདིས་ནི་ཡུལ་ན་གནས་པའི་སྐྱེ་བོ་དག་སྦྱིན་པ་ལ་འཇུག་ཅིང་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡོད་ཀྱང་དེ་དག་སྤངས་ཏེ་ལྷགས་པ་ཡིན་ནོ། །སྐྱེ་བོ་མཛའ་བ་ཤེས་བྱེས་ནས་འོངས་པ་དག །ཅེས་བྱ་བའི་ཚིགས་བཅད་འདིའི་ལུས་ནི་སྦྱོར་བ་དང༌། དངོས་དང༌། མཇུག་སངས་རྒྱས་ཀྱི་བཀའ་དང་མཐུན་པར་སྟོན་པ་ཡིན་ཏེ། དེ་ཡང་མདོའི་དོན་དང་མཐུན་པར་འགྱུར་བ་སྟེ། སྦྱིན་པའི་སྔ་རོལ་ཏུ་ཡིད་དགའ་བར་འགྱུར་བ་དང༌། སྦྱིན་པའི་ཚེ་ན་སེམས་དང་བར་འགྱུར་བ་དང༌། བྱིན་ནས་མཐར་ཡང་རྗེས་སུ་དགའ་བར་གྱུར་པ་ཡིན་ཏེ། སྦྱོར་བ་དང༌། དངོས་དང༌། མཇུག་ཉིད་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་བསྟན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་སྐྱེ་བོ་མཛའ་བཤེས་ཞེས་བྱ་བ་ལ་


DTG168_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་སྦྱར་རོ། །སྦྱིན་པ་ལས་བྱུང་བ་ཞེས་བྱ་བ་དང༌། ཚིགས་བཅད་འདི་གཉིས་ཀྱིས་ནི་མཐོང་བའི་ཆོས་ཀྱིས་རྟོགས་པ་གཉིས་བསྟན་ཏེ། བདག་ཉིད་ལ་ལྟ་བ་དང༌། གཞན་དག་ལ་ཡང་གྲགས་པར་བྱེད་པའོ། །སྦྱིན་པའི་བསོད་ནམས་མི་འཕེལ་བར་གྱུར་པས་ཞེས་བྱ་བའི་བློས་ཀུན་ཏུ་བརྟགས་པ་བཞིན་དུ་གཞན་ལ་ནོར་བགེགས་སུ་གྱུར་ཅིང་འཕེལ་བར་གྱུར་པས་སོ། །སྦྱིན་པའི་བསོད་ནམས་མི་འཕེལ་བ་དེ་ཉིད་སྨྲས་པ། སློང་བའི་སྐྱེ་བོ་འདུ་བ་ཉུང་བ་ཞེས་བྱ་བ་ཡིན་ཏེ། འདི་ཉིད་བསྒྲུབ་པའི་ཕྱིར། དེ་ལ་བརྟེན་ནས་ཕོངས་པ་ཚིམ་པར་གྱུར། །ཞེས་བྱ་བ་འདི་ཡིན་ཏེ། རྒྱལ་པོ་ནི་སྦྱིན་པའི་བསོད་ནམས་མི་འཕེལ་བར་གྱུར་པས་མགུ་བར་མ་གྱུར་ཏེ། སྦྱིན་ལ་དཔའ་བ་དེ་ནི་སྙིང་མ་ཚིམ། །ཞེས་བྱ་བ་འདི་ཡིན་ནོ། །ཕོངས་པ་རྣམས་ཚིམ་པར་གྱུར་ན་དེ་ཅིའི་ཕྱིར་ཚིམ་པར་མ་གྱུར་ཞེ་ན། སྨྲས་པ། ཕོངས་པ་རྣམས་ཀྱིས་སློང་བའི་ཚད་དག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་གི་ལུས་ནི་ངེས་པར་སྦྱིན་བྱས་ནས་སམ། འདི་ནི་རྒྱལ་པོས་གྱི་ན་ད་རྣམས་བརྟགས་པ་སྟེ། དེ་བརྟག་པའི་ཕྱིར་བྲམ་ཟེ་རྒན་པོ་ལོང་བ་ཞིག་གི་གཟུགས་སུ་བསྒྱུར་ནས་ཞེས་བྱ་བ་ལ། གསུམ་སྨོས་པའི་ལོང་བ་སྨོས་པ་ནི་ལམ་དུ་འགྲོ་བར་མི་ནུས་པའོ། །རྒན་པོ་སྨོས་པ་ནི་དཀའ་བར་གྱུར་པ་ཡིན་ནོ། །བྲམ་ཟེ་སྨོས་པ་ནི་འདི་དག་གིས་སྦྱིན་པའི་གནས་སུ་བསྟན་པའོ། །སྙིང་རྗེ་དང་བྱམས་པ་བསྒོམ་པ་ཞེས་བྱ་བ་འདིར་རིམ་པ་སྨོས་པ་ནི་སྡུག་བསྔལ་བསལ་བར་བྱས་ལ། ཕྱི་ནས་བདེ་བ་ལ་གཞག་པར་བྱ་སྟེ། སྡུག་བསྔལ་ལས་ཐར་བར་མ་བྱས་པར་ནི་བདེ་བ་ལ་གཞག་པར་མི་ནུས་སོ། །ལྟ་བ་བརྟན་ཞིང་གསལ་ལ་ཞི་བ་ཞེས་བྱ་བ་ནི་འདོད་ཆགས་དང༌། གཏི་མུག་དང༌། ཞེ་སྡང་གི་ཉོན་མོངས་པ་ལ་མི་གནས་པར་སྟོན་པ་ཡིན་ནོ། །གཏི་མུག་བར་དུ་སྨོས་པ་ནི་དེ་གཉི་གའི་ཡང་རྒྱུར་གྱུར་པའི་ཕྱིར་རོ། །གཏི་མུག་ཆེ་བར་གྱུར་ན་ལྟ་བ་གསལ་བ་མེད་པར་འགྱུར་རོ། །བསུ་བ་བཞིན་ཞེས་བྱ་བ་ནི་ཐག་རིང་བ་ན་གནས་པའོ། །འཁྱུད་པ་བཞིན་ཞེས་བྱ་བ་དེ་དང་ཉེ་ན་གནས་པར་གྱུར་པ་སྟེ། ཡང་ན་བསུ་བ་ནི་སྙིང་རྗེ་བསྒོམས་པས་སོ། །འཁྱུད་པ་བཞིན་དུ་ལྟ་བ་ནི་བྱམས་པ་ཡོངས་སུ་


DTG168_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་སྟེ། སྡུག་བསྔལ་བསལ་བ་དང་བདེ་བ་ལ་ཉེ་བར་སྦྱར་བ་གཉིས་ཀྱིས་བྱ་བ་ཕུན་སུམ་ཚོགས་པའི་བསམ་པ་གསལ་བར་བྱེད་པ་ཡིན་ནོ། །ས་བདག་དམ་པ་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་འདིའི་ལུས་ནི་གང་སློང་བ་དང༌། ཇི་ལྟ་བུ་སློང་བ་དང༌། གོང་ནས་འོངས་ཏེ་སློང་བའོ། །གནས་སྐབས་ཇི་ལྟ་བུས་ཤེ་ན། གནས་སྐབས་གཉིས་པོའི་ཡོན་ཏན་མེད་པས་ནི་ལམ་དུ་འགྲོ་བའི་ཕུན་སུམ་ཚོགས་པ་མེད་པ་ཡིན་ཏེ། མིག་གི་ཡོན་ཏན་མེད་པ་ནི་མི་མཐོང་བཞིན་ཞེས་བྱ་བའི་ཚིག་གིས་སོ། །ནུས་པའི་ཡོན་ཏན་ཡང་མེད་དེ་རྒན་པོ་ཞེས་བྱ་བའི་ཚིག་གིས་སོ།། གང་སློང་བ་དེ་ནི་མིག་གང་ལ་གང་ཡོད་པ་དེ་སྟེ། སྤྱན་འཚལ་ཕྱིར་ཞེས་བྱ་བ་ཡིན་ཏེ། དེའི་མིག་གཅིག་སློང་བ་སྟེ། འཇིག་རྟེན་གྱི་བྱ་བ་སྒྲུབ་པའི་ཕྱིར་རོ། །དེ་ལྟར་གང་དང་གང་གི་དོན་དུ་སློང་བ་དེ་ཚིག་བཅད་འདིས་བསྟན་པ་ཡིན་ནོ། །གང་སློང་བ་ནི་འདོད་པའི་ནོར་སློང་བ་སྟེ། སློང་བའི་དངོས་པོས་དེ་དགའ་བ་ཐོབ་པར་གྱུར་པ་ཡིན་ཏེ། སྤྱན་ནི་གཅིག་པུས་ཀྱང་འཇིག་རྟེན་བགྱི་བ་འགྲུབ་ཅེས་བྱ་བ་སྨོས་པ་ཡིན་ནོ། །སུ་ཡིས་བསྟན་ཞེས་བྱ་བ་ནི་ལྷས་ཡིན་ནམ་ཞེས་རྟོགས་པ་སྐྱེས་ཏེ་དྲིས་པའོ། །གཞན་གྱི་སྤྱོད་ལམ་ནི་མ་ཡིན་པའི་ཕྱིར་བདག་ཉིད་ལ་རྣམ་པར་རྟོག་པ་སྟེ། དེ་བས་ན་སློབ་དཔོན་གྱིས་འདི་སྨྲས་པ་ཡིན་ནོ། །རྒྱལ་པོ་དེའི་བསམ་པ་རིག་ནས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བསམས་པའོ། །ལྷའི་མཐུས་ཞེས་པ་ནི་གལ་ཏེ་ལྷའི་མཐུ་ཡིན་ན་འདིའི་མིག་གི་དབང་པོ་ཡང་ཅིའི་ཕྱིར་ལྷའི་མཐུས་དེ་ལྟར་མི་འགྱུར་ཏེ་འགྱུར་རོ་ཞེས་བྱ་བའི་གནས་སྐབས་སོ། །དེས་ན་དེ་ཉིད་སྨྲས་པ། ཆོ་ག་འདིས་མིག་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གིས་མིག་བྱིན་པ་དང༌། ལྷའི་མཐུ་དང་ལྡན་པའི་བྲམ་ཟེའི་མིག་གི་ཕུན་སུམ་ཚོགས་པའི་རྒྱུའོ་ཞེས་སོ། །ཡིད་ལ་རེ་བ་གང་གིས་འདིར་འོངས་པ། །ཞེས་བྱ་བ་ནི་མིག་གཅིག་ཐོབ་པར་འདོད་པ་གང་ཡིན་པ་དེ་ཉིད་བྲམ་ཟེ་ཁྱོད་ཀྱི་རེ་བ་བསྐང་བར་བྱ་ཞེས་བྱ་བ་ཡིན་ཏེ། མིག་གཅིག་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་བ་བསྐང་བ་ཉི་ཚེར་མ་ཟད་དེ། གཞན་ཡང་མིག་གཉི་ག་ཡང་ངས་སྦྱིན་གྱིས་ཞེས་བྱ་བ་ཡིན་ནོ། །ཡང་ན་འདིའི་དོན་ནི་མིག་གཅིག་སྦྱིན་པ་ཉིད་ཇི་ལྟར་རེ་བ་བསྐང་བ་ཡིན་ཏེ། རེ་


DTG168_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐོང་བ་ནི་རེ་ཞིག་ཇི་ལྟར་ཡང་མིག་གཉིས་ཐོབ་པར་བྱ་བ་ཡིན་ནོ། །འོན་ཀྱང་འདིས་ཡིད་ལ་རེ་བ་བཞིན་དུ་སློང་བར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། མི་སྦྱིན་སྙམ་པ་དང༌། མིག་གཉིས་བསླངས་ན་རྒྱལ་པོ་ལ་གནོད་པར་འགྱུར་བ་དང༌། གཞན་གྱི་སེམས་སྲུང་བར་སྟོན་པ་ཡིན་ཏེ། ཡིད་ལ་རེ་བ་ནི་རེ་ཞིག་མིག་གཉི་ག་ཐོབ་པ་ཉིད་དེ། དེས་ན་དེ་ཉིད་སྨྲས་པ། ཡིད་ལ་རེ་བ་ཡོངས་སུ་བསྐང་བ་ཞེས་སྨོས་པ་དེ་ཉིད་ནི་མིག་གཉིས་ཀྱང་ནི་ངས་སྦྱིན་གྱིས་ཞེས་བྱ་བའི་ཚིག་གིས་སོ། །གཞན་དུ་ཇི་ལྟར་རེ་བ་ཡོངས་སུ་སྐོངས་བར་འགྱུར་ཏེ། ངའི་མིག་ནི་ཡ་གཅིག་འདོད་པ་ལ་ཞེས་བྱ་བ་སྟེ། སློང་བ་ལ་གཉིས་སྦྱིན་པའི་དོན་ནི་འདི་ཡིན་ནོ། །ཤུགས་ཀྱིས་སྐྲག་པ་ནི་ཤུགས་ཀྱིས་སྐྲག་པ་སྟེ། རྟབས་པ་དང་བཅས་པའི་ཤུགས་ཀྱིས་སྐྲག་པའོ། །རྟབས་པ་དང་བཅས་པ་དང་ཤུགས་ཀྱིས་སྐྲག་པ་དེ་གཉིས་ཀྱིས་གདུངས་པའི་ཡིད་གང་ཡིན་པ་དེ་ནི་རྟབས་པ་དང་བཅས་པའི་ཤུགས་ཀྱིས་སྐྲག་པ་དང་བཅས་པ་ཡིན་ནོ། །རྟབས་པ་ནི་ལུགས་ཀྱི་འགྱུར་བའོ། །ཤུགས་ནི་སྐྱོ་བའོ། །སྐྲག་པ་ནི་སེམས་སོ། །མི་རིགས་པ་དང་གནོད་པར་འགྱུར་ཞེས་པ་ནི་གནོད་པ་དང་རྗེས་སུ་འབྲེལ་པའོ། །ཡང་ན་དོན་མེད་པ་དང་མི་རིགས་པ་དང་རྗེས་སུ་འབྲེལ་པའོ། །སྦྱིན་པ་ལ་དགྱེས་ཆེས་བྱ་པ་འདིས་ནི་མིག་སྦྱིན་པ་ལས་ཟློག་པར་བྱེད་པ་སྟེ། མིག་སྦྱིན་པ་མི་རིགས་པ་དང༌། གནོད་པར་འདོད་པ་དེ་བསྒྲུབ་པར་འདོད་ནས། བྲམ་ཟེ་འདི་ནི་གཅིག་པུའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །གཅེས་པ་དང༌། མི་གཅེས་པ་བློས་བརྟགས་ཤིང་སྦྱིན་པ་དང་མི་སྦྱིན་པར་བྱ་བ་སྟེ། གཅིག་པུ་དང་མང་པོ་ལ་གཅེས་པ་དང་མིག་གཅེས་པ་བརྟགས་པའི་རིགས་ཏེ། བདག་ཅག་ཐམས་ཅད་ཅེས་བྱ་བ་འདི་ནི་མང་པོ་ཉིད་དེ། བྱིས་པ་དང༌། བར་མ་དང༌། རྒན་པོ་དང་བཅས་པའི་བྲམ་ཟེ་དང༌། རྒྱལ་རིགས་དང་རྗེའུ་རིགས་ལ་སོགས་པ་ཅིའི་ཕྱིར་དོར་ཞེས་པའོ། །ཐམས་ཅད་ལ་གནོད་པར་འགྱུར་བའི་ཕྱིར་འདི་ཉིད་ཀྱིས་ནི་རེ་ཞིག་མིག་བཏང་བ་རིགས་པ་མ་ཡིན་པར་བསྟན་ཏོ། །གནོད་པར་འགྱུར་བ་ནི། སྐྱེ་དགུ་བདེ་བར་བསྐྱེད་པ་རྣམས། །མྱ་ངན་ཞུགས་ཀྱིས་མི་བསྲེགས་གསོལ། །ཞེས་བྱ་བ་ཡིན་ཏེ། སྐྱེ་དགུ་བདེ་བས་རྒྱལ་པོ་བདེ་ཞེས་བྱ་བའི་ཚིག་གིས་སོ། །ད་ནི་སྤྱན་སྩལ་མི་རིགས་སོ། །ཞེས་བྱ་བ་དེ་མི་རིགས་པར་སྒྲུབ་པ་སྟེ། སྤྱན་


DTG168_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་བར་མི་རུང་བའི་དམིགས་ཀྱིས་དབྱེ་བ་ནི་གཞན་ནི་སྩལ་བར་རིགས་ཏེ་ཞེས་སྟོན་པ་ཡིན་ཏེ། གཞན་ཡང་གང་དག་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། དཔལ་ཆེན་སྐྱེད་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་སྨོས་པ་ཡིན་ནོ། །དཔལ་ཆེན་བསྐྱེད་པའི་ནོར་ཞེས་བྱ་བ་ཉིད་ཀྱིས་ནི་འདིའི་ནང་དུ་སྦྱིན་པའི་དངོས་པོ་ཐམས་ཅད་འདུས་པ་ཡིན་ཏེ། སྤྱད་པར་བྱ་བ་དང༌། ཡིད་དགའ་བར་བྱེད་པ་དང༌། བཀྲེས་པ་དང༌། སྐོམ་པའི་སྡུག་བསྔལ་ཟློག་པར་བྱེད་པ་དང༌། འཁྲིག་པའི་འདོད་པ་ཉེ་བར་སྤྱོད་པའི་བདེ་བ་དང༌། ཡོ་བྱད་ནི་ནོར་ལ་སོགས་པ་ཡིན་པས་དེ་ལྟར་སྨོས་པ་ཡིན་ནོ། །རྩོད་པ་ཟློག་པར་བྱེད་པ་ཡིན་པས་ནོར་ལ་སོགས་པ་འདིའི་ཐ་སྙད་དོ། །རིན་ཆེན་ཞེས་བྱ་བ་ནི་ཡིད་དགའ་བར་བྱེད་པས་སོ། །ཤིང་རྟ་དང་གླང་པོ་སྨོས་པས་ནི་ངལ་བ་ལས་གྱུར་པའི་སྡུག་བསྔལ་སེལ་བར་བྱེད་པའོ། །རྐང་གདུབ་འཁྲོལ་བའི་སྒྲ་རྣམས་གྲག་པ་ཡི། །ཞེས་བྱ་བ་ནི་འཁྲིག་པའི་འདོད་པ་ཉེ་བར་སྤྱོད་པའི་ཡོ་བྱད་དོ། །ཁང་པ་དུས་རྣམས་ཀུན་ཏུ་བདེ་ལྡན་པ། །ཞེས་བྱ་བ་འདིས་ནི་རྩོད་པ་མེད་པར་འགྱུར་བ་ཡིན་ནོ། །སྤྱན་རྩལ་བ་མི་རིགས་པ་དེ་དམིགས་ཀྱིས་དབྱེ་བ་ནི་གཞན་གྱི་མིག་གིས་གཞན་ལ་ཇི་ལྟར་སྤྱར་དུ་རུང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཏེ། རྒྱུ་དེ་གཉིས་ཀས་སྤྱན་སྩལ་བ་དེ་མི་རིགས་ཏེ། ཉིད་ཀྱི་སྤྱན་སྩལ་ཀྱང་དེའི་མིག་སྐྱེ་བར་མི་འགྱུར་བའི་ཕྱིར་དང༌། གལ་ཏེ་འབྱུང་བར་གྱུར་ན་ནི་ཁྱོད་ཀྱི་སྤྱན་མ་བྱིན་པར་ཡང་ཡོད་པར་འགྱུར་བའི་ཕྱིར་རོ། །གཞན་དག་གོ་མིག་གིས་ཞེས་བྱ་བ་འདིས་ནི་མིག་འབྱིན་པར་མི་རིགས་པའོ། །མིག་ཡོད་ཀྱང་ནོར་གྱི་ཕུན་སུམ་ཚོགས་པ་མེད་པ་དང༌། གོང་དུ་བཤད་པའི་ནོར་དང་ལྡན་པ་གང་གཅེས་པ་ཡིན་ཏེ། མིག་གཅེས་པ་ཡིན་ནམ། འོན་ཏེ་ནོར་དང་ལྡན་པས་གཅེས་པ་ཡིན་ཅེས་བསམས་ན་ནོར་ཉིད་གཙོ་བོ་ཡིན་ཏེ། མིག་དང་ལྡན་པ་ནོར་མེད་པར་ནི་ཉམས་པ་ཉིད་དུ་འགྱུར་ཏེ། མིག་ཡོད་ཀྱང་ནོར་གྱི་ཕུན་སུམ་ཚོགས་པ་མེད་པ་དང༌། ནོར་དང་ལྡན་ཞིང་མིག་མེད་དེ་ལོང་བ་ནི་བླའི། ཕོངས་པ་ནི་མ་ཡིན་ཏེ། ཕོངས་ཤིང་མིག་དང་ལྡན་པར་གྱུར་ན་གཞན་གྱི་འབྱོར་པ་མཐོང་ན་ཡིད་གདུངས་


DTG168_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །འབྱོར་པ་ཕུན་སུམ་ཚོགས་པ་ནི་ལོང་ན་ཡང་དབང་པོ་གཞན་གྱིས་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་བས་དཀོར་ལས་སྩལ་དུ་གསོལ། །ཞེས་བྱ་བ་ཡིན་ཏེ། ནོར་ཉིད་སྦྱིན་པར་བྱའི་སྤྱན་ནི་སྩལ་བར་བྱ་བ་མ་ཡིན་ཞེས་པའོ། །འདིར་ཡང་སྤྱན་སྩལ་བར་མི་རིགས་པ་དམིགས་ཀྱིས་འབྱེད་པས་གཞན་ཉིད་སྔར་བཤད་པ་སྟེ། ནོར་གཞན་དག་ནི་སྩལ་བར་རིགས་སོ། །གཅིག་གི་ཕྱིར་ནི་ཞེས་བྱ་བའི་དབང་དུ་བྱས་ནས་དཔལ་བསྐྱེད་པའི་ནོར་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་པ་ཡིན་ནོ། །གཞན་ལ་ཇི་ལྟར་སྦྱར་དུ་རུང༌།། ཞེས་བ་ནི་དབྱེ་བའོ། །ལྷ་གཞན་ཡང་ཞེས་བྱ་བས་ཅི་ཞིག་སྟོན་པར་འགྱུར་ཞེ་ན་ནོར་དང་མིག་གཉིས་འདོད་པ་དེ་ལ་ནོར་ཉིད་ཆེས་ཕན་པ་ཡིན་གྱི། མིག་སྦྱིན་བ་ནི་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གང་ཞིག་སྦྱིན་ཞེས་སྨྲས་ནས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་གྱིས་ནི་མིག་སྦྱིན་པ་ཉིད་རིགས་པར་ཕྱོགས་བླངས་ནས་སྨས་པ་སྟེ། བསམ་པ་ཉམས་པ་དང༌། སྦྱོར་བ་ཉམས་པ་ལས་བརྩམས་ཏེ། གཉིས་ཀྱིས་ནི་བསམ་པ་ཉམས་པའོ། །གཅིག་གིས་ནི་སྦྱོར་བ་ཉམས་པ་སྟེ། རྒྱུ་གསུམ་གྱིས་སོ། །སྦྱིན་པའི་དངོས་པོ་ལ་ཆགས་པའམ། བདག་ཉིད་ལ་ཆགས་ཤིང་ཉམས་པས་འཇིགས་པའམ། ཕོངས་པ་རྣམས་ཀྱི་སྡུག་བསྔལ་ཡལ་བར་འདོར་པས་ནི་ཁས་བླངས་པའི་དངོས་པོ་སྦྱོར་བར་མི་འདོད་པ་ཡིན་ཏེ། སྦྱིན་པའི་དངོས་པོ་ལ་ཆགས་པ་དེ་ཉིད་མི་རིགས་པའི་དབང་དུ་བྱས་ནས། གང་གིས་སྦྱིན་ཞེས་སྨྲས་ན་ནི། ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཡིན་ཏེ། སྐྱེ་བོ་རྣམས་ནི་སྤྱིན་པའི་དངོས་པོ་ལ་ཆགས་ཤིང་འདོད་པ་ཡིན་པས་སོ། །འདོད་པ་གང་ཞེ་ན་སྦྱིན་པ་དང་འགལ་བའི་སེམས་ཀྱིས་ཀུན་ཏུ་འཛིན་པ་ཞེས་བྱ་བའི་ཚིག་གིས་སོ། །བདག་ལ་ཆགས་ཤིང་ཉམས་པས་འཇིགས་པའི་དབང་དུ་བྱས་ནས་སྦྱིན་ནོ་ཞེས་ནི་ཁས་བླངས་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཡིན་ཏེ། གང་ཞིག་ཡིད་ལ་གཞན་སེམས་པ། །ཞེས་བྱ་བ་ནི་མི་སྤྱིན་པར་ཡིད་ལ་སེམས་པའོ། །སེར་སྣས་མ་ངེས་བློ་ཅན་ཏེ། །ཞེས་བྱ་བ་ནི་སེར་སྣས་བདག་ཉིད་ལ་


DTG168_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་སྦྱིན་པ་དང་མི་མཐུན་པ་ཡོད་པས་སོ། །སེར་སྣས་མ་ངེས་པའི་བློ་གང་ཡིན་པ་དེ་ནི། སེར་སྣས་མ་ངེས་པའི་བློ་ཅན་ཏེའོ། །མ་ངེས་པར་གྱུར་པ་དེ་ནི་ཕྱིས་མི་སྦྱིན་པའི་སེམས་ཡིན་ནོ་ཞེས་རྗེས་སུ་ཤེས་པའོ། །ཕོངས་པའི་སྐྱེ་བོ་ཡལ་བར་དོར་བའི་དབང་དུ་བྱས་ནས་སྦྱོར་བ། སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བརྟན་པར་བྱས་ནས་ཞེས་བྱ་བ་ནི་ཅི་ནས་ཀྱང་སྦྱིན་པར་བྱའོ་ཞེས་ཁས་བླངས་ནས་སོ། །སླུ་བའི་ཚིག་ནི་རྩུབ་པོ་ཡིས། །ཞེས་བྱ་བའི་ཚིག་གིས་ཕོངས་པ་རྣམས་ཀྱི་སྡུག་བསྔལ་ཡལ་བར་དོར་བའམ་གཞག་པ་དེའི་ཚིག་སྨྲ་བར་མི་ནུས་པ་ཡང་ཡིན་ཏེ། ཚིག་ནི་ངག་གི་སྦྱོར་བའོ། །སྐྱིན་བསབ་པ་ནི་ཅི་ཡང་མེད། །ཅེས་བྱ་བ་ནི་ཤིན་ཏུ་སྡིག་ཆེའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་ཉིད་ངེས་པར་གཟུང་བས་བསྟན་པ་ནི་གཞན་གྱི་མིག་གིས་གཞན་ལ་ཇི་ལྟར་སྦྱར་དུ་རུང་ཞེས་བྱ་བ་དེའི་ལན་འདིས་བསྟན་པ་ཡིན་ཏེ། རྒྱུ་གཅིག་གིས་ནི་གྲུབ་པ་ཡི། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རྐྱེན་གཅིག་གིས་བསྐྱེད་པ་ནི་ཅི་ཡང་མེད་པའི་ཕྱིར་རྒྱུ་རྐྱེན་གཞན་ལ་མ་ལྟོས་པའི་མིག་ནི་མེད་དོ། །རྒྱུ་རྐྱེན་གཞན་ལ་ལྟོས་པ་ནི་ལྷ་རྣམས་ཀྱིས་བྱས་པའི་མིག་ཉིད་ཀྱང་སྦྱིན་པར་བྱ་བ་དང༌། རྒྱུ་རྐྱེན་གཞན་ལ་ལྟོས་པར་འགྱུར་བ་ཡིན་ནོ། །སྦྱིན་པ་ཆེན་པོ་ལ་བགེགས་བྱ་བ་ཞེས་བྱ་བ་ནི་ནང་གི་སྦྱིན་པ་ནི་སྦྱིན་པ་ཆེན་པོ་སྟེ། ཕྱི་རོལ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །གང་གི་ཕྱིར་ནང་གི་སྦྱིན་པ་ནི་ཤིན་ཏུ་དཀའ་བ་ཡིན་པས་དེ་དག་དང་མ་འདྲེས་པའོ། །སྦྱིན་པའི་བགེགས་བྱེད་པས་མི་ཚུགས་པ་བསྟན་པ་ཡིན་ནོ། །དོགས་བ་སྐྱེད་པའི་མཚན་ཉིད་ཐ་མི་དད་ཅིང་སྦྱིན་པའི་བྱེ་བྲག་མིག་སྦྱིན་པ་དགག་པའི་ཕྱིར་ཡང་སྨྲས་པ། ལྷ་ནོར་དང་འབྲུ་དང་རིན་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་སྦྱིན་པ་བགེགས་བྱས་པར་གྱུར་ན་དེའི་ཚེ་བགེགས་བྱེད་པ་ཡིན་ན། དེ་ལྟ་ནི་མ་ཡིན་གྱི་བདག་ཉིད་སྦྱིན་པ་ཉེས་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །གང་ཞིག་སློང་བ་དེ་ནི་སྦྱིན་པར་བྱ། །ཞེས་པའི་ཚིགས་བཅད་འདི་ལྟ་སྟེ། གཞན་ཡང་དེ་རྣམས་ཀྱི་སྦྱིན་པའི་བགེགས་ཀྱི་ཉེས་པར་བསྒྲུབས་པའི་ཕྱིར། གང་ཞིག་སློང་བ་དེ་ནི་སྦྱིན་པར་བྱ་ཞེས་བྱ་བ་འདིས་ཏེ། གང་


DTG168_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤེ་ན། སློང་བ་དེ་ཉིད་ཐོབ་ཅིང་སློངས་ནས་ནི་དགའ་བར་གྱུར་པ་ཡིན་ཏེ། སྦྱིན་པ་ལེན་པ་པོ་དགའ་བར་འགྱུར་བའི་དོན་ཡིན་ནོ། །དེ་ལྟར་རང་གི་མིག་སྦྱིན་པ་རིགས་པར་བསྟན་ནས་ནོར་དང་འབྲུ་ལ་སོགས་པ་གཞན་ནི་དེ་ལ་བྱིན་ཡང་སྦྱིན་པ་མ་ཡིན་པར་བསྟན་པའི་ཕྱིར། མི་འདོད་པ་ནི་བྱིན་ཡང་དགར་མི་འགྱུར། །ཞེས་བྱ་བ་སྟེ། འདི་ནི་མི་མཐུན་པའི་སྦྱིན་པས་དགའ་བར་མི་འགྱུར་བ་བསྟན་པའི་ཕྱིར་བཤད་དེ། འདིས་ནི་དགེ་བ་སྐྱེ་བའི་མཐུས་མི་མཐུན་པ་དང་ལྡོག་པ་བསྟན་པ་ཡིན་ནོ། །མི་སློང་བ་དང་མི་འདོད་པ་སྤྱིན་པ་ནི་མི་མཐུན་ཅིང་དགོས་པ་མེད་པའི་ཕྱོགས་ཡིན་ཏེ། ཇི་ལྟ་བུ་ཞེ་ན། དཔེས་བསྟན་པའི་ཕྱིར། ཆུས་ཁྱེར་བ་ལ་ཆུས་ཡིས་ཅི་ཞིག་བྱ། །ཞེས་པ་ཡིན་ཏེ། ཆོས་མཐུན་པའི་དཔེའོ། །སྐོམ་པ་ལ་ཆུའི་སྦྱིན་པ་དང་འདྲ་བར་བསླངས་པའི་དོན་ནི་འདི་ལ་སྦྱིན་ཞེས་བྱ་བ་སྨོས་ཏེ། བླངས་པ་དེ་ཉིད་སྦྱིན་ན་སྐྱེ་བོ་དགའ་བ་ཀུན་ཏུ་འཛིན་ཅིང་དགའ་བ་སྐྱེ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དེ་ཞེས་བྱ་བ་ལ་སོགས་པའི་འདིའི་བསྡུས་པའི་དོན་ནི་གང་སྨྲ་བ་དང་གང་གི་ཕྱིར་སྨྲ་བ་དང༌། ཇི་ལྟར་སྨྲ་བ་དང༌། གང་ལ་སྨྲ་བ་ཞེས་བྱ་བ་ལ་སོགས་པ་འདི་དག་སྟེ། ཅི་རིགས་པར་སྦྱར་བར་བྱའོ། །ལ་ལས་དཀའ་ཐུབ་ཏིང་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་རྒྱལ་སྲིད་ཐོབ་པའི་རྒྱུ་དང༌། འབྲས་བུ་དང་ངོ་བོ་ཉིད་ཀྱི་ཁྱད་པར་ཡིན་ཏེ། རྟག་ཏུ་བྱེད་པ་དང་ཡུན་མི་ཐུང་བས་དེའི་དཀའ་ཐུབ་ཆེན་པོའོ། །དཀའ་ཐུབ་ཏིང་འཛིན་ཆེན་པོ་ཞེས་བྱ་བ་ནི་དཀའ་ཐུབ་ཉིད་ཏིང་འཛིན་ཡིན་པས་དཀའ་ཐུབ་ཏིང་ངེ་འཛིན་ནོ། །གང་དུ་རྒྱུ་སྦྱིན་པ་དང༌། ཡང་དག་པར་སྡོམ་པ་ལ་སོགས་པའི་མཚན་ཉིད་ཡོད་པ་དེ་ནི་དཀའ་ཐུབ་ཏིང་འཛིན་ཆོ་ག་ཞེས་བྱའོ། །གུས་པར་བྱེད་པའི་རྒྱུས་ཆོ་ག་ཞེས་བྱ་སྟེ། ཆོག་ཉམས་ན་ནི་གང་གིས་ཀྱང་ངམ། ཐམས་ཅད་ཀྱིས་ལུས་ཉོན་མོངས་པར་བྱས་ཏེ་རྟག་ཏུ་དཀའ་ཐུབ་དང་ཐོས་པ་ལ་བརྟེན་ཀྱང༌། གུས་པར་སྦྱོར་བའི་ཆོ་ག་ཉམས་ན་མི་ཐོབ་པོ། །འདིས་ནི་རྒྱལ་སྲིད་ཐོབ་པའི་རྒྱུ་བསྟན་ཏོ། །མང་པོ་ཇི་ལྟར་བསྟན་པའི་མཆོད་སྤྱིན་བརྒྱ་ཕྲག་ཡིན་ཏེ། འདིས་ནི་ཇི་སྲིད་དུ་བསྟེན་པར་བྱས་པའོ། །གྲགས་པ་ནི་མཐོང་བའི་


DTG168_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འབྲས་བུ་སྟེ། མཐོ་རིས་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལོ། །དེ་ལྟར་ཇི་ལྟར་བསྟེན་པ་སྟེ་རྟག་ཏུ་བསྟེན་པ་དང་གུས་པར་བྱ་བའི་སྦྱོར་བའི་མཆོད་སྦྱིན་ཆེན་པོ་མང་པོས་འབྲས་བུ་ཅི་ཞིག་ཐོབ་ཅེ་ན། སྨྲས་པ། མཐོང་བའི་ཆོས་ལ་ནི་གྲགས་པའོ། །འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ནི་མཐོ་རིས་སོ། །འདིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །བརྒྱ་བྱིན་དང་འགྲན་པའི་ལོངས་སྤྱོད་ཅེས་བྱ་བས་ནི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཅི་ཞིག་མཐོང་ན་ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་མཐོང་ནས་མིག་སྦྱིན་ཞེས་བྱ་བའི་དོན་ཏེ། གང་སྦྱིན་པ་དེ་ཐམས་ཅད་འབད་པ་མེད་པར་ཡོད་དོ། །ཞེས་པའོ། །ཆོ་ག་འདི་ནི་སུ་ལས་ལོབས་ཞེས་བྱ་བ་ནི་ཆོ་ག་འདི་ཞེས་བྱ་བ་ནི་འབྲས་བུ་ཡང་དག་པར་འཐོབ་ཅེས་བྱ་བའི་ལུང་ངོ༌། །སུ་ལས་ལོབས་ཞེས་བྱ་བ་ནི་གང་གིས་བསྟན་ཅེས་བྱ་བའི་ཚིག་སྟེ། རྩེ་ཞིག་མཐོང་ནས་ཁྱོད་ཀྱིས་མིག་སྦྱིན་ཞེས་བསྟན་པ་ཡིན་ནོ། །གང་གི་དོན་དུ་སྦྱིན་པ་དེ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་སྨྲས་པ། མཆོད་སྦྱིན་བྱས་པས་སུམ་ཅུ་རྩ་གསུམ་ཉེ། །ཞེས་བྱ་བའི་ཚིགས་བཅད་འདི་ཡིན་ནོ། །དེའི་ཕྱིར་རྒྱུ་ནི་སྔར་བྱས་ཟིན་པས་སོ། །ཇི་ལྟ་བུ་ཞེ་ན། མཆོད་སྦྱིན་བྱས་པས་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་འཇིག་རྟེན་འདིའི་འབྲས་བུ་གྲགས་པ་དང༌། ཚིག་བཙུན་པོ་འདོད་ན་ནི་དེ་གཉི་ག་ཡང་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། གྲགས་པས་ཀུན་ཏུ་རབ་ཏུ་གསལ་གྱུར་རིང༌། །མི་དབང་གཙུག་གི་འོད་ཀྱིས་རྐང་བརྒྱན་པ། །ཞེས་བྱ་བ་སྟེ་གོ་རིམས་བཞིན་དུ་སྦྱར་རོ། །ཅི་ཞིག་འདོད་ཕྱིར་མིག་ནི་སྦྱིན་པར་བྱེད། །ཅེས་བྱ་བ་ནི་གང་གི་དོན་དུ་བསྟན་པ་དེ་ཅི་ཞིག་མཐོང་ན། ཁྱོད་ཀྱིས་མིག་སྦྱིན་ཞེས་བྱ་བ་སྟེ། དེ་ཉིད་འདིར་ཡང་བསྟན་པ་ཡིན་ནོ། །ས་ཀུན་འཐོབ་ཕྱིར་དང་མཐོ་རིས་དང་ཐར་པ་སྟེ་འཇིག་རྟེན་ཕ་རོལ་གྱི་འབྲས་བུའོ། །ས་ཀུན་ཐོབ་པ་དང་མཐོ་རིས་འཐོབ་པ་ཞེས་བྱ་བ་འདི་གཉིས་ནི་མངོན་པར་མཐོ་བའི་དབང་དུ་བྱས་པའོ། །ཐར་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་སྟེ། འདིས་ནི་ངེས་པར་ལེགས་པ་འཐོབ་པའི་དབང་དུ་བྱས་པས་སོ། །གྲགས་


DTG168_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མཐོང་བའི་ཆོས་ཀྱི་འབྲས་བུའོ། །སློང་བ་རྣམས་མཐོང་བའི་ཆོས་ལ་འབྲས་བུའམ་དོན་མེད་པར་རོ། །འཇིག་རྟེན་བསྐྱབ་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་གནས་སྐབས་ཀྱི་དོན་ནོ། །སྨན་དཔྱད་ལས་བྱུང་བ་ཞེས་བྱ་བའི་སྨན་དཔྱད་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ་དལ་བུས་དང་མ་སྣད་པར་རོ། །ཡང་ན་སྨན་དཔྱད་ལས་བྱུང་བ་བཞིན་དུ་ཞེས་བྱ་བའི་སྨན་ཡིག་ལས་བྱུང་བ་བཞིན་དུ་སྟེ། ཕྱོགས་གང་དུ་མཚོན་གཏང་བར་བྱ་བ་དང༌། ཇི་ལྟར་དབྱུང་བ་སྟོན་པ་ཡིན་ཏེ། དལ་བུས་བྱ་བ་དང་མ་སྣད་པར་རོ། །དེ་ལྟར་ཕྱུང་བ་ལ་རབ་ཏུ་དགའ་བ་བཞིན་དུ་ཞེས་འབྱིན་པ་དངོས་ཏེ། ལས་ཀྱི་དུས་ན་སེམས་དང་བ་གང་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་སྟོན་པ་ཡིན་ཏེ། སྦྱོར་བའི་ཚེ་ན་མཆོག་ཏུ་དགའ་བ་དང༌། བྱིན་ནས་ཀྱང་ཡིད་དགའ་བར་བྱེད་པ་སྟེ། གང་བཅོམ་ལྡན་འདས་ཀྱིས་གསུངས་བ་དེ་སྟོན་ཏོ། །སློང་བ་ནི་དོན་བསྒྲུབ་པའི་ཕྱིར་སློང་མོ་པའི་མིག་ཏུ་གནས་པར་གྱུར་པ་ནི་མིག་གིས་མཐོང་བར་བྱ་བའོ། །པདྨ་དང་བྲལ་བའི་པདྨའི་མཚོ་གང་ཡིན་པ་དེ་ནི་པདྨའི་མཚོའོ། །དེ་ལྟ་བུའི་བཞིན་གང་ལ་ཡོད་པ་དེ་ནི་པདྨ་མེད་པའི་པདྨའི་མཚོ་འདྲ་བའི་གདོང་ངོ༌། །གཞན་ལ་མེད་པའི་རབ་ཏུ་དགའ་བར་གྱུར། །ཞེས་བྱ་བ་ནི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་དགའ་བ་ཡིན་ཏེ། དེ་ལྟར་ན་སྐྱེ་དགུ་དང་རྒྱལ་པོ་ནི་དེ་ལྟར་སྐྱེ་དགུ་བདེ་ལ་རྒྱལ་པོ་ཡང་བདེ། མི་བདེ་ན་ཡང་དེ་བཞིན་ནོ་ཞེས་པའི་ཚིག་གིས་རྒྱལ་པོ་ཉིད་མྱ་ངན་སྐྱེས་པ་ཡིན་མོད་ཀྱི། འོན་ཀྱང་དགའ་བ་སྐྱེ་བ་ཡིན་ཏེ། འདི་ནི་སྐྱེ་བོ་གཞན་ལ་མེད་པའི་དགའ་བའོ། །བྲམ་ཟེའང་མིག་དང་ལྡན་པར་མཐོང༌། །ཞེས་བྱ་བ་ནི་འཁོར་གྱིས་ཞེས་བྱ་བར་སྦྱར་རོ། །འཁོར་གཞན་རྣམས་ལ་མེད་པའི་རབ་ཏུ་དགའ་བ་དེ་ཉིད་མེད་པར་བསྟན་པའི་ཕྱིར། རྒྱལ་པོའི་བཙུན་མོའི་འཁོར་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ཡིན་ནོ། །ཨེ་མའོ་བརྟན་ཞིང་ཞེས་བྱ་བ་ནི་རང་གི་བདེ་བ་ལ་འདོད་པ་མེད་པའི་བརྟན་པའོ། །ཨེ་མའོ་སྙིང་སྟོབས་ཆེ་ཞེས་བྱ་བ་ནི་རང་གི་མི་བདེ་བ་ལ་འཇིགས་པ་མེད་པའོ། །དེ་གཉི་གས་ཀྱང་ཤེས་རབ་ཀྱི་ཡོན་ཏན་བསྟན་ཏོ། །ཨེ་མའོ་སེམས་ཅན་ཕན་འདོགས་པ། །ཞེས་བྱ་བ་འདིས་


DTG168_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྙིང་རྗེའི་ཡོན་ཏན་སྟོན་ཏོ། །ཤེས་རབ་དང་སྙིང་རྗེ་དེ་གཉིས་ཀ་སྨོས་པ་དེ་གཉིས་བསྒོམས་པས་བྱང་ཆུབ་པ་སྟེ། དེ་གཉིས་ཀ་ཡང་རྒྱུར་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྒྲུབ་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་དང༌། རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་རྒྱུར་གྱུར་ཅིང༌། དེ་གཉི་ག་ཡང་ཀུན་ནས་ཉོན་མོངས་པ་ཡང་མཐར་བྱེད་ཅིང་སྤོང་བས་ན་སེམས་དཔའ་ཆེན་པོའི་རབ་ཏུ་སྒྲུབ་པའོ། །དེ་བས་ན་ཞེས་བྱ་བ་ཉིད་སེམས་ཅན་ལ་ཕན་འདོགས་པས་ནའོ། །ཡང་ན་ཤེས་རབ་དང་སྙིང་རྗེའི་ཡོན་ཏན་གཉིས་དང་ལྡན་པས་སོ། །ངོ་མཚར་ཆེ་བའི་སེམས་ཅན་ཞེས་བྱ་བ་ནི་གང་གི་ཕྱིར་བརྟན་པ་དང༌། སྙིང་སྟོབས་ཆེ་བ་དང༌། སེམས་ཅན་ལ་ཕན་འདོགས་པར་བྱེད་པ་སྟེ། སེམས་ཅན་ཞེས་བྱ་བ་ཉིད་སྨོས་པ་ཡིན་ནོ། །ཡུན་རིང་པོར་འདི་ལྟར་ཉོན་མོངས་སུ་གཞུག་པའི་མི་རིགས་ཞེས་བྱ་བ་འདི་ལྟར་བརྗོད་པར་འདོད་དེ། ཡོངས་སུ་ཉོན་མོངས་པ་ལ་འཇིགས་པ་མེད་པའི་རྒྱུར་གྱུར་པ། དེ་ཉིད་སེམས་ཅན་གྱི་ཡོན་ཏན་ཉིད་ཡིན་ཏེ། སེམས་ཅན་གྱི་ཡོན་ཏན་དུ་གཟུང་ངོ༌། །མིག་གི་རྨ་ནི་སོས་ཞེས་བྱ་བ་ནི་མིག་གི་གནས་ཀྱི་རྨ་ཞེས་བརྗོད་པ་ཡིན་ནོ། །མིག་གི་རྨ་ནི་སོས་ཞེས་བྱ་བའི་ཚིག་གིས་ནི་གནས་ཀྱིས་གནས་པ་སྟོན་ཏེ། ཇི་ལྟར་རྒྱལ་པོ་མདུན་ས་ནི་མི་སྣང་ཡང༌། རྒྱལ་པོའི་གནས་སུ་སྟོན་པ་དང་འདྲའོ། །བསྲབས་ཤིང་སངས་པ་ཞེས་བྱ་བ་ལ་བསྲབས་པ་ཡིན། སངས་པ་ཡིན་པས་བསྲབས་ཤིང་སངས་པའོ། །བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ནི་བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་སོ། །བཙུན་མོའི་འཁོར་ཞེས་སྨོས་པས་ནི་བཙུན་མོའི་འཁོར་ན་སྤྱོད་པའི་སྐྱེ་བོ་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་བཙུན་མོའི་འཁོར་གྱི་སྒྲ་ཉིད་འཁོར་གྱི་མི་རྣམས་ལ་འཇུག་གོ །བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་མྱ་ངན་ནི་བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མྱ་ངན་ནོ། །བསྲབས་ཤིང་སངས་པ་ནི་བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་མྱ་ངན་གང་ཡིན་པ་སྟེ། བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་ཞེས་དེ་ལྟར་བསྡུ་བར་བྱའོ། །འདིར་རྒྱལ་པོ་ལ་ནི་མྱ་ངན་མེད་པ་ཡིན་ཏེ། འོན་ཀྱང་


DTG168_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱིས་ནི་རྒྱལ་པོ་དེ་མྱ་ངན་ཡོད་དེ། བཙུན་མོའི་འཁོར་ལ་སོགས་པའི་ཚིག་གི་འབྲེལ་པ་ཅུང་ཟད་ཡོད་དེ། སྐྱེ་དགུ་བདེ་ན་ནི་རྒྱལ་པོ་བདེ་ཞེས་བྱ་བའི་ཚིག་གིས་སོ། །དེ་བསྟན་པའི་ཕྱིར། རྒྱལ་པོ་དེ་ཉིད་ཀྱི་མྱ་ངན་དང་བཅས་པ་ནི་གང་བཙུན་མོའི་འཁོར་ལ་སོགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་དབེན་པ་འདོད་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་དཔེན་པ་ལ་གོམས་པ་སྟོན་པའོ། །རྫིང་བུའི་འགྲམ་ན་ཞེས་བྱ་བ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ཞེས་བྱ་བའི་བར་གྱི་ཚིག་གི་བསྡུས་པའི་དོན་ནི་མིག་གཉིས་མེད་པས་མིག་གི་ཡུལ་མ་བསྟན་ཏེ། རེག་བྱ་དང༌། དྲི་དང༌། སྒྲའི་ཡུལ་དང་ལྡན་པ་ཡིན་ནོ། །དེས་ཀྱང་ཡིད་དུ་འོང་བར་བསྟན་པ་ཡིན་ཏེ། ཇི་ལྟར་རིགས་པར་སྦྱར་བར་བྱའོ། །བརྒྱ་བྱིན་མདུན་དུ་འོངས་ནས་འདི་སུ་ཞེས་དྲིས་པ་སྟེ། མི་ལས་ཁྱད་པར་དུ་གྱུར་པ་ཞིག་ཡིན་པར་རྟོགས་སོ། །ཡང་ན་ལྷའི་དབང་པོ་ཉིད་ཀྱིས་རང་འོངས་པར་བརྡ་ཕྲད་པའི་ཕྱིར་རྐང་པའི་སྒྲ་བྱས་པར་གྱུར་ཏོ། །གཞན་དུ་ན་དྲི་བའི་སྐབས་མེད་པར་འགྱུར་རོ། །འདི་སུ་ཞེས་དྲིས་པ་དང༌། འདི་ལྟར་དེ་ཉིད་སྨྲས་པ། ཁྱོད་ཀྱི་དྲུང་དུ་འོངས་སོ་ཞེས་པ་སྟེ་སྐབས་དབྱེ་བའི་ཕྱིར་རོ། །བཀའ་སྩལ་དུ་གསོལ་ཞེས་བྱ་བའི་ཚིག་ནི་ཞེ་ས་དང་བཅས་པ་དང་ཞེས་བྱ་བ་ཡིན་ཏེ། མདུན་བསུ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །མཆོག་སློངས་ཤིག་ཞེས་བཤད་པ་ནི་ཅི་འདོད་པ་སྨོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །མཆོག་འདི་ཉིད་དུ་ངེས་པར་གཟུང་བའི་དངོས་པོ་བསྟན་པའི་ཕྱིར། བརྒྱ་བྱིན་བདག་ལ་ནོར་མང་ཞིང། །ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་པ་ཡིན་ཏེ། འདི་ལུས་སུ་གཞག་པ་ནི་མཆོག་སློང་བའི་འབྱོར་པའི་མཚན་ཉིད་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་དངོས་པོ་དང་འབྲེལ་པ་དང༌། ནང་གི་དངོས་པོ་དང་འབྲེལ་པ་དང༌། དེ་གཉི་གའི་དོན་བསྟན་པའི་ཕྱིར་ཕྱི་རོལ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པའོ། །སེམས་ཅན་མ་ཡིན་པ་ནི་ནོར་དང་འབྲུ་ལ་སོགས་པ་ཡིན་ཏེ། ནོར་མང་ཞེས་བྱ་བ་སྨོས་པའོ། །མང་པོ་ཞེས་བྱ་བ་སྨོས་པས་ནི་དེ་ལས་གཞན་པའི་སེམས་ཅན་མ་ཡིན་པ་གཟུང་ངོ༌། །སེམས་ཅན་ནི་མཐུ་དང་གུས་པ་དང་ལྡན་པར་བསྟན་པ་སྟེ།


DTG168_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཚོགས་ཆེ་ལ་ཞེས་སྨོས་པས་སོ། །ཕྱི་རོལ་དང་སེམས་ཅན་མཐའ་དག་ཕུན་སུམ་ཚོགས་པ་བཟུང་བས་ནི་ནང་གི་དངོས་པོ་ཡང་ཕུན་སུམ་ཚོགས་པར་བསྟན་ཏོ། །འོན་ཀྱང་སྔར་དེ་ལྟ་བུའི་རྣམ་པ་ཡིན་ན་ཡང་ལོང་བ་དག་ལ་མིག་བྱིན་པས་དེས་ན་མཆོག་འདི་སློང་ངོ་ཞེས་བྱ་བ་ཡིན་ཏེ། ལོང་བར་གྱུར་པས་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་གོང་དུ་བསྟན་པ་དེ་བསྟན་པས་ངོ་མཚར་མི་ཆེ་ཞིང་རླབས་ཅན་དུ་ཞེས་བྱ་བ་ཡིན་ཏེ། འདི་ནི་ངོ་མཚར་མི་ཆེ་ཞིང་བརྟན་བས་རླབས་ཅན་དུ་སྨྲས་པ་སྟེ། ངོ་མཚར་མེད་པས་གང་གི་ཕྱིར་མཆོག་དང་མཆོག་མ་ཡིན་པ་ཚོལ་བ་ལའོ། །བདག་ཉིད་ཀྱི་ཡོན་ཏན་དང་ལྡན་པས་སྔོན་མ་བྱུང་བའི་ངོ་མཚར་མེད་པའི་ཕྱིར་རོ། །ནོར་མང་པོ་ཡོད་ཅིང་དམག་ཚོགས་ཆེ་ལ་མཐུ་དང་ཡང་ལྡན་པ་ཡིན་ནོ། །གལ་ཏེ་དེ་ལྟར་གཉི་ག་དང་ལྡན་པ་ཡིན་ན་ཅིའི་ཕྱིར་མཆོག་ཚོལ་བར་བྱེད་ཅེ་ན། དེ་བསྟན་པ་ཡིན་ན། ལོང་བར་གྱུར་པས་འདི་ལྟ་བུའི་གནས་སྐབས་འདི་ལས་ནི་འཆི་བ་ཉིད་འདོད་དོ་ཞེས་མཆོག་སློང་བའི་ཚིག་གི་རྣམ་པ་ཡིན་ནོ། །ངོ་མཚར་མི་ཆེ་བ་དང་རླབས་ཅན་དུ་སྨྲ་བ་ནི་གང་གིས་མཆོག་ཀྱང་མི་ལེན་པ་སྟེ། དེ་བས་ན་དེ་སྨོས་སོ། །བདག་ལ་ནོར་མང་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་གཞན་དུ་ནི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ་མཆོག་སྦྱིན་པར་བྱ་བ་དང༌། ཁྱོད་ཀྱིས་སྦྱིན་པར་བྱ་བ་དང༌། བདག་ལ་སྦྱིན་པའོ་སྦྱིན་པར་བྱ་བ་དེ་ལས་ནི་གཉིས་ཡོད་དེ། བཟོད་པའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུའི་མཐུ་དང་ལྡན་པ་དང༌། དམག་ཚོགས་ཡོད་པའོ། །ད་ནི་ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ནང་གི་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཡང་ཡོད་པ་ལས་མེད་པ་སྟེ། གང་ཡིན་ཞེ་ན། མིག་མེད་པའོ། །དེ་མཆོག་འདི་སློང་ངོ་ཞེས་བྱ་བ་ནི་འདི་ལྟར་ལོང་བའི་གནས་སྐབས་སུ་གྱུར་པས་འཆི་བ་འབའ་ཞིག་མངོན་པར་འདོད་ཅེས་བྱ་བ་ཡིན་ནོ། །སྔར་བཤད་པ་སྟེ། ངོ་མཚར་མི་ཆེ་བའི་རླབས་ཅན་དུ་འདིས་བསྟན་པ་ཡིན་ཏེ། ཚིགས་བཅད་འདིའི་དོན་གྱིས་སོ། །ཚིགས་བཅད་ཀྱི་དོན་གཉིས་སུ་ཡང་འགྱུར་བ་སྟེ། ལོང་བར་གྱུར་པས་ཞེས་བྱ་བ་ནི་ལྔ་པ་རྒྱུའི་མཚན་


DTG168_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། ལོང་བ་ཉིད་ཀྱི་རྒྱུས་འཆི་བ་འབའ་ཞིག་མངོན་པར་འདོད་ཅེས་སྦྱར་ཏེ། འདི་ལྟར་འདིའི་དོན་དུ་ཡང་འགྱུར་རོ། །འདི་ལྟའི་གནས་སྐབས་གྱུར་བྱས་ནས། །ཞེས་བྱ་བ་ནི་མིག་མེད་པའི་གནས་སྐབས་སོ། །ད་ནི་དེ་ལ་ཁྱོད་ཀྱི་ཡིད་ནི་ཅི་སྙམ་སེམས། །ཞེས་བྱ་བ་ནི་འདི་དང་རྗེས་སུ་མཐུན་པའི་ཚིག་བཤད་པ་སྟེ། ཚིག་རྐང་གསུམ་གྱིས་སོ། །ཅི་ནས་ཡིད་ནི་རབ་ཏུ་ཆེས་པར་འགྱུར་བ་རུ། །ཞེས་བྱ་བ་ནི་དེ་དང་རྗེས་སུ་མཐུན་པར་བཤད། །བདག་གི་མིག་ནི་ཡ་གཅིག་མཐོང་བར་ཤོག །ཅེས་བྱ་བའི་བདེན་པའི་བྱིན་རླབས་ཀྱི་མཐུ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དགེ་བའི་སེམས་ཀྱི་སྟོབས་སོ། །བསོད་ནམས་སྤེལ་བའི་ཁྱད་པར་གྱིས། །ཞེས་བྱ་བ་ནི་རྒྱའི་སྟོབས་སོ། །ཇི་ལྟ་བུའི་བསོད་ནམས་བསགས་པའི་ཁྱད་པར་གྱིས་ཤེ་ན་སྨྲས་པ། མིག་གི་སྦྱིན་པ་ལ་བྱུང་བའི་ལས་བྱས་པ་ལས་ཉེ་བར་བསགས་པས་སོ། །དེ་སྐད་སྨྲས་མ་ཐག་ཏུ་ཞེས་བྱ་བ་ནི་བདེན་པའི་བྱིན་གྱི་རླབས་ཀྱི་མཐུས་སྐྱེས་མ་ཐག་ཉིད་དོ། །ཨནད་རྙིལ་གྱིས་སྤྲས་པ་ཞེས་བྱ་བ་ལ་སོགས་པས་ནི་བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་མིག་ཁྱད་པར་ཅན་སྐྱེས་པར་སྟོན་པ་ཡིན་ནོ། །མིག་སྔ་མ་ལ་འགྲན་པ་བཞིན་ཞེས་བྱ་བ་ནི་སྔར་སྐྱེས་པའི་མིག་གི་ཡོན་ཏན་དང་ལྡན་པ་བཞིན་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་ཀྱིས་ནི་རྔ་བོ་ཆེ་དག་ཀྱང༌། །ཞེས་བྱ་བ་ལ་སོགས་པས་ནི་རེག་པར་བྱ་བ་དང་བལྟ་བར་བྱ་བ་དང༌། བསྣམ་པར་བྱ་བ་སྟེ་དོན་གསུམ་སྟོན་ཏོ། །ཡིད་དུ་འོང་བ་ཞེས་བྱ་བས་ནི། རེག་པར་བྱ་བའོ། །རྒྱལ་པོའི་སྤྱོད་མཆོག་བསྟོད་པའི་གཞི་ཞེས་བྱ་བ་ནི་དོན་ཕུན་སུམ་ཚོགས་པའོ། །སྙན་པའི་ཚིག་རྣམས་ཀུན་ཏུ་ཞེས་བྱ་བས་ནི་སྒྲ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྤྱོད་མཆོག་བསྟོད་པའི་གཞི་ཞེས་བསྟན་པའི་སྤྱོད་པའི་མཆོག་གི་གཞི་དེ་ཉིད་ཀྱི་དབང་དུ་བྱས་ནས་སྨྲས་པ། ཀྱེ་མའོ་རླབས་ཆེན་ཞེས་བྱ་བ་ནས། །ཁྱོད་ཀྱིས་འགྲོ་བ་མགོན་བཅས་བགྱིས་པ་ལེགས།། ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་མའོ་རླབས་ཆེན་ཞེས་བྱ་བའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྦྱོར་བ་ཕུན་སུམ་ཚོགས་པས་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། དང་པོའི་གཉིས་པོ་སྟེ། ཀྱེ་མའོ་རླབས་ཆེན་ཞེས་བྱ་བ་འདིས་ནི་སྦྱིན་པའི་དབང་པོ་ལ་ཆགས་པ་མེད་པར་བསྟན་ཏོ། །


DTG168_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མའོ་སྙིང་རྗེ་ཅན་ཞེས་བྱ་བ་འདིས་ནི་རབ་ཏུ་འཛིན་པར་བྱེད་པའི་སྙིང་རྗེ་དང་ལྡན་པ་སྟེ། འདི་གཉིས་ཀྱི་ཕྱིར་སྦྱོར་བ་ཕུན་སུམ་ཚོགས་པའོ། །འདི་ཡི་སེམས་ནི་ཇི་ལྟར་རྣམ་དག་ལྟོས། །ཞེས་བྱ་བ་འདིས་ནི་འབྲས་བུ་ཡོངས་སུ་འགྱུར་བའོ། །ཨེ་མའོ་བདག་གི་བདེ་ལ་སེམས་མ་ཆགས། །ཞེས་བྱ་བ་འདིས་ནི་བདག་ལ་ཆགས་པ་མེད་པ་ཡིན་ཏེ། གཉིས་ཀས་ཀྱང་བསམ་པ་ཕུན་སུམ་ཚོགས་པ་བསྟན་པའོ། །དེས་ན་དེ་ཉིད་བརྟན་ཞིང་དཔའ་མཆོག་ཅེས་བྱ་བ་ཡིན་ཏེ། བརྟན་པ་ནི་བརྟན་པའི་བསམ་པ་སྟེ་སེམས་རྣམ་པར་དག་པ་དང༌། བདག་ཉིད་གྱི་བདེ་བ་ལ་མ་ཆགས་པར་དེས་བསྟན་ཏེ། །དང་པོའི་གཉིས་པོ་འདིས་ནི་དཔའ་བ་སྟེ། སྦྱོར་བ་ཕུན་སུམ་ཚོགས་པ་དེས་སོ། །དེ་ལྟར་དང་པོའི་ཚིགས་བཅད་ཀྱིས་མིག་སྦྱིན་པའི་སྤྱོད་པ་གཞི་ལས་བསྟོད་པའི་དབང་དུ་བྱས་པའོ། །པདྨའི་སྤྱན་རྒྱས་ཞེས་བྱ་བ་ལ་སོགས་པ་འདིས་ནི་མིག་རྙེད་པའི་སྒོ་ནས་བསྟོད་པ་ཡིན་ཏེ། མགོན་དང་བཅས་པས་སོ། །བསོད་ནམས་ཚོགས་ནི་དོན་ཡོད་པ། །ཞེས་བྱ་བ་འདིས་ནི་དོན་གྱིས་ཏེ། བརྒྱ་བྱིན་གྱི་མཆོག་ལ་ལྟོས་པ་མེད་པར་བདེན་པའི་བྱིན་གྱིས་རླབས་ཀྱིས་རང་གི་མིག་སླར་རྙེད་པའོ། །བྱིན་གྱིས་ཞེས་བྱ་བ་ནི་བདེན་པའི་བྱིན་གྱིས་རླབས་ཀྱིས་སོ། །རྒྱལ་བ་ནི་བརྒྱ་བྱིན་མཆོག་ལ་མ་ལྟོས་པར་རང་གི་མིག་སླར་རྙེད་པའོ། །བསམ་པ་དག་པ་ནི་དེ་ཚེ་དང་ནི་ད་ལྟར་སློང་རྣམས་ཀྱི་ཞེས་བྱ་བ་དང༌། གང་ཡང་བདག་ལ་ཡ་གཅིག་མིག་བསླངས་ན། །ཞེས་བྱ་བའི་ཚིགས་བཅད་གཉིས་བསྟན་པ་དེའི་དབང་དུ་བྱས་པའོ། །དེ་ལྟར་ཞེས་བྱ་བ་ནི་སློང་བ་རྣམས་ཀྱིས་འདི་ལྟའི་གནས་སྐབས་ཞེས་གང་བཤད་པའི་ཚིགས་བཅད་དེས་བསྟན་ཏོ། །དཔག་ཚད་བརྒྱ་ནི་ཁོར་ཡུག་ཏུ། །ཞེས་བྱ་བ་ནི་རིང་དུ་བསྟན་པའོ། །བྲག་རི་རྣམས་ཀྱིས་བར་བཅད་ཀྱང། །ཞེས་བྱ་བ་ནི་སྒྲིབ་གཡོགས་བསྟན་ཏོ། །དེ་གཉི་ག་མཐོང་བ་ནི་ལྷའི་མིག་གི་མཚན་ཉིད་ཡིན་ནོ། །བྲག་རི་རྣམས་ཀྱིས་བར་བཅད་ཀྱང༌། །ཞེས་བྱ་བས་ནི་བར་དུ་གཅོད་པ་གཞན་བསྟན་པ་ཡང་རབ་ཏུ་འགྲུབ་བོ། །ཡ་མཚན་ཆེ་ཞིང་སེམས་རབ་ཏུ་དགའ་བར་འགྱུར་


DTG168_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མིག་གིས་ཞེས་བྱ་བ་ལ། ཡ་མཚན་ཆེ་བ་ནི་མིག་ཉམས་པ་ལས་ཡང་བསྐྱེད་པའོ། །སེམས་རབ་ཏུ་དགའ་བར་གྱུར་པས་ནི་དེས་ན་མགོན་དང་བཅས་པར་བྱས་པས་སོ། །རབ་ཏུ་སྦྱིན་པའི་བསོད་ནམས་ལས་གྱུར་པའི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་གྱིས་ནི་སྦྱིན་པ་རབ་ཏུ་བསྒྲུབས་པར་བསྟན་པའི་ཕྱིར་རོ། །ཤི་བི་པ་རྣམས་དེ་ལྟར་རིག་བྱས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ཡང་དག་པར་འཛིན་དུ་གཞུག་པའོ། །འཇིག་རྟེན་ཕན་ཕྱིར་སྦྱིན་པ་གང་བྱིན་པ། །ཞེས་བྱ་བའི་ཚིགས་བཅད་དེ་འདིས་ནི་ཤི་བི་པ་རྣམས་དེ་ལྟར་རིག་བྱས་ནས་ཞེས་བྱ་བའི་ཚིག་དེ་ཉིད་སྒྲུབ་པ་སྟེ། ཕྱི་རོལ་གྱི་ནོར་གྱི་སྦྱིན་པ་གྱིས་ཤིག་ཅེས་བྱ་བར་བཤད་པར་བྱའོ། །ལྷའི་མཐུ་ལྡན་ཞེས་བྱ་བ་ནི་ལྷའི་མཐུ་བཞིན་དུ་གང་གིས་ནུས་པས་མིག་གཉིས་ཀྱིས་མཐོང་བ་དེ་ནི་མིག་གིས་མཐོང་བས་དེ་ལྷའི་མཐུའོ། །རབ་ཏུ་སྦྱིན་པའི་བསོད་ནམས་ལས་གྱུར་པ། །ཞེས་བྱ་བ་ནི་མིག་རབ་ཏུ་སྦྱིན་པའི་བསོད་ནམས་ལས་གྱུར་པ་སྟེ། ལྷའི་མཐུ་ལྡན་ཞེས་བསྟན་པ་དེའོ། །ལྷའི་མཐུ་ལྡན་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཡིན་ནོ། །ཤིན་ཏུ་རིང་ན་གནས་པ་ཡང༌། །བལྟ་བར་བྱ་བ་གསལ་བར་མཐོང། །ཞེས་བྱ་བ་ནི་ཉེ་བར་གནས་པ་བཞིན་དུ་རྣམ་པར་གསལ་བ་ཡིན་པའི་ཕྱིར་ཉེ་བར་གནས་པ་བཞིན་དུ་གསལ་བར་མཐོང་བའོ། །བལྟ་བར་བྱ་བ་ཞེས་བྱ་བ་ནི་ཕྱོགས་ཀུན་ཏུ་སྟེ། འོག་དང་སྟེང་དུ་ཡང་མངོན་སུམ་དུ་དམིགས་སོ། །སྦྱིན་པའི་མཐོང་བའི་ཆོས་ཀྱི་འབྲས་བུ་བསྟན་པ་དང༌། ཕ་རོལ་ཏུ་མངོན་པར་མཐོ་བ་རབ་ཏུ་བསྒྲུབ་པའི་ཕྱིར། གང་ཕྱིར་མི་ཡི་མིག་ནི་ཞེས་བྱ་བའི་ཚིགས་བཅད་བསྟན་ཏེ། གཞན་དག་ལ་བརྩེ་བ་ནི་གཞན་དག་ལ་སྙིང་བརྩེ་བ་སྟེ་སྙིང་རྗེ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བཟོད་པ་བསྟན་ཏ། །གཞན་ལ་བརྩེ་བ་དང་དུལ་བའི་ཚུལ་ནི་གཞན་ལ་བརྩེ་ཞིང་དུལ་བའོ། །དེ་ལས་སྐྱེས་པ་ནི་གཞན་ལ་བརྩེ་ཞིང་དུལ་བ་ལས་བྱུང་བའོ། །དེ་བས་ན་མངོན་པར་མཐོ་བ་སྦྱིན་པའི་འབྲས་བུ་སྟེ་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ཚུལ་ཁྲིམས་ཀྱི་འབྲས་བུ་ནི་གོམས་པའི་དངོས་པོ་ཕུན་སུམ་ཚོགས་པའོ། བཟོད་


DTG168_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ནི་འཁོར་ཕུན་སུམ་ཚོགས་པའོ། །མངོན་པར་མཐོ་བའི་ཐབས་ཀྱང་རྣམ་པ་གསུམ་སྟེ། གང་ཕྱིར་མི་ཡི་མིག་ནི་ཞེས་བྱ་བའི་ཚིགས་བཅད་ཕྱེད་པ་བསྒྲུབ་པའི་ཕྱིར། སྦྱིན་དང་སྤྱད་པས་ནོར་རྣམས་དོན་ཡོད་བྱོས། །ཞེས་བྱ་བ་གཉིས་ཀ་བཟུང་བ་ཡིན་ནོ། །གསུམ་པ་ནི་མ་བྱིན་ཞིང་གཞག་པ་དེ་བཟློག་པ་ཡིན་ཏེ། འཇིག་རྟེན་འདི་དང་གཞན་ལ་བདེ་བ་འབྱུང་བའི་ལམ་ཞེས་བྱ་བ་འཇིག་རྟེན་འདིར་ནི་གྲགས་པ་གཙོ་བོ་ཡིན་པས་འཇིག་རྟེན་འདིར་བདེ་བ་འབྱུང་བའོ། །ལམ་ནི་གང་གི་ཕྱིར་ལོངས་སྤྱོད་དོ། །དེ་བས་ན་དོན་ཡོད་བྱོས་ཞེས་བྱ་བ་ཡིན་ཏེ། སྦྱིན་དང་སྤྱད་པས་ནོར་རྣམས་དོན་ཡོད་ཞེས་བྱ་བའོ། །འདིར་དོན་གཉིས་པོ་དེ་རབ་ཏུ་བསྒྲུབ་པ་དང་སྐྱོན་བསྟན་པའི་ཕྱིར་བཤད་པ་སྟེ། མངོན་པར་འདོད་པ་ནི་ཁྱད་པར་དུ་འཕགས་པའི་གཏེར་བསྟན་པའི་ཕྱིར་དང༌། ངེས་པར་ལེགས་པའི་ལམ་ཉེ་བར་བསྟན་པའི་ཕྱིར། འཇིག་རྟེན་ཕན་ཕྱིར་ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ནོ། །སྙིང་པོ་མེད་པའི་ཞེས་བྱ་བ་ནི་སྙིང་པོ་མེད་པས་མི་གཅེས་པ་ནི་སྙིང་པོ་མེད་པའོ། །དེའི་སྙིང་པོ་ནི་གང་བྱིན་པའི་སྙིང་པོ་ཡོད་པ་སྟེ། བྱིན་པ་གང་ཡིན་པ་སྟེ་གང་བཏང་བ་དང་སྙིང་པོའོ། །འཇིག་རྟེན་ཕན་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་མངོན་པར་འདོད་པ་སྟེ། འདིས་ནི་ཁྱད་པར་དུ་ངེས་པར་ལེགས་པའི་ལམ་བསྟན་ཏོ། །ཇི་ལྟར་སྦྱིན་པ་སྦྱིན་པར་བྱ་བ་ཡིན་ཞེ་ན། སྨྲས་པ། སྦྱིན་པ་བྱིན་ན་གཏེར་དང་འདྲ་བར་འགྱུར། །ཞེས་བྱ་བ་སྟེ། མངོན་པར་འདོད་པ་གང་ཡིན་པ་དེ་ཁྱད་པར་དུ་གྱུར་པའི་གཏེར་ཡིན་པས་བཏང་བ་བྱས་ན་ནི་འཁོར་བའི་སྐྱེ་བ་གཞན་དག་ཏུ་ཉེ་བར་ལོངས་སྤྱོད་པར་འགྱུར་ཏེ། དེ་ལ་སྦྱིན་པ་བྱིན་ན་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་ཆུད་ཟོས་འགྱུར་ཞེས་བྱ་བ་ནི་གཏེར་རྣམ་པར་ཉམས་པ་སྟེ། གཅིག་ཏུ་ཆུད་ཟོས་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཆུད་ཟོས་འགྱུར་ཞེས་བྱའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཡུལ་ཤི་བི་པའི་སྐྱེས་པའི་རབས་སོ།། །།སེམས་རབ་ཏུ་དང་བ་ལས་བྱུང་བ་ཞེས་བྱ་བ་ནི་སེམས་དམ་པ་དང་ཁྱད་པར་དུ་གྱུར་པ་


DTG168_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའོ། །ཆུང་ཞེས་བྱ་བ་ནི་སྦྱིན་པའི་དངོས་པོ་ཆུང་ཞེས་བྱ་བ་མེད་ཅེས་བྱ་བའི་དོན་ཏོ། །རབ་ཏུ་བྱེད་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པའི་རྒྱལ་པོའི་ཡོན་ཏན་ནོ། །གྱུར་ཞེས་བྱ་བ་ནི་བདག་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། འདིས་ནི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །སྐལ་བ་ཕུན་སུམ་ཚོགས་པ་ཉིད་ཡོན་ཏན་ཡིན་པས་སྐལ་བ་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །དེ་ཉིད་བཟང་པོ་སྟེ་བལྟ་ན་སྡུག་པར་གྱུར་པས་སོ། །ཟླ་བ་ལྟ་བུ་ནི་རྒྱལ་པོ་ཡིན་ལ། འོད་ལྟ་བུ་ནི་དེའི་ཡོན་ཏན་ནོ། །སྟོན་ཀ་ལྟ་བུ་ནི་སྐལ་བ་ཕུན་སུམ་ཚོགས་པའོ། །ཁྲོས་པའི་རྗེས་སུ་འབྲངས་པའི་དཔལ་དེ་ལ་གནས་ཏེ། གང་ལས་ཤེ་ན། འདི་ལྟར་དེའི་དགྲ་དྲེགས་པ་རྣམས་ཀྱང་བཏང་ཞེས་པས་སོ། །བྱམས་པའི་རྗེས་སུ་འབྲང་བའི་དཔལ་དུ་ཡང་འགྱུར་ཏེ། གང་ལས་ཤེ་ན། དེ་ལ་བརྟེན་པ་རྣམས་ལ་ཆགས་ཞེས་བྱ་བ་ཡིན་ཏེ། སྤྲོ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེའི་དགྲ་དྲེགས་པ་རྣམས་ཀྱང་བཏང་བས་དཔལ་ཞེས་བཤད་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཉེས་པ་དང་བཅས་ཏེ་མི་མཐུན་པ་ཡིན་པས་སྙིང་རྗེའི་ཡོན་ཏན་དང་འགལ་བར་སྣང་ངོ་ཞེ་ན། དེའི་ལན་བསྟན་པའི་ཕྱིར། དེ་ནི་ཆོས་ཀྱི་བདག་ཉིད་གྱུར་པས་ན་ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ཏེ། གཞན་གྱི་གནོད་པ་ནི་གཞན་ལ་གནོད་པའོ། །དེས་གདུག་པ་ནི་གཞན་ལ་གནོད་པའི་གདུག་པའི་སེམས་སུ་མ་གྱུར་པའོ། །གལ་ཏེ་གཞན་ལ་གནོད་ཅིང་གདུག་པའི་སེམས་སུ་གྱུར་ན་ནི་སྙིང་རྗེའི་ཡོན་ཏན་དང་འགལ་བའི་སྐྱོན་དུ་འགྱུར་གྱི་དེ་མེད་པས་སོ། །ཅིའི་ཕྱིར་ཞེ་ན། དེ་སྨྲས་པ། ཆོས་ཀྱི་བདག་ཉིད་དུ་གྱུར་པ་ཞེས་པས་སོ། །དེ་ལྟ་ན་ནི་ཇི་ལྟར་དེའི་དགྲ་མཚོན་ཆ་བཏང་ཞེ་ན་དེ་བསྒྲུབ་པའི་ཕྱིར། འབངས་ཀྱང་དེ་ལ་གློ་བ་ཉེ་བར་གྱུར། །ཞེས་བྱ་བ་ཡིན་ཏེ། གློ་བ་ཉེ་བ་ནི་དེའི་འབངས་རྗེ་ལ་སྙིང་ཉེ་བ་དེས་དཔལ་མངོན་པར་སྦྱོར་བར་བྱེད་དེ། བྱང་ཆུབ་སེམས་དཔའ་མ་ཡིན་པའོ། །དེ་བདག་གི་ཚེ་སྔ་མ་འདས་པ་ཞེས་བྱ་བ་ལ། འདས་པ་ཞེས་སྨོས་པས་ནི། སྔ་མའི་ཁྱད་པར་བསྟན་པའི་ཕྱིར་རོ། །བདག་གི་


DTG168_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་པས་ནི། ཚེ་རྗེས་སུ་དྲན་པའི་ཁྱད་པར་བསྟན་པའི་ཕྱིར་ཏེ། གཞན་གྱི་སྐྱེ་བ་དྲན་པ་དགག་པའོ། །རབ་ཏུ་སྐྱོ་བར་གྱུར་ནས། ཞེས་བྱ་བ་ནི། འཁོར་བའི་གནས་སྐབས་རྟོགས་ཤིང་ཚེ་སྔ་མ་ལ་དབུལ་བ་དེ་རྗེས་སུ་དྲན་པའི་རྒྱུས་ས། །སྦྱིན་པ་ཁྱད་པར་ཅན་ཞེས་བྱ་བ་ལ་ཅིའི་ཕྱིར་ཁྱད་པར་ཅན་ཡིན་ཞེ་ན། ཚེ་རབས་སྔ་མ་ལ་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ཡང་དག་པར་བླང་བ་དང༌། བདག་གི་སྐྱེ་བ་རྗེས་སུ་དྲན་པའི་རྒྱུས་སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། ཅིའི་ཕྱིར་འབྲས་བུ་དང་འབྲེལ་ཅེ་ན་མངོན་སུམ་དུ་གྱུར་པས་སོ། །དེ་ལ་དགེ་སྦྱོང་དང༌། བྲམ་ཟེ་དང༌། ཕོངས་པ་དང༌། སློང་བ་ཉིད་སྨོས་པ་ནི་ཡོན་ཏན་འབྱུང་བའི་ཞིང་གི་དབྱེ་བ་བསྟན་པའི་ཕྱིར་ཏེ། དགེ་སྦྱོང་དང་བྲམ་ཟེ་ནི་འཇིག་རྟེན་པ་རྣམས་ཀྱི་ཡོན་ཏན་གྱི་ཞིང་དུ་ཡང་དག་པར་འདོད་པའི་ཕྱིར་རོ། །དོན་དམ་པ་དང་ཀུན་རྫོབ་གཉིས་སོ། །ཕོངས་པ་དང་སློང་བ་སྨོས་པས་ནི་རང་གི་འཚོ་བས་འཇིགས་པ་དང༌། སློང་བ་དེ་ཉིད་ཀྱི་འཚོ་བའི་དབྱེ་བས་སྙིང་རྗེའི་ཞིང་གི་དབྱེ་བ་བསྟན་པའོ། །བདེ་བའི་རྒྱུ་དང་གཞིར་གྱུར་པ་ཞེས་བྱ་བ་ནི་སྦྱིན་པ་པོ་དང་བྱང་ཆུབ་སེམས་དཔའོ། །བདེ་བའི་རྒྱུ་ཞེས་བྱ་བ་ལ་བདེ་བ་ནི་ལུས་དང་སེམས་ཀྱིས་མྱོང་བ་གང་ཡིན་པའོ། །དེའི་རྒྱུ་ནི་ལོངས་སྤྱོད་དོ། །དེའི་གཞིར་གྱུར་པ་ནི་སྦྱིན་པར་བྱ་བ་ཡིན་ཏེ། སྦྱིན་པའི་དངོས་པོ་དམ་པའོ། །འདིས་ནི་སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་བསྟན་ཏེ། སྦྱིན་པ་ཐམས་ཅད་བྱིན་པར་སྟོན་ཏོ། །དེ་དག་གིས་ནི་གང་དག་ལ་སྦྱིན་པ་དང་གང་གི་ཕྱིར་སྦྱིན་པ་དེ་བསྟན་པ་ཡིན་ནོ། །བདེ་བའི་རྒྱུ་དང་གཞིར་གྱུར་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་དང་གསོ་སྦྱོང་ནི་བདེ་བའི་རྒྱུ་སྟེ། ཚུལ་ཁྲིམས་ཀྱི་འབྲས་བུ་མངོན་པར་མཐོ་བ་ཕུན་སུམ་ཚོགས་པའོ། །དེའི་གཞིར་གྱུར་པ་ནི་ཚུལ་ཁྲིམས་ངན་པ་མ་ཡིན་པ་དེ་དག་གོ །ཡང་གང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་མཚན་ཉིད་དོ། །མུ་སྟེགས་ལ་སོགས་པ་གཞན་དག་ནི་རང་གི་བཏགས་པའི་ཚུལ་ཁྲིམས་ཞེས་བྱ་བའི་དོན་ཏོ། །འདིས་ནི་བསླབ་པའི་གཞི་ལྡ་འཛིན་པར་བསྟན་


DTG168_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གསོ་སྦྱོང་དང་ངེས་པར་གནས་པ་དག་ཀྱང་ཡང་དག་པར་ལེན་ཏེ། གསོ་སྦྱོང་ངན་པ་མ་ཡིན་པ་ནི་ཡན་ལག་བརྒྱད་པ་སྟེ། བདེ་བའི་རྒྱུ་དང་གཞིར་གྱུར་པ་ཞེས་བྱ་བ་དང་སྦྱར་རོ། །བསོད་ནམས་ཀྱི་མཐུ་བསྒྲགས་པ་ཞེས་བྱ་བ་ལ། བསོད་ནམས་ནི་དགེ་བ་དང་ཆོས་སོ། །དེའི་མཐུ་ནི་འབྲས་བུ་ཆེན་པོར་གྱུར་པ་ཡིན་པས་དེ་བསྒྲགས་པས་ཏེ། བསོད་ནམས་ཀྱི་མཐུ་བསྒྲགས་པའི་རྒྱུས་སོ། །ལེགས་པར་དགོད་པར་འདོད་པས་དང་བའི་སེམས་ཀྱིས་ཞེས་བྱ་བ་ནི་བསོད་ནམས་ཀྱི་འབྲས་བུ་མངོན་སུམ་དུ་བསྟན་པས་སོ། །དོན་ངེས་པ་ཞེས་བྱ་བ་ནི་མི་འགྱུར་བ་ཉིད་ཀྱི་དོན་ཏོ། །བདེ་བར་གཤེགས་ལ་བཀུར་སྟི་ཞེས་བྱ་བ་ལ། མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། འདིའི་ལམ་དུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བཀུར་སྟི་ནི་སྦྱིན་པ་དང༌། ཉེ་བར་འགྲོ་བ་དང་རིམ་གྲོ་ལ་སོགས་པའི་མཚན་ཉིད་དོ། །མེད་ཅེས་ཐོས་ཞེས་བྱ་བའི་སྒྲ་ནི་མཐོང་བར་འགྱུར་བ་མེད་བ་སྟེ། གང་ཐོས་པ་ཞེས་བྱ་བའི་དོན་ཏོ། །སྔོན་ཞེས་བྱ་བ་ནི་སྐྱེ་བ་གཞན་དག་ཏུའོ། །ཟན་དྲོན་ཁེངས་པ་ཞེས་བྱ་བ་ལ་སོགས་པའི་བསྡུས་པའི་དོན་ནི་དངོས་པོ་དང༌། ཚད་དང༌། ལེགས་པར་མ་སྦྱར་བ་སྟེ། སྦྱིན་པའི་དངོས་པོ་ཤིན་ཏུ་ཞན་པ་ཡིན་པས་དེ་སྐད་བསྟན་ཏོ། །ལན་ཚྭ་མེད་པ་ཞེས་བྱ་བ་འདིས་ནི་རོ་དམན་པའོ། །ཁེངས་པ་ཞེས་བྱ་བ་ནི་ཚོད་མ་མེད་པ་སྟེ། འདིས་ནི་རེག་བྱ་ཞེན་པའོ། །རྩུབ་པ་ཞེས་བྱ་བ་ནི་སྣུམ་མེད་པའོ། །འདིས་ནི་དྲི་དམན་པའོ། །འདི་དག་གིས་ནི་ལེགས་པར་མ་སྦྱར་བ་བསྟན་བ་ཡིན་ནོ། །དེ་དག་ཉེ་བར་བླངས་པའི་ཚུལ་ཡིན་ཏེ། དེས་ན་དེའི་ཕུན་སུམ་ཚོགས་པ་མེད་པར་གྱུར་པའོ། །ཟན་དྲོན་ཞེས་སྨོས་པས་ནི་དངོས་པོ་སྟེ་ངན་པའོ། །ཆང་གཅིག་ཞེས་པས་ནི་ཆུང་བ་སྟེ་ཚད་དོ། །དེ་གཉིས་ཀྱིས་ནི་ཕུན་སུམ་ཚོགས་པ་དང་བྲལ་བར་ཡང་སྟོན་ཏོ། །འབྲས་བུ་འབྱོར་པ་ཆེན་པོ་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པའི་དངོས་པོ་སྟེ། གཟུགས་བཟང་བར་གྱུར་པ་དང༌། གྲགས་པ་དང་ལྡན་པ་དང༌། དགའ་བར་གྱུར་པ་དང༌། གཞོན་ཤ་ཆགས་པ་དང༌། བདེ་བའི་རེག་པ་དང་


DTG168_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའོ། །དེ་ལྟར་སྦྱིན་པའི་དངོས་པོ་ནི་ཁ་དོག་ལ་སོགས་པ་མེད་ཀྱང་བདེ་བར་གཤེགས་པ་ལ་བཀུར་སྟི་བྱས་པས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ། །ཡང་ན་མཐོ་རིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པའོ། །ཕྱི་རོལ་གྱི་དངོས་པོའི་འབྲས་བུ་ཕུན་སུམ་ཚོགས་པ་དང༌། ནང་གི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། དེ་ལས་ནང་གི་ཕུན་སུམ་ཚོགས་པའི་དངོས་པོའི་དབང་དུ་བྱས་ནས་སྦྱིན་པའི་དངོས་པོ་ཁ་དོག་ལ་སོགས་པ་མེད་ཀྱང་གཟུགས་མཛེས་པར་འགྱུར་བ་དང༌། དྲི་དང་བྲལ་བ་ཡིན་ཡང་གྲགས་པ་ཆེ་བ་དང༌། རེག་བྱ་ཕུན་སུམ་ཚོགས་པ་མེད་ཀྱང་བདེ་བའི་རེག་པ་དང་ལྡན་པ་སྟེ། འདི་ནི་ནང་གི་ཕུན་སུམ་ཚོགས་པའོ། །ཡང་ན་ནང་གི་ནི་ཟླ་མེད་པ་ཡིན་པས་དེ་ནི་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པས་བརྗོད་པར་བྱ་བ་མ་ཡིན་ནོ། །ད་ནི་ཕྱི་རོལ་གྱི་དངོས་པོ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། ཤིང་རྟ་སྣ་ཚོགས་རྟ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་རྟ་དང༌། རྟ་དང་གླང་པོ་ཆེ་སྨོས་པས་ནི་ནུས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ས་ཆེན་འདི་ནི་ཞེས་བྱ་བ་འདིས་ཡུལ་མི་དང༌། མཁར་དང༌། གྲོགས་པོ་དང༌། མཛའ་བཤེས་ལ་སོགས་པ་གཟུང་ངོ། །ནོར་མང་ཞེས་བྱ་བ་འདིས་ནི་མཛོད་ཕུན་སུམ་ཚོགས་པའོ། །དཔལ་ཡང་རྗེས་ཆགས་བཙུན་མོ་རྒྱ་ཆེན་ལྡན་ཞེས་བྱ་བ་འདིས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ལོང་སྤྱོད་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། རྫས་ལ་ཉེ་བར་ལོངས་སྤྱོད་པའི་དངོས་པོ་དང༌། འཁྲིག་པ་ལ་ཉེ་བར་ལོངས་སྤྱོད་པའི་དངོས་པོར་བཤད་དེ། དེ་གཉིས་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་རང་བཞིན་གྱིས་ཕུན་སུམ་ཚོགས་པ་དང༌། ཉེ་བར་ལོངས་སྤྱོད་པའི་ཕུན་སུམ་ཚོགས་པའོ། །འབྲས་བུ་གྲུབ་པ་བཟང་པོ་ཞེས་བྱ་བ་ནི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། བཟང་པོ་ནི་མཛེས་པའོ། །ཟན་དྲོན་ཆང་གཅིག་ཅེས་བྱ་བ་ནི་སྔར་བཤད་པས་མཚོན་པར་བྱའོ། །བློན་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཉིད་སྨོས་པ་ནི་ཐག་ཉེ་བ་ན་སྤྱོད་པ་དང༌། རིགས་མཐོ་བ་ཕུན་སུམ་ཚོགས་པ་དང༌། གློ་བ་ཉེ་ཞིང་ཞུ་བར་ནུས་པའོ། །སྨྲ་བའི་སྤོབས་པ་ནི་སྨྲ་བར་ནུས་པའོ། །


DTG168_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ་ནི་སྨྲ་བ་ཐོགས་པ་གང་ཡང་མེད་པ་གང་ལ་ཡོད་པའོ། །དེ་སྨྲ་བ་ནི་ཐོགས་པ་མེད་པས། གཏམ་གླེང་བའི་སྐབས་ནི་གཏམ་གླེང་བའི་དུས་སྐབས་ཏེ། དེ་བབ་པ་ནི་དེ་ཉིད་ལ་བབ་པའོ། །ངེས་པར་ནི་དུས་རྟག་ཏུའོ། །གསུང་བ་ནི་ཞེས་བྱ་བའི་དོན་ནི་གང་བཤད་པའི་ཚིགས་བཅད་དོ། །དེ་སྐད་ཅེས་བྱ་བ་འདི་ཚིགས་བཅད་གཉིས་སོ། །ངོ་མཚར་ཆེ་བ་དང༌། རབ་ཏུ་གཡེང་བ་ནི་ངོ་མཚར་ཆེ་བས་རབ་ཏུ་གཡེངས་པའོ། །དེའི་དོན་ཐོས་པ་མངོན་པར་འདོད་པས་རབ་ཏུ་གཡེངས་པའམ། དེའི་དོན་ཡོངས་སུ་ཤེས་པར་འདོད་པས་སོ། །སྐྱེ་བོ་ནི་བློན་པོ་ལ་སོགས་པའི་མཚོན་པའོ། །ཡང་ན་བདག་ཉིད་ལ་སྟོན་ཅིག་པ་སྟེ། གཞན་ལ་བསྟན་དུ་མི་རུང་བར་མངོན་པར་འདོད་པའི་དོན་འདྲི་བ་སྟེ། དེ་བས་ན་གསལ་བར་དྲིས་པའོ། །མི་བསྒྲག་ཅེས་བྱ་བ་ནི་དོགས་པ་བསུ་ནས་སྨྲས་པ་སྟེ། གསང་ན་ཞེས་བྱ་བ་འདིའི་དོན་ཡིན་ནོ། །གསང་བ་ནི་གསལ་བར་མི་བསྒྲག་པའོ། །གྲགས་པ་ཞེས་བྱ་བ་ནི་གསལ་བར་བདག་གིས་དྲིས་པའོ། །དེ་དགའ་ཞིང་རབ་ཏུ་བྱམས་པས་ཞེས་བྱ་བ་ནི་ལྷག་པར་དགའ་ཞིང་བྱམས་པ་ཉིད་དེ། སྔ་མ་བས་ཀྱང་ད་ལྟར་རབ་ཏུ་བྱམས་པ་སྟེ། བྱམས་པ་ནི་མངོན་པར་འདོད་པ་ཡང་དག་པར་བསྒྲུབས་པས་སོ། །བྱམས་པའི་ལྟབས་བཞིན་གསལ་ཞིང་དགའ་བའི་མཚན་མས་ཕྱོགས་གཅིག་ཏུ་ཟུང་གྱིས་ལྟ་ཞིང་དང་བའི་ལྟ་བས་ཏེ་དགའ་བའི་མཚན་མ་དག་གིས་སོ། །དོན་དང་རྒྱུ་མཚན་མ་ཕྱེ་བར་ཞེས་བྱ་བ་ལ་རྒྱུ་མཚན་དང་དོན་ནི་དོན་དང་རྒྱུ་མཚན་ནོ། །གང་གི་དོན་དང་རྒྱུ་མཚན་མ་ཕྱེ་བར་སྨྲས་པ་དེ་ནི་དོན་དང་རྒྱུ་མཚན་མ་ཕྱེ་བར་རོ། །རྒྱུ་མཚན་ཅི་ཞིག་བསྟན་པ་དང༌། འདིའི་དོན་ཅི་སྟོན་པ་སྟེ། དེ་ལྟར་མ་ཕྱེ་བར་སྨྲས་པའོ། །ངོ་མཚར་ཆེ་བ་དང་ཡིད་གཡོས་པ་ནི་སྔར་བསྟན་པ་གང་ཡིན་པ་སྟེ། ངོ་མཚར་ཆེ་བས་རབ་ཏུ་གཡེངས་བར་གྱུར་ཞེས་བྱ་བར་བསྟན་པ་ཡིན་ནོ། །ངོ་མཚར་ཆེན་པོས་རབ་ཏུ་གཡོས་པར་གྱུར་པ་ནི་བསྐྱོད་པ་སྟེ། ངོ་མཚར་ཆེན་པོས་རབ་ཏུ་གཡོས་པར་གྱུར་པ་ཉིད་རབ་ཏུ་གཡེངས་པ་ཡིན་ནོ། །ཡིད་ནི་སེམས་ཏེ་ངོ་མཚར་ཆེན་པོས་རབ་ཏུ་གཡོས་པའི་ཡིད་དོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུའམ་གང་གི་མཚན་མའོ། །ཞིག་ཏུ་ཞེས་བྱ་བ་ནི་སྐྱེས་པའོ། །འདིར་ཞེས་བྱ་བ་ནི་འདི་ཉིད་དུའོ། །


DTG168_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཙམ་གྱིས་ནི་མཐོ་བ་ལ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ནི་མ་ཚང་བ་ཞེས་བྱ་བའི་དོན་ཏེ། ལས་དག་གིས་མགུ་བ་ནི་ལས་ཀྱིས་མགུ་བ་སྟེ། དེས་སྒྲུབ་པ་ནི་བྱས་པའོ། །དམན་ཚིས་ཀྱིས་འཚོ་བ་གང་ཡིན་བདེ་ནི་ལས་ཀྱིས་མགུ་བར་བྱས་ནས་དམན་ཚིས་ཀྱིས་འཚོ་བ་སྟེ། ལུས་ངག་གི་འཚོ་ཞིང་སྤྱད་པར་བྱེད་པ་ནི་འཚོ་བའོ། །དེའི་འབྱོར་པ་དམན་ཞིང༌། ཞུས་པ་སྐྱེད་པར་བྱད་པ་ཡིན་པས་དམན་ཚིས་སོ། །གླ་འདིས་སྲོག་བཟུང་བ་ཡིན་པས་གླ་མི་སྟེ། གཞན་དག་གིས་ལས་བྱེད་པས་ན་སེམས་ཀྱིས་བསམས་ཤིང་དེ་ལ་ཞུགས་ཏེ་ཞེས་བྱ་བ་ནི་ཞུགས་པར་གྱུར་པའོ། །མཚན་ཉིད་ཇི་ལྟ་བུ་ཞེ་ན། བརྙས་ཤིང་ཞེས་བྱ་བ་ཡིན་ཏེ། གཞན་གྱིས་ཁྱད་དུ་གསད་པའི་གཞིར་གྱུར་པའོ། །ངལ་བ་ནི་རང་གི་ལུས་ཡོངས་སུ་དུབ་པར་གྱུར་པའོ། །དམན་པ་ནི་སེམས་ཞུམ་པའོ། །དེས་བརྙས་ཤིང་ངལ་བ་དམན་པའི་གནས་ནི་བརྙས་ཤིང་ངལ་བ་དམན་པའི་གནས་ཏེ། གནས་དེས་ཡོང་སུ་བརྙས་ཤིང་ངལ་བ་ཡིན་པས་སོ། །ཅིའི་ཕྱིར་དེ་ལྟར་ཉེས་པས་མ་རུང་བ་དེ་ལ་འཇུག་ཅེ་ན། སྨྲས་པ། མི་འཚོར་དོགས་ནས་ཞེས་བྱ་བ་ཡིན་ཏེ། འཚོ་བ་མེད་པས་འཇིགས་པས་སོ། །དབང་པོ་དུལ་ཞིང་ཞེས་བྱ་བ་ནི་དབང་པོ་བསྲུང་ཞིང་བསྡམས་པ་ཡིན་པར་སྟོན་ཏོ། །དགེ་སློང་དཔལ་གྱི་རྗེས་འབྲང་བཞིན། །ཞེས་བྱ་བ་ནི་ཀུན་ཏུ་ལྟ་བ་དང༌། རྣམ་པར་ལྟ་བ་དང༌། སྣམ་སྦྱར་དང༌། ལྷུང་བཟེད་དང༌། ཆོས་གོས་འཆང་བ་ལ་སོགས་པ་ཇི་ལྟར་མདོ་སྡེ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །བཞི་ཞེས་སྨོས་པས་ནི་དགེ་འདུན་གྱི་ཚོགས་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །འདིས་ནི་སྣོད་ཕུན་སུམ་ཚོགས་པ་བསྟན་ཏོ། །དང་ཞིང་འཇམ་པ་ཞེས་བྱ་བ་ལ་དན་བ་ནི་དད་པའི་གཞི་སྟེ་འཇམ་པ་ཞེས་བསྟན་པ་ཡིན་ནོ། །སྦྱིན་པ་པོའི་ཕུན་སུམ་ཚོགས་པ་ནི་དང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ཚུལ་ཁྲིམས་ནི་སྔར་བཤད་པ་ཡིན་པས་ཡང་བཤད་པར་བྱ་བ་མ་ཡིན་ཏེ། ཚུལ་དང་ལྡན་ཡང་ནོར་ཙམ་གྱིས་ནི་ཞེས་བྱ་བའི་ཚིག་གིས་སོ། །ཕྱག་བྱས་ནས་ཞེས་བྱ་བ་ནི་བཀུར་སྟི་དང་གུས་པ་དང་བཅས་པའི་སྦྱིན་པའོ། །བསྙེན་


DTG168_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་དང་བཅས་པས་བྱིན་པ་ནི་དེ་ཐོབ་པའོ། །ཟན་དྲོན་ཙམ་ཞིག་གུས་པར་བྱིན། །ཞེས་བྱ་བ་འདིས་ནི་སྦྱིན་པ་ཆུང་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་གོང་དུ་བསྟན་པ་དེ་སྒྲུབ་པ་ཡིན་ནོ། །བདག་གི་ཁྱིམ་དུ་གུས་པར་ཞེས་བྱ་བ་འདིས་ནི་སྦྱིན་པའི་དངོས་པོ་དག་པར་སྟོན་ཏོ། །དེ་ཡི་མྱུ་གུ་ཙམ་ཞིག་བྱུང༌། །ཞེས་བྱ་བ་དག་གིས་ནི་གུས་པར་བྱས་ཏེ། བསོད་ནམས་བྱས་པས་བསྙེན་བཀུར་ཐོབ་པར་སྟོན་པ་ཡིན་ནོ། །ང་ཡིས་དེ་ལས་བསམས་ནས་ནི། །ཞེས་བྱ་བ་གོང་དུ་བཤད་པ་སྟེ། གང་ཡིན་ཞེ་ན། །རྒྱལ་པོ་ཆེན་པོ་ཅི་ལས་དགོངས། །ཞེས་བྱ་བ་ལ་སོགས་པ་དེ་ཉིད་བཤད་པའོ། །བསོད་ནམས་ཀྱིས་ནི་ངོམས་མི་མྱོང༌། །ཞེས་བྱ་བའི་ཚིགས་བཅད་ཕྱེད་པོ་འདིས་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་སྦྱིན་པའི་ཞིང་ལ་སྦྱིན་པའི་དངོས་པོ་བྱིན་པས་མི་ངོམས་པར་བསྟན་ཏོ། །དགའ་བ་ནི་ཡིད་ཚིམ་པ་སྟེ། བདག་ཉིད་ཀྱིས་ཀྱང་ལས་ཀྱི་འབྲས་བུ་དེ་དང་མཉམ་པར་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ངོ་མཚར་ཆེ་བ་ནི་སྦྱིན་པའི་དངོས་པོ་ཆུང་བ་ལས་འབྲས་བུ་ཆེན་པོ་སྟོན་པས་སོ། །རབ་ཏུ་གུས་པ་ནི་སླར་ཡང་བསོད་ནམས་ལ་བརྩོན་པས་འཇུག་པར་སྟོན་ཏོ། །བསོད་ནམས་ཀྱིས་ཞེས་བྱ་བ་ནི་དང་ཞིང་འཇམ་པའི་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གང་གོང་དུ་བསྟན་པ་དེའམ། ཡང་ན། །བདེ་བར་གཤེགས་ལ་བཀུར་སྟི་བྱས་པ་ཆུང་དུ་ཡང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་གང་བསྟན་པ་འདི་རུ་བཤད་དོ། །མངོན་པར་མཐོ་བའི་ཁྱད་པར་འདི་ལྟ་བུའི་རྣམ་པར་སྨིན་པ་ཞེས་བྱ་བ་ནི། ཤིང་རྟ་སྣ་ཚོགས་རྟ་དང་གླང་པོ་འགྱིང་བ་དང༌། །ཞེས་བྱ་བའི་ཚིགས་བཅད་གང་བསྟན་པ་དེས་བསྟན་པ་ཡིན་ཏེ། རྣམ་པར་སྨིན་པ་ཉིད་མངོན་པར་མཐོ་བ་ཡིན་པས་རྣམ་པར་སྨིན་པ་མངོན་པར་མཐོ་བའོ། །མངོན་པར་མཐོ་བ་ཉིད་བྱེ་བྲག་ཡིན་པས་ན་མངོན་པར་མཐོ་བའི་ཁྱད་པར་རོ། །བསོད་ནམས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པས་ཞེས་བྱ་བ་ལ་སོགས་པ་ནི་གང་གོང་དུ་བསྟན་པའི། །བསོད་ནམས་ཀྱིས་ནི་ངོམས་མི་མྱོང༌། །ཞེས་བྱ་བའི་དཔང་དུ་བྱས་པ་ཡིན་ནོ། །དངོས་སྡིག་མི་མཛད་པ་ཞེས་བྱ་བའི་ལྡོག་པའི་ཚུལ་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སྐྱེ་


DTG168_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རྣམས་ལ་ཕ་བཞིན་དུ། །ཞེས་བྱ་བས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། ཁོ་ན་མེད་པའི་ཕྱིར་རོ། །བསོད་ནམས་ཀྱི་ཡོན་ཏན་སྒྲུབ་པ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །བསོད་ནམས་ཀྱི་ཡིད་ཡོན་ཏན་ཡིན་པས་གཙོ་བོར་ཡང་དག་པར་བཟུང་བས་སོ། །བརྩོན་འགྲུས་ཞེས་བྱ་བ་འདིས་ཀྱང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང༌། སྐྱེས་པ་རྣམས་ཕྱིར་ཞིང་འཕེལ་བར་བྱེད་པའོ། །སྦྱིན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །གྲགས་པ་ཉིད་དཔལ་ཡིན་པས་གྲགས་དང་དཔལ་ལོ། །དེས་ན་གྲགས་པ་དང་དཔལ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐོང་བའི་ཆོས་ཀྱི་འབྲས་བུའོ། །དེ་བཞིན་དུ་ཆོས་ཀྱིས་ཚུལ་བཞིན་དུ་ཡུན་རིང་ས་ཆེན་སྐྱོང་བར་གྱུར། ཞེས་བྱ་བ་ནི་ཇི་ལྟ་བདེ་བཞིན་དུ་ཡུན་རིང་དུ་སྐྱོང་བར་གྱུར་ཅིག་པའོ། །ལྷ་མོ་དེ་དེ་ལྟར་གལ་ཞིག་མ་ཡིན་ཞེས་བྱ་བ་ནི་གོང་དུ་བསྟན་མ་ཐག་པ་སྟེ། དེ་བས་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ལ་ནི་ཞེས་བྱ་བ་ནི་ལེགས་པའི་ལམ་ལ་སྟེ། ད་དུང་བརྩོན་པས་བསྟན་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་ཉམས་སུ་མྱོང་བ་སྟེ། མངོན་སུམ་དུ་མཐོང་བས་སོ། །དཔལ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པས་དཔལ་ཕུན་སུམ་ཚོགས་པའི་རྒྱུ་དེ་ལ་སེམས་ཞེན་པ་གང་ཡིན་པ་དེ་ནི་དཔལ་ཕུན་སུམ་ཚོགས་པ་ལ་ཞེན་པ་ཞེས་བྱའོ། །ཅིའི་ཕྱིར་རྒྱལ་པོ་ལ་དཔལ་ཕུན་སུམ་ཚོགས་པའི་རྒྱུ་འདི་འདྲ་བར་འགྱུར། ཅི་ཐམས་ཅད་ཉིད་སྐྱེ་བ་དྲན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་པར་བསྟན་པའི་ཕྱིར་དེ་ལྟ་བས་ན་འདྲི་བ་སྟེ། དེ་ནས་ལྷ་མོ་ཞེས་བྱ་བའི་ཚིག་གིས་སོ། །བསོད་ནམས་ཀྱི་ཡོན་ཏན་ཞེས་བྱ་བ་ལ་སོགས་པས་ཀྱང་བསྐྱེད་པའི་གནས་ཡིན་པའི་ཕྱིར་དྲི་བ་ཡིན་ནོ། །གང་གིས་ཐོབ་པའི་མཚན་མ་དེས་ན་ཟན་ཆང་གཅིག་ཅེས་བྱ་བའི་སྐལ་པ་སྒོམ་པའོ། །ཐུབ་པ་ནི་རབ་ཏུ་བྱུང་བ་ལའོ། །གུས་པར་ཕུལ་བ་ཞེས་བྱ་བ་ནི་སྲི་ཞུས་བྱིན་པའོ། །དེ་ཚེ་གཉིད་ཀྱིས་ལོག་ལས་ཞེས་བྱ་བས་ནི་སྔ་མའི་ལུས་ཡང་དག་པར་རྟོགས་པའོ། །འཆི་བའི་སེམས་ལས་


DTG168_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སད་པ་བཞིན། །ཞེས་བྱ་བ་ཡིན་ཏེ། ཉིང་མཚམས་སྦྱོར་བར་གྱུར་པས་སོ། །མགོན་ཁྱོད་ཅེས་བྱ་བ་ནི་གང་གི་མགོན་གང་ཡིན་པ་དེ་ནི་མགོན་པོ་སྟེ། དེར་གྱུར་པ་དེ་ནི་མགོན་ཁྱོད་གྱུར་པའོ། །ས་དང་བཅས་པ་ཞེས་བྱ་བ་ནི་ཇི་ལྟར་སའི་མགོན་དུ་གྱུར་པ་ཞེས་བྱ་བ་ཡིན་ཏེ། དེས་ན་བདག་ཀྱང་ཁྱོད་དང་འདྲ་བར་གྱུར་ཞེས་བྱ་བ་བསྟན་པའི་དོན་ཏོ། །ཇི་ལྟར་ཐུབ་པས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཏེ། ཇི་ལྟར་བསོད་ནམས་ཀྱི་འབྲས་བུ་བསྟན་པ་བཞིན་དུ་རྒྱལ་པོས་ཀྱང་བསོད་ནམས་ཀྱི་འབྲས་བུ་བསྟན་པ་སྟེ། དེ་བས་ན་བསོད་ནམས་ལ་གུས་པ་བསྐྱེད་པ་ཞེས་བྱ་བ་ནི་བསོད་ནམས་དེ་ཉིད་ཆུང་ངུ་ཡིན་ཡང་རྣམ་པར་སྨིན་པ་ཆེ་བ་ཡིན་པས་བསོད་ནམས་ལ་སེམས་མངོན་པར་དང་བ་སྟེ། བསོད་ནམས་ཀྱི་བྱ་བ་བསྐྱེད་པ་དག་པ་དང༌། སེམས་མངོན་པར་དང་བར་འགྱུར་ཞིང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པས་སེམས་རྙོག་པ་དང་བྲལ་བ་ཡིན་ཏེ། ཆུ་དངས་པ་བཞིན་ནོ། །ཡ་མཚན་ལ་རྩེ་གཅིག་ཏུ་གྱུར་ཞེས་བྱ་བ་ནི་གོང་དུ་བཤད་པ་དག་གིས་ཡ་མཚན་དུ་གྱུར་པ་དེ་ལ་ཡང་དག་པར་བསྟན་པའོ། །ད་ནི་དགེ་བ་མི་ཆེ་བས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔས་ནི་ཡང་དག་པར་ལེན་པའི་དབང་དུ་བྱས་པ་སྟེ། དེ་ལ་དགེ་བ་མི་ཆེ་བས་ཀྱང་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་ནི་འདི་ཡིན་ཏེ། དགེ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་སྦྱིན་པ་ལ་སོགས་པའོ། །རྒྱ་ཆེན་ཞེས་བྱ་བས་ནི་བདག་ཉིད་ཕུན་སུམ་ཚོགས་པ་སྟོན་ཏོ། །སྦྱིན་པ་དང་ཚུལ་ཁྲིམས་ཀྱི་བྱ་བས་རྣམ་པ་ཐམས་ཅད་ཀྱིས་མངོན་པར་མཐོ་བ་ལ་འཇུག་པ་དང་ལྡན་པར་བསྟན་པས་རྣམ་པ་ཐམས་ཅད་ཀྱིས་དགེ་བ་བྱ་བ་དང་ལྡན་པར་བསྟན་པའོ། །དེ་རྣམ་པ་ཐམས་ཅད་ཀྱིས་ནུས་པ་ཡིན་ན་ཡང་བྱ་བ་གཞན་བསྟན་པ་ཡིན་ནོ། །དེ་ལྟར་མི་རུང་ཞེས་བྱ་བའི་དོན་བསྟན་པ་ནི་དེ་ལྟར་ཡང་མི་བཟོད་དོ་ཞེས་བྱ་བ་སྟེ། འདི་ནི་དེ་བས་ན་སྐྱེ་བ་གཞན་དག་ཏུ་མེད་པར་བསྟན་པ་ཡིན་ཏེ། ཇི་ལྟར་ཞེ་ན། ནོར་གྱིས་ཆོག་པར་ཡོད་ཀྱང་ཞེས་བྱ་བ་སྨོས་པ་སྟེ། སྦྱིན་པའི་དངོས་པོ་ལ་ཡང་ངན་ཅིང་ཞེན་པའི་ཕྱིར་སྦྱིན་པ་ཆུང་བ་སྟེ། བདག་ཉིད་ལ་ཆགས་པ་དང་ལྡན་པས་དེ་ཕུན་སུམ་


DTG168_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཡིན་ཡང་སྦྱིན་པ་མི་ནུས་པར་སྟོན་ཏོ། །དེ་ལྟར་མི་རུང་ཞེས་བྱ་བ་ལ་རུང་བ་ནི་བཟོད་པར་ཞེས་བསྟན་པ་ཡིན་ནོ། །ད་ནི་དེའི་རྒྱུ་བསྟན་པའི་ཕྱིར་བློ་བསྒྲིབས་ནས་ཞེས་སྨོས་ཏེ། མུན་པ་བཞིན་དུ་བློ་བསྒྲིབས་པ་ཡིན་པའི་ཕྱིར་རོ། །གྲགས་པ་ཞེས་སྨོས་པ་ནི་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ནི་རེ་ཞིག་གཞག་གི །འཇིག་རྟེན་འདིའི་འབྲས་བུ་མངོན་སུམ་དུ་འདོད་པའི་ཕྱིར་ཡང་སྦྱིན་པ་སྦྱིན་པར་བྱ་བ་སྟེ། གྲགས་པའི་དོན་དུ་ཡང་ངོ༌། །སེར་སྣའི་མུན་པས་ཞེས་བྱ་བ་ནི་སེར་སྣའི་མུན་པས་བློ་རབ་ཏུ་གཡོགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་བསྒྲུབ་པའི་ཕྱིར། དབང་མེད་པར་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྩམས་པ་ཡིན་ཏེ། དབང་མེད་པར་ནི་གང་ཞིག་བཏང་དགོས་ཞེས་བྱ་བ་ནི་རྐུན་པོ་དང༌། ཆུ་ལ་སོགས་པ་རྣམས་ཀྱིས་ཀྱང་ནོར་འཇིག་པར་འགྱུར་ལ། ཐ་མར་ཡང་བདག་ཉིད་འཆི་བས་མི་རྟག་པ་སྟེ། དེས་ན་ནོར་ནི་བཏང་དགོས་པ་ཡིན་ནོ། །དེ་བཞིན་སུ་ལའང་ཕན་མི་ཐོགས། །ཞེས་བྱ་བ་ནི་དབང་མེད་པར་ཡོངས་སུ་བཏང་བས་བདག་ཉིད་ཀྱི་ཡིན་ཞིང་གཞན་རྣམས་ཀྱི་ནོར་ཡིན་པའི་ཕྱིར་རོ། །ནོར་དེ་རིགས་པར་ཞེས་བྱ་བའི་ཡོན་ཏན་དེ་ཕན་པ་ཡིན་ཞིང༌། གལ་ཏེ་སྦྱིན་པའི་ཞིང་ལ་བྱིན་ན་ནི་ཡོན་ཏན་འགའ་ཞིག་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ཏེ། ཐ་ན་གྲགས་པ་ཡང་ངོ༌། །དེ་ལ་ཞེས་བྱ་བ་ནི་ངེས་པར་ཡོངས་སུ་བཏང་བ་ལའོ། །སེར་སྣའི་ལམ་ལ་བརྟེན་ཞེས་བྱ་བ་ནི་མི་སྟེར་བ་ཞེས་བྱ་བའི་དོན་ཏོ། །སྔར་ཤེས་བཞིན་དུ་སྟེ་ཡོན་ཏན་གྱི་ཉམས་སམ། ཡོན་ཏན་གྱི་རོ་ཚོར་བཞིན་དུ་སུ་ཞིག་དེ་ལྟར་མི་སྦྱིན་ཞེས་པའོ། །ཡོན་ཏན་དེ་དག་གང་ཡིན་ཞེ་ན། སྨྲས་པ། སྦྱིན་པ་ལས་བྱུང་ཡོན་ཏན་དགའ་ལ་སོགས་པ་ཞེས་སྨོས་ཏེ། ཇི་ལྟར་དགའ་བ་ལ་སོགས་པའི་ཡོན་ཏན་ཡིན་ཞེ་ན། ལྷག་པར་རྗེས་སུ་འབྲང་བའི་ཡིད་ཚིམ་པའི་དགའ་བ་སྐྱེས་པས་ལུས་སྦྱངས་པར་འགྱུར་རོ། །ལུས་སྦྱངས་པ་ལས་ནི་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །སེམས་བདེ་བས་ནི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་


DTG168_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་ལས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་ཏེ། དེ་ལྟར་དགའ་བ་ལ་སོགས་པའི་ཡོན་ཏན་སྦྱིན་པ་ལས་བྱུང་བའི་གྲགས་པ་དང་ཡང་ལྡན་པར་འགྱུར་རོ། །ད་ནི་སྦྱིན་པའི་ཆོས་དང༌། དོན་དང༌། འདོད་པའི་འཁོར་གསུམ་གྱི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་འདི་བརྩམས་པ་ཡིན་ཏེ། སྦྱིན་པ་ཞེས་བྱ་གཏེར་ཆེན་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གཏེར་ཆེན་ཞེས་བྱ་བ་གཏེར་གཞན་ནི། གོད་པ་དང་ཡོངས་སུ་ཟད་པའོ། །རྗེས་སུ་འགྲོ་ཞེས་བྱ་བ་ནི་གཏེར་གཞན་ནི་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བ་ཡིན་ཏེ། འདི་ནི་འཇིག་རྟེན་ཕ་རོལ་ཏུ་རྗེས་སུ་འབྲང་བ་ཡིན་ནོ། །གཏེར་གཞན་ནི་རྐུན་པོ་ལ་སོགས་པ་དང་ཐུན་མོང་ཡིན་གྱི། འདི་ནི་ཐུན་མོང་མ་ཡིན་ཏེ། སྦྱིན་པའི་བདག་ཉིད་ཁྱད་པར་འཕགས་པའི་དོན་གྱི་རྒྱུར་གྱུར་པ་ཡིན་ནོ། །ཇི་ལྟར་ཆོས་ཀྱི་རྒྱུར་འགྱུར་ཞེ་ན། ཆོས་ཀྱི་རྒྱུ་དེ་བསྟན་པའི་ཕྱིར་སྨྲས་པ། སྦྱིན་པ་འདོད་དང་སེར་སྣ་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་དང་འགལ་བའི་སེམས་ཀྱིས་ཀུན་ཏུ་འཛིན་པ་ནི་སེར་སྣའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་ནི་འདོད་པའོ། །སྐྱོན་ནི་དེ་ལས་གཞན་པ་སྟེ། སྲེད་པ་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། མ་རིག་པ་ལ་སོགས་པའོ།། དེ་ཉིད་རྡུལ་ཡིན་པས་དེའི་རྡུལ་ཏེ། རྡུལ་ནི་སྒྲིབ་པའི་དོན་ཏོ། །དེ་བས་ན་སྐྱོན་དེ་རྣམས་སྦྱོང་བར་བྱེད་པས་ཆོས་ཀྱི་རྒྱུར་གྱུར་པའོ། །སྦྱིན་པ་འཁོར་བའི་ཞེས་པ་འདིའི་དོན་གྱིས་ནི་འདོད་པའི་རྒྱུར་གྱུར་པ་ཡིན་ཏེ། འཁོར་བ་ཉིད་ལམ་ཡིན་པས་ན་འཁོར་བའི་ལམ་སྟེ། བགྲོད་པར་བྱ་བ་ཡིན་པས་འཁོར་བའི་ལམ་ཞེས་བརྗོད་དོ། །འཁོར་བའི་ལམ་དུ་བགྲོད་པས་ངལ་བ་ནི་འཁོར་བའི་ལམ་བགྲོད་པས་ངལ་བ་སྟེ། བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་གྱིས་ངལ་བའོ། །སེལ་བ་ཡིན་པས་མེད་པ་སྟེ། དེ་ལ་མེད་པ་ནི་འཁོར་བའི་ལམ་བགྲོད་ངལ་བ་མེད་པའོ། །འདིས་ནི་སྡུག་བསྔལ་ལས་ལྡོག་པར་བསྟན་ཏོ། །སྡུག་བསྔལ་བསལ་ནས་བདེ་བ་བསྒྲུབ་པའི་དབང་དུ་བྱས་ནས། སྦྱིན་པ་བདེ་བ་མང་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་ཡིན་ཏེ། གཅིག་མ་ཡིན་པའི་བདེ་བ་ཡིན་ཏེ། བདེ་བ་མང་པོའོ། །


DTG168_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྒྲུབ་པ་ནི་བདེ་བ་མང་པོ་འགྲུབ་པའོ། །གྲོགས་པོ་བཟང་པོ་ཞེས་བྱ་བ་ནི་གྲོགས་པོ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་གྲོགས་པོ་བཟང་པོའོ། །ཇི་ལྟར་གྲོགས་པོ་བཟང་པོ་ཡིན་ཞེ་ན། སྔར་བཤད་པའི་ཚུལ་གྱིས་ཏེ། བདེ་བ་མང་པོ་སྒྲུབ་པར་བྱེད་པས་སོ། །མཆོག་ཡིན་ནོ་ཞེས་བྱ་བ་ནི་རྟག་ཏུ་ཉེ་བར་འཁོར་བའི་ཕྱིར་རོ། །དེ་ལྟར་སྦྱིན་པས་ཆོས་དང༌། དོན་དང༌། འདོད་པ་རྣམས་འགྲུབ་པར་བསྟན་ནས། སྦྱིན་པ་ནི་དང་པོ་ཡིན་ཏེ། དེས་ན་དེས་ཡོངས་སུ་བཟུང་བ་སྟེ། དེའི་དབང་དུ་བྱས་པ་ཡིན་པས་གཞན་ལས་གཙོར་བྱས་པ་ཡིན་ནོ། །སྦྱིན་པ་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་མཐའ་དག་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་དོན་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཀྱང་རྣམ་པ་གསུམ་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་སྟེ་རྣམ་པ་གསུམ་མོ། །བསོད་ནམས་ཀྱི་ཚོགས་རྣམ་པ་གསུམ་ལས་འབྲས་བུ་ཡང་རྣམ་པ་གསུམ་སྟེ། སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །བཟོད་པས་ནི་འཁོར་མང་བ་ཉིད་དུ་འགྱུར་རོ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་སྐྱེ་བ་སྟེ་བདག་གི་ཕུན་སུམ་ཚོགས་པའོ། །སྦྱིན་པའི་འབྲས་བུས་ནི་འབྱོར་པ་ཕུན་སུམ་ཚོགས་པའོ། །བཟོད་པས་ནི་བཀའ་ལུང་ཕུན་སུམ་ཚོགས་པའོ། །དེ་ཡང་སྦྱིན་པ་ཉིད་ཀྱིས་འགྲུབ་པ་སྟེ། སྔོན་སྦྱིན་པའི་དུས་སུ་སློང་མོ་བ་རྣམས་ཀྱི་ངག་བཞིན་དུ་བྱས་ཏེ། འདོད་པའི་དོན་རབ་ཏུ་བསྒྲུབས་པ་ཡིན་པའི་ཕྱིར་བཀའ་ལུང་མཉན་པའི་ཡོན་ཏན་ཐོབ་པའོ། །སུམ་ཅུ་རྩ་གསུམ་ཕོ་བྲང་གནས་སམ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་སྟེ། སྦྱིན་པའི་དུས་སུ་སློང་མོ་བ་རྣམས་ཀྱི་ངག་བཞིན་དུ་བྱས་ཏེ། འདོད་པའི་དོན་རབ་ཏུ་བསྒྲུབས་པ་ཡིན་པའི་ཕྱིར་བདེ་བ་བསྐྱེད་པ་ཡིན་ཏེ། དེ་བས་ན་སུམ་ཅུ་རྩ་གསུམ་གྱི་ཕོ་བྲང་དུ་གནས་པའི་རྒྱུར་གྱུར་པ་ཉིད་དོ། །གཟུགས་བཟང་ཡོན་ཏན་ཞེས་བྱ་བ་ཡང་ཚུལ་ཁྲིམས་ཀྱི་འབྲས་བུ་ཉིད་དོ། །དེའི་ཕྱིར་ཇི་ལྟར་འདིས་ཐོབ་པ་ཡིན་ཏེ། མདོག་ཕུན་སུམ་ཚོགས་པ་སྦྱིན་པའི་དངོས་པོ་མ་ཡིན་པ་ལས་སོ། །གང་ཞིག་འདོད་པ་


DTG168_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་སྦྱིན་པས་ཐོབ་པར་འགྱུར་ཞེས་བྱ་བ་ནི་རེ་ཞིག་འདོད་པའི་ཁམས་ཀྱི་བསོད་ནམས་ཀྱི་འབྲས་བུ་ཐམས་ཅད་འདིས་འཐོབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ངེས་དོན་གཏན་ལ་ཕབ་ན་ཞེས་བྱ་བ་ནི་འདི་ལྟར་བསྟན་ཅིང་དེ་ལྟར་ངེས་པའི་དོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་བསྟན་པའི་ཕྱིར། སྦྱིན་པ་ནོར་གྱི་སྙིང་པོ་ཞེས་བྱ་བའི་ཚིགས་བཅད་བསྟན་པ་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྒྱུ་ནི་སྦྱིན་པ་ཡིན་ཏེ། དེ་ལྟར་ངེས་དོན་གཏན་ལ་ཕབ་ན་སྦྱིན་པ་ནོར་གྱི་སྙིང་པོ་ཞེས་བྱ་བ་སྟེ། མཐོང་བའི་ཆོས་ཀྱི་ཐུན་མོང་དུ་གྱུར་པའི་ནོར་ལས་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པ་ཡིན་པས་སྦྱིན་པ་ནི་སྙིང་པོ་ལེན་པའོ། །སྦྱིན་པ་དབང་ཕྱུག་རྣམས་ཀྱི་རྒྱུ། །ཞེས་བྱ་བ་ནི་མ་འོངས་པའི་མངོན་པར་མཐོ་བའི་རྒྱུར་བྱས་པའོ། །སྐྱེ་བོ་མཆོག་གི་ཚུལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ལོ། །རྡུལ་ཙམ་སྦྱིན་པ་ཞེས་བྱ་བ་ལ། སྦྱིན་པ་རྡུལ་ཙམ་ཡང་སྦྱིན་པར་མི་བྱེད་པ་ནི་ཤེས་རབ་ཆུང་ངུ་དག་སྟེ། ངེས་དོན་གཏན་ལ་མ་ཕབ་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ཚུལ་ཁྲིམས་ལ་སོགས་པ་གཟུང་ངོ༌། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབ་ཏུ་རྒྱ་ཆེར་བཤད་པ་ལས་ཟན་དྲོན་ཆང་པ་བྱིན་པའི་སྐྱེས་པའི་རབས་སོ།། །།བརླག་པར་འགྱུར་བ་ནི་ངན་སོང་གསུམ་དུ་འགྲོ་བས་ན་བརླག་པའོ། །ངན་སོང་གསུམ་དུ་འགྲོ་བ་བརྗོད་པས་ནི་གཞན་མ་བརྗོད་པ་ཡང་གྲུབ་པོ། སྐལ་བ་ཁྱད་པར་ཅན་དང་ལྡན་པ། ཡོན་ཏན་དང་སྤྲོ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བས་ནི་སྐལ་བ་དང་སྐྱེས་བུ་བྱེད་པ་ཕུན་སུམ་ཚོགས་པ་གཉིས་ཡིན་ནོ། །སྤྲོ་བ་ཕུན་སུམ་ཚོགས་པས་ཞེས་བཤད་པའི་སྤྲོ་བ་ཕུན་སུམ་ཚོགས་པ་གང་ཡིན་ཞེ་ན། དེ་ཉིད་སྨྲས་པ། སྤྱོད་ཚུལ་མི་མཐུན་པ་མེད་པའི་ངང་ཚུལ་ཅན་ཞེས་བྱ་བའོ། །ཆོ་རིགས་བཙུན་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ལ། རིགས་བཙུན་པ་དང༌། རིགས་པ་དང་གཞུང་ལེན་པར་བསྟན་པ་ཡིན་ནོ། །ཕོངས་པ་རྣམས་ནི་དགར་གྱུར་པས། །ཞེས་བྱ་བ་འདིས་


DTG168_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐོང་བའི་ཆོས་ཀྱི་འབྲས་བུ་གྲགས་པ་བསྟན་པའོ། །རྣམ་པར་རྟོག་པ་ཉིད་གཡོ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་གཡོ་བ་སྟེ། སྦྱིན་ནམ་མི་སྦྱིན་སྙམ་པའོ། །ཕྱོགས་གཉི་གར་རྒྱུ་བ་དང༌། ཆོས་མཐུན་པ་རྣམ་པར་རྟོག་པའི་གཡོ་བས་བསྐྱོད་པའི་ཡིད་དང་ལྡན་པའི་ཕོངས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་གཡོ་བས་བསྐྱོད་པ་ཡིན་ལ། སེམས་ཅན་ཕོངས་པ་རྣམས་ལའོ། །ཡིད་ཆེས་པས་སྤོབས་པའི་ཕོངས་པའི་སྦྱོར་བ་གང་ཡིན་པ་དེ་ནི་ཡིད་ཆེས་སྤོབས་ཤིང་སློང་བའོ། །དེ་ནི་བདག་གི་བདེ་ཕྱིར་ནོར་མི་སྦེད། །ཅེས་བྱ་བ་འདི་དག་གིས་བསྡུས་པའི་དོན་ཡོངས་སུ་བཟུང་བ་ཡིན་པས་ནོར་ཡོངས་སུ་བཟུང་བའི་བྱ་བ་ཡིན་པ་སྟེ། འཇིག་རྟེན་པ་རྣམས་ནི་བདག་གི་བདེ་བའི་དོན་དང༌། མངོན་པར་ཆགས་པའི་དོན་དུ་བྱེད་པའོ། །གསུམ་པོ་དེ་མེད་པའི་ཕྱིར་རོ། །གཞན་གྱི་དོན་དུ་མེད་ཅེས་བྱ་བ་དང༌། བཟློག་པ་དེ་མི་ནུས་པའི་ཕྱིར་སྤངས་པར་གྱུར་པ་ཡིན་ཏེ། འདིས་ནི་འཇིག་རྟེན་ལས་འདས་པའི་ནོར་ཡོངས་སུ་བཟུང་བ་བསྟན་ཏོ། །མདོག་དང་བསུང་དང་འཇམ་པ་ལ་སོགས་པའི་ཞེས་པ་སོགས་པའི་སྒྲས་ནི་སྨིན་པའི་ནུས་པ་དང་བཟའ་བའི་ཡོན་ཏན་ལ་སོགས་པ་དང་ལྡན་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་དངོས་པོའི་རྣམ་པའོ། །ཡང་ན་བཅའ་བ་ལ་སོགས་པ་རེ་རེའི་རྣམ་པ་ཡང་སྣ་ཚོགས་པར་གྱུར་པ་ཡིན་པས་སྣ་ཚོགས་པར་བཤམས་པའོ། །བཟའ་བ་དང་བཅའ་བ་ལ་སོགས་པའི་སྒྲས་གཞིབ་པ་དང་བལྡག་པ་ལ་སོགས་པ་ཡང་གཟུང་ངོ༌། །དེའི་བསོད་ནམས་ཀྱི་ཚོགས་རྣམ་པར་འཕེལ་བར་འདོད་པ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་འོ། །འདིས་སྩོགས་པ་ཡིན་པས་ཚོགས་ཏེ་བསོད་ནམས་ཉིད་ཚོགས་སོ། །འདིར་སྦྱིན་པའི་ཉི་ཚེ་ལ་བསམས་པ་ཡིན་གྱི། ཚུལ་ཁྲིམས་དང་བཟོད་པ་རྣམ་པར་འཕེལ་བར་འདོད་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ཐམས་ཅད་ནི་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །ཉོན་མོངས་པ་ཉིད་བུད་ཤིང་ཡིན་པས་ཉོན་མོངས་པའི་བུད་ཤིང་ངོ༌། །དེ་ཡང་མི་མཐུན་པའི་ཆོས་སུ་བསྟན་ཏེ། ཇི་ལྟར་མེས་


DTG168_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་བསྲེགས་པ་དེ་བཞིན་དུ་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་ཐམས་ཅད་ངེས་པར་བསྲེག་པ་ཡིན་ནོ། །ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེག་པ་ཡིན་ནོ། །དོགས་མེད་མི་གཡོ་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་གང་འདུག་པ་དང༌། ཇི་ལྟར་འདུག་པ་དང༌། ཅིའི་ཕྱིར་འདུག་པ་སྟེ། ཚིག་རྐྱང་པ་འདིའི་དོན་འདི་དག་ནི་ཚིགས་བཅད་ཀྱིས་སྒྲུབ་པའོ། །གང་འདུག་པ་ནི་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པའོ། །ཇི་ལྟར་འདུག་པ་ནི་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པར་གྱུར་པ་ལས་ཤེས་པ་ཡིན་ཏེ། དེས་སྨྲས་པ། དོགས་མེད་མི་གཡོ་བརྟན་ཞིང་ཞི་བའི་ཞེས་བྱ་བ་དེས་བསྟན་པ་སྟེ། དོགས་མེད་ཅེས་སྨོས་པས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པར་བསྟན་ཏོ། །གང་གི་ཕྱིར་དོགས་པ་དང་མ་བྲལ་བ་ནི་བདག་ཏུ་ལྟ་བ་ཡིན་ཞིང་བདག་ཏུ་ལྟ་བ་ལ་འཇུག་པ་སྐྱེས་པ་ཡིན་ཏེ། དེ་མེད་བས་ན་དེ་མེད་པར་རྗེས་སུ་དཔག་པ་ཡིན་ནོ། །མི་གཡོ་བ་བརྟན་ཞིང་ཞི་བ་ཞེས་པ་དག་གིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་བསྟན་པ་ཡིན་ཏེ། གཏི་མུག་དང༌། ཆགས་པ་དང༌། ཞེ་སྡང་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱར་ཏེ། ཀུན་ཏུ་རྨོངས་པས་ནི་ལྟ་བར་གཡོ་བར་འགྱུར་རོ། །ཆགས་པས་ནི་མི་བརྟན་པར་འགྱུར་རོ། །ཞེ་སྡང་གིས་ནི་མ་ཞི་བར་འགྱུར་ཏེ། ཉོན་མོངས་པ་དེ་དག་སྤངས་ཤིང་མེད་པའི་ཕྱིར་རོ། །མིག་གིས་ས་ལ་གཉའ་ཤིང་གང་དུ་ལྟ། །ཞེས་བྱ་བ་ནི་ཁྱིམ་དུ་འགྲོར་རུང་བའི་ལྟ་བ་དེས་དབང་པོའི་སྒོ་བསྡམས་པའོ། །རབ་ཏུ་ཞི་བར་གྱུར་ཅིང་ཞེས་བྱ་བ་འདིས་ནི་ཀུན་ཏུ་ལྟ་བ་ལ་སོགས་པ་ལ་ཤེས་བཞིན་དུ་ལྡན་པར་བསྟན་ཏོ། །དེ་ན་སྡོད་ཅེས་བྱ་བ་ནི་སྒོ་གང་ན་སློང་བའི་དོན་དུའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། དེའི་ལག་པདྨའི་མཆོག་ནི་ལྷུང་བཟེད་ཐོགས། །ཞེས་བྱ་བ་ནི་འདི་ཡིན་ཏེ། གང་གི་ཕྱིར་ལྷུང་བཟེད་ལག་ན་ཡོད་པ་ནི་སློང་བར་ཤེས་པ་ཡིན་ནོ། །སྦྱིན་པ་ཕུན་སུམ་ཚོགས་པ་དེ་ཞེས་བྱ་བ་ནི་ལེན་པ་དང་གཏོང་པ་པོ་ཕུན་སུམ་ཚོགས་པར་གྱུར་པས་སྦྱིན་པ་ཕུན་སུམ་ཚོགས་པ་སྟེ། འདིར་སྦྱིན་པའི་སྒྲ་ནི་རྒྱུད་ལ་


DTG168_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་ཡང་དག་པར་འཇུག་སྟེ། གང་གིས་སྦྱིན་པ་དེ་ནི་སྦྱིན་པ་སྟེ། མཆོད་པ་དང་རྗེས་སུ་བཟུང་བའི་འདོད་པས་ལུས་དང་ངག་གིས་ལས་སྤྲོ་བ་དང་བཅས་པའི་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བགེགས་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྦྱིན་པའི་བར་དུ་གཅོད་པར་བྱ་བའི་ཕྱིར་རོ། །བཟའ་བ་དང་བཅའ་བ་ཉིད་སྨོས་པ་ནི་དེ་ན་བཏུང་བ་དང་བལྡག་པ་ལས་དགར་བའོ། །དེ་ལ་ཞེས་བྱ་བ་ནི་དམྱལ་བའི་གནས་སྐབས་ཀྱིས་སོ། །དེས་སྨྲས་པ་ནི་དམྱལ་བ་ཞེས་བྱ་བའི་མིང་ཡང་མ་བརྗོད་ཅིང་དངོས་པོ་མ་སྨྲས་པ་ནི་དེས་སྨྲས་པའོ། །ཁང་བའི་ངོས་ཀྱི་རྩིག་པ་ནས་བྱུང་སྟེ་བདག་གི་ལུས་ཡ་མཚན་ཆེ་བ་བསྟན་པས་བར་སྣང་ལ་གནས་ཏེ། དེ་ལ་ཚིག་འདི་བསྟན་པའི་ཕྱིར་རོ། །ཕོངས་པས་བསྔགས་པའི་ཚིག་གིས་བསླུས་ནས་ནི། །ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་གྲགས་པའི་ཕན་ཡོན་གྱིས་སོ། །ནོར་ཉམས་པའི་རྒྱུས་ནི་ཉེས་པ་བསྒྲགས་པའི་ཕྱིར་བཤད་པ་ཡིན་ཏེ། ཇི་ལྟར་ནོར་ཆུད་ཟོས་ཤེ་ན། དེ་དག་ནི་ལོ་སྟོང་ཕྲག་དུ་མར་ཡང༌། དམྱལ་བ་འདི་ན་གནས་འགྱུར་ཞེས་བྱ་བ་ཡིན་ནོ། །དེ་བསྒྲུབ་པའི་ཕྱིར། ནོར་ནི་འཁོར་གསུམ་ཁྱད་པར་རྒྱུ་ཡིན་ཏེ། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ཇི་ལྟར་ནོར་འཁོར་གསུམ་གྱི་ཁྱད་པར་གྱི་རྒྱུ་ཡིན་ཞེ་ན། འདི་ལྟར་ནོར་ནི་ཆོས་དང་དོན་དང་འདོད་པ་རྣམས་ཀྱི་མངོན་སུམ་དང༌། བརྒྱུད་པའི་ཚུལ་གྱིས་ཏེ། ཇི་ལྟར་མངོན་སུམ་གྱི་རྒྱུ་ཡིན་ཞེ་ན། མཐོང་བ་ཉིད་ཀྱི་ཆོས་ལ་ཞིང་ལ་ནོར་སྐྱེད་པས་ཆོས་ཀྱི་རྒྱུ་ཡང་ནོར་ཡིན་ནོ། །ནོར་ཡང་ནོར་ཉིད་ཀྱི་རྒྱུན་ཡིན་ཏེ། ནོར་དང་ནོར་ནི་འབྲེལ་པ་སྟེ། །གླང་པོ་ནགས་ཀྱི་གླང་པོ་བཞིན། །ཞེས་བྱ་བའི་ཚིག་གིས་སོ། །འདོད་པའི་ཡང་རྒྱུར་གྱུར་པ་ཉིད་དེ་བརྒྱུད་པའི་ཚུལ་གྱིས་ཀྱང་ནོར་དང་ཆོས་ཀྱི་བྱ་བ་ཡིན་ཏེ། དེ་ཡང་རང་གི་ཆོས་ཀྱིའོ། །རྟག་ཏུ་ཡང་ཆོས་དང༌། ནོར་དང༌། འདོད་པ་རྣམས་ཀྱི་རྒྱུར་གྱུར་པ་ཉིད་དོ། །ཆོས་ཀྱང་འཁོར་གསུམ་གྱི་རྒྱུ་ཡིན་ཏེ། རྒྱུན་དུ་འཁོར་གསུམ་གྱི་རྒྱུར་གྱུར་པས་སོ། །མཐོང་བའི་ཆོས་ལ་ཡང་རེས་འགའ་དོན་དང༌། འདོད་པའི་རྒྱུར་གྱུར་པ་ཡིན་ནོ། །དེའི་


DTG168_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་ཁྱད་པར་གྱི་རྒྱུ་ཞེས་སྨོས་སོ། །དེ་མེད་བྱས་ན་ཞེས་བྱ་བ་ནི་འཁོར་གསུམ་གྱི་ཁྱད་པར་གྱི་རྒྱུ་ནོར་དང་ཆོས་མེད་པར་བྱས་ན་ཉམས་པར་བྱས་པའོ། །ཇི་ལྟར་ཞེ་ན། སྨྲས་པ། ནོར་ཆུད་གསན་པས་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ནོར་ཉམས་པར་བྱས་ན་དམྱལ་བར་གནས་པར་འགྱུར་བའི་ཕྱིར་རོ། །དམྱལ་བར་གནས་པར་འགྱུར་བ་དེ་ལྟར་རབ་ཏུ་བསྒྲུབ་པའི་ཕྱིར། སྦྱིན་པའི་ཕྱིར་ནི་ཆོས་ཀྱི་རྩར་གྱུར་པའི། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཆུད་གཟན་སྡིག་བྱས་པས་ཞེས་བྱ་བ་ནི་ཆོས་ཉམས་པར་བྱས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་འདིས་སོ། །དམྱལ་བའི་གཤེད་པོ་ཞེས་བྱ་བ་ནི་མཐར་བྱེད་པའི་ཁ་ཡིན་པས་གཤེད་པོའོ། །དེ་ལྟར་ཚིགས་སུ་བཅད་པ་དེ་དག་གིས་ཡང་དག་པར་བསྟན་པར་བྱས་ནས། ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་རོ། །དེ་བས་བློ་ནི་སྦྱིན་ལས་བཟློག་ན་ལེགས། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྩམས་པ་ཡིན་ནོ། །འོན་ཀྱང་འཕྲལ་དུ་ལྟུང་བར་ཁྱོད་མི་འགྱུར། །ཞེས་བྱ་བས་ནི་དུས་ཕྱི་ནས་ཀྱང་ལྟུང་བར་མི་འགྱུར་བ་སྟེ། ཆོས་ཀྱི་རྩ་བ་ནོར་ཡིན་པས་སོ། །དེ་དང་འགལ་བས་ན་དང་པོའི་ཚིགས་བཅད་ཕྱེད་ཀྱིས་ནི་སྦྱིན་པ་ལས་ལྡོག་པའི་ཡོན་ཏན་བསྟན་ནས། སྦྱིན་པ་ལ་ས་མི་ལྡོག་པའི་སྐྱོན་བསྟན་པའི་དབང་དུ་བྱས་ནས་སྨྲས་པ། སྙིང་རྗེ་དུ་ཞིང་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ཡིན་ནོ། །སྦྱིན་པ་ལས་ལྡོག་ན་ནི་འཕྲལ་དུ་དམྱལ་བར་མི་ལྟུང་བ་ཉིད་ཀྱི་ཡོན་ཏན་ཡོད་དེ། དེའི་གཉེན་པོར་གྱུར་པས་སོ། །ད་ནི་ལན་པ་པོའི་ཕན་ཡོན་བསྟན་པའི་ཕྱིར་སྦྱིན་པ་ཚུལ་མིན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཡིན་ཏེ། ཚུལ་བཞིན་བྱེད་པ་དང་ལེན་པོ་ནི་མཐོ་རིས་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྦྱིན་པ་ཚུལ་མིན་མི་བྱེད་པར་གྱུར་པས་སོ། །ཆོས་ཀྱི་རྒྱུ་ནི་ནོར་རྣམ་པར་སྤེལ་བ་ན་ཆོས་རྣམ་པར་འཕེལ་བར་འགྱུར་རོ། །འདིས་སྒྲིབ་པར་བྱེད་པ་ཡིན་པས་སྒྲིབ་པའོ། །མཐོ་རིས་ཀྱི་ལ་མ་སྒྲིབ་པ་སྟེ། དེ་བས་ན་མཐོ་རིས་ཀྱི་ལམ་སྒྲིབ་པའོ། །ལྡོག་པ་ཞེས་བྱ་བ་ནི་སྦྱིན་པ་ལས་ལྡོག་པའོ། །འདི་ནི་ཞེས་བྱ་བ་ནི་བདུད་དོ། །བདག་ཉིད་ཀྱི་སྙིང་


DTG168_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནི་བདག་གི་སྙིང་སྟོབས་སོ། །བདག་གི་སྙིང་སྟོབས་ཉིད་ཀྱི་ཁར་བོར་བ་ཡིན་པས་བདག་གི་སྙིང་སྟོབས་ཀྱི་ཁར་པོར་བའོ། །བརྟན་པ་ནི་བདག་གི་སྙིང་སྟོབས་ཀྱི་ཁར་བོར་བ་དེ་བརྟན་པར་བྱས་པའོ། །ཚིག་འཇམ་པོ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་ཚིག་འཇམ་པ་རྒྱུན་མི་འཆད་པའོ། །འདིས་གནས་ནི་བདག་ཅག་ལ་ཕན་པ་ཡིན་པའི་ཕྱིར་བདག་ཅག་འདྲ་ལ་ཕན་པའོ། །བདག་ཅག་འདྲ་ལ་དགོངས་པ་ནི་བདག་ཅག་འདྲ་ལ་ཕན་པར་དགོངས་པ་སྟེ། དམྱལ་བར་ལྟུང་བ་ལས་བཟློག་པའོ། །དེ་ལ་མཐུན་པ་ནི་ལེ་ལོ་མེད་པའོ། །ཡང་ན་དགེ་བ་སྟེ་བདག་ཅག་འདྲ་ལ་ཕན་པར་དགོངས་པའོ། །འཕགས་པའི་ལམ་ནི་ལམ་གཞན་ལ་འཇུག་པའི་ལམ་མོ། །དེ་ལྟར་ཞེས་བྱ་བ་ནི་ཁྱད་པར་དུ་སྟེ། ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བའི་ལྷ་རྣམས་ཀྱིས་སོ། །གཞན་ལ་ཕན་འདོགས་མཁས་པའི་སྤྱོད་པ་ཡིན། །ཞེས་བྱ་བ་ལ། ཕན་འདོགས་པའི་མཁས་པ་ནི་སྦྱིན་པ་ལས་ལྡོག་པའི་རྒྱུ་དམྱལ་བ་མངོན་སུམ་དུ་བསྟན་པས་སོ། །ཉེས་པ་བྱུང་བ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་བྱུང་བའོ། །འདིས་ནི་རང་གི་འཚོ་བ་བསྟན་པ་ཡིན་ནོ། །ཉེས་པ་བྱུང་བའི་འོག་ཏུ་ཡང་ཞེས་བྱ་བ་ནི་ཉེས་པ་བྱུང་མ་ཐག་ཅེས་བྱ་བའི་དོན་ཏོ། །ཞི་བའི་ལམ་དེར་ཞེས་བྱ་བ་ནི་ཉེས་པ་མི་འབྱུང་བའི་ལམ་དུ་སྟེ། ཉེས་པ་མི་སྐྱེ་བ་ནི་ཐ་མལ་པར་གནས་པའོ། །ཉེས་པ་བྱུང་བའི་འོག་ཏུ་ཡང་ཉེས་པ་དེ་ཞི་བའི་ལམ་དུ་འགྲོ་བར་བྱ་བ་སྟེ། ནང་བྱུང་བ་དེ་མ་ཐག་པར་ཉེས་པ་དེ་དག་ཉིད་ལ་ཞི་བའི་ལམ་དུ་འགྲོ་བས་སོ། །ཞི་བའི་ལམ་དུ་འགྲོ་བས་ཀྱང་མ་རུང་བ་ནི་ཚབས་ཆེར་གྱུར་ལ་ཞེས་བྱ་བ་ཡིན་ཏེ། གསོར་མི་རུང་བར་གྱུར་པའོ། །ཆོ་ག་སྤྱད་པ་ནོངས་པ་ཡིས། །ཞེས་བྱ་བ་ནི་མཐུན་པའི་ཟས་ཀྱིས་མ་བཟློག་པ་དང༌། མི་མཐུན་པའི་ཟས་བསྟན་པས་ནི་སྨན་མི་ཐོགས་པ་ཞེས་བྱ་བ་ཡིན་ཏེ། ངལ་བའི་འབྲས་བུ་ཉི་ཚེར་ཟད་དེ། དེ་ལྟར་ནད་ཉེ་བར་ཞི་བར་མི་འགྱུར་རོ། །དེ་ལྟར་དཔེ་བསྟན་ནས་དཔེ་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། སྦྱིན་ལ་ཞུགས་པ་བདག་གི་སྡུག་བསྔལ་འདི། །ཞེས་བྱ་བའི་ཚིགས་


DTG168_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཡིན་ཏེ། །དཔྱད་ཀྱིས་སློན་པར་རབ་ཏུ་མི་འགྱུར་དོགས། །ཞེས་བྱ་བ་ནི་ཕན་པར་བསྟན་པའི་དཔྱད་ཀྱིས་གསོ་བའི་ཡུལ་དུ་མི་འགྱུར་བའོ། །དེ་བསྒྲུབ་པའི་ཕྱིར་ཁྱོད་ཀྱིས་ཕན་པ་བསྟན་པའང་ཞེས་བྱ་བའི་ཚིགས་བཅད་ཕྱེད་བསྟན་པ་ཡིན་ཏེ། ཕན་པ་བསྟན་པ་ཡང་མི་ཉན་པར་ཞེས་བྱ་བ་ནི་ཕན་འདོགས་པའི་གདམས་ངག་མི་སྒྲུབ་པའོ། །སེམས་ཞེས་བྱ་བ་ནི་སྦྱིན་པར་འདོད་པའི་ཡིད་དོ། །ནད་དང་འདྲ་བ་ནི་དེའི་སྦྱིན་པའི་སེམས་ཏེ། སེམས་ལ་གནས་པར་གྱུར་པས་དེའི་སྒྲར་བརྗོད་དེ། ཇི་ལྟར་སྒྲ་འབྱིན་ཞེས་བྱ་བ་དེ་བཞིན་ནོ། །ནོར་ནི་འཁོར་གསུམ་ཁྱད་པར་རྒྱུ་ཡིན་ཏེ། །ཞེས་བྱ་བའི་ཚིག་གང་སྔར་བསྟན་པ་དེ་ལས་འདི་བརྩམས་པ་ཡིན་ཏེ། །སྦྱིན་པ་སྡིག་པར་འགྱུར་ཞེས་གང་སྨྲས་ཤིང༌། །ཞེས་བྱ་བའི་ཚིགས་བཅད་དེ་སྦྱིན་པ་སྡིག་པར་འགྱུར་ཞེས་གང་སྨྲས་པ་ཞེས་བྱ་བ་ལ། ཇི་ལྟར་སྨྲས་པ་ཡིན་ཞེ་ན། ནོར་ནི་འཁོར་གསུམ་གྱི་རྒྱུ་ཡིན་ཏེ། སྦྱིན་པས་ཆུད་ཟོས་པར་འགྱུར་ཞིང་དེའི་རྒྱུས་ཆོས་ཀྱང་ཉམས་པར་འགྱུར་ལ། ནོར་ཡང་ཆོས་ཀྱི་ཁྱད་པར་རྒྱུ་ཡིན་ཞེས་བྱ་བ་ཡིན་ཏེ། ནོར་ནི་འཁོར་གསུམ་གྱི་རྒྱུ་ཡིན་ནོ་ཞེས་བཤད་པར་གྱུར་པའོ། །གལ་ཏེ་སྦྱིན་པ་སྡིག་ཡིན་ན་ནི་གཞན་དུ་ན་ནོར་ཇི་ལྟར་སྡིག་པར་འགྱུར་བ་མ་ཡིན་ཏེ། སྤྱིན་པ་ནི་ཆོས་མ་ཡིན་པར་བཤད་པས་སོ། །གཏེར་དུ་སྦས་པའམ། འཇིག་པར་འགྱུར་བ་དེ་ཆོས་སུ་འགྱུར་རོ་ཞེ་ན། དེ་བསྟན་པའི་ཕྱིར། དེ་ནི་གཏེར་སྦས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་པ་ཡིན་ནོ། །དེ་བས་ན་ཉེ་བར་ལོངས་སྤྱོད་པས་ན་ཆོས་ཀྱི་རྒྱུར་གྱུར་པ་ཡིན་ཏེ། ཀུན་ཏུ་འཛིན་པ་ནི་མ་ཡིན་ནོ། །ཉེ་བར་ལོངས་སྤྱོད་པར་འདོད་པའི་ཚུལ་དང༌། འདོད་པའི་རྒྱུར་ནོར་གྱི་དབང་དུ་བྱས་པ་མ་ཡིན་ཞིང་ཆོས་ཀྱི་རྒྱུ་ཡང་མ་ཡིན་ཏེ། བར་དུ་གཅོད་པར་བྱེད་པས་སོ། །གཏེར་སྦས་ཞེས་བྱ་བ་ནི་ནོར་གཏེར་དུ་སྦས་ན་ཅི་ཞིག་ཆོས་ཀྱི་རྒྱུར་གྱུར་ཞེས་པའོ། །འོན་ཏེ་འཇིག་པ་སྟེ་འཇིག་པ་ནི་རྐུན་པོ་ལ་སོགས་པ་རྣམས་པ་ལྔས་སོ། །མངོན་སྟོན་ཕྲོགས་པར་གྱུར་པ་ནི་མངོན་སུམ་དུའོ། །རྐུན་མ་སྨོས་པས་རྒྱལ་པོ་ལ་སོགས་པ་བཟུང་སྟེ། ལྔ་པོ་དེ་དག་ཀྱང་མ་བྱིན་པར་


DTG168_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པར་ཆོས་མཐུན་པས་སོ། །དེ་ལྟར་ལྔ་དང་ཐུན་མོང་དུ་གྱུར་པ་ཡིན་པས་འཇིག་པར་བསྟན་ཏོ། །གང་གོང་དུ་བསྟན་པའི། སྦྱིན་པ་ཚུལ་མིན་མི་བྱེད་ལེན་པ་པོ། །ཞེས་བྱ་བ་དག་གི་ལན་བསྟན་པའི་ཕྱིར། ནོར་སྦྱིན་པ་ནི་དམྱལ་བར་འགྲོ་བ་དང༌། །ཞེས་བྱ་བའི་ཚིགས་བཅད་འདི་བསྟན་པ་ཡིན་ནོ། །དེ་བསྒྲུབ་པའི་ཕྱིར། །ཁྱོད་ཀྱི་ཚིག་དེ་གཞན་དུ་མ་གྱུར་ཅིག །ཅེས་བྱ་བའི་ཚིགས་བཅད་བསྟན་པའོ། །ཕན་པར་འདོད་པ་བཞིན་བརྟན་པར་བྱ་བའི་ལག་པ་བརྐྱང་སྟེ་ཞེས་བྱ་བ་ནི་ཕན་ཞིང་བརྟན་པའི་ལག་པས་སོ།། ཕན་པར་སྨྲས་ན་ཡང་ལེགས་པར་རྟོགས་ལ་གང་དུ་དགའ་བར་སོང་ཤིག་པ་སྟེ། སྦྱིན་པ་ལས་ལོག་པར་གྱིས་ཤིག་པའོ། །བརྫུན་དུ་སྨྲས་ན་ཡང་ལེགས་པར་རྟོགས་ལ་གང་དུ་དགའ་བ་དེར་སོང་ཤིག་པ་སྟེ། སྦྱིན་པ་ལ་འཇུག་པར་གྱིས་ཤིག་པའོ། །དེ་གཉིས་ཀྱིས་ཅིར་འགྱུར་ཞེ་ན། དེ་སྨྲས་པ། ཕན་པར་སྨྲས་པ་འདི་ལེགས་པར་རྟོགས་ལ་གལ་ཏེ་སྦྱིན་པ་ལས་ལྡོག་ན་ནི་བདེ་བ་དང་ལྡན་པ་ཡིན་ཏེ། གུས་བཅས་དྲན་པར་གྱིས་ཞེས་པའོ། །གལ་ཏེ་བརྫུན་དུ་སྨྲས་ན་ཡང་ལེགས་པར་རྟོགས་ལ་སྦྱིན་པ་ལས་མ་ལོག་ན་ནི་འགྱོད་བཞིན་ང་ནི་དྲན་པར་བྱས་སོ་ཞེས་བྱ་བ་ཡིན་ནོ། །གང་སྔར་བསྟན་པའི་བརྫུན་དུ་སྨྲས་པ་ལ་ལེགས་པར་རྟོགས་ལ་སྦྱིན་པ་ལས་མ་ལོག་པ་ནི། འགྱོད་བཞིན་ང་ནི་དྲན་པར་བྱོས། །ཞེས་བྱ་བ་དེའི་ལན་བརྩམ་པའི་ཕྱིར། ཕོངས་པ་རྣམས་ཀྱིས་བག་སྤོབས་ཏེ་བསླངས་པ་ལ། ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཡིན་ནོ། །དེས་ན་ཕོངས་པ་རྣམས་ཀྱིས་བག་ཕབ་སྟེ་བསླངས་པ་གང་ཡིན་པ་དེ་ནི་ཕོངས་པ་རྣམས་ཀྱིས་བག་ཕབ་སྤོབས་ཏེ་བསླངས་པའོ། །མི་བཟད་པ་ཡང་ཡིན་ལ་མེ་ལྕེ་ཡང་ཡིན་པས་མི་བཟད་མེ་ལྕེ་འབར་བའོ། །མི་བཟད་མེ་ལྕེ་འབར་བ་དེས་ཕོག་ནས་སྤྱིའུ་ཚུགས་སུ་ལྷུང་ཡང་ངོ༌། །དེའི་བསོད་ནམས་ཀྱི་མཐུ་ཡིས་ཞེས་བྱ་པ་ནི་གང་གི་བསོད་ནམས་ཀྱི་མཐུས་ཞེ་ན། སྔོན་བྱས་པའི་སྟེ་གང་གོང་དུ་བསྟན་པའི་བདག་གི་སྐལ་བའི་མཐུ་ལ་བརྟེན་པ་དང༌། སྦྱིན་པ་ལ་ཡང་ཉེས་དམིགས་མེད་པར་ཡང་ཤེས་པ་དང༌།


DTG168_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་བསོད་ནམས་ད་ལྟར་བྱུང་བ་དང༌། དེ་གཉི་གའི་བསོད་ནམས་ཀྱི་མཐུས་སོ། །བསོད་ནམས་ཁྱད་པར་ཅན་ལས་བྱུང་བའི་ཞེས་བྱ་བ་འདིས་ནི་གཉི་ག་བསྟན་ཏེ། དེས་ན་ཁྱད་པར་ཅན་ཞེས་སྨོས་སོ། །ད་ནི་ཆར་འབེབས་འབར་བར་བྱེད། །ཅེས་བྱ་བ་ནི་འཕགས་པ་དེའི་རྫུ་འཕྲུལ་སྟོན་པ་ཡིན་ནོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཚོང་དཔོན་གྱི་སྐྱེས་པའི་རབས་སོ།། །།ཚུལ་ཁྲིམས་དང་གཏོང་བ་ལ་སོགས་པའི་ཚིག་འདི་དག་གིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མ་འོངས་པ་དང༌། ད་ལྟར་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་བསྟན་ཏོ། །གཏོང་བ་དང་ཚུལ་ཁྲིམས་རྣམ་པ་གཉིས་ནི་ད་ལྟར་བྱུང་བའི་བསོད་ནམས་ཀྱི་ཚོགས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་བསྟན་ཏོ། །མང་དུ་ཐོས་པ་ཞེས་སྨོས་པ་ནི་ད་ལྟར་བྱུང་བའི་ཡེ་ཤེས་ཀྱི་ཚོགས་སོ། །ཆོ་རིགས་དང་དུལ་བ་ཞེས་སྨོས་པ་ནི་འདས་པའི་ཚུལ་ཁྲིམས་དང་དུལ་བ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུའོ། །འདས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཉིད་དོ། །ཤེས་པ་ཞེས་བྱ་བ་ས་ནི་འདས་པའི་ཚེའི་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུའོ། །འདི་དག་གིས་དྲེགས་པ་མེད་དེ་ཞེས་པ་སྒྱུ་རྩལ་དུ་མ་དང་སྐད་ཀྱི་རྣམ་པ་ཤེས་ཀྱང་ངོ༌། འདི་དག་ནི་གོང་དུ་བཤད་པའི་སྦྱིན་པའི་ཁྱད་པར་གྱི་དོན་ནོ། །གློ་བུར་བ་ཐམས་ཅད་ལ་ཞེས་བརྩམས་ཏེ། སྦྱིན་པ་པོའི་གཙོ་བོར་གྱུར་པ་དེ་རྒྱུ་དེས་ན་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པའོ། །སེར་སྣ་ལ་སོགས་པའི་ཉེས་པས་ཟིལ་གྱིས་མ་ནོན་པ་ཞེས་བྱ་བ་ལ། འདིར་སོགས་པའི་སྒྲ་ནི་ཆགས་པ་དང༌། ཕྲག་དོག་དང། །ཞེ་སྡང་ལ་སོགས་པ་སྟེ། སྦྱིན་པའི་བགེགས་ཀྱི་རྒྱུར་གྱུར་པས་ཉེས་པ་ཞེས་སྨོས་སོ། །འདོད་པའི་དོན་འབྱོར་ཐེ་ཚོམ་མེད་གྱུར་པས། །ཞེས་བྱ་བ་ལ། བྱིན་པ་དེ་ནི་འདོད་པའི་དོན་ནོ། །མ་བྱིན་པ་དེ་ནི་ཐེ་ཚོམ་སྟེ། དེ་མེད་པ་ཡིན་པའི་ཕྱིར་འདོད་པའི་དོན་འབྱོར་ཐེ་ཚོམ་


DTG168_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །དེ་བས་སློང་ཞེས་ངེས་པར་ཞེས་བྱ་བ་ལ། ནོར་གང་སློང་བ་དེ་ནི་སློང་ཞེས་ངེས་པར་སྨྲས་སོ། །གང་གི་ཕྱིར་ཞེ་ན། སྨྲས་པ། དེའི་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པའི་སྐབས་མེད་པར་བྱས་པ་སྟེ། སེམས་ཅན་གྱི་དོན་ལ་ཆགས་པས་སོ། །ཤིན་ཏུ་མི་བཟད་ནོར་མིན་ཞེས་བྱ་བ་ལ། མི་བཟད་པ་ནི་དྲག་པའོ། །དེ་རབ་ཏུ་མང་པོར་གྱུར་པའི་ཕྱིར་ཤིན་ཏུའོ། །གཞན་མང་པོ་གཞན་དག་སྟེ། ནོར་མ་ཡིན་པ་དག་ལས་ཀྱང་ནོར་མ་ཡིན་པ་འདི་ཤིན་ཏུ་མི་བཟད་ནོར་མིན་པའོ། །དེ་ལྟར་བསགས་པ་དང། བསྲུང་བ་གཉིས་ཀྱི་དུས་ན་ཡང་ཉེས་པ་ཆེན་པོར་གྱུར་པས་ན་ཕུང་ཁྲོལ་ལམ་ནོར་བ་ཡིན་པར་བཤད་དོ། །རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། །ཞེས་བྱ་བ་ལ་བར་དུ་གཅོད་པའི་ཉེས་པ་ཡིན་པས་ནའོ། །མྱུར་དུ་ཞེས་བྱ་བ་ནི་ཡུན་མི་རུང་བར་རོ། །དེ་ལ་མི་ཐོགས་པའི་ཚུལ་གང་ཡང་ཡོད་པ་དེ་ནི་རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བ་ཞེས་བྱ་བ་ཡིན་ཏེ། འདིས་ནི་ལེགས་པར་བསྲུངས་བཞིན་དུ་ཡང་འཇིག་པ་དང༌། མྱུར་དུ་འཇིག་པར་བཤད་དོ། །ཆགས་པའི་གཞི་ཡིན་པའི་ཕྱིར། དེས་ན་ངན་འགྲོའི་གྲོགས་སུ་གྱུར་པ་ཡིན་ཏེ། ངན་འགྲོའི་ལམ་གྱི་དེད་དཔོན་ཞེས་བྱ་བའི་དོན་ཏེ། ཇི་ལྟར་དེད་དཔོན་གྱིས་ལམ་དུ་འཇུག་པ་རྣམས་ཀྱི་གྲོགས་བྱེད་པར་གྱུར་པ་དེ་བཞིན་དུའོ། །བདག་དང་གཞན་གྱི་འབྱོར་པ་ཐོབ་ཅེས་བྱ་བ་ལ། གཞན་གྱི་འབྱོར་པ་ཐོབ་པ་ནི་མཐོང་བའི་ཆོས་ལ་སློང་བ་རྣམས་ཀྱི་དབུལ་བ་འཇིག་པའི་ཕྱིར་རོ། །བདག་གི་འབྱོར་པ་ཐོབ་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་གྱུར་པས་སོ། །དོན་དང་མཐུན་པར་འགྱུར་བ་ཞེས་བྱ་བ་ནི་འདོད་པའི་དོན་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པའི་དོན་ཕུན་སུམ་ཚོགས་པའོ། །སློང་བས་བསླང་ཞེས་ངེས་པར་སྨྲས་པ་ལ་སོགས་པ་འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕོངས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་འདིས་ནི་དངོས་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་མཇུག་ཕུན་


DTG168_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་བསྟན་ཏེ། དེས་ན་སྦྱིན་པའི་སྔ་རོལ་ན་ཡིད་བདེ་བར་འགྱུར་བ་དང༌། སྦྱིན་པའི་ཚེ་ན་དང་བ་དང༌། ཐ་མར་བྱིན་ནས་ཀྱང་རྗེས་སུ་དགའ་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གང་བསྟན་པ་དེ་དང་ཡང་འཐད་པ་ཉིད་དོ། །ཇི་ལྟར་འདོད་པ་བཞིན་ཞེས་བྱ་བ་ལ་གང་གི་ཚེ་གང་སློང་བ་དེའི་ཚེ་དེ་བྱིན་པ་ཡིན་ཏེ། དེ་བས་ན་ཇི་ལྟར་འདོད་པ་བཞིན་ཞེས་བྱ་བ་འདིས་ནི་དུས་དང་མཐུན་པའི་སྦྱིན་པ་བསྟན་ཏོ། །ཉོན་མ་མོངས་པར་ཞེས་བྱ་བ་ལ་ངོར་ལྟ་བ་དང་སྦྱིན་པ་དམན་པ་དང་ལྡན་པ་མི་སྦྱིན་པ་སྟེ། དེས་ན་བུ་ལྟ་བུ་ལ་ཕན་པའི་ཆེད་དུ་དགག་པ་ཡིན་ཏེ། འདིས་ནི་ཡུན་རིང་བའི་བདེ་བའི་རྒྱུར་གྱུར་པ་བཤད་དོ། །གུས་པ་ཁྱད་པར་ཅན་གྱིས་བརྒྱན། །ཞེས་བྱ་བ་ནི་བཀུར་སྟིའི་སྦྱིན་པའོ། །རླབས་ཆེ་བས་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །ཀུན་ཏུ་ཞེས་བྱ་བ་ནི་ཕྱོགས་སུ་མ་ལྷུང་བར་བསྟན་པའོ། །ཡོན་ཏན་འདི་དག་དང་ལྡན་པས་ན་དེ་ཉིད་སྦྱིན་པ་རླབས་པོ་ཆེའོ། །ནོར་དང་འབྲུ་དང་རིན་པོ་ཆེ་དང་ཡོ་བྱད་ཀྱི་རྣམ་པ་བཞི་སྨྲོས་པ་ནི་ཡང་དག་པར་ཐ་སྙད་དང༌། བསགས་པར་བྱ་བ་དང་ཡོངས་སུ་ལོངས་སྤྱད་པ་འདི་དག་འཇིག་རྟེན་ན་ཡོངས་སུ་གཟུང་བའི་དངོས་པོ་སྟེ། དེ་བས་ན་བཞི་པོ་ཉིད་སྨོས་སོ། །སྦྱིན་པ་ཆེན་པོ་ཞེས་བྱ་བ་ནི་སྔོན་གྱི་དུས་ནས་བྱེད་པས་ཀྱང་ངོ༌། །སློང་བའི་ཚིག་སྨྲ་མ་ཕོད་དེ། བདག་གི་ཞོ་ཤས་འཚོ་བ་ཞེས་བྱ་བ་ནི་རྐུན་པོ་ཞེས་བྱ་བའི་དོན་ཏོ། །དེ་སྟེ་བདག་སྐལ་བ་ཆུང་བའི་སྐྱོན་གྱིས་མཐོ་བར་གྱུར་པ་ཞེས་བྱ་བ་ལ། བདག་སྐལ་བ་ཆུང་བའི་སྐྱོན་གྱིས་ཞེས་བྱ་བ་བདག་གི་སྐལ་བ་ཆུང་བའི་སྐྱོན་ནི་དབུལ་བ་འབྱུང་བའི་ལས་དང༌། ལོངས་སྤྱོད་པའི་བར་དུ་གཅོད་པར་གྱུར་པ་ཞེས་པ་སྟེ། མཐོང་བར་གྱུར་པ་དེའི་དབང་དུ་བྱས་ནས་སོ། །ནོར་རྣམས་ངོ་ནི་མི་རྟག་པར། །ཞེས་བྱ་བའི་ཚིགས་སུ་བཅད་པ་དང་པོའི་ཕྱེད་འདིས་ནི་མི་རྟག་པར་བརྟགས་ཏེ། སེམས་མི་གདུང་བར་བསྟན་ཏོ། །ཚིག་རྐང་འོག་མ་གཉིས་ཀྱིས་ནི་སློང་བ་རྣམས་ལ་ལྟོས་ཏེ་ཡིད་གདུངས་པར་བསྟན་ཏོ། །དེ་བསྒྲུབ་པའི་ཕྱིར། སྦྱིན་པ་དང་བཀུར་སྟི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྟེ། སྦྱིན་པ་དང་བཀུར་སྟིས་


DTG168_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིངས་བདེ་བྱས་པ་ཞེས་བྱ་བ་ལ། སྦྱིན་པ་དང་བཀུར་སྟི་ནི་སྦྱིན་པ་དང་བཀུར་སྟིའོ། །དེ་གཉིས་ལས་གང་བྱུང་བའི་བདེ་བ་ནི་སྦྱིན་པ་དང་བཀུར་སྟིའི་བདེ་བའོ། །དེས་བྱས་པ་ནི་སྦྱིན་པ་དང་བཀུར་སྟིས་བདེ་བ་བྱས་པའོ། །བསླང་བ་ནི་དེ་ལྟར་དཀའ་བ་ལྟ་ཞིག་ཅེས་བྱ་བ་ལ།། བདག་ནི་རེ་ཞིག་འདྲིས་པ་ལ་སློང་བར་མི་སྤྲོ་ན། མ་འདྲིས་པ་ལའང་སློང་བར་བྱེད་པ་དེ་དག་ནི་རེ་ལྟ་ཞིག་དཀའ་སྙམ་པ་སྟེ། དེ་བས་ན་དཀའ་བ་ལྟ་ཞིག་བྱའོ། །སྦྱིན་པ་དྲགས་པ་ཞེས་བྱ་བ་ལ། སྦྱིན་པ་དྲགས་པ་ཉིད་ཀྱི་ཉེས་དམིགས་ཀྱིས་ཉམས་པར་སྟོན་པ་ཡིན་ཏེ། རྐུན་པོས་མ་ཁྱེར་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་ཀྱིས་སོ། །ཞུགས་པ་ནི་ཞུགས་པ་ཉིད་ཡིན་ཏེ། སྦྱིན་པ་དེ་ལ་རྗེས་སུ་ཆགས་པ་སྟེ་སྦྱིན་པ་ལ་ཞུགས་པའི་ཆགས་པ་སྟེ། བྱམས་པས་བསྐྱོད་པའོ། །དེ་བས་ཁྱོད་ལ་ཕན་ཕྱིར་ཞེས་བྱ་བའི་ཚིགས་བཅད་གཉིས་ཀྱིས་སྦྱིན་པ་དྲགས་པའི་རྒྱུས་ནོར་ཟད་པ་དང༌། མ་བྱིན་པ་ལས་ནི་འབྲེལ་པར་བཤད་དེ། དེ་གཉི་གའི་དཔེ་བསྟན་པའི་ཕྱིར་སྨྲས་པ། ཆུང་དུ་གོད་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདི་སྨོས་པ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་ནི་རྒྱུན་ཏུའོ། །ཆུང་ངུ་གོད་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲས་ནི་མང་པོ་སྤྱད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །གང་གིས་དུས་རྟག་ཏུ་བྱས་པ་ཡང་གྲོག་མཁར་ལྟར་མཐོན་པོར་བྱས་པའོ། །དར་བར་འདོད་པས་བསམ་པ་བྱས་ན་ལེགས། །ཞེས་བྱ་བ་འདིས་ནི་ཟད་ཅིང་གོད་པའི་ལམ་ཞེས་བྱ་བ་བསྟན་པ་ཡིན་ནོ། །མ་རབས་ཞེས་བྱ་བ་ནི་སྦྱིན་པ་མི་བྱེད་པའོ། །སྦྱིན་པར་བྱེད་པ་ནི་འཕགས་པ་ཉིད་དེ། ཚིགས་བཅད་འོག་ནས་སྨོས་པས་གང་ཐོབ་པའི་རྒྱུ་འདི་ལས་གང་ཐོབ་པར་འདོད་པ་ནི་མ་རབས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གྱུར་ཀྱང་གལ་ཏེ་མ་བྱིན་ན། །ཞེས་བྱ་བའི་ལན་ནི། བདག་ལ་མེད་ཀྱང་རུང་ཞེས་བྱ་བ་འདིའི་དོན་ཏེ། གང་ཡང་སྔོན་གྱི་འབྱོར་པ་བཟང་པོ་ཐོབ་པར་འགྱུར། །ཞེས་བྱ་བ་འདི་ཇི་ལྟར་སྦྱིན་པ་བྱིན་པ་འཕགས་པ་ཉིད་དེ། དེས་ན་དེ་མ་རབས་སུ་བསྒྲུབ་པའི་ཕྱིར། སློང་པའི་སྡུག་བསྔལ་ཞེས་བྱ་བའི་ཚིགས་བཅད་དོ། །སློང་བ་ཉིད་ཤི་བ་ཡིན་པས་སློང་བ་ཤི་བ་དང་འདྲའོ། །དེའི་གཉེན་པོའི་ལམ་ནི་ནོར་ཐོབ་པ་དང་


DTG168_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྙེད་པའོ། །དེས་དེའི་སྡུག་བསྔལ་གསོ་བར་བྱེད་དེ་སྡུག་བསྔལ་ནི་དབུལ་བའི་སྡུག་བསྔལ་ལོ། །དེ་ཡིས་ཕོངས་པ་ནི་སློང་བ་ཤི་བ་དང་འདྲ་བ་ཉིད་ཀྱིས་སོ། །སེར་བས་བསྣུན་པར་བྱེད་པ་ནི་མ་རབས་ཏེ། སློང་བ་ཤི་བ་དང་འདྲ་བ་འཛིན་པ་ལ་ཡང་མེད་ཅེས་བྱ་བའི་སེར་བས་རྡེག་པར་བྱེད་པས་སོ། །གང་རྡེག་པར་བྱེད་པ་དེ་ནི་མ་རབས་ཏེ། ཁྱད་པར་དུ་ཡང་ཡ་རབས་གཟི་བྱིན་ཅན་གྱིས་དེ་རྡེག་པར་བྱེད་པ་ནི་མ་ལགས་སོ། །དེ་ལྟར་རེ་ཞིག་འདིའི་མ་རབས་བསྒྲུབས་ནས། གང་ཞིག་ཐོབ་ཕྱིར་སེར་སྣ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་པོ་དེའི་དོན་བསྒྲུབ་པའི་ཕྱིར། སློང་བས་བརྡུངས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ལ་ཕན་པ་ལ་ཞུགས་པ་ལ་ཅི་སོགས་པར་བྱེད་དམ་ཞེས་པ་སྟེ། སྔ་ན་མེད་པའི་རིན་པོ་ཆེ་ལ་སོགས་པ་བདག་ལ་མེད་ཀྱང་རུང་བ་སྟེ། དེ་བདག་གི་སེམས་འདི་ལྟར་འདིས་བསྒྲུབ་པའོ། །གང་ཞིག་ཐོབ་ཕྱིར་སེར་སྣའི་སེམས་བྱུང་བ། །ཞེས་བྱ་བ་འདིས་བསྒྲུབ་པའི་ཕྱིར། སློང་བས་གདུངས་ཤིང་ཞེས་བྱ་བའི་དོན་དེ་སེར་སྣའི་སེམས་ཀྱིས་སློང་བའི་བདེ་བ་མི་བསྒྲུབ་ཅིང་སྔ་ན་མེད་པ་སོགས་པ་ནི་མི་རིགས་པ་ཉིད་དུ་བསྟན་ཏོ། །གང་ཞིག་ཐོབ་པའི་ཕྱིར་སེར་སྣའི་སེམས་བྱུང་བ་ན། ད་ནི་སྐྱེས་པ་ལ་ཡང་མི་རིགས་པའི་དབང་དུ་བྱས་ནས་གང་གིས་སེར་སྣའི་སྐྱོན་ཞེས་བྱ་བའི་ཚིགས་བཅད་བཤད་དོ། །གང་གིས་སེར་སྣའི་སྐྱོན་ནི་འཕེལ་འགྱུར་ཞིང༌། །ཞེས་བྱ་བ་ལ། སེར་སྣ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྟེ། དེས་ནི་སྙིང་རྗེ་མེད་པར་བསྟན་ཏ། །གཏོང་བའི་སེམས་ཀྱང་སྐྱེ་བར་མི་འགྱུར་བ། །ཞེས་བྱ་བ་ལ་ཆགས་པའི་གཉེན་པ་ནི་གཏང་བའི་སེམས་ཏེ། ཡོངས་སུ་སྐྱེ་བ་ཞེས་བྱ་བ་འདིས་ནི་ཤེས་རབ་རྣམ་པར་འཕེལ་བར་བྱེད་པ་སྟེ། ཤེས་རབ་ཀྱིས་ནི་ཕན་པ་མེད་པ་ངོ་བོ་ཉིད་ཀྱིས་ཡོངས་སུ་སྤྱོད་པའི་ཕྱིར་རོ། །གཏང་པའི་སེམས་སྐྱེ་བ་དེ་དང་སྦྱིན་པ་སྟེ། སྐྱེས་ན་ཡང་ཞེས་བྱ་བའི་དོན་ཏེ་མ་སྐྱེས་པ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ཡོངས་སུ་གཟུང་བར་སྙད་བཏགས་ཞེས་བྱ་བ་ནི་ཡོངས་སུ་གཟུང་བ་ཉིད་སྙད་བཏགས་པ་སྟེ་སྙད་བཏགས་པ་ནི་སྒྲིབ་པའི་ཆོས་སོ། །ཡང་ན་གྱ་གྱུའོ། །ཡོངས་སུ་གཟུང་


DTG168_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྙད་བཏགས་པ་མི་ལྟོགས་པར་ནི་ཡོངས་སུ་གཟུང་བར་སྙད་བཏགས་པའི་རང་བཞིན་ནོ། །དེ་གང་ཞེ་ན། ཕོངས་པ་སྟེ། འདིས་རྣམ་པར་བཅོམ་པ་ཡིན་པས་ཕོངས་པ་ཉིད་ལས་ཡོངས་སུ་གཟུང་བར་སྙད་བཏགས་པ་ཉིད་དོ། །ཡོངས་སུ་གཟུང་བའི་ཚུལ་ཉིད་དུ་གནས་པས་བཅོམ་ཞེས་བྱ་བའི་དོན་ཏེ། ཕོངས་པའི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་པའོ། །ཕོངས་པ་དེ་ཉིད་བསྒྲུབ་པར་འདོད་པས། གློན་ནི་འགྱུ་བ་བཞིན་དུ་ཞེས་བྱ་བའི་ཚིགས་བཅད་བརྩམས་སོ། །གློག་ནི་འགྱུ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་གིས་འཇིག་ཅིང་མི་རྟག་པར་བསྟན་ཏེ། རང་ཉིད་རྣམ་པར་འཇིག་པའི་ཕྱིར་རོ། །ཐུན་མོང་ཞེས་བྱ་བ་འདིས་ནི་ལྔའི་ཐུན་མོང་དུ་གྱུར་པ་སྟེ། འདིས་ནི་རྣམ་པར་འཇིག་པའི་རྒྱུས་འཇིག་པའི་ཕྱིར་ཏེ་འབྲལ་བའི་མི་རྟག་པ་བསྟན་ཏོ། །ཕོངས་པ་དུ་མའི་རྒྱུ་ཞེས་བྱ་བ་ནི་སྔར་བསྟན་པའི་ཕོངས་པ་ཞེས་བྱ་བ་ད་ཉིད་བསྟན་ཏེ། ཕོངས་པའི་རྒྱུ་ཞེས་བྱ་བ་ནི་བསགས་པ་དང་འཇིག་པའི་དུས་སུ་བསྲུང་བ་དང༌། གྲང་བ་དང༌། ཚ་བ་དང༌། གསད་པ་དང༌། བཅིང་བ་དང༌། བརྡེག་པ་ལ་སོགས་པ་ཕོངས་པའི་རྒྱུའོ། །འདིས་ནི་ཡོངས་སུ་བཅོམ་པས་ཕོངས་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ཕོངས་པ་ལ་ནོར་གྱི་སེར་སྣའི་ཡ་རབས་སུ་ཞིག་བསྟན་པར་བྱེད་དེ་ནོར་སྦྱིན་པ་ཉིད་ལ་སུ་ཞིག་འདི་ལྟར་སེར་སྣ་བྱེད་པའོ། །ད་ནི་དེའི་རྒྱུ་བསྟན་པའི་ལམ་ལས་བརྩམས་ཏེ། བརྒྱ་བྱིན་ཁྱོད་ཀྱིས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའོ། །གཉེན་པ་ནི་བདག་ཉིད་ཀྱི་ཉེ་དུ་ལྟ་བུ་སྟེ། ཅིའི་ཕྱིར་ན་ཕན་པ་སྨྲས་པས་སོ། །དེ་བས་ལམ་མིན་ཞེས་བྱ་བ་ལ། སྦྱིན་པའི་ལམ་མ་ཡིན་པ་ནི་སྦྱིན་པ་མ་ཡིན་པ་སྟེ། སྨྲས་པ་ཕན་པ་མ་ཡིན་པ་བསྟན་ཅིང་སྒྲུབས་པས་ནི་ཁྲོ་བ་ཡོངས་སུ་འཛིན་པའི་ཕྱིར། ཁྱོད་ཀྱི་ཐུགས་ནི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མཐུན་པའི་ཕྱོགས་ཉིད་བགྲོད་པར་དཀའ་བའོ། །ངོ་བོ་ཉིད་ཀྱི་སྦྱིན་པ་ནི་ངོ་བོ་ཉིད་ཀྱིས་སྦྱིན་པའོ། །ངོ་བོ་ཉིད་ཀྱི་སྦྱིན་པའི་མི་མཐུན་པའི་ཕྱོགས་ནི་སྦྱིན་པ་མ་ཡིན་པ་ངོ་བོ་ཉིད་ཀྱིས་མི་མཐུན་པའོ། །བགྲོད་དཀའ་བ་ནི་སྡུག་བསྔལ་གྱིས་


DTG168_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་དཀའ་བའི་ཕྱིར་རོ། །གཞུག་པ་ནི་འགྲོ་བའོ། །སླ་བ་ཞེས་བྱ་བ་ནི་འབད་པ་ཆུང་དུས་སོ། །འབྱོར་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གོས་དང༌། རྒྱན་དང༌། ཡོ་བྱད་དང༌། མལ་ཆ་ལ་སོགས་པ་གཟུང་ངོ༌། ཁང་མཛོད་ཡོངས་སུ་གང་བ་དང་ཞེས་བྱ་བ་འདི་གཉིས་ཀྱིས་ནི་གང་སོགས་ཤིང་འདུ་བ་དེ་བསྟན་ཏོ། །གང་སོགས་པ་དེའི་དབང་དུ་བྱས་ནས། ལེགས་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ལེགས་པར་བྱེད་པ་ནི་ཇི་ལྟར་བྱ་བ་དེ་བཞིན་དུ་བྱེད་པའི་ཕྱིར་རོ། །རླབས་ཆེ་བ་ནི་རེ་རེ་ལ་ཡང་ལས་ཀྱི་མཐའ་མང་པོ་ཡོད་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་པ་ནི་ཞིང་རྨེད་པ་དང་ཆོང་ལ་སོགས་པ་སྟེ། ཞིང་གི་རྣམས་ནི་སྣ་ཚོགས་པས་སོ། །དར་བར་གྱུར་པ་ཞེས་བྱ་བ་ནི་བརྟན་པ་དང་གནས་པར་གྱུར་པ་སྟེ། གནས་པར་གྱུར་པ་གང་ཡིན་པ་དེ་ནི་འཇིག་རྟེན་ན་དར་བར་གྱུར་པ་ཞེས་བྱ་བའི་དོན་ཡིན་ཏེ། འཇིག་རྟེན་དབང་ཕྱུག་དབང་དུ་གྱུར་པ་ཞེས་བྱ་བ་ནི་གང་གིས་འཇིག་རྟེན་གྱི་དབང་ཕྱུག་གི་དབང་དུ་གྱུར་པ་སྟེ། སེམས་ཅན་འཇིག་རྟེན་པ་རྣམས་བཀའ་བཞིན་དུ་བྱེད་པར་བསྟན་ཏོ། །བདག་གི་བློ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་གི་བློས་ལྕོགས་པ་ནི་བདག་གི་བློས་ལྕོགས་པའོ། །དེས་མཉམ་པར་གཞག་པ་ནི་མ་ཡེངས་པའམ། ཡང་དག་པར་ཁྱབ་པར་བྱས་པའོ། །ལས་དང་ཡོན་ཏན་གྱི་དབང་དུ་བྱས་པ་སྟེ། དེ་ཡང་གྲགས་པའི་རྗེས་སུ་མཐུན་པར་འགྱུར་བའི་འཇིག་རྟེན་པས་རབ་ཏུ་བསྔགས་པ་ནི་རིགས་མཐོ་བའམ་གྲགས་བ་དང་རྗེས་སུ་མཐུན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ལས་དང་རིགས་དང་རྗེས་སུ་མཐུན་པའོ། །འགྲན་ཟླ་ཟིལ་མནན་ཏེ་ཞེས་བྱ་བ་ནི་དགྲའི་ཕྱོགས་ལས་བརྩམས་པའོ། །སྐྱེ་བོ་རྣམས་ནི་ཞར་ལ་གྲོགས་བཙལ་ནས། །ཞེས་བྱ་བ་ནི་ཐ་མལ་པ་རྣམས་ལས་བརྩམས་པའོ། །ཞར་ལ་ཞེས་བྱ་བ་ནི་ཕན་ཚུན་འདུད་ཅིང་ཕྱག་འཚལ་བའོ། །མཛའ་བོར་བཅས་ལ་ཞེས་བྱ་བ་ལ་སོགས་པ་ནི་གྲོགས་པོའི་ཕྱོགས་ལས་བརྩམས་པའོ། །རྒྱལ་པོ་ལས་ཀྱང་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་བསྟན་པའི་རྒྱུ་ཉིད་དུ་བསྟན་ཏེ། དེས་ཡོངས་སུ་བསྲུང་བའི་ཕྱིར་


DTG168_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དཔལ་གྱིས་འཁྱུད་གྱུར་ན་ཞེས་བྱ་བ་ཡིན་ཏེ། འདི་ལྟར་ཡོངས་སུ་གཏོང་བ་ཅན་ནི་འབྱོར་པ་དང་བདེ་བ་ཡིན་ཏེ། འདི་ནི་ཉེ་བར་ལོངས་སྤྱོད་པའོ། །སྡོམ་ཞིང་མི་གཡེང་གནས་པ་ཞེས་བྱ་བ་ལ་སྡོམ་པ་ནི་སྦྱིན་པ་ལས་ལྡོག་པའོ། །མི་གཡེང་བ་ནི་ཉེ་བར་ལོངས་སྤྱོད་པ་ལས་ལྡོག་པའོ། །ཡང་ན་མི་གཡེང་བ་ནི་རྒྱལ་པོ་ལ་སོགས་པའི་ཆད་པའི་ལས་ཀྱིས་སོ། །དེ་ལ་མ་རབས་འགྱུར་བ་ཞེས་བྱ་བ་ནི་གང་དེ་ལྟར་བསྟན་པ་སྟེ། འཕགས་པས་མ་རབས་ཆོས་བྱ་ཞེས་བྱ་བ་ལ་སོགས་པ་དེའི་ལན་གྱིས་བསྟན་པ་ཡིན་ནོ། །འབྱོར་པ་མེད་པར་ཞེས་བྱ་བ་ལ། འབྱོར་པ་མེད་བཞིན་དུ་སྟེ། བདག་གི་དོན་ཞེས་བྱ་བ་ལས་བརྩམས་པའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་བསྟན་པ་ལས་འཇིག་རྟེན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་བྱས་པའོ། །གཞན་གྱི་དོན་ལས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི་འཇིག་རྟེན་པའི་དབང་དུ་བྱས་པ་སྟེ། བདག་གི་དོན་ཆེད་ཆེར་འཛིན་པའོ། །གཞན་གྱི་དོན་ཆེད་ཆེར་མི་འཛིན་པ་དེས་ཀྱང་སྦྱིན་དགོས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདིས་ནི་ལོངས་སྤྱོད་ཆོག་པ་མེད་པས་སོ། །དེས་ནི་མཐོང་བའི་ཆོས་ཀྱིས་བདེ་བ་བསྟན་ནས་མཐོ་རིས་ཐོབ་མི་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་བདེ་བའོ། །ཅིའི་ཕྱིར་མཐོང་བའི་ཆོས་ཉིད་ལ་བསོད་ནམས་སུ་མི་འགྱུར་ཞེ་ན། སྦྱིན་པའི་འབྲས་བུ་ནི་འབྱོར་པ་ཡིན་པས་སོ་ཞེས་བྱ་བའི་དོན་ཏོ། །སེར་སྣ་ལ་སོགས་ཞེས་བྱ་བ་འདིའི་དོན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་དེ་ནི་ཉོན་མོངས་པ་སྤོང་བ་ལ་འབད་པས་སོ། །འབྱོར་པ་དེའི་ཕྱིར་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའི་རྒྱུའི་ཕྱིར་རོ། །གང་ཞིག་སྐྱེ་ཤིས་ཉེན་པའི་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་སྟེ་རྒ་བ་དང་ཤི་བ་ཞེས་བྱ་བ་ལ། གཉིས་ཁོ་ན་སྨོས་པས་ནི་ནད་ནི་ངེས་པར་འབྱུང་བའི་ཕྱིར་ལ། སྐྱེ་བ་ནི་མ་བཤད་ཀྱང་གྲུབ་པའི་ཕྱིར་འདི་ལྟར་བསྟན་ཏོ། །བདག་ཀྱང་གཏོང་བྱེད་ཅིང་ཞེས་བྱ་བ་འདིས་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ལ་འཇུག་


DTG168_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་བསྟན་ཏོ། །གཞན་སྡུག་བསྔལ་བས་བདག་གི་བདེ་བ་མི་མྱོང་བ་ཞེས་བྱ་བ་འདིས་ནི་སྡོམ་པའི་ཚུལ་ཁྲིམས་བསྟན་ཏོ། །ཁྱིམ་བདག་འབྱོར་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དེའི་ལན་ནི་ནོར་རྣམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཚིགས་བཅད་དོ། །བདག་གི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། གཞན་གྱི་བསྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ནི་བདག་གི་སྒྲུབ་པས་གཞན་གྱི་དོན་ལས་བརྩམས་ཏེ། ཤིང་རྟ་གཅིག་གིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །གང་དུ་ལམ་དྲངས་པ་ཞེས་བྱ་བ་ནི་དང་པོའི་ལམ་བྱེད་པའོ། །གཞན་ཞེས་བྱ་བ་ནི་གཉིས་པའོ། །དེ་བཞིན་གཞན་ཞེས་བྱ་བ་ནི་གསུམ་པའོ། །བདེ་བ་ནི་ཞེས་བྱ་བ་ནི་གཙོ་བོར་གྱུར་པ་སྟེ། དང་པོ་གང་གི་རྗེས་སུ་འགྲོ་བ་ལ་སོགས་པའི་བློས་འཁོར་བར་བྱང་ཆུབ་སེམས་དཔའི་ལམ་དམ་པ་མ་ཡིན་པ་སྟེ། བདག་གི་དོན་མཆོག་ཏུ་བྱེད་པ་ནི་ལམ་མོ། །འདི་ལྟར་གྱུར་ཀྱང་ཞེས་བྱ་བ་ནི་འབྱོར་པ་མ་ཟད་པར་གྱུར་ཀྱང་ངོ༌། །མི་བཟད་ངན་པ་ཞེས་བྱ་བ་ལ་ངན་པ་ནི་ཤིན་ཏུ་སྨད་པའོ། །མི་བཟད་པ་ནི་སྡིག་པ་མཆོག་ཏུ་བྱེད་པའོ། །ཉེས་དམིགས་མ་མཐོང་ནས་ཞེས་བྱ་བ་ནི་འཇིག་རྟེན་འདིའི་བསད་པ་དང་བཅིང་བ་ལ་སོགས་པ་གྲགས་པ་མ་ཡིན་པའི་ཉེས་དམིགས་དང༌། འཇིག་རྟེན་ཕ་རོལ་དུ་ངན་འགྲོ་ལ་སོགས་པའི་ཉེས་དམིགས་སོ། །རབ་ཏུ་འཇུག་པ་ནི་རབ་ཏུ་འགྲོ་བའོ། །གང་གིས་ཤེ་ན། ཤིན་ཏུ་གཡེངས་པའི་སེམས་ཀྱིས་སོ། །ཁྱོད་ཀྱིས་ནོར་ནི་ཟང་པར་འགྱུར་བའང་མ་བསམས་ཤིང་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་སློང་བའི་སྐྱེ་བོའི་སྡུག་བསྔལ་བསལ་བའོ། །མི་བྱེད་པའི་རྒྱུ་དེ་ཡང་གསུམ་སྟེ། ནོར་ལ་ཆགས་པ་དང༌། བདག་གི་བདེ་བ་ལ་ཆགས་པ་དང༌། མི་དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །རྒྱུ་གསུམ་པོ་དེ་དག་ཟིལ་གྱིས་མནན་ནས་གཞན་གྱི་དོན་སྒྲུབ་པ་ལ་སེམས་བརྟན་པར་འགྱུར་བའི་ཕྱིར་རོ། །རབ་ཏུ་ཆེ་བ་བརྟན་ཞེས་བྱ་བ་ནི་ཚིགས་བཅད་སྔ་མ་འདིར་བཟློག་པ་བསྟན་པས་འཇིག་རྟེན་གྱི་ངོ་བོ་ཉིད་བསྟན་ཏེ། ནོར་ནི་ཟད་པར་གྱུར་པ་ཞེས་བྱ་བ་བཟློག་པས་སོ། །གྲགས་པ་དང་འགལ་


DTG168_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པས་ཞེས་བྱ་བའི་ཕྱེད་ཀྱིས་ནི་བདག་གི་བདེ་ཉམས་ཞེས་བྱ་བ་འདིའི་མི་མཐུན་པའོ། །བདག་གི་བདེ་ལ་ཆགས་པས་ཞེས་བྱ་བ་ནི་ང་ཡིས་བསླུས་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །ཤིན་ཏུ་གཡེངས་པའི་སེམས་ཀྱིས་རབ་ཏུ་འཇུག །ཅེས་བྱ་བ་ནི་བདག་ཉིད་ཆེན་པོ་ཕུན་སུམ་ཚོགས་པའི་ཞེས་བྱ་བ་འདིའི་བཟློག་པའི་ཕྱོགས་སོ། །སྐྱེ་བོ་ནི་སྐྱེ་བ་ཐ་མལ་པའོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོ་བསྟེན་ཏེ། བྱམས་ཀྱིས་བསྐྱོད་པ་ཞེས་བྱ་བ་བརྒྱ་བྱིན་གྱིས་དང་པོ་སྨྲས་པ་དེའི་དབང་དུ་བྱས་པའོ། །ད་ནི་ཨེ་མའོ་རླབས་ཆེན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་ཁྱིམ་བདག་འབྱོར་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ་དེའི་དབང་དུ་བྱས་པ་སྟེ། རླབས་ཆེན་ཁྱད་པར་གསལ་བ་ཞེས་བྱ་བ་ལ། རླབས་ཆེ་བ་ཉིད་ཀྱི་ཁྱད་པར་དེས་རང་བཞིན་གྱིས་རླབས་ཆེ་བ་སྟེ། བདག་ཉིད་ལ་ཆགས་པ་མེད་པར་གཞན་ལ་ཕན་པ་དང་བདེ་བ་ལ་འཇུག་པའོ། །སེར་སྣ་ཉིད་ཀྱི་མུན་པ་ནི་སེར་སྣའི་མུན་པའོ། །སྙིང་གི་སེར་སྣའི་མུན་པ་རབ་ཏུ་བསལ་བ་དེ་ཉིད་ནི་སྙིང་གི་སེར་སྣའི་མུན་པ་རབ་ཏུ་བསལ་བའོ། །སེར་སྣ་ནི་མུན་པ་དང་ཆོས་མཐུན་པ་ཡིན་ཏེ། །ནོར་ནི་སྙིང་པོ་མེད་ཅིང་སེམས་ཅན་དག་སྡུག་བསྔལ་བར་བྱེད་ལ་ཕན་པར་ལྟ་བའི་གནས་སུ་གྱུར་པའི་ཕྱིར་རོ། །དེ་བསྒྲུབ་པར་འདོད་ནས་སྨྲས་པ། རབ་ཏུ་སྦྱིན་ལ་ཞུམ་པའི་སེམས་སུ་ཡོངས་མ་གྱུར། །ཞེས་བྱ་བ་གང་ཡིན་པ་དེ་ཉིད་རྣམ་པ་སྙིང་ལ་ཡོད་པ་སྟེ། དེ་བས་ན་སྙིང་གི་སེར་སྣའི་མུན་པ་རབ་ཏུ་བསལ་བའོ། །རབ་ཏུ་སྦྱིན་པས་ཞུམ་པ་ནི་རབ་ཏུ་སྦྱིན་པ་ལ་ཞུམ་པ་སྟེ། རབ་ཏུ་སྦྱིན་པ་ལ་ཞུམ་པའི་སེམས་སུ་ཡོངས་མ་གྱུར། །ཞེས་བསྟན་པ་ནོར་མེད་པར་གྱུར་ཀྱང་ངོ༌། །དེ་བས་སྡོམ་ཞིང་མི་གཡེང་གནས་བྱས་ལ། །ཞེས་བྱ་བ་འདིའི་ཐབས་ཀྱིས་ཏེ་སྟོན་པའོ། །གང་ཞིག་སྐྱེ་ཤིས་ཉེན་པའི་འཇིག་རྟེན་སྐྱོང་འདོད་པ། །ཞེས་བྱ་བ་བྱང་ཆུབ་སེམས་དཔས་སྨྲས་པ་དེའི་དབང་དུ་བྱས་པ་ནི། གཞན་སྡུག་པའི་སྡུག་ལ་ངོ་མཚར་མི་ཆེ་སྟེ་ཞེས་བྱ་བའི་ཚིགས་བཅད་དོ། །འདིར་གཞན་གྱི་


DTG168_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱིས་སྡུག་བསྔལ་བ་ནི་ངོ་མཚར་མ་ཡིན་ནོ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་གཞན་སྡུག་བསྔལ་བས་བདག་གི་བདེ་བ་མི་མྱོང་བ་ཞེས་བྱ་བ་དེའི་དབང་དུ་བྱས་ཏེ་བཤད་པའོ། །སྙིང་རྗེའི་དབང་གིས་ཁྱོད་ནི་འཇིག་རྟེན་ཕན་པར་འདོད། །ཅེས་བྱ་བ་ནི་གང་སྔར་བྱང་ཆུབ་སེམས་དཔས་བསྟན་པའི་གང་ཞིག་སྐྱེ་ཤིས་ཉེན་པའི་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གངས་ཀྱི་རི་བོ་རླུང་གིས་ཞེས་བྱ་བའི་ཕྱེད་འདིས་ནི་གང་སྔར་བསྟན་པའི་དེ་ལ། །ཁྱོད་ཀྱི་དཔལ་ལྡན་ནོར་ཡང་ཅི་ཞིག་བྱ། །ཞེས་པ་དེ་བསྟན་པ་ཡིན་ནོ། །ད་ནི་དེའི་འབྱོར་པ་མི་སྣང་བར་བྱས་པའི་རྒྱུ་ལས་བསམས་ཏེ། གྲགས་པ་ཀུན་ཏུ་ཞེས་བྱ་བའི་ཚིགས་བཅད་སྨྲོས་སོ། །ཀུན་ཏུ་གྲགས་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ཏུ་བསྟན་པའོ། །ཡོངས་སུ་བརྟག་པ་ནི་ཡོངས་སུ་བརྟགས་པའི་ཕྱིར་ཏེ། མ་བརྟགས་པར་ནི་གྲགས་པ་ཀུན་ཏུ་བསྒྲག་ཅིང་བསྒྲུབ་པར་མི་ནུས་སོ། །དེ་ལྟར་མ་བྱས་ན་ནི་ཞེས་བྱ་བའི་ཚིགས་བཅད་ཕྱེད་པ་འདི་ལ་མཛེས་པའི་རྗེས་སུ་འགྲོ་བ་ནི་ནོར་བུ་བཟང་པོ་སྟེ། འདིས་ནི་མཐོང་བའི་ཡུལ་དུ་བསྟན་ཏོ། །དེ་བཞིན་དུ་ཡོན་ཏན་ཐོས་པའི་ཡུལ་དུ་བསྟན་པ་ནི་གྲགས་པ་སྟེ། ནོར་བུ་བཟང་པོ་ལྟ་བུ་ནི་གྲགས་པའོ། །དེ་ལྟར་མ་བྱས་ན་ནི་ཞེས་བྱ་བ་ནི་ཡོངས་སུ་བརྟག་པ་མ་བྱས་པར་རོ། །ནོར་བུ་དག་ནི་གྲགས་པ་ཡིན་པས་ནོར་བུའི་གྲགས་པའོ། །རིན་ཆེ་བ་ཉིད་པས་ནི་རིན་ཆེན་ནོ། །བདག་གི་གྲགས་པ་ཡང་མི་ལྟོས་ལ་རིན་ཆེ་བ་ཉིད་དུ་ཡང་མི་ལྟོས་པ་སྟེ། ནོར་བུ་བཟང་པོ་ཡིན་ཡང་ཡོངས་སུ་བརྟག་པ་མེད་པར་རོ། །དེ་བཞིན་དུ་གྲགས་པ་ཡང་ཡོངས་སུ་བརྟག་པ་མེད་པར་ནི་ཀུན་ཏུ་གྲགས་པར་མི་འགྱུར་ཏེ། བརྟག་པའི་རྒྱུ་དེས་ན། །ཁྱོད་ཀྱི་ནོར་འདི་རྣམས་ནི་བདག་གིས་སྦས་པར་གྱུར། །ཞེས་བྱ་བ་ཡིན་ནོ། །དེ་བས་ཞེས་བྱ་བ་ནི་གང་གི་ཕྱིར་བརྟགས་པའི་རྒྱུ་དེས་ཁྱོད་ཀྱི་ནོར་སྦས་པར་གྱུར་པའོ། །དེས་ན་སྦྱིན་པ་ཆར་བཞིན་ཕོབས་ཞེས་བྱ་བ་ནི་གང་ནོར་སྦས་པ་དེ་ཉིད་ཀྱིས་བསྒྲུབ་པར་བསྟན་ཏོ། །ངས་ནི་རྗེས་སུ་བཟུང་བས་ནོར་ཡང་ཟད་མི་འགྱུར། །ཞེས་བྱ་བ་འདིས་ནི་མཆོག་སྦྱིན་པར་བསྟན་ཏོ། །ཁྱོད་ཀྱིས་བཟོད་པར་བྱོས་


DTG168_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིས་ནི། ནོར་སྦས་པ་དེ་དང་དེ་འདིས་ནི་བཟོད་པར་མཛོད་ཅིག་པའོ། །མགུ་བར་བྱས་པ་ཞེས་བྱ་བ་ནི་གྲགས་པ་ཀུན་ཏུ་བསྒྲགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔས་སོ། །དེ་ཡི་ནོར་གྱི་རྣམ་པ་སླར་བྱིན་ཏེ། དེ་བས་སྦྱིན་པ་ཞེས་བྱ་བའི་ཚིགས་བཅད་སྔར་བསྟན་པ་དེས་བསྟན་ཏོ། །བཟོད་པར་བྱས་ནས་ཞེས་བྱ་བ་ནི་བདག་གིས་གཙེས་པ་འདི་ཡང་ཁྱོད་ཀྱིས་བཟོད་པ་མཛོད་ཅེས་བྱ་བ་འདིས་བསྟན་ཏོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཚོང་དཔོན་ཟིལ་གྱིས་མ་ནོན་པའི་སྐྱེས་པའི་རབས་སོ།། །།ལྡུམ་བུ་དང༌། རྩྭ་དང་ཤིང་ལྗོན་པ་ཡིད་དུ་འོང་བ་ཞེས་བྱ་བ་འདིས་ནི་གྲིབ་མ་ཕུན་སུམ་ཚོགས་པ་བསྟན་ཏོ། །མེ་ཏོག་དང་འབྲས་བུར་ལྡན་པ་ཞེས་བྱ་བ་འདིས་ནི་ཟས་ཕུན་སུམ་ཚོགས་པའོ། །ཆུ་གཙང་མ་བཻ་ཌཱུཪྻ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བཞིས་ནི་མིང་གི་ཚོགས་བཏུང་བ་ཕུན་སུམ་ཚོགས་པའོ། །ས་གཞི་ནེའུ་གསིང་འཇམ་པ་དང་ལྡན་པ་དང༌། སྐྱེ་བོ་དཀའ་ཐུབ་ཅན་གནས་པ་དང་ལྡན་པས་ནི་འཇིགས་པ་མེད་པ་ཉིད་དུ་བསྟན་ཏེ། སྔར་བསྟན་པ་ཉིད་ཀྱིས་སྐྱེ་བོ་དཀའ་ཐུབ་ཅན་གནས་པའི་རྒྱུ་བསྟན་ཏོ། །དེ་ནི་ལུས་བཟང་ཞེས་བྱ་བ་ལ་སོགས་པ་བཞིས་ནི་མིང་གི་ཚོགས་དང༌། གཟུགས་ཀྱི་ལུས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡོན་ཏན་དེ་དག་ཉིད་དང་ལྡན་པའི་ཕྱིར། གཅན་གཟན་ངན་པས་གླགས་ལྟར་བག་མི་ཚ་བར་གནས་ཏེ། ཇི་ལྟར་གླགས་མི་ལྟ་བར་འདུག་ཅེ་ན། སྨྲས་པ། །རི་དགས་རྒྱལ་པོའི་ཚུལ་གྱིས་ཞེས་བྱ་བའོ། །ཆ་བྱད་དང༌། ཆོག་ཤེས་པ་གཉིས་ཀྱིས་ནི་ཐུབ་པ་བཞིན་མཛེས་པ་ཡིན་ཏེ། གང་གི་ཕྱིར་ཐུབ་པ་རྣམས་ནི་ཆ་བྱད་དང༌། ཆོག་ཤེས་པས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ཏེ། དེ་བས་ན་འདི་བསྟན་ཏོ། །བདག་གིས་ལགས་པ་ཨ་ཛི་ན་གོན་ཞེས་བྱ་བའི་ཚིགས་བཅད་འདིས་ནི་བདག་ཉིད་ངན་པ་སྟེ། གནོད་པར་བྱེད་པ་སྤངས་བ་ཞེས་བྱ་བའི་དོན་ཏོ། །སློབ་མ་བདེར་གནས་ཤིང་ཞེས་བྱ་བ་ནི་སློབ་མ་བཞིན་དུ་བདེ་བས་སློབ་མ་བདེར་གནས་ཏེ། བདེ་བ་བྱེད་པའི་ཕྱིར་བདེ་བ་ལྟ་བུའོ། །འདུལ་བ་སྦྱིན་


DTG168_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་པའི་དབང་དུ་བྱས་ནས་སློབ་མ་ཉིད་དང་ཆོས་མཐུན་པས་བདེ་བ་ཡང་ཡིན་ཏེ། འདི་ལྟར་བདེ་བས་འདུལ་བར་བྱེད་པའོ། །ཡོན་ཏན་ཁྱད་པར་ཅན་གྱིས་སྐྱེས་པ་ཞེས་བྱ་བ་ནི་ཡོན་ཏན་ཁྱད་པར་ཅན་གྱིས་ཡང་དག་པར་བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་དེ་ལ་བྱམས་པ་དང་གུས་པ་ཁྱད་པར་ཅན་ཏེ་དེ་ལ་བྱམས་དང་གུས་པའོ། །ཕན་ཚུན་གཉེན་དུ་འབྲེལ་པ་ནི་སྐྱེ་གནས་ཀྱི་འབྲེལ་བ་སྟེ། དེས་འབྲེལ་པའི་བྱམས་ཤིང་ཆགས་པར་གྱུར་པ་གང་ཡིན་པ་ནི་ཕན་ཚུན་གཉེན་དུ་འབྲེལ་བཞིན་དུ་གཅིག་ལ་གཅིག་ཆགས་ཤིང་བྱམས་པར་གྱུར་པའོ། །གཅིག་ལ་གཅིག་ནི་ཕན་ཚུན་འབྲེལ་བས་སོ། །སྤོབས་པ་དང་བཀུར་སྟི་ནི་སྤོབས་པ་དང་བཀུར་སྟིའོ། །དེ་དག་གཅིག་ལ་གཅིག་སྤོབས་ཤིང་བཀུར་སྟིས་རབ་ཏུ་མཛའ་བར་གྱུར་པ་གང་ཡིན་པ་དེ་ནི་གཅིག་ལ་གཅིག་སྤོབས་ཤིང་བཀུར་སྟི་བྱེད་པས་རབ་ཏུ་མཛའ་བར་གྱུར་པ་སྟེ། དེ་བས་ན་འདི་ལྟར་རོ་ཞེས་བརྗོད་དོ། །དུད་འགྲོའི་རང་བཞིན་ལ་ནི་མི་ཕྱོགས་ཞེས་བྱ་བ་ནི་སྲོག་གཅོད་པ་ལས་ལྡོག་པའོ། །བདེ་བ་དང་མཐུན་ཞིང་ཞེས་བྱ་བ་ལ་སོགས་པ་འདིའི་ལུས་ནི་ཕན་པ་ཡིན་བདེ་བ་མ་ཡིན་པ་དང༌། བདེ་བ་ཡང་མ་ཡིན་ཕན་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞི་ལས་དེ་ལ་ཕན་པ་མེད་པ་ནི་གཅིག་ཏུ་མི་བྱ་བ་ཡིན་ནོ། །གང་དུ་ཕན་པ་ཡོད་པ་དེ་ནི་གཅིག་ཏུ་བྱ་བ་སྟེ། དེ་ལ་ཕན་ལ་བདེ་བ་མ་ཡིན་པ་དང༌། ཕན་ལ་བདེ་བ་དེ་ནི་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །བདེ་དང་མཐུན་ཞིང་ཡོན་ཏན་མི་མཐུན་ཚུལ། །ཞེས་བྱ་བ་ནི་གང་དུ་ཕན་པ་དང་བདེ་བ་ཡོད་པ་དེ་བསྟན་ཏོ། །ཡོན་ཏན་མཐུན་ཞིང་བདེ་དང་མི་མཐུན་ཚུལ། །ཞེས་བྱ་བ་ནི་ཕན་པ་དེ་ཉིད་བདེ་བ་ཉིད་དུ་བསྟན་ཏོ། །ཡོན་ཏན་ཕྱོགས་ལ་བརྟེན་ན་ནི་ཞེས་བྱ་བ་ནི་གང་ལ་ཕན་པ་ཡོད་པ་དེ་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །གཞན་ལ་སྙིང་རྗེ་དང་སྒྲུབ་པ་ནི་སྙིང་རྗེ་དང་སྒྲུབ་པའོ། །དེ་གཉིས་ཀྱིས་བླ་མར་གྱུར་པ་ནི་གཞན་ལ་སྙིང་རྗེ་སྒྲུབ་པའི་བླ་མ་སྟེ། བསམ་པ་དང་སྦྱོར་བ་གཉིས་ཆེ་བའོ། །ཡང་ན་བདག་དང་གཞན་ལ་ཕན་པ་སྒྲུབ་པའོ། །ཡང་ན་གཞན་ལ་སྙིང་རྗེ་བ་ཉིད་སྒྲུབ་པ་ཡིན་པས་གཞན་ལ་སྙིང་རྗེ་ཆེ་བའི་བླ་མར་གྱུར་


DTG168_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། གཞན་ལ་ཕན་པར་སྒྲུབ་པ་ཡིན་པས་བླ་མ་ཞེས་བརྗོད་པ་ཡིན་ནོ། །ཡོན་ཏན་རྗེས་འགྲོ་རང་བཞིན་ཕུན་སུམ་ཚོགས། །ཞེས་བྱ་བ་ལ་སློབ་མ་རྣམས་ཀྱི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་མ་དང་བླ་མའི་ཕུན་སུམ་ཚོགས་པ་གཉིས་ཀྱི་གྲགས་པ་ལྷ་ཡུལ་དུ་ཡང་གྲགས་པར་གྱུར་པའོ། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཉེ་བ་ཅུང་ཟད་མ་རྫོགས་པ་བཟང་པོ་ནི་ཡོངས་སུ་མ་གང་བའི་མཛེས་པའོ། །འདུ་བ་གང་ཡོད་མཐའ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དྲུག་སྨོས་པ་ལ། དེ་ལ་འདུ་བ་གང་ཡོད་དོ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གཡོག་འཁོར་དང་ལོངས་སྤྱོད་ཆེན་པོའི་བདག་ཉིད་སྲིད་པའི་ཕུན་སུམ་ཚོགས་པ་མཐར་རྒུད་པ་ཉིད་དུ་བསྟན་ཏེ། འདུ་བ་གང་ཡོད་མཐའ་ནི་འབྲལ་བར་འགྱུར། །ཞེས་བྱ་བ་ནི་མཐར་འབྱེ་བ་ཡིན་ཏེ། འདིས་ནི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གཡོག་འཁོར་ཆེན་པོ་དང་བྲལ་ཞིང་མཐར་རྒུད་པ་ཉིད་དུ་བསྟན་ཏོ། །དར་བ་ཡོད་ན་ངན་པ་རྒུད་པའི་མཐའ། །ཞེས་བྱ་བ་འདིས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ལོངས་སྤྱོད་ཆེན་པོ་ལས་མཐར་རྒུད་པ་ཉིད་དུ་བསྟན་ཏོ། །ཚེ་ཡང་གློག་བཞིན་འགྱུ་ཞིང་མི་བརྟན་ནོ། །ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་བདག་གི་ཕུན་སུམ་ཚོགས་པ་འཆི་བ་ཉིད་ཀྱིས་རྒུད་པར་བསྟན་ཏོ། །དེ་ཕྱིར་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་གསུམ་པོ་དེ་ཉིད་ཀྱི་ཕྱིར་བག་ཡོད་པར་བྱ་བ་སྟེ། ཕྱིས་ཀྱང་དེའི་རྒྱུ་འཕེལ་བ་ལ་བག་ཡོད་པར་བྱའོ། །ཡང་ན་འདིའི་བསྡུས་པའི་དོན་གཞན་ནི་དགེ་བའི་བཤེས་གཉེན་དང༌། ལུས་དང་སྲོག་དང་བྲལ་བ་དང༌། རྒུད་པ་དང༌། འཇིག་པ་ཞེས་བྱ་བ་སྟེ། དེ་བས་ན་མཐར་རྒུད་པས་འཇིགས་པ་མེད་བ་ལས་རྒྱུ་གསུམ་གྱིས་བག་ཡོད་པར་འགྱུར་ཏེ། ཚིགས་བཅད་འདིས་གོ་རིམས་བཞིན་དུ་སྦྱར་རོ། །བག་ཡོད་པར་བྱའོ་ཞེས་བསྟན་པ་ལ། ཇི་ལྟར་བག་ཡོད་པར་བྱ་བ་དང༌། དེའི་ཕན་


DTG168_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བསྟན་པའི་ཕྱིར། དེ་བས་སྦྱིན་པ་ཚུལ་ཁྲིམས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྦྱིན་པ་ཞེས་བྱ་བས་ནི་སྦྱིན་པའི་བསོད་ནམས་ཀྱི་ཚོགས་བསྟན་ཏོ། །ཚུལ་ཁྲིམས་བརྒྱན་པ་ཞེས་བྱ་བས་ནི་ཚུལ་ཁྲིམས་དང༌། བཟོད་པའི་བསོད་ནམས་ཀྱི་ཚོགས་བསྟན་ཏོ། །ཚུལ་ཁྲིམས་ལས་ཐ་དད་པ་དེ་ཡང་གང་ཞེ་ན། གནོད་པར་བྱེད་པ་ལ་ལན་དུ་གནོད་པ་བྱེད་པའི་མཚན་ཉིད་ཀྱི་བཟོད་པ་མེད་པའོ། །ཚུལ་ཁྲིམས་མེད་ན་ནི་གནོད་པ་མི་བྱེད་པ་ལ་ཡང་གནོད་པ་བྱེད་པ་སྟེ། དེས་ན་གནོད་པ་བྱེད་པ་ལས་ལྡོག་པའོ། །དེ་བས་ན་སྤྱིར་གཉི་ག་ལ་སྦྱར་བ་ཡིན་ཏེ། ཚུལ་ཁྲིམས་སྨོས་པས་བཟོད་པ་མ་སྨོས་ཀྱང་གྲུབ་པ་ཡིན་ནོ། །སྐྱེ་བའི་ངན་འགྲོའི་ནང་ན་ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་འོག་མས་ནི་བསོད་ནམས་ཀྱི་ཚོགས་དང་འབྲེལ་པའི་ཕན་ཡོན་ནོ། །རྟེན་ནི་གནས་ཞེས་བྱ་བའི་དོན་ཏོ། །སྐར་མ་རྣམས་ཀྱི་དཔལ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་སྨོས་པ་ནི་བསོད་ནམས་ཀྱི་གནས་སུ་སྨོས་པའི་ཕྱིར་རོ། །དེ་ལ་སྐར་མ་རྣམས་ཀྱི་དཔལ་ནི་ཞེས་བྱ་བའི་ཚིགས་བཅད་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་བསྒྲུབ་པའི་ཕྱིར་ཏེ། ཚུལ་ཁྲིམས་ནི་བདག་གི་ཕུན་སུམ་ཚོགས་པའི་འབྲས་བུ་སྟེ། དེ་ཡང་རིས་འདྲ་བ་ལས་ཚུལ་ཁྲིམས་དེ་ཁྱད་པར་དུ་གྱུར་པའི་འབྲས་བུ་ཉིད་དུ་བསྟན་ཏོ། །སྐར་མ་རྣམས་དང་བསིལ་བར་རིགས་འདྲ་ཞིང་ཆོས་མཐུན་པ་དེ་ལས་ཁྱད་པར་དུ་གྱུར་པའི་ཡོན་ཏན་གྱིས་ཟླ་བ་མཛེས་པ་ཡིན་ཏེ། མཛེས་ཤིང་ཁྱད་པར་དུ་གྱུར་པ་ཡིན་ནོ། །འོད་ཟེར་ཅན་ནི་འོད་དང་ལྡན་པ་སྟེ། ཆོས་མཐུན་པའི་འོད་དང་ལྡན་པ་གཞན་པ་བ་སངས་ལ་སོགས་པའི་འོད་ཟེར་ཅན་འོད་དང་ལྡན་པའོ། །ཉི་མས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་གྱི་བསོད་ནམས་ཀྱི་ཡོན་ཏན་ལ་སོགས་པའོ། །སའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ནི་བཟོད་པའི་རང་བཞིན་གྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་སྟེ། ངེས་པར་འབྱུང་བ་སྟེ་ད་ལྟར་བྱུང་བའི་སྐྱེས་བུའི་བྱེད་པ་དགོན་པའི་རི་དགས་ཀྱང་ཅི་ཡང་མི་བྱེད་དོ་ཞེས་སྟོན་ཏོ། །དེ་ལྟར་བསོད་ནམས་མ་ཡིན་པ་རྗེས་སུ་འབྲང་


DTG168_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ་ལ། ཇི་ལྟར་རྗེས་སུ་འབྲང་བ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། བསོད་ནམས་ཆེ་བས་ཞེས་བྱ་བ་འདིའི་དོན་ཡིན་ཏེ། བསྐྲད་པ་ཉིད་ཡིན་པས་བསྐྲད་པ་སྟེ། ཇི་ལྟར་གང་སུ་དག་གིས་བསྐྲད་ཅིང་དེ་རྗེས་སུ་འགྲོ་བ་བཟློག་སྟེ་དེ་དང་མི་མཐུན་པའི་ཕྱོགས་ལ་བརྟེན་པ་དེ་བཞིན་དུ། བསོད་ནམས་ཆེ་བས་སྐྲག་བ་བཞིན་དུ་དེ་ཉེ་བར་འགྲོ་བའི་གླགས་སྐབས་ཐོབ་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་བསོད་ནམས་རབ་ཏུ་ཉམས་པས་དེའི་མི་མཐུན་པའི་ཕྱོགས་སོ། །ཁྲོས་བཞིན་ཞེས་བྱ་བ་གང་ལ་ཁྲོས་བཞིན་ཞེ་ན། བསོད་ནམས་ཆེ་བ་ལ་ཁྲོས་པ་བཞིན་དུ་དྲུང་དུ་འགྲོའོ། །སྔར་བསྟན་པའི་དེ་ལས་སྦྱིན་པ་ཚུལ་ཁྲིམས་ཞེས་བྱ་བའི་ཚིགས་བཅད་དེས་ནི་བསོད་ནམས་ཉི་ཚེ་སྤལ་བ་ལ་གྲོགས་པོ་བཙུད་པ་ཡིན་ནོ། །སྡུག་བསྔལ་གཞིར་གྱུར་ཞེས་བྱ་བའི་ཚིགས་བཅད་འདིས་ནི་མི་མཐུན་པའི་ཕྱོགས་སྤང་བ་དང། གཉེན་པོའི་ཕྱོགས་བསྟེན་པ་ལ་གྲོགས་པོ་དག་ཡང་དག་པར་འཛུད་པ་ཡིན་ནོ། །སྡུག་བསྔལ་གྱི་གཞིར་གྱུར་ཞེས་བྱ་བ་ནི་འདི་ལ་སྡུག་བསྔལ་གྱི་གནས་ཡིན་པས་སྡུག་བསྔལ་གནས་གཞི་སྟེ། གང་ལ་སྡུག་བསྔལ་གྱི་གནས་ཀྱི་བསོད་ནམས་མ་ཡིན་པའི་ལས་ཡོད་པ་དེ་ནི་སྡུག་བསྔལ་གྱི་གཞིའོ། །དེ་བས་ན་འདིས་ནི་སྡིག་པའི་ལས་ཏེ་ངན་སོང་གི་རྒྱུ་ཉིད་དུ་བསྟན་ཏོ། །གང་ལ་གཏམ་ངན་དང་རྗེས་སུ་འབྲེལ་པའི་སྡིག་པའི་ལམ་དེ་ནི་གཏམ་ངན་རྗེས་སུ་འབྲང་བའོ། །དེ་བས་སླར་ལོག་ལ་ཞེས་བྱ་བ་ནི་བསོད་ནམས་མ་ཡིན་པའི་ལམ་ལས་ལྡོག་པ་སྟེ། སེར་སྣ་དང་ཚུལ་ཁྲིམས་འཆལ་ཅིང་མི་བཟོད་པ་དེ་ལས་སླར་ལྡོག་པའོ། །དཔལ་ལྡན་པ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་གྲགས་པ་ལ་སོགས་པའོ། །བདེ་བ་རབ་ཏུ་འབྱུང་སྒྲུབ་ལ། ཞེས་བྱ་བ་ནི་བདེ་བ་རབ་ཏུ་འབྱུང་བའོ། །དེའི་སྒྲུབ་པ་ནི། བདེ་བ་རབ་ཏུ་འབྱུང་བ་སྒྲུབ་པས་ཏེ། འདིས་སྒྲུབ་པ་ཡིན་པས་སྒྲུབ་པའོ། །བསོད་ནམས་སྤྱད་པ་ལས་ཞེས་བྱ་བ་ནི་བསོད་ནམས་དང་འབྲེལ་པ་ལ་སྟེ། འདིས་ནི་རྟག་ཏུ་བྱེད་པ་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་རེ་ཞིག་སྙན་པར་སྨྲ་བའི་མཚན་ཉིད་ཀྱི་བསྡུ་བའི་དངོས་པོས་བསྡུས་ནས་དོན་མཐུན་པའི་བསྡུ་


DTG168_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོས་བསྡུ་བའི་ཕྱིར། བདག་ཉིད་ཆེན་པོ་དེས་བསམས་པ་ཞེས་བྱ་བ་སྨོས་ཏེ། གཞན་དུ་ན་ཇི་སྐད་དུ་སྨྲས་པ་དེ་བཞིན་བྱེད་པ་ཉིད་དུ་སྟོན་པར་མི་འགྱུར་རོ། །འདིར་ཅིའི་ཕྱིར་སྦྱིན་པ་དང་དོན་སྤྱོད་པའི་བསྡུ་བའི་དངོས་པོ་མ་བཤད་ཅེ་ན། དེ་ནི་བཤད་པ་ཉིད་དེ། སྔར་སྦྱིན་པའི་རང་བཞིན་གྱི་བསྡུ་བའི་དངོས་པོ་བསྟན་པ་ནི་ཕན་ཚུན་གཉེན་དུ་འབྲེལ་པ་བཞིན་དུ་གཅིག་ལ་གཅིག་བྱམས་པར་ནི་གྱུར་ཞེས་བྱ་བའི་ཚིག་རྐང་གིས་བསྡུས་པ་ཡིན་ཏེ། ཐབས་སྦྱིན་པ་ཡང་བསྡུ་བའི་དངོས་པོར་གྲགས་པ་ཉིད་དེ་ཡང་བརྗོད་པར་མི་བྱའོ། །དོན་སྤྱོད་པའི་བསྡུ་བའི་དངོས་པོ་ཡང་བཤད་པ་དེ་ཉིད་དེ། གཅིག་ལ་གཅིག་སྤོབས་ཤིང་བཀུར་སྟི་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གིས་བསྟན་ཏེ། གང་གི་ཕྱིར་སྤོབས་ཤིང་བཀུར་སྟི་ནི་དོན་སྤྱོད་པའི་བསྡུ་བའི་དངོས་པོ་སྟེ། དེ་བས་ན་བསྡུ་བའི་དངོས་པོ་བཞི་ཡང་བསྟན་པའི་ཚུལ་ཉིད་ཡིན་ཏེ། ཡང་ཚིག་བསྟན་པ་ནི་བརྗོད་པར་མི་ནུས་པའི་ཕྱིར་རོ། །མགྲོན་ལ་བསྙེན་བཀུར་བྱེད་པ་ཅིའི་ཕྱིར་ནུས་པ་མེད་ཅེ་ན། རྩྭ་ནི་སོས་བཅད་པར་ནུས་པ་ཡིན་ཏེ། དེ་བས་ན་བདག་གི་སོ་རྩེས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་སྟེ། སྔར་མ་བྱུང་བ་ཉིད་བསྟན་ཅིང་མགྲོན་ལ་བསྙེན་བཀུར་མི་ནུས་པ་ཉིད་དེ། དེ་ལྟར་གསལ་བ་ཉིད་དུ་བསྟན་པའི་ཕྱིར་ཚིགས་བཅད་བརྩམས་པ་ཡིན་ཏེ། རྩྭའི་མྱུ་གུ་ཁ་བོ་ནི་ཞེས་བྱ་བ་ནི་རྫས་དང་རོས་མགྲོན་ལ་སྦྱིན་དུ་མི་རུང་བ་ཉིད་དུ་བསྟན་ཏོ། །ཡོང་ཡེ་ཞེས་བྱ་བ་ནི་མདོར་བ་སྤུ་ན་ནུས་པ་མེད་པ་དང་མཉམ་པའི་སྨད་པ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་བས་སྦྱིན་པ་མི་ནུས་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པའི་ནུས་པ་ཉིད་ལ་ཞན་པའོ། །ཡང་ན་ནུས་པ་མེད་པ་དང་ཞན་པ་ནི་ནུས་མེད་ཞན་པ་སྟེ། སློང་བ་རྣམས་ལ་ཕན་འདོགས་པར་མི་ནུས་པའོ། །གསོན་ཡང་ཅི་ལ་ཕན་ཞེས་བྱ་བ་ནི་གསོན་པ་ཞེས་བྱ་བ་འདིས་གཞན་ལ་ཕན་འདོགས་པ་གང་ཡིན་པ་དེ་ནི་ནུས་པ་མེད་པས་དོན་ཅི་ཞིག་ཡོད་ཅེས་སོ། །དགའ་བ་ཞེས་བྱ་བ་ནི་དགའ་བའི་རྒྱུ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །མྱ་ངན་ཡང་མྱ་ངན་གྱི་རྒྱུ་སྟེ། བདག་ནི་མགྲོན་བཞིན་འོངས་གྱུར་ན། །


DTG168_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྔར་བསྟན་པའི་ནུས་པ་མེད་པ་དང་ལྡན་པའོ། །འདི་ལྟར་ཞེས་བྱ་བ་ནི་བདག་གི་སོ་རྩེས་ཞེས་བྱ་བའི་ཚིགས་བཅད་དུ་བསྟན་པ་དེའི་རྣམ་པས་མགྲོན་ལ་བསྙེན་བཀུར་བྱ་བར་མི་ནུས་པས་སོ། །མགྲོན་རྣམས་ཀྱི་བསྙེན་བཀུར་ནི་མགྲོན་གྱི་བསྙེན་བཀུར་རོ། །དེ་ལ་མི་རུང་བ་ནི་མགྲོན་གྱི་བསྙེན་བཀུར་བྱ་བར་མི་རུང་བའོ། །དེས་སྙིང་པོ་མེད་པ་ནི་མགྲོན་ལ་བསྙེན་བཀུར་བྱར་མི་རུང་བས་སྙིང་པོ་མེད་པའོ། །ལུས་ཉིད་ནོར་ཡིན་ཏེ། ནོར་ནི་འདོད་པའི་དོན་སྒྲུབ་པ་ཉིད་ཀྱིས་ཏེ། སེམས་ནི་ཁྱོད་དེ་བས་ན་རྟོགས་པ་དེ་ལས་མི་དགའ་བ་མ་བྱེད་ཅིག་པའོ། །ཡོངས་སུ་རྫོགས་པར་ཡོད་པ་འདི་ས་མགྲོན་གྱི་སྐྱེ་བོ་སྤོབས་པར་སློང་བ་ལ་མགྲོན་བྱའོ་ཞེས་སོ། །མཐུ་དང་རབ་ཏུ་དང་བ་དག་རབ་ཏུ་བསྟན་པ་སྟེ། ལྷ་རྣམས་བྱང་ཆུབ་སེམས་དཔའི་མཐུ་སྟོན་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་གཏམ་ལྷ་རྣམས་སྒྲོགས་པར་བྱེད་དོ། །མཐུ་དང་དང་བ་ལྷ་རྣམས་ལ་ནི་བསྟན་པར་གྱུར། །ཞེས་བྱ་བ་དེའི་རྒྱུ་བསྟན་པའི་ཕྱིར། དེ་ནས་ས་གཞི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་སྟེ། ཚིགས་བཅད་འདི་གསུམ་གྱི་བསྡུས་པའི་དོན་ནི་ས་འགུལ་བའི་མཚན་མ་དང༌། མཆོད་པའི་དབང་དུ་བྱས་པ་སྟེ། མཁའ་ལས་ལྷའི་རྔ་སྒྲ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་དོན་ཏོ། །ཕན་ཚུན་བསྔོས་པས་མེ་ཏོག་གི་རྡུལ་རྣམས་ལྷགས་པར་གྱུར་པ་གང་ཡིན་པ་དེ་ནི་ཕན་ཚུན་བསྔོས་པའི་རྡུལ་རྣམས་ལྷགས་པའི་མེ་ཏོག་གོ །རབ་ཏུ་འཁྲིགས་པ་སྲབ་མོའི་ཞེས་བྱ་བ་ནི་རབ་ཏུ་འཁྲིགས་པ་གང་ཡིན་པའི་སྲབ་མོའི་གོས་ཡིན་གྱི། གཞན་རབ་ཏུ་འཁྲིགས་པ་ནི་མ་ཡིན་ནོ། །དེ་ལས་ཐོས་པ་ནི་ས་འགུལ་བ་ལ་སོགས་པའོ། །རབ་ཏུ་དགའ་ཞིང་ངོ་མཚར་སྐྱེས་པ་ནི་སྔར་དང་བ་ཐོབ་པའོ། །ཡིད་ལ་ཡ་མཚན་དང་ངོ་མཚར་ཆེ་བ་ཞེས་བྱ་བ་ནི་ངོ་མཚར་ཡ་མཚན་ཆེ་བ་གཉིས་ཀྱིས་དྲངས་པ་སྟེ། དེས་ངོ་མཚར་དུ་གྱུར་ནས་རྣམ་པར་རྟོག་པ་རྨད་དུ་བྱུང་བར་གྱུར་པའི་ཕྱིར་རོ། །ངོ་མཚར་ཆེ་བ་དེས་ན་དེ་ཉིད་ཉམས་སད་པས་འདོད་པ་སྟེ་དེས་སོ། །ཉི་མའི་འོད་རབ་ཏུ་གསལ་བ་གང་ཡིན་བ་དེ་ནི་ཉི་མའི་འོད་ཟེར་རབ་ཏུ་གསལ་བར་


DTG168_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའོ། །འདིར་ཚ་བས་བྱས་པའི་ངལ་བ་དེས་གདུངས་པ་གང་ཡིན་པ་དེ་ནི་ཚ་བས་གདུངས་ཤིང་ངལ་བར་གྱུར་པའོ། །དེ་དག་གིས་ནི་བཀྲེས་པ་དང་སྐོམ་པ་དང༌། ངལ་བས་གདུངས་ཤིང་མགྲིན་པ་འགགས་པའོ། །ཡང་ན་བཀྲེས་པ་དང༌། སྐོམ་པ་དང༌། ངལ་བས་བྱས་པའི་གདུང་བ་དེས་མགྲིན་པ་འགགས་པ་གང་ཡིན་པའོ། །གྲོགས་དང་བྲལ་བས་གཅིག་པུར་གྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་ལུས་དང་སེམས་སྡུག་བསྔལ་གྱིས་ཉམ་ཐག་པ་བདག་ལ་བསྐྱབ་པའི་རིགས་སོ། །ཞེས་བསྟན་ཏོ། །དེ་ལ་སེམས་ཀྱི་སྡུག་བསྔལ་ནི་འཇིགས་པ་སྟེ། གྲོགས་མེད་པའི་ཕྱིར་རོ། །ནགས་ཚལ་སྟུག་པོའི་ནང་དུ་འདུག་པ་ནི་ལུས་ཀྱི་སྡུག་བསྔལ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་སོ། །ལྷན་ཅིག་སྐྱེས་པའི་སྡུག་བསྔལ་དང༌། ལམ་དུ་ཞུགས་པས་དུབ་པའི་སྡུག་བསྔལ་ཏེ། བཀྲེས་པ་དང་ངལ་བ་དེ་གཉིས་ཀྱིས་དུབ་པའི་ལུས་ཞེས་སྨོས་པའི་ཕྱིར་རོ། །སྐོམ་པ་ཡང་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་གྱི་རང་བཞིན་ཡིན་པས་མ་སྨོས་སོ། །ཚིགས་བཅད་སྔ་མའི་དོན་ཉིད་བསྟན་པའི་ཕྱིར་ཚིགས་བཅད་གཉིས་པ་ཡང་བརྩམས་ཏེ། བདག་ནི་ལམ་དང་ལམ་མིན་ཞེས་བྱ་བའོ། །ཡང་ན་ཁྱད་པར་དམིགས་པ་ཡིན་ཏེ། ཚིགས་བཅད་དེ་ལས་ནི་སྔ་མར་ནགས་ཚལ་སྟུག་པོའི་ནང་དུ་འདུག་ཅེས་བཤད་པ་ལ། ནགས་ཚལ་གྱི་རྒྱུ་མ་བསྟན་པས་དེའི་རྒྱུ་ལམ་དང་ལམ་མིན་ཞེས་བྱ་བ་འདིས་བསྟན་ཏོ། །ཇི་ལྟར་བསྟན་པའི་དོན་ཉིད་ཚ་བ་དང༌། སྐོམ་པ་དང༌། ངལ་བའོ་ཞེས་སྔར་བསྟན་པའི་ཁྱད་པར་ཏེ། སྔར་བཤད་པའི་ཚིགས་བཅད་ཀྱི་དོན་ཡང་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་སྐོམ་པ་བསྐང་བ་སྟེ། དེའི་རང་བཞིན་བཀྲེས་པའི་སྡུག་བསྔལ་སྨོས་པ་ཡང་རབ་ཏུ་གྲུབ་བོ། །རིངས་རིངས་ལྟར་མགྱོགས་སུ་དོང་སྟེ་ཞེས་བྱ་བ་ནི་རྟབས་ཤིང་རིངས་པས་མགྱོགས་པར་འགྲོ་བ་གང་ཡིན་བ་དེ་ནི་རིངས་རིངས་ལྟར་མགྱོགས་སུ་དོང་བའོ། །དགའ་བ་དང་རྟབ་རྟབ་པོ་ནི་དགའ་བས་རྟབ་རྟབ་པའོ། །དེ་གཉིས་ཀྱིས་མགྱོགས་པར་འགྲོ་བ་གང་ཡིན་པ་དེ་ནི་དགའ་བས་རྟབ་རྟབ་པོར་གྱུར་ཅིང་


DTG168_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པོར་སོང་བའོ། །ཉ་བ་རྣམས་ཀྱིས་བརྗེད་ནས་བོར་བའམ། ཞེས་བྱ་བ་འདིས་ནི་གཞན་གྱིས་བསད་པ་ཉིད་དུ་བསྟན་ཏོ། །སྡངས་ཏེ་བརྒལ་བས་ཐང་ལ་འགྲེས་པ་དག །ཅེས་བྱ་བ་འདིས་ནི་རང་ཉིད་ཤི་བ་ཉིད་དུ་བསྟན་ཏེ། གཉི་གས་ཀྱང་བདག་གིས་མ་བསད་པ་ཉིད་དུ་བསྟན་ཏོ། །དེ་བས་ན་སྦྱིན་པའི་དངོས་པོ་ཉོན་མོངས་པ་མེད་པ་ཉིད་དུ་བསྟན་ཏོ། །ལ་ལ་ཞིག་གིས་ཞེས་བྱ་བ་འདིས་ནི་རྐུ་བ་དང་རྔོན་པ་མ་ཡིན་པ་ཉིད་དུ་བསྟན་ཏེ། དེས་ན་ཡང་ཉོན་མོངས་པ་མེད་པ་སྟེ། ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །ཆུང་དུ་ན་འབྲས་བུ་འདི་སྨོས་པ་ཡིན་ནོ། །རི་བོང་གྲོང་ན་ཉེ་བར་གནས་པ་གཞན་དག་ལ་ནི་ཡོད་དེ། བདག་ནི་ནགས་སུ་སྐྱེས་ནས་མེད་དོ་ཞེས་བསྟན་ཏོ། །དེས་ན་ཡང་མུད་ག་ལ་སོགས་པ་བཙོས་པའི་ཁྱད་པར་ལས་མ་གཏོགས་པར་ཡང་བཟའ་བར་ནུས་ཏེ། དེས་ན་དེ་དག་ཉིད་སྨོས་སོ། །གང་གི་དོན་སྒྲུབ་ནོར་ཅི་ཡོད་པ་ཞེས་བྱ་བ་འདིས་ནི་རང་དགར་ཡོད་པས་ཉོན་མོངས་པ་མེད་པའི་སྦྱིན་པ་བསྟན་ཏོ། །ལྷག་པའི་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའོ། །ནོར་དབྱིག་ཅེས་བྱ་བ་ནི་ནོར་ཐམས་ཅད་དེ་རེ་ཞིག་བདག་ཉིད་ཅེས་བྱ་བ་ལ། བདག་ཡོངས་སུ་གཏོང་བ་ལ་དགོངས་པའོ། །ཁྱོད་ལ་བརྟེན་ནས་བདག་ནི་དོན་ཡོད་གྱུར། །ཞེས་བྱ་བ་ནི་འདི་ལྟར་སྦྱིན་པས་སོ། །གུས་ཤིང་རིམ་གྲོ་སྐྱེད་དེ་ཞེས་བྱ་བ་ལ། གུས་པ་དང་རིམ་གྲོ་མེད་པར་གཞན་དུ་ན་དེ་ཇི་ལྟར་ནུས་པར་གྱུར་པའོ། །དེ་ལ་དེ་སྐད་ཅེས་སྨྲས་ཏེ་ཞེས་བྱ་བ་ནི་སློང་བའི་མགྲོན་ལ་དགའ་ཞིང་ཡོན་ཏན་ཆེ་བར་རྟོགས་ནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཆོག་ཏུ་དགའ་བ་ཡིན་ཞེ་ན། ནོར་འདོད་པ་དག་གཏེར་ནི་མཐོང་བ་བཞིན། །ཞེས་བྱ་བ་ཡིན་ནོ། །ཇི་ལྟ་བུའི་མེའི་ནང་དུ་ཞུགས་ཤེ་ན། མེ་འབར་དེའི་ནང་དུ་ཞེས་བྱ་བ་དང༌། པདྨ་རྒྱས་པའི་ཆུ་ནང་ངང་པ་བཞིན། །ཞེས་བྱ་བའོ། །ཇི་ལྟར་གསེར་མཐོང་བས་ནི་མཆོག་ཏུ་དགའ་བ་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་འཕྲལ་ལ་ཞེས་སྨོས་སོ། །ཅི་ཞིག་བཏང་ཞེ་ན། ལུས་སོ། །ཇི་ལྟར་བཏང་ཞེ་ན། ཆགས་པ་མེད་པ་མགྲོན་ལ་བྱམས་པའི་ཕྱིར་རོ། །འདི་ལྟར་


DTG168_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆགས་པ་མེད་པ་ནི་མེ་ཏོག་དམན་མ་བཞིན་ནོ། །གཏོང་བ་རྒྱ་ཆེན་ཞེས་བྱ་བ་སྟེ། དེ་བས་ན་ལུས་ལ་ཆགས་པ་མེད་པར་ཡོངས་སུ་གཏོང་བས་སོ། །སེམས་ཀྱང་གསལ་བ་ནི་ཞེས་བྱ་བ་ནི་མགྲོན་ལ་བྱམས་པས་གཏོང་བའོ། །གཏོང་བ་རྒྱ་ཆེ་བ་དང་སེམས་ཀྱང་གསལ་བའི་རྒྱུ་བསྒྲུབ་པའི་ཕྱིར། །ཨེ་མའོ་ཡོན་ཏན་གོམས་བྱས་པ། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དེ་བས་ལུས་ལ་ཆགས་པ་མེད་པར་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡང་སེམས་གསལ་བར་བྱེད་པ་དང༌། ཡོན་ཏན་ལ་གོམས་པའི་ཕྱིར་རོ། །རྒྱུ་དང་སྐྱེ་བ་སྣ་ཚོགས་པ་དག་ལ་ཡང་གཏོང་བ་རྒྱ་ཆེ་བར་བྱེད་པའོ། །དམ་པའི་སྤྱོད་གཞོལ་བ་ཞེས་བྱ་བ་ནི་སྙིང་སྟོབས་རྒྱ་ཆེ་བའོ། །གང་དུ་རྣམ་པར་མཛེས་པ་ནི་ཟླ་བ་སྟེ། གནས་སྐབས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པ་སྟེ། ད་ལྟའི་དུས་སུ་ཡང་གཉི་ག་ལ་སྦྱར་བར་བྱའོ། །ཇི་ལྟ་བུ་ཞེ་ན། དངུལ་གྱི་མེ་ལོང་བཞིན་དུའོ། །ཇི་ལྟར་མཛེས་པར་སྣང་ཞེ་ན། ཟླ་བའི་གཟུགས་བརྙན་བཞིན་དུ་མདངས་དང་ལྡན་པ་ལྟ་བུར་རོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་རི་བོང་གི་སྐྱེས་པའི་རབས་སོ།། །།དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་རྣམས་ལ་ཡང་ཞེས་བྱ་བ་ནི་གཞན་ཡོངས་སུ་བཟུང་བ་སྤངས་པའི་ཕྱིར་དཀའ་ཐུབ་ཀྱི་ནགས་ན་ནི་གཏོང་བ་མེད་དེ། གཏོང་བའི་ནུས་པ་མེད་པ་ཡིན་པའི་ཕྱིར་དེ་བས་ན་ཡང་གི་སྒྲ་སྨོས་སོ། །ཁྱིམ་ན་གནས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་དེ་ལས་བཟློག་པའི་ཕྱིར་རོ། །འཇིག་རྟེན་ལ་ཕན་པའི་ཕྱིར་འཁོར་བ་ན་གནས་པའི་ཚེ་ཞེས་བྱ་བ་ནི་གལ་ཏེ་འཇིག་རྟེན་ལ་ཕན་པ་ལ་ལྟོས་པ་མེད་པར་མཛད་ན་ནི་སྐད་ཅིག་གཅིག་གིས་འཁོར་བའི་ལམ་གྱི་མཐར་གཤེགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་དང་ཡོན་ཏན་རྣམ་པར་དག་པས་མངོན་པར་མཚོན་པ་ཞེས་བྱ་བ་ལ། སྤྱོད་པ་ནི་ལུས་དང་ངག་གི་མཚན་ཉིད་དོ། །ཡོན་ཏན་ཡང་སྤྱོད་པའི་མཚན་ཉིད་དོ། །ཡང་ན་སྤྱོད་པ་ནི་སྦྱོར་པའོ། །ཡོན་ཏན་ནི་བསམས་པའོ། །སྤྱོད་པ་དང་ཡོན་ཏན་དག་ནི་རྣམ་པར་དག་པའི་སྤྱོད་པ་དང་ཡོན་ཏན་རྣམ་པར་དག་པའོ། །


DTG168_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མངོན་པར་མཚོན་པ་ནི་སྤྱོད་པ་དང་ཡོན་ཏན་རྣམ་པར་དག་པས་མཚོན་པའོ། །སའི་སྟེང་ན་རྒྱན་དུ་གྱུར་པ་ཞེས་བྱ་བ་ནི་རིགས་མཐོ་ཞིང་མཐོ་བའི་རྒྱུད་དུ་གྱུར་པ་སྟེ། ཤས་ཆེར་ལྷག་པར་མཛེས་པ་དེས་རྒྱན་དུ་གྱུར། །སྐྱེས་པའི་ལས་ལ་སོགས་པ་བྱ་བ་རྣམས་ནི་བྱས་ཞེས་བྱ་བ་འདིས་ནི་མཆོད་སྦྱིན་བསྟན་ཏོ། །རིག་བྱེད་ཡན་ལག་དང་བཅས་པ་ནི་བསླབས་ཞེས་བྱ་བ་འདིས་ནི་འདོན་པ་བསླབས་པའོ། །མཁས་པའི་གྲགས་པ་ས་མིའི་འཇིག་རྟེན་ཁྱབ་པར་བྱས། །ཞེས་བྱ་བ་འདིས་ནི་འདོན་དུ་འཇུག་པ་བསྟན་ཏོ། །ཕུལ་བ་རྣམས་བླངས་པ་ཞེས་བྱ་བ་འདིས་ནི་ལེན་པ་བསྟན་ཏོ། །གཉེན་དང་མཛའ་བཤེས་རྟེན་དང་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་པ་བསྟན་ཏོ། །བྲམ་ཟེ་ལས་སུ་བསྟན་པ་ལས་ལྷག་མ་ཅི་ཞིག་ལུས་ཤེ་ན། མཆོད་སྦྱིན་བྱེད་དུ་འཇུག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་མི་མཛད་དེ། འགྲོ་བ་ཐམས་ཅད་ལ་འཚེ་བ་མེད་པ་དང་ལྡན་པའི་ཕྱིར་ཏེ། འཚེ་བ་སྤོང་བར་འདོད་པས་སོ། །མཉེན་དང་མཛའ་བཤེས་རྟེན་དང་ཞེས་བྱ་བ་ནི་ལས་དང་གསོ་དགོས་པའི་དབང་དུ་བྱས་པའོ། །ཕོངས་པ་རྣམས་ཞེས་བྱ་བ་ནི་སྙིང་རྗེའི་ཞིང་གི་དབང་དུ་བྱས་པའོ། །མགྲོན་དང་བཀུར་སྟི་བྱ་བ་རྣམས། །ཞེས་བྱ་བ་ནི་ཡོན་ཏན་གྱི་ཞིང་སྟེ་མགྲོན་ཡང་ཡོན་ཏན་གྱི་ཞིང་དུ་གཟུང་བར་བྱ་སྟེ། གང་གི་ཕྱིར་སློང་བ་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་གཟུང་བར་བྱའོ་ཞེས་བྱ་བའི་ཚིག་གིས་སོ། །བླ་མ་ཞེས་བྱ་བ་ནི་ཕན་འདོགས་པའི་ཞིང་རོ། །ཟླ་བ་ལྟ་བུ་ནི་མཁས་པར་གྲགས་པའོ། །སྟོན་ཀ་ལྟ་བུ་ནི་གཏོང་བ་དང་དཔའ་བའོ། །བྱ་བ་ངན་པས་བྲེལ་པའི་ཉེས་པས་གླགས་པ་ཞེས་བྱ་བས་ནི་མངོན་པར་མཐོ་བའི་ཕྱོགས་དང་འགལ་བར་བསྟན་ཏོ། །བག་མེད་པའི་གནས་སུ་གྱུར་པ་ཞེས་བྱ་བ་འདིས་ནི་ངེས་པར་ལེགས་པ་དང་འགལ་བར་བསྟན་ཏོ། །བག་མེད་པ་གང་ཞེ་ན། དགེ་བའི་ཆོས་རྣམས་མི་སྒོམ་པ་སྟེ། འདིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་བ་ཉིད་དུ་བསྟན་ཏོ། །སྔ་མས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །


DTG168_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་བསྟན་ཏེ། ཚོལ་བ་ལ་སོགས་པའི་སྐྱོན་ཡིན་པའི་ཕྱིར་རོ། །ཉེ་བར་ཞི་བ་དང་འགལ་བ་ཞེས་བྱ་བ་ནི་ཉེ་བར་ལོངས་སྤྱོད་པའོ། །དབེན་དུ་གྱུར་པ་ཞེས་བྱ་བ་ནི་འཇིག་པའི་དུས་སུ་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལ་སོགས་པའི་ཕོངས་པ་བརྒྱའི་དབེན་དུ་གྱུར་པའི་ཕྱིར་རོ། །སོ་ཚིས་ཀྱི་ལས་བསྒྲུབ་པ་མཐའ་ཡས་པས་ཞེས་བྱ་བ་ནི་ནོར་སྒྲུབ་པ་ལ་སོགས་པའི་ཡོངས་སུ་མ་གྲུབ་པ་དང་མཐར་མ་ཕྱིན་པས་སོ། །ཆོག་མི་ཤེས་པ་ཞེས་བྱ་བ་ནི་ཉེ་བར་ལོངས་སྤྱོད་པས་ངོམས་པ་མེད་པའོ། །དེའི་ཉེས་པ་མེད་ཅིང་བདེ་ལ་ཞེས་བྱ་བ་ནི་ངན་པས་བྲེལ་པའི་ཉེས་པས་གླགས་པ་མེད་པའི་བདེ་བའོ། །ཆོས་སྒྲུབ་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་ལ་ཆོས་ནི་འདིར་མངོན་པར་མཐོ་བ་ལ་དགོངས་སོ། །དེ་སྒྲུབ་པ་ནི་ཆོས་སྒྲུབ་པའོ། །འདིའི་རྗེས་སུ་མཐུན་པ་ནི་རྗེས་སུ་འགྲོ་བ་དང་ལུགས་སུ་འབྱུང་བ་སྟེ། བྱ་བ་ངན་པས་བྲེལ་པའི་གཉེན་པོས་བྱ་བ་བཟང་པོ་སྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་དུ་བསྟན་ཏོ། །ཐར་པའི་ཆོས་བརྩམས་པའི་གནས་སུ་གྱུར་པ་ཞེས་བྱ་བ་ལ། འདིར་ཆོས་ནི་ཐར་པ་སྒྲུབ་པའི་ཆོས་ལ་དགོངས་སོ། །ཐར་པའི་ཆོས་བརྩམས་པ་དེའི་རྩོམ་པའི་ལྷག་པའི་ཚུལ་ཁྲིམས་དང་སེམས་དང༌། ཤེས་རབ་ཀྱི་མཚན་ཉིད་དེའི་གནས་སུ་གྱུར་པའོ། །ཉོན་མ་མོངས་པར་རྙེད་པ་ཞེས་བྱ་བ་ནི་བསགས་པའི་སྡུག་བསྔལ་མ་ཡིན་པས་རྙེད་པ་སྟེ། སྔ་མ་ཉིད་དུ་ཡན་ཏན་ལ་དགའ་བའི་སྦྱིན་པ་པོ་དག་གིས་མཆོད་ཅིང་ཕུལ་བ་བསླངས་པ་ཞེས་བསྟན་པའི་ཕྱིར་ཏེ། འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏོ། །འཇིག་རྟེན་གྱི་བཀུར་སྟི་བྱས་པ་ཡིད་དུ་འོང་བ་དག་ཀྱང་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏེ། བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་སྔར་བསྟན་པའི་ཕྱིར་ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་བསྟན་ཏོ་ཞེས་བྱ་བའི་ཚིག་གིས་སོ། །རབ་ཏུ་བྱུང་བ་དཀའ་ཐུབ་ཅན་གྱི་དུལ་བ་དང་བསྡམས་པ་ལ་རབ་ཏུ་འབད་པ་ཞེས་བྱ་བ་ལ་


DTG168_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བའི་དཀའ་ཐུབ་ཀྱིས་དུལ་བ་དང་བསྡམས་པ་ནི་དཀའ་ཐུབ་ཅན་གྱི་རབ་ཏུ་བྱུང་བ་དུལ་བ་དང་བསྡམས་པའོ། །དེ་རབ་ཏུ་བྱུང་བའི་དུལ་བ་དང་བསྡམས་པ་མཆོག་ཏུ་བྱེད་པ་ནི་གཙོ་བོར་བྱེད་པ་སྟེ། དུལ་བ་དང་བསྡམས་པ་ཞེས་བྱ་བའི་དོན་ཏོ།། གྲགས་པ་ཆེ་བ་དང་ཞེས་བྱ་བ་ནི་གྲགས་པ་གསལ་བར་གྱུར་པས་སོ། །སྔོན་ཤེས་པ་རྗེས་སུ་དྲན་པ་དང་ཞེས་བྱ་བ་ནི་ཡོངས་སུ་འདྲིས་པའི་ཕྱིར་རོ། །སྲིད་པའི་ཡོན་ཏན་དང༌། རབ་ཏུ་ཞི་བས་མཚོན་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པའི་ཡོན་ཏན་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་རབ་ཏུ་ཞི་བའོ། །སྲིད་པའི་ཡོན་ཏན་ཉིད་རབ་ཏུ་ཞི་བ་དེས་མངོན་པར་མཚོན་ནས་སྲིད་པའི་ཡོན་ཏན་རབ་ཏུ་ཞི་བས་མངོན་པར་མཚོན་པའོ། །འདིས་ནི་ཐོས་པ་སྟེ། འགྲོགས་པས་ནི་མ་ཡིན་ནོ། །དེ་ལྟར་ན་མཐོང་བ་ཙམ་གྱིས་དེ་བཞིན་དུ་འོང་བར་འགྱུར་རོ་ཞེས་སྨོས་ཏེ། སྔོན་ཁྱིམ་པའི་གནས་སྐབས་བཞིན་རབ་ཏུ་བྱུང་ནས་ཀྱང་རབ་ཏུ་དབེན་པའི་བདེ་བ་མེད་པར་བྱེད་པ་འཁྲུག་པ་དང་ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་བཅོམ་པའོ། །ཡང་ན་རབ་ཏུ་བྱུང་བའི་བདེ་བ་བཅོམ་པའོ། །ཅི་ལྟ་ཞེ་ན། གཡེང་བ་དང་བར་ཆད་དུ་གྱུར་པ་དེ་ལ་ཞེས་བྱ་བ་ནི་གཡེང་བ་དང་བར་ཆད་དུ་གྱུར་པའི་ཁྱིམ་པའི་འདུ་འཛི་སྟེ། དབེན་པའི་འདུ་འཛིས་བར་དུ་གཅོད་པར་བྱེད་པས་འདྲེས་པའོ། །དེ་ལ་མི་དགའ་ནས་ཞེས་བྱ་བ་ནི་གཞན་གྱིས་ནི་དབེན་པའི་རོ་མི་ཤེས་ཤིང་འདུ་འཛི་ལ་དགའ་བ་སྟེ། དེ་བས་ན་མངོན་པར་འཇུག་པ་ལ་དགའ་བ་ཞེས་བསྟན་ཏོ། །རབ་ཏུ་དབེན་པ་ལ་དགའ་བའི་ཕྱིར་ཞེས་བྱ་བ་ལ་དགའ་བའི་ཕྱིར་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པ་ལ་དགའ་བའི་ཕྱིར་ཏེ། ལུས་དབེན་པ་ནི་གཉིས་སུ་མེད་པར་གནས་པའོ། །སེམས་དབེན་པ་ནི་ཉོན་མོངས་པས་ཀུན་ཏུ་བཅོམ་པའི་སེམས་སྤངས་ཤིང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའོ། །ཨནད་རྙིལ་གྱི་བཅག་འཕྲོ་ལྟར་མངོན་པར་སྔོ་བའི་ཆོས་གསལ་བ་གང་ཡིན་པའི་རླབས་ཀྱི་ཕྲེང་བ་འདི་ནི་ཨནད་རྙིལ་ལྟར་མདོག་སྔོ་བའོ། །དེ་འཐོར་བས་མཐའ་མར་གཏོར་བ་དེ་ནི་འཐོར་བས་མཐའ་


DTG168_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བའོ། །འདི་དག་གིས་ནི་སྐྱེ་བོ་གཞན་གྱིས་བགྲོད་པར་མི་ནུས་པར་བསྟན་ཏོ། །ས་གཞི་བྱེ་མ་སྐྱ་བོས་ཁེབས་པ་ཞེས་བྱ་བ་ནི་ཉམས་དགའ་བ་དང༌། རྐང་པ་དོར་བ་ན་རེག་ན་བདེ་བ་ཉིད་དུ་བསྟན་ཏོ། །མེ་ཏོག་དང་འབྲས་བུ་དང་འདབ་མས་བརྒྱན་པ་ཞེས་བྱ་བ་ནི་ཉམས་དགའ་བ་དང༌། འཚོ་བ་སྒྲུབ་ཏུ་རུང་བ་ཉིད་དུ་བསྟན་ཏོ། །ཤིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཞེས་བྱ་བ་ནི་འཚོ་བ་ཡོད་པ་སྒྲུབ་པ་དང་རྟག་ཏུ་མི་འབྲལ་བ་ཉིད་དུ་བསྟན་ཏོ། །ཆུ་གཙང་མ་བཏུང་དུ་རུང་བ་ཡོད་པ་ཞེས་བྱ་བ་ནི་བཏུང་བ་དང། ཁྲུས་དང༌། གཙང་སྦྲའི་ཡོ་བྱད་ཉིད་བསྟན་ཏོ། །དཀའ་ཐུབ་ཀྱི་གནས་དཔལ་དང་ལྡན་པར་བྱས་སོ་ཞེས་བྱ་བ་ནི་དཀའ་ཐུབ་ལ་དཀའ་ཐུབ་ཅན་དག་གིས་ལྷག་པར་བསྟེན་པའི་ཕྱོགས་ནི་དཀའ་ཐུབ་ཀྱི་གནས་ཞེས་བརྗོད་དོ། །ལུས་བཟང་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་ལུས་ཤིན་ཏུ་བཟང་བའོ། །རིང་པར་གྱུར་པ་ནི་ལུས་ཤིན་ཏུ་བཟང་པོ་དེ་ལོ་མ་དང༌། འབྲས་བུ་དང༌། རྩ་བ་ལ་སོགས་པ་ཟ་བའི་ཕྱིར་རོ། །དེ་ན་ཞེས་བྱ་བ་ནི་ཀ་རའི་གླིང་ནའོ། །དཀའ་ཐུབ་ཅན་ཞེས་བྱ་བ་ནི་དུལ་བ་དང་སྡོམ་པ་ལ་སོགས་པའི་མཚན་ཉིད་ཀྱི་དཀའ་ཐུབ་ཅན་གྱིས་མཛེས་པ་ལྟ་བུ་གན་གྱིན་པ་ནི་དཀའ་ཐུབ་པའོ། །ཟླ་བ་ཆོས་པ་ལྟ་བུ་ནི་བྱང་ཆུབ་སེམས་དཔའོ། །སྤྱོད་པ་དང་དབང་པོ་རབ་ཏུ་ཞི་ཞིང་དུལ་བ་གང་ཡིན་པ་དེ་ནི་སྤྱོད་པ་དང་དབང་པོ་རབ་ཏུ་ཞི་ཞིང་དུལ་བའོ། །རབ་ཏུ་ཞི་བ་དང༌། དུལ་བ་དང་སྤྱོད་པ་ལ་ལྟ་ཞིང་རྣམ་པར་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་ཞི་ཞིང་དུལ་བའི་དབང་པོ་ནི་དབང་པོའི་སྒོ་བསྲུངས་པ་ཉིད་དོ། །བརྟུལ་ཞུགས་བསྡམས་ལ་ངེས་བྱས་ཞེས་བྱ་བ་ལ་བརྟུལ་ཞུགས་དང་བསྡམས་པ་ནི་བརྟུལ་ཞུགས་དང་བསྡམས་པའོ། །དེ་གཉིས་ལ་རྩེ་གཅིག་པ་གང་ཡིན་པ་དེ་ནི་བརྟུལ་ཞུགས་བསྡམས་ལ་ངེས་བྱས་སོ། །བརྟུལ་ཞུགས་ཀྱིས་ནི་བསྡམས་པ་ཡང་སྨོས་པ་ཡིན་ནོ། །མི་འཚེ་བ་དང༌། བདེན་པའི་ཚིག་དང༌། མི་རྐུ་བ་དང༌། རྟོག་པ་མེད་པ་ཉིད་དང་ཚངས་པར་སྤྱོད་པ་སྟེ། ལྔ་པོ་འདི་དག་ནི་བརྟུལ་


DTG168_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་སོ། །བསྡམས་པ་ནི་མི་ཁྲོ་བ་དང༌། བླ་མ་ལ་སྲི་ཞུ་ཆེ་བ་དང༌། གཙང་སྦྲ་དང༌། སྤྱོད་པ་ཡང་བ་དང༌། བག་ཡོད་པ་སྟེ་ལྔ་པོ་འདི་དག་ནི་བསྡམས་བ་ཞེས་བསྒྲགས་སོ། །བྱ་དང་རི་དྭགས་རྣམས་ཀྱང་དེ་ལ་འཁོར་ཏེ། དེ་བས་ན་ཐུབ་པ་ཞེས་བྱ་བ་སྟེ། རྒྱུ་འདིའི་ཕྱིར་རོ། །འདིས་ནི་དེ་ལ་ཕན་པ་དེས་དཀའ་ཐུབ་ཅན་ཁྱད་པར་དུ་གྱུར་པ་བསྟན་ཏོ། །སྐྱེ་བོ་དཀའ་ཐུབ་ཅན་ལ་འོས་པ་ཞེས་བྱ་བ་ནི་རྒྱུ་ཕབ་པ་བསྟན་པ་དང་ལྡན་པའོ། །འཚོ་བའི་ཕྱིར་ཞེས་བྱ་བ་ནི་སྤ་བ་དང༌། དྲེགས་པའི་ཕྱིར་མ་ཡིན་ནོ། །ཇི་སྲིད་དེ་ལྟར་འདོད་པ་ལ་གནས་པ་ཞེས་བསྟན་པའི་རིམ་པས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནི་རང་གི་ངོ་བོ་དང་ཁྱད་པར་ལས་བསྟན་ཏོ། །ནུས་པ་ཡིན་པས་བརྒྱ་བྱིན་ཏེ། སྤྲོ་བ་དང༌། གསང་ཚིག་དང༌། གཙོ་བོའི་ནུས་པ་དང་ལྡན་པའི་ཕྱིར་རོ། །བརྒྱ་བྱིན་ཞེས་བྱ་བ་འདིས་ནི་རང་གི་ངོ་བོའི་ཁྱད་པར་བསྟན་ཏོ། །ལྷ་རྣམས་ཀྱི་དབང་པོ་ཞེས་བྱ་བས་ནི་ལས་ཀྱི་ཁྱད་པར་བསྟན་ཏོ། །ཡིད་བསམ་གཏན་ལ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་དུ་མི་སྣང་བའི་རྒྱུ་ཡིད་ལ་མི་བྱེད་པས་སོ། །འདི་ལ་འཚོལ་བའི་དུས་སུ་དེར་མི་སྣང་བའི་རྒྱུ་ཡིད་ལ་མི་བྱེད་པ་ཅིའི་ཕྱིར་ཞེ་ན། ཡིད་བསམ་གཏན་ལ་ཞུགས་པས་ཚོལ་བའི་དུས་སུ་ཡང་དེ་མི་སྣང་བའི་རྒྱུ་ཡིད་ལ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཆོ་ག་ཤེས་པ་ལ་གོམས་པ་དང༌། ཞེས་བྱ་བ་ནི་གང་ཡོངས་སུ་ལོངས་སྤྱོད་པའི་དུས་ན་མི་སྣང་བའི་རྒྱུ་དེ་ཡིད་ལ་མི་བྱེད་པ་སྟེ། ཅིའི་ཕྱིར་ཞེ་ན། ཁ་ཟས་ལ་རྨོངས་པ་མེད་པས་སོ། །ཞེན་པ་མེད་པ་ཞེས་བྱ་བ་ནི་བསམ་པས་དོན་དུ་མི་གཉེར་བའོ། །ཟས་ཁྱད་པར་ཅན་མི་འཚོལ་བ་ནི་སྦྱོར་བས་སོ། །བློ་བདེ་བར་བྱས་ཏེ་གནས་སོ་ཞེས་བྱ་བ་ནི་རྒྱུ་གཉིས་པོ་དེས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྔ་མ་དེ་བཞིན་ནོ། །ཤིང་དང་ཤིང་གི་ལོ་མའི་ཁ་ཟས་ཀྱིས་བློ་བདེ་བར་གནས་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། ཆོག་ཤེས་ངེས་པ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །རྩྭ་དང་ལོ་མ་ཆུ་ཡི་གནས། །


DTG168_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་པས་ནི་གསུམ་པོ་འདི་དག་ནི་འབད་པས་བསྐྱེད་མི་དགོས་པར་ཐམས་ཅད་ན་ཡང་ཡོད་པའི་ཕྱིར་ཐོབ་པ་ཉིད་ཀྱི་འཇུག་པ་བསྟན་པ་ཡིན་ནོ། །ལོ་མ་ལྷགས་ཤིང་རྙིངས་བ་ནི་ཅུང་ཟད་རློན་པ་ཞེས་བྱ་བའི་དོན་ཏོ། །ཤིང་གི་ལོ་མའི་ཁ་ཟས་ཀྱི་ས་མི་དགའ་བ་མེད་པ་ནི་བློ་མི་དགའ་བ་མེད་པའོ། །ངོམས་པའི་རྒྱུ་བསྟན་པའི་ཕྱིར་མང་དུ་ཐོས་པས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་སོ། །ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་ཁྱིམ་ན་གནས་པ་ཡང་རང་གི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་ལ་འཇུག་པ་སྟེ། མངོན་པར་མཐོ་བ་དོན་དུ་གཉེར་བའོ། །རབ་ཏུ་བྱུང་བ་ཡང་ངེས་པར་ལེགས་པ་དོན་དུ་གཉེར་བའོ། །གང་དེ་དག་གི་དོན་རྩོམ་པ་དེའི་གཉེན་པོ་དང་རྗེས་སུ་མཐུན་པའི་ཡོན་ཏན་ཉེ་བའི་ཉོན་མོངས་པ་མེད་པ་ཉིད་དུ་བསྟན་ཏོ། །སྙེམས་པ་ནི་བདག་གིར་བྱེད་པ་སྟེ་བདག་གོ་ཞེ་ནའོ། །དེས་ན་སྙེམས་པས་ནི་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པར་བྱེད་དེ། དེས་ན་ཤེས་རབ་ཡོངས་སུ་ཉམས་པ་ཐོབ་པར་འགྱུར་རོ། །འབྱོར་པ་རྣམས་ལ་སེར་སྣས་ནི་ལོངས་སྤྱོད་བསགས་པ་དང༌། ཕུན་སུམ་ཚོགས་པ་ཐད་པའི་རྒྱུ་ཡིན་ནོ། །ནགས་ཚལ་དུ་གནས་པ་ལ་ཆོག་མི་ཤེས་པས་ནི་ངེས་པར་ལེགས་པ་མི་འཐོབ་བོ། །ཐམས་ཅད་ལ་ཆགས་པ་མེད་པ་ལ་གོམས་པས་ནི་མྱ་ངན་ལས་འདའ་སྟེ། མྱ་ངན་ལས་འདས་པ་གསུམ་ཐོབ་པ་མངོན་པར་འདོད་པས་སོ། །དྲོ་ལ་བབ་པའི་ཚེ་ཞེས་བྱ་བ་ནི་བཟའ་བའི་དུས་ཏེ། དུས་འདི་ལ་བཟའ་བ་བྱའོ་ཞེས་པའོ། །བརྟུལ་ཞུགས་ཀྱི་དུས་དེ་ནི་བརྟུལ་ཞུགས་ཀྱི་དུས་ཞེས་བྱའོ། །ཟས་ཀྱི་དུས་ལ་བབ་པ་བསྟན་པ་ཞེས་བྱ་བ་ནི་འདི་ནི་བདག་ཅག་གི་ཁ་ཟས་ཀྱི་དུས་སོ་ཞེས་སོ། །མགྲོན་དུ་བོས་སོ་ཞེས་བྱ་བ་ནི་ཁྱེད་དང་འུ་བུ་ཅག་ལྷན་ཅིག་བཟའ་བར་བྱའོ་ཞེས་སོ། །མིག་བགྲད་བཞིན་ནི་འཛུམ་པ་མཛེས་ཞེས་བྱ་བ་འདིས་ནི་ལུས་ཀྱི་ཁྲོ་གཉེར་དེའི་གཉེན་པོ་དགའ་བའི་མཚན་མ་ཉིད་བསྟན་ཏོ། །ཡིད་འོང་རྣར་སྙན་ཚིག་གིས་དགའ་བར་བྱས་ནས་ནི། །ཞེས་བྱ་བ་ནི་ཚིག་རྩུབ་


DTG168_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཁྲོ་བའི་དངོས་པོ་དེའི་གཉེན་པོའི་ཚིག་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །དགའ་བས་ཚིམ་པར་གྱུར་ཞེས་བྱ་བ་འདིས་ནི་ཡིད་ཀྱི་རྣམ་པར་གྱུར་པའི་དངོས་པོ་དེའི་གཉེན་པོ་ཡིད་རབ་ཏུ་དགའ་བ་ཡང་བསྟན་ཏོ། །ཡིད་རབ་ཏུ་དགའ་ནས་དེ་བཞིན་དུ་ཞེས་བྱ་བས་ནི་ཇི་ལྟར་སྔ་མ་དེ་བཞིན་དུ་དེ་བྱེད་པར་བསྟན་ཏོ། །སྦྱིན་པར་འདོད་པའི་ཞེས་བྱ་བའི་ཚིགས་བཅད་འདིས་ནི་སྤྱོར་བ་འདོད་པ་ལ་ཞུམ་པ་མེད་པ་དང་ལྡན་པ་དེ་ཅིའི་ཕྱིར་ཞེ་ན། སྙིང་རྗེ་གོམས་པ་ལས་སྐྱེས་པས་སོ། །འདོད་པ་ཙམ་གྱིས་འགྲུབ་པར་རིག་ནས་ཞེས་བྱ་བ་ལ། འདོད་པ་ཙམ་གྱིས་དོན་གྲུབ་པར་རིག་པ་གང་ཡིན་པ་དེ་ནི་འདོད་པ་ཙམ་གྱིས་འགྲུབ་པར་རིག་པའོ། །དོགས་པ་དང་འཇིགས་པ་སྐྱེས་ཏེ་ཞེས་བྱ་བ་འདིས་ནི་སྐྱེས་པའི་དོགས་པ་དང་འཇིགས་པ་གང་ཡིན་པ་དེ་ནི་དོགས་པ་དང་འཇིགས་པ་སྐྱེས་པའོ། །འཇིགས་པ་ནི་བདག་གི་དཔལ་འཕྲོག་པར་བྱེད་པས་སོ། །དོགས་པ་ནི་ཅི་ཞིག་བསྟན་ནས་དཀའ་ཐུབ་སྤྱོད་པར་བྱད་པ་ཞེས་པའོ། །དེ་གཉིག་འི་རྒྱུ་དེ་དྲི་བར་གཉེན་དང་མཛའ་བཤེས་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་ཏེ། འདིའི་དོན་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་བཟོད་པ་དང༌། སྦྱིན་པའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་མངོན་པར་སྤངས་ནས་ཅི་ཞིག་འདོད་པའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་ཅེས་བྱ་བའི་དྲི་བའི་སྐབས་འདི་ཡིན་ནོ། །གཞན་བསླུ་བའི་དོགས་པ་ཤེས་ན་དྲི་བའི་ཚིག་གི་རྒྱུ་བསྟན་པའི་ཕྱིར། བདེ་བར་སྦྱོར་བའི་ལོངས་སྤྱོད་ཅེས་བྱ་བའི་ཚིགས་བཅད་འདི་ལྟ་སྟེ། ཕྱེད་ཀྱིས་ནི་ཚིགས་བཅད་སྔ་མའི་ཕྱེད་ཉིད་ཀྱི་དོན་རྟོགས་པར་བྱའོ། །ཚིགས་བཅད་འོག་མའི་ཕྱེད་ཀྱིས་ཀྱང་གོང་མའི་ཕྱེད་ཉིད་ཀྱི་དོན་བསྟན་ཏོ། །གང་གི་ཡོན་ཏན་ཐོས་ནས་ཞེས་བྱ་བ་ནི་གང་ཐོས་ནས་དེ་སྤངས་པ་སྟེ། ཕུན་སུམ་ཚོགས་པ་དང་འདྲ་བའི་ཕུན་སུམ་ཚོགས་པ་ཚོགས་ཀྱི་ནང་དུ་ཞེས་བྱ་བའི་དོན་ཏོ། །རྒུད་པ་ཞེས་བྱ་བ་ལ་ལོངས་སྤྱོད་དང་ཤེས་པ་ལ་སོགས་པ་རྒུད་པའོ། །སྐྱེ་བོ་དཀའ་ཐུབ་ཅན་དང་མཐུན་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང་མཐུན་པ་སྟེ། འདིས་ནི་རབ་ཏུ་བྱུང་བ་


DTG168_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ངེས་པར་ལེགས་པར་སྒྲུབ་པ་དང་རྗེས་སུ་མཐུན་པར་བསྟན་ཏོ། །སྲིད་པའི་བདེ་བ་ལ་མ་ཆགས་པ་དང་ཞེས་བྱ་བ་ནི་འོག་ནས་བསྟན་པའི་ཚིགས་བཅད་གང་གིས་སྦྱིན་པ་ལ་སོགས་པ་དེ་དག་ལ་ཆགས་པ་མེད་པའི་ཕྱིར་རོ། །སློང་བ་ཉིད་སྡུག་བསྔལ་དུ་རིག་ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་ཆགས་པས་ནི་སློང་བར་གྱུར་ལ། སློང་བས་ནི་ཆགས་པར་འགྱུར་རོ། །དེ་བས་ན་སློང་བ་སྤངས་པ་ནི་མཆོག་ཡིན་ནོ། །ཆོག་ཤེས་པ་ལ་གོམས་པ་ཞེས་བྱ་བ་ནི་དཀའ་བས་རྙེད་པས་འཚོ་བ་གནས་པའི་སྒྲུབ་པས་ཆོ་ག་ཤེས་པའི་ཕྱིར་རོ། །ཆུང་མ་ཡིད་དུ་འོང་དང་བུ་དང་དབང་བྱེད་དང༌། །ཞེས་བྱ་བ་ནི་སེམས་ཅན་དུ་བསྟན་པའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་བསྟན་པའོ། །ནོར་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུའོ། །ཉོན་མོངས་པ་དང་བྲལ་བ་ཐོབ་དཀའ་བ་ཉིད་ཅེས་བྱ་བ་ལ་ཉོན་མོངས་པའི་སྒྲ་ནི་ཞེ་སྡང་ཉིད་དེ། ཅིའི་ཕྱིར་དེ་བཟུང་ཞེ་ན། ཆགས་པ་ལ་སོགས་པ་སྤྱིར་བསྟན་པ་ཡིན་ཡང་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ནང་ན་ཐ་ཆད་ཡིན་ཏེ། བདག་དང་གཞན་གདུང་བར་བྱེད་པས་སོ། །ནོར་ཡང་ཉམས་ཤིང་ཞེས་བྱ་བ་ནི་ཕྱི་རོལ་གྱི་སེམས་ཅན་མ་ཡིན་པ་ལས་སོ། །མདོག་བཟང་ཞེས་བྱ་བ་ནི་ནང་གི་མདོག་རྒུད་པའོ། །གྲགས་པ་ནི་སེམས་ཅན་གཞན་གྱི་དད་པ་རྒུད་པའོ། །བདེ་བ་ལས་ཀྱང་ཞེས་བྱ་བ་ནི་བསམ་པ་དང་ཕན་འདོགས་པ་ཉམས་པའོ། །ཕོངས་པར་གྱུར་ལ་ཞེས་བྱ་བྱ་བ་བསྟན་པ་ལ་ཕོངས་པ་དེ་བསྒྲུབ་པའི་ཕྱིར་ཕོངས་པའི་གནས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་འདིའི་དོན་ནོ། །བྱིས་པ་ཐ་མ་ཡིན་པར་འདོད་ཅེས་བྱ་བ་ནི་ཕོངས་པ་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་སྙིང་རྗེའི་གནས་སུ་གྱུར་པ་ཞེས་བྱ་བ་ཡིན་ཏེ། བྱིས་པ་ནི་ཕོངས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་ཁྱད་པར་དུ་སྙིང་རྗེའི་གནས་སུ་གྱུར་པ་ཡིན་ནོ། །མཐོང་བ་ཙམ་དུའང་མི་འདོད་པ་ཉིད་ནི་ལྷན་ཅིག་གནས་པ་དང་ཕེབས་པར་སྨྲ་བ་ལྟ་ཅི་སྨོས་ཞེས་པའོ། །འདི་དག་ཚུལ་མིན་པ་ཡང་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དན་ནི་


DTG168_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་ཕན་པའི་ཁྱད་པར་མི་བྱེད་ཅིང་གཞན་གྱི་ཁ་ན་མ་ཐོ་བ་དང་སླུ་བར་བྱེད་པ་ཡང་བསྟན་ཏོ། །བདག་ཉིད་ཀྱང་ཕན་པ་མ་ཡིན་པ་དང༌། ལུགས་མ་ཡིན་པ་སྒྲུབ་པར་བྱེད་ལ། དེ་ལ་སྨས་པའི་ཕྱིར་གཞན་ཡང་རབ་ཏུ་སྦྱོར་བར་འདོད་དེ། ཁྱད་པར་སྒྲུབ་པར་མི་བྱེད་པ་དང་ཕན་བསྒྲུབ་པར་མི་བྱེད་པ་ཉིད་དོ། །མཁས་པའི་ང་རྒྱལ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་འདི་དག་ཚུལ་མིན་ཞེས་བྱ་བའི་ཚིགས་བཅད་སྒྲུབ་པ་ཡིན་ཏེ། མཁས་པའི་ང་རྒྱལ་དང་གཏི་མུག་ནི་མཁས་པའི་ང་རྒྱལ་གཏི་མུག་དག་གོ །ཡང་ན་མཁས་པའི་ང་རྒྱལ་ཉིད་གཏི་མུག་སྟེ་མཁས་པའི་ང་རྒྱལ་གཏི་མུག་གོ །བདག་གི་རང་བཞིན་ང་རྒྱལ་གྱི་གཏི་མུག་གིས་བསྒྲིབས་པ་ཡིན་ཏེ། དེས་ཚུལ་མ་ཡིན་པ་ལ་ཚུལ་བཞིན་དུ་སྒྲུབ་པར་བྱེད་ལ། གཞན་ཡང་འདི་ལ་རབ་ཏུ་སྦྱོར་བར་འདོད་དོ། །འདིར་ཕན་པར་སྨྲ་ལའང་ཁྲོ་བས་རྩུབ་པ་ཞེས་བྱ་བ་ནི་སེམས་ཅན་དག་ནི་ཕན་པ་ཡིན་ན་ཡང་ཕན་པ་མ་ཡིན་བཞིན་དུ་རབ་ཏུ་ཁྲོ་བར་བྱེད་དོ། །དྲང་པོའི་རིམ་པ་མི་མཐུན་བ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། གཟུ་ལུམས་ཅན་ཡིན་པའི་ཕྱིར་རོ། །འདུལ་བ་དང་མི་མཐུན་པ་ཅིའི་ཕྱིར་ཞེ་ན། འདུལ་བ་ལ་བརྩོན་འགྲུས་ཆུང་ཞེས་པའི་ཕྱིར་རོ། །མཁས་པའི་ང་རྒྱལ་གཏི་མུག་མེས་བསྲེགས་ཤིང༌། །ཞེས་བྱ་བ་ནི་བདག་ཉིད་གཞན་གྱི་ཐད་དུ་སོང་ནས་ཕན་པའི་དྲི་བའི་ཚིག་སྒྲུབ་པ་མེད་པའི་ཕྱིར་ཏེ། དེས་ན་དེ་ཉིད་ཀྱིས་བདག་ཀྱང་ལོག་པར་སྒྲུབ་པར་བྱེད་ལ། གཞན་ཡང་དེ་ལ་སྦྱོར་བར་བྱེད་པ་ཡིན་ནོ། །བརྟན་པ་ནི་བྱང་ཆུབ་སེམས་དཔའོ། །གཡོ་སྒྱུ་མེད་པ་ནི་འདུལ་བས་རྟག་ཏུ་བརྒྱན་ཞེས་བྱ་བ་ནི་སྔར་བསྟན་པའི་འདུལ་བ་དང༌། དྲང་པོའི་རིམ་པ་མི་མཐུན་པ་ཞེས་བྱ་བ་དེའི་གཉེན་པོའོ། །ཕན་པའི་བསམ་བ་དང་ཞེས་བྱ་བ་ནི་ཅི་ནས་ཕན་འདོགས་པར་བྱེད་པའོ། །ཕན་འདོགས་པར་བྱེད་པ་དེ་ཡང་གལ་ཏེ་ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཡིན་ནམ་ཞེ་ན། སྨྲས་པ། གུས་དང་ཞེས་སྨོས་པས་སོ། །མཐུ་ཡང་ཅི་ཡོད་ཅེས་བྱ་བ་ནི་ནུས་པས་ཕན་འདོགས་པ་སྟེ། རྒྱུ་


DTG168_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུམ་གྱིས་ནི་ཕན་འདོགས་པར་འདོད་པ་ཟང་ཟིང་མེད་པའི་སེམས་ཀྱིས་ནུས་པ་ཉིད་དུ་བསྟན་ཏོ། །སྦྱིན་ལ་དགའ་བ་དེས་ངེས་པར་གྱུར་པ་ནི་སྦྱིན་པ་ལ་དགའ་པ་དང་མཐུན་པར་གྱུར་པའོ། །སྦྱིན་པ་དང་མི་མཐུན་པ་ནི་བསྙེན་བཀུར་མ་ཡིན་པ་འདོད་པས་སོ། །བཟླས་བརྗོད་བརྟུལ་ཞུགས་དཀའ་ཐུབ་ཅེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་འཇིག་རྟེན་ན་བསྙེན་བཀུར་དུ་མས་ང་ལ་མཆོག་སློང་བའི་ཕྱིར་འོང་ཞིང་མཐོང་བར་འདོད་དོ་ཞེས་བསྟན་པའི་ཚིག་རྐང་དེ་ཉིད་ཀྱིས་བསྟན་ཏོ། །མཆོག་སྦྱིན་པར་འོས་པ་ལ་ཞེས་བྱ་བ་འདིའི་ལན་ནི་འདི་ནི་མི་སུན་པའི་ཚུལ་མ་ལགས་ཞེས་པའོ། །བཟླས་བརྗོད་བརྟུལ་ཞུགས་མཆོད་སྦྱིན་དཀའ་ཐུབ་སྤྱད་པ་ཡིས། །ཞེས་བྱ་བ་འདིའི་ལན་ནི། མགུ་བར་མ་བགྱིས་པ་ཡང་མ་ལགས་ཞེས་བྱ་བ་ཡིན་ནོ། །ཁྱོད་ནི་མཐོང་བར་མི་འདོད་ཅི་ཡི་ཕྱིར། །ཞེས་བྱ་བ་འདིའི་ལན་ནི། ཁྱོད་དང་ཕྲད་པར་མི་འཚལ་བ་ཡང་མ་ལགས་སོ། །ཞེས་བྱ་བ་ཡིན་ནོ། །རྗེས་སུ་མཐུན་པའི་དངོས་པོའི་རྒྱུ་ནི་བསྟན་པར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །ད་ནི་ཕྲད་པར་མི་འདོད་པ་མ་ཡིན་ན་ཇི་ལྟར་མཐོང་བར་མི་འདོད་བ་ཡིན་ཞེ་ན། ཕྲད་པར་འདོད་པའི་རྒྱུ་ཡོད་ན་ཡང་མི་མཐོང་བའི་མཆོག་སློང་བའི་རྒྱུ་བསྟན་པའི་ཕྱིར། ལྷའི་གཟུགས་མཆོག་རྨད་དུ་བྱུང་བའི་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གང་མཐོང་བར་མི་འདོད་པའི་རྒྱུ་དེ་ཉིད་ཡིན་ནོ་ཞེས་བསྟན་ཏེ། ལྷའི་གཟུགས་མཆོག་རྨད་དུ་བྱུང་བ་ཞེས་བྱ་བ་འདིས་ནི་དབྱིབས་ཕུན་སུམ་ཚོགས་པ་བསྟན་ཏོ། །གསལ་བ་གང་ཡིན་པ་དེ་ནི་གསལ་བའོ། །གཟི་བརྗིད་དང་མདངས་ཀྱིས་ནི་ཁ་དོག་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་གཉིས་མཐོང་བར་མི་འདོད་པའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། བདག་གི་དཀའ་ཐུབ་ཉམས་པར་གྱུར་དུ་དོགས་ལགས་མོད། །ཅེས་བྱ་བ་འདིས་སོ། །རབ་ཏུ་དང་ཞིང་ཞི་བར་གྱུར་པ་ཡང༌། །ཞེས་བྱ་བ་ནི་སྔར་བསྟན་པ་ཉིད་ཀྱི་གསལ་བའོ། །དེ་ཉིད་བསྟན་པ་སྐྱེ་བོ་དཀའ་ཐུབ་ཅན་དང་མཐུན་པའི་ཚུལ་དག་དང༌། ཞེས་བྱ་བ་ནི་སྡོང་བུ་དང༌། རྩ་བ་དང༌།


DTG168_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་སོགས་པ་འདི་དག་གིས་འཕགས་པའི་རིགས་གསུམ་བསྟན་ཏེ། ཁ་ཟས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང༌། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང༌། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པའོ། །བསམ་གཏན་དང༌། ཚད་མེད་པ་དང༌། སྔོམ་པ་ཞེས་བྱ་བས་ནི་སྤོང་བ་ལ་དགའ་བའི་འཕགས་པའི་རིགས་བསྟན་ཏོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཨ་ཀ་ཏའི་སྐྱེས་པའི་རབས་སོ།། །།བདག་གི་ཆེ་བ་ཉིད་ཀྱིས་སྙིང་རྗེ་དང་ལྡན་ཞིང༌། ཞེས་བྱ་བ་ལ། བདག་ཉིད་ཀྱི་ཆེ་བ་ནི་བདག་གི་ཆེ་བའོ། །དེ་གང་ཡིན་ཞེ་ན། རིགས་ཀྱི་ཤེས་རབ་ཆེ་བའོ། །རིགས་དེ་གང་ཡིན་ཞེ་ན། མིང་དང༌། རྒྱུ་དང༌། ས་བོན་དང༌། བྱེད་པ་དང༌། ཁམས་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །གང་རྒྱུ་ཡོད་པ་ལས་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་བར་འགྱུར། བདག་ཉིད་ཀྱི་ཆེ་བ་དང་སྙིང་རྗེ་རྣམ་པ་གཉིས་ཡོད་པ་ནི་ལྡན་པ་སྟེ། མངོན་པར་གྲུབ་པ་དང༌། རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །འགྲོ་བ་ཡོངས་སུ་སྐྱོབ་པར་བྱེད་པས་འགྲོ་བ་ཡོངས་སུ་སྐྱོབ་པའོ། །ཤས་ཆེ་བའི་བསམ་པ་སྟེ། ས་ལ་འཇུག་པའི་དུས་སུ་བསམ་པ་དེས་འགྲོ་བ་ཡོངས་སུ་བསྐྱབ་པའི་ལྷག་པའི་བསམ་བ་ཅན་ཏེ། མངོན་པར་འཕེལ་བར་བྱེད་པ་ལྟ་བུའོ། །སྦྱིན་པ་དང༌། དུལ་བ་དང༌། དེས་པ་ལ་སོགས་པ་གང་ཡིན་པའི་ཡོན་ཏན་ནི་སྦྱིན་པ་དང༌། དུལ་བ་དང༌། དེས་པ་དང༌། ཡང་དག་བར་སྔོམ་པ་ལ་སོགས་པའོ། །དུལ་བ་དང་སྡོམ་པ་གཉིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དུལ་བ་ནི་དབང་པོའི་སྒོ་བསྡམས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་འཁོར་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་ཉིད་དོ། །སྔོམ་པ་ཡང་ཚུལ་ཁྲིམས་ཉིད་དེ། ལུས་དང་ངག་གི་ཡང་དག་པར་སྡོམ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འགྲོགས་ན་བདེ་བའི་དངོས་པོ་ནི་དེས་པ་སྟེ། བཟོད་པ་དང་ལྡན་པ་ནི་དེས་པར་འགྱུར་རོ། །སོགས་པ་སྨོས་པས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་


DTG168_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་བ་དང༌། བསྡུ་བའི་དངོས་པོ་ལ་སོགས་པ་གཟུང་ངོ༌། །འཇིག་རྟེན་ལ་ཕན་འདོགས་པ་དང་མཐུན་པ་ཞེས་བྱ་བ་ནི་གཞན་ལ་ཕན་ཞིང་བདེ་བ་དང་རྗེས་སུ་མཐུན་པའོ། །ཡོན་ཏན་ཁྱད་པར་ཅན་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ས་བཅུ་པ་ལ་སོགས་བདག་ཏུ་གསུངས་པའོ། །དེ་བྱམས་པའི་སྟོབས་ཞེས་བྱ་བའི་མིང་ནི་ས་བཅུ་བ་ཉིད་དུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་བྱམས་པའི་ཡིད་དུ་གྱུར་པ་ཞེས་སྨོས་སོ། །དེ་བཞིན་དུ་གྱུར་ཞེས་བྱ་བ་ནི་བདེ་བའམ་སྡུག་བསྔལ་དེ་བཞིན་དུ་གྱུར་པ་སྟེ། ཇི་ལྟར་སྐྱེ་དགུ་རྣམས་ལ་གནོད་པ་དང་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་དེ་ཡང་གནོད་པ་དང་ཕན་འདོགས་པར་བྱེད་དོ། །མཚོན་ཆ་དང་ནི་གཙུག་ལག་རྣམས་ལ་གོམས། །ཞེས་བསྟན་པ་ལ། ཇི་ལྟར་གོམས་པ་ཡིན་ཞེ་ན། དེ་བསྒྲུབ་པའི་ཕྱིར། མིའི་དབང་པོ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་ཡི་མཚོན་ཆ་རྒྱན་དང་འདྲ་བར་གྱུར། །ཞེས་བྱ་བ་ནི་ཆད་པར་སྒྲུབ་པ་ཡིན་པ་ཉིད་དུ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། མིའི་དབང་པོས་བཀའ་ཁྲིམས་སྤྱི་བོས་མནོས་པའི་ཕྱིར་སྐལ་བ་ཁྱད་པར་ཅན་ཉིད་ཀྱིས་རྒྱལ་ཕྲན་རྣམས་རང་ཉིད་འདུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཕན་འབྱུང་བསྟན་ངག་ཚུལ་རྣམས་ཀྱི། །གཙུག་ལག་རྣམས་ཀྱང་རྣམ་པར་གསལ་བར་སྣང༌། །ཞེས་སྨོས་ཏེ། འཇིག་རྟེན་ལ་གནོད་པར་མི་འཇུག་པའོ། །བསྟན་ངག་ཚུལ་རྣམས་ཀྱི་ཞེས་བྱ་བ་ལ་འཇིག་རྟེན་ལ་གནོད་པར་མི་འཇུག་པའི་ཚུལ་ནི་བསྟན་ངག་ཚུལ་ལོ། །ཕན་པར་སེམས་པའི་ཕྱིར་ཞེས་བྱ་བ་ནི་སྙིང་རྗེའི་བསམ་པ་དང་ལྡན་པའི་ཕྱིར་ཏེ། འདིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཚུལ་མཁས་ཞེས་བྱ་བ་འདིས་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟོགས་མཁས་ཞེས་བྱ་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕ་དང་འདྲ་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་དང༌། བྱེད་པ་ཕུན་སུམ་ཚོགས་པར་


DTG168_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དཔེར་ན་བུ་དག་ལ་ཚར་གཅོད་པ་དང༌། ཕན་འདོགས་པར་བྱེད་པ་དང༌། ཆོས་དང་འགལ་བར་མི་བྱེད་པའི་ཕ་བཞིན་དུ་སྐྱེ་དགུ་རྣམས་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །བདེན་པ་དང༌། གཏོང་བ་དང༌། ཉེ་བར་ཞི་བ་དང༌། ཤེས་རབ་ལ་སོགས་པ་བྱིན་གྱི་རླབས་འདི་བཞིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་ཏེ། དེ་ལས་དང་པོ་གསུམ་གྱིས་ནི་བསོད་ནམས་ཀྱི་ཆོགས་བསྟན་ཏོ། །ཤེས་རབ་ཀྱིས་ནི་ཡེ་ཤེས་ཀྱི་ཚོགས་བསྟན་ཏོ། །གཞན་ལ་ཕན་པར་ཡོངས་སུ་བསྔོ་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། གཞན་དུ་ན་བྱིན་གྱི་རླབས་རྣམ་པ་བཞི་ནི་རང་གི་དོན་དུ་ཡོངས་སུ་བསྔོས་པར་འགྱུར་ཞིང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུར་འགྱུར་བས་བསྔོ་བ་བྱེ་བྲག་མེད་པར་འགྱུར་རོ། །ཁྱད་པར་ཅན་དུ་གྱུར་ལ་རླབས་ཆེ་བའི་རིམ་པས་ཞེས་བྱ་བ་ནི་ཁྱད་པར་དང་བཅས་པ་ཡིན་པར་ཁྱད་པར་དུ་གྱུར་པ་སྟེ། སྲ་ཆུང་བའི་ཕྱིར་རོ། །སྔ་མ་མོས་པས་སྤྱོད་པའི་ས་ལས་ཁྱད་པར་དུ་གྱུར་པས་ཁྱད་པར་དུ་གྱུར་པའོ། །རླབས་ཆེ་བ་ནི་ཁྱད་པར་དུ་གཞན་ལ་ཕན་པ་སྒྲུབ་པར་བྱེད་པའོ། །རིམ་པ་ཞེས་བྱ་བ་སྨོས་པ་ནི་ས་དང་ས་དག་ཏུ་ཁྱད་པར་དུ་བྱེད་པའི་ཕྱིར་དང༌། རླབས་ཆེ་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཚོགས་བསགས་ཤིང་ཞེས་བྱ་བ་ལ། བྱང་ཆུབ་དག་གིས་ཚོགས་ཀྱི་བྱ་བ་ཡིན་བས་བྱང་ཆུབ་ཀྱི་ཚོགས་ཏེ། ཕ་རོལ་ཏུ་ཕྱིན་པ་དང༌། ཡོན་ཏན་གཞན་ཡང་ས་བཅུ་པའི་མདོ་ལས་གསུངས་པའོ། །གནོད་པ་མེད་པ་ཞེས་བྱ་བ་ནི་མེ་དང༌། ཆུ་དང༌། ནད་དང༌། མུ་གེ་དང༌། བྱི་བ་དང༌། སྲོག་ཆགས་གདུག་པ་སྦྲུལ་དང༌། བདག་གི་དམག་ཚོགས་དང༌། གཞན་གྱི་དམག་ཚོགས་དང༌། རྐུན་མ་ལ་སོགས་པ་དང་བྲལ་བའི་ཕྱིར་གནོད་པ་ཐམས་ཅད་མེད་པའོ། །ཕུན་སུམ་ཚོགས་ཕ་མཆོག་དང་ལྡན་པས་ཞེས་བྱ་བ་ནི་ལོ་ལེགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པའོ། །མགུ་ཞིང་དར་བ་ཞེས་བྱ་བ་ལ། མགུ་བ་ནི་ཡིད་བདེ་ཞིང་ཚིམ་པ་ཕུན་སུམ་ཚོགས་པ་སྟེ། འདོད་པ་ཤས་ཆེ་བ་ཡོད་པའོ། །དར་བ་ནི་ལུས་འཕེལ་བའོ། །དེའི་


DTG168_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ན་ནི་ཞེས་བྱ་བའི་ཡུལ་ཏེ་དེ་དག་ན་གནས་པ་གང་ཡིན་པ་དེ་ནི་དེ་ན་གནས་པའོ། །མཐུ་ཁྱད་ཆེ་བས་ན་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། ཁྱད་པར་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པའི་ཕྱིར་རོ། །གང་གི་ཞེས་བྱ་བ་ནི་མདངས་འཕྲོགས་པའི་གནས་སུ་ཕྱིན་པར་གྱུར་ཀྱང་ངོ༌། །རིག་སྔགས་དང་དཀའ་ཐུབ་ནི་རིག་སྔགས་དང་དཀའ་ཐུབ་བོ། །དེ་གཉིས་གྲུབ་པ་ནི་རིག་སྔགས་དང་དཀའ་ཐུབ་གྲུབ་པའི་རང་བཞིན་ཏེ། རིག་སྔགས་དཀའ་ཐུབ་གྲུབ་པའི་ངོ་བོ་ཉིད། །ཅེས་བྱ་བའི་དོན་ཏོ། །མིང་ནི་དོན་དང་མཐུན་པར་མ་གྱུར་ཞེས་བྱ་བ་ལ། དོན་མེད་པའི་མིང་གང་ཡིན་པ་དེ་ནི་དོན་མི་མཐུན་པའི་མིང་སྟེ། གང་གི་ཕྱིར་མདངས་འཕྲོགས་པ་ཞེས་བྱ་བ་དེའི་མིང་དོན་མེད་པར་འགྱུར་བ་སྟེ། འདི་ལྟར་མདངས་འཕྲོགས་པར་མི་ནུས་པའི་ཕྱིར་རོ། །ནགས་ན་རབ་ཏུ་རྒྱུ་བ་ཞེས་བྱ་བ་ལ། འདིར་རབ་ཏུ་ཞེས་བྱ་བའི་སྒྲ་ནི་དེ་དང་ལྡན་པ་སྟེ། ནགས་དང་ལྡན་པ་ན་རྒྱུ་བ་ཞེས་བྱ་བའི་དོན་ཏོ། །གྲིབ་མ་དང་ལྡན་པའི་ཤིང་ནི་གྲིབ་ཤིང་སྟེ་དེའི་རྩ་བ་དེ་ནི་གྲིབ་ཤིང་གི་དྲུང་ནའོ། །སྲད་བུ་འཁལ་ཞེས་བྱ་བ་ལ་སྲད་བུ་འཁལ་བ་ལ་ཞུགས་པ་ནི་སྲད་བུ་འཁལ་བ་སྟེ་དེ་བྱེད་པའོ། །འདི་ལྟ་བུའི་དགོན་པ་ཞེས་བྱ་བ་ནི་དེ་ན་སྐྱེ་བོ་གནས་པ་དང་བྲལ་བའི་ཕྱིར་རོ། །འགྲོ་བ་མེད་པ་ན་ཞེས་བྱ་བ་ནི་སྐྱེ་བོ་ལམ་དུ་འགྲོ་བ་དང་བྲལ་བའི་ཕྱིར་རོ། །གཅིག་པུ་ནི་གྲོགས་པོ་མེད་པའོ། །བལྟས་པས་ནི་གྱེན་ཀུན་དུ་བལྟས་པར་བྱས་པ་སྟེ། སྲིན་པོ་དང་ཤ་ཟ་དེ་དག་ལའོ། །དེ་བས་ནགས་ནའང་ཁྱིམ་བཞིན་དུ། །ཞེས་བྱ་བ་ནི་གང་སྔར་བསྟན་པ་འདི་ལྟ་བུ་དགོན་པ་དབེན་པ་འགྲོ་བ་མེད་པ་ན་ཞེས་བྱ་བ་དེའི་གཉེན་པོར་བསྟན་ཏོ། །མཚན་མོ་དག་ཀྱང་ཉིན་པར་བཞིན། །ཞེས་བྱ་བ་ནི་གང་གི་ཚེ་སྲིན་པོ་དང་ཤ་ཟ་རྣམས་ཀྱིས་གཞན་ཟིལ་གྱིས་གནོན་པའི་ནུས་པ་མེད་པ་དེའི་ཚེ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྲིན་པོ་དང་ཤ་ཟ་དེ་དག་ནི་རང་བཞིན་གྱིས་གཏུམ་ཞིང་མ་རུངས་པ་ཡིན་ནོ་ཞེས་བསྟན་པ་དེའི་གཉེན་པོར་བསྟན་ཏོ། །གཅིག་པུར་གྲོགས་ཀྱི་


DTG168_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འདུག་འདྲ། །ཞེས་བྱ་བ་ནི་གང་སྔར་བསྟན་པའི་གཅིག་པུ་ཇི་ལྟར་མི་འཇིགས་ཞེས་བྱ་བ་དེའི་གཉེན་པོར་བསྟན་ཏོ། །ཁྱེད་ཅག་གང་ནས་ལྷགས་པའི་ཡུལ་དེའི་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་རྒྱུ་གསུམ་གྱིས་ཡུལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཉམས་སད་པའི་དངོས་པོ་ཡོད་པའི་ཕྱིར་དང༌། ཡུལ་གསལ་བའི་རྣམ་པ་ཡིན་པའི་ཕྱིར་དང༌། ཡོན་ཏན་ཚོལ་བ་ཡོངས་སུ་ཤེས་པས་མཁས་པའང་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཡོན་ཏན་འཚོལ་བ་ཆེད་ཆེར་མི་འཛིན་པ་ཞེས་བྱ་བ་འདིས་ནི་ཉམས་སད་པའི་དངོས་པོ་བསྟན་ཏོ། །ཐོས་པར་མི་འདོད་པ་དེས། མི་དབང་གྲགས་པ་རྣམ་པར་སྤངས་པའམ། སྐལ་བ་ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་འདིས་ཡུལ་གསལ་བའི་རྣམ་པའོ། །དེ་བས་ན་ཞེས་བྱ་བ་ནི་གང་ཡུལ་དེ་ལས་འདིར་ལྷགས་པའོ། །མཐའ་འཁོབ་ཅེས་བྱ་བའི་ཡུལ་གྱི་ཡང་དགོན་པ་ཉིད་དེ། ཡོན་ཏན་ཤེས་པའི་སྐྱེས་བུ་མེད་པའི་ཕྱིར་ཏོ། །གང་གི་དབུང་བྱམས་པ་སྟེ། འདིའི་དོན་ནི་མཐུན་པ་ལ་སོགས་པའི་ཐབས་ཀྱིས་ས་སྲུང་བར་བྱེད་པའོ། །དེ་ལྟ་མོད་ཀྱི་བྱམས་པ་ལ་སོགས་པས་བསྲུང་བ་ནི་ཆད་པ་བྱམས་པ་གང་ཡིན་པའི་དཔུང་གིས་སོ་ཞེས་བྱ་བའི་ཚིག་སྟེ། གང་དེ་ཐ་མལ་པའི་དཔུང་ནི་ཆོ་ག་ཙམ་མོ། །ཆོ་ག་ཙམ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པའི་སྤྱོད་པའོ། །འདི་ནི་རུ་མཚོན་ཁྲ་བོའི་དཔུང་ཡོངས་སུ་བཟུང་སྟེ། གཞན་ལ་གནོད་པའི་ཕྱིར་ནི་མ་ཡིན་ནོ། །མི་རིགས་ཞེས་བྱ་བ་ནི་དབྱེ་བ་ལས་བརྩམས་པའོ། །ཁྲོ་བ་ནི་ཞེ་སྡང་བ་སྟེ་དེའི་ཚིག་གིས་སྨྲ་བའོ། །རྩུབ་པ་ནི་སྤྱོ་བའོ། །འདི་གཉིས་ཀྱི་དབྱེ་བས་ནི་བསམ་པ་དང་སྦྱོར་བ་མེད་པར་བསྟན་ཏོ། །བཀའ་ཁྲིམས་ཆོས་ཡིན་སྒྱུ་མེད་ནོར་ཡང་ཞེས་བྱ་བ་ནི་མཐུན་པ་ལས་བརྩམས་པའོ། །ཆོས་ནི་བདེན་པའོ། །བཀའ་ཁྲིམས་ནི་གཞུང་ལུགས་སོ། །སྒྱུ་མེད་ཅེས་བྱ་བ་ནི་བྱ་བ་བསྒྲུབ་པའི་ཕྱིར་བདེན་པ་དང་ཚིག་བསྟན་པའོ། །ནོར་ཡང་དམ་པ་མཆོད་ཅེས་བྱ་བ་ནི་སྦྱིན་པ་ལས་བརྩམས་པ་སྟེ། དམ་པ་མཆོད་པའི་ཕྱིར་ཡིན་གྱི། རང་གི་དོན་བསྒྲུབ་པའི་ཕྱིར་


DTG168_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ཏེ། དཔེར་ན་ལུགས་ཀྱི་བསྟན་བཅོས་ཀྱི་དོན་ལ་མཁས་པ་ནི་རང་གི་དོན་བསྒྲུབ་པའི་ཕྱིར་ནོར་ཉེ་བར་སྒྲུབ་པར་བྱེད་དོ། །དེ་ལྟར་ཡང་རྨད་དུ་བྱུང་ཡང་ཞེས་བྱ་བ་ནི་འདི་ལྟར་ངོ་མཚར་གྱི་ཡོན་ཏན་གྱི་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ནི་དེ་ལྟར་རྨད་དུ་བྱུང་བའོ། །དྲེགས་པ་ནི་མཐོ་བར་སེམས་པའོ། །ཡ་རབས་ཀྱི་ཚུལ་ལ་གནས་པ་གང་ཡིན་པའི་སྐྱེ་བོ་དེ་ནི་ཡ་རབས་ཀྱི་གཞུང་ལུགས་ལ་རྣམ་པར་གནས་པའི་སྐྱེ་བོའོ། །ཡང་ན་འཕགས་པའི་གཞུང་ལུགས་ལ་གནས་པའི་སྐྱེ་བོ་གང་ཡིན་པ་དེའོ། །རྟག་ཏུ་བདེ་ཞིང་ལོ་ལེགས་པས་རབ་ཏུ་དགའ་བ་ཕུན་སུམ་ཚོགས་ཞེས་བྱ་བ་ནི་རྟག་ཏུ་བདེ་ཞིང་དགའ་བ་དང༌། རྟག་ཏུ་ལོ་ལེགས་པའི་ཕྱིར་ཕུན་སུམ་ཚོགས་པའོ། །ཡོན་ཏན་མང་པོ་བརྗོད་པས་དེ་ལའོ། །སྙིང་ནས་བརྗོད་ཅིང་ཞེས་བྱ་བ་ནི་བརྩེ་བ་དང་ལྡན་པ་སྟེ། རིགས་པ་དང་མི་རིགས་པའོ། །བདེན་པ་ཞེས་བྱ་བ་ནི་སྙན་པ་དང་ཕན་པ་ནི་བདེན་པའོ་ཞེས་བསྟན་པའོ། །གསུམ་པོ་འདིས་ནི་གོ་རིམས་བཞིན་དུ་སེམས་ཅན་གཏི་མུག་གི་རང་བཞིན་དངོས་པོ་གང་ལ་མི་བཟོད་པའོ། །དེ་གྲགས་པ་ཞེས་བྱ་བ་ནི་དེའི་གྲགས་པ་ཡིན་པས་དེ་གྲགས་པའོ། །དེ་ཡིས་དེ་ལྷག་པར་གདུང་བར་འགྱུར་ཞེས་བྱ་བ་ལ། དེ་ཡིས་ཞེས་བྱ་བ་ནི་མི་བཟོད་པས་ཡིད་གདུངས་པས་ལྷག་པར་གདུང་ཞིང་ཚིག་པར་འགྱུར་རོ། །མཐོང་བ་ཉིད་ཀྱི་དུས་ནི་མཐོང་བའི་ཚེ་ཉེ་བར་གནས་པ་དེའི་དབང་དུ་བྱས་པའོ། །བཟའ་བ་བསླངས་པ་ནི་ཟས་བླངས་པ་བྱས་པའོ།། ཞིམ་པོ་ནི་ཤིན་ཏུ་གཡོས་ལེགས་པ་དང་ཞིམ་པ་ཞེས་བྱ་བའི་དོན་ཏོ། །ཁྱེར་ཏེ་འོངས་ན་ཡང་ཞེས་བྱ་བ་ནི་གུས་པ་དང་བཅས་པས་མདུན་དུ་འོངས་པའོ། །སྟག་གཟིག་རྩྭ་སྔོན་མི་འདོད་པ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་རི་དགས་རྣམས་ལ་རྩྭ་སྔོན་པོ་ཤིན་ཏུ་ཞིམ་པ་ཡིན་ཡང་སྟག་ལ་སོགས་པ་མངོན་པར་མི་འདོད་པ་ཡིན་ཏེ། རྒྱལ་པོ་ལ་འོས་པའི་རྩྭ་སྔོན་པོ་ལྟ་བུར་དེ་གནོད་སྦྱིན་རྣམས་ལ་མངོན་པར་མི་འདོད་བའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེས་བྱ་བ་ནི་རྗེས་སུ་མཐུན་པ་སྒྲོགས་ཤིག་པའོ། །བཙལ་ལོ་ཞེས་བྱ་བ་ནི་བཙལ་བར་བྱའོ་ཞེས་སོ། །མི་ཤི་བའི་


DTG168_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་དང་ཁྲག་ཡོངས་སུ་གཟུང་བའི་ཕྱིར་ཏེ། གཞན་དུ་ན་ཁ་ཟས་དང་ཁྲག་བཏུང་བ་མེད་དོ། །བརྟུལ་ཞུགས་ཉམས་པ་ཞེས་བྱ་བ་ནི་དམ་བཅའ་བའི་རྗེས་སུ་འགྲོ་བ་སྟེ། ངེས་པར་ཡང་དག་པར་སྦྱིན་དུ་གཞུག་པའི་ཕྱིར་རོ། །མཆེ་བ་ཡོངས་སུ་གཙིགས་ཤིང་ཁ་མཆུ་ཡོངས་སུ་བསྐྱོད་པ་གང་ཡིན་པ་དེ་དག་ནི་ཁ་ནས་མཆེ་བ་གཙིགས་པའོ། །མི་སྡུག་ལ་འཇིགས་པ་ཞེས་བྱ་བ་ལ། མི་སྡུག་པ་ནི་མི་རྣམས་ལའོ། །འཇིགས་པ་ནི་འཇིགས་པ་བསྐྱེད་པའོ། །ཇི་ལྟར་ཞེ་ན། དེའི་རྣམ་པ་བསྟན་ཏེ། མཆེ་བ་གཙིགས་པ་ཞེས་བྱ་བ་ལ་སོགས་པའི་རྟགས་ཀྱིས་སོ། །འབར་ཞིང་སེར་བ་ཞེས་བྱ་བ་ནི་མདོག་རྣམ་པར་བསྒྱུར་ཞིང་འཇིགས་སུ་རུང་བ་ཉིད་དུ་བསྟན་ཏོ། །སྔོ་ཞིང་ཞེས་བྱ་བ་ནི་དབྱིབས་རྣམ་པར་གྱུར་པའོ། །སྣ་ལེབ་ཅིང་མི་སྡུག་པ་དང་ཞེས་བྱ་བ་ནི་གང་མཐོང་ན་བལྟ་བར་མི་སྡུག་པ་ལ་བ་ལང་གི་སྣ་ལྟ་བུ་གང་ཡིན་པའོ། །སྣ་ལེབ་ཅེས་སྨོས་པས་ནི་རྣམ་པར་འགྱུར་བའོ། །མི་སྡུག་པ་ནི་འཇིགས་སུ་རུང་བའོ། །མེ་འབར་བ་ལྟ་བུའི་སེར་བའི་སྐྲ་དང་ཁ་སྤུ་གང་ཡིན་པ་ནི་དེའོ། །མདོག་མུན་པ་ལྟར་གནག་པ་དེ་ནི་ཆར་སྤྲིན་ལྟར་གནག་པའོ། །འབའ་ཞིག་སེམས་ཞེས་བྱ་བ་ནི་དེ་དག་འཆི་བར་འགྱུར་རོ་སྙམ་དུ་སེམས་པས་སློང་བ་ལས་གཞན་ཡིད་ལ་མི་བྱེད་བར་དེ་འབའ་ཞིག་སེམས་པའི་ཕྱིར་རོ། །སྙིང་རྗེ་ཅན་ལ་འདི་ལྟ་བུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་སྟེ། གསུམ་པོ་འདིའི་བསྡུས་པའི་དོན་ནི་བཀྲེས་པའི་སྡུག་བསྔལ་གསོ་བའི་ཁ་ཟས་རྙེད་དཀའ་བ་དེས་གནོད་པའི་སྡུག་བསྔལ་དང༌། ཡང་ན་བཀྲེས་པའི་སྡུག་བསྔལ་བཟློག་པའི་ཁ་ཟས་རྙེད་ཀྱང་མི་དགེ་བ་བསགས་པའི་རྒྱུས་སྡུག་བསྔལ་བ་སྟེ། རྣམ་པ་ཐམས་ཅད་དུ་སྡུག་བསྔལ་ཞིང་དེའི་འབྲས་བུ་ཡང་སྡུག་བསྔལ་བའི་དབང་དུ་བྱས་ནས་བསམ་པ་དག་པས་དེ་དག་ལ་སྙིང་རྗེ་དེ་བས་ཆེར་ཡང་གྱུར་ཞེས་བྱ་བ་བསྟན་ཏོ། །འོན་ཏེ་སྙིང་རྗེ་དང་ལྡན་ཞིང་ནུས་པ་དང་ལྡན་པ་དེ་མེད་པའམ་ནུས་པ་མེད་པ་འདི་གཉིས་ཀྱིས་ནི་རེ་ཞིག་རྣམ་པ་ཐམས་ཅད་དུ་རྙེད་དཀའོ། །ཉིན་རེ་བཞིན་ཡང་དེ་བཙལ་བས། །ཞེས་བྱ་བ་ནི་དུས་


DTG168_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ཚེ་རྙེད་ནས་བྱ་བ་བྱས་པར་གྱུར་པ་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་དོན་ནི་མེད་པར་འགྱུར། །ཞེས་བྱ་བ་ནི་བཀྲེས་པའི་སྡུག་བསྔལ་གསོ་བའི་ཁ་ཟས་རྙེད་པའོ། །དེ་ལྟ་བུའི་ཁ་ཟས་ཟ་བ་རྣམས་ཞེས་བྱ་བ་ནི་སྙིང་རྗེ་ཅན་ལ་དེ་ལྟ་བུའི་ཁ་ཟས་ཟ་བ་རྣམས་ཀྱི་ཟས་ནི་རྙེད་པར་དཀའ་བའོ། །སྙིང་རྗེ་མེད་ཅིང་ཡིད་ནི་མ་ཞི་བ། །ཞེས་བྱ་བ་ནི་སྙིང་རྗེས་སྟོང་པའི་ཕྱིར་མ་ཞི་ཞིང་མི་དགེ་བའི་ཡིད་གང་ཡིན་པ་དེ་དག་སྟེ། འདིས་ནི་མི་ནུས་ཀྱང་རྟག་ཏུ་དེའི་ཁ་ཟས་ཀྱི་རྣམ་པ་ལ་གནས་པའོ། །ཚེ་འདི་དང་ནི་ཕ་རོལ་རང་དོན་སྲེག །ཅེས་བྱ་བ་ནི་སྙིང་རྗེའི་སྡུག་བསྔལ་བ་སྟེ། མཐོང་བའི་ཆོས་དང་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལོ། །ཡང་ན་ཚིགས་བཅད་གསུམ་པས་ནི་སྔར་བཤད་པའི་རྣམ་པ་བཞིའི་དབང་དུ་བྱས་པ་སྟེ། སྙིང་རྗེ་དང་ལྡན་ཞིང་ནུས་པ་དང༌། མི་ནུས་པའི་སྙིང་རྗེ་དང་ལྡན་པ་དང༌། མི་ནུས་ཤིང་སྙིང་རྗེ་དང་བྲལ་བ་དང༌། སྙིང་རྗེ་དང་མི་ལྡན་ཞིང་ནུས་པ་སྟེ་བཞི་པོ་དེ་དག་གི་དབང་དུ་བྱས་པའོ། །དེ་ལྟ་བུའི་ཁ་ཟས་ཟ་བ་རྣམས་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་ཞིང་མི་ནུས་པ་དང་ནུས་པའི་དབང་དུ་བྱས་པའོ། །སྙིང་རྗེ་མེད་ཅིང་ཡིད་ནི་མ་ཞི་བ། །ཞེས་བྱ་བ་ནི་སྙིང་རྗེ་མེད་ཅིང་ནུས་པའི་དབང་དུ་བྱས་པའོ། །ཚེ་འདི་དང་ནི་ཕ་རོལ་རང་དོན་སྲེག །ཅེས་བྱ་བ་ནི་སྙིང་རྗེ་དང་བྲལ་ཞིང་མི་ནུས་པའི་དབང་དུ་བྱས་པའོ། །འདི་དག་སྡུག་བསྔལ་ནམ་ཞིག་མེད་པར་འགྱུར། །ཞེས་བྱ་བ་ནི་མཐོང་བའི་ཆོས་སམ་ཕྱི་མ་ལའོ། །གཞན་གསོད་པ་ལ་ཞུགས་པ་འདི་ལས་ཇི་ལྟར་བཟློག་པར་བྱ་ཞེས་བྱ་བ་ནི་གཞན་གྱི་སྲོག་གཅོད་པར་བྱེད་པ་ལས་བཟློག་པའོ། །རེ་བ་བཟློག་པ་ངོ་འཛུམ་གནག་གྱུར་པ། །ཞེས་བྱ་བ་ནི་རེ་བ་ཕྱིན་ཅི་ལོག་ཏུ་གྱུར་ཅིང་གཞན་དུ་སྟེ། འདོད་པའི་གགས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །རེ་བ་ཕྱིན་ཅི་ལོག་ཏུ་གྱུར་པས་བཞིན་གྱི་མདོག་ཉམས་པར་བྱས་པ་གང་ཡིན་པ་དེ་ནི་རེ་བ་བཟློག་པས་ངོ་འཛུམ་གནག་པར་གྱུར་པའོ། །བུ་ཡུག་གིས་ཀུན་ཏུ་འདྲེས་པའི་རླུང་ནི་བུ་ཡུག་རླུང་ངོ༌། །བུ་ཡུག་རླུང་གིས་རྙིས་པར་བྱས་པ་ནི་བུ་ཡུག་རླུང་གིས་རྙིས་པ་སྟེ། དེ་ལྟ་བུའི་པདྨ་ནི་བུ་ཡུག་རླུང་གིས་རྙིས་


DTG168_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པདྨའོ། །བརྟན་ཞིང་རྒྱས་པ་ཞེས་བྱ་བ་ལ་བརྟན་པ་དང་རྒྱས་པ་ནི་བརྟན་ཞིང་རྒྱས་པའོ། །བརྟན་པའི་ཁྱད་པར་ནི་རྒྱས་པ་སྟེ་རྣམ་པ་གཉིས་སོ། །ནད་ལ་སོགས་པས་རྒྱས་པར་གྱུར་པ་ནི་དེ་ལྟ་བུ་མ་ཡིན་ནོ། །བདག་རང་ཤི་བ་ཞེས་བྱ་བ་ནི་མངོན་པར་འདོད་པའི་སྦྱིན་པ་མ་ཡིན་པའོ། །གསོན་པའི་ཤ་ཡང་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་འདོད་པའི་སྦྱིན་པའི་དངོས་པོ་གཞན་ལ་མེད་པའོ། །འདི་དག་བདག་གི་ཐ་དད་དུ། །ཞེས་བྱ་བ་ལ་སོགས་པས་ནི་མི་སྤྱིན་པ་ནི་རྗེས་སུ་མཐུན་པ་མ་ཡིན་པ་སྟེ། སྐྱོན་གསུམ་པོ་འདི་སྤངས་པའི་ཐབས་བསྟན་པར་འདོད་པས་སོ། །དེ་བས་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་བརྩམས་སོ། །གདུངས་པའི་རྨ་འདྲ་བ་ཞེས་བྱ་བ་ནི་འདི་ལྟ་བུའི་མཚན་ཉིད་དེ་རྟག་ཏུ་ན་བ་འདི་ལྟ་བུའི་ལུས་ཏེ། རྟག་ཏུ་ན་བ་ནི་ལུས་ནད་དང་བྲལ་བ་མེད་པའི་ཕྱིར་རོ། །རྟག་ཏུ་ན་བའོ་ཞེས་བསྟན་པ་ལ། ཇི་ལྟར་རྟག་ཏུ་ན་བ་ཉིད་ཡིན་ཞེ་ན་ནད་ཀྱི་འབྱུང་ཁུང་ཞེས་སྨོས་ཏེ། ནད་ནི་གནོད་པ་བྱེད་པ་སྟེ། དེ་ནི་ཚོར་བར་བྱེད་པའི་ཕྱིར་གདུངས་པའི་རྨ་ལ་སོགས་པའི་ནད་ཀྱི་ཡང་འབྱུང་གནས་ཡིན་པའི་ཕྱིར་རོ།། ཡང་ན་ནད་ཀྱི་འབྱུང་ཁུང་ཞེས་བྱ་བ་ནི་ནད་ཀྱི་ཚོར་བ་སྟེ། དེའི་འབྱུང་གནས་ཡིན་པའི་ཕྱིར་ཏེ། གང་ཅུང་ཟད་ཚོར་བ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །དགོས་པ་ཁྱད་པར་ཅན་དུ་སྤྱད་པ་ཡིས། །ཞེས་བྱ་བ་ནི་འབྲས་བུ་དང་བྲལ་བ་ནི་སྡུག་བསྔལ་ཉེ་བར་ཞི་བ་སྟེ། དེ་ཉིད་ཀྱི་ཁྱད་པར་ནི་སྔར་བསྟན་པའི་རྣམ་པ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ལ་སྡུག་བསྔལ་གྱིས་ཉེ་བར་སྤྱད་པ་ནི་དགོས་པ་ཁྱད་པར་ཅན་དུ་སྤྱོད་པའོ། །ཤིན་ཏུ་བཟང་པོར་བྱ་བ་ཞེས་བྱ་བ་ནི་གཅིག་ཏུ་ནད་གཏན་དུ་ཉེ་བར་ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང༌། ཤིན་ཏུ་བཟང་པོ་ནི་གཞན་ལ་ཕན་འདོགས་པ་མཆོག་ཏུ་བྱེད་པའི་ཕྱིར་ཏེ། ཉན་ཐོས་ལ་སོགས་པ་ཡང་རྩ་འབིགས་ཤིང་གསོ་བ་སྟོན་པར་བྱེད་དེ། འདིར་བཅོས་པ་གཉིས་ཀྱི་ཁྱད་པར་ནི་གདུངས་པའི་རྨའི་རྩ་བཀྲོལ་ཏེ། འདི་དག་ལ་ནི་དགོས་པ་


DTG168_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་དུ་སྤྱད་པ་མེད་དེ། དེ་བས་ན་འདི་ནི་ཤིན་ཏུ་བཟང་པོ་མ་ཡིན་ནོ། །དེ་རབ་ཏུ་དགའ་བར་གྱུར་པས་མིག་རྩ་དང༌། གདོང་གི་མདངས་བཟང་པོ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བར་གྱུར་པས་མིག་རྩ་དང་གདོང་གི་མདངས་བཟང་པོའོ། །བདག་གི་ཤ་ནི་ཁྲག་དང་བཅས་པ་འདི། །ཞེས་བྱ་བ་འདིས་ནི་སྦྱིན་པའི་དངོས་པོ་དོན་དུ་གཉེར་བའི་མཚན་ཉིད་དང་ལྡན་པ་ཉིད་དུ་བསྟན་ཏོ། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །ཞེས་བྱ་བ་འདིས་ནི་ཁྱེད་ཅག་གི་དོན་དུ་འདི་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ཡོངས་སུ་གཏོང་བད་ཡོངས་སུ་གཏོང་བ་ནི་སྔར་ཡོངས་སུ་བཏང་བའོ་ཞེས་གཞན་གྱི་ངོར་བྱེད་པ་བཞིན་ཏེ། ལེན་པར་མི་འགྱུར་བའི་རྒྱུ་མེད་པར་བསྟན་པ་ཡིན་ནོ། །མགྲོན་དུ་བྱར་རུང་ན་ཞེས་བྱ་བ་ནི་མགྲོན་ཉིད་དུ་རུང་བ་ནི་མགྲོན་བྱར་རུང་བའོ། །ཆེན་པོ་འབྱུང་བར་འགྱུར་བ་ནི་འབྲས་བུ་ཆེན་པོ་སྟེ། འཇིག་རྟེན་ཐམས་ཅད་ལ་ཕན་པའི་ཕྱིར་རོ། །མངོན་པར་མཐོ་བ་འབྱུང་བ་ནི་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཁྱད་པར་ཅན་གྱི་མངོན་པར་མཐོ་བ་སངས་རྒྱས་ཉིད་ལ་མངོན་པར་མཐོ་བ་ཞེས་བརྗོད་དོ། །ཡིད་མ་ཆེས་ནས་ཞེས་བྱ་བ་ནི་གལ་ཏེ་ཡིད་ཆེས་ན་ནི་བརྟན་པ་ཡིན་ཏེ། ཅུང་ཟད་དེ་ལ་མི་བརྟན་པ་ཡོད་པས་གང་གི་ཕྱིར་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲ་བས་མི་བརྗོད་དེ། དེ་བས་ན་ཡིད་མི་ཆེས་པའོ་ཞེས་རྟོགས་པ་ཡིན་ནོ། །བདག་གི་སྡུག་བསྔལ་དག་ཅེས་བྱ་བ་ནི་བཀྲེས་པའི་སྡུག་བསྔལ་ལོ། །སློང་བ་ཉིད་དམན་པ་ཡིན་པས་སློང་ཞིང་དམན་པའོ། །དེ་ལས་དུས་ལ་བབ་པ་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་བཏུང་བར་བྱ་བ་སྟེ། རང་གི་ཁྲག་དང་ཤའོ། །སྦྱིན་པ་ལ་རྩོལ་བ་ནི་སྦྱིན་བར་སྩོལ་བ་སྟེ། རང་གི་ཤ་ཁྲག་སྟེ་སྦྱིན་པར་སྩོལ་བའོ། །རྟབ་རྟབ་པོར་གྱུར་ཏེ་མི་བཟོད་ཅིང་སེམས་འཁྲུགས་ནས་ཞེས་བྱ་བ་ལ། རྟབ་རྟབ་པོར་གྱུར་པ་ནི་རང་གི་ཤ་དང་ཁྲག་སྦྱིན་པར་བྱེད་པས་སོ། །དེའི་སྡུག་བསྔལ་དེས་མི་བཟོད་ཅིང་སྦྱིན་པར་བྱ་བ་མ་ཡིན་པ་སྦྱིན་པ་སྟེ། དེ་གཉིས་ཀྱིས་སེམས་འཁྲུགས་པར་གྱུར་པའོ། །སྦྱིན་པ་ལ་ཧ་ཅང་དགྱེས་ཆེས་པས་ཞེས་བྱ་བ་ནི་


DTG168_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་བྱས་པའི་དགྱེས་པ་ནི་སྦྱིན་པ་ལ་དགྱེས་པའོ། །དེ་ལ་ཧ་ཅང་ཞེས་བྱ་བ་ནི་ཤིན་ཏུ་རོ་ཚོར་བ་སྟེ། སྦྱིན་བ་ལ་ཁ་ཅང་དགྱེས་པའོ། །དེ་བས་ན་ཕན་པ་དང་གནོད་པ་ཞེས་བྱ་བ་ལ། ཕན་པ་དང་གནོད་པའི་རིམ་པ་ནི་ཕན་པ་དང་གནོད་པར་གྱུར་པ་སྟེ། རིམ་པ་དང་གང་གིས་ཕན་པ་དང་གནོད་པའོ། །དེ་ཉིད་ནི་འོག་ནས་འབྱུང་བ་བཞིན་དུ་རྟོགས་པར་བྱའོ། །མི་མཁྱེན་པ་ཡང་མ་ལགས་ཏེ། ཞེས་བྱ་བ་ནི་མཁྱེན་པ་ཉིད་དེ། སྐྱེས་བུ་རྣམས་ལ་གནོད་པར་འབྱུང་བ་ནི་སྐྱེ་དགུ་རྣམས་ལ་གནོད་པ་སྟེ། ཕན་པ་མ་ཡིན་པ་བསྐྱེད་པའོ། །དེ་ལ་ཕན་པ་མ་ཡིན་པ་འབྱུང་བ་ལ་ཅིའི་ཕྱིར་དེ་དགའ་བ་ཡིན་ཞེ་ན། གཞན་ལ་གནོད་པས་འཚོ་ཞིང་དགའ་བ་སྐྱེ་བའི་ཕྱིར་རོ། །གཞན་ལ་གནོད་པར་བྱེད་པ་ནི་གཞན་ལ་གནོད་པ་སྟེ། དེས་འཚོ་ཞིང་དགའ་བ་གང་ཡིན་པ་དེ་དག་ནི་གཞན་ལ་གནོད་པས་འཚོ་ཞིང་དགའ་བ་སྐྱེ་བའོ། །དེ་བས་ན་དེ་དག་ནི་དེས་དགའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་བཞིན་དེ་ལྟར་ལགས་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཆོས་ཉིད་ཀྱི་རིགས་པས་རིགས་པ་ཉིད་དུ་བསྟན་ཏོ། །ད་ནི་ཕན་པའི་རིམ་བ་ལ་མི་གཟིགས་པའི་དབང་དུ་བྱས་ཏེ། འདི་སྐད་སྟོན་ཏེ། སྦྱིན་པ་ལ་ནི་རྣམ་པ་འདི་གསུམ་བསམ་པར་བྱ་སྟེ། ལེན་པ་པོ་དང༌། སྦྱིན་པ་པོ་དང༌། སྦྱིན་པར་བྱ་བ་སྟེ། གསུམ་པ་ནི་ཕུན་སུམ་ཚོགས་པ་ཡིན་ན་ནི་སྦྱིན་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ལ་ལེན་པ་པོ་ཡོན་ཏན་མེད་པའི་དབང་དུ་བྱས་ནས། སྐྱེ་དགུ་རྣམས་ལ་གནོད་པ་གང་དང་གང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྦྱིན་པ་པོ་དང་སྦྱིན་པའི་དབང་དུ་བྱས་ནས། རྒྱལ་སྲིད་དཔལ་འདི་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །དེ་ལས་སྐྱེ་དགུ་ལ་ཕན་པའི་དབང་དུ་བྱས་ནས། རྒྱལ་སྲིད་དཔལ་འདི་ཞེས་བྱ་བའི་ཚིགས་བཅད་ཕྱེད་དང་པོའོ། །དེ་བས་བདག་གི་ཤ་སྦྱིན་སྩོལ་བའི་ཞེས་བྱ་བ་ནི་སྦྱིན་བའི་དངོས་པོའི་དབང་དུ་བྱས་པ་སྟེ། བདག་གི་ཤ་སྦྱིན་པར་སྩོལ་བ་ཐོང་ཤིག་ཅེས་བྱ་བ་ནི་རང་གི་ཤ་སྦྱིན་པ་ལ་སྩོལ་བ་ནི་རང་གི་


DTG168_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་སྦྱིན་པ་ལ་སྩོལ་བའོ། །བདག་གི་ཤ་སྦྱིན་པར་སྩོལ་བ་ཉིད་ནི་བདག་གི་ཤ་སྦྱིན་པར་སྩོལ་བ་སྟེ། ངེས་པར་བཟུང་བ་ནི་སྩོལ་བ་དང་གཏོང་བ་དང་སྦྱིན་པ་རབ་ཏུ་དགག་པ་སྟེ། རང་གི་ཤ་སྦྱིན་པ་ནི་ངེས་པར་བཟུང་བའོ། །གཞན་གྱི་ཤ་སྦྱིན་པ་ནི་དགག་པ་མ་ཡིན་ནོ། །འདིས་ནི་འདི་ལྟར་སྟོན་པ་ཡིན་ཏེ། གལ་ཏེ་འདི་ལྟར་སྦྱིན་པར་བྱ་བ་ཡིན་ན་ནི་དགྲ་ལ་སོགས་པ་སྦྱིན་པར་བྱ་བ་སྟེ། གལ་ཏེ་ངེས་པར་ཤ་ཉིད་སྦྱིན་པར་བྱའོ་ཞེ་ན། གཞན་དག་གི་ཤ་ཉིད་སྦྱིན་པར་བྱ་སྟེ། འདི་ཉིད་ངེས་པར་བཟུང་བའོ། །སྨྲས་པ། ལོག་པའི་ལམ་དུ་ཡིད་དམ་བཅས་པ་ཞེས་སྨོས་ཏེ། ལམ་མ་ཡིན་པ་ལ་ངེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དུ་ཞེས་བྱ་བ་ནི་རྒྱུའི་དོན་ཏོ། །ལོག་པའི་ལམ་དུ་ཡིད་དམ་བཅས་པ་ཉིད་བསྒྲུབ་པའི་ཕྱིར་སྐྱེས་བུ་དཔའ་བོ་ཁྱོད་ཀྱི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མི་བཟོད་པ་ནི་དང་དུ་ལེན་པར་མི་ནུས་པ་སྟེ། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མཐུས་བསྐྱབས་ཞེས་བྱ་བ་ནི། ཁྱོད་ཀྱི་མཐུས་བསྐྱབ་པའི་ཕྱིར་མི་བཟོད་དོ། །འཇིག་རྟེན་ཞེས་བྱ་བ་ནི་ག་ལས་ཤེ་ན། དེ་བསྒྲུབ་པའི་ཕྱིར་གཉིས་པའི་དོན་ཏོ། །ཕུང་བར་བྱེད་པ་ལ་མཁས་པ་ནི་མཁས་པ་སྟེ། འཇིག་རྟེན་ཕུང་ཞིང་གནོད་པར་བྱེད་པ་ལའོ། །དེ་ཡང་གནོད་པ་ནི་སྐྱེ་བ་གཞན་དུ་དུས་མཐའ་མེད་པར་ངན་སོང་གནོད་པའོ། །ཕུང་བར་བྱེད་པ་ལ་མཁས་པ་དེས་ཚུལ་གྱིས་ཞེས་སྨྲས་སོ། །ཁྱོད་ཀྱི་ཤ་དང་ཁྲག་སློང་བའི་ཚུལ་གྱིས་སོ། །ཚུལ་མིན་སྐྱེ་དགུ་ཞེས་བྱ་བ་ནི་དེས་ཕུང་བ་ནི་གང་གི་ཕྱིར་སྐྱེ་དགུ་རྣམས་རྒུད་པར་འགྱུར་བའོ། །ཡང་ན་ཚུལ་མིན་སྐྱེ་དགུ་ནི་ཁྱོད་ཀྱི་མཐུས་བསྐྱབས་པའི་འཇིག་རྟེན་མི་བཟོད་ཅིང་ཁྱོད་དང་བྲལ་བར་མི་བཟོད་པའོ། །དེ་ལྟར་ཐབས་འདིས་སྐྱེ་དགུ་ཚུལ་མ་ཡིན་པར་ཕུང་བར་འདོད་པའོ། །ད་ནི་རང་ཉིད་ཀྱི་ཤ་ཉིད་གཏང་བར་བྱའོ་ཞེས་འདིས་ངེས་པར་གཟུང་བ་སྐབས་དང་བཅས་པས་ཤ་ནི་གཞན་གྱི་སྦྱིན་པར་བྱའོ་ཞེས་འདིས་འདོད་པ་ཡིན་ཏེ། དེས་ན་བློན་པོ་ལ་སོགས་པས་ངེས་པར་བཟུང་བ་དོན་མེད་པར་མཐོང་བ་སྟེ། མཆོད་སྦྱིན་ཚེན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་སྨོས་


DTG168_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཚིལ་དང་ཞག་ལ་སོགས་པའི་བཟའ་བ་གང་ཡིན་པ་དེ་ནི་ཚིལ་དང་ཞག་ལ་སོགས་པའོ། །འདིས་ནི་སྦྱིན་པའི་དངོས་པོའི་གྱ་ནོམ་པ་བསྟན་ཏོ། །སུམ་ཅུ་རྩ་གསུམ་ཞེས་བྱ་བ་འདིས་ན་ལེན་པ་པོ་བསྟན་ཏོ། །བསྲེགས་པ་ཞེས་བྱ་བ་ནི་མེ་ལ་བསྲེགས་པའི་ཕྱིར་ཏེ་གུས་པ་མེད་པར་བསྟན་ཏོ། །མགུ་ཞེས་བྱ་བ་འདིས་ནི་ལེན་པ་རྗེས་སུ་འཛིན་པ་ཉིད་དུ་བསྟན་ཏོ། །གུས་པར་བྱིན་ཡང་ཞེས་བྱ་བ་ནི་མེ་ལ་མངོན་པར་བསྲེགས་པ་གུས་པ་མེད་པ་དེའི་གཉེན་པོ་ཡིན་ནོ། །ཁྱོད་ཀྱིས་ཞེས་བྱ་བ་འདིས་ནི་སྦྱིན་པ་པོའི་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་ཚིལ་དང་ཞག་ལ་སོགས་པ་ཞེས་བྱ་བ་བསྟན་པ་དེའི་གཉེན་པོ་སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །འདོད་མི་འགྱུར་ཞེས་བྱ་བ་འདིས་ནི་མགུ་བའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །མོད་ཀྱི་ཞེས་བྱ་བ་ནི་འོན་ཀྱང་ཞེས་བྱ་བའི་དོན་ཏོ། །ལྷའི་ཐུགས་ནི་བདག་ཅག་ལྟ་བུའི་སྐྱེ་བོས་བཅོམ་པ་མ་ལགས་ཞེས་བྱ་བ་ནི་འདི་སྦྱིན་པར་བྱ། འདི་ནི་སྦྱིན་པར་མི་བྱ་ཞེས་སོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་བདག་གི་ཤ་སྦྱིན་སྩོལ་བ་ཐོང་ཞེས་སྟོན་ཅེ་ན། དེའི་ལན་བསྟན་པའི་ཕྱིར། བདག་གི་དོན་དུ་གཅེས་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྐོ་ལོང་གསོལ་བར་གྱུར་ཏོ་ཞེས་བྱ་བ་ནི་འདི་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བའི་རྐོ་ལོང་གསོལ་བར་གྱུར་པའོ། །དེ་ལྟར་འདས་པའི་ཚིག་དེས་ནི་དོན་མེད་པ་ཉིད་དུ་བསྟན་པ་སྟེ། རང་གི་ཤ་སྦྱིན་པའི་དབྱེ་བ་དང་ལྡན་པའོ། །ད་ནི་རང་གི་ཤ་སྦྱིན་པ་མ་ཡིན་པ་ཉིད་ལས་བརྩམས་ཏེ། གནོད་སྦྱིན་ལྔ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྔ་པོ་ཞེས་བྱ་བ་ནི་ཉུང་བ་ཉིད་དོ། །ཐམས་ཅད་ཅེས་བྱ་བ་ནི་དེའི་གཉེན་པོ་སྟེ་མང་པོའོ། །འདི་རྣམས་ཀྱི་ཞེས་བྱ་བ་ནི་སྔར་བསྟན་པའི་མཚན་ཉིད་ཀྱི་སྐྱེ་དགུ་ལ་ཕན་པར་འཇུག་པའི་མཚན་ཉིད་དེ། དེའི་གཉེན་པོའི་འབངས་ཞེས་སྨོས་ཏེ། ཁྱད་པར་མེད་པས་བཟང་པོ་དང༌། བར་མ་དང༌། ཐ་མའི་འགྲོ་བ་དག་གོ །འདི་ལྟ་བུ་ཆོས་གང་གི་ལམ་ལགས་ཞེས་བྱ་བ་ནི་སྔོན་མ་


DTG168_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཆོས་ཀྱི་ལམ་མོ། །བདག་ཅག་ལ་ཞེས་བྱ་བ་ནི་བདག་གི་དོན་ནི་དྲུག་པའོ། །དེ་ལ་ཤ་དང་ཁྲག་ཅེས་བྱ་བ་དེ་ལ་ནི་འདི་དག་ལ་ཤ་དང་ཁྲག་ཡོད་བཞིན་དུ་ཞེས་བྱ་བའི་ཚིགས་བཅད་བརྩམས་སོ། །བདག་གི་ཤ་སྦྱིན་པར་སྩོལ་བ་འདི་ཐོང་ཞེས་བསྟན་པ་ལ་ཇི་ལྟར་མི་གཏང་བ་ཡིན་ཞེ་ན། ངེད་ཅག་ལྟ་བུ་ཞེས་བྱ་བ་སྨོས་ཏེ། འཕགས་པ་རྣམས་ལ་ནི་མེད་ཅེས་བྱ་བ་ཡིན་ཏེ། བརྫུན་གྱི་ཚིག་མེད་པའི་ཕྱིར་དང༌། ཚོགས་པར་མི་འབྱུང་བ་དང༌། རྩུབ་པའི་ཚིག་མེད་པའི་ཕྱིར་རོ། །གསལ་བར་བསླངས་པ་ལ་ཞེས་བྱ་བ་ནི་ངེད་ཅག་ལྟ་བུས་ནི་མ་བསླངས་ཀྱང་ཡོད་པར་གྱུར་ན་མཚན་མ་ལས་ཤེས་པར་བྱ་སྟེ། སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལྔ་པོ་འདི་དག་ཅེས་བྱ་བ་ལ་སོགས་པའི་ཚིག་རྐང་གི་ལན་ཆོས་ཀྱི་ལམ་ཉིད་དུ་བསྟན་པའི་ཕྱིར། ཆོས་ཀྱི་བཀའ་ཁྲིམས་ཞེས་བྱ་བ་ལ་སོགས་པའོ། །མདུན་དུ་འགྲོ་བ་ཡིན་པས་ཐོག་མར་འགྲོ་བའོ། །ངན་པའི་ལམ་དུ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དང༌། ཚིག་རྩུབ་པོའི་མཚན་ཉིད་ཀྱིས་སོ། །ངའི་ཡང་ཡིན་ལ་སྤྱོད་པའི་ལམ་ཡིན་བས་ངའི་སྤྱོད་པའི་ལམ་མོ། །དེའི་རྗེས་སུ་འགྲོ་བ་ནི་ངའི་སྤྱོད་པའི་ལམ་གྱི་རྗེས་སུ་འཇུག་པ་དེ་དག་གོ །ང་ཡི་འབངས་རྣམས་གནས་སབས་ཇི་ལྟར་གྱུར། །ཞེས་བྱ་བ་ནི་ཤིན་ཏུ་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིར་སྦྱིན་པས་ནི་ཆོས་ཀྱི་ལམ་ཉིད་དུ་བསྟན་ལ། སྤྱིན་པ་མ་ཡིན་པས་ནི་ཆོས་མ་ཡིན་པའི་ལམ་ཉིད་དུ་བསྟན་ནས། ང་ནི་གང་སྔར་བསྟན་པའི་འབངས་ཐམས་ཅད་མགོན་མ་མཆིས་པར་བགྱིས་པའམ་ཞེས་བྱ་བ་དེའི་དབང་དུ་བྱས་པ་སྟེ། འདི་ཡང་སྐྱེ་དགུ་རྣམས་ཀྱི་དོན་གྱི་ཕྱིར། །ཞེས་སྨོས་ཏེ། འབངས་ཐམས་ཅད་མགོན་མ་མཆིས་པར་བགྱིས་པ་ཉིད་འགྲོ་བའི་དོན་བཟང་པོ་སྟེ། འགྲོ་བའི་དོན་ནུས་པ་ཞེས་བྱ་བའི་དོན་ཏོ། །སེར་སྣས་ཕྲོགས་པ་ཉིད་ནི་སེར་སྣས་ཕྲོགས་པར་གྱུར་པ་སྟེ། སེར་སྣས་ཕྲོགས་པའི་སྙིང་གང་ཡིན་པ་དེ་ནི་སེམས་སེར་སྣས་ཕྲོགས་པར་གྱུར་པའོ། །དགའ་བ་དང་གུས་པ་ནི་དགའ་བ་དང་གུས་པ་ནི་དགའ་བ་དང་གུས་པ་སྟེ། ང་ལ་དགའ་བ་དང་


DTG168_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་ནི་ང་ལ་དགའ་བ་དང་གུས་བ་དང་བཅས་པའོ། །བྱམས་པ་དང༌། བག་ཕབ་པ་ནི་བྱམས་པས་བག་ཕབ་པ་སྟེ། དེ་གཉིས་ཀྱི་སྙིང་པོ་གང་ཡིན་པ་དེ་ནི་བྱམས་པ་དང༌། བག་ཕབ་པའི་སྙིང་པོ་ཉིད་དོ། །འདི་ལྟར་བདག་ཅག་ལ་མི་བྱམས་བ་ཅི་ལས་གྱུར་ཞེས་བྱ་བ་འདིས་ནི་བག་ཕབ་པའི་སྙིང་པོ་བསྟན་ཏོ། །རྗེའི་ཆེད་དུ་འཚལ་བ་ལ་ཞེས་བྱ་བ་ལ་སོགས་པ་དང༌། འདི་ལྟར་བདག་ཅག་ལ་མི་བྱམས་པ་ཅི་ལས་གྱུར་ཞེས་བྱ་བའི་ལན་ནི། ང་ཁྱེད་ལ་མི་འཇར་ཞིང་མི་བྱམས་པ་ཡང་མ་ཡིན་ལ་ཞེས་བྱ་བ་ཡིན་ཏེ། འཇར་བ་ནི་བག་འབེབས་པར་བྱེད་པའི་དོན་ཏོ། །འཇར་བ་མེད་པ་ནི་མི་འཇར་བའོ། །མི་འཇར་བ་ཡང་ཡིན་ལ་མི་བྱམས་པ་ཡང་ཡིན་པས་ན་མི་འཇར་ཞིང་མི་བྱམས་པའོ། །ཤ་དང་ཁྲག་བདག་ཅག་ལ་མཆིས་བཞིན་དུ་ཞེས་བྱ་བ་ལ་སོགས་པའི་ལན་ནི། མ་བྱིན་དུ་དོགས་པ་ཡང་མེད་མོད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་དོགས་ཤིང་རྒལ་དཀའ་བ་གང་ཡིན་པ་དེ་ནི་དོགས་ཤིང་རྒལ་དཀའ་བ་སྟེ། དཀའ་བས་རྟོགས་པ་གང་ཡིན་པའི་བྱམས་པའི་ལམ་གང་ཡིན་པ་དེ་ནི་རྟོགས་པར་དཀའ་པའི་དོགས་པའོ། །རྟོགས་པར་དཀའ་བ་ཡང་ཡིན་ལ་རྒལ་བར་དཀའ་བ་ཡང་ཡིན་པས་དོགས་པ་དང་རྒལ་དཀའ་ཞིང་རྟོགས་པར་དཀའ་བ་སྟེ། སྐལ་བའི་ཚུལ་འདི་ཆུང་བ་དང་ཟད་པར་གྱུར་པ་དང་ཞེས་བྱ་བར་སྦྱར་རོ། །སློང་བ་རྣམ་པར་མཛེས་པ་གང་ཡིན་པ་དེ་ནི་སློང་བ་མཛེས་པ་སྟེ། སློང་བ་འཕེལ་བ་ཞེས་བྱ་བའི་དོན་ཏོ། །དབུལ་བ་ཞེས་བྱ་བའི་ཚིག་གིས་ནི་འབྱོར་པ་དང་ལྡན་པ་ནོར་གྱིས་རྒུད་པར་གྱུར་པ་ལ་སྟེ། དབུལ་ཞིང་ཕོངས་པར་གྱུར་པ་ལའོ། །ཡང་ན་དབུལ་བ་ཉིད་སློང་བ་འཕེལ་བ་ཡིན་ནོ། །ཡང་ན་ནོར་རིམ་གྱིས་ཉུང་ངུར་གྱུར་པ་ནི་མཛའ་བོ་ནོར་དང་ལྡན་པ་རྣམས་ལ་སློང་བ་འཕེལ་བ་མཛེས་པ་ཡིན་ཏེ། དེ་ཟད་ཅིང་དབུལ་པོར་གྱུར་པ་མཛའ་བོ་དག་ལ་སློང་བ་འཕེལ་བ་མཛེས་པ་ཡིན་ནོ། །འདི་ཇི་ལྟར་ཤེས་པར་བྱ་སྟེ། ནོར་དང་ལྡན་པ་ནི་དབུལ་པོ་ལ་མི་མཛེས་ཏེ། དེ་བས་ན་ང་ལ་ནི་ནོར་ཟད་


DTG168_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མེད་ལ། གང་ལྟར་བུས་བསྟན་པ་དེ་ཇི་ལྟར་ནོར་དང་ལྡན་པ་ལ་སྦྱར་ཏེ། འབྱོར་པ་ཉུང་ངུར་གྱུར་པ་ལ་ཡང་མི་རིགས་ན། འབྱོར་པ་ཆུང་བའི་མཛའ་བོ་ལ་ནོར་དང་ལྡན་པས་བསླང་བ་ལྟ་ཅི་སྨོས་ཏེ། དེ་བས་ན་ཁྱད་པར་བསྟན་པར་འགྱུར་ཏེ། ཤིན་ཏུ་སྐལ་བས་འགྱུར་བའི་ཕྱིར་རོ། །སྐྱེ་བོ་ཕོངས་པ་རྣམས་ཀྱིས་ཕྱིར་བསྐྱེད་པའི། །ལུས་ནི་ང་བདག་ཉིད་ལ་ཡོད་བཞིན་དུ། །ཞེས་བྱ་བ་འདིས་ནི་སྦྱིན་པའི་དངོས་པོ་ཐ་དད་པ་མེད་པར་བསྟན་ཏོ། །ལུས་ནི་ཆེན་པོ་ཤ་རྒྱས་ཞེས་བྱ་བ་འདིས་ནི་ཉུང་ངུར་གྱུར་པ་མེད་པར་བསྟན་ཏོ། །ཁྱེད་ལ་ཞེས་བྱ་བ་འདིས་ནི་མི་འཇར་ཞིང་མི་བྱམས་པའི་སྐྱོན་མེད་ཅིང་ལུས་རིང་བདག་ལ་སློང་བ་ནི་རིགས་པ་མ་ཡིན་ནོ་ཞེས་སྨོས་ཏེ། བརྒྱ་ལ་འབྱོར་པ་ཟད་པར་མ་གྱུར་ན་ཡང་བྱམས་ཤིང་ཡིད་གཅུགས་པར་བསྟན་པའི་ཕྱིར་དབུལ་བ་ལ་ཡང་སློང་བར་མི་རིགས་སོ། །ནམ་ཡང་ནང་གི་དངོས་པོ་ནི་སློང་བར་རིགས་པ་མེད་དེ། གཞན་ལ་གནོད་པ་དང་འབྲེལ་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། མི་ཤེས་གཞན་གྱི་གནོད་པ་འང་མི་བཟོད་ན། །ཞེས་བྱ་བའི་ཚིགས་བཅད་བརྩམས་སོ། །མི་ཤེས་པ་ཞེས་བྱ་བ་ནི་སྔོན་མ་མཐོང་ཞིང་མ་འདྲིས་པའོ། །ཁྱེད་ཀྱི་གནོད་པ་བདག་གིས་ག་ལ་བཟོད། །ཅེས་བྱ་བ་ནི་འདི་ལྟར་བྱམས་ཤིང་ཡིད་གཅུགས་པའི་དངོས་པོ་དག་ལ་སྟེ། །དེས་ན་ཁྱེད་ལ་ཡང་གནོད་པ་བཏང་སྙོམས་སུ་བྱ་ཞིང༌། གང་འདི་དག་ཁྱེད་ལ་སློང་ན་དེ་ལ་སྦྱིན་པའི་རྗེས་སུ་ཡི་རང་བར་བྱས་ཏེ། འདི་ལྟར་པའི་སྦྱིན་པ་ལ་ཁྱེད་ཅག་གིས་རྗེས་སུ་ཡི་རང་བ་དེ་ལྟར་བྱའོ། །ཇི་ལྟར་འོག་ནས་བརྗོད་པ་ཞེས་བྱ་བ་ནི་མདུན་ནས་སོ། །དེ་ལྟར་རེ་ཞིག་སྦྱིན་པའི་བྱ་བ་རིགས་པ་ཉིད་དུ་བསྟན་ནས། སྔར་བཤད་པའི་དབྱེ་བས་དབྱེ་བ་བསྟན་པའི་ཕྱིར། དེ་བས་ན་ང་ལ་རབ་ཏུ་བྱམས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་ཀྱི་བགེགས་ལ་འཛེམ་པ་མེད་པ་ཞེས་བྱ་བས་ནི་དེ་དག་ཆོས་མ་ཡིན་པ་ཉིད་དུ་བསྟན་པས་འཛེམ་པ་བསྐྱེད་པའི་མཚན་ཉིད་ཀྱི་དབྱེ་བ་བསྟན་ཏོ། །ཇི་ལྟར་དབྱེ་བ་དེ་ཡང་ཆོས་མ་ཡིན་པ་ཉིད་དུ་བསྟན་ཏོ། །ད་ནི་ལོག་པ་ཉིད་དུ་བསྟན་པར་འདོད་


DTG168_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པས། ངའི་དོན་དུ་ཁྱོད་ཅི་སྤྱོད་པ་འདི་ལྟ་བུ་བྱ་བ་མི་རིགས་ཏེ་ཞེས་བྱ་བ་འདི་བརྩམས་སོ། །ངེད་ཅག་གི་དོན་ནི་ངའི་དོན་ཏེ་ངེད་ཅག་གི་དོན་དུའོ། །ཁྱེད་ཅག་གིས་ནམ་ཡང་ངའི་དོན་དུ་སྦྱིན་པའི་བགེགས་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བདག་གི་དོན་དུ་བཟའ་བ་ལ་སོགས་པ་ཞེས་བྱ་བ་ལ་བདག་ཉིད་ཀྱི་ཡིན་པས་བདག་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་ནི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཉིད་དོ། །དེ་ལྟར་བྱེད་པ་ཅི་འདྲར་འགྱུར། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནང་གི་སྦྱིན་པ་ནི་སྔོན་གང་གིས་མ་སྦྱིན་ཏེ་བྱང་ཆུབ་སེམས་དཔའ་དག་གིས་སོ། །ལེགས་སམ་ག་ལ་ཏེ་མ་ལེགས་ཀྱང༌། །ཞེས་བྱ་བ་ནི། ཇི་ལྟར་ལེགས་པ་ཉིད་མ་ཡིན་ནོ། །ཞེས་བརྗོད་པར་བྱ་སྟེ། འདིས་ཀྱང་ཆོས་མ་ཡིན་པ་དང་བདེན་པ་མ་ཡིན་པ་ཉིད་བསྟན་ཏེ་སྦྱིན་པའི་གེགས་སོ། །དེ་ཞེས་བྱ་བ་ནི་ནང་གི་དངོས་པོ་གཏོང་བ་འགོག་པར་བྱེད་པ་སྟེ། འདི་ལྟར་ལེགས་པ་མ་ཡིན་པར་འགྱུར་ཞིང་ཆོས་མ་ཡིན་པ་དང་ལྡན་པ་སྟེ། ཁྱེད་ཅག་ནམ་ཡང་དེ་ལྟ་བུ་མ་བྱེད་ཅིག་པའོ། །ནང་གི་དངོས་པོ་གཏོང་བའི་དགག་པ་གང་ཡིན་པ་དེ་ནི་ལེགས་པ་མ་ཡིན་ལ། དགག་པ་མ་ཡིན་པ་དེ་ནི་ལེགས་པ་ཉིད་དོ། །ཁྱེད་ཀྱི་ནི་སྲོག་གཅོད་པ་ལ་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བ་ལྟ་བུ་ཡིན་ཏེ། དེས་ན་ངའི་རྗེས་སུ་འགྲོ་བར་བྱ་བ་ནི་རིགས་པས་དཔྱད་པར་བྱའོ་ཞེས་བྱ་བ་འདི་བརྩམས་སོ། །ངའི་གྲོགས་རྗེས་སུ་མཐུན་པ་ཞེས་བྱ་བ་བསྟན་པ་ལ། གྲོགས་ཀྱི་ངོ་བོ་ནི་གོགས་ཏེ་བཀའ་ལ་གཏོགས་ཏེ་ཞེས་བྱ་བའི་དོན་ཏོ། །ངེད་ཅག་བྱང་ཆུབ་སེམས་དཔའི་གྲོགས་དེ་དང་མཐུན་པ་ནི་ངའི་གྲོགས་མཐུན་པ་སྟེ། འདི་ནི་གཞན་མི་མཐུན་པའི་ཞེས་བསྟན་པའི་ཚུལ་དུ་འགྱུར་ཏེ། དེ་གང་ཡིན་ཞེ་ན། ལམ་ལོག་པར་འགྲོ་བ་ལས་བཟློག་པའི་སྟེ། ལམ་ལོག་པ་ལས་བཟློག་པ་


DTG168_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ལོག་པར་འགྲོ་བ་དེ་ལས་བཟློག་པའོ། །དེ་གང་ཞེ་ན་ཡིད་དོ། །རིགས་པས་དཔྱད་པར་བྱའོ་ཞེས་བྱ་བ་ནི་གང་ལ་ལ་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་ཡོངས་སུ་གཏོང་བར་བྱེད་པ་སྟེ། གཞན་གང་ཞིག་རྗེས་སུ་ཡི་རང་བར་མི་བྱེད་པ་དེ་ནི་རྗེས་སུ་ཡི་རང་བ་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་རོ་ཞེས་འདིར་ཡང་ཁ་ཅིག་ཞུགས་པར་འགྱུར་ཞེས་འདིར་ཡང་ཁ་ཅིག་ཞུགས་པའོ། །ཅི་སྟེ་རིགས་སམ་མི་རིགས་ཤེ་ན། སྐྱེས་པའི་རབས་ཐོས་པས་ཀྱང་བསོད་ནམས་མེད་པར་འགྱུར་ཏེ། དེ་ན་ནི་བྱང་ཆུབ་སེམས་དཔའ་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཡོད་པའི་ཕྱིར་རོ། །དེ་ལ་རྗེས་སུ་ཡི་རང་བར་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡང་བསོད་ནམས་མ་ཡིན་པར་འགྱུར་ཏེ། གལ་ཏེ་འདས་མ་ཐག་པ་དེ་ལྟར་རིགས་པས་དཔྱད་པར་བྱས་པ་དེ་བས་ན་བསོད་ནམས་མ་ཡིན་པ་གང་ཡིན་བ་དེ་ཉིད་ལོག་པའི་ལམ་དེ་ལས་བཟློག་པར་བྱས་པ་དེ་ལ་རྗེས་སུ་ཡི་རང་བ་དང་མཐུན་པའི་ཚིག་གང་ཡིན་པ་དེ་ནི་རྗེས་སུ་ཡི་རང་བ་དང་མཐུན་པའི་ཚིག་གོ །བཟང་ངོ་ཞེས་བྱ་བ་ཉིད་ནི་བཟང་བ་ཉིད་དོ། །དེ་ལྟར་བྱེད་པ་ཅི་འདྲ་བར་འགྱུར་བ་ལྟ་ཅི་སྨོས། དེ་ལྟར་བྱ་བའི་ཁྱད་པར་བསྟན་པའི་ཕྱིར། ནོར་ནི་གཅིག་པུས་སྤྱད་པ་ཞེས་བྱ་བའི་ཚིགས་བཅད་གཉིས་སྨོས་སོ། །བྱ་བ་དེའི་ཁྱད་པར་རྣམ་པ་གཉིས་སུ་བསྟན་པ་སྟེ། སློང་བ་ཉིད་དུ་རྙེད་དཀའ་བའི་ཕྱིར་དང༌། སྦྱིན་པའི་དངོས་པོ་ཤེས་པས་མ་རུང་བ་ཡོངས་སུ་གཏོང་བ་ལེགས་པའི་ཕྱིར་རོ། །དེ་ལས་ནང་གི་དངོས་པོ་གཏོང་བ་རྙེད་དཀའ་བའི་དབང་དུ་བྱས་ནས། ནོར་ནི་གཅིག་པུས་སྤྱད་པ་མ་ཡིན་ལ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཅིག་པུས་མ་ཡིན་ལ་ཞེས་བྱ་བ་ནི་ནོར་འདི་དག་གཅིག་པུས་སྤྱད་པ་གང་ཡིན་པ་དེ་ནི་དེ་སྟེ། ནོར་གཅིག་པུས་སྤྱད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ནོར་ཞེས་སྨོས་པས་ནི་བཟའ་བ་དང༌། བཏུང་བ་དང༌། གོས་ལ་སོགས་པ་བྱེ་བྲག་མེད་པར་གཟུང་ངོ༌། །ཉིན་རེ་མ་ཡིན་ལ་ཞེས་བྱ་བ་ནི། ཉི་མ་རེ་རེ་ཞིང་མ་ཡིན་པ་སྟེ། དུས་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །མི་འགྱུར་རོ་ཞེས་བྱ་བ་ནི་རྙེད་དཀའ་བ་ཉིད་དུ་


DTG168_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །སློང་བ་འདི་ལྟ་བུ་དང་ཞེས་བྱ་བ་ནི་ནང་གི་དངོས་པོ་ལོངས་སྤྱོད་ཅིང་སློང་བའི་སྐྱེ་བོ་ནི་ཉུང་བས་སོ། །ལྷ་དག་མཉེས་པར་བྱས་ཀྱང་མི་འགྲུབ་ན། །ཞེས་བྱ་བ་འདིས་ནི་ཤིན་ཏུ་རྙེད་དཀའ་བ་ཉིད་དུ་བསྟན་ཏོ། །སློང་བ་འདི་ལྟ་བུས་ཡང་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་སྦྱིན་པའི་དངོས་པོ་ཉེས་པས་མ་རུང་བར་གྱུར་པའི་སྦྱིན་པ་དང༌། སྦྱིན་པ་གཏོང་བ་སླ་བ་ཉིད་དུ་སྟོན་པར་འདོད་པས་བརྩམས་པ་ཡིན་ནོ། །ཅུང་ཟད་ཅེས་བྱ་བ་ནི་འཆི་བའི་ཆོས་ཅན་ཡིན་ལ། ཇི་སྲིད་དུ་འདུག་པ་དེ་སྲིད་དུ་ཡང་མི་བདེ་བའི་གནས་སུ་གྱུར་ཅིང་མི་བདེ་བའི་གཞིར་གྱུར་པ་སྟེ། རྒ་བ་དང་ནད་ལ་སོགས་པའི་སྡུག་བསྔལ་གྱི་གཞིར་གྱུར་པའི་ཕྱིར་རོ། །ཐེ་ཚོམ་ཟ་བའང་ཞེས་བྱ་བ་ནི་སྦྱིན་པར་བྱ་བའམ། སྦྱིན་པར་མི་བྱ་ཞེས་སོ། །རྒྱ་ཆེར་མི་འགྱུར་ན་ཞེས་བྱ་བ་ནི་སློང་བའི་སྐྱེ་བོ་ཉིད་དོ། །འཇུངས་ཤིང་ཞུམ་པ་ཞེས་བྱ་བ་ནི་སྦྱིན་པར་མི་འདོད་པ་ཉིད་དོ། །མུན་པའི་མཆོག་ཡིན་ནོ་ཞེས་བྱ་བ་ནི་གཏི་མུག་གི་རབ་མཆོག་སྟེ། དེ་བས་ན་ཐེ་ཚོམ་ཟ་བ་ཡང་མི་རིགས་པ་ཉིད་ན། མི་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས། རང་གི་ལུས་ལ་རྩ་བཀྲོས་ཏེ། གནོད་སྦྱིན་དེ་རྣམས་ལ་ཞེས་བྱ་བ་ནི། དང་པོ་ཉིད་དུ་རྗེས་སུ་འདོད་པ་ནི་འདི་ཉིད་དུ་ཡིན་པས་སོ། །ཆོས་ཀྱི་གྲོགས་ཀྱང་བྱ་བ་དང༌། །ཞེས་བྱ་བ་ནི། སློང་བ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །འདི་ནི་རེ་ཞིག་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་ནོ། །ང་ཡང་རབ་ཏུ་དགའ་བར་འགྱུར་བ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ནོ། །ཆོས་དགའ་བ་དེ་གཉིས་ཀྱི་དངོས་པོས་ནི་འཛིན་པའི་འཇིག་པ་ལས་ལྡོག་པ་སྟེ། དེའི་ཕན་ཡོན་རྣམ་པ་གཉིས་བསྟན་ཏོ། །སྙིམ་པ་བཟེད་དེ་ཞེས་བྱ་བ་སྨོས་པས་ནི་སྣོད་དང་འབྲིམ་པས་དུས་ལས་འདས་ཀྱིས་དོགས་པའོ། །འདིར་ཁྱད་པར་བསྟན་པའི་ཕྱིར། ཙནྡན་དམར་པོའི་ཁུ་བ་འདྲ་བ་ཞེས་སྨོས་ཏེ། དམར་བའི་ཁྱད་པར་ནི་རྒྱལ་པོ་དེའི་མཚན་ཉིད་དང་ལྡན་པའོ། །ཁྲག་གི་མཚན་ཉིད་ཀྱི་ཁྱད་


DTG168_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པའི་ཕྱིར་རོ། །མཚམས་དུས་ཀྱི་ཆར་སྤྲིན་ལྟ་བུ་ནི་ཁྲག་གོ །ཁྲག་དང་འབྲེལ་པ་དེ་ནི་གནོད་སྦྱིན་ནོ། །དགའ་བ་མཆོག་དང་ལྡན་པས་ལུས་ཀྱང་མ་ཉམས་པ་ནི་བརྟན་པ་དང་ལྡན་པའོ། །སེམས་ཀྱང་བརྒྱལ་བ་མེད་པ་ནི་ལུས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། ཁྲག་གི་རྒྱུན་ཀྱང་ཟད་པར་ཡོང་མ་གྱུར་ཏོ། །ད་ནི་འདིས་འཚལ་ཏེ་ཞེས་བྱ་བ་ནི་ཁྲག་དེ་དགག་པ་སྟེ། གང་གཞན་སྔར་བསླངས་པར་གྱུར་པ་དེ་ནི་བྱིན་པར་གྱུར་ཏོ་ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་མང་པོ་འབྱུང་བའི་གནས། །ཞེས་བྱ་བ་འདིས་ནི་སྡུག་བསྔལ་བ་ཉིད་དུ་བསྟན་ཏོ། །བྱས་པ་མི་གཟོ་ཞེས་བྱ་བ་འདིས་ནི་མི་གཙང་བ་ཉིད་དེ། གཙང་བའི་རྫས་ཀྱིས་བསྐྱེད་ཀྱང་ཡང་མི་གཙང་བ་ཉིད་ཡོངས་སུ་མི་འདོར་བས་སོ། །ཡང་ན་སྡུག་བསྔལ་མང་པོ་འབྱུང་བའི་གནས་དེ་ཉིད་ཀྱི་ཁྱད་པར་གྱི་དོན་ཏོ། །སྡུག་བསྔལ་གསོ་བའི་གཞིའི་དོན་ཏོ། །སློང་བ་རྣམས་ཀྱི་བསྙེན་བཀུར་ནི་སློང་བ་རྣམས་ལ་སྦྱིན་པའོ། །དེའི་གྲུབ་པ་ནི་སློང་བ་དག་ལ་སྦྱིན་པ་དེའི་དོན་གྲུབ་སྟེ། སློང་བ་དག་ལ་སྦྱིན་པའི་དོན་གྲུབ་པའོ། །རབ་ཏུ་དགའ་དང་རྗེས་སུ་མཐུན། །ཞེས་བྱ་བ་ནི་སྡུག་བསྔལ་མང་པོའི་འབྱུང་གནས་ཡིན་ཡང་བཟུང་བར་གྱུར་པ་བདེ་བའི་རྒྱུར་གྱུར་པ་སྟེ། སྦྱིན་པ་པོ་རང་གི་བདེ་བའི་རྒྱུར་གྱུར་པས་སོ། །བདེ་བ་ཞེས་སྨོས་པ་ནི། བྱས་པ་མི་གཟོ་བ་ཉིད་ཡིན་ནོ་ཞེས་གཞན་དག་ཏུ་བསྟན་པ་ནི་ལན་དུ་ཕན་འདོགས་པར་བཟུང་བའི་ཕྱིར་རོ། །རབ་ཏུ་དགའ་བ་དང༌། རབ་ཏུ་ཚིམ་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་དང་རྗེས་སུ་མཐུན་པར་གྱུར་པ་ཞེས་བྱ་བ་བསྟན་མ་ཐག་པ་འདིའི་རྒྱུས་སོ། །ཨུཏྤ་ལའི་འདབ་མ་ལྟར་མདོག་སྔོ་ཞིང་མཐིང་ག་གང་ཡིན་པ་དེ་ནི་ཨུཏྤ་ལ་མཐིང་ག་ལྟར་མདོག་སྔོ་བའོ། །རྡོ་རྗེ་རིན་པོ་ཆེས་སྤྲས་པའི་རལ་གྲི་སྔོན་པོའི་འོད་ཀྱིས་མཛེས་པ་གང་ཡིན་པ་དེ་ནི་རལ་གྲི་རྣོན་པོ་རྡོ་རྗེ་རིན་པོ་ཆེས་སྤྲས་པའི་འོད་ཀྱིས་མཛེས་པའོ། །སྐབས་ནི་མེད་པར་བྱས་པས་ན། །ཞེས་བྱ་བ་ནི་སྲན་ཐུབ་པ་མེད་པའི་སྐབས་


DTG168_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱས་པའོ། །ཅིའི་ཕྱིར་ཞེ་ན། སྦྱིན་པ་ལ་དགའ་བས་སོ། །དྲངས་པས་ན་ཞེས་བྱ་བ་ནི་འདྲེན་པར་བྱེད་པ་སྟེ། ཅི་ལྟར་འདི་བསྟན་མ་ཐག་པས་དྲངས་པ་སྟེ། དེ་བས་ན་དེ་ནི་ཚིགས་བཅད་ཀྱིས་སོ། །དེ་ལྟར་བྱས་པས་ཞེས་བྱ་བ་ནི་གྲགས་པའི་སེམས་ཀྱི་ཚིག་གིས་སོ། །ཆོས་ལ་དགའ་ཞིང་ཞེས་བྱ་བ་ནི་མངོན་པར་མཐོ་བ་འདོད་པའི་ཕྱིར་རམ། བདག་ཐར་པ་འདོད་པའི་ཕྱིར་རོ། །སྙིང་རྗེའི་དབང་དུ་གྱུར་ཏེ་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཕན་པའི་དོན་ཏོ། །མདོག་གསལ་བར་བྱས་པ་ནི་མདོག་གསལ་བར་བྱས་པའོ། །བཞིན་མདངས་མ་གྱུར་ཅིང་རབ་ཏུ་དང་བ་ཞེས་བྱ་བ་ནི་བཞིན་མདངས་གསལ་བ་གཟུང་སྟེ། དགའ་བ་ཡིན་པས་རྗེས་སུ་དཔག་གོ །མི་གཡོ་བར་དེ་བཞིན་འདུག་པ་ཞེས་བྱ་བ་ནི་ལུས་ཀྱི་ཚོར་བ་ལ་སོགས་པས་སོ། །རབ་ཏུ་དང་བ་ཆེར་གྱུར་ཏོ། །ཞེས་བྱ་བ་ནི། བཞིན་མདངས་མ་གྱུར་ཅིང་གསལ་བའི་ཕྱིར་རོ། །ངོ་མཚར་ཆེར་གྱུར་ཏོ་ཞེས་བྱ་བ་ནི་མི་གཡོ་ཞིང་དེ་བཞིན་དུ་འདུག་པའི་ཕྱིར་ཏེ། ཤ་གཅོད་པ་དང་བཅས་པའི་སྡུག་བསྔལ་གྱིས་སོ། །ངོ་མཚར་ནི་སྙིང་རྗེས་གཞན་ལ་བདེ་བ་འདོད་པ་སྟེ། སེམས་ཅན་ལ་དགའ་བ་ཤས་ཆེ་བའི་ཕྱིར་རོ། །རྨད་དུ་བྱུང་བ་ནི་མི་གཡོ་བར་དེ་བཞིན་འདུག་པ་སྟེ། ཤ་ཆོད་པ་དང་བཅད་པའི་ཚོར་བའི་སྡུག་བསྔལ་ཟིལ་གྱིས་ནོན་པའི་ཕྱིར་རོ། །བདེན་ནམ་བརྫུན་ཞེས་དཔྱོད་ཅིང་ངོ་མཚར་སྐྱེས་ཞེས་བྱ་བ་ནི་ངོ་མཚར་རྨད་དུ་བྱུང་བ་སྐྱེས་པས་སོ། །དེ་ལ་བསྟོད་ཅིང་ཕྱག་ཀྱང་འཚལ་བར་གྱུར། །ཞེས་བྱ་བ་ནི་དེ་ལ་བསྟོད་པ་དང་ཕྱག་འཚལ་བར་གྱུར་པ་སྟེ། དེ་ལ་བསྟོད་པ་དང་འདུད་པ་ན། ཁྲག་དང་ཤ་སྦྱིན་པས་ཕྱག་འཚལ་བའོ། །གུས་པའི་དབང་གིས་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་གསང་ཚིག་དང༌། གཙོ་བོ་དང༌། སྤྲོ་བའི་ནུས་པ་བསྟན་ཏོ། །དང་པོའི་རྐང་པས་ནི་གསང་ཚིག་གི་ནུས་པ་བསྟན་ཏེ། གུས་པ་དང་གྲགས་པས་ནི་གསང་ཚིག་གི་ནུས་པ་བསྐྱེད་པས་སོ། །ཚིག་རྐང་གཉིས་


DTG168_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་བདག་བོའི་ནུས་པ་བསྟན་ཏེ། དཔལ་ཞེས་སྨོས་པའི་ཕྱིར་རོ། །ཁྱེད་ཀྱི་མཐུས་བསྐྱབས་ཞེས་བྱ་བ་འདིས་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །བརྒྱ་བྱིན་མགོན་དུ་གྱུར་ལ་ཞེས་བྱ་བ་ལ། ནུས་པ་ཡིན་པས་བརྒྱ་བྱིན་ཏེ། སྤྲོ་བའི་ཡོན་ཏན་སྟན་པར་བྱེད་པའི་མིང་སྨོས་པས། སྤྲོ་བའི་ནུས་པའི་རྗེས་སུ་བསྟན་པའི་དོན་ཏོ། །དེ་ལས་བྱང་ཆུབ་སེམས་དཔའི་སྤྲོ་བ་འདི་ཁྱད་པར་དུ་བསྟན་པའི་ཕྱིར། ཁྱོད་ལྟ་བུའོ་བརྒྱལ་བར་བགྱིས་ཕ་དེ་བས་ནའོ། །ཐམས་ཅད་སའི་བདག་པོ་འམ་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི། གཅིག་ཏུ་མངོན་པར་མཐོ་བའི་སྤྱོད་པ་ལས་ཀྱང་བརྩམས་པ་མ་ཡིན་ལ། ངེས་པར་ལེགས་པ་ལས་ཀྱང་བརྩམས་པ་མ་ཡིན་ནོ། །རྣམ་པར་གྲོལ་བའམ་ཞེས་སྨོས་པ་ལ། རྣམ་པར་གྲོལ་བ་ནི་འདིར་ཉན་ཐོས་དང་རང་སངས་རྒྱས་ཏེ་རྣམ་པ་གཉིས་སོ། །མངོན་པར་མཐོ་བ་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་མ་བྲལ་བའི་དབྱེ་བས་སོ། །འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ནས། ཚངས་པའམ་ཞེས་སྨོས་སོ། །འདོད་པ་སྤྱོད་པའི་མངོན་པར་མཐོ་བ་ཡང་རྣམ་པ་གཉིས་ཏེ། ལྷ་དང་མིའི་དབང་དུ་བྱས་པའོ། །ནོར་གྱིས་ཕྱུག་པའམ་དབང་པོའམ་ཞེས་བྱ་བ་ལ། ལྷའི་མངོན་པར་མཐོ་བ་ཡང་རྣམ་པ་གཉིས་ཏེ། རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་དབྱེ་བས་སོ། །དེ་ལ་རྒྱལ་ཆེན་རིགས་བཞི་དང་མངོན་པར་མཐོ་བའི་དབང་དུ་བྱས་ནས། ནོར་གྱིས་ཕྱུག་པའམ་ཞེས་བྱ་བ་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་དབང་དུ་བྱས་ནས་དབང་པོའམ་ཞེས་བསྟན་ཏོ། །མིའི་མངོན་པར་མཐོ་བའི་ཁྱད་པར་གྱི་དབང་དུ་བྱས་ནས། ཐམས་ཅད་སའི་བདག་པོའམ་ཞེས་བྱ་བ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཅེས་བྱ་བའི་དོན་ཏོ། །བཞེད་པའི་དོན་ནི་མི་རིང་སྟེ། རྩོལ་ཕོད་པ་གང་ཡིན་པས་ཐམས་ཅད་འཐོབ་པར་ནུས་པའོ། །རྙེད་པར་བྱ་དཀའ་བ་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་སྲིད་པའི་ལོངས་སྤྱོད་ལ་མི་གནས་པ་སྟེ། ཉེས་པ་གསུམ་གྱིས་མ་


DTG168_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རུངས་པར་བྱས་པར་སྟོན་ཏེ། དེ་ལ་ཉེས་པ་གསུམ་ནི་རྒྱུ་དང༌། ངོ་བོ་དང༌། འབྲས་བུའི་ཉེས་པས་སོ། །རྒྱུའི་ཉེས་པའི་དབང་དུ་བྱས་ནས་རྙེད་པར་དཀའ་ལ་ཞེས་བྱ་བ་སྟེ། གལ་ཏེ་འབད་པ་ཕུན་སུམ་ཚོགས་པས་ཐོབ་པར་འགྱུར་བ་ཡིན་ཡང་རྟག་པ་མེད་པས་སོ། །འདི་ལ་གང་གི་ཕྱིར་མི་རྟག་པ་ཡིན་ཞེ་ན། རང་བཞིན་གྱི་སྐྱོན་གྱི་དབང་དུ་བྱས་ནས། འཇིག་པར་སླ་བ་དང་ཞེས་བྱ་བ་ཡིན་ཏེ། རང་གི་ངང་གིས་འཇིག་པའོ། །འཇིག་པར་སླ་བ་ཡིན་ཡང༌། རང་གི་བྱ་བ་བྱེད་པར་ནུས་པར་གྱུར་ན། དེ་ལྟ་ན་ཡང་འདོད་པར་བྱ་བ་ཡིན་ན། དེ་མད་པར་བསྟན་པའི་ཕྱིར། ཆོག་པའི་བདེ་མེད་ཅེས་སྨོས་ཏེ། དེ་ལ་དེ་ཉེ་བར་ལོངས་སྤྱོད་པས་ཕྱིས་ཀྱང་སྤྱད་མི་དགོས་པར་མི་འགྱུར་བས་སོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་ཞི་མེད་པ་ཞེས་སྨོས་ཏེ། གང་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་དེ་དག་ལ་ཆགས་པ་ལས་ཞི་བར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྲིད་པའི་ལོངས་སྤྱོད་བདེ་བ་ཞེས་བྱ་བ་ཡིན་ཏེ། འདིས་ནི་འདོད་པའི་ཁམས་ཀྱི་འདོད་པར་རྟོགས་པར་བྱའོ། །ཅི་ལྟར་འདི་རྟོགས་པར་བྱ་ཞེ་ན། ལྷ་དབང་དཔལ་ཞེས་སྨོས་སོ། །དེ་ལས་གཞན་པ་ཞེས་བྱ་བ་འདིས་ནི་ཐམས་ཅད་སའི་བདག་པོ་དང༌། ནོར་གྱིས་ཕྱུག་པ་གཉིས་ནི་ཐ་མལ་པ་ཉིད་དུ་བསྟན་ཏོ། །བདག་གི་སྡུག་བསྔལ་ཟད་པ་ཙམ་གྱི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་འདིས་ནི། མྱ་ངན་ལས་འདས་པ་དོན་དུ་མི་གཉེར་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་མི་བཞེད་པའི་ཕྱིར་དང༌། ཚངས་པ་ཡང་ཡོངས་སུ་དགག་པར་བྱས་པ་ཡིན་ནོ། །བདག་གི་སྡུག་བསྔལ་ཟད་པ་ཙམ་གྱི་ཕྱིར། །ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་པའོ། །སྡུག་བསྔལ་མི་བཟད་ནད་ཀྱིས་ཉེན་པའི་ཞེས་བྱ་བ་འདི་ལ། རབ་ཏུ་ཉེན་པ་ནི་རྟག་ཏུའོ། །མི་བཟད་པ་ནི་ཤས་ཆེ་བའོ། །སྡུག་བསྔལ་མི་བཟད་པ་དེས་བྱས་པའི་ངལ་བ་ནི་སྡུག་བསྔལ་མི་བཟད་པའི་ངལ་བ་སྟེ། དེའི་ནད་ཀྱིས་ཉེན་པའོ། །གལ་ཏེ་འདི་


DTG168_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དོན་དུ་མི་གཉེར་ན་གཞན་གང་དོན་དུ་གཉེར་བ་ཡིན་ཞེ་ན། བསོད་ནམས་འདི་ཡིས་ཐམས་ཅད་ཅེས་བྱ་བའི་ཚིགས་བཅད་སྨོས་སོ། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་ཅིང༌། ཞེས་བྱ་བ་འདིས་ནི་ཤེས་བྱ་སྒྲིབ་པ་སྤངས་པ་བསྟན་ཏོ། །སྐྱོན་གྱི་དགྲ་བཏུལ་ནས་ཞེས་བྱ་བ་འདིས་ནི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་སོ། །བསོད་ནམས་འདི་ཡིས་ཞེས་བྱ་བ་འདིས་ནི་ཚོགས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་ཅིང་སྐྱོན་གྱི་དགྲ་བཏུལ་ནས། ཞེས་པ་འདིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒ་བ་དང་ན་བ་ཞེས་བྱ་བའི་ཚིགས་སུ་བཅད་པ་འོག་མ་ཕྱེད་ཀྱིས་ནི་དོན་ཐམས་ཅད་ཀྱི་བྱ་བ་ཕུན་སུམ་ཚོགས་པ་བསྟན་ཏེ། རྒ་ནད་འཆི་བའི་རླབས་ཆེན་པོ་དང་ཆོས་མཐུན་པ་སྟེ། ཆེན་པོ་ཡིན་པའི་ཕྱིར་དང༌། ཡང་དང་ཡང་དུ་རྒྱུན་མི་འཆད་པར་འཇུག་པའོ། །འདི་ལྟ་བུའི་བརྩལ་བ་ཞེས་བྱ་བ་ནི། སངས་རྒྱས་ཉིད་དོན་དུ་གཉེར་བའི་བརྩལ་བ་གང་ཡིན་པ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །ལས་འདི་ཞེས་བྱ་བ་ནི། རང་གི་ཤ་དང་ཁྲག་སྦྱིན་པའི་ལས་སོ། །ཁྱོད་ལྟ་བུ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་སོ། །འཇིག་རྟེན་ཕན་པའི་ཕྱིར་ལགས་ཀྱང༌། །ཞེས་བྱ་བ་ནི་འགྲོ་བ་མཐའ་དག་ཡོངས་སུ་བསྐྱབ་པའི་ཕྱིར་ཏེ། ཐམས་ཅད་ཀྱི་ནོར་བུར་ཁྱོད་གྱུར་པས་བདག་ཀྱང་འགྲོ་བའི་ཁོངས་སུ་གཏོགས་པར་གྱུར་པ་སྟེ། དེ་བས་ན་ཇི་ལྟར་ཡང་དོན་དུ་གཉེར་པར་བྱའོ། །བདག་ཅག་རང་ལ་ཕན་འཚལ་བ། །ཞེས་སྨོས་ཏེ། ཡང་འབྱོར་པ་དོན་དུ་གཉེར་བའོ་ཞེས་བྱ་བ་སངས་རྒྱས་ཉིད་ཐོབ་པའོ། །མ་འཚལ་བ་ནི་ཞེས་བྱ་བ་ནི། འདིའི་དོན་དམ་པ་ལ་འཇུག་པའོ། །བདག་གི་དོན་ཡང་ཞེས་བྱ་བ་ནི། མ་འོངས་པའི་མཐའི་དུས་ཀྱི་ངན་སོང་གི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལས་ཀྱང་ངོ༌། །རྗེས་སུ་གཟུང་བའི་རྒྱུར་གྱུར་བ། །ཞེས་བྱ་བ་ནི་རྗེས་སུ་བཟུང་བར་བྱེད་པའི་ལམ་དུ་གྱུར་པ་སྟེ། མི་ཤེས་པ་དེའི་རྗེས་སུ་བཟུང་བར་འགྲོ་བ་སྟེ། དེ་བས་ན་རྗེས་


DTG168_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཟུང་བའི་རྒྱུར་གྱུར་པ་ཞེས་བརྗོད་དོ། །མི་ཤེས་པས་བདག་རྗེས་སུ་གཟུང་བར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་ལས། ཐོག་མར་བགོ་བར་བྱ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་ནི་རྣམ་པར་ཐར་པ་སྟེ། ཉོན་མོངས་པ་སྤངས་པའོ། །རྣམ་པར་ཐར་པ་ཉིད་ཆོས་ཡིན་པས་རྣམ་པར་ཐར་པའི་ཆོས་སོ། །འདིས་ནི་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་བའོ། །རྣམ་པར་ཐར་པའི་ཆོས་ཉིད་བདུད་རྩི་ཡིན་པས་རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩིའོ། །དེ་ཡང་དག་པར་འགྱེད་པ་ནི་རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་བགོ་བར་བྱ་བའོ། །ཀུན་ཏུ་ཤེས་པ་སྦྱིན་པའི་དབང་དུ་བྱས་ནས། ང་ནི་དེ་ལ་དགའ་བ་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་ཏེ། །གཞན་ནོར་ཆུང་མ་དག་ལ་ཆགས་པ་དང༌། །ཞེས་བྱ་བ་ལ། གཞན་ནོར་ཞེས་བྱ་བ་སྨོས་པས་ནི་མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། ཆུང་མ་དག་ཅེས་བྱ་བས་ནི་གཞན་གྱིས་ཡོངས་སུ་བཟུང་བའི་ཆུང་མ་ནི། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པའོ། །བརྫུན་དུ་སྨྲ་བ་ཞེས་བྱ་བས་ནི་སྨད་པའི་ངག་ལས་ལྡོག་པ་སྟེ། དེ་ལྟར་ཡང་བསླབ་པའི་གཞི་ལྔ་དག་འཛིན་དུ་བཅུག་པའོ། །དེ་དག་ཅེས་བྱ་བ་ནི་མེ་ཏོག་གོ །རྫིས་བསྐྱོད་ཅེས་བྱ་བའི་སྒྲས་ནི་འདིར་ཤིང་དང་མེ་ཏོག་དང་སྦྱར་བར་བྱའོ། །འགུལ་བར་གྱུར་ཅེས་བྱ་བ་ནི་ས་འགུལ་བའོ། །རྒྱ་མཚོ་ཆེན་པོ་ཤིན་ཏུ་བདོ་བ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཡང་ས་འགུལ་བས་ཞེས་བྱ་བའི་དབང་དུ་བྱ་བ་རྗེས་སུ་འབྲང་ངོ༌། །ཡང་ན་རྒྱ་མཚོ་ཆེན་པོ་ཤིན་ཏུ་བདོ་བ་ཞེས་བྱ་བ་འདིས་ནི་དོན་བྱས་པ་ཉིད་དུ་བལྟ་བར་བྱའོ། །རང་བཞིན་ལས་ནི་ལྷག་པའི་ཤུགས་དང་སྒྲས། །ཞེས་བྱ་བའི་རང་བཞིན་དེ་ལས་ལྷག་པའི་ཤུགས་དང་ལྡན་པའི་སྒྲ་དང་སྐད་གང་ལ་ཡོད་པའི་ཆུ་དེ་ནི་རང་བཞིན་ལས་ལྷག་པའི་ཤུགས་དང་སྒྲའོ། །སྲ་ཡམ་ཀྲ་མ་ཞེས་བྱ་བའི་ཚིགས་བཅད་འདི་ནི་རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌།


DTG168_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་བྱ་བའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའོ། །རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ནི། སྐྱེ་བོ་དམ་པའི་ཆོས་རེ་བཟང་ཞེས་བྱ་བ་སྟེ། སྐྱེ་བོ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། རང་གི་སྲོག་ལ་ཆགས་པ་མེད་པས་སོ། །ཆོས་ནི་གནས་པའོ། །ཡང་ན་འདུག་པ་ཡིན་པས་གནས་པ་སྟེ། རང་གི་སྲོག་ལ་ལྟོས་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའོ། །ཡང་ན་ཆོས་ནི་སེམས་བསྐྱེད་པའོ། །དེས་ཁྱད་པར་དུ་གྱུར་པ་ནི་སའི་ཕྱོགས་ལ་སོགས་པ་སྟེ། ལྷག་པའི་བསམ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །རང་གི་སྦྱིན་པ་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་མེད་དོ། །འདིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡོན་ཏན་བསྒོམས་པ་ཞེས་བྱ་བ་ནི་ཡོན་ཏན་དག་ལ་གོམས་པ་ཡིན་པས་ཡོན་ཏན་གནས་པའོ། །ཡོན་ཏན་གོམས་པ་ཉིད་དེའི་བྱ་བ་ཡིན་པས་དེའི་ཡོན་ཏན་གོམས་པར་བྱ་བའོ། །དེ་ལ་འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བྱས་པ་སྟེ། གང་གི་ཕྱིར་སྔོན་གྱི་ཕྱི་རོལ་གྱི་དངོས་པོ་ཡོངས་སུ་གཏོང་བ་ལ་གོམས་པ་དེའི་དབང་གིས་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་བསྟན་པ་སྟེ། ཅི་རིགས་པར་སྔོན་གྱི་དུས་སུ་གོས་དང༌། བཟའ་བ་དང༌། བཏུང་བ་དང་མལ་སྟན་སྦྱིན་པ་སྟེ། །ཕོངས་པའི་ལུས་དང་མཐུན་བཞིན་དུ། །བྱང་ཆུབ་སེམས་དཔའ་གང་དུ་ཡོན་ཏན་ལ་གོམས་པས་གཏོང་བ་ཉིད་དོ། །འདིས་ནི་སྦྱོར་བ་ཁྱད་པར་ཅན་ཐོབ་པ་སྟེ། སྦྱོར་བ་ལ་སོགས་པས་འབྲས་བུ་ཕུན་སུམ་ཚོགས་པ་ཉིད་དེ། སྦྱོར་བ་ཁྱད་པར་ཅན་གྱིས་ཏེ། སངས་རྒྱས་ཉིད་དུ་འདིར་དགོངས་སོ། །གཞན་ལ་ཕན་པའི་བློ་རེ་དེས། །ཞེས་བྱ་བ་འདིས་ནི་སེམས་ཅན་གྱི་དོན་བྱ་བ་ཕུན་སུམ་ཚོགས་པའོ། །མཐུན་པ་དང་གུས་པ་དང་ཡོ་བྱད་ཀྱིས་ཞེས་བྱ་བ་ལ། མཐུན་པ་ཞེས་བྱ་བ་ནི་དེས་པའོ། །ཡང་ན་དམན་པའི་ཚུལ་ཉིད་དོ། །ཡང་ན་བྱས་པ་གཟོ་བ་ཉིད་དོ། །གུས་པ་ནི་དུལ་པའོ། །མཐུན་པ་དང་གུས་པའི་ཡོ་བྱད་ནི་མཐུན་ཞིང་གུས་པའི་ཡོ་བྱད་དོ། །དེ་མཉེན་པར་གྱུར་པ་ནི་མཐུན་པ་དང་གུས་པའི་ཡོ་བྱད་ཀྱིས་མཉེན་པར་གྱུར་པའོ། །གཟེངས་བསྟོད་པ་


DTG168_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྩམས་ནས་མངོན་པར་འཕེལ་བའོ། །སྙིང་རྗེའི་སྡུག་བསྔལ་བ་ལ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་སྙིང་རྗེའི་དབང་གིས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་གཏོང་བར་བྱེད་པས་སོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་སོ།། །།དབང་པོ་ཐུལ་བ་གོམས་པར་གྱུར་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་བྱས་པ་མ་ཡིན་པའི་ཕྱིར་དབང་པོ་སྦས་པ་ལ། དབང་པོ་ཐུལ་བ་ལ་གོམས་པར་གྱུར་པ་ཉིད་དོ། །ཅིའི་ཕྱིར་དབང་པོ་ཐུལ་བ་ལ་གོམས་པར་གྱུར་པ་འདིར་ལུགས་ཀྱི་བསྟན་བཅོས་ཀྱི་རིམ་པ་དང་འགལ་བར་དང་པོར་བརྗོད་ཅེ་ན། ལུགས་ཀྱི་བསྟན་བཅོས་དེ་ནི་གཞོན་ནུའི་རིམ་པ་བསྟན་པ་དང༌། རིགས་པ་དང༌། རྒན་པ་ལ་བརྟེན་པའི་རིམ་པ་ཡིན་ལ། འདིར་ནི་རྒྱལ་པོ་དང༌། རྒྱལ་བུ་རྣམས་ཀྱི་གཙོ་བོར་གྱུར་པའི་ཡོན་ཏན་དབང་པོ་ཐུལ་བ་ཉིད་ཡིན་ཏེ། རིགས་པ་དང་རྒན་པ་ལ་བརྟེན་པ་ལ་སོགས་པའི་འབྲས་བུར་གྱུར་པ་ནི་དབང་པོ་ཐུལ་བ་ཡིན་ཏེ། དེ་བས་ན་འདི་བསྟན་ཏོ། །དཔའ་བ་དང་ཚུལ་ཕུན་སུམ་ཚོགས་པ་ནི་སྤྲོ་བ་དང་གསང་ཚིག་གི་ནུས་པ་བསྟན་ཏོ། །རྣམ་པར་རྒྱལ་བའི་དབང་ཐོབ་པ། །ཞེས་བྱ་བས་ནི། གཙོ་བོའི་ནུས་པ་བསྟན་ཏོ། །རྣམ་པར་རྒྱལ་བ་ཉིད་ནི་དཔལ་ཡིན་པས་རྣམ་པར་རྒྱལ་བའི་དཔལ་ལོ། །རྣམ་པར་རྒྱལ་བའི་དཔལ་ཐོབ་པ་གང་ཡིན་པ་དེ་ནི། རྣམ་པར་རྒྱལ་བའི་དཔལ་ཐོབ་པའོ། །ཡང་ན་ཕ་རོལ་གནོན་པ་བསྟན་ཏོ། །གང་གི་ཚུལ་དང་དུལ་བ་ཕུན་སུམ་ཚོགས་པས་བསྟན་པ་ནི་རྒྱལ་སྲས་སོ། །རྒན་པ་ལ་བསྙེན་བཀུར་ངེས་པར་བྱས་པས། ཞེས་བྱ་བ་ནི། རིགས་པས་རྒན་པ་ལ་བརྟན་པའི་ཕྱིར་རོ། །རྒན་པ་ལ་བསྙེན་བཀུར་ཉིད་ངེས་པ་ཡིན་ཏེ། དེ་བས་ན་རྒན་པ་ལ་བསྙེན་བཀུར་པར་བྱེད་པ་ངེས་པའོ། །རིག་བྱེད་གསུམ་པ་ཞེས་བྱ་བ། གསུམ་པ་ནི་ངེས་བརྗོད་དང༌། སྙན་ཚིག་དང༌། མཆོད་སྦྱིན་གྱི་རིག་བྱེད་དོ། །ཡང་ན་སྲིད་སྲུང་གི་རིག་བྱེད་དང༌། ཡང་ན་དེ་


DTG168_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་འབྱུང་བ་ཡང་རིག་བྱེད་དོ། །བསྟན་པ་ནི་གྲངས་ཅན་དང༌། རྣལ་འབྱོར་པ་དང༌། འཇིག་རྟེན་རྒྱང་འཕེན་བ་བརྟག་པའོ། །དོན་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་དེའི་གྲུབ་པའི་མཐའ་མངོན་པར་རྟོགས་པའོ། །འདི་ནི་མཆོད་སྦྱིན་ལ་སོགས་པའི་བྱ་བ་མི་བྱེད་པར་བསྟན་ཏོ། །རང་གི་ཆོས་དང་ལས་ལ་འབད་པ་ཞེས་བྱ་བ་ནི་གནས་དང༌། ལས་དང༌། རིགས་ཀྱིའོ། །ཡང་ན་ཐམས་ཅད་ཀྱི་ལས་ཀྱི་འཚོ་བའོ། །ཆོས་ནི་འཇིག་རྟེན་ཕ་རོལ་ཏུ་ཕྱིན་པའི་བྱ་པའོ། །ཡིད་མ་བྱུང་ཞིང་བདེ་བར་འཚོ་བ་ཞེས་བྱ་བ་ནི་སྡུག་བསྔལ་མེད་པས་ཡིད་སྐྱོ་བ་མེད་པའོ། །ཡང་ན་སྐྱོ་བ་མེད་པ་ནི་འཚེ་བ་མེད་པའི་ཕྱིར་རོ། །བདེ་བར་འཚོ་བ་ནི་ལོ་ལེགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སོ། །སྙིང་ཉེ་བ་ནི་རྒྱལ་པོའི་ཡོན་ཏན་ཕུན་སུམ་ཚོགས་པས་སོ། །བཀའ་ཁྲིམས་ནི་དོན་གྱི་བསྟན་བཅོས་སོ། །འཚོ་ཚིས་ཀྱི་བྱ་བ་ལེགས་པར་འབྱོར་པ་ནི་ཞིང་ལས་དང༌། བསྲུང་བ་དང༌། ཚོང་ལ་སོགས་པ་འཚོ་ཚིས་ཞེས་བརྗོད་དོ། །དཔའ་བ་ཕུན་སུམ་ཚོགས་པའི་རྣམ་པར་རྒྱལ་བའི་དཔལ་ཐོབ་པ་དང་ཞེས་བྱ་བ་འདིས་ནི་མ་ཐོབ་པ་འཐོབ་པར་བསྟན་ཏོ། །རང་གི་ཆོས་དང་ལས་དང་འབད་པ་དང་ཡིད་མ་བྱུང་ཞིང་བདེ་བར་འཚོ་བ་དང༌། འཚོ་ཚིས་བྱས་པ་ལེགས་པར་འབྱོར་པ་ཞེས་བྱ་བ་དག་གིས་ནི་རྣམ་པར་འཕེལ་བ་བསྟན་ཏོ། །ཡོན་ཏན་ལྡན་པས་ཞེས་བྱ་བས་ནི་ཐོབ་པ་རྣམ་པར་སྤེལ་བ་དང༌། ཡོངས་སུ་བསྲུང་བ་དབང་དུ་བྱས་པའོ། །ཡོན་ཏན་དང་ལྡན་པས་ཞེས་བྱ་བའི་ཕྱེད་ཀྱིས་ནི་ཡོན་ཏན་དང་ལྡན་པ་དེས་རང་བཞིན་གྱིས་ཉམས་པ་མེད་པ་བསྟན་ཏེ། དེས་ན་ཡང་དེ་བསྲུང་བར་འགྱུར་བ་ཡིན་ཏེ། འདིས་ནི་གསང་ཚིག་གི་ནུས་པ་བསྟན་ཏོ། །རང་གི་ཡུལ་འཁོར་ལ་ནི་རི་ཕུག་སེང་གེས་བསྲུངས་པ་ཞེས་བྱ་བའི་འོག་མ་འདིས་སྟོབས་དང་ལྡན་པས་རྒྱལ་ཕྲན་རྣམས་ཟིལ་གྱིས་གནོན་པ་ཉིད་དུ་བསྟན་ཏེ། འདིས་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །མིའི་བདག་པོའི་དཔལ་ཞེས་བྱ་བ་ནི་གཙོ་བོའི་ནུས་པ་སྟེ། མིའི་བདག་པོ་ནི་དཔལ་གྱི་སྒྲས་བརྗོད་དོ།།


DTG168_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་རིམ་པས་ཡོངས་སུ་བསྲུང་བ་འདི་ལྟར་སྨོས་ཤེ་ན། གང་གི་ཕྱིར་འདི་ཉིད་ཀྱི་རིམ་པ་ནི་ཡོངས་སུ་སྤེལ་བ་དང༌། བསྲུང་བ་ཡིན་པའི་ཕྱིར་རིགས་པའི་ཚུལ་ཡིན་ནོ། །གཞན་དུ་ལུགས་ཀྱི་བསྟན་བཅོས་ལྟར་ན་ནི་རྣམ་པར་སྤེལ་བ་དང་ཡོངས་སུ་བསྲུང་བ་བཤད་པ་མེད་པར་འགྱུར་རོ། །དཀའ་ཐུབ་རྣམས་དང་རིགས་དང་སྒྱུ་རྩལ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་མུ་སྟེགས་ཀྱིས་རབ་ཏུ་བསྒྲུབས་པའི་དབང་དུ་བྱས་ན་དཀའ་ཐུབ་ལ་སོགས་པ་འདི་གསུམ་སྨོས་པ་ནི་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཁྱད་པར་ཅན་བཟུང་བའི་ཕྱིར་རོ། །འོངས་ན་རིམ་གྲོ་ལྷག་པ་ཆེ་བ་ཞེས་བྱ་བ་ནི་དཀའ་ཐུབ་ལ་སོགས་པ་གསུམ་ཆེ་བར་གྱུར་པས་རིམ་གྲོ་ལྷག་པ་སྟེ། ཁྱད་པར་དུ་ཇི་ལྟར་འོས་པ་བཞིན་དུ་བྱེད་པར་འགྱུར་བའོ། །བཀུར་སྟི་བྱས་ནས་ཞེས་བྱ་བས་ནི་སྦྱིན་པ་ལ་སོགས་པས་སོ། །གཙོ་བོར་སྣང་ངོ་ཞེས་བྱ་བ་ལ་མཆོད་པས་ཕན་པ་ཁྱད་པར་དུ་གྱུར་པ་སྟེ། དཀའ་ཐུབ་ལ་སོགས་པའི་ཕན་པ་ཁྱད་པར་དུ་གྱུར་པའི་སྣང་བ་ཡིན་ནོ། །རིམ་གྲོ་དང་བཀུར་སྟི་ཞེས་བྱ་བ་གཉིས་ཀྱིས་ནི་རྙེད་པ་དང་བཀུར་སྟི་གོ་རིམས་བཞིན་དུ་བསྟན་ཏོ། །རྒྱལ་སྲིད་ཐོབ་མ་ཐག་ཏུ་ཞེས་བྱ་བས་ནི་རྒྱལ་པོའི་སྲིད་དེ། དེ་མ་ཐག་ཏུ་ནི་རྒྱལ་པོའི་སྲིད་ཐོབ་པ་ཡིན་ཏེ། རྒྱལ་པོ་དང་མཉམ་ཞིང་རྒྱལ་པོའི་སྲིད་བྱེད་པར་འོས་པའི་ཕྱིར་རོ། །ཡོན་ཏན་མང་པོ་རྟག་ཏུ་གྲགས་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་གྲགས་པ་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །གཞོན་ཡང་རྒན་པའི་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་བའི་དོན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་ལ་གནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བག་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞོན་ཡང་ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ལ་གནས་པ་བསྟན་ཏོ། །གཞོན་པ་ཞེས་བྱ་བ་འདིས་ནི་བདག་གི་ཕུན་སུམ་ཚོགས་པའི་ཚིག་གིས་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ་ཡིན་ནོ་ཞེས་རྟོགས་ཏེ།


DTG168_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཕུན་སུམ་ཚོགས་པ་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །རྒན་པ་རྣམས་ཀྱི་ཉེ་བར་ཞི་བ་ཡིན་པས་རྒན་པའི་ཉེ་བར་ཞི་བའོ། །ཡང་ན་རྒན་པ་བཞིན་དུ་ཉེ་བར་ཞེ་བས་རྒན་པའི་ཉེ་བར་ཞི་བའོ། །དེ་ལ་མངོན་པར་དགའ་བ་ནི་རྒན་པའི་ཉེ་བར་ཞི་བ་ལ་མངོན་པར་དགའ་བ་སྟེ། འདིས་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བག་ཡོད་པ་ཉིད་དུ་བསྟན་ཏོ། །གཟི་བརྗིད་ཆེ་ཡང་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ལ་གནས་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་སྐྱེ་བོ་མང་པོའི་གཡོག་འཁོར་གྱི་འབྲས་བུ་ཡིན་ཏེ། དེ་ལ་གནས་པའི་གཟི་བརྗིད་ཆེ་བ་སྟེ། གང་གི་མཐུ་ཆེ་བའི་གཟི་བརྗིད་ཆེ་བ་ཡིན་ནོ། །བཟོད་ཅིང་བདེ་བའི་དང་ཞེས་བྱ་བ་འདིས་ནི་བཟོད་པའི་བསོད་ནམས་ཀྱི་ཚོ་གསལ་བག་ཡོད་པ་ཉིད་དུ་བསྟན་ཏོ། །ཤེས་པར་གྱུར་ཀྱང་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་ལ་གནས་པ་བསྟན་ཏོ། །ཤེས་པའི་ང་རྒྱལ་མེད་ཅེས་བྱ་བ་འདིས་ནི་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བག་ཡོད་པ་ཉིད་བསྟན་ཏོ། །གང་གི་ཕྱིར་ཤེས་པས་ང་རྒྱལ་སྐྱེ་བར་གྱུར་ན་ནི་བདག་ཉིད་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་དེ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པས་ནི་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་དག་ཏུ་ཤེས་རབ་ཉམས་པར་གསུངས་ཏེ། ཡེ་ཤེས་ཀྱི་ཚོགས་ལ་བག་ཡོད་པར་བསྟན་ཏོ། །ཡང་ན་མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད་ཅེས་བྱ་བས་ནི་ཤེས་པས་ངོམས་པ་མེད་པ་བསྟན་ཏོ། །ཡེ་ཤེས་ཀྱི་ཚོགས་ལ་ཡང་དང་ཡང་དུ་སྦྱོར་བར་བྱེད་པ་ཡིན་ནོ། །དཔལ་དང་ལྡན་ཞིང་འབྱོར་ཡང་ཞེས་བྱ་བས་ནི་སྦྱིན་པའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ལ་གནས་པ་ཉིད་དོ།། དྲེགས་པ་མེད་ཅེས་བྱ་བ་ལ་དྲེགས་པ་ནི་དཔལ་གྱི་དྲེགས་པས་དྲེགས་པ་ཉིད་དེ། དེ་བས་ན་དྲགས་པ་དེས་འཇུག་ན་ནི་སྦྱིན་པའི་བསོད་ནམས་ཀྱི་ཚོགས་སོགས་པ་ལ་འཇུག་པར་མི་འགྱུར་རོ། །དྲེགས་པ་མེད་པ་ལ་ཡང་འཇུག་པ་ཡིན་ཏེ། རྒྱ་ཆེ་མཐོང་གྱུར་ཞེས་བྱ་བ་


DTG168_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་སྦྱར་བར་བྱའོ། །གཞོན་ཡང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། འཇིག་རྟེན་གསུམ་དུ་རབ་ཏུ་ལྡན་བ་རྒྱུ་དང་འབྲས་བུའི་གནས་སྐབས་སུ་བསྟན་པ་དེ་གཉི་གའི་ཡོན་ཏན་ལྡན་པ་དེས་གྲགས་པའི་ཁྱད་པར་གྱིས་ཁྱབ་པ་ཡིན་ནོ། །མཐོང་བར་འགྱུར་པ་ནི་རིགས་པའོ། །རྒྱ་ཆེ་བ་ནི་ཡངས་པའི་ཕྱོགས་གང་ཡིན་པ་མཐོང་བ་སྟེ་རྒྱ་ཆེན་མཐོང་གྱུར་པའོ། །ཁྱབ་པ་ནི་མཐའ་ཡས་པར་གྲགས་པས་ཁྱབ་པར་བསྟན་ཏོ། །འཇིག་རྟེན་གསུམ་ནི་སའི་སྟེང་དང༌། ནམ་མཁའ་དང༌། མཐོ་རིས་ཏེ། སྟེང་དུ་གྲགས་པ་འཇུག་པར་བསྟན་ཏོ། །དེ་ཡི་གྲགས་པས་འཇིག་རྟེན་གསུམ་ཁྱབ་པས། །ཞེས་བྱ་བ་འདིས་ནི་གྲགས་པ་ཅུང་ཟད་ཡོད་པ་ཞེས་སྨོས་ཏེ། ཤིན་ཏུ་ཆུང་བ་མངོན་པར་བཟུང་བའི་ཕྱིར་ཏེ། དེ་ལས་གཞན་པའི་ཡོན་ཏན་ནི་ཅུང་ཟད་ཉིད་དེ། སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཞེས་བྱ་བས་ནི་སྦྱིན་པའི་མདའ་ཉིད་དེ། དབུལ་བའི་སྡུག་བསྔལ་འབྱུང་བ་རྣམ་པར་འཇིག་པའོ། །སྙིང་རྗེའི་གཞུ་དྲག་པ་ཉིད་ཀྱིས་ནི་སྦྱིན་པ་འཕེན་པར་བྱེད་པའི་ཕྱིར་རོ། །དེ་དང་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་དབུལ་བའི་སྡུག་བསྔལ་འབྱུང་བ་དང་ངོ༌། །བསླང་ས་པ་བས་ལྷག་པ་ནི་འདོད་པས་ལྷག་པ་སྟེ་འདིས་ནི་སྦྱིན་པའི་དངོས་པོ་མང་དུ་གཏོང་བར་བསྟན་ཏོ། །ཉོན་མ་མོངས་པར་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པར་བསྟན་ཏེ། བདག་ནི་འཁོར་བའི་ཕུན་སུམ་ཚོགས་པའི་བདག་ཉིད་མྱ་ངན་ལས་འདས་པར་ཡོངས་སུ་བསྔོ་བས་སོ། །ཚིག་འཇམ་པོ་དང༌། གུས་པ་དང་ཡིད་དུ་འོང་བ་ཞེས་བྱ་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། ལུས་དང་ངག་གི་ལས་ཀྱིས་སློང་བ་རྣམས་ཀྱི་ཡིད་དུ་འོང་བའི་ཕྱིར་རོ། །འདིས་ནི་འདས་པའི་དུས་སུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསགས་པ་བསྟན་ཏོ། །ད་ནི་དུས་མཚམས་ཀྱི་ཉི་མ་དག་ནས་ཞེས་བྱ་བ་ནས་བརྩམས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བསྟན་ཏོ། །གངས་རི་འདྲ་བ་ཞེས་སྨོས་པས་ནི་མདོག་


DTG168_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚད་ཀྱི་ཡོན་ཏན་བསྟན་ཏོ། །དྲེགས་པའི་རྡུལ་གྱིས་ཞེས་བྱ་བ་འདིས་ནི་དྲེགས་པའི་གནས་སྐབས་སོ། །དུལ་བ་ཞེས་སྨོས་པས་ནི་ལེགས་པར་བསླབ་པ་གཟུང་ང་། །ཅིའི་ཕྱིར་འབྲས་བུ་མ་སྨོས་ཤེ་ན། ཚད་དང་མཚན་ཉིད་སྨོས་པ་ཉིད་ཀྱིས་མ་བསྟན་ཀྱང་གྲུབ་པའི་ཕྱིར་རོ། །སྦྱིན་གཏོང་གི་ཁོང་པ་ཞེས་བྱ་བ་ནི་སྦྱིན་པ་གཏོང་བའི་གནས་སོ། །དེས་ཉུལ་དུ་སོང་སྟེ་དགའ་བའི་ཁྱད་པར་ཞེས་བྱ་བ་སྦྱིན་གཏོང་གི་ཁྱད་པར་མ་མཐོང་བ་ཡིན་ཡང་སྔོན་བཅས་པའི་ཕྱིར་དགའ་བ་ཡོད་པ་ཡིན་ལ། མཐོང་བས་ཀྱང་ཁྱད་པར་དུ་དགའ་བར་གྱུར་པའོ། །དེ་ཙམ་དུ་ཞེས་བྱ་བ་ནི་འབྱོར་པའོ། །བསླུ་བར་ནུས་སོ་ཞེས་བྱ་བ་ནི་སྟེར་བར་བྱེད་ནུས་པའོ། །བཏང་ངོ་ཞེས་བྱ་བ་ནི་བརྫངས་པའོ། །ཁྱོད་ནི་སྦྱིན་ལ་དཔའ་བ་དང་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཀྱིས་སླབ་པའི་འདོད་པ་འགྲུབ་པར་གྱུར་པ་སྟེ། བསླངས་པའི་དངོས་པོ་དང་སྦྱིན་པ་པོ་ཕུན་སུམ་ཚོགས་པ་སྟེ། དེ་གཉིས་གང་ཡང་རུང་བས་མ་ཚང་བ་ནི་སློང་བའི་དོན་གྲུབ་པར་མི་འགྱུར་རོ། །རླབས་ཆེ་བའི་སློང་བ་དེས་ཕོད་པ་ནི་རླབས་ཆེར་སློང་ཕོད་པའོ། །ཡང་ན་རླབས་ཆེ་བ་ཡང་ཡིན་པས་རླབས་ཆེར་སློང་བ་དེ་དེས་ཕོད་པའོ། །བརྐམ་པ་དང་ཕྲག་དོག་གི་སྐྱོན་གྱིས་ཡིད་དཀྲུགས་པ་ཞེས་བྱ་བ་ལ། བརྐམ་པ་ནི་གླང་པོ་ཆེ་ལའོ། །ཕྲག་དོག་ནི་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་མི་བཟོད་ཅིང་ཞེ་སྡང་བ་སྟེ། རང་བཞིན་གྱིས་ས་གཞན་དུ་གྱུར་པས་དགྲ་བོར་གྱུར་པའི་ཕྱིར་རོ། །འདོད་ཆེན་གྱིས་སྦྱར་ཏེ་ཞེས་བྱ་བ་ནི་ངན་པའི་སྦྱོར་བས་གྲགས་པ་མ་ཡིན་པ་དང༌། འདོད་ཆེན་གྱི་སྦྱོར་བར་འགྱུར་ཞིང་ལེགས་པའི་སྤྱོད་པ་ཉིད་ཀྱིས་ནི་གྲགས་པར་འགྱུར་རོ། །ཆོས་མ་ཡིན་པ་ནི་བརྐམ་པ་དང༌། ཕྲག་དོག་དང༌། ཞེ་སྡང་གིས་ཡིད་དཀྲུགས་པ་ཉིད་ཀྱིས་གྲུབ་པ་ཉིད་དེ། དེ་བས་ན་གྲགས་པའི་རྒྱུར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་དང་ལྡན་པས་འགའ་ཞིག་འདོད་ཆེན་གྱིས་སྦྱར་བ་ཡིན་ནོ་ཞེས་སེམས་པའོ། །ཅིའི་ཕྱིར་དང་པོའི་ཞེ་ན། ནོར་གྲུབ་ནོར་ནི་ཞེས་བྱ་བའི་


DTG168_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་བརྩམས་ཏེ། རྒྱལ་པོའི་གཙུག་ལག་དག་ལ་མཁས་གྱུར་དང༌། །ཆོས་ལ་དགའ་བས་དེ་ནས་གླང་ཆེན་བྱིན། །ཚུལ་དང་འགལ་བས་དེ་ནི་གཡོས་མ་གྱུར། །ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནོར་གྲུབ་ནོར་ནི་ཆོས་ལམ་མི་མཐུན་པའི་ཕྱིར་དང༌། གླང་པོ་ཆེ་བྱིན་པ་ནི་ཆོས་ཀྱི་ལམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་བསྟན་པ་ནི་ཆོས་ལ་དགའ་བ་ཞེས་སྨོས་སོ། །གཡོས་མ་གྱུར་ཞེས་བྱ་བ་ནི་སྦྱིན་པ་ལས་ཞེས་བྱ་བའི་དོན་ཏོ། །དེ་གཉི་ག་སྦྱིན་པ་ཞེས་ངེས་པར་བཟུང་བས་བསྙད་མ་ཡིན་ཏེ། ངེས་པར་བཟུང་བ་ཐ་མལ་པའི་དོན་བསྒྲུབ་པའི་ཕྱིར། གཡོས་མ་གྱུར་ཞེས་བསྟན་པ་ཡིན་ནོ། །གཞན་དུ་ན་ཁྱོད་ཅེས་བྱ་བའི་སྒྲ་བསྟན་ཏོ། །ཀུན་ཏུ་འཁྲུགས་ཤིང་ཁྲོ་བ་དང་རྟབ་རྟབ་པོ་གང་ཡིན་པ་དེ་ནི་ཀུན་ཏུ་འཁྲུགས་ཤིང་ཁྲོ་བའི་རྟབ་རྟབ་པོའོ།། ཁྲོ་བ་ནི་ད་ལྟར་བྱུང་བའི་གནོད་པ་ལ་རྟོག་པའི་སེམས་ཀྱིས་ཁོང་ནས་འཁྲུགས་པའོ། །རྟབ་རྟབ་པོར་གྱུར་པ་ནི་སྐྱོབ་པ་སྟེ། གནོད་པར་བྱེད་པ་དེ་ལ་མི་སྡུག་པར་འདོད་པས་སོ། །རྟབ་རྟབ་པོར་གྱུར་པ་དང༌། མི་བཟོད་པ་ནི་རྟབ་རྟབ་པོར་གྱུར་ཅིང་མི་བཟོད་པ་དང་རྔམ་པའོ། །རྟབ་རྟབ་པོར་གྱུར་པ་ནི་ལུས་ཀྱི་འགྱུར་བའི་རྣམ་པར་གཡོ་བའོ། །མི་བཟོད་པ་ནི་གནོད་པ་བྱེད་པ་ལ་མི་བཟོད་པ་སྟེ། དེ་ཉིད་ཀྱི་རྔམ་པ་གང་ཡིན་པ་དེ་ནི་རྟབ་རྟབ་པོར་གྱུར་ནས་རྔམ་པས་དེ་བས་ནའོ། །ཞེ་སའི་ཚུལ་ནི་ཞེས་བྱ་བའི་རིམ་པས་སོ། །ཞེས་བཏང་ནས་རྐོ་ལོང་དུ་གྱུར་པ་གང་ཡིན་པ་དེ་ནི་ཞེས་བཏང་ནས་རྐོ་ལོང་དུ་སྨྲས་པའོ། །ཟ་བ་དག་ཅེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་གཞན་ཡང་དེའི་རང་བཞིན་ནོ། །ཚུལ་དང་འགལ་བའི་ལམ་ཞེས་བྱ་བ་ལ། ཚུལ་ནི་སྙན་ངག་གི་བསྟན་བཅོས་ཏེ། དེ་ལས་འདས་པའི་ལན་ནི་ཚུལ་དང་འགལ་བའི་ལམ་མོ། །ཇི་ལྟར་འགོ་བར་འགྱུར་ཞེས་བྱ་བ་ནི་ཡུན་རིང་པོ་དེ་ན་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་དགྲ་ནི་མདུན་ནས་དགའ་བར་བྱེད། །ཅེས་བྱ་བ་ནི་འདིས་ནི་ལྷ་རིང་པོ་མི་ཐོགས་པར་ཕྱིར་རྒོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །


DTG168_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་དབང་གིས་ཞེས་བྱ་བ་ནི་དགོས་པ་ལ་རྗེས་སུ་དགའ་བའོ། །སྦྱིན་པ་ལ་ཆགས་ཤིང་ཞུགས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་དགའ་བ་ཉིད་དུ་ཞུགས་པ་ཡིན་ཏེ། ཞེན་པ་ཉིད་དུ་ཞུགས་པ་སྟེ། གཏོང་བར་དཀའ་བ་དེས་སེམས་ཟིལ་གྱིས་གནོན་པ་ལ་གནས་པས། སྦྱིན་པ་ལ་ཆགས་ཤིང་ཞུགས་པ་འདི་ལྟར་ཤེས་པའོ། །གང་གི་འགྲམ་པ་བུང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་གྱི་ལན་ནི་ཚུལ་གྱི་རིམ་པ་ལ་མི་ལྟ་བ་ཞེས་བྱ་བ་འདི་ཡིན་ནོ། །ཚུལ་དང་འགལ་བའི་ལམ་དུ་སོང་བ་འདིས་ཞེས་བྱ་བའི་ལན་ནི། རྒྱལ་སྲིད་ལ་དབང་བྱེད་དུ་བཅུག་པ་ནི་དེ་ལྟར་བྱ་བ་ཡང་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །རྒྱལ་པོའི་དཔལ་ནི་ཇི་ལྟར་འགོ་བར་འགྱུར། །ཞེས་བྱ་བའི་ལན་ནི། འདིས་ཀྱང་རང་གི་གླང་པོ་ཆེ་བྱིན་ཟིན་པས་སྒྱུགས་པ་འདྲ་བ་ལྟ་སུ་ཞིག་འཕྲོག་པར་བྱེད་ཅེས་བྱ་བ་ཡིན་ནོ། །འདི་ནི་ཡལ་བར་བོར་ན་ཁྱོད་ལ་གནོད། །ཅེས་བྱ་བའི་ལན་ནི་སུ་ཞིག་སླར་འཕྲོག་ཅེས་བྱ་བ་སྟེ། འདི་ལ་རང་གི་གླང་པོ་ཆེ་བྱིན་པ་ནི་སྐྱུགས་པ་དང་འདྲ་བར་ལྟོས་པ་མེད་པར་བཏང་བ་དེ་ལ་གཞན་སུ་ཞིག་འཕྲོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་བཅོར་མེད་པ་ཉིད་དུ་བརྟགས་ཤིང་བཟུང་ནས་བྱ་བ་གཞན་གྱིས་བསྟན་པའི་ཕྱིར་བརྩམས་སོ། །རྒྱལ་པོ་ཆེན་པོ་ཐམས་ཅད་སྒྲོལ་འདི་ནི་དོན་འདི་ལྟ་བུ་དག་ལ་གཏམས་པ་ཙམ་གྱིས་མཆིས་སུ་འཚལ་བ་མ་ལགས་སོ་ཞེས་བྱ་བ་འདིས་ནི་གླང་པོ་ཆེ་སླར་ཕྲོགས་ན་དེ་རིགས་པ་ཉིད་དུ་མངོན་པར་ཁས་ལེན་པ་ཡིན་ནོ། །སྐྱོན་མ་ཡིན་པ་སྐྱོན་དུ་བཟུང་བའི་སྐྱོན་གང་ཡིན་པ་དེ་ཉིད་ནི་ཡོན་ཏན་ལ་སྨོད་པའོ། །ཡང་ན་ཁྱེད་ཅག་གི་ས་སྐྱོན་དུ་བཟུང་བ་བྱས་པའོ། །བདག་གི་བུ་ཞེས་བྱ་བ་ནི་གཞན་དག་ལ་ཡང་འདི་ལྟ་བུའི་བྱ་བ་སྟེ། གསད་པ་དང༌། བཅིང་བ་དང༌། རྡེག་པ་མི་བྱེད་པ་ཡིན་ན། ཇི་ལྟར་བདག་གི་བུ་ལ་བྱེད་ཅེས་བྱ་བའི་དོན་ཏོ། །བཅིང་ངམ་རྡེག་པར་ཞེས་བྱ་བ་ནི་རྡེག་པ་མ་བསྟན་པའི་ཚིག་གིས་འཁྲུག་པ་བསྐུལ་བ་དེའི་ཚིག་བསྟན་ཏོ། །ཁྱོད་ཀྱི་སྲས་ཞེས་བྱ་བ་ནི་འཁྲུག་པའི་ཚིག་ཉིད་དོ། །


DTG168_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ཆེ་ཞེས་བྱ་བས་ནི་སྤྲོ་བ་ཕུན་སུམ་ཚོགས་པ་བསྟན་པ་ཞེས་བྱ་བའི་དོན་ཏོ། །འཁོར་གསུམ་བསྟན་ལ་མཁས་ཤིང་ཞེས་བྱ་བ་འདིས་ནི་གསང་ཚིག་གི་ནུས་པ་བསྟན་པ་སྟེ། ཆོས་དང༌། དོན་དང༌། འདོད་པ་ནི་གཅིག་ལ་གཅིག་འགལ་བ་བསྟན་པར་འཁོར་གསུམ་བསྟན་པ་ལ་མཁས་པར་གྱུར་ཏོ། །ཆོས་ལ་རབ་ཏུ་དགའ་བས་ཞེས་བྱ་བ་ནི་སྤྲོ་བའི་ནུས་པ་མེད་པ་ཉིད་དུ་བསྟན་ཏོ། །ཚུལ་ལ་མི་ལྟ་ཞེས་བྱ་བས་ནི་གསང་ཚིག་གི་ནུས་པ་ཉམས་པར་བསྟན་ཏོ། །གང་གི་ཕྱིར་ཆོས་དང་དོན་དང་འདོད་པ་ལྷག་པར་བསྟན་པས་ནི་རང་བཞིན་གྱིས་གཞན་འགོག་པར་བྱེད་དོ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚིག་གིས་དེའི་ཚིག་དང་འགལ་ལོ། །ཚུལ་ལ་ལྟོས་པ་མེད་པ་དེས། །འདི་ནི་དཀའ་ཐུབ་ནག་ས་ན་གནས་པར་འོས། །ཞེས་བྱ་བ་འདིས་ནི་གཙོ་བོའི་ནུས་པ་མེད་པར་བསྟན་ཏེ། ཚུལ་ལ་ལྟོས་པ་མེད་པའི་ཕྱིར་རོ། །འདི་ལ་ཅིའི་ཕྱིར་སྤྱུགས་པའི་རྒྱུ་བསྟན་པ་འདིའི་དབང་དུ་བྱས་པ་ནི། ས་ཡི་བདག་པོ་རྣམས་ཀྱི་ཚུལ་ཉེས་སྐྱོན། །ཞེས་བྱ་བའོ། །མོད་ཀྱི་ཞེས་བྱ་བ་ནི་དེ་ལྟ་ཡང་ཞེས་བྱ་བའི་དོན་ཏོ། །ཚུལ་ཉེས་སྐྱོན་ཞེས་བྱ་བ་ལ། ཚུལ་ངན་པའི་སྐྱོན་གང་ཡིན་པ་དེ་ནི་ཚུལ་ཉེས་སྐྱོན་ནོ། །དེ་ལ་བརྟེན་པ་རྣམས་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་སོ། །བཅོས་སུ་རུང་བ་མཆིས་པ་ནི་བཅོས་སུ་བཟོད་པ་ཞེས་བྱ་བའི་དོན་ཏོ། །བཟོད་པ་གང་དག་གི་ཡིན་ཞེ་ན། དེ་དག་དེ་ལ་བརྟེན་པ་རྣམས་ཞེས་བྱ་བ་སྟེ་ཚུལ་ཉེས་པའི་སྐྱོན་དེ་དག་གོ །དེ་ལ་བརྟེན་པ་ལ་ལྟ་བ་གང་དག་ཡིན་ཞེ་ནས་བདག་རྣམས་སོ། །ཅིའི་ཕྱིར་ཞེ་ན། གཙོ་བོ་ཉམས་ན་ཉམས་པའི་ཕྱིར་རོ། །གང་གི་ཕྱིར་རྩ་བར་གྱུར་པའི་རྒྱལ་པོ་དེ་ཉམས་ནའོ། །འདི་སྐད་སྟོན་པ་ཡིན་ཏེ། རྒྱལ་པོའི་ཚུལ་ཉེས་པའི་སྐྱོན་ནི་དེ་ལ་བརྟེན་པ་རྣམས་ལ་འབྱུང་མོད་ཀྱི། འོན་ཀྱང་བཅོས་སུ་རུང་བར་སྣང་ངོ༌། །གང་གི་ཕྱིར་གཙོ་བོ་ཉམས་ན་ནི་དེའི་ཚུལ་ཉེས་པ་དེའི་སྐྱོན་བཅོས་པར་མི་ནུས་ཞེས་སྟོན་ཏེ། གཙོ་བོ་ཉམས་ན་དེ་ལ་བརྟེན་པ་རྣམས་ཀྱང་ཉམས་པར་འགྱུར་རོ། །དེས་ན་འདི་ཉིད་ཚུལ་ཉེས་པའི་སྐྱོན་


DTG168_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་བྱུང་ན་དེ་ལ་བརྟེན་པ་རྣམས་ཀྱིས་བཅོས་པར་མི་ནུས་པར་སྣང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྩ་བར་གྱུར་པའི་གཙོ་བོ་ཉམས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ནི་གསོ་བ་ཉིད་དུ་འགྱུར་གྱི་གང་གི་ཕྱིར་དེ་ཉམས་ན་ནི་གང་གིས་གསོ་བར་འགྱུར་ཞེས་བྱའོ། །སྲིད་ཉམས་མི་བཟོད་ཅེས་བྱ་བ་ནི་ཁྱོད་ཀྱི་སྲིད་ཉམས་པ་འམ་འཇིག་པར་མི་བཟོད་པ་གང་ཡིན་པ་དེ་ནི་མི་བཟོད་པའོ། །ཡང་ན་མི་བཟོད་པ་གང་ལ་ཡོད་པ་དེ་མི་བཟོད་པ་སྟེ། ཁྱོད་ཀྱི་སྲིད་ཉམས་མི་བཟོད་པའོ། །ཅིའི་ཕྱིར་གཏང་བ་ཡིན་ཞེ་ན། སྨྲས་པ་དཀའ་ཐུབ་འཕེལ་བ་ཞེས་སྨོས་སོ། །ཅིའི་ཕྱིར་དེ་ཉིད་དུ་དཀའ་ཐུབ་འཕེལ་བར་འགྱུར་ན་གྲུབ་པས་བསྟན་པའི་ཕྱིར་རོ། །བྱམས་ཤིང་སྤོབས་པ་དང་ཡིད་གཅུགས་པའི་དབང་གིས་ཞེས་བྱ་བ་ལ། བྱམས་པ་ནི་དགའ་བ་དང་བདག་པོ་དང་འབྲེལ་པ་མེད་པས་བྱམས་པའི་བདག་གིར་བྱེད་བའོ། །ཡིད་གཅུགས་པ་ནི་ཉེས་པར་དོགས་པ་མེད་པས་སོ། །ཚུལ་མ་ཡིན་པས་ཞེས་བྱ་བ་ནི། བྶྟནཾ་ངག་གི་བསྟན་བཅོས་ལམ་ལོག་པ་ཡིན་པའི་ཕྱིར་ཚུལ་མ་ཡིན་པས་སོ། །དེའི་རྒྱུ་ཅན་གྱི་ཕན་པ་མ་ཡིན་པར་འགྱུར་བ་ནི་ཉམས་པར་དོགས་པ་ཞེས་སྨོས་པ་སྟེ། ཕན་པ་མཆོག་ཏུ་བྱེད་པ་དེ་ལའོ། །ལྷ་རྒྱལ་སྲིད་ཀྱི་དཔལ་འདི་ལྟར་ཚབ་བཙལ་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་བྱམས་པའི་དབང་གིས་བསྟན་ཏོ། །ལྷ་ཅི་མི་མཁྱེན་ནམ་ཞེས་བྱ་བ་ལ་སོགས་པས་ནི་སྤོབས་པའི་དབང་དུ་བྱས་པའོ། །ཚུལ་དང་འགལ་བའི་ལམ་ཞེས་བྱ་བ་འདི་དང༌། རྒྱལ་པོ་ཆེན་པོ་ཐམས་ཅད་སྒྲོལ་འདི་ནི་དོན་འདི་ལྟ་བུ་དག་ལ་ཞེས་བྱ་བ་འདི་ནི་ཡིད་གཅུགས་པའི་དབང་ཉིད་དུ་བསྟན་ཏོ། །གྲགས་པ་ཐོབ་པ་སེང་གེའི་ཁྲི་ལ་འོས། །ཞེས་བྱ་བའི་ཚིགས་བཅད་འདི་ནི་འདིར་མཐོང་བའི་འབྲས་བུ་བསྐྱེད་པའོ། །ས་ཡི་བདག་པོ་རྣམས་ཀྱི་ཚུལ་ཉེས་སྐྱོན། །ཞེས་བྱ་བ་འདིས་ནི་ཚུལ་མ་ཡིན་པ་བསྟན་ཏོ། །འདི་ལ་མང་དུ་གསོལ་ཀྱང་ཅི་འཚལ་ཏེ། །ཞེས་བྱ་བ་འདིས་ནི་ཉམས་པར་དོགས་པ་བསྟན་ཏོ། །ངོ་བཟློག་ཕོད་པ་ནི་དེ་ཐམས་ཅད་ལ་སྩལ་བ་མེད་པ་ཉིད་དུ་རྒྱལ་


DTG168_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་མི་འདོད་པ་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་ཁོང་ངས་ཤིང་ངོ་ཚ་བཞིན་དུ་མགོ་སྨད་དེ་ཞེས་བྱ་བ་ལ། རང་བཞིན་གྱིས་ཁོང་ངས་པ་རྒྱུ་དང་བཅས་པར་མངོན་པར་གྱུར་པའི་ཕྱིར་དེ་ལ་སྤྱུགས་པ་ལ་ཁོང་ངས་པ་སྟེ། དེ་སྐྱོན་གྱིས་སྤྱུགས་པར་གྱུར་ཀྱང་བུ་དང་བྲལ་བས་སེམས་ཡོངས་སུ་གདུངས་པར་གྱུར་པའོ། །ཁྱེད་དེ་ལྟར་གལ་གྱིས་འཆུ་ན་ཞེས་བྱ་བ་འདིས་ནི་བུ་དང་བྲལ་བའི་སྡུག་བསྔལ་གྱིས་ཀྱང་ཁོང་ངས་པའི་སྡུག་བསྔལ་དུ་བསྟན་ཏོ། །དེ་ལ་རེ་ཞིག་ཉིན་ཞག་གཅིག་ཙམ་ཞིག་ཅེས་བྱ་བ་འདིས་ནི་བུ་ལ་བྱམས་པར་དམིགས་པ་དང་བཅས་ཏེ། དེ་ལ་རྗེས་སུ་དཔག་པའི་རྒྱུ་ནི་བབ་ཅོལ་དུ་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་བྱེད་པ་དང་རྗེས་སུ་མཐུན་པ་དེའོ། །མྱ་ངན་གྱི་སྡུག་བསྔལ་གྱི་ཤུགས་ཀྱིས་ཞེས་བྱ་བ་ལ། མྱ་ངན་གྱི་སྡུག་བསྔལ་དང་བྲལ་བས་སྨྲེ་བའི་རྒྱུའི་རྣམ་པར་རྟོག་པ་མྱ་ངན་ནོ། །སྡུག་བསྔལ་ནི་སྡུག་པ་དང་བྲལ་བ་སྟེ། ལུས་ཀྱིས་མི་འདོད་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཤུགས་ནི་མྱ་ངན་གྱི་སྡུག་བསྔལ་གྱི་ཤུགས་སོ། །དེ་བས་ན་ཤིན་ཏུ་ཡང་སྐྱོ་བས་མི་དགའ་བར་གྱུར་པའོ། །མི་དཀའ་བ་དང་ཚིག་མི་གསལ་བ་གང་ཡིན་པ་དེ་ནི་ཚིག་མི་གསལ་བ་སྟེ། མི་དགའ་བ་དང་ཚིག་མི་གསལ་བ་ནི་མི་དགའ་བས་ཚིག་མི་གསལ་བའོ། །མཆི་མས་བརྣངས་ཤིང་སྐད་འཛེར་བ་གང་ཡིན་པ་དེ་ནི་དེ་སྟེ། མཆི་མས་བརྣངས་ཤིང་སྐད་འཛེར་བའོ་ཞེས་བསྟན་པ་ཡིན་ནོ། །དབུགས་ཀྱིས་བརྣངས་པ་ནི་གནས་ལས་ཉམས་པའོ། །མི་གསལ་བ་ནི་ཚིག་ནི་འཁྲུགས་པའི་ཚིག་སྟེ། ཚིག་འབྲུ་མི་གསལ་བའི་ཚིག་གང་ཡིན་པ་དེ་ནི་ཚིག་མི་གསལ་བའོ། །འཇམ་པོར་སྩལ་བ་ཞེས་བྱ་བ་ནི་དེ་ལྟར་བྱའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཉེས་པ་སྤྱོད་པ་མ་མཐོང་ན། །ཞེས་བྱ་བ་ལ་སོགས་པས་ནི་རྒྱལ་པོའི་བཀའ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཡུལ་ནས་འབྱིན་ཞེས་བྱ་བ་ལ་སོགས་པ་འདི་ལ་མང་དུ་གསོལ་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདུལ་དང་འགལ་བའི་ལམ་མི་འགྲོ། །


DTG168_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིས་ནི་མི་དགེ་བ་ལས་ལྡོག་པ་བསྟན་ཏོ། །བག་མེད་པ་ལའང་ང་མི་དགའ། །ཞེས་བྱ་བ་འདིས་ནི་དགེ་བ་ལ་འཇུག་པ་བསྟན་ཏེ། བག་ཡོད་པ་གང་ཞེ་ན། དགེ་བའི་ཆོས་རྣམས་བསྒོམ་པའོ་ཞེས་བྱ་བའི་ཚིག་གིས་སོ། །ཉེས་པར་བྱས་པ་མ་མཐོང་ན། །ཞེས་བྱ་བ་ནི་དེ་ལ་འཁྲུགས་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ནི་ཆགས་པ་མེད་ལ་དགའ་བར་གྱུར། །ཞེས་བྱ་བ་ལ་ཆགས་པ་མེད་པའི་སེམས་དང་ལྷན་ཅིག་སྐྱེས་པས་སོ། །ཆགས་པ་ལ་དགའ་བ་ཞེས་བྱ་བ་ནི་ལྷག་པར་ཆགས་པའི་སེམས་དང་ལྷན་ཅིག་སྐྱེས་པས་སོ། །རང་གི་ཆོས་ཞེས་བྱ་བ་ནི་རང་གི་གཞུང་ལུགས་ཏེ། མི་འདའ་བ་དང་ཡོངས་སུ་མི་གཏོང་བ་ནི་རང་གི་གཞུང་ལུགས་ལས་མི་འདའ་བ་ཞེས་གཉིས་པའི་ཕྱེད་ཀྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔས་སྙིང་བརྩེ་བ་ལ་སོགས་པའི་ཤས་ཆེ་བ་དང། སྐྱེ་བོ་སློང་བ་ལ་བྱམས་པ་དང༌། རང་གི་བསྟན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་དང༌། ཡུལ་ཤི་བི་པ་རྣམས་ནི་ཞེས་བྱ་བའི་ཚིག་ཀྱང་ནི། འཇིག་རྟེན་དོན་དུ་ངའི་ལུས་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །རང་གི་མིག་དང་མགོ་ཡང་ངས་སྦྱིན་ན། །ཞེས་བྱ་བ་འདིའི་སྒྲུབ་པ་ནི། །འཇིག་རྟེན་དོན་དུ་ངའི་ལུས་འཛིན་ན། །ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་པ་ཡིན་ནོ། །མིག་དང་མགོ་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །གཉིས་པོ་དེ་ནི་ཡུལ་གྱི་བྱེད་དམ། ཡང་ན་གདོང་ནི་ཐམས་ཅད་ཡིན་ནོ་ཞེས་བརྗོད་དེ། དེ་ཡང་སྣ་ནི་མཆོག་ཏུ་གྱུར་པ་ཡིན་ལ། དེ་བས་ཀྱང་མཆོག་ཏུ་གྱུར་པ་ནི་མིག་གོ་ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་མགོ་སྨོས་པས་ནི་རང་གི་སྲོག་གཏོང་བ་བསྟན་ཏོ། །མིག་ཅེས་བྱ་བ་འདིས་ནི་ལུས་ཀྱི་སྦྱིན་པའོ། །ཕྱི་རོལ་ནོར་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཞེས་བྱ་བ་འདི་སྒྲུབ་པ་ནི། ཕྱི་རོལ་ནོར་སྦྱིན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་བྱ་བ་འདིས་བསྟན་ཏོ། །རང་གི་ལུས་ཀྱང་ཞེས་བྱ་བ་ནི་བསྟན་མ་ཐག་པར་བཤད་པ་སྟོན་ཏོ། །རང་གི་མིག་དང་མགོ་ཡང་ངས་སྦྱིན་ན། །ཞེས་བྱ་བ་འདིས་ནི། སྐྲག་པར་


DTG168_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་མི་སྦྱིན་ཞེས་སྨོས་ཏེ། ཕྱི་རོལ་གྱི་དངོས་པོ་ཞེས་བྱ་བའི་དོན་ཏོ། །གང་སྔར་བསྟན་པའི་རང་གི་བསྟན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་ཞེས་བྱ་བ་དེའི་དབང་དུ་བྱས་པ་ནི། ཤི་བི་པ་རྣམས་ཐམས་ཅད་ཀྱིས་ཞེས་བྱ་བ་སྨོས་སོ། །ངེས་པ་ནི་བསྐྲད་པར་འདོད་པ་ངེས་པར་བྱས་པའོ། །ཅི་ཐོབ་དང་ཞེས་བྱ་བ་ནི་དེ་ཉིད་ངེས་པར་བྱས་པའི་ཕྱིར་ང་ལས་ཐོབ་པའི་ནོར་ཅི་ཡོད་པའོ། །ཕའི་ནོར་རྣམས་ཞེས་བྱ་བ་ནི་གཉི་ག་བཟུང་སྟེ། གྱོས་པོའི་ནོར་བཟུང་ཚུལ་ཁྲིམས་ལྡན་པ་ཞེས་བྱ་བ་ནི་ལེན་པ་པོ་ཕུན་སུམ་ཚོགས་པའོ། །རྟག་པར་བྱིན་པ་ཞེས་བྱ་བ་ནི་རྟག་ཏུ་སྦྱིན་པར་བྱེད་པའོ། །བཀུར་སྟིས་བརྒྱན་པ་སྦྱིན་ཞེས་བྱ་བ་ནི་གུས་པར་བྱིན་པའོ། །སྦྱིན་པར་བྱེད་པ་ཡིན་པས་སྦྱིན་པ་སྟེ། སྦྱིན་པའི་དངོས་པོའོ། །དབྲོག་ཏུ་མེད་ཅེས་བྱ་བ་ནི་སྔ་མ་དང་ཐུན་མོང་དུ་གྱུར་པའི་ནོར་ལས་ཁྱད་པར་དུ་གྱུར་པ་བསྟན་ཏོ། །རྗེས་སུ་འགྲོ་ཞེས་བྱ་བ་ནི་གཞན་གྱི་རྣམ་པ་ནི་བོར་ནས་འགྲོ་བ་ཡིན་པས་དེའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །གྱོས་སྒྱུག་གཉིས་ཞེས་བྱ་བ་ནི་གྱོས་པོ་དང་སྒྱུག་མོ་ནི་གྱོས་སྒྱུག་གཉིས་སོ། །བུ་དང་བུ་མོ་ནི་བུས་པ་གཉིས་སོ། །གྱོས་སྒྱུག་གཉིས་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་ནོར་གྱི་སྒྲུབ་པ་དང༌། ཆོས་ཀྱི་སྒྲུབ་པ་བསྟན་ཏེ། དང་པོའི་ཕྱེད་ཀྱིས་ནི་ནོར་གྱི་སྒྲུབ་པ་སྟེ། དེ་ཉིད་ནི་འཇིག་རྟེན་འདི་སྒྲུབ་པའོ། །ཆོས་ལ་གཅིག་ཏུ་བག་ཡོད་བྱོས། །ཞེས་བྱ་བ་ནི་ཆོས་ཀྱི་སྒྲུབ་པ་སྟེ། དེ་ཉིད་ནི་འཇིག་རྟེན་ཕ་རོལ་གྱི་སྒྲུབ་པའོ། །འདི་ནི་འབྲལ་བ་དང་འདུ་བ་ལས་བརྩམས་ཏེ། ང་མེད་མྱ་ངན་མ་བྱེད་ཅིག །ཅེས་སྨོས་སོ། །དེ་ཐོས་ནས་ཞེས་བྱ་བ་ནི་འབྲལ་བར་བྱ་བ་བསྟན་པའོ། །སྙིང་རབ་ཏུ་གདུངས་ཀྱང་ཞེས་བྱ་བ་ནི་ཐོས་པས་ཡིད་རབ་ཏུ་གདུངས་པར་གྱུར་ཀྱང་ངོ༌། །ཆོས་མ་མཆིས་ཞེས་བྱ་བ་ནི་ཆུང་མ་བོར་ནས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་པའོ། །དེ་བས་ཞེས་བྱ་བ་ནི་གཅིག་པུ་གཤེགས་པའི་ཆོས་མེད་པས་སོ། །ངེས་པར་ནགས་སུ་གནས་པ་ཉིད་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་ཤེས་ཤིང་ཆོས་མ་ཡིན་པ་ཉིད་དེ། གཅིག་


DTG168_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ནགས་སུ་འགྲོ་ཞིང་བདག་སྤངས་ནས་གང་དུ་འགྲོ་བར་བྱེད་པའོ་ཞེས་རྟོགས་པའོ། །མི་སྲུན་མི་བྱེད་ཤིང་དང་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་སྐྱེད་མོས་ཚལ་བས་ཀྱང་ལྷག་པར་དཀའ་ཐུབ་ཀྱི་ནགས་བདེ་བ་སྟེ། ཡོན་ཏན་གང་གིས་སྐྱེད་མོས་ཚལ་བས་དཀའ་ཐུབ་ཀྱི་ནགས་ལྷག་པ་ཡིན་ཞེ་ན། སྐྱེད་མོས་ཚལ་ནི་མི་སྲུན་པའི་སྐྱེ་བོའི་གནོད་པ་ཡོད་ལ་དཀའ་ཐུབ་ཀྱི་ནགས་ན་ནི་དེ་མེད་དེ་ཤིང་དང་ཆུ་ལ་སྤྱོད་པའི་ཕྱིར་རོ། །སྐྱེད་མོས་ཚལ་ནི་མི་གཙང་བ་ཡིན་ལ་དེ་མེད་པས་ན་གཙང་བའོ། །སྐྱེད་མོས་ཚལ་ནི་སྐྱེ་བོའི་སྒྲ་དང་ལྡན་ལ། དཀའ་ཐུབ་ཀྱི་ནགས་ན་ནི་བྱ་རྣམས་སྐད་སྣ་ཚོགས་འབྱིན་པ་ཡིན་ནོ། །སྐྱེད་མོས་ཚལ་ན་ནི་མི་ལ་སོགས་པའི་གནོད་པ་ཡོད་པ་ཡིན་ལ། དཀའ་ཐུབ་ཀྱི་ནགས་ན་ནི་རི་དགས་མང་བ་ཡིན་ནོ། །སྐྱེ་བོ་རྒྱུ་བས་བརྫིས་པའི་ནེའུ་གསིང་ནི་རེག་ན་སྡུག་བསྔལ་བ་ཡིན་ལ། དཀའ་ཐུབ་ཀྱི་ནགས་ན་ནི་ས་གཞི་བཻཌཱུཪྻ་ལྟ་བུའི་རང་བཞིན་ནེའུ་གསིང་སྔོན་པོ་ཡིད་དུ་འོང་བ་དང་སྐྱེ་བོ་རྒྱུ་བ་མེད་པའི་ཕྱིར་རོ། །འདིས་ནི་བདག་ཉིད་ཀྱི་སྡུག་བསྔལ་མེད་པ་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའ་ནགས་ན་གནས་པ་ལ་སྡུག་བསྔལ་མེད་པ་ཉིད་དུ་བསྟན་པའི་ཚིགས་བཅད་དྲུག་གིས་སྤྲོ་བ་བསྐྱེད་པ་ཡིན་ནོ། །ནགས་ཚལ་ལྕུག་མའི་ཁྲོད་དག་ན། །ཞེས་བྱ་བ་འདིས་ནི་གཡོག་འཁོར་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། རྒྱལ་སྲིད་ཡོངས་སུ་སྤངས་ཀྱང་སྡུག་བསྔལ་མེད་ཅིང་རྒྱལ་སྲིད་དྲན་པར་མི་འགྱུར་བ་ཡིན་ཏེ། རྒྱལ་སྲིད་ནི་གཡོག་འཁོར་གྱི་རྣམ་པའི་ཕྱིར་ཏེ། གཡོག་འཁོར་ཕུན་སུམ་ཚོགས་པ་དེས་དྲན་པར་མི་འགྱུར་བའོ། །གཞོན་ནུ་མ་དང་གཞོན་ནུ་ནི་གཞོན་ནུ་གཉིས་སོ། །ནགས་ལ་སྡུག་བསྔལ་མེད་པའི་དབང་དུ་བྱས་ནས། དུས་ཀྱི་དབང་གིས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གླུ་དང་གར་དང་རོལ་མོའི་དབང་དུ་བྱས་ཏེ་གསུམ་ཡོངས་སུ་སྤངས་ཀྱང་ཁྱད་པར་དུ་གྱུར་པ་གསུམ་ཡོད་དོ་ཞེས་བསྟན་པའི་ཕྱིར། དགའ་བ་འཚལ་བའི་བྱ་རྣམས་ཞེས་བྱ་བ་སྨོས་སོ། །གང་གི་གནས་མལ་ཡོངས་སུ་སྤངས་ཀྱང་ཁྱད་པར་དུ་གྱུར་པའི་


DTG168_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་ཡོད་དོ་ཞེས་བསྟན་པའི་དབང་དུ་བྱས་ནས། ནགས་ཚལ་དག་ན་མཚན་མོའི་ཟླ་འོད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེག་པ་དང་དྲི་ཞིམ་པ་ཕུན་སུམ་ཚོགས་པའི་གནས་སུ་ཚིགས་བཅད་འདི་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་ཏོ། །མྱ་ངན་གྱིས་གདུངས་པའི་ཤུགས་ཞེས་བྱ་བ་ལ། མྱ་ངན་དང་གདུངས་པ་གཉིས་ནི་གོང་དུ་བཤད་པའི་དོན་གྱི་རྗེས་སུ་རྟོགས་པར་བྱའོ། །བརྒྱལ་བ་བཞིན་དུ་གྱུར་ཞེས་བྱ་བ་ནི་བརྒྱལ་བར་གྱུར་པ་དང་འདྲ་བ་སྟེ། དྲན་པ་མེད་པར་གྱུར་པ་ལས་ཕྱིས་ཡང་དྲན་པ་དང་ལྡན་པའོ། །སྨྱོ་བླ་ཅན་དུ་གྱུར་པ་ཡིན། །ཞེས་བྱ་བ་ནི་སེམས་རྣམ་པར་འཁྲུགས་པ་ཐོབ་པའོ། །གྲིབ་ཤིང་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སྟེ། ཕོངས་པའི་ཚ་བས་མངོན་པར་གདུངས་ཤིང་འཁོར་བའི་འབྲོག་དགོན་པར་ཡུན་རིང་པོར་ཡོངས་སུ་དུབ་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བའི་ཕྱིར་ཏེ། བཞིན་ཁྲོ་གཉེར་མེད་པ་དང་ཚིག་གི་ལན་ལ་སོགས་པས་སོ། །འབྲས་བུ་ཞིམ་པོ་ཡོད་པ་ཞེས་བྱ་བ་ནི་གུས་པར་བྱེད་པས་ཇི་ལྟར་བསམས་པའི་འདོད་པའི་དོན་སྟེར་བར་བྱེད་པའི་ཕྱིར་རོ། །ཤིང་ལྟ་བུ་ནི་གཞན་གྱི་དོན་བྱེད་པ་དང༌། དེའི་འབྲས་བུ་ལ་འཇུག་པའོ། །སྟ་རིས་གཟས་པ་རྣམས་འཛིན་པ་ནི་ཞེས་བྱ་བ་ནི་འཛིན་པར་བྱེད་པའི་འབྲས་བུ་སེམས་པའོ། །ཆུ་གཙང་ཞིམ་པོ་བསིལ་བའི་རྫིང་བུ་ཞེས་བྱ་བ་ནི་མཚོ་ལ་སོགས་པ་གང་འཐུངས་ན་བསིལ་བ་དང༌། དྲི་མ་མེད་པ་དང༌། ཆུ་ཞིམ་པའི་ཆུས་གང་བ་ཡིན་པ་དང༌། བསིལ་བ་ནི་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཞི་བ་ནི་གུས་པར་བྱེད་པའི་སྦྱོར་བ་ལ་སོགས་པའི་ཁྱད་པར་ཅན་གྱིས་ཡིད་དུ་འོང་བའི་ཕྱིར་རོ། །འདྲལ་བ་དག་ཅེས་བྱ་བ་ནི་འཇིག་པ་འདོད་ཅིང་དབུལ་བ་བཟློག་པའོ། །མིང་ལ་ནི་དོན་མེད་ཅེས་བྱ་བ་ནི་འདི་དག་དོན་དང་ལྡན་པ་མ་ཡིན་ཏེ་འདོད་དགའི་མིང་ངོ༌། །ཡང་ན་དོན་དང་ལྡན་པ་ཡིན་དུ་ཟིན་ཀྱང་འོན་ཀྱང་གུད་དུ་སོང་བ་ཞེས་སྨོས་ཏེ། ཡུལ་ཕྱོགས་གཞན་དུ་སོང་ཞིང་ཉེ་བ་དག་ན་མི་གནས་པའོ། །


DTG168_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གྲགས་པ་ཟད་ཅེས་བྱ་བ་སྨས་ཏེ་མེད་ཅེས་བྱ་བའི་དོན་ཏོ། །གྲིབ་ཤིང་འབྲས་བུ་ཞིམ་པོ་ཡོད་པ་དག་དང་དྲི་མ་མེད་པ་དང༌། གཙང་ཞིང་ཞིམ་པའི་ཆུས་གང་བའི་རྫིང་བུ་ཞེས་སྨོས་པས་ནི་ངལ་བསོ་བའི་གནས་དང༌། བཟའ་བ་དང་བཏུང་བའི་སྡུག་བསྔལ་གསོ་བའི་ཐུན་མོང་གི་རྒྱུར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་དགོས་པ་ཡིན་ཏེ། གྲིབ་ཤིང་དང་རྫིང་བུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་འབྲས་བུ་ཞིམ་པོ་ཡོད་པ་ཞེས་བྱ་བ་དང༌། ཆུ་གཙང་ཞིམ་པོ་ཞེས་བྱ་བའི་ཚིགས་བཅད་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་བསྐྲད་པའི་སྒོ་ནས་བདག་གི་སྡུག་བསྔལ་ལས་བརྩམས་ཏེ་སྨྲེ་སྔགས་འདོན་པ་བསྟན་ཏོ། །གང་ན་རྒྱལ་པོ་ཐམས་ཅད་སྒྲོལ་ཞེས་བྱ་བ་འདིས་ནི་བྱང་ཆུབ་སེམས་དཔའ་སྤྱུགས་པའི་དབང་དུ་བྱས་ནས་སྨྲེ་སྔགས་འདོན་པ་བསྟན་ཏོ།། བདག་ཅག་ཕོངས་པ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་བདག་ཉིད་སྡུག་བསྔལ་ལས་བརྩམས་སོ། །ནོར་བུ་རིན་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་ཀྱི་དངོས་པོའི་དབང་དུ་བྱས་པའོ། །ནོར་དང་འབྲུ་མང་པོ་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་དོགས་པའི་དངོས་པོ་བཟུང་བའོ། །ཉེ་འཁོར་སྐྱེད་མོས་ཚལ་བཟང་པོ་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་ཉེ་འཁོར་སྐྱེད་མོས་ཚལ་བཟང་པོ་ཡིད་དུ་འོང་བའོ། །མཐར་གྱིས་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་མཆོག་ལས་སོ། །འདས་པ་འདི་རིམ་གྱིས་ཞེས་བྱ་བའི་དོན་ཏེ། གྲོང་དང་གྲོང་ཁྱེར་ལས་འདས་པའོ། །གྲིབ་ཤིང་བར་མཚམས་མེད་པའི་དགོན་པ་གང་ཡིན་པ་དེ་ནི་གྲིབ་ཤིང་བར་མཚམས་མེད་པའོ། །རབ་ཏུ་རྒྱུ་བ་ཕྱོགས་གསལ་བ་གང་ཡིན་པ་དེ་ནི་རབ་ཏུ་རྒྱུ་བས་ཕྱོགས་གསལ་བར་སྣང་བའོ། །ཤིང་རྟ་འདྲེན་པའི་རྟ་ནི་གཞན་མ་ཡིན་བ་ཞེས་བྱ་བའི་དོན་ཏོ། །དཔག་ཚད་དུ་མའི་ལམ་དུ་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་རྟ་བྱིན་པ་སྟེ། ཅིའི་ཕྱིར་ཞེ་ན། སྦྱིན་པ་ལ་དགའ་བ་སྟེ། དེ་བས་ན་སྒྲུབ་པའི་ཁྱད་པར་མཐའ་དག་འདིར་དཔག་ཚད་དུ་མ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་སོ། །


DTG168_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ལས་གཞན་མེད་པས་དེ་སྒྲུབ་པར་མི་འགྱུར་རོ། །ལམ་དུ་དེ་ལུས་ལ་ཞེས་བྱ་བ་ནི་རྟ་དེ་བྱིན་པའི་སློང་བས་དེ་ཉིད་དུ་བསྟན་ཏོ། །དཔག་ཚད་དུ་མ་ནི་དུས་མང་པོའི་དབང་དུ་བསྟན་ཏོ། །གྲོགས་ནི་མེད་གྱུར་ཀྱང་ཞེས་བྱ་བ་ནི་གཞན་དེ་ན་བྱེད་པ་མེད་པའོ། །བུ་སྨད་བཅས་ཤིང་ཞེས་བྱ་བ་ནི་དོན་གཉེར་བའི་གཞན་གྱི་དོན་ཉིད་དེ། དེ་ཡང་རང་གི་སྐྱོ་བ་བཟོད་པའོ། །ཕྱི་རྗེས་མི་ལྟ་བར་ཞེས་བྱ་བ་ནི་སྡུག་བསྔལ་དེ་བཅོས་པའི་རྒྱུ་ཐོབ་པ་དག་གསལ་བའོ། །རྟ་བཞིན་ནི་ཐམས་ཅད་ལུས་པ་མེད་པར་བྱིན་པའོ། །ཚིག་རྐང་དེ་དག་གིས་ནི་སྦྱིན་པ་ལ་དགའ་བའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །ནགས་ཞེས་བྱ་བ་ནི་དཀའ་ཐུབ་ཀྱི་ནགས་སོ། །གོམས་ཀྱང་ཞེས་བྱ་བ་ནི་ཡུན་རིང་པོར་ཤིན་ཏུ་གོམས་པ་སྟེ་ཡུན་རིང་དུ་རྟག་ཏུ་བྱེད་པ་དང༌། གུས་པར་སྦྱོར་བ་དང་ལྡན་པ་དེས་སོ། །དམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཡོན་ཏན་ལ་གོམས་པ་ནི་གཞན་ལ་ཕན་པ་དང་བདེ་བ་བྱེད་པ་ལ་གོམས་པ་སྟེ། གང་ལ་གང་ཞིག་བྱེད་པ་དེ་ཉིད་དེའི་བསོད་ནམས་ཀྱི་སྟོབས་ཡིན་གྱི་བྱེད་པ་པོའི་ཡོན་ཏན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བ་ལ་འཇུག་པ་ནི་མི་འགྲུབ་པར་སྣང་བས་སོ། །དཔེར་ན་བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་ཞིང་བདེ་བར་འཇུག་པར་གྱུར་ན་ཡང༌། ཡི་དགས་དང་དམྱལ་བ་ལ་སོགས་པར་སྐྱེས་པའི་སེམས་ཅན་བདེ་བར་འཇུག་པ་གྲུབ་པ་མེད་པས་སོ། །ཀུ་མུ་ཏའི་ཁ་འབྱེད་པའི་ཟླ་བ་ཡང་གལ་ཏེ་ཟླ་བ་ཁ་འབྱེད་པ་ཡིན་ན་ནི། ཅིའི་ཕྱིར་པདྨ་ཁ་འབྱེད་པར་མི་བྱེད་དེ། ཁྱད་པར་མེད་པར་ལྟོས་ཤིང་ཁ་འབྱེད་རྒྱུར་གྱུར་པས་སོ། །རང་གི་ནུས་པའི་ཁྱད་པར་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཚོའི་ནང་ན་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །སྐར་མ་རྣམས་ཀྱི་གཟུགས་བརྙན་ནི་སྐར་མ་རྣམས་ཀྱི་གཟུགས་བརྙན་ནོ། །དེས་མཛེས་པའི་སྐར་མའི་གཟུགས་བརྙན་རྣམས་ལྷག་པར་མཛེས་པ་སྟེ། ཀུ་མུ་ཏ་རྒྱས་པ་དང་འདྲ་བའི་མཚོའི་ནང་ནས་སྐར་མའི་


DTG168_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་དེ་དག་ལའོ། །ཀུ་མུ་ཏ་རྣམ་པར་དག་པས་ནི་ལྷག་པར་སྐར་མའི་གཟུགས་བརྙན་མཛེས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། འདིས་ནི་ཀུ་མུ་ཏ་ཁ་འབྱེད་པ་དག་ཙམ་འདིར་ནི་བརྗོད་ལ་གཞན་གྱི་རྒྱན་གྱི་དོན་དུ་བསྟན་ཏོ། །ཟླ་བའི་འོད་ཟེར་ལྟད་མོ་ལྟ་བ་བཞིན་ཞེས་བྱ་བ་འདིས་ནི་མཚོའི་ནང་ན་སྐར་མའི་གཟུགས་བརྙན་རྣམས་ཀུ་མུ་ཏ་རྒྱས་པ་མཐོང་ན་ལྷག་པར་ལྟད་མོ་ལྟ་བར་བྱེད་པ་ཡིན་ནོ། །རྒྱུར་གྱུར་པ་ཞེས་བྱ་བ་ནི་མཚན་མ་ཙམ་དུ་གྱུར་པ་སྟེ། ཟླ་བས་ཁ་འབྱེད་པར་བྱས་པ་ནི་ཟླ་བ་འཆར་བའི་དུས་སུ་དེ་ཁ་འབྱེད་པར་སྣང་བའི་ཕྱིར་ཏེ། གལ་ཏེ་ཁ་འབྱེད་པའི་ནུས་པ་ཡོད་པར་གྱུར་ན་ནི་པདྨ་ལ་སོགས་པ་ཅིའི་ཕྱིར་ཁ་འབྱེད་པར་མི་བྱེད། དེ་བཞིན་དུ་བདག་གིས་བསམས་ན་རྒྱལ་པོ་ཁྱོད་ཀྱི་མཐུ་སྟོབས་ཡིན་སྙམ་ན། རི་དགས་ཀྱི་མཆོག་དག་ནི་ཐམས་ཅད་དུ་མཉམ་པར་རབ་ཏུ་གནས་པ་དང་བཅས་པ་ཡིན་བའི་ཕྱིར་ཁྱེད་ཉིད་ཀྱིའོ། །གཅིག་ལ་གཅིག་སྙན་པར་སྨྲ་ཞིང་ཞེས་བྱ་བ་ལ། རེ་ཞིག་རིགས་པ་ནི་མད་དྲིས་བྱང་ཆུབ་སེམས་དཔའ་ལ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ནི་དེ་ལ་སྙན་པར་སྨྲ་བ་མ་ཡིན་ནོ། །གློ་བུར་དུ་འོངས་པ་ལ་བྱམས་པ་ཞེས་བྱ་བ་འདིས་ནི་གློ་བུར་དུ་འོངས་པ་ཡིད་ལ་བྱེད་པ་བསྟན་ཏེ། གཅིག་ལ་གཅིག་སྙན་པར་སྨྲ་བའོ། །བུ་སྨད་ཅེས་བྱ་བ་ནི་མད་དྲི་དང་གཞོན་ནུ་གཉིས་སོ། །ཕབ་ནས་ནི་བབས་སུ་བཅུག་པའོ། །རྒྱབ་ཏུ་ཞེས་བྱ་བ་འདིས་ནི་འགྲོ་བ་ལ་སྐྱོབ་པ་ཉིད་དུ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལྟར་ཁ་ཟས་ཀྱི་དབང་དུ་བྱས་པའོ། །མངོན་དུ་ལྟ་བྱེད་ཅིང་ཞེས་བྱ་བ་ནི་དོན་དུ་གཉེར་བ་ཉིད་ཅེས་བྱ་བའི་དོན་ཏོ། །ཟེ་བ་རྣམས་ཀྱི་རྡུལ་དེ་སྟེ་དེ་ལྷགས་པས་ཁྱབ་ཅིང་གསལ་བར་གྱུར་པའི་སེར་པོ་གང་ཡིན་པ་དེ་ནི་ཟེ་བ་ལྷགས་པས་སེར་པོར་གསལ་བར་གྱུར་པའོ། །ཉི་མའི་འོད་ཟེར་གྱིས་གདུངས་པའི་སྡུག་བསྔལ་གྱིས་འཇིགས་པ་མེད་པའི་དབང་དུ་བྱས་ནས། སྤྲིན་རྣམས་ཀྱིས་ཀྱང་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དེའི་ཕྱེད་ཀྱིས་ནི་ལམ་གྱིས་ཡོངས་སུ་དུབ་པའི་སྡུག་བསྔལ་མེད་པའི་དབང་དུ་བྱས་པས་སོ། །ངལ་བའི་སྡུག་བསྔལ་ཞེས་བྱ་


DTG168_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིགས་བཅད་ཕྱེད་ཀྱིས་མི་འཆག་པའི་འཇིག་པ་མེད་ཅིང་བདེ་བའོ། །འཆག་པ་ཉིད་རྣམ་པར་འཇིག་པ་ཡིན་པས་འཆག་པ་རྣམ་པར་འཇིག་པའོ། །དེ་ཉིད་བདེ་བ་ཡིན་པས་འཆག་པ་རྣམ་པར་འཇིག་པའི་བདེ་བའོ། །ལམ་གྱིས་དུབ་པ་དེའི་སྡུག་བསྔལ་གྱི་ཚོར་བ་ནི་ལམ་དུ་འགྲོ་བའི་སྡུག་བསྔལ་གྱི་ཚོར་བ་སྟེ་དེས་སོ། །མེ་ཏོག་དང༌། འབྲས་བུ་དང༌། ལོ་མས་བརྒྱན་པའི་ཤིང་ལྗོན་པ་ནི་ཤིང་ལྗོན་པའོ། །སྣུམ་པ་ཡང་ཡིན་ལ་རྣམ་པ་སྣ་ཚོགས་པ་ཡིན་པས་སྣུམ་སྣུམ་ལྟར་འདུག་པ་རྣམ་པ་དུ་མའི་ཤིང་ལྗོན་པ་སྟེ། མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་རྣམས་ཀྱིས་བརྒྱན་པའི་ཤིང་ལྗོན་པ་སྣུམ་སྣུམ་ལྟར་འདུག་པ་རྣམ་པ་དུ་མའོ། །གང་བ་ནི་མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་རྣམས་ཀྱིས་བརྒྱན་པའི་ཤིང་ལྗོན་པ་སྣུམ་སྣུམ་ལྟར་འདུག་པ་དུ་མས་གང་བ་སྟེ་སེམས་མེད་པའི་དགའ་པའོ། །འདོད་པས་མྱོང་བའི་དགའ་བ་ཡང་ཡིན་ལ་བྱ་ཡང་ཡིན་པས་འདོད་པས་དགའ་བའི་བྱའོ། །དུ་མའི་སྒྲ་ནི་མང་པོའི་སྒྲའོ། །དེ་དག་གི་སྒྲོགས་པ་ནི་མང་པོའི་སྒྲ་འབྱིན་པར་རོ། །འདོད་པས་མྱོས་ཤིང་རབ་ཏུ་དགའ་བ་མང་པོ་སྒྲ་འབྱིན་པའི་དཀའ་ཐུབ་ཀྱི་ནགས་ཚལ་གང་ལ་ཡོད་པ་དེ་ནི་བྱ་མང་པོ་འདོད་པས་མྱོས་ཤིང་དགའ་བས་སྒྲ་འབྱིན་པའི་དཀའ་ཐུབ་ཀྱི་ནགས་ཚལ་ལོ། །གང་དུ་རི་དགས་ཀྱི་རྣམ་པ་དུ་མ་རྒྱུ་བ་དེ་ནི་རི་དགས་ཀྱི་རིགས་རྣམ་པ་དུ་མ་རྒྱུ་བའོ། །གར་བྱེད་པ་གང་ཡིན་པ་དེ་ནི་གར་བྱེད་པ་ཉིད་དོ། །གར་བྱེད་པ་ཉིད་རྨ་བྱ་ཡིན་པས་རྨ་བྱ་མང་པོ་གར་བྱེད་པ་སྟེ་དེས་མཛེས་པའོ། །མེ་ཏོག་གི་དྲིས་བསྒོས་པ་ནི་མེ་ཏོག་གི་དྲིས་བསྒོས་པའོ། །དཀའ་ཐུབ་ཀྱི་ནགས་ཚལ་གང་དུ་མེ་ཏོག་གི་དྲིས་བསྒོས་པའི་སེར་བུ་ལྡང་བ་དང་ལྡན་པ་དེ་ནི་ལམ་གྱི་རྡུལ་གྱིས་རྐང་པ་དང་བྱིན་པ་རྩུབ་རྩུབ་ལྟར་འདུག་པའོ། །ངལ་བས་ཉམས་པའི་མདོག་དང་མིག་རྩ་གང་ཡིན་པ་དེ་ནི་ངལ་བས་བཞིན་མདོག་དང་མིག་རྩ་ཉམས་པའོ། །དབྱིག་པ་ལ་བཏགས་ཤིང་ཕྲག་པ་ལ་ཐོགས་པའི་སྤྱི་བླུགས་གང་ཡིན་པ་དེ་ནི་སྤྱི་བླུགས་དབྱིག་པ་ལ་བཏགས་པ་ཕྲག་པ་ལ་ཐོགས་པའོ། །གློ་བུར་དུ་འོངས་པ་ལ་བཀུར་སྟིའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་གློ་བུར་དུ་འོངས་པ་ལ་བཀུར་སྟིའི་བྱ་བ་བྱས་སོ། །འགྲོ་བ་འདི་དག་ནི་ཞེས་བྱ་བ་


DTG168_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་བཟད་པ་སྟེ། མི་བཟད་པའི་སེམས་ཡོད་པའི་ཕྱིར་རོ། །སེར་སྣའི་མོས་པ་ཡིན་པས་སེར་སྣས་བསྒྲིབས་པའི་འགྲོ་བའོ། །འདི་གཉིས་ནི་སེམས་མི་བཟད་པའི་ཕྱིར་འཇིག་རྟེན་སྣང་བ་མེད་པ་ཉིད་དུ་བསྟན་ཏོ། །གཞན་དུ་ཞེས་བྱ་བ་ནི་ཁྱེད་ལས་གཞན་དུ་ཞེས་བྱ་བའི་དོན་ཏོ། །སློང་བ་ཉིད་ནི་སློང་བའོ། །སློང་བ་ཉིད་ཀྱི་ཚིག་ཡིན་པས་སློང་བའི་ཚིག་སྟེ། དོན་དུ་གཉེར་བའི་ཚིག་ཅེས་བྱ་བའི་དོན་ཏོ། །མ་ཕྱིན་པ་ནི་མི་ནུས་པ་ཞེས་བྱ་བའི་དོན་ཏེ། སྣང་བ་མེད་པ་དང༌། མི་མཉམ་པའི་འཇིག་རྟེན་པའོ། །གང་ལས་ཤེ་ན། མི་མཉམ་པའི་ལམ་ལས་འཇིག་རྟེན་འགྲོ་བ་ཉིད་དུ་སྣང་བའི་ཕྱིར་ཏེ། གཞན་ནི་མི་འགྲོ་བ་ཡིན་ནོ་ཞེས་དོན་གྱིས་རྟོགས་པའོ། །དེ་བས་ན་བསྟན་པའི་སྐྱོན་གཉིས་མེད་དེ། མཐོང་བཞིན་དུ་ལམ་མཉམ་པ་ནས་འགྲོ་བར་སྣང་བའི་ཕྱིར་ཁྱོད་ཉིད་ལ་ཕྱིན་པ་ཡིན་ལ། གཞན་པ་མི་སློང་བའི་ཚིག་ཕྱིན་པ་མ་ཡིན་ནོ་ཞེས་སྦྱར་རོ། །དེའི་རྒྱུ་སྐྱོན་གཉིས་དང་བྲལ་བ་མེད་ན་ནི་དེ་ཇི་ལྟར་སློང་བའི་དབང་དུ་བྱས་ནས། སྦྱིན་པ་ལ་དཔའ་བའི་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གྲགས་པ་ཐོས་པའི་ཕྱིར་རོ། །སྩོལ་ཞེས་བྱ་བ་ནི་སློང་མོ་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་ཁྱོད་ལ་སློང་ཞེས་དེ་ལྟར་རྟོག་པ་ལ་གཡོག་ཏུ་ཞེས་པས་བསྟན་ཏོ། །ཚམ་ཚོམ་མེད་པར་སྦྱིན་ཞེས་བྱ་བ་ནི་དཔྱད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེས་ན་སྨྲས་པ། སྦྱིན་པ་ལ་དགའ་བ་གོམས་པར་བྱས་པའི་རབ་ཏུ་སྡུག་པའི་བུ་བས་ཀྱང་སྦྱིན་པ་ལ་དགའ་བ་སྟེ། ཆེས་གཅེས་པའི་ཕྱིར་ཇི་ལྟར་སྦྱིན་པ་ལ་དགའ་བ་གོམས་པར་བྱས་པ་དེ་ལྟ་བུ་ལ་དགའ་བ་ནི་མ་ཡིན་ཏེ། བུ་ལ་དགའ་བ་ནི་རེས་འགའ་བྱས་པའི་ཕྱིར་དང༌། སྦྱིན་པ་ལ་དགའ་བ་ནི་རྒྱུན་དུ་གོམས་པའི་ཕྱིར་རོ། །དེ་ཡང་བུ་ནི་མི་རྟག་པ་ལ་གོམས་པར་སོ་སོར་བརྟགས་པ་དེས་ལྷག་པར་དགའ་བ་མེད་ལ། སྦྱིན་པ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པར་སྣང་བས་སོ། །ཡང་ན་ཐམས་ཅད་པས་སྦྱིན་པ་ནི་ཆེ་བ་ཉིད་དོ། །སྦྱིན་པ་ལས་དགའ་བས་བུ་གཉིས་ཀྱང་ཚམ་ཚོམ་མེད་པར་སྦྱིན་པ་ཞེས་བྱ་བ་


DTG168_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱིན་པའི་དངོས་པོ་ཉིད་དུ་བསྟན་ཏོ། །བུ་གཉིས་ཀྱང་ཞེས་བྱ་བའི་སྒྲས་གཅིག་ཏུ་དེ་ལྟར་ཅིའི་ཕྱིར་སྨྲས་ཤེ་ན། སླར་བཟློག་པ་ནི་མ་བསླབས་པས་ཞེས་བྱ་བ་སྨོས་ཏེ། སྦྱིན་པའི་བྱ་བ་མ་ཡིན་པས་ཀྱང་བྱ་བ་མ་ཡིན་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སླར་བཟློག་པ་ཞེས་བྱ་བ་འདིས་ནི་དཀའ་བའི་སྦྱིན་པ་ཉིད་དུ་བསྟན་ཏེ། སྦྱིན་པ་ཡོན་ཏན་གཉིས་དང་ལྡན་པའོ། །ད་འདི་ན་མཆིས་ཏེ་ཅི་ཞིག་བགྱི་ཞེས་བྱ་བ་ནི་གལ་ཏེ་བྱིན་ན་ཞེས་བྱ་བའི་དོན་ཏོ། །བྱིན་པའི་གཏམ་ཐོས་ནས་མི་དགའ་བ་སྐྱེས་པའི་མིག་རིག་རིག་པོ་གང་ཡིན་པ་དེ་ནི་སྦྱིན་པའི་གཏམ་ཐོས་ནས་སྐྲག་པའི་མིག་རིག་རིག་པོར་གྱུར་པ་དེའོ། །དེ་གཉིས་ཀྱི་སྙིང་གདུངས་པར་གྱུར་པ་གང་ཡིན་པ་དེ་ནི་སྙིང་གདུངས་པར་གྱུར་པའོ། །འདི་ནི་ཞེས་བྱ་བ་དེས་སྨྲས་པ་དེའི་ལན་ནི། ཁྱོད་འདི་གཉིས་ངས་བྱིན་ན་ཞེས་བྱ་བ་ཡིན་ནོ། །ད་ནི་མཆིས་ཏེ་ཅི་བགྱི་ཞེས་བྱ་བ་འདིའི་ལན་ནི། འདི་གཉིས་མ་ནི་སོང་ཞེས་བྱ་བའོ། །གང་དུ་ཅིའི་ཕྱིར་སོང་ཞེས་བྱ་བ་འབྲི་བའི་ཚིག་གི་སྐབས་རྟོགས་པ་ལ་ནགས་ཚལ་དུ་རྩ་བ་འབྲས་བུ་ཚོལ་དུ་སོང་ཞེས་བྱ་བ་ཡིན་ནོ། །དེ་ཡང་དེ་རིང་འདིར་འོང་གིས། །ཞེས་བྱ་བ་འདིས་ནི་རིང་པོ་མི་ཐོགས་པར་འོང་བར་བསྟན་ཏོ། །དེ་འོངས་ནས་ཅི་ཞིག་བྱེད་པ་ཡིན་ཞེས་རྟོགས་པ་ལ་དེ་དང་ཕྲད་ནས་འོ་བྱས་ཞེས་བྱ་བ་སྟེ། འདིས་ནི་མེད་དྲི་ལ་ཕན་འདོགས་པ་ཉིད་དུ་བསྟན་ཏོ། །རྒྱན་གྱིས་བརྒྱན་ཅིང་ཕྲེང་བ་ཅན། །ཞེས་བྱ་བ་ནི་གཞོན་ནུ་གཉིས་སོ། །འདིར་ནི་ཞག་གཅིག་ངལ་སོ་ལ། །ཞེས་བྱ་བ་འདི་ནི་བྲམ་ཟེ་དེ་ལ་ཕན་འདོགས་པ་བསྟན་ཏེ། ལམ་གྱིས་རྔུབ་པ་སེལ་བར་སྣང་བའི་ཕྱིར་རོ། །བུད་མེད་རྣམས་ནི་མི་དྲང་བས་ཞེས་བྱ་བ་འདིས་ནི་མ་ནི་བུ་སྦྱིན་པ་དེ་ལ་འགྱོད་པར་འགྱུར་བ་རྗེས་སུ་ཤེས་ཏེ། དེ་བས་ན་ཁྱོད་ཀྱི་སྦྱིན་པ་ལ་གེགས་བྱས་པར་འགྱུར་བས་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་བ་ཡིན་པས་ཞག་གཅིག་འདུག་པའི་སྐྱོན་བསྟན་པའོ། །ཁྱོད་ཀྱི་སྦྱིན་པ་ལ་གེགས་བྱེད་ཀྱིས་ཞེས་བྱ་བ་འདིས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་བསྟན་ཏོ། །བདག་ཉིད་ཀྱིས་ནི་མ་བསྟན་ཀྱང་གྲུབ་པའི་ཕྱིར་ཏེ། སྦྱིན་པ་མ་བྱིན་པའི་ཉེས་དམིགས་བསྟན་པས་གང་རྙེད་པའི་བར་ཆད་ཀྱི་མཚན་ཉིད་དོ། །


DTG168_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་གེགས་སུ་འགྱུར་དུ་མ་དོགས་ཤིག་ཅེས་བྱ་བ་ནི་བདག་ཉིད་ཀྱི་སྦྱིན་པའི་གེགས་མེད་པའོ། །ཅིའི་ཕྱིར་ཞེ་ན། དེ་ངའི་ཆོས་སྤྱོད་པའི་གྲོགས་ཡིན་མོད་ཀྱི་ཞེས་པ་སྨོས་ཏེ། གང་སྔར་བསྟན་པའི་མིང་ནི་གཡོན་ཅན་ཞེས་སུ་བཏགས་ཞེས་བྱ་བ་དེའི་ལན་བཏབ་པ་ཡིན་ནོ། །ད་ནི་ངའི་ཆོས་སྤྱོད་པའི་གྲོགས་ཡིན་མོད་ཅེས་བྱ་བ་ནི་ཇི་ལྟར་ང་སྦྱིན་པ་ལ་དགའ་བ་དེ་ལྟར་དེ་ཡང་དགའ་བ་ཡིན་ཏེ། ཆོས་སྤྱོད་པའི་གྲོགས་ཡིན་པའི་ཕྱིར་རོ། །འོན་ཀྱང་འདི་ལ་ཁྱོད་ཅི་དགར་ཟད་མོད། །ཅེས་བྱ་བ་ནི་གལ་ཏེ་ཁྱོད་ཁྱེར་བར་འདོད་ན་དེ་རིང་ཁྱོད་ཁྱེར་ཅིག་ཅེས་བྱ་བའི་དོན་ཏོ། །རབ་ཏུ་གཞོན་ཞིང་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་གྱི་ཡོན་ཏན་རྣམ་པ་གསུམ་དང་ལྡན་ན་ནི་བྲན་གྱི་ལས་སུ་འོས་པ་ཡིན་ཏེ། ལས་ཅི་འདོད་པ་བསྒྲུབས་པས་བདག་པོ་དགའ་བ་སྐྱེད་པ་དང༌། སྡུག་བསྔལ་བཟོད་ཅིང་ལས་བྱེད་པར་ནུས་པ་དང་མཁས་པའོ། །གསུམ་པོ་དེ་དག་ལས་གང་ཞིག་དང་ཡང་མི་ལྡན་པ་མེད་ན་ནི་ཇོ་བོ་ལས་བྱེད་པས་དགའ་བ་བསྐྱེད་པ་ཡིན་ལ། ཚིགས་སུ་བཅད་པ་འདིས་ནི་ཡོན་ཏན་དེ་དག་དང་མི་ལྡན་པར་བསྟན་ཏོ། །དེ་ལ་ཉེས་པ་བསྟན་པ་དང༌། བཏང་བའི་ཡོན་ཏན་བསྟན་པའི་ཕྱིར་ཤི་བི་པའི་རྒྱལ་པོ་ངའི་ཡབ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སོ། །འདི་ལྟར་གྱུར་པ་ནི་བྲན་ཉིད་ཀྱི་དངོས་པོར་གྱུར་པའོ། །ངེས་པར་ནི་གདོན་མི་ཟ་བར་རོ། །དེའི་ཡུལ་ནི་ཞེས་བྱ་བ་ནི་ཤི་བི་པའི་རྒྱལ་པོའི་ཡུལ་ལོ། །དེ་ལྟར་བྱས་ན་ནོར་ཆེན་དང༌། །ཞེས་བྱ་བ་ནི་བུའི་གླུད་ཀྱི་ཕྱིར་ཐོབ་པར་འགྱུར་བའོ། །ཆོས་རྣམས་དང་ཡང་ལྡན་པར་འགྱུར། །ཞེས་བྱ་བ་ནི་ནོར་ཆེན་པོ་དེ་ཉིད་ཀྱིས་ཆོས་བྱེད་ནུས་པའི་ཕྱིར་དང༌། བྱིས་པའི་ཉོན་མོངས་པ་མེད་པའི་ཡང་ཕྱིར་རོ། །སྦྲུལ་གདུག་པ་དང་འདྲ་བའི་དྲུང་དུ་ཞེས་བྱ་བ་ནི་སྦྲུལ་གདུག་པ་ལྟ་བུར་བསྙེན་པར་དཀའ་བས་སོ། །མི་དགའ་བ་ཉིད་ཀྱི་སྐྱེས་པ་ཡིན་པས་མི་དགའ་བའི་སྐྱེས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རྒྱལ་པོའི་དྲུང་དུ་འགྲོ་བའི་ཉེས་དམིགས་བསྟན་པའི་ཕྱིར་རྒྱལ་པོས་བདག་ལ་འདི་གཉིས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བྲམ་ཟེ་མོའི་གཡོག་ཏུ་བདག་ནི་ཁྲིད་དེ་མཆི་


DTG168_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྒྱལ་པོའི་གམ་དུ་མི་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དོན་ཡོངས་སུ་མ་རྫོགས་པར་ཞེས་བྱ་བ་ནི་ད་ཁྱོད་ཀྱིས་ཇི་ལྟར་དགའ་བ་དེ་དེ་བཞིན་དུ་གྱིས་ཤིག་པ་སྟེ། དེ་ལྟར་དོན་ཡོངས་སུ་མ་རྫོགས་པའོ། །གཡོག་ལེགས་པར་བྱོས་ཞེས་བྱ་བ་ནི་བག་ཡོད་པར་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེའི་བསྒྲིམས་པའི་མཐུ་ཞེས་བྱ་བས་ནི་འབད་པས་རྗེས་སུ་འཇུག་པ་སྟེ། དེས་ན་འབད་པ་ཞེས་བྱ་བའི་དོན་ཏོ། །མདོར་སྨྲས་ནས་ཞེས་བྱ་བ་ནི་རྒྱལ་བར་གྱུར་ཅིག་ཅེས་སོ། །བྲལ་བའི་སྡུག་བསྔལ་ཉིད་ཁུར་ཆེན་པོ་ཡིན་པས་བྲལ་བའི་སྡུག་བསྔལ་གྱི་ཁུར་རོ། །དེས་གདུངས་པའི་སྙིང་གང་ཡིན་པ་དེ་ནི་བྲལ་བའི་སྡུག་བསྔལ་གྱིས་གདུངས་པའོ། །ཡབ་གཅིག་ཡུམ་ཡང་སླད་རོལ་འབྱུང༌། །ཁྱོད་ཀྱང་བདག་ཅག་གཏོང་བར་བཞེད། །ཅེས་བྱ་བ་ནི་གང་གི་ཚེ་མ་སླད་རོལ་དུ་འབྱུང་བ་དེའི་ཚེ་སྦྱིན་པར་བཞེད་ཅེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་མྱོང་བ་ནི་སྡུག་བསྔལ་མྱོང་བའོ། །དེ་ཉིད་དང་པོར་སྡུག་བསྔལ་མྱོང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་པོ་མྱོང་བ་དེའོ། །དེ་བས་ན་སྐད་ཕྱུང་སྟེ་ཞེས་བྱ་བ་ནི་སྒྲ་དང་བཅས་པའོ། །བྲམ་ཟེ་ཞེས་བསྟན་པ་ལ། གལ་ཏེ་བྲམ་ཟེ་ཡིན་ན་ནི་གང་གི་ཕྱིར་འདི་ནི་བརྩེ་བ་མེད་པ་སྟེ། དེ་བས་ན་འདི་ནི་བྲམ་ཟེ་མ་ཡིན་ཏེ། བྲམ་ཟེའི་མཚན་ཉིད་ནི་ཆོས་དང་ལྡན་པ་ཉིད་དེ་དེ་མེད་པས་སོ། །དེ་ལྟ་ན་འདི་གང་ཞིག་ཡིན་ཞེ་ན་གནོད་སྦྱིན་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། བརྩེ་བ་མེད་པའི་ཕྱིར་རོ། །བྲམ་ཟེར་བསྒྱུར་ནས་ནི་ཞེས་བྱ་བ་ནི་ཆ་བྱད་དོ། །གནོད་སྦྱིན་གྱིས་ཅིའི་ཕྱིར་ཁྲིད་པ་བཞིན་ཞེ་ན་བཟའ་བའི་ཕྱིར་རོ། །བྲམ་ཟེ་བདག་ལ་བརྡེག་པ་འདི། །ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་བདག་ཉིད་དེ་དང་བྲལ་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །དཀའ་ཐུབ་ནགས་ཚལ་སྟོང་པ་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བདག་ཉིད་དང་བྲལ་བའི་སྡུག་བསྔལ་གྱིས་མའི་དབང་དུ་བྱས་པའོ། །གླང་པོ་ཆེ་ལྟ་བུ་ཡིན་པས་གླང་ཆེན་ཏེ། གླང་པོ་ཆེ་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཤིང་རྟ་དང༌། རྟ་པ་དང༌།


DTG168_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ཐང་ཡང་ངོ༌། །ཕྱེད་ཙམ་ཡུམ་ལ་ཕུལ་ན་ནི། །ཞེས་བྱ་བས་ནི་ཕྱེད་ནི་ཁྱོད་ཉིད་ལ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་འདི་སྦྱིན་ཞེ་ན། མྱ་ངན་བསལ་བའི་ཕྱིར་རོ། །འཕྲིན་གྱིས་ཡུམ་ལ་ཕྱག་འཚལ་ཞིང༌། །ཞེས་བྱ་བ་ཅི་ཞེ་ན། ཞལ་ནི་མཐོང་བ་རབ་ཏུ་དཀའ་བ་ཉིད་དེ། ཐུགས་ངན་མཛད་ལས་བཟློག་ཏུ་གསོལ། །ད་ཡང་ཞལ་མཐོང་དཀའ་བའི་ཕྱིར་ཏེ། ཞལ་མཐོང་བ་མི་སྲིད་པ་ལ་མྱ་ངན་དོན་མེད་པའི་ཕྱིར་རོ། །བྲམ་ཟེ་ངན་པ་ངོ་མི་ཚ། །ཞེས་བྱ་བ་ནི་མ་བསྟན་པ་རྗེས་སུ་བསྟན་པ་སྟེ། གཞན་དུ་ན་བྲམ་ཟེ་ཁོ་ན་ཞེས་མི་བརྗོད་ཅིང་ཚིག་དེ་ཡང་སྩལ་བ་མེད་པས་སོ། །ལྷམ་ཡང་མེད་པར་རྐང་གིས་འདོང༌། །ཞེས་བྱ་བ་འདི་ནི་ལམ་གྱི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །ལམ་དེའི་སྡུག་བསྔལ་ཡང་རྒྱུ་གསུམ་གྱིས་འབྱུང་བ་ཡིན་ཏེ། ལམ་གྱིས་དུབ་པ་སོ་བ་མེད་པ་དང༌། གནས་ཀྱི་ཁྱད་པར་དང་གཞན་གྱི་དབང་དུ་བྱས་པས་སོ། །ལྷམ་ཡང་མེད་པར་རྐང་གིས་འདོང༌། །ཞེས་བྱ་བ་འདིས་ནི་ལམ་གྱི་ངལ་སོ་བ་མེད་པ་ཉིད་དུ་བསྟན་ཏོ། །རབ་ཏུ་གཞོན་པས་ངལ་མི་བཟོད། །ཅེས་བྱ་བ་འདིས་ནི་གནས་ཀྱི་ཁྱད་པར་བསྟན་ཏོ། །དེའི་བྲན་གཡོག་བྱེད་པ་ཞེས་བྱ་བ་འདིས་ནི་རང་བཞིན་མེད་པ་ཉིད་དུ་བསྟན་ཏེ། དེ་ལྟར་ཡོངས་སུ་ངལ་སོར་མེད་པའི་དབང་དུ་བྱས་ནས། ལམ་གྱིས་ངལ་ཞིང་དུབ་པ་ལ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དང་པོའི་ཕྱེད་ཀྱིས་ནི་ལམ་གྱིས་དུབ་པའི་ངལ་སོ་བ་མེད་པ་ལས་བརྩམས་སོ། །ཕྱེད་གཉིས་པས་ནི་ལྷན་ཅིག་སྐྱེས་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གསོ་བ་མེད་པ་ཉིད་དུ་བསྟན་ཏོ། །བདག་ནི་བརྟན་པར་བྱེད་འདོད་ཀྱང༌། །ཞེས་བྱ་བའི་ཚིགས་བཅད་འདིའི་དོན་ནི་སོ་སོར་རྟོག་པའི་སྟོབས་ཡོད་ཀྱང་ངོ༌། །བུ་ནི་བྱིས་པ་སྟེ་སོ་སོར་རྟོག་པ་མེད་པས་སོ།། རེ་ཞིག་བདག་འདི་ལྟ་བུར་ནི་སྡུག་བསྔལ་ན་ཞེས་བྱ་བ་བསྟན་པ་ལ་དེའི་སྡུག་བསྔལ་བསྟན་པའི་ཕྱིར། ཀྱེ་མའོ་ཞེས་བྱ་བའི་ཚིགས་བཅད་ཕྱེད་འདི་སྨོས་སོ། །བསྟན་པར་བྱེད་འདོད་ཀྱང་ཞེས་བྱ་བ་བསྟན་པ་ལ། །ཇི་ལྟར་བསྟན་པར་བྱེད་པར་འདོད་པ་ཡིན། །ཞེས་པ་དེ་ལས་བརྩམས་ཏེ།


DTG168_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ཀྱི་ཆོས་ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་འོག་མའོ། །མི་དགའ་འབྱུང་བ་ནི་མི་དགའ་བ་དག་འབྱུང་བའོ། །དེ་བརྟན་པའི་ངང་ཚུལ་གང་ཡིན་པ་དེ་ནི་མི་དགའ་བ་འབྱུང་བའི་ཚུལ་ལོ། །ཡང་དང་ཡང་བོས་ཏེ་དེ་གཉིས་ལན་མེད་པས་ཞེས་བྱ་བ་ནི། མ་ཐོས་པ་སྟེ་བོད་པས་དེ་གཉིས་གཅིག་གིས་ཀྱང་མ་ཐོས་པའོ། །དེ་གཉིས་ནི་དེ་དག་ཅེས་བྱ་བའི་དོན་ཏོ། །རྩེ་རྩེ་ངལ་ནས་ཞེས་བྱ་བའི་ཚིགས་བཅད་འདི་ནི་འཚོ་བའི་གནས་སྐབས་ན་ཡང་མ་མཐོང་བས་བྲལ་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །རྩེ་རྩེ་བ་ལས་བྱུང་བའི་ངལ་བ་ནི་རྩེ་རྩེ་ངལ་བའོ། །དེ་ལས་སྐྱེས་པའི་གཉིད་གང་ཡིན་པ་དེ་ནི་རྩེ་རྩེ་ངལ་ནས་སྐྱེས་པའི་གཉིད་དོ། །བདག་འོངས་མཆིས་པས་ཞེས་བྱ་བའི་ཚིགས་བཅད་འདི་ནི་འཆི་བའི་གནས་སྐབས་ལ་རྣམ་པར་རྟོག་པའི་དབང་དུ་བྱས་པའོ། །གང་གི་ཕྱིར་དེ་གཉིས་ཤི་བ་ནི་མ་ཡིན་ཏེ། དེ་བསད་མཐོང་ན་འདི་ལྟར་སྒྲ་མི་འབྱིན་པའོ། །བྱའི་སྒྲ་མེད་པར་ཡང་འཆི་བ་སྲིད་དོ་ཞེས་རྣམ་པར་རྟོག་པ་ལས་བརྩམས་ནས། འབབ་ཆུ་དྲག་པོ་ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མའོ། །འདི་ལ་ལྟས་བཟང་པོ་ཡོད་པ་མ་ཡིན་པ་ནི་ལྟས་ངན་པའོ། །ལྟས་ངན་པས་བཟློག་པའི་དགའ་བའི་སེམས་གང་ཡིན་པ་དེ་ནི་སྙིང་འདི་ཡང་ལྟས་ངན་པས་དགའ་བ་ནི་བཟློག་པའོ། །གས་པ་ནི་ཟག་པ་ཞེས་བྱ་བའི་དོན་ཏོ། །དགའ་བར་བྱ་རིགས་ཞེས་བྱ་བ་ནི་དགའ་བར་ཐོས་པར་རིགས་པའོ། །ཆེད་ཀར་ཞེས་བྱ་བ་ནི་མངོན་པར་གནོད་པའི་ཕྱིར་རོ། །ཀྱི་ཧུད་བདག་ནི་བསད་ཀྱིས་མེད། །ཅེས་བྱ་བ་ནི་ཤི་བའི་དོན་ཏོ། །ཟད་པའམ་ཤི་བས་བདག་ཉིད་ཀྱང་ངེས་པར་འཆི་བའི་ཕྱིར་བསད་ཅེས་བསྟན་ཏོ། །བརྟན་པ་མེད་དུ་དོགས་པས་ན། །ཞེས་བྱ་བ་ནི་གལ་ཏེ་བརྟན་པ་མེད་དུ་དོགས་པས་འཆི་པར་འགྱུར་རོ་ཞེས་དོགས་པའི་དོན་ཏོ། །རྒས་པ་དང་དབུལ་བ་ནི་རྒས་ཤིང་དབུལ་བའོ། །དེ་ཉིད་ཀྱི་སྡུག་བསྔལ་ནི་རྒས་ཤིང་དབུལ་བའི་སྡུག་བསྔལ་ཏེ། དེས་སྡུག་བསྔལ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྙིང་རྗེའི་དོན་བསྟན་ཏོ། །བྲམ་ཟེ་ཞེས་བྱ་བ་འདིས་ནི་


DTG168_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་ཞིང་དུ་བསྟན་ཏོ། །ཡང་ན་རྒས་ཤིང་དབུལ་བའི་སྡུག་བསྔལ་གྱིས་ཉེན་པ་ཞེས་བྱ་བ་ནི་སྡུག་བསྔལ་བ་ཉིད་དོ། །བྲམ་ཟེ་ཞེས་བྱ་བ་ནི་སློང་བ་ཉིད་དུ་བསྟན་ཏེ། སློང་བས་འཚོ་བ་དེ་བས་ན་བྲམ་ཟེ་ཞེས་བརྗོད་དོ། །ང་གན་འོངས་ཞེས་བྱ་བ་ནི་རྟེན་མེད་པ་ཉིད་དེ། གང་གཞན་དུ་མི་རྙེད་པར་བྱེད་པའི་གནས་འདི་ན་འོངས་ཤིང་སྤྱོད་པ་སྟེ། གང་གི་ཕྱིར་བདག་ལ་སློང་བ་དེ་བས་ན་དེ་རྟེན་མེད་པས་དེས་རྟོགས་པར་བྱའོ། །བུ་ལ་མ་བལྟས་ན་ཇི་ལྟར་ཁྱོད་ལ་བལྟ་བར་བྱ་ཞེ་ན། སྨྲས་པ། མྱ་ངན་གདུང་བར་མ་བྱེད་ལ། །ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཅི་ཞིག་བྱ་བ་ཡིན་ཞེ་ན། བུ་ཡི་མྱ་ངན་གདུང་སྙིང་ལ། །མཚོན་གྱིས་འདེབས་པ་ཞེས་སྨོས་ཏེ་མཚོན་དང་འདྲ་བའི་ཕྱིར་རོ། །དེ་ལ་མྱ་ངན་གྱིས་ཡོངས་སུ་གདུངས་ན་ཅིའི་ཕྱིར་བུ་བྱིན་ཞེས་བྱ་བ་ཡིན་ཞེ་ན། ཚིག་གི་སྐབས་ཤེས་པར་བྱས་ནས། བསླངས་པར་གྱུར་ན་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བུ་ཤིར་དོགས་དེ་སྙིང་བཙོས་པ་ལས་ཞེས་བྱ་བ་ནི་བུ་ཤིར་དོགས་པའི་སྙིང་གི་གདུང་བ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། གང་གིས་སྐབས་མ་རྙེད་པ་དེ་ནི་སྐབས་མ་རྙེད་པའོ། །དེ་གང་ཞེ་ན་འཇུངས་པའོ། །བྲག་ཅའི་སྒྲའི་ཁྱབ་པའི་སྒྲ་གང་ཡིན་པའི་རྔ་སྒྲ་ཆེན་པོའི་སྒྲ་དེ་ནི་ཁྱབ་པའི་བྲག་ཅ་དང་སྒྲ་བརྙན་ཞེས་བྱ་བའི་དོན་ཏོ། །གསལ་བའི་ཚིག་དང་འབྲུ་གང་ཡིན་པའི་ནམ་མཁའ་དེ་ནི་ཚིག་འབྲུ་གས་ལ་བའི་ནམ་མཁའ་ལའོ། །གཡོ་བ་གང་ལ་ཡོད་པ་དེ་ནི་གཡོ་བ་ཅན་ཏེ་རབ་ཏུ་གཡོ་བ་ཅན་ནོ། །རིའི་ནུ་མ་གཡོ་བ་ཅན་གང་ཡིན་པ་དེ་ནི་རིའི་ནུ་མ་གཡོ་བ་ཅན་ནོ། །ནམ་མཁའ་ནི་མཐོ་རིས་སོ། །གློག་གིས་གསལ་བ་དང་བཅས་པའི་གློག་འགྱུ་བ་ནི་འོད་ཀྱིས་གསལ་བའོ། །དེས་གསལ་བ་དང་བཅས་པ་དེ་ལ་ནི་གློག་འགྱུ་བའི་འོད་ཀྱིས་གསལ་ཞིང་མཐོང་བའོ། །ཡང་ན་བརྩམས་པའོ། །ཡང་ན་འོད་དང་ལྡན་པ་སྟེ། དེས་གསལ་བར་གྱུར་པའོ། །སྩལ་བའི་ཐུགས་ནི་དགྱེས་པར་མཛོད། །ཅེས་བྱ་བ་ནི་འདི་ལྟར་མཇུག་གི་ལས་སྒྲུབ་པ་ཡིན་ནོ། །དེ་ལྟར་སེམས་དད་པའི་ཕན་


DTG168_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གང་ཡིན་ཞེ་ན། འཇིག་རྟེན་རྣམས་ལ་བཏུང་ཆུ་བཞིན། །ཞེས་སྨོས་སོ། །ཇི་ལྟར་བཏུང་ཆུ་བཞིན་དུ་གྱུར་པ་ཡིན་ཞེ་ན། སླན་ཆད་ཀྱང་ནི་སྦྱིན་བདག་མཛོད། །ཅེས་སྨོས་ཏེ། ཅི་ནས་ཀྱང་སྦྱིན་པ་ལས་བཏུང་ཆུ་བཞིན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ཉིད་ཆོས་ཡིན་པས་སྦྱིན་པའི་ཆོས་སོ། །ཟད་པ་སྐམས་པའོ། །འདོད་ལྷའི་སེམས་ནི་མྱ་ངན་མེ་ཡིས་ཚིག །ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཕྱིར་ཏེ། དེ་བས་ན་ཡང་སངས་རྒྱས་ཉིད་ཐོབ་པ་ལ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པ་ལས་སྙིང་རྗེ་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །འོ་ན་མ་དྲི་སྐྱེས་བུ་གཞན་ལ་བྱིན་པས་འཁྲུགས་པར་མ་གྱུར་ཏམ་ཞེ་ན་མ་ཡིན་ཏེ། ཁྱིམ་ཐབ་དང་བྲལ་བའི་མྱ་ངན་གྱི་ཁུར་གྱིས་ནོན་པར་གྱུར་པའི་ཕྱིར་ཏེ། སློང་བ་ལ་མི་བཟློག་པའི་རང་བཞིན་ཡིན་པས་སོ། །དེ་ལ་མིག་ཚུགས་ལྟ་ཞིང་བྲིས་བཞིན་འདུག །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། སྔོན་མེད་པའི་སྡུག་བསྔལ་གྱི་ཁུར་གྱིས་ནོན་པའི་ཕྱིར་རོ། །བྲིས་བཞིན་ཞེས་བྱ་བ་ནི་གཡོ་བ་མེད་པ་དང༌། མིག་འབྱེད་པ་དང་འཛུམས་པ་མེད་པའི་ཕྱིར་རོ། །ཡ་རབས་མ་རབས་ཆོས་གཉིས་ནི། །ཞེས་བྱ་བ་ལ། དམ་པ་དང་དམ་པ་མ་ཡིན་པ་ནི་ཡ་རབས་དང་མ་རབས་སོ། །དེ་གཉིས་ཀྱི་ཆོས་ནི་ཡ་རབས་མ་རབས་ཀྱི་ཆོས་གཉིས་སོ། །མ་རབས་ཀྱི་ཆོས་ནི་གཞན་གྱི་བུད་མེད་ལ་འགྲོ་བའོ། །འདི་ནི་ཡ་རབས་ཀྱི་ཆོས་ཏེ། རང་གི་ཆུང་མ་གཞན་ལ་སྦྱིན་པའོ། །དམ་པ་དང་དམ་པ་མ་ཡིན་པ་ནི་ཡ་རབས་མ་རབས་ཏེ། །ཇི་ལྟར་ཁྱད་པར་རེ་ཆེ་སྙམ་ན། བདག་ཉིད་མ་སྦྱངས་པ་རྣམས་ནི། །སུས་ཀྱང་ཡིད་ཆེས་མི་ནུས་སོ། །ཞེས་སྨོས་ཏེ། འདི་ལྟར་དམ་པ་ཡིན་པས་དེ་ནི་ངེས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་རབས་ཀྱི་ཆོས་ཀྱི་རང་གི་ངོ་བོ་བསྟན་ནས། ཡ་རབས་ཀྱི་ཆོས་ཀྱི་སྨྲ་བ་ལས་བརྩམས་པ། འདོད་ཆགས་བྲལ་བར་མ་གྱུར་པས། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། རྒྱུ་གསུམ་གྱིས་ནི་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། །ཕྲ་རྒྱས་སྤངས་པར་མ་གྱུར་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་


DTG168_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་བྱ་བའི་ཚིག་གིས་སོ། །དམ་པ་རྣམས་ནི་སེམས་རྒྱ་ཆེ་བ་ཡིན་པས་ཡུལ་མངོན་དུ་གྱུར་ཀྱང་ཉོན་མོངས་པ་འགོག་ཅིང་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པ་ཡིན་ཏེ། དེ་བས་ན་རྒྱུ་མ་ཚང་བས་ཉོན་མོངས་པ་མི་སྤྱོད་པ་ཡིན་ནོ་ཞེས་བསྟན་ཏོ། །འདོད་ཆགས་དང་མ་བྲལ་བ་ནི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་འགོག་པའོ། །ཅིག་ཤོས་ནི་འདོད་ཆགས་ཀྱི་ཕྲ་རྒྱས་སྤངས་པ་ཡིན་ཏེ། ད་བུ་དང་ཆུང་མ་ལ་དགའ་བ་ཉིད་ཀྱང་མེད་དེ། དེ་བས་ན་ཉོན་མོངས་པ་འགོག་པ་མེད་པའང་བསྟན་ཏོ། །འདོད་ཆགས་དང་བྲལ་བར་མ་གྱུར་པ་ཞེས་སྨོས་པ་འདིས་ནི་འདོད་ཆགས་སྐྱེ་བའི་རྒྱུ་བསྟན་ཏོ། །བུ་སྨད་རབ་ཏུ་སྡུག་པ་དང༌། །ཅེས་བྱ་བ་འདིས་ནི་རྒྱ་ཆེ་བའི་ཡུལ་དང་ཉེ་བ་ཉིད་དུ་བསྟན་ཏོ། །དེ་ལྟར་མ་ཆགས་སྦྱིན་བྱེད་པ། །ཞེས་བྱ་བ་ལ། འདིར་འདོད་ཆགས་པ་ནི་སྲེད་པའི་འདོད་ཆགས་སམ་ཆགས་པའོ། །ཆགས་པ་དང་བྲལ་བ་ནི་གང་གི་ཕྱིར་མ་ཆགས་པའོ། །དེ་ལྟར་ཞེས་བྱ་བ་ནི་འདི་ལྟར་མངོན་སུམ་ཉིད་དུ་བསྒོམ་པ་བསྟན་ཏེ། འདིས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པ་ཉིད་དེ། དེ་ལྟར་ཡ་རབས་དང་མ་རབས་ཀྱི་ཆོས་གཉིས་ཤིན་ཏུ་ཁྱད་པར་ཆེ་བ་ཉིད་དུ་བསྟན་ཏོ། །ཉི་མའི་འོད་ཀྱིས་ཞེས་བྱ་བ་ལ་ཉི་མའི་འོད་ནི་ཉི་མའི་གཟི་བརྗིད་དོ། །གཞན་གྱི་འོད་ནི་ཟླ་བ་སོགས་པའི་འོད་དོ། །ཉི་མའི་འོད་ཀྱིས་ཞེས་བྱ་བ་དང༌། བསྒྲགས་པ་ཞེས་བྱ་བར་སྦྱར་རོ། །ཁྱོད་ཀྱི་ཡོན་ཏན་ཆགས་པའི་གཏམ་དག་གིས། །ཞེས་བྱ་བ་ལ་ཆགས་པའི་གཏམ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། ཁྱོད་ཀྱི་སྤྱོད་པ་ཞེས་ཚིགས་བཅད་བརྩམས་སོ། །ཇི་ལྟར་ཆགས་པའི་གཏམ་ཡིན་ཞེ་ན། ཆགས་པའི་གཏམ་ཉིད་དུ་ཚིགས་བཅད་ཕྱེད་འོག་མས་བསྟན་ཏོ། །ཁྱོད་ཀྱི་སྤྱོད་པ་མི་ལས་འདས། །ཞེས་བྱ་བ་གང་ཡིན་ཞེ་ན། ཚིགས་བཅད་ཕྱེད་འོག་མས་བསྟན་ཏོ། །གནོད་སྦྱིན་དྲི་ཟ་ཞེས་བྱ་བ་ལ་སོགས་པས་གཤོལ་མདའ་འཛིན་ལ་སོགས་པའི་རི་དག་གི་བར་ན་གནས་པའོ། །ལྟོས་འགྲོ་ཞེས་བྱ་བ་སྨོས་པས་ནི་སའི་འོག་ན་གནས་པ་


DTG168_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། རྒྱ་མཚོན་གནས་པ་གཟུང་ངོ༌། །སུམ་ཅུ་རྩ་གསུམ་པ་བརྒྱ་བྱིན་ཞེས་བྱ་བ་འདི་ནི་རི་རབ་ལ་གནས་པ་སྟེ། འདི་ལྟར་ལྷོ་ཕྱོགས་སུ་ཞེས་བྱ་བ་གང་སྔར་བསྟན་པ་སྟོན་པ་ཡིན་ནོ། །བུ་དང་བྲལ་བར་མ་སེམས་ཤིག །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། ཕ་ནི་བུ་དང་ལྡན་པའི་ཕྱིར་རོ། །རྒྱལ་སྲིད་ཉམས་པའི་མྱ་ངན་མ་བྱེད་ཅིག །ཅེས་བྱ་བ་ནི་གང་གི་ཕྱིར། ཁྱོད་ཀྱིས་མགོན་བྱས་དགོས་བཅས་རྒྱལ་སྲིད་ཅེས་བྱའོ། །འདིར་ཁ་ཅིག་རྒོལ་ཏེ། བྲམ་ཟེ་ལ་ནི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བར་བྱེད་ལ། དམན་པས་དུ་ཞིང་སྡུག་པའི་བུ་གཉིས་ཅིའི་ཕྱིར་གཏོང་ཞེས་གྲུབ་པའི་མཐའ་ཡོངས་སུ་མ་ཤེས་པ་ཉིད་རྒོལ་ལོ། །དེས་མཆོད་པ་ནི་བདག་ཉིད་སྔོན་བྱང་ཆུབ་སེམས་དཔའི་དུས་སུ་བྱང་ཆུབ་སེམས་དཔས་དུས་གཅིག་ཏུ་ཚོགས་བསགས་པར་བྱའོ་ཞེས་འདི་ལྟར་དགོངས་པ་ཡིན་ཏེ། བདག་ཉིད་བཏང་བ་མ་ཡིན་པར་ཇི་ལྟར་ཚོགས་ཡོངས་སུ་རྫོགས་པར་འགྱུར། དེ་ལྟར་བྱང་ཆུབ་སེམས་དཔའ་ནི་ཚོགས་ཆེན་པོ་དེ་དག་ལས་སྐྱེས་པའོ། །དེ་ལྟར་ན་ཅིའི་ཕྱིར་དུ་བར་བྱེད་ཅེ་ན་ཆོས་ནི་གཉིས་ཏེ། དོན་དམ་པར་བསྟན་པ་དང༌། ཀུན་རྫོབ་ཏུ་བསྟན་པའོ། །འདི་ནི་ཀུན་རྫོབ་ཏུ་བསྟན་པ་སྟེ། ཉམ་ང་བ་དག་ཡིད་དང་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །སྐྱེས་པའི་རབས་འདི་ཉིད་དུ་ཡང་སློབ་དཔོན་གྱིས་བཤད་པ་སྦྱིན་པའི་གེགས་སུ་འགྱུར་དུ་མ་དོགས་ཤིག །འདི་ནི་ང་ཡི་ཆོས་སྤྱོད་གྲོགས་ཡིན་ནོ། །ཞེས་བྱ་བ་དང༌། སྦྱིན་ལ་དགའ་བ་གོམས་བྱས་ཤིང༌། །ཞེས་བྱ་བའི་ཚིགས་བཅད་འདིས་མི་སྦྱིན་པར་མི་བྱ་བ་ཉིད་དུ་བསྟན་པའི་ཕྱིར་རྩོད་པ་མེད་པ་ཉིད་དོ། །སྤྱོད་པ་དེ་ལ་ཕྱོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལ་སོགས་པའི་སེམས་ཅན་ལ་སྟེ། སྨོན་ལམ་བཏབ་པ་ཞེས་བྱ་བའི་དོན་ཏོ། །བརྙས་པ་མི་བྱ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་མི་བྱ་བ་སྟེ། མོས་པ་སྤྱོད་པ་ལ་གནས་པ་ལའོ། །གནོད་པ་མི་བྱ་བ་ནི་སར་ཆུད་པའི་སེམས་ཅན་གྱི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པར་ཐོས་པས་དེ་ལ་མི་མོས་པར་མི་བྱའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཐམས་ཅད་


DTG168_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་གྱི་སྐྱེས་པའི་རབས་སོ།། །།རང་གི་བསོད་ནམས་ཀྱི་མཐུ་ཐོབ་པ་ཞེས་བྱ་བ་འདིས་ནི་སྐལ་བ་ཕུན་སུམ་ཚོགས་པའོ། །རྒྱལ་ཕྲན་ཐམས་ཅད་ཕྱག་འཚལ་བ། །ཞེས་བྱ་བ་འདིས་ནི་སྤྲོ་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་དང་གཞན་གྱི་འཁོར་ལ་སོགས་པའི་གནོད་པ་རབ་ཏུ་ཞི་བས་འཚེ་བ་མེད་པ་ཞེས་བྱ་བ་འདིས་ནི་གསང་ཚིག་གི་ནུས་པ་བསྟན་ཏོ། །གདུགས་ཟླ་མེད་པ་བགོ་སྐལ་གྱི་རིམ་པས་ཐོབ་པ་ཞེས་བྱ་བ་འདིས་ནི་གཙོ་བོའི་ནུས་པ་བསྟན་ཏོ། །ཆོས་ཀྱི་དོན་གཅིག་ཏུ་སྦྱངས་པར་གྱུར་ཏེ། ཇི་ལྟ་བུ་ཞེ་ན། ཐུབ་པ་བཞིན་དུ་ཞེས་སྨོས་སོ། །ཇི་ལྟར་ཆོས་དོན་གཅིག་ཏུ་སྤྱོད་པ་ཡིན་ཞེ་ན། དངོས་པོ་ཀུན་གྱིས་འགྲོ་ལ་ཕན་བྱེད་པ། །ཞེས་སྨོས་ཏེ། དངོས་པོ་ཐམས་ཅད་ཀྱིས་ཕན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་གྱུར་པ་ཡིན་ཞེ་ན། དབང་པོ་ཐུལ་བའི་ཕྱིར་དང༌། འབྲས་བུ་སྨད་པ་སྤྱད་པ་ལ་མ་ཆགས་པའི་ཕྱིར་རོ། །ཡང་ན་དངོས་པོ་ཀུན་གྱིས་ཕན་པ་བྱེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དབང་པོ་ཐུལ་བའི་ཕྱིར་དང༌། ཆོས་དོན་གཅིག་ཏུ་བྱེད་པས་འབྲས་བུ་སྨད་པ་སྤྱད་པ་ལ་མ་ཆགས་པའི་ཕྱིར་ཏེ། འདིས་ནི་ནོར་གྱི་འདོད་པ་ལ་ཆགས་པ་མེད་པར་བསྟན་ཏེ། འབྲས་བུ་ཞེས་སྨོས་པས་སོ། །ཇི་ལྟ་བུ་ཞེ་ན། ཐུབ་པ་བཞིན་ནོ། །ཆོས་དོན་གཅིག་ཏུ་བྱེད་ཅེས་བྱ་བ་དེའི་རྒྱུ་ཡང་བསྟན་པ་ཡིན་ཏེ། རང་གི་དོན་ལས་བརྩམས་པའོ། །ད་ནི་གཞན་གྱི་རྒྱུ་ལས་ཀྱང་སྨྲས་པ་ཡིན་ཏེ། གཞན་གྱི་མཚན་ཉིད་ལས་བརྩམས་ནས། སྐྱེ་དགུ་རྣམས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཙོ་བོ་རྣམས་ཀྱི་སྤྱོད་པ་ནི་གཙོ་བོའི་སྤྱོད་པའོ། །དེའི་རྗེས་ནི་གཙོ་བོའི་སྤྱོད་པའི་རྗེས་ཏེ། སྒྲུབ་པ་གང་ལ་ཡོད་པའི་རང་བཞིན་ནི་གཙོ་བོའི་རྗེས་སྤྱོད་རང་བཞིན་ནོ། །གཙོ་བོ་ནི་ཁྱད་པར་དུ་གྱུར་པའོ། །སྔར་བསྟན་པའི་ཆོས་དོན་གཅིག་ཏུ་སྤྱོད་པ་དང༌། དངོས་པོ་ཀུན་གྱིས་འགྲོ་ལ་ཕན་བྱེད་པ། །ཞེས་པ་དེ་གཉི་ག་བསྟན་པའི་ཕྱིར། ནོར་ཡང་བྱིན་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཚིགས་བཅད་འདིས་ནི་བདག་དང་གཞན་གྱི་དོན་ལས་བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་


DTG168_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་ལོངས་སྤྱོད་ཀྱི་བདག་ཉིད་སྲིད་པའི་གཡོག་འཁོར་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །འགྲོ་བའི་དོན་ཡང་སྤྱོད་ཅེས་བྱ་བ་འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །འགྲོ་ལ་ཕན་སེམས་མཐོང་ན་ཞི་བར་སྣང༌། །ཞེས་བྱ་བ་ནི་སྐྱེ་དགུ་རྣམས་ལ་ཕན་པས་ན་འགྲོ་ལ་ཕན་པའོ། །འགྲོ་བའི་དོན་ལ་ཕན་པའི་ལྷག་པའི་བསམ་པ་ཡོད་པ་ནི་འགྲོ་ལ་ཕན་པའི་སེམས་སོ། །དེ་མཐོང་ན་ཞི་བར་སྣང་བ་གང་ཡིན་པ་དེ་ནི་འགྲོ་ལ་ཕན་སེམས་མཐོང་ན་ཞི་བར་སྣང་བ་སྟེ། འདིས་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སེམས་ཞེས་བྱ་བ་སྨོས་པས་ནི་ཐབས་ལ་མཁས་པའི་རྣམ་པ་སྟེ། མཁས་པའི་རྣམ་པ་ནི་ཤེས་རབ་སྟེ། དེ་ཡང་སེམས་རྩེ་གཅིག་པས་བྱས་པར་བསྟན་པའི་ཕྱིར་གཉི་ག་སྨོས་སོ། །དོན་ཡང་སྦྱོད་ཅེས་བྱ་བ་འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགྲོ་ལ་ཕན་སེམས་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏེ། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ཀྱིས་སོ། །བག་མེད་པའི་དབང་གིས་ཁ་ཅིག་ཏུ་ཐན་པ་འབྱུང་བས་འཁྲུག་ཅིང་གནོད་པར་གྱུར་ཏོ་ཞེས་བྱ་བ་ལ། ཆར་འབབ་མི་མཁས་པས་ཁ་ཅིག་ཏུ་ཐན་པ་འབྱུང་བ་དེས་འཁྲུགས་པའོ། །གང་དག་ཅེ་ན། སེམས་ཅན་རྣམས་སོ། །ཆོས་ལེགས་པར་མ་སྤྱད་པ་ཞེས་བྱ་བ་ལ། ངན་པར་སྤྱད་པ་ནི་ལེགས་པར་མ་སྤྱད་པ་སྟེ། དེ་བས་ན་མ་རུངས་པར་གྱུར་པ་ནི་གོམས་པར་གྱུར་པའོ། །དེའི་སྡུག་བསྔལ་ནི་འགྲོ་བའི་སྡུག་བསྔལ་ལོ། །དེ་ལས་ཐར་པར་བྱ་བའི་ཐབས་ནི་སྐྱེ་དགུ་རྣམས་སྡུག་བསྔལ་ལས་འདོན་པའི་ཐབས་སོ། །རྣམ་པ་དུ་མའི་སྲོག་ཆགས་དག་ནི་སྲོག་ཆགས་དུ་མའོ། །དེ་དག་གསོད་ཅིང་འཇིགས་འཇིགས་སྐད་ཟེར་བའི་སྲོག་ཆགས་དུ་མ་གསོད་པར་རྩོམ་པ་དེ་གང་དུ་གནོད་སྦྱིན་ནོ། །ཡིད་ལ་འབབ་པ་


DTG168_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་བསམ་པའོ། །ངོ་ཟློགས་ཕོད་པ་ཉིད་ཚིག་རྩུབ་པ་ཡིན་པས་ངོ་ཟློགས་ཕོད་པའི་ཚིག་རྩུབ་པོ། །ཡང་ན་དོ་ཟློགས་ཕོད་པའམ་ཚིག་རྩུབ་པོ་ནི་ངོ་ཟློགས་ཕོད་པའི་ཚིག་རྩུབ་པའོ། །སེལ་བར་བྱེད་པ་ནི་གཅོད་པར་བྱེད་པའོ། །ཆོས་ཀྱི་གཏམ་ཉིད་ནི་ཆོས་ཀྱི་གཏམ་མོ། །ཆོས་ཀྱི་གཏམ་གྱི་སྐབས་ནི་ཆོས་ཀྱི་གཏམ་བྱ་བའི་སྐབས་ཏེ། དེའི་སྐབས་ཀྱི་གོ་སྐབས་རྙེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་གཏམ་བྱ་བའི་སྐབས་རྙེད་པའོ། །བསམ་པ་ནི་མངོན་པར་སེམས་པའོ། །གང་དུ་དུས་ལས་མི་འདའ་བ་ནི་གང་གི་ཚེ་དམིགས་པ་ཡོངས་སུ་སྲུང་བར་བྱེད་པ་དེའི་ཚེ་སྙིང་རྗེ་བས་སོ། །དེ་དག་ས་གཞི་ལེགས་པར་ཡོངས་སུ་སྐྱོང་བའི་བྱ་བ་གང་ཡིན་པ་དེ་དག་ནི་བགྱི་བ་སྟེ། བགྱི་བ་ལས་མི་འདའ་བའོ། །རིམ་པ་གང་གིས་བྱ་བ་དེ་ནི་དུས་ལས་མི་འདའ་བའོ། །ཆོས་དང་བདེ་བ་བཞིན་ཞེས་བྱ་བ་ནི་དུས་ལས་ཀྱང་མི་འདའ་བ་སྟེ། དེ་དག་གི་ཆོས་དང་བདེ་བ་རྣམས་ལས་མི་འདའ་བ་དེ་བཞིན་ནོ། །འཁོར་གསུམ་བསྟན་ལ་མཁས་པར་གྱུར་པ་དང༌། །ཞེས་བྱ་བ་བསྟན་མ་ཐག་པའི་ཚིགས་བཅད་དུ་ཇི་སྐད་བཤད་པའོ། །དེ་བཞིན་དུ། །འབངས་ལ་ཕན་ཕྱིར་གནམ་རུ་བསྣམས་པ་དེ། །ཞེས་བྱ་བ་ནི། ལྟ་བ་ངན་པས་ཉམས་པའི་སྐྱེ་དགུ་དག །ཅིའི་ཕྱིར་ཡལ་བར་དོར་ཞེས་བྱ་བ་དང་སྦྱར་བར་བྱའོ། །མཐོ་རིས་འདོད་པས་འདི་སྐད་སྟོན་ཏེ། མཐོ་རིས་ཐེམ་སྐས་ཞེས་བྱ་བ་ནི་མཐོ་རིས་ཀྱི་ལམ་མོ། །བག་མེད་པ་ཉིད་ལམ་ཡིན་པས་བག་མེད་པའི་དབང་ངོ༌། །མཐོ་རིས་ཀྱི་ཐེམ་སྐས་དེ་ལ་བག་མེད་པའི་དབང་གིས་ཡུན་རིང་པོར་ལྷན་ཅིག་ཏུ་བག་མེད་པའི་དབང་དུ་གྱུར་པའོ། །བག་མེད་པའི་དབང་གིས་ནི་མཆོད་སྦྱིན་བྱ་བའི་དུས་ལས་འདས་པ་ཉིད་དུ་སྟོན་ཏོ། །ཁྱོད་ཀྱི་བཀའ་ནི་ཞེས་བྱ་བའི་ཚིགས་བཅད་འདི་བརྩམས་པ་ནི་གལ་ཏེ་འདི་ལྟར་ཡང་འགྱུར་ཏེ། མ་ཐོབ་པ་ཐོབ་པར་འདོད་པ་དང་ལྷག་མ་ཡོད་དོ་ཞེས་པ་མེད་པ་དེ་མེད་པར་བསྟན་པའི་ཕྱིར་རོ། །ཡང་ན་སྟོབས་དང་ལྡན་པས་ཀུན་ནས་རྣམ་པར་འགལ་བ་དེ་མེད་པ་སྟེ། མཆོད་སྦྱིན་དང་འགལ་བར་བརྩམས་པར་མི་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་


DTG168_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྲུང་བ་རྣམ་པར་སྤེལ་བའི་སྐབས་ཐོབ་པའི་ངོ་བོ་བསྟན་ཏེ། གང་གི་ཕྱིར་རྒྱལ་ཕྲན་དག་བཀའ་བཞིན་དུ་བྱེད་པ་དེ་དང་ལས་གང་ཐོབ་པ་ལ་སོགས་རྙེད་པའོ། །ཡོངས་སུ་སྲུང་བ་ལས་བྱུང་བ་ཡང་བསྟན་ཏོ། །ད་ནི་སྟེགས་མང་པོ་ལ་སྒྲུབ་པ་ཙམ་གྱིས་ལྷག་མ་དེའི་སྐབས་འདི་ཞེས་བསྟན་ཏོ། །ལེགས་པ་དག་ཅེས་བྱ་བ་ནི་བསོད་ནམས་ཏེ། མངོན་པར་མཐོ་བའི་རྒྱུར་གྱུར་པས་སྟེགས་ལ་རབ་ཏུ་སྒྲུབ་པ་ནི་ལེགས་པ་ཞེས་བརྗོད་དེ། འདིས་ནི་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ཆེན་པོ་ཉིད་དོ། །གྲགས་འབར་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་ཉིད་དོ། །དུས་ལ་བབ་ཅེས་བྱ་བ་ནི་གང་སྔར་བསྟན་པའི་བག་མེད་དབང་གྱུར་ཞེས་བྱ་བ་དེའི་གཉེན་པོས་དུས་དེ་ལས་མི་འདའ་བས་ལས་ལ་གཟུང་བ་ཡིན་ནོ། །སྦྱིན་པ་མཛད་ཅིང་ཞེས་བྱ་བའི་ཚིགས་བཅད་འདི་ནི་འདི་ལྟར་འགྱུར་ཏེ། རྟག་ཏུ་དབང་བསྐུར་ཞིང་རྒྱུན་དུ་དབང་བསྐུར་བ་ཉིད་དེ། སྦྱིན་པ་དང་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ནི་བྱ་བ་གཞན་དག་བསྟན་པའི་ཕྱིར་རོ། །དབང་བསྐུར་ཀྱང་ཞེས་བྱ་བ་ནི་ཇི་ལྟར་དབང་བསྐུར་བར་གྱུར་ཀྱང་ངོ༌། །ལྷ་ཡི་བུ་ལོན་བྲལ་བར་མཛད་པའི་རིགས།། ཞེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་དབང་དུ་བྱས་ནས་བརྩམས་པའི་ཁྱད་པར་བསྟན་ཏོ། །ད་ནི་སྐྱེ་དགུ་རྣམས་ཀྱི་ཕུན་སུམ་ཚོགས་པ་འགྲུབ་པའི་དབང་དུ་བྱས་ནས་མཆོད་སྦྱིན་ལེགས་པར་བགྱིས་པས་ཞེས་བྱ་བའི་ཚིགས་བཅད་དོ། །དེ་བས་འབངས་ལ་ཕན་པའི་ཕྱིར་ཞེས་བྱ་བ་ནི་མཆོད་སྦྱིན་ལེགས་པར་བྱས་པས་ལྷ་མཉེས་པར་གྱུར་ཏེ་ཆར་གྲུབ་པའི་ཕྱིར་རོ། །བདག་ལ་ཕན་པའི་ཕྱིར་ཞེས་བྱ་བ་ནི་དགྲ་ལས་རྣམ་པར་གྲོལ་བའོ། །གྲགས་པར་འགྱུར་བའི་ཞེས་བྱ་བ་ནི་གཉིས་ཀར་གྲགས་པར་འགྱུར་བ་ཉིད་ཀྱི་མཆོད་སྦྱིན་གྱི་ཆོ་གའོ། །གཞན་གྱི་དྲིང་ལ་འཇོག་པ་ནི་གཞན་གྱི་དྲིང་འཇོག་པའོ། །ཡང་ན་གཞན་གྱིས་བཀྲིར་རུང་བ་ནི་གཞན་གྱི་དྲིང་ལ་འཇོག་པ་སྟེ། དད་པ་སྐྱེ་བ་ལ་རག་ལུས་པའོ། །བློ་ཆུང་བའི་འགྲོ་བ་གང་ཡིན་པ་དེ་ནི་གཞན་གྱི་དྲིང་ལ་འཇོག་ཅིང་བློ་ཆུང་བའི་འགྲོ་


DTG168_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྤྱོད་མི་ནུས་པ་ནི་རིག་པ་ལ་ཉེ་བར་གནས་པའི་སེམས་མེད་པས་སོ། །ཆོས་ཙམ་ལ་དགའ་བ་ཞེས་བྱ་བ་ནི་བསོད་ནམས་འདོད་པའོ། །ཆོས་ནི་འདིར་ཆོས་ཀྱི་འབྲས་བུ་ལ་རིག་པར་བྱའོ། །འཇིག་རྟེན་དག་ན་ཞེས་བྱ་བའི་ཚིགས་བཅད་འདིས་ནི་ཚད་མར་བྱས་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་མི་མཐུན་པ་ཡིན་ཏེ། ལོང་བས་བསྟན་པའི་ལོང་བའི་སྐྱེ་བོ་བཞིན་ནོ། །ངན་སོང་མི་བདེ་དོགས་པའི་ནང་ན་འཁོད། །ཅེས་བྱ་བ་ནི་བསོད་པ་ནི་ཆོས་སུ་སྦྱོར་བའི་བྱེད་པ་པོ་དེ་ཉིད་ཀྱང་ངན་སོང་མི་བདེ་བ་དོགས་པའི་ནང་ན་འཁོད་པར་བསྟན་ཏོ། །ད་ནི་དེ་ཉིད་སྒྲུབ་པའི་ཕྱིར། ཕྱུགས་རྣམས་བསད་པས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་སྨོས་ཏེ། དེ་ལས་ཕྱུགས་རྣམས་བསད་པས་ཞེས་བྱ་བའི་ཚིགས་བཅད་འདི་ནི་དམ་བཅས་པའི་ཚིགས་བཅད་དེ་སྒྲུབ་པའི་རྗེས་སུ་བསྟན་པས་སོ། །འདིའི་བསྡུས་པའི་རྒྱུ་དང་འབྲས་བུའི་མཚན་མའི་རྟགས་ཀྱི་དབང་དུ་བྱས་པ་སྟེ། ཆོས་ཀྱི་རྒྱུ་ནི་ཕྱུགས་རྣམས་གསོད་པའོ། །དེ་ནི་མི་རིགས་པ་ཁས་ལེན་པ་སྟེ་འདིས་ནི་ལྷའི་འཇིག་རྟེན་དུ་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བའི་འབྲས་བུ་དེ་ཡང་མི་རིགས་པ་ཉིད་དུ་དམ་བཅས་པ་ཡིན་ནོ། །ལྷ་མཉེས་པའི་ཆེད་དུ་ཞེས་བྱ་བ་དེ་ཡང་མི་རིགས་པ་ཉིད་དུ་དམ་བཅའ་བ་ཡིན་ཏེ། ཕྱུགས་རྣམས་བསད་པ་ཞེས་བྱ་བའི་ཚིགས་བཅད་འདི་ནི་ཇི་ལྟར་མཆོད་སྦྱིན་པ་དེ་དག་ཕྱུགས་རྣམས་བསད་པ་ཆོས་ཉིད་དུ་རིགས་པར་སྟོན་པར་བྱེད་དེ། དེ་མི་རིགས་པའི་དབང་དུ་བྱས་ནས་ཕྱུགས་རྣམས་བསད་པས་ཞེས་བྱ་བའི་ཚིགས་བཅད་སྨྲས་སོ། །སྔགས་ཀྱི་མཐུས་ཞེས་བྱ་བ་ནི་གང་གི་ཕྱིར་མཆོད་སྦྱིན་པ་དེ་དག་ཕྱུགས་བསད་པ་ཉི་ཚེས་ནི་ཆོས་ཉིད་དུ་མི་སྟོན་ཏེ་འོན་ཀྱང་སྔགས་ཀྱི་མཐུ་དང་ལྡན་པས་བསད་ན་ནི་མཐོ་རིས་སུ་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ཞེན། སྔགས་ཀྱི་མཐུས་བསད་ན་དེ་ཡང་རྒྱུ་སྦྱོར་བ་དང་མངོན་པར་མཐོ་བ་ལ་སྦྱོར་བའི་བྱེད་པ་པོ་དང༌། གསད་པར་བྱ་བ་ཉིད་ཀྱིས་མཐོ་རིས་ཀྱི་རྒྱུ་ཡིན་པས་གཞན་གྱི་ཁ་ན་མ་ཐོ་བ་མེད་ཅིང་བདེ་བ་དང་ཕན་པ་ལ་འཇུག་པའི་ཆོས་ཏེ། ཆོས་དེ་ནི་ལྷའི་འཇིག་རྟེན་དུ་སྐྱེ་བའི་རྒྱུའོ། །སྔགས་ཀྱི་མཐུས་


DTG168_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་ཕྱུགས་མཐོ་རིས་སུ་འགྲོ་བག་ལས་ཤེ་ན། གཞན་གྱིས་བྱས་པའི་ལས་ཀྱིས་གཞན་གྱི་འབྲས་བུར་སྨིན་ཅིང་སྟེར་བ་མི་རིགས་པ་ཡིན་ཏེ། གཞན་གྱི་རྒྱུད་ཀྱི་སེམས་ཀྱིས་བྱས་པ་ནི་བྱེད་པ་པོ་དེ་ཉིད་ལ་དགེ་བ་དང་མི་དགེ་བར་འགྱུར་བ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེན། བསད་པ་དང་དེ་ཉིད་དུ་འབྲེལ་པ་མེད་པའི་ཕྱིར་རོ། །བསད་པ་དང་དེ་ཆོས་དང་མཐུན་པ་ཡིན་པ་ལ། བསད་པ་འབྲས་བུ་དང་ལྡན་པར་གྱུར་ན་ཡང་བདག་ཉིད་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བ་དེ་མེད་པས་དེ་ཡང་མེད་དོ། །དོན་འདི་ཉིད་སྒྲུབ་པའི་ཕྱིར་ལོག་པར་སྤྱོད་པས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཞན་གྱིས་བསད་པའི་ཕྱུགས་མཐོ་རིས་སུ་མི་འགྲོ་སྟེ། བསམ་པ་དང་སྦྱོར་བ་གཉིས་ཀྱིས་དགེ་བ་དང་མི་དགེ་བའི་རྟགས་མེད་པའི་ཕྱིར་རོ། །ལོག་པར་སྤྱོད་པས་ཡིད་ནི་མ་བཟློག་ཅིང༌། །ཞེས་བྱ་བ་འདིས་ནི་སྡིག་པ་ལས་ལྡོག་པ་མེད་པ་བསྟན་པ་སྟེ་བསམ་པས་སོ། །དགེ་བའི་ལས་ལ་ངེས་པར་མ་བྱས་པ། །ཞེས་བྱ་བ་འདིས་ནི་བསམ་པ་དང་སྦྱོར་བ་གཉིས་ཀྱིས་དགེ་བ་ལ་འཇུག་པ་མེད་པར་བསྟན་ཏོ། །སེམས་པ་ནི་རྣམ་པ་གསུམ་སྟེ། ཀུན་ཏུ་སྦྱོར་བ་དང༌། ངེས་པར་སེམས་པ་དང་ཚོལ་བའོ། །ཀུན་ཏུ་སྦྱོར་བ་དང༌། ངེས་པར་སེམས་པས་བསྐྱོད་པའི་སེམས་ཀྱིས་ལས་ངེས་པར་བྱེད་པ་ཉིད་ན། འདིས་ནི་དེ་དག་མེད་པས་སྦྱོར་བ་མེད་པར་བསྟན་ཏེ། དགེ་བའི་མཚམས་སྦྱོར་བ་མེད་པར་བསྟན་པའི་ཚུལ་ལོ། །ཡང་ན་ཕྱུགས་ནི་མཐོ་རིས་སུ་མི་འགྲོ་སྟེ། རང་གིས་བྱས་པའི་དགེ་བ་མེད་པའི་ཕྱིར་རོ། །དགེ་བ་ལ་ཡང་རྣམ་པ་གཉིས་ཏེ། ལྡོག་པ་དང༌། འཇུག་པའི་མཚན་ཉིད་དོ། །མི་དགེ་བ་དག་ལས་ལྡོག་པ་ནི་བསམ་པ་དང་སྦྱོར་བ་གཉིས་ཀྱིས་སོ། །དགེ་བ་དག་ལ་འཇུག་པ་ལ་ཡང་བསམ་པ་དང་སྦྱོར་བ་གཉིས་ཀྱིས་སོ། །ཡིད་ངེས་པ་ཞེས་བྱ་བས་ནི་མི་དགེ་བ་ལས་བསམ་པས་ལོག་པ་མེད་པ་དང༌། དགེ་བ་ལ་འཇུག་པའི་བསམ་པ་མེད་པར་བསྟན་ཏོ། །དེ་མེད་བ་ལས་དགེ་བ་ལས་ལྡོག་པའི་སྦྱོར་བ་མེད་པ་དང༌། དགེ་བ་ལ་འཇུག་པའི་སྦྱོར་བ་མེད་པར་བསྟན་ཏོ། །བསམ་པ་སྡོན་


DTG168_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བས་དགེ་བ་དང་མི་དགེ་བ་ལ་འཇུག་པ་དང་ལྡོག་པ་ཡིན་ནོ། །ཕྱུགས་མཐོ་རིས་སུ་འགྲོ་བ་དེ་མི་རིགས་པ་ཉིད་དུ་སྒྲུབ་པའི་ཕྱིར། མཆོད་སྦྱིན་ལ་བསད་ཅེས་བྱ་བའི་ཚིགས་བཅད་སྨོས་སོ། །ཕྱུགས་སུ་ཞེས་བྱ་བ་ནི་ཇི་ལྟར་ཕྱུགས་དག་མཆོད་སྦྱིན་དུ་བསད་པ་དེ་བཞིན་དུ་ཁྱེད་བདག་ཉིད་གསོད་པར་བྱེད་པའོ། །མཆོད་སྦྱིན་ལ་ནི་ཚུལ་འདི་ཡིན་ཏེ། བདག་ཉིད་གསོད་པའི་ཚུལ་ལོ། །དེ་ཕྱིར་དེ་དག་ཚིག་ནི་སུ་ཞིག་ཉན། །ཞེས་བྱ་བ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་ནི་མི་བྱེད་ན་ནི་ཚིག་བཙུན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷའི་འཇིག་རྟེན་དུ་སྐྱེ་བ་མི་རིགས་པར་བསྟན་ནས། བསྟན་མ་ཐག་པའི་ཚིགས་བཅད་གཉིས་ཀྱིས་ལྷ་མཉེས་པར་འགྱུར་བ་ཉིད་དུ་མི་རིགས་པར་བསྟན་པའི་ཕྱིར། མཚུངས་མེད་མཐུ་བསུང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བསུང་ཉིད་མཐུ་ཡིན་པས་མཐུ་བསུང་ངོ༌། །མཐུ་བསུང་དང༌། རོ་དང༌། གཟི་ནི་མཚུངས་མེད་མཐུ་བསུང་ལྡན་པའོ། །མཚུངས་པ་མེད་པའི་མཐུ་བསུང་དང༌། རོ་དང༌། གཟི་ལྡན་པའི་བདུད་རྩི་གང་ཡིན་པ་དེ་ནི་མཚུངས་པ་མེད་པའི་མཐུ་བསུང་དང༌། རོ་དང༌། གཟི་ལྡན་པའི་བདུད་རྩིའོ། །ཟས་མཆོག་ནི་གཙང་བའོ། །ལྷ་མོས་ཕུལ་བ་ཞེས་བྱ་བ་ནི་ལྷ་མོ་མཆོག་གིས་ཕུལ་བའི་ཡིད་དུ་འོང་བ་ཉིད་དུ་བསྟན་ཏོ། །དེ་ལྟར་གསུམ་གྱི་མི་མཐུན་པའི་ཕྱོགས་གསུམ་གྱིས་བསྟན་ཏོ། །མཚུངས་མེད་མཐུ་བསུང་རོ་དང་གཟི་ལྡན་པ། །ཞེས་བྱ་བ་ནི་ཁྱད་པར་མེད་པའོ། །ཕྱུགས་བསད་ཤ་ཁྲག་ཅེས་བྱ་བ་བསྟན་པ་ལ་མཆོད་སྦྱིན་ལ་ཕྱུགས་ཀྱི་ཤས་རུང་བ་མ་ཡིན་ནོ། །སྩོགས་པ་སྨོས་པ་ནི་གང་དེར་སྦྱིན་པ་གཞན་དག་ཀྱང་གཟུང་ངོ༌། །དེ་ལྟ་བུའི་རྣམ་པའི་ཟས་འདིའི་གཉེན་པོས་ཕྱུགས་བསད་ཤ་ཁྲག་ཅེས་བྱ་བ་བསྟན་པ་དང༌། ལྷ་རྣམས་མགུ་བར་འགྱུར་བ་ཞེས་བྱ་བས་ནི་གང་སྔར་བསྟན་པའི་མཆོད་སྦྱིན་ལེགས་པར་བགྱིས་པས་ལྷ་མཉེས་ན་ཞེས་བྱ་བ་དེ་མི་རིགས་པར་བསྟན་ཏོ། །ཕན་འདོགས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་གང་གི་ཕྱིར། ཁྱེད་ཅག་གིས་ང་ལ་རྗེས་སུ་བཟུང་བ་དང་ལྡན་པ་སྟེ། དེས་ན་རྗེས་སུ་བཟུང་བ་ཡིན་པས་ཕན་འདོགས་པ་དང་ལྡན་པར་འགྱུར་བའོ། །


DTG168_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བག་མེད་པའི་གཉིད་ཀྱིས་ལོག་པ་གང་ཡིན་པ་དེ་ནི་བག་མེད་པའི་གཉིད་ཀྱིས་མ་ལོག་པ་སྟེ། བག་མེད་པའི་གཉིད་ཀྱིས་མ་ལོག་ཅིང་དྲི་མ་མེད་པ་དེས་སོ། །རྟོག་ཆེན་ཉིད་མིག་ཡིན་པས་རྟོག་ཆེན་མིག་གོ །རང་གི་ཡུལ་ཁོ་ན་ལ་མཐུན་པའི་ཆོས་ཀྱིས་ཐོབ་པའི་རྗེས་སུ་དཔག་པའི་ཚུལ་ལོ། །ག་ལ་བགྱིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་ཚུལ་འདིའི་དོན་ནི་བདག་གིས་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དམ་པ་རྣམས་ཀྱི་ཚད་མའི་མཆོག་ནི་ལེགས་པའི་ཚད་མའི་ནང་ན་ཚད་མའི་མཆོག་གོ །སྐྱེ་བོ་མང་པོས་མཐོང་བར་གྱུར་པ་ཞེས་བྱ་བ་ནི་སྐྱེ་བོ་ལ་བསྟན་པར་གྱུར་པའོ། །སྡིག་པ་བྱེད་པའི་མི་རྣམས་འཛིན་པའི་ཕྱིར་ཞེས་བྱ་བ་ནི་སྡིག་པ་བྱེད་པའི་སྐྱེ་པོ་གཟུང་བའི་ཕྱིར་རོ། །བརྟན་ཞིང་གཙང་མ་ཚུལ་ཁྲིམས་ནོར་ལྡན་ཞེས་བྱ་བ་ལ། བརྟན་པའི་ཚུལ་ཁྲིམས་ནི་རྒྱུན་དུ་བསྲུང་བའི་ཕྱིར་རོ། །གཙང་མ་ནི་གུས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནོར་ཡིན་ཏེ། འདོད་པའི་དོན་སྒྲུབ་པའི་ཕྱིར་རོ། །གང་དེ་ལྟ་བུ་དེ་ཉིད་ནི་མི་མཆོག་ཅེས་བརྗོད་དོ། །སྟོང་གིས་ཞེས་བྱ་བ་ནི་སྟོང་ཕྲག་དུ་མའོ། །ཚུལ་མ་ཡིན་པའི་རྗེས་སུ་སྤྱོད་པ་དེ་བརྙེས་པ་ནི་ཚུལ་མིན་རྗེས་སྤྱོད་བརྙེས་པའོ། །དེ་བས་ན་སྡིག་པ་བྱེད་པའི་མི་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་བཟུང་བ་མཆོག་ཏུ་བྱེད་པའོ། །ཚུལ་ཁྲིམས་དང་སྡོམ་པ་ཡང་དག་པར་བླང་བ་ལ་ནི་འབད་ཅེས་བྱ་བ་ནི་ཚུལ་ཁྲིམས་ཉིད་སྡོམ་པ་ཡིན་པས་ཚུལ་ཁྲིམས་ཀྱི་སྡོམ་པའོ། །ཚུལ་ཁྲིམས་ཡོད་པའི་ཕྱིར་ཚུལ་ཁྲིམས་ལྡན་པ་སྟེ། འགྱོད་པ་ལ་སོགས་པ་སེམས་ཀྱི་གདུང་བ་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་ཁོ་ན་སྡོམ་པ་སྟེ། མི་དགེ་བའི་ལས་སྤངས་པའི་མཚན་ཉིད་ཡིན་པས་སོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནི་ཚུལ་ཁྲིམས་དང་སྡོམ་པ་ཡང་དག་པར་བླང་བའོ། །དེ་ལ་འབད་ཅིང་མཆོག་ཏུ་བྱེད་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་འབད་པ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ཡང་དག་པར་འབད་པའི་ཕྱིར་རོ། །ཚུལ་མ་ཡིན་པ་ལ་བྱེད་པར་དགའ་བ་ནི་བཏང་ཞེས་


DTG168_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ཏེ། འདིས་ནི་དགེ་བའི་ལས་ཀྱི་ལམ་བདུན་པོ་ལུས་དང་ངག་གི་མཚན་ཉིད་ཀྱི་ལྡོག་པ་བསྟན་ཏོ། །དགྲར་འཛིན་པ་ལས་ནི་ཕྱིར་ཕྱོགས་ཞེས་བྱ་བ་ནི་ཡིད་ཀྱིས་ཞེ་འགྲས་པ་ལས་ལྡོག་པ་བསྟན་ཏོ། །གཅིག་ལ་གཅིག་དགའ་བ་དང་གུས་པར་ནི་བྱེད་ཅེས་བྱ་བ་འདིས་ནི་ཞེ་སྡང་གི་མི་མཐུན་པའི་ཕྱོགས་ཡོན་ཏན་ཡང་དག་པར་བསྟེན་པ་བསྟན་ཏོ། །འཐབ་པ་དང་རྩོད་པ་ཞེས་བྱ་བ་འདིས་ནི་མི་དགེ་བའི་ལམ་དག་གིས་བསྡུས་པ་ལས་ལྡོག་པ་བསྟན་ཏོ། །བླ་མའི་ངག་ཉན་ཞིང་རྗེས་སུ་མཐུན་པར་ནི་བྱེད་ཅེས་བྱ་བ་འདིས་ནི་གང་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཤིང་སྤོང་བ་ལས་སྐྱེས་པའི་དབང་དུ་བྱས་པ་སྟེ། བླ་མས་ནི་མི་དགེ་བ་ལས་ལྡོག་པ་དང༌། དགེ་བ་ལ་འཇུག་པ་བསྟན་ཏོ། །བགོ་བཤའ་བྱེད་པ་ལ་ནི། བག་ཚ་བ་མེད་ཅེས་བྱ་བ་ནི་ནང་གི་ཕ་མ་ལ་སོགས་བའོ། །གློ་བུར་དུ་འོངས་པ་ལ་ནི་དགའ་ཞེས་བྱ་བ་ནི་མགྲོན་ལ་མཉེས་གཤིན་པའོ། །དུལ་བ་དང་གུས་པར་བྱ་བ་ལ་ནི་འབད་པར་གྱུར་ཞེས་བྱ་བ་ལ། དུལ་བ་ནི་ཉོན་མོངས་པ་ཉེ་བར་ཞི་བའོ། །གུས་པར་བྱ་བ་ནི་ལུས་ངག་གི་ཡང་དག་པར་འཇུག་པའོ། །ཚུལ་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་ཐ་མ་དང༌། བར་མ་དང༌། དམ་པའི་ཚུལ་ཁྲིམས་ལ་འཇུག་པའི་རྒྱུ་བསྟན་ཏེ། ཤི་བས་འཇིགས་ཤིང་ཞེས་བྱ་བ་ལ། གང་ཐ་མ་ནི་ཕྱུགས་ལྟར་བསད་པས་འཇིགས་པ་སྟེ། གང་ཐ་མ་ནི་དེས་ཚུལ་ཁྲིམས་སྲུང་བར་བྱེད་དོ། །འཇིག་རྟེན་ཕ་རོལ་སེམས་ཞེས་བྱ་བ་ནི་ངན་འགྲོས་འཇིགས་པ་དང༌། བདེ་འགྲོར་འགྲོ་བ་ལ་སྲེད་པས་སོ། །རིགས་ཀྱིས་ང་རྒྱལ་ཞེས་བྱ་བ་ནི་བདག་གི་རིགས་མཐོ་བས་བསྙེམས་པའི་ཚུལ་ལོ། །གྲགས་པ་བསྲུང་བ་དང་ཞེས་བྱ་བ་ནི་ཁྲེལ་ཡོད་པས་སྐྱོད་པ་སྟེ། གསུམ་ལས་བར་མའི་ཚུལ་ཁྲིམས་ལ་འཇུག་པའི་རྒྱུ་བསྟན་པའོ། །བསམ་པ་དག་ཅིང་ཞེས་བྱ་བ་ནི་སྔོན་དགེ་བ་རྒྱུད་ལ་བསྟན་པ་དེས་སོ། །ངོ་མཚར་ཤེས་པ་ཡིས་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བའོ། །དེ་གཉིས་ཀྱིས་


DTG168_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་པ་དག་ཚུལ་ཁྲིམས་ཀྱི་རྗེས་སུ་འཇུག་པ་བསྟན་ཏོ། །ཚུལ་ཁྲིམས་དེའི་སེམས་ཀྱི་རྗེས་སུ་འཇུག་པའི་རྒྱུ་བསྟན་པའི་ཕྱིར། ཇི་ལྟ་ཇི་ལྟར་སྐྱེ་བོ་ཆོས་འབད་པ་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཇི་ལྟར་ཆོས་ལ་འབད་པ་ནི་བསྟན་མ་ཐག་པ་ཉིད་ཀྱི་རྒྱུས་སོ། །གཡོས་པར་མ་གྱུར་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་བརྟན་པར་གྱུར་པ་བསྟན་ཏོ། །གྲོགས་དང་ལྡན་ཞིང་ཕུན་སུམ་ཚོགས་པའི་ཡོ་བྱད་གང་ལ་ཡོད་པ་དེ་ནི་གྲོགས་ལྡན་ཡོ་བྱད་ཕུན་སུམ་ཚོགས་པ་སྟེ་དེ་ལའོ། །ཕོངས་པ་ཡང་ཡིན་ལ་རབ་ཏུ་མགུ་བ་ཡང་ཡིན་པས་ཕོངས་པ་རབ་ཏུ་མགུ་བའོ། །དེའི་བསྟོད་པ་དེས་རབ་ཏུ་འཕེལ་བའི་ཚིག་ནི་ཕོངས་པས་རབ་ཏུ་དགའ་བས་བསྟོད་པའི་ཚིག་གོ །སྣ་ཚོགས་པ་ནི་རྣམ་པ་དུ་མའོ། །གོས་དང་རྒྱན་རྣམས་ནི་གོས་དང་རྒྱན་ནོ། །གོས་རྣམ་པ་སྣ་ཚོགས་པ་མང་པོ་དང༌། རྒྱན་རྣམ་པ་སྣ་ཚོགས་བ་སྟེ། གོས་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་གང་ཡིན་པ་དེ་ནི་རྣམ་མང་གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །སྐྱེ་བོ་ངེས་པར་ཆོས་སྤྱོད་ཅེས་བྱ་བ་ནི་ལྡོག་པའི་ཚུལ་དང་འཇུག་པའི་ཚུལ་གྱིས་ཚུལ་ཁྲིམས་ལ་འབད་པའོ། །སྐྱེ་བོ་རབ་ཏུ་དགའ་བ་མང་པོས་གང་ཞིང་ཞེས་བྱ་བ་འདིས་ནི་སེམས་ཅན་གྱི་གྲངས་ཕུན་སུམ་ཚོགས་པ་བསྟན་ཏོ། །མངོན་པར་མཐོ་བ་ཉམས་དགའ་བར་སྣང་བ་ཞེས་བྱ་བ་འདིས་ནི་སྐྱེ་བོ་མང་པོའི་འབྱོར་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །བརྒྱ་བྱིན་ནི་མཆོད་སྦྱིན་བརྒྱ་བའོ། །གསོད་ཅིང་ཅེས་བྱ་བ་ནི་དེ་ལ་ཕྱུགས་དུ་མ་གསོད་པའི་ཕྱིར་ཏེ། དམན་པ་འབྲས་བུ་འདོད་པ་དེས་འཚེ་བ་ལ་ཞེན་པའོ། །དམན་པ་དེའི་མི་མཐུན་པའི་ཕྱོགས་ཚུལ་ཁྲིམས་ཡིན་ཏེ། དམན་པའི་མི་མཐུན་པའི་ཕྱོགས་གྲགས་པའི་རྒྱན་གྱིས་བརྒྱན་པ་ནི་འབྲས་བུ་ལ་འདོད་པ་མེད་པས་གྲགས་པ་མངོན་པར་འཕེལ་བའོ། །སྐྱེ་དགུ་བུ་བཞིན་དུ་སྐྱོབ་པ་ནི་སྲུང་བའོ། །དེའི་དབང་དུ་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་འདིར་དབང་དུ་གྱུར་པ་དང༌། འཇིག་རྟེན་ཕ་རོལ་གྱི་ལོངས་སྤྱོད་ཀྱི་དབང་དུ་གྱུར་པའོ། །འཇིག་རྟེན་བདེ་ལ་ཕྱོགས་ཤིང་ཞེས་བྱ་བ་ནི་


DTG168_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་བདེ་བ་ལ་མངོན་དུ་ཕྱོགས་པ་ནི་ཇི་ལྟར་ཡང་བདག་ལ་དད་པའི་འཇིག་རྟེན་ཚུལ་ཁྲིམས་དང་ལྡན་པར་བྱས་པའོ། །དེ་གཉིས་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ཏེ། མཁས་པ་མ་ལགས་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་འཇུག་པ་ཡོངས་མ་མཆིས་པའོ། །གཞན་ལ་ཕན་ཞིང་བདེ་བ་ལ་འཇུག་པ་ཡོན་ཏན་ཡོངས་སུ་ཤེས་པས་ནི་གཞན་གྱི་དོན་དུ་དེ་གཉིས་ལ་འཇུག་པ་ཡིན་ཏེ། མཁས་ཤིང་ཡོངས་སུ་ཤེས་པས་སྙིང་སྟོབས་དང་ལྡན་ན་ནི་བདག་ལ་ཆགས་པ་མེད་པར་སྦྱིན་པ་དང་ཚུལ་ཁྲིམས་དེ་གཉིས་ལ་འཇུག་སྟེ། སྙིང་སྟོབས་མ་ཚང་བ་མེད་པའི་ཕྱིར་རོ། །ལེགས་པར་ཐོབ་པ་ནི་ཚེ་འདིར་ཡང་འཕེལ་བར་འགྱུར་ལ། འཇིག་རྟེན་ཕ་རོལ་དུ་ཡང་བདེ་འགྲོ་ཐོབ་པའོ། །གྲགས་པ་དང་བདེ་བ་ཐོབ་བ་ནི་ཚེ་འདིར་ཡང་བདེ་བ་ཐོབ་ཅིང་འཇིག་རྟེན་ཕ་རོལ་དུ་ཡང་བདེ་བ་འཐོབ་པའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་མཆོད་སྦྱིན་གྱི་སྐྱེས་པའི་རབས་ཏེ་བཅུ་པའོ།། །།བདག་གིས་ནི་འདི་ཙམ་ཞིག་གོ་བར་ཟད་དེ། ལྷག་མ་ནི་གཞན་དག་ཏུ་བལྟ་བར་བྱའོ། །སྡོམ་ལ། སྟག་མོ་ཤི་པི་ཀོ་སལ་བདག །ཚོང་དཔོན་གཉིས་དང་རི་བོང་དང༌། །ཨ་གསྟ་དང་ཤ་བྱིན་དང༌། །ཐམས་ཅད་སྒྲོལ་དང་མཆོད་སྦྱིན་བྱེད། །སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་གོ་རིམས་རྣམ་པར་གཞག་པའི་རྒྱུ་ནི་རིམ་པ་གང་གིས་བཀོད་པའི་སྐྱེས་པའི་རབས་བཅུ་པོ་འདི་དག་གི་གོ་རིམས་ལྟར་ནི་བདག་གིས་མ་མཐོང་གི །འདི་ནི་སློབ་དཔོན་དཔའ་བོས་བཀོད་པའི་རིམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་གོ་རིམས་ཀྱི་བྱེད་པའི་སྦྱོར་བས་སོ། །བདག་གིས་ནི་གོ་རིམས་ཀྱི་ཚུལ་འདི་ལྟར་རིགས་པར་མཐོང་སྟེ། སྟག་མོ་རི་བོང་ཤི་པི་དང༌། །ཤ་སྦྱིན་ཚོང་དཔོན་ཀོ་ས་ལ་བདག །ཐམས་ཅད་སྒྲོལ་དང་ཟིལ་མི་ནོན། །ཨ་གསྟ་དང་མཆོད་སྦྱིན་བྱེད། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་བཅུ་ཚན་དང་པོ་འདི་ཡིན་ཏེ། སྦྱིན་པ་རྣམ་པ་གསུམ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་


DTG168_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པས་བརྗོད་དེ། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པའི་དབང་དུ་བྱས་ནས་སྐྱེས་པའི་རབས་བརྒྱད་ཡིན་ནོ། །གཞན་གཉིས་ཀྱིས་ནི་ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་བསྟན་ཏོ། །ཟང་ཟིང་གི་སྦྱིན་པ་ལ་ཡང་རྣམ་པ་གཉིས་ཏེ། ནང་གི་སྦྱིན་པ་དང་ཕྱིའི་སྦྱིན་པའོ། །ནང་གི་སྦྱིན་པ་ལས་བརྩམས་ནས་དང་པོ་བཞིའོ། །ཕྱི་རོལ་གྱི་སྦྱིན་པ་ལས་བརྩམས་ནས་འོག་མ་བཞིའོ། །དེ་ལ་ནང་གི་སྦྱིན་པའི་དངོས་པོ་ཡང་གཉིས་ཏེ། ལུས་དང་སྲོག་གོ །སྦྱིན་པ་དེ་ཡང་གཉིས་ཀྱི་དོན་དུ་ཡིན་ཏེ། ཡོངས་སུ་ལོངས་སྤྱོད་པ་དང་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །དང་པོ་སྟག་མོའི་སྐྱེས་པའི་རབས་ལ་ནི་བཞི་པོ་འདི་དག་དང་ལྡན་པ་ཡིན་ཏེ། དེ་བས་ན་སྐྱེས་པའི་རབས་དེ་ཐོག་མར་བསྟན་ཏོ། །སྲོག་སྦྱིན་པ་ཡང་བདག་ཉིད་འཆི་བ་མ་གཏོགས་པར་དེའི་ལོངས་སྤྱོད་པ་དང་ལུས་ཀྱི་སྦྱིན་པ་མི་ནུས་པའི་ཕྱིར་རོ། །ལུས་ཀྱི་སྦྱིན་པ་ཡོད་པ་ཉིད་ཀྱིས་རང་གི་ལུས་སྦྱིན་པ་དེས་སྟག་མོ་ལོངས་སྤྱོད་པ་ཡོད་པར་རབ་ཏུ་རིག་པས་སོ། །ཡོངས་སུ་སྐྱོབ་པ་ཡང་ཡོད་དེ་དེ་བས་ན་སྐྱེས་པའི་རབས་དེ་ཉིད་དུ་བཤད་པ་སྟེ། དེ་བས་ལུས་ཀྱིས་བསྲུང་བར་བྱ་བ་ནི། གཡང་སར་ལྟུང་ལ་ཐུག་པའི་སྲོག་ཡོད་པས། །ཕྲུ་གུ་གསད་ལས་གཅན་མོ་བསྲུང་བ་དང༌། །གཅན་མོ་ལས་ཀྱང་དེ་ཡི་ཕྲུ་གུ་བསྲུང༌། །ཞེས་པ་ཡིན་ཏེ། དེ་བས་ལུས་ཀྱིས་བསྲུང་བར་བྱ་བ་ནི་ཞེས་བྱ་བ་འདིས་ནི་ལུས་ཀྱི་སྦྱིན་པ་ཡིན་ནོ། །གཡང་སར་ལྷུང་ལ་ཐུག་པའི་སྲོག་ཡོད་པས། །ཞེས་བྱ་བ་འདིས་ནི་སྲོག་གི་སྦྱིན་པ་ཡིན་ནོ། །ཕྲུ་གུ་གསད་ལས་གཅན་མོ་བསྲུང་བ་དང༌། །ཞེས་བྱ་བ་འདིས་ནི་ཡོངས་སུ་ལོངས་སྤྱོད་པའི་སྦྱིན་པ་ཡིན་ནོ། །གཅན་མོ་ལས་ཀྱང་དེ་ཡི་ཕྲུ་གུ་བསྲུང༌། །ཞེས་བྱ་བ་འདིས་ནི་ཡོངས་སུ་བསྐྱབ་པའི་སྦྱིན་པ་ཡིན་ཏེ། ནང་གི་རྣམ་པ་འདི་བཞི་ཡོད་པས་སྐྱེས་པའི་རབས་འདི་དང་པོར་སྨོས་པ་ཡིན་ནོ། །གཉིས་པ་རི་བོང་གི་སྐྱེས་པའི་རབས་ཀྱིས་ནི་ནང་གི་ལུས་དང་སྲོག་གཉིས་ཀྱི་སྦྱིན་པས་ཡོངས་སུ་ལོངས་སྤྱོད་


DTG168_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ་ཡོངས་སུ་སྐྱོབ་པ་ནི་མ་ཡིན་ནོ། །གང༌། བདག་གི་ལུས་ནི་མེ་ལ་བསྲེགས་པ་འདི། །སྣོམ་ལ་དེ་རིང་དཀའ་ཐུབ་ནགས་ན་བཞུགས། །ཞེས་བྱ་བའི་ཚིག་གིས་ནང་གི་ལུས་ཀྱི་སྦྱིན་པའོ། །བདག་ལ་ལུས་ལས་ལྷག་པའི་ནོར་ཡང་མེད། །ཅེས་བྱ་བའི་ཚིག་གིས་ནི་སྲོག་གི་སྦྱིན་པའོ། །བདག་ཅག་ལྟ་བུས་གཞན་དག་གི །སྲོག་ཀྱང་གཅོད་པར་མི་བྱེད་ན། །དེ་ལྟར་རབ་ཏུ་བྱམས་བརྟན་པ། །ཁྱོད་ལྟ་བུ་ལ་སྨོས་ཅི་དགོས། །ཞེས་བྱ་བའི་ཚིག་དེ་ཐོས་ནས་མེའི་ནང་དུ་བདག་ཉིད་ཞུགས་སོ། །དེས་ན་སྲོག་གི་སྦྱིན་པ་དེས་ཡོངས་སུ་ལོངས་སྤྱོད་པའི་སྦྱིན་པ་དེ་ཉིད་དུ་བཤད་པ་ཡིན་ནོ། །བདག་གི་ལུས་ནི་མེ་ལ་བསྲེགས་པ་འདི། །སྣོམས་ལ་དེ་རིང་དཀའ་ཐུབ་ནགས་སུ་བཞུགས། །ཞེས་བྱ་བའི་ཚིག་གིས་ནི་དེར་ཡོངས་སུ་བསྐྱབ་པ་ནི་མེད་དེ། བདག་ཉིད་འཆི་བ་དེ་ལས་གཞན་མ་རྙེད་པས་སོ། །སྲམ་དང་ཅེ་སྤྱང་དང༌། སྤྲེའུ་རྣམས་ཀྱིས་ནི་ཟས་རྙེད་པ་ཡིན་ཏེ། དེ་བས་ན་དེ་དག་གིས་དང་པོར་ཟས་བྱིན་པ་ཡིན་ནོ། །ད་ནི་ཤི་པི་པ་དང༌། བྱམས་པའི་སྟོབས་བསྐྱེད་པའི་སྐྱེས་པའི་རབས་གཉིས་ཀྱིས་ནི་ལུས་ཀྱི་སྦྱིན་པ་ཉིད་བསྟན་པ་ཡིན་ཏེ་སྲོག་ནི་མ་ཡིན་ནོ།། ཡོངས་སུ་ལོངས་སྤྱོད་པའི་སྦྱིན་པ་ཉིད་དེ། ཡོངས་སུ་བསྐྱབ་པའི་སྦྱིན་པ་ནི་མ་ཡིན་ནོ། །ལུས་ཀྱི་སྦྱིན་པ་ལ་ཡང་རྣམ་པ་གཉིས་ཏེ། དབང་པོའི་དབྱེ་བས་སྦྱིན་པ་དང༌། དབང་པོའི་དབྱེ་བ་མེད་པས་སྦྱིན་པའོ། །དེ་ལ་དབང་པོའི་དབྱེ་བས་སྦྱིན་པའི་དབང་དུ་བྱས་ནས་ཤི་བི་པའི་སྐྱེས་པའི་རབས་ལས་མིག་གི་སྦྱིན་པ་ཡིན་ནོ། །ཇི་ལྟར་དེ་ཡོངས་སུ་ལོངས་སྤྱོད་པར་འགྱུར་ཞེ་ན། དེའི་མིག་ཡོངས་སུ་ལོངས་སྤྱོད་པ་ནི་ཡུལ་ལ་དམིགས་པ་དེས་ཡུལ་ལ་དམིགས་ཤིང་ཡོངས་སུ་ལོངས་སྤྱོད་པ་ཡིན་ཏེ། དེ་དེ་ཉིད་དུ་བསྟན་པ། པདྨའི་སྤྱན་མངའ་སྤྱན་ནི་གཅིག་པུས་ཀྱང༌། །འཇིག་རྟེན་བདག་པོ་འཇིག་རྟེན་བགྱི་བ་འགྲུབ། །ཅེས་བྱ་བ་དང༌། ཅི་ནས་ཀྱང་མིག་དེ་དེའི་མིག་ཏུ་གནས་པར་གྱུར་པ་དང༌། དེ་ནས་མིག་ཡ་གཅིག་ཕྱེ་སྟེ་ཞེས་བྱ་བའི་ཚིག་གིས་སོ། །དབང་པོས་ནི་ལོངས་སྤྱོད་ཅིང་ཟ་བར་བྱེད་


DTG168_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་གྱི། དབང་པོ་དེ་ལ་བརྟེན་ནས་ཡོངས་སུ་ལོངས་སྤྱོད་པ་ཡིན་ཏེ། གཞན་དུ་ན་ལོངས་སྤྱོད་པར་མི་ནུས་ཏེ་དེས་ན་ཡུལ་དམིགས་པ་དེ་ཉིད་ཀྱིས་ལོངས་སྤྱོད་པའོ། །བྱམས་པའི་སྟོབས་བསྐྱེད་པ་ལ་ཡང་ནང་གི་སྦྱིན་པ་དབང་པོའི་དབྱེ་བ་ཤ་དང་ཁྲག་གི་སྦྱིན་པ་ཡིན་ཏེ། སྲོག་གི་སྦྱིན་པ་ནི་མ་ཡིན་པར་དེ་ཉིད་ལས་བསྟན་པ་སྟེ། ལྷ་དང་མིའི་སྨན་གྱི་ཁྱད་པར་རྨ་སར་པ་སོས་པར་བྱེད་ནུས་པ་རྣམས་ཀྱིས་དེའི་ལུས་སྔོན་བཞིན་དུ་སྡུག་བསྔལ་མེད་པར་བྱས་ཞེས་པའི་ཚིག་གིས་སོ། །ཡོངས་སུ་ལོངས་སྤྱོད་པ་ཉིད་དུ་བཤད་པའི་ཕྱིར། ལྷ་ཉིད་ཀྱི་སྐུ་འོ་བརྒྱལ་བར་མཛད་པ་བཏང་དུ་གསོལ། བདག་ཅག་ཀྱང་ཚིམ་པར་བགྱིས་ལགས་ཀྱིས་ཞེས་བྱ་བས་སོ། །སྐྱོབ་པ་མ་ཡིན་ཏེ། གང་དེ་ལས་གཞན་ཡོངས་སུ་བསྐྱབ་པར་བྱ་བ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ནང་གི་སྦྱིན་པ་རྣམ་པ་བཞིའི་དབྱེ་བ་ཡིན་ཏེ། དེ་བས་ན་དེ་ལྟར་སྐྱེས་པའི་རབས་རྒྱུ་རྣམ་པ་བཞི་བཀོད་པ་ཡིན་ནོ། །བཞི་པོ་དེའི་ནང་དུ་དེའི་རང་བཞིན་གཞན་ཡང་ཆུད་པ་ཡིན་ཏེ། དེའི་རིགས་དེས་སྐྱེས་པའི་རབས་གཞན་ཡང་རབ་ཏུ་འགྲུབ་བོ། །དེ་གོ་བར་འདོད་པ་རྣམས་ལ་མཐའ་དག་གི་ཐབས་བསྟན་པ་ཡིན་ནོ། །ད་ནི་ཕྱི་རོལ་གྱི་དངོས་པོའི་སྦྱིན་པའི་དབང་དུ་བྱས་ནས་སྐྱེས་པའི་རབས་ཅིག་ཤོས་བཞི་བསྟན་པ་ཡིན་ཏེ། ཇི་ལྟར་ཕྱི་རོལ་གྱི་སྦྱིན་པ་ཡིན་ཞེ་ན། རྣམ་པ་གསུམ་དུ་བརྩམས་པ་ཡིན་ཏེ། སྦྱིན་པ་པོ་ཕུན་སུམ་ཚོགས་པ་དང༌། ལེན་པ་པོ་ཕུན་སུམ་ཚོགས་པ་དང༌། སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་འདི་གསུམ་གྱི་དབང་དུ་བྱས་ན་ཚོང་དཔོན་གྱི་སྐྱེས་པའི་རབས་སུ་ལེན་པ་པོ་ཕུན་སུམ་ཚོགས་པ་ནི་དེ་ཉིད་དུ་རང་སངས་རྒྱས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པ་དེའི་བསོད་ནམས་ཀྱི་ཚོགས་རྣམ་པར་འཕེལ་བར་འདོད་པ་ཞིག་དེའི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་འོངས་སོ་ཞེས་པས་སོ། །སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་ཡང་དེ་ཉིད་དུ་བསྟན་ཏེ། དེས་དེའི་ལྟར་མཉན་ཏེ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་བཟའ་བ་དང་བཅའ་བ་བཟང་པོ་ཁྱེར་ཏེ་


DTG168_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཚིག་གིས་སོ། །སྦྱིན་པ་པོ་ཕུན་སུམ་ཚོགས་པ་ཡང་དེ་ཉིད་དུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་དག་གི་སྐལ་པ་དང་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་སྦྱིན་པ་ལ་ཉེས་དམིགས་མེད་པར་ཡང་ཤེས་ཏེ། བུ་སྨད་དང་གཡོག་འཁོར་འགྲོར་མི་སྟེར་བར་འཐེན་པ་རྣམས་བོར་ནས་བློ་ལ་ཚམ་ཚོམ་མེད་ཅིང་སྦྱིན་པ་བྱེད་པར་འདོད་པ་སྐྱེས་ཏེ་དམྱལ་བའི་ནང་ནས་སོང་ངོ་ཞེས་བྱ་བའི་ཚིག་གིས་སོ། །ད་ནི་ཀོ་ས་ལའི་བདག་པོའི་སྐྱེས་པའི་རབས་ལ་ནི་ཕུན་སུམ་ཚོགས་པ་གཉིས་ཡོད་དེ་སྦྱིན་པ་པོ་ཕུན་སུམ་ཚོགས་པ་དང༌། ལེན་པ་པོ་ཕུན་སུམ་ཚོགས་པ་དང་ཀོ་ས་ལའི་བདག་པོ་ལ་ནི་སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་མེད་དོ། །དེ་ལ་སྦྱིན་པ་པོའི་ཕུན་སུམ་ཚོགས་པ་ཡང་དེ་ཉིད་དུ་བསྟན་ཏེ། ཚུལ་དང་ལྡན་ཡང་ནོར་ཙམ་གྱིས་ནི་མཐོ་བ་ལ། །ལས་ཀྱིས་མགུ་བར་བྱས་ནས་སྨན་ཚིས་འཚོ་བའི་ཞེས་བྱ་བ་དང༌། གཞན་ཡང་དང་ཞིང་འཇམ་པའི་ཡིད་ཀྱིས་དེ་ལ་ཕྱག་འཚལ་ནས། །ཞེས་པའི་ཚིག་གིས་སོ། །ལེན་པ་པོ་ཕུན་སུམ་ཚོགས་པ་ཡང་དེ་ཉིད་དུ་བཤད་དེ། དགེ་སྦྱོང་བཞི་ཞིག་བསོད་སྙོམས་ཕྱིར་ནི་ལྷགས་པ་མཐོང༌། །དབང་པོ་དུལ་ཞིང་དགེ་སྦྱོང་དཔལ་གྱི་རྗེས་འབྲང་བ། །ཞེས་བྱ་བ་ཡིན་ཏེ། བཞི་སྨྲོས་པ་ནི་སྦྱིན་པའི་གནས་དགེ་འདུན་དུ་བསྟན་པའི་ཕྱིར་ཏེ། དེ་བས་ན་ལེན་པ་པོ་ཕུན་སུམ་ཚོགས་པར་བསྟན་ཏོ། །སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་ནི་མེད་དེ། དེ་ཡང་དེ་ཉིད་དུ་བསྟན་པ། ཟན་དྲོན་ཁེངས་པ་རྩུབ་པོ་ལེན་ཆ་མེད་པའི་འབྲས་བུ་འབྱོར་པ་ཆེན་པོ་འདི་ལྟར་འགྱུར་ལ་ལྟོས། །ཞེས་བྱ་བ་དང༌། སྐྱེས་པའི་རབས་དེ་ཉིད་དུ་གཅིག་གི་བར་དུ་བྱས་པ་སྟེ། གང་གི་ཚེ་ལེན་པ་པོ་ཕུན་སུམ་ཚོགས་པ་ཉི་ཚེ་བསྟན་པ་ཡིན་ཏེ། ཐུབ་པ་ཟག་པ་ཟད་ལ་གུས་པར་ཕུལ་བ་ཡིས། །ཞེས་བྱ་བའི་ཚིག་གིས་སོ། །སྦྱིན་པར་བྱ་བའི་དངོས་པོ་ཕུན་སུམ་ཚོགས་པ་ནི་མེད་དེ། ཟས་ལས་བགོ་སྐལ་བགོས་པའོ། །སྦྱིན་པ་པོ་ཕུན་སུམ་ཚོགས་པ་ཡང་མེད་དེ། བྲན་མོ་བགྱིད་པའི་ཚེ་ན་ཞེས་པའི་ཚིག་གིས་སོ། །གུས་པར་ཕུལ་བ་ནི་དུས་ཚོད་དེ་ཙམ་ན་གུས་པ་ཡོད་པའོ། །དེའི་ཕྱིར་འབྲས་བུ་


DTG168_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ་སྟེ་བུད་མེད་དུ་གྱུར་པའོ། །ད་ནི་སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་པོ་ཕུན་སུམ་ཚོགས་པ་ནི་ཐམས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཡིན་ཏེ། སྦྱིན་པའི་དངོས་པོ་ཕུན་སུམ་ཚོགས་པ་ནི་ཕྱི་རོལ་གྱི་དངོས་པོ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གྲངས་སུ་འགྲོ་བའི་རྣམ་པ་ཐམས་ཅད་དེ། ཕྱི་རོལ་གྱི་སྦྱིན་པའི་དངོས་པོའོ། །སེམས་ཅན་གྱི་གྲངས་སུ་འགྲོ་བའི་ཕྱི་རོལ་གྱི་སྦྱིན་པ་ནི་གླང་པོ་རིན་པོ་ཆེ་དང༌། རྟ་ཆས་དང་བཅས་པ་ལ་སོགས་པ་མཐའ་དག་སྦྱིན་པའོ། །སེམས་ཅན་མ་ཡིན་པ་ནི་བུ་སྨད་དང་བཅས་པ་ཡིན་ཡང་དེ་ལ་མ་ལྟོས་པར་ཤིང་རྟ་སྦྱིན་པའོ། །བུ་སྦྱིན་པ་དང༌། ཆུང་མ་སྦྱིན་པ་ནི་བདག་ཉིད་གྱི་ཕྱི་རོལ་གྱི་སྦྱིན་པའི་དངོས་པོ་ཁྱད་པར་དུ་གྱུར་པའོ། །སྦྱིན་པ་པོ་ཕུན་སུམ་ཚོགས་པའི་ཁྱད་པར་དུ་གྱུར་པ་དེ་ཉིད་དུ་བསྟན་ཏེ། འཇིག་རྟེན་དོན་དུ་ང་ཡི་ལུས་འཛིན་ན། །ཕྱི་རོལ་ནོར་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཤི་བི་པ་རྣམས་ཐམས་ཅད་ཀྱིས། །ང་ནི་བསད་དམ་སྤྱུགས་ཀྱང་རུང༌། །མི་སྦྱིན་པར་ནི་ང་མི་བྱེད། །དཀའ་ཐུབ་ཚལ་དུ་འགྲོར་ཟད་མོད། །ཅེས་བྱ་བའི་ཚིག་གིས་སོ། །གཞན་ཡང༌། སྦྱིན་ལ་དགའ་བ་གོམས་བྱས་ཤིང༌། །སླར་བཟློག་པ་ནི་མ་བསླབས་པས། །རབ་ཏུ་སྡུག་པའི་བུ་གཉིས་ཀྱང༌། །ཚམ་ཚོམ་མེད་པར་སྦྱིན་ཞེས་སྨྲས། །ཞེས་བྱ་བ་དང༌། གཞན་ཡང་ཕྱི་རོལ་གྱི་དངོས་པོ་སྦྱིན་པ་པོ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་བཤད་པ་དེ་ཐམས་ཅད་ཀྱང་སྦྱར་བར་བྱའོ། །ད་ནི་ཚོང་དཔོན་ཟིལ་གྱིས་མནོན་པའི་སྐྱེས་པའི་རབས་ཀྱིས་སྦྱིན་པ་པོ་ཕུན་སུམ་ཚོགས་པ་དེའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །ཕུན་སུམ་ཚོགས་པ་དེ་ཡང་དེ་ཉིད་དུ་བསྟན་ཏེ། འབྱོར་པ་ཟད་པར་གྱུར་ཀྱང་སྦྱིན་པ་ལས་མི་ལྡོག་པ་ཡིན་ཏེ། བརྒྱ་བྱིན་གྱིས་ནོར་རྣམས་མི་སྡང་བར་བྱས་ཀྱང་ལྟོས་པ་མེད་པས་སོ། །དེ་ལྟར་རེ་ཞིག་གསུམ་གྱིས་ཕུན་སུམ་ཚོགས་པ་ཡིན་ཏེ། སྦྱིན་པ་པོ་དང༌། སྦྱིན་པའི་དངོས་པོ་དང༌། ལེན་པ་པོའོ། །སྦྱིན་པ་པོ་དང་ལེན་པ་པོ་གཉིས་ཀྱིས་ཕུན་སུམ་ཚོགས་པ་ཡང་ལེན་པ་པོའི་ཡིན་གྱི། སྦྱིན་


DTG168_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་མ་ཡིན་ནོ། །སྦྱིན་པའི་དངོས་པོས་ནི་སྦྱིན་པ་པོ་ཁྱད་པར་དུ་མི་བྱེད་དོ། །སྦྱིན་པ་ནི་སྦྱིན་པ་པོའི་ཡིན་གྱི། ལེན་པ་པོའི་མ་ཡིན་ནོ། །རྣམ་པ་འདིའི་ནང་དུ་ཐམས་ཅད་འདུས་པའི་ཕྱིར་གཞན་གྱི་ཕྱི་རོལ་གྱི་ཟང་ཟིང་སྦྱིན་པར་གཟུང་བ་ཡང་གྲུབ་པར་འགྱུར་རོ། །སྦྱིན་པ་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་དེ་ལྟར་བསྟན་ཏོ། །ད་ནི་ཆོས་ཀྱི་སྦྱིན་པའི་དབང་དུ་བྱས་ནས་ཨ་ག་སྟེའི་སྐྱེས་པའི་རབས་སུ་བརྒྱ་བྱིན་གྱིས་མཆོག་སྦྱིན་པར་བྱས་པ་ལས་ཕྱིར་ལེགས་པར་གསུངས་པ་བསྟན་པ་ཡིན་ཏེ། དེ་ཡང་དེ་ཉིད་དུ་བཤད་པ་སྟེ། ལེགས་པར་སྨྲས་པ་རིན་ཆེན་ལ། །རིན་ནི་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་དེས་བརྗོད་པ་ཐམས་ཅད་ཀྱིས་སོ། །མི་འཇིགས་པའི་སྦྱིན་པ་ནི་མིའི་མཆོག་ཡིན་ཏེ། བརྟན་ཞིང་གཙང་ལ་ཚུལ་ཁྲིམས་ནོར་ལྡན་མི་མཆོག་ལ། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཉིས་ཀྱིས་དེར་བསྟན་ཏེ་དེ་ནི་མི་འཇིགས་པའི་སྦྱིན་པའོ། །དེ་བས་སྐྱེས་པའི་རབས་འདི་དག་ནི་གོ་རིམས་སུ་རིགས་པ་ཡིན་ཏེ། གོ་རིམས་འདིའི་རིམ་པས་ནི་གསུམ་པོ་བསྟན་པར་འགྱུར་རོ། །སློབ་དཔོན་དཔའ་བོས་ནི་སྐྱེས་པའི་རབས་གོ་རིམས་ཚུལ་བཞིན་མ་བཀོད་པར་ཡི་གེར་བྲིས་ཤིང་བཞག་བ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེན་འཇིག་རྟེན་ལས་གྲགས་པའི་གོ་རིམས་ཀྱིས་ཏེ། འཇིག་རྟེན་བརྗོད་པ་བཞིན་དུའོ། །འདི་ནི་ཟང་ཟིང་གི་སྦྱིན་པ་ལ་སོགས་པའི་གོ་རིམས་ཡིན་ཏེ། ཟང་ཟིང་གི་སྦྱིན་པས་ནི་གཟུགས་དང་ལུས་རྗེས་སུ་བཟུང་བ་ཡིན་ནོ། །ཆོས་དང་མི་འཇིགས་པའི་སྦྱིན་པ་གཉིས་ནི་མིང་དང་ལུས་ཀྱི་གོ་རིམས་སོ། །ཡང་ན་ཟང་ཟིང་གི་སྦྱིན་པ་དང་པོར་གཟུང་ངོ༌། །དེའི་འོག་ཏུ་ཆོས་དང་མི་འཇིགས་པའི་སྦྱིན་པ་རྣམ་པ་གཉིས་སོ། །ཆོས་ཀྱི་སྦྱིན་པ་དང་པོར་སྨོས་པ་ནི་མི་འཇིགས་པའི་སྦྱིན་པ་ལས་གཙོ་བོ་ཡིན་པའི་ཕྱིར་རོ། །ཡང་ན་འདི་ལྟར་གོ་རིམས་ཡིན་ཏེ། དང་པོ་ནི་མི་འཇིགས་པའི་སྦྱིན་པ་ལ། དེའི་འོག་ཏུ་ཆོས་ཀྱི་སྦྱིན་པ་ཡིན་ཏེ། ཐོག་མར་འཇིགས་པ་བསལ་ནས་དེའི་འོག་ཏུ་སེམས་བདེ་བ་


DTG168_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཆོས་ཀྱི་སྦྱིན་པས་འདོད་པའི་དོན་འགྲུབ་པར་བསྟན་པ་ཡིན་ནོ། །བཅུ་ཚན་དང་པོའོ།། །།དབང་ཕྱུག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་མཐུ་དང་ནུས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཡིན་ཏེ། མཐོ་བར་གྱུར་པ་དེས་གཞན་དག་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར་བ་སྟེ་བདག་ཉིད་ཆེན་པོ་དེའོ། །ཡུན་རིང་མོ་ནས་བསོད་ནམས་སྤྱོད་པ་ལ་རབ་ཏུ་གོམས་ཞིང་ཞེས་བྱ་བ་ནི་ཡུན་རིང་མོ་ནས་བསོད་ནམས་ལ་རབ་ཏུ་གོམས་པ་སྟེ། བདག་དང་གཞན་ལ་ཕན་པ་སྒྲུབ་པའི་མཚན་ཉིད་ཀྱི་ལས་གང་ཡིན་པ་དེ་ནི་བསོད་ནམས་ཏེ། ཡུན་རིང་མོ་ནས་བསོད་ནམས་སྤྱོད་པ་ལ་རབ་ཏུ་གོམས་པའོ། །འདིས་ནི་འདས་པའི་དུས་ཀྱི་བསོད་ནམས་ཀྱི་ཚོགས་བསྟན་ཏོ། །སྦྱིན་པ་དང༌། དུལ་བ་དང༌། སྡོམ་པ་དང༌། སྙིང་རྗེ་ལ་འདྲིས་པ་གང་ཡིན་པ་དེ་ནི་སྦྱིན་པ་དང༌། དུལ་བ་དང༌། སྡོམ་པ་དང་སྙིང་རྗེ་ལ་འདྲིས་པར་གྱུར་པ་སྟེ། འདིས་ནི་ད་ལྟར་བྱུང་བའི་དུས་སུ་བདག་དང་གཞན་ལ་ཕན་པ་སྒྲུབ་པའི་མཚན་ཉིད་བསྟན་ཏོ། །གཞན་ལ་ཕན་པར་སྤྱོད་པ་ཁྱད་པར་ཅན་ལ་ངེས་པར་བྱེད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་པར་སྤྱོད་པ་ཁྱད་པར་ཅན་ལ་ངེས་པར་སྤྱོད་པའོ། །འདིས་ནི་རྟག་ཏུ་གུས་པ་དང་སྦྱོར་བ་གཉིས་ཀྱིས་གཞན་ལ་ཕན་པ་སྒྲུབ་པ་བསྟན་ཏོ། །དེ་ལ་རྟེན་བཅས་པ་ཞེས་བྱ་བ་ནི་མཚོན་པ་སྟེ། བདག་དང་གཞན་གྱི་སྒྲུབ་པ་ཁྱད་པར་ཅན་ཡང་དག་པར་བརྟེན་པའོ། །ཡང་ཏོག་རྡོ་ཐལ་གསར་དུ་བསྐུས་པ་ཞེས་བྱ་བ་ལྟ་བུ་ནི་སྔར་བཤད་པའི་བྱང་ཆུབ་སེམས་དཔའོ། །ཟླ་བའི་འོད་ཟེར་ལྟ་བུ་ནི་ལྷའི་དབང་པོའི་དཔལ་ལོ། །དེ་གཉིས་དང་འདྲ་བར་གྱུར་པ་ཡིན་ནོ། །རྟེན་དང་བརྟེན་པར་གྱུར་པ་ཉིད་དོ། །ཚིག་རྐྱང་དང་ཚིགས་བཅད་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་བསྟན་པའོ། །ད་ནི་གང་གོང་དུ་བསྟན་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་དང་རྗེས་སུ་མཐུན་པ་ཡིན་ཡང་སྙིང་རྗེ་ལྷོད་པར་མི་འགྱུར་རོ་ཞེས་བྱ་བ་དེ་ཉིད་སྒྲུབ་པའི་ཕྱིར། གང་གི་ཕྱིར་ལྷ་མ་ཡིན་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྩམས་པ་ཡིན་ནོ། །སྐལ་བ་


DTG168_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཁྱད་པར་རོ། །དེས་བདེ་བ་ཐོབ་པ་ནི་འབད་པ་མེད་པར་རྙེད་པ་སྟེ། སྐལ་བ་ཆེ་བས་བདེ་བ་ཐོབ་པའོ། །གང་གི་ཕྱིར་གང་ལས་དེའི་སྙིང་དྲེགས་པའི་དྲི་མ་ཅན་བྱེད་པར་གྱུར་པ་ནི་དེའི་ཕྱིར་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ཀྱང་སྙིང་བརྩེ་བ་ལྷོད་པར་མི་འགྱུར་རོ། །བཤམས་པ་ཉིད་ཆས་པ་ཡིན་པའི་ཕྱིར་བཤམས་པ་ཆས་པའོ། །དེ་རབ་ཏུ་ཆས་པ་ཡིན་པས་འཇིགས་འཇིགས་ལྟར་སྣང་བ་སྟེ། གླང་བོ་ཆེ་དང༌། ཤིང་རྟ་དང༌། རྟ་དང༌། རྐང་ཐང་ལ་སོགས་པ་གང་གི་དཔུང་གི་ཚོགས་གང་ཡིན་པ་དེ་ནི། གླང་པོ་ཆེ་དང༌། ཤིང་རྟ་དང༌། རྟ་དང༌། རྐང་ཐང་གི་དམག་བཤམས་པ་རབ་ཏུ་འཇིགས་འཇིགས་ལྟར་སྣང་བའོ། །ཆོས་ཀྱི་བདག་ཉིད་ཡིན་ཡང་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཆོས་ལ་བདག་ཉིད་སེམས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་བདག་ཉིད་དོ། །དེ་ལྟ་ཡིན་ཡང་གཞན་སྔོ་བ་ནི་གཞན་དག་ལ་མངོན་པར་མ་ངེས་པའོ། །རོལ་པའི་བགེགས་སུ་གྱུར་པ་ནི་རོལ་པ་ལ་གནོད་པར་གྱུར་པ་སྟེ། རོལ་པའི་བགེགས་སུ་གྱུར་པ་ལས་ཡིད་བྱུང་བའོ། །རོལ་པའི་བགེགས་གྱུར་ཡིད་འབྱུང་འགྲོ་བ་འཇིགས་པར་འགྱུར། །ཞེས་བྱ་བ་ལ་འགྲོ་བ་ནི་རང་ལ་བརྟེན་པའི་སྐྱེ་བོའོ། །ཚུལ་བཞིན་བྱ་བའི་རིགས་ཞེས་བྱ་བ་ལ་ཚུལ་ནི་ལུགས་ཏེ། ལུགས་ཉིད་རིགས་པ་ཡིན་པས་འདོད་པའི་དོན་ཐོབ་པར་བྱེད་པ་ནི་འདི་ཚུལ་བཞིན་བྱ་བའི་རིགས་པའོ། །འདོད་པའི་དོན་ཐོབ་པར་བྱེད་པའི་རིམ་པ་ནི་འདུམ་པར་བྱ་བ་དང༌། དབྱེ་བ་དང༌། ཆད་པས་སྒྲུབ་པའོ། །ལྷ་མ་ཡིན་དེ་དག་ནི་དེ་དག་ལས་ཆད་པས་བསྒྲུབ་པར་བྱ་བ་ཡིན་པར་མཐོང་སྟེ། ཐབས་གཞན་གྱིས་ནི་དེ་དག་བསྒྲུབ་པར་མ་མཐོང་བར་ཞེས་བྱ་བའི་དོན་ཏོ། །དམག་དྲང་བ་ལ་གཡེངས་པ་ནི་དམག་དྲང་གཡེངས་པའོ། །ཡང་ན་དམག་དྲང་བ་ཉིད་གཡེངས་པ་ཡིན་པས་དམག་དྲང་གཡེངས་པའོ། །དེ་ལ་མངོན་པར་ཕྱོགས་པ་ནི་དམག་དང་གཡེངས་ལ་མངོན་པར་ཕྱོགས་པ་སྟེ། དེ་ལ་མངོན་པར་ཕྱོགས་


DTG168_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པའོ། །དེའི་དོན་ནི་འདི་ཡིན་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་དམག་དྲང་བ་ལ་མངོན་པར་ཕྱོགས་པར་གྱུར་ཞེ་ན། དེ་ལྟར་གྱུར་པ་དེའི་རྒྱུ་བསྟན་པ། དམག་དྲང་བ་ལ་མངོན་པར་ཕྱོགས་པའི་རྒྱུ་ནི་གསུམ་སྟེ། གཞན་གྱི་ཚུལ་མ་ཡིན་པ་ཞི་བར་བྱ་བའི་ཕྱིར་དང་བདག་ཉིད་ལ་བརྟེན་པ་རྣམས་ཀྱི་ཚུལ་མ་ཡིན་པ་ཞི་བར་བྱ་བའི་ཕྱིར་དང༌། བདག་གིས་ཀྱང་དེ་གཉི་གའི་ཞི་བར་བྱེད་ནུས་པར་བདག་ཉིད་ལ་ཤེས་པའོ། །ནུས་པ་དེ་ཡང་རྣམ་པ་གཉིས་ཏེ། གཙོ་བོའི་ནུས་པ་དང༌། སྤྲོ་བའི་ནུས་པ་དང་ལྡན་པའོ། །འོས་པ་ཡང་ཡིན་ལ་བསྒྲེང་བ་ཡང་ཡིན་པས་འོས་པ་བསྒྲེང་བའོ། །ཡང་ན་ཟླ་མེད་པའི་གོས་བཟང་པོ་གང་ལ་ཡོད་པ་དེ་ནི་གོས་བཟང་པོ་འོས་པའོ། །བསྒྲེང་བ་ཡང་ཡིན་ལ་གོས་བཟང་པོ་ཕྱར་བ་ཡང་ཡིན་པས་བསྒྲེང་བའི་གོས་བཟང་པོ་འོས་པར་ཕྱར་བའོ། །བ་དན་ཡང་ཡིན་ལ་མཛེས་པ་ཡང་ཡིན་པས་བ་དན་མཛེས་པའོ། །གོས་བཟང་པོ་འོས་པས་བ་དན་མཛེས་པར་ཕྱར་བའི་ཕྱིར་རྒྱལ་མཚན་བསྒྲེང་བ་གང་ཡིན་པ་དེ་ནི་གོས་བཟང་པོ་འོས་པས་བ་དན་མཛེས་པར་ཕྱར་བའི་རྒྱལ་མཚན་བསྒྲེང་བའོ། །རིན་པོ་ཆེ་སྣ་ཚོགས་པ་ཉིད་ནི་རིན་པོ་ཆེའི་རྣམ་པ་སྣ་ཚོགས་པའོ། །ཡང་ན་ནོར་བུ་དང་འདྲ་བའི་རིན་པོ་ཆེ་ནི་ནོར་བུ་རིན་པོ་ཆེའོ། །རིན་པོ་ཆེ་སྣ་ཚོགས་པ་ནི་རིན་པོ་ཆེ་སྣ་ཚོགས་པ་སྟེ། དེ་རྣམས་ཀྱི་འོད་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་དོ། །དེས་གསལ་བར་གྱུར་པ་ནི་གསལ་བར་སྣང་བའོ། །རྒྱན་གདགས་པའི་གོ་རིམས་སུ་གྱུར་པ་ནི་རྒྱན་གདགས་པའི་གོ་རིམས་སོ། །རྒྱན་གདགས་པའི་གོ་རིམས་དང༌། ངེས་པར་བྱས་པ་དང༌། ངོས་གཉིས་མཚོན་ཆ་རྣོན་པོ་རྣམ་པ་སྣ་ཚོགས་འབར་བས་མཛེས་པ་གང་ཡིན་པ་དེ་ནི་ལྷའི་གོས་དཀར་པོ་ཅན་ནོ། །ཡོངས་སུ་བསྐོར་བ་ནི་ཤིང་རྟ་གོས་དཀར་པོ་ཅན་ཏེ། རྒྱ་མཚོའི་འགྲམ་དུ་ཐུག་པར་ཞེས་བྱ་བ་དེ་ནི་གང་གི་ཕྱིར་དེ་རྣམས་ཀྱི་རྒྱ་མཚོའི་འགྲམ་ན་གནས་ཏེ། དེས་ན་འགྲམ་དུ་ཡོད་པ་ཡིན་ནོ། །ལྷ་མ་ཡིན་རྣམས་ཀྱི་སྔ་མ་ལྟར་འོང་བ་དེ་ཤེས་པ་སྟེ། རོལ་པའི་བགེགས་གྱུར་འགྲོ་བ་


DTG168_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པར་འགྱུར་བ་སྟེ། ལྷའི་འགྲོ་བའོ། །དེས་ན་རྒྱ་མཚོའི་འགྲམ་ལ་ཐུག་པར་སྔོན་སུ་བར་བྱེད་པ་ཡིན་ནོ། །འདུག་བཞིན་དུ་ཞེས་བྱ་བ་སྟེ་མཚོན་རྡེག་པར་བྱེད་དོ། །ང་ནི་འདི་ན་ཞེས་སྨྲས་ནས་ཀྱང་རབ་ཏུ་རྡེག་པར་བྱེད་དོ། །མཐོང་བཞིན་ཞེས་བྱས་ནས་ཀྱང་གཞན་དག་ལ་རྡེག་པར་བྱེད་དོ། །ད་ནི་ཐར་པར་གལ་འགྱུར་ཞེས་བྱས་ཤིང་ཡང་གཞན་དག་ལ་རབ་ཏུ་སྣུན་པར་བྱེད་དོ། །དེ་ལྟར་སྨྲས་ནས་གཞན་དག་ལ་ཐོབ་ཅིག་ཅེས་སྨྲས་ཏེ་ཕྱིར་ལོག་པ་དང༌། དེ་དག་ལས་གཞན་དག་གིས་ཀྱང་མཚོན་འདེབས་པར་བྱེད་ཅིང༌། ད་ནི་མེད་ཟིན་གྱིས་ཞེས་སྨྲས་ཏེ་མཚོན་འདེབས་པར་བྱེད་དོ། །མཚོན་ཆ་འཁྲུགས་པ་ནི་གཡུལ་དུའོ། །གློག་བཞིན་དུ་འགྱུ་བའི་བ་དན་ཅན་གང་དག་ནི་ཤིང་རྟ་སྟེ། དེ་ནི་གློག་ལྟར་འགྱུ་བའི་བ་དན་ཅན་ནོ། །གདུགས་དང༌། རྒྱལ་མཚན་དང༌། གོ་ཆ་དང༌། མཚོན་ཆ་དང༌། ཅོད་པན་རྣམས་ཏེ། དེ་དག་ལྷུང་བར་གྱུར་པ་ནི་འགྱེལ་བར་གྱུར་པའོ། །ཕོག་པར་གྱུར་པ་ནི་ལམ་དུ་སྟེ་ཕོག་པར་གྱུར་པའི་སྟེང་དུའོ། །དེར་བབ་པ་ནི་ཕོག་པར་གྱུར་པའི་སྟེང་དུ་བབ་པའོ། །ཁ་ལོ་པ་ནི་ཁ་ལོ་སྒྱུར་བའོ། །ཕྲུ་གུ་མ་ཚར་བ་ཞེས་བྱ་བ་ནི་གཤོག་པ་མ་སྐྱེས་པའོ།། མ་ཚར་བ་ཉིད་བྱ་ཡིན་པས་བྱའི་ཕྲུ་གུ་སྟེ། བྱ་ཕྲུག་མ་ཚར་བ་དེའི་ཚང་བཅས་པའོ། །ལྷ་མ་ཡིན་འདི་དག་བཅུང་སླར་མི་ལྡོག་གོ་ཞེས་བྱ་བ་དང༌། ཅི་ཞེས་བྱ་བ་ནི་སྐྱོན་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །ཤིང་རྟ་མོ་བཟློག་པར་ནམ་མཁའ་ལྡིང་གི་ཚང་ལས་བཟུར་བར་མི་ནུས་པའི་ཕྱིར་རོ། །ཤིང་རྟ་བཟློག་པ་དེ་ལས་ཉེས་པ་མེད། །ཅེས་པ་དེའི་དབང་དུ་བྱས་ནས་ཤིང་རྟ་འདི་ནི་སླད་དུ་བཟློག་ན་གདོད་ཅེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ཏེ། ནམ་མཁའ་ལྡིང་གི་ཚང་འདི་ལས་ཟུར་ཅིག་ཅེས་བྱ་བའི་ལས་ནི། ཤིང་རྟ་འདི་ནི་སླད་དུ་བཟློག་ན་གདོད་ཅེས་བྱ་བའི་ཚིགས་བཅད་ཕྱེད་ཡིན་ནོ། །འོ་ན་ཅི་ཞེས་བྱ་བའི་ལན་ནི་ལྷ་རྣམས་ལ་ནི་ཞེས་བྱ་བ་སྟེ། ཚིགས་བཅད་ཀྱི་ཕྱེད་འོག་མའོ། །དེ་བས་ན་ཞེས་བྱ་བ་ནི་ཤིང་རྟ་བཟློག་པ་ལ་ནི་ཉེས་པ་ཡོད་དོ་ཞེས་གོང་དུ་མ་ཏ་ལིས་སྨྲས་པའི་ཚིག་གོ །ལྷ་རྣམས་ལ་ནི་གནས་ནས་


DTG168_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་རྙེད་པ་ཞེས་བྱ་བ་འདིའི་ལན་ནི་མཚོན་གྱིས་ཕོག་སྟེ་ཤི་བ་བླས་ཞེས་བྱ་བ་ཡིན་ཏེ། རང་གི་ལྷག་པའི་བསམ་པ་ཁྱད་པར་ཅན་བསྟན་པའི་ཕྱིར་སྨྲས་པའོ། །ཤི་ཡང་བླས་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེའི་དབང་གིས་སྨྲས་པ་སྟེ། དེ་ལྟར་སྤྱོད་པའི་སེམས་ཅན་འཇིགས་པས་ཉེན་པ་འདིའི་ཆེད་དུའོ། །འཇིགས་པས་བརྟབས་ཤིང་རབ་ཏུ་མགྱོགས་པར་གྱུར་པ་གང་ཡིན་པ་དེ་ནི་སྐྲག་ནས་བརྟབས་ཤིང་རབ་ཏུ་མགྱོགས་པར་བྱེད་པའོ། །ཇི་ལྟ་བུར་ཞེ་ན། ཆར་སྤྲིན་ནག་པོ་རླུང་གིས་གཏོར་བ་བཞིན།། །། བདག་གི་དམག་ཚོགས་ཕམ་ཡང་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །དགའ་བ་དང་ངོ་ཚ་བ་ནི་དགའ་ཞིང་ངོ་ཚ་བའོ། །དགའ་བ་དང་ངོ་ཚ་བ་དང་བཅས་པ་ནི་དགའ་ཞིང་ངོ་ཚ་བཞིན་དུའོ། །ཕོངས་ན་ཞེས་བྱ་བའི་སྒྲ་ནི་ངན་པ་དང་བློ་འབྲིང་པོ་གཉི་ག་ལ་སྦྱར་བར་བྱའོ། །ངན་པ་དང་བློ་འབྲིང་པོ་ནི་སྡིག་པ་སྤྱོད་པའི་ཚེ་ན་མི་མཉམ་པ་སྟེ། སྙིང་རྗེ་དང་བཅས་པས་སོ། །སྐྱེ་བོ་དམ་པ་རྣམས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སྡིག་པ་མི་བྱེད་དེ། སྙིང་རྗེ་དང་བཅས་པར་གྲུབ་པ་ཡིན་པས་ཡང་མི་བརྗོད་དོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བརྒྱ་བྱིན་གྱི་སྐྱེས་པའི་རབས་སོ།། །།བདག་ངོ་ཚ་བ་ཉིད་ཀྱིས་ཞེས་བྱ་བ་ནི་ངོ་ཚ་བ་ཉིད་ཁྲེལ་ཡོད་པ་ཞེས་བྱ་བའི་དོན་ཏོ། །བདག་དང་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བ་ཞེས་བྱ་བའི་ཚིག་གིས་སོ། །སྤྱོད་ཡུལ་གྱི་དུས་ཞེས་བྱ་བ་ནི་ཚུལ་དང་སྤྱོད་པ་སྟེ་གང་བྱ་བའོ། །རང་གི་ཆོས་ཞེས་བྱ་བ་ནི་འདོན་པ་དང༌། འདོན་དུ་འཇུག་པ་དང༌། མཆོད་སྦྱིན་བྱེད་པ་དང༌། བྱེད་དུ་འཇུག་པ་དང༌། སྦྱིན་པ་དང༌། ལེན་པ་སྟེ། དེ་དག་ནི་རང་གི་ཆོས་སོ། །རང་གི་ཆོས་དེ་དག་གི་རྗེས་སུ་སྤྱོད་པའི་གྲགས་པ་གང་ཡིན་པ་དེ་ནི་རང་གི་ཆོས་ལ་སྤྱོད་པའི་གྲགས་པའོ། །འདུལ་བ་ནི་བྱ་བ་མ་ཡིན་པའི་ལས་ལ་སོགས་པ་ལས་ལྡོག་པ་སྟེ། ཇི་ལྟར་རིགས་པའི་སྒྲུབ་པའོ། །བཙས་པའི་ཆོ་ག་བྱ་བ་ལ་སོགས་པས་ཞེས་སྨོས་པས་ནི་ལྷག་མཆོག་བཅུ་གཉིས་ཀྱང་གཟུང་ངོ༌། །


DTG168_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་དང༌། འཛིན་པ་ནི་ལྡོག་པ་དང་འཛིན་པ་དག་སྟེ། ཐོབ་པ་ལྡོབ་ཅིང་འཛིན་པ་དེ་གཉིས་ལ་གང་གསལ་བར་གྱུར་པ་ནི་ཐོབ་པ་ལྡོབ་ཅིང་འཛིན་པ་གསལ་བའོ། །འདི་དག་ནི་བྱ་བ་ཤེས་པ་དང༌། སློབ་པའི་ཡན་ལག་ཡིན་ནོ། །རྒྱུད་ཉིད་གུས་པ་ཡིན་པས་རྒྱུད་གུས་ཏེ། གུས་པའི་རྒྱུད་ཅེས་བྱ་བའི་དོན་ཏོ། །དུལ་བ་ནི་བྱ་བ་རྣམས་ལ་བླ་མའི་རྗེས་སུ་འཇུག་པ་ཡིན་ཏེ། འདིས་ནི་བསླབ་པའི་ཡན་ལག་དང་ལྡན་པ་བསྟན་ཏོ། །ཞི་ཞིང་ཆོས་བཟང་པོ་གང་ལ་ཡོད་པ་དེ་ནི་ཞི་ཞིང་ཆོས་བཟང་པོའོ། །འདིས་ཀྱང་ཚུལ་ཁྲིམས་ཀྱི་ཡན་ལག་བསྟན་ཏོ། །བྱམས་པ་ནི་ཆགས་པའོ། །དགའ་བ་ནི་དད་པ་འམ་དང་བའོ། །བྱམས་ཤིང་དགའ་བ་གཉིས་སུ་གྱུར་པ་ནི་དེ་གཉིས་ཀྱིས་ཡིན་ཏེ། བྱམས་པར་གྱུར་པ་ནི་ཞི་བས་སོ། །ཆོས་བཟང་བར་གྱུར་པ་ནི་བླ་མ་དགའ་བར་གྱུར་པའོ། །དབང་དུ་བྱེད་པ་ནི་སྔགས་ཀྱི་དོན་གྱིས་སོ། །ཡོན་ཏན་དབང་དུ་བྱེད་པའི་སྔགས་རྟག་ཏུ་ཞེས་བྱ་བ་ལ། སྔགས་ཡོན་ཏན་དབང་དུ་བྱེད་པ་ལས་གཞན་དག་ལས་ཡོན་ཏན་གྱི་མཚན་ཉིད་ཀྱིས་དབང་དུ་བྱེད་པའི་སྔགས་འདི་ནི་ཁྱད་པར་དུ་བསྟན་པ་ཡིན་ཏེ། ཡོན་ཏན་ནི་རྟག་ཏུ་ཡོད་པ་ཡིན་པས་སྔགས་གཞན་ལྟར་མི་རྟག་ཅིང་ཉམས་པ་ནི་མ་ཡིན་ཏེ། ཡོན་ཏན་དབང་དུ་བྱེད་པའི་སྔགས་འདི་ལས་གཞན་པའི་དབང་དུ་བྱེད་པའི་སྔགས་ནི། ཞེ་སྡང་གིས་འཁྲུགས་པ་སྟེ། དབང་དུ་བྱེད་པའི་ནུས་པ་མེད་དོ། །སྔགས་འདིས་ནི་དེ་ལྟ་བུའང་དབང་དུ་བྱེད་པ་ཡིན་ནོ། །སྔགས་ཐ་མལ་པས་ནི་བདག་ཉིད་ཀྱི་སེམས་དབང་དུ་བྱེད་པ་ཡིན་ནོ། །གཞན་དག་ནི་མ་ཡིན་ནོ། །གསང་དུས་དག་ཏུ་ཞེས་བྱ་བ་ནི་མི་འདོད་པའི་དུས་རྟག་ཏུའོ། །དབུལ་བ་འབྲས་བུ་རེ་བ་མེད། །ཅེས་བྱ་བའི་ཚིགས་བཅད་ཀྱི་དོན་ནི་འདི་ཡིན་ཏེ། བདག་དང་གཞན་གྱི་ཕན་པ་དང༌། འཛིན་རྟེན་འདི་དང་ཕ་རོལ་ཏུ་ཕན་པ་མེད་པ་སྟེ། བདག་གིས་མི་ལའང་སྨྲར་མེད་ཅིང༌། །ཅེས་བྱ་བ་འདིས་ནི་གཞན་ལ་ཕན་པ་མི་ནུས་པ་ཉིད་དོ། །དགའ་སྟོན་ཚེ་ན་འད་དགའ་མི་མྱོང༌། །ཞེས་བྱ་བ་འདིས་ནི་བདག་གི་དོན་མི་ནུས་པ་ཉིད་དོ། །ཀྱི་ཧུད་སྦྱིན་པའི་གཏམ་ཡང་གཞན། །ཞེས་བྱ་བ་འདིས་ནི་འཇིག་རྟེན་ཕ་


DTG168_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་ཕན་པ་མི་ནུས་པ་ཉིད་དེ། གང་གི་ཕྱིར་སྦྱིན་པ་ཡོད་ན་ནི་འཇིག་རྟེན་ཕ་རོལ་ཏུ་མངོན་པར་མཐོ་བ་ཐོབ་པར་འགྱུར་རོ། །དབུལ་བ་འབྲས་བུ་རེ་བ་མེད། །ཅེས་བྱ་བ་འདིས་ནི་འཇིག་རྟེན་འདི་ལ་ཕན་པའི་བྱ་བ་མི་ནུས་པ་ཉིད་དོ། །རེ་བ་ནི་མངོན་པར་འདོད་པ་སྟེ། འདི་དང་འདི་བྱའོ་ཞེས་བྱ་བ་དེ་དང་དེའི་འབྲས་བུ་མེད་པ་ཡིན་ཏེ། འབྱོར་པ་མ་ཡིན་པར་ནི་བསམ་པ་འབྲས་བུ་དང་བཅས་པར་མི་འགྱུར་རོ། །སྨ་འབབ་གནས་གྱུར་ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་ནི་འདི་ཡིན་ཏེ། བདག་དང་གཞན་གྱི་སྒྲུབ་པའི་རྒྱུ་མེད་པ་དང༌། བདག་ཉིད་ཀྱི་སྡུག་བསྔལ་གྱི་རྒྱུ་དང༌། བདེ་བ་མི་ཐོབ་པའི་རྒྱུ་དང༌། གཞན་ལ་ཡང་དག་པར་སྒྲུབ་པ་མི་འཐོབ་པའི་རྒྱུ་དང་བཞི་པོ་འདི་དག་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཉམས་ཉེས་བཞིན་དུ་རྟག་ཏུ་མྱ་ངན་བྱེད། །ཅེས་བྱ་བ་ནི་བཞི་པོ་དེ་དག་གི་རྒྱུས་སོ། །བཀྲེས་སྐོམ་ཟན་དང་ཞེས་བྱ་བ་འདིའི་ལུས་ནི་རྣམ་པ་གསུམ་སྟེ། སྡུག་བསྔལ་རྣམ་པ་གསུམ་གྱི་གསོ་བར་བསྟན་པ་ཡིན་ཏེ། བཀྲེས་པ་ལ་ནི་ཟན་ནོ། །སྐོམ་པ་ལ་ནི་ཆུའོ། །འདི་གཉིས་ནི་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་གྱི་གསོ་བར་བསྟན་ཏོ། །སྨན་བཅས་སྔགས་ཀྱིས་ནད་སོས་འགྱུར། །ཞེས་བྱ་བ་འདིས་ནི་གློ་བུར་གྱི་སྡུག་བསྔལ་གསོ་བར་བསྟན་ཏོ། །རྒྱུན་གནས་ནོར་གྱིས་དབུལ་པོར་འགྱུར། །ཞེས་བྱ་བ་འདིས་ནི་སྔོན་བྱས་པའི་རྒྱུའི་དབུལ་བའི་སྡུག་བསྔལ་ལས་གསོ་བར་བསྟན་ཏེ། གང་གི་ཕྱིར་དབུལ་པོ་ནི་སྐྱེ་བ་སྔ་མ་ལ་རང་གི་སེར་སྣ་བྱས་པའི་རྒྱུ་ཡིན་ཏེ། ད་གསོ་བ་ནི་ནོར་རོ། །བླང་བའི་ཐབས་རབ་ཏུ་ཆུང་བ་གང་ཡིན་པ་དེ་ནི་བླང་བའི་ཐབས་རབ་ཏུ་ཆུང་བའོ། །བྲམ་ཟེ་རྒུད་ཚེ་རྐུ་བ་ཆོས་སུ་བཤད། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་བྲམ་ཟེ་རྒུད་པར་གྱུར་པའི་ཚེ་ན་ནི་བྲམ་ཟེ་རྒུད་པ་ཉིད་ལ་ཉེས་པ་མེད་པ་ཉིད་དུ་བསྟན་ཏོ། །གལ་ཏེ་བྲམ་ཟེ་རྣམས་ཀྱི་རང་ཉིད་ཀྱི་ནོར་ཡིན་ན་ཅིའི་ཕྱིར་མ་མཐོང་བར་བླང་ཞེ་ན། དེའི་ལན་བསྟན་པའི་ཕྱིར། ངོ་མཐོན་དུ་ནི་ནོར་འཕྲོག་ནུས་གྱུར་ཀྱང༌། །ཞེས་བྱ་བའི་ཚིགས་བཅད་བརྩམས་བ་ཡིན་ནོ། །ཡང་ན་འདིའི་བསྡུས་པའི་དོན་ནི་མངོན་སུམ་དུ་ཡང་བླང་བར་བྱ་བ་ཡིན་ན། ཅིའི་ཕྱིར་


DTG168_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་བར་བླང་ཞེ་ན། རྐུ་བ་ལ་ཉེས་པ་ཡིན་ཏེ། དེས་ན། ངོ་མཐོན་དུ་ནི་ནོར་འཕྲོག་ནུས་གྱུར་ཀྱང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྩམས་པ་ཡིན་ནོ། །རྗེས་སུ་ཡི་རང་བ་ཡང་མི་བྱེད་དེ། རང་བཞིན་གྱི་དགེ་བ་ཡིན་པས་སོ། །ཆོ་ག་བསྟན་པ་ནི་རྐུ་བའོ། །དགའ་བར་མ་གྱུར་ཞེས་བྱ་བ་ནི་རབ་ཏུ་མི་སྒྲུབ་པ་དང༌། བདག་གིར་མི་བྱེད་པའོ། །སླར་བཟློག་པར་མ་གྱུར་པ་ནི་སླར་མི་སྨྲ་བའོ། །ཡོན་ཏན་ཞིག་ཡོད་པར་བསམས་ནས་ཞེས་བྱ་བ་ནི་སྲིད་པ་གང་ཡིན་པ་དེ་ནི་ཡོན་ཏན་ཞིག་ཡོད་པར་བསམས་པའོ། །རྩོལ་མི་ཕོད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱི་རྩོལ་བ་དང་བྲལ་བ་སྟེ། སྙིང་སྟོབས་མེད་པ་ཞེས་བྱ་བའི་དོན་ཏོ། །ང་རྒུད་པ་ཞེས་བྱ་བ་དེ་ལ་མི་བཟོད་པར་གྱུར་པ་དེ་ནི་ང་རྒུད་མི་བཟོད་པས་སོ། །མི་རྣམས་དཔའ་བོའི་ལམ་ཞེས་བྱ་བ་ནི་དཔའ་བོའི་འདྲོན་པོའོ། །སྤྲོ་བ་དང་བྲལ་བ་ནི་སྤྲོ་བ་མེད་ཅིང་ལེ་ལོ་སྟེ་དེས་བླུན་པའོ། །ཡང་ན་འདི་ལ་སྤྲོ་བ་མེད་པའོ། །སྤྲོ་བ་མེད་པ་གང་ཡིན་པ་དེ་ནི་བླུན་པ་ཡིན་པས་སྤྲོ་བ་མེད་ཅིང་བླུན་པའོ། །རབ་བསྒྲགས་ཤིང་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་ལའོ། །མ་བཅབས་རྒྱ་ཆེར་ཞེས་བྱ་བ་ནི་འདི་མི་མངོན་པ་མ་ཡིན་ཞིང་རྒྱ་ཆེར་རོ། །བསྟན་པ་ནི་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །ཚིག་དང་ཟུར་ལ་སོགས་ཀྱང་སྟེ། རྒྱུ་འདི་གསུམ་གྱི་སྡུག་བསྔལ་རབ་ཏུ་བསྒྲགས་པ་སྟེ། ཤིན་ཏུ་དཀའ་བར་བསྟན་པ་དེས་ན་ཡང་ཤིན་ཏུ་སྡུག་བསྔལ་ཆེན་པོ་ཉིད་དོ། །བསྒྲིམས་པ་དང་བྲལ་བ་གང་ཡིན་པ་དེ་ནི་མི་སྒྲིམ་པའོ། །མི་སྒྲིམ་པ་གང་ཡིན་པ་བརྟན་པ་ཡང་ཡིན་པས་མི་སྒྲིམ་བརྟན་གྱུར་པའོ། །མི་སྒྲིམ་བརྟན་པར་གྱུར་པའི་ཡིད་གང་ཡིན་པ་དེ་ནི་མི་སྒྲིམ་བརྟན་པར་གྱུར་པའོ། །དེ་ལྟར་ཐ་མལ་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་སྡུག་བསྔལ་ཐོས་པའི་དུས་དེ་བཞིན་དུ་གདུག་ཅེས་བྱ་བའི་དོན་ཏོ། །བྱམས་པ་དང་བྲལ་བ་ནི་འདི་ལྟར་མི་བྱམས་པའོ།། མི་བྱམས་པ་ཡང་ཡིན་ལ་སྲ་བ་ཡང་ཡིན་པས་མི་བྱམས་ཤིང་སྲ་བའོ། །མི་བྱམས་ཤིང་སྲ་བ་གང་ཡིན་པ་དེ་ནི་མི་བྱམས་ཤིང་སྲ་བ་ཉིད་དེ། དེ་ཡོད་པ་དེའི་ཕྱིར་རོ། །དེ་ལྟར་གང་གོང་དུ་བསྟན་པ་དེ་མི་སྒྲིམ་བརྟན་པར་གྱུར་པའི་ཡིད་དང་ཐ་མལ་བཞིན་དུ་གནས་གྱུར་པ། །ཞེས་བྱ་


DTG168_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་དེ་ལྟ་བུའི་དོན་ཏོ། །མཁན་པོས་བསྟན་པའི་རིམ་ལ་ཞེས་བྱ་བ་ནི། །གཞན་ནོར་མ་མཐོང་བླང་བར་གྱིས། །ཞེས་བྱ་བ་ཡིན་ཏེ་དེའི་རིམ་པའོ། །སྡིག་པའི་ལས་རྣམས་བྱེད་པ་ན། །ཞེས་བྱ་བའི་ཚིགས་བཅད་འདིས་བདག་གིས་མི་རིག་པ་ལྷའི་མིག་གི་སྤྱོད་ཡུལ་དུ་བསྟན་ཏོ། །བདག་ཉིད་སྦྱངས་པ་ལྷ་ཡི་སྤྱན། །ཞེས་བྱ་བ་འདིས་ནི་མངོན་པར་ཤེས་པའི་རང་བཞིན་གྱི་ལྷའི་མིག་གི་རང་བཞིན་དུ་བསྟན་ཏོ། །ཉེས་བྱས་གཞན་གྱིས་མཐོང་བ་དང༌། །གང་ཡང་བདག་གིས་མཐོང་བ་ཞེས་བྱ་བ་ནི་གཉི་གས་མཐོང་བ་ལས་སོ།། ལེགས་པར་མཐོང་བ་ཞེས་བྱ་བ་ནི་དེ་ལྟར་དཔྱད་ན་གང་དེ་བདག་གིས་མཐོང་བ་དེ་ནི་ལེགས་པར་མཐོང་བ་ཡིན་ཏེ། བདག་གིས་མཐོང་བའི་ཕྱིར་རོ། །ལེགས་པར་མཐོང་བ་དེ་ཉིད་བསྒྲུབ་པའི་ཕྱིར། །བདག་གི་དགོས་པས་ཞེས་བྱ་བའི་ཚིགས་བཅད་སྨོས་པ་ཡིན་ཏེ། ལེགས་པར་མཐོང་བ་དེ་ནི་མཐོང་བ་ངེས་པར་བསྟན་པས་སོ། །ཆགས་པ་ལ་ཞེན་པ་ནི་ཆགས་པ་ལ་ཞེན་པའོ། །རྩེ་གཅིག་ཏུ་དམིགས་པ་ནི་རྩེ་གཅིག་པའོ། །ཆགས་པས་ཞེན་པ་ཡང་ཡིན་ལ་རྩེ་གཅིག་པ་ཡང་ཡིན་པས་ཆགས་པས་རྩེ་གཅིག་པའོ། །ཆགས་པས་རྩེ་གཅིག་པའི་ཡིད་གང་ལ་ཡོད་པ་དེ་ནི་ཆགས་པས་རྩེ་གཅིག་ཡིད་གྱུར་པ་སྟེ། བདག་གི་དགོས་པ་ལ་ཆགས་པས་རྩེ་གཅིག་པའི་ཡིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནོར་གྱི་ཕྱིར་ཞུགས་ཞེས་བྱ་བ་ནི་རྐུ་བ་ལ་ཞུགས་པའོ། །སྐྱོན་དང་ཡོན་ཏན་ནི་ཡོན་ཏན་དང་ཡོན་ཏན་མ་ཡིན་པའི་ཁྱད་པར་རོ། །ནོར་ཕྱིར་ཡོན་ཏན་ཞེས་བྱ་བ་ནི་ནོར་ལ་བཙོང་བ་ཞེས་བྱ་བའི་དོན་ཏོ། །ལྷའི་དབང་པོར་གྱུར་པའི་ཕྱིར་ནི་ལྷའི་དབང་ཕྱིར་ཏེ། ལྷའི་རྒྱལ་པོར་སྐྱེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། ཆོས་དང་འགལ་བ་ཞེས་བྱ་བ་ནི་ཆོས་ཉམས་པའོ། །གོས་ངན་པ་གྱོན་པ་ནི་གོས་ངན་པ་འཆང་བའོ། །དགྲ་བོའི་ཁྱིམ་ན་འབྱོར་པ་མཐོང་བ་ཞེས་བྱ་བ་ནི་དེའི་གན་དུ་བསླང་བའི་དོན་དུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །བུ་ལེགས་སོ་ལེགས་སོ་བྲམ་ཟེ་ཆེན་པོ་ལེགས་སོ་ཞེས་བྱ་བ་ནི་གང་གོང་དུ་བསྟན་པའི་རྒྱུ་དགུས་དུལ་བ་ཞེས་བྱ་བ་དང༌། རང་གི་ཆོས་ཉིད་


DTG168_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཞེས་བྱ་བ་སྟེ། དེ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རབ་ཏུ་ཞི་བས་བརྒྱན་པ་ཞེས་བྱ་བ་ནི་གང་གོང་དུ་བསྟན་པའི་ལང་ཚོའི་ཚེ་ཡང་ཞི་ཞིང་ཆོས་བཟང་བས་ཞེས་བྱ་བ་དེ་དང་རྗེས་སུ་མཐུན་པའི་ཚིག་གོ །ཁྱོད་ཀྱི་ཤེས་རབ་ཅེས་བྱ་བ་ནི་གང་གོང་དུ་བསྟན་པའི། ཐོས་པ་ལྡོབ་ཅིང་འཛིན་གསལ་དང༌། །ཞེས་བྱ་བ་ཡིན་ཏེ། དེ་དང་རྗེས་སུ་མཐུན་པའི་ཚིག་གོ །རང་གི་ཆོས་ཉིད་ལམ་ཡིན་པས་རང་གི་ཆོས་ལམ་སྟེ། རང་གི་ཆོས་ཀྱི་བདེ་འགྲོ་ཐོབ་པར་བྱེད་པ་ནི་ཆོས་ཡིན་ནོ། །དཀའ་ཐུབ་ཅེས་སྨོས་པས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་གཟུང་ངོ༌། །ཐོས་པ་དང་ཤེས་པ་སྨོས་པས་ནི་སེམས་ལས་བྱུང་བ་ལྷན་ཅིག་སྐྱེས་པའི་ཤེས་རབ་གཟུང་སྟེ། འདི་དག་གིས་ནི་བདག་ལ་ཕན་པའི་ཐབས་བསྟན་ཏོ། །དགེ་བ་རྣམས་ཞེས་བྱ་བ་འདིས་ནི་གཞན་ལ་ཕན་པ་སྒྲུབ་པ་རྣམས་ནི་ཕོངས་པར་གྱུར་ཀྱང་འགྱུར་བ་མེད་པར་བསྟན་ཏོ། །ཡང་ན་ཁྲེལ་ཡོད་པ་ཞེས་བྱ་བ་བསྟན་པ་ལས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་དབང་དུ་བྱས་པ་ཡིན་པས། དེས་ན་ཁྲེལ་ཡོད་པ་ཡང་མི་བརྗོད་དེ་གྲུབ་ཟིན་པའི་ཕྱིར་རོ། །རྣམ་པར་གྲགས་པ་ནི་མཛེས་པར་སྤྱོད་པ་དང༌། ལེགས་པར་སྦྱོར་བ་སྟེ། ཐོས་པ་དོན་དང་ལྡན་པའོ། །ལེགས་པར་སྤྱོད་པ་སྤྱད་པའི་ཕྱིར་ཐོས་པ་གཟུང་སྟེ། དེ་ལ་ལེགས་པར་སྤྱོད་པ་ཡིན་པས་ཐོས་པ་དོན་དང་ལྡན་པ་སྟེ། དེ་འབྲས་བུ་དང་བཅས་པའོ། །ཐོས་པ་དེ་ཡང་ང་ཡི་འབད་པས་ལེགས་པར་འབྱུང་བ་སྟེ། དེ་ག་ལས་ཤེ་ན། དོན་ཡོད་པ་ལས་ཏེ། དེས་ན་འདི་ལས་འབྱུང་བའོ། །བདེ་བ་འབྱུང་བ་ནི་ལེགས་པར་འབྱུང་བའོ། །དེའི་ཕྱིར་འབད་པའི་དོན་ཡོད་པ་ཡིན་ཏེ། འབྲས་བུ་དང་བཅས་པ་ཉིད་པས་ངལ་བ་དོན་ཡོད་པ་ཉིད་དོ། །བདག་ཉིད་ངོ་ཚ་བ་ཉིད་ཀྱིས་ཞེས་བྱ་བ་གང་གི་ཕྱིར་འཛེམ་པ་ཞེས་བྱ་བའི་དོན་དེ་ཉིད་འཇིག་རྟེན་གྱི་དབང་དུ་བྱས་པ་ཉིད་ཀྱིས་ཁྲེལ་ཡོད་པ་ཡང་དེ་ཉིད་ཡིན་ཏེ། ཁྲེལ་ཡོད་པ་བསྟན་པ་ནི་འདི་ལྟར། སྡིག་པའི་ལས་རྣམས་བྱེད་པ་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །བདག་ཉིད་ཀྱི་ངོ་ཚ་ཤེས་པ་ཉིད་སྨས་པ། བདག་གིས་གང་


DTG168_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོང་པ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གསུམ་གྱིས་ཀྱང་དེ་བསྟན་པ་ཡིན་ནོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་རྒྱ་ཆེར་བཤད་པ་ལས་བྲམ་ཟེའི་སྐྱེས་པའི་རབས་སོ།། །སྡུག་བསྔལ་མི་བཟོད་པས་གདུངས་བས།། ཞེས་བྱ་བ་ལ། འདིར་སྡུག་བསྔལ་ནི་རྣམ་པར་འགྱུར་བའི་སྡུག་བསྔལ་ལ་གསུངས་པར་དགོངས་པ་ཡིན་ཏེ། རྣམ་པར་འགྱུར་བའི་སྡུག་བསྔལ་ཡང་འདོད་ཆགས་ལས་སྐྱེས་པ་སྟེ། འདོད་པའི་འདོད་ཆགས་ཀྱིས་རྣམ་པར་འགྱུར་བའི་སེམས་སོ་ཞེས་བྱ་བའི་ཚིག་གིས་སོ།། ངན་པ་རྣམས་ཀྱི་ལམ་ཡིན་པས་ངན་པའི་ལམ་སྟེ། དེར་འཇུག་པར་མི་འགྱུར་བའོ། །བདེན་པ་དང༌། གཏོང་པ་དང༌། ཉེ་བར་ཞི་བ་དང༌། ཤེས་རབ་ཅེས་སྨོས་པ་ནི་བྱིན་རླབས་བཞི་གཟུང་ངོ༌། དེ་དག་སྨོས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་སྟེ། ཅི་ལྟར་ཞེ་ན། བདེན་པ་སྨོས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་སྟེ། བདེན་པ་གཙོ་བོའི་ཕྱིར་རོ། །ཚུལ་ཁྲིམས་གཟུང་ཡང་ཚུལ་ཁྲིམས་ལ་དྲན་པ་ཉམས་པར་གྱུར་ན་དེའི་ཉེས་པས་ལྟུང་བར་འགྱུར་ཏེ། །བདེན་པ་མེད་པས་ཆོས་བཞིན་དུ་གསོ་བར་མི་ནུས་ཏེ། ཚུལ་ཁྲིམས་ཀྱིས་ཕོངས་པར་འགྱུར་རོ། །དེས་ན་དེ་གཙོ་བོ་ཡིན་ནོ། །གཏོང་པ་སྨོས་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ༌། །ཉེས་པར་ཞི་བ་སྨོས་པས་ནི་བཟོད་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ༌། །ཤེས་རབ་སྨོས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ༌།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་ཀྱི་རྗེས་སུ་འབྲང་པའི་ཕྱིར་མ་སྨོས་ཀྱང་གཟུང་བར་བྱའོ།། །སོགས་པའི་སྒྲས་ནི་བསྡུ་བའི་དངོས་པོ་ལ་སོགས་པ་ཐེག་པ་ཆེན་པོ་ལས་བཤད་པ་གཞན་དག་ཀྱང་མ་ལུས་པར་གཟུང་ངོ༌། །ཡོན་ཏན་ཁྱད་པར་ཅན་ཞེས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་ཅན་དག་ཀྱང་བསྟན་ཏོ། །མངོན་སུམ་གྱི་སྒྲ་ནི་ཆོས་དང་འདུལ་བ་གཉིས་དང་སྦྱར་རོ། །སྐྱེ་དགུ་རྣམས་ལ་ཕ་དང་འདྲ་བར་ཕན་འདོགས་པར་བྱེད་དོ་ཞེས་བྱ་བ་དེ་ཡང་ཇི་ལྟར་སྐྱེ་དགུ་རྣམས་ལ་ཕ་དང་འདྲ་བར་ཕན་འདོགས་པར་གྱུར་ཅེ་ན། དེ་ཉིད་བསྟན་


DTG168_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཉེས་པར་སྤྱོད་ལས་རྣམ་པར་བཟློག་པ་དང༌། །ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ནོ། །རྣམ་པར་བཟློག་པ་ནི་རྣམ་པར་འདུལ་བའོ། །འཇིག་རྟེན་གར་ཞེས་བྱ་བ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་ཡོན་ཏན་དང་སྐྱོན་ལ་འཇུག་པ་དང་ལྡོག་པའི་རྒྱུར་གྱུར་པ་སྟེ། གཅིག་ན་ཡང་ཕ་དང་འདྲ་པ་སྟེ། ཆོས་མངོན་སུམ་དུ་གྱུར་པ་བཞིན་དུའོ། །སྐྱེ་དགུ་རྣམས་ལ་ཕ་དང་འདྲ་བར་ཕན་འདོགས་པར་གྱུར་ཏེ་ཞེས་བྱ་བའི་དབང་དུ་བྱས་ནས། ནང་གི་མི་དང་འདྲ་བར་སྙོམས་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ནང་གི་མི་དང་ཕྱིའི་མི་ལ་ཆོས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བཀའ་ཁྲིམས་ན་ཆོས་མ་ཡིན་པའི་ལམ་གཅོད་པར་བྱེད་པ་ཡང་ཡིན་ཏེ། མངོན་སུམ་དུ་ཆོས་བཞིན་དུ་གྱུར་པ་ཡིན་ནོ། །ཐེམ་སྐས་རིམ་པ་བཞིན་ཞེས་བྱ་བ་ནི། མངོན་པར་མཐོ་བ་ཡང་དག་པར་ཐོབ་པ་ཡིན་ནོ། །ཚིག་སྔ་མ་ནི་མཐོང་བའི་ཆོས་ཀྱི་ཡོན་ཏན་དང་ཉེས་པ་ལས་འཇུག་པ་དང༌། ལྡོག་པའི་རྒྱུས་ཕ་དང་འདྲ་བར་སྟོན་པ་ཡིན་ནོ། །འདིས་ནི་འཇིག་རྟེན་ཕ་རོལ་གྱི་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པ་དང༌། ལྡོག་པའི་རྒྱུས་མངོན་སུམ་ཆོས་དང་འདྲ་བར་བསྟན་པ་ཡིན་ནོ། །མངོན་སུམ་འདུལ་བ་བཞིན་དུ་སྐྱེ་དགུ་རྣམས་ལ་ཕན་འདོགས་པར་གྱུར་ཏོ་ཞེས་བསྟན་པ་དེའི་དབང་དུ་བྱས་ནས། །འཇིག་རྟེན་ཕན་པ་ཆོས་ལྡན་དེ་མཐོང་ནས། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ལྡན་པ་ནི་དེ་དང་ལྡན་བས་ན་ལྡན་པའོ། །ཆོས་དང་ལྡན་པའི་ཕན་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའོ། །ཆོས་དང་ལྡན་པ་ནི་རྩེ་གཅིག་ཏུ་སྤྱོད་པ་སྟེ། ཆོས་ཉིད་འབའ་ཞིག་སྤྱོད་ཅེས་པའོ། །ཆོས་ཀྱི་ལམ་ནི་ཆོས་ཀྱི་ལམ་ཉིད་དོ། །ཆོས་ཀྱི་ལམ་འདུལ་བ་སྟེ། དེས་བསྐྱེད་པའི་ཆོས་ཀྱི་ལམ་གང་ཐོབ་པའོ། །ཆོས་དེ་ལ་གནོད་པ་བྱས་པ་ནི་འདུལ་བ་ལ་གནོད་པ་བྱས་པས་ན་ཆོས་ལ་གནོད་པ་བྱས་པའོ། །ཇི་ལྟར་བསྟན་པའི་རིམ་པ་བཞིན་དུ་ངེས་པར་བསྟན་པ་སྟེ། གསུམ་པོ་འདི་དག་གིས་ནི་འཇིག་རྟེན་འདི་དང་ཕ་རོལ་གཉི་ག་ལ་ཕན་པར་འཇུག་པའི་དབང་དུ་བྱས་པ་སྟེ། སྔར་བསྟན་པ་


DTG168_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རིམ་པས་དགོད་དོ། །དཔལ་མོ་གཟུགས་དང་ལྡན་པ་བཞིན། །ཞེས་བྱ་བ་ནི་གཟུགས་གཟི་མདངས་མཆོག་དང་ལྡན་པས་སོ། །དགའ་བ་མངོན་སུམ་དུ་གྱུར་པ་བཞིན་ཞེས་བྱ་བ་ནི་བལྟ་ན་རབ་ཏུ་སྡུག་པས་སོ། །ལྷ་མོ་བཞིན་དུ་ཞེས་བྱ་བ་ནི་བུད་མེད་རིན་པོ་ཆེར་གྱུར་པས་སོ། །རྒྱུ་འདི་གསུམ་གྱིས་ནི་གཟུགས་མཛེས་ཤིང་བཟང་བར་བལྟའོ། །མཐོང་ན་ཡིད་ནི་འཕྲོག་པ་མིའི་རིགས་ལས་ཡང་དག་པར་འདས་པ་སྟེ། བུད་མེད་རིན་པོ་ཆེར་བཀུར་བ་བཞིན་དུ་གྱུར་པར་བཤད་དོ། །ཇི་སྲིད་ཅེས་བྱ་བ་འདིས་དུས་དང་ཡུལ་གཟུང་སྟེ། ཁྱད་པར་སེམས་དང་འབྲེལ་པར་སྟོན་པ་ཉིད་དེ། དེའི་ལུས་དུས་དང་ཡུལ་གང་ལ་མཐོང་བར་གྱུར་པ་དེ་སྲིད་ཀྱི་དུས་དང༌། དེ་སྲིད་ཀྱི་ཡུལ་ལྟ་བ་ཟློག་པར་ནུས་པ་མེད་པའོ། །དེ་བས་ན་ཞེས་བྱ་བ་ནི་གང་མཐོང་བ་རྣམས་ཀྱི་ལྟ་བཟློག་པར་མི་ནུས་པའི་རྒྱུར་གྱུར་པས་སོ། །མྱོས་པར་བྱེད་པས་ན་མྱོས་བྱེད་མ་ཞེས་བྱ་བར་བཏགས་ཏེ་མིང་གི་ཡོན་ཏན་བསྟན་པའོ། །འདས་པ་ནི་རིགས་པར་གསོལ་བའོ། །ཇི་ལྟར་གསོལ་ཞེ་ན། དེ་ཉིད་བསྟན་པའི་ཕྱིར་ལྷ་ཁྱོད་ཀྱི་ཡུལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ན་ཞེས་བྱ་བ་ནི་བུད་མེད་རིན་པོ་ཆེ་ཡིན་པའི་ཕྱིར་རོ། །མིག་དང་ཡིད་ལ་དབང་ཡང་མེད་པར་གྱུར། །ཞེས་བྱ་བ་ནི་དེའི་གདོང་དུ་མིག་མི་འཛུམས་པར་ལྟ་བས་མིག་ལ་དབང་མེད་པའོ། །ཡིད་ལ་དབང་ཡང་མེད་པར་གྱུར་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་བག་ཆགས་ཕྲོགས་པ་ཡིན་ཏེ། མི་བརྟན་པར་གྱུར་པ་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། མིག་ལ་དབང་བྱེད་པས་ལུས་མཐོང་བར་གྱུར་པ་དེ་སྲིད་ཀྱི་དུས་དང་ཡུལ་ཡིད་ལ་དབང་བྱེད་པར་གྱུར་པ་སྟེ། འདོད་པས་མྱོས་ནས་འདུ་ཤེས་ཉམས་པར་གྱུར་པའོ། །མིག་ལམ་དུ་མི་སྣང་བར་གྱུར་པ་ཞེས་བྱ་བ་ནི་སྔར་བཤད་པ་དང་རྗེས་སུ་མཐུན་པ་ཡིན་ཏེ། འདོད་ཆགས་མ་བྲལ་བ་ཡིས་ཞེས་བྱ་བ་དེའི་ཚིགས་བཅད་ཀྱིས་སོ། །ཆོས་དང་སྲིད་ནི་ཆོས་དང་སྲིད་དོ། །སྲིད་ཀྱི་དོན་ཡང་ཡིན་ལ་སྒྲུབ་པ་ཡང་ཡིན་པས་སྲིད་ཀྱི་དོན་སྒྲུབ་པའོ། །ཆོས་དང་སྲིད་དེ་གཉིས་ཀྱི་


DTG168_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྒྲུབ་པ་ཞེས་བྱ་བ་ལ། སྲིད་ཀྱི་དོན་སྒྲུབ་པ་ནི་ནོར་བསྒྲུབ་པ་ཞེས་བྱ་བའི་དོན་ཏེ། ནོར་སྒྲུབ་པ་ནི་མ་ཐོབ་པ་ཐོབ་པར་བྱ་བ་དང༌། ཐོབ་པ་ཡོངས་སུ་བསྲུང་བ་དང༌། བསྲུངས་པ་རབ་ཏུ་འཕེལ་བར་བྱའོ། །ཆོས་ཀྱི་དོན་སྒྲུབ་པ་ནི་སྟེགས་ལམ་རབ་ཏུ་བསྒྲུབ་པའོ། །རྒྱལ་པོའི་དོན་སྒྲུབ་པ་རྣམས་ཞེས་བྱ་བ་ནི་རྒྱལ་པོས་སྒྲུབ་པའི་དོན་ཏེ། བཞི་པོ་དེ་དག་ནི་རྒྱལ་པོའི་དོན་སྒྲུབ་པའོ། །སྒྲུབ་པ་དེའི་དུས་ལས་ཡོལ་བ་ནི་འདས་པའོ། །ཕན་པ་དང་བདེ་བ་ནི་ཕན་པ་དང་བདེ་བའོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་ནི་ལམ་ནི་སྐྱེ་བའི་ལམ་ཡིན་པས་ཕན་པ་དང་བདེ་བ་འབྱུང་བའི་ལམ་མོ། །རྒྱལ་པོའི་དོན་སྒྲུབ་པ་ལས་ཡོལ་བ་དེ་ནི་འབངས་རྣམས་ལ་ཕན་པ་དང་བདེ་བའི་ལམ་ཆད་དེ་ཕུང་བར་འགྱུར་ཞེས་བསམས་པའོ། །འདི་ནི་མཐོང་བ་ཙམ་གྱིས་ནི། །ཞེས་བྱ་བ་ནི་གང་ཡུལ་མངོན་སུམ་དུ་གྱུར་པས་ཀྱང་སྟེ། འདིས་ནི་དབང་པོའི་སྒོ་བསྡམས་པ་བསྟན་ཏོ། །དྲང་སྲོང་རྣམས་ཀྱང་ཞེས་བྱ་བ་ནི་ཉོན་མོངས་པ་ཐུབ་པའོ། །ཉོན་མོངས་པའི་བག་ཆགས་མ་སྤངས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་རྒྱུ་གསུམ་པོ་ཚང་བས་ནི་ཉོན་མོངས་པ་རྣམས་དུས་རེས་འགའ་སྐྱེ་བར་འགྱུར་ཏེ། ཡུལ་རྒྱ་ཆེར་མངོན་སུམ་དུ་གྱུར་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། བག་ཆགས་མ་སྤངས་པ་སྟེ། དེའི་ཕྱིར་བཤད་པ། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་འདི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་གསུངས་སོ། །འདོད་ཆགས་ཅན་གྱི་མིག་ལྟ་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་གོང་མ་ལས་བཟློག་པ་བསྟན་ཏོ། །འདོད་ཆགས་ཅན་གྱི་མིག་ཅེས་པས་ནི་དབང་པོའི་སྒོ་མ་བསྡམས་པ་དང༌། བག་ཆགས་ཡང་དག་པར་མ་སྤངས་པ་ཉིད་དོ། །རྒྱལ་པོ་ཞེས་བྱ་བ་འདིས་ཚུལ་བཞིན་ཡིད་ལ་བྱད་པ་ཡིན་ཏེ། རང་དབང་དུ་གྱུར་པས་ཚུལ་བཞིན་ཡིད་ལ་མི་བྱེད་པ་མི་ལྡོག་པའོ། །བདེ་བར་གནས་པ་ཞེས་བྱ་བ་འདིས་ནི་ཡུལ་ཉེ་བར་གནས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པའི་རྒྱུ་ཚང་བར་གྱུར་པས་སོ། །ཉོན་མོངས་


DTG168_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནི་སེམས་རང་དབང་དུ་གྱུར་པ་ལས་ཀྱང་འབྱུང་སྟེ། སྔར་བསྟན་པ་ཐམས་ཅད་འདི་ལས་འབྱུང་བར་བསྟན་ཏོ། །ཡང་ན་དོན་གཞན་དུ་ན་ཉོན་མོངས་པ་རྣམས་ནི་རྒྱུ་བཞིས་སྐྱེ་བར་འགྱུར་ཏེ། དབང་པོའི་སྒོ་མ་བསྡམས་པ་དང༌། དེ་ནི་ཡུལ་མངོན་དུ་གྱུར་པ་དང༌། ཡིད་ལ་བྱེད་པས་དེ་ལ་ལྟ་བ་དང༌། རྒས་པས་ནི་མི་ནུས་པ་སྟེ། དེ་ལ་ནུས་པ་མ་ཚང་བས་སོ། །ནང་ཡང་གཟུང་སྟེ། དེའི་རང་བཞིན་ཉིད་དོ། །གཞན་དབང་ཡང་རང་ལ་ནུས་པ་མེད་པའི་ཕྱིར་རོ། །དེ་ལ་འདོད་ཆགས་ཅན་གྱི་མིག་གིས་ལྟ་ཞེས་བྱ་བའི་སྐབས་ཀྱིས་ནི་དེ་ལས་བཟློག་པ་ལ་ཡང་མི་འབྱུང་བའི་ཕྱིར་རོ། །སྐབས་ཞིག་ཏུ་ཞེས་བྱ་བ་ནི་གནས་སྐབས་ཀྱི་དབང་དུ་བྱས་པའོ། །གྲགས་པ་མེད་པ་བྱེད་པ་དང༌། རང་གི་དགེ་བ་ལོག་པར་སྤྱོད་པའི་སྐྱོན་གྱིས་འབྱོར་པ་མེད་པར་བྱེད་པ་སྟེ། ཁྱིམ་ཐབ་ཀྱི་དགེ་མཚན་ངན་པས་ཕུན་སུམ་ཚོགས་པའི་བགེགས་སུ་གྱུར་པས་སོ། །སྨད་པ་ནི་མཚན་དང་བྲལ་བའོ། །མཛེས་པ་མེད་པར་བྱེད་པ་ནི་ཟླ་བ་སྤྲིན་རུམ་དུ་ནུབ་པས་གནམ་སའི་བྱེ་བྲག་མི་མཛེས་པར་བྱེད་པ་ཡིན་ཏེ། གནམ་དང་ས་གཉིས་ཀྱི་བྱེ་བྲག་མེད་པར་བྱེད་པའོ། །ངའི་རིགས་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་མཚན་ངན་པའི་ཕྱིར་རོ། །རེ་ཞིག་རིགས་དང་མཐུན་པར་འགྱུར་རོ་ཞེས་བསམས་ཏེ་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར་རིམ་གྱིས་ཞེས་བྱ་བ་ནི་དུས་ཕྱི་ཞིག་ན་ཞེས་བྱ་བའི་དོན་ཏེ། བློན་བོ་དེ་ལ་ཕྱིན་མ་ཐག་པ་ནི་མ་ཡིན་ཏེ། དེ་བས་ན་འདི་ལྟར་སྟོན་པ་སྟེ། དེའི་ཆེ་ནི་རྒྱལ་པོས་མཐོང་བའི་ལམ་གྱི་གནས་སྐབས་ཀྱང་མེད་དེ། བག་མ་སར་པར་གྱུར་པའི་ཕྱིར་རོ། །བདག་རང་གི་གྲོང་ཁྱེར་མཆོག་ཅེས་བྱ་བ་ནི་རྒྱལ་པོ་དེའི་ཀུ་མུ་ཏའི་དགའ་སྟོན་ལྟ་བ་ནི་སྐྱོན་མེད་པ་ཡིན་ཏེ། དེ་ལྟ་བའི་ཕྱིར་རོ། །ཀུ་མུ་ཏའི་དགའ་སྟོན་མ་ཡིན་པ་གཞན་དུ་ན་བརྐམ་ཆགས་ཅན་དུ་འགྱུར་ཏེ། དེ་ཡོངས་སུ་བཅད་པའི་ཕྱིར་མཆོག་ཅེས་སྨོས་སོ། །བལྟས་རུང་བའི་ཕྱིར་ནི་ཀུ་མུ་ཏའི་དགའ་སྟོན་བསྟན་ཏོ། །ཕྱག་དར་བྱས་ཤིང་ཆག་ཆག་བཏབ་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐྱང་པས་ནི་མིག་དང༌། རྣ་བ་


DTG168_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྣའི་དབང་པོའི་ཡུལ་ཕུན་སུམ་ཚོགས་པ་སྟོན་ཏེ། གྲོང་ཁྱེར་གྱི་མཆོག་དེའི་མེ་ཏོག་ཀུ་མུ་ཏ་དགའ་སྟོན་བྱེད་པ་ལས་ཏེ། ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །མཚན་ངན་པ་མཐོང་བ་ནི་མཚན་ངན་པ་མཐོང་བའོ། །དེས་ན་དྲན་པ་རྣམ་པར་གཡོ་བ་གང་ཡིན་པ་དེ་ནི་མཚན་ངན་པ་མཐོང་ན་འདིས་དྲན་པ་རྣམ་པར་གཡོ་བའོ། །ཕོ་བྲང་སླས་གྱི་ནང་ན་ན་ཆུང་བཟང་མོ་ཞེས་བྱ་བ་དང༌། བརྟན་པའི་ཡོན་ཏན་ཆེ་ལ་ངོ་ཚ་ཤེས། །ཞེས་བྱ་བའི་ཚིགས་བཅད་འདི་གཉིས་ཀྱི་བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་དེ་བདག་གི་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཡང་ཕུན་སུམ་ཚོགས་པ་དེ་དག་འཇིག་པའི་རྒྱུ་ཉིད་དུ་དེའི་གཟུགས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཚིམ་པར་ཞེས་བྱ་བ་ནི་ཇི་ལྟར་འདོད་པའོ། །ཕོ་བྲང་སླས་ཀྱི་ནང་ནན་ཆུང་བཟང་མོའི་ཞེས་བྱ་བ་འདིས་ནི་འཇིག་རྟེན་པ་རྣམས་ལས་བུད་མེད་དེ་ཁྱད་པར་དུ་བསྟན་ཏོ། །ལུས་བཟང་བ་དང་ཆས་པ་ནི་ལུས་བཟང་ཆས་སོ། །ལུས་བཟང་ཞེས་སྨོས་པས་ནི་མདོག་དང་དབྱིབས་ཕུན་སུམ་ཚོགས་པ་གཟུང་ངོ༌། །ཆས་པ་ཞེས་སྨོས་པས་ནི་སྤྱོད་པ་དང་ཉེ་བར་སྤྱོད་པ་གཟུང་ངོ༌། །ཆགས་པ་ནི་རྣམ་པ་བཞི་སྟེ་ཁ་དོག་གི་ཆགས་པ་དང་དབྱིབས་ཀྱི་ཆགས་པ་དང་ཉེ་བར་སྤྱོད་པའི་ཆགས་པ་དང༌། རག་པའི་ཆགས་པ་སྟེ། འདིར་རེག་པའི་འདོད་ཆགས་མ་སྨོས་པ་ནི་དེར་ཡུལ་དུ་མ་གྱུར་པས་སོ། །ཁ་དོག་དང་དབྱིབས་དང༌། སྤྱོད་ཡུལ་དུ་གྱུར་པའི་ཕྱིར་མཐོང་གྱུར་ཅིང་ཞེས་བྱ་བ་ཡིན་ཏེ། མཐོང་བར་གྱུར་ཀྱང་ཞེས་བྱ་བའི་ཚིགས་བཅད་ཕྱེད་པོ་དེས་ནི་བུད་མེད་ཀྱི་ལོངས་སྤྱོད་འཇིག་རྟེན་པ་ལས་ཁྱད་པར་དུ་གྱུར་པ་དང་ལྡན་པ་ཡིན་ཡང་བརྟན་པ་ཉམས་པར་ནུས་པ་སྟེ། དེ་དང་རྗེས་སུ་མཐུན་པར་བསྟན་པ་ཡིན་ནོ། །མ་འཕྱར་བ་ནི་མི་གཡོ་བ་སྟེ། མ་འཕྱར་བའི་སེམས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་མ་འཕྱར་བ་སྟེ། འཕྱར་བ་མེད་པ་ནི་མ་འཕྱར་བའོ། །ཆོས་ཀྱི་ལམ་ནི་ཆོས་ལམ་མོ། །འདིར་ཆོས་ནི་མངོན་པར་མཐོ་བ་སྟེ་དེའི་ལམ་མོ། དབང་པོ་ཐུལ་བ་ནི་འཇིག་རྟེན་པ་སྟེ། འདི་ནི་ཆོས་གཙོ་བོར་བསྟན་ཏོ། །བརྩོན་གྱུར་ཅིང་ཞེས་བྱ་བ་ནི་འབད་བ་དང་ལྡན་པ་


DTG168_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བག་ཡོད་པ་ཞེས་བྱ་བའི་དོན་ཏོ། །དབང་པོ་ཐུལ་བར་གྱུར་པ་ཞེས་བྱ་བ་འདིས་ནི་ལུགས་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འཇུག་པའི་ཚུལ་གཅེར་བསྟན་པ་ཡིན་ཏེ། གང་གི་ཕྱིར་བསྟན་བཅོས་ཐམས་ཅད་ཀྱི་ནང་ན་དབང་པོ་ཐུལ་བར་བྱེད་པ་ཞེས་བྱ་བའི་ཚིག་འདིས་སོ། །བསྟན་པའི་ཡོན་ཏན་ཆེ་ལ་ངོ་ཚ་ཤེས། །ཞེས་བྱ་བ་འདིས་ནི་བདག་གི་དབང་དུ་བྱས་ཏེ། ངོ་ཚ་ཤེས་པ་དང་ལྡན་པ་དང༌། གཞན་གྱི་དབང་དུ་བྱས་ནས་ཁྲེལ་ཡོད་པ་སྟེ། དེ་གཉིས་ཀྱིས་ནི་འཇིག་རྟེན་སྐྱོང་བའི་ཆོས་དང་ལྡན་པ་ཡིན་ཏེ། སྔར་བསྟན་པའི་འཁོར་གསུམ་ལས་མི་འདའ་བ་དང༌། ཐེམ་སྐས་སུ་གྱུར་པ་ནི་ཆོས་འདི་གཉིས་སོ། །གཞན་གྱི་བུད་མེད་ལྟ་བ་མ་སྨོས་ཀྱང༌། །ཞེས་བྱ་བ་ནི་སྐྱེ་བ་སྔ་མ་ལ་ཚུལ་ཁྲིམས་ལ་གོམས་པར་བསྟན་ཏེ། འདིས་ནི་རྒྱུ་ཕུན་སུམ་ཚོགས་བར་བསྟན་ཏོ། །འདོད་ཆགས་ལངས་ཤིང་ཡ་མཚན་ཆེ་བར་གྱུར་པ་གང་ཡིན་པ་དེ་ནི་འདོད་ཆགས་ལངས་ཤིང་ཡ་མཚན་ཆེ་བ་སྟེ། འདིས་ནི་ངོ་ཚ་ཉམས་པར་བསྟན་ཏོ། །བུད་མེད་དེ་ལ་ཞེས་བྱ་བ་ནི་ཕོ་བྲང་སླས་ཀྱི་ན་ཆུང་ཞེས་བྱ་བ་དག་ཀྱང་ཡོད་ཅིང་གཞན་གྱི་བུད་མེད་ལྟ་ལ་མ་སྨོས་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ཡང་མིག་གིས་རིང་དུ་བལྟས་པ་སྟེ། འདིས་ནི་ཁྲེལ་ཡོད་པ་ཉམས་པར་བསྟན་ཏོ། །འདི་ཅི་ཀུ་མུ་ཏ་ཡིན་ནམ་ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་པ་ནི་འདོད་ཆགས་ཀྱི་གནས་སྐབས་བཅུ་ལས་འདོད་ཆགས་ཀྱི་གནས་སྐབས་དང་པོ་བསྟན་པ་ཡིན་ཏེ། མི་ལུས་ལས་འདས་པའི་གཟུགས་ཡོད་པའི་ཕྱིར་རོ། །དེ་ལ་གནས་པའི་རྣམ་པ་དེ་ནི་དེ་ལྟར་གྱུར་པའོ། །སེམས་རྩེ་གཅིག་ཏུ་དམིགས་པ་ནི་རྩེ་གཅིག་པའོ། །དེ་ལ་རྩེ་གཅིག་ཏུ་གྱུར་པའི་སེམས་གང་ཡིན་པ་དེ་ནི་ད་ལ་སེམས་རྩེ་གཅིག་པའོ། །རེ་ཐག་ཆད་པའི་ཡིད་གང་ཡིན་པ་དེ་ནི་རེ་ཐག་བཅད་པའི་སེམས་སོ། །དེ་ལ་སེམས་ཆགས་པ་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་ཆགས་པ་ལྡོག་བར་མ་གྱུར་ཏེ། འདོད་བཞིན་དུ་གཞན་གྱི་ཆུང་མ་ཡིན་ནོ་ཞེས་པས་སོ། །དོན་གྱི་རྗེས་སུ་འགྲོ་བ་ནི་དོན་དང་རྗེས་སུ་


DTG168_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའོ། །སྙན་པ་དེ་དག་ནི་ཚིག་སྟེ་ཚིག་ཀྱང་སྙན་པའོ། །དོན་དང་རྗེས་སུ་མཐུན་པ་ཡིན་ལ་ཚིག་སྙན་པ་ཡང་ཡིན་པས་དོན་དང་རྗེས་སུ་མཐུན་ཞིང་ཚིག་སྙན་པའོ། །དོན་དང་རྗེས་སུ་མཐུན་པའི་ཚིག་གིས་འདི་ལྟར་བཏགས་པའི་མིང་གང་ཡིན་པ་དེ་ནི་དོན་དང་རྗེས་སུ་མཐུན་པའི་ཚིག་སྙན་མིང་དུ་བཏགས་པའོ། །མིང་དེ་གང་ཡིན་ཞེ་ན། མྱོས་བྱེད་མ་ཞེས་པའོ། །དོན་དང་རྗེས་སུ་མཐུན་པའི་ཚིག་ཉིད་བསྟན་པའི་ཕྱིར་སྨྲས་པ། བདག་ནི་མྱོས་པ་བཞིན་དུ་བྱེད། །ཅེས་བྱ་བ་ཡིན་ནོ། །དེ་ནི་བརྗེད་པར་བདག་འདོད་ན། །ཞེས་བྱ་བ་ནི་གཞན་གྱི་ཆུང་མ་ཡིན་པའི་ཕྱིར་རོ། །སེམས་ཀྱིས་མཐོང་བ་བཞིན་དུ་གྱུར། །ཞེས་བྱ་བ་ནི་དེའི་གཟུགས་ཕུན་སུམ་ཚོགས་པ་དང་འདོད་པས་དེ་ནི་བརྗེད་པར་བདག་འདོད་ན་མ་བརྗེད་པས་སོ། །བདག་གི་སེམས་ནི་དེ་ལ་གནས། །ཞེས་བྱ་བ་ནི་སེམས་ཀྱིས་མཐོང་བ་བཞིན་དུ་གྱུར་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཞེ་ན། སེམས་དེ་དེའི་དབང་དུ་གྱུར་པས་སོ། །དེའི་དབང་དུ་གྱུར་ཞེས་བྱ་བ་ནི་སེམས་དེའི་དབང་དུ་གྱུར་པ་སྟེ། དེ་ལྟར་བརྗེད་པར་འདོད་ཀྱང་མི་བརྗེད་པའི་རྒྱུ་དང༌། མི་མཐོང་བར་འདོད་ཀྱང་མཐོང་བའི་རྒྱུས་ཞེས་ཚིགས་བཅད་འོག་མ་ཕྱེད་ཉིད་བསྟན་ཏོ། །ཆུང་མ་ཡིན་བ་ལ་ཞེས་བྱ་བ་ནི་ཆུང་མའི་ཕྱིར་རོ། །བདག་ཀྱང་ཞེས་བྱ་བ་ནི་སྔར་བཤད་པའི་ཡོན་ཏན་གྱི་མཚན་ཉིད་དང་ལྡན་པར་བསྟན་པའོ། །དེ་ལྟར་མི་བརྟན་པ་ཞེས་བྱ་བ་ནི། །དེ་ནི་བརྗེད་པར་འདོད་པ་ལ། །སེམས་ཀྱིས་མཐོང་བ་བཞིན་དུ་གྱུར། །ཞེས་བྱ་བ་དེ་ཉིད་སྙེན་པར་བྱེད་པ་ཡིན་ནོ། །དེ་བས་ན་གོང་དུ་བཤད་པའི་རྒྱུ་དེ་དག་གིས་ངོ་ཚ་བ་དང་བྲལ་བཞིན་དུ་ཞེས་བྱ་བ་ནི་དེ་མི་བརྟན་པ་ཉིད་ཡིན་ཏེ། བག་ཆག་ས་ཞེན་པ་ཉིད་དུ་སྟོན་ཏོ། །གཉིད་དང་བྲལ་བ་ཞེས་བྱ་བ་ནི་དེའི་མི་བརྟན་པ་ཡིན་ཏེ། ཤས་ཆེར་སྟོན་པའོ། །སེམས་ཀྱིས་མཐོང་བ་བཞིན་དུ་ཞེས་བྱ་བ་ནི་གང་གོང་དུ་བསྟན་པ་ཡིན་ཏེ། ཇི་ལྟར་མཐོང་བ་ཡིན་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། དེའི་ལུས་བཟང་ཆས་ཤིང་ཞེས་བྱ་བའི་ཚིགས་བཅད་ཡིན་ན། །ལུས་བཟང་ཞེས་བྱ་བ་སྨོས་པས་ནི་སྔ་མ་བཞིན་དུ་མདོག་དང་དབྱིབས་གཉིས་གཟུང་ངོ༌། །ཆས་ཤིང་འགྲེང་དང་ལྟ་བ་ལ། །ཞེས་བྱ་བ་


DTG168_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྔར་བཤད་པའི་ཉེ་བར་སྤྱོད་པའི་དབྱེ་བ་བསྟན་པའི་ཕྱིར་རོ། །ཆགས་པས་མ་གཡོས་པའི་ཡིད་གང་ཡིན་པ་དེ་ནི་ཆགས་པས་རྩེ་གཅིག་པའི་ཡིད་དུ་གྱུར་པའོ། །དེ་བས་ན་གཞན་དོན་སྒྲུབ་པ་དེའི་གོ་རིམས་ནི་རིམ་གྱིས་ཡིན་ཏེ། དེའི་སྦྲོན་པ་ནི་དོན་སྒྲུབ་གོ་རིམས་སྦྲོན་པ་སྟེ། དེ་ལ་སྒྲ་གྲག་པ་གང་ཡིན་པ་དེའོ། །ཞེ་སྡང་ནི་ཁྲོ་བའོ། །སེམས་ལ་སྡང་ཞེས་བྱ་བ་ནི་རབ་ཏུ་སད་པར་བྱེད་པ་སྟེ། རབ་ཏུ་ཉལ་ཏེ་ཞེན་པ་ལས་སད་པར་བྱེད་པའོ། །བརྣགས་ཏེ་བོར་ཡང་ཞེས་བྱ་བ་ནི་འདོད་པས་མྱོས་པའི་མཐུ་ཡིན་པའི་ཕྱིར་རོ། །བརྣགས་ཀྱང་བརྟན་པ་ཉམས་པར་གྱུར་ཏོ། །མདངས་ནི་སེར་སྐྱར་གྱུར་ཅིང་ལུས་ཀྱང་ཤ་བྲི་སྟེ་སྲབ་མོར་གྱུར་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་རབ་ཏུ་མངོན་པར་གྱུར་པའོ། །སེམས་ཁོང་དུ་ཆུད་ཅིང་ཤུགས་ནར་ཞེས་འབྱུང་ལ། གླལ་ཡང་དང་ཡང་དུ་འབྱུང་བ་ཞེས་བྱ་བ་ནི་བྱ་བའི་ཚུལ་ལས་འདོད་ཆགས་ཀྱིས་མྱོས་པར་གྱུར་པ་རབ་ཏུ་མངོན་པའོ། །སྤྱོད་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཤིན་ཏུ་གསལ་བའི་དོན་ཏེ། སྤྱོད་ཚུལ་འདིའི་རྣམ་པ་ཡིན་པ་སྟེ། འདོད་པས་མྱོས་པར་གྱུར་པའི་རྣམ་པའོ། །འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་རབ་ཏུ་མངོན་པར་གྱུར་པ་གང་ཡིན་པ་དེ་ནི་འདོད་པས་མྱོས་པར་གྱུར་པའི་རྣམ་པ་རབ་ཏུ་མངོན་པ་སྟེ། རྣམ་པའམ་སྤྱོད་ཚུལ་རབ་ཏུ་གསལ་ཞིང་མངོན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་རབ་ཏུ་མངོན་ཞེས་བྱ་བ་འདིའི་དོན་ནི་བསྟན་པ་ཆེན་པོས་ཞེས་བྱ་བའི་ཚིགས་བཅད་འདི་ས་སྟོན་པ་ཡིན་ཏེ། འདིའི་དོན་ནི་བརྣགས་ཤིང་བསྒྲིམས་པ་ནི་རབ་ཏུ་བཀག་པ་བཞིན་དུའོ། །ཡིད་གྱུར་པ་ནི་ལུས་ཀྱི་བྱ་བ་དང་སྤྱོད་པ་གྱུར་པའི་རྣམ་པ་སྣང་བ་ལས་མངོན་པར་གྱུར་པ་ཡིན་ཏེ། ཚིགས་བཅད་འདིས་ནི་བཤད་པའི་དོན་དེ་ཉིད་བསྟན་ཏོ། །ཡིད་གྱུར་པ་ནི་འདོད་ཆགས་ཀྱིས་མྱོས་པར་གྱུར་པའོ། །སེམས་ཁོང་དུ་ཆུད་པའི་མིག་དང༌། བཞིན་དང་མདངས་ཞེས་བྱ་བ་ནི་གང་གོང་དུ་བསྟན་པའི་སེམས་ཁོང་དུ་ཆུད་ཅིང་ཤུགས་ནར་ཞེས་འབྱུང་ལ་གླལ་ཡང་དང་ཡང་དུ་འབྱུང་


DTG168_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དེ་ཉིད་སྟོན་ཏོ། །ཤ་བྲི་སྲབ་མོར་གྱུར་ཞེས་བྱ་བ་འདིས་ནི་སེར་སྐྱར་གྱུར་ཅིང་ཤ་བྲི་སྟེ་སྲབ་མོར་གྱུར་ཞེས་བྱ་བ་དེ་ཉིད་བསྟན་པ་ཡིན་ནོ། །དེས་བརྡ་དང་མཚན་མ་ལ་མཁས་པ་ཞེས་བྱ་བ་ལ་བརྡ་ནི་གང་གོང་དུ་བསྟན་པའི་སེམས་ཁོང་དུ་ཆུད་ཅིང་ཤུགས་ནར་ཞེས་འབྱུང་ལ། གླལ་ཡང་དང་ཡང་དུ་འབྱུང་ཞེས་བྱ་བ་དེ་ཉིད་ཀྱིས་བསྟན་པ་ཡིན་ནོ། །མཚན་མ་ནི་གང་གོང་དུ་བསྟན་པའི་སེར་སྐྱར་གྱུར་ཅིང་ལུས་ཀྱང་ཤ་བྲི་སྟེ་སྲབ་མོར་གྱུར་ཞེས་པ་དང༌། འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་མངོན་པར་གྱུར་བ་ཞེས་གང་བསྟན་པའོ། །བརྡ་དང་མཚན་མ་ཞེས་བྱ་བ་བསྡུས་པ་ནི་རྣམ་པ་ཞེས་སྨོས་པ་སྟེ་དེ་ཉིད་ཡིན་ཏེ། སྤྱོད་ཚུལ་དུ་རྣམ་པ་དེའི་མཚན་ཉིད་དུ་བྱས་ནས་བརྡ་དང་མཚན་མ་ལ་མཁས་པའི་བློའོ། །གང་ལ་ཡོད་པ་དེ་ནི་བརྡ་དང་མཚན་མ་ལ་མཁས་པའི་བློའོ། །རྒྱལ་པོ་དེ་དེ་ལྟར་གྱུར་ཞེས་བྱ་བ་ནི་སེར་སྐྱར་གྱུར་ཅིང་ལུས་ཀྱང་ཤ་བྲི་སྲབ་མོར་གྱུར་པ་དང༌། སེམས་ཁོང་དུ་ཆུད་ཅིང་ཤུགས་ནར་ཞེས་འབྱུང་ལ་གླལ་ཡང་དང་ཡང་དུ་འབྱུང་བ་སྟེ། དེའི་རྒྱུ་ནི་མྱོས་བྱེད་མ་མཐོང་བའི་རྒྱུས་དེ་རྒྱུ་དང་བཅས་པར་རོ། །དེ་མ་རུང་དུ་གྱུར་པ་ནི་མ་རུང་བར་གྱུར་པ་སྟེ་ཤི་བར་རོ། །དེ་ལ་དོགས་ལ་ཡོད་པ་གང་ཡིན་པ་དེ་ནི་མ་རུང་དུ་དོགས་པའོ། །དེ་མ་རུང་དུ་དོགས་པའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། འདོད་ཆགས་ཀྱང་མཐུ་ཆེ་བར་ཞེས་བྱ་བ་ཡིན་ནོ། །ནང་དུ་མཆི་བར་གནང་བ་ནི་ཞུ་བའི་དོན་ཡོད་དོ་ཞེས་སྨྲས་ནས་གནང་བའོ། །རྟོག་པ་སྐྱེ་བ་ནི་ཅི་བདེན་པ་ཉིད་དམ་བརྫུན་པ་ཞེས་སོ། །དེ་ལྟར་མད་ན་ཞེས་བྱ་བ་ནི་དེ་ཇི་ལྟར་སྨྲ་བ་བཞིན་དུ་སྟེ། མྱོས་བྱེད་མ་དེ་ལ་རྒྱལ་པོའི་ཐུགས་ཆགས་པའོ། །བཀའ་སྩལ་པར་བྱ་བ་དེ་མི་བསྲུང་བ་ནི་བཀའ་མ་སྩལ་པའོ། །བུ་མོ་འདི་ཕྱག་ཏུ་བཞེས་ཞེས་བྱ་བ་ནི་ཅི་ནས་ཀྱང་བསྣམས་པའི་རིགས་སོ་ཞེས་པའོ། །ཡང་ན་བཀའ་སྩལ་པའི་ཕྱིར་རོ། །ལྟས་ཀྱིས་བསྐུལ་བས་ཞེས་བྱ་བ་ནི་གབ་པ་ཡིན་ནའང་འདིའི་དོན་གསལ་བར་བསྟན་པས་སོ། །མི་འདོད་པའི་ཚིག་འབྲུ་གསལ་བ་སྟེ། གང་གི་ཚིག་དེའོ། །དེ་ནི་མི་རིགས་སོ་ཞེས་བྱ་བ་ནི་བུ་མོ་དེ་ཕྱག་ཏུ་བཞེས་ཤིག་ཅེས་གང་སྨྲས་པའི་ཚིག་དེ་མི་རིགས་པར་བཤད་པའོ། །མི་འདོད་པའི་རྒྱུ་བསྟན་པའི་ཕྱིར། བསོད་ནམས་


DTG168_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གྱུར་ཞེས་བྱ་བ་ལ་སོགས་པའི་དང་པོའི་ཚིགས་བཅད་གཉིས་ཡིན་ཏེ། བསོད་ནམས་ཉམས་གྱུར་ཞེས་བྱ་བ་ནི་བགྲོད་པ་མ་ཡིན་པར་བགྲོད་པས་སོ། །དེས་ཅིར་འགྱུར་ཞེ་ན། དེས་སྨྲས་པ། བདག་ཀྱང་མི་འཆི་མིན་ཞེས་བྱ་བ་སྟེ། འདིས་ནི་ཤི་བར་གྱུར་ན་བསོད་ནམས་ཉམས་པར་འགྱུར་བས་བདག་གི་བགྲོད་པའི་ཉེས་དམིགས་བསྟན་པའོ། །བདག་གི་སྡིག་པ་འདི་ཡང་གཞན་གྱིས་ཤེས་པར་འགྱུར། ཞེས་བྱ་བ་ནི་གྲགས་པ་མ་ཡིན་པ་ཐོབ་པའི་ཉེས་དམིགས་ཡིན་ནོ། །དེ་དང་བྲལ་བར་གྱུར་བས་ཞེས་བྱ་བ་འདིས་ནི་འཇིག་རྟེན་འདི་དང་ཕ་རོལ་གཉིག་ལ་གནོད་པ་ཡིན་ཏེ། འཇིག་རྟེན་འདིར་ནི་ཤི་བར་གྱུར་པས་གནོད་པའོ། །ཡིད་འགྱོད་ཅིང་ཤི་བས་འཇིག་རྟེན་ཕ་རོལ་ཏུ་ངན་འགྲོར་འགྲོ་བ་ཡིན་ནོ། །འཇིག་རྟེན་འདི་དང་ཞེས་བྱ་བའི་ཚིགས་བཅད་འདི་ནི་བསོད་ནམས་ཉམས་པ་ཞེས་བྱ་བ་དེའི་རྗེས་སུ་འགྲོ་བའི་ཚིག་ཡིན་ཏེ། གཉི་ག་ལ་གནོད་པར་འགྱུར་བ་ནི་བདག་དང་ཕ་རོལ་གཉིག་ལ་སྟེ། འཇིག་རྟེན་འདིར་བདག་ནི་འགྲོ་བ་མ་ཡིན་པར་འཇུག་པའི་རྒྱུས་ངན་འགྲོར་འགྲོ་བར་འགྱུར་ཞེས་བྱ་བ་ཡིན་ལ། ཕ་རོལ་ནི་འགྱོད་ཅིང་འཆི་བར་གྱུར་པས་ངན་འགྲོར་འགྲོ་བའོ།། དེ་གཅིག་བུར་ཡང་མ་ཟད་དེ། བདག་ཉིད་ལ་ནི་མི་སྙན་པ་ཡང་ཡིན་ལ། ཕ་རོལ་ནི་འཆི་བར་འགྱུར་བ་སྟེ། དེ་ལྟར་བཞི་པོ་དེས་གནོད་པ་ཡིན་ནོ། །དེ་མི་འདོད་པ་ནི་ཚེ་འདི་དང་ཕ་རོལ་གཉི་ག་ལ་གནོད་པའི་ལས་སོ། །གང་ཕྱིར་ཞེས་བྱ་བ་ནི་བདག་གི་རྒྱུ་དེ་ཉིད་དེའི་རྒྱུ་ཞེས་བྱ་བ་ཡིན་ཏེ། བདག་གི་རྒྱུ་ཉིད་ལ་མཁས་པ་སྟེ། དེ་ལྟར་གནོད་པར་གྱུར་པའི་ལས་དེ་ལ་རྟོགས་པར་བྱེད་པ་ལ་མཁས་པའོ། །བསོད་ནམས་ཉམས་ཞེས་བྱ་བའི་ཚིག་གི་ལན་ནི། སྦྱིན་པ་བགྱིད་པའི་གྲོགས་བགྱིས་པས། །ཞེས་བྱ་བའི་ཚིགས་བཅད་འདི་ཡིན་ཏེ། སྦྱིན་པ་བཀག་པས་ཆོས་ཀྱི་བགེགས་སུ་ཇི་ལྟར་འགྱུར་ཞེ་ན། དེ་ཉིད་སྨྲས་པ། དེ་མ་བཞེས་པ་སྟེ། བདག་ལས་སྦྱིན་པ་མ་བཞེས་པས་དེས་ན་དེ་ལྟར་སྦྱིན་པའི་བགེགས་སུ་འགྱུར་བ་ཡིན་ནོ། །བདག་གི་སྡིག་པ་འདི་ཡང་གཞན་གྱིས་ཤེས་པར་འགྱུར། །ཞེས་བྱ་བ་འདིའི་ལན་ནི། འོ་སྐོལ་གཉིས་ལས་མ་


DTG168_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་བ། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །དེ་དང་བྲལ་བར་གྱུར་པས་འགྱོད་པའི་མེ། །ཞེས་བྱ་བ་དེའི་ལན་ནི། དེ་ལྟར་བགྱིས་ན་བདག་ལ་སྨན་ཡོན་བཏགས་པར་འགྱུར། །ཞེས་བྱ་བས་དངས་པའི་ཚིགས་བཅད་ཀྱིས་བསྟན་ཏེ། བདག་ལ་སྨན་ཡོན་བཏགས་པར་འགྱུར་གྱི། དེ་དང་བྲལ་བས་འགྱོད་པ་ནི་མེད་དོ་ཞེས་པའོ། །དེ་མེད་པས་འཆི་བ་ཡང་མེད་དེ་དེའི་རྒྱུར་གྱུར་པའི་འཆི་བ་དེ་མེད་པས་ངན་སོང་དུ་འགྲོ་བ་མེད་པའོ། །ཚིགས་བཅད་འདི་གསུམ་གྱིས་ནི་སྔར་བསྟན་པའི་ཉེས་པ་བཞིན་པོའི་ལན་བསྟན་པ་ཡིན་ནོ། །སྤྱིན་པ་བགྱིད་པའི་གྲོགས་བགྱིས་པས། །ཞེས་བྱ་བའི་ཚིགས་བཅད་གང་བསྟན་པ་དེའི་ལན་ནི། ང་ལ་རབ་ཏུ་བྱམས་པའི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། སྔར་གྱི་སྦྱིན་པ་ཞེས་བྱ་བ་ནི་སེམས་ཅན་གྱི་སྦྱིན་པ་ནི་རྣམ་པ་བཞི་སྟེ། ཕན་པ་ཡིན་ལ་བདེ་བ་མ་ཡིན་བ་དང༌། བདེ་བ་ཡིན་ལ་ཕན་པ་མ་ཡིན་པ་དང༌། བདེ་བ་ཡང་ཡིན་ལ་ཕན་པ་ཡང་ཡིན་པ་དང༌། བདེ་བ་ཡང་མ་ཡིན་ལ་ཕན་པ་ཡང་མ་ཡིན་པའོ། །བཞི་པོ་དེ་ལས་ཕན་པ་མེད་པར་འགྱུར་བ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱ་བ་ཡིན་པས་གང་ཕན་པ་མ་ཡིན་ལ་བདེ་བ་ཡིན་པ་དེ་ཡང་སྦྱིན་པར་བྱ་བ་ཡིན་ནོ། །ཕན་པ་ཡང་མ་ཡིན་ལ་བདེ་བ་ཡང་མ་ཡིན་པ་དེ་ཡང་སྦྱིན་པར་བྱ་བ་མ་ཡིན་ནོ། །གང་ཕན་པ་དང་བདེ་བ་དེ་ནི་སྦྱིན་པ་ཡིན་ནོ། །གང་མི་བདེ་ན་ཡང་ཕན་པ་དེ་ནི་སྦྱིན་པ་ཡིན་ནོ། །དེ་བས་ན་འདི་ནི་བདེ་བ་ཉིད་ཡིན་གྱི་ཕན་པ་ནི་མ་ཡིན་ཏེ། འདི་ལྟ་བུའི་མཚན་ཉིད་ཀྱི་སྦྱིན་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྒྲུབ་པའི་གྲོགས་མ་ཡིན་ནོ། །བདག་ལ་སྨན་བཏགས་པར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གང་གོང་དུ་བསྟན་པ་དེའི་ལན་ནི། རབ་ཏུ་བྱམས་པས་ང་ཡི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། གྲོགས་པོ་ལས་ཁྱད་པར་དུ་གྱུར་པ་ནི་གཉེན་པས་ལྷག་བ་སྟེ། རྒྱུ་དེས་ན་རབ་ཏུ་བྱམས་པས་ངའི་ཕྱིར། རང་གི་སྲོག་ཀྱང་ཕོངས་པར་མི་ལྟ་བས་སོ། །འོ་སྐོལ་གཉིས་ལས་མ་གཏོགས་པར། །ཞེས་བྱ་བ་གང་གོང་དུ་བསྟན་བའི་ཚིགས་བཅད་དེའི་ལན་ནི། མ་མཐོང་བར་ནི་སྡིག་པ་བྱས་པ་ཞེས་བྱ་བ་ཡིན་ཏེ། ལྐོག་ཏུ་སྡིག་པ་བྱས་པ་


DTG168_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བདེ་བ་མེད་དེ། ལྐོག་ཏུ་སྡིག་པ་སྤྱོད་པ་དེའི་དབང་དུ་བྱས་ནས། རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་ཞེས་སྨོས་པས་ནི་ལས་ལས་གྱུར་པའི་ལྷའི་མིག་གཟུང་ངོ༌། །རྣལ་འབྱོར་ཅན་ཞེས་སྨོས་པས་ནི་མངོན་པར་ཤེས་པ་ལས་བྱུང་བའི་ལྷའི་མིག་གཟུང་ངོ༌། །བདག་ལ་སྨན་ཡོན་བཏགས་པར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ལན་ནི། །ད་ནི་ཁྱོད་ལ་མི་ཕངས་སམ། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། དེ་ནི་བདག་ཉིད་ཀྱིས་དེའི་ལུས་ལ་སོགས་པའི་ཡོན་ཏན་དང་ལྡན་པར་མཐོང་བ་སྟོན་པ་ཡིན་ནོ། །དེ་ནི་བཏང་བ་ཞེས་བྱ་བ་དེ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་འོ། །སྡུག་བསྔལ་ཞེས་བྱ་བ་ནི་འགྱོད་པའོ། །ང་ལ་རབ་ཏུ་བྱམས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་གྱི་ལན་ནི། བདག་ནི་བུ་སྨད་ཅེས་བྱ་བའི་ཚིགས་བཅད་འདི་སྨྲས་པ་ཡིན་ཏེ། བྲན་མོ་འདི་སྦྱིན་པ་ནི་ཆོས་སྦྱིན་པའི་གྲོགས་ཉིད་ཡིན་གྱི། གྲོགས་པོ་ཉིད་དུ་ནི་མ་ཡིན་ཏེ། རྗེར་གྱུར་པ་དང་ལྷན་ཅིག་ཡིན་པའི་ཕྱིར་རོ། །མ་མཐོང་བར་ནི་སྡིག་པ་བྱས་པ་ཞེས་བསྟན་པ་དེ་ཡང་སྡིག་པ་མིན་ཏེ་རྒྱུ་དེ་གཉིས་ཀྱི་ཕྱིར་རོ། །དེ་ལྟར་ཚིགས་བཅད་གསུམ་བརྗོད་པ་ལས་གཅིག་གི་ལན་ནི་མ་བསྟན་ཏོ། །དེ་ནི་ཁྱོད་ལ་མི་ཕངས་ཞེའམ་ཞེས་བྱ་བའི་ཚིགས་བཅད་དེའི་ལན་ནི་འདི་བརྩམས་བ་ཡིན་ཏེ། དེ་ནི་བདག་ལ་ཕངས་པ་ལགས་མོད་ཀྱི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདི་ཡིན་ནོ། །ཆོས་སྤྱོད་པ་ལས་དཔལ་ནི་ཞེས་བྱ་བའི་ཚིགས་བཅད་འདི་ནི་རང་གི་ངེས་པ་ངེས་པར་གཟུང་བ་དང༌། བདག་ཉིད་ཀྱི་ངོ་ཚ་ཉིད་གཟུང་བའི་ཕྱིར་སྨྲས་པ་སྟེ། ངོ་ཆ་ཡང་གང་ཞེ་ན་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཁན་མ་ཐོ་བ་ལ་འཛེམ་པའོ་ཞེས་བྱ་བའི་ཚིག་གིས་སོ། །མཚོན་གྱིས་ཏབ་པའམ། མེའི་ནང་དུ་ཞུགས་པ་ཞེས་བྱ་བ་འདི་གཉིས་སྨོས་པས་ནི་ལུས་ཀྱི་དབང་པོ་བདེ་བའི་མཐུན་པ་ཉིད་ཡིན་ཏེ། ཚིག་པ་དང་བཅས་པའི་རྒྱུ་གཉིས་ཀྱིས་སོ། །མེ་དང་མཚོན་གྱིས་ཚིག་པ་དང་ཆད་པས་ནི་འཇིག་རྟེན་ཕ་རོལ་ཏུ་ངན་འགྲོར་འགྲོ་བ་མེད་དེ། དེ་ཉིད་ཀྱིས་བཏབ་པ་དང་ཞུགས་པས་ནི་ཁས་ལེན་


DTG168_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཆོས་མ་ཡིན་པ་སྤྱོད་པས་ནི་འཇིག་རྟེན་ཕ་རོལ་ཏུ་ངེས་པར་ངན་སོང་དུ་འགྲོ་བའི་ཕྱིར་རོ། །སྐྱོན་མེད་ཆུང་མ་བོར་ན་ནི། །ཞེས་བྱ་བ་ནི་ཆོས་དང་འགལ་བར་བསྟན་ཏེ། དེས་ན་ཆོས་དང་འགལ་བ་ཡིན་བས། ང་ཡིས་ཆད་པས་བཅད་ཏ་རེ། །ཞེས་པའོ། །སྨད་པའི་གནས་སུ་ཁྱོད་གྱུར་ན། །ཞེས་བྱ་བ་ནི་གྲགས་པ་མ་ཡིན་པ་ཐོབ་པར་བསྟན་ཏོ། །ཕ་རོལ་བསྲེག་པར་འགྱུར་ཞེས་བྱ་བ་ནི་སྐྱོན་མེད་ཆུང་མ་བོར་བའི་ཕྱིར་རོ། །ང་ཡིས་ཆད་པས་བཅད་པ་དང་སྨད་པའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་འདིར་བསྲེགས་པའོ། །ཆོས་དང་འགལ་བར་གྱུར་པ་ཞེས་བྱ་བ་ནི་སྐྱོན་མེད་ཆུང་མ་བོར་བས་སོ། །སྐྱེ་བོས་སྨད་པ་ནི། སྨད་པའི་གནས་སུ་ཁྱོད་གྱུར་ན། །ཞེས་བྱ་བས་སོ། །བདེ་བ་ཉམས་ཀྱང་རུང་ཞེས་བྱ་བ་ནི་རྒྱལ་པོས་ཆད་པས་བཅད་ཀྱང་རུང་བའོ། །བཟོད་པར་བགྱི་ཞེས་བྱ་བ་ནི་རབ་ཏུ་འདོད་པའོ། །རྣམ་པ་འདི་གསུམ་བཟོད་པར་བྱ་བའི་རྒྱུ་སྨྲས་པ། ཁྱོད་ལ་བདེ་བས་བདག་ཉིད་བདེར་གྱུར་ན། །ཞེས་བྱ་བ་ཡིན་ཏེ། སྔར་བཤད་པའི་ཉེས་པ་རྣམ་པ་གསུམ་གྱི་ཉེས་པ་མེད་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར། ས་བདག་ཆེན་པོ་འཇིག་རྟེན་འདི་ན་ནི། །ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ཏེ། ཇི་ལྟར་མཆོད་སྦྱིན་ལ་སྦྱིན་པར་བྱ་བའི་གནས་ཀྱི་སྦྱིན་གནས་དམ་པ་ལ་བྱིན་པས་ནི་ཆོས་མ་ཡིན་པ་མེད་པ་ལྟར་འདིས་ན་ཡང་ཁྱོད་ཀྱིས་ཆད་པས་བཅད་པར་ཡང་མི་འགྱུར་ལ་དེ་ཉིད་ཀྱི་ཕྱིར་གྲགས་པ་མ་ཡིན་པར་ཡང་འབྱུང་བར་མི་འགྱུར་བས་དེ་བས་ན་ཉེས་པ་གསུམ་ཡང་མེད་དེ། བདག་ལ་བརྩེ་བའི་ཕྱིར་ཡང་དེ་བཞེས་སུ་གསོལ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཆོས་དང་འགལ་བར་གྱུར་ཀྱང་དེ་ལྟོ་བ་བཟེད་པར་བགྱི་ཞེས་བྱ་བའི་ལན་ནི་ང་ལ་རབ་ཏུ་བྱམས་པའི་ཕྱིར་ཕན་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐྱེ་བོས་སྨད་ཅིང་ཞེས་བྱ་བ་དེའི་ལན་ནི་འཇིག་རྟེན་པས་སྨད་པ་ལ་འཛེམ་པ་མེད་པར་བྱ་བ་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་འཇིག་རྟེན་པས་སྨད་པར་བྱ་བ་ལ་ཡང་མི་འཛེམ་པར་བྱ་བ་མི་རིགས་ཏེ། དེ་ཡང༌། འཇིག་རྟེན་སྨོད་པས་འཛེམ་པ་མེད་པ་དང༌། །ཞེས་བྱ་བའི་ཚིགས་བཅད་འདིས་


DTG168_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་སྒྲུབ་པ་སྟེ། སྨོད་པས་འཛེམ་པ་མེད་པ་ནི་ཆོས་ལ་མི་ལྟ་བའི་ཕྱིར་རོ། །ཕྱི་མ་ནི་འཇིག་རྟེན་ཕ་རོལ་གྱི་ཆོས་ཀྱི་འབྲས་བུ་ལ་མི་འཛེམ་པ་སྟེ། ཆོས་ལ་མི་ལྟ་བའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་འཇིག་རྟེན་འདིའི་མཆོག་ཏུ་འཛིན་པ་ཡིན་ནོ་ཞེ་ན། ཡང་འདིའི་དོན་མི་འགྲུབ་པར་བསྟན་པའི་ཕྱིར་སྨྲས་པ། གང་ཡིན་སྐྱེ་བོ་དེ་ལ་ཡིད་མི་ཆེས། །ཞེས་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་སྨད་ཅིང་ཆོས་དང་ཕྱི་མའི་འབྲས་བུ་ལ་མི་ལྟ་བ་སྟེ། ཅི་ནས་ཀྱང་བསམ་པ་ཆོས་དང་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་རྣམ་པར་སྤངས་པའོ། །དེ་བཞིན་དུ་མཐོང་བའི་ཆོས་ལ་ཡང་དཔལ་གྱི་འབྲས་བུ་སྤངས་པར་འགྱུར་ཏེ། དཔལ་ནི་སྐྱེ་བོ་ཡིད་ཆེས་པ་རྩ་བར་གྱུར་པ་ཉིད་ལས་སོ། །བདེ་བ་ཉམས་ཀྱང་རུང་ཞེས་བྱ་བ་སྔར་བསྟན་པ་དེའི་ལན་ནི་འདིས་བསྟན་ཏེ། བདེ་བ་མ་ཡིན་པ་ནི་ཆོས་མ་ཡིན་པར་སྤྱོད་པ་གཙོ་བོར་བསྟན་པའི་ཕྱིར་ཁྱོད་ལ་ང་སྨྲའོ་ཞེས་བྱ་བ་ཡིན་ཏེ། སྲོག་གི་ཕྱིར་ཡང་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཆོས་དང་འགལ་བ་ལ་ནི་འགལ་བར་མ་བྱེད་ཅིག་པ་སྟེ། ཅིའི་ཕྱིར་ཞེ་ན། ཉེས་པ་ཆེ་བར་འགྱུར་བར་གདོན་མི་ཟ་བའི་ཕྱིར་རོ། །ངན་སོང་དུ་འགྲོ་བའི་རྒྱུ་ཡིན་པས་སྲོག་གི་ཕྱིར་ཡང་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལེགས་འབྱུང་ཆུང་ལ་དོགས་པ་དང་བཅས་པའི་ཕྱིར་རོ། །དོགས་པ་དང་བཅས་པས་དེའི་སྲོག་ཀྱང་ཡིད་བརྟན་དུ་མི་རུང་བས་སོ། །ལེགས་འབྱུང་ཆུང་ཡང་ཞེས་བྱ་བ་ནི་ཡུན་རིང་དུ་འཚོ་བར་གྱུར་ཀྱང་མཐོང་བའི་ཆོས་ལ་བདེ་བ་ཤིན་ཏུ་ཆུང་བའི་ཕྱིར་རོ། །དེ་ལྟར་དེ་ལ་རང་གི་ཆུང་མ་ཡོངས་སུ་གཏོང་བ་མི་རིགས་པར་བསྟན་ནས། དེ་ནི་བདག་ཉིད་ཀྱིས་བླང་བ་ཉིད་དུ་མི་རིགས་པར་བསྟན་པའི་ཕྱིར་སྨྲས་པ། དམ་པ་རྣམས་ནི་ཕ་རོལ་སྨད་ལ་སོགས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྨད་པ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་སྨད་པ་ལ་སོགས་པའི་སྡུག་བསྔལ་བྱས་པ་སྟེ། གང་སྔར་བསྟན་པའི་ཆོས་དང་འགལ་བ་དང༌། སྐྱེ་བོས་སྨད་པ་དང༌། བདེ་བ་


DTG168_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་མཚན་ཉིད་ནི་སྨད་པ་ལ་སོགས་པའི་སྡུག་བསྔལ་སྨོས་པ་འདིས་གཟུང་ངོ༌། །མི་གནོད་པར་ཞེས་བྱ་བ་ནི་སྨད་པ་ལ་སོགས་པའི་སྡུག་བསྔལ་བླངས་ནས་སོ། །བདག་གི་དོན་སྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་སྟེ། བདག་དང་གཞན་གྱི་ཆོས་སུ་བཤད་པའོ། །གཉི་གའི་ཆོས་མ་ཡིན་པ་མེད་པར་བསྟན་པའི་ཕྱིར་རྗེའི་དོན་དུ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདི་ཡིན་ཏེ། དེའི་སླད་དུ་ལྗོངས་ཀྱི་མི་དང་བཅས་པས་ཞེས་བྱ་བ་འདིས་ནི་གཉི་ག་ལ་ཡང་ཆོས་མ་ཡིན་པ་དང་གྲགས་པ་མ་ཡིན་པ་མེད་པར་བསྟན་ཏོ། །རྒན་པ་བསྙེན་བཀུར་བྱ་བ་བྱས་པ་དང༌། ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་དགེ་བའི་བཤེས་གཉེན་བསྟན་པ་དང༌། ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་བསྟན་ཏོ། །ཡང་ན་བླ་མ་དང་དམ་པའི་ཚོགས་ལ་བསྙེན་བཀུར་བྱས་པ་དང་ཤེས་རབ་ཕུན་སུམ་ཚོགས་པར་བསྟན་ཏོ། །འཁོར་གསུམ་གྱི་རིག་པ་ནི་འཁོར་གསུམ་རིག་པའོ། །དོན་གྱི་དེ་ཁོ་ན་ཉིད་ནི་དོན་གྱི་དེ་ཉིད་དོ། །ལྷག་པའི་དོན་གྱི་དེ་ཁོ་ན་ཉིད་ནི་ལྷག་པའི་དེ་ཁོ་ན་ཉིད་དེ། འཁོར་གསུམ་རིག་པའི་ལྷག་པའི་དོན་གྱི་དེ་ཁོན་ཉིད་དོ། །འཇིག་རྟེན་པ་ལ་ཕན་དང་གནོད་པ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ནི་སྐྱེ་དགུ་རྣམས་ཆོས་དང་འགལ་བར་འགྱུར་བའི་དབང་དུ་བྱས་པའོ། །གལ་ཏེ་རྒྱལ་པོ་རྣམས་ལེགས་པར་སྤྱོད་ན་ནི་འབངས་རྣམས་ལ་ཕན་པ་ཡིན་ལ། ཅི་སྟེ་ལེགས་པ་མ་ཡིན་པ་སྤྱོད་ན་ནི་གནོད་པ་ཡིན་ནོ། །འབངས་རྣམས་སྙིང་ཉེ་བསམས་ནས་ནི། །ཞེས་བྱ་བ་ནི་གཞན་གྱི་སྐྱེ་བོ་བས་ལྷག་པར་བདག་ལ་སྙིང་ཉེ་བ་ཡིན་ཏེ། ཁྱད་པར་དེས་ན་བདག་གིས་ལེགས་པ་དང་ལེགས་པ་མ་ཡིན་པ་སྤྱད་པ་དེ་གཉིས་ཀྱིས་འཇིག་རྟེན་པའི་ཕན་པ་དང༌། གནོད་པའི་རྒྱུར་གྱུར་པ་ཡིན་པར་བསྟན་ཏོ། །གཏམ་སྙན་པ་ནི་གྲགས་པའོ། །ལམ་གྱི་མཆོག་ཉིད་ནི་ཆོས་ཀྱི་ལམ་མོ། །རྒྱལ་པོ་རྣམས་ཀྱི་སྤྱོད་པ་ལ་འབངས་རྣམས་ར་ག་ལུས་པ་ཡིན་ཏེ། ཕན་པ་དང་གནོད་པར་འགྱུར་བ་དེ་ཉིད་བསྒྲུབ་པའི་ཕྱིར་དཔེས་བསྟན་པ་སྟེ། ཁྱུ་


DTG168_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འགྲོ་བ་དྲང་ངམ་ཡོ་བ་བཞིན། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །རྒྱལ་པོའི་ལེགས་པ་དང་ལེགས་པ་མ་ཡིན་པའི་སྤྱོད་པ་ལ་སྐྱེ་དགུའི་ཕན་པ་དང་གནོད་པ་རག་ལུས་པ་བདག་ཉིད་ཀྱང་མི་རིགས་པ་ལས་ལྡོག་པར་མི་ནུས་ན་གཞན་དག་ཇི་ལྟར་བཟློག་པར་མི་ནུས་ཞེས་པ་སྟེ། ཇི་ལྟར་འཁྲུལ་པ་མེད་པར་རྗེས་སུ་འབྲང་བའི་སྐྱེ་དགུའོ། །དེ་ལྟར་འབངས་ལ་ཕན་པའི་ཞེས་བྱ་བའི་ཚིགས་བཅད་ནི་འབངས་ལ་ཕན་པར་ལྟ་བའི་ཚིགས་བཅད་ཡིན་ཏེ། འབངས་ལ་ཕན་པ་འོག་ཏུ་བཤད་པ་ནི་མི་རིགས་ཏེ། སྔར་སྨོས་པ་ནི་སྐྱེ་དགུ་ལ་ཕན་པ་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་གོང་དུ་བསྟན་ཏོ། །དེའི་འོག་ཏུ་སྨོས་པའི་ཆོས་དང་གྲགས་པ་ལས་ནི་འགལ་བར་གྱུར་ཀྱང་ཕན་པ་ལས་མི་འདའ་བར་བསྟན་པའི་ཕྱིར་གཙོ་བོ་ཡིན་ཏེ། འབངས་ལ་ཕན་པར་ལྟ་བ་ནི་གཅེས་པའི་ཕྱིར་རོ། །དེ་ལྟར་ཕན་པ་དེ་ལ་ཞུགས་པ་དང༌། དེའི་འོག་ཏུ་ཆོས་དང༌། དེའི་འོག་ཏུ་གྲགས་པའོ། །དེ་བས་ན་རིམ་པ་འདི་ནི་བདག་གིས་དེ་ལྟར་བསྟན་ཏོ། །ཨེ་མའོ་འབངས་རྣམས་སྐལ་བ་ཕུན་སུམ་ཚོགས། །ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། དཔེ་མེད་པའི་ཆོས་ལ་རྗེས་སུ་དགའ་བ་དང༌། བདེ་བ་ལ་མ་ཆགས་པ་དེ་ལྟ་བུས་བསྲུངས་པ་ཐོབ་པས་སོ། །དཔེ་མེད་པ་ནི་དཀའ་ཐུབ་ཀྱི་ནགས་ན་གནས་པ་ལ་ཡང་ཆོས་ལ་དགའ་ཞིང་བདེ་བ་ལ་མ་ཆགས་པ་དེ་ལྟ་བུ་དཀོན་ཏེ། དཀའ་ཐུབ་ནགས་ན་གནས་པའི་ཡོན་ཏན་དག་ལས་ཤིན་ཏུ་ལྷག་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་ཐ་མལ་པ་མ་ཡིན་པ་སྟེ། དོན་ཇི་ལྟ་བ་བཞིན་གྱི་མིང་བསྟན་པའོ། །ཆེན་པོའི་སྒྲ་ནི་སྔར་སྨོས་པ་དེ་ཉིད་བསྒྲུབ་པའི་ཕྱིར་སྨོས་པ་ཡིན་ཏེ། གང་རྣམས་བསྲུང་བའི་རྒྱལ་པོ་ཁྱོད། །ཅེས་བྱ་བའི་ལས་ཀྱིས་སོ། །དེ་ལ་ངོ་མཚར་ཆེ་བ་ཉིད་མེད་པར་བསྟན་པའི་ཕྱིར། རྒྱ་མཚོ་རིན་ཆེན་འབྱང་གནས་བཞིན། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། འདིས་ནི་གཞན་ལ་མེད་པའི་ཡོན་ཏན་སྟོན་ཏོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་


DTG168_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་བྱེད་མའི་སྐྱེས་པའི་རབས་སོ།། །།ཆོས་ལ་གནས་ན་ཞེས་བྱ་བ་ནི་བདེན་པའི་ཚིག་གང་གི་གནས་ཆོས་ཡིན་པ་དེ་ནི། བདེན་པའི་ཚིག་ཆོས་ལ་གནས་པའོ། །འདིར་ཆོས་ཞེས་སྨོས་པས་ནི་སྲོག་གཅོད་པ་ལས་ལྡོག་པ་ཡིན་ཏེ། དེ་ལ་གནས་པའི་གང་བདེན་པའི་ཚིག་དེ་ནི་ཆོས་ལ་གནས་པའི་བདེན་པའི་ཚིག་ཡིན་ནོ། །འབྲས་བུ་ནི་དེའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ཏེ། དེ་ཞེས་བྱ་བ་ནི་གང་བདེན་པའི་ཚིག་གི་གནས་སྲོག་ཆགས་ལ་ཕན་འདོགས་པར་འཇུག་པ་དང༌། སྲོག་གཅོད་པ་ལས་ལྡོག་པའོ། །ཡང་ན་བདེན་པའི་ཚིག་དེའི་འབྲས་བུ་དེ་ནི་དེའི་འབྲས་བུ་སྟེ། སྲོག་ཆགས་ལ་ཕན་གདགས་པ་དང༌། རྣམ་པར་འཚེ་བ་ལས་བཟློག་པའོ། །ཆོས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་བདེན་པའི་ཚིག་གི་འབྲས་བུར་གྱུར་པའི་ཆོས་ཀྱི་རྗེས་སུ་འཇུག་པའོ། །ཡང་ན་ཆོས་ནི་སྲོག་གཅོད་པ་ལས་སླར་ལྡོག་པའོ། །དེ་ལ་གནས་པའི་བདེན་པའི་ཚིག་གང་ཡིན་པ་དེ་ནི་ཆོས་ལ་གནས་པའི་བདེན་པའི་ཚིག་སྟེ། དེའི་འབྲས་བུ་གང་སྲོག་གཅོད་པ་ལས་ལྡོག་པ་ཉིད་དོ། །དེ་བས་ན་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ཏེ། སྲོག་གཅོད་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ་ཞེས་པའོ། །རང་བཞིན་གྱིས་ཤེས་རབ་རྣོ་བས་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་རབ་ཏུ་བསྒོམས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་རིགས་ཀྱིས་ཤེས་རབ་ཤས་ཆེ་བ་ཡིན་པས་ཤེས་རབ་རྣོ་བ་ཞེས་སྨོས་སོ། །རང་བཞིན་དང་རིགས་དང༌། རྒྱུ་དང་ས་བོན་ཞེས་བྱ་བ་རྣམ་གྲངས་སོ། །རང་བཞིན་གྱིས་ཤེས་རབ་རྣོ་བ་ནི་རིགས་ཀྱིས་གྲུབ་པའི་ཤེས་རབ་རྣོ་བའོ། །གཙུག་ལག་ཁྱད་པར་ཅན་གང་དང་གང༌། སྒྱུ་རྩལ་ཁྱད་པར་ཅན་གང་དང་གང་ཞེས་བྱ་བ་ལ། ཁྱད་པར་ཅན་སྨོས་པ་ནི་གཙུག་ལག་དང་སྒྱུ་རྩལ་གྱིས་སེམས་ཅན་རྗེས་སུ་བཟུང་བར་བྱེད་པ་ཡིན་ཏེ། སློབ་པར་འདོད་པ་དེ་ཡང་དག་པར་བསྟན་པའི་ཕྱིར་དེ་དང་དེ་དག་ལ་ཞེས་བྱ་བ་ཡིན་ཏེ། སྐྱེ་བོ་གཞན་པས་ལྷག་པར་འགྱུར། །


DTG168_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྐྱེ་བོ་དྲི་མའི་ཤེས་རབ་ལས་ཀྱང་ལྷག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཤེས་རབ་རྣོ་ཞིང་སྐྱེ་བོ་གཞན་པས་ཞེས་བྱ་བས་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་ཀྱང་ལྷག་པར་འགྱུར་བ་ཡིན་ཏེ། གཞན་དག་གི་ཤེས་རབ་ནི་འབད་པ་ལས་བྱུང་བའི་ཞེས་བྱ་བའི་དོན་ཏོ། །ནར་མ་དང་གློ་བུར་ནི་ནར་མ་དང་གློ་བུར་རོ། །འབྱུང་བར་འགྱུར་བའི་ལྟས་ནི་འབྱུང་བར་འགྱུར་བའི་ལྟས་སོ། །འབྱུང་བའི་ལྟས་དང་མཚན་མ་ནི་འབྱུང་བའི་ལྟས་དང་མཚན་མ་སྟེ། ནར་མ་དང་གློ་བུར་དུ་འབྱུང་བའི་ལྟས་དང་མཚན་མ་གང་གིས་ཤེས་པ་ནི་ནར་མ་དང་གློ་བུར་དུ་འབྱུང་བའི་ལྟས་དད་མཚན་མ་ཤེས་པའོ། །བདག་ཉིད་ཆེན་པོ་དེ་སྐར་མ་རྒྱུ་བ་ལ་མཁས་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དུ་རྒྱ་མཚོའི་ཕྱོགས་ནི་ལེགས་པར་རྟོགས་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཁྱད་པར་བསྟན་ཏོ། །དྲན་པ་དང་ལྡན་ཞིང་ལེ་ལོ་དང་གཉིད་ནི་ཆུང་ཞེས་བྱ་བས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་བསྟན་ཏོ། །གྲང་བ་དང་ཚ་བ་དང་ཆར་ལ་སོགས་པ་ལ་ཇི་མི་སྙམ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་བསྟན་ཏོ། །སོགས་པའི་ཞེས་སྨོས་པས་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ལ་ཇི་མི་སྙམ་པར་གཟུང་ངོ༌། །བག་ཆེ་ལ་ཞེས་བྱ་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་བསྟན་ཏོ། །བརྟན་པ་དང་སྡན་པའི་ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་བསྟན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཅི་ཡང་མི་བྱེད་པའི་ཕྱིར་རྟགས་སུ་མ་སྨོས་སོ། །དྲང་བ་ལ་མཁས་པ་ནི་སྔོན་དུ་འགྲོ་བ་ལ་མཁས་པའོ། །ལྡོག་པ་ལ་མཁས་པ་ནི་ཕྱིར་ནུར་བ་ལ་མཁས་པའོ། །སོགས་པ་སྨོས་པས་ནི་ཐད་ཀར་འགྲོ་བ་ལ་སོགས་པ་ལ་མཁས་པའོ། །ཡང་དག་པར་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ལེགས་པར་ཕ་རོལ་ཏུ་ཕྱིན་པར་བྱེད་པ་སྟེ། འདོད་པའི་ཡུལ་དུ་ཕྱིན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་དོན་རབ་ཏུ་འགྲུབ་པར་བྱེད་པའོ། །འདོད་པ་ཞེས་བྱ་བ་ནི་གང་ཆས་པར་བརྩམས་པའོ། །རྒས་པའི་དབང་གིས་ལྟ་བ་ཉམས་གྱུར་ཅིང༌། །ཞེས་བྱ་བ་འདིས་ནི་གང་གོང་དུ་བསྟན་པའི་བདག་ཉིད་


DTG168_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དེ་སྐར་མ་དང་རྒྱུ་སྐར་ལ་མཁས་པ་ཞེས་བྱ་བ་ནས། རྒྱ་མཚོའི་ཕྱོགས་ནི་ལེགས་པར་རྟོགས། །ཞེས་བྱ་བ་དེའི་ནུས་པ་མེད་པར་བསྟན་ཏོ། །དྲན་པ་རབ་ཏུ་ཉམས་ཞེས་བྱ་བ་འདིས་ནི་གང་བསྟན་པའི་དྲན་པ་དང་ལྡན་ཞེས་བྱ་བ་དེ་མེད་པར་བསྟན་པའོ། །བདག་གི་ལུས་ཀྱི་བྱ་བའང་ཉམ་ཆུང་ན། །ཞེས་བྱ་བ་འདིས་ནི་སྔར་བསྟན་པའི་ལེ་ལོ་དང་གཉིད་ནི་ཆུང་ཞེས་བྱ་བ་ལ་སོགས་པ་དེ་མེད་པར་བསྟན་ཏོ། །ཁྱོད་ཀྱི་ལུས་ཀྱི་གནས་སྐབས་དེ་ལྟ་བུའོ། །འཚལ་ཏེ་ཞེས་བྱ་བའི་ཚིག་གིས་ནི་དྲན་པ་དང་བློ་དེའི་གནས་སྐབས་ཉིད་བསྟན་པའི་ཕྱིར་རོ། །བགྲོད་དཀར་ཞེས་བྱ་བ་ནི་ཇི་ལྟ་བུའི་མཚན་ཉིད་ཅན་གྱི་རྒྱ་མཚོ་སྟེ། རབ་ཏུ་ཞེས་བྱ་བ་ནི་ཇི་སྙེད་ཀྱི་མཚན་ཉིད་ཅན་སྟོན་ཏོ། །མཚོ་འཇིང་ནང་དུ་ཞུགས་ཞེས་བྱ་བ་ལ་ཇི་ལྟ་བུར་ཞེ་ན། རྣམ་པ་གསུམ་པའི་མཚན་ཉིད་ཅན་ཏེ། མདོག་དང༌། འགྲམ་བལྟར་མི་སྣང་བ་དང། གཏིང་དཔག་དཀའ་བ་སྟེ། དེ་གསུམ་ཡང་ཨནད་རྙིལ་ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་པ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་རོ། །དེའི་འོད་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་དོ། །ཆུང་དུ་གྱུར་པ་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་དེ། གང་དེ་ཆུང་དུ་གྱུར་པ་དེ་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཆུང་དུ་གྱུར་པའོ། །དེ་ལ་ལྟས་ངན་ཆེན་པོ་ཞེས་བྱ་བ་ནི་ལྟས་འབྱུང་བ་སྟེ། ཤིན་ཏུ་ཆེ་བ་ཉིད་དུ་བསྟན་པའི་ཕྱིར། རླབས་ནི་རྣམ་པར་འཁྲུག་ཅིང་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། རྒྱུ་གསུམ་གྱི་ལྟས་ངན་ཆེན་པོ་ཉིད་དུ་སྟོན་ཏོ། །མདོག་དང༌། སྒྲ་དང༌། དབྱིབས་སོ། །དེ་ཡང་དབྱིབས་ནི། ཆུ་ཀུན་ཐ་མལ་འདུག་ལས་རབ་ཏུ་གཡོས། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏོ། །ཆུ་ཀུན་ཐ་མལ་འདུག་ལས་རབ་ཏུ་གཡོས། །ཞེས་བྱ་བ་ཉིད་བསྟན་པའི་ཕྱིར། ལྟས་ངན་གློ་བུར་ལངས་པའི་རླུང་གིས་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། ཆུ་ཐ་མལ་པར་འདུག་པ་ལས་རབ་ཏུ་བསྐྱེད་པ་ཉིད་ནི་སྒྲ་སྒྲོགས་པ་དང༌། ཚད་དང༌། ཤུགས་དང༌། འགྲོས་ཀྱིས་བསྟན་པ་ཡིན་ཏེ། དཀྲུགས་པ་ནི་འགྲོས་ཏེ། སྣ་ཚོགས་སུ་འགྲོ་བའི་ཕྱིར་རོ།།


DTG168_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འཇིང་ནི་རབ་ཏུ་འཇིགས་སུ་རུང་བ་སྟེ། དེའི་རབ་ཏུ་འཇིགས་སུ་རུང་བ་ནི། གློག་ཕྲན་འགྱུ་བའི་འོད་འབར་ལྕེ་གཡོ་བ། །ཞེས་བྱ་བའི་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེའི་རབ་ཏུ་འཇིགས་སུ་རུང་བ་ནི་སྤྲིན་དང་བ་དང༌། སྣང་བ་ནུབ་པ་དང༌། དེའི་མི་མཐུན་པའི་ཕྱོགས་ཀྱི་ལྟས་ངན་འབྱུང་བ་སྟོན་པས་སོ། །གློག་ཕྲན་འགྱུ་བ་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་མདོག་དང་ཚད་དང༌། སྒྲ་དང༌། སྤྲིན་གྱི་ཁྱད་པར་ཏེ། གློག་ཕྲན་འགྱུ་བ་འོད་འབར་ལྕེ་གཡོ་བ། །ཞེས་བྱ་བ་དང༌། སྔོ་བ་ཞེས་བྱ་བས་ནི་མདོག་བསྟན་ཏོ། །སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་འགྱུར། །ཞེས་བྱ་བ་འདིས་ནི་ཚང་བསྟན་ཏོ། །སེམས་སྟོབས་ཡོན་ཏན་བསམ་པ་སྟོན་ཞེས་བྱ་བ་ནི་སྙིང་སྟོབས་ཉིད་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་སེམས་སྟོབས་ཡོན་ཏན་ཏེ། སེམས་སྟོབས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་དུ་བསམ་པ་ནི་འདོད་པ་སྟེ་སྟོན་ཅིང་སྨྲ་བའོ། །དེ་དག་སྐྲག་ཅིང་སྤ་གོང་མི་སྨྲ་ཞུམ། །ཞེས་བྱ་བ་ནི་སེམས་ཅན་དམན་པའི་དབང་དུ་བྱས་པའོ། །བརྟན་པོ་དག་ནི་ཐར་པའི་ཐབས་ལ་འབད། །ཅེས་བྱ་བ་ནི་སེམས་ཅན་དམན་པའི་དབང་དུ་བྱས་པའོ། །ཁ་ཅིག་རང་གི་ལྷ་ལ་གསོལ་བ་འདེབས། །ཞེས་བྱ་བ་ནི་བར་མའི་དབང་དུ་བྱས་པའོ། །འཇིགས་པ་དང་བག་ཚ་བ་ནི་འཇིགས་ཤིང་བག་ཚ་བ་སྟེ། སེམས་དང་ལུས་ལ་གོ་རིམས་བཞིན་དུའོ། །དེ་གཉིས་ཀྱིས་ཅི་བྱ་གཏོལ་མེད་པ་ནི་འཇིགས་ཤིང་བག་ཚབས་ཅི་བྱ་གཏོལ་མེད་པའོ། །ལྟས་ངན་གློ་བུར་དུ་བྱུང་བ་ནི་ལྟས་ངན་གློ་བུར་དུ་བྱུང་བར་གྱུར་པའོ། །ལྟས་ངན་གློ་བུར་དུ་བྱུང་བ་ཡིན་ལ་འཁྲུགས་པ་ཡང་ཡིན་པས་ལྟས་ངན་གློ་བུར་བྱུང་བས་འཁྲུགས་པའོ། །དེ་ནི་རྒྱུས་ཉོན་མོངས་པར་གྱུར་པ་ནི་ལྟས་ངན་གློ་བུར་དུ་བྱུང་བས་འཁྲུགས་ཤིང་ཉོན་མོངས་པར་གྱུར་པའོ། །འདི་ལྟ་བུས་ཞེས་བྱ་བ་ནི་ངོ་མཚར་མི་ཆེ་བའི་ཕྱིར་རོ། །ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱིས། །ཞེས་བྱ་བ་ནི་གང་སྔར་བསྟན་པ་དེ་དག་སྐྲག་ཅིང་མི་སྨྲ་བས་སྤ་གོང་ཞུམ་ཞེས་བྱ་བ་དེའི་དབང་དུ་བྱས་པའོ། །མྱ་ངན་གདུང་བར་མ་བྱེད་པར། །ཞེས་བྱ་བ་ནི་གང་


DTG168_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བསྟན་པའི་རང་གི་ལྷ་ལ་གསོལ་བ་འདེབས་ཞེས་བྱ་བ་དེའི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་མྱ་ངན་དང་གདུང་བས་ནི་རང་གི་སྐྱེས་བུ་བྱེད་པ་ཉམས་པར་འགྱུར་ཞིང་ལྷ་ལ་གསོལ་བ་མཆོག་ཏུ་འཛིན་པས་ཀྱང་ངོ༌། །བརྟན་བྱས་ནས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་བརྟན་པོ་དག་ནི་ཐར་པའི་ཐབས་ལ་འབད། །ཅེས་བྱ་བ་དེའི་དབང་དུ་བྱས་པའོ། །འཇིགས་པ་དང་མི་དགའ་བ་ནི་འཇིགས་ཤིང་མི་དགའ་བའོ། །མཁས་པ་ནི་ཐབས་ཤེས་པའོ། །གཟི་བརྗིད་བརྟན་པས་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་གཟི་བརྗིད་ཀྱིས་ཏེ་གཟེངས་བསྟོད། པའོ། །དོན་ཐམས་ཅད་གྲུབ་པ་ལག་པའི་རྩེ་ལ་ཡོད་པ་དེ་ནི་དོན་རྣམས་ཐམས་ཅད་གྲུབ་པ་ལག་ན་ཡོད་པའོ། །སྟེང་དུ་འབྱུང་བ་ནི་གྱེན་དུ་འབྱུང་བའོ། །འཇུག་པ་ནི་ནང་དུ་འཇུག་པའོ། །གཡོ་བ་ནི་ཐད་ཀར་འགྲོ་བ་སྟེ། དེ་དག་གི་ཞར་ནི་ཞར་ཡིན་ཏེ། སྟེང་དུ་འབྱུང་ཞིང་ནང་དུ་འཇུག་པའི་ཞར་པའོ། །དེ་བས་ན་བདག་ཅག་ཡུལ་ནི་གཉིས་ལས་ཞེས་བྱ་བ་ནི་འདི་ལྟར་བདག་ཅག་ཡུལ་གང་ལས་བྱུང་བ་དང༌། གང་དུ་འགྲོ་བར་འདོད་པའི་ཡུལ་ལོ། །འབབ་པ་ནི་ཆུའི་རྒྱུན་ནོ། །ནུབ་ཕྱོགས་ནས་ཞེས་བྱ་བ་ནི་ནུབ་ཕྱོགས་ཀྱི་ཕྱོགས་ནས་སོ། །དངུལ་གྱི་མདོག་ནི་དངུལ་གྱི་ཁ་དོག་སྟེ། དེ་དང་འདྲ་བའི་ཆུ་དཀར་པོ་གང་ཡིན་པ་དེ་ནི་དངུལ་གྱི་མདོག་འདྲ་བའི་ཆུ་དཀར་པོའོ། །དབུ་བ་མང་པོ་འཁྲིགས་ཤིང་སྐྱ་བ་དེ་ནི་དབུ་བ་མང་པོ་འཁྲིགས་ཤིང་སྐྱ་བའོ། །འོ་མའི་རྒྱ་མཚོ་ཞེས་བྱ་བ་དེ་ནི་འཇིག་རྟེན་པ་རྣམས་ཀྱིས་དེ་ལྟར་མིང་དུ་བརྗོད་པ་སྟེ། ཞོའི་ཕྲེང་བ་ཞེས་བརྗོད་དོ། །མི་མཐུན་པའི་རླུང་གིས་ཞེས་བྱ་བ་ནི་འདོད་པའི་ཡུལ་དང་མི་མཐུན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གསེར་གྱི་མདོག་འདྲ་བའི་རླབས་ཀྱི་ཕྲེང་བ་རབ་ཏུ་འཁྲུགས་པ་གང་ཡིན་པ་དེ་ནི་རླབས་ཀྱི་ཕྲེང་བ་རབ་ཏུ་འཁྲུགས་པའི་གསེར་གྱི་མདོག་འདྲ་བའོ། །མེ་འབར་བ་ཉིད་སེར་སྐྱ་ཡིན་པས་ཆུའི་མདོག་མེ་འབར་བ་སེར་སྐྱ་སྟེ་ཆུ་དེའོ། །སྔོ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་རང་བཞིན་གྱིས་དམར་བ་ཡིན་པས་སྔོན་པོ་དགག་པ་སྟེ། གནས་སྐབས་ཀྱི་དབང་གིས་དེ་དམར་བར་རྟོགས་


DTG168_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྦུར་ལོང་དང་ཨནད་རྙིལ་ནི་སྦུར་ལོང་དང་ཨནད་རྙིལ་ལོ། །དེ་གཉིས་ཀྱི་མདོག་གང་ལ་ཡོད་པ་དེ་ནི་སྦུར་ལོང་དང་ཨནད་རྙིལ་གྱི་མདོག་གོ །དེ་གཉིས་དང་འདྲ་བའི་ཆུ་གང་ཡིན་པ་དེ་ནི་སྦུར་ལོང་དང་ཨནད་རྙིལ་གྱི་མདོག་འདྲ་བའོ། །ཆུ་དེ་ཡོངས་སུ་སྨིན་པའི་ཀུ་ཤ་དང་འདྲ་བའི་ཁ་དོག་ཀྱང་ཡོད་པས་སོ། །སྨྱིག་མའི་མདོག་དང༌། བཻ་ཌཱུཪྻའི་འོད་ནི་སྨྱིག་མའི་མདོག་དང་བཻ་ཌཱུཪྻའི་འོད་དོ། །དེ་དང་འདྲ་བར་ནི་མཐུན་པར་སྣང་བ་སྟེ། སྔོ་བའི་ཆུ་གང་ཡིན་པའོ། །རྒྱ་མཚོ་ཡང་བླ་འོག་བཟློག་པ་འདྲའོ། །ཞིང་ཞེས་བྱ་བ་ནི་ཁས་བུབ་ཏུའོ། །སེར་བ་དྲག་པོ་འབབ་པ་འདྲ་ཞིང་ཞེས་བྱ་བ་ནི་ཤིན་ཏུ་འཇིགས་སུ་རུང་བའོ། །སྨྱིག་མའི་ཚལ་མེས་ཚིག་སྟེ་ཏོག་ཡར་གྱིས་འགེངས་པ་དང་འདྲ་བར་ཐོས་ནས་ཀྱང་རབ་ཏུ་སྐྲག་ཅིང་འདར་བའོ། །གཡངས་བཞིན་དུ་ཞེས་བྱ་བ་ནི་མྱུར་དུ་ལྟུང་བའི་ཕྱིར་རོ། །གཅོད་རོང་བཞིན་དུ་ཞེས་བྱ་བ་ནི་བསྡུས་ནས་ལྟུང་བའི་ཕྱིར་རོ། །བདག་ཅག་རྣ་བ་གས་ཤིང་ཞེས་བྱ་བའི་ཚིག་རྐང་འདིས་ནི་གང་གོང་དུ་བསྟན་པའི་འཇིགས་པ་བྱེད་པ་ཐོས་པར་གྱུར་ཞེས་བྱ་བ་དེ་ཉིད་བསྟན་པ་ཡིན་ནོ། །ཆུའི་བདག་པོ་ཁྲོས་པ་འདྲ་བའི་ཞེས་བྱ་བའི་ཚིག་རྐང་འདིས་ན་གང་དེ་སྔར་བསྟན་པའི་མེའི་ཏོག་ཡར་གྱིས་འགེངས་པ་འདྲ་བའི་སྒྲ་ཆེ་ཞིང་ཞེས་བྱ་བ་ཡིན་ནོ། །འཇིགས་སུ་རུང་བ་ནི་དེའི་སྒྲ་ཤིན་ཏུ་ཆེ་བས་འཇིགས་སུ་རུང་བ་ཉིད་དུ་བསྟན་པ་སྟེ། དེ་ཉིད་འདིས་བསྟན་པའི་ཕྱིར། ཆུ་འདི་ཐམས་ཅད་གཅོང་རོང་འཇིགས་པའི་ཞེས་བྱ་བ་ཡིན་ཏེ། འདི་ནི་གང་དེ་སྔར་བསྟན་པའི་ཆུའི་འཇིང་ཆེན་པོ་སྟེ་གཡང་ས་དང་གཅོང་རོང་གི་ནད་དུ་བབ་པ་ཞེས་བྱ་བ་དེ་ཉིད་སྟོན་ཏོ། །མངོན་སོང་ཞེས་བྱ་བ་དེ་ནི་ཉེ་བར་གྱུར་པ་ཡིན་ཏེ། ཉེ་བར་ཕྱོགས་ཤིང་མངོན་དུ་བལྟས་པའམ་མངོན་དུ་ཕྱོགས་པ་ནི་མངོན་སོང་ངོ༌། །ལྷ་དང་ང་གུས་པས་ཕྱག་འཚལ་ཞེས་བྱ་བ་ལ་ཉི་མ་ཞེས་སྨོས་པས་ལྷ་ཐམས་ཅད་གྲུབ་མོད་ཀྱི། སོ་སོར་སྨོས་པ་ནི་ལྷའི་བདག་པོ་ཡིན་པའི་ཕྱིར་རོ། །ཕོངས་པར་གྱུར་ལ་འཇིགས་པ་མེད་པ་ཞེས་བྱ་བ་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །གཞན་ལ་ཕན་འདོགས་ཡོན་ཏན་བསགས་


DTG168_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །ཡང་ན་ཚིག་རྐང་དང་པོས་ནི་ཡོངས་སུ་སྐྱོབ་པའི་ནུས་པ་བསྟན་ཏོ། །གཉིས་པས་ནི་བྱེད་པར་འདོད་པ་ཉིད་བསྟན་ཏོ། །ཁྱོད་ཀྱི་མཐུ་ཆེན་ཁྱད་པར་ཅན། །ཞེས་བྱ་བ་དེས་ནི་རྣམ་པ་གཉིས་ཏེ། སྦྱོར་བའི་མཚན་ཉིད་ཀྱིས་ནུས་པའམ། བྱེད་པར་འདོད་པའི་མཚན་ཉིད་དོ། །ཉམ་ཐག་པ་ནི་སྡུག་བསྔལ་བ་ཉིད་དོ། །མགོན་མེད་པ་ནི་སྐྱབས་མེད་པར་གྱུར་པའོ། །སྐྱབས་སུ་མཆིས་ཞེས་བྱ་བ་ནི་ཡོངས་སུ་སྐྱབས་པའི་དོན་དུ་སྟེ། རྒྱུ་འདི་གསུམ་གྱིས་ནི་བདག་ཉིད་སྙིང་རྗེའི་གནས་སུ་སྟོན་པ་ཡིན་ནོ། །ད་ནི་བཅོས་པའི་ཆེད་ཉིད་ལས་བརྩམས་ནས། སྐྱེ་བོ་ཆབ་ཀྱི་ནང་དུ་འགུམ་པ་འདི། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། དེ་བས་ཞེས་བྱ་བ་ནི་ཁྱོད་ཀྱི་བཀའ་ལས་མི་འདའ་བས་ནའོ། །བསད་པར་བདག་ནི་ཡོངས་མི་དྲན། །ཞེས་བྱ་བ་ནི་དུས་དེ་ཡན་ཆད་དུའོ། །བདག་ནི་ཤེད་བྱེ་ཚུན་ཆད་དུ། །ཞེས་བྱ་བ་ནི་ཤེད་བྱེ་ཞིང་གོ་བ་ནས་བརྩམས་པའོ། །བདག་གི་བསོད་ནམས་མཐུ་དག་གིས། །ཞེས་བྱ་བ་ནི་སྲོག་གཅོད་པ་ལས་ལྡོག་པའི་རྒྱུ་དེའི་བསོད་ནམས་ཀྱི་སྟོབས་སོ། །ཡང་ན་སྐྱེ་བ་དུ་མ་ནས་བསགས་པའི་བསོད་ནམས་དེའི་མཐུས་སོ། །གང་སྔར་བསྟན་པའི་ཆོས་ལ་གནས་ན་བདེན་པའི་ཚིག་ཙམ་གྱིས་ཀྱང་མ་རུང་བར་འགྱུར་བ་ལས་ཐལ་བར་འགྱུར་ན་དེའི་འབྲས་བུ་ལྟ་ཅི་སྨོས་ཞེས་བྱ་བ་དེ་ཡང་གསལ་བར་བྱེད་པ་ཡིན་ནོ། །གཞལ་མེད་ཁང་མཛེས་པའི་ཚུལ་དུ་ཞེས་བྱ་བ་ནི་མཐུན་པའི་རླུང་གིས་འགྲོ་བ་དང་ཆོས་མཐུན་པས་སོ། །ཡང་ན་རང་དགར་ཞེས་བྱ་བ་ནི་རླུང་གི་དབང་མ་ཡིན་པར་ཡང་དེའི་བདེན་པའི་བྱིན་གྱི་བསོད་ནམས་ཀྱིས་ཡོངས་སུ་གཟུང་བས་སོ། །ཉི་མ་ནུབ་བའི་ལམ་ཞེས་བྱ་བ་ནི་ནམ་མཁའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ལེགས་པར་ཕ་རོལ་ཏུ་ཕྱིན་པའི་སྐྱེས་པའི་རབས་སོ།། །།ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཉར་སྐྱེས་པ་འདི་ཉིད་དུ་དེའི་ཚུལ་ཁྲིམས་གཟུང་བ་ཡིན་ཏེ། ཟས་སུ་གྱུར་པའི་ནི་ནང་གི་ཉ་དག་ལས་


DTG168_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མིར་གྱུར་པ་གཞན་དག་ལ་ནི་དགེ་བ་དང་མི་དགེ་བའི་ལས་ལ་གོམས་པ་འདི་ལྟ་བུ་མེད་པ་ཡིན་ཏེ། ཚེ་རབས་གཞན་དང་གཞན་དུ་གོམས་པར་བྱས་པའི་ཕྱིར་རོ། །དེ་ལྟ་བུ་དག་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་སོ། །མ་བསྒྲིབས་ཀྱང་ཞེས་བྱ་བ་ནི་གོམས་པར་བྱས་པའི་ཕྱིར་ཏེ། རྨི་ལམ་གྱི་ནང་བཞིན་དུ་སྟོན་པའི་ཕྱིར་རོ། །བྱམས་པ་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྦྱིན་པ་དང༌། ཚིག་འཇམ་པོ་དང༌། དོན་སྤྱོད་པ་ལ་སོགས་པའི་རིམ་པས་རབ་ཏུ་ཕན་འདོགས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིར་ཇི་ལྟར་བསྡུ་བའི་དངོས་པོ་བཞིས་ཕན་འདོགས་པའི་དོན་ཡིན་ཞེ་ན། མཐུན་པར་བདག་དང་གཞན་ལ་ཕན་འདོགས་པར་འཇུག་པ་ནི་འདི་དག་གི་བསྡུས་པའི་དོན་ཏེ། འདིར་ནི་གཞན་ལ་ཕན་འདོགས་པ་རང་འཇུག་པ་འབའ་ཞིག་གི་དབང་དུ་བྱས་པའོ། །རིམ་པ་ཞེས་སྨོས་པ་ནི་འདུལ་བའི་སྐྱེ་བོ་ལ་སྔོན་དུ་སྦྱིན་པར་བྱ་བ་ཡིན་ནོ། །དེ་ནས་ཚིག་འཇམ་པོས་ཡང་དག་པར་བསྟན་ཅིང་ཡང་དག་པར་གཟེངས་བསྟོད་པར་བྱའོ། །དེའི་འོག་ཏུ་རབ་ཏུ་ཞུགས་པར་གྱུར་པ་རྣམས་ལ་དོན་སྤྱོད་པས་གང་དུ་དེ་འཛིན་དུ་བཅུག་ཅིང་དེའི་གྲོགས་བྱེད་པ་ཡིན་ཏེ། བསྡུ་བའི་དངོས་པོ་དེའི་རིམ་པ་ནི་འདི་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔའི་ཕན་འདོགས་པ་ཁྱད་པར་དུ་གྱུར་པའོ། །ཐབས་ལ་མཁས་པ་ནི་ཤེས་རབ་ཀྱིས་སོ། །རིགས་པས་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱིས་སོ། །དེ་གཉིས་ཀྱིས་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་བསྟན་ཏོ། །ཉ་རྣམས་ཀྱི་ཆོས་ཀྱི་ཚུལ་ནི་ཉ་ཟ་བར་བྱེད་པའོ། །ཉའི་རིགས་དེས་ལེགས་པར་བསྐྱངས་བས་རབ་ཏུ་དར་ཞིང་རྒྱས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནོད་པ་མེད་པའི་ཕྱིར་རོ། །ཇི་ལྟ་བུར་ཞེ་ན། མིའི་བདག་པོས་ཚུལ་བཞིན་སྤྱོད་པས་ཡོངས་སུ་བསྐྱངས་པ་ནི་འབངས་རྣམས་གནོད་པ་མེད་པ་བཞིན་ནོ། །སྐལ་བ་མེད་པར་གྱུར་པ་ཞེས་བྱ་བས་ནི་རྒྱུ་མ་ཚང་བར་སྟོན་ཏོ། །ཆར་འབེབས་པའི་ལྷའི་བུ་བག་མེད་པ་ཞེས་བྱ་བས་ནི་


DTG168_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མ་ཚང་བར་སྟོན་ཏེ་རྒྱུ་དང་རྐྱེན་རྣམ་པ་གཉིས་ནི་དངོས་པོ་ཐམས་ཅད་འབྱུང་བ་ཡིན་ཏེ་གཞན་དུ་ནི་མ་ཡིན་ནོ། །ངལ་ཞིང་ལེ་ལོའི་དབང་གིས་བུལ་བར་གྱུར་པ་འདྲ་བའི་ཞེས་བྱ་བ་ནི་ཉི་མ་རིང་ཞིང་སོ་གའི་དུས་སུ་འགྲོས་བུལ་བའི་ཕྱིར་རོ། །ཇི་ལྟར་འཇིག་རྟེན་པ་རྣམས་ངལ་བ་དང་ལེ་ལོའི་དབང་དུ་གྱུར་ན་མྱུར་དུ་འདའ་བར་བྱེད་མི་ནུས་སོ། །དེ་བཞིན་དུ་ཉི་མའི་དཀྱིལ་འཁོར་ཡང་དེ་ལྟ་བུས་འཇུག་པའི་ཕྱིར་རོ། །དེས་ན་ཡང་སྐོམ་པའི་དབང་གིས་ཉིན་རེ་བཞིན་འཐུང་བ་བཞིན་དུ་ཞེས་བྱ་བ་ནི་ས་དང་ཀླུང་གཉིས་ལ་ཉི་མའི་འོད་ཀྱིས་གདུངས་པའི་དྲོད་ཀྱིས་སོ། །ཚ་བ་དང་སྐོམ་པའི་དབང་གིས་བསིལ་བ་འདོད་པས་ཉིན་རེ་ཞིང་འཐུངས་པ་བཞིན་དུ་ཞེས་བྱ་བ་དེ་ཉིད་བསྒྲུབ་པའི་ཕྱིར། དཔྱིད་ཀྱི་དུས་ཀྱི་ཉི་མ་འབར་བ་དང༌། །ཞེས་བྱ་བའི་ཚིགས་བཅད་དེ་སྔར་སྨོས་པའི་ཚིག་རྐང་གི་དོན་འདིས་སྟོན་ཏེ། རྒྱུ་འདི་གསུམ་གྱིས་ཆུ་སྐམ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཁྭ་རྣམས་ཀྱང་ཞེས་བྱ་བ་ནི་ཆུ་ལས་རིང་དུ་སྤྱོད་པའོ། །ཆུ་ཡང་ཉིན་རེ་ཞིང་ཞེས་བྱ་བ་དང༌། བྲོས་ཏེ་འགྲོ་བའི་ལམ་ཡང་མེད། །ཅེས་བྱ་བའི་ཚིགས་བཅད་ཀྱིས་ནི་ཉ་རྣམས་རྣམ་པར་འཇིགས་པའི་རྒྱུ་མ་ལུས་པར་བསྟན་ཏེ། རྒྱུ་གསུམ་གྱིས་དགྲ་ལས་ཐར་པར་མི་འགྱུར་བ་ཡིན་ཏེ། དགྲ་རྣམས་སྟོབས་ཆེ་ཞིང་དེའི་གནས་ན་འདུག་པ་དང༌། དེ་མེད་ཀྱང་ཡུལ་གཞན་དུ་འགྲོ་བར་མི་ནུས་པ་དང༌། དེ་མེད་ཀྱང་དགྲ་དང་ཉེ་བར་གནས་པ་སྟེ། རྒྱུ་འདི་གསུམ་ཡོད་པས་གདོན་མི་ཟ་བར་ཉ་རྣམས་འཇིགས་པའི་རྒྱུར་སྟོན་ཏོ། །དགྲ་རྣམས་སྟོབས་ཆེ་ཞིང༌། གནས་ན་འདུག་པས་སྐྱབས་མེད་པའི་དབང་དུ་བྱས་ནས། ཆུ་ཡང་ཉིན་རེ་བྲི་བར་གྱུར། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། སྔར་གནས་པའི་ཆུ་ཟད་པ་དང། ཆུ་ཕྱི་མ་མ་བྱུང་བས་སོ། །ཚིགས་བཅད་གཉིས་པས་ནི་དེ་ཡུལ་གཞན་དུ་འགྲོ་མི་ནུས་པ་དང༌། དགྲ་དང་ཉེ་བར་གནས་པར་བསྟན་ཏོ། །ཡུལ་གཞན་དུ་འགྲོ་བར་མི་ནུས་པའི་རྒྱུ་ནི་གཉིས་ཏེ། རང་གི་སྐྱེས་བུའི་བྱེད་པའམ། གཞན་གྱི་དཔུང་སྟ་གཉི་ག་


DTG168_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །བདག་ཅག་བརླག་པར་དགའ་བའི་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་ནི་དགྲ་དང་ཉེ་བར་གནས་པ་སྟོན་ཏོ། །ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔ་ནི་ཆར་འབབ་པའི་རྟགས་ཀྱི་དབང་དུ་བྱས་པ་དང༌། ཆར་འབབ་པའི་དབང་དུ་བྱས་པ་སྟེ། ཆར་འབབ་པའི་རྟགས་ཀྱི་དབང་དུ་བྱས་ནས། ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན། །ཞེས་བྱ་བའི་ཚིགས་བཅད་དང༌། འབྲུག་གི་རྔ་སྒྲས་རབ་ཏུ་དགའ་གྱུར་ནས། །ཞེས་བྱ་བ་དང༌། དེ་ཡིས་ཆར་ཕབ་མུ་ཏིག་གཏོར་བ་ཞེས་བྱ་བ་འདི་དག་ནི་ཆར་ཕབ་པའི་རྟགས་བསྟན་ཏོ། །འབྲུག་གི་རྔ་སྒྲ་བཞིན་དུ་ཞེས་བྱ་བའི་ཚིགས་བཅད་འདི་དག་གོ་རིམས་བཞིན་དུ་གནས་པ་ཡིན་ཏེ། དེའི་གོ་རིམས་ནི་རྨ་བྱ་རབ་དགའ་ཟེ་བ་འབྲེལ་པ་ཞེས་བྱ་བའི་འོག་ཏུ་འདི་བྲི་བར་བྱའོ།། དེའི་ཆར་འབབ་པའི་དུས་ཀྱི་རྟགས་ནི་རྣམ་པ་ལྔ་སྟེ། སྤྲིན་ལངས་པ་དང༌། འབྲུག་ཟེར་བ་དང༌། གློག་དང༌། ཆར་དང༌། རླུང་སྟེ། གོ་རིམས་ཇི་ལྟ་བ་བཞིན་སྦྱར་བར་བྱའོ། །བབ་པའི་དབང་དུ་བྱས་ན་ནི་དཔྱིད་ཀྱི་དུས་ལ་བབ་པར་རྣམ་པར་སྤེལ་ཀྱང༌། དཔྱིད་ཀྱི་དུས་ཀྱི་ཚ་བ་ཉེ་བར་ཞི་བ་སྟེ། ཆར་བབ་པས་སོ། །དཔྱིད་ཀྱི་དུས་ལ་བབ་པས་ཞེས་བྱ་བ་འདིས་ནི་ཆར་བབ་པར་བྱེད་པ་བསྟན་ཏོ། །འདི་ཉིད་སྔར་བསྟན་པའི་རྟགས་ཉིད་ལ་འཇུག་པར་འདོད་པ་ཡིན་ཏེ་དེ་བསྟན་པའི་ཕྱིར། ཆར་སྤྲིན་འབྲུག་སྒྲ་ཟབ་ཅིང་བརྟན།། ཞེས་སྨོས་ཏེ། ཆར་སྤྲིན་འབྲུག་སྒྲ་ཞེས་བྱ་བ་འདིས་ནི་སྤྲིན་དང་འབྲུག་སྒྲ་ཉིད་བསྟན་ཏོ། །ཆར་པའི་རྒྱུན་རྣམས་ཞེས་བྱ་བ་འདིས་ནི་ཆར་བསྟན་ཏོ། །གློག་འགྱུ་འབར་བ་ཞེས་བྱ་བ་འདིས་ནི་གློག་བསྟན་ཏོ། །ཅིའི་ཕྱིར་རླུང་འདིར་མ་སྨོས་ཤེ་ན། རླུང་མེད་པར་ཡང་འབབ་པའི་ཕྱིར་ཏེ། དེ་ནི་དེ་ལ་འཇིགས་པ་མེད་པའི་ཕྱིར་རོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཉའི་སྐྱེས་པའི་རབས་སོ།། །།བརྩོན་པར་བྱ་བ་ནི་གོམས་པར་བྱའོ། །མི་ནུས་པ་ནི་སྤྲོ་བ་མེད་པའོ། །སྒོ་ངའི་སྦུབས་ནས་


DTG168_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་ཞག་གྲངས་མང་པོ་མ་ལོན་པ་གང་ཡིན་པ་སྟེ། འདིས་ན་ཚོད་བསྟན་ཏོ། །སྤུ་སར་པ་གདོད་སྐྱེ་བ་གང་ཡིན་པ་དེས་ནི་འགྲོ་བའི་བྱ་བ་མི་ནུས་པ་བསྟན་ཏོ། །རབ་ཏུ་རིད་པས་ཞེས་བྱ་བ་ཡང་འགྲོ་མི་ནུས་པའི་རྒྱུ་ཉིད་དེ། འདབ་གཤོག་རྣམས་ཀྱང་རྒྱས་ཞེས་བྱ་བ་ནི་འཕུར་དུ་རུང་བའི་གཤོག་པ་ཡོད་པས་སོ། །ཐམས་ཅད་ཟ་ཞིང་ཞེས་བྱ་བ་ནི་ཁ་ཟས་ཅི་ཡང་རུང་བ་ཟ་བ་སྟེ། དེས་ན་མི་འཆི་ཞིང་བརྟས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། བརྐམ་ཞིང་བྱ་རོག་ལྟར་དཔའ་བ། །ངོ་ཚ་མེད་པ་ལེགས་པར་འཚོ། །བརྣབ་ཅིང་སྤྱི་བརྟོལ་ཆེ་བ་ཡི། །འཚོ་བ་ཤིན་ཏུ་ཉོན་མོངས་ལྡན། །ཞེས་བྱ་བ་ནི་ཆོས་མ་ཡིན་པ་བྱེད་པའོ། །རྟག་ཏུ་སྐྱོན་མེད་འཚོལ་བ་དང༌། །ཞུམ་ཞིང་བག་དང་ཆས་པ་དང༌། །འཚོ་བ་སྐྱོན་མེད་ལྟ་བ་དང༌། །ངོ་ཚ་ཤེས་པའི་འཚོ་མི་བདེ། །ཆོས་དང་ལྡན་པས་ཆོས་ཤེས་པའི་ཕྱིར་རོ། །གར་གྱི་ཁྱད་པར་མཛེས་པ་ཡིན་པས་གར་མཛེས་པའོ། །མིང་དོན་མེད་པ་གང་ཡིན་པ་དེ་ནི་མིང་དོན་མེད་པའོ། །མིང་དོན་མེད་པའི་རྐང་པ་གང་ཡིན་པ་དེ་ནི་རྐང་པ་མིང་དོན་མེད་པའོ། །རྐང་པ་ནི་འགྲོ་བར་བྱེད་པས་ན་རྐང་པ་སྟེ། དེའི་ནུས་པ་མེད་པའི་ཕྱིར་མིང་དོན་མེད་པ་ཉིད་དེ། འདིས་ནི་འགྲོ་བར་མི་ནུས་པའོ། །བདག་གི་རྐང་པ་མིང་དོན་མེད་པ་དང༌། འདབ་མ་མེད་པ་འདི་གཉིས་ཀྱིས་འགྲོ་བར་མི་ནུས་པར་བསྟན་ཏོ། །ཕ་མ་གཉིས་ཀྱང་ཞེས་བྱ་བ་ནི། ཕ་དང་མ་གཉིས་སོ། །བྱེར་ཞེས་བྱ་བ་ནི་ཡུལ་གཞན་དུ་སོང་བ་སྟེ། འདིས་ནི་བྲལ་བར་སྟོན་ཏོ། །བདག་ཀྱང་རེ་ཞིག་འདི་ལྟ་བུའི་གནས་སུ་གྱུར་པ་སྟེ། ཁྱོད་ལ་མགྲོན་བྱར་རུང་བ་ཅི་ཡང་མེད། །ཅེས་བྱ་བ་འདིས་ནི་ཁྱོད་ཀྱི་འོང་བ་ཡང་རྒྱུ་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་ཞེས་བྱ་བ་ནི་རྒྱུ་དེ་གཉིས་ནའོ། །རྒྱ་མཚོ་ཞེས་བྱ་བ་དང༌། བདག་ལ་ཕན་པར་འདོད་པ་ཞེས་བྱ་བ་གཉིས་ཀྱིས་ནི་དཔེ་སྨོས་པ་ཡིན་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པའི་དཔེ་རྣམ་པ་གཉིས་བསྟན་ཏེ། དེ་དང་རིགས་མི་མཐུན་པ་དཔེར་རབ་ཏུ་གྲགས་པས་ཆོས་མཐུན་པའི་དཔེ་བསྟན་པའི་ཕྱིར་རོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་


DTG168_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རབས་རྒྱ་ཆེར་བཤད་པ་ལས་བྱ་སྲེག་པའི་ཕྲུ་གུའི་སྐྱེས་པའི་རབས་སོ།། །།ཉེས་པ་དུ་མ་འབྱུང་བ་ཞེས་བྱ་བ་ནི་ཉེས་པ་དུ་མ་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མ་རུང་བར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་གནོད་པ་སྟེ། གཞན་དག་པས་ཤིན་ཏུ་སྡིག་པར་འབྱུང་བའི་ཕྱིར་རོ། །དགེ་བ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་བློ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སྤགས་པ་སྟེ། འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གཞན་ལ་ཕན་ཞིང་བདེ་བ་བྱེད་པ་ལ་དགའ་བ་ཞེས་བྱ་བ་འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །བསོད་ནམས་སྤེལ་བ་ཉམས་སུ་ལེན་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སྤེལ་ཞིང་སྒྲོགས་པའོ། །སྦྱིན་པ་དང་དུལ་བ་དང་ཞི་བ་ཞེས་བྱ་བས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་བསྟན་ཏེ། སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དུལ་བས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཞི་བ་ནི་ཁྲོ་བ་ཉེ་བར་ཞི་བའི་མཚན་ཉིད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སོགས་པ་སྨོས་པས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉི་ག་ལ་འཇུག་པའི་ཕྱིར་རོ། །ཕུན་སུམ་ཚོགས་ཀྱང་ཞེས་བྱ་བ་ནི་ལྷའི་དབང་པོའི་གོ་འཕང་ཐོབ་སྟེ་ལོངས་སྤྱོད་ཅི་འདོད་པ་དང་ལྡན་པར་གྱུར་ཀྱང་ངོ༌། །སྙིང་རྗེའི་དབང་དུ་གྱུར་པས་ཞེས་བྱ་བ་ནི་སྔར་བསྟན་པའི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འཇིག་རྟེན་གྱི་དོན་ལ་བརྩོན་པ་ལྷོད་པར་མ་གྱུར་ཏོ་ཞེས་བྱ་བ་ནི་སྔར་བསྟན་པའི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཔལ་དང་ལྡན་པ་ཉིད་ཆང་ཡིན་པས་དཔལ་ལྡན་ཆང་གི་ཞེས་པའོ།། དེས་མྱོས་པ་ནི་དཔལ་ལྡན་ཆང་གིས་མྱོས་བཞིན་ནའོ། །དཔལ་དང་ལྡན་པ་ཆང་གིས་སེམས་ཡོངས་སུ་དཀྲུགས་ཏེ་བདག་གི་དོན་ཡང་འདོར་བ་ནི་བག་མེད་པའོ། །བག་ཡོད་རྣམས་ནི་ཞེས་བྱ་བ་ནི་བག་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་དང་གཞན་གྱི་དོན་


DTG168_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །བག་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། སྡུག་བསྔལ་མང་པོས་གདུངས་པའི་སེམས་ཅན་ལ། །ཞེས་སྨོས་ཏེ། འདིའི་བསྡུས་པའི་དོན་ནི་སྙིང་རྗེ་དང༌། བརྟན་པ་དང་ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་གཞན་གྱི་དོན་སྤྱོད་པ་ཡོངས་སུ་མི་བརྗེད་པའོ། །སེམས་ཅན་ལ་བརྩེ་ཞིང་རང་གི་བདེ་བ་ལ་མ་ཆགས་པ་དང༌། བརྟན་པ་ལ་གནས་པའི་སྤྱོད་པ་དང༌། ཤེས་རབ་ཀྱི་རང་བཞིན་ཤེས་པས་སོ། །སྙིང་རྗེ་བ་ནི་མི་དགེ་བའི་ལམ་ལས་བཟློག་པ་དོན་དུ་གཉེར་བའོ། །བྱམས་པ་ནི་ཕན་པ་དང་བདེ་བ་ལ་སོགས་པའོ། །མཐུ་ཆེ་བའི་མིག་གིས་ཞེས་བྱ་བ་ནི་ལྷའི་མིག་གིས་སོ། །མི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་སྐྱོན་གྱིས་ཞེས་བྱ་བ་ནི་རྐྱེན་གྱིས་འབྱུང་བའི་ཕྱིར་རང་ཉིད་ཀྱིས་ནི་ལྡོག་པར་མི་ནུས་པ་ཉིད་དེ། དེ་བས་ན་སྐྱོན་ཞེས་བསྟན་ཏོ། །བློན་པོ་དང་འབངས་སུ་བཅས་པར་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་ལ་གནོད་པ་ཡིན་ཏེ། དེའི་རྐྱེན་གྱིས་སོ། །དེ་ལ་ཞེས་བྱ་བ་ནི་ཆང་འཐུང་བ་ལའོ། །སྐྱོན་དུ་ཡང་མི་ལྟ་བར་གྱུར་པ་ཞེས་བྱ་བ་ནི། སྐྱོན་དུ་ལྟ་བའི་ནུས་པ་ལས་ཉམས་པར་སྟོན་ཏོ། །སྐྱོན་ཆེ་བ་ཞེས་བྱ་བ་འདིས་ནི་དེ་ཉིད་སྟོན་པར་བྱེད་པ་ཡིན་ནོ། །འདི་དག་ཐམས་ཅད་ནི་བསམ་པའི་དོན་གྱི་རྒྱུ་ཡིན་ཏེ། འཐུངས་ན་ཐོག་མར་རབ་ཏུ་ཞིམ་ཞེས་བྱ་བ་འདི་དག་སྨྲས་སོ། །ཐོག་མར་ཞིམ་པ་ནི་སྐྱོན་དུ་ལྟ་བ་ལ་རྨོངས་པ་ཡིན་ཏེ། ཕྱི་ནས་རྗེས་སུ་འབྲེལ་པའི་ཉེས་པ་ལ་ནི་རྨོངས་པར་གྱུར་པས་སོ། །ལེགས་པར་འགྱུར་བ་ཞེས་བྱ་བ་ནི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་གཉིས་ལ་གཟུང་ངོ༌། །ཡང་ན་ལོག་པའི་ལམ་བཞིན་ཞེས་བྱ་བ་ནི་ལམ་ངན་པ་བཞིན་དུའོ། །ཅུང་ཟད་རྩུབ་པ་ཞེས་བྱ་བ་ནི་ཅུང་ཟད་རྩུབ་པའོ། །རལ་པའི་ཐོར་ཚུགས་ཡིན་པས་ན་སྐྲའི་ཐོར་ཚུགས་སོ། །གྱེན་དུ་མདུད་པའི་ཕྱིར་འཁྱིལ་བའོ། །ཅུང་ཟད་རྩུབ་པ་ཡང་ཡིན་ལ་འཁྱིལ་པ་ཡིན་པས་ཅུང་ཟད་རྩུབ་ལ་འཁྱིལ་བའོ། །སྐྲའི་ཐོར་ཚུགས་ཅུང་ཟད་རྩུབ་ལ་འཁྱིལ་བ་ག་ལ་ཡོད་པ་དེ་ནི་སྐྲའི་ཐོར་ཚུགས་ཅུང་ཟད་རྩུབ་པ་འཁྱིལ་བ་ཅན་ནོ། །ཤིང་གི་ཤུན་ལྤགས་དང༌། རི་དགས་ཨ་ཛི་ནའི་པགས་པ་


DTG168_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གྱོན་པའོ། །ཆང་གིས་གང་བ་ནི་ཆང་གིས་གང་བ་སྟེ། བུམ་པ་ཡང་མངོན་པར་སྤྲུལ་ལོ། །རིམ་གྲོ་བསྐྱེད་པ་ཞེས་བྱ་བ་ནི་འདྲ་བའི་རིམ་གྲོ་བསྐྱེད་པ་སྟེ། རྗེས་སུ་མཐུན་པའི་རིམ་གྲོ་ཞེས་བྱ་བའི་དོན་ཏོ། །མེ་ཏོག་གི་ཕྲེང་བ་མགུལ་ན་བཀོད་པ་གང་ཡིན་པ་དེ་ནི་མེ་ཏོག་གི་ཕྲེང་བ་མགུལ་ན་བཀོད་པའོ། །རྒྱན་གྱིས་བརྒྱན་པ་ཡིན་ཏེ། གང་གིས་ཤེ་ན། བུམ་པའི་རྒྱན་གྱིས་ཏེ། བུམ་པའི་རྒྱན་ནི་རྣ་བ་ལ་བརྒྱན་པའོ། །ཁྱོད་ཀྱི་སྐུ་ཞེས་བྱ་བ་ནི་ཆ་བྱད་དོ། །དེ་བས་ན་ཞེས་བྱ་བ་ནི་འོག་ནས་བསྟན་པའི་རྒྱུས་སོ། །ཁྱེད་ཅག་འཇིག་རྟེན་གཞན་ལ་མི་འཇིགས་ཤིང་ཞེས་བྱ་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །ངེད་ལ་ཞེས་བྱ་བ་ནི་མི་རྣམས་ལའོ། །ཁྱོད་ལྟ་བུ་ཞེས་བྱ་བ་ནི་ལྷའོ། །འདི་ནི་ཆུ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དེ་ནི་ཆང་འཐུང་བའི་ཕྱིར་གཞན་ལྟུང་བར་བྱ་བ་ལ་ཞོ་ལ་སོགས་པ་མི་འདོད་པ་ཡིན་པས་དེ་དག་གིས་དགའ་བ་མ་ཡིན་པ་བསྟན་པའི་ཕྱིར་དང༌། ཆུ་ལ་སོགས་པ་འཇིག་རྟེན་པ་དག་ལ་རབ་ཏུ་བསྔགས་པ་ཡིན་ཏེ། དེས་ན་འདི་དག་སྨོས་སོ། །གང་གོང་དུ་བསྟན་པ་དེ་ལ་སྐྱོན་དུ་ཡང་མི་ལྟ་བར་འགྱུར་ལ། ཆང་འཐུང་བ་ཡང་སྐྱོན་ཆེ་བར་མཐོང་ནས་ཞེས་བྱ་བ་ནི་ཆང་གི་སྐྱོན་ཆེ་བར་ཡང་དག་པར་བསྟན་པའི་ཕྱིར་ཚིགས་བཅད་བཅུ་བདུན་གྱིས་བསྟན་པ་སྟེ། དེ་ལ་ཆང་གི་སྐྱོན་ཡང་རྣམ་པ་གཉིས་ཏེ། མཐོང་བའི་ཆོས་ཀྱི་དང༌། དེ་ལས་སྐྱེ་པ་གཞན་པའོ། །དེ་ལ་མཐོང་བའི་ཆོས་ཀྱི་ཉེས་དམིགས་ཀྱི་དབང་དུ་བྱས་ནས་ཚིགས་བཅད་བཅུ་གསུམ་ཡིན་ཏེ། མཐོང་བའི་ཆོས་ཀྱི་སྐྱོན་ལ་ཡང་རྣམ་པ་གཉིས་ཏེ། བྱ་བ་མི་འཕེལ་བའི་སྐྱོན་ཤི་བ་ལྟར་གྱུར་པ་དང༌། བྱ་བ་མ་ཡིན་པ་ལ་འཇུག་པ་མྱོས་པ་ལྟར་གྱུར་པའོ། །དེ་ལ་བྱ་བ་མི་འཕེལ་བའི་སྐྱོན་གྱི་དབང་དུ་བྱས་པའི་གོ་རིམས་མདོར་བསྟན་པ་ནི་ཚིགས་བཅད་གཅིག་གོ །འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་ཀྱི་དབང་དུ་བྱས་པའི་གོ་རིམས་མདོར་བསྟན་པ་ཡང་ཚིགས་བཅད་གཅིག་གོ །དེ་ལ་བྱ་བ་མི་


DTG168_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་དབང་དུ་བྱས་པའི་ཚིགས་བཅད་བདུན་པོ་རྣམས་བསྡུས་པའི་དོན་ནི་འདི་ཡིན་ཏེ། སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་ཀྱིས་མདོ་སྡེ་རྒྱན་གྱི་ནང་དུ་ཆང་འཐུང་བའི་ཉེས་པའི་དབང་དུ་བྱས་ནས་གསུངས་ཏེ། དེ་ནི་ཚིགས་བཅད་འདི་དག་བསྡུས་པའི་དོན་ཡིན་ཏེ། ཇི་སྐད་དུ། གང་ཞིག་འཐུངས་པས་ལུས་རྙོག་དྲན་འཕྲོག་ཚུལ་ལས་འདའ་བ་དང༌། །བློ་རྨོངས་ངོ་ཚའི་ཆོས་གཅོད་འདུ་ཤེས་ཉམས་ཤིང་རིགས་བསླད་འགྱུར། །དགའ་མཆོག་ཉམས་ཤིང་ཞེ་སྡང་སྐྱེད་པར་བྱེད་པ་གང་ཞིག་གིས། །འཐུངས་ན་མྱོས་པར་འགྱུར་ཞིང་དྲན་ཉམས་དེ་ནི་འཆི་བཞིན་གནས། །ཞེས་བཤད་དོ། །དེ་བས་ན་ཚིགས་བཅད་འདིའི་གོ་རིམས་ཀྱིས་མཚོན་པ་འདིས་ནི། གང་ཞིག་འཐུངས་ན་ར་རོ་བློང་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དག་གི་དོན་བསྟན་པ་ཡིན་ནོ། །ལུས་རྙོག་ཅེས་བྱ་བ་དང༌། དྲན་པ་འཕྲོག་པ་དང༌། ཚུལ་ལས་འདའ་བ་ཞེས་བྱ་བ་ནི་གང་གི་ཕྱིར་འཆི་བར་གྱུར་ན་ཡོན་ཏན་འདི་དག་ཉམས་པ་ཡིན་ཏེ། དེ་བཞིན་དུ་ཆང་འདི་འཐུངས་ན་ཡང་ར་རོ་བློང་ནས་གོམ་པ་དབང་མེད་འདོར་ཞིང་འགྲོ་བ་དང༌། ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམ་ཞིང་རྡེག་འཆོས་ཞེས་བྱ་བ་ཡིན་ཏེ། འདིར་ནི་སྔར་བསྟན་པའི་ལུས་རྙོག་ཅེས་བྱ་བ་དེ་བསྟན་པ་ཡིན་ནོ། །དྲན་པ་ཉམས་པ་ཞེས་བྱ་བ་འདིས་ནི་གོང་དུ་བསྟན་པའི་དྲན་པ་འཕྲོག་ཅིང་ཞེས་བྱ་བ་དེ་ཉིད་སྟོན་ཏོ། །བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དང་དེ་དག་ཟར་འགྱུར་བ། །ཞེས་བྱ་བ་འདིས་ནི་གང་གོང་དུ་བསྟན་པའི་ཚུལ་ལས་འདའ་བ་ཞེས་བྱ་བ་དེ་སྟོན་ཏོ། །ཚིགས་བཅད་ཀྱི་དོན་གང་སྔར་བསྟན་པའི་ངོ་ཚའི་ཆོས་གཅོད་ཅེས་བྱ་བ་དེའི་དབང་དུ་བྱས་ནས་ཚིགས་བཅད་གཉིས་ཡིན་ཏེ། གང་གིས་བདག་གི་སེམས་ལ་དབང་མེད་ཅེས་བྱ་བ་དང༌། འཐུངས་ན་གང་གིས་བདག་གི་ངོ་ཚ་འོས་པ་འདའ་དོར། །ཞེས་བྱ་བའི་ཚིགས་བཅད་གཉིས་ཏེ། ངོ་ཚའི་ཆོས་ཞེས་བྱ་བ་ནི་ཁྲེལ་ཡོད་པ་ཡང་འདི་ཡིན་ནོ། །སྔར་བསྟན་པའི་བློ་རྨོངས་པར་བྱེད་ཅེས་བྱ་བ་འདི་ནི་ཁྲེལ་


DTG168_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དབང་དུ་བྱས་ནས་གསུངས་པ་སྟེ། གང་གིས་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམ། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །གང་གི་ཕྱིར་ཤི་ན་ནི་བློ་ལ་ཁྲེལ་ཡོད་པ་མེད་དེ། དེས་ན་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམ། །ཞེས་ཏེ། འདི་ནི་གང་སྔར་བསྟན་པའི་བློ་རྨོངས་པར་བྱེད་ཅེས་བྱ་བ་དེ་ཉིད་བསྟན་ཏོ། །ཕྱུགས་དང་འདྲ་བར་བླུན་ཞིང་དགྲ་བོས་འཕྱས་ཀྱང་བྱེད་པར་འགྱུར། །གང་གིས་འདུན་སར་གར་བྱེད་འགྱུར་ཞིང་རང་གི་ཁར་རྔ་བརྡུང༌། །ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་ནི་ཁྲེལ་ཡོད་པ་གཅོད་པར་བསྟན་ཏོ། །ངོ་ཚའི་ཆོས་གཅོད་པའི་དབང་དུ་བྱས་ནས་འཐུངས་ན་གང་གིས་བདག་གི་ངོ་ཚ་འདོར་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། བདག་གི་ངོ་ཚ་བ་ནི་མཛེས་པ་ཡིན་ཏེ། བདག་ཉིད་ལ་ལྟོས་ནས་འཛེམ་པ་ལ་བདག་གི་ངོ་ཚ་བ་ཞེས་བརྗོད་དེ་བདག་གི་དབང་དུ་བྱས་ནས། ཁ་ན་མ་ཐོ་བ་ལ་འཛེམ་པ་ཞེས་བྱ་བའི་ཚིག་གིས་སོ། །གང་འཐུངས་ན་ནི་ཞེས་བྱ་བའི་ཚིགས་བཅད་འདི་ནི་གང་གོང་དུ་བསྟན་པའི་འདུ་ཤེས་ཉམས་པར་འགྱུར་ཞེས་བྱ་བ་དེའི་དབང་དུ་བྱས་པ་སྟེ། འདུ་ཤེས་ཉམས་པར་གྱུར་པ་ནི། །དྲན་པ་མེད་པར་ཞེས་བྱ་བའི་ཚིག་གིས་སོ། །གང་ཞིག་འཐུངས་ན་མྱོས་ཏེ་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་གང་གོང་དུ་བཤད་པའི་རིགས་བསླད་ཅེས་བྱ་བ་དེའི་དབང་དུ་བྱས་པ་སྟེ། འདི་ལྟར་བུད་མེད་ལ་འཕྱོས་པར་གྱུར་པས་རིགས་བསླད་པར་འགྱུར་རོ། །གང་ཞིག་འཐུངས་ན་མྱོས་པས་དྲན་བརླག་སྟེ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་དགའ་མཆོག་ཉམས་ཞེས་བྱ་བ་དེའི་དབང་དུ་བྱས་པ་སྟེ། མེ་བྱུང་ནས་ཞེས་བྱ་བའི་ཚིག་གིས་སོ། །གང་ལ་ཆགས་ན་དཔལ་གྱི་གཞིར་གྱུར་རིགས། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་ཞེ་སྡང་སྐྱེད་པར་བྱེད་པ་དེའི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་ཞེ་སྡང་ལས་ནི་རིགས་གཅོད་པར་བྱེད་པས་སོ། །གློ་བུར་དུ་དུ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དྲུག་གིས་ནི། གང་


DTG168_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འཐུངས་ན་བྱ་བ་ཉམས་ཤིང་བག་ཚ་བ་མེད་ཆོས་མི་སྤྱོད། །དོན་མེད་ཕུང་ཁྲོལ་ཤེས་ཤིང་འདུལ་དང་མི་ལྡན་བརྙས་ལ་གནས་མིན་རྡེག །དུ་ལ་རྨོངས་ཤིང་སྨྲ་དང་འདོན་ཟློས་དགོད་བྱེད་སྨྱོ་འགྱུར་ཡོན་ཏན་དག །མ་ལུས་འཕྲོག་བྱེད་ཡ་རབས་ངོ་ཚ་ཅན་དག་སུ་ཞིག་འཐུང་བར་བྱེད། །ཅེས་བྱ་བའི་ཚིགས་བཅད་འདི་ནི་བསྡུས་པའི་དོན་ཡིན་ཏེ། དེ་ལས་གློ་བུར་དུ་དུ་ཞིང་འདུག་ལ་ཞེས་བྱ་བའི་ཚིགས་བཅད་འདི་ནི་བརྙས་པ་ལ་སོགས་པ་དེའི་དབང་དུ་བྱས་པ་ཡིན་ནོ། །རྒས་པར་གྱུར་ཀྱང་གང་གི་སེམས་ཉམས་ཤིང༌། །ཞེས་བྱ་བའི་ཚིགས་བཅད་འདི་ནི་འདུལ་དང་མི་ལྡན་ཞེས་བྱ་བ་དེའི་དབང་དུ་བྱས་པའོ། །གང་གི་ཉེས་པས་སྔོན་གྱི་ལྷ་རྣམས་ཞེས་བྱ་བའི་ཚིགས་བཅད་འདི་ནི་བྱ་བ་ཉམས་ཞེས་བྱ་བ་དེའི་དབང་དུ་བྱས་པ་ཡིན་ནོ། །མི་བདེན་པ་ཡང་བདེན་པ་བཞིན་དུ་ངོ་མཐོན་སྨྲ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་ཆོས་མི་སྤྱོད་ཅེས་བྱ་བ་དང༌། ཕུང་ཁྲོལ་དོན་མེད་ཤེས་ཤིང་ཞེས་བྱ་བ་དེའི་དབང་དུ་བྱས་པའོ། །དེ་ལ་མི་བདེན་པ་ཡང་བདེན་པ་བཞིན་དུ་ངོ་མཐོན་སྨྲ། །ཞེས་བྱ་བ་དང༌། མི་བྱ་བ་ཡང་བྱ་བ་བཞིན་དུ་དགའ་བཞིན་བྱེད། །ཅེས་བྱ་བའི་ཚིགས་བཅད་ཕྱེད་པོ་འདིས་ནི་ཆོས་མི་སྤྱོད་ཅེས་གང་བསྟན་པ་དེ་ཉིད་བསྟན་པ་ཡིན་ནོ། །གང་གི་ལན་གྱིས་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས། །ཞེས་བྱ་བ་འདིས་ནི་ཕུང་ཁྲོལ་དོན་མེད་ཅེས་བྱ་བ་སྔར་བསྟན་པ་དེ་ཉིད་བསྟན་ཏོ། །མྱོས་གྱུར་རིག་སྔགས་ཞེས་བྱ་བའི་ཚིགས་བཅད་འདིས་ནི་གང་སྔར་བསྟན་པའི་གནས་མིན་རྡེག་ཅིང་མྱོས་འགྱུར་ཡོན་ཏན་འཕྲོག་བྱེད་ཡ་རབས་སུ་ཞིག་འཐུང་བར་བྱེད། །ཅེས་བྱ་བ་དེ་དག་གི་དབང་དུ་བྱས་པའོ། །གང་གིས་བློ་ནི་རབ་ཏུ་ཉམས་གྱུར་ནས། །ཞེས་བྱ་བའི་ཚིགས་བཅད་འདི་ནི་བག་ཚ་བ་མེད་ཅེས་བྱ་བ་གང་བསྟན་པ་དེའི་དབང་དུ་བྱས་པའོ། །འདིར་བག་ཚ་བ་མེད་པ་ནི་མི་འཇིགས་པ་སྟེ། མཚམས་མེད་པ་ལྔའི་ལས་ཀྱིས་ངན་འགྲོར་འགྲོ་བས་ཞེས་བྱ་བའི་དོན་ཏེ། ཚིགས་བཅད་འདི་གཉིས་ཀྱི་དོན་མདོ་སྡེ་རྒྱན་ལས་བླངས་པ་ཡིན་ཏེ། གཞུང་རབ་ཏུ་མངས་


DTG168_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དོགས་པས་སྐབས་མ་ཡིན་པ་མང་པོ་ནི་འདིར་མ་བྲིས་སོ། །འདི་དག་གི་གོ་རིམས་ཀྱི་རྒྱུ་ནི་དང་པོར་ལུས་དང་ཟུངས་ནི་གཞི་ཡིན་པའི་ཕྱིར་ལུས་དྲི་མ་ཅན་དུ་བྱེད་པ་ཞེས་བསྟན་པ་དེ་ཉིད་དོ། །དེའི་འོག་ཏུ་ནི་དྲན་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ལུས་དང་དྲན་པ་ཉམས་པའི་འོག་ཏུ་ནི་ཚུལ་ཁྲིམས་དང་མཐུན་པའི་རིགས་ཞེས་བྱ་བའི་དབང་དུ་བྱས་ནས་སྨྲས་པའོ། །དེའི་འོག་ཏུ་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ནི་འཇིག་རྟེན་བསྲུངས་པའི་ཕྱིར་རོ། །གཉིས་པོ་དེའི་འོག་ཏུ་ནི་འདུ་ཤེས་ཉམས་པའོ། །དེ་ནས་རིགས་བསླད་པར་གྱུར་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཉེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ད་ནི་དགའ་མཆོག་ཉམས་ཞེས་བྱ་བ་དང༌། ཞེ་སྡང་སྐྱེད་པ་ཞེས་བྱ་བ་དེ་གཉིས་སྨོས་པ་ཡིན་ཏེ། སྐྱེ་བོ་ཉེ་དུ་དང་ཉེ་དུ་མ་ཡིན་པ་རྣམས་ཀྱང་གཅིག་ལ་གཅིག་རྣམ་པར་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཚིགས་བཅད་བདུན་གྱི་གོ་རིམས་ཀྱི་རྒྱུ་བསྟན་ནས། ད་ནི་ཚིགས་བཅད་དྲུག་གི་གོ་རིམས་ཀྱི་རྒྱུ་བསྟན་པར་བྱ་སྟེ། གཞན་དག་ལ་བརྙས་པ་ཡིན་པས་ཡོངས་སུ་བརྙས་པ་སྟེ། དེ་བརྙས་པ་བྱུང་བའི་རྒྱུའོ། །དེའི་འོག་ཏུ་འདུལ་དང་མི་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ནི་བྱ་བ་ཉམས་པའོ། །དེའི་འོག་ཏུ་ནི་ཆོས་མི་སྤྱོད་པར་རོ། །དེའི་འོག་ཏུ་ནི་ཚུལ་ཁྲིམས་མི་ཤེས་པ་སྟེ། མིའི་འཇིག་རྟེན་དུ་སྐལ་བ་ཉམས་པ་ཡིན་ན་ཡང་ངན་པར་གྱུར་པ་དང༌། འཇིག་རྟེན་ཕ་རོལ་ཏུ་ཡང་མཚམས་མེད་པའི་ལས་ཀྱི་རྒྱུ་འདི་འབྱུང་བའོ། །དེ་ལྟར་ཚིགས་བཅད་དྲུག་གི་གོ་རིམས་ཀྱི་རྒྱུ་འདི་དག་གོ །དེ་ལྟར་ཚིགས་བཅད་བཅུ་གསུམ་པོ་འདི་རྣམས་ཀྱི་དོན་བསྡུས་པའི་ཚིགས་བཅད་གཅིག་སྟེ། མི་ཡི་བདག་པོ་ཆང་འདི་དེ་འདྲ་ཡང༌། །ཞེས་བྱ་བ་ཡིན་ནོ། །ད་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་ཀྱི་དབང་དུ་བྱས་ནས། །གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །ཞེས་བྱ་བ་དང༌། ཆང་དེ་ཉུང་ངུ་འཐུངས་ཀྱང་ཞེས་བྱ་བའི་ཚིགས་བཅད་གཉིས་ཏེ། གང་ཞིག་བསྟེན་ན་རབ་ཏུ་འཇིགས་པར་ལྟུང༌། །ཞེས་བྱ་བ་ནི་གང་སྔར་བསྟན་མ་


DTG168_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པའི་གང་ཞིག་བློ་ནི་རབ་ཏུ་ཉམས་གྱུར་ནས། ཞེས་བྱ་བའི་ཚིགས་བཅད་དེའི་མཚམས་མེད་པའི་ལས་ཀྱིས་ངན་སོང་གི་འགྲོ་བར་འཇུག་པ་ཡིན་ཏེ། ལས་དེ་བྱས་ནས་དམྱལ་བ་ལ་སོགས་པའི་ངན་སོང་རྣམ་པ་གསུམ་དུ་འགྲོ་བར་འགྱུར་ཏེ། དེ་ལྟར་འགྲོ་བའི་ལས་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སོ། །བསྟེན་པ་ཞེས་བྱ་བ་ནི་ཆང་བསྟེན་པའོ། །ངན་པ་སྤྱོད་པར་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་ལས་ལ་སོགས་པ་རྣམ་པ་གསུམ་ངན་པར་སྤྱོད་པར་འགྱུར་བའོ། །ཡང་ན། གང་ཞིག་བསྟེན་ན་ངན་པར་སྤྱོད་པར་འགྱུར། །ཞེས་བྱ་བ་ནི་ཆང་འཐུང་བ་ཉིད་ངན་པ་སྤྱོད་པར་འགྱུར་བ་ཉིད་དེ། དེ་ཉིད་ཤས་ཆེ་བ་ལ་སོགས་པ་བསྟན་པ་འདིས་ན་ཆང་འཐུང་བ་ཉིད་ཀྱིས་ངན་སོང་གསུམ་དུ་འགྲོ་བ་ཡིན་ནོ། །ཡི་དྭགས་དབུལ་བར་འགྱུར་ཞེས་བྱ་བ་ལ། དབུལ་བ་ཞེས་སྨོས་པ་ནི་ཡི་དགས་རྫུ་འཕྲུལ་ཆེ་བ་དག་མ་ཡིན་པའི་དོན་ཏེ། གང་གི་ཕྱིར་དེ་ནི་ལྷའི་འབྱོར་པ་ལྟ་བུར་རྗེས་སུ་མྱོང་བ་ཡིན་ཏེ། ཆང་འཐུང་བ་ནི་ཉེས་པ་ཆེ་བ་ཡིན་པས་གཅིག་ཏུ་མི་འདོད་པའི་འབྲས་བུ་བསྐྱེད་པ་ཡིན་པའི་ཕྱིར་ཡི་དགས་རྫུ་འཕྲུལ་ཆེ་བ་དག་ཏུ་སྐྱེ་བ་ནི་མི་རིགས་སོ། །ཇི་ལྟར་ཆང་འཐུང་བ་ངན་པ་ལ་སྤྱོད་པ་ཡིན་ཞེ་ན། དེའི་ཕྱིར་སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་ཀྱིས་བཤད་པ། མི་འཚེ་མི་རྐུ་འཁྲིག་པ་མི་སྤྱོད་པ། །ལུས་ཀྱི་དགེ་བ་བྱས་པ་གསུམ་ཡིན་ནོ། །འབྲེལ་མེད་ཕྲ་མ་བརྫུན་དང་ཚིག་རྩུབ་སྤོང༌། །ངག་གི་དགེ་བ་རྣམ་པ་བཞིན་ཡིན་ནོ། །ཆང་འཐུང་སྤོང་བ་འདི་ནི་སྡོམ་པ་བརྒྱད་པ་སྟེ། །གང་ཚེ་ཀུན་དུ་འཚོ་བ་དགེ་བ་ལྡན་གྱུར་པ། །དེ་ཚེ་ཚུལ་ཁྲིམས་ཆོ་ག་གནས་པར་གྱུར་པ་ཡིན། །དེ་ལས་ཚུལ་ཁྲིམས་འཆལ་པར་མཁས་པས་བཤད། །དེ་བས་ན་ཆང་འཐུང་བ་ནི་ངན་པར་སྤྱོད་པ་ཉིད་དོ། །དེ་ལྟར་རེ་ཞིག་འཐུང་བས་ནི་ངན་སོང་གསུམ་དུ་འགྲོ་བའི་རྣམ་པར་སྨིན་པའི་འབྲས་བུ་བཤད་ནས། ད་ནི་རྒྱུ་མཐུན་པའི་འབྲས་བུའི་དབང་དུ་བྱས་ནས། ཆང་དེ་ཉུང་ངུ་འཐུངས་ཀྱང་ཞེས་བྱ་


DTG168_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིགས་བཅད་ཡིན་ཏེ། ཉུང་ངུ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཤས་ཆེ་བས་ཆང་འཐུང་བ་གསུམ་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ། ཤས་ཆེར་འཐུངས་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །འབྲིང་དུ་འཐུངས་པས་ནི་དུད་འགྲོའོ། །ཆུང་ངུ་འཐུངས་པས་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །དེ་ཉུང་ངུ་འཐུངས་པའི་རྣམ་པར་སྨིན་པས་མིའི་ནང་དུ་སྐྱེས་ཀྱང་ཞེས་བྱ་བས་ནི་ཆུང་ངུ་འཐུངས་པའི་རྣམ་པར་སྨིན་པས་ཡི་དགས་ཀྱི་འབྲས་བུ་རྗེས་སུ་མྱོང་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐལ་བ་མཉམ་པར་སྐྱེས་ན་ཡང་ཚུལ་ཁྲིམས་ལྟ་བ་ཉམས་ཞེས་སྨོས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱིས་ཕོངས་པ་དང༌། ལྟ་བས་ཕོངས་པར་འགྱུར་བ་ཡིན་ནོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་བྱ་བའི་ཚིག་གིས་ཆང་འཐུངས་པ་ནའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བ་དང༌། བློ་ཡང་རྣམ་པར་རྨོངས་པ་ཡིན་ཏེ། དེ་བས་ན་མིར་སྐྱེས་ན་ཡང་ཚུལ་ཁྲིམས་དང་ལྟ་བ་གཉིས་ཀྱིས་ཕོངས་པ་ཡིན་ཏེ། རྒྱུ་དང་འདྲ་བ་ཡིན་པའི་ཕྱིར་འབྲས་བུ་ཡང་ཚུལ་ཁྲིམས་དང་ལྟ་བ་ཉམས་པར་འགྱུར་བ་ཡིན་ཏེ། ཕྱིས་ཀྱང་གསུམ་པོ་གང་ཡང་རུང་བ་དག་ཏུ་སྐྱེ་བར་འགྱུར་རོ། །ད་ནི་ཐམས་ཅད་ཀྱིས་བསྡུས་པའི་དོན་གྱི་ཚིགས་བཅད་ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་ཞེས་བྱ་བའི་ཚིགས་བཅད་བསྟན་པ་ཡིན་ཏེ། ཚུལ་ཁྲིམས་ཉམས་པས་ནི་ངན་འགྲོ་དག་ཏུ་ཤིན་ཏུ་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་བ་ཡིན་ཏེ། འདིས་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་བསྟན་ཏོ། །གཏམ་ངན་ཞེས་བྱ་བ་འདིས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་ཡིན་ཏེ། གང་གི་ཕྱིར་གྲགས་པ་ནི་མཐོང་བའི་ཆོས་ཀྱི་ཕུན་སུམ་ཚོགས་པ་ཡིན་ཏེ། གཞན་དང་འབྲེལ་པའི་ཕྱིར་རོ། །འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ནི་གྲགས་པ་ཡིན་ཏེ། མེད་ན་ནི་རྒྱུ་མེད་པའི་ཕྱིར་རོ། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །ཞེས་བྱ་བ་ལ། ངོ་ཚ་ཞེས་སྨོས་པས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་གཟུང་


DTG168_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །བློ་གྲོས་དྲི་མ་ཅན་དུ་འགྱུར། །ཞེས་བྱ་བ་ནི་ལྟ་བས་ཕོངས་པར་འགྱུར་བའི་ཕྱིར་རོ། །འདི་གཉིས་ཀྱིས་ཀྱང་ཚུལ་ཁྲིམས་གྲགས་པ་ཉམས་པར་བྱེད་པ་ཡིན་ནོ། །རྒྱུ་བཞི་པོ་འདི་དག་གིས་ནི་འཇིག་རྟེན་ཕ་རོལ་གྱི་ཕུན་སུམ་ཚོགས་པའི་རྒྱུ་ཉམས་པར་བསྟན་ཏེ། བཞི་པོ་འདིའི་ནང་དུ་ཉེས་པ་ཐམས་ཅད་འདུས་པའི་ཕྱིར་ཡོན་ཏན་ཐམས་ཅད་ཉམས་པར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར་སྨྲས་པ། །ཡོན་ཏན་དེ་དང་དེ་དག་ཉམས། །ཞེས་སྨོས་སོ། །དེ་བས་ན་ཞེས་བྱ་བ་ནི་ཆང་འཐུང་བ་ཉིད་སྐྱོན་ཆེན་པོ་ཡིན་པའི་ཕྱིར་རོ། །ཆང་འཐུངས་པའི་ཉེས་པ་ཁོང་དུ་ཆུད་པར་བྱས་པ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་དེ་ལ་སྐྱོན་དུ་ཡང་མི་ལྟ་བར་གྱུར་ལ་ཞེས་བྱ་བ་དེ་ཉིད་བསྟན་པ་ཡིན་ཏེ། སྐྱོན་དུ་མི་ལྟ་བ་ཞེས་བྱ་བ་ནི་ཆང་འཐུང་བ་ལ་ཆགས་པའི་སྐྱོན་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །ཞེན་པ་མེད་པར་འགྱུར་ཞེས་བྱ་བ་ནི་དེ་ལ་ཞེན་པ་མེད་པའི་རྒྱུ་ཡིན་པ་བྱས་ནས་དེའི་ཉེས་པ་བསྟན་པའི་ཕྱིར་བརྩམས་པ་ནི་ཉེས་པ་དེ་བསྒྲུབས་པ་ཡིན་ནོ། །བྱམས་པའི་ཕ་མ་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་མིའི་འཇིག་རྟེན་གཉེན་བཤེས་ཕན་པར་སྟོན་པ་ནི་གསུམ་ཞིག་ཡོད་དེ། བདེ་བར་འདོད་པ་དང༌། ཕན་པར་འདོད་པ་དང། ཐབས་སྟོན་པའོ། །གང་དེ་གསུམ་གྱི་ཡོན་ཏན་དང་ལྡན་པར་སྟོན་པ་ཡིན་ཏེ། བདེ་བར་འདོད་པ་ནི་ཕ་མའོ། །ཕན་པར་འདོད་པ་ནི་བླ་མའོ། །ཐབས་སྟོན་པ་ནི་ཐབས་དང་བསམ་པ་དང་བག་ལ་ཉལ་ཤེས་པ་སྟེ་ཐུབ་པའོ། །གསུམ་པོ་དེ་དང་འདྲ་བར་སྟོན་པའི་ཕྱིར་གསུམ་པོ་དེ་དང་མཉམ་པའོ། །ཡུལ་གྲུ་མཆོག་ལ་སོགས་པའི་ནོར་ནི་ང་མི་འདོད་དེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ཡིན་པའི་ཕྱིར་རོ། །རྒྱུ་གོང་མ་གཉིས་ཀྱི་ལན་ནི་འདི་ཡིན་ཏེ། ཕན་པར་སྨྲ་ལ་མཆོད་པར་བྱེད། །ཅེས་བྱ་བ་ནི་ཚིགས་བཅད་ཕྱེད་དེས་གྲགས་དང་དཔལ་ཞེས་བྱ་བའི་ཚིག་བཅད་འདི་གཉིས་ཀྱིས་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་བསྟན་ཏོ། །དཔལ་ཞེས་བྱ་བ་ནི་རྙེད་པ་ཡིན་ཏེ་དེའི་བདེ་བའོ། །དེ་ཡང་ཞེས་བྱ་བ་ནི་མཐོང་བའི་ཆོས་དང༌། འཇིག་རྟེན་ཕ་རོལ་གྱི་བདེ་བ་ཡིན་ནོ། །དེ་ཉིད་སྨྲས་པ། ངའི་ལུང་ལ་ཞེས་བྱ་བ་ནི་


DTG168_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་སུ་འགྲོ་བར་བྱེད་པ་སྟེ། འཇིག་རྟེན་ཕ་རོལ་གྱི་བདེ་བ་ཐོབ་པར་བྱེད་པའོ། །ཡང་ན་བདེ་བ་དེ་ཡང་འཐོབ། །ཅེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ཀྱི་ཡིན་ནོ། །ང་ཡི་ལུང་ལ་བརྟེན་ཞེས་བྱ་བ་འདི་ནི་འཇིག་རྟེན་ཕ་རོལ་ལ་བདེ་བ་འཐོབ་པའི་ཚིག་གོ །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བུམ་པའི་སྐྱེས་པའི་རབས་སོ།། །།ཚུལ་ཁྲིམས་ཀྱི་གཉེན་པོར་འགྱུར་ཞིང་གནོད་པ་ཞེས་བྱ་བ་ལ་འདིར་གཉེན་པོར་ཞེས་སྨོས་པ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་སུ་གཟུང་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་པ་ཡིན་པས་དེས་ན་གནོད་པ་ཡང་ཡིན་ནོ། །ཕྱུག་པོའི་རིགས་འཚོ་བའི་ཚུལ་དང་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་བདག་གི་སྐྱེ་བ་ཆོ་རིགས་ཕུན་སུམ་ཚོགས་པར་བསྟན་ཏོ། །ཆོ་རིགས་མཐོན་པོ་ལ་དགའ་བ་རྣམས་ཀྱིས་གཉེན་བྱ་བར་གསོལ་བ་བཏབ་པ་ཞེས་བྱ་བ་འདི་ནི་འདས་པའི་དུས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་རེ་བའི་གནས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་བཞིས་ནི་མ་འོངས་པའི་ལོངས་སྤྱོད་ཆེན་པོའི་འབྲས་བུའི་རྒྱུར་གྱུར་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །མ་འོངས་པའི་སྐྱེ་བར་གཡོག་འཁོར་མང་བའི་འབྲས་བུར་གྱུར་པ་སྟེ། སློང་བ་རྣམས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དཔལ་གྱི་གཞིར་གྱུར་པ་ཞེས་བྱ་བས་ནི་འདས་པའི་ཚེ་རབས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྒྱལ་པོས་བསྐུར་སྟི་བྱ་ཞིང་ཕན་འདོགས་པའི་འོས་སུ་གྱུར་པ་ཞེས་བྱ་བ་ལ། ཕན་བཏགས་པ་ཞེས་བྱ་བ་ནི་གཡོག་འཁོར་གྱི་སྦྱིན་པ་ལ་སོགས་པའོ། །བཀུར་སྟི་ནི་གདུགས་ལ་སོགས་པ་སྦྱིན་པའོ། །འཇིག་རྟེན་པས་མངོན་པར་བཀུར་བ་ཞེས་བྱ་བ་དང་དེ་གཉིས་ཀྱིས་ནི་འདས་པའི་སྐྱེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏོ། །དེ་བཞིན་དུ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་མཚན་ཉིད་དོ། །བསོད་ནམས་ཀྱི་ཚོགས་ཀྱི་འབྲས་


DTG168_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡང་རྣམ་པ་གསུམ་ལས་ལོངས་སྤྱོད་ཆེན་པོའི་བདག་ཉིད་དང༌། འཁོར་བར་གཡོག་འཁོར་ཕུན་སུམ་ཚོགས་པའི་མཚན་ཉིད་ནི་རྒྱལ་པོའི་རིགས་དང༌། ཕྱུག་པོའི་རིགས་ཞེས་བྱ་བས་བསྟན་ཏོ། །འཇིག་རྟེན་པས་བསྔགས་པའི་རིག་པའི་གནས་རྣམས་ལ་ནི་བསླབས། སྒྱུ་རྩལ་གྱི་ཐབས་རྣམ་པ་སྣ་ཚོགས་ལ་ནི་བློ་གསལ་བར་གྱུར་ཞེས་བྱ་བ་འདིས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་བསྟན་ཏོ། །ལུས་བྱད་བཟང་པོ་སྐྱེ་བོའི་མིག་ཏུ་སྡུག །ཅེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏོ། །ཆོས་དང་མི་འགལ་བར་འཇིག་རྟེན་གྱི་ཚུལ་ལ་མཁས་པས་ཞེས་བྱ་བ་འདིས་ནི་སྦྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའོ། །འཇིག་རྟེན་པ་རྣམས་ཀྱི་ནང་མི་བཞིན་དུ་སྙིང་ལ་ཆགས་པར་གྱུར་ཏོ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །གཞན་བསོད་ནམས་ཀྱི་ཚོགས་ཐམས་ཅད་ནི་ཆོ་རིགས་མཐོ་བའི་ཁྱད་པར་ཉིད་ཀྱིས་བསྟན་ཏེ་ཡང་མི་བརྗོད་དོ། །སྐྱོན་དང་ཡོན་ཏན་གཉིས་བརྟག་པ་ནི་སྐྱོན་དང་ཡོན་ཏན་ལ་བརྟགས་པ་སྟེ། སྐྱོན་དང་ཡོན་ཏན་ལ་བརྟན་པ་དང༌། སྐྱོན་དང་ཡོན་ཏན་ལ་སྨྲ་བའོ། །སྐྱོན་དང་ཡོན་ཏན་ལ་བརྟགས་ནས་ནང་མིའམ་ཕྱི་མི་རྣམས་ཀྱིས་བཀུར་སྟིའམ་སྨད་པར་བྱ་བ་ཡིན་ཏེ། སྐྱོན་ལ་བརྟགས་ནས་ནི་ནང་མི་འམ་ཕྱི་མི་གང་ཡང་རུང་བས་བཀུར་བ་མ་ཡིན་པའི་གནས་སུ་འགྱུར་རོ། །དེ་སྔོན་རབ་ཏུ་བྱུང་བ་ལ་གོམས་པར་བྱས་པས་ཞེས་བྱ་བ་ནི་ཚེ་རབས་སྔ་མ་ལ་འདྲིས་པར་བྱས་པའི་ཕྱིར་རོ། །རབ་ཏུ་བྱུང་བ་ལ་གོམས་པར་བྱས་པས་ཞེས་བྱ་བ་འདིས་ནི་རྒྱུའི་འབྲས་བུ་སྟོན་ཏོ། །ཚོལ་བ་ཞེས་བྱ་བ་འདིས་ནི་རྐྱེན་གྱི་འབྲས་བུ་ལས་བརྩམས་པ་ཡིན་ཏེ། ཚུལ་བཞིན་ཡིད་ལ་བྱེད་པའི་རྐྱེན་གྱིས་ཏེ། གཙོ་གཞན་གྱི་སྒྲའི་རྐྱེན་གྱིས་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བའི་ཚིག་གིས་སོ། །ཚོལ་བའི་སྡུག་བསྔལ་ཞེས་བྱ་བ་འདིས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་ཀྱི་དབང་དུ་བྱས་པའོ། །ཆོས་དང་འགལ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཡིན་ཏེ། ལོག་པའི་འཚོ་བ་སྟེ། ཁྱིམ་ན་གནས་ཤིང་མི་དགེ་བའི་ལས་ཀྱིས་


DTG168_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཕྱིར་རོ། །བདེ་འབྱུང་གནས་ཞེས་བྱ་བ་ནི། འཇིག་རྟེན་གཉི་གར་བདེ་བ་འབྱུང་བ་ཉིད་ཡིན་ཏེ། དཀའ་ཐུབ་ཀྱི་ནགས་ཚལ་ན་ནི་ཚོལ་བ་དང་ཆོས་དང་འགལ་བའི་སྒྲུབ་པ་མེད་པའི་ཕྱིར་རོ། །ཁྱིམ་རྫས་དང་དབྱིག་བརྒྱ་སྟོང་དུ་མ་ཡོད་པ་དེ་ཡང་བཤེས་གཉེན་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཕོངས་པ་དང༌། སློང་བ་རྣམས་ལ་ཇི་ལྟར་རིགས་པ་ཞེས་བྱ་བ་ནི་ཇི་ལྟར་འོས་པར་བཏང་ཞིང་རབ་ཏུ་བྱུང་བ་སྟེ། ཚིག་འདིས་ནི་ཅི་ཞིག་སྟོན་པ་ཡིན་ཞེ་ན། ཐེག་པ་ཆེན་པོའི་ཡན་ལག་ཉིད་དུ་བསྟན་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལོག་པར་སྤྱོད་པ་རྣམས་ལ་ཆགས་པ་མེད་པའི་ཕྱིར་ཏེ། དེ་བས་ན་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་ཅི་རིགས་པར་ཐེག་པ་ཆེན་པོར་བརྗོད་དོ། །དོན་རྣམ་པ་གཞན་དུ་ན་ཡུལ་རྣམས་ལ་ཆགས་པ་མེད་པའི་ལམ་ནི་སྦྱིན་པ་སྟེ། གཏོང་བ་ལ་གོམས་པས་ཆགས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་ཀྱང་ཅི་རིགས་པར་བརྗོད་པར་བྱའོ། །བསམ་གཏན་གྱི་ཡོན་ཏན་ལ་གོམས་པས་ཞེས་བྱ་བ་ནི་བསམ་གཏན་ཉིད་ཡོན་ཏན་ཡིན་ཏེ། ཡོན་ཏན་གཞན་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་བས་ན་དེ་ལ་གོམས་པའོ། །རྣ་བ་དང་སྙིང་ཚིམ་པར་བྱེད་པའི་ཚིག་ཡིན་ཏེ། ཚིག་དིའི་དོན་ནི་ཆོས་སྟོན་པ་ན་གྲོང་ཁྱེར་པའི་སྐད་དང༌། སྙན་ཅིང་འཇེབས་པ་དང༌། རྣམ་པར་གསལ་བ་དང༌། རྣམ་པར་རིག་པར་བྱ་བ་དང༌། མཉན་པར་འོས་པ་དང༌། མི་གནས་པ་དང༌། མི་མཐུན་པ་མེད་པ་དང༌། མི་གསལ་བ་མེད་པ་སྟེ། གང་མདོའི་དོན་དེ་ཉིད་འདིར་ཡང་རྣ་བ་དང་སྙིང་ཚིམ་པར་བྱེད་པ་ཡིན་ཏེ། དེ་ཡང་གསུང་རྒྱ་ཆེ་བས་རྣར་སྙན་པས་ཡོངས་སུ་ཚིམ་པར་བྱེད་པ་ཡིན་ནོ། །རྣ་བ་དང་སྙིང་ཚིམ་པར་བྱེད་པ་ཞེས་བྱ་བ་འདིས་ནི་སྙན་པར་སྟོན་པ་ཡིན་ཏེ། སྐད་སྙན་ཅིང་འཁོར་ཡོངས་སུ་ཚིམ་པར་བྱེད་པས་གྲོང་ཁྱེར་པའི་སྙན་པའི་


DTG168_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་བརྗོད་དོ། །དེ་བས་ན་རྣ་བ་དང་སྙིང་ཚིམ་པར་བྱེད་པས་ཞེས་བྱ་བ་འདིས་ནི་འཇེབས་པར་སྟོན་ཏེ། སྙན་ཅིང་འཇེབས་པའོ། །དེས་ན་སྙིང་ཚིམ་པར་བྱེད་པའི་ཚིག་ལ་མཁས་པ་མངོན་པར་སྨྲ་བ་ཡིན་ཏེ། དེས་རྣམ་པར་རིག་པར་བྱ་བ་ཡིན་པར་དེ་བསྟན་ཏེ། གང་གི་ཕྱིར་རྣམ་པར་རིག་པར་བྱ་བ་ནི་བཤད་པའི་དོན་རྣམ་པར་ཤེས་པའི་བྱ་བ་ཡིན་པས་མཁས་པ་ཡིན་པར་མངོན་ནོ། །མ་ཁེངས་པ་ཞེས་བྱ་བས་ནི་མཉན་པར་འོས་པ་བསྟན་ཏེ། མཉན་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །མ་ཁེངས་པ་དང༌། རྙེད་པ་ལ་རེ་བའི་བཀྲམ་པ་དང་ཞུམ་པ་མེད་པ་ཞེས་བྱ་བ་འདིས་ནི་མི་གནས་པ་བསྟན་ཏེ། རྙེད་པ་ལ་སོགས་པའི་འདོད་པ་དང་བྲལ་བས་དེ་མི་གནས་པའོ། །དེས་དེ་ཉིད་རྙེད་པ་ལ་སོགས་པ་མེད་པའོ། །དུལ་ཞིང་གཟི་བྱིན་ཆེ་བ་དང༌། །ཇི་ལྟར་རིགས་པར་འཇམ་པོར་སྨྲ་ཞིང་གསལ་བ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་མི་མཐུན་པ་མེད་པར་བསྟན་ཏེ། ཇི་ལྟར་གཡོག་འཁོར་འཇུག་པ་དེས་དུལ་ཞིང་གཟི་བྱིན་ཆེ་བ་ཡང་དེས་འཇུག་སྟེ། ཇི་ལྟར་རིགས་པར་འཇམ་པོར་སྨྲ་ཞིང་གསལ་བའི་ཕྱིར་སྙན་པའི་སྐྱེ་བོ་རྣམས་ལ་མི་མཐུན་པ་མེད་པ་ཡིན་ནོ། །དེ་བས་ན་ཇི་ལྟར་གཡོག་འཁོར་གྱི་འཇུག་པ་དེས་ཆོས་དང་ཆོས་མ་ཡིན་པ་རབ་ཏུ་འབྱེད་པ་མཁས་པ་ཞེས་བྱ་བ་ཡིན་ཏེ། འདིས་ནི་མི་གསལ་བ་མེད་པ་བསྟན་ཏེ། དཔག་ཏུ་མེད་པའི་སྤོབས་པ་དང་ལྡན་པའི་ཕྱིར་མི་གསལ་བ་མེད་པ་ཡིན་ཏེ། དེས་ན་ཡང་ཆོས་དང་ཆོས་མ་ཡིན་པ་རབ་ཏུ་འབྱེད་པ་ལ་མཁས་པ་ཉིད་དོ། །དེ་ལྟར་མདོའི་ཚིག་གི་རྗེས་སུ་འབྲང་བ་ཡིན་ཏེ། ཚིག་བརྒྱད་པོ་འདིའི་གོ་རིམས་ཀྱིས་ཡང་དག་པར་བསྟན་ཏེ། འདིས་ནི་ངག་གི་ལས་ཕུན་སུམ་ཚོགས་པ་བསྟན་ཏོ། །རབ་ཏུ་བྱུང་བའི་སྤྱོད་ཚུལ་བཟང་པོ་དང༌། ཡ་རབས་རྣམས་དགའ་བའི་སྤྱོད་པས་ཞེས་བྱ་བ་འདིས་ལུས་ཀྱི་ལས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོ་རིགས་བཙུན་པ་ལས་རབ་ཏུ་བྱུང་བར་ཤེས་ནས་ཞེས་བྱ་བའི་ཇི་ལྟར་སྔར་བསྟན་པའི་རྒྱལ་རིགས་ཕྱུག་པོའི་རིགས་ཞེས་བྱ་བ་ལ་སོགས་པའི་རིགས་


DTG168_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་གྱིས་སོ། །རབ་ཏུ་བྱུང་བར་ཤེས་ནས་ཞེས་བྱ་བ་དེ་ཡང་སྔར་བསྟན་པ་ཡིན་ཏེ། དེའི་ཕ་མ་གཉིས་ཚེ་འདས་པས་ཞེས་བྱ་བ་ལ་སོགས་པའི་རིམ་པས་རབ་ཏུ་བྱུང་བར་ཤེས་པར་བྱའོ། །རིགས་དང་གཟུགས་ཀྱི་ཡོན་ཏན་ལས། །ཞེས་བྱ་བ་ལ། རིགས་ཀྱི་ཡོན་ཏན་རྣམས་ནི་སྔར་བཤད་པ་དག་གོ །གཟུགས་ཀྱི་ཡོན་ཏན་ཡང་སྔར་བཞིན་བཤད་པ་ཡིན་ཏེ། ལུས་བྱད་བཟང་པོ་སྐྱེ་བོའི་མིག་ཏུ་སྡུག །ཅེས་བྱབ་ཨཱི་ཚིག་གིས་སོ། །ས་གཞི་བཟང་པོ་ཞེས་བྱ་བ་ནི་ཡང་ཐོག་གི་རྩིག་པ་དཀར་གྱིས་བསྐུས་པ་ལ་ཟླ་བའི་འོད་ཟེར་བབ་པ་བཞིན་ནོ། །ན་ཚོད་འདི་ཙམ་ལ་ཆོ་རིགས་ལ་ཡང་མི་ལྟ་བར་འདི་ལྟར་རབ་ཏུ་བྱུང་ཞེས་བྱ་བ་ནི་བུ་སྐྱེད་ནས་ན་ཚོད་རྒུད་པ་ལ་རབ་ཏུ་འབྱུང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སོང་ཞེས་བྱ་བ་ནི་འགྲོ་བས་འགྱུར་བ་སྟེ། དེས་ན་འདི་ཉིད་ལས་ཆོས་བརྙེས་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གཞན་གྱི་ཕྱིར་རོ། །གཞན་གྱི་དྲིང་ལ་ལྟོས་ཤིང་སློང་མོ་སྤྱོད། །ཅེས་བྱ་བ་དང༌། གོས་ངན་པ་གྱོན་པ་དང༌། བས་མཐའི་ས་ན་ལུས་ནི་བསྒྱུར་ཏེ་བོར། །ཞེས་བྱ་བ་འདི་དག་གིས་ཟས་བསོད་སྙོམས་དང་གནས་མལ་དང་བྲལ་བར་སྟོན་ཏེ། འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་མེད་པར་བྱས་པའི་ཕྱིར་རོ། །དབུལ་པོའི་ལུས་ཞེས་བྱ་བ་དང༌། ངན་པ་བཞིན་དུ་སྐྱེ་བོ་ཀུན་གྱིས་སྨད། །ཅེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་རིགས་ལ་སོགས་པ་ཕུན་སུམ་ཚོགས་པར་འབྱོར་ཀྱང་སྨད་པ་ཉིད་དུ་གྱུར་པ་སྟེ། གསུམ་པོ་འདི་དང་བྲལ་བའི་ཕྱིར་རོ། །གཉེན་གྱི་སྐྱེ་བོ་དང་བྲལ་བ་དང༌། གཉེན་བཤེས་རྣམས་དང་བྲལ་བ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་གཡོག་འཁོར་དང་བྲལ་བའི་ཕྱིར་རོ། །བུ་མཆོག་ཡིད་ལ་བསམ་པ་གྲུབ་པར་གྱིས། །ཞེས་བྱ་བ་ནི་དེ་སུའི་ཡིད་ལ་བསམ་པ་འགྲུབ་པ་ཡིན་ཞེ་ན། དབུལ་པོའི་ལུས་སུ་གྱུར་པ་ཉིད་ཀྱིས་ཏེ། རེ་གནས་བཞིན་དུ་བདག་ཉིད་དེ། རེ་གནས་ནི་སྟེགས་སོ། །དབེན་


DTG168_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བས་བྱས་པ་ནི་དབེན་པའི་བདེ་བའོ།། །།དབེན་པ་ནི་རྣམ་པ་གཉིས་ཏེ། ལུས་དབེན་པ་དང༌། སེམས་དཔོན་པའོ། །དེ་ལ་ལུས་དབེན་པ་ནི་གཉིས་སུ་མེད་པར་གནས་པའོ། །སེམས་དབེན་པ་ནི་སེམས་ཀྱི་གཡེང་བ་སྤངས་པའོ། །དབེན་པ་ན་གནས་པའི་བདེ་བ་ཉིད་བདུད་རྩིའི་རོ་ཡིན་ཏེ། དེས་ཡོངས་སུ་བསྒོས་པའི་བྱ་བ་གང་ལ་ཡིད་ལ་དེ་ནི་དབན་པ་ན་གནས་པའི་བདེ་བའི་བདུད་རྩིའི་རོས་བློ་གོམས་པར་བྱས་པ་སྟེ། དེའི་བདེ་བས་ལུས་དང་སེམས་ཚིམ་པར་བྱེད་པའི་ཕྱིར་རོ། །སྙིང་དེ་ལ་གཞོལ་བར་གྱུར་པ་ནི་དབེན་པ་ན་གནས་པའི་བདེ་བ་ལ་གཞོལ་བར་གྱུར་པའོ། །ཁྱིམ་ན་གནས་པ་དང༌། ནགས་ན་གནས་པའི་བྱེ་བྲག་ཤེས་པར་གྱུར་པ་ཞེས་བྱ་བས་ནི་ཁྱིམ་ན་གནས་པའི་བདག་ཉིད་ཀྱིས་མངོན་སུམ་དུ་སྐྱོན་མཐོང་བའི་ཕྱིར་རོ། །ནགས་ན་གནས་པ་ཡང་བདག་ཉིད་ཀྱིས་མངོན་སུམ་དུ་ཡོན་ཏན་མཐོང་བའི་ཕྱིར་རོ། །དེ་བས་ན་ནགས་དང་ཁྱིམ་གྱི་ཁྱད་པར་མི་ཤེས་པ་དག་ནི་སྨྲ་བར་མི་རིགས་ཀྱི། དེ་ནི་འདིར་མཉན་པར་ཡང་རིགས་པ་མ་ཡིན་ཏེ། གཉི་ག་ཡང་ངོ་ཤེས་པར་ཕྱིར་རོ། །བཙོན་ར་འདྲ་བའི་ཁྱིམ་ཞེས་བྱ་བ་ནི་ཁྱིམ་ནི་བཙོན་རར་གྱུར་པ་ཡིན་ཏེ། ངན་སོང་དུ་འགྲོ་བར་བྱེད་པའི་ཕྱིར་རོ། །ཕྱུག་པོ་ནི་ཕལ་ཆེར་གཅིག་ཏུ་སྡུག་བསྔལ་བ་ཡིན་ནོ། །ཅིག་ཤོས་དབུལ་བ་ཡང་ངོ༌། །དགའ་བ་ཉིད་དུ་ཀུན་དུ་རྨོངས་པ་ནི་དགའ་བས་རྨོངས་པ་སྟེ། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་ཞེས་བྱ་བའི་དོན་ཏོ། །སྡིག་པའི་འབྲས་བུ་སྨིན་པ་ཉིད། །ཅེས་བྱ་བ་ནི་སྐྱེ་བ་སྔ་མ་དག་ལ་རང་གི་གོམས་པས་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་འབྲས་བུ་སྨིན་པའོ། །འདིར་བྱར་རུང་བོ་ཞེས་བྱ་བ་གལ་ཏེ་དེ་ལྟར་ཆོས་བརྙས་པར་རུང་བ་ཞེས་བྱ་བ་ནི་མ་ཡིན་ནོ། །ཆོས་ཀྱི་གཉེན་པོ་དང་འདོམ་པའི་ཕྱིར་ཏེ་ཆོས་དང་འགལ་བ་དང༌། ཕྱོགས་རྣམ་པར་འཇིག་པའི་ཕྱིར་རོ། །ལས་སུ་བྱ་བ་མང་ཆེས་པས། །ཞེས་བྱ་བ་ནི་ཁྱིམ་གྱི་བདེ་བ་ཡིན་ནོ་སྙམ་ནས་ཁྱིམ་མ་བཏང་བས་ནི་ཆོས་བྱ་བར་འདོད་


DTG168_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁྱིམ་མ་བཏང་བར་ནི་གཞན་དུ་འགྱུར་བས་ཇི་ལྟར་ཆོས་བྱ་བར་མི་རུང་སྟེ། འདི་ནི་ཁྱིམ་གྱི་བདེ་བ་དེ་དང་དེ་ལ་མངོན་པར་ཞེན་པ་དེ་ལ་སྡུག་བསྔལ་ཡིན་པར་བསྟན་པར་བྱ་བའི་ཕྱིར། ལས་སུ་བྱ་བ་མང་ཆེས་པས། །ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །ཆོས་ཀྱི་གཉེན་པོ་དང་འདོམ་པ་ཞེས་བྱ་བའི་དབང་དུ་མཛད་ནས། ཁྱིམ་གྱི་སོ་ནམ་བྱ་ན་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བཞི་ཡིན་ཏེ། ཆོས་ཀྱི་གཉེན་པོའི་ཆོས་གང་ཡིན་ཞེ་ན། དེ་དང་མི་མཐུན་པར་གྲགས་པ། །ཞེས་བྱ་བའི་དོན་ཏེ། ཁྱིམ་གྱི་སོ་ནམ་བྱ་ན་ནི། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཁྱིམ་ན་ནོར་མེད་ན་ནི་སོ་ནམ་བྱ་བ་ཡིན་ནོ། །སོ་ནམ་གྱི་བྱ་བ་བྱས་པར་གྱུར་ན་ནི་ཆོས་ཀྱི་དོན་ཉམས་པ་ཡིན་ནོ། །དེ་ལྟར་ལུང་དུ་མ་བསྟན་པའི་ལས་ཀྱང་ཆོས་ཀྱི་གཉེན་པོ་ཡིན་པར་བསྟན་ཏོ། །བརྫུན་དུ་མི་སྨྲ་མི་རུང་ཞིང༌། །ཞེས་བྱ་བ་ནི་མི་དགེ་བ་དེ་ལ་འཇུག་པའི་དབང་དུ་བྱས་ནས་བརྫུན་དུ་སྨྲ་བཞེས་བྱ་བ་སྨོས་ཏེ། ངག་གི་ལས་ཀྱི་ལམ་གྱི་མི་དགེ་བ་བཞི་བཟུང་སྟེ། སྨྲ་བ་ཞེས་སྨོས་པས་དེ་ལ་གཞན་དག་ཀྱང་འགྲུབ་པོ། །ཉེས་པ་བྱེད་པ་ལ་ནན་ཏུར་ནི་ཞེས་བྱ་བ་ནི། སྲོག་གཅོད་པར་ནན་ཏུར་བྱ་བ་ཡིན་ཏེ། མི་དགེ་བའི་ལས་ཀྱི་ལམ་དག་ལས་སྲོག་གཅོད་པ་ཐོག་མར་སྨོས་པ་ཡིན་ཏེ། དེ་དང་པོར་སྨོས་པས་ལུས་ཀྱི་མི་དག་བའི་ལས་དག་ཀྱང་འགྲུབ་པོ། །དེ་བས་ན་གཞན་ལ་ནན་ཏུར་ཞེས་བྱ་བས་མི་དགེ་བའི་ལམ་ལས་བཟློག་སྟེ། རལ་གྲི་དང་ཐལ་ལྕག་ལ་སོགས་པའི་མཚན་ཉིད་ཀྱིས་བཅད་ཅིང་ནན་ཏུར་བྱ་བ་ཡིན་ཏེ། གཞན་སླུ་བས་སྒྲུབ་པ་ལ་སོགས་པ་དེས་གཞན་དག་ལ་གནོད་པར་འགྱུར་བ་ཡིན་ཏེ་དེ་ལ་ནན་ཏན་དུ་བྱ་བའོ། །འདི་དག་གིས་ནི་འདི་ལྟར་སྟོན་ཏེ། ལུང་དུ་མ་བསྟན་པའི་ལས་ཀྱི་སོ་ནམ་གྱིས་ཀྱང་མི་དགེ་བའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་སྟེ། ལུས་དང་ངག་གི་ལས་ཀྱི་ནན་ཏུར་བྱ་བ་སྟེ། ལས་ཀྱི་ལམ་རྣམ་པར་སྤངས་པའི་མི་དགེ་བའི་ལས་བྱེད་པ་ལ་ནན་ཏུར་བྱའོ། །ཡིད་ཀྱི་མི་དགེ་བ་གནོད་སེམས་ལ་


DTG168_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡང་ཁྱིམ་ན་མེད་པ་མ་ཡིན་ནོ། །སོ་ནམ་བྱ་བ་ལ་སོགས་པ་ལ་འཇུག་པའི་རྒྱུའི་དབང་དུ་བྱས་ནས། དེ་ལྟ་བས་ན་སྐྱེ་བོ་འདི་དག་ཅེས་བྱ་བ་ལ་སོགས་པའི་ཚིག་གོ །དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱིམ་གྱི་སོ་ནམ་མ་བྱས་པར་ཁྱིམ་མེད་དོ། །ཁྱིམ་མེད་ན་བདེ་བ་མེད་དོ། །དེ་སྒྲུབ་པ་ལ་འབད་པ་ཞེས་བྱ་བ་ནི་ཁྱིམ་གྱི་བདེ་བ་སྒྲུབ་པ་ལ་འབད་པ་སྟེ། ཁྱིམ་གྱི་བདེ་བ་སྒྲུབ་པའི་སོ་ནམ་ལ་སོགས་པའོ། །ད་ནི་ཁྱིམ་ན་གནས་པས་ནི་ཆོས་དང་ཆོས་མ་ཡིན་པ་ཕན་ཚུན་འགལ་བས་རབ་ཏུ་དཀའ་བ་ཡིན་པའི་ཕྱིར་དེ་སྒྲུབ་པའི་དབང་དུ་བྱས་ནས། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། །ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་ཆོས་སྤྱོད་པར་གྱུར་ཏེ་སོ་ནམ་ལ་སོགས་པ་མི་བྱེད་ན་ནི་ཁྱིམ་མེད་དེ། སོ་ནམ་འཆོར་བའི་ཕྱིར་ཇི་ལྟར་བསྟན་མ་ཐག་པའི་ཚིགས་སུ་བཅད་པ་བསྟན་པའོ། །གལ་ཏེ་ཁྱིམ་ལ་མངོན་པར་ཕྱོགས་ན་ནི། །ཞེས་བྱ་བ་ནི་སོ་ནམ་ལ་སོགས་པ་བྱས་ནའོ། །དེ་སྒྲུབ་པའི་ཕྱིར་སྨྲས་པ། ཆོས་ཀྱི་ལམ་ནི་རབ་ཏུ་ཞི་བ་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏེ། རབ་ཏུ་ཞི་བ་ནི་ཉོན་མོངས་པ་ཉེ་བར་ཞི་པའོ། །ཡང་ན་རབ་ཏུ་ཞི་བ་ནི་སེམས་ཅན་གྱི་རྩོམ་པ་ལས་ལྡོག་པ་སྟེ། ཐར་པ་ནི་དོན་ཐམས་ཅད་ལས་ལྡོག་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །དྲག་ཤུལ་ཅན་ཞེས་བྱ་བ་ནི་སྔར་བཤད་པའི་སོ་ནམ་ལ་སོགས་པའི་རིམ་པའོ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་རྣམ་པར་གཞག་པ་ནི་སྔར་བཤད་པའི་དོན་ཁྱིམ་ན་གནས་པའི་བདེ་བ་དང་གཅིག་པ་མ་ཡིན་ནོ་ཞེས་པའོ། །གཉིས་སུ་ན་ཁྱིམ་ནི་བདེ་བ་ཕྱོགས་གཅིག་ཏུ་མ་ངེས་པར་བསྟན་པའི་ཕྱིར་ངེས་པ་ཡོད་པ་མ་ཡིན་ཞེས་སྨོས་ཏེ། གཅིག་ཏུ་བདེ་བ་ཉིད་མ་ངེས་སོ། །དེ་སྒྲུབ་པའི་ཕྱིར། གདོན་མི་ཟ་བར་གྲགས་པ་མེད་པར་འགྱུར། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། གྲགས་པ་མེད་པར་འགྱུར་ཞེས་བྱ་བ་ནི་བདེ་བའི་རྒྱུ་འཇིག་རྟེན་པ་རྣམས་དགའ་བ་ལ་སོགས་པ་མེད་པར་བདེ་བ་འགྲུབ་པ་མེད་དོ། །གདུང་པ་སྐྱེ་བ་ཞེས་བྱ་བ་ནི་འཆི་


DTG168_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་སུ་ཡིད་ལ་གཅགས་བཞིན་དུ་འཆི་བའི་ཕྱིར་རོ། །ཡིད་ལ་གདུང་བ་སྐྱེ་བ་ལས་ནི་ངན་འགྲོ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་ཕ་རོལ་དུ་ངན་སོང་གི་སྡུག་བསྔལ་འབྱུང་བའི་ཕྱིར་བདེ་བ་འགྲུབ་པ་མེད་དོ། །བདེ་བའི་ཐབས་ཞེས་བྱ་བ་ནི། གང་གི་ཕྱིར་ཁྱིམ་དང་ཁྱིམ་ལ་གནས་པ་བདེ་བའི་རྒྱུའོ་ཞེས་མངོན་པར་ཞེན་པའི་དབང་དུ་བྱས་པ་ནི་ཁྱིམ་ལ་བདེ་བའི་ཐབས་ཞེས་བརྗོད་དོ། །ངན་འགྲོ་བཞིན་དུ་ཞེས་བྱ་བ་ནི་ངན་འགྲོ་བཞིན་དུའོ། །ཁྱིམ་ན་གནས་པ་བདེ་བར་ནི་ག་ལ་བཤད་དེ། དེ་བས་ན་དད་པས་ཡིད་ཆེས་པར་བྱ་བ་ཡིན་པར་བདག་གིས་མ་མཐོང་ངོ་ཞེས་བཤད་པ་ནི་གཞན་གྱི་ལས་བྱེད་པ་དག་ཀྱང་ཞེས་བྱ་བའི་ཚིགས་བཅད་ཀྱིས་སོ། །བཅིང་བ་དང་གསད་པ་དང་སྡུག་བསྔལ་ནི་བཅིང་ཞིང་གསད་པའི་སྡུག་བསྔལ་ལོ། །དེ་དག་ཉིད་ཀྱི་གཞིར་གྱུར་པ་ཡིན་ཏེ། ཡོད་པར་གྱུར་ན་བཅིང་བ་དང༌། གསད་པའི་སྡུག་བསྔལ་གྱི་གཞིར་གྱུར་བའོ། །འདོད་པ་དེ་དག་གལ་ཏེ་ངོམས་པར་གྱུར་ན་མི་རུང་ན་དེ་ཡང་མེད་དེ། དེ་བསྟན་པའི་ཕྱིར་རྒྱལ་པོ་དག་ཀྱང་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཡིན་ནོ། །ཡངས་སུ་རྟོགས་པའི་དབང་དུ་བྱས་པའི་ཚིགས་བཅད་ནི། བསྒྲུབ་ཅིང་བསྲུང་བ་ལ་སོགས་པ་ཞེས་བྱ་བའི་ཚིགས་བཅད་དེའི་དོན་རྣམ་པར་འགྲེལ་ཏེ། འདི་ག་ལ་བདེ་ཞེས་བྱ་བ་ནི་བཅིངས་པ་དང་གསད་པའི་སྡུག་བསྔལ་གྱི་གཞིར་གྱུར་པས་ག་ལ་བདེ་སྟེ། དེ་བས་ན་ག་ལ་བདེའོ། །ཇི་ལྟར་བདེ་ཞེས་བྱ་བ་ནི་རྒྱལ་པོ་དག་ཀྱང་འབྱོར་པས་ཆོག་པ་མེད་དེ། དེས་ན་ཇི་ལྟར་བདེ་བའོ། །ནམ་ཞིག་བདེ་ཞེས་བྱ་བ་ནི་བསྒྲུབ་ཅིང་བསྲུང་ལ་སོགས་པའི་ཚེ་ན་སྡུག་བསྔལ་བའི་ཕྱིར་ནམ་ཞིག་བདེ་བ་ཡིན་ཏེ། དེས་ན་ཡང་རྣམ་པ་གསུམ་གྱིས་བདེ་བ་མེད་དོ། །ཇི་ལྟར་དེ་ལ་འཇིག་རྟེན་པ་རྣམས་བདེ་བའི་བློ་འབྱུང་ཞེ་ན། སྨྲས་པ། ཡོངས་སུ་རྟོགས་པའི་དབང་གིས་བདེ་བ་འབྱུང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་བདེ་བ་ཡིད་ཀྱིས་ཡོངས་སུ་རྟོགས་པའི་མཐུ་ཡིན་པར་བསྟན་ནས། །ཡུལ་


DTG168_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྨོངས་པས་ཉེ་བར་སྤྱོད་པ་ཞེས་བྱ་བ་ཡིན་ཏེ། དབང་པོ་ལྔའི་ཡུལ་གྱི་ཉེ་བར་སྤྱོད་པའི་བདེ་བ་ནི་དེ་ལ་རྣམ་པར་རྟོག་པ་མེད་པས་ཇི་ལྟར་བདེ་བར་འགྱུར་ཏེ་དེ་ལ་བདེ་བའི་རྣམ་པར་རྟོག་པ་མེད་པས་སོ། །རྣམ་པར་རྟོག་པ་ཙམ་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པས་ན་དེ་ཉིད་སྨྲས་པ། རྨ་གཡའ་ཕྲུགས་པའི་བདེ་བ་བཞིན་དུ་ཟད། ཅེས་བྱ་བ་ཡིན་ཏེ། རྨ་གཡའ་བ་ལ་ཕྲུགས་པའི་བདེ་བ་འབྱུང་བ་དེ་བཞིན་དུ་ཡུལ་རྣམས་ལ་ཡང་བརྟེན་པས་ཀྱང་བདེ་བ་བཞིན་ནོ། །ཆོས་ཀྱི་ལམ་ནི་རབ་ཏུ་ཞི་བ་ཡིན། །ཞེས་བྱ་བ་གང་སྔར་བཤད་པའི་རབ་ཏུ་ཞི་བ་ཡང་གཉིས་པ་བཤད་པ་ལས། འདིར་ཁྱིམ་ན་གནས་ན་ཉོན་མོངས་པ་རབ་ཏུ་ཞི་བར་མི་འགྱུར་ཞིང་མི་བཟློག་པར་བརྟན་པའི་ཕྱིར། གཞན་ཡང་ཕལ་ཆེར་ཞེས་བྱ་བའི་ཚིགས་བཅད་འདི་བརྩམས་པ་ཡིན་ནོ། །འདིའི་བསྡུས་པའི་དོན་ནི་ཕུན་སུམ་ཚོགས་པའི་གནས་སྐབས་དང༌། རྒུད་པའི་གནས་སྐབས་གཉི་ག་ན་ཡང་ཉོན་མོངས་པ་ཉེ་བར་ཞི་བ་མེད་པར་བསྟན་ཏོ། །ཚིགས་བཅད་ཕྱེད་དང་པོས་ནི་ཕུན་སུམ་ཚོགས་པའི་གནས་སྐབས་སུ་ཉོན་མོངས་པ་ཉེ་བར་མ་ཞི་བར་བསྟན་ཏོ། །གཉིས་པའི་ཕྱེད་ཀྱི་ཚིག་རྐང་དང་པོས་ནི་རྒུད་པའི་གནས་སྐབས་བསྟན་ཏོ། །དེ་ན་ཞེས་བྱ་བ་ནི་ཁྱིམ་དེ་ན་སྟེ་ཕུན་སུམ་ཚོགས་པ་དང༌། རྒུད་པའི་གནས་སྐབས་གཉི་ག་ན་ཡང་ཉེ་བར་ཞི་བ་མེད་དེ། དེ་གཉིས་མ་གཏོགས་པའི་གནས་སྐབས་གསུམ་པ་ནི་མེད་པའི་ཕྱིར། ནམ་ཞིག་རབ་ཏུ་ཞི་བར་འགྱུར། །ཞེས་བསྟན་ཏོ། །དྲེགས་དང་ང་རྒྱལ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་སྔར་བཤད་པ་ཐམས་ཅད་ཀྱི་དོན་མཇུག་བསྡུ་བ་ཡིན་ཏེ། དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང༌། །ཞེས་བྱ་བ་ནི་ཕལ་ཆེར་ཁྱིམ་ན་འབྱོར་ན་ཞེས་བྱ་བའི་ཚིགས་བཅད་བསྟན་པ་དེའི་ནམ་ཞིག་རབ་ཏུ་ཞི་བར་འགྱུར་ཞེས་པའི་མཇུག་བསྡུ་བ་ཡིན་ནོ། །དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང་བཞིན་དུ་


DTG168_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་གཞིར་གྱུར་པ་སྟེ། དེ་བསན། རབ་ཏུ་ཞི་ལ་དགའ་བའི་བདེ་འཇིག་པ། །ཞེས་བྱ་བ་ཡིན་ཏེ། དགའ་བའི་བདེ་བ་འཇིག་པ་སྟེ། ཚང་དང་གནས་བཞིན་དུ་སྡུག་བསྔལ་དྲག་པོའི་གཞིར་གྱུར་པའི་ཕྱིར་རོ། །འདིས་ནི་གང་སྔར་བསྟན་པའི་བསྒྲུབ་ཅིང་བསྲུང་ལ་སོགས་པའི་སྡུག་བསྔལ་ཞེས་བྱ་བ་དེའི་མཇུག་བསྡུ་བ་ཡིན་ནོ། །རབ་ཏུ་ཞི་ལ་དགའ་བའི་བདེ་འཇིག་པ། །ཞེས་བྱ་བ་ནི་ཇི་ལྟར་རབ་ཏུ་ཞི་བ་བདེ་བ་ཡིན་ཞེ་ན། བདེ་བ་བསྟན་པའི་ཕྱིར་སྐྱེ་བོ་ཆོག་ཤེས་བྱ་བའི་ཚིགས་བཅད་ཡིན་ཏེ། བདེ་བ་ཡང་རྣམ་པ་གཉིས་ཏེ། ལུས་དང་སེམས་ཀྱི་དབང་དུ་བྱས་པའོ། །སེམས་ཀྱི་བདེ་བའི་དབང་དུ་བྱས་ནས། སྐྱེ་བོ་ཆོག་ཤེས་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཡོ་བྱད་རྣམས་ཀྱིས་ཆོ་ག་ཤེས་པའི་འཚོ་བ་ནི་ཆོས་གོས་ལ་སོགས་པ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་ཕྱིར་རོ། །ཆོག་ཤེས་པའི་སྐྱེ་བོ་ནི་དཀའ་ཐུབ་ཅན་གྱི་སྐྱེ་བོའོ། །ཆོག་ཤེས་པའི་སྐྱེ་བོ་རྣམས་ནི་ཁྱིམ་བཞིན་དུ་ནགས་ན་དེ་བཞིན་ནོ། །རབ་ཏུ་དབེན་པའི་བདེ་བ་ནི་ལུས་དང༌། སེམས་ཀྱི་རབ་ཏུ་དབེན་པའི་བདེ་བ་ཡིན་ཏེ། སེམས་དབེན་པའི་བདེ་བས་སེམས་དགའ་བར་གྱུར་པ་ཡིན་ཏེ། འདིས་ནི་ཡིད་དགའ་བར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཡིད་བདེ་བའི་དབང་དུ་བྱས་ཏེ། དེ་འདྲ་ལྷ་ཡི་ཡུལ་ནའང་མེད། །ཅེས་བྱ་བ་ནི་མིའི་འཇིག་རྟེན་ན་ལྷ་གལ་ཡོད་ཅེས་བྱ་བ་ཡིན་ནོ། །ལུས་ཀྱི་བདེ་བའི་དབང་དུ་བྱས་ནས། དེ་བས་ཚལ་ན་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཚིགས་བཅད་འདིའི་དང་པོའི་ཕྱེད་ཀྱིས་ནི་ཟས་དང༌། གནས་མལ་དང༌། ཆོས་གོས་དམན་པར་བསྟན་པ་ཡིན་ནོ། །འཚོ་བ་སྒྲུབ་པ་ཉིད་ཀྱང་འདི་ལྟར་མི་སྒྲུབ་སྟེ། ཆོས་མིན་འདྲེས་པ་ཞེས་བྱ་བ་སྟེ་སྔར་བསྟན་པའི་བྱ་བས་སོ། །བདེ་བ་ནི་ཁྱིམ་གྱི་བདེ་བའོ། །མི་འདོད་པ་ནི་དུག་དང་འདྲེས་པའི་བཟའ་བ་འདྲ་བ་སྟེ། ཟས་དང་བཏུང་བ་དང་ཁྱིམ་གྱི་འཚོ་བས་བསྒྲུབས་ཤིང་


DTG168_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཁྱིམ་གྱི་བདེ་བ་དུག་ཆེན་བོ་དང་འདྲེས་པའི་ཟས་དང་འདྲ་བ་དེ་ནི་ཆོས་མ་ཡིན་པ་དང་འདྲེས་པའི་ཕྱིར་རོ། །བདག་ལ་ཕན་པར་འདོད་པ་ནི་བློ་དང་ལྡན་པའོ། །བཀུར་སྟིའི་བྱ་བ་ཁྱད་པར་ཅན་གྱིས་ཞེས་བྱ་བ་ནི་མངོན་དུ་སྨྲ་བ་དང༌། ཕྱག་ལ་སོགས་པའོ། །འདོད་པ་ལས་སླར་ལྡོག་གོ་ཞེས་བྱ་བ་ནི་ཕྱིས་ཡང་འདོད་པ་ལ་འཇུག་པར་མི་བྱེད་པའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་རྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སོ།། །། འཕྱས་ཀྱི་གནས་ཞེས་བྱ་བ་ནི་རྗེས་སུ་བྱེད་པ་ལྟ་བུའོ། །གནོད་པ་ལྟ་བུར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ལྟ་བུའོ། །དེའི་གཟུགས་དང་ཡོན་ཏན་དང་མཐུན་པ་ཞེས་བྱ་བ་ནི་དེ་དང་མཉམ་པ་སྟེ། རྟག་ཏུ་རྗེས་སུ་འབྲང་བ་ཞེས་བྱ་བའི་དོན་ཏོ། །རིག་བྱེད་ཀྱི་ཡན་ལག་ཅེས་བྱ་བ་ནི་སོ་མ་ནི་བཤད་ཅེས་བྱ་བའི་རིག་བྱེད་དོ། །བདག་ནི་རབ་ཏུ་འབྱུང་བར་འདོད། །ཅེས་བྱ་བ་འགྲོ་བར་འགྱུར་རོ། །ལམ་གང་གིས་ཤེ་ན། དེ་ཉིད་སྨྲས་པ། དེ་བས་ན་ཕན་པའི་ལམ་བཟང་པོས་ཞེས་བྱ་བ་ཡིན་ཏེ། དགེ་བ་དང་ལེགས་པའི་ལམ་ཡིན་པས་ལམ་བཟང་པོ་སྟེ། ལམ་འདིས་ཐམས་ཅད་དུ་འབྱུང་ངོ་ཞེས་བྱ་བའོ། །རིག་བྱེད་སློབ་བ་ལ་ནི་འགྲུས། །ཞེས་བྱ་བ་ནི་རིག་བྱེད་སློབ་པ་ནི་བྲམ་ཟེའི་ལུས་སུ་བཤད་དོ། །མཛའ་བོ་དང་མགྲོན་དང་གཉེན་བཤེས་དང༌། སློང་བ་རྣམས་ནི་རེ་ཐག་མི་གཅོད་ཅེས་བྱ་བ་ནི་སྦྱིན་པའི་ལས་ཀྱིས་སོ། །ཆོས་ལ་གཞོལ་བ་ཞེས་བྱ་བ་ནི་འཚེ་བ་སྤངས་པའི་མཆོད་སྦྱིན་གྱི་ལས་སོ། །འདུལ་བ་ལ་ནི་རྟག་ཏུ་འབད། །ཅེས་བྱ་བ་འདིས་ནི་ཆོས་ལ་གཞོལ་བར་བྱ་བ་ཉིད་བསྟན་ཏེ། འདི་དག་ནི་སླའོ། །དེ་ལྟར་ཞེས་བྱ་བ་ནི། འདུལ་བ་ལ་ནི་རྟག་ཏུ་འབད། །ཅེས་བྱ་བ་ལ་སོགས་པ་གསུམ་ལ་ལེགས་པར་འཇུག་པས་སོ། །རང་གི་ཆོས་ལ་འབད་པས་ནི་གྲགས་པ་དང༌། སྲིད་དང་བདེ་བ་འགྲུབ་སྟེ། གསུམ་གྱི་དོན་ལ་ལེགས་པར་ཞུགས་ན་ནི་དགའ་


DTG168_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཚེ་འདིའི་ཕན་ཡོན་བསྟན་ནས། ད་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་བསྟན་ཏེ། འཇིག་རྟེན་ཕྱི་མ་ལ་ཡང་བདེ་བར་འགྱུར། །ཞེས་བྱ་བ་འདིས་སོ། །ཕ་མ་གཉིས་དང་བྲལ་བ་ནི་ཕ་མ་དང་བྲལ་བའོ། །ཕ་མ་དང་བྲལ་བས་བྱས་པའི་མྱ་ངན་ནི། ཕ་མ་དང་བྲལ་བའི་མྱ་ངན་ནོ། །ཕ་མ་དང་བྲལ་བའི་མྱ་ངན་ཉིད་ཟུག་རྡུའི་རྨ་ཡིན་ཏེ། ཟུག་རྡུ་དེའི་རྨ་གང་ཡིན་པ་དེ་ལ། སྡུག་བསྔལ་གཞན་གྱིས་བསྣན་ཏེ་ཞེས་བྱ་བ་ནི་ཕ་མ་དང་བྲལ་བའི་སྡུག་བསྔལ་གྱི་སྟེང་དུ་བསྣན་པའོ། །ཡང་ན་ཕ་དང་མ་དང་བྲལ་བའི་མྱ་ངན་ཉིད་ཟུག་རྡུ་ཡིན་བས་ཕ་མ་དང་བྲལ་བའི་མྱ་ངན་གྱི་ཟུག་རྡུའོ། །དེས་བྱས་པའི་ཡིད་ཀྱི་རྨ་གང་ཡིན་པ་དེ་ནི་ཕ་མ་དང་བྲལ་བའི་མྱ་ངན་གྱི་ཟུག་རྡུའི་རྨ་སྟེ། དེ་ལ་ཡིད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ།། དེ་བས་བརྟན་པའི་བློ་ཅན་འདི་བཏང་ལེགས། །ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་བློའོ། །འདིར་རྨ་ཞེས་བྱ་བ་ལ་ཡིད་ཅེས་བྱ་བ་ཡང་ཚིག་གི་ལམ་བསྟན་ཏོ། །དེ་ལྟར་ཁྱོད་འདོད་ན་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་རོ། །ཀུ་མུ་ཏ་མང་པོ་ཁ་འབུས་པ་ཡོད་པའི་མཚོ་གང་ཡིན་པ་དེ་ནི་ཀུ་མུ་ཏ་མང་པོ་ཁ་འབུས་པའི་མཚོའོ། །བརྟུལ་ཞུགས་དང་སྡོམ་པ་ལ་འབད་ཅེས་བྱ་བས་ནི་ལུས་དང་ངག་གི་ལམ་བསྟན་ཏོ། །ཡིད་བསམ་གཏན་ལ་སྦྱོར་ཞེས་བྱ་བས་ནི་ཡིད་ཀྱི་ལམ་བསྟན་ཏོ། །བསམ་གཏན་གྱི་མན་ངག་ནི་བསམ་གཏན་མན་ངག་གོ །དེའི་ཕྱིར་འཇུག་པ་ནི་བསམ་གཏན་གྱི་མན་ངག་ལ་འཇུག་པའོ། །དེ་ཇི་ལྟར་བསམ་གཏན་གྱི་མན་ངག་ལ་འཇུག་པའི་རྣམ་པས་བསམ་གཏན་བསྟན་པ་ཉིན་ཞེ་ན། འདོད་པའི་ཉེས་དམིགས་ཞེས་བྱ་བ་ལ་སོགས་པ་བརྩམས་པ་ཡིན་ཏེ། དབེན་པ་རྣམ་པར་བསྒོམ་པའི་ཕྱིར་བསམ་གཏན་དང་པོའི་ཉེས་དམིགས་བསྟན་པ་སྟེ། ཇི་ལྟར་མདོ་སྡེ་ཉིད་ལས་རིག་པར་བྱ་སྟེ། གསོག་དང༌། བརྫུན་དང༌། སླུ་བའི་ཆོས་ཅན་དང༌། བྱིས་པ་འདྲིད་པར་བྱེད་པ་ཞེས་བྱ་བ་དང༌། ཤིང་གི་


DTG168_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་འདོད་པའི་ཉེས་དམིགས་སྟོན་ཅེ་ན་སྨྲས་པ། འདོད་ཁམས་ལས་སྐྱོ་ཞིང་ཡིད་འབྱུང་བར་འགྱུར་བ་དང༌། རབ་ཏུ་དབེན་པ་དང༌། ཆོག་ཤེས་པའི་བསྔགས་པ་མང་དུ་འབྱུང་ཞེས་བྱ་བ་ཡིན་ཏེ། འདོད་པ་ལས་དབེན་པ་དང༌། ཆོག་ཤེས་པའི་བསྔགས་པའི་ཡོན་ཏན་མང་པོ་བརྗོད་པའོ། །དེའི་གཏམ་མང་པོ་གང་ཡིན་པ་དེ་ནི་རབ་ཏུ་དཔེན་པ་དང་ཆོག་ཤེས་པའི་གཏམ་མང་པོ་འབྱུང་བའོ། །དེ་ལྟར་འདོད་པ་ལས་རབ་ཏུ་དབེན་པའི་ཕན་ཡོན་བསྟན་ནས་ཚུལ་འཆོས་པ་དང་གཅམ་སྒྱུ་ལ་སོགས་པས་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པའི་ཐབས་བསྟན་པ་ཡིན་ཏེ། ཚུལ་འཆོས་པ་ལ་སོགས་པའི་ཉེས་པ་བསྟན་པ་དེ་དག་ལས་རབ་ཏུ་དབེན་པར་གྱུར་པའོ། །དེ་ལྟར་རེ་ཞིག་བསམ་གཏན་དང་པོའི་མན་ངག་ལ་འཇུག་པའི་གཏམ་བསྟན་ཏོ། །ཉེ་བར་ཞི་བ་དང་རབ་ཏུ་ཞི་བ་ནི་ཉེ་བར་ཞི་བ་དང་རབ་ཏུ་ཞི་བའོ། །དེ་གཉིས་ལམ་དུ་གྱུར་པ་ནི་ཉེ་བར་ཞི་བ་དང་རབ་ཏུ་དང་བའི་ལམ་དུ་གྱུར་པའོ། །དེ་ལ་ཉེ་བར་ཞི་བ་ནི་ཉོན་མོངས་པ་ཉེ་བར་ཞི་བའོ། །རབ་ཏུ་དང་བ་ནི་སེམས་ཀྱི་དད་པའོ། །ཉོན་མོངས་པ་དང་ཉེ་པར་ཞི་བ་མངོན་སུམ་དུ་བསྟན་པ་དེས་ནི་བསམ་གཏན་གཉིས་པ་ལ་སོགས་པའི་མན་ངག་ལ་འཇུག་པའི་གཏམ་བསྟན་པ་ཡིན་ནོ། །ཆོས་ཀྱི་གཏམ་དེ་དང་དེ་ཞེས་བྱ་བ་ནི་འདིར་མ་བསྟན་པའི་ལྷག་མའི་ཆོས་ཀྱི་གཏམ་མ་ལུས་པར་བསྟན་ཏོ། །དེ་བཞིན་དུ་གཡོག་བྱེད་ཅེས་བྱ་བ་ནི་ཇི་ལྟར་ཁྱིམ་ན་གནས་པའི་དུས་ལྟ་བུར་རོ། །པདྨའི་ལོ་མ་ཆེན་པོ་ལ། །ཞེས་བྱ་བ་སྨོས་པ་ནི་བསམ་གཏན་གྱི་སྦྱོར་བ་དང་མཐུན་པའི་ཟས་ཙམ་བསྟན་པའི་ཕྱིར་རོ། །སླར་སོང་ངོ་ཞེས་བྱ་བྱ་བའི་ཚིག་གིས་ནི་སྔར་བསྟན་པའི་ཞག་ལྔ་ཞིང་བྱང་ཆུབ་སེམས་དབའི་དྲུང་དུ་ཆོས་མཉན་པའི་ཕྱིར་འདུའོ་ཞེས་བྱ་བ་འདིའི་གནས་སྐབས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་རིང་པར་ཡང་ཡོངས་སུ་ཤེས་ནས་ཞེས་བྱ་བ་སྟེ། ཉི་མ་ལྔས་


DTG168_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཆོད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་སྤྱོད་ཚུལ་དེ་ལྟར་ཞེས་བྱ་བ་ནི་གང་སྔར་བསྟན་པའི་དཀའ་ཐུབ་དང༌། བཟླས་བརྗོད་དང༌། སྦྱིན་སྲེག་གི་ཆོ་ག་དེ་ཉིད་བསྟན་པ་ཡིན་ཏེ། འདིར་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་དོན་གཞན་མ་ཡིན་ཏེ། བཟླས་བརྗོད་དང༌། སྦྱིན་སྲེག་ལ་སོགས་པ་བྱས་ནས་དུས་བསྟན་ཏེ། སླར་དོང་བ་ལ་སོགས་པའོ། །རབ་ཏུ་དབེན་པ་ལ་དགའ་བ་ཞེས་བྱ་བ་ནི་ཞག་ལྔ་ཞིང་ལྔ་ཞིང་བྱང་ཆུབ་སེམས་དཔའི་གན་དུ་འོང་བའི་ཕྱིར་རོ། །བསམ་གཏན་ལ་གཞོལ་བས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཡིད་བསམ་གཏན་ལ་སྦྱོར་བས་གནས་ཞེས་བྱ་བ་དེ་ཉིད་བསྟན་པའོ། །བྱ་བ་ངན་པ་དང་མ་འབྲེལ་ཞིང་ཞེས་བྱ་བ་ནི་གང་སྔར་བསྟན་པའི་བརྟུལ་ཞུགས་དང༌། བཟླས་བརྗོད་དང་སྦྱིན་སྲེག་གི་ཆོ་ག་བྱེད་ཀྱི་ལས་གཞན་མི་བྱེད་པས་སོ། །གདུང་བ་མེད་ལ་ཞེས་བྱ་བ་ནི་བསྟན་པའི་ལམ་ལ་དགའ་བར་སྟོན་ཏོ། །རབ་ཏུ་ཞི་བ་ལ་མངོན་པར་དགའ་ཞིང་འཁོད་པར་ཞེས་བྱ་བ་ནི་སྤྱོད་ཡུལ་ལ་སོགས་པའི་གནས་པའོ། །རྩོལ་བ་མེད་པར་ཞེས་བྱ་བ་འདིས་ནི་བྱ་བ་ངན་པ་མ་འབྲེལ་ཞིང་གདུང་བ་མེད་པ་རབ་ཏུ་ཞི་བ་ཉིད་དུ་བསྟན་ཏོ། །ཡོན་ཏན་རེ་བ་སྙིང་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇུག་པ་སྟོན་པའི་ཕྱིར་ཏེ། སྙིང་གི་ཡོན་ཏན་ལ་རེ་བ་ཞེས་བྱ་བའི་དོན་ཏོ། །པདྨའི་རྩ་བའི་ཆ་དང་པོ་མི་སྣང་བར་བྱས་སོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེ་མི་སྣང་བར་བྱས་པ་བསྟན་པའི་ཕྱིར། །སྡུག་བསྔལ་བྱུང་བར་གྱུར་པ་ལ། །ཞེས་བྱ་བའི་ཚིགས་བཅད་སྨོས་པ་ཡིན་ཏེ། བདེ་བ་སྡུག་བསྔལ་གཉིས་ཡོད་པ་དང་མེད་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ལ་ནི་བློ་དང་ལྡན་པའི་ཕྱིར་མི་སྣང་བར་བྱས་ཀྱང་མི་གཡོ་ཞིང་དེ་ལྟར་ཤེས་པར་འགྱུར་བས་སོ། །དེ་ལྟར་མི་སྣང་བར་བྱས་པས་དེ་ལ་སེམས་འཁྲུགས་པས་ཤི་ཡང་སླ་ཞེས་བྱ་བ་ནི་སྐྱེ་བ་དུ་མར་མི་སྡུག་པའི་རྣམ་པར་སྨིན་པའི་རྒྱུར་འགྱུར་བའི་ཕྱིར་རོ། །སེམས་འཁྲུགས་པ་ནི་ཚེ་ཟད་པ་ཡིན་ཏེ། ཚེ་ཟད་པ་དེའི་རྒྱུ་ཡིན་པའི་


DTG168_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །སྲོག་གི་ཕྱིར་ཡང་ཞེས་བྱ་བ་ནི་སྲོག་གི་ཆེད་དུ་ཡང་ངོ༌། །གལ་ཏེ་འཁྲུགས་ཤིང་གསོན་པར་རུང་ངོ་ཞེས་འགའ་ཞིག་སྨྲ་ན་ནི། དེའི་ཚེ་འཁྲུགས་པར་གྱུར་ན་དེ་མ་ཐག་འཆི་བ་ལྟ་བུ་སྟེ། འཆི་བར་ཉེ་བར་འགྲོ་བ་ཡིན་ཏེ། དེས་སེམས་འཁྲུགས་པ་ཡིན་པའི་ཕྱིར་རོ། །དེས་ན་སེམས་འཁྲུགས་བཞིན་དུ་འཚོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲམ་པ་དང་མིག་ནི་ཀོང་ཞེས་བྱ་བས་དབྱིབས་འགྱུར་བ་ཉིད་དོ། །བཞིན་གྱི་མདངས་ནི་ངན་ཞེས་བྱ་བ་ནི་མདོག་འགྱུར་བའོ། །སྐད་ཀྱི་གདངས་ཟབ་མོ་ནི་ཆུང་ཞེས་བྱ་བས་ནི་སྒྲ་འགྱུར་བའོ། །ཉམ་དམས་ཀྱང་བརྟན་པ་དང་རབ་ཏུ་ཞི་བའི་ཡོན་ཏན་ཞེས་བྱ་བ་འདིས་ནི་རྣམ་པར་རིག་བྱེད་མ་འགྱུར་བར་བསྟན་ཏོ། །དེ་ལྟར་ཕྱི་རོལ་གྱི་ཡུལ་གྱིས་མཐོང་བ་སྟེ། མིག་དང་རྣ་བའི་དབང་པོ་གཉིས་ཀྱིས་མདོག་དང་དབྱིབས་རྣམ་པར་རིག་པ་ཡིན་ནོ། །རིད་པར་གྱུར་པའི་རྒྱུ་དེ་ལ་དྲིས་སོ་ཞེས་བྱ་བ་ནི་ཅིའི་ཕྱིར་རིད་པའི་རྒྱུ་དེ་ལ་དྲིས་ཤེ་ན། རིད་པ་དང་འབྲེལ་པར་གྱུར་པའི་ཕྱིར་རོ། །འགྱུར་བ་གཞན་དག་ནི་མི་རིགས་པའི་ཕྱིར་ཏེ། དྲི་བ་གཞན་དག་ནི་མ་བརྗོད་ཀྱང་གྲུབ་པ་ཉིད་དེ། དེ་ལས་གཞན་དུ་འགྱུར་བའི་རྒྱུའོ། །ཇི་ལྟར་གྱུར་པ་ཞེས་བྱ་བ་ནི་དང་པོའི་གནས་ན་པདྨའི་རྩ་བ་ནི་མེད་དེ། པདྨའི་ལོ་མ་ནི་རྒྱན་འཁྲུགས་ཤིང་འདུག་པར་མཐོང་ཞེས་བྱ་བ་དེ་དག་བསྟན་པར་གྱུར་པའོ། །ཆོས་མ་ཡིན་པ་ཞེས་བྱ་བ་ནི་པདྨའི་རྩ་བ་ཁྱེར་བའོ། །ཤེས་པ་འཇུག་པའི་ཡུལ་ཡང་བསྒྲིབས་ཞེས་བྱ་བ་ནི་ཤེས་པ་འཇུག་པ་ཡིན་པས་ཤེས་པ་འཇུག་པའོ། །ཤེས་པ་འཇུག་པར་བྱེད་པའི་ཡུལ་ནི་ཤེས་པ་འཇུག་པའི་ཡུལ་ལོ། །ཤེས་པ་འཇུག་པའི་ཡུལ་བསྒྲིབས་པ་གང་ཡིན་པ་དེ་ནི་ཤེས་པ་འཇུག་པའི་ཡུལ་བསྒྲིབས་པ་སྟེ། མངོན་པར་ཤེས་པ་ལས་བྱུང་བའི་ལྷའི་མིག་གིས་མཐོང་བའི་ཡུལ་དེ་བསྒྲིབས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བརྒྱ་བྱིན་གྱི་མཐུ་ལས་བྱུང་བའི་རྫུ་འཕྲུལ་གྱི་ཁྱད་པར་གྱིས་མངོན་པར་ཤེས་


DTG168_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བྱུང་བའི་མིག་གི་ཡུལ་ཡང་མི་སྣང་བར་བྱེད་ནུས་པས་སོ། །ཅི་ལས་གྱུར་ཞེས་བྱ་བ་ནི་གང་གིས་འདི་ལྟར་བྱས་ཞེས་པའོ། །འདི་ཞེས་བྱ་བ་ནི་པདྨའི་རྩ་བ་མེད་པའོ། །རང་གི་ཡིད་ལ་གཅགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཉམ་ཐག་པའི་རྒྱུས་སོ། །བདག་ཉིད་གཙང་བ་ཞེས་བྱ་བ་ནི་བདག་ཉིད་པདྨའི་རྩ་བ་མ་ཁྱེར་བའོ། །འདིར་ཚིགས་བཅད་བཅུ་གཅིག་གིས་མནའ་ཁྱད་པར་ཅན་བོར་བ་སྟེ། རབ་དང༌། འབྲིང་དང༌། ཐ་མ་རྣམས་ཀྱི་འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར་ཇི་ལྟར་རིགས་པར་སྦྱར་ཏེ། དང་པོ་གསུམ་གྱིས་མནའ་ཁྱད་པར་ཅན་བོར་བ་ནི་ཐ་མའི་དབང་དུ་བྱས་པའོ། །ཁྱོད་ཀྱི་རྩ་བ་བརྐམ་པས་གང་ཁྱེར་བ། །ཞེས་བྱ་བའི་ཚིགས་བཅད་ནི་རབ་ཀྱི་དབང་དུ་བྱས་པའོ། །ཁྱོད་ལྟའི་རྩ་བ་གང་ཁྱེར་བ། །ཞེས་བྱ་བ་ནས། ཁྱོད་ལྟ་བུ་ཡི་རྩ་བ་ལ་ཆགས་གང༌། །ཞེས་བྱ་བའི་ཚིགས་བཅད་གསུམ་ནི་འབྲིང་གི་དབང་དུ་བྱས་པའོ། །རྩ་བའི་ཕྱིར་ནི་བདག་ཉིད་ཆུད་གསོན་པ། ཞེས་བྱ་བ་དང༌། གང་གིས་རྩ་བ་མཐོང་ལ་ཆོས་མ་མཐོང༌། །ཞེས་བྱ་བའི་ཚིགས་བཅད་གཉིས་ནི་ཐ་མའི་དབང་དུ་བྱས་པའོ། །དམ་པའི་མཆོག་ཏུ་གྱུར་ཞེས་བྱ་བའི་ཚིགས་བཅད་ནི་རབ་ཀྱི་གནས་སྐབས་ཀྱི་དབང་དུ་བྱས་པའོ། །གནོད་སྦྱིན་དང༌། གླང་པོ་ཆེ་དང༌། སྤྲེའུ་རྣམས་ཀྱིས་ཀྱང་འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར་ཏེ། དེ་དག་ནི་འདོད་ཆགས་དང་མ་བྲལ་བའི་ཕྱིར་གནས་སྐབས་དང་རྗེས་སུ་མཐུན་པའི་མནའ་གསུམ་བོར་བ་ཡིན་ནོ། །གང་ཞིག་མ་བརླག་པར་ནི་བརླག་ཅའམ། །ཞེས་བྱ་བའི་ཚིགས་བཅད་འདི་ནི་བར་མའི་དབང་དུ་བྱས་པའོ། །གང་དག་ཐོབ་ཕྱིར་ཡིད་ལ་རྩོལ་བྱེད་ཅིང༌། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ནི་མཐོང་བའི་ཆོས་ཀྱི་བདེ་བ་འདོད་པའི་དབང་དུ་བྱས་པའོ། །དཀའ་ཐུབ་འབད་པས་གང་དག་ཐོབ་འདོད་པའོ། །ཞེས་བྱ་བའི་ཕྱེད་འོག་མས་ནི་འཇིག་རྟེན་ཕ་རོལ་གྱི་བདེ་བ་འདོད་པའི་དབང་དུ་བྱ་བའོ། །འདོད་པའི་ཕྱིར་ནི་འཇིག་རྟེན་བཅིངས་ཤིང་གསོད་པར་འགྱུར། །ཞེས་བྱ་བ་དང༌། གང་གིས་མཛའ་བོ་


DTG168_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་མྱུར་དུ་འཁོན་འབྱུང་འགྱུར། །ཞེས་བྱ་བའི་ཚིགས་བཅད་འདི་གཉིས་དང༌། དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་ནི་རྣམ་པ་གསུམ་གྱི་འདོད་པའི་ཉེས་དམིགས་མདོར་བསྡུས་ནས་བསྟན་པ་སྟེ། ཐ་མའི་འདོད་པའི་ཉེས་དམིགས་ཀྱི་དབང་དུ་བྱས་པ་ནི། འདོད་པའི་ཕྱིར་ནི་འཇིག་རྟེན་བཅིངས་ཤིང་གསོད་པར་འགྱུར། །ཞེས་བྱ་བ་ཕྱེད་དོ། །རབ་ཀྱི་དབང་དུ་བྱས་པ་ནི། རྒྱལ་པོ་རྣམས་ཀྱང་འདོད་པའི་ཕྱིར། །ཞེས་བྱ་བ་ཕྱེད་འོག་མའོ། །འབྲིང་གི་དབང་དུ་བྱས་པ་ནི། གང་གིས་མཛའ་བོ་རྣམས་དང་མྱུར་དུ་འཁོན་འབྱུང་འགྱུར། །ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མ་ཡིན་ནོ། །འདི་དང་ཕ་རོལ་དུ་ཡང་འདོད་པས་གསོད་པར་བྱེད། །ཅེས་བྱ་བ་ནི། གྲགས་པ་ཉམས་ཤིང་ཕྱི་མ་ལ་ཡང་སྡུག་བསྔལ་མྱོང༌། །ཞེས་བྱ་བ་ཚིགས་བཅད་དེའི་དབང་དུ་བྱས་པ་སྟེ། གྲགས་པ་ཉམས་པ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་སོ། །སྡུག་བསྔལ་མྱོང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་སོ། །བདག་ལ་ཕན་འདོད་སྦྲུལ་གདུག་ཁྲོས་པ་བཞིན། །ཞེས་བྱ་བ་ནི་དུས་རྟག་ཏུ་ཕུང་ཁྲོལ་གྱི་རྒྱུར་གྱུར་པའི་ཕྱིར་རོ། །བདག་གིས་འདིར་པདྨའི་རྩ་བ་སྦས་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན་སྨྲས་པ་བརྟག་པའི་ཕྱིར་རོ། །ཅིའི་ཕྱིར་བརྟག་ཅེ་ན། སྨྲས་པ། ཡོན་ཏན་རྣམས་རེ་བ་བཞིན་པ་རྟོགས་པར་འགྱུར་བའོ། །སྤྱོད་པ་རྣམ་པར་དག་པ་ནི་གང་གི་ཡིད་འཁྲུགས་པ་མ་ཡིན་ཞིང་དོན་གཞན་དུ་མ་གྱུར་པའི་ཕྱིར་རོ། །བརྟན་པའི་སྤྱོད་པ་ནི་བདེ་བ་དང་སྡུག་བསྔལ་ལྡོག་པ་དང་འཇུག་པ་གཉིས་ལ་ཡང་བརྟན་པའི་ཁྱད་པར་གྱིས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །ངེད་ཅག་ཁྱོད་ཀྱི་གཉེན་དང་གྲོགས་མ་ཡིན། །ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་རྩེད་མོའི་ལམ་འབྱུང་བའི་རྒྱུ་ནི་རྣམ་པ་བཞི་སྟེ། དེའི་དབང་དུ་བྱས་ནས། ངེད་ཅག་ཁྱེད་ཀྱི་གཉེན་དང་ཞེས་བྱ་བ་ནི་གང་གིས་ལྷན་ཅིག་སྐྱེས་པའི་སྤུན་ཟླའོ། །གྲོགས་ནེའུ་ལྡངས་ཏེ། འདི་གཉིས་ཀྱིས་ནི་རང་གི་སྐྱེ་བོ་ཡིན་པའི་ཕྱིར་དང༌། ན་ཚོད་མཉམ་པའི་ཕྱིར་རྩེད་མོའི་ལམ་བཞིན་དུ་བྱ་བར་རིགས་པ་ཡིན་ནོ། །གར་མཁན་ནི་འདྲ་བར་བྱེད་པ་ཡིན་ཏེ། གར་མཁན་དང་འཕྱས་གདགས་པ་ནི་གཅིག་ལ་


DTG168_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྩེད་མོའི་ལམ་རིགས་པ་ཡིན་ཏེ། དེས་ཀུན་དུ་འཚོ་བའི་ཕྱིར་རོ། །ཅིའི་ཕྱིར་ཁྱད་དུ་བསད་ནས་ཞེས་བྱ་བ་ནི་གཟི་བྱིན་གྱིས་ནོན་པའི་ཚིག་སྟེ། རྩེད་མོའི་ལས་ཞེས་བྱ་བའི་ཚིག་གིས་ནི་སྤྱོད་པ་གླང་པོས་སྤྱོས་སོ་ཞེས་བྱ་བའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་པདྨའི་རྩ་བའི་སྐྱེས་པའི་རབས་སོ།། །།ཐོས་པ་དང༌། དུལ་བ་དང༌། ཆོ་རིགས་བཙུན་པ་ཞེས་བྱ་བ་ལ་ཐོས་པ་ནི་ད་ལྟར་བྱུང་བའི་ཤེས་རབ་ཀྱི་ཚོགས་སོ། །དུལ་བ་དང༌། ཆོ་རིགས་བཙུན་པ་ནི་འདས་པའི་སྐྱེ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སྟེ། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་འོ། །མ་འཇུངས་ཤིང་ཁོང་བཟོ་བཞིས་བྱ་བ་ནི་འདས་པའི་སྐྱེ་བའི་ཤེས་རབ་ཀྱི་ཚོགས་དེའི་འབྲས་བུའོ། །འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ལ་འགལ་བ་མེད་པ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཙུག་ལག་མང་པོ་ལ་གོམས་པས་ཚིག་ལ་མཁས་པར་གྲགས་པ་ཞེས་བྱ་བ་ནི་སྔར་བསྟན་པའི་ཐོས་པ་གསལ་བར་བྱེད་པ་ཡིན་ནོ། །སྙིང་རྗེ་དང་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ད་ལྟར་བྱུང་བའི་སྐྱེ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཏུ་ཕྱུག་པས་ཞེས་བྱ་བ་ནི་ཚེ་སྔ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བའི་འབྲས་བུའོ། །དེ་ལྟར་འདི་དག་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་དང་འབྲས་བུ་ལ་འཇུག་པ་བསྟན་པའོ། །དེ་ནི་རང་བཞིན་ཆོས་ཀྱི་བདག །ཅེས་བྱ་བ་འདིས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཉིད་དུ་བསྟན་ཏོ། །ཐོས་ལ་སོགས་པའི་ཡོན་ཏན་བརྒྱན། །ཅེས་བྱ་བ་འདིས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཉིད་དུ་བསྟན་ཏོ། །ཚོགས་གཉིས་ཀྱི་གནས་ཉིད་དུ་གྱུར་པས་བཀུར་སྟི་བྱ་བའི་གཞིར་གྱུར་པ་ཡིན་ནོ། །ཕྲད་པའི་ཕྱིར་ཞེས་བྱ་བ་ནི་བལྟ་པའི་ཕྱིར་རོ། །དེའི་ཁྱིམ་དུ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོའོ། །མགྲོན་འོངས་པའི་བཀུར་སྟིའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་མགྲོན་འོངས་པའི་བཀུར་སྟིའི་བྱ་བ་བྱས་པའོ། །གཏམ་སྨྲ་བའི་སྐབས་ལ་བབ་པ་ནི་སྐབས་ལ་བབ་པའི་གཏམ་གླེང་བ་འོ། །


DTG168_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འཕྲོས་པའི་གླེང་ལངས་པའོ། །ཁྱོད་ལ་བྱམས་སམ་ཞེས་བྱ་བ་ནི་རྗེས་སུ་བརྩེ་འམ་ཞེས་དྲི་བ་ཡིན་ཏེ། བུད་མེད་གཞན་ལ་ཆགས་པ་མེད་དམ་ཞེས་དྲི་བ་འོ། །ཁྱོད་ཀྱིས་ནི་བཀུར་སྟི་བྱས་པའི་ཡོན་ཏན་དྲིན་དུ་གཟོ་འམ་མི་གཟོ་ཞེས་བྱ་བ་ནི་གསོ་ཞིང་བསྐྱེད་པ་ལ་སོགས་པ་སྟེ། གནོད་ང་མ་བྱས་པ་ཉིད་དང༌། བཀུར་སྟི་བྱས་པའི་ཡོན་ཏན་ཡོངས་སུ་ཤེས་པར་གྱུར་པའོ། །མི་བདེ་བ་ལྟ་ཡོད་དམ་མེད་ཅེས་བྱ་བའི་ཚིགས་བཅད་ལ་སོགས་པ་རྣམ་པ་གཉིས་ཏེ། འདི་གསུམ་གྱིས་ནི་བདག་ཉིད་དང་མཉམ་པར་ལོངས་སྤྱོད་དང་ཉེ་བར་སྤྱོད་པས་རྗེས་སུ་འཛིན་པ་ཡིན་ཏེ། མི་བདེ་བ་མེད་པ་ནི་ཉེ་བར་འཚེ་བ་མེད་པར་བསྟན་ཏོ། །དེ་ལྟར་རེ་ཞིག་བུད་མེད་རྣམས་གཞན་ལ་རག་ལུས་པའི་ཚུལ་ཡིན་པས་འདྲི་བར་བྱེད་པའོ། །དེ་ངོ་ཚ་བས་མགོ་སྨད་དེ་མི་སྤོབས་བཞིན་དུ་ཞེས་བྱ་བས་ནི་གནས་མ་ཡིན་པར་དྲིས་པས་དེ་ངོ་ཚ་སྟེ་མགོ་སྨད་པའོ། །སྤོབས་པ་ནི་དེའི་ལན་དེ་མི་སྤོབས་བཞིན་དུའོ། །དར་ལ་བབ་ཅིང་བྱད་གཟུགས་བཟང༌། །ཞེས་བྱ་བའི་དོན་ནི་བདག་གི་དབང་ངམ་གཞན་གྱི་དབང་གིས་རབ་ཏུ་བྱུང་བར་བྱེད་པའི་རྒྱུ་ཡིན་ན་རབ་ཏུ་བྱུང་བའི་རྒྱུ་དེ་གཉི་ག་མེད་པར་སྟོན་ཏོ། བདག་གི་དབང་ཡང་རྣམ་པ་གཉིས་ཀྱིས་རབ་ཏུ་བྱུང་བ་ཡིན་ཏེ། ལོངས་སྤྱོད་སྤྱོད་པར་མི་ནུས་པ་དང༌། དཀའ་ཐུབ་ཀྱི་ནགས་སུ་གནས་པར་འོས་པ་སྟེ་གཉིས་སོ། །དེ་གཉི་ག་ཡང་མེད་པར་བསྟན་པའི་ཕྱིར་དང་པོའི་ཕྱེད་ཀྱིས་བསྟན་པ་ཡིན་ཏེ། དར་ལ་བབ་ཅིང་བྱད་གཟུགས་བཟང༌། །ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཉེ་བར་ལོངས་སྤྱོད་པར་རིགས་པར་བསྟན་ཏེ། དར་ལ་བབ་པས་ནི་རང་ཉིད་ཀྱིས་ལོངས་སྤྱོད་པར་ནུས་པ་དེས་སོ། །བྱད་གཟུགས་བཟང་ཞེས་བྱ་བས་ནི་བུད་མེད་རྣམས་ཀྱིས་ཀྱང་འདོད་པར་བྱ་བ་དེས་སོ། །གཞོན་ཤ་ཅན་དང་བདེ་བར་གསོས། །ཞེས་བྱ་བ་འདི་གཉིས་ནི་ནགས་སུ་གནས་པ་མི་རིགས་པར་བཤད་དེ། ལུས་གཞོན་ཤ་ཅན་ཡིན་པའི་ཕྱིར་དང༌། བདེ་བ་དང་རྗེས་སུ་མཐུན་པའི་རྐྱེན་ཐོབ་པའི་ཕྱིར་རོ། །དེ་ལྟར་བཞི་པོ་འདིས་བདག་གི་དབང་གིས་རབ་ཏུ་བྱུང་བ་མི་རིགས་པར་སྟོན་ཏོ། །གཞན་གྱི་དབང་གིས་ཀྱང་རབ་ཏུ་འབྱུང་བ་མི་རིགས་པར་སྟོན་ཏོ། །དེ་ནི་རྒྱལ་པོའི་གནང་ཆེན་ཡིན། །ཞེས་པ་སྟེ།


DTG168_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་རྒྱལ་པོས་གཞན་དུ་སྤྱུགས་ན་ནི་རབ་ཏུ་འབྱུང་གི །དེ་ནི་གནང་ཆེན་ཡིན་ཞེས་བྱ་བའི་ཚིག་གིས་དེ་མེད་པར་སྟོན་ཏོ། །དེ་ལྟར་ནགས་གནས་སུ་རིག་ནས་ཁྱིམ་ཡོངས་སུ་གཏོང་བའི་རྒྱུ་མེད་དོ། །དེས་ན་ཁྱིམ་ཡོངས་སུ་གཏང་བའི་རྒྱུ་མེད་པར་བསྟན་བའི་ཕྱིར། ནང་མི་དག་དང་ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ཏེ། རྒྱུ་གསུམ་གྱིས་ནི་ཁྱིམ་ཡོངས་སུ་གཏང་བར་བྱ་བ་ཡིན་ཏེ། རྣམ་པ་གསུམ་པོ་ཡང་བསོད་ནམས་ཀྱི་འབྲས་བུས་ཕོངས་པར་བསྟན་པའོ། །དེ་མེད་ན་ཇི་ལྟར་བབ་ཅོལ་དུ་ཁྱིམ་ཡོངས་སུ་གཏད་ཞེས་བྱ་བ་ནི་ཚིགས་བཅད་འདིའི་བསྡུས་པའི་དོན་ཏོ། །ནང་མི་དག་དང་འ་ཁོ་ན་མ་བྱུང༌། །ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཕོངས་པ་མེད་པར་བསྟན་ཏོ། །རྒས་པས་མི་སྡུག་མ་གྱུར་ཅིང༌། །ཞེས་བྱ་བ་དང༌། ནད་མེད་ཅེས་བྱ་བ་འདི་གཉིས་ཀྱིས་ནི་བདག་ཉིད་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཡོད་པར་བསྟན་ཏོ། །ཁྱིམ་གྱི་ལོངས་སྤྱོད་སྤྱོད་པ་ཞེས་བྱ་བ་འདིས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཕོངས་པ་མེད་པར་བསྟན་ཏོ། །ཚིག་གཅིག་ཅེས་བྱ་བ་ནི་གསུམ་པོ་དེ་དག་མ་ཚང་བ་མེད་ཀྱང་བབ་ཅོལ་དུ་གཏོང་བར་ནུས་ཞེས་པའོ། །དེ་མཆོག་ཏུ་གསལ་བའི་ཕྱིར། མཛངས་ཤིང་དུལ་བའི་རྒྱན་གྱིས་བརྒྱན། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། རང་གི་ཆུང་མ་བོར་བ་མི་རིགས་པ་ལས་བརྩམས་པའོ། །འདི་ལྟ་བུ་ཞེས་བྱ་བ་ནི་འདོད་པའི་དོན་དང་ལྡན་པའོ། །ནང་མི་ནི་རང་གི་ཆུང་མའོ། །མི་བརྟན་ནང་མི་སྙིང་རྗེ་མེད་པ་ནི་མི་བརྟེན་སྙིང་རྗེ་མེད་པས་སོ། །ཇི་ལྟར་འདོད་པ་དང་འགལ་བ་ཡིན་ཞེ་ན། སྨྲས་པ། དུལ་བའི་རྒྱན་གྱིས་བརྒྱན་ཞེས་བྱ་བ་སྨོས་ཏེ། བརྒྱལ་འདོད་པའི་དོན་དུ་རང་གི་ཆུང་མ་ཡོངས་སུ་བཏང་སྟེ། བུད་མེད་གཞན་དག་ལ་ཆགས་ན་དེས་ནི་དེ་ལ་སྙིང་ཉེ་བ་མེད་ན་འདི་ནི་དེ་ལྟ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དུལ་བའི་རྒྱན་གྱིས་བརྒྱན་པའི་ཕྱིར་ཏེ། གང་གི་ཕྱིར་མ་དུལ་བ་ནི་བུད་མེད་གཞན་ལ་ཡང་ཆགས་པར་འགྱུར་ན། དེ་མེད་པས་རང་གི་ཆུང་མ་ཡང་ཡོངས་སུ་གཏོང་བ་འདི་ནི་འདོད་བའི་དོན་དང་འགལ་


DTG168_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །མཛངས་ཤིང་ཞེས་བྱ་བ་འདིས་ནི་ནོར་དང་འགལ་བར་བསྟན་ཏེ། གང་གི་ཕྱིར་མཛངས་ན་ནི་རིགས་ལ་སོགས་པའི་ཡོན་ཏན་དང༌། ཡོན་ཏན་མ་ཡིན་པའི་བྱ་བྲག་མཐོང་བ་ཡིན་ཏེ། དེའི་ནུས་པ་དང་ལྡན་པའི་ཕྱིར་རོ། །རིགས་ལ་སོགས་པའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པ་དང་ལྡན་བ་གཞན་ནི་མ་མཐོང་ལ། དེ་དག་མ་མཐོང་ཡང་རང་གི་ཆུང་མ་ཡོངས་སུ་གཏོང་བས་ནི་ནོར་དང་འགལ་བར་གྱུར་པའོ། །མཉེས་ཀྱང་གཤིན་ཞེས་བྱ་བ་འདིས་ནི་ཆོས་དེ་ལྟ་བུ་དང་ལྡན་ཡང་རང་གི་ཆུང་མ་ཡོངས་སུ་གཏོང་བ་ཉིད་དེ། དེ་ལྟར་རེ་ཞིག་བདག་ལ་ལྟོས་པ་ནང་མི་ཡོངས་སུ་གཏོང་བར་མི་རིགས་པར་བསྟན་ཏེ། ད་ནི་ནང་མི་ལ་ལྟོས་ནས་ནང་མི་ཡོངས་སུ་གཏོང་བར་མི་རིགས་པར་སྟོན་ཏེ། གཞན་ལ་སྙིང་བརྩེ་བ་ཞེས་པས་སོ། །གཞན་གྱི་སྡུག་བསྔལ་ལ་ལྟོས་པས་ཀྱང་གཞན་ལ་སྙིང་བརྩེ་བའི་ཕྱིར་ནང་མི་ཡོངས་སུ་གཏོང་བར་མི་རིགས་པ་ཉིད་དུ་བསྟན་ཏོ། །མཉེས་ཀྱང་གཤིན་ཞེས་བྱ་བ་བཤད་པས་མཉེས་གཤིན་པས་ནི་མཆོག་ཏུ་ནང་མི་ཡོངས་སུ་གཏང་བར་རིགས་ཏེ། ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བའི་ཆོས་དང་མཐུན་པར་འདོད་པས་སོ་ཞེས་གང་དག་ཡོངས་སུ་རྟོག་པ་ལ། དེའི་ལན་བརྩམས་པའི་ཕྱིར། དགེ་སྦྱོང་བྲམ་ཟེ་མཛའ་བོའི་རྟེན། །ཞེས་བྱ་བ་དང༌། རྗེས་སུ་མཐུན་ཞིང་ཆོས་གྲོགས་བྱེད། །ཅེས་བྱ་བའི་ཚིག་གཉིས་ཡིན་ཏེ། དགེ་སྦྱོང་བྲམ་ཟེ་ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་ནི་རབ་ཏུ་བྱུང་ནས་ནགས་སུ་གང་རྙེད་པའི་ཆོས་དེ་ནི་ཁྱིམ་དུ་ཡང་རྙེད་པ་དང༌། ཁྱད་པར་གྱི་ཆོས་ཀྱང་རྙེད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པའོ། །དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་ནི་སྦྱིན་པའི་ཞིང་རྙེད་པར་དཀའ་བ་བསྟན་ཏེ། དགེ་སྦྱོང་བྲམ་ཟེ་ཞེས་བྱ་བ་སྨོས་པས་ནི་ཡོན་ཏན་གྱི་ཞིང་ངོ༌། །མཛའ་བོའི་རྟེན་དང་ནང་མི་ཞེས་སྨོས་པས་ནི་ཕན་འདོགས་པའི་ཞིང་ཉིད་དོ། །ཕོངས་པ་ཞེས་སྨོས་པས་ནི་སྙིང་རྗེའི་ཞིང་ཉིད་དོ། །འདི་ནི་རེ་ཞིག་ནགས་ན་གནས་པ་ལས་ཁྱད་པར་དུ་བྱ་བའི་ཆོས་སོ། །གཙང་སྤྲ་ཚུལ་ཁྲིམས་ནོར་ཞེས་བྱ་བ་འདིས་ནི་ནགས་དང་ཁྱིམ་གཉིས་ཀྱི་ཐུན་མོང་གི་ཐོབ་པའི་ཆོས་བསྟན་ཏོ། །ནགས་ཚལ་དགོན་པར་གང་བཙལ་


DTG168_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞེས་བྱ་བ་ནི་གང་ནགས་ཀྱི་ཕྱོགས་སུ་འདོད་ཅིང་བཙལ་བ་དེ་ཅི་ཁྱིམ་འདིར་མི་རྙེད་དམ་ཞེས་པའོ། །དེ་ལྟར་ཡང་ནགས་སུ་འཇུག་པ་ལ་ནི་སྐྱོན་དང་འབྲེལ་པའོ་ཞེས་བསྟན་པའི་ཕྱིར། རྗེས་སུ་མཐུན་ཞིང་ཆོས་གྲོགས་བྱེད། །ཅེས་བྱ་བའི་ཚིགས་བཅད་བརྩམས་སོ། །རྒྱུ་གསུམ་གྱིས་བུད་མེད་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། རྒྱུ་གསུམ་མ་གཏོགས་པར་རང་གི་ཆུང་མ་ཡོངས་སུ་གཏོང་བ་ལས་ནི་ཆོས་མ་ཡིན་པར་འགྱུར་ཏེ། ཅི་ཆོས་མ་ཡིན་པ་ལ་མི་ལྟ། ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཉེས་པ་བའམ། རྗེས་ས་མི་མཐུན་པའམ། རང་དགར་བྱེད་པའི་གཡོག་འཁོར་ནི་ཡོངས་སུ་སྤངས་ཀྱང་ཆོས་མ་ཡིན་པ་ཐོབ་པར་མི་འགྱུར་རོ། །ཡོན་ཏན་གསུམ་དང་ལྡན་ན་ནི་ཆོས་མ་ཡིན་པ་ཐོབ་པར་འགྱུར་རོ། །ཉེས་པ་མ་བྱས་པ་ནི་གུས་པའི་སྐྱེ་བོ་སྤངས་པ་ཉིད་ཡིན་ཏེ། འཁྲུལ་པའི་སྐྱོན་མེད་པས་སོ། །རྗེས་སུ་མཐུན་ཞེས་བྱ་བ་ནི་ཁྱིམ་ཐབ་ལས་མི་འཕྱོ་བའོ། །ཆོས་གྲོགས་བྱེད་ཅེས་བྱ་བ་ནི་བདེན་པའི་ཆུང་མའོ། །བུད་མེད་སྤངས་པའི་རྒྱུ་གཞན་ཡང་ཡོད་དེ་སྔོན་ལས་ངན་བ་བྱས་པའི་རྒྱུ་དང་ལྡན་པ་ཡིན་ཏེ། དེས་ན་ཡིད་ལ་སྙིང་རྗེ་ཅུང་ཟད་མེད། །ཅེས་བྱ་བའི་ཚིགས་བཅད་བརྩམས་སོ། །དེ་ཡོངས་སུ་བཏང་བ་དང་མཐུན་པ་ཉིད་ནི་བཏང་ཞིང་སྙང་རྗེ་སྤངས་པའི་ཕྱིར་ཏེ། འདིས་ནི་ཆོས་དང་མི་ལྡན་པར་སྟོན་ཏེ། སྙིང་རྗེ་ཅུང་ཟད་མེད་ཅེས་བྱ་བས་སོ། །ཀྱེ་མའོ་ཆོས་ནི་ཅུང་ཟད་འགྲུབ་རེ་སྐན། །ཞེས་བྱ་བ་ནི་སྐྱེ་བོ་སྙིང་ཉེ་བ་སྤངས་པའི་ཕྱིར་རོ། །ཁྱིམ་ཐབ་རབ་ཏུ་བྱུང་བའི་སྨྲེ་སྔགས་འདོན་པ་གང་ཡིན་པ་དེ་ནི་དེས་སྨྲེ་སྔགས་འདོན་པའོ། །བདེ་བ་དང་སྡུག་བསྔལ་མཚུངས་ཞེས་བྱ་བའི་ཚིགས་བཅད་ཀྱི་བདེ་བ་སྤྱོད་པ་ནི་བདེ་བའི་རིམ་པའོ། །སྡུག་བསྔལ་སྤྱོད་པ་ནི་སྡུག་བསྔལ་ཀྱི་རིམ་པའོ། །ཐོས་ནས་ནི་སྐྱེ་བོ་འདི་དག་གང་ཞིག་ནས་ཞེས་བྱ་བ་ནི་གང་ལས་རབ་ཏུ་འབྱུང་ངོ་ཞེས་དེ་ཐོས་པའོ། དེ་ཐོས་ནས་བྱམས་པའི་དབང་གིས་དེར་ལྷགས་ཏེ། ཞེས་བྱ་བ་ནི་ཆོ་ངེས་འདེབས་པར་གྱུར་པའོ། །ངོ་ཚ་ཞིང་མི་དགའ་བར་གྱུར་པ་གང་ཡིན་པ་དེ་ནི་པོ་ཚ་ཞིང་མི་དགའ་བར་གྱུར་པའོ། །ངོ་ཚ་ན་ནི་ཡོན་ཏན་དམ་


DTG168_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དམ་པ་དེ་ཡོད་པ་དང༌། མི་དགའ་བ་ནི་རང་གི་ཁྱིམ་ཡོངས་སུ་སྤང་བར་འདོད་པ་སྟེ། དེ་གཉིས་ཀ་བསྒྲུབ་པའི་ཕྱིར། སྐྱེ་བོ་རྣམས་ཀྱི་ཡོན་ཏན་དུ་ཞེས་བྱ་བ་དང༌། དེ་ལྟར་བདག་ནི་སྐྱོན་ལ་དད་གྱུར་ཅིང༌། །ཞེས་བྱ་བའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །དེ་ལ་སྐྱེ་བོ་རྣམས་ཀྱི་ཡོན་ཏན་དུ་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་ངོ་ཚ་ཞིང་ཞེས་བྱ་བ་དེ་ཉིད་བསྒྲུབ་པ་ཡིན་ཏེ། བདག་ལྟ་མིར་ཡང་གལ་རུང༌། །ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་བདག་ནི་སྐྱོན་ལ་དད་གྱུར་ཅིང༌། །ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་མི་དགའ་བར་གྱུར་པ་དེ་ཉིད་བསྒྲུབ་པ་ཡིན་ཏེ། དེ་ལྟར་བདག་ནི་ཞེས་བྱ་བ་ནི་ཁྱིམ་ལ་མངོན་པར་ཕྱོགས་པ་ཉིད་དུ་སྟེ། ཡོན་ཏན་ཁྱད་དུ་གསོད་ལ་ཚུལ་ངན་པས་ཡོན་ཏན་གྱི་བསྔགས་པ་བརྗོད་པ་ལས་འཇུག་པའི་བྱ་བས་ལེགས་པར་མ་བསྐྱེད་པའི་ཕྱིར། བརྩི་བར་འགྱུར་ཞེས་བྱ་བ་ཡིན་ཏེ། སྐྱོན་ལ་དད་པར་གྱུར་ཅིང་ཡོན་ཏན་ལ་ནི་ཁྱད་དུ་གསོད་ལ་ཚུལ་ངན་པར་གྱུར་པ་འདི་གཉིས་ཀྱིས་སོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་སྐྱེ་བོ་དགེ་བ་ཡང་བརྩི་བར་གྱུར་ན་གསོན་ཡང་ཅི་ཞིག་རུང་ཞེས་བྱ་བ་འདིས་ནི་མི་དགའ་བ་ཉིད་བསྟན་ཏོ། །དེ་བས་སྐྱེ་བོ་རེ་བར་གྱུར་པ་ཞེས་བྱ་བའི་ཚིགས་བཅད་ནི་ཁྱིམ་ལ་མངོན་པར་ཕྱོགས་པའི་ཉེས་དམིགས་བསྟན་པ་དང༌། དེ་དང་མི་མཐུན་ནགས་ན་གནས་པའི་དབང་དུ་བྱས་པ་སྟེ། རེ་བ་ནི་ཡོན་ཏན་ལ་རེ་བར་གྱུར་པའོ། །དེ་བས་ན་ཞེས་བྱ་བ་ནི་ཁྱིམ་ལ་མངོན་པར་ཕྱོགས་ན་ནི་མིར་མི་རུང་བའི་ཕྱིར་རོ། །སྐྱེ་བོ་དགེ་བས་ཡང་དག་པར་བརྩི་བར་འགྱུར་ཏེ། དེའི་འཚོ་བ་ནི་དགོས་པ་ཅི་ཡང་མེད་པའི་ཕྱིར་རོ། །ཡོན་ཏན་ཉམས་སུ་བླངས་ཏེ་བསྐང༌། །ཞེས་བྱ་བ་ནི་བསྒྲུབ་ཅིང་འབད་པས་རེ་བ་ཡོངས་སུ་བསྐང་བར་བྱ་སྟེ་ཉམས་སུ་བླངས་པས་སོ། །ཕན་ཡོན་གྱི་དབང་དུ་བྱས་ནས། སྤྱོད་པ་ངན་པའི་ཉོན་མོངས་ཁྱིམ་སྤངས་ནས། །དཀའ་ཐུབ་ནགས་ན་དགའ་བའི་ཡོན་ཏན་གྱིས། །ཞེས་བྱ་བ་ཡིན་ནོ། །ནོར་དང་ཐབས་ཞེས་བྱ་བ་འདིས་ནི་གཞུང་ལུགས་བསྟན་ཏེ། ནོར་གྱི་བསྡུ་བའམ་དབྱེ་བ་གཉིས་ཀྱིས་སོ། །མཐུ་རྩལ་གང་དག་གིས་ཞེས་བྱ་བ་ནི་བཀའ་ཁྲིམས་ཀྱི་ཚུལ་གྱིས་སོ། །རེ་ཞིག་ཚིགས་བཅད་དེས་ནི་རྒྱལ་


DTG168_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཞན་ལས་སྐྱེ་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །ད་ནི་རང་གི་ཡུལ་འཁོར་གྱི་དབང་དུ་བྱས་ནས། གལ་ཏེ་ནོར་འདོད་ཅེས་བྱ་བའི་ཚིགས་བཅད་ཡིན་ཏེ། ནོར་མ་ཚང་བའམ། གནོད་པ་ཐོབ་པས་རང་གི་ཡུལ་ལས་པས་མཐར་འགྲོ་ཞེས་བྱ་བ་དེའི་དབང་དུ་བྱས་ནས། ཅི་ཞིག་འདོད་ཕྱིར་ཞེས་བྱ་བ་ཡིན་ཏེ་རྒྱུ་གཞན་གང་གིས་སོ། །གལ་ཏེ་ནོར་འདོད་ཅེས་བྱ་བ་དེས་ནི་སྡུག་བསྔལ་ལམ་གནོད་པ་སྟེ། སྔར་བསྟན་པའི་སྡུག་བསྔལ་གང་གིས་ཁྱོད་ནི་བས་མཐར་འགྲོ་ཞེས་བྱ་བ་དེ་གསལ་བ་ཡིན་ནོ། །སྐྱེ་བོའི་ཚིག་བསྲུངས་པ་ཙམ་གྱིས་ཞེས་བྱ་བ་ནི་གང་དེ་འཇིག་རྟེན་གྱི་ཚིག་ནི་འཇིག་རྟེན་གྱི་གཏམ་ལ་ཞེན་པའོ། །དེ་ལས་ཞེས་བྱ་བ་ནི་དགེ་བའི་ཆོས་ལས་ཉམས་པར་མི་བགྱི་བ་སྟེ། ཆོས་ཞེས་བྱ་བ་ནི་བདག་ལ་ཕན་པར་འདོད་པ་སྟེ། དེ་ལྟར་བདག་ཉིད་ཀྱི་ཆོས་ལ་ལྟོས་པར་བསྟན་པའོ། །ངོ་ཚའི་ཕྱིར་ཡང་ཞེས་བྱ་བ་ནི་བལྟས་པས་ཀྱང་སྟེ། ངོ་ཚའི་ཕྱིར་ཡང་རབ་ཏུ་འབད་པའི་རིགས། །ཞེས་བྱ་བ་ཡིན་ཏེ། ངོ་ཚའི་ཕྱིར་ཡང་ཆོས་དང་ལྡན་པ་ལ་འབད་པར་བྱ་བའོ། །དེའི་ཕན་ཡོན་བསྟན་པའི་ཕྱིར། ཡོན་ཏན་ཡོད་ཅེས་གྲགས་ཤིང་རེ་བ་དག །ཅེས་བྱ་བའི་ཚིགས་བཅད་ཡིན་ཏེ། ཡོན་ཏན་འབྱུང་བ་ཡིན་པས་ཡོན་ཏན་ཡོད་ཅེས་པའོ། །ཇི་ལྟར་གྱུར་ཀྱང་རུང་སྟེ་ཞེས་བྱ་བ་ནི་ངོ་ཚ་བའི་ཕྱིར་ཡང་གཏམ་སྙན་འཕེལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གྲགས་པ་རབ་ཏུ་འགྲུབ་པས་ངོ་ཚའི་ཕྱིར་ཡང་དེ་རབ་ཏུ་འབད་པའི་རིགས་ཏེ། འདི་ལྟར་གྲགས་པས་རབ་ཏུ་འགྱུར་བས་སོ། །གཞན་དུ་བགྱིས་ན་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་མེད་བར་བྱས་པ་སྟེ། རེ་བའི་ཚུལ་གྱིས་ལྟ་བ་ན་ཆུ་མིག་སྐམ་པོའི་གནས་དང་འདྲ་བར་འགྱུར་ཏེ། དེ་ལྟར་ཆུ་མིག་སྐམ་པོ་ལ་སྐོམ་ཞིང་ཆུ་འདོད་པ་རྣམས་ཀྱིས་ཆུ་དོན་དུ་གཉེར་ཞིང་རེ་བ་དང་བཅས་པ་ལས་སྐམས་པར་གྱུར་ན་དེ་དག་གི་རེ་བ་ཉམས་པར་འགྱུར་ཏེ། དེ་བཞིན་དུ་འདིར་ཡང་ཡོན་ཏན་ཡོད་པར་རེ་བ་དང་བཅས་པ་རྣམས་ཏེ། ཡོན་ཏན་ལ་སྐོམ་པའི་སྐྱེ་བོ་དགའ་བ་རྣམས་ཀྱིས་རེ་བ་དང་བཅས་པ་ལས་མ་མཐོང་ན་ནི་འཇིག་པ་ཡིན་ཏེ། ཡོན་ཏན་གཉེར་བ་རྣམས་ཀྱིས་ཁྲོན་པ་སྐམ་པོ་བཞིན་དུ་མཐོང་བར་


DTG168_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཞན་དུ་བགྱིས་ན་ཞེས་བྱ་བས་ཡོན་ཏན་ཡེད་ཅེས་གྲགས་ཤིང་རེ་བ་དག་ལས་མཐོང་ན་མི་མཛེས་པར་འགྱུར་རོ། །ཇི་ལྟར་མི་མཛེས་པར་འགྱུར་ཞེ་ན། དེ་ཉིད་བསྒྲུབ་པའི་ཕྱིར་དོན་བཞིན་མ་ཡིན་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དོན་བཞིན་མ་ཡིན་ཡོན་ཏན་གྲགས་པ་འཕེལ། །ཞེས་བྱ་བ་ནི་ཡོན་ཏན་གྱི་གནས་སྐབས་མ་ཡིན་པའི་ཡོན་ཏན་གྱི་འཕེལ་བ་སྟེ། གང་གི་རྣམས་ཀྱི་གྲགས་པ་མདུན་ན་བརྗོད་པ་མ་ཡིན་ཏེ། དོན་བཞིན་མ་ཡིན་པ་ཡུན་རིང་དུ་འཕེལ་བའོ། །རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པ་ནི་རྟོག་པའི་རླུང་གིས་ཉམས་པར་བྱས་པའོ། །མི་རྣམས་ཀྱི་གྲགས་པ་དེ་ཉམས་པར་གྱུར་ན་ནི་དེ་ཕྱིས་ཡང་གྲགས་པར་འགྱུར་བ་ཞེས་བྱ་བ་ནི་འཕེལ་བར་འགྱུར་བའོ། །སྦྲུལ་ནག་ཅེས་བྱ་བ་འདི་ནི་མཇུག་བསྡུ་བའི་ཚིགས་བཅད་ཡིན་ཏེ། ལྷ་གཅིག་བདག་ནི་བཟློག་པར་མི་རིགས་སོ། །ཞེས་བྱ་བ་ནི་བཟློག་པ་རིགས་པ་ཡང་ཡིན་མོད་ཀྱི་འོན་ཀྱང་བདག་ནི་བཟློག་པར་མ་མཛད་ཅིག་ཅེས་པ་སྟེ། ངེས་པར་གཟུང་བ་མ་ཡིན་བ་དང་ངེས་པར་གཟུང་བའི་རྒྱུ་སྟེ། གུས་པར་མཁྱེན་ནས་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གུས་པར་མཁྱེན་ནས་ཞེས་བྱ་བ་ཚིགས་བཅད་ཕྱད་ཀྱིས་ནི་ངེས་པར་གཟུང་བ་མ་ཡིན་པའི་རྒྱུ་བསྟན་ཏེ། །ངེས་པར་གཟུང་བ་ནི། བདག་ནི་སེམས་ཀྱིས་རབ་ཏུ་བྱུང༌། །ཞེས་བྱ་བ་ཕྱེད་འོག་མས་བསྟན་ཏོ། །བྱམས་པ་ཡིས་ཞེས་བྱ་བ་ནི་རྗེ་བོའི་ཡོན་ཏན་ནོ། །གུས་པར་མཁྱེན་ནས་ཞེས་བྱ་བ་ནི་འབངས་ཀྱང་ཡོན་ཏན་གུས་པ་དང་ལྡན་པར་ཁྱོད་ཀྱིས་དེ་མི་ཤེས་པ་ཡང་མ་ཡིན་ཏེ། ཁྱོད་ཀྱིས་འབངས་ཀྱི་སྐྱེ་བོ་ལ་དེ་ལྟར་བགྱི་བ་རིགས་ཏེ། དེ་བས་ན་ཁྱོད་ཀྱིས་བཟློག་པའི་རིགས་སོ། །བདག་ནི་རེ་ཞིག་བཟློག་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་ཀྱིས་རབ་བྱུང་ཟིན་པའི་ཕྱིར་རོ། །དེས་ན་རབ་ཏུ་བྱུང་བ་ནི་འདུ་འཛིའི་ཉོན་མོངས་ཅན་འཛིན་པ་མི་རིགས་པའི་ཕྱིར་རོ། དེ་ནས་དེ་ཡི་མཛའ་བོ་དང༌། ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་མཛའ་བོ་ལ་སོགས་པ་དམན་པ་དང༌། བར་མ་དང༌། གོང་མ་དག་གིས་བཟློག་པའི་ལུས་དང་ངག་གི་ལས་ཀྱི་བྱ་བ་རྣམས་བསྟན་ཏོ། །དེ་ལ་རྐང་པ་ལ་འཇུས་ཏེ་ཞེས་བྱ་བས་ནི་དམན་པ་རྣམས་ཀྱི་ལུས་ཀྱི་ལས་ཀྱི་བྱ་བ་བསྟན་ཏོ། །ཁ་ཅིག་ཐལ་མོ་སྦྱར་ཏེ་ཞེས་བྱ་བས་


DTG168_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རབ་དང་མཉམ་པ་བར་མའི་བསྟན་ཏོ། །མགུལ་ནས་འཇུས་ཏེ་ཞེས་བྱ་བས་ནི་གོང་མ་རྣམས་ཀྱི་དབང་དུ་བྱས་པའོ། །འདི་གསུམ་ནི་ལུས་ཀྱི་ལས་ལས་བརྩམས་པའོ། །བཟློག་པར་རྩོམ་པ་བཤད་པའོ། །ཁ་ཅིག་ནི་སྤོབས་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པའི་ངག་གི་ལས་ལས་བརྩམས་ཏེ་བཟློག་པའི་དབང་དུ་བྱས་པ་སྟེ། ཁ་ཅིག་ནི་སྤོབས་པའི་ཚུལ་གྱིས་ཞེས་བྱ་བ་ནི་བར་མའི་དབང་དུ་བྱས་པའོ། །ཁ་ཅིག་ནི་མཛའ་བོ་དང་ནང་མི་ཞེས་བྱ་བ་ནི་དམན་པའི་དབང་དུ་བྱས་པའོ། །ལ་ལ་ནི་ཁྱིམ་ན་གནས་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་གོང་མའི་དབང་དུ་བྱས་པའོ། །མཛའ་བོར་འཐམས་པར་ཞེས་བྱ་བལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་ལ་ཕན་པར་འདོད་པ་དེས་ནགས་སུ་འགྲོ་བ་མི་རིགས་སོ་ཞེས་འགོག་པའི་དབང་དུ་བྱས་པའོ། །མཛའ་བོར་འཐམས་པ་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་ནི་མཛའ་བོ་བག་མེད་པ་ལས་མཛའ་བོ་རྣམས་ཀྱིས་ཕན་པའི་ཚིག་སྨྲས་པ་སྟེ། ཡུན་རིང་པོར་འཇུག་པའི་ཕྱིར་རོ། །ཕན་པའི་ལམ་འདི་ལ་ནི་ལེགས་པ་དང་ཕན་པ་གཉིས་ལྷན་ཅིག་མི་འཐོབ་སྟེ། རྩུབ་པ་ཡིན་ན་ཡང་ཕན་པར་འགྱུར་བ་སྦྱར་བའི་རིགས་ཏེ། དེ་ལ་མ་སྦྱར་བར་གྱུར་ན་མི་དགེ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བ་རྣམས་ལས་དགེ་བའི་ཆོས་མི་སྒོམ་ཞིང༌། མི་དགེ་བའི་ཆོས་ལ་འཇུག་པར་འགྱུར་ཏེ། མི་ཕན་པར་སྒྲུབ་པའི་ཕྱིར་རོ། །ནགས་པས་ཁྱིམ་དགའ་ཞེས་བྱ་བའི་ཚིགས་བཅད་འདིའི་དོན་ནི་ནགས་ན་གནས་པ་ལས་བདག་ལ་ཟློག་པར་བྱེད་དེ། ཇི་ལྟར་ལྡོག་པར་བྱེད་ཅེ་ན། སྡིག་པས་གོས་པ་བཞིན་དུ་སྟེ། དོགས་ཤིང་འཇིགས་པ་མེད་པར་རོ། །ཇི་ལྟར་སྡིག་པས་གོས་པ་ནི་དོགས་ཤིང་འཇིགས་པ་མེད་པར་རྩུབ་པ་ཡིན་ན་ཡང་ཟློག་ཅིང་འགོག་པར་བྱེད་པ་དེ་བཞིན་དུ་འདི་དག་སེམས་ཞེས་བྱ་བ་ཡིན་ཏེ་མཛའ་བོ་ལ་སོགས་པ་རྣམས་སོ། །ཐ་མལ་གནས་པའི་སེམས་ཞེས་བྱ་བ་ནི་ནད་མེད་པ་སྟེ། ནགས་པས་ཁྱིམ་དགའ་སྙམ་དུ་ཇི་ལྟར་སེམས་པའོ། །ཇི་ལྟར་སེམས་པ་དེ་ཉིད་སྒྲུབ་པའི་ཕྱིར་སྨྲས་པ། ནགས་ན་གནས་པ་དོགས་ཤིང་ཞེས་བྱ་བ་དང༌།


DTG168_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པས་གོས་བཞིན་དུ་ཞེས་བྱ་བ་གཉིས་ཀྱིས་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་ལ་ཕན་པར་འདོད་པའི་དབང་དུ་བྱས་ནས་དུ་བ་ལ་ནགས་ཚལ་གནས་པ་ལ་ཞེས་བྱ་བ་ནི་ཆོས་བསྒྲུབ་པར་འདོད་པའོ། །གསོན་བཞིན་དུ་ཞེས་བྱ་བ་ནི་ཤི་བ་ཡང་མ་ཡིན། ཤི་བར་འགྱུར་བ་ཡང་མ་ཡིན་པའི་དོན་ཏོ། །ད་ནི་བདག་ཉིད་དང་བྲལ་བའི་མྱ་ངན་གྱི་རྒྱུ་ལ་ཡང༌། ང་དང་བྲལ་བས་དེ་ལྟར་མི་དགའ་ན། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། རབ་ཏུ་མི་འབྱུང་བའི་རྒྱུ་ནི་ཁྱིམ་ཡོངས་སུ་གཏང་བར་དཀའ་བའི་ཕྱིར་ང་དང་མི་འབྲལ་ན་ནི་ཞེས་བྱ་བའི་དབང་དུ་བྱས་ནས་ཚིགས་བཅད་ཀྱི་ཕྱེད་འོག་མས་བསྟན་ཏོ། །ནང་མི་ཡོངས་སུ་གཏོང་བ་ཤིན་ཏུ་དཀའ་བ་ཡིན་ཡང་རབ་ཏུ་མི་འབྱུང་བ་ནི་མི་རིགས་སོ། །ཞེས་བསྟན་པའི་ཕྱིར། དེ་སྟེ་བདག་གི་མི་ལ་ཆགས་པའི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་ལྟར་ཅིས་མི་བྱེད་ཅེས་བྱ་བ་ནི་ཇི་ལྟར་ངའི་རྗེས་སུ་རབ་ཏུ་འབྱུང་བའི་རང་མི་ལ་ཆགས་པས་བགེགས་སུ་བྱེད་པ་ཡིན་ན་དེ་ལྟར་དགྲ་དང་དམག་འགྱེད་ཅིང་འཇུག་པ་ན་ཡང་རང་མེའི་སྐྱེ་བོ་མང་པོ་ལ་ཆགས་པས་བགེགས་ཅིའི་ཕྱིར་མི་བྱེད་ཅེས་པའོ། །ཕོངས་པར་གྱུར་པའི་ཚེ་ན་མཐོང་བར་གྱུར་པའི་མཛའ་བོའི་རང་བཞིན་གང་ཡིན་པ་དེ་ནི་ཕོངས་པར་གྱུར་པའི་ཚེ་མཐོང་བའོ། །མཛའ་བོའི་རང་བཞིན་ནི་ཕོངས་པའི་ཚེ་རྗེས་སུ་འབྲང་བ་དང་དུ་བའོ། །དེ་ལ་ཕོངས་པའི་ཚེ་མཐོང་བ་ནི་སྔར་དུས་གཞན་གྱི་ཚེ་ན་ཡིན་ཏེ། སྔར་མཐོང་བའི་ཕྱིར་ཕོངས་པའི་རྗེས་སུ་འབྲང་བའོ། །མཛའ་བོ་བརྟེན་པར་གྱུར་ཀྱང་ཞེས་བྱ་བ་ནི་ཡུན་རིང་པོ་ནས་འདྲིས་པར་གྱུར་ཀྱང་ངོ༌། །གཡོ་ཉིད་གཡོ་ཡིན་པས་གཡོ་ཕྱི་བཞིན་མི་འབྲང་བ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པ་སྟེ། མཆི་མས་འཇུ་ཞིང་འོང་བ་ཉི་ཚེར་ཟད་པའོ། །མཛའ་བོའི་རང་བཞིན་ནི་དུ་བ་དང་ཕོངས་པ་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལ་དེ་གཉིས་ལས་ཕོངས་པའི་རྗེས་སུ་འབྲང་བ་མེད་དོ། །རབ་ཏུ་འབྱུང་བའི་མཚན་ཉིད་ནི་རབ་དུ་བྱུང་བ་དེ་ཕོངས་པ་ཉིད་ཡིན་ཏེ། དུ་བར་འོས་པའི་ཕྱིར་རོ། །གལ་ཏེ་ཕོངས་པ་མ་ཡིན་ན་ནི་རབ་དུ་བྱུང་བ་ལ་མི་དུ་བ་ཡིན་ཏེ། དེས་ན་དེ་ཕོངས་པ་ཡིན་པས་ཕོངས་པ་དེའི་རྗེས་སུ་འབྲང་བར་བྱ་སྟེ་རྗེས་སུ་རབ་དུ་


DTG168_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་བྱའོ། །ཇི་ལྟར་མཛའ་བོ་མྱ་ངན་གྱིས་གདུངས་ཤིང་དུ་བ་ལ། མཛའ་བོས་མྱ་ངན་བྱ་བ་དང་དུ་བ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་འཇིགས་པ་མེད་པར་བྱ་བ་ཡིན་ཏེ། རྒྱུ་གཅིག་ལས་ནི་མཛའ་བོའི་རང་བཞིན་གཡོ་ཉིད་དུ་འགྲོ་བ་སྟེ། ཇི་ལྟར་ཤེས་ཤེ་ན། རྗེས་སུ་འགྲོ་བ་ནི་མེད་དེ། མཆི་མས་འཇུ་བ་ཉི་ཚེའོ། །དེ་ཉིད་བསྟན་པའི་ཕྱིར། སླར་དུ་བཟློག་པའི་ཕྱིར་ནི་སྐད་འཛེར་ཞིང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཇི་ལྟར་སྐད་འཛེར་བ་དང་བཅས་པ་དང༌། མཆི་མ་དང་བཅས་པའི་མིག་དང༌། མགོ་བོ་བཏུད་དེ་མཚུངས་པ་ལ་ཡང་བླ་མ་འདྲ་བ་ཕྱག་འཚལ་ཞིང་ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་བྱེད་ཅེ་ན། བཟློག་པ་དེའི་ཕྱིར་ཏེ། དེ་ལྟར་དེ་དག་ཐམས་ཅད་ནི་བཟློག་པའི་ཕྱིར་བྱེད་པ་ཡིན་གྱི། རྗེས་སུ་འགྲོ་བའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་རྗེས་སུ་འགྲོ་བ་ཡིན་ན་ནི་ཅིའི་ཕྱིར་དེ་དག་ཉི་ཚེ་བྱེད་པ་ཡིན་ཏེ། རྗེས་སུ་འགྲོ་བར་མི་བྱེད་པའོ། །གང་གི་ཕྱིར་རྗེས་སུ་འགྲོ་བར་མི་བྱེད་ཀྱི། བཟློག་པའི་ཕྱིར་བྱེད་པ་ཡིན་པས། དེ་བས་ན་མཛའ་བོའི་རང་བཞིན་ཏེ། གཡོ་དང་ཐབས་སུ་འགྱུར་བའོ། །དེ་ལྟར་རེ་ཞིག་ཚིགས་བཅད་འདིས་ནི་གང་སྔར་བཤད་པའི་མཆི་མས་འཇུ་ཞིང་དུ་བ་ཞེས་བྱ་བ་དེ་ཉིད་བསྒྲུབ་པ་ཡིན་ནོ། །ཕྱི་བཞིན་མི་འབྲང་བ་དེ་བསན་པར་བྱ་བའི་ཕྱིར། རབ་ཏུ་བྱུང་བའི་རྗེས་སུ་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། འདི་དག་ཅེས་བྱ་བ་ནི་མཆི་མས་འཇུ་བའོ། །ཇི་ལྟར་བྱམས་པས་མཆི་མ་འབྱུང་བར་བྱེད་པ་དེ་བཞིན་དུ་རབ་ཏུ་འབྱུང་བ་ལ་ཡང་བྱ་བའི་རིགས་སོ། །ཅིའི་ཕྱིར་དེ་ལྟར་བྱ་བའི་རིགས་ཤེ་ན། སྨྲས་པ། ངོ་མཚར་བར་འགྱུར་པ་འདི་བཞིན་དུ་མི་འགྱུར་རམ་ཞེས་པ་སྟེ། དམ་པའི་སེམས་ལ་སྤྱོད་པ་དེའོ། །ནགས་སུ་བདག་ཉིད་གཅིག་པུ་འགྲོ་ཡང་གྲོགས་ཤིན་ཏུ་རྙེད་པར་དཀའ་ལ། གཞན་དག་གིས་ནི་རྙེད་པར་སླའོ་ཞེས་བྱ་བ་དེའི་དབང་དུ་བྱས་ནས། ཡོན་ཏན་མེད་པ་ཞེས་བྱ་བ་དེའི་ཚིགས་བཅད་སྨོས་སོ། །ཕོངས་པར་གྱུར་པའི་ཚེ་ཞེས་བྱ་བ་ནི་བསད་པ་དང༌། བཅིང་བ་དང་བརྡེག་པའི་ཕོངས་པར་གྱུར་པའོ། །ཡོན་ཏན་ཡོད་བཞིན་ཞེས་བྱ་བ་ཕོངས་པ་ཉིད་བསྟན་པའི་ཕྱིར། ཡོན་ཏན་ཡོད་བཞིན་དུ་ཞེས་བྱ་བ་ཡིན་ཏེ། ནགས་སུ་འགྲོ་


DTG168_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རབ་ཏུ་བྱུང་བ་དེ་ནི་ཕོངས་པ་བཞིན་དུ་ཕོངས་པར་གྱུར་པ་ཡིན་ནོ། །ཐམས་ཅད་དུ་གྲོགས་ཡོད་ཀྱང་དེ་དག་ཉིད་ནགས་སུ་འགྲོ་ཞིང་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་དབང་དུ་བྱས་ནས། གླང་ཆེན་སྨྱོན་པ་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། གང་ལ་རྗེས་སུ་མི་འགྲོ་བ་དང༌། གང་གི་ཕྱིར་རྗེས་སུ་མི་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་མིན་ནམ་ང་ཡང་དེ་མ་ཡིན། །ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཚིག་གོ །དེ་ལྟ་མོད་ཀྱི་བདག་གི་བྱམས་པ་མེད་པར་འགྱུར་བའི་རྒྱུ་ཅུང་ཟད་ཅིག་བྱས་ན་ནི། དེ་ལས་རྗེས་སུ་མི་འབྲང་བ་ཡིན་ཏེ། དེ་མེད་པར་བསྟན་པའི་ཕྱིར། དེ་ལྟར་བྱམས་པ་ཉམས་པར་འགྱུར་བའི་རྒྱུ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདི་ལྟར་འཁོད་བཞིན་དུ་ཞེས་བྱ་བ་ནི་རྒྱབ་ཀྱིས་བལྟས་པར་གནས་པའོ། །འདི་ལྟར་གྱུར་པ་ཞེས་བྱ་བ་ནི་གླང་ཆེན་སྨྱོན་པ་ཞེས་བྱ་བའི་ཚིགས་བཅད་སྔར་བསྟན་པ་དེ་ཉིད་བདག་གི་ཡོན་ཏན་གང་གིས་སྔོན་དུ་འགྲོ་བར་བསྟོད་པ་དག་རུང་བར་འོང་ངམ་ཀྱེ་ཞེས་བྱའོ། །བདག་ནི་ནགས་སུ་འགྲོ་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཉེས་པ་སྟོན་པ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་རྟོག་ཅེ་ན་དེའི་རྒྱུ་བསྟན་པའི་ཕྱིར། གང་དག་ཁྱིམ་གྱི་ཉེས་པ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་གང་ཡིན་ཞེ་ན། ཁྱིམ་གྱི་ཉེས་པ་གསལ་བར་མངོན་པ་དང༌། དཀའ་ཐུབ་ཀྱི་ནགས་ཀྱི་ཡོན་ཏན་གསལ་བར་མངོན་པའོ། །དེ་གསལ་བར་བསྟན་པའི་ཕྱིར། ཕྱི་མའི་ཚེ་དང་ཚེ་འདིའི་སྡུག་བསྔལ་རྒྱུ། །ཞེས་བྱ་བ་སྨོས་སོ། །ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ནི་འདོད་པ་དེའི་ཆེད་དུ་ཉེས་པར་སྤྱོད་པ་དེ་ཉེས་པར་སྤྱད་པ་དེའི་རྒྱུ་ངན་འགྲོར་འགྲོ་བའི་ཕྱིར་རོ། །ཚེ་འདིའི་སྡུག་བསྔལ་གྱི་རྒྱུ་ནི། གསད་པ་དང༌། བཅིང་བ་དང༌། བརྡེག་པ་ལ་སོགས་པ་སྡུག་བསྔལ་དུ་མའི་རྒྱུར་གྱུར་པའི་ཕྱིར་རོ། །དཀའ་ཐུབ་ཀྱི་ནགས་ནི་དེ་ལྟར་བཟློག་པ་སྟེ། འཇིག་རྟེན་འདི་དང་ཕ་རོལ་གྱི་བདེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །འཇིག་རྟེན་འདིར་བདེ་བའི་རྒྱུ་ནི་འདོད་པ་རྣམས་ལ་ཆེད་ཆེར་མི་འཛིན་པ་སྟེ། རང་གི་དོན་མཐོང་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་དུ་ནི་བདེ་འགྲོ་དང་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །རང་གི་རྒྱུ་འདོད་པ་སྤོང་བར་མི་འདོད་པ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །དཀའ་ཐུབ་ཀྱི་ནགས་ན་ནི་དེ་རྣམས་ཀྱིས་བཟློག་པ་ཡིན་ཏེ། འདི་དག་སྤོང་བ་ཡིན་ནོ། །དེའི་


DTG168_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཉེས་པ་དག་ལ་བདག་ཉིད་ཀྱི་བསྒྲུབ་པ་བསྟན་པའི་ཕྱིར། བདག་གི་མཛའ་བོ་འདི་རྣམས་ཞེས་བྱ་བའི་ཚིགས་བཅད་སྨྲོས་སོ། །བསླུས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ལ་ཞེན་པའོ། །ཞི་བར་མ་གྱུར་པ་ནི་མྱ་ངན་ལས་འདས་པར་མ་གྱུར་པའོ། །ཉེས་པ་དེ་དག་ཅེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་དོ། །མངོན་དུ་གཞོམ་པར་བྱ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པ་གཞོམ་པར་བྱའོ་ཞེས་པའོ། །དེ་ལྟར་གྱུར་པ་ནི་དམ་པ་རྣམས་སུ་དེ་དགེ་སློང་དང་དགེ་བསྙེན་རྣམས་སུ་གྱུར་པས་སོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཚོང་དཔོན་གྱི་སྐྱེས་པའི་རབས་སོ།། །།སྡོམ་ལ། བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པོའི་བུ། །དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །ཞེས་པ་ལ། འདིར་ཡང་སྐྱེས་པའི་རབས་བཅུ་པོ་འདི་དག་གི་གོ་རིམས་བདག་གིས་འདི་ལྟར་མཐོང་སྟེ། བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཚོང་དཔོན་དང༌། །ཕྱུག་པོའི་བུ་དང་དཀའ་ཐུབ་ཆེན། །སྐྱེས་པའི་རབས་བཅུ་པོ་འདི་དག་གིས་བསྡུས་པའི་དོན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པའོ། །ཚུལ་ཁྲིམས་ཀྱང་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་དང༌། དེ་ལ་ཁྱིམ་པའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ནི་བདུན་ནོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་ནི་གསུམ་མོ། །དེ་ལ་ཁྱིམ་པའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་ནི། སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་བ་ལས་ལྡོག་པ་སྟེ། འདི་དག་ནི་བསླབ་པའི་གཞི་ལྔའོ། །དེ་ལ་བརྒྱ་བྱིན་གྱི་སྐྱེས་པའི་རབས་སུ་ནི་སྲོག་གཅོད་པ་ལས་ལྡོག་པའི་དབང་དུ་བྱས་ནས། ལྷའི་དབང་པོ་དེ་རང་གི་སྲོག་ལ་མི་ལྟ་བས་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྲོག་གཅོད་པར་འཇུག་པ་ལས་ལྡོག་པ་སྟེ། དེ་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །བྲམ་ཟེའི་སྐྱེས་པའི་རབས་སུ་རང་གི་བླ་མ་ལ་སོགས་པས་སྦྱོར་བ་


DTG168_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་ཐོས་པའི་རྗེས་སུ་དཔག་པས་ཡང་དག་པར་བསྟན་ཀྱང་སྐྱེ་བོས་གཞན་དག་ལས་ཉེ་བར་རྟོག་པ་དང༌། བདག་གི་དབང་དུ་བྱས་ནས། ངོ་ཚབ་ཉིད་ཀྱིས་མ་བྱིན་པར་ལེན་པ་ལས་ལོག་བ་དེ་ནི་མ་བྱིན་པར་ལེན་པ་སྤངས་པའོ། །བདག་ཉིད་ལ་རང་དབང་དུ་བྱིན་པར་འགྱུར་ཏེ། སྨད་འཚོང་མའི་གནས་སྐབས་སུ་བྱའོ་ཞེས་པས་བྱིན་ན་ཡང་བགྲོད་པ་མ་ཡིན་པར་འཇུག་པ་སྟེ། འདོད་པ་ལས་ལོག་པར་གཡེམ་པ་སྤོང་བ་ནི་མྱོས་བྱེད་མའི་སྐྱེས་པའི་རབས་སུ་བསྟན་ཏོ། །བརྫུན་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་སྐྱེས་པའི་རབས་གསུམ་ཡིན་ཏེ། གནོད་པ་བཟློག་པའི་ཕྱིར་དང༌། གནོད་པ་བདག་གིས་ཐོབ་པ་ལ་འདོད་པའི་དོན་རྙེད་པའི་ཕྱིར་དང༌། བརྫུན་སྨྲ་བ་ལ་གོམས་པར་མ་བྱས་པའོ། །གནོད་པ་བཟློག་པ་ནི་བདེན་པའི་ཚིག་ཉིད་ཀྱིས་འགྱུར་བར་བསྟན་པའི་ཕྱིར། ལེགས་པར་ཕ་རོལ་ཏུ་ཕྱིན་པའི་སྐྱེས་པའི་རབས་སོ། །བདག་ཉིད་ཀྱིས་ཕོངས་པའི་གནས་སྐབས་དང་ཕྲད་པར་གྱུར་ཀྱང༌། བདེན་པའི་ཚིག་ཉིད་ཐར་པར་གྱུར་པ་བསྟན་པ་ནི་ཉའི་སྐྱེས་པའི་རབས་སོ། །བདེན་པའི་ཚིག་ལ་གོམས་པས་ནི་མེའི་འཇིགས་པ་ལས་ཀྱང་ཐར་བར་བྱེད་ནུས་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། སྲེག་པའི་ཕྲུ་གུའི་སྐྱེས་པའི་རབས་བསྟན་ཏོ། །བུམ་པའི་སྐྱེས་པའི་རབས་སུ་ནི་ཆང་ལས་ལྡོག་བ་སྟེ། གཞན་ཡང་ལྡོག་པར་བྱེད་ན་བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཚིག་གིས་སོ། །ད་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་ལས་བརྩམས་ཏེ་སྐྱེས་པའི་རབས་གསུམ་མོ། །དེ་ལ་དང་པོར་རེ་ཞིག་ཚོང་དཔོན་གྱི་སྐྱེས་པའི་རབས་སུ་རྒྱ་ཆུང་དུས་ཀྱང་སྙིང་སྟོབས་དང་ལྡན་པ་དག་ཁྱིམ་ཡོངས་སུ་གཏང་བ་ཡིན་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་བོར་ཞིང་ནགས་སུ་གནས་པ་སྟེ། ངེས་པར་འབྱུང་བར་འདོད་པས་ནང་མི་དང༌། ཉེ་ངུའི་སྐྱེ་བོ་དང༌། མཛའ་བཤེས་ལ་སོགས་པའི་ཚོགས་ཀྱིས་བཟློག་པར་གྱུར་ཀྱང་མི་འདོད་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པས་སོ། །རྒྱལ་རིགས་ཕྱུག་པོའི་བུ་སྐྱེས་པའི་རབས་སུ་ནི་མཛའ་བཤེས་ཀྱིས་ལོངས་སྤྱོད་ལ་སོགས་པ་བསྟབས་ཀྱང༌། དེ་ལ་ཆགས་པ་མེད་པ་དེས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་གྱུར་


DTG168_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པའི་ཕྱིར་རོ། །དཀའ་ཐུབ་ཅན་གྱི་སྐྱེས་པའི་རབས་སུ་ནི། སྨོན་ལམ་དང༌། ཚངས་པར་སྤྱོད་པ་ལ་དགའ་ཞིང་ཆོག་ཤེས་པ་དང༌། སེམས་འཁྲུགས་པ་མེད་པ་ལ་མངོན་དུ་ཕྱོགས་པའི་དབང་དུ་བྱས་ནས་བརྩམས་པའི་ཕྱིར་རོ། །དེ་ལྟར་སྐྱེས་པའི་རབས་འདི་དག་གི་གོ་རིམས་ཀྱི་རྒྱུ་ནི་རིགས་པར་འགྱུར་ཏེ། གཞན་ལ་ཡང་ཕན་པའི་ཕྱིར་བསྟན་པའོ། །སྡེ་ཚན་གཉིས་པ་སྟེ། བཅུ་ཚན་གཉིས་བ་རྫོགས་སོ།། །།བྲམ་ཟེའི་རིགས་ཆེན་པོ་ཡོན་ཏན་ལ་གོམས་པའི་མཐུས་གྲགས་པ་རྒྱས་པ་ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དང༌། རྒྱུ་ལ་གོམས་པ་ཡང་བསྟན་ཏོ། །འབྱོར་པའི་ཡོན་ཏན་ངེས་པ་ཞེས་བྱ་བ་འདིས་ནི་སྔ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏོ། །རྒྱལ་པོས་བཀུར་སྟི་བྱས་པ་དང༌། འཇིག་རྟེན་པས་ལྷ་བཞིན་དུ་བཀུར་བ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་ཏོ། །དེ་ལྟར་འདི་དག་གིས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་ངེར་སྐྱེས་པ་ཡིན་པས། དེ་བས་ན་དེ་ཡང་དེའི་བསོད་ནམས་ཀྱི་ཚོགས་ཉིད་དུ་བསྟན་ཏོ། །དེ་ལྟར་མང་དུ་ཐོས་པའི་ཡོན་ཏན་ལ་གོམས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་བསྟན་ཏོ། །མཁས་པ་རྣམས་ཀྱི་གྲགས་པ་ནི། །མཁས་པ་ཉིད་ཀྱི་ནང་དུ་འཕེལ། །ཞེས་བྱ་བ་ལ། དེའི་ནང་དུ་གྲགས་པ་ཅིའི་ཕྱིར་འཕེལ་ཞེ་ན། མཁས་པ་ནི་ཡོན་ཏན་རྟོག་པ་ལ་མཁས་པའི་ཕྱིར་ཏེ། རིན་ཆེན་ཤེས་ལ་རིན་ཆེན་དང༌། ཞེས་བྱ་བ་ཡིན་ཏེ། མཁས་པ་ཉིད་མཁས་པའི་ནང་དུ་གྲགས་པ་འཕེལ་བའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རང་གི་ཡོན་ཏན་སྟོན་པར་ནུས་པའི་ཕྱིར་རོ། །ཅི་ལྟ་བུ་དག་ཅེ་ན། གཡུལ་ངོ་དག་ཏུ་དབའ་བོ་བཞིན། །ཞེས་བྱ་བ་ཡིན་ནོ། །ཚེ་རབས་སྔ་མ་ལ་རབ་དུ་བྱུང་བ་ལ་གོམས་ཤིང་ཞེས་བྱ་བ་འདིས་ནི་རྒྱུ་མཐུན་པ་བསྟན་ཏོ། །ཆོས་ལ་སེམས་པ་ཞེས་བྱ་བ་ནི་ཆོས་དང་ལྷན་ཅིག་པའི་དྲན་པ་ཡོད་པའི་ཕྱིར་རོ། །ཆོས་དང་བཅས་པའི་སེམས་སོ། །དེར་གྱུར་པའི་ཆོས་ལ་སེམས་པ་ཉིད་དེ། དེ་བས་ན་ཆོས་དང་འགལ་བའི་ཕྱིར། ཁྱིམ་སྤངས་


DTG168_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་ཏོ། །བློ་དང་ཤེས་རབ་རབ་ཏུ་གསལ་བའི་ཕྱིར། །ཞེས་བྱ་བ་འདིས་ནི་ཁྱིམ་གྱི་ཉེས་དམིགས་ཡོངས་སུ་ཤེས་པའི་ཕྱིར་རོ། །རྒྱུ་འདི་གསུམ་གྱིས་ཁྱིམ་ལ་དགའ་བ་མེད་པར་འགྱུར་ཞིང༌། དེ་དང་མི་མཐུན་པའི་ཕྱོགས་ནགས་ལ་ནི་མངོན་བར་དགའ་བ་ཡིན་ཏེ། ཁྱིམ་ན་གནས་པ་ཞེས་བྱ་བ་ལ་སོགས་པའོ། །གང་སྔར་བསྟན་པའི་ཆས་པ་སེམས་པ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། ཁྱིམ་ཡོངས་སུ་མ་བཏང་ཞིང༌། འདོད་པ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ལས་ནི་ཆོས་དང་འགལ་བ་ཡིན་ཏེ། འཐབ་མོ་ལ་སོགས་པ་མང་བའི་ཕྱིར་རོ། །དེ་ལྟར་ཆོས་ལ་སེམས་པ་ནི་ཁྱིམ་ན་གནས་པ་ན་དགའ་བར་མ་གྱུར་པའོ། །ཤེས་རབ་དང་ལྡན་པའི་ཕྱིར་ཁྱིམ་ན་གནས་པ་ལ་དགའ་བར་མ་གྱུར་པ་དེ་བསྟན་པའི་ཕྱིར། རྒྱལ་པོ་དང༌། རྐུན་པོ་ལ་སོགས་པ་ལྔ་དང་ཐུན་མོང་དུ་གྱུར་པར་ཤེས་པའི་ཕྱིར་དང༌། ཆོག་མི་ཤེས་པར་ཡོངས་སུ་ཤེས་པའི་ཕྱིར་དང༌། ཉེས་པ་དུ་མ་འི་གནས་སུ་གྱུར་པར་ཤེས་པའི་ཕྱིར་ཏེ། བློ་དང་ཤེས་རབ་རབ་ཏུ་གསལ་བའི་ཕྱིར། ཁྱིམ་ན་གནས་པ་ལ་དགའ་བར་མ་གྱུར་ཏོ། །ཁྱིམ་པའི་ཆ་ལུགས་བོར་ནས་ཞེས་བྱ་བ་ལ། ཇི་ལྟར་ཁྱིམ་པའི་ཆ་ལུགས་བོར་ཞེ་ན། སྐྲ་དང་ཁ་སྤུ་བཟང་པོ་བྲེགས་པའི་ཕྱིར་དང༌། གོས་ཁ་དོག་བསྒྱུར་བ་དུར་སྨིག་བགོས་པའི་ཕྱིར་རོ། །ཇི་ལྟར་རབ་ཏུ་བྱུང་བའི་ཆ་ལུགས་བླངས་ཤེ་ན། རབ་ཏུ་བྱུང་བའི་སྡོམ་པའི་དཔལ་ལ་གནས་པར་གྱུར་པའི་ཕྱིར་རོ། །དེ་ཡང་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་མི་ནུས་པར་ཤེས་ནས་སོ། །རབ་ཏུ་དཀའོ་ཞེས་བྱ་བ་ནི་བགྲོད་པར་དཀའ་བ་ཡིན་པའི་ཕྱིར་རོ། །དུར་ཁྲོད་དང༌། ཁོང་སྟོང་སྨོས་པས་ནི། གནས་མལ་གྲོང་དང་ཉེ་བར་སྟོན་པ་ཡིན་ནོ། །དེ་ཡང་གཉིས་ཏེ། བྱམས་པ་དང༌། མི་བྱམས་པའི་བྱེ་བྲག་གིས་སོ། །རི་བོ་དག་ནི་གཅན་གཟན་ཁྲོ་བོས་གང་བའོ། །དེ་གཉིས་སྨོས་པ་ནི་གྲོང་ལས་ཐག་རིང་བར་སྟོན་ཏོ། །དེ་ལྟ་བུའི་གནས་མ་ལ་གྱི་བྱེ་བྲག་མཐུན་པ་དང༌། མི་མཐུན་བ་དག་ཏུ་བསམ་གཏན་བྱེད་ཅིང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གྲོགས་མེད་པར་དེས་རབ་ཏུ་དཀའ་བས་བསམ་གཏན་བྱེད་པར་བསྟན་པའི་ཕྱིར། འདི་ས་ནི་སྐྱེས་བུ་གཅིག་པུ་གཉིས་


DTG168_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་གནས་པ་བསྟན་ཏོ། །བུད་མེད་དག་ནི་ལྟར་ཡང་མེད་པར་བྱེད། །ཅེས་བྱ་བ་འདིས་ནི། བསམ་གཏན་མི་བྱེད་ཀྱང་བུད་མེད་དང་རེག་པར་གནས་པ་དང་ལྷན་ཅིག་ཏུ་འགྲོགས་པར་མི་རུང་བ་ཉིད་དུ་བསྟན་ཏོ། །འཆི་བ་ལ་ཕྱོགས་པའི་གནས་དེ་ལྟ་བུ་གཉི་ག་འགྲོ་བའི་འཇིགས་སུ་རུང་བ་དང༌། གྲོགས་བྱེད་པ་བསྟན་པའི་སྡུག་བསྔལ་དེས་ནི་བདག་སྡུག་ཅིང་དེས་ཁྱོད་ཀྱང་མི་དགྱེས་པ་ཞེས་བྱ་བའི་དོན་ཏོ། །མཆིས་པར་ནུས་པ་ཞེས་བྱ་བ་ནི་འཚོ་བར་རོ། །དཔྱིད་ཀྱི་དུས་ལ་བབ་པའི་ཞེས་བྱ་བ་ལ་སོགས་པས་ནི། མིག་དང༌། རྣ་བ་དང༌། སྣ་དང། ལྕེ་དང༌། ལུས་ཀྱི་དབང་པོས་ཉེ་བར་སྤྱོད་པ་སྤྱད་དུ་རུང་བའི་ནགས་ཚལ་བསྟན་ཏོ། །ཤིང་ལོ་ལྷག་པར་མཛེས་པ་དང་ནི་ལྡན། །ཞེས་བྱ་བ་འདིས་ནི་མིག་གི་དབང་པོས་ཉེ་བར་ལོངས་སྤྱོད་དུ་རུང་བའོ། །བུང་བ་མང་པོ་སྒྲ་དི་རི་རི་ཟེར་ཞེས་པ་ལ་སོགས་པས་ནི་རྣ་བའི་དབང་པོས་ལོངས་སྤྱད་དུ་རུང་བ་བསྟན་ཏོ། །པདྨ་དང༌། ཨུཏྤ་ལ་ཁ་བྱེ་བ་ཞེས་བྱ་བ་འདིས་ནི་ལྕེ་དང༌། ལུས་ཀྱི་དབང་པོས་ལོངས་སྤྱད་དུ་རུང་བ་བསྟན་ཏོ། །མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་བསུང་གིས་ཞེས་བྱ་བ་ལ་སོགས་པ་ནི་སྣའི་དབང་པོ་དང༌། ལུས་ཀྱི་དབང་པོས་ལོངས་སྤྱད་དུ་རུང་བ་བསྟན་ཏོ། །མེ་ཏོག་སྣ་ཚོགས་ཚོམ་བུ་རབ་ཏུ་མཛེས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་ནི་ཚིག་རྐང་གོང་མ་དག་ནི་དོན་ཉིད་བསྟན་ཏོ། །གཡོན་ཅན་དང་ཐུབ་ཆོད་ཅན་རབ་ཏུ་མང་ན་ཞེས་བྱ་བ་ལ། གཡོན་ཅན་ནི་མ་དུལ་བས་བུད་མེད་ལ་སོགས་པ་ཡང་དུལ་བ་མེད་དོ། །ཐུབ་ཆོད་ནི་འཕྲོག་པར་འདོད་པའོ། །དབེན་པ་འདི་ན་ཞེས་བྱ་བ་ནི་རབ་མདའ་བཟློག་ཏུ་མེད་པར་བསྟན་ཏོ། །དཀའ་ཐུབ་ཆུང་བ་ཞེས་བྱ་བ་འདིས་ནི་རང་ཉིད་ནུས་པ་མེད་པར་སྟོན་ཏོ། །ཆོས་དང་བཅས་ཏེ་ཞེས་བྱ་བ་ནི་ཁྱོད་དང་ཁྱོད་ཀྱི་ཆོས་ལ་བརྙས་པ་སྟེ། འདི་དག་གིས་ནི་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་ལ་འཇིགས་པ་མེད་པའི་རྒྱུ་ཉིད་དུ་བསྟན་ཏོ། དབེན་པ་འདི་ནི་དཀའ་ཐུབ་ཅེས་བྱ་བའི་ཚིགས་བཅད་འདིས་ནི་ནགས་ན་གནས་པས་བུད་མེད་དེ་ལ་སྟོན་ཏོ། །ཁྲོ་བ་སྐྱེད་ན་ཞེས་བྱ་བའི་ཚིགས་བཅད་འདིས་ནི་ཁྱོད་ཉིད་ལ་ཡང་ཕན་པ་མེད་པར་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གཉི་ག་ལ་ཡང་ཕན་པ་མེད་པར་ཁྲོ་བ་སྐྱེད་པ་མི་རིགས་


DTG168_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་འཁྲུགས་པ་ཉིད་ཀྱི་ཕྱིར་འདིས་ནི་ཆོས་དང་འགལ་བར་བསྟན་ཏེ། ཆོས་དང་འགལ་བར་གྱུར་པས་ནི་འཇིག་རྟེན་ཕ་རོལ་ཏུ་ཕན་པ་མེད་པ་ཉིད་དོ། །ཆོས་དང་འགལ་བ་ལས་ནི་གྲགས་པའང་མེད་པར་འགྱུར་ཏེ། འདིས་ནི་འཇིག་རྟེན་འདི་ཉིད་ལ་ཕན་པ་མེད་པ་ཉིད་དོ། །དེས་ན་དེ་དང་ཁྱོད་གཉི་ག་ལ་ཕན་པ་མེད་པའི་ཕྱིར། གྲོང་དུ་ཞེས་བྱ་བ་ནི་སྐྱེ་བོའི་ནང་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་སྐྱོན་དེ་གཉི་ག་མེད་ཀྱང་དཀའ་ཐུབ་ཅན་ལ་བུད་མེད་བསྙེན་ཅི་དགོས་ཞེས་བྱ་བ་སྨོས་ཏེ། འདི་ནི་བདག་ཉིད་དང་རྗེས་སུ་མཐུན་པར་སྟོན་ཏོ། རྒྱགས་པར་བསྙེམས་སམ། གལ་ཏེ་མ་བརྟགས་པར་ཞེས་བྱ་བ་འདི་གཉིས་ཀྱིས་ནི། ཞེ་སྡང་གི་ཤས་ཆེ་བ་དང་དམན་པར་སྟོན་ཏོ། །རྒྱགས་པས་བསྙེམས་པས་ཞེས་བྱ་བ་ནི་བརྟགས་པར་བྱས་ཀྱང་སྤྱོད་པ་ཟིལ་གྱིས་མནོན་པའོ། །མ་བརྟགས་པར་ཞེས་བྱ་བ་ནི་དྲན་པ་ཉམས་པ་ལ་སོགས་པས་སོ། །མི་མཐུན་པའི་ཕྱོགས་མི་བསྟན་པའི་ཕྱིར་དགྲ་ཞེ་སྡང་ལ་ཡང་རྒྱགས་པས་བསྙེམས་པ་དང༌། མ་བརྟགས་པ་ཅི་རིགས་པར་བརྗོད་པར་བྱའོ། །དེས་གནོད་པ་བྱས་སུ་ཡང་མི་དོགས་ལ་ཞེས་བྱ་བ་ནི་དེའི་རྒྱུས་གནོད་པས་ན་དེས་གནོད་པ་ནི་དེས་གནོད་པའོ། །དེ་ལ་དོགས་པ་དང་བྲལ་བ་གང་ཡིན་པ་དེ་ནི་དེས་གནོད་པ་བྱས་སུ་མི་དོགས་པའོ། །འདིས་ནི་འཇིག་རྟེན་འདིའི་འཇིགས་པ་མེད་པར་བསྟན་ཏོ། །འདོད་པའི་འདོད་ཆགས་ཀྱི་དབང་དུ་ཡང་གྱུར་པས་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་འཇིགས་པ་མེད་པར་སྟོན་ཏོ། །འདོད་པའི་འདོད་ཆགས་ཀྱིས་ཟིལ་གྱིས་མནན་པ་དེས་ཆོས་ལ་མི་ལྟ་བས་སོ། །འཇིགས་པ་དང༌། བག་ཚ་བ་ནི་འཇིགས་པ་དང་བག་ཚ་བ་སྟེ། དེ་གཉིས་ཀྱིས་བཞིན་གྱུར་པ་གང་ཡིན་པ་དེ་ནི་འཇིགས་ཤིང་བག་ཚ་བས་ངོ་འཛུམ་འགྱུར་བའོ། །རྒྱལ་པོའི་མཐུས་ཕོ་བྲང་གི་ནང་དུ་ཁྲིད་ཅེས་ཐོས་པས་ནི། གཅན་གཟན་མ་རུངས་པས་དགོ་བ་མོ་གཅེས་པ་བཞིན་དུ་འཇིགས་ཤིང་བག་ཚ་བས་ངོ་འཛུམ་འགྱུར་བའོ། །འདིར་སྐྱོབ་པ་ནི་གཞན་མེད་པའི་ཕྱིར། སྐྱེ་དགུ་སྐྱོང་བའི་རྒྱལ་པོས་ཁྱེར་བར་གྱུར་ན། གཞན་སུ་ཞིག་སྐྱོབ་པར་འགྱུར་ཏེ། ནགས་ཀྱི་དགོ་བ་མོ་བཞིན་ནོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར། ནགས་ཞེས་སྨོས་པ་ཡིན་ཏེ།


DTG168_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་གཞན་དུ་ན་ནི་དགོ་བ་མོ་ཞེས་བྱ་བ་ཉིད་སྟོན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཇིགས་ཤིང་བག་ཚ་བས་ངོ་འཛུམ་གྱུར་བ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། འཇིག་རྟེན་ཕོངས་ཤིང་ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ནོ། །དེ་ཉིད་གང་ལ་མི་རིགས་བྱེད་གྱུར་ན། །ཞེས་བྱ་བ་འདིས་ན་འཇིགས་པ་དང༌། བག་ཚ་བའི་རྒྱུ་བསྟན་ཏོ། །ཡང་ན་དེ་ཉིད་གང་ལ་མི་རིགས་བྱེད་གྱུར་ན། །ཞེས་བྱ་བ་འདིས་ནི་འཇིགས་པའི་རྒྱུ་བསྟན་ཏེ། དེ་ཡིས་སུ་ལ་ཕ་སྐྱབས་བཙལ་བར་བྱ། །ཞེས་བྱ་བ་འདིས་ནི་བག་ཚ་བའི་རྒྱུ་བསྟན་ཏེ། ཕ་སྐྱབས་དེ་མེད་ཀྱང་གང་དག་འཇིག་རྟེན་སྐྱོང་བ་དང༌། གཞན་ཡང་སྐྱེ་བོས་བྱེད་པ་དག །སྐྱབས་བྱེད་པ་མེད་ཅེས་བསྟན་པའི་ཕྱིར། ཀྱེ་མ་འཇིག་རྟེན་སྐྱོང་བའང༌། །ཞེས་བྱ་བའི་ཚིགས་བཅད་བརྩམས་པ་ཡིན་ཏེ། ཚུལ་ལས་ཉམས་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་ཉིད་ཉམས་པའམ། འཇིག་རྟེན་སྐྱོང་བའི་མིང་ཉིད་ཉམས་ནས་མེད་པ་སྟེ། གཞན་གྱི་དོན་མི་བྱེད་པའི་ཕྱིར། དེ་འཇིག་རྟེན་སྐྱོང་བ་དེ་ལས་ཉམས་པའམ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ལེགས་པར་མི་སྐྱོང་བས་སོ། །ཤི་བར་གྱུར་ཏམ་ཅི་ཞེས་བྱ་བས་ནི་ལྷའི་འགྲོ་བ་དེ་ལས་ཉམས་པའོ། །དེ་ནས་གལ་ཏེ་ཡོད་ཀྱང་ཚུལ་ལས་ཉམས་པ་དེས་མི་ནུས་པའམ། ཤི་བས་གང་དག་ཕོངས་པ་ལེགས་པར་སྐྱོབ་པར་མི་བྱེད་པའོ། །རང་བཞིན་གྱིས་ཀྱང་ཡོངས་སུ་བསྲུང་བར་ནུས་མོད་ཀྱི། བདག་ལ་མི་བསྲུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇོ་བོ་བཞུགས་བཞིན་ལྷ་ཡིས་ཅི་ཞིག་བགྱི། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཞན་ཞིག་ཡིན་ནའང་རྗེས་སུ་བསྲུང་བར་རིགས་ན་བདག་ནི་ཆོས་སྤྱོད་པའི་གྲོགས་ཡིན་པའི་ཕྱིར་རོ། སྙིང་རྗེའི་སྣོད་དུ་མ་གྱུར་ཅེས་བྱ་བ་ནི་སྙིང་རྗེའི་དངོས་པོ་དང་བདག་ཉིད་སྐལ་བར་འགྱུར་བའི་ཕྱིར་གསོ་བའི་དངོས་པོར་མ་གྱུར་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ནི་ཕོངས་པ་རྣམས་ལ་བསྒྲུབ་པ་དང༌། རྗེས་སུ་མཐུན་པར་བསྟན་པའི་ཕྱིར། ཕོངས་ལ་སྙིང་རྗེ་ཅན་གྱིས་ཞེས་བྱ་བའི་ཚིགས་བཅད་འོག་མ་ཡིན་ཏེ། བདག་ནི་སྙིང་རྗེའི་དོན་མ་གྱུར་པ་ཉིད་དོ། །རབ་ཏུ་བྱུང་བ་རྣམས་ནི་ཕོངས་པ་རྣམས་སྒྲུབ་པ་དང་མི་འགལ་བར་བྱེད་མོད་ཀྱི། འོན་ཀྱང་མི་


DTG168_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རྒྱུ་གཞན་བསྟན་པའི་ཕྱིར། བདག་ནི་སླད་དུ་བཟློག་ཀྱང་མ་ལོག་པར་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་ཁྲོ་བའི་སྟོབས་བཅིལ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་རྒྱགས་པས་བསྙེམས་སམ། གལ་ཏེ་མ་བརྟགས་པར་ཞེས་བྱ་བ་དེ་འདིས་བསྟན་པ་ཡིན་ནོ། །དེ་འཁྲུགས་པ་དང་བྲལ་བ་གང་ཡིན་པ་དེ་ནི་འཁྲུགས་པ་མེད་པའོ། །སེམས་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་སེམས་རབ་ཏུ་ཞི་བའོ། །འཁྲུགས་པ་མེད་པ་དང༌། སེམས་རབ་ཏུ་ཞི་བ་ནི་སེམས་འཁྲུགས་པ་མེད་ཅིང་རབ་ཏུ་ཞི་བའོ། །འཁྲུགས་པ་མེད་བ་ནི་ཁྲོ་བོའི་སྟོབས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སེམས་རབ་ཏུ་ཞི་བ་ནི་སོ་སོར་བརྟགས་པའི་སྟོབས་ཀྱིས་སོ། །བསྙེངས་ཤིང་གསང་བསྟོད་ཅེས་བྱ་བ་ནི་གང་སྔར་བསྟན་པའི་རྒྱགས་པས་བསྙེམས་པས་ཞེས་བྱ་བའི་ཚིགས་བཅད་དོ། །མཐུ་མེད་པས་ཞུམ་ཞིང་ཞི་བར་གྱུར་པ་གང་ཡིན་པ་དེ་ནི་མཐུ་མེད་པས་ཞུམ་ནས་རབ་ཏུ་ཞི་བ་སྟེ། གང་སྔར་བསྟན་པའི་སེམས་འཁྲུགས་པ་མེད་ཅིང་རབ་ཏུ་ཞི་བ་ཞེས་བྱ་བ་དེ་བསྟན་པའོ། །མཐུ་རྩལ་ཞེས་བྱ་བ་དེ་ལུས་ཀྱི་སྟོབས་སོ། །དཀའ་ཐུབ་གནས་པའི་གཟི་བརྗིད་བསགས་པའང་སྟོན། །ཞེས་བྱ་བ་ནི་དཀའ་ཐུབ་བསྟན་པའི་སྟོབས་ཞེས་བྱ་བའི་དོན་ཏོ། །བདག་གི་ཚོད་དེ་བཟུང་བ་ནི་བདག་གི་ཚོད་བཟུང་བའོ། །དེ་མི་རིགས་པ་ནི་བདག་གི་ཚོད་ཀྱང་བཟུང་བར་མ་ཤེས་པ་སྟེ། བདག་ཉིད་མི་ཤེས་པ་ཞེས་བྱ་བའི་དོན་ཏོ། །གཡོ་བ་བཞིན་དུ་ཡང་བདག་གིས་ཡོངས་སུ་མ་བཏང་བ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་རྒྱགས་བས་བསྙེམས་སམ་ཞེས་བྱ་བ་སྟེ་ཁྲོ་བའི་དབང་དུ་བྱས་པའོ། །མངོན་སུམ་དུ་ཡང་ཞི་བར་བགྱིས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་མ་བརྟགས་པ་ཞེས་བྱ་བ་ཡིན་ཏེ། ཁྲོ་བའི་སྟོབས་མ་བརྟགས་པ་དེ་ཉིད་བསྟན་པ་ཡིན་ནོ། །རྟོག་པ་སྐྱེས་ནས་ཞེས་བྱ་བ་ནི་དཔྱོད་པ་སྐྱེས་པའོ། །སྐྱེས་ནའང་གང་ཞིག་མི་མངོན་ལ། །ཞེས་བྱ་བའི་ཚིགས་བཅད་ཀྱི་བསྡུས་པའི་དོན་ནི་ཁྲོ་བའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང༌། ལས་བསྟན་ཏེ་སྐྱེས་ན་གང་ཞིག་ཅེས་བྱ་བ་ནི་ཁྲོ་བ་སྐྱེས་པ་དེས་སོ། །ཁྲོ་བ་གང་ཞིག་སྐྱེས་ན་མི་མངོན་པ་ནི་ཁྲོ་བའི་ལམ་ཡིན་ཞིང་བཟང་བ་སྟེ་དགེ་བ་ཉིད་དོ། །ཡང་ན་སྐྱེས་


DTG168_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བ་དེ་གང་ཡིན་ཞེ་ན། དགེ་བ་སྟེ་མཁས་པའོ། །དེས་ན་སྐྱེས་བུ་ཡང་མི་མངོན་པ་དེ་ནི་དགེ་བ་ཡིན་ཏེ། མཁས་པ་འང་བདག་ཉིད་ལ་ཕན་པའོ། །འདི་ནི་ཁྲོ་བའི་རང་གི་ངོ་བོའོ། །མ་གྱུར་ཏོ་ཞེས་བྱ་བ་ནི་ཤོར་བར་མ་གྱུར་པའོ། །ཇི་ལྟ་རྨ་ཤོར་བ་ཡིན་ཞེ་ན། འདོད་པ་ནི་སྤྱོད་པའི་ཉོན་མོངས་པ་སྤངས་པའི་ཕྱིར། ནན་གྱིས་མ་བཏང་བ་སྟེ་ནང་ཉིད་དུ་དེ་འགག་པའོ། །བདག་ལ་གནོད་པ་ཞེས་བྱ་བ་ནི་ལུས་ལ་གནས་ཤིང་བདག་ལ་གནོད་པ་སྟེ། ཁྲོ་བའི་རང་བཞིན་དང་ལས་ལ་ཚིགས་བཅད་བདུན་གྱིས་བསྟན་པ་ལ། སྐྱེས་ན་གང་ཞིག་མི་མངོན་ལ། །ཞེས་བྱ་བའི་ཕྱེད་འོག་མས་ནི་བདག་ལ་གནོད་པའི་ལས་བསྟན་ཏོ། །ཚིགས་བཅད་གཉིས་པས་ནི་དགྲ་དགའ་བར་འགྱུར་བའི་ལས་བསྟན་ཏོ། །གང་ཞིག་སྐྱེས་པར་གྱུར་ན་ནི། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་དགེ་བ་སྔ་ན་མེད་པ་མི་བསྒྲུབ་པར་བསྟན་ཏོ། །གང་གི་ཟིལ་ནོན་དགེ་བ་གཏོང་འགྱུར་བ། །ཞེས་བྱ་བའི་ཚིགས་བཅད་འདིས་སྔར་བསྐྱེད་པའི་དགེ་བ་རྣམས་ཁྲོ་བས་འཇིགས་པར་བསྟན་ཏོ། །གཙུབ་ཤིང་གཙུབས་པས་ཞེས་བྱ་བའི་ཚིགས་བཅད་འདིས་ན་གཙུབ་ཤིང་གཙུབས་པ་བཞིན་དུ་ལོག་པར་རྟོགས་པས་བདག་ཉིད་བཅོམ་པར་གྱུར་པ་ཡིན་ནོ། །གལ་ཏེ་གཞན་དག་ལ་གནོད་པ་བྱེད་པར་ནུས་པ་ཡིན་ན་ཡང་དེའི་གྲགས་པ་ཉམས་པར་འགྱུར་རོ་ཞེས་བསྟན་པ་ནི། བདག་ཉིད་འབར་ཞིང་ཚིག་པའི་མེ་འདྲ་བ། །ཞེས་བྱ་བའི་ཚིགས་བཅད་གཉིས་ཀྱིས་སོ། །ཁྲོ་བའི་ལས་ནི་འདི་དག་ཏུ་བསྟན་ཏེ། བདག་ལ་གནོད་པ་དང༌། སྐྱེས་པར་གྱུར་ན་དགྲ་རྣམས་དགའ་བར་འགྱུར་བ་དང༌། སྐྱེས་པ་ཉིད་ཀྱིས་དགེ་བ་མ་སྐྱེས་པ་རྣམས་ཀྱི་བར་དུ་གཅོད་པར་བྱེད་པ་དང༌། དེ་རབ་ཏུ་འཕེལ་བས་དགེ་བ་བསྒྲུབ་པ་རྣམས་ཡོངས་སུ་ཉམས་པར་བྱེད་པ་དང༌། དེའི་འོག་ཏུ་ལོག་པར་རྟོགས་པ་ལས་འབར་བར་གྱུར་པས་བདག་ཉིད་ཕུང་བར་འགྱུར་བ་དང༌། གཞན་དག་ལ་གནོད་པར་བྱེད་པར་ནུས་ཀྱང་རེ་ཞིག་གྲགས་པ་ཉམས་པའི་རྒྱུར་འགྱུར་བ་ཡང་ཡིན་ཏེ། འདི་དག་གིས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་བསྟན་ནོ། །ཁྲོ་བ་ལ་ཉེས་དམིགས་ཆེན་པོ་འདི་


DTG168_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་གཞན་དག་ཀྱང་ཡོད་དོ་ཞེས་བྱ་བ་ལས་བརྩམས་ནས་མཐོང་བའི་ཆོས་དང༌། འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་བསྟན་པའི་ཕྱིར་ཚིགས་བཅད་བཞི་སྨོས་ཏེ། ཁྲོ་བའི་མེ་ཡིས་བཞིན་མདོག་ཅེས་བྱ་བའི་ཚིགས་བཅད་འདིའི་མིང་དང༌། གཟུགས་གཉིས་འགྱུར་བའི་སྡུག་བསྔལ་བ་སྐྱེད་པ་ཡིན་ཏེ། གཉིས་ཀའི་རྒུད་པའི་སྡུག་བསྔལ་བསྟན་པའི་དབང་དུ་བྱས་པའོ། །མཛེས་པར་བྱེད་པའི་རྒྱུ་རྒྱན་གྱིས་བརྒྱན་པར་བྱས་ཀྱང་ལུས་ཀྱི་གཟུགས་མི་མཛེས་པའི་རྒྱུར་གྱུར་པའི་ཕྱིར་དང༌། བདེ་བའི་རྒྱུ་མལ་སྟན་བཟང་པོ་ལ་ཉལ་ཡང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་རོ། །བདག་ལ་ཕན་པའི་དོན་བསྒྲུབ་ཅེས་བྱ་བའི་ཚིགས་བཅད་འདི་ནི་བདག་ཉིད་ཀྱི་དགེ་བ་སྤངས་ཤིང་མི་དགེ་བའི་རྒྱུ་རྩོམ་པ་ལས་བརྩམས་པ་སྟེ། བདག་གི་ཕན་པ་ནི་བདག་ལ་ཕན་པའོ། །བདག་ལ་ཕན་པ་སྒྲུབ་པ་ནི་བདག་ལ་ཕན་པའི་སྒྲུབ་པའོ། །འདིའི་དོན་ནི་བདག་ལ་ཕན་པ་བསྒྲུབ་པའི་དོན་ནོ། །མི་དགེ་བའི་ལས་ནི་ལམ་ངན་པ་སྟེ། བདག་ལ་ཕན་བསྒྲུབ་པའི་དོན་བརྗེད་པ་ལས་ལམ་ངན་པར་འགྲོ་བའོ། །བདག་ལ་ཕན་སྒྲུབ་པའི་དོན་བརྗེད་ཅིང་ལམ་ངན་པར་འགྲོ་བས་ནི་ཉམས་པར་འགྱུར་ཏེ་ལོག་པའི་ལམ་གྱིས་སོ། །སྒྲུབ་གྲགས་པ་ཉིད་དོན་གྲུབ་པ་ཡིན་པས་གྲགས་པ་དོན་གྲུབ་པའོ། །ཡང་ན་གྲགས་པ་གྲུབ་པ་དང་དོན་གྲུབ་པ་དེ་གཉིས་ནི་གྲགས་པ་དོན་གྲུབ་པའོ། །གྲགས་པ་དང་དོན་གྲུབ་པ་ལས་ཉམས་པ་དེས་ན་མི་དགེ་བའི་ལས་ཀྱི་ལམ་རབ་ཏུ་འཇུག་པ་ཉིད་དོ། །གཞན་གྱིས་བཟློག་བཞིན་དུ་ཡང་དེ་ལ་བརྟེན་ཅིང་གྲོགས་བཤེས་དང༌། འཁོན་དང་བཅས་པར་འགྱུར་བ་ལས་བརྩམས་ནས། མཛའ་བ་ཤེས་དག་གིས་རབ་ཏུ་གཅུགས་ཀྱང་ཞེས་བྱ་བ་ཡིན་ཏེ། འདིས་ནི་རེ་ཞིག་མཐོང་བའི་ཆོས་ཀྱི་ཉེས་དམིགས་བསྟན་ཏོ། །ད་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་ཀྱི་དབང་དུ་བྱས་ནས། ཁྲོ་བས་སྡིག་པའི་ལས་ནི་གོམས་བྱས་པས། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། སྡིག་པའི་ལས་ནི་གོམས་བྱས་པས། །ཞེས་བྱ་བ་འདིས་ནི་སྡིག་པའི་ལས་བྱས་ཤིང་བསགས་པར་བསྟན་ཏོ། །གནོད་པ་དྲག་པོས་ཤར་གཉེར་གང་ཡིན་པ་དེ་ནི། གནོད་པ་ཆེན་པོ་བྱས་པས་ཤར་གཉེར་


DTG168_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འདིས་ནི་གང་སྔར་བསྟན་པའི་དགྲ་རྣམས་དགའ་བར་འགྱུར་ཞེས་བྱ་བ་དེ་སྒྲུབ་པ་ཡིན་ནོ། །ཁྲོ་བ་འདི་ནི་ནང་གི་དགྲ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་གང་སྔར་བསྟན་པའི་གང་ཞིག་སྐྱེས་ན་མི་མངོན་པ། ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱི་བསྡུས་པའི་དོན་ཡིན་ཏེ། ནང་གི་དགྲར་གྱུར་པ་ནི་སྔར་བཤད་པའི་བདག་ལ་གནོད་པ་ཞེས་བྱ་བའི་རྒྱུར་གྱུར་པས་སོ། །དེ་ཡི་མཐུ་ནི་འཕྲོ་བ་དག །ཅེས་བྱ་བ་ནི་ཕྱི་རོལ་དུ་མི་འཕྲོ་བར་བྱས་པ་སྟེ། དེས་ན་མ་བཏང་བ་ཞེས་བྱ་བའི་ཚིགས་བཅད་དོ། །ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་གྱུར་ན། །ཞེས་བྱ་བའི་ཚིགས་བཅད་བཞིའི་བསྡུས་པའི་དོན་ནི། ཕུང་བར་བྱེད་པའི་དགྲ་བོ་དེ། །ཞེས་བྱ་བའོ། །འདི་ནི་འདིའི་ཚིག་གིས་ནི་ཉེས་དམིགས་ཆེན་པོའི་ཕྱིར་ཚིགས་བཅད་ལྔ་ཡང་ཡིན་ནོ། །ཡང་ན་ཚིགས་བཅད་བཅུ་གཅིག་པོ་ཐམས་ཅད་ལ་བསྡུས་པའི་དོན་གྱི་ཚིགས་བཅད་གཉིས་ཏེ། དང་པོའི་ཚིགས་བཅད་ཀྱི། ཁྲོ་བ་འདི་ནི་ནང་གི་དགྲ། །ཞེས་བྱ་བ་ནི་དེ་ལྟར་ཤེས་ནས་བསྟན་པའོ། །ཁྲོ་བ་དེའི་མཐུ་ནི་འཕྲོ་བ་ཞེས་བྱ་བ་ནི་འཕེལ་བར་མི་གཞུག་ཅིང་ནང་ཉིད་དུ་གནས་པར་བྱ་བ་སྟེ། དེ་བས་ན། ཁྲོ་བ་གཡོས་ཀྱང་མ་ཤོར་ཏོ། །ཞེས་བྱ་བ་ནི་ཕྱི་རོལ་ཏུ་མ་ཤོར་ཏོ། །དེ་བས་ན་ནང་གི་དགྲར་ཤེས་པའི་ཕྱིར། ཕུང་བར་བྱེད་པའི་དགྲ་བོ་དེ། །ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཕྱིར་ཆོས་དང་འཇིག་རྟེན་ཕ་རོལ་གྱི་ཕུང་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གང་སྔར་བཤད་པ་དག་གོ །ཡལ་བར་འདོར་ཞེས་བྱ་བས་ནི་དེའི་རང་བཞིན་གྱི་རྒྱུ་བསྟན་པ་ཡིན་ནོ། །མ་ཕྲད་པས་ནི་ཁྱོད་ཀྱི་ཡོན་ཏན་མི་ཤེས་བའི་ཕྱིར་རོ། །སློབ་དབོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་སོ།། །།བརྒྱ་སྟོང་ཕྲག་དུ་མ་གྲངས་མང་པོའི་ཞེས་བྱ་བ་ནི། སྟོང་ཕྲག་དུ་མས་རྒྱ་ཆེ་བའི་གྲངས་གང་ཡིན་པ་དེ་ནི་དེའི་བརྒྱ་ཕྲག་དུ་མས་གྲངས་མང་པོའོ། །དེ་བས་ན་ངང་པའི་ཁྱུ་ཆེན་པོ་ཡིན་ནོ། །རིགས་པ་དང་མི་རིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གིས་ནི་སྙན་ངག་གི་གཙུག་ལག་ཏུ་བསྟན་པའི་བློན་པོའི་རང་བཞིན་གྱི་ཡོན་ཏན་ཉི་ཤུ་རྩ་ལྔ་དང་ལྡན་པ་སྟེ།


DTG168_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་ཡིན་པར་ཅི་རིགས་པར་གཟུང་ངོ༌། །དེ་དག་ལས་ཀྱང་ཁྱད་པར་དུ་གྱུར་པ་སྟེ། དེ་རྣམས་ཀྱི་དཔོན་པོར་གྱུར་པའི་ཕྱིར་རོ། །རིགས་པ་དང་མི་རིགས་པ་ཡོངས་སུ་ཤེས་པར་བྱ་བ་ལ་མཁས་པ་ཞེས་བྱ་བ་འདིས་ནི་ཤེས་རབ་ཅན་དུ་བསྟན་ཏོ། །ཡུན་རིང་པོར་ཡང་དྲན་པའི་མཐུ་དང་ལྡན་པ་ཞེས་བྱ་བ་ནི་ཡུན་རིང་པོར་བྱས་པ་དང༌། ཡུན་རིང་པོར་སྨྲས་པ་དང༌། ཡུན་རིང་དུ་བསམས་པ་དང༌། ཡུན་རིང་དུ་ཐོབ་པ་རྣམས་དྲན་པའོ། །གཞན་དག་ཡུན་རིང་དུ་དྲན་པའི་མཐུ་ཞེས་སྨོས་པས་དྲན་པ་ཀུན་ཏུ་དག་པ་ཉིད་དོ། །རིགས་མཐོན་པོའི་ནང་ན་གཙོ་བོར་གྱུར་པ་ཞེས་བྱ་བ་འདིས་ནི་རིགས་མཐོ་བ་སྔ་ན་མེད་པ་ཁྱད་པར་ཅན་ཉིད་དུ་བསྟན་ཏོ། །མཁས་པ་ནི་ལེ་ལོ་མེད་པའོ། །དེས་པ་ནི་ལེགས་པར་བྱེད་པ་ཉིད་དོ། །དུལ་བ་ནི་ལུས་དང་ངག་གི་ལས་དག་པའོ། །མཁས་པ་དང༌། དེས་པ་དང༌། དུལ་བ་ཉིད་ཀྱི་རྒྱན་གང་ལ་ཡོད་པ་དེ་ནི་མཁས་པ་དང༌། དེས་པ་དང༌། དུལ་བས་བརྒྱན་པའོ། །བརྟན་པ་ནི་རྟག་ཏུ་མི་འགྱུར་བའི་ཕྱིར་ཏེ། བདག་དང་གཞན་གྱི་ཕྱོགས་ལ་ཁྲོ་བ་སྤངས་པར་གྱུར་པའོ། །ཚུལ་ཁྲིམས་ལ་བརྟེན་ནས་སྤྱོད་པ་དང༌། མི་སྤྱོད་པའི་ཚུལ་གང་དང་གང་དག་ལ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱ་བ་དེ་དང་དེ་དག་ལ་དེ་བཞིན་དུ་འཇུག་པའོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རིགས་བྱས་པའི་རྒྱུའོ། །ཚུལ་ཁྲིམས་དང༌། སྤྱོད་ཚུལ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་ཚུལ་ཁྲིམས་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པའོ། །བརྟན་པ་དང༌། གཙང་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་ཚུལ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་བརྟན་པ་དང༌། གཙང་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་ཚུལ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པའོ། །སྡུག་བསྔལ་བཟོད་ཅིང་ཞེས་བྱ་བ་ནི་ལུས་ཀྱི་ཕུན་སུམ་ཚོགས་པའོ། །བག་ཡོད་པ་ཞེས་བྱ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པ་རྗེས་སུ་འབད་པའོ། །གཡུལ་ངོར་འགྱེད་པའི་དགྲ་ཐབས་ལ་མཁས་པ་ཞེས་བྱ་བ་ནི་དམག་གི་དགོད་པའི་རིགས་པ་དང༌། ཡུལ་དང་དུས་དང༌། མདུན་དུ་བསྣུར་བ་དང༌། ཕྱིར་འགྱེད་པ་ལ་སོགས་པ་ལ་མཁས་པའོ། །རྗེ་བོ་ལ་སྙིང་ཉེ་ཞིང་ལེགས་


DTG168_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་བ་ཞེས་བྱ་བ་ནི་རྗེ་བོ་ལ་རྗེས་སུ་ཆགས་ཤིང་བརྟེན་པའི་གུས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། བཞིན་བཟངས་ཞེས་བྱ་བའི་མིང་དུ་བྱས་པའོ། །སློབ་དཔོན་སློབ་མའི་གཙོ་བོ་བཞིན། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་ཕན་པའོ། །ཕ་དང་བུ་རབ་ཐུ་བོ་བཞིན། །ཞེས་བྱ་བས་ནི་འཇིག་རྟེན་འདི་ལ་ཕན་པ་ཉིད་དོ། དེ་ལྟར་འཇིག་རྟེན་གཉི་ག་ལ་ཕན་པའོ། །ལྷ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ཡིད་བཞིན་གྱི་མཚོ་སྟེ། བརྟན་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །དཀའ་ཐུབ་ཅན་ཞེས་སྨོས་པས་ནི་མངོན་པར་ཤེས་པའི་མཐུ་ཁྱད་པར་ཅན་གཟུང་བའི་ཕྱིར་རོ། །བདེ་བ་ཉིད་ལུས་ཡིན་པས་བདེ་བའི་ལུས་སོ། །དེའི་འདེགས་པ་ནི་བདེ་བའི་ལུས་འདེགས་པ་ཉིད་དོ། །དེ་གཉིས་སྤྱོད་པ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི། བདེ་བའི་ལུས་འདེགས་སྤྱོད་པ་གཅིག་ཏུ་གྱུར་པའོ། །གྲུབ་པ་གང་ཡིན་པ་དེ་དྲང་སྲོང་ཡིན་པས་གྲུབ་པ་དྲང་སྲོང་དག་སྟེ། གང་གི་རྫུ་འཕྲུལ་གྱིས་མི་སྣང་བ་དག་གོ །གྲུབ་པའི་དྲང་སྲོང་དང༌། རིག་འཛིན་དང༌། ལྷ་རྣམས་ནི་གྲུབ་པའི་དྲང་སྲོང་དང༌། རིག་སྔགས་འཆང་དང། ལྷའོ། །དེ་རྣམས་ཀྱི་ཚོགས་ནི་གྲུབ་པ་དང༌། དྲང་སྲོང་དང༌། རིག་སྔགས་འཆང་དང༌། ལྷ་མང་པོའོ། །འདིར་ཅིའི་ཕྱིར་སྔར་བཤད་པའི་ཀླུ་མ་སྨོས་ཤེ་ན། དེ་ནི་དེས་པར་གནས་པ་ཡིན་པ་འཕྱིར་རོ། །གསེར་མཆོག་བཙོ་མའི་ཁ་དོག་འདྲ་བའི་མདོག །ཅེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནི་ལུས་དང༌། ངག་དང༌། ཡིད་ལ་བརྟེན་ནས་དེའི་གྲགས་པ་ཁྱད་པར་དུ་སྟོན་པ་ཡིན་ཏེ། གསེར་མཆོག་གཙོ་མའི་ཁ་དོག་འདྲ་བའི་མདོག །དཔལ་ལྡན་ལུས་ཞེས་བྱ་བས་ནི་ལུས་ཁྱད་པར་དུ་བསྟན་ཏོ། །དུལ་ཞིང་རིགས་པ་ཆོས་ཀྱི་ཚུལ་ལས་བྱུང༌། །ཞེས་བྱ་བས་ནི་ཡིད་ཀྱི་ལས་ཁྱད་པར་དུ་བསྟན་ཏོ། །ངེས་པར་གཞན་ཞེས་བྱ་བ་ནི་ལྷ་ལ་སོགས་པར་ཁྱད་པར་ཅན་ཞིག་སྟེ། ངང་པའི་ཚུལ་ཞེས་བྱ་བ་ནི་ནང་པའི་ཆ་ལུགས་ཅན་ནོ། །དེས་ན་ངང་


DTG168_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཅན་འདི་གཉིས་ངེས་པར་གཞན་ཞེས་བྱ་བར་སྟོན་ཏོ། །ཡོན་ཏན་བསྒྲགས་པ་ཞེས་བྱ་བ་ནི་ཡོན་ཏན་ཅན་བསྟན་པ་དང༌། ཡོན་ཏན་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏེ། དེ་དང་བྲལ་བ་ད་ནི་ཕྲག་དོག་སྟེ། ཕྲག་དོག་མེད་པས་སོ། །རྒྱས་བར་གྱུར་ཞེས་བྱ་བས་ནི་གཞན་དང་གཞན་དེ་དག་གིས་གྲགས་པ་རྒྱ་ཆེར་བྱས་ཤིང་ཡོན་ཏན་བསྟན་པ་སྟེ། གང་གི་ཕྱིར་གྲགས་པ་རྒྱས་པར་གྱུར་པ་དེ་བས་ན་དད་པ་སྐྱེས་པར་གྱུར་བ་སྟེ། ཡོན་ཏན་དང་ལྡན་པའི་ཚིག་ནི་གཟུང་བར་འོས་པའི་ཕྱིར་རོ། །འདི་དག་ནི་སྔར་བསྟན་པ་རྣམས་ཏེ། གྲུབ་པ་དྲང་སྲོང་ལ་སོགས་པ་དང། གང་ཡང་གཞན་དག་ལས་དེའི་གྲགས་པ་ཐོབ་པར་གྱུར་པ་དེས་གཅིག་ལ་གཅིག་བརྒྱུད་དེ་རྒྱས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྱེས་དང་འདྲ་བར་གྱུར་ཞེས་བྱ་བ་ནི་གང་ལས་ཐོས་པའི་གྲགས་པ་དེ་ཡང་གཞན་དག་ལ་སྟོན་ཏེ། དེས་ཀྱང་གཞན་དག་ལ་བརྟེན་པ་ཡིན་པས་ཉེ་བར་བརྒྱུད་པ་དེས་ན་སྐྱེས་དང་མཉམ་པར་གྱུར་པའོ། །བློན་པོ་དང་བྲམ་ཟེ་རྒན་པོ་སྨོས་པ་ནི་ཚོགས་པའི་ནང་དུ་སྨྲ་བར་འོས་པ་དང༌། ཡོན་ཏན་སྒྲོགས་པའི་ཕྱིར་དང༌། ཤེས་རབ་བཀུར་བའི་ཕྱིར་རོ། །གཙུག་ལག་དུ་མ་ལ་གོམས་ཤིང་མཁས་པའི་བློ་གང་ལ་ཡོད་པ་དེ་ནི་གཙུག་ལག་དུ་མ་ལ་གོམས་ཤིང་བློ་དང་ལྡན་པ་རྣམས་སོ། །དེ་ལ་འདིས་ནི་ལྷན་ཅིག་སྐྱེས་པའི་དུལ་བ་དང་ཤེས་རབ་དང་ལྡན་པ་ཡིན་ནོ་ཞེས་བཤད་དོ། །བློན་པོ་བཀའ་ལ་གཏོགས་པ་ཞེས་བྱ་བ་ནི་བློ་ལ་གྲོགས་བྱེད་པའོ། །སྤྱན་སྔར་བྲིམ་དུ་རུང་བ་ཞེས་བྱ་བ་ནི་ལྷན་ཅིག་སྨྲ་བ་དང༌། རབ་ཏུ་དགའ་བར་བྱ་བའི་གཏམ་བྱར་རུང་བའོ། །བདེ་བའི་རྒྱུ་ནི་བདེ་བར་འགྱུར་བའོ། །བདེ་བའི་རྒྱུ་ཉིད་ཡོན་ཏན་ཡིན་པས་བདེ་བར་འགྱུར་བའི་ཡོན་ཏན་ཏོ། །བདེ་བའི་རྒྱུའམ་ཁྱད་པར་དུ་གྱུར་པའི་བདེ་བ་སྐྱེད་པའི་རྐྱེན་ནི་མཆོག་གོ །དེ་བས་ན་སྔར་གྱི་བདེ་བར་འགྱུར་བའི་ཡོན་ཏན་ཉིད་ཁྱད་པར་དུ་གྱུར་པ་དེ་ཐོས་ན་བདེ་བར་འགྱུར་བའི་ཡོན་ཏན་མཆོག་ཐོས་པ་ཡིན་ཏེ། དེ་བས་ན་དེ་གཉིས་མཆི་བ་ལགས་ཏེ། བདེ་བའི་གཞིར་གྱུར་པས་འགུགས་པར་བྱེད་པའི་ཕྱིར་རོ། །བདེ་བ་ལ་གནས་པར་འདོད་པའི་དབང་གིས་ནི་གང་གི་ཕྱིར། ཚངས་བའི་འཇིག་རྟེན་དུ་སྐྱེས་བ་ལས་ཀྱང་རིགས་པར་མཐོང་


DTG168_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བཀའ་མཆིད་གདའ་བ་ཞེས་བྱ་བ་ནི་བདེ་བར་འགྱུར་བའི་ཡོན་ཏན་སྟོན་པ་ཡིན་ནོ། །ཡོན་ཏན་ཁྱད་པར་ཅན་དུ་འཕགས་ཤིང་བཟང་བའི་ཞེས་བྱ་བ་ནི་དེ་ལས་མཆོག་ཏུ་གྱུར་པའོ། །མི་འཇིགས་པ་སྦྱིན་པའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཡང་ཅི་ནས་ཀྱང་བྱ་བའི་རིགས་པ་ཡིན་ནོ། །བདེ་བའི་ཡོ་བྱད་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོས་ནས་ཞེས་བྱ་བ་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ལྷ་གཅིག་སེམས་ཅན་ཕལ་ཆེར་ནི། །ཞེས་བྱ་བ་ནི་ཚིགས་བཅད་འདི་ནི་བདེ་བར་འགྱུར་བའི་ཡོན་ཏན་གྱི་མཆོག་ལ་གཅིག་ཏུ་ཆགས་པ་ཡིན་ཡང་བདེ་བའི་རྒྱུས་འགུགས་པ་ཡིན་པར་བསྟན་ཏེ། དེ་ལ་འདྲེན་པའི་ཕྱིར་རོ། །བདག་ཉིད་ཀྱི་བདེ་བའི་རྒྱུར་གྱུར་པའི་ཡིད་བཞིན་གྱི་མཚོ་དེ་ཡོངས་སུ་སྤངས་ནས། ཇི་ལྟར་མཚོ་དེར་འོང་ཞེས་བྱ་བའི་ཚིག་གི་སྐབས་དེའི་ལན་བསྟན་པའི་ཕྱིར། ཡིད་བཞིན་མཚོའི་ཡོན་ཏན་ལ་འགྲན་དུ་རུང་བ་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་རྒྱ་ཆེ་བ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་རྒྱ་ཆེ་བ་དེ་ཡང་མེ་ཏོག་པདྨ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྟན་པ་ཡིན་ནོ། །ལྗོན་ཤིང་མེ་ཏོག་བཟང་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དགུས་ནི་མཚོ་དེ་ཀུན་ནས་དགའ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ལྗོན་ཤིང་མེ་ཏོག་བཟང་ལྡན་ཞེས་བྱ་བའི་ཚིགས་བཅད་འདིས་ནི་མཚོའི་མཐའ་མ་མཛེས་པའི་དབང་དུ་བྱས་པ་སྟེ། མཐའ་མ་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་མཐའ་མ་ཡོངས་སུ་བསྐོར་བའོ། །ཆུའི་རླབས་རྣམས་འཁྲུགས་པ་ནི་ཆུའི་རླབས་འཁྲུགས་པའོ། །དེས་གཡོ་བར་གྱུར་པ་གང་ཡིན་པ་དེ་ནི་ཆུའི་རླབས་འཁྲུགས་པས་གཡོ་བར་འགྱུར་བའོ། །ཟླ་བའི་འོད་ཀྱིས་ཁ་ཕྱེ་བ། །ཞེས་བྱ་བ་ནི་ཟླ་འོད་ཀྱིས་ཁ་ཕྱེ་བའོ། །ཁ་བྱེ་བ་ནི་བསྐུལ་བ་ལྟ་བུ་ཡིན་ཏེ། ཇི་ལྟར་གང་གིས་གཉིད་ཀྱིས་ལོག་པ་ལ། །བསྐུལ་བར་འགྱུར་བ་དེ་བཞིན་དུ་ཀུ་མུ་ཏ་དག་ཀྱང་ཁ་འབྱེད་པའི་རྒྱུར་གྱུར་པའི་ཕྱིར། ཁ་འབྱེད་པ་ཞེས་བརྗོད་དེ། ཟླ་བའི་འོད་ཀྱིས་ཁ་ཕྱེ་བ་ནི་ཇི་ལྟར་གཉིད་ལོག་པ་ལས་བསླང་བ་ལྟ་བུ་ཡིན་ཏེ། རབ་ཏུ་སད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །པདྨ་རྣམས་ནི་དགོད་པ་བཞིན། །ཞེས་བྱ་བ་དང༌། ཁ་ཅིག་ན་ནི་ཟླ་འོད་ཀྱིས། །ཞེས་བྱ་


DTG168_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིགས་བཅད་གཉིས་ཀྱིས་ནི་ཆུའི་ནང་དུ་མེ་ཏོག་ལ་སོགས་པས་མཚོ་མཛེས་པར་བསྟན་པའོ། །པདྨ་ཨུཏྤལ་ཕྱེ་བ་རྣམས། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་མཚོའི་མཐའ་མར་གྱུར་པ་མཛེས་པར་ལྡན་པའི་ཕྱིར་རོ། །རླབས་ཉིད་སོར་མོ་ཡིན་པ་སྟེ། དེས་བྲིས་པ་ནི་བཀོད་པའི་ཞེས་བྱ་བའི་དོན་ཏེ། རླབས་ཀྱི་སོར་མོས་བྲིས་པའོ། །ཐམས་ཅད་དུ་ཁྱད་པར་མཛེས་པའི་དབང་དུ་བྱས་ནས། པདྨ་ཨུཏྤ་ལ་འདབ་མ་དག །ཅེས་བྱ་བའི་ཚིགས་བཅད་སྨོས་སོ། །ཆུའི་ནང་ཉིད་དུ་མཛེས་པའི་དབང་དུ་བྱས་ནས། ཆུ་ནི་རབ་གསལ་མི་གཡོ་བས། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །མཆོའི་ལྷན་ཅིག་སྐྱེས་པའི་མི་ཟད་པས་མཛེས་པའི་དབང་དུ་བྱས་ནས། ལ་ལར་མུ་ཏིག་ཕྲེང་ཆད་བཞིན། །ཞེས་བྱ་བ་དང༌། རིག་འཛིན་ན་ཆུང་ཞེས་བྱ་བ་དང༌། ཟླ་བའི་ཆུང་མ་སྐར་མ་རྣམས། །ཞེས་བྱ་བའི་ཚིགས་བཅད་གསུམ་ཡིན་ཏེ། དེས་ན་གནས་སུ་རུང་ཞིང་མཛེས་པར་བྱས་པའི་དབང་དུ་བྱས་པའོ། །ཟླ་བའི་ཆུང་མ་སྐར་མ་རྣམས། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་ཀྱིས་ནི་མཐོ་རིས་སུ་སྐྱེས་པའི་སེམས་ཅན་གྱི་ཡང་ཉེ་བར་ལོངས་སྤྱོད་དུ་རུང་བ་ལྟ་བུར་ཡོངས་སུ་བརྟགས་ཤིང་རྗེས་སུ་མཐུན་པའོ། །བདེ་བའི་ཡོ་བྱད་དགག་པ་མེད་པ་ཞེས་བྱ་བ་ལ། དགག་པ་མེད་པ་ནི་བྱ་བ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་ཕྱིར་ཏེ། བདེ་བའི་ཡོ་བྱད་དང༌། མི་འཇིགས་པ་བྱིན་པས་སོ། །རྒྱལ་པོས་བྱ་རྣམས་ཀུན་ལ་བྱིན། །ཞེས་བྱ་བ་འདིས་ནི་དགག་པ་མེད་པ་ཉིད་བསྟན་ཏོ། །མི་འཇིགས་ཡོན་དང་བཅས་པའི་ཡིད་བཞིན་གྱི་མཚོ་གང་ཡིན་པ་དེ་ནི་མི་འཇིགས་ཡོན་དང་བཅས་པ་སྟེ། འདིས་ནི་བདེ་བའི་ཡོ་བྱད་ཉིད་བསྟན་ཏོ། །སྤྲིན་གྱིས་བྱས་པའི་མུན་པ་ནི་སྤྲིན་གྱི་མུན་པའོ། །སྤྲིན་གྱིས་བསྒྲིབས་པ་ཉིད་ཡོལ་བ་ཡིན་པས་སྤྲིན་གྱི་མུན་པ་ཡོལ་བདག་གོ །སྤྲིན་གྱི་མུན་པ་ཡོལ་བ་ལྟ་བུས་བསྒྲིབས་པ་གང་ཡིན་པ་དེས་ན་ཕྱོགས་རྣམས་ཏེ། མུན་པ་ཡོལ་བ་ལྟར་བསྒྲིབས་པ་མེད་པའི་ཕྱོགས་རྣམས་སོ། །ཁ་བྱེ་བར་གྱུར་པའི་མེ་ཏོག་པདྨ་ནི་མེ་ཏོག་པདྨ་མང་པོ་ཁ་བྱེ་བའོ། །དེས་མཛེས་པར་བྱས་པ་གང་ཡིན་པའི་མཚོ་དེ་ནི་མེ་ཏོག་པདྨ་མང་པོ་ཁ་བྱེ་བས་མཛེས་པར་གྱུར་པའོ། །ཆུ་


DTG168_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རབ་ཏུ་དང་ཞིང་ཡིད་དུ་འོང་བར་གྱུར་པ་ནི་ཆུ་རྣམས་རབ་ཏུ་དང་ཞིང་ཡིད་དུ་འོང་བའོ། །རབ་ཏུ་འཕེལ་བར་ནུས་པ་དང༌། རབ་ཏུ་ཚོགས་པ་དང༌། རྒྱས་པར་གྱུར་པའི་འོད་ཟེར་རབ་ཏུ་འཕེལ་བའོ། །རྣམ་པ་སྣ་ཚོགས་པའི་མེ་ཏོག་ནི་མེ་ཏོག་རྣམ་པ་མང་པོའོ།། མེ་ཏོག་དང་རྣམ་པ་སྣ་ཚོགས་གཉིས་ཀྱི་ཕུན་སུམ་ཚོགས་པ་ནི་མེ་ཏོག་རྣམ་པ་མང་པོ་ཕུན་སུམ་ཚོགས་པའོ། །མེ་ཏོག་རྣམ་པ་མང་པོ་ཕུན་སུམ་ཚོགས་པ་ཉིད་རྒྱན་ཡིན་པས་མེ་ཏོག་རྣམ་པ་མང་པོ་ཕུན་སུམ་ཚོགས་པས་བརྒྱན་པ་དང་ལྡན་པའོ། །བྱའི་ཚོགས་ཀྱི་ཅ་ཅོ་ནི་མང་པོའི་སྒྲའོ། །བྱ་མང་པོའི་སྒྲ་སྒྲོགས་པ་ནི་སྒྲ་འབྱིན་པའོ། །རླབས་རྣམས་ཀྱི་ཕྲེང་བ་བཀོད་པ་ནི་རླབས་ཀྱི་ཕྲེང་བ་འཁྲིགས་པའོ། །དེས་བྱས་བ་གང་ཡིན་པ་དེ་ནི་རླབས་ཀྱི་ཕྲེང་བས་བསིལ་བར་བྱས་པ་སྟེ། སེར་བུ་བསིལ་ཞིང་གྲང་བ་ལྡན་པ་གང་ཡིན་པ་དེས་སོ། །དྲི་ཞིམ་པོ་དང་ངད་ལྡན་པ་གང་ཡིན་པ་དེ་ནི་དྲི་ཞིམ་པོའི་ངང་ལྡན་བའོ། །མེ་ཏོག་པདྨ་དང་ཨུཏྤ་ལ་རྣམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་ནི་མེ་ཏོག་པདྨ་དང༌། ཨུཏྤ་ལའི་དྲི་ཞིམ་པོའི་ངད་ལྡང་བའོ། །ཁོ་ར་ཁོར་ཡུག་ཏུ་འཕྲོ་བའི་མེ་ཏོག་པདྨ་དང༌། ཨུཏྤ་ལའི་དྲི་ཞིམ་པོའི་ངད་ལྡང་བ་དེ་ནི་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་པདྨ་དང༌། ཨུཏྤ་ལའི་དྲི་ཞིམ་པོའི་དང་ལྡང་བའོ། །རང་གི་ངང་པའི་ཚོགས་རྣམས་ཀྱི་རྗེས་སུ་དྲན་པའམ། རང་གི་ངང་པའི་ཚོགས་ལ་རྗེས་སུ་དྲན་པ་ནི་རང་གི་དང་བའི་ཚོགས་རྣམས་རྗེས་སུ་དྲན་པའོ། །ཇི་ལྟར་ན་རང་གི་ངང་བའི་ཚོགས་རྣམས་རྗེས་སུ་དྲན་པར་གྱུར་ཅེ་ན། སྨྲས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་དང༌། འཇིག་རྟེན་པ་ནི་ཕལ་ཆེར་ཞེས་བྱ་བ་ཡིན་ནོ། །ནམ་ཡང་ཕྱིའི་བདེ་བར་ནི་མི་འགྱུར་མོད་ཀྱི། རྒྱུའི་མིང་འབྲས་བུ་ལ་བཏགས་ནས་བདེ་བའི་རྒྱུ་ནི་ཐུན་མོང་ཡིན་ཏེ། གང་སྐྱེ་པོ་ཐམས་ཅད་ཀྱི་ཐུན་མོང་དུ་ལོངས་སྤྱོད་པའོ། །གལ་ཏེ་སྐྱེ་བོ་ཀུན་གྱི་ཐུན་མོང་གི་བདེ་བའི་རྒྱུ་ཡིན་ན་ནི་སེར་སྣ་འབྱུང་བར་འགྱུར་ཏེ། དངོས་པོ་འདི་ཀུན་དུ་འཛིན་པ་ཡིན་ནོ། །དེ་བས་ན་ཐོག་མར་མཛའ་བཤེས་དྲན་པར་འགྱུར་བ་ཡིན་ཏེ། དེའི་རྒྱུ་བསྟན་པའི་ཕྱིར་སྨྲས་པའོ། །


DTG168_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཤིང་རྗེས་སུ་ཆགས་པའི་ཕྱིར་ཏེ། བྱམས་ཤིང་རྗེས་སུ་ཆགས་པའི་རྒྱུ་དེས་སོ། །སྤྱི་ཡི་བདེ་བ་མྱོང་ནས་ནི། །ཞེས་བྱ་བ་ནི་རྐྱེན་ལས་སྐྱེས་བར་གྱུར་པའི་བད་བ་ནི་སྤྱིའི་ཞེས་བརྗོད་དོ། །ཡང་ན་བདེ་བའི་རྒྱུ་ལ་འབྲས་བུ་བཏགས་བ་སྟེ། རྒྱུ་ལ་འབྲས་བུ་བདེ་བ་བཏགས་ནས་སྤྱི་ཞེས་སྨོས་པས་ནི་བྱེ་བྲག་མེད་པ་སྟེ། ཐམས་ཅད་ཀྱི་ཐུན་མོང་དུ་ལོངས་སྤྱོད་པའི་ཕྱིར་གང་གཅིག་ཉིད་ཀྱི་བདེ་བའི་རྒྱུར་གྱུར་པ་བཞིན་དུ་དེ་ལས་གཞན་དག་གི་ཡང་ངོ༌། །བྱམས་པའི་རྗེས་སུ་འགྲོ་བ་ནི་བྱམས་ཤིང་རྗེས་སུ་ཆགས་པའོ། །དེས་ན་བྱམས་པ་སྟེ། གང་ལ་རྗེས་སུ་ཆགས་པ་དེས་བྱམས་ཤིང་རྗེས་སུ་ཆགས་པའི་རྒྱུས་སོ། །དེ་ན་ཞེས་བྱ་བ་ནི་ཡིད་བཞིན་གྱི་མཚོ་ནའོ། །ཇི་སྲིད་འདོད་པ་ཞེས་བྱ་བ་ནི་ཇི་ཙམ་འདོད་པའོ། །འཁོད་ནས་ཞེས་བྱ་བ་ནི་ལོངས་སྤྱད་ནས་སོ། །དབྱར་གྱི་དུས་ལ་བབས་ཞེས་བྱ་བ་ལས་བརྩམས་ཏེ། གློག་རྣམས་གཡོ་བ་ནི་གློག་འགྱུ་བ་དང༌། གློག་འགྱུ་བའི་མཚོན་ཆ་འདེབས་པ་འདྲ་བ་གང་ཡིན་པ་དེ་ནི་གློག་འགྱུ་བ་མཚོན་ཆ་འདེབས་པ་འདྲ་བའོ། །དེ་ལ་ཡོངས་སུ་རྫོགས་པ་རྨ་བྱའི་མདོངས་ནི་རྨ་བྱའི་མདོངས་རྒྱས་པའོ། །དེས་མཛེས་པ་གང་ཡིན་པ་དེ་ནི་རྨ་བྱའི་མདོངས་མཛེས་པར་གྱུར་པའོ། །དེ་དག་གི་ཅོང་ཅོང་གི་སྒྲ་འབྱིན་པ་ནི་རྨ་བྱའི་སྒྲ་ཅོང་ཅོང་དུ་འབྱིན་པའོ། །དེས་མགུ་བར་བྱེད་པ་ནི་སྒྲ་བསྒྲགས་པས་ཞེས་བྱ་བའི་དོན་ཏོ། །གར་གྱི་བྱེད་པ་ནི་གར་བྱེད་པ་སྟེ། དེ་དག་བྱེད་པའོ། །ཕྲ་མོ་ཉིད་བྱ་ཡིན་པས་བྲན་ནོ། །ཡང་ན་བྱ་དང་བྲན་མང་པོ་ནི་བྱ་བྲན་མང་པོའོ། །མེ་ཏོག་ཀ་དམ་པ་དང༌། སརྫ་དང༌། ཨརྫུ་ན་དང༌། ཀེ་ཏ་ཀའི་དྲི་ཞིམ་པོས་བསྒོས་པ་གང་ཡིན་པ་དེ་ནི་མེ་ཏོག་ཀ་དམ་པ་དང༌། སརྫ་དང༌། ཨརྫུ་ན་དང༌། ཀེ་ཏ་ཀའི་དྲི་ཞིམ་པོས་བསྒོས་པའོ། །གླེང་ལངས་པ་ནི་བརྩམས་པའོ། །ཡུལ་དང་ཕྱོགས་ནི་ཡུལ་དང་ཕྱོགས་སོ། །དེ་རྣམས་ཀྱི་གཏམ་ནི་ཡུལ་དང་ཡུལ་ཕྱོགས་རྣམས་ཀྱི་གཏམ་མོ། །དེས་ཞེས་བྱ་བ་ནི་ངང་པ་ཁྱོ་ཤུག་གཉིས་ཀྱིས་སོ། །བསྔགས་པ་རྨད་དུ་བྱུང་བར་བཟང་པོའི་མཚོ་གང་ཡིན་པ་དེ་ནི་རྨད་དུ་བྱུང་བར་བཟང་བའི་ཡོན་ཏན་རྣམས་སོ། །ཡོན་ཏན་ཆེ་བ་བརྗོད་བར་མི་ནུས་པ་སྟེ། བརྗོད་ཀྱིས་མི་ལང་བའི་ཡོན་


DTG168_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གང་ལ་ཡད་པ་དེ་ནི་ཡོན་ཏན་བརྗོད་ཀྱིས་མི་ལང་བའོ། །འཇིགས་པ་དང་བག་ཚ་བ་ནི་འཇིགས་ཤིང་བག་ཚ་བའོ། །འཇིགས་པ་དང་བག་ཚ་བ་མ་མཆིས་པ་གང་ཡིན་པ་དེ་ནི་འཇིགས་པ་དང༌། བག་ཚ་བ་མ་མཆིས་པའོ། །གྲོས་འདྲི་བའི་ཚིག་དང་ཡི་གེ་གསལ་བ་གང་ཡིན་པ་དེ་ནི་གྲོས་འདྲི་བའི་ཚིག་དང་ཡི་གེ་གསལ་བའོ། །ཇི་ལྟར་ཆགས་པའི་གནས་ཡིན་ཞེ་ན་སྨྲས་པ། ཤ་བཟར་རུང་བ་དང༌། བལྟ་ན་སྡུག་པའི་ཕྱིར་ཏེ། བལྟ་ན་སྡུག་པ་ནི་ཡིད་དུ་འོང་བའོ། །ཤ་བཟར་རུང་བ་ནི་བཟའ་བར་བྱ་བ་ཡིན་པའི་ཕྱིར་རོ། །འདི་གཉིས་ཀྱི་རྒྱུས་བདག་ཅག་གཟུང་བ་དང་གསད་པར་འོས་པ་ཉིད་ཡིན་ཏེ། འདིས་ནི་བདག་ཅག་ཉིད་ཀྱི་རང་བཞིན་བསྟན་ཏོ། །འདིས་ནི་ཅིས་ཀྱང་ཕོངས་པ་མ་མཆིས་སོ་ཞེས་བྱ་བ་ནི་ཅི་སྟེ་བདག་ཉིད་ཀྱི་གནས་ཆགས་པར་བྱ་བ་མེད་ན་ནི་གནས་ངན་པའི་ཕྱིར་དེ་ཡོངས་སུ་གཏང་བར་བྱ་བ་ཡིན་ན་དེ་ཡང་མ་ཡིན་ནོ། །གནས་དེར་འགྲོ་བའི་ཉེས་དམིགས་བསྟན་པའི་ཕྱིར། །ཚིག་འཇམ་པོ་བཅོས་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱི་བཞག་ཅན་དུ་སྨྲ་བ་ནི་ཕྱི་བཞག་ཅན་དུ་སྨྲ་བའོ། །ཚིག་འཇམ་པོ་བཅོས་མ་ཉིད་ཕྱི་བཞག་ཅན་དུ་སྨྲ་བ་ནི་ཚིག་འཇམ་པོ་བཅོས་མ་ཕྱི་བཞག་ཅན་དུ་སྨྲ་བའོ། །རང་བཞིན་ངན་པའི་དངོས་པོ་ཉིད་གནོད་པར་སེམས་པ་ཉིད་ཡིན་པས་གནོད་པར་སེམས་པའི་རང་བཞིན་ངན་པའོ། །ཚིག་འཇམ་པོ་བཅོས་མ་དང་ཕྱི་བཞག་ཅན་དུ་སྨྲ་བ་གཉིས་ཀྱིས་མི་མངོན་པར་བྱས་པའི་གནོད་པར་སེམས་པའི་རང་བཞིན་གང་ཡིན་པ་པ་དེ་ནི་ཚིག་འཇམ་པོ་བཅོས་མ་ཕྱི་བཞག་ཏུ་སྨྲ་ལ་གནོད་པར་སེམས་པའི་རང་བཞིན་མི་མངོན་པར་བྱེད་པའོ། །ཆུང་བ་དང་དམན་པའི་སྙིང་རྗེ་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཆུང་བའོ། །དོན་གྱི་རྗེས་སུ་འགྲོ་བ་ནི་དོན་མཐུན་པར་བྱེད་པའོ། །སྨྲ་བ་དང་སེམས་པ་མཐུན་པར་བྱེད་པ་གང་ཡིན་པ་དེ་ནི་སྨྲ་བ་དང་སེམས་པ་མཐུན་པའོ། །ཕལ་ཆེར་ཞེས་བྱ་བ་ནི་བྱ་དང་རི་དགས་ཐམས་ཅད་ནི་མ་ཡིན་པ་སྟེ། དེ་ཡང་དེ་དག་ལས་མི་རྣམས་ཀྱིས་བསླབས་པ་ཁ་ཅིག་ནི་སྨྲ་བ་དང༌། སེམས་པ་མཐུན་པར་བྱེད་པ་མ་ཡིན་པས་སོ། །མིའི་ནང་ན་ཁ་ཅིག་ཅེས་བྱ་བ་ནི་དམ་པ་རྣམས་མ་གཏོགས་པར་


DTG168_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ནི་སྨྲ་བ་དང༌། སེམས་པ་མཐུན་པར་བྱེད་པ་ཉིད་དོ། །དེ་དག་ལས་བཟློག་པ་ནི་དེ་ལས་བཟློག་པའི་ཚུལ་ཏེ། དེ་ལས་མཁས་པ་དེ་ནི་དེ་ལས་བཟློག་པའི་ཚུལ་ལ་མཁས་པ་སྟེ། སྨྲ་བ་དང་སེམས་པ་མཐུན་པར་བྱེད་པའམ། སྨྲ་བ་དང་སེམས་པ་མི་མཐུན་པ་མེད་པ་ལས་སོ། །དེ་ལས་བཟློག་པ་མཁས་པ་ཉིད་བསྟན་པའི་ཕྱིར། འཇམ་ཞིང་སྙན་པའི་ཚིག་སྨྲ་ཡང༌། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ད་ལྟར་ནི་སྙན་ལ་མ་འོངས་པ་ན་ནི་དོན་དང་མཐུན་པ་མེད་ཅིང་སྐྱོན་དང་བཅས་པས་གནོད་པ་ཡིན་ཏེ། འདིར་སྙན་པ་སྨྲ་བ་ཡིན་ན་ཡང་སྐྱོན་དང་བཅས་སོ་ཞེས་བྱ་བར་བསྟན་ཏེ། །ཅིའི་ཕྱིར་དེ་ལྟར་སྨྲ་ཞེ་ན། དེ་ཉིད་སྨྲས་པ། ཁེ་འཚལ་ཕྱིར་ཞེས་བྱ་བ་ཡིན་ཏེ། སྤོགས་འགྲུབ་པ་དེ་ནི་ཁེ་འདོད་པ་སྟེ། དེ་ནི་ཚོང་པ་རྣམས་ཀྱང་རང་གི་ནོར་འགེད་པར་བྱེད་དེ། ཁེ་འདོད་པའི་ཕྱིར་རོ། །དེ་བས་ལྷན་ཅིག་དེ་ཙམ་ཞེས་བྱ་བ་ནི་ཕྱི་བཞག་ཅན་དུ་སྨྲ་བ་ཙམ་གྱིས་སོ། །ཡང་ན་ཚིག་འཇམ་པོ་ལ་སོགས་པའོ། །དགོས་པ་མཆིས་ཀྱང་ཞེས་བྱ་བ་ནི་དེར་སོང་ཞིང་གནས་པས་ཅི་ཞིག་འགྲུབ་པར་གྱུར་ཀྱང་མི་སྨྲ་ན་ནི། དེ་མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྐྱོན་དང་བཅས་ཤིང་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །སྐྱོན་དང་བཅས་ཤིང་ཚུལ་མ་ཡིན་པ་གང་ཡིན་པ་དེ་ནི་སྐྱོན་དང་བཅས་ཤིང་མི་རིགས་པའོ། །ཟླ་བ་དང་རྒྱུ་སྐར་དང་སྐར་མ་ནི་ཟླ་བ་དང་རྒྱུ་སྐར་དང་སྐར་མ་སྟེ། སྟོན་གྱི་དུས་ལ་བབ་ཅིང་དྲི་མ་མེད་པའི་སྐར་མ་དང་རྒྱུ་སྐར་གྱི་རྒྱན་གང་ལ་ཡོད་པ་ཉིད་དེ་དེ་བས་ནའོ། །ངང་པའི་ཚོགས་མང་པོ་ཞེས་བྱ་བ་ནི་ངང་པའི་ཁྱུ་མང་པོས་མཚོ་དེར་འདོད་པར་བྱ་བའི་གཏམ་བརྗོད་དེ། འདོང་བ་ནི་མཚོ་དེར་འགྲོ་བའི་ཕྱིར་རོ། །ཡིད་དུ་འོང་བའི་བཀོད་པ་ཡིན་བས་ཡིད་དུ་འོང་བའི་བཀོད་པའོ། །ཡོན་ཏན་མཉམ་པ་མེད་པ་ནི་ཡོན་ཏན་མཚུངས་པ་མེད་པར་གྱུར་པའོ། །གསེར་གྱི་འདབ་མ་ལྟར་མཛེས་པའི་འདབ་མ་གང་ལ་ཡོད་པ་དེ་ནི་གསེར་གྱི་འདབ་མ་ལྟར་མཛེས་པའི་འདབ་མའོ། །གདོང་དང་རྐང་པ་གཉིས་མཛེས་པ་ནི་གདོང་དང་རྐང་པ་གཉིས་མཛེས་པ་སྟེ། གསེར་བཙོམ་བས་ཀྱང་ལྷག་པར་མཛེས་སོ། །དེ་ཡང་ཚད་ལྷག་པ་དང་ལེགས་པའི་ལུས་ཅན་གང་ཡིན་པ་དེ་གཉིས་སོ། །


DTG168_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་གྲགས་པ་གང་ཡིན་པ་དེ་ནི་དེ་གཉིས་གཟུང་བའི་ཕྱིར་རོ། །ངང་པའི་མཆོག་དེ་གནས་དང་སྤྱོད་ཡུལ་ཞེས་བྱ་བ་ནི་གནས་པའི་ཕྱོགས་ས། །ཉེས་སུ་དོགས་པ་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྲིད་པའི་ཐབས་མཁས་པའི་ཕྱིར་རོ། །བག་མེད་པ་ཉིད་བརླག་པ་ཡིན་པས་བག་མེད་བརླག་པའོ། །དེ་བག་མེད་བརླག་པའི་འབྱུང་གནས་ཡིན་པས་ན་འབྱུང་ཁུང་ངོ༌། །དེ་ལྟ་བུར་ཞེས་བྱ་བ་ནི་བཅིང་བའི་རྣམ་པར་རོ། །འཇིགས་པ་དང་བཅས་པ་ཡིན་ནོ། །ཞེས་བྱ་བ་ནི་བདག་ཉིད་བཅིངས་སོ་ཞེས་བརྗོད་པའི་ཚིག་དེས་གཞན་མི་བདེ་བར་འགྱུར་བས་དེ་ལྟར་སྨྲས་པའོ། །ཡང་ན་ཉམས་ཉེས་པར་གྱུར་པའི་ཚུལ་ཏེ། བདག་ཉིད་བཅིངས་སོ་ཞེས་བསྒྲགས་ན་ཡང་འདིར་ཉེས་པ་མེད་དོ། །འཇིགས་པས་སྐྲག་ལ་བརྟབས་པ་གང་ཡིན་པ་དེ་ནི་འཇིགས་ཤིང་སྐྲག་ལ་བརྟབས་པའོ། །བྱམས་པས་བཅིངས་པའི་ཡིད་ནི་རང་གི་སྲོག་དང་བྲལ་བ་ཡང་མི་སེམས་སོ། །གང་གི་ཕྱིར་ཞེ་ན། རང་གི་སྲོག་དང་བྲལ་བའི་སྡུག་བསྔལ་ནི་ཤིན་ཏུ་ཆེ་བ་ཡིན་མོད་ཀྱང༌། དེ་བས་ཀྱང་ཤིན་ཏུ་ཤས་ཆེ་བའི་སྡུག་བསྔལ་གྱིས་ཞེས་སྦྱར་ཏེ། མྱ་ངན་དང་སྡུག་བསྔལ་ནི་མྱ་ངན་དང་སྡུག་བསྔལ་ལོ། །སྡུག་བསྔལ་ནི་ལུས་ཀྱིའོ། །མྱ་ངན་སེམས་ཀྱི་སྟེ། དེ་དག་ནི་གང་གི་ཕྱིར་ཉམས་ཉེས་པས་བྱས་པའོ། །སོང་ཤིག་སོང་ཤིག་ཅེས་བྱ་བའི་ཚིགས་བཅད་ཀྱི་བསྡུས་པའི་དོན་ནི་དེ་ལ་གནོད་པར་འགྱུར་བའི་ཕྱིར་དང༌། བདག་གི་ཉམས་ཉེས་པའི་གྲོགས་མི་ནུས་པའི་ཕྱིར་རོ། །ཇི་ལྟར་བཤད་པའི་རྒྱུ་དེ་གཉི་གའི་གནས་སྐབས་ཀྱང་མི་རིགས་པར་བསྟན་པའི་ཕྱིར། འདི་ན་མཆིས་ཀྱང་འགུམ་བར་ངེས་མ་མཆིས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སོང་ཤིག་སོང་ཤིག་ཅེས་བྱ་བའི་ཚིགས་བཅད་དེར་གང་བསྟན་པ། དེ་གཉིས་ཀྱི་ལན་བསྟན་པའི་ཕྱིར། འདི་ན་མཆིས་ཀྱང་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏེ། འདི་ན་འདུག་པའི་མི་རིགས་སོ་ཞེས་བྱ་བའི་ལན་ནི་འདི་ན་མཆིས་པ་ལས། གལ་ཏེ་གུད་དུ་མཆིས་ཀྱང་རྒ་ཤི་མེད་པར་འགྱུར་ན་འདི་ན་འདུག་པའི་མི་རིགས་ན་དེ་མེད་པས་སོ། །སོང་ཅིག་ཅེས་བྱ་བའི་ལན་ནི་ངེས་མ་མཆིས་ཞེས་


DTG168_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ཏེ། གལ་ཏེ་འགྲོ་བར་མི་འགྱུར་ན་གདོན་མི་ཟ་བར་གསོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སོང་ཤིག་ཅེས་སྨྲ་བའི་རིགས་ན་དེ་ཡང་མེད་དོ། །གྲོགས་བྱར་ག་ལ་ཡོད་ཅེས་བྱ་བ་དེའི་ལན་ནི་བདེ་བའི་ཚེ་ན་རྟག་ཏུ་ཁྱོད་བཀུར་བ་ཞེས་བྱ་བའི་ཚིག་གིས་སོ། །ང་ནི་འདི་ལྟར་གྱུར་པ་ལ་ཞེས་བྱ་བ་དེའི་ལན་ནི། ཉམས་ཉེས་ཚེ་ན་དོར་དུ་ག་ལ་རུང༌། །ཞེས་བྱ་བའི་ཚིག་གིས་ཏེ། ཐ་མལ་པའི་ཚེ་ཡང་མ་བཏང་ན་འདི་ལྟར་གྱུར་པ་ནི་ལྟ་ཅིའི་ཕྱིར་དོར་ཞེས་པའོ། །གལ་ཏེ་འདི་ན་མ་མཆིས་ཀྱང་འགུམ་པར་ངེས་པ་མ་མཆིས་པ་དང༌། དེ་ལྟར་ཡོངས་སུ་བོར་ཞིང་བཏང་ན་ཡང་གཅིག་ཏུ་འཆི་བ་དང༌། རྒ་བ་མེད་པ་ནི་མ་ཡིན་པར་འགྲོ་བར་ནི་མི་རིགས་པས་འདུག་པ་ནི་རིགས་པ་ཉིད་དེ་དེའི་ཕྱིར་སྨྲས་པ། བདག་གི་སྲོག་བཟུང་ཙམ་གྱི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བདག་ཉིད་ཀྱི་སྲོག་ཡིན་པས་བདག་གི་སྲོག་གོ །བདག་གི་སྲོག་ཉིད་གཟུང་བ་ཡིན་པས་བདག་གི་སྲོག་གཟུང་བའོ། །དེ་ཙམ་ཉིད་ཡིན་པས་ན་བདག་གི་སྲོག་གཟུང་བ་ཙམ་མོ། །དེས་ན་བདག་གི་སྲོག་གཟུང་བ་ཙམ་གྱི་ཕྱིར་ཏེ། རང་གི་སྲོག་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཏམ་ངན་པ་ཡིན་པའི་ཕྱིར་གཏམ་ངན་ནོ། །གཏམ་ངན་པ་ཉིད་ཆར་ཡིན་པས་གཏམ་ངན་པ་ཆར་བཞིན་དུ་འབབ་པའོ། །དེའི་སྐྱབས་ནི་གཏམ་ངན་ཆར་བཞིན་འབབ་པའི་སྐྱབས་སོ། །འདིར་སྒྲིབ་པར་བྱེད་པ་ཡིན་པས་སྐྱབས་ཏེ། འདིས་ནི་བདག་ཉིད་ཁྲེལ་ཡོད་པར་བསྟན་ཏོ། །རྒྱལ་པོ་ཆེན་པོ་ཉམས་ཉེས་པ། །བོར་ཏེ་མཆི་བའི་ཆོས་མ་མཆིས། །ཞེས་བྱ་བ་ནི་ངོ་ཚ་ཤེས་པའི་དབང་དུ་བྱས་པ་སྟེ། བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་ཞེས་བྱ་བའི་ཚིག་གིས་སོ། །བདེ་བའི་ཚེ་ན་རྟག་ཏུ་ཁྱོད་བཀུར་ལ། །ཉམས་ཉེས་ཚེ་ན་ཞེས་བྱ་བ་སྟེ། ཕོངས་པར་གྱུར་བ་ནི་བདག་གིས་བོར་ནག་ལ་ཞིག་རུང་སྟེ། སྨྲས་པ། ཁྱོད་ནི་ཅིར་གྱུར་པ་ཞེས་བྱ་བ་ཡིན་ཏེ། དང་པོ་ཁྱོད་ཇི་ལྟར་གྱུར་པ་དེ་ལྟར་བདག་ཉིད་ཀྱང་འགྱུར་བར་འཚལ་ལོ་ཞེས་བྱ་བའོ། །དེའི་ལན་བྱང་ཆུབ་སེམས་དཔས་སྨྲས་པ། ཚང་མང་ཞེས་བྱ་བས་ནི་ངེས་པར་གསོད་པར་འགྱུར་བའི་དོན་ཏོ། །བདེ་བར་གནས་ཞེས་བྱ་བས་ནི་སེམས་བདེ་བར་གནས་པའོ། །གལ་


DTG168_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སེམས་བདེ་བར་མི་གནས་ཀྱང་གཟུང་བ་ཡིན་ན་ནི། དེར་འགྲོ་བའི་རིགས་ན་གཟུང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་གལ་ཏེ་མ་བཟུང་ཞིང་བདེ་བར་གནས་ཀྱང་བདག་གི་འགྲོ་བའི་རྗེས་སུ་འགྲོ་བ་ནི་དོན་གཞན་དག་ལས་ལྟོས་པ་ཡིན་ན་གང་ན་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བྱས་ན་ཅིར་འགྱུར་ལྟོས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདིའི་འགྲོ་བ་ནི་བདག་དང༌། ཁྱོད་འཆི་བ་དང༌། གཉེན་བཤེས་རྣམས་དང་འདི་གསུམ་གྱི་དོན་མེད་པར་ཚིགས་བཅད་འདིས་བསྟན་པ་ཡིན་ནོ། །གསུམ་པོ་འདི་མེད་པས་འཆི་བ་དམིགས་པ་ཉིད་དུ་བསྟན་པའི་ཕྱིར། བདེ་དང་མི་བདེ་མུན་ཁུང་བཞིན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཕན་པའི་དོན་ཞེས་བྱ་བ་ནི་སྔར་བཤད་པ་གསུམ་པོའི་འོ། །ཆོས་དོན་ལེགས་པར་བགྱིས་ན་ནི། །ཞེས་བྱ་བའི་ཕྱེད་འོག་མས་ནི་ཆོས་དང༌། དོན་གཉིས་བདག་གི་འདོད་པས་ངེས་པར་བསྒྲུབས་པ་སྟེ། བདག་ཉིད་ཀྱི་དོན་ཉིད་དུ་ཞེས་བསྟན་ཏོ། །རྗེ་བོ་ཡོངས་སུ་མ་བཏང་བར་སྤྱོད་ཅིང༌། ཁྱོད་ལ་གློ་བ་ཉེ་བའི་ཕྱིར། །ཞེས་བྱ་བ་འདིས་ནི། རྗེ་བོའི་དོན་དུ་བདག་ཉིད་སྙིང་ཉེ་བར་སྟོན་ཏེ། དེས་ནི་གཉི་ག་ཡང་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་པ་ལ་འཚོ་བར་གྱུར་ན་ནི་དོན་གཞན་འདི་དག་ཡོད་དོ་ཞེས་བསྟན་པ་སྟེ། དོན་གཞན་དེ་ཡོངས་སུ་བསྟན་པའི་ཕྱིར། མཛའ་བཤེས་ང་དང་ཕྲལ་བ་རྣམས། །ཞེས་བྱ་བ་སྨོས་ཏེ། བདག་གིས་བསྲུང་ཞིང་སྦ་བར་བྱ་བ་དེ་བྲལ་བར་གྱུར་ཀྱང་ཁྱོད་ཀྱིས་མཆོག་ཏུ་འབྱོར་པར་བྱེད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་གསོལ་བ་གདབ་ཀྱང་མི་དགོས་པར་བློ་གྲོས་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་གཉིས་གཅིག་ལ་གཅིག་བྱམས་པ་ཉིད་ཡོན་ཏན་ཡིན་པས་དེ་བས་ན་གཅིག་ལ་གཅིག་བྱམས་པའི་ཡོན་ཏན་ནོ། །དེ་གཟུགས་བཟང་བ་ཡིན་པས། དེའི་གཟུགས་བཟང་བ་སྟེ། དེའི་གཟུགས་བཟང་བ་དེས་སོ། །བདེ་བར་འདུག་བཞིན་དུ་ཞེས་བྱ་བ་ནི་བག་ཚ་བ་མེད་པར་རོ། །ཁྱོད་ནི་མ་ཟིན་བདེ་བར་འདུག །ཅེས་བྱ་བའི་ཚིགས་བཅད་ཀྱི་བསྡུས་པའི་དོན་ནི་རྒྱུ་རྣམ་པ་ལྔས་བྱ་རྣམས་ནམ་མཁའ་ལ་འགྲོ་བར་མི་


DTG168_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཡིན་ཏེ། དེ་མེད་ཀྱང་ཅིའི་ཕྱིར་ནམ་མཁའ་ལ་མི་འགྲོ་ཞེས་བྱ་བར་སྟོན་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། རྙིས་ཟིན་པ་དང༌། རང་གི་དབང་མེད་པས་མི་བདེ་བར་འདུག་པ་དང༌། སྤུ་མ་སྐྱེས་ཤིང་གཤོག་པ་མེད་པ་དང༌། རྩོལ་བ་ཡོད་ཀྱང་སྟོབས་ཆུང་བ་དང༌། འཇིགས་པའི་རྒྱུ་མ་མཐོང་བས་འགྲོ་བར་མི་འགྱུར་བ་སྟེ། ཉེས་པ་འདི་དག་མེད་ཀྱང་འཕུར་བར་མ་གྱུར་པའི་རྒྱུ་འདྲི་བ་ཡིན་ནོ། །ཆིག་དང༌། འབྲུ་དང༌། སྦྲེལ་ལེགས་པ་ནི་ཚིག་འབྲུ་སྦྲེལ་ལེགས་པའོ། །ཚིག་འབྲུ་སྦྲེལ་ལེགས་པའི་སྒྲ་གང་ཡིན་པ་དེ་ནི་ཚིག་འབྲུ་རབ་ཏུ་གསལ་ཞིང་སྦྲེལ་ལེགས་པའོ། །དེ་ལ་འབྲུ་སྨོས་པས་ནི་ཨ་ལ་སོགས་པའི་ཡི་གེ་གཟུང་ངོ། །ཚིག་སྨོས་པས་ནི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སུ་གཟུང་ངོ༌། །ཚིག་སྤྲེལ་ལེགས་པ་ཞེས་བྱ་བ་སྨོས་པས་ནི་ཁྱད་པར་གྱི་ཚིགས་བླ་དགས་སུ་གཟུང་ངོ༌། །ཡིད་དུ་འོང་བ་ཞེས་བྱ་བ་ནི་མཉན་པར་འོས་པའོ། །གང་གི་གཟི་བྱིན་གང་ལ་ཡོད་པ་ནི་གཟི་བྱིན་དང་ལྡན་པའོ། །བརྟན་པའི་ཡོན་ཏན་གྱིས་གཟི་བྱིན་དང་ལྡན་པ་ནི་བརྟན་པའི་ཡོན་ཏན་གྱིས་གཟི་བྱིན་དང་ལྡན་པ་སྟེ། དེས་སྒྲ་སྒྲོགས་ཤིང་སྐད་ཆེར་ཕྱུང་བ་ཡིན་ནོ། །དམ་དུ་ཟིན་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྙི་ནི་མཚོན་ལ་སོགས་པས་གཅད་པར་ནུས་ལ། བརྩེ་བའི་ཞགས་པ་ནི་གཅད་པར་མི་ནུས་པའི་ཕྱིར་ཏེ། ཇི་ལྟ་བུ་ཞེ་ན། སྨྲས་པ། རྙིས་ནི་དེ་བས་ཞེས་བྱ་བ་ཡིན་ཏེ། ལུས་ཀྱི་འཆིང་བ་དང༌། རྗེས་སུ་མཐུན་པའི་བརྩེ་བའི་ཞགས་པ་གང་ཡིན་པ་དེས་བཅིངས་པ་སྟེ། འདོད་ཆགས་དང་བྲལ་བ་མ་གཏོགས་པས་གཅོད་པར་མི་ནུས་པའི་ཕྱིར་རོ། །ང་ཡི་རྒྱལ་པོ་སྲོག་དང་འདྲ་བའི་གྲོགས། །ཞེས་བྱ་བའི་ཚིགས་བཅད་ཀྱི་བསྡུས་པའི་དོན་ནི་གང་ཡོངས་སུ་མི་འདོར་བ་དང༌། ཅིའི་ཕྱིར་ཡོངས་སུ་མི་འདོར་བ་སྟེ། དེ་གཉིས་ཚིགས་བཅད་འདིས་སྟོན་པ་ཡིན་ནོ། །གང་ཡོངས་སུ་མི་འདོར་ཞེ་ན། རྗེ་བོའོ། །ཅིའི་ཕྱིར་ཡོངས་སུ་མི་འདོར་ཞེ་ན། བདེ་བར་སྦྱིན་པར་བྱེད་པའི་ཕྱིར་རོ། །གྲོགས་པོ་ཅིའི་ཕྱིར་ཡོངས་སུ་མི་འདོར་ཞེ་ན། ཉམས་ཉེས་པར་གྱུར་པའི་ཕྱིར་རོ། །འདི་གཉིས་ཀྱིས་ནི་ཕན་འདོགས་པ་དང༌། སྙིང་རྗེའི་ཞིང་ཉིད་དུ་སྟོན་ཏེ། ཡོན་ཏན་རེ་རེ་ལས་རེ་རེ་ཙམ་ཡོད་ཀྱང་ཡོངས་སུ་གཏང་བར་བྱ་བ་མ་ཡིན་ན། ཡོན་ཏན་བཞི་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་ཏོ། །


DTG168_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་བདག་ཅག་སྨྲས་པ་འདིས་ཞེས་བྱ་བ་ལ། གལ་ཏེ་བདེ་བ་ཞེས་བྱ་བའི་སྒྲ་ནི་དག་ཤིས་སོ། །བདག་ཅག་བཏང་ན་ནི་ཞེས་བྱ་བ་ཡང་འདིར་དགེ་ཤིས་སོ། །སྔར་བཤད་པའི་སྨྲས་པ་འདིས། གལ་ཏེ་བདེ་བ་འབྱུང་འགྱུར་ཞིང༌། །ཞེས་བྱ་བའི་ལན་ནི། ང་ནི་ཁྱོད་ལ་གནོད་མི་བྱེད། །ཅེས་བྱ་བ་ཡིན་ནོ། །བཏང་ན་ནི་ཞེས་བྱ་བ་དེའི་ལན་ནི། ཁྱོད་ནི་ང་ཡིས་གཟུང་བ་མེད། །ཅེས་བྱ་བ་ཡིན་ནོ། །ཆོས་དང་ལྡན་པའི་གྲགས་པ་འཐོབ། །ཅེས་བྱ་བའི་ལན་ནི། དེ་བས་ཁྱོད་ནི་ཅི་བདེར་སོང༌། །ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མ་ཡིན་ནོ། །ང་ནི་ཁྱོད་ལ་གནོད་མི་བྱེད། །ཅེས་བྱ་བ་དེའི་ལན་ནོ། །བདག་ནི་སྡུག་བསྔལ་མི་བཞེད་ན། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་དོ། །དེ་བས་ཁྱོད་ནི་ཅི་བདེར་སོང༌། །ཞེས་བྱ་བའི་ལན་ནི། གལ་ཏེ་གཅིག་གིས་མཉེས་གྱུར་ན། །ཞེས་བྱ་བ་ཕྱེད་འོག་མ་ཡིན་ནོ། །གལ་ཏེ་གཅིག་གིས་མཉེས་གྱུར་ན། །ཞེས་བྱ་བ་ལ། འདི་བློ་དང་ན་ཚོད་ལ་སོགས་པ་མི་མཉམ་པ་དེ་ཁྱད་པར་ཡོད་དོ་ཞེས་རྟོག་པ་ལ། དེ་ཁྱད་པར་མེད་པར་བསྟན་པའི་ཕྱིར། བདག་ཅག་ཆུ་དང་ཞེང་ཡང་མཉམ། །ཞེས་བྱ་བ་སྨོས་སོ། །ཆུ་དང་ཞེང་རྣམ་པ་གཉིས་ཀྱིས་ནི་བྱེ་བྲག་མེད་པ་སྟོན་ཏེ། དེ་ཁྱད་པར་མེད་པས་སེམས་ཀྱང་ཁྱད་པར་མེད་དོ། །གལ་ཏེ་ཚོད་ལ་ཁྱད་པར་ཡོད་ན་ནི་ཤ་ལ་ཁྱད་པར་ཡོད་པར་འགྱུར་ཏེ། དེ་ཁྱད་པར་མེད་པར་བསྟན་པའི་ཕྱིར། ན་ཚོད་ལ་ཡང་རྒན་གཞོན་མེད། །ཅེས་བྱ་བ་འདིས་སོ། །བདག་ལ་ཐུགས་ཆེས་མི་འགྱུར་ན། །ཞེས་བྱ་བར་བཤད་པ་ནི་ཅི་ཞིག་ལྟར་དོགས་ན་དེ་ཡང་ཉེས་པ་མེད་དེ། གལ་ཏེ་སྔར་བྱའི་རྒྱལ་པོ་བཏང་སྟེ། བདག་ཀྱང་མ་བཟུང་བར་བཏང་ན་ནི་གཉི་ག་ལས་ཉམས་པར་འགྱུར་ན། དེའི་ཉེས་པ་མེད་པར་བྱ་བའི་ཕྱིར། ཁྱོད་ཀྱིས་བདག་ནི་སྔར་ཟུང་ལ། །ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མའོ། །བདག་བཟུང་ཞིང་བྱའི་རྒྱལ་པོ་བཏང་ན་ནི་ཕན་ཡོན་འདི་དག་ཡིན་ཏེ། དེ་བསྟན་པའི་ཕྱིར། ཁྱོད་ཀྱི་རྙེད་པའང་དེ་བཞིན་ལ། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། ཁྱོད་ཀྱི་རྙེད་པའང་དེ་བཞིན་ནོ། །དེ་བས་མཛའ་བོའང་དེ་བཞིན་འགྱུར། །ཞེས་བྱ་བ་འདི་གཉིས་ཀྱིས་རྔོན་པའི་ཕན་ཡོན་བསྟན་ཏོ། །བདག་གིས་གསོལ་བ་ཞེས་བྱ་བ་དག་དང༌། ཁྱོད་ཀྱིས་བཏང་ནའང་


DTG168_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འགྱུར་བ་གཟིགས། །ཞེས་བྱ་བ་འདིས་ངང་པའི་རྒྱལ་པོའི་ཕན་ཡོན་བསྟན་པའོ། །དེ་རང་གི་སྲོག་ལ་ཡང་མི་ལྟ་བར་ཞེས་བྱ་བས་ནི་གང་སྔར་བཤད་པའི། དེ་བས་བདག་གི་སྲོག་ནི་ཡལ་གྱུར་ཀྱང༌། །འདི་ནི་གཏོང་བར་བདག་གིས་མི་ནུས་སོ། །ཞེས་བྱ་བ་དེ་བསྟན་པ་ཡིན་ནོ། །ཇོ་བོ་ལ་སྙིང་ཉེ་ཞིང་བྱམས་པ་ཞེས་བྱ་བ་འདིས་ནི་གང་སྔར་བསྟན་པའི། ང་ཡི་རྒྱལ་པོ་སྲོག་དང་འདྲ་བའི་གྲོགས། །འདི་ནི་ཉམས་ཉེས་གྱུར་ཅེས་བྱ་བ་དེ་སྟོན་པ་ཡིན་ནོ། །གང་ཆུ་གང་དང་ཁྲེལ་ལྟས་ཆེ་བའི་ཡོན་ཏན་གྱི་གཟི་བྱིན་དང་ཞེས་བྱ་བ་འདིས་ནི་བདེ་བ་སྦྱིན་པ་འདི་ནི་ཉམས་ཉེས་གྱུར་ཞེས་བྱ་བ་དེ་སྟོན་ཏོ། །བརྟན་པའི་རྒྱན་གྱིས་བརྒྱན་ཅེས་བྱ་བ་འདིས་ནི་གང་སྔར་བཤད་པའི། བདག་ནི་སྡུག་བསྔལ་མི་བཞེད་ན། །ཞེས་བྱ་བ་ལ་སོགས་པ་དེ་དག་སྟོན་པ་ཡིན་ནོ། །འཇམ་པའི་རྒྱན་གྱིས་བརྒྱན་ཅེས་བྱ་བ་འདིས་ནི། བཟང་པོ་བདག་ཅག་སྨྲས་པ་འདིས། །ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་དེ་སྟོན་ཏོ། །ངོ་མཚར་ཆེ་ཞིང་རབ་ཏུ་གུས་པའི་དབང་གིས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡིན་དུ་ཟིན་ཀྱང༌། དེའི་ཡོན་ཏན་ལ་ངོ་མཚར་ཆེ་བས་གུས་པ་ཡིན་ཏེ། ཡོན་ཏན་ཁྱད་པར་དུ་གྱུར་པ་དང་ལྡན་པའི་ཕྱིར་རོ། །ངོ་མཚར་དང་གུས་པ་གཉིས་བསྟན་པའི་ཕྱིར། ཇོ་བོའི་དོན་དུ་སྲོག་བཏང་བ། །ཞེས་བྱ་བའི་ཚིགས་བཅད་འདི་སྨོས་སོ། །སྙིང་རྗེ་ཅན་ཞེས་བྱ་བ་སྙིང་རྗེ་དང་ལྡན་པ་ཡིན་པས་སྙིང་རྗེ་ཅན་ཏེ། སྡུག་བསྔལ་དང་བྲལ་བ་དེ་དེས་དོན་དུ་གཉེར་བའི་སྙིང་རྗེའི་ཡོན་ཏན་སྟོན་པའོ། །ཁྱོད་ཀྱིས་ལས་བྱས་དོན་མེད་མི་འགྱུར་ཕྱིར། །ཞེས་བྱ་བས་ནི། ཇི་ལྟར་བདག་དགའ་བར་འགྱུར་བར་ལས་བྱས་པ་ནི་ངང་པའི་རྒྱལ་པོ་ཁྱོད་ཀྱིས་བཏང་བ་སྟེ། དེའི་འབྲས་བུ་མེད་པར་མི་འགྱུར་བའོ། །བདེ་བར་ཞེས་བྱ་བ་ནི་བག་ཚ་བ་མེད་པར་རོ། །ཕོ་བྲང་ནང་དུ་རྒྱལ་པོའི་སྤྱན་སྔར་བྲིམས། །ཞེས་བྱ་བ་ནི་དབེན་པར་བསྟན་པ་མི་འདོད་ཅིང་ཕོ་བྲང་གི་ནང་དུ་འོས་པ་སྟེ། བདག་ཉིད་སྐྱེ་བོ་མང་པོའི་མངོན་དུ་བསྟན་པ་ནི་རང་གི་རིགས་པ་དང་མཐུན་པའི་ཕྱིར་རོ། །མིའི་གཡོག་བཞིན་དུ་གཡོག་དང་བཅས་པའི་མཚན་ཉིད་དོ། །མི་རེ་བ་དག་གང་ཡིན་པ་དེ་ནི། རེ་ཡང་མི་རེ་བ་དག་སྟེ་ཆེ་ཞིང་རྒྱ་ཅེ་བ་དག་གོ །མགུ་བར་འགྱུར་བ་ཞེས་བྱ་བ་འདིས་ནི་ཡིད་ལ་ཅི་འདོད་པ་ཉིད་སྟོན་ཏོ། །བདེ་ཞིང་ཞེས་བྱ་བ་འདིས་ནི་


DTG168_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་མེད་པར་རོ། །བྱ་འདི་གཉིས་ནི་ཞེས་བྱ་བས་ནི་ས་ལ་འགྲོ་བའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་བསྟན་ཏོ། །རབ་ཏུ་དགའ་ཞིང་ངོ་མཚར་ཆེ་བ་ཞེས་བྱ་བ་ནི་དགའ་བ་དང༌། ངོ་མཚར་དུ་གྱུར་པ་གཉིས་ནི་དགའ་བ་དང༌། ངོ་མཚར་རོ། །དེ་ལ་རབ་ཏུ་དགའ་བ་ནི་འདོད་པའི་དོན་འགྲུབ་པས་སོ། །ངོ་མཚར་ཆེར་གྱུར་པ་གཉིས་ནི་ཤིན་ཏུ་རྙེད་པར་དཀའ་བ་རྙེད་པའི་ཕྱིར་རོ། །སྣ་ཚོགས་པའི་རིན་པོ་ཆེ་ནི་རིན་པོ་ཆེ་སྣ་ཚོགས་པའོ། །རིན་པོ་ཆེ་སྣ་ཚོགས་པའི་འོད་ནི་འོད་ཟེར་ཏེ། འོད་ཟེར་འཕྲོ་ཞིང་སྡུག་པའི་རྐང་པ་གང་ཡིན་པའི་སྟན་ནི་སྟན་དེའོ། །སྤྲས་པ་ནི་གསལ་བར་བྱེད་པའོ། །འོད་ཟེར་འཕྲོ་ཞིང་སྡུག་པ་ཞེས་བྱ་བ་ནི་དབྱིབས་སོ། །ལྷའི་གདན་ཡང་ཡིན་པས་ལྷའི་གདན་རིམ་པ་དུ་མའོ། །དེ་བཤམས་པ་ནི་ལྷའི་གདན་རིམ་པ་དུ་མར་བཤམས་པ་སྟེ། དེས་མངོན་པར་དགའ་བར་བྱ་བ་གང་ཡིན་པ་དེ་ནི་ལྷའི་གདན་རིམ་པ་དུ་མར་བཤམས་ཤིང་བཟང་བའོ། །རྒྱབ་རྟེན་དང་བདེ་ཞིང་ཉམས་དགའ་བ་ནི་རྒྱབ་རྟེན་བདེ་ཞིང་ཉམས་དགའ་བའོ། །བརྒྱན་པ་དང་བཅས་པ་ནི་རྒྱབ་རྟེན་བདེ་ཞིང་ཉམས་དགའ་བས་བརྒྱན་པའོ། །བཙུགས་པའི་རྐང་རྟེན་གང་ཡིན་པ་འདི་ནི་རྐང་རྟེན་བཙུགས་པའོ། །དྲིལ་བུ་བཞིན་དུ་སྙན་པ་ནི་དྲིལ་བུ་ལྟར་སྙན་པ་སྟེ་དེས་སོ། །གཟི་བྱིན་ཆེ་ཞིང་མདངས་དང་ལྡན་པའི་སྐུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དང་པོ་ལྔས་ནི་དགའ་བར་འགྱུར་བའི་གཏམ་ལས་བརྩམས་པ་སྟེ། འདིའི་བསྡུས་པའི་དོན་ནི་ལུས་ལ་རྣམ་པ་གཉིས་ཀྱིས་བདེའམ་མི་བདེ་ཞེས་དྲི་བ་བསྟན་ཏེ། གཟུགས་ཀྱི་ལུས་ལ་སྙུན་གསོལ་པ་ལས་བརྩམས་ཏེ། གཟི་བྱིན་ཆེ་ཞིང་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏོ།། གཟི་བྱིན་དང་མདངས་ནི། གཟི་བྱིན་དང་མདངས་སོ། །གཟི་བྱིན་དང་མདངས་ཀྱི་གནས་སུ་གྱུར་པ་ནི་གཟི་བྱིན་དང་མདངས་ཀྱི་གནས་སོ། །མདངས་སྨོས་པས་ནི་ཁ་དོག་གཟུང་ངོ༌། །གཟི་བྱིན་སྨོས་པས་ནི་དབྱིབས་གཟུང་ངོ༌། །གཉིས་པ་ནི་གང་གི་ཕྱིར། མིག་གི་ཡུལ་གྱིས་བདེའམ་ཞེས་དྲིས་པ་ཡིན་ཏེ། ནད་མེད་པ་ནི་བདེ་བའི་གནས་ཡིན་ཏེ། སྔོན་དགེ་བ་བསགས་པའི་ཕྱིར་བདེ་བའི་གནས་སོ། །ཆོས་ཀྱི་སྐུ་ལ་ཞེས་བྱ་བ་ལ། ཆོས་ཀྱི་སྐུ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཆོས་ཀྱི་སྐུའོ། །འདིས་ནི་རྒྱལ་པོའི་ཆོས་ཀྱི་ལུས་སྐྱེ་དགུ་སྲུང་ཞིང་སྐྱོབ་པར་བསྟན་ཏོ། །


DTG168_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་མེད་ཞེས་བྱ་བ་ནི་ཚུལ་ལས་མ་ཉམས་སོ་ཞེས་བྱ་བའི་དོན་ཏོ། །བཀའ་ལུང་སྙན་པས་རྒྱ་ཆེར་དབུགས་ཕྱུང་ངམ་ཞེས་བྱ་བས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ད་ནི་རྒྱལ་པོའི་ཆོས་ཀྱི་དབང་དུ་བྱས་པ་སྟེ། ཕན་གདགས་ནན་ཏུར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་མོ། །དེ་ལ་ཕན་གདགས་ནན་ཏུར་ཞེས་བྱ་བ་དང༌། བློན་པོ་མཛངས་ཤིང་གློ་བ་ཉེ་བ་ཞེས་བྱ་བའི་ཚིགས་བཅད་གཉིས་ནི་རང་གི་ཡུལ་འཁོར་གྱི་དབང་དུ་བྱས་པའི་རྒྱལ་པོའི་ཆོས་སོ། །སྐྱེ་དགུ་བསྲུང་བ་དེ་ཡང་ཚུལ་ཡིན་ཏེ། ཕན་གདགས་ནན་ཏུར་བགྱི་བའི་བཀའ་ཁྲིམས་ཀྱིས། །ཞེས་བྱ་བ་ནི་མངོན་སུམ་དུ་བཏགས་ནས་བསྟན་པ་དང༌། དང་བས་ཇི་ལྟར་རིགས་པར་ཆད་པས་བཅད་པ་དང༌། གློ་བ་ཉེ་བ་ལ་ཕན་གདགས་པར་བྱ་བ་ཉིད་དོ། །ནན་ཏུར་གྱིས་ནི་ཕན་པ་འབྱུང་བ་ཡིན་ཏེ། བསྲུང་བའི་དབང་བསྐུར་བའི་ཕྱིར་རོ། །བདག་གི་གྲགས་པའི་གཏམ་སྙན་རྒྱས་གྱུར་ཏམ། །ཞེས་བྱ་བ་འདི་དག་གིས་ནི་མངོན་སུམ་ཉིད་དུ་རྒྱལ་པོའི་ཆོས་བསྟན་ཏེ། །རྒྱལ་པོའི་ཚུལ་ནི་མངོན་སུམ་དང༌། །ལྐོག་ཏུ་གྱུར་པ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དེ་ལ་བདག་གིས་མཐོང་བ་ནི་མངོན་སུམ་མོ། །བློན་པོ་མཛངས་ཤིང་གློ་བ་ཉེ་བ་རྣམས། །བརྟག་པའི་ཐབས་ཀྱིས་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་རྗེས་སུ་དཔག་པའི་ཚུལ་ལོ། །ལེགས་པར་ཞེས་བྱ་བ་ནི་རང་བཞིན་མི་དགའ་བའི་ཕྱིར་བརྟག་པའི་ཐབས་ནི་རྣམ་པ་ལྔའོ། །ཉེ་བར་སྩོགས་པ་དང་ཐབས་མཐར་མ་ཕྱིན་པ་ནི་བརྟག་པའི་ཐབས་ཞེས་བརྗོད་དོ། །གློ་བ་ཉེ་བ་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །མཛངས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །འབངས་ལ་སྨན་པ་རྟག་ཏུ་དགོངས་ལགས་སམ། །ཞེས་བྱ་བ་ནི་གསུམ་པོ་དེ་ལྐོག་ཏུ་གྱུར་པའི་རྒྱལ་པོའི་ཚུལ་སྟོན་པ་ཡིན་ནོ། །དེ་དག་མི་མཁྱེན་པར་ནི་མི་ཞུགས་གྲང༌། །ཞེས་བྱ་བས་ནི་རྗེས་སུ་དཔག་པ་ཉིད་སྟོན་ཏོ། །དེ་ལྟར་རེ་ཞིག་བྱ་བ་མ་ཡིན་པ་བྱེད་པ་ལས་ལྡོག་པའི་ཚུལ་བསྟན་ཏེ། ཆོས་ཀྱི་སྐུ་ལ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་ལྡོག་པའི་ཚུལ་ལོ། །ཕན་གདགས་ནན་ཏུར་ཞེས་བྱ་བ་དང༌། བློན་པོ་མཛངས་ཤིང་ཞེས་བྱ་བ་གཉིས་ཀྱིས་ནི་སྐྱེ་དགུ་སྐྱོང་བ་ལ་འཇུག་པའི་ཚུལ་ལོ། །དཔའ་ཞིང་ཐབས་མཁས་ཞེས་བྱ་བའི་ཚིགས་སུ་བཅད་པ་ནི་


DTG168_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཆོས་ཀྱི་དབང་དུ་བྱས་པ་སྟེ། ཡུལ་ཕྱོགས་གཞན་གྱི་དབང་དུ་བྱས་ནས་ཐབས་མཁས་པ་ཞེས་སྨོས་ཏེ། བསྡུམ་པ་དང་དབྱེ་བའི་ཐབས་ཀྱིས་བྱ་བ་ཡིན་པས་ཐབས་མཁས་པ་ཞེས་བརྗོད་དོ། །དཔའ་བས་ཞེས་བྱ་བ་ནི་བཀའི་བཀའ་ཁྲིམས་བསྟན་ཏོ། །ཐུགས་རྗེ་ཆེན་པོའི་མཛད་པ་མ་ཆིས་ལགས་སམ། །ཞེས་བྱ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐུགས་རྗེ་བག་མེད་པར་ནི་མི་མནལ་གྲང༌། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆགས་པའི་དབང་དུ་མི་གཏང་བར་སྟོན་པ་ཡིན་ནོ། །ཆོས་དང་བདེ་དང་སྲིད་རྣམས་མཐུན་ལགས་སམ། །ཞེས་བྱ་བ་འདི་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པ་སྟེ། ཆོས་དང་བདེ་དང་སྲིད་རྣམས་མཐུན་ལགས་སམ། །ཞེས་བྱ་བ་ནི་རྒྱལ་པོའི་འཁོར་གསུམ་གཙོ་བོ་ཡིན་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་གྱུར་པའི་སྤྱོད་པ་སྟོན་པ་ཡིན་ནོ། །ཤུགས་འབྱིན་སྨོད་པར་འགྱུར་ལགས་སམ། །ཞེས་བྱ་བ་ནི་དེའི་ཡོན་ཏན་ཐོས་ན་མཁས་པའི་ཕྱིར་རོ། །མི་བཟོད་པ་ཡིན་པས། ཤུགས་འབྱིན་པ་ཡིན་ཏེ་སྨོད་པར་འགྱུར་རོ། །ཞེས་སྟོན་ཏོ། །དེ་རིང་བདག་ཀྱང་བདེ་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། ཕྲད་པས་ཡུན་རིང་པོར་བསམས་པ་འབྱོར་ཅིང་ཐོབ་པའི་ཕྱིར་རོ། །ཐམས་ཅད་དུ་ཡང་བདེ་ཞེས་བྱ་བ་ཡང་དེ་དང་ཕྲད་པས་གྲུབ་པའི་ཕྱིར་རོ། །དང་པ་དེ་རིང་བདག་ཀྱང་བདེ། །ཞེས་བྱ་བའི་ཚིགས་བཅད་འདི་ནི་སྔར་བཤད་པའི་དྲི་བ་མཐའ་དག་གི་ལན་ཡིན་ནོ། །ཁྱོད་ནི་རྙི་ཡིས་ཟིན་པ་ན། །ཞེས་བྱ་བ་དང༌། དེ་ལྟར་རྔོན་པ་འདི་དག་ནི། །ཞེས་བྱ་བའི་ཚིགས་བཅད་གཉིས་ནི་དགའ་བར་གྱུར་པའི་གཏམ་ལས་བརྩམས་པའོ། །འདི་ཡིས་སྣད་པར་མ་བྱས་སམ། །ཞེས་བྱ་བ་སྨོས་པ་ལ། སྣད་པར་བྱེད་པའི་རྒྱུ་དེ་ཉིད་ཀྱིས་སྒྲུབ་པའི་ཕྱིར་སྨྲས་པ། ཁྱོད་ནི་རྙི་ཡིས་ཟིན་པ་ཡི། །ཞེས་བྱ་བའི་ཚིགས་བཅད་ཀྱིས་ཕྱེ་སྟེ། དགའ་བས་སེམས་གཡེངས་པར་གྱུར་པའི་ཕྱིར་རོ། །དགའ་བས་སེམས་གཡེངས་པ་ཉིད་ཀྱི་རྒྱུ་ཡང་བསྟན་པའི་ཕྱིར། དེ་ལྟར་རྔོན་པ་འདི་དག་གིས། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་དོ། །བྱ་རྣམས་ཟིན་ཅིང་སྣང་གྱུར་ན། །ཞེས་བྱ་བ་ནི་བྱ་རྣམས་དབང་དུ་གྱུར་ཅིང་ཐོབ་ན་གནོད་པ་ཉིད་དུ་དགའ་བ་ཡིན་ནོ། །དགའ་


DTG168_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་ནི་གཡེངས་གྱུར་ནས། །ཞེས་བྱ་བ་ནི་དགའ་བསྙེམས་པས་དེ་ལ་ངན་པ་དག་ཀྱང་སྤྱོད་པར་འགྱུར་ཏེ། བསྙེམས་པའི་དབང་གིས་སོ། །འདི་ལྟ་བུར་ནི་ཉམས་ཉེས་ཀྱང༌། །ཞེས་བྱ་བ་ནི་རྙིའི་དབང་དུ་གྱུར་ཀྱང་ངོ༌། །དགྲ་བཞིན་དུ་ནི་གནོད་པ་མ་བགྱིས་སོ། །ཞེས་བྱ་བ་ནི་དབྱིག་པ་ལ་སོགས་པས་མ་བརྡེགས་པས་སོ། །འོ་སྐོལ་གཉིས་ཀ་དགྱེས་བགྱིས་པས། །ཞེས་བྱ་བ་ནི་སྔར་ངང་པའི་རྒྱལ་པོ་བཏང་བས་བཞིན་བཟངས་ངང་པའི་རྒྱལ་པོ་ཁྱེད་ཀྱང་དགའ་བར་བྱས་ལ། འདིར་ཁྱེར་ཏེ་འོངས་པས་བདག་ཅག་ཀྱང་དགའ་བར་བྱས་ཏེ། དེས་ན་བདག་ངང་པའི་རྒྱལ་པོ་བཞིན་བཟངས་ཀྱང་དགའ་བར་བྱས་པ་སྟེ། དེ་ལྟར་གཉི་ག་དགའ་བར་བྱས་པ་གང་ཡིན་པའོ། །མང་བ་ནི་སྤངས་པའོ། །ནོར་རྒྱ་ཆེར་བྱིན་ཏེ་ཞེས་བྱ་བ་ནི་རེ་རེའི་རྣམ་པ་ཡང་མང་པོ་ཡིན་པར་སྟོན་ཏོ། །ཅི་བཞེད་དེ་དག་ཅེས་བྱ་བ་ནི་དངོས་སུ་སྨོས་པ་བཟུང་སྟེ། ནོར་དེའི་དམིགས་ཀྱིས་དབྱེ་བའི་ཚུལ་མེད་པར་རོ། །ཅི་དང་ཞེས་བྱ་བ་ནི་དེ་དང་འཚམ་པའི་ཐབས་སྟོན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་ལོངས་སྤྱོད་བདོག་པའོ། །དེ་བས་ན་མཛའ་བོའི་ཕན་ཡོན་ཆེ་བའི་སྤོབས་པ་གང་ཡིན་པ་དེ་ནི་སྤོབས་པ་ཕན་ཡོན་ཆེ་བའོ། །བཞིན་བཟངས་སྨྲར་གཞུག་པར་འདོད་པ་གང་ཡིན་པ་དེ་ནི་བཞིན་བཟངས་སྨྲར་གཞུག་པར་འདོད་པའོ། །གསར་དུ་བཤེས་པ་གང་ཡིན་པ་དེ་ནི་གསར་དུ་བཤེས་པའོ། །སུ་དང་གསར་དུ་བཤེས་ཤེ་ན། སྐྱེ་བོ་མ་འདྲིས་པས་ཞེས་བྱ་བ་ཡིན་ཏེ། མ་འདྲིས་པ་དེ་ལ་རབ་ཏུ་སྤོབས་ཤིང་སྨྲ་བ་དང་བག་དབབ་པ་ནི་མི་རུང་བ་ཡིན་པས་སོ། །བཀའ་མཆིད་ཉིད་གསུང་ཡིན་པས་བཀའ་མཆིད་གསུང་བའོ། །ཚུལ་ནི་དེ་མ་ལགས་ཞེས་བྱ་བ་ནི་བཀའ་མཆིད་དེ་ལྟ་བུའི་ནང་དུ་འཇུག་ཅིང་སྤྱི་བརྟོལ་བསྐྱེད་པའི་ཚུལ་དང༌། ལམ་མ་ཡིན་ཏེ། ཚུལ་མ་ཡིན་པའི་ལམ་དེས་སོ། །བཟོད་པར་གསོལ་བ་ནི་མི་སྨྲ་བར་འདུག་པ་དེ་ལའོ། །ཁྱོད་ཀྱི་ཡོན་ཏན་གཏམ་སྙན་མི་རྣམས་ཟེར་བའི་རིགས། །ཞེས་བྱ་བ་ལ། ཅིའི་ཕྱིར་རིགས་ཤེ་ན། སྨྲས་པ། འདི་ལྟ་བུར་ཁྱོད་དུལ་བའི་ཕྱིར་རོ། །ངང་པའི་བདག་པོ་དང་ཡང་གྲོགས་པོར་འཐམས་པའི་རིགས་ཏེ། གྲོགས་པོར་འཐམས་པ་ཅིའི་ཕྱིར་རིགས་ཤེ་ན། འདི་ལྟ་བུར་ཁྱོད་དུལ་བ་དང་ཚུལ་མཁས་པས་སོ།།


DTG168_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་མཛའ་བར་འདོད་པ་ཞེས་བྱ་བ་ནི་རབ་ཏུ་གཅུགས་པར་འདོད་པ་ཞེས་བྱ་བའི་དོན་ཏེ། །ཇི་ལྟར་དེ་བས་བདག་ཅག་མཛའ་བ་འདི། །ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་པ་དེ་བཞིན་དུ་གཟུང་ངོ༌། །བྱམས་པའི་འཇུག་པ་ནི་བྱམས་པར་འགྱུར་བའོ། །ཇི་ལྟར་བྱམས་པར་གྱུར་པ་ཡིན་ཞེ་ན། ཇི་སྐད་དུ་སྔར་བཤད་པའི། ཁྱེད་གཉིས་ཁྱེད་དུ་བདག་གི་ཁྱིམ་དུ་བྱོན། །ཞེས་བྱ་བའི་ཚིགས་བཅད་ཀྱིས་བསྟན་ཏོ། །དང་པོ་བཤེས་པར་གྱུར་པ་ནའང༌། །ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་བྱམས་པར་གྱུར་བར་ཤེས་ནས་དེ་ལ་མགུ་བར་བྱེད་པ་དེ་བསྟན་ཏོ། །རབ་ཏུ་མཛའ་བར་འདོད་པ་ཞེས་བྱ་བ་དེ་སྒྲུབ་པའི་ཕྱིར། བཀུར་སྟི་བྱ་བའི་ཆོ་ག་འདིས། །ཞེས་བྱ་བས་བསྟན་ཏོ། །ཅི་དང་ཅི་བཞེད་དེ་དག་བདག་ལ་གསུངས། །ཞེས་བྱ་བ་དེའི་ལན་ནི། བདག་ཉིད་དོན་དུ་མི་གཉེར་བར་བསྟན་པའི་ཕྱིར། དགོས་པ་ལྟ་ཞིག་ཆེད་ཆེ་ཅི་ཞིག་མཆིས། །ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །ཆེད་ཆེ་མཆིས་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྲོག་ཅུང་ཟད་ཙམ་གྱི་ཕྱིར་རོ། །ཅི་ཞིག་མཆིས་ཞེས་བྱ་བ་ནི་གཞན་གང་དོན་དུ་མི་གཉེར་བར་འདོད་པའོ། །ཁྱོད་ལ་བདག་བརྟེན་པ་གང་ཡིན་པ་དེ་ལྟ་ཡིན་པས་སོ། །ཅི་དང་ཅི་བཞེད་དེ་དག་བདག་ལ་གསུངས། །ཞེས་བྱ་བ་ཡང་གོམས་པའི་ཡོན་ཏན་ཡིན་ཏེ། གཞན་དག་ཏུ་མགྲོན་དག་ལ་སྤྱོད་པ་ཉིད་ཡིན་པའི་ཕྱིར། མགྲོན་ལ་དགའ་བའི་ཕྱིར་ཞེས་བྱ་བ་བདག་ལ་འདི་ལྟར་གྱུར་པའོ། །ཡོན་ཏན་ལ་དགའ་བ་ནི་ཡོན་ཏན་འདོད་པ་སྟེ་དེ་ཡོན་ཏན་འདོད་པ་གཉིས་ཀྱི་ཡོན་ཏན་ལ་དགའ་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཡོན་ཏན་འདོད་པ་དེ་བས་ན་མགྲོན་ལ་དགའ་བ་ཡིན་ཏེ། ཡོན་ཏན་དང་མགྲོན་ལ་དགའ་བའོ། །ཡོན་ཏན་ལ་དགའ་བ་ཉིད་བསྟན་པའི་ཕྱིར། འབངས་ལ་ཕན་ཕྱིར་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ཁྱོད་ལྟ་ལགས་ཀྱང་མོད་ཅེས་བྱ་བ་ནི་མགྲོན་ལ་དགའ་བའི་ཕྱིར་རོ། །རང་བཞིན་དུལ་བ་ཞེས་བྱ་བ་ནི་ངང་གིས་སེམས་སྦྱངས་པ་གང་ཡིན་པ་དེ་ནི་རང་བཞིན་དུལ་བ་སྟེ། མི་བཟོད་པ་སྤངས་པས་རང་བཞིན་དུལ་བར་གྱུར་པའོ། །གལ་ཏེ་མི་བཟོད་པ་སྤངས་སོ་ཞེས་བསྟན་ན་ཅིའི་ཕྱིར་སའི་བདག་པོ་བྱེད་པར་འགྱུར་ཞེ་ན། སྨྲས་པ། འབངས་ལ་ཕན་ཕྱིར་རྒྱལ་པོའི་


DTG168_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འཛིན་པ། །ཞེས་བྱ་བ་སྨོས་ཏེ། འདིས་ནི་བདག་ཉིད་ཀྱི་ཉེ་བར་ལོངས་སྤྱོད་པའི་ཕྱིར་མ་ཡིན་པར་སྟོན་ཏོ། །རང་གི་ངང་གིས་ཞེས་བྱ་བ་ནི་འབད་པ་མེད་པར་གོམས་པ་སྟེ། དེ་ལ་ཡོན་ཏན་རྣམས་གནས་པར་སྟོན་ཏོ། །དེ་བས་ཞེས་བྱ་བ་ནི་རྒྱུན་མི་འཆད་པའི་ཚུལ་གྱིས་ཡིན་ཏེ་དེས་ནི་བདག་ཉིད་ཀྱི་ཚུལ་བསྟན་ཏོ། །ཡོན་ཏན་བསྟོད་པར་འོས་པ་ཞེས་བྱ་བ་ལ། འོས་པ་ནི་རིགས་པ་ཞེས་བྱ་བའི་དོན་ཏོ། །བདེ་བའི་རྒྱུ་ཡོན་ཏན་དང་ཕན་ཡོན་རྣམ་པ་གཉིས་བསྟན་ཏེ། །འཇིག་རྟེན་འདིར་བསྟོད་པའི་འོས་སུ་གྱུར་པ་དང༌། འཇིག་རྟེན་ཕ་རོལ་ཏུ་བདེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །བསྟོད་པར་འོས་པ་ཞེས་བྱ་བ་དང༌། འབྱུང་པོ་ཉེས་པའི་གཅོང་རོང་མི་འདོང་ངོ༌། །ཞེས་བྱ་བས་ནི་འདི་གཉིས་མེད་པར་སྟོན་ཏོ། །འཇིག་རྟེན་འདིར་གྲགས་པ་མ་ཡིན་པ་དང༌། ཕ་རོལ་ཏུ་ཡང་ངན་སོང་དུ་འགྲོ་བའི་སྡུག་བསྔལ་མེད་པ་ཡིན་ཏེ། ཡོན་ཏན་གྱི་ཆོས་ཀྱི་ཕན་ཡོན་རྣམ་པ་གཉིས་བསྟན་ནས་སྐྱོན་གྱི་ཆོས་ཉིད་ནི་དེའི་མི་མཐུན་ཕྱོགས་ཉེས་དམིགས་ཉིད་དུ་བསྟན་ཏེ། དེ་ཡང༌། སེམས་ཡོད་སུ་ཞིག་མི་ཕན་ལམ་ངན་འགྲོ། །ཞེས་བྱ་བ་ནི་ཉེས་པའི་ལམ་ཡིན་ཏེ། འབྱུང་པོ་ཉེས་པའི་གཅོང་རོང་མི་འདོང་ངོ༌། །ཞེས་བྱ་བ་དེ་ཉིད་སྟོན་པ་ཡིན་ནོ། །ཅིའི་ཕྱིར་འབྱུང་པོའི་གཅོང་རོང་དུ་མི་འདོང་ཞེ་ན། དེའི་རྒྱུ་བསྟན་པའི་ཕྱིར། དཔའ་བས་ཡུལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་ཡིན་ནོ། །ཡུལ་ཞེས་བྱ་བ་ནི་གནས་ཞེས་བྱ་བའི་དོན་ཏེ་ཡུལ་དེར་དཔའ་བས་སོ། །ནོར་གྱི་རྩོལ་ཕོད་པ་ཡིན་པས་ནོར་གྱི་རྩོལ་ཕོད་པ་སྟེ། ནོར་གྱི་མཐུ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བདག་པོའི་ནུས་པ་བསྟན་ཏེ། ནོར་དང༌། བཀའ་ཁྲིམས་དང༌། སྟོབས་ནི་བདག་པོའི་ནུས་པ་ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་ནོར་དང༌། རྩོལ་ཕོད་པ་ནི་ནོར་རྩོལ་ཕོད་པའོ། །རྩོལ་ཕོད་པ་སྨོས་པས་ནི་བཀའ་ཁྲིམས་གཟུང་ངོ༌། །ཐབས་ཀྱིས་དེ་མི་འཐོབ་ཅེས་བྱ་བ་ནི་ངེས་པ་མེད་པའོ། །ནོར་བཀོད་པ་དང་འབད་པ་ཞེས་བྱ་བ་ནི་ལུས་ཀྱི་ཡོངས་སུ་ངལ་བ་དང༌། ནོར་ཟད་པ་གཉིས་ཏེ། འདིས་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་བསྟན་ཏེ། །རྒྱལ་པོའི་སྲིད་ཐོབ་ཅེས་བྱ་བ་ནི་སྦྱིན་པའི་


DTG168_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡོན་ཏན་ཉིད་ཀྱིས་ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །ལྷའི་རྒྱལ་པོའི་དཔལ་ཡང་ཞེས་བྱ་བ་ནི་མི་ལས་ཁྱད་པར་དུ་གྱུར་པའི་རྒྱལ་སྲིད་འཐོབ་པའི་དབང་དུ་བྱས་པ་སྟེ། འདི་ཡང་ཕན་ཡོན་ཉིད་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །ཡོན་ཏན་ཡོད་ན་རྒྱུད་ཀྱང་རབ་ཏུ་འཕེལ། །ཞེས་བྱ་བ་ཡིན་ཏེ། གཞན་རག་ལུས་པ་ནི་ཕན་ཡོན་ཏེ་ལུས་ཀྱི་འདུད་པའོ། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ་བ་ཞེས་བྱ་བ་འདིས་ནི་གྲགས་པ་འཕེལ་བ་སྟེ། གཞན་རག་ལུས་པའི་ཕན་ཡོན་ཡིན་ནོ། །ཟླ་བའི་འོད་ལས་གསལ་བའི་ཡོན་ཏན་ནི། །ཞེས་བྱ་བའི་ཚིགས་བཅད་འདི་ནི་གཞན་ཕ་དང་མ་དང་འབྲེལ་བ་ཉིད་དང་བར་བྱེད་པའི་རྒྱུ་ཡིན་ཏེ། ཡིད་ཀྱི་ལས་ཀྱི་དབང་དུ་བྱས་ནས་མི་བཟོད་པ་ཞེས་བྱ་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །དྲེགས་པ་ཞེས་བྱ་བ་ནི་སྐྱེས་བུའི་སྟོབས་ལ་སོགས་པས་བསྙེམས་པའོ། །མི་བཟོད་པ་དང་དྲེགས་པ་ནི་མི་བཟོད་དྲེགས་པའོ། །དེ་གཉིས་ཀྱི་སྡང་བ་ནི་རྩུབ་པ་སྟེ་མི་བཟོད་དྲེགས་པས་སྡང་བའོ། །འདི་དག་གིས་ནི་སེམས་ལ་ཁྲོ་བའི་ཀུན་ནས་དཀྲིས་པ་ཉིད་དུ་བསྟན་ཏོ། །ཁྲོ་བའི་མཚན་ཉིད་ནི་གནོད་པར་བྱས་པ་དང༌། བརྙས་པ་ལས་སེམས་ཀུན་ནས་མནར་སེམས་པ་ཡིན་ནོ། །འཁོན་རྙིང་གང་ཡིན་པ་དེ་ནི་འཁོན་རྙིང་ཡོད་པ་སྟེ། འཁོན་རྙིང་ཡོད་པ་དེ་གང་ཡིན་པ་དེས་ཕྲག་དོག་ཆེ་བའོ། །འཁོན་རྙིང་ཡོད་པ་དང་ཕྲག་དོག་ཆེ་བ་ནི་འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བའོ། །འདིས་ནི་འཁོན་དུ་འཛིན་པ་བསྟན་ཏེ་འཁོན་དང་རྗེས་སུ་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །དགྲ་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང༌། ཀུན་དུ་བརྟགས་པའོ། །དགྲ་བོ་མི་བཟད་ཅེས་བྱ་བ་འདི་ནི་ཀུན་ཏུ་བརྟགས་པའི་དབང་དུ་བྱས་པའོ། །འཁོན་རྙིང་ཡོད་ཅེས་བྱ་བ་འདི་ནི་ལྷན་ཅིག་སྐྱེས་པའི་དབང་དུ་བྱས་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་བས་ན་འཇིག་རྟེན་གཉི་ག་ལ་ཕན་པའི་ཕྱིར་རམ། ཡང་ན་བསྟོད་པར་འོས་པའི་ཕྱིར་དང༌། བདེ་བར་འགྱུར་བའི་ཕྱིར་རོ། །ཡོན་ཏན་གྱིས་རྒྱལ་ཕྲན་གྱི་དྲེགས་པ་བཏུལ་བའི་ཕྱིར་ཕ་རོལ་གྱི་ཚོགས་སྦྱོང་བ་ཡིན་ཏེ། དུལ་བ་ལ་


DTG168_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡོན་ཏན་གྱི་ཚོགས་ཡོངས་སུ་སྦྱོང་པའོ། །དུལ་བ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་སྨོས་པས་ནི་ཚུལ་ཁྲིམས་དང༌། སྦྱིན་པ་དང༌། བཟོད་པ་དང༌། བརྩོན་འགྲུས་ཏེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་གཟུང་ངོ༌། །ཡོན་ཏན་བཟང་ཞིང་ཞེས་བྱ་བ་ནི་ཡོན་ཏན་གྱི་ལམ་ལ་རྗེས་སུ་དགའ་བ་སྟེ། དེའི་ཡོན་ཏན་ལ་རྗེས་སུ་དགའ་བར་འབངས་ཀྱང་བསླབས་པའོ། །དེས་ན་རྒྱལ་པོ་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་ཕན་ཡོན་འབངས་ལ་ཕན་གདགས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འབངས་ལ་ཕན་གདགས་པ་ནི་རྒྱལ་པོའི་དོན་གྱི་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཚེ་རབས་གཉི་གའི་བདེ་བའི་ཕྱིར་རོ། །འཇིག་རྟེན་འདིར་ནི་གྲགས་པ་ལ་སོགས་པ་འཐོབ་པར་འགྱུར་རོ། །འཇིག་རྟེན་ཕ་རོལ་དུ་ནི་བདེ་འགྲོར་འགྲོ་བས་ཕན་པའོ། །འདི་ཡིན་ཞེས་བྱ་བ་ནི་ཆོས་ལ་དགའ་བ་སྟེ། རྒྱལ་པོའི་ཆོས་ལ་དགའ་བ་དེས་སྐྱེ་དགུ་ལ་ཕན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྒྱལ་པོའི་རྗེས་སུ་འབངས་ཀྱང་སྤྱོད་པའི་ཕྱིར་རོ། །དེ་བས་ཆོས་བཞིན་ས་ལ་ཞེས་བྱ་བ་ནི་སྐྱེ་དགུ་ལ་ཕན་པ་དེས་ནི་འཇིག་རྟེན་གཉི་ག་ལ་ཕན་པའི་ཕྱིར་རོ། །གནས་པར་བྱེད་པ་ཡིན་པས་གནས་པར་གྱུར་པ་སྟེ། དེ་བས་ན་འདི་དག་གིས་ནི་དེའི་དྲུང་ན་གནས་པའི་ཕན་ཡོན་བསྟན་ཏོ། །བཀུར་སྟི་དང་ཚིག་སྙན་པ་ནི་བཀུར་སྟི་དང་ཚིག་སྙན་པ་དག་གོ །དེའི་སྦྱོར་བ་ནི་བཀུར་སྟི་དང་ཚིག་སྙན་པའི་སྦྱོར་བའོ། །རལ་གྲི་དང་དྲི་མ་མེད་པ་ནི་རལ་གྲི་དྲི་མ་མེད་པའོ། །དེ་ལྟར་སྔོ་བ་ནི་རལ་གྲི་དྲི་མ་མེད་པ་ལྟར་སྔོ་བའོ། །ཡང་ན་རལ་གྲི་དྲི་མ་མེད་པས་སྔོ་བ་ནི་རལ་གྲི་དྲི་མ་མེད་པ་ལྟར་སྔོ་བའོ། །སྟོན་ཀ་མཛེས་པ་ནི་སྟོན་གྱི་མཛེས་པའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ངང་པའི་སྐྱེས་པའི་རབས་སོ།། །།སྐྱེས་བུ་དམ་པ་རྣམས་ནི་རིམ་གྲོ་མ་བྱས་ཀྱང་སྙིང་བརྩེ་བ་ལྷོད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བཟོད་པ་ལ་གོམས་པའི་ཕྱིར་རོ། །ཕན་བཏགས་པ་ལ་ཡང་སྙིང་བརྩེ་བ་ལྷོད་པར་མི་འགྱུར་ཏེ། དྲིན་ཏུ་གཟོ་བའི་ཕྱིར་རོ། །འདིར་དེ་གཉིས་ཀྱང་ཇི་ལྟར་རིགས་པ་བཞིན་དུ་སྦྱར་རོ། །རིག་པའི་གནས་རྣམས་ཀྱི་གོ་རིམས་གང་ཡིན་པ་དེ་ནི་རིག་པའི་གནས་རྣམས་ཀྱི་གོ་རིམས་ཏེ། རྒྱུན་


DTG168_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆད་པར་ཕ་རོལ་ཏུ་འགྲོ་བ་ཡིན་པའི་ཕྱིར་རིག་པའི་གནས་ཀྱི་རིམ་པའོ། །མཁས་པར་བྱ་བ་རྣམས་ལ་དེ་མཁས་པར་བྱས་པ་སྟེ། སྒྱུ་རྩལ་རྣམས་ལ་ནི་མཁས་པར་བྱ་བ་ཉི་ཚེར་ཟད་ཀྱི། ལས་ཀྱིས་སྒྲུབ་པ་ནི་མ་ཡིན་ནོ། །རབ་ཏུ་བྱུང་ནས་ཀྱང་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ལ་བརྟེན་པ་ཡིན་པས་རབ་ཏུ་བྱུང་བའོ། །རབ་ཏུ་བྱུང་བ་དང་འཇིག་རྟེན་ལ་ཕན་འདོགས་པ་གཉིས་ཀྱིས་ནི་བདག་དང་གཞན་ལ་ཕན་པ་སྒྲུབ་པའི་ཡོན་ཏན་དང་མཐུན་པ་ཉིད་དེ། དེས་ཆོས་ཀྱི་གཙུག་ལག་ལྷག་མ་རྣམས་འཛིན་པའོ། །སློབ་དཔོན་གྱི་གོ་འཕང་ནི་གཞན་གྱིས་ཉེ་བར་འཚོ་བ་ཉིད་དུ་བསྟན་ཏོ། །དེ་བསོད་ནམས་དང་ལྡན་ཞིང་ཞེས་བྱ་བ་འདིས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་བསྒོམ་པ་ཉིད་དུ་སྟོན་ཏེ། འདི་ལྟར་སྦྱིན་པས་ནི་གཟུགས་བཟང་བ་ལ་སོགས་པའི་ཡོན་ཏན་དུ་འགྱུར་རོ། །ཚུལ་ཁྲིམས་ཀྱིས་ནི་མངོན་དུ་བསྡུ་བ་ལ་སོགས་པའི་བཀུར་སྟིའི་བདེ་བ་འབྱུང་ངོ༌། །བཟོད་པས་ནི་སྐྱེ་བོ་མང་པོའི་འཁོར་སྙིང་ཉེ་བ་ཉིད་དུ་འགྱུར་རོ། །ཤེས་རྒྱ་ཆེ་བས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསགས་པའི་ཕྱིར་རོ། །འདི་གཉིས་ཀྱིས་ནི་རྒྱུ་དང་འབྲས་བུ་བསྟན་ཏོ། །འཇིག་རྟེན་གྱི་སྤྱོད་ཚུལ་ལ་མཁས་པ་དང་ཡོན་ཏན་དང་ལྡན་པས་ཞེས་བྱ་བ་ནི་བདག་དང་གཞན་ལ་ཕན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་བསྟན་ཏོ། །ཡང་ན་གང་གིས་སྣ་ཚོགས་པ་ཉིད་ཀྱི་རྣམ་པའི་རྒྱུ་བསྟན་ཏེ། བསོད་ནམས་དང་ལྡན་པའི་ཕྱིར་རོ། །བསོད་ནམས་ཆེན་པོ་དང་ལྡན་པ་ལ་ནི་རྒྱལ་པོ་དང་རྒྱལ་པོའི་བློན་པོ་རྣམས་བཀུར་སྟི་བྱེད་པ་ཡིན་ནོ། །ཤེས་པ་རྒྱ་ཆེ་བའི་ཕྱིར་ནི་མཁས་པ་རྣམས་ཀྱིས་བཀུར་སྟི་བྱ་བ་ཡིན་ནོ། །འཇིག་རྟེན་གྱི་སྤྱོད་ཚུལ་ལ་མཁས་པས་ནི་བྲམ་ཟེ་དང༌། ཁྱིམ་པ་རྣམས་ཀྱིས་བཀུར་སྟི་བྱ་བ་ཡིན་ནོ། །ནན་ཏན་ཆེ་བའི་ཡོན་ཏན་དང་ལྡན་པས་ནི་གཞན་མུ་སྟེགས་ཅན་རྣམས་དང་རབ་ཏུ་བྱུང་བ་རྣམས་ཀྱིས་བཀུར་སྟི་བྱ་བ་ཡིན་ནོ། །ལས་སུ་དྲན་པར་བྱེད་པ་ཡིན་ཏེ། ཡིད་ཀྱི་ལས་ཀྱིས་སོ། །ཡོན་ཏན་ཞེས་བྱ་བ་ནི་བློ་ཁྱད་པར་དུ་འཕགས་པ་ལས་གྱུར་པའི་ཡོན་ཏན་ནོ། །བསོད་ནམས་ཉིད་གཞི་ཡིན་པས་བསོད་ནམས་གཞིའོ། །བསོད་ནམས་ཀྱི་གཞི་ལས་ཐོབ་


DTG168_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབར་བ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་གཞི་ལས་འབར་བའོ། །བསོད་ནམས་ཞེས་སྨོས་པས་ནི་གང་སྔར་བསྟན་པའི་བསོད་ནམས་དང་ལྡན་པའི་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །ནན་ཏན་སྒྲུབ་པའི་བྱིན་གྱིས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་བདག་གི་སྒྲུབ་པ་སྟེ། ནན་ཏན་ཆེ་བའི་ཡོན་ཏན་ཞེས་བྱ་བ་དང༌། གཞན་གྱི་སྒྲུབ་པ་སྟེ་འཇིག་རྟེན་གྱི་ཚུལ་ལ་མཁས་པ་ཞེས་བྱ་བ་དེ་གཉི་ག་ནི་ནན་ཏན་སྒྲུབ་པའི་བྱིན་གྱིས་ཞེས་བྱ་བ་ཡིན་ནོ། །ཡང་ན་ཡོན་ཏན་ཞེས་སྨོས་པས་ནི་འཇིག་རྟེན་གྱི་སྤྱོད་ཡུལ་ལ་མཁས་པ་ཞེས་བྱ་བ་དེ་གཟུང་ངོ༌། །ཡོན་ཏན་སྒྲུབ་པའི་བྱིན་གྱིས་ཞེས་བྱ་བ་ནི་སྔར་བསྟན་པའི་ནན་ཏན་ཆེ་བ་ཡིན་པར་བསྟན་ཏོ། །དགྲ་ཡང་རང་གི་གྲགས་པ་བསྲུང་བའི་ཕྱིར། །ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པ་ལ་བསྙེན་བཀུར་བྱེད་པས་སོ། །ཡོན་ཏན་ཅན་ལ་སྡང་བ་དེ། །ཞེས་པ་ནི་རང་གི་གྲགས་པ་འཇིག་པར་བྱེད་པའི་ཕྱིར། ཡོན་ཏན་ཅན་ལ་བསྙེན་བཀུར་བྱེད། །ཅེས་བྱ་བའི་དོན་ཏོ། །རྒྱ་ཆེ་བ་དང་མཐུ་ནི་རྒྱ་ཆེ་བ་དང་མཐུའོ། །ཡོན་ཏན་རྣམས་ཀྱི་མཐུ་ཆེ་བ་ཐོས་པ་ནི་ཡོན་ཏན་གྱི་མཐུ་ཆེ་བ་དེས་ཐོས་པའོ། །ཡོན་ཏན་འདི་རྣམས་ཇི་སྲིད་དུ་ལྡན་པ་དང༌། ཇི་ལྟར་ལྡན་པ་བསྟན་ཏེ། བསུ་བ་ལ་སོགས་པའི་བཀུར་སྟི་ཆེར་བྱས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་མངོན་པར་སྨྲ་བ་ལ་སོགས་པ་གཟུང་ངོ༌། །རིམ་གྲོ་ནི་མཉེས་པའི་ལས་ལ་སོགས་པའོ། །བཀུར་སྟི་ནི་ཉེ་བར་འགྲོ་བ་ལ་སོགས་པའོ། །ཉེ་བར་ལོངས་སྤྱོད་པར་བྱ་བ་ཡིན་པས་ན་ལོངས་སྤྱོད་དོ། །ལོངས་སྤྱོད་ཉིད་ཡོན་ཏན་ཡིན་པས་ན་ལོངས་སྤྱོད་ཡོན་ཏན་ནོ། །ཡོན་ཏན་ཅན་ལ་དགའ་བ་ཉིད་ཀྱིས་ཕན་འདོགས་པར་བྱེད་པའི་རྒྱུ་རབ་ཏུ་ནུས་པ་སྟེ་བསམ་པའི་ཆོ་ག་བསྟན་ཏོ། །གུས་པ་མེད་པ་གང་ཡིན་པ་དེ་དག་ནི་གུས་པ་མེད་པ་རྣམས་སོ། །གང་ལ་ཞེ་ན། ཆོས་དང་ཆོས་སྨྲ་བ་རྣམས་ལའོ། །ཆོས་ལ་གུས་པ་མེད་པ་ལ་ཅིའི་ཕྱིར་ཆོས་སྟོན་པར་བྱེད་ཅེ་ན། ཆོས་ལ་དགའ་བའི་ཕྱིར་རོ། །ཆོས་སྟོན་པ་ལ་མི་གུས་པ་ལ་ཡང་ཅིའི་ཕྱིར་བསྟན་པར་འདོད་ཅེ་ན། གཞན་ལ་སྙིང་བརྩེ་བའི་ཕྱིར་རོ། །ཕན་པར་འདོད་ཅིང་ཡོན་ཏན་དགའ་བ་ཡིན། །སྐྱེ་བོ་གནོད་གཙང་འདྲ་ལ་སྨོས་ཅི་དགོས། །ཞེས་བྱ་བ་སྨོས་ཏེ།


DTG168_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུམ་གྱིས་ནི་ཕྱི་རོལ་གྱི་སྣོད་དང་འདྲ་བར་ཆོས་ཉན་པ་རྣམས་ཀྱི་ཉེས་པ་གསུམ་མེད་པར་སྟོན་ཏེ། གང་གི་ཕྱིར་སྣོད་འདི་གསུམ་ལ་ཆར་བབ་ཀྱང་དོན་མེད་པ་ཉིད་དེ། བསིལ་བ་དང་ཕན་པ་ཡིན་ཡང་ཆུ་མི་འཇུག་པ་དང༌། གང་དུ་ཆུ་འཇུག་ཀྱང་མི་གཙང་བས་མ་རུང་བར་འགྱུར་བ་དང༌། གང་དུ་ཆུ་ཞུགས་ཀྱང་སྣོད་རྡོལ་བས་མི་གནས་པ་སྟེ། དེ་ལྟར་ཉན་པའི་སྐྱེ་བོ་རྣམ་པ་གསུམ་པ་ལ་ནི་ཆོས་བསྟན་ཀྱང་དོན་མེད་ཅིང་ཆུད་ཟོས་པ་ཉིད་ཡིན་ཏེ། གང་དུ་ཐོས་པ་བྱ་བ་གཡེང་བ་དང༌། རྨུགས་པ་རྣམ་པ་གཉིས་ཀྱིས་མི་འཇུག་པ་དང༌། གང་དུ་འཇུག་ཏུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་མི་བྱེད་པས་མ་རུང་བར་འགྱུར་བ་དང༌། གང་དུ་ཡང་དྲན་པ་མེད་པས་མི་གནས་པའོ། །གང་ཡོན་ཏན་འདོད་པའི་སྐྱེ་བོ་ཞེས་སྨོས་ཏེ། འདིས་ནི་གང་དུ་ཐོས་པ་མི་འཇུག་སྟེ། གཡེང་བ་དང༌། རྨུགས་པ་རྣམ་པ་གཉིས་ཀྱིས་སྐྱོན་མེད་པར་སྟོན་ཏོ། །ཡོན་ཏན་དགའ་བ་ཞེས་བྱ་བ་ལ། ཡོན་ཏན་ལ་དགའ་ཞིང་གཟེངས་བསྟོད་པ་དེ་ནི་ཡོན་ཏན་ལ་དགའ་ཞིང་གཟེངས་བསྟོད་པའོ། །གང་ཟག་གང་གིས་ཡོན་ཏན་ལ་དགའ་བ་དེ་ནི་གཡེང་བ་མེད་པ་ཡིན་ནོ། །ཆོས་ཀྱི་ཡོན་ཏན་ལ་དགའ་བ་དེ་ནི་གཉིད་དང་རྨུགས་པ་མེད་པ་ཡིན་ནོ། །མཁས་པ་རྣམས་ཀྱི་གོ་འཕང་ཡིན་པས་ན་མཁས་པའི་ཐབས་ཏེ། མཁས་པའི་ཐབས་ཐོབ་པ་དེ་དག་དེས་སོ། །ཕྲག་དོག་གི་སེམས་བསྐྱེད་པ་ཞེས་བྱ་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་གི་སེམས་བསྐྱེད་པའི་ཕྱིར་རོ། །ཡོན་ཏན་གྱི་ཁྱད་པར་ཡིན་པས་ན་ཡོན་ཏན་ཁྱད་པར་རོ། །ཡང་ན་ཡོན་ཏན་ཉིད་ཁྱད་པར་ཡིན་པས་ཡོན་ཏན་ཁྱད་པར་རོ། །བདག་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཡིན་པས་རང་གི་ཡོན་ཏན་ཁྱད་པར་རོ། །ཡང་ན་བདག་གི་ཡོན་ཏན་ཉིད་ཁྱད་པར་ཡིན་པས་རང་གི་ཡོན་ཏན་ཁྱད་པར་རོ། །དེ་དང་ལྡན་པ་ཡིན་པས་རང་གི་ཡོན་ཏན་ཁྱད་པར་ཅན་ནོ། །དེས་འགྲོ་བ་མགུ་བར་ནུས་པའི་མཐུ་སྦྱོར་བ་གང་ཡིན་པ་དེ་ནི་འགྲོ་བ་མགུ་བར་ནུས་པའི་མཐུ་ཅན་ནོ། །ཡོན་ཏན་བཅོས་མས་ཞེས་བྱ་བ་ནི་ཡོན་ཏན་བཅོས་མ་ཉིད་ཀྱིས་ཏེ། དེས་བཀུར་སྟི་ཐོབ་པའོ། །དེ་ལ་ཤིན་ཏུ་འབར་བ་ཉིད་ཡིན་ཏེ་འཕེལ་བ་ཉིད་དོ། །ཕྲག་


DTG168_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དོག་གི་མེ་ཞེས་བྱ་བ་ལ། ཕྲག་དོག་ཉིད་མེ་ཡིན་པས་ཕྲག་དོག་གི་མེའོ། །ཕྲག་དོག་གི་མེ་དེས་ནི་མེ་བཞིན་དུ་རང་གི་གནས་སྲེག་པའི་ཕྱིར་རོ། །རྒྱལ་པོ་ཆོས་ལ་བརྟེན་པ་ཞེས་བྱ་བ་ནི་རྒྱལ་པོའི་ཆོས་དང་མི་མཐུན་པའི་ཕྱིར་ཆོས་ལ་བརྟེན་པ་དེའོ། །ཡོན་ཏན་ལ་དགྱེས་པ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་གྱིས་སོ། །ཆོས་ལ་མངོན་འཚལ་ནས་ཞེས་བྱ་བ་ནི་ཆོས་ལ་མངོན་པར་ཕྱོགས་པ་སྟེ་རྗེས་སུ་དགའ་ཞིང་འདོད་པ་ཞེས་བྱ་བའི་དོན་ཏོ། །བརླག་པར་བགྱི་བའི་སླད་དུ་གཡོ་དང་བཅས་པའི་ཚིག་འཇམ་པོར་སྨྲ་ཞིང་སྤྱོད་པ་གང་ཡིན་པ་དེ་ནི་བརླག་པར་བགྱི་བའི་སླད་དུ་གཡོ་དང་བཅས་པའི་ཚིག་འཇམ་པོར་སྨྲ་ཞིང་སྤྱོད་པའོ། །བརླག་པ་ཞེས་བྱ་བ་ནི་དཔལ་གང་ཡིན་པ་དེ་ཉམས་པར་བྱེད་པ་སྟེ། ཆོས་ནན་ཏན་དུ་བྱེད་ཀྱང་རྒྱལ་པོ་ནི་རླག་པར་བྱེད་པ་ཉིད་ཡིན་ཏེ། རྒྱལ་པོའི་ཆོས་དང་འགལ་བའི་ཕྱིར་བརླག་པ་ཞེས་བརྗོད་དོ། །ཉམས་དྲོད་ནི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ།། དེའི་རྟེན་དུ་གྱུར་པས་ན་ཉམས་དྲོད་འཛིན་པ་ལགས་ཏེ། ཞེས་བྱ་བའོ། །བྱ་མ་རྟ་ཞེས་བྱ་བ་ནི་ཉན་རྣ་བའོ། །བྱ་མ་རྟ་ཉིད་བཏང་བ་ཡིན་པས་བྱ་མ་རྟ་བཏང་བའོ། །ཐུགས་རྗེ་ཆེ་བ་ཞེས་བྱ་བ་ལ་ཐུགས་རྗེ་ནི་གཞན་སྡུག་བསྔལ་དང་བྲལ་བའི་དོན་དུ་གཉེར་བའོ། །ངོ་ཚ་མཁྱེན་པ་ཉིད་ཀྱི་འཇམ་དེས་ཅན་དུ་གྱུར་ཏེ། དེས་ལས་ལ་སོགས་པ་སྤངས་པའི་ཕྱིར་རོ། །སྲིད་དང་འདོད་པ་དང་མི་མཐུན་པའི་ཚུལ་གང་ལ་ཡོད་པ་དེ་ནི་སྲིད་པ་དང་འདོད་པ་དང་མི་མཐུན་པའོ། །དེ་ཡང་སྙིང་རྗེ་དང་ལྡན་པར་བགྱི་བའི་ཆེད་དུ་བགྱིད་པ་སྟེ། དེ་གཞན་གྱི་བྲན་བཞིན་དུ་བྱེད་པས་དོན་དུ་སྒྲུབ་ཅིང་གང་གཞན་གྱིས་བརྙས་པར་འོས་པ་དེ་བྱེད་པ་ནི་དོན་སྒྲུབ་པ་ཉིད་དུ་ཡིན་ནོ། །ཆེད་ཆེར་བགྱིས་ནས་ཐབས་ཀྱིས་བག་འབེབས་སོ། །ཞེས་བྱ་བ་ནི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་མེད་པའི་ཐབས་ཀྱིས་སོ། །བཤེས་ཤིང་འདྲུལ་ལ་ཞེས་བྱ་བ་ནི་མཛའ་བར་འབྲེལ་པའོ། །ཡིད་མི་ཆེས་པ་དང༌། བརྩེ་བ་ཆུང་བ་གཉིས་ཀྱིས་སེམས་སྔོན་དང་མི་འདྲ་བར་གྱུར་པ་གང་ཡིན་པ་དེ་ནི་ཡིད་མི་ཆེས་པར་གྱུར་ཏེ། བྱམས་པ་དང་བཀུར་སྟི་ཆུང་ཞེས་སེམས་སྔོན་དང་མི་འདྲ་བར་གྱུར་པའོ། །དབྱེན་གྱི་རྡོ་རྗེ་ཉིད་སེར་བ་ཡིན་ཏེ། དེ་ལྟུང་བ་ནི་དབྱེན་གྱི་


DTG168_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་རྡོ་རྗེ་འབབ་པའོ། །མཛའ་བ་བརྟན་པ་ཞེས་བྱ་བ་ནི་བརྟན་པར་གྱུར་པའི་མཛའ་བ་དེ་ལ་ཕན་པ་མི་འདོད་པས་སྨྲས་པའི་དབྱེན་གྱི་ཚིག་ཡིན་ཏེ། སེམས་ཀྱི་ལོངས་སྤྱོད་མེད་པའི་ཕྱིར་རོ། །ཉམས་ཤིང་ཞིག་པར་མི་འགྱུར་སུ་ཞིག་ཡོད། །ཅེས་བྱ་བ་ནི་གཅིག་ཀྱང་མེད་པས་ཐམས་ཅད་ཀྱང་ཉམས་ཤིང་ཞིག་པར་འགྱུར་བ་ཉིད་དོ། །ཡང་ན་མཛའ་བ་བརྟན་པ་ནི་ཡིད་ཆེས་པའོ། །ཉམས་ཤིང་ཞིག་པ་ནི་སྔོན་ཇི་ལྟ་བ་བཞིན་དུ་མཛའ་བ་བརྟན་པའམ་ཡིད་ཆེས་པ་མེད་པར་འགྱུར་བའི་ཕྱིར་རོ། །བཀུར་སྟི་ཆུང་བར་འགྱུར་བ་ཞེས་བྱ་བ་ནི་བརྩེ་བ་དང་གུས་པ་ཆུང་བའི་ཕྱིར་རོ། །བྱ་བ་མང་པོ་ལ་བྲེལ་བ་གང་ཡིན་པ་དེ་ནི་བྱ་བ་མང་པོས་བྲེལ་བའོ། །དེ་ལྟར་གྱུར་པ་ཡིད་ལའང་མི་བྱེད་ན། །ཞེས་བྱ་བ་ནི་རིམ་གྲོ་མི་བྱེད་པར་གྱུར་པའོ། །དེའི་དྲུང་ན་གནས་པ་ནི་དྲུང་ན་འཁོད་པའོ། །དེའི་དྲུང་ན་འཁོད་ཅིང་འཁོར་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེའི་འཁོར་ན་འཁོད་པ་རྣམས་སོ། །གུས་པ་དང་རིམ་གྲོ་ནི་གུས་པ་དང་རིམ་གྲོའོ། །དེ་གཉིས་ཀྱི་ལྷོད་པར་གྱུར་པ་ནི་གཡེལ་བའོ། །དེའི་ཕྱིར་བཤད་པ། སྟོན་པ་དང་བྱེད་པ་གཉིས་ཐ་དད་དོ་ཞེས་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དོགས་པ་འབྱུང་བའི་གནས་ཡིན་པས་དོགས་པ་འབྱུང་བའི་གཞིའོ། །ནོངས་པར་དོགས་པ་འབྱུང་བའི་གཞི་ཞེས་བྱ་བ་ནི་ཉེས་པ་འབྱུང་བའི་གཞི་ཞེས་བྱ་བའི་དོན་ཏོ། །བག་མེད་པ་ཉིད་ཉེས་པ་ཡིན་པས་བག་མེད་ནོངས་པའོ། །ཡང་ན་བག་མེད་པས་ནོངས་པའོ། །འཕྲལ་ལ་འདི་ལྟར་མི་མཆི་བ་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་ཉིད་དོ། །བཀུར་སྟི་ཆུང་ཞིང་ཁྲོས་པའི་ཡིད་གང་ཡིན་པ་དེ་ནི་བཀུར་སྟི་ཆུང་བའི་སེམས་ཏེ་དེ་མེད་པའོ། །འོ་ན་རྒྱུ་དེ་གང་ཡིན་ཞེ་ན། སྨྲས་པ། ཁྱོད་ནི་ཆོས་ཀྱི་སྣོད་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ནས་རྒྱལ་པོ་དེའི་ཁྱི་གནང་ཆེན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་མི་མ་ཡིན་པ་ཁྱི་ཡང་ཟུག་པའི་ཚུལ་གྱིས་རྒྱུ་ཡོད་པ་ཡིན་ཏེ། དབྱེན་གྱི་ཚུལ་ངེས་བསྟན་པའི་ཕྱིར་རོ། །བྲི་བར་གྱུར་པ་ནི་ཡལ་བར་བོར་བའོ། །གསུམ་པོ་འདི་ནི་བདག་གི་འགྲོ་བའི་རྒྱུ་ཡིན་ཏེ། གནས་ལ་ལྷག་པར་ཞེན་པ་དང༌། གཞན་དུ་འགྲོ་བའི་གནས་


DTG168_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་བ་དང༌། བསྙེན་བཀུར་ཆུང་བར་ཡོངས་སུ་ཤེས་པའོ། །ཕྱིས་བསྐྲད་པར་འགྱུར་བ་གང་ཡིན་པ་དེ་ནི་སླད་ཀྱིས་བསྐྲད་པར་འགྱུར་བ་སྟེ། རྗེས་སུ་རྒྱལ་པོས་བསྐྲད་པ་དང༌། སྤྱུགས་པར་འགྱུར་ཞེས་པའོ། །མི་དགའ་བ་ནི་བརྩེ་བ་གཅོད་པའོ། །མི་དགའ་བས་གདུངས་པའི་སེམས་གང་ཡིན་པ་དེ་ནི་མི་དགའ་བ་བཞིན་དུའོ། །ལན་ཅིག་ཙམ་ཞིག་སྨ་བབ་གྱུར་པ་ཡིས། །ཞེས་བྱ་བ་ནི་བརྙས་པར་འགྱུར་པའོ། །སྔོན་ཆད་ཕན་བཏགས་ཞེས་བྱ་བ་ནི་ཕན་བཏགས་པ་མང་དུ་བྱས་པ་སྟེ། ག་ལ་མཉམ་ཞེས་བྱ་བ་ནི་མཉམ་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ནི་དེའི་ཕྱིར། མི་དགའ་བཞིན་དུ་མ་ཆིས་སུ་ག་ལ་རུང༌། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འགྲོ་བར་བྱའོ་ཞེས་བྱ་བའི་ཚིག་གི་སྐབས་ཤེས་པར་བྱས་ནས་དེའི་ལན་བསྟན་པའི་ཕྱིར། བྱམས་པའི་རླ་ན་མེད་ཅེས་བྱ་བའི་ཚིགས་བཅད་སྨོས་ཏེ། བྱམས་པའི་རླན་མེད་པ་གང་ཡིན་པ་དེ་ནི་བྱམས་པའི་རླན་མེད་པའོ། །བསྟན་དུ་མི་རུང་བ་ནི་གནས་པར་བྱ་བ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་བསྒྲིམས་ཏེ་དེའི་དོན་བསྒྲུབས་ཀྱང་རྙོག་པ་ཅན་དུ་གྱུར་པའི་ཕྱིར་རོ། །རྙོག་པ་ཅན་དུ་གྱུར་པས་ན་དོན་ཆུང་བ་ཉིད་དེ། བྱམས་པའི་རླན་མེད་པ་དེས་ནའོ། །ཇི་ལྟ་བུ་ཞེ་ན། ཁྲོན་པ་སྐམ་པོ་བཞིན་དུ་བསྟེན་པར་མི་བྱའོ། །ཇི་ལྟར་ཁྲོན་པ་སྐམ་པོ་ལ་ནི་ཆུ་འདོད་པ་དེས་རབ་ཏུ་བསྒྲིབས་ཏེ་བསྒྲུབས་ཀྱང་ཆུང་ཞིང་རྙོག་པ་ཅན་དེ་དང་དེར་འགྱུར་རོ། །རབ་ཏུ་དང་བ་ཉིད་ལ་བསྟེན་པའི་རིགས་ཏེ། ཅིའི་ཕྱིར་ཞེ་ན། དེ་ལས་ནི་དོན་གྲུབ་པ་ཉིད་དེ། འབད་པར་བསྒྲུབས་མི་དགོས་པ་དང། དང་བ་ཉིད་ཡིན་ཏེ། ཇི་ལྟ་བུ་ཞེ་ན། སྟོན་ཀའི་མཚོ་ཆེན་པོའི་ཚུ་གཙང་བ་ལྟ་བུ་སྟེ། དེ་ནི་བསྟེན་པའི་རིགས་སོ། །བདེ་བ་འདོད་ཅིང་ཉོན་མོངས་མི་འདོད་པས། །ཞེས་བྱ་བ་ནི་སེམས་ཀྱིས་སྔར་མྱོང་བ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་བློ་ཕྱིན་ཅི་ལོག་པར་བསྟན་ཏེ། གང་སྔར་བསྟན་པའི་ངན་ཅིང་བྱིས་པའི་ཆོས་ཞེས་བྱ་བའི་ཚིགས་བཅད་དེའི་གཉེན་པོ་འདིས་བསྟན་ཏོ། །གུས་པར་བྱེད་ཀྱང་གཞན་དུ་ཕྱོགས་པ་དང༌། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་སྔར་བསྟན་མ་ཐག་པའི་ཚིགས་བཅད་གསུམ་གྱི་གཉེན་པོ་བསྟན་པའི་ཕྱིར་རོ། །གུས་པར་བྱེད་


DTG168_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་དེ་ནི་གུས་པར་བྱེད་པའོ། །དེ་བས་ན་གཞན་དུ་ཕྱོགས་པ་ནི་རྒྱབ་ཀྱིས་བལྟས་པའོ། །འདི་ནི་རབ་ཏུ་བདེ་བ་འདོད་ཅིང་ཉོན་མོངས་མི་འདོད་པས་ཞེས་བྱ་བའི་ཚིགས་བཅད་དེའི་གཉེན་པོ་བསྟན་ཏོ། །གཞན་དུ་ཕྱོགས་ཀྱང་ཞུམ་པས་དེ་ལ་ལྟ། ཞེས་བྱ་བ་འདིས་ནི། བྱམས་པའི་རླན་མེད་ཅེས་བྱ་བའི་ཚིགས་བཅད་དེའི་གཉེན་པོ་བསྟན་ཏོ། །སྔོན་ཆད་ཕན་བཏགས་དྲིན་དུ་མི་གཟོ་བ། །ཞེས་བྱ་བ་འདིས་ནི། ལན་ཅིག་ཙམ་ཞིག་སྨ་བབ་གྱུར་པ་ཡིས། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱི་གཉེན་པོ་བསྟན་ཏོ། བསླང་བ་དྲེགས་ན་ཞེས་བྱ་བ་ནི་བསླང་བ་ཉིད་དྲེགས་པ་ནི་བསླང་དྲེགས་པ་སྟེ། དེས་ནི་བྱམས་པ་མེད་པར་བྱེད་དོ་ཞེས་གཟུང་བར་བྱའོ། །གནས་པའི་སྐྱོན་ཞེས་བྱ་བ་ནི་ལྷན་ཅིག་ཏུ་འདུག་པ་ལ་སོགས་པའི་སྐྱོན་ཡིན་ཏེ། དེས་ན་དེའི་ཉེས་པ་ཡིན་པའི་ཕྱིར་ད་ནི་རེ་ཞིག་འགྲོའོ་ཞེས་བྱ་བའི་དོན་ཏོ། །བར་ཆད་མང་ལ་གནོད་པ་དང་དགྲ་མང་བས་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་བར་ཆད་གང་ཡིན་པའི་རྒྱུ་བསྟན་ཏོ། །མཆི་བའི་སྐབས་དང་ལྡན་ན་ཞེས་བྱ་བ་ནི་རྐྱེན་ཚོགས་ནའོ། །གལ་ཏེ་ཞེས་བྱ་བ་ནི་དགེ་ཤིས་པའོ། །མངོན་པར་ཤེས་པ་ལྔ་ནི་མངོན་པར་ཤེས་པ་དྲུག་ལས་ཟག་པ་ཟད་པའི་མངོན་པར་ཤེས་པ་མ་གཏོགས་པའོ། །སྙིང་བརྩེ་བས་རྗེས་སུ་འབྲང་བའི་ཚུལ་གང་ལ་ཡོད་པ་དེ་ནི་སྙིང་བརྩེ་བའི་དྲན་པ་བྱུང་བར་གྱུར་པ་སྟེ། སྙིང་བརྩེ་བ་ནི་སྙིང་རྗེ་སྟེ། མི་དགེ་བའི་རྒྱུ་ལས་བཟློག་པར་འདོད་པ་ཉིད་ནི་སྙིང་རྗེའོ།། རྒྱུ་བརྟག་མི་བཟོད་པ་ཞེས་བྱ་བ་ལས་རྒྱུ་བསྟན་པར་མི་ནུས་པའི་ལྟ་བ་གང་ཡིན་པ་དེ་ནི་རྒྱུ་བརྟག་པ་མི་བཟོད་པའི་ལྟ་བའོ། །འདིར་རྒྱུ་ནི་གང་ཡང་མེད་པར་འདོད་པ་སྟེ། མེད་པར་འདོད་པ་ཉི་ཚེ་ཙམ་དུ་ཟད་པར་ལྟ་བའོ། །པདྨའི་སྡོང་བུ་ནི་འཇམ་པའོ། །ལོ་མ་ནི་འཇམ་པའོ། །ཁ་དོག་ནི་སྔོན་པོ་ལ་སོགས་པའོ། །ཟེ་བ་ནི་འཇམ་པའོ། །སྙིང་པོ་ནི་དབྱིབས་སོ། །དེ་བཞིན་དུ་སེམས་ཅན་ལ་རྒྱུ་མེད་པར་ལྟ་བ་ནི་བྱའི་འདབ་མ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་ངེས་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་དང་ནང་གི་དངོས་པོ་རྣམས་ལ་བྱེད་པ་པོ་མེད་པར་


DTG168_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣ་ཚོགས་པར་སྣང་བའི་ཕྱིར་རོ། །རྒྱུ་མེད་པར་འབྱུང་བར་མི་རིགས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་མེད་པར་ཞེས་བྱ་བའི་དོན་ཏོ། །གཅིག་གཅིག་ཡོད་ཅེས་བྱ་བ་ནི་རང་དགས་སྤྲུལ་པར་བྱེད་པ་སྟེ། འཇིག་རྟེན་སྣ་ཚོགས་སོ། །ཕྱིས་ཀྱང་མཉམ་དུ་མེད་པར་བྱེད། །ཅེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། བྱེད་པ་པོ་རང་དགའི་ཁྱད་པར་གྱིས་ཤིང་རྟ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་དངོས་པོ་འབྱིན་པར་སྣང་བའི་ཕྱིར་རོ། །དེའི་ཡང་རང་དགའི་དབང་གིས་མི་སྣང་བར་བྱེད་པ་ལྟ་བུའོ། །འདི་དག་ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་གོ ། སྔོན་གྱི་ལས་ཀྱིས་བྱས་ཞེས་བྱ་བ་ལ། སྔོན་གྱི་ལས་ཀྱིས་བྱས་པ་ཡིན་པས་ནི་སྔོན་གྱི་ལས་ཀྱིས་བྱས་པ་སྟེ། སྔོན་གྱི་ལས་ལས་བྱས་པའི་རྒྱུས་ཞེས་བྱ་བའི་དོན་ཏོ། །བདེ་བ་དང་མི་བདེ་བ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཡིན་ཏེ། སྔོན་གྱི་ལས་ཀྱིས་བྱས་པས་ཞེས་བསྟན་ནས་དེའི་འོག་ཏུ་བདེ་བ་དང་མི་བདེ་བ་གཟུང་ངོ༌། །སྐྱེ་བ་སྔ་མར་བྱས་པའི་ལས་ཉིད་ཀྱིས་ནི་སངས་རྒྱས་པ་དང་ཡང་འདྲ་བ་ཉིད་དུ་སྟོན་ཀྱང་གང་བྱས་པ་དེ་ངེས་པར་སྔ་མའི་ལས་གྱིས་བྱས་པ་ཉིད་དུ་སྟོན་པ་ཡིན་པས་དེ་བསྟན་པའི་ཕྱིར། འབད་པའི་མཐུས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདིས་ནི་དེ་ལྟར་བྱུང་བའི་སྐྱེས་བུ་བྱེད་པའི་རྐྱེན་འགོག་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་གྱི་བྱེད་པའི་འགྲོ་བ་རྣམས་ཀྱི་བྱེད་པ་པོ་གཅིག་ཏུ་མི་རིགས་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། དུས་གཅིག་ཏུ་གནས་པ་མང་པོ་དུ་མ་སྟེ། མཐའ་ཡས་པའི་དངོས་པོ་བྱེད་པར་མི་རིགས་པའི་ཕྱིར་རོ། །བདེ་བར་བྱེད་པ་ལ་མཁས་པ་ནི་བདེ་བར་བྱེད་པ་ལ་མཁས་པ་སྟེ། དེ་ཡང་སྡུག་བསྔལ་བར་མཐོང་བའི་ཕྱིར་ཏེ། དེ་བས་ཐམས་ཅད་སྔོན་གྱི་ལས་ལས་གྱུར་པ་ཉིད་དུ་གཟུང་ངོ༌། །སྔར་བསྟན་པའི་སྐྱོན་དང༌། དབང་ཕྱུག་རྒྱུར་བྱེད་པའི་སྐྱོན་བསྟན་པ་ཡིན་ཏེ། སྣ་ཚོགས་པའི་ཕྱིར་ལས་ཀྱི་བྱེད་པ་པོ་ལས་དངོས་པོ་སྐྱེ་བའི་རྒྱུ་ཉིད་དུ་ནི་རུང་སྟེ། དུས་གཅིག་ཏུ་སོ་སོར་གནས་པ་མང་པོ་དཔག་ཏུ་མེད་པའི་དངོས་པོ་སྐྱེ་བ་ནི་རིགས་པ་ཉིད་དོ། །ཁ་དོག་ནི་སྔོན་པོ་ལ་སོགས་པའོ། །ཡོན་ཏན་ནི་དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པའི་མཚན་


DTG168_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ལྡན་པ་ནི་དབྱིབས་ཀྱི་ཁྱད་པར་དང༌། ཁ་དོག་དག་དང༌། ཡོན་ཏན་དང་ལྡན་པའོ། །རྣམ་པ་སྣ་ཚོགས་པའི་ཁ་དོག་དང༌། ཡོན་ཏན་དང་ལྡན་པ་གང་ཡིན་པ་དེ་ནི་རྣམ་པ་སྣ་ཚོགས་ཁ་དོག་ཡོན་ཏན་དང་ལྡན་པའོ། །འགྲོ་བ་རྣམས་ཀྱི་ལས་ཀྱི་རྒྱུ་མེད་པར་བསྟན་ཏེ། དུས་གཅིག་ཏུ་འབྱུང་ཞེས་བྱ་བས་བསྟན་པ་ནི་དུས་གཅིག་ཏུ་སོ་སོར་གནས་པ་མཐའ་ཡས་པ་མང་པོ་རྣམས་དཔག་ཏུ་མེད་པའི་དངོས་པོར་སྐྱེ་བར་མཐོང་བའི་ཕྱིར་ལས་གང་ཡིན་པ་དེ་ནི་མེད་དེ། དེ་ལ་དུས་གཅིག་ཏུ་དངོས་པོ་མཐའ་ཡས་པ་དཔག་ཏུ་མེད་པའི་དངོས་པོ་སྐྱེ་བ་མེད་པར་འགྱུར་ན་ནི་ཤིང་རྣམ་པ་སྣ་ཚོགས་པའི་ཁ་དོག་དང་ལྡན་པ་སྣང་བས་དེ་རྣམས་ཀྱི་ལས་ནི་མེད་དོ། །དེ་བས་ན་རྒྱུ་མེད་པ་ཉིད་དེ་རང་གི་ས་བོན་གྱི་རྒྱུས་སོ། །རྐྱེན་ཡང་མེད་དེ་དབང་ཕྱུག་བྱེད་པ་པོས་འདོད་པ་དེའི་ཉེས་པར་ཐལ་བའི་ཕྱིར་རོ། །སྔོན་གྱི་ལས་གྱུར་འདོད་པ་ཡང་མ་ཡིན་ཏེ། ལས་མེད་པར་ཁ་དོག་དང་ཡོན་ཏན་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་དངོས་པོ་སྐྱེ་བར་སྣང་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡང་མེད་དེ། ཤིང་དེ་དག་ཉིད་ཞིག་པར་གྱུར་ན་ཕྱིས་ཡང་སྐྱེ་བར་མ་མཐོང་བའི་ཕྱིར་ཏེ། དེ་བས་ན་དེ་བཞིན་དུ་འགྲོ་བ་འདི་དག་ཐམས་ཅད་གནས་པར་འདོད་དོ། །རྒྱལ་རིགས་ཀྱི་གཙུག་ལག་ལས་འབྱུང་བ་ཞེས་བྱ་བ་ནི། ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའོ། །ལུགས་ཀྱི་བསྟན་བཅོས་ཉིད་གཡོ་བ་དང་དགྲ་ཐབས་ཡིན་པས། ལུགས་ཀྱི་བསྟན་བཅོས་ཀྱི་གཡོ་བ་དང་དགྲ་ཐབས་ཡིན་ནོ། །གཡོ་བ་དང་དགྲ་ཐབས་བསྟེན་པ་ནི་གཡོ་བ་དང་དགྲ་ཐབས་འབྲེལ་པའོ། །སྙིང་རྗེ་མེད་ཅིང་སྐྱོན་དང་བཅས་པ། ཆོས་དང་འགལ་བ་ལ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དང་བཅས་པའོ། །གྲིབ་མ་རྣམས་ཀྱི་ཤིང་ཡིན་པས་གྲིབ་མའི་ལྗོན་ཤིང་ངོ༌། །གྲིབ་མའི་ལྗོན་ཤིང་དག་ལ་བརྟེན་པ་གང་ཡིན་པ་དེ་ནི་གྲིབ་མའི་ལྗོན་ཤིང་ལ་བརྟེན་པའོ། །བྱས་པ་གཟོ་བའི་སྤྱོད་བ་གང་ཡིན་པ་དེ་བྱས་པ་གཟོ་བའོ། །དེས་བསྲུང་བ་ནི་འཐོབ་པར་འདོད་པའོ། །བསྲུང་བ་དེ་ཉིད་སྨས་པ། དེ་དག་ཇི་སྲིད་དགོས་པའི་དུས་ལ་མ་བབ་པ་དེ་སྲིད་དུ་རང་གི་གྲགས་པ་བསྲུང་བའོ། །དགོས་པ་བྱུང་ན་ཞེས་བྱ་བ་ནི་


DTG168_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་དུས་ལ་བབ་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བ་ལྔ་པོ་འདི་དག་བྱས་པ་འདིའི་བསྡུས་པའི་དོན་ནི་རང་བཞིན་གྱི་དབང་དུ་བྱས་ནས་ལྟ་བ་རྣམ་པ་གཉིས་ཏེ། རྒྱུ་མེད་པར་སྨྲ་བ་དང༌། མི་མཐུན་པའི་རྒྱུར་སྨྲ་བའོ། །རྒྱུ་མེད་པར་སྨྲ་བའི་དབང་དུ་བྱས་པ་ནི་ལྟ་བའི་རྣམ་པ་དང་པོའོ།། དབང་ཕྱུག་རྒྱུར་སྨྲ་བ་ནི་མི་མཐུན་པ་རྒྱུར་སྨྲ་བའོ། །ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་སོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ལས་རྣམ་པར་གཅོད་པའོ། །དེ་བཞིན་དུ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་འདོད་པ་ཆད་པར་ལྟ་བ་སྟེ། འཇིག་རྟེན་ཕ་རོལ་རྣམ་པར་གཅོད་པའོ། རྒྱལ་རིགས་ཀྱི་ཆོས་ཀྱི་གཙུག་ལག་ལས་འབྱུང་བར་སྨྲ་བ་ནི་མངོན་པར་མཐོ་བའི་རྒྱུ་མི་མཐུན་པར་སྨྲ་བའོ། །ལྟ་བའི་རྣམ་པ་འདི་དག་ལས་དང་པོ་ལས་བརྩམས་པ་ནི་གཉིས་སོ། །བར་མ་ལས་བརྩམས་པ་ནི་གཅིག་པའོ། །དེ་ལས་གཞན་པ་ལས་བརྩམས་པ་ནི་གཉིས་ཏེ། དེ་ལྟ་བས་ན་ལྟ་བ་འདི་དག་གི་གོ་རིམས་ནི་འདི་ཡིན་ནོ། །སྐྱེ་བོ་སྡིག་པ་ཅན་རྣམས་དང་བསྟེན་པ་ཞེས་བྱ་བ་འདིས་ནི་རྐྱེན་བསྟན་ཏོ། །བློ་གཞན་གྱི་དྲིང་ལ་འཇོག་པས་ཞེས་བྱ་བ་འདིས་ནི་རྒྱུ་བསྟན་ཏོ། །ལྟ་བས་བྱས་པ་ཉིད་གཡང་སར་ལྷུང་བ་ཉིད་ཡིན་པས་ལྟ་བ་ངན་པའི་གཡང་སར་ལྟུང་བ་ཞེས་བརྗོད་དོ། །ངན་སོང་གི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལ་བརྩེ་བར་གྱུར་ཏེ་ཞེས་བྱ་བའི་རྒྱུའི་དབང་དུ་བྱས་ནས། ཡོན་ཏན་གོམས་པས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་ལས་བཟློག་པའི་ཐབས་ཞེས་བྱ་བ་ནི་བཟློག་པའི་ཆེད་དུའོ། །དུལ་ཞིང་བརྟན་པ་དང་རྒྱ་ཆེ་བའི་ཆ་བྱད་ཡོད་པའི་སྐྱེ་བོ་གང་ཡིན་པ་དེ་ནི་དུལ་ཞིང་བརྟན་ལ་རྒྱ་ཆེ་བའི་ཆ་བྱད་ཀྱི་སྐྱེ་བོ་སྟེ་ཕྱོགས་ན་འཁོད་པའོ། །སྙན་པར་སྨྲ་བ་དང༌། བསྙེན་བཀུར་བ་དང༌། སྟན་གདིང་བ་བྱས་པ་ནི་སྙན་པར་སྨྲ་བ་དང༌། བསྙེན་བཀུར་བ་དང༌། སྟན་གདིང་བ་བྱས་པའོ། །སྙན་པར་སྨྲ་བ་དང༌། བསྙེན་བཀུར་དང༌། སྟན་གདིང་བ་གང་ཡིན་པ་དེ་ཉིད་ནི། སྙན་པར་སྨྲ་བ་དང༌། བསྙེན་བཀུར་དང༌། སྟན་གདིང་བ་བྱས་པའོ། །ཨེ་མ་འོ་ཁྱོད་ཀྱི་ཆོས་ལ་དགའ་བ་ལ་ལྟོས་ཞེས་བྱ་བ་ཡིན་ཏེ། དགའ་བ་ནི་ཅིའི་ཕྱིར་ཞེ་ན། དཀའ་ཐུབ་ཀྱི་ནགས་ན་འདུག་


DTG168_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྤྲེའུ་ཆེན་པོ་མེད་པར་བྱས་པའོ། །ཨེ་མའོ་རྩོལ་ཕོད་ཅེས་བྱ་བ་ནི་སྤྲེའུ་ཆེན་པོ་བསད་པས་སོ། །མཐུ་ཆེ་བ་ཞེས་བྱ་བ་ནི་ནུས་པ་སྟེ། གཅིག་ཏུ་དཀའ་ཐུབ་སྤྱད་པས་ལུས་ཉམ་ཆུང་ཡང་སོང་བའི་ཕྱིར་རོ། །འགྲོ་བའི་ངོ་བོ་ཉིད་ཀྱིས་དེ་བཞིན་ཁྱེད་ཟེར་ན།། ཞེས་བྱ་བའི་ཚིགས་བཅད་ནི་འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་ཡིན་ན། སྤྲེའུ་བསད་པ་ཡང་ངོ་བོ་ཉིད་ཀྱིས་ཡིན་ནོ། །ཞེས་བྱ་བའི་དབང་དུ་བྱས་ནས། དེ་སྟེ་སྡིག་པ་ཡོད་ན་ནི། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གལ་ཏེ་སྡིག་པ་ཡོད་ན་ནི་འགྲོ་བ་འདི་ཉིད་ལ་རྒྱུ་ཡོད་པ་ཉིད་དུ་བསྟན་ཏེ། གྲུབ་པ་ཉིད་ཀྱི་དབང་དུ་བྱས་ནའོ། །དེ་ལ་རེ་ཞིག་དམ་བཅས་པ་དང༌། སྡིག་པ་ཡོད་དོ་ཞེས་ཟེར་བ་ནི་ཕན་ཚུན་འགལ་བ་ཉིད་དུ་བསྟན་ནས། ད་ནི་དཔེ་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་པདྨའི་སྡོང་བུ་སྐྱེ་ལ་སོགས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །པདྨའི་སྡོང་བུ་སྐྱེ་བ་ལ་སོགས་པ་དེ་རྒྱུ་མེད་པ་ཉིད་ཡིན་ན། ཅིའི་ཕྱིར་རྟག་ཏུ་མི་འབྱུང༌། པདྨའི་ལོ་མ་སྐྱེ་བ་ལ་སོགས་པའི་རྒྱུ་ནི་ཅི་ཞིག་ཡིན་ཞེ་ན། ཆུ་ལ་སོགས་པའི་རྐྱེན་ཡོད་པ་དང༌། ས་བོན་གྱི་རྒྱུས་བྱས་པ་ཡིན་ཏེ། ཇི་ལྟར་ཤེས་ཤེ་ན། མེད་པ་ལས་བྱུང་བའི་ཕྱིར་ཏེ། ཆུ་ལ་སོགས་པ་ཡོད་པ་དང༌། པདྨའི་སྡོང་བུ་ལ་སོགས་པ་ཡོད་པར་འགྱུར་ལ། ཆུ་དང༌། ས་བོན་ལ་སོགས་པ་མེད་ན་ནི་མི་འབྱུང་བ་ཡིན་ཏེ། དེ་ནི་གང་གི་ཕྱིར། རྒྱུ་དང་རྒྱུ་ཅན་གྱི་མཚན་ཉིད་གཏན་ཚིགས་ཀྱིས་མཁས་པ་དག་དེ་ལྟར་འདོད་དོ། །གང་ལ་རྒྱུ་མེད་པར་འབྱུང་བ་དང༌། གང་འབྱུང་བ་དང༌། གང་དུ་མི་འབྱུང་བ་དེ་ནི་རྒྱུ་དང་བཅས་པ་དང༌། རྒྱུ་མེད་པ་ཡིན་ཏེ། གང་ཞིག་ཁ་ཅིག་ཏུ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་ཡིན་ཏེ། དེ་ལ་རེ་ཞིག་གང་ཞིག་ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་ཚིགས་བཅད་འདིས་ནི། ཕྱོགས་སྔ་མ་དང་འགལ་བར་བསྟན་ཏོ། །ཚིགས་བཅད་གཉིས་པས་ནི་གྲུབ་པའི་མཐའ་དང་འགལ་བར་བསྟན་ཏོ། །གསུམ་པས་ནི་དཔེ་མ་གྲུབ་པ་བསྟན་ཏེ། རྒྱུ་ཡང་ཡོད་པ་མ་ཡིན་ཞེས་ནི་རྟག་ཏུ་སྨྲ། ཞེས་བྱ་བའི་ཚིགས་བཅད་གསུམ་གྱིས་ནི། རང་གི་གནས་སྐབས་ཀྱི་དབང་དུ་བྱས་པ་སྟེ། མ་མཐོང་བས་ཞེས་བྱ་བ་ནི་མ་ཤེས་


DTG168_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྒྱུ་མ་མཐོང་བ་ཉིད་ཀྱིས་སོ། །ཐམས་ཅད་རྒྱུ་མེད་སྨྲ་ན་ནི། །ཞེས་བྱ་བ་ནི་གང་དག་རྒྱུ་མཐོང་བ་དེ་དག་ལ་ཡང་རྒྱུ་མེད་པར་སྟོན་པ་སྟེ། རྒྱུ་དང་བཅས་པར་མངོན་དུ་མཐོང་བཞིན་དུ། །ཞེས་བྱ་བ་ཡིན་ཏེ། གང་དག་རྒྱུ་ཡོད་པ་དེ་དག་ནི་རྒྱུ་ཡོད་པ་ཉིད་དུ་མངོན་སུམ་དུ་དམིགས་པ་ཡིན་ནོ། །དེ་ལ་སྡང་བས་འགལ་བའི་ཚིག་ངན་སྨྲས་པར་འགྱུར། །ཞེས་བྱ་བ་ནི་འགལ་བས་ཚིག་ངན་སྨྲ་བར་འགྱུར་བ་གང་ཡིན་པ་དེ་ནི་འགལ་བའི་ཚིག་ངན་སྨྲ་བར་འགྱུར་བའོ། །ཚིག་ངན་པ་ནི་འདིར་བདག་གི་དམ་བཅས་པ་ལ་གཟུང་སྟེ། བདག་ཉིད་ཀྱི་དམ་བཅས་པའི་ཚིག་དང་འགལ་ཞེས་བྱ་བའི་དོན་ཏེ། མངོན་སུམ་དང་འགལ་བའོ། །དམ་བཅས་པ་ངན་པ་སྔ་མའི་དོན་རྣམ་པར་བཅད་པའི་ཕྱིར། འགལ་ཞིང་ངན་པ་ཉིད་དུ་བསྟན་ཏོ། །ད་ནི་མངོན་སུམ་དང་འགལ་བ་དམ་བཅས་པ་ངན་པར་བསྟན་ཏོ། །གང་ཞིག་ཁ་ཅིག་ཏུ་ནི་རྒྱུ་རྐྱེན་མ་མཐོང་བས། །ཞེས་བྱ་བ་བསྟན་པ་ལ། ཇི་ལྟར་རྒྱུ་ཡོད་བཞིན་དུ་མ་རྟོགས་པ། །ཞེས་བྱ་བ་ཡིན་ཏེ། རྒྱུ་ཡོད་བཞིན་དུ་མ་རྟོགས་པ་བསྟན་པའི་ཕྱིར། །གལ་ཏེ་གང་ནའང་རྒྱུ་ནི་ཡོད་པར་མ་མཐོང་ན། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གང་གི་རྒྱུ་མ་མཐོང་བ་དེ་ལ་འདིར་རྒྱུ་མེད་ཅེས་སྨྲ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཡོད་བཞིན་དུ་ཡང་རྐྱེན་གཞན་གྱིས་མི་མཐོང་བར་སྣང་སྟེ། ཇི་ལྟར་མཚན་མོ་ཉི་མའི་དཀྱིལ་འཁོར་ཡོད་ཀྱང་ཤིན་ཏུ་སྐལ་བར་གནས་པའི་ཕྱིར། རྐྱེན་གཞན་གྱིས་མ་མཐོང་བ་ཡིན་ཏེ། མི་དམིགས་པའི་རྒྱུ་ཡིན་ནོ། །དེ་དག་རྒྱུ་དང་བཅས་པར་མངོན་དུ་མཐོང་བཞིན་དུ། །ཞེས་བྱ་བ་བསྟན་པ་ལ། ཇི་ལྟར་མངོན་སུམ་དུ་རྒྱུ་དང་བཅས་པ་མཐོང་ཞེས་པ་དེ་བསྟན་པའི་ཕྱིར། ཡིད་དུ་འོང་བའི་ཡུལ་ནི་བདེ་བ་འདོད་པའི་ཕྱིར་ཏེ། རྟེན་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་དང་འགལ་བ་ལ་ནི་བདེ་བ་དང་འགལ་བ་སྟེ། ཡིད་དུ་མི་འོང་བའི་ཡུལ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཡང༌། རྒྱལ་པོ་དག་ལ་རྟེན་པར་བྱེད། ཅེས་བྱ་བ་ནི་ཡིད་དུ་འོང་བའི་ཡུལ་ལ་བརྟེན་པའོ། །ཡང་ན་བདེ་བ་འདོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་སྡང་བས་འགལ་བའི་ཚིག་ངན་སྨྲས་པར་གྱུར་པའོ། །དེ་བསྟན་


DTG168_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གལ་ཏེ་དངོས་པོ་རྣམས་དེ་ལྟ་ཡིན་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དེ་ལྟ་ཡིན་ན་ཞེས་བྱ་བ་ནི་རྒྱུ་དང་ལྡན་པ་ཡིན་ན་ཕྱོགས་མ་གྲུབ་པ་ཡང་ཡིན་པས། དངོས་པོ་རྣམས་ཀྱི་རྒྱུ་ཁས་མི་ལེན་པ་སྟེ། སྤྲེའུ་བསད་པ་ལ་ཉེས་པ་མེད་པའི་མཇུག་བསྡུ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ནི་སྔར་བསྟན་པའི་རྒྱུ་སྟེན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་དང་ལྡན་པ་ཉིད་དུ་གྲུབ་ཀྱང༌། ཇི་ལྟར་དངོས་པོ་གཞན་རྒྱུ་མེད་པ་དེ་བཞིན་དུ་སྤྲེའུ་བསད་པ་ལ་ཡང་རྒྱུ་མེད་པ་ཡིན་ཏེ། དེ་ལྟ་ཡིན་ན་ནི་ཅིའི་ཕྱིར་བདག་ལ་སྨོད་པར་བྱེད་ཅེས་པའོ། །ཁྱོད་ནི་ཇི་ལྟར་བདག་ལ་སེམས་མི་དགའ། །ཞེས་བྱ་བ་ལ། སེམས་མི་དགའ་པ་དེ་ཉིད་བསྟན་པའི་ཕྱིར། གཞན་གྱི་ཉེས་པ་བདག་ལ་ཅི་ཕྱིར་བསྒོ། །ཅེས་བྱ་བ་ཡིན་ཏེ། གཞན་གྱི་ཉེས་པ་ནི་དབང་ཕྱུག་གི་ཉེས་པས་སོ། །སྡིག་པ་ཆེན་པོ་མ་ལུས་པ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི། སྤྲེའུ་བསད་པས་ནི་སྡིག་པ་ཉིད་དུ་ཁས་ལེན་པའི་ཕྱོགས་སྔ་མ་དང་འགལ་བའི་ཉེས་བ་ཉིད་བསྟན་ཏོ། །དེ་སྟེ་སྤྲ་ཆེན་དཔའ་བོ་དེ་ཤི་བ། །ཞེས་བྱ་བ་འདིས་ནི་གྲུབ་པའི་མཐའི་སྐྱོན་བསྟན་ཏོ། །ཡང་ན་དེ་གཉིས་གཅིག་ལ་གཅིག་འགལ་བའི་སྐྱོན་བསྟན་ཏོ། །དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཉིད་ཡིན་ན་ནི་སྐྱེས་བུ་བྱེད་པའི་རྩོལ་བ་ཐམས་ཅད་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལས་བརྩམས་ཏེ། དབང་ཕྱུག་ལ་ནི་རེ་བ་ཡིས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ནི་བྱེད་པའི་རྒྱུ་མ་ཡིན་ཏེ། དབང་ཕྱུག་གིས་བྱེད་པའི་སྐྱོན་བསྟན་པའི་ཕྱིར་རོ། །སྡིག་པ་ཆེན་པོ་མ་ལུས་པ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྐྱོན་དེ་ཉིད་ཀྱིས་དབང་ཕྱུག་ཉིད་མེད་པར་ཚིགས་བཅད་འདིས་སྟོན་ཏོ། །ཡང་ན་དེས་ལྟུང་བས་མི་བྱེད་ན་ནི་གྲུབ་པའི་མཐའ་དང་འགལ་བར་བསྟན་པའི་ཕྱིར། སྡིག་པས་འཇིགས་ནས་དེ་དག་ཀུན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དབང་ཕྱུག་ཆེན་པོ་ཉིད་དུ་འདོད་པ་དེ་ལ། དབང་ཕྱུག་ཆེན་པོ་མེད་པར་བསྟན་པའི་ཕྱིར། དེ་ཡང་དབང་ཕྱུག་འགྱུར་བ་ནི། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དབང་ཕྱུག་ཉིད་


DTG168_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་རྒྱུ་དང་བཅས་པའམ། རྒྱུ་མེད་པ་ཡིན་གྲང་ན་རྒྱུ་དང་བཅས་པ་ནི་ཆོས་ཀྱི་རྒྱུ་ཉིད་དུ་འགྱུར་བའམ་དེ་ལས་རྒྱུ་གཞན་པའི་རྒྱུ་ཉིད་ཡིན་པ་ཞིག་གོ །དེ་ལ་ཆོས་ཀྱི་རྒྱུ་ཉིད་ཡིན་ན་ནི་ཆོས་ལས་སྔ་རོལ་དུ་དབང་ཕྱུག་མེད་དོ། །དེ་སྟེ་དབང་ཕྱུག་གིས་དབང་ཕྱུག་གཞན་ཉིད་ཕྱུང་ན་ནི་དབང་ཕྱུག་ཀྱང་ཉམས་པ་ཡིན་ཏེ། དེས་ན་དབང་ཕྱུག་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་དབང་ཕྱུག་ཉིད་ཀྱི་རྒྱུ་ཉིད་ཡིན་ན་ནི། བདག་གིས་སྤྲེའུའི་རྒྱལ་པོ་བསད་པ་ལ་སྡིག་པ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱོགས་སྔ་མ་དང་འགལ་བའི་ཉེས་པ་མེད་དོ། །གལ་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་ཞེས་བྱ་བའི་ཚིགས་བཅད་ནི་སྤྲེའུ་བསད་པ་ལས་སྡིག་པ་ཉིད་དུ་ཁས་ལེན་པའི་ཕྱོགས་སྔ་མ་དང་འགལ་བ་བསྟན་པའི་ཕྱིར། གལ་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ན་ནི། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། གང་གི་ཕྱིར་བདག་ལ་སྨད་ཅེས་བྱ་བ་ནི་བདག་གི་ཕྱིར་སྡིག་པས་སོ། །དེ་སྟེ་བདག་གིས་སྤྲེའུ་བསད་པའི་སྡིག་ཡོད་ན། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་ནི་གྲུབ་པའི་མཐའ་ཉམས་པ་སྟོན་པའི་ཕྱིར་རོ། །ཅི་སྟེ་ལས་དང་ལས་ཀྱི་རྒྱུ་ཉིད་ཡོད་པར་སྟོན་ཏེ། སྔར་བཤད་པའི་ལས་ཀྱིས་བྱས་པ་སྟེ། ལས་གང་གིས་སྤྲེའུ་དེ་བསད་པའི་ལས་བྱས་པ་ཡིན་ནོ་ཞེས་དེ་ལྟར་འདོད་ན་ནི་ཐར་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ལས་དང་ལས་ཀྱི་རྒྱུ་ཡོད་ན། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཡིན་ནོ། །སྤྲེའུ་བསད་པའི་ལས་བྱས་པ་དེ་ཡང་སྤྲེའུ་བསད་པའི་ལས་གཞན་གྱི་རྒྱུས་ཡིན་ནོ། །དེ་ཡང་གཞན་དང་གཞན་གྱི་ཡིན་པས་ཐར་པ་མེད་པར་ཐལ་བར་འགྱུར་ཏེ། ལས་རྗེས་སུ་མ་སྤྱད་པའི་ཕྱིར་རོ། །སྔོན་གྱི་ལས་ཀྱིས་བྱས་པ་ངེས་པར་མངོན། །ཞེས་བྱ་བ་ཡིན་ན་ནི། རྒྱུ་དང་རྐྱེན་གཞན་བདེ་བ་དང་སྡུག་བསྔལ་གཉིས་འགག་པར་འགྱུར་ཏེ། དེ་རྒྱུ་དང་རྐྱེན་གཞན་གྱིས་ཀྱང༌། སྡུག་བསྔལ་རྒྱུ་ཡང་གལ་ཏེ་བདེ་བར་འགྱུར། །ཞེས་དང༌། བདེ་དང་སྡུག་བསྔལ་དེ་ལྟར་གྱུར་པའང་མེད། །ཅེས་བྱ་བའི་ཚིགས་བཅད་ཡིན་ཏེ། འདིས་ཀྱང་འགོག་པ་ཡིན་ཏེ། ཉེ་བར་འགྱུར་བའི་རྐྱེན་དང་ད་ལྟར་བྱུང་བའི་སྐྱེས་བུའི་བྱེད་པ་སྟེ། ཡུལ་ཉེ་བར་གྱུར་པའི་ཡུལ་གྱི་རྐྱེན་


DTG168_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དང། ད་ལྟར་བྱུང་བའི་སྐྱེས་བུའི་བྱེད་པའོ། །དེ་ལ་ཡུལ་ཉེ་བར་གྱུར་པ་ཉིད་ཀྱི་བདེ་བ་དང༌། སྡུག་བསྔལ་གཉིས་བསྟན་པའི་ཕྱིར། སྡུག་བསྔལ་རྒྱུ་ཡང་གལ་ཏེ་བདེ་བར་འགྱུར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྡུག་བསྔལ་གྱི་རྒྱུ་ནི་ཡིད་དུ་མི་འོང་བ་སྟེ། དེས་ན་བདེ་བ་དང་སྡུག་བསྔལ་གཉིས་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ལས་སྐྱེས་པའི་ཕྱིར་རོ། །ངེས་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ། །སྔོན་གྱི་ལས་ཀྱིས་བྱས་པ་ཞེས་བྱ་བ་ནི། སྔོན་གྱི་ལས་ཉིད་ཀྱིས་བྱས་པ་གང་ཡིན་པ་སྟེ། རྒྱུ་གཞན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །བདེ་དང་སྡུག་བསྔལ་དེ་ལྟར་གྱུར་པའང་མེད། །ཅེས་བྱ་བ་དང་པོའི་ཕྱེད་ཀྱིས་ནི་བསྟན་མ་ཐག་པའི་དོན་མཇུག་བསྡུ་བའི་ཕྱིར་རོ། །ཚིགས་བཅད་ཕྱེད་འོག་མས་ནི་ད་ལྟར་བྱུང་བའི་སྐྱེས་བུ་བྱེད་པའི་རྐྱེན་གྱིས་དངོས་པོའི་སྐྱོན་བསྟན་པའི་ཕྱིར་ཏེ། དེ་ལྟར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་པ་དག་ལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ཡུལ་མངོན་སུམ་དུ་གྱུར་པས་ཡིན་གྱི། སྔོན་གྱི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་བྱས་པ་མ་ཡིན་ནོ་ཞེས་བརྒྱ་ལ་དེ་སྨྲ་ན། དེ་ལྟ་མོད་ཀྱི། བདེ་བ་དང་སྡུག་བསྔལ་ཡུལ་གྱི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་སྨྲས་པས་ད་ལྟར་བྱུང་བའི་སྐྱེས་བུ་བྱེད་པའི་ལས་བསལ་བ་ཡིན་ཏེ། དེ་མེད་པའི་སྐྱོན་བསྟན་པའི་ཕྱིར་སྨྲས་པ། གསར་དུ་བྱས་པའི་ལས་ཀྱང་ཇི་ལྟར་འགྱུར། །ཞེས་བྱ་བའི་དོན་ཏོ། །གསར་དུ་བྱས་པའི་ལས་མ་གྲུབ་ན་སྐྱོན་ཡོད་ཅེ་ན། དེའི་སྐྱོན་བསྟན་པའི་ཕྱིར་སྨྲས་པ། དེ་མ་གྲུབ་ན་སྔ་མའང་ཇི་ལྟར་འགྲུབ། །ཅེས་བྱ་བ་ཡིན་ཏེ། དེ་མ་གྲུབ་ན་ཞེས་བྱ་བ་ནི་གསར་དུ་བྱས་པའི་ལས་མ་གྲུབ་ནའོ། །ཀུན་ཞེས་བྱ་བ་ནི་སྤྲེའུ་བསད་པ་ལ་སོགས་པའོ། །བདག་གིས་བྱས་པར་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱིས་བྱས་པ་འདི་དག་ལ་བདག་གིས་བྱས་པར་ཡོངས་སུ་བརྟག་པ་ནི་མི་རིགས་ཞེས་བྱ་བའི་དོན་ཏོ། །ཕྱོགས་སྔ་མ་སྤྲེའུ་བསད་པ་ལ་སྡིག་པ་ཡོད་དོ་ཞེས་སྨྲས་པ་དང་འགལ་བར་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་ཆད་པར་ལྟ་བ་དེ་ཁོ་ན་ཉིད་ཡིན་པར་སེམས་ན་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཅི་ཞིག་སྤང་ཞེས་བྱ་བ་ནི་ཅིའི་ཕྱིར་


DTG168_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའོ། །ཅི་ཞིག་འབད་དུ་ཡོད་ཅེས་བྱ་བ་ནི་ཅིའི་ཕྱིར་འབད་དུ་ཡོད་པའོ། །ཡང་ན་ཅི་ཞིག་ཅེས་བྱ་བའི་སྒྲ་ནི་དྲི་བའི་ཚིག་གོ །རང་དགར་ཅི་བདེར་སྤྱོད་པར་རིགས་པ་གང་ཡིན་པ་དེ་ནི་རང་དགར་ཅི་བདེར་སྤྱད་པར་རིགས་ཏེ། སྡིག་པ་དང་དགེ་བ་དག་ལ་སྤང་བ་དང༌། བསྟེན་པའི་ཉེས་པ་དང་ཡོན་ཏན་མེད་པས་སོ། །དེ་ལྟ་མོད་ཀྱི་འཇིག་རྟེན་པ་རྣམས་ཀྱི་ཁ་ན་མ་ཐོ་བས་འཇིགས་པར་བྱེད་དོ་ཞེས་དེ་ལྟར་རྟོག་ན་ཡང་སྨྲས་པ། འགྲོ་བས་འཕྱ་བ་དག་གིས་འཇིགས་ནས་སུ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱིས་མི་སྨན་པར་སྨྲ་བས་འཇིགས་པའོ། །བདག་གི་ཚིག་དང་མི་མཐུན་སྤྱོད་པ་ཡིན།། ཞེས་བྱ་བ་ནི་སྡིག་པ་བསྟེན་པ་དང༌། དགེ་བ་སྒྲུབ་པ་ལ་སྐྱོན་དང་ཡོན་ཏན་མེད་དོ་ཞེས་སྨྲ་ན་སྡིག་པ་བསྟེན་པ་དང༌། དགེ་བ་བསྟེན་པར་བྱེད་པ་ཡིན་པས་ན་བདག་གི་ཚིག་དང་མི་མཐུན་པར་སྤྱོད་པ་ཡིན་ཏེ། འགྲོ་བས་འཕྱ་བའི་ཉེས་པས་འཇིགས་པས་ནི་རང་གི་ཚིག་དང་མི་འགལ་བར་སྤྱོད་པའོ། །དེ་ཡོད་ན་ནི་དེ་དག་ཀྱང་ཡོད་ཀྱི་ཆད་པར་སྨྲ་བ་འདི་ལ་ནི་འགྲོ་བས་འཕྱ་བའི་ཉེས་པ་མེད་དོ། །འགྲོ་བས་འཕྱ་བའི་སྐྱོན་གཅིག་པུར་མ་ཟད་དེ། འདི་ལྟར་རང་གི་གྲུབ་པའི་མཐའི་ལས་བསྟན་པའི་བདེ་བའང་མི་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་ཚུལ་ལ་གནས་པར་གྱུར་ན་ནི། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། རང་གི་གཞུང་ལུགས་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐའོ། །རང་གི་གྲུབ་པའི་མཐའ་སྨྲ་བ་འཁྲུལ་པས་དོན་མེད་པར་འགྱུར་བ་ནི་བདེ་བ་འཐོབ་པ་སྟེ། དེ་བས་ན་འགྲོ་བས་འཕྱ་བར་འཇིགས་ན་རང་གི་གྲུབ་པའི་མཐའི་འབྲས་བུ་མི་ཐོབ་པས་སྨྲ་བ་དོན་མེད་པ་ནི་འཁྲུལ་པ་ཡིན་པས་སྨྲ་བ་འཁྲུལ་པའོ། །སྨྲ་བའི་འཁྲུལ་པ་ཉིད་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། དེའི་སྨྲ་བ་འཁྲུལ་པས་དོན་མེད་པ་གང་ཡིན་པ་དེ་ནི་སྨྲ་བ་འཁྲུལ་པས་དོན་མེད་པ་སྟེ། མཆོག་ཏུ་འབྲས་བུ་མེད་པའི་ཕྱིར་རོ། །དེའི་ཚིག་ནི་བྱིས་པའི་ནང་ན་ཐ་མ་ཉིད་ཡིན་ཏེ། ལྟ་བ་ཐམས་ཅད་ཀྱི་ནང་ན་ཐ་ཆད་བཟུང་ཞིང་འཇུག་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་ཡོན་ཏན་དང་ལྡན་པའི་ཤིང་ཞེས་བྱ་བ་ལ། བདག་གི་ལས་ཀྱིས་བྱ་བ་མ་ཡིན་པར་འབྱུང་བ་དག །འཇིགས་པ་རྣམས་ཀྱང་ཕྱིས་ཡང་མི་སྐྱེའོ་ཞེས་ཁས་ལེན་ཅིང་ཇི་ལྟར་ཡང་ཤིང་གི་


DTG168_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་འདི་ལྟ་བུར་འཇིག་རྟེན་ཡང་རྒྱུ་གང་ཞིག་ཡོད། དེ་ལྟ་ན་ཡང་འཇིག་རྟེན་ན་ནི་ཤིང་དང་འདྲ་བ་ཡིན་པས་དངོས་པོ་རྣམས་ཀྱི་རྒྱུ་འགྲུབ་པའི་དངོས་པོ་ཡིན་ཡང་དངོས་པོ་མེད་པའོ་ཞེས་སྨྲ་བ་སྟེ། ཆད་པར་སྨྲ་བ་ལ་ནི་འཇིག་རྟེན་ཕ་རོལ་མེད་པས་འབྲས་བུ་ཡིད་དུ་འོང་བ་མེད་དོ། །དེས་ན་སྡིག་པ་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་གྱུར་པ་ཡིན་ནོ། །བྱས་ནས་སུ་ཞེས་བྱ་བ་ནི་གཞུང་ལུགས་ཀྱི་བསྟན་བཅོས་པའོ། །དེ་གང་ཡིན་ཞེ་ན། དགེ་བའམ་མི་དགེ་བའོ། །ཅིའི་ཕྱིར་ཞེ་ན། སྲིད་ཀྱི་ཕྱིར་རོ། །རྗེས་སུ་འགྲོ་བ་ནི་དུས་ཕྱི་མ་སྟེ། ཕྱི་ནས་གང་ཞིག་ཅེས་བྱ་བ་ལ། དགོས་པ་དག་ནི་བྱུང་བར་གྱུར་པའི་ཚེ། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ཕྱོགས་ཀྱི་ཆོས་དང་འགལ་བར་བསྟན་པའི་དོན་ཏོ། །འོན་ཏེ་སྙིང་རྗེ་མེད་ཕྱིར་སྨད་འགྱུར་རམ། །ཞེས་བྱ་བའི་ཚིགས་བཅད་བསྟན་པ་ལ། གྲུབ་པའི་མཐའི་སྐྱོན་བསྟན་པའི་ཕྱིར། སྨད་འགྱུར་ཞེས་བྱ་བ་སྨོས་པ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བའི་ལས་མི་སྙན་པར་བསྟན་པ་ཡིན་ནོ། །འབྲས་བུ་སྡུག་བསྔལ་ཞེས་བྱ་བ་ནི་ཕ་རོལ་ཏུ་ངན་སོང་དུ་འགྲོ་བའི་རྒྱུར་གྱུར་པའི་ཕྱིར་རོ། །གཞུང་ལུགས་ཞེས་བྱ་བ་ནི་གཞུང་ལུགས་ཀྱི་བསྟན་བཅོས་སོ། །གང་ན་རིགས་པའི་གཞུང་ལྡན་འདི་འདྲ་བ། །ཞེས་བྱ་བ་ནི་ཚེ་འདིར་སྨད་པར་བྱས་པ་དང༌། འཇིག་རྟེན་ཕ་རོལ་ཏུ་ཡང་སྡུག་བསྔལ་གྱི་འབྲས་བུ་ཡིན་ཏེ། གང་ན་ལས་འདི་ཡོད་པ་དེར་གནོད་བཞིན་དུ་བྱེད་ཅིང་རིགས་པའི་གཞུང་ལུགས་འདིའོ། །འདི་ལྟ་བུར་འཁྲུལ་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཅི་འདྲ་བའོ། །འཁྲུལ་པ་ནི་ཕོངས་པའོ། །གཙུག་ལག་གི་ལམ་གྱི་ཞེས་བྱ་བ་ནི་གཙུག་ལག་གི་ཚུལ་གྱིས་ཏེ། གཙུག་ལག་ཅེས་བྱ་བ་ནི་བརྡ་ཙམ་དུ་སྦྱར་བ་ཡིན་ཏེ། གཙུག་ལག་ཉིད་ནི་མ་ཡིན་བསྟན་བཅོས་ཀྱི་ཚུལ་ཙམ་ཉིད་དོ། །གཙུག་ལག་ཉིད་ལམ་ཡིན་པས་ན་གཙུག་ལག་ལམ་སྟེ། ཆོས་མ་ཡིན་པ་སྒྲུབ་པ་ལ་བརྟེན་པའི་ཕྱིར་རོ། །ལམ་ཡང་ཡིན་ལ་གསལ་བ་ཡང་ཡིན་པས་ལམ་ནི་གསལ་བའོ། །དེས་བསྟན་པ་ནི་ལམ་གསལ་བར་བསྟན་པའོ། །དེ་འཁོར་གྱི་ནང་ན་རྒྱལ་བར་གྱུར་པ་གང་ཡིན་པ་དེ་དག་ནི་འཁོར་གྱི་ནང་ན་རྒྱལ་བར་གྱུར་


DTG168_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྤོབས་པ་ཆེ་བར་གོམས་པ་གང་ཡིན་པ་དེ་དག་ནི་སྤོབས་པ་ཆེ་བར་གོམས་པའོ། །སྲོག་དང་བཅས་པའི་སྤྲེའུ་བཀུམ་པ་ནི་མ་ལགས་ཀྱི་ཞེས་བྱ་བ་འདིས་ནི། སྤྲེའུའི་པགས་པ་ཡོད་པ་ནི་སྤྲེའུ་སྤྲུལ་པ་ཡིན་གྱི་སྲོག་དང་བཅས་པ་ནི་མ་ཡིན་ནོ། །དེ་སྲོག་མེད་པ་ཉིད་ཀྱིས་བསད་པ་ཡང་མེད་དོ། །དེ་བས་ན་བཀུམ་པའང་མ་ལགས་ཞེས་བྱ་བའི་དོན་ཏོ། །རྒྱུ་ལས་གྲུབ་པར་མཐོང་བཞིན་ལ། །ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་སྨྲ་བ་དགག་པ་ཡིན་ནོ། །རང་དབང་ཞེས་བྱ་བ་འདིས་ནི། དབང་ཕྱུག་རྒྱུར་སྨྲ་བ་འགོག་པ་ཡིན་ཏེ་གང་གི་ཕྱིར་དབང་ཕྱུག་རྒྱུར་སྨྲ་བ་གཞན་དབང་ཡིན་ཏེ། དབང་ཕྱུག་ལ་རག་ལས་པའི་ཚུལ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཞེས་བྱ་བ་འདིས་ནི་ཆད་པར་སྨྲ་བ་དགག་པ་ཡིན་ཏེ། གང་གི་ཕྱིར་ཆད་པར་སྨྲ་བ་ནི་འཇིག་རྟེན་ཕ་རོལ་ཤེས་པ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་ཁས་མི་ལེན་པའི་ཕྱིར་རོ། །དགེ་བར་ཁས་ལེན་སྙིང་རྗེ་ཅན། །ཞེས་བྱ་བ་འདིས་ནི་ལུས་ཀྱི་བསྟན་བཅོས་རྗེས་སུ་འཇུག་པ་འགོག་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་དེ་ནི་དགེ་བར་དམ་བཅའ་བ་མ་ཡིན་ཏེ། གཞན་ལ་ཁྲོ་བ་དང་བཅས་པའི་ཕྱིར་རོ། །དེ་སྙིང་རྗེ་ཅན་ཡང་མ་ཡིན་ནོ། །བཞི་པོ་འདི་དག་ནི་སྲོག་གཅོད་པའི་ཉེས་པ་མེད་པར་བསྟན་པའི་ཕྱིར་རོ། །ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་པར་ལྟ་བ་དེ་ཅིའི་ཕྱིར་མ་བསྟན་ཅེ་ན། གང་གི་ཕྱིར་དེ་ནི་ལས་ཀྱི་རྒྱུ་དེ་ཉིད་དུ་སྒྲུབ་པ་ཡིན་ཏེ། འགྲོ་བ་རྣམས་དེ་ལྟར་སྒྲུབ་པ་ནི་སྲོག་ཆགས་གསོད་པར་བྱེད་དེ། དེ་ནི་ད་ལྟར་བྱུང་བའི་སྐྱེས་བུ་བྱེད་པའི་རྐྱེན་ཉི་ཚེར་འགྱུར་རོ།། གཞུང་བྱེད་པ་ཞེས་བྱ་བ་ནི་མ་ཡིན་པའི་སྡིག་པའོ། །ཅིའི་ཕྱིར་ཞེ་ན། གྲགས་པ་ཅུང་ཟད་ཙམ་གྱི་ཕྱིར་རོ། །གཞན་དུ་ན་གཞུང་མི་བྱེད་དེ། སྡིག་པ་ཉིད་ཡིན་པས་སོ། །ཇི་ལྟར་ཁས་བླང་བར་བྱ་ཞེས་བྱ་བ་ནི་ཁས་ལེན་པར་བྱེད་པའོ། །སྡིག་པ་ལ་སྡིག་པ་མ་ཡིན་པའི་ལྟ་བས་གང་དེ་གྲགས་པ་ཅུང་ཟད་ཙམ་གྱི་ཕྱིར་སྡིག་པ་མི་བྱེད་དེ། ཇི་ལྟར་རིགས་པས་སྨྲ་བ་ཁས་ལེན་པར་བྱེད་ཅེས་པ་སྟེ། གྲགས་པ་ཅུང་ཟད་ཙམ་གྱི་ཕྱིར། གཞུང་མི་བྱེད་ཅེས་བྱ་བའི་ཚིག་གིས་སོ། །གཞན་དུ་ན་བྱེད་པ་དེ་ནི་དོན་གྱིས་མི་འགྲུབ་པའོ། །དེས་ན་དེའི་རྒྱུ་བསྟན་པའི་ཕྱིར། མི་ཡི་


DTG168_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ལྟ་བ་བཟང་ངམ་ངན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྐལ་བ་མཉམ་པ་ནི་རིགས་མཐུན་པའོ། །ལས་ཉིད་སྒྲུབ་པ་ཡིན་པས་ལས་ནི་སྒྲུབ་པའོ། །རིགས་མཐུན་པའི་ལས་ཀྱིས་སྒྲུབ་པ་ནི་རིགས་མཐུན་ལས་ནི་སྒྲུབ་པའོ། །དེ་དག་གི་རྒྱུ་ནི་རིགས་མཐུན་པའི་ལས་སྒྲུབ་པའི་རྒྱུའོ། །གལ་ཏེ་ལྟ་བ་བཟང་ན་ནི་དགེ་བའི་ལས་སྒྲུབ་པའི་རྒྱུ་ཡིན་ལ། གལ་ཏེ་ལྟ་བ་ངན་ན་ནི་མི་དགེ་བའི་ལས་སྒྲུབ་པའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྟགས་ན་དགེ་བ་དང༌། མི་དགེ་བའི་འཇུག་པའི་ཚིག་དང་སྤྱོད་པ་རྣམས་སྟོན་པའི་ཕྱིར་རོ། །ལྟ་བ་དེ་ཡང་གང་ལས་ཐོབ་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དམ་པ་རྣམས་ལ་བརྟེན་ན་འདི་ཤེས་འགྱུར། །ཞེས་སྨོས་པ་ཡིན་ཏེ། འདི་ནི་ལྟ་བ་བཟང་པོའི་ཚུལ་ལོ། །འདི་སྐྱེ་བོ་ངན་པ་རྣམས་རིང་དུ་སྤང་བ་ནི་ཐག་རིང་དུ་བྱ་བའོ། །དམ་པ་མ་ཡིན་པ་ལ་བརྟེན་པས་ནི་ཚུལ་འདི་ལྟར་ཐོབ་པ་ཡིན་ཏེ། དེས་ན་དེ་ཉིད་སྨྲས་པ། མི་སྡོམ་པར་ཡང་སྡོམ་པའི་ཚུལ་འཛིན་པ། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། མི་སྡོམ་པར་ཡང་ཞེས་བྱ་བ་ནི་སྡོམ་པའི་རྒྱུ་མེད་ཀྱང་མཐོང་བའི་ཡུལ་དུ་བྱེད་པའི་ཕྱིར། མི་སྡོམ་པར་ཡང་སྡོམ་པའི་ཚུལ་འཛིན་པ། །ཞེས་བྱའོ། སྡོམ་བརྩོན་དག་གི་ཆ་བྱད་ཡིན་པས་སྡོམ་པའི་ཚུལ་ལོ། །དེ་འཆང་བའི་ཚུལ་གང་ལ་ཡོད་པ་དེ་ནི་སྡོམ་པའི་ཚུལ་འཛིན་པའོ། །དགེ་སློང་སྲིན་པོ་དེ་རྣམས་ཀྱི་མཚན་ཉིད་ནི་ཅི་ཇི་ལྟར་ནི་དེ་དག་ཤེས་པར་བྱ་ཞེ་ན། དེ་སྨྲས་པ། རྒྱུ་མེད་སྨྲ་ལ་སོགས་པ་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་ཏེ། སོགས་པའི་སྒྲས་ནི་དབང་ཕྱུག་རྒྱུར་སྨྲ་བ་དང༌། ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་པར་སྨྲ་བ་དང༌། ཆད་པར་སྨྲ་བ་དང༌། རྒྱལ་པོའི་གཙུག་ལག་གི་གཞུང་སྨྲ་བ་རྣམས་ཀྱང་གཟུང་ངོ༌། །དེ་དག་གི་ཁྱད་པར་གྱི་མཚན་ཉིད་ནི་ཇི་ལྟར་རྩུབ་པོས་བསྒོས་པ་ཞེས་བྱ་བ་ཅེ་སྤྱང་བཞིན་དུ་ཅེ་སྤྱང་གི་ཁྱད་པར་གྱི་མཚན་ཉིད་ཅན་དེས་ན་རླག་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར། སྐྱེ་བོ་བྱིས་པ་དེ་རྣམས་དགེ་སློང་སྲིན་བོ་སའི་སྟེང་ན་རྒྱུ་བར་བྱེད་པས་སོ། །དེའི་ཕྱིར་དོན་ནུས་པ་སྤྱད་ཅེས་བྱ་བ་ནི་དགོས་པའི་དོན་ཏོ། །དེའི་ལྟ་བ་ལས་བཟློག་པ་དེ་ནི་དོན་དུ་ནུས་པར་གྱུར་ནའོ།།


DTG168_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་མཁས་པས་དེ་དག་བསྟེན་མི་རིགས། །ཞེས་བྱ་བས་བསྟན་ཏོ། །དེ་ལྟར་ཡང་ཁྱད་པར་དུ་སྐྱེ་བོ་མི་མཐུན་པ་དག་གྲགས་པ་ཆེ་བར་གྱུར་ན་ཡང་མཛའ་བར་ནི་མི་བྱ་བ་ཉིད་དེ། ཁྱད་པར་ཀྱི་བྱ་བ་བསྟན་པའི་ཕྱིར། སྐྱེ་བོ་མི་མཐུན་པ་དག་གྲགས་པ་ཆེར་གྱུར་ཀྱང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དགོས་པ་ཡོད་པར་གྱུར་ཀྱང་ཞེས་བྱ་བ་ནི་དགོས་པའི་དབང་གིས་ཞེས་བྱ་བའི་དོན་ཏོ། །རྒྱུ་ལས་གྲུབ་པར་མཐོང་བཞིན་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བདུན་གྱིས་ནི་ལྟ་བ་བཟང་ངན་བསྟན་པའི་ཕྱིར་ཏེ། དེ་ལས་གྲུབ་པར་མཐོང་བཞིན་ལ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་ལྟ་བ་བཟང་པོའི་ཕན་ཡོན་གྱི་དབང་དུ་བྱས་པ་སྟེ། སྔར་བཤད་པའི་ལྟ་བ་ངན་པ་རྣམ་པ་ལྔའི་མི་མཐུན་པའི་ཕྱོགས་བསྟན་པས་སྲོག་གཅོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་མི་བྱེད་པའི་ཕན་ཡོན་ནོ། །རྒྱུ་མེད་སྨྲ་དང་ཞེས་བྱ་བའི་ཚིགས་བཅད་འདིས་ནི། ལྟ་བ་ངན་པའི་བྱ་བ་མ་ཡིན་པ་བྱེད་པའི་རྒྱུའི་ཉེས་དམིགས་བསྟན་པའི་དབང་དུ་བྱས་པ་སྟེ། གལ་ཏེ་བྱ་བ་མ་ཡིན་པ་མི་བྱེད་ཀྱང་གྲགས་པ་ཅུང་ཟད་ཀྱི་ཕྱིར་བྱེད་དོ། །གཞན་དུ་ན་བྱ་བ་བྱེད་པ་ཉིད་སྣང་བའི་ཕྱིར་རོ། །མི་ཡི་བདག་པོ་ལྟ་བ་བཟང་ངམ་ངན། །ཞེས་བྱ་བའི་ཚིགས་བཅད་འདི་ནི་ལྟ་བ་བཟང་པོའམ་ངན་པ་ཡིན་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུ་ཉིད་རབ་ཏུ་སྒྲུབ་པའི་ཕྱིར་རོ། །དེ་བས་ན་ལྟ་བ་བཟང་པོ་བསྟན་པའི་རིགས་ཞེས་བྱ་བའི་ཕྱེད་དང་པོས་ནི་སྔར་བསྟན་པའི་དོན་མཇུག་བསྡུ་བ་ཡིན་ནོ། །ལྟ་བ་བཟང་པོ་དང་ངན་པ་གཉིས་སྤོང་བ་དང་བསྟེན་པར་བྱ་བ་བསྟན་པའི་ཕྱིར། སྐྱེ་བོ་ངན་པ་རིང་དུ་སྤོང༌། །ཞེས་བྱ་བ་ཕྱེད་འོག་མ་ཡིན་ཏེ། ལྟ་བ་བཟང་པོ་སྟེ་དམ་པ་ལ་བརྟེན་པས་ནི་དམ་པ་ཡོངས་སུ་ཤེས་པར་འགྱུར་བ་དེ་བསྟན་པ་ནི་དགེ་བའི་བཤེས་གཉེན་གང་ལ་བརྟེན་པའོ། །གང་ཡོངས་སུ་སྤང་བ་ནི་མི་དགེ་བའི་བཤེས་གཉེན་ནི། མི་སྡོམ་པར་ཡང་སྡོམ་པའི་ཚུལ་འཛིན་པ། །ཞེས་བྱ་བའི་ཚིགས་བཅད་འདི་ཡིན་ཏེ། མི་དགེ་བའི་བཤེས་གཉེན་གང་ཡིན་པ་དེ་ཉིད་བསྟན་པའི་ཕྱིར། ས་ཡི་སྟེང་ན་དགེ་སློང་སྲིན་པོ་རྣམས། །ཞེས་བྱ་བ་ཡིན་ནོ། །རྒྱུ་མེད་སྨྲ་ལ་སོགས་པའི་ཚིགས་བཅད་ཕྱེད་ཀྱིས་ནི་མི་དགེ་བའི་བཤེས་


DTG168_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དེའི་མཚན་ཉིད་བསྟན་པའི་དོན་ནོ། །དེ་བས་མཁས་པས་ཞེས་བྱ་བ་འོག་མ་ཕྱེད་ཀྱིས་ནི་དེ་ལ་མི་དགེ་བ་མི་སྒྲུབ་པའི་ཁྱད་པར་བསྟན་པའི་ཕྱིར་རོ། །མི་སྒྲུབ་པ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་སྤང་བ་དང༌། ལྟ་བ་ངན་པ་ལས་བཟློག་པའོ། །སྐྱེ་བོ་མི་མཐུན་པ་དག་གྲགས་པ་ཆེར་གྱུར་ཀྱང༌། །ཞེས་བྱ་བ་སྨོས་པ་ལ། རྣམ་པ་ཐམས་ཅད་དུ་ཡང་བསྟེན་པར་བྱ་བ་མ་ཡིན་པའོ། །དཔེ་བསྟན་པར་བྱ་བའི་ཕྱིར། དགུན་གྱི་དུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་དུ་སྐྱེ་བོ་མི་མཐུན་པ་དག་གྲགས་པ་ཐོབ་པར་གྱུར་ཀྱང་དེ་དང་མཛའ་བར་མི་བྱ་བ་ཡིན་ན་ནི་གཞན་དག་དེ་བཞིན་དུ་དགོས་པ་མེད་པར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །དེ་དཔེ་དང་བཅས་པའི་ཉེས་དམིགས་བསྟན་ནས། སྐྱེ་བོ་ཡོན་ཏན་སྤོང་བ་དེ་དག་སྤང་བ་དང༌། ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བཅུས་ནི་ཡང་དག་པར་འཛིན་དུ་གཞུག་པའི་དབང་དུ་བྱས་པ་སྟེ། གང་ལ་འཛིན་དུ་འཇུག་པར་བྱེད་ཅེ་ན། བདག་ཉིད་ཀྱི་ཕུན་སུམ་ཚོགས་པའི་རང་བཞིན་སྒྲུབ་པ་འཛིན་དུ་འཇུག་པར་བྱེད་དེ། དེ་ལ་བདག་གི་རང་བཞིན་ནི་སྐྱེ་བོ་ཡོན་ཏན་སྤོང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། དེ་དག་ཅེས་བྱ་བ་ནི་ལྟ་བ་བཟང་པོ་ནི་དམ་པ་ལ་བརྟེན་པ་དང༌། དམ་པ་མ་ཡིན་པ་ཡུན་རིང་དུ་སྤངས་པ་ལས། འཐོབ་པའི་ཕྱིར་དམ་པ་དང་དམ་པ་མ་ཡིན་པ་བསྟེན་པ་དང༌། སྤང་བ་གཉིས་ཀྱིས་ལྟ་བ་བཟང་ངན་ཡོངས་སུ་མ་བསྐྱངས་པའི་ཕྱིར། སྨན་རྣམས་ཀུན་དང་འབྲལ་བར་འགྱུར་རོ། །ཞིང་རྨེད་པ་ནི་དཔྱ་དབུལ་བའི་རྩ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་ལ་ཚོང་ཟོང་སྣ་ཚོགས་ཞེས་བྱ་བ་འདི་སྨོས་ཏེ། མཁར་དང༌། ནོར་གྱི་རང་བཞིན་ལས་བརྩམས་པ་སྟེ། སྣ་ཚོགས་པའི་ཚོང་ཟོང་གང་ཡིན་པ་དེ་དག་གོ །དེ་དག་གི་ཉོ་བ་དང༌། འཚོང་བ་ནི་ཉོ་ཚོང་ངོ༌། །རྣམ་པ་སྣ་ཚོགས་པའི་ཉོ་ཚོང་བྱེད་པ་ནི་ཚོང་ཟོང་སྣ་ཚོགས་ཉོ་ཚོང་བྱེད་པ་སྟེ། །དེ་ནི་ཚོང་པ་རྣམས་ཡིན་ཏེ། ཡུལ་གཞན་དང༌། ཆུ་དང༌། ཐང་དང༌། ལེན་དུ་འགྲོ་བའི་དབང་དུ་བྱས་པའོ། །ཕོ་བྲང་འཁོར་གྱི་མི་ཞེས་བྱ་བ་ནི། གྲོང་ན་གནས་པའི་དབང་དུ་བྱས་པའོ། །ཤོ་གམ་གཅོད་ཅིང་དཔྱ་དབུལ་བ་ཞེས་བྱ་བ་ནིས་ཀྱེ་བོ་


DTG168_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པ་གཉིས་ཏེ། ཤོ་གམ་གཅོད་ཅིང་དཔྱ་དབུལ་བའི་ཐ་མལ་པའི་གྲོང་གི་མི་སྟེ། འདིས་ནི་རྫོང་གི་རང་བཞིན་བསྟན་ཏོ། །ཚོང་པ་རྣམས་ཤོ་གམ་གཅོད་ཅིང་དཔྱ་དབུལ་བ་ཞེས་བྱ་བ་འདིས་ནོར་གྱི་རང་བཞིན་བསྟན་ཏེ། ཚོང་པའི་སྐྱེ་བོ་ཡིན་པའི་ཕྱིར་དེ་བསྲུངས་ན་ནོར་ཡང་བསྲུངས་པར་འགྱུར་ཏེ། ནོར་གྱི་ཚོང་པ་རྣམས་ལ་རག་ལུས་པའི་ཕྱིར་རོ། །དེ་གཉིས་ཀའི་ཕྱོགས་གཅིག་ཏུ་བྱས་ཏེ་ནོར་གྱི་ཕུན་སུམ་ཚོགས་པར་བསྟན་ཏོ། །སྐྱོན་མེད་ཅེས་བྱ་བ་ལ་སོགས་པ་ནི་བཀའ་ཁྲིམས་ཀྱི་རང་བཞིན་གྱི་དབང་དུ་བྱས་པའོ། །མ་བཀུར་ན་ཞེས་བྱ་བ་ནི་བཀའ་ཁྲིམས་ཀྱིས་མ་བཀུར་བ་སྟེ། མ་བསྟན་པའི་སྐྱོན་བསྟན་ཏོ། །ཡོངས་སུ་མ་བསྐྱངས་པ་དག་དེས་ཡོངས་སུ་མ་བསྐྱངས་པའི་ཕྱིར། གཞན་གྱི་རང་བཞིན་ཡུལ་མི་སྔར་བསྐྱངས་པའི་སྒྲུབ་པ་ཉིད་དུ་བསྟན་ཏོ། །ད་ནི་རྗེས་སུ་གཟུང་བ་དང༌། དཔྱ་དབབ་པའི་བསྒྲུབ་པའི་དབང་དུ་བྱས་ནས། དེ་བཞིན་ཚུལ་ལྡན་མཁས་པ་དགེ་བ་དང༌། །ཞེས་བྱ་བའི་ཚིགས་བཅད་གསུམ་སྨོས་སོ། །དེ་ལ་ཕན་གདགས་པ་བསྒྲུབ་པའི་དབང་དུ་བྱས་ནས། དེ་བཞིན་ཚུལ་ལྡན་མཁས་པ་དགེ་བ་དང༌། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། རང་གི་སྐྱེ་བོ་གནས་པ་ཡང་རྣམ་པ་གཉིས་ཏེ། གནས་པ་དང༌། རིགས་སོ། །དེ་ལ་གནས་པའི་དབང་དུ་བྱས་པ་ནི་ཚིགས་བཅད་དང་པོ་འདི་ཡིན་ནོ། །ཚུལ་ཁྲིམས་དང༌། ཐོས་པ་དང༌། རྣལ་འབྱོར་དང་ཚུལ་ཁྲིམས་དང༌། ཐོས་པ་དང༌། རྣལ་འབྱོར་ཏེ་དེས་དགེ་བ་རྣམས་སོ། །རྣལ་འབྱོར་ཞེས་སྨོས་པས་ནི་ཞི་གནས་དང༌། ལྷག་མཐོང་གཟུང་ངོ༌། །ཚུལ་ཁྲིམས་ཀྱི་ཞི་གནས་ཀྱི་སྟེང་དུ་བཤད་ཅེས་བྱ་བ་ཞི་གནས་དང་ལྷག་མཐོང་ཉིད་དུ་བསྟན་ཏེ་དེས་དགེ་བ་རྣམས་སོ། །དགེ་བ་དེ་དག་རབ་ཏུ་མཐོང་བ་འདིས་ནི་རང་གི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡོན་ཏན་ཆེ་བར་གྲགས་པས་དགེ་བ་རྣམས། །ཞེས་བྱ་བ་འདིས་ནི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆེ་བར་གྲགས་པ་ཉིད་ནི་ཆེ་བར་གྲགས་པའོ། །ཆེ་བར་གྲགས་པ་དེ་ཉིད་ཡོན་ཏན་ཡིན་པས་དེ་ཉིད་ཀྱི་ཡོན་ཏན་སྒྲོགས་པ་གང་ཡིན་པ་དེ་དག་ནི་ཡོན་ཏན་ཆེ་བར་གྲགས་པའོ། །སྨད་ཅིང་ཡལ་


DTG168_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བར་བོར་ན་ཞེས་བྱ་བ་འདིས་ནི་མངོན་དུ་ལྡང་བ་དང༌། ཕྱག་འཚལ་བ་དང༌། བསྙེན་བཀུར་བ་དང༌། རྗེས་སུ་བསྟན་པ་དང༌། མཉན་པ་ལ་སོགས་པ་སྤང་ཞེས་བྱ་བའི་དོན་ཏོ། །མཐོ་རིས་འགྲོ་བའི་སྒོ་དང་འགྲོལ་བར་འགྱུར། །ཞེས་བྱ་བ་འདིས་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་བའི་རྒྱུ་དེ་སྐྱེས་བུ་དམ་པ་ལ་བརྙས་ཤིང་སྨད་པ་དང༌། མ་བསྐྱངས་པ་དེས་མཐོ་རིས་ཀྱི་སྒོའི་མཚན་ཉིད་དུ་མངོན་པར་མཐོ་བ་དང་འགལ་བ་ཉིད་དོ། །དཔྱད་དབབ་པ་ཞེས་བྱ་བ་དེ་བསྒྲུབ་པའི་དབང་ཏུ་བྱས་ནས། འབྲས་བུ་མ་སྨིན་ཤིང་ལས་གང་འཐོག་པ། །ཞེས་བྱ་བའི་ཚིགས་བཅད་གཉིས་སྨོས་ཏེ་དུས་ལ་མ་བབ་པར་དཔྱ་ཕབ་ཅིང་བླངས་པའི་སྐྱོན་བསྟན་པའི་ཕྱིར། འབྲས་བུ་མ་སྨིན་ཤིང་ལས་གང་འཐོག་པ། །ཞེས་བྱ་བ་ལྟ་བུ་ནི་ཆོས་མ་ཡིན་པས་དཔྱ་ཕབ་པའོ། །ས་བོན་ཆུད་གསོན་ཅེས་བྱ་བ་ལྟ་བུ་ནི་ཡུལ་ཡང་ཕུང་ལ་ཞེས་བྱ་བ་ཡིན་ནོ། །རོ་ཡང་ངེས་མ་མྱོང་ཞེས་བྱ་བ་ལྟ་བུ་ནི་དེས་ཆོས་མ་ཡིན་པས་དཔྱ་ཕབ་པས་ཕན་མི་ཐོགས་པ་ཉིད་དོ། །སྔར་བསྟན་པའི་སྐྱོན་གྱི་མི་མཐུན་པའི་ཕྱོགས་ཆོས་ཀྱིས་བསྲུངས་པའི་ཡོན་ཏན་བསྟན་པའི་ཕྱིར། དེ་ལྟར་ལྗོན་ཤིང་ཡོན་ཏན་ཕུན་སུམ་ཚོགས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། སྨིན་པའི་བར་དུ་ཡོངས་སུ་བསྐྱངས་ན་སྟེ། ཤིང་ལྟ་བུ་ནི་རྒྱལ་པོས་བསྲུངས་པའི་ཡུལ་ལོ། །ཡོན་ཏན་ཕུན་སུམ་ཚོགས་པའི་འབྲས་བུ་སྟེར་བ་ལྟ་བུ་ནི་ཆོས་དང༌། སྲིད་དང༌། བདེ་བ་འབྱོར་པར་བྱེད་པ་ལྟ་བུར་སྦྱར་རོ། །བློན་པོ་མཛངས་པ་གློ་བ་ཉེ་བ་ཞེས་བྱ་བའི་ཚིགས་བཅད་འདི་ནི་བློན་པོ་དང། མཛའ་བོའི་སྐྱེ་བོའི་དབང་དུ་བྱས་པ་སྟེ། གློ་བ་ཉེ་བ་ཞེས་བྱ་བ་ནི་དེའི་བློ་དང་མཐུན་པར་འདོད་པའོ། །མཛངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་དང༌། སྦྱོར་བ་ལས་བྱུང་བའི་ཤེས་རབ་དང་ལྡན་པའོ། །གློ་བ་ཉེ་བ་ཞེས་བྱ་བ་འདིས་ནི་ནུས་པ་བསྟན་ཏོ། །གྲོགས་པོ་སྐྱོན་མེད་ཅེས་བྱ་བ་ནི་འཁྲུལ་པ་མེད་པར་སྤྱོད་པའོ། །བདག་གི་ནང་མི་རྣམས་ཞེས་བྱ་བ་ནི་སྐྱོན་མེད་པ་སྟེ་འཁྲུལ་པ་མེད་པར་སྤྱོད་པའོ། །དགའ་བར་སྨྲ་བས་ཞེས་བྱ་བ་ནི་ཚིག་སྙན་པ་བསྟན་ཏོ། །རིམ་གྲོར་བཅས་པའི་བྱ་དགའ་སྩལ་བ་དང༌། །ཞེས་བྱ་བ་འདིས་ནི་རིམ་གྲོ་དང་བྱ་དགའ་


DTG168_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། དེས་ནི་རིམ་གྲོ་དང་འདི་གསུམ་གྱིས་ནི་བསྡུ་བའི་དངོས་པོ་བསྟན་ཏེ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པ་ལས་དོན་སྤྱོད་པ་ནི་རྒྱལ་པོ་ལ་མེད་པའི་ཕྱིར་མ་སྨོས་ཏེ། བསྡུ་བའི་དངོས་པོ་བཞི་པ་མེད་དོ། །དེ་བས་ཞེས་བྱ་བ་ནི། གང་སྔར་བསྟན་པའི། ས་ལ་འཁོད་པ་ཆོས་ཀྱིས་སྐྱོང་ལ་བག་མེད་སྤོངས། །དེ་ལྟར་བྱས་ན་གྲགས་པ་དང་ནི་མཐོ་རིས་འཐོབ། །ཅེས་བྱ་བ་སྟེ། དེ་ལྟར་བསྟན་པ་དང༌། སྤང་བའི་ཕན་ཡོན་ནི་གང་ཡིན་ཞེ་ན། དེའི་ཕན་ཡོན་བསྟན་པའི་ཕྱིར། འབངས་རྣམས་སྐྱོན་ལ་མི་དགའ་ཞེས་བྱ་བ་ཕྱེད་འོག་མའོ། །ཕན་ཡོན་རྣམ་པ་སྣ་ཚོགས་པ་ནི་བདག་ཉིད་ཀྱི་གྲགས་པ་འཐོབ་པ་དང༌། འབངས་རྣམས་ཀྱི་ཡོན་ཏན་དང༌། སྐྱོན་གཉིས་ལ་དགའ་བ་དང༌། མི་འགལ་བར་འགྱུར་བ་སྟེ། དང་པོ་བདག་ཉིད་ཀྱི་ཕུན་སུམ་ཚོགས་པས་ནི་བདག་གི་གྲགས་པ་འཐོབ་པའོ། །ཇི་ལྟར་འབངས་རྣམས་ཀྱི་ཡོན་ཏན་དང༌། སྐྱོན་ལ་ཐོབ་པ་དང་མི་འགལ་བ་ཡིན་ཞེ་ན། དེ་སྒྲུབ་པའི་ཕྱིར། ཁྱོད་ཀྱིས་ཆོས་སྤྱོད་གྱུར་ན་མི་ཡི་འཇིག་རྟེན་ཕལ་ཆེར་ནི། །ཞེས་བྱ་བ་སྨོས་ཏེ། ཕལ་ཆེར་ཞེས་བྱ་བ་ནི་མང་པོར་སྟོན་པ་ཡིན་ཏེ། འདིས་ནི་གཏན་དུ་སྤྱོད་པ་དེ་མ་གཏོགས་པའོ། །ལེགས་པར་སྤྱོད་ལ་ཕྱོགས་ཤིང་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་སྒྲུབ་པའི་ཕན་ཡོན་ནོ། །སྐྱེ་དགུ་རྣམས་ནི་མཐོ་རིས་ལམ་ལ་གནས་པར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་ནོ། །དེ་ལྟར་འབངས་རྣམས་བསྐྱངས་བའི་ཕན་ཡོན་བསྟན་པའི་ཕྱིར། ཁྱོད་ཀྱིས་བརྩོན་འགྲུས་བསྐྱེད་དེ་འགྲོ་བ་འདི་དག་ཅེས་བྱ་བའི་ཕྱེད་འོག་མའོ། །འགྲོ་བ་འདི་དག་ཡོངས་སུ་སྐྱོང་བ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ནོ། །དེ་ཡོངས་སུ་བསྐྱང་བར་དམ་བཅས་པའི་ཕྱིར། དམ་བཅས་པས་ཆོས་ལ་བརྟེན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་ནོ། །ཆོས་ཞེས་སྨོས་པས་ནི་ལེགས་པར་སྤྱད་པའི་འབྲས་བུ་གཟུང་ངོ༌། །ཡང་ན་ལེགས་པར་སྤྱོད་པ་འདི་ཉིད་ཆོས་ཡིན་པས་དེ་ལ་བརྟེན་ཅིག་ཅེས་བསྟན་པ་ཡིན་ནོ། །ཆོས་དེ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་སྦྱོང་ལ་ཞེས་བྱ་བའི་ཚིགས་བཅད་འདིའི་བསྡུས་པའི་དོན་ནོ།།


DTG168_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཚོགས་ཡོངས་སུ་འབྱུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྟན་ཏོ། །ཚུལ་ཁྲིམས་རྣམ་པར་སྦྱོང་ལ་ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། ཚུལ་ཁྲིམས་རྣམ་པར་སྦྱོང་ལ་ཞེས་བྱ་བས་ནི་སྐྱོན་མེད་པ་དང་མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་གང་བཅོམ་ལྡན་འདས་ཀྱིས་གསུངས་པའི་རིམ་པས་སྦྱོང་བའོ། །སྦྱིན་པའི་གྲགས་པ་སྤེལ་ཞེས་བྱ་བ་ནི་འདྲ་བ་མེད་པའི་སྦྱིན་པས་གྲགས་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །བྱམས་པར་གྱིས་ཞེས་བྱ་བ་ནི་སྐྱེ་བོ་གཞན་དག་གནོད་པ་མེད་པ་ལ་ཡང་ནང་མི་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ཉེ་དུའི་སྐྱེ་བོ་བཞིན་དུའོ། །ས་ལ་འཁོད་པ་ཆོས་ཀྱིས་སྐྱོང་ལ་བག་མེད་སྤོངས། །ཞེས་བྱ་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། བརྩོན་འགྲུས་ལ་ཡང་རྣམ་པ་བཞི་སྟེ། དགེ་བའི་ཆོས་མ་སྐྱེས་པ་སྐྱེས་པ་དང༌། དགེ་བའི་ཆོས་སྐྱེས་ཟིན་པ་རྣམ་པར་སྤེལ་བར་བྱ་བའི་ཕྱིར་ཏེ། དེ་གཉིས་ནི་ས་ལ་འཁོད་པ་ཆོས་ཀྱིས་སྐྱོང་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་ཟིན་པ་རྣམས་སྤང་བའི་ཕྱིར་ཏེ། དེ་གཉི་ག་ནི་བག་མེད་སྤོངས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །འདི་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆོས་དང༌། རྗེས་སུ་མཐུན་པའི་ཕན་ཡོན་གྱི་དབང་དུ་བྱས་པ་སྟེ། དེ་ལྟར་བྱས་ན་ཞེས་བྱ་བའི་ཚིག་རྐང་གཅིག་གོ །གྲགས་པ་འཐོབ་ཅེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ནོ། །མཐོ་རིས་འཐོབ་ཅེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་ནོ། །དེ་ལྟར་རེ་ཞིག་རྒྱལ་པོས་སྤང་བ་དང༌། །བླང་བ་ལ་སོགས་པའི་སྒྲུབ་པས་འཛིན་དུ་བཅུག་ནས་ཡུལ་གྱི་མིའི་རང་བཞིན་བསྒྲུབ་པའི་དབང་དུ་བྱས་ནས། ཆུན་པ་རྣམས་དང་ཕྱུགས་ལུག་འཚོ་བ་རྣམས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཅིའི་ཕྱིར་ལུགས་ཀྱི་བསྟན་བཅོས་ལས་བཤད་པའི་རིམ་པ་ལས་འདའ་བར་བྱ་སྟེ། དང་པོ་ཡུལ་གྱི་མིའི་ཆོས་སྨོས་ཤིང་བློན་པོའི་རང་བཞིན་མ་བསྟན། རྗེ་བོ་དང༌། བློན་པོ་དང༌། ཡུལ་མི་དང༌། མཁར་དང༌། དཀོར་དང༌། བཀའ་ཁྲིམས་དང༌། གྲོགས་


DTG168_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་རང་བཞིན་རྣམས་ཏེ། འདི་ལྟར་བསྟན་བཅོས་ལས་བརྗོད་པའི་རིམ་པ་འདི་ཉིད་ནི་རིགས་པའི་ཚུལ་ཉིད་དུ་འགྱུར་ཏེ། ལུགས་ཀྱི་བསྟན་བཅོས་ལས་བཤད་པའི་རིམ་པའོ། །འདིར་ཅི་ཞིག་བྱས་ཤེ་ན། བདག་པོས་གང་བསྲུང་བ་དང༌། གང་དང་ལྷན་ཅིག་བསྲུང་བ་ཞེས་བྱ་བ་ཡིན་ཏེ། གང་བསྲུང་བ་ནི་ཡུལ་མི་དང༌། རྫོང་དང༌། ནོར་རོ། གང་དང་ལྷན་ཅིག་བསྲུང་ཞེ་ན། བཀའ་ཁྲིམས་དང༌། བློན་པོ་དང༌། གྲོགས་པོ་རྣམས་ཡིན་ཏེ། དེ་བས་ན་རིམ་པ་འདི་ནི་རིགས་པ་ཉིད་དོ། །དེ་ལ་ཡུལ་མིའི་རང་བཞིན་གྱི་སྒྲུབ་པ་ཡང་རྣམ་པ་གཉིས་ཏེ། སྲུང་བའི་སྒྲུབ་པ་དང༌། རྗེས་སུ་ཕན་གདགས་པ་དང༌། དཔྱ་དབུལ་བའི་སྒྲུབ་པའོ། །དེ་ལས་སྲུང་བའི་སྒྲུབ་པའི་དབང་དུ་བྱས་ནས། ཆུན་པ་རྣམས་ཞེས་བྱ་བའི་ཚིགས་བཅད་འདིའོ། །ཆུན་པ་ཞེས་བྱ་བ་ནི་ཞིང་ལས་གཙོར་བྱེད་པ་ཡིན་ནོ། །ཕྱུགས་ལུག་འཚོ་བ་རྣམས་ཞེས་བྱ་བ་ནི་བ་ལང་ལ་སོགས་པ་བསྐྱང་བ་ལ་འབད་པ་སྟེ། འཚོ་ཚིས་ལ་འཇུག་པའོ། །ཡུལ་མི་ཡོངས་སུ་བསྐྱང་བ་ལ་ཅིའི་ཕྱིར་ཚོང་ལ་འཇུག་པ་སྨོས་ཤེ་ན། འོག་ཏུ་ནོར་གྱི་སྒོ་ནས་རྗོད་པར་བྱེད་པས་སོ། །དང་པོ་གཉིས་ཀྱི་གོ་རིམས་ནི་ཆུན་པ་ནི་མེ་ཏོག་དང་ལྡན་པའི་ལྗོན་ཤིང་ལྟ་བུ་སྟེ། རིམ་གྱིས་འབྲས་བུ་སྟེར་བའི་ཕྱིར་རོ། །ཕྱུགས་ལུག་འཚོ་བ་རྣམས་ཞེས་བྱ་བ་ནི་འབྲས་བུ་ལྡན་པའི་ལྗོན་ཤིང་ལྟ་བུ་སྟེ། དེ་མ་ཐག་ཏུ་འབྲས་བུ་སྟེར་བའི་ཕྱིར་རོ། །སྨན་རྣམས་ཀུན་དང་ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པ་དང་ཕྱུགས་ལུག་ལ་སོགས་པ་ཆོས་ཀྱི་འབྲས་བུ་ཆེན་པོ་ཡིན་ཞེས་བྱ་བ་འདིའི་དོན་ཏོ། །བདེ་བ་འདོད་ཕྱིར་འབངས་རྣམས་སེམས་པར་མཛོད། །ཅེས་བྱ་བས་ནི་གང་སྔར་བསྟན་པའི། ཁྱོད་ཀྱིས་ཆོས་སྤྱད་གྱུར་ན་མི་ཡི་འཇིག་རྟེན་ཕལ་ཆེར་ནི། །ཞེས་བྱ་བའི་ཚིགས་བཅད་འདིར་ཡང་སྦྱར་བར་བྱའོ། །ཆགས་དང་ཞེ་སྡང་མེད་པའི་ནན་ཐུར་གྱིས། །ཞེས་བྱ་བ་ནི་གང་སྔར་བསྟན་པའི་རང་བཞིན་དག་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཐམས་ཅད་ལ་ཡང་བརྗོད་དོ། །འཇིག་རྟེན་བསྲུངས་ཞེས་བྱ་བ་ནི་བདག་གི་རང་བཞིན་བསྲུང་བ་དང༌། འཇིག་རྟེན་གྱི་མཐོ་རིས་ཀྱི་འདོད་པ་ཐོབ་པའི་ཆེད་དུ་སྤྱད་དོ། །


DTG168_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་སོ།། །།རྣམ་པ་སྣ་ཚོགས་པའི་འབྱུང་ཁུང་ནི། རྣམ་པ་སྣ་ཚོགས་པའི་འབྱུང་ཁུང་ངོ༌། །རྣམ་པ་སྣ་ཚོགས་པའི་འབྱུང་ཁུང་གི་རྫས་གང་ཡིན་པའི་རིའི་ངོས་དེ་ནི་འབྱུང་ཁུང་གི་རྫས་རྣམ་པ་སྣ་ཚོགས་པའི་གངས་རིའི་ངོས་ཏེ་དེ་ནའོ། །ཀཽ་ཤཱམྦཱིའི་དར་སྔོན་པོས་སྟོད་གཡོགས་སུ་གང་གིས་བྱས་པ་དེ་ནི་ཀཽ་ཤཱམྦཱིའི་དར་སྔོན་པོས་སྟོད་གཡོགས་གང་གིས་བྱས་པ་དེའོ། །རྣམ་པ་དུ་མ་དག་གི་དབྱིབས་ཀྱི་རྣམ་པ་ནི་དབྱིབས་མང་པོའོ། །ཁ་དོག་རྣམ་པ་དུ་མ་དང༌། དབྱིབས་རྣམ་པ་མང་པོ་གང་ཡིན་པའི་ཐེལ་སྡིངས་དང་ཤང་ཤོང་དེ་ནི་རྣམ་པ་དུ་མའི་ཁ་དོག་དང༌། དབྱིབས་རྣམ་པ་མང་པོ་དེའོ། །བང་རིམ་རྣམ་པ་དུ་མ་ནི་བང་རི་མ་རྣམ་པ་སྣ་ཚོགས་པ་སྟེ། ཐེལ་སྡིངས་དང༌། ཤང་ཤོང་གི་བང་རིམ་རྣམ་པ་སྣ་ཚོགས་པ་དེའོ། །གཅོང་རོང་གི་ནང་ནི་གཅོང་རོང་ངོ༌། །གཅོང་རོང་ཡང་ཡིན་ལ་ཟབ་མོ་ཡང་ཡིན་པས་ན་གཅོང་རོང་ཟ་བ་མོའོ། །གཅོང་རོང་ཟབ་མོ་གཡང་ཟབ་ནི་གཅོང་རོང་ཟབ་མོ་གཡང་ཟབ་སྟེ། དེ་མང་པོ་ཡོད་པ་ནི་གཅོང་རོང་ཟབ་མོ་དག་དེར་ཡོད་པའོ། །ཆོས་ཀྱི་འདུ་ཤེས་ནི་མ་ཉམས། བྱས་པ་གཟོ་བ་མ་འཇུངས་པའི་རང་བཞིན་ཅན་བཞིན་དུ་རབ་ཏུ་བརྟན་པ་དང་ལྡན་པ་ཞེས་བྱ་བ་འདི་བཞི་སྨོས་པ་ནི། རྒྱུ་འདི་བཞིས་ནི་སྙིང་རྗེ་གཏོང་བ་ཡིན་ཏེ། འདི་ལྟར་ཆོས་ཀྱི་འདུ་ཤེས་ཉམས་ན་སྟེ། ཆོས་ནི་མི་འཚེ་བའི་མཚན་ཉིད་དེ། དེའི་འདུ་ཤེས་མ་ཉམས་པར་གྱུར་པའོ། །ཆོས་དེ་བསྟན་ན་ནི་ཡུན་རིང་པོར་འདོད་པའི་འབྲས་བུ་འཐོབ་པར་འགྱུར་རོ། །མི་བསྟེན་པ་དེས་ནི་མི་འདོད་པའི་འབྲས་བུ་འཐོབ་པར་འགྱུར་ཏེ། གང་འདིའི་འདུ་ཤེས་ཡོངས་སུ་ཉམས་པར་གྱུར་པའི་ཚེ་ནི་སྙིང་རྗེ་མེད་པ་ཡིན་ནོ། །བདག་ལ་ཆགས་པ་དང་བཅས་པས་བྱས་པ་ནི་ཚོར་བའམ། འཁོར་བའི་ལམ་དག་ཏུ་ད་ལྟར་བྱུང་བ་དང༌། འདས་པའི་དུས་སུ་སེམས་ཅན་རེ་རེ་ལ་ཡང་མཐའ་ཡས་པའི་མི་འདོད་པར་སྦྱར་བར་བྱས་པ་དང༌། མཐའ་ཡས་པའི་མི་འདོད་པ་ལ་ཉེ་བར་སྦྱོར་བ་བྱས་པ་ཡིན་ཏེ། དེ་


DTG168_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དེ་བྱས་པས་བདག་ཉིད་ཀྱིས་ཀྱང་སྙིང་རྗེ་གཏོང་བར་འགྱུར་རོ། །མཐོང་བའི་ཆོས་ལ་འཇུངས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། བདེ་བ་ཅུང་ཟད་ཙམ་འཐོབ་པའི་ཆེད་དུ་འཇུངས་པའི་ཕྱིར་སྙིང་རྗེ་གཏོང་བ་ཡིན་ནོ། །མཐོང་བའི་ཆོས་ཉིད་ལ་སེམས་ཅན་རྣམས་དང་བདག་ཉིད་ཀྱི་མི་འདོད་པའི་རྒྱུས་མི་བརྟན་པའི་ཕྱིར། སྙིང་རྗེ་ཡོངས་སུ་གཏོང་བ་ཡིན་ནོ། །བཞི་པོ་དེ་དག་མེད་པར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་བཞི་པོ་འདི་དང་ལྡན་པས་སྙིང་རྗེས་མ་བཏང་ངོ་ཞེས་བསྟན་པར་གྱུར་པ་ཡིན་ནོ། །ནགས་ཚལ་ཞེས་བྱ་བས་ནི་ས་ཕྱོགས་ཉེ་བ་དང་མི་ཉེ་བར་གཟུང་ངོ༌། །རི་མཆོག་ཅེས་བྱ་བས་ནི་ཕྱོགས་མཐོན་པོ་གཟུང་ངོ༌། །རྒྱ་མཚོར་བཅས་པའི་ཞེས་བྱ་བ་ནི་བགས་ཀྱིས་གཞོལ་བའི་ཕྱོགས་གཟུང་ངོ༌། །མེས་ནི་བསམ་གཏན་དང་པོའི་བར་དུ་འཇིག་པར་འགྱུར་རོ། །ཆུས་ནི་བསམ་གཏན་གཉིས་པའི་བར་དུའོ། །རླུང་གིས་ནི་བསམ་གཏན་གསུམ་པའི་བར་དུའོ། །ནགས་ཀྱི་ཤིང་གི་ལོ་མ་དང་འབྲས་བུ་ཞེས་སྨོས་པས་ནི་གཞན་གྱིས་མ་གཟུང་བ་དང༌། སྲོག་ཆགས་ལ་གནོད་པ་སྤངས་པའི་ཚུལ་ཉིད་དུ་བསྟན་པའི་ཕྱིར་ཏེ། འདི་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་བསྟན་ཏོ། །ས་ཕྱོགས་དེར་འོངས་སོ་ཞེས་བྱ་བ་ནི་གང་བྱང་ཆུབ་སེམས་དཔའ་གནས་པ་དེར་རོ། །བཀྲེས་པ་དང༌། སྐོམ་པ་དང༌། ཚབ་དང༌། ངལ་བས་ལུས་ནི་རྨྱ་ཞེས་བྱ་བ་ལ་བཀྲེས་པ་དང༌། སྐོམ་པ་གཉིས་སྨོས་པས་ནི། ལྷན་ཅིག་སྐྱེས་པའི་སྡུག་བསྔལ་བསྟན་པའི་ཕྱིར། ཚ་བ་སྨོས་པ་ཡང་དེ་བཞིན་དུ་སྡུག་བསྔལ་བའོ། །ངལ་བ་ནི་སྤྱོད་ཡུལ་ལས་གྱུར་པའི་ལུས་ཀྱི་སྡུག་བསྔལ་བའོ། །ཡིད་མི་དགའ་བའི་མེ་ཞེས་བྱ་བ་ནི་སེམས་ཀྱི་སྡུག་བསྔལ་ལོ། །བཀྲེས་པས་ཉེན་པ་དེས་རབ་ཏུ་ཞིམ་པར་རྟོགས་ཏེ། ཞེས་བྱ་བ་ནི་གང་གི་ཕྱིར་ལྟོགས་པས་ཞིམ་པར་བྱེད་པ་ཡིན་གྱི། འབྲས་བུ་དེ་ནི་ཞིམ་པོ་མ་ཡིན་ནོ། ཞེས་པའི་དོན་ཏོ། །འདི་ལས་འབྱུང་བ་ཡིན་པས་དེ་ལས་བྱུང་བ་སྟེ། དེ་ལས་བྱུང་བ་དེ་ཚོལ་བའོ། །དེ་འདོད་པའི་ཕྱིར་ཞེས་བྱ་བ་ནི་ཏིན་དུའི་འབྲས་བུ་འདོད་པའོ། །དེའི་ཞེས་བྱ་བ་ནི་དེའི་ཡལ་གའོ། །ལྗོན་


DTG168_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤིང་ཞེས་བྱ་བ་ནི་ཏིན་དུ་ཀ་ཞེས་བྱ་བ་དེའི་མིང་ཅན་ཏེ། རང་བཞིན་ཉིད་ཀྱིས་ཤིང་ཏིན་དུ་ཀ་ནི་རབ་ཏུ་ཕྲ་བའི་ངོ་བོ་ཉིད་དང༌། ཤུན་ཕྲགས་མེད་པའི་ཕྱིར་ཏེ། དེ་བས་ན་སྨྲས་པ། ལྕི་བའི་ལྕིད་ཀྱིས་ནོན་པ་དང༌། དེ་འཛེགས་པའི་ཕྱིར་དང༌། ཕྲ་བའི་ཕྱིར་དང། ཐོར་ཏོ་ལ་སོང་པའི་ཕྱིར། སྟ་རེས་ཆེད་དུ་རྩ་བ་ནས་བཅད་པ་བཞིན་ཞེས་བྱ་བ་ཡིན་ཏེ། མ་ལུས་པར་ཆད་པ་ཉིད་དུ་སྟོན་ཏོ། །སྒྲ་དང་བཅས་པར་ཆག་ནས་ཞེས་བྱ་བ་ནི་ཤིང་ཏིན་དུ་ཀ་སྲབ་ཉིད་དུ་སྟོན་ཏོ། །དེ་ནས་ལྷན་ཅིག་ཏུ་ལྟུང་བར་གྱུར་ཏོ་ཞེས་བྱ་བ་འདིས་ནི་བར་དུ་འཆི་བ་མེད་པའི་རྒྱུ་བསྟན་ཏོ། །འཆིའོ་སྙམ་སྟེ་གསོན་དུ་རེ་བ་ནི་མེད་ཅེས་བྱ་བ་ནི་འཚོ་བའི་རེ་བ་བཏང་བར་གྱུར་པའོ། །ནགས་ཁུང་བགྲོད་དཀའ་ཞེས་བྱ་བའི་ཚིགས་བཅད་འདིས་ནི་སྐྱེ་བོ་དང་འབྲེལ་པ་མེད་པ་སྟེ། ཡོངས་སུ་སྐྱོབ་པ་མེད་པར་བསྟན་ཏོ། །གཉེན་བཤེས་ཀུན་དང་བྲལ་ནས་ཞེས་བྱ་བ་འདིས་ནི་སྐྱེ་བོ་འདྲིས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཏེ་དེས་ན་ཡོངས་སུ་སྐྱོབ་པ་མེད་པའོ། །གཅིག་པུར་གྱུར་པ་དང༌། །ཤ་སྦྲང་མང་པོ་འདུན་མ་འདུ་བའི་ས། །ཞེས་བྱ་བ་འདིས་ནི། འཆི་བ་དང་ཉེ་བ་ཉིད་དུ་སྟོན་པའོ། །རི་དགས་འདྲ་བ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའི་ཕྱིར་རོ། །བཀྲ་བ་ནོར་བུ་ནི་ནོར་བུ་བཀྲ་བའོ། །བཀྲ་བ་ནི་ནོར་བུ་ཉིད་སྐར་མ་ཡིན་པས། བཀྲ་བའི་ནོར་བུ་རིན་ཆེན་སྐར་མའོ། །དེས་མཛེས་པའི་སྤྲིན་གང་ཡིན་པ་དེ་ནི་ནོར་བུ་རིན་ཆེན་སྐར་མ་བཀྲ་བས་མཛེས་པའོ། །འདིར་འོངས་ཞེས་བྱ་བ་གློ་བུར་དུའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུས་སོ། །ལྟ་ཞིང་ཞེས་བྱ་བ་ནི་གྱེན་དུ་ལྟ་བའོ། །སུ་ཞིག་ཡིན་ཞེས་བྱ་བའི་ལན་ནི་བདག་ནི་མི་ཞིག་ལགས་ཞེས་བྱ་བ་ཡིན་ནོ། །འདིར་འོངས་ཞེས་བྱ་བའི་ལན་ནི་ཤིང་འདིའི་འབྲས་བུ་ཚོལ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེས་བྱ་བའི་ལེན་ནི་འདི་ལྟ་བུར་ནི་ཉམས་ཉེས་བྱུང་ཞེས་པའོ། །དེ་བས་གཉེན་བཤེས་དང་ཡང་བྲལ། །ཞེས་བྱ་བ་འདིས་ནི་རྗེས་སུ་འབྲང་བ་མེད་པས་སྙིང་རྗེའི་གནས་སུ་སྟོན་ཏོ། །ཉམས་ཉེས་ཆེན་པོ། ཞེས་བྱ་བ་འདིས་ནི་སྡུག་བསྔལ་ཉིད་དུ་སྟོན་ཏོ། །སྤྲེའུ་ཚོགས་མང་པོའི་མགོན་པོ་ཁྱོད། །བདག་གི་སྐྱབས་ཀྱང་མཛད་


DTG168_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཞེས་བྱ་བ་འདིས་ནི་སྐྱབས་སུ་འགྲོ་བར་གསོལ་བ་འདེབས་པའོ། །རྒྱུ་གསུམ་པོ་འདི་ཐམས་ཅད་ཀྱིས་ཀྱང་སྙིང་རྗེའི་གནས་ཉིད་དུ་སྟོན་ཏེ། ཕོངས་པ་དང༌། སྡུག་བསྔལ་བ་དང༌། རྗེས་སུ་འབྲང་བ་མེད་པས་སོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་སྔར་བསྟན་པའི་སྙིང་རྗེའི་གནས་ཐམས་ཅད་ཀྱིས་སོ། །ཉམས་ཉེས་གྱུར་ཅིང་ཞེས་བྱ་བའི་ཚིགས་བཅད་འདིས་ཀྱང་སྔར་བསྟན་པའི་སྙིང་རྗེའི་གནས་ཀྱི་རྒྱུ་གསུམ་བསྟན་པ་ཡིན་ནོ། །ཉམས་ཉེས་གྱུར་ཞེས་བྱ་བ་ནི་སྡུག་བསྔལ་དང་ལྡན་པ་ཉིད་དུ་གྱུར་པའོ། །གཉེན་བཤེས་རྣམས་དང་བྲལ་ཞེས་བྱ་བ་འདིས་ནི་རྗེས་སུ་འབྲང་བ་མེད་པ་ཉིད་དོ། །ཐལ་མོ་སྦྱར་ནས་དམན་པས་གསོལ་བ་ནི། ཞེས་བྱ་བས་ནི་སྐྱབས་སུ་འགྲོ་བར་གསོལ་བ་དོན་དུ་གཉེར་བའོ། །བརྩེ་བ་གཡེལ་བར་གྱུར་ཅེས་བྱ་བ་ནི་བརྟན་པ་ཉམས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དུས་ན་དཀོན་པ་ཞེས་བྱ་བ་ནི་རྗེས་སུ་འབྲེང་བར་ཐམས་ཅད་ཀྱང་འཆི་བའི་དུས་ན་གན་དུ་འོང་བ་ནི་དཀོན་པའོ། །ཚིག་འཇམ་པོས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཡོངས་སུ་བསྐྱབ་པའི་ཡོན་ཏན་ཞེས་བྱ་བའི་དོན་ཏོ། །གཡང་སར་ལྷུང་བས་ཞེས་བྱ་བའི་ཚིགས་བཅད་འདིས་ཀྱང་སྔར་བསྟན་པའི་སྙིང་རྗེའི་རྒྱུ་གསུམ་སྟོན་ཏེ། དེ་ཡོངས་སུ་བསྐྱབ་ཅིང་བདེ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཡང་སར་ལྷུང་བས་བདག་ནི་མཐུ་མེད་ཅིང༌། །ཞེས་བྱ་བ་འདིས་ནི་སྡུག་བསྔལ་ཅན་དུ་བསྟན་ཏོ། །གཉེན་བཤེས་མེད་ཅེས་བྱ་བ་འདིས་ནི་རྗེས་སུ་འབྲང་བ་མེད་པ་ཉིད་དོ། །མ་འཇིགས་ཤིག་ཅེས་བྱ་བ་ནི་སྐྱབས་འདོད་པ་སྟེ་སྐྱབས་སྒྲུབ་པར་བསྟན་ཏོ། །རང་གི་ལུས་ལས་སྙིང་པོ་དག །ཅེས་བྱ་བ་ནི་སྙིང་པོ་མེད་པའི་ལུས་ལས་གཞན་གྱི་དོན་སྒྲུབ་པའི་སྙིང་པོའོ། །དེ་བསྟན་པའི་ཕྱིར། སྒྲུབ་པར་བྱེད་པའི་སྙིང་པོ་དག །ཅེས་བྱ་བ་སྨོས་སོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་ཆུ་ཤིང་གི་ཕུང་པོ་བཞིན་དུའོ། །ཡང་ན་རྟག་པ་དང༌། བདེ་བ་དང༌། བདག་དང༌། གཙང་བ་མེད་པའོ། །རབ་ཏུ་ལྕི་བའི་ཁུར་གྱིས་ནོན་བཞིན་ཡང༌། །ཞེས་བྱ་བ་ནི་སྡུག་བསྔལ་བར་གྱུར་ཀྱང་སྙིང་སྟོབས་ཆེ་བས་བརྟན་པ་མ་ཉམས་པའི་ཕྱིར་སྟེང་དུ་ཕྱིན་ཏོ། །རབ་ཏུ་དགའ་བར་གྱུར་ཅེས་བྱ་བ་


DTG168_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཀྱི་མི་དགའ་བ་མེད་པར་སྟོན་ཏོ། །འདི་ལྟར་སྙིང་སྟོབས་ཆེ་བས་བརྟན་པ་མ་ཉམས་པར་ཞེས་བྱ་བ་ཡིན་ཏེ། དེ་བས་ན་དེའོ། །ངལ་ཞིང་ཆད་པས་གོམས་པ་འཁྱོར་ཞིང་འདོར། །ཞེས་བྱ་བ་ནི་ལུས་ཀྱི་ཡོངས་སུ་ངལ་བ་ཡོད་པ་ཡིན་ཏེ། གང་གི་ཕྱིར་ཡང་རབ་ཏུ་ལྕི་བའི་ཁུར་གྱིས་ནོན་བཞིན་ཞེས་བྱ་བ་སྟེ་ལྕི་བའི་རྒྱུ་དེས་སོ། །ངལ་བ་སོས་པར་བྱ་ཕྱིར་ཞེས་བྱ་བ་ནི་ལུས་ཀྱི་ངལ་བ་མེད་པར་བྱ་བའི་ཕྱིར་རོ། །རང་བཞིན་ཡོངས་སུ་དག་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་ཡོངས་སུ་དག་པས། གཞན་གྱི་བསམ་པ་ཡོངས་སུ་དག་པར་འཛིན་པའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་ཕན་གདགས་པའི་ཕྱིར། དོགས་པ་མེད་པའི་རྒྱུ་བསྟན་ཏོ། །མི་ཞེས་བྱ་བ་འདིས་ནི་སྐལ་བ་མི་མཉམ་པ་ཡིན་པས། དོགས་པའི་གནས་ཉིད་དུ་བསྟན་ཏོ། །ཡང་ན་རང་བཞིན་ཡོངས་སུ་དག་པ་དེས། ཉེས་པ་བྱས་པ་དོགས་པ་མེད་པ་སྟེ། ཕན་གདགས་པའི་ཕྱིར་ཡང་བག་ཕབ་པའོ། །གཅན་གཟན་ཁྲོ་བོ་ཐགས་ཐོགས་མེད་པར་འོང༌། །ཞེས་བྱ་བ་ལ། གཅན་གཟན་ཁྲོ་བོ་འོང་བ་ནི་འབྱུང་བ་སྟེ། ནགས་ཀྱི་ཕྱོགས་སུ་འཇུག་པའི་ཕྱིར་རོ། །ཐགས་ཐོགས་མེད་པ་ནི་ཀུན་ནས་ཐར་བའི་ཕྱིར་རོ། །ངལ་བས་གཉིད་ཀྱིས་ལོག་པ་ཞེས་བྱ་བ་ནི་བདག་ཉིད་ངལ་བ་དང་གཉིད་ཀྱིས་ལོག་པ་གཉིས་ཀྱིས་གཅན་གཟན་ཁྲོ་བོ་བཟློག་པར་མི་ནུས་པ་བསྟན་པ་ཡིན་ནོ། །ངལ་ཕན་པ་འབྱུང་བ་ཡིན་པས་ངལ་ཕན་པའོ། །མི་དེ་ལམ་མཚོན་པ་གཞན་མེད་པས། ང་ཤི་བར་གྱུར་ན་ནི་གྲོགས་མེད་པའི་ཕྱིར། འགྲོ་བ་ལ་ཉམས་ཉེས་པར་འགྱུར་ཏེ། དེ་བས་ན་མི་དེ་རང་ལ་ཕན་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་ཐར་པའི་ནགས་ཀྱི་ས་ཕྱོགས་དེར། གཅན་གཟན་ཁྲོ་བོ་ཐགས་ཐོགས་མེད་པར་འོང༌། །ཞེས་བྱ་བ་ཡིན་ཏེ། ཐགས་ཐོགས་མེད་པར་འོང་བའི་ཕྱིར་རོ། །མིག་ལྟོས་ལ་བསྲུང་བར་གྱིས་ཞེས་བྱ་བ་ནི་གཅན་གཟན་ཁྲོ་བོ་དག་ལས་སོ། །ང་དང་ཁྱོད་བདག་གཉིས་ཞེས་བྱ་བ་ནི་བདག་ལ་ཕན་པ་དང༌། ཁྱོད་བདག་ཉིད་ལ་ཕན་པའི་ཕྱིར་རོ། །ང་ནི་ངལ་ཞིང་ལུས་ཀྱང་རབ་ཏུ་རྨྱ། །ཞེས་བྱ་བ་ནི་སྔར་བསྟན་


DTG168_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངལ་བ་ཉིད་དོ། །ང་ནི་ཉལ་བར་འདོད་ཅེས་བྱ་བ་ནི་སྔར་བསྟན་པའི་གཉིད་ལོག་པར་རོ། །དུལ་བ་ལྟར་ཚུལ་འཆོས་པ་ལ་མཁས་པ་དེ་ན་རེ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐྱང་པས་ནི་དེའི་ཕྱིན་ཅི་ལོག་པ་ཉིད་བསྟན་ཏེ། རབ་ཏུ་འབད་པས་རྙེད་པའི་རྩ་བ་དང༌། ཞེས་བྱ་བའི་ཚིགས་བཅད་བཞིས་བསྟན་པའོ། །རབ་ཏུ་འབད་པས་རྙེད་པ་ཞེས་བྱ་བ་ནི་བརྐོ་བ་ལ་སོགས་པའི་རབ་ཏུ་འབད་པས་སོ། །ཅི་དགར་རྙེད་པས་ཞེས་བྱ་བ་ནི་འབྲས་བུ་རྙེད་པ་དེ་གཅིག་མ་ཡིན་པ་ཉིད་དུ་བསྟན་ཏེ། རྩ་བ་དང༌། འབྲས་བུ་གཉིས་ཀྱིས་ནི་འཚོ་བ་ཙམ་ཡང་མི་ནུས་པར་བསྟན་ཏོ། །ཕན་པར་བྱས་ཀྱང་བཟའ་བ་ཉིད་དུ་བསྟན་ཏེ། འདིའི་རང་བཞིན་ནི་དེ་འདྲ་བའི་ཕྱིར་རོ། །ཕོངས་པར་གྱུར་ན་ཆོས་ནི་གྲུབ་པ་ཡིན། །ཞེས་བྱ་བ་ནི། དེའི་ཕྱིར་འཇིག་རྟེན་པ་རྣམས་ཀྱི་ཆོས་སྨྲ་བ། དྲག་པོ་དང་ནི་འཇམ་པ་སྟེ། །གང་ཡང་རུང་བའི་ལས་ཀྱིས་ནི། །བདག་ཉིད་ཕོངས་པའི་ཚེ་ན་སྤྱད། །དེ་འོག་ཆོས་ནི་སྤྱད་པར་བྱ། །ཞེས་བྱ་བ་ཡིན་ཏེ། རྒྱུ་དེའི་ཕྱིར་རོ། །ཆགས་པ་ཉིད་སྐྱོན་ཡིན་པས་ཆགས་པའི་སྐྱོན་ནོ། །དེས་རྨོངས་པའི་བློ་གང་ཡིན་པ་དེ་ནི་ཆགས་པའི་སྐྱོན་གྱིས་བློ་རྨོངས་པའོ། །བདག་ཉིད་ངན་པ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་སྙིང་རྗེ་མི་གཏོང་བའི་རྒྱུ་བཞི་མེད་པར་བསྟན་ཏེ། བདག་ཉིད་ངན་པ་ཞེས་བྱ་བ་སྨོས་ཏེ། འཇུངས་པ་མེད་པའི་རང་བཞིན་མེད་པར་བསྟན་པ་ནི། ཆགས་པའི་སྐྱོན་གྱིས་བློ་རྨོངས་པ། །ཞེས་བྱ་བ་འདིས་སོ། །རབ་ཏུ་བརྟན་པ་དང་ལྡན་པ་ཞེས་བྱ་བ་ནི་གང་སྔར་བསྟན་པ་སྟེ། སྙིང་རྗེ་མི་གཏོང་བའི་རྒྱུ་དེའི་མི་མཐུན་པའི་ཕྱོགས་སྙིང་རྗེ་དང༌། དེས་པའི་ངོ་བོ་སྤངས་ཞེས་བྱ་བས་བརྟན་པ་མེད་པར་སྟོན་ཏོ། །བྱས་པའི་དྲིན་ནི་བརྗེད་ཅེས་བྱ་བ་འདིར། སྔར་བསྟན་པའི་བྱས་པ་གཟོ་བ་དེའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །ཆོས་ཀྱི་འདུ་ཤེས་ནི་ཉམས་ཞེས་བྱ་བ་ནི། སྔར་བསྟན་པའི་ཆོས་ཀྱི་འདུ་ཤེས་ནི་མ་ཉམས་ཞེས་བྱ་བ་དེའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །བཞི་པོ་འདི་དག་སྔར་བསྟན་པ་ལྟར་མ་ཡིན་པ་ཅིའི་ཕྱིར་གོ་རིམས་འདི་ལྟར་བཀོད་ཅེ་ན། ད་ལྟར་འདི་ནི་རྐྱེན་གྱི་རྒྱུ་ལས་སྐྱེས་པའི་ཕྱིར།


DTG168_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་མི་གཟོ་བ་དང༌། ཆོས་ཀྱི་འདུ་ཤེས་ལས་ཉམས་པ་གཉིས་ཀྱི་དང་པོར། བདག་ཉིད་ངན་པ་ཆགས་པའི་སྐྱོན་གྱིས་ནི་བློ་རྨོངས། །ཞེས་བྱ་བ་སྨོས་སོ། །གཞན་ནི་སྔམ་བཞིན་ནོ། །རྒྱུ་བཞི་པོ་འདིས་ཀྱང༌། སྙིང་རྗེ་དང༌། དེས་པའི་ངོ་བོ་ཉིད་རབ་ཏུ་སྤངས་པ་ཡིན་ནོ། །ཉམ་ཆུང་བ་ཡང་ཡིན་ལ་མི་བརྟན་པ་ཡང་ཡིན་པས་ཉམ་ཆུང་མི་བརྟན་ནོ། །ཡང་ན་ཉམ་ཆུང་བས་མི་བརྟན་ཞེས་བྱ་བའི་དོན་ཏོ། །གཉིད་ལས་སངས་པར་བྱ་བའི་ཕྱིར། ཞེས་བྱ་བ་ནི་ཆེད་དུ་སྟེ། དེ་སངས་པར་བྱ་བའི་ཆེད་ལྟ་བུར་རོ། །གཉིད་སངས་པར་བྱ་བ་ནི། སད་པར་གྱུར་པའོ། །མགོ་ལ་རིལ་གྱིས་ཕོག་པར་མ་གྱུར་ཏེ། །ཞེས་བྱ་བ་ནི། དེ་བས་ན་མགོ་བོ་ཕྱེ་མར་མ་གྱུར་ཏོ། །གཞན་དུ་བརྗོད་པ་ནི་མགོ་དེ་ལ་ཕོག་པ་སྟེ། དེ་བས་ན་ཕྱེ་མར་ནི་མ་གྱུར་ཏེ་རྨ་ཕྱུང་བའོ། །མགོ་བོ་མ་ཞོམ་སྟེ་ཞེས་བྱ་བ་ནི། མགོ་ཅུང་ཟད་ཞོམ་པའོ། །སྐྱེངས་བཞིན་ཅན་དུ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་བྱས་པས་སོ། །སྐྱེངས་པར་གྱུར་པ་ནི་སྐྱེངས་པ་སྟེ། བརྩམས་པའི་ཁ་ན་མ་ཐོ་བའི་བྱ་བ་མ་ཡིན་པ་མ་གྲུབ་པས་སོ། །དེས་གཟི་ཉམས་པ་གང་ཡིན་པ་དེ་ནི་སྐྱེངས་པས་གཟི་ཉམས་སོ། །སྤོབས་པ་མེད་པ་ཞེས་བྱ་བ་ནི། འཇིགས་པ་མེད་པ་མ་ཡིན་པའོ། །དེ་བས་ན་མི་དགའ་བས་ཞུམ་པར་གྱུར་པ་ནི་མི་དགའ་སྤ་གོང་ངོ༌། །མི་དགའ་བ་ནི་གཞན་སྐྱོབ་པ་མེད་པའི་ཕྱིར་ཏེ། དེས་སྤ་གོང་བའོ། །སྐྲག་པ་ནི་བྱང་ཆུབ་སེམས་དཔས་སྐད་ཆེར་ཕྱུང་ཞིང་མཆོངས་པས་སོ། །རྒྱུ་དེས་འཇིགས་པ་དང༌། སྐྲག་པ་སྐྱེས་པ་སྟེ། དེ་བས་ན་སྐྲག་པའོ། །དུག་འབྱིན་པའི་མཚན་མ་གང་ཡིན་པ་ལུགས་ཀྱི་བསྟན་བཅོས་ལས་བརྗོད་པ་འདིར་ཡང་ངེས་པར་འབྱུང་བར་བཤད་དེ། དུག་འབྱིན་པས་ཁ་སྐམ་པ་དང༌། སྐད་འགགས་པ་དང༌། རྡུལ་འབྱུང་བ་སྟེ། མཚན་མ་འདི་དག་གཟུང་བ་ཡིན་ནོ། །སྐྱེངས་པས་གཟི་ཉམས་སྤོབས་པ་མེད་པར་གྱུར། །ཅེས་བྱ་བ་འདིས་ནི། ཁ་སྐམ་པ་བསྟན་ཏོ། །མདོག་ཀྱང་ཉམས་ཞེས་བྱ་བ་འདིས་ནི། བཞིན་མདོག་སྔོ་བར་བསྟན་ཏོ། །སྐད་འགགས་པ་ཞེས་བྱ་བ་འདིས་ནི་སྐད་འགགས་པ་ཉིད་བསྟན་ཏེ། གང་གི་ཕྱིར་གྲེ་བ་འགགས་


DTG168_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་སྐད་འགགས་པར་འགྱུར་རོ། །རྡུལ་གྱིས་གཤེར་ཞིང་ཞེས་བྱ་བ་འདིས་ནི། རྡུལ་ཉིད་བསྟན་ཏོ། །དེ་གང་གིས་ལྟ་ཡང་ཡོང་མ་ནུས། །ཞེས་བྱ་བ་འདིས་ནི་རང་གི་ལས་ཐལ་བར་བསྟན་ཏེ། གང་གི་ཕྱིར་དེའི་ཚེ་ནི་ལྟ་བ་ལ་གནས་པར་ཡང་མི་ནུས་པ་སྟེ། འདིར་ནི་འདིའི་ཁྱད་པར་རོ། །དེ་དག་གི་ནི་ལུགས་ཀྱི་བསྟན་བཅོས་ལས་བཤད་པའི་རྟགས་དག་གི་མཚན་མ་དང་བཅས་པ་ཡིན་ཏེ། འདི་དག་དང་མཚན་མ་དང་བཅས་པ་ནི་སྔར་བསྟན་པའི་རྒྱུ་དག་གོ །བློ་ལ་ངེས་པར་བྱས་ནས་ནི་འཁྲུལ་པ་མེད་པའི་རྟགས་མཐོང་བས་སོ། །བདག་ལ་ཕན་པ་ལ་ཡང་མི་ལྟ་བ་ནི། ངན་པ་དེ་ཡིན་པས་ན། བདག་ལ་ཕན་པ་ལ་མི་ལྟ་བ་ངན་པའོ། །དེ་བས་ན་བདག་ལ་ཕན་པ་ལ་མི་ལྟ་བ་དེས། ཡིད་ཆད་པ་ནི་ངན་པ་ཡིན་པའི་ཕྱིར་དང༌། ངན་འགྲོར་འགྲོ་བའི་ཕྱིར་སྙིང་རྗེ་སྐྱེས་པའོ། །འཁྲུག་པ་ནི་སེམས་ཀྱི་རྣམ་པར་འཁྲུག་པའོ། །ཁྲོ་བ་ནི་ལུས་དང༌། ངག་གི་འགྱུར་བའོ། །ཁྲོ་བ་དང༌། འཁྲུག་པ་ལས་བྱུང་བའི་སྐྱོན་ནི། །ཁྲོ་བ་འཁྲུག་པའི་སྐྱོན་ནོ། །མེད་པ་ནི་ཁྲོ་བ་དང༌། འཁྲུག་པའི་སྐྱོན་གང་གིས་མེད་པ་དེ་ནི་ཁྲོ་བ་དང༌། འཁྲུག་པའི་སྐྱོན་མེད་པ་སྟེ། ཡིད་ཆད་པའི་ཕྱིར་ཁྲོ་བ་དང༌། འཁྲུག་པའི་སྐྱོན་ཡོངས་སུ་སྤངས་པའོ། །སྙིང་རྗེ་སྐྱེས་པའི་ཕྱིར་མིག་མཆིམས་གང་བའོ། །འདི་འདྲ་བ་དག་ཅེས་བྱ་བ་ནི་ལས་འདི་འདྲ་བར་བྱས་པའོ། །ཇི་ལྟར་ཞེས་བྱ་བ་ནི་སེམས་ཀྱིས་བསྐུལ་བར་སྟོན་པ་ཡིན་ནོ། །བྱ་བ་ཇི་ལྟར་ཞེས་བྱ་བ་འདིས་ནི་སེམས་ཀྱིས་ངེས་པར་བྱས་པའོ། །ཇི་ལྟ་བུར་ཡང་བརྩམས་པར་གྱུར། །ཅེས་བྱ་བ་ནི་ཡང་དག་པར་དཔྱད་པའོ། །དེ་ལ་རེ་ཞིག་དང་པོ་ནི་སེམས་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་ཏེ། བྱའམ་མི་བྱ་ཞེས་བྱ་བ་དང༌། འདི་ནི་དེ་བཞིན་དུ་བྱའོ་ཞེས་པ་དང༌། དེའི་འོག་ཏུ་འདི་ནི་ངེས་པར་འདི་ལྟར་བྱའོ་ཞེས་སེམས་པ་ལ་འཇུག་པ་ཡིན་ནོ། །དེའི་འོག་ཏུ་སེམས་པས་ལུས་དང༌། ངག་གི་ལས་ལ་འཇུག་པར་བྱེད་དོ། །འདི་ནི་རིམ་པ་མ་ཡིན་པའི་ཚུལ་དུ་བསྟན་ཏེ། །ཇི་ལྟར་ཞེ་ན། འདི་འདྲ་བདག་ལ་ཁྱོད་ཀྱིས་བྱས། །ཞེས་བྱ་བ་དེའི་ལས་མཐོང་བས་ངོ་མཚར་རྟོགས་ནས་དྲིས་པ་ཡིན་ཏེ། རྒྱུ་ནི་རེ་ཞིག་གཞག་གི་བསམ་པ་ཉིད་ཀྱང་དཀའ་ན་དེ་བྱེད་


DTG168_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་སྨོས་ཀྱང་ཅི་དགོས། བསམ་པ་ལྟར་རེ་ཞིག་བཞག་ན་དཔྱད་ཅིང་བྱའོ་ཞེས་བྱ་བ་དེ་ཉིད་ཀྱང་ཤིན་ཏུ་དཀའ་བ་ཡིན་པས་ངོ་མཚར་དུ་རྟོགས་ནས་དྲིས་པ་ཡིན་ཏེ། དེ་བས་ན་འདི་དག་གི་རིམ་པ་ནི་གོ་རིམས་བཞིན་དུ་བསྟན་པའོ། །ཇི་ལྟ་བུར་ཡང་བརྩམས་པར་གྱུར། །ཅེས་བྱ་བ་དེའི་དཀའ་བའི་རྒྱུ་བསྟན་པའི་ཕྱིར། ང་ལ་གནོད་པ་བྱེད་པ་ནི། །ཞེས་བྱ་བ་སྨོས་ཏེ། ང་ལ་གནོད་པ་བྱེད་པ་དེ་དང་འབྲེལ་པ་གཞན་དག་གོ །བརྩོན་འགྲུས་རབ་ཏུ་བསྐྱེད་ནས་ཀྱང༌། །དེའི་མཐུ་རྩལ་གང་ཡིན་བ་དེ་ནི། བརྩོན་འགྲུས་རབ་ཏུ་བསྐྱེད་པའི་མཐུ་རྩལ་ཆེན་པོའོ། །བཟློག་པ་ནི་དགག་བར་རིགས་པའོ། །དེ་བས་ན་ཁྱོད་ཀྱིས་ཁྱད་པར་དུ་ཆེ་བའི་དཀའ་བ་བྱས་སོ་ཞེས་བྱ་བ་སྟོན་པ་ཡིན་ནོ། །བདག་གིས་དཀའ་བ་སྤྱད་དོ་སྙམ། །ཞེས་བྱ་བའི་ཚིགས་བཅད་དོ། །བཟང་པོ་ཁྱོད་ནི་མིར་གྱུར་ཀྱང༌། །ཞེས་བྱ་བའི་ཚིགས་བཅད་གཉིས་ཀྱི་དོན་ཡང་ངོ་མཚར་ཆེ་བར་རྟོགས་པ་དེ་བསྟན་པ་དང༌། དེ་བསྒྲུབ་པའི་ཕྱིར་རོ། །བདག་གིས་དཀའ་བ་སྤྱད་དོ་སྙམ། །ཞེས་བྱ་བའི་ཚིགས་བཅད་དེ་བསྒྲུབ་པའི་ཕྱིར་རོ། །འཆི་བདག་ཁ་ཡི་ནང་འདྲ་བའི། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བདག་གིས་དཀའ་བ་སྤྱད་དོ་སྙམ། །ང་ནི་ང་རྒྱལ་སྐྱེས་པར་གྱུར། །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། འདི་ལྟར། འཆི་བདག་ཁ་ཡིན་ང་འདྲ་བ། །འཇིག་རྟེན་གཞན་ནས་བླངས་པ་བཞིན། །ཞེས་བྱ་བ་སྟེ། དེ་བས་ན་ང་རྒྱལ་སྐྱེས་པར་གྱུར་པའོ། །ཧ་ཅང་དཀའ་བ་ཁྱོད་སྤྱོད་ཀྱིས། །དེ་ཡང་རིང་དུ་སྤངས་པར་གྱུར། །ཅེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། འདི་ལྟར། གཡང་ས་འདི་ནས་ངས་ཕྱུང་ན། །ཁྱོད་ནི་གཞན་དུ་ལྷུང་བར་གྱུར། །ཅེས་བྱ་བ་སྨོས་པའོ། །གཡངས་འདི་ནས་ཕྱུང་བ་ནི། །འདིའི་རྩ་བའི་གཡང་ས་ནས་ཕྱུང་བའོ། །གཞན་དུ་ལྷུང་བ་ནི་ངན་སོང་གི་སྐྱེ་བའི་ངོགས་ཀྱི་གཡང་སར་རོ། །དེ་ལྟ་བུའི་དཀའ་བ་སྤྱད་པ་འདིའི་རྒྱུ་གང་ཡིན་ཞེ་ན། དེའི་རྒྱུ་བསྟན་བའི་ཕྱིར། སྤྱོད་པ་ངན་བ་ཁྱོད་ཅི་རུང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྤྱོད་པ་ངན་པ་ནི། འཇུག་པ་ངན་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྤྱོད་བ་ངན་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་སྨྲས་པ། ཤིན་ཏུ་མི་བཟད་པའི་སྤྱོད་པ་ངན་པའོ། །ཇི་ལྟ་བུ་ཞེ་ན། དེ་བསྒྲུབ་པའི་ཕྱིར། གང་གིས་


DTG168_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་རྣམས་སུ་ལྷུང༌། །ཞེས་བྱ་བ་ཡིན་ནོ། །འགྲོ་བ་གང་ལྷུང་ཞེ་ན། སྨྲས་པ། བདེ་བ་འདོད་པ་རྣམས་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བ་འདོད་པས། །སྡིག་པ་རྣམས་བྱེད་དེ། དེ་ནི་མི་ཤེས་པ་ཞེས་བྱ་བས་བསྟན་ཏོ། །གང་གིས་སྡུག་བསྔལ་རྣམས་སུ་ལྷུང༌། །ཞེས་བསྟན་པ་དེའི་སྡུག་བསྔལ་གྱི་རྣམ་པ་དུ་ཞེ་ན། དེའི་སྡུག་བསྔལ་གྱི་རྣམ་པ་བསྟན་པའི་ཕྱིར། བདག་ཉིད་ངན་འགྲོ་རྣམས་སུ་ལྷུང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྡུག་བསྔལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་ཕ་རོལ་གྱི་འགྲོའི་སྡུག་བསྔལ་དང༌། མཐོང་བའི་ཆོས་ལ་བྱས་པའི་སྡུག་བསྔལ་ལོ། །ངན་འགྲོ་རྣམས་སུ་ལྷུང་ཞེས་བྱ་བ་ནི། བདག་ཉིད་ཀྱི་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལོ། །ད་ནི་མཐོང་བའི་ཆོས་ཀྱི་བདག་གིས་ཉེས་པར་བྱས་པའི་སྡུག་བསྔལ་ཡིན་ཏེ། ང་ལའང་མྱ་ངན་མེ་ཡིས་གཏོར། །ཞེས་བྱ་བ་སྟེ། མཐོང་བའི་ཆོས་ལ་བྱས་པའི་སྡུག་བསྔལ་ལོ། །བདག་ཉིད་ཀྱི་མཐོང་བའི་ཆོས་ཀྱི་སྡུག་བསྔལ་ཡང་རྣམ་པ་གཉིས་ཏེ། གྲགས་པའི་དཔལ་ནི་མེད་པར་བྱས། །ཞེས་བྱ་བ་འདིས་ནི། སྔར་བཤད་པའི་གྲགས་པ་ཉམས་པའི་སྡུག་བསྔལ་བསྟན་ཏོ། །ཡོན་ཏན་ལ་དགའ་བ་ནི་ཡོན་ཏན་ལ་དགའ་བའོ། །འགལ་བར་གྱུར་པ་ནི་ཉམས་པར་བྱས་པའོ། །ཇི་ལྟར་གྲགས་པའི་དཔལ་ཉམས་པར་བྱས་ཤེ་ན། དེ་སྨྲས་པ། ངན་པར་སྨྲ་བའི་གཞིར་ཡང་གྱུར། །ཅེས་བྱ་བ་ཡིན་ཏེ། ངན་པར་སྨྲ་བའི་གཞིར་འགྲོ་བའི་རྒྱུའོ། །ཇི་ལྟར་ཡོན་ཏན་ལ་དགའ་བ་འགལ་བར་གྱུར་ཅེ་ན། སྨྲས་པ། ཡིད་ཀྱང་བརྟན་དུ་མ་རུང་ངོ༌། །ཞེས་བྱ་བ་ཡིན་ཏེ། ཡིད་བརྟན་པ་ཉམས་པའི་རྒྱུས་སོ། །དོན་ནི་ཅི་ཞིག་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། དེ་ལྟར་འཇིག་རྟེན་གཉིག་ལ་མི་ཕན་པའི་ལས་བྱས་པས་དོན་ཅེ་ཞིག་འགྲུབ་པར་འགྱུར་བའོ། །ཇི་ལྟར་འདི་ཉིད་ང་ཡི་ཡིད་ལ་གནོད་གྱུར་པ། ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། སྨྲས་པ། སྡིག་པ་ཅན་དུ་གྱུར་པ་ཞེས་བྱ་བ་ཡིན་ཏེ། འདིར་ངན་པར་སྤྱོད་པའོ། །ངན་པར་སྤྱོད་པ་འདི་ནི་ངས་མེད་པར་བྱ་བར་མི་ནུས་ཏེ། འདི་མེད་པར་ཞེས་སྨོས་སོ། །ངན་པར་སྤྱོད་པ་འདི་ཇི་ལྟར་མེད་པར་གྱུར་


DTG168_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའི་འབྲས་བུ་རྗེས་སུ་མྱོང་བས་དེའི་འབྲས་བུ་མྱོང་བ་བསལ་བར་མི་ནུས་སོ། །བརྟེན་དུ་མི་རུང་དོགས་པར་གྱུར་ཀྱང་ཞེས་བྱ་བ་དེ་བཤད་པའི་ཕྱིར། ཁྱོད་ནི་གཅིག་པུ་ལུས་ཀྱང་ཉམ་ཆུང་ལ། །ཞེས་བྱ་བའི་ཚིགས་བཅད་འདིའི་ཕྱེད་དང་པོས་བསྟན་ཏོ། །རྒྱུ་བཞིས་དོགས་པར་གྱུར་པ་ཡིན་ཏེ། གྲོགས་མེད་པའི་ཕྱིར་དང༌། བདག་ཉིད་ཉམ་ཆུང་བའི་ཕྱིར་དང༌། ལམ་མི་ཤེས་པའི་ཕྱིར་དང༌། འཇིགས་པ་དང་བཅས་པའི་གནས་སུ་འཁྱམ་པའོ། །གང་དང་ལྷན་ཅིག་འགྲོ་བ་དང༌། གང་འགྲོ་ཞིང་སྟོབས་དང་ལྡན་པ་དང༌། གང་ནས་འགྲོ་བ་ཤེས་པ་དང༌། གང་གནས་སུ་འགྲོ་བ་སྟེ། སྐྱོན་བཞི་པོ་འདི་དག་དང་ལྡན་པའི་ཕྱིར་དོགས་པར་འགྱུར་བ་ཡིན་ཏེ། གང་དོགས་པ་དེ་ལ་བརྟེན་ཏོ། །གང་ལས་དོགས་པ་དེ་ལས་བརྩམས་ཏེ། འགའ་ཞིག་འོངས་ནས་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་ཅེས་བྱ་བ་གཅན་གཟན་ཁྲོ་བོ་རྣམས་ལའོ། །དགོན་པ་བགྲོད་དཀའ་འཇིགས་པ་འོང་ལ་ཞེས་བྱ་བ་གྲོང་གི་གན་དུ་ཕྱིན་པའོ། །ཇི་ལྟར་གྲོང་གི་གན་དུ་ཕྱིན་པར་ཤེས་པར་བྱ་ཞེ་ན། དགོན་པ་དང་ནགས་ཀྱི་མཐའ་ཡིན་པའི་ཕྱིར་རོ། །བདེ་བར་སོང་ཞེས་བྱ་བ་འཇིགས་པ་མེད་པར་ཅི་བདེར་དེངས་ཤིག་པའོ། །སྡིག་པའི་ལས་ཀྱང་ཡོངས་སུ་སྤང་བར་འབད་པར་གྱིས། །ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ནི་ངེས་པའི་ཕྱིར་རོ། །འགྱོད་པའི་མེ་ཞེས་བྱ་བ་དང༌། མཛེའི་ནད་ཅེས་བྱ་བ་འདི་གཉིས་ཀྱིས་ནི་མིང་དང༌། གཟུགས་ལུས་ཀྱི་སྡུག་བསྔལ་བསྟན་ཏེ། དེའི་ལས་དང༌། སྡིག་པ་མཐོང་བའི་ཆོས་ཉིད་ལ་དེ་ལྟར་སྡུག་བསྔལ་བར་འགྱུར་བ་ལས་བརྩམས་ཏེ། དེའི་ལས་ལུས་འཇིག་པ་ལ་ནི་མི་སྤྱོད་པས་སོ། །རྨའི་ཞིགས་བ་ནི་རྨ་ཞིགས་པའོ། །རྨའི་ཆུ་འཛག་པ་ནི་རྨ་ཞིགས་པའི་ཆུ་སེར་རོ། །དེས་གཤེར་བའི་ལུས་གང་ཡིན་པ་དེ་ནི་རྨ་ཞིགས་པའི་ཆུ་སེར་གྱིས་ལུས་གཤེར་བར་གྱུར་པའོ། །སྔངས་ཤིང་ངོ་མཚར་དུ་གྱུར་ཏེ་ཞེས་བྱ་བ་ནི་དེའི་འཇིགས་སུ་རུང་བས་སོ། །ངོ་མཚར་ཆེར་བཟུང་སྟེ་ཞེས་བྱ་བ་ནི་མི་མ་ཡིན་པར་ཡིད་ཆེས་སུ་མི་རུང་བའི་གཟུགས་ཡོད་པས་སོ། །སྐྱ་བསེང་ནི་ཕྱོགས་གང་ན་མཛེ་དང༌། ཤ་བཀྲའི་ནད་མེད་པའི་ཕྱོགས་དེ་ནའོ། །སྐྲ་ནི་རྡུལ་


DTG168_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་ཞིང་གཡེངས། །ཞེས་བྱ་བ་ནི་གློ་བུར་གྱི་དྲི་མས་གོས་པ་ཉིད་དུ་བསྟན་ཏོ། །ཅིག་ཤོས་ནི་ལྷན་ཅིག་སྐྱེས་པ་ལས་གྱུར་པའོ། །ཡང་ན་སྡངས་ཤིང་ངོ་མཚར་དུ་བཟུང་སྟེ། དྲིས་པ་ཞེས་བྱ་བ་ནི་སྔངས་པས་ཚུལ་དང་བྲལ་བའི་ཕྱིར། རྨི་ཡིན་པར་ཡིད་མ་ཆེས་པས་ངོ་མཚར་ཆེར་གཟུང་སྟེ། གནས་སྐབས་འདི་ལྟ་བུ་རྟོགས་པར་བྱ་བའི་ཕྱིར་རོ། །དྲི་བའི་སྦྱོར་བའོ། །འབྲས་བུ་གཞན་ནི་སླད་ཀྱིས་མཆི། །ཞེས་བྱ་བ་ནི་ངན་འགྲོར་འགྲོ་བའི་འབྲས་བུ་སྟེ། བྱམས་ལ་སྙིང་རིང་བྱས་པ་ཞེས་བྱ་བའི་ཚིགས་བཅད་ཡིན་ནོ། །བྱམས་ལ་སྙིང་རིང་བས་ནི་འཇིག་རྟེན་གཉི་གར་མི་བཟད་པའི་འབྲས་བུ་བསྟན་པའི་ཕྱིར། དེ་བས་བྱམས་ལ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར། གྲོགས་པོ་གསུམ་དུ་སྒྲུབ་པའི་བྱེ་བྲག་གིས་འཛིན་དུ་གཞུག་པ་ཡིན་ནོ། །མཛའ་བོ་དག་ལ་ལོག་པར་སྒྲུབ་པའི་ཉེས་དམིགས་བསྟན་པའི་ཕྱིར། བྱམས་ཕ་རྣམས་ལ་སྡང་བར་སྤྱོད་པའི་ཚུལ་བཟུང་ན། ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འཇིག་རྟེན་གཉི་ག་ལ་ཕན་པ་ཉིད་དུ་བསྟན་པའི་ཕྱིར། མཛའ་བོ་རྣམས་ལ་སེམས་ཤིང་བྱམས་པས་གྲགས་བ་འཐོབ། །ཅེས་བྱ་བའི་ཚིགས་བཅད་སྨོས་ཏེ། མཛའ་བོ་རྣམས་ལ་ལེགས་པ་སྒྲུབ་པའི་ཕན་ཡོན་བསྟན་པའི་ཕྱིར་ཏེ། ཕན་ཡོན་ཡང་རྣམ་པ་གཉིས་ཏེ། ཚེ་འདིའི་ངང༌། ཚེ་ཕྱི་མའི་འོ། །ཚེ་ཕྱི་མའི་མཐོ་རིས་འཐོབ་པར་འགྱུར་ཞེས་བྱ་བ་ཡིན་ཏེ། འདི་ན་ཕྱི་མའི་ཕན་ཡོན་ནོ། །དང་པོ་ཚེ་འདིའི་ཕན་ཡོན་ལ་ནི་བདག་དང༌། གཞན་གྱི་རྣམ་པ་གཉིས་ཏེ། མཐོང་བའི་ཆོས་ལ་ཡིད་དགའ་བ་ནི་བདག་གི་ཕན་ཡོན་ཏེ། འཆི་བའི་དུས་སུ་ཡིད་ལ་གཅགས་པ་མེད་པས། བདག་ཉིད་ཡིད་དགའ་བར་འགྱུར་རོ། །གཞན་དང་འབྲེལ་པའི་ཕན་ཡོན་ནི་རྣམ་པ་གསུམ་སྟེ། ཐ་མལ་བ་དང༌། མཛའ་བཤེས་དང༌། དགྲའོ། །དེ་ལ་ཐ་མལ་པའི་ཕན་ཡོན་གྱི་དབང་དུ་བྱས་ནས་གྲགས་པ་འཐོབ་པ་དང༌། ཡིད་བརྟན་པ་སྟེ། ཐ་མལ་པ་དག་ལས་མ་བཏང་བ་ནི། །ཡིད་ཀྱི་ལས་ཀྱི་ཕན་ཡོན་ནོ། །རིམ་གྲོ་བྱེད་པའི་བདེ་བ་དང༌། དན་གྲོགས་བྱེད་པའི་ཡོན་ཏན་ནི་མཛའ་ཤེས་ལས་


DTG168_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པ་སྟེ། ལུས་ཀྱི་ལས་ཀྱི་ཕན་ཡོན་ནོ། །རིམ་གྲོ་བྱེད་ཅིང་བདེ་བ་འདོད་པ་བསྟན་པ་ལ་སོགས་པས་དན་གྲོགས་བྱེད་པའི་ཡོན་ཏན་ནི་གྲོགས་པོ་དམན་པ་དག་ལས། རིམ་གྲོ་ཤས་ཆེར་འཐོབ་པའི་ཕན་ཡོན་ནོ། །དགྲ་རྣམས་ཀུན་གྱིས་མི་ཚུགས་པ་ནི་དགྲའི་ཕན་ཡོན་ནོ། །བྱམས་པའི་ཕྱོགས་ལ་ལེགས་ནོངས་ཅི་བགྱིས་པའི། །ཞེས་བྱ་བའི་ཚིགས་བཅད་འདི་ནི་སྔར་བཤད་པའི་དོན་གྱི་མཇུག་སྡུད་པ་ཡིན་ཏེ། བྱམས་པའི་ཕྱོགས་ཞེས་བྱ་བའི་ཚིགས་བཅད་ཀྱི་དང་པོ་ཕྱེད་ཀྱིས་ནི། ཡིད་ཀྱིས་མཁྱེན་ཅིང་རིག་པར་བྱ་བ་སྟེ། ཡིད་ཀྱི་ལས་ཀྱིས་བསྟེན་ཅིག་པའོ། །སྐྱེ་བོ་དམ་པ་འདོད་པའི་ལམ་ལ་ཞེས་བྱ་བ་ནི། ལུས་དང༌། ངག་གི་སྒྲུབ་པ་ཡིན་ནོ། །ལམ་དེར་སོང་ན་འབྱོར་པ་རྗེས་སུ་འབྲང༌། ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་ཀྱི་ཕན་ཡོན་ནོ། །ལེགས་ནོངས་ཅི་བགྱིས་པའི་མཐུ་རྣམས་གྲུབ་པ་ཞེས་བྱ་བ་ལ། ནོངས་པ་བགྱིས་པའི་མཐུ་རྣམས་གྲུབ་པ་ཞེས་བྱ་བ་ནི་བྱམས་པ་རྣམས་ལ་སྡང་བར་སྤྱོད་པའི་ཚུལ་བཟུང་ན་ཞེས་བྱ་བའི་ཚིགས་བཅད་དེར་ཉེས་དམིགས་བསྟན་པའོ། །ལེགས་པ་བགྱིས་པའི་མཐུ་རྣམས་གྲུབ་པ་ནི། །མཛའ་བོ་རྣམས་ལ་སེམས་ཤིང་བྱམས་པས་གྲགས་པ་འཐོབ། །ཅེས་བྱ་བ་དེས་ཕན་ཡོན་བསྟན་ཏོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་སྤྲེའུ་ཆེན་པོའི་སྐྱེས་པའི་རབས་སོ།། །།གང་ན་མི་དང་བྲལ་ཞིང་རྒྱུན་ལུགས་མེད་པའི་འབྲོག་དགོན་པའི་ཕྱོགས་ནི་མིའི་རྒྱུན་ལུགས་མེད་པའོ། །གང་གི་ཕྱིར་སྒྲ་མེད་པ་དེ་ནི་སྒྲ་མི་གྲག་པ་སྟེ། མིའི་རྒྱུན་ལུགས་མེད་པའང་ཡིན་པས་མིའི་རྒྱུན་ལུགས་མེད་ཅིང་སྒྲ་མི་གྲག་པའོ། །རྩྭ་སྟུག་པོའི་ནང་དུ་ཤིང་གི་རྩ་བ་ལྡམ་ལྡུམ་ནུབ་པ་གང་ཡིན་པ་དེ་དག་ནི་ཤིང་གི་རྩ་བ་དང༌། ལྡུམ་བུ་མང་པོ་རྩ་སྟུག་པོའི་ནང་དུ་ནུབ་པའོ། །གང་དུ་དེ་མེད་པ་ནི་ཤིང་གི་རྩ་བ་དང༌། ལྡུམ་བུ་ནུབ་པ་དེ་ནའོ། །འགྲོན་པོ་རྣམས་དང༌། ཤིང་རྟ་དང༌། བཞོན་པ་ནི་འགྲོན་པོ་རྣམས་ཀྱི་ཤིང་རྟ་དང་བཞོན་པའོ། །དེ་རྣམས་ཀྱི་རྐང་པ་ནི་འགྲོན་པོ་རྣམས་ཀྱི་ཤིང་རྟ་དང་བཞོན་པའི་རྐང་པ་སྟེ་དེས་སོ། །སྲོལ་གྱི་མཚམས་བཏོད་པ་ནི་སྲོལ་བཏོད་པ་སྟེ། ལམ་སྲོལ་བཏོད་པ་ནི་


DTG168_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྲོལ་བཏོད་པའོ། །མ་བཏོད་པའི་ལམ་གྱི་སྲོལ་གང་ཡིན་པའི་ས་ཕྱོགས་ནི་ས་ཕྱོགས་དེ་སྟེ། ས་གཞིའི་ཕྱོགས་དེ་ལམ་གྱི་སྲོལ་མ་བཏོད་པ་དེ་ནའོ། །འབབ་ཆུ་འབབ་པ་དང༌། གྲོག་མཁར་དང༌། གད་ས་རྣམས་ནི་འབབ་ཆུ་དང༌། གྲོག་མཁར་དང༌། གད་པ་དག་གོ །དེ་དག་གི་ས་ཕྱོགས་ནི་མི་བདེ་བ་གང་ཡིན་པའི་དགོན་པའི་ཕྱོགས་དེ་ནི་འབབ་ཆུ་འབབ་པ་དང༌། གྲོག་མཁར་དང༌། གད་པ་དག་གིས་ས་ཕྱོགས་མི་བདེ་བ་ཡོད་པ་དེ་ནའོ། །ལུས་དང་ལྡན་པ་ཞིག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་ལུས་དང་བཅས་པར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །རི་དགས་གཟུགས་ཅན་ཞེས་བྱ་བ་ནི་སྔར་བསྟན་པའི་རི་དགས་ཤར་བྷར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །རི་དགས་གཅིག་པུར་གྱུར་པ་མ་ཟད་དེ། དེ་གསལ་བར་བྱ་བའི་ཕྱིར་སྔར་བསྟན་པའི་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་ཅེས་བྱ་བ་སྟེ། ཇི་ལྟར་མི་བྱེད་ཅེ་ན། དཀའ་ཐུབ་ཅན་བཞིན་སྲོག་ཆགས་རྣམས་ལ་བརྩེ། །ཞེས་བྱ་བ་ཡིན་ཏེ། གཞན་ནི་སྔ་མ་བཞིན་ནོ། །ཡུལ་དེ་ལ་དབང་བའི་རྒྱལ་པོ་ཞེས་བྱ་བ་ནི། དགོན་པའི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པའི་འོ། །རྟ་དང༌། གླང་པོ་ཆེ་དང༌། ཤིང་རྟ་དང༌། རྐང་ཐང་གི་ཚོགས་རྒྱང་རིང་པོར་ལུས་བཞིན་དུ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་ཐག་རིང་དུ་བོར་ཞེས་བྱ་བའི་དོན་ཏོ། །ཕྱུང་ནས་ཞེས་བྱ་བ་ནི་རལ་ནས་བླངས་པའོ། །གང་གིས་མདའ་མདེའུ་རྣོན་པོ་ཅན་དེ་ཕྱུང་བ་ནི་མདའ་མདེའུ་རྣོན་པོ་ཅན་ཕྱུང་བའོ། །གྱ་ཚོམ་དུ་རྒོལ་བ་སྤང་བ་གང་ཡིན་པ་དེ་ནི་གྱ་ཚོམ་དུ་རྒོལ་བ་སྤངས་པ་སྟེ། རྒོལ་བ་སྤངས་པ་ནི་བདག་ལ་ལྟོས་པ་མེད་པའི་ཕྱིར། རྒོལ་བ་སྤངས་པའོ། །ལམ་ཀ་ན་ཞེས་བྱ་བ་ནི་ཉེ་བ་ན་ཡོད་པའོ། །ཐོག་ནས་ལྷུང་བ་ནི་བསྐྱུར་བའོ། །ཅིའི་ཕྱིར་རྟ་ལས་ལྷུང་ཞེ་ན། དེམ་མཐོང་བ་ཡིན་ཏེ། མ་མཐོང་བ་ཡིན་པ་དེའི་རྒྱུ་བསྟན་པའི་ཕྱིར། མིག་ནི་རི་དགས་དེ་ལ་ཡེངས། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་དང་པོས་བསྟན་ཏོ། །ཤིན་ཏུ་བརྟན་པར་རྟ་ལ་ཆགས་ཀྱང་ཅིའི་ཕྱིར་ལྷུང་ཞེ་ན། དེའི་རྒྱུ་བསྟན་པའི་ཕྱིར། ཚིགས་བཅད་ཕྱེད་འོག་མའོ། །སླར་བལྟས་པ་དང་ཞེས་བྱ་བ་ནི། གདོང་ཕྱིར་བསྒྱུར་ཏེ་བལྟས་ན་ཞེས་བྱ་བའི་དོན་ཏོ། །ངལ་


DTG168_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བསོ་བའི་ཆེད་དུ་རྟ་ལས་བབས་ཞེས་བརྟགས་པ་སྟེ། འདིར་ཡང་བབས་པ་བརྟགས་པའི་ཕྱིར། འདི་ན་གབ་ཏུ་རུང་བའི་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་སྨོས་ཏེ། འདི་ན་རྩ་སྟུག་པོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་གཞན་གྱི་དགོས་པས་བབས་སོ། །ཞེས་བྱ་བ་དེའི་དགོས་པ་ཡང་མེད་དེ། མ་མཐོང་བས་སོ། །དེ་ལྟར་ངེས་པར་བྱས་ནས་སྙིང་རྗེ་སྐྱེས་པར་གྱུར་ཏོ། །དེ་ཉིད་རྒྱལ་མཚན་བཟང་པོའི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བཞིས་ནི་ཕུན་སུམ་ཚོགས་པ་དང་བྲལ་བ་དང༌། སྡུག་བསྔལ་དང་ཕྲད་པའི་དབང་དུ་བྱས་པ་སྟེ། དེ་ནས་ཚིགས་བཅད་གཉིས་ཀྱིས་ནི་ཕུན་སུམ་ཚོགས་པ་དང་བྲལ་བའི་དབང་དུ་བྱས་པའོ། །ཕུན་སུམ་ཚོགས་པ་ཡང་བསོད་ནམས་ཀྱི་འབྲས་བུས་དབྱེ་བས་གསུམ་དུ་སྦྱར་ཏེ། བཟོད་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་དང་བྲལ་བའི་དབང་དུ་བྱས་ནས། དེ་ཉིད་རྒྱལ་མཚན་བཟང་པོའི་ཞེས་བྱ་བའི་ཚིགས་བཅད་འདི་ཡིན་ཏེ། ཕྱི་བཞིན་བསྐྱལ་ཞིང་ཞེས་བྱ་བ་འདིས་ནི། གཡོག་འཁོར་ཕུན་སུམ་ཚོགས་པར་གཟུང་ངོ༌། །མཛེས་པའི་གདུགས་ཀྱིས་བསྐྱབས་ཞེས་བྱ་བ་དང༌། གཡག་རྔའི་བསིལ་ཡབ་གཡོབ་པས་མཛེས་པར་བྱས། ཞེས་བྱ་བས་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཚོགས་ཀྱི་འབྲས་བུ་དང་བྲལ་བའི་དབང་དུ་བྱས་པའོ། །སྐྱེ་བོ་མང་པོས་བཀུར་བའི་ལྷ་ཡི་དབང་པོ་བཞིན། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་ནི། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་དང་བྲལ་བའི་དབང་དུ་བྱས་པའོ། །དེ་རིང་ཁོ་ནར་གཡང་ས་ཆེན་པོར་ལྷུང༌། །ཞེས་བྱ་བ་ནི་སྡུག་བསྔལ་དང་ཕྲད་པའི་དབང་དུ་བྱས་པའོ། །ཡན་ལག་གྲུགས་པར་གྱུར་ཅེས་བྱ་བ་ནི། ཡན་ལག་གྲུགས་པ་དེ་མེད་ཀྱང་བརྒྱལ་བར་གྱུར་པའམ། དེ་མེད་ཀྱང་མྱ་ངན་བྱེད་པ་སྟེ། དེ་བས་ན་གཡང་ས་འདི་ལས་བདག་ཉིད་ཀྱིས་ཐར་བར་མི་ནུས་པའི་ཕྱིར་རོ། །མྱ་ངན་བྱེད་དོ་ཞེས་བསྟན་པ་ལ། ཇི་ལྟར་དེ་མྱ་ངན་བྱེད་པར་འགྱུར་ཞེན། དེ་བསྟན་པའི་ཕྱིར། སྡུག་བསྔལ་མ་མྱོང་རབ་ཏུ་གཞོན་ཤ་ཅན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །


DTG168_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མ་རབས་རྣམས་ལ་རྨ་རྙིང་སོས་འདྲ་བར། །ཞེས་བྱ་བས་ནི་སྡུག་བསྔལ་སྐྱེས་པ་ཡིན་ནོ། །སྲོག་གི་ལྷག་མ་ཙམ་ཞིག་ལུས་སུ་ཟིན་ཀྱང་ཞེས་བྱ་བ་ནི་ངེས་པར་འཆི་བ་ཉིད་དེ། གཡང་ས་ཟབ་པའི་ཕྱིར་རོ། །སྙིང་རྗེས་སེམས་དྲངས་ནས་ཞེས་བྱ་བ་ནི་ཕུན་སུམ་ཚོགས་བ་དང་བྲལ་བ་དང། སྡུག་བསྔལ་གྱི་རྒྱུས་སྙིང་རྗེ་བའོ། །དེ་ནི་འཐབ་བེར་ནི་རྡུལ་གྱིས་གཡོགས་ཐོད་བཅིངས་པ་ནི་ཞིག་ཅེས་བྱ་བ་འདིས་ནི། ལུས་ལ་གྱོན་པའི་གོས་དག་འགྱུར་བར་སྟོན་ཏོ། །གཡངས་ནས་ལྷུང་སྟེ་སྣད་པའི་ཚོར་བ་མྱོང་བ་ནི་སེམས་ལ་ཁྱབ་པར་གྱུར་ཅེས་བྱ་བ་འདིས་ནི་ལུས་ཀྱི་སྡུག་བསྔལ་དེས་བྱས་པའི་སེམས་ཀྱི་སྡུག་བསྔལ་ལོ། །འདུག་པ་ཞེས་བྱ་བ་ནི་དེ་ལྟར་གྱུར་པས་འགྲོ་བའི་སྐབས་མེད་དོ། །ཞེས་བྱ་བའི་དོན་ཏོ། །འགྲོ་བ་ནི་འགྱུར་ལྡོག་ཉེ་བར་བྱེད་པའོ། །དེའི་སྡུག་བསྔལ་ཡིན་པས་དེའི་སྡུག་བསྔལ་ཏེ། རྒྱལ་པོ་དེའི་སྡུག་བསྔལ་ཞེས་བྱ་བའི་དོན་ཏོ། །དེའི་སྡུག་བསྔལ་ཐུན་མོང་ཉིད་དུ་གྱུར་པ་ནི། དེའི་སྡུག་བསྔལ་གྱི་རྒྱུས་ཐུན་མོང་དུ་གྱུར་པའོ། །ཡ་རབས་ཀྱི་ཚུལ་བཞིན་དུ་སྐྱེ་བོ་དགེ་བའི་རང་བཞིན་སྟོན་པར་བྱེད་པའི་ཚིག་དེ་བསྒྲུབ་པའི་ཕྱིར། རྒྱལ་པོ་ཆེན་པོ་སྣད་པར་མ་གྱུར་ཏམ། །ཞེས་ཚིགས་བཅད་སྨོས་སོ། །དེ་ལ་ཡ་རབས་ཚུལ་བཞིན་ཞེས་བྱ་བ་ཉིད་ནི་རྒྱལ་པོ་ཆེན་པོ་ཞེས་བྱ་བའི་ཚིག་གིས་སོ། །སྐྱེ་བོ་དགེ་བའི་རང་བཞིན་སྟོན་བྱེད་ཅིང༌། །ཞེས་བྱ་བའི་ཚིག་གིས་ནི་སྣད་པར་མ་གྱུར་ཏམ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །འདི་ནི་སྐྱེ་བོ་དགེ་བའི་རང་བཞིན་ཏེ། གཞན་སྡུག་བསྔལ་བ་ལ་རང་བཞིན་གྱིས་བརྩེ་བ་ཡིན་ཏེ། སྣད་པར་མ་གྱུར་ཏམ་ཞེས་བྱ་བ་ནི། ལུས་སྣད་པར་མ་གྱུར་ཏམ་ཞེས་བྱ་བའི་དབང་དུ་བྱས་པའོ། །ལུས་ལ་ཆག་གྲུགས་བྱུང་བར་མ་གྱུར་ཏམ། །ཞེས་བྱ་བ་ནི་ཡན་ལག་རྣམས་ཆག་པར་མ་གྱུར་ཏམ་ཞེས་བྱ་བའི་དབང་དུ་བྱས་པའོ། །ཁྱོད་ཀྱི་ནད་རྣམས་རྒྱས་པར་མ་གྱུར་ཏམ། །ཞེས་བྱ་བ་ནི། དེ་གཉི་ག་ལ་གནོང་པར་མ་གྱུར་ཏམ་ཞེས་བྱ་བའི་དབང་དུ་བྱས་པའོ། །དབུགས་འབྱིན་འགྱུར་བ་འཇམ་པ་ཞེས་བྱ་བའི་དབང་དུ་བྱས་ནས། །མིའི་རྒྱལ་པོ་བདག་ནི་གཞན་མ་ལགས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཡིད་ཆེས་པར་མི་འགྱུར་བ་ནི་རྣམ་པ་གཉིས་ཏེ། རི་དགས་


DTG168_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ཚིག་ཏུ་སྨྲ་བ་ཐོས་ཤིང་མི་མ་ཡིན་པར་ཤེས་པ་དང༌། བདག་ཉིད་ཀྱིས་གནོད་པ་བྱས་པས་སོ། །དེས་ནི་ཡིད་མི་ཆེས་པར་འགྱུར་བའི་རྒྱུ་གཉིས་པ་དེ་མེད་པར་སྟོན་ཏོ། །ཚིགས་བཅད་གཉིས་ཀྱི་ཕྱེད་ཕྱེད་ཀྱིས་གོ་རིམས་བཞིན་དུ་གཅིག་ལ་གཅིག་ཕན་པ་བྱེད་པར་སྟོན་པའི་མཚན་ཉིད་འཇམ་པ་ནི་གཉེན་དུ་འབྲེལ་པ་ལྟ་བུའི་ཚིག་གི་མཚན་ཉིད་ཡིན་པའོ། །ཡང་ན། ཞེ་སར་བཅས་ཤིང་ཡིད་དུ་འོང་བ་ཡིས། །ཞེས་བྱ་བ་འཇམ་པའི་དབང་དུ་བྱས་པ་སྟེ། གཡང་སར་ལྷུང་བས་མི་དགེས་མ་མཛད་ཅིག །ཅེས་བྱ་བའི་ཚིགས་བཅད་སྨོས་ཏེ། ཕན་པ་བྱེད་པའི་མཚན་ཉིད་ནི་འཇམ་པར་སྟོན་པ་ཡིན་ནོ། །བདག་ལ་ཐུགས་ཆེས་རུང་བར་དགོངས་ནས་ནི། །ཞེས་བྱ་བ་ནི་ཞེ་སར་བཅས་པ་ཉིད་དོ། །བདག་ནི་མཆི་ཡིས་མྱུར་དུ་བཀའ་སྩོལ་ཅིག །ཅེས་བྱ་བ་ནི་ཡིད་དུ་འོང་བ་སྟེ་འཇམ་པའོ། །ངོ་མཚར་ཆེ་བ་དེས་ཞེས་བྱ་བ་ནི། སྨྲས་པའི་མཚན་ཉིད་དག་གིས་སོ། །ཡ་མཚན་དུ་གྱུར་ཅིང་སེམས་མགུ་ཞེས་བྱ་པ་ལ། དེའི་རྒྱུ་བསྟན་པའི་ཕྱིར། དགྲ་ལ་བརྒལ་བར་ནུས་བཞིན་དུ། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་ཀྱིས་བསྟན་ཏོ། །བདག་ལ་ཇི་ལྟར་སྙིང་རྗེ་སྐྱེས། །ཞེས་བྱ་བ་དེ་བསྒྲུབ་པའི་ཕྱིར། བདག་གིས་གནོད་པ་བྱས་པའང་ཤེས། །ཞེས་བྱ་བ་ཕྱེད་འོག་མ་ཡིན་ནོ། །ཚིགས་བཅད་འདི་བསྒྲུབ་པའི་ཕྱིར། ཨེ་མའོ་འཇམ་ཞིང་རྣོ་བ་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་ཏེ། སྔར་བཤད་པ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། སྔར་བཤད་པའི་ཚིགས་བཅད་ཀྱི་ཕྱེད་དང་པོ་ནི་འདིའི་དང་པོ་ཕྱེད་ཀྱིས་སྒྲུབ་པ་ཡིན་ནོ། །དེའི་གཉིས་པ་ནི་གཉིས་པའི་འོ། །འཇམ་ཞིང་རྣོ་བ་ཞེས་བྱ་བ་ནི་འཇམ་པའི་ལས་ནི་སྙིང་རྗེས་སྒྲུབ་པའོ། །རྣོ་བའི་ལས་ནི། དགྲ་ལ་བརྒལ་བར་ནུས་བཞིན་དུ། །ཞེས་བྱ་བ་སྟེ། བདག་ལ་ཡང་དག་པར་ལྡན་པའི་ཕྱིར་རམ། བདག་གི་སྙིང་ལ་ཕྱི་ནས་འགྱོད་པའི་ཕྱིར་རོ། །བདག་ཉིད་ནི་ཕྱུགས་སམ་རི་དགས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྐྱོན་མེད་པ་ལ་གནོད་པ་བྱས་པས་སོ། །རི་དགས་གཟུགས་ཅན་འདི་ནི་གཞན། །ཞེས་བྱ་བ་ནི་དགྲ་ལ་བརྒལ་བར་ནུས་བཞིན་དུ་སྙིང་རྗེས་སྒྲུབ་པ་སྟེ། དེ་ནི་དགྲ་ལ་བརྒལ་བར་ནུས་བཞིན་དུ་བདག་ལ་སྙིང་རྗེ་སྒྲུབ་པས་སོ། །འཐབ་བོར་སྟུག་པོ་བགོས་


DTG168_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། །ཞེས་བྱ་བའི་ཚིགས་བཅད་འདི་ནི་རྒྱལ་པོ་ཆེན་པོ་སྣད་པར་མ་གྱུར་ཏམ། །ཞེས་བྱ་བ་དེའི་ལན་ཡིན་ནོ། །གཡང་ས་ནས་ནི་ལྷུང་བ་ཡིས། །ཞེས་བྱ་བ་ནི་འདི་ལྷག་པར་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གཞན་དག་ནི་བཟོད་པ་ཉིད་དུ་བསྟན་པའི་ཕྱིར། གཡང་ས་ནས་ནི་ལྷུང་བ་ཡིས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཁྱོད་དེ་ལྟར་དགེ་བར་སེམས་པ་ཞེས་བྱ་བ་ནི་བརྒལ་བར་ནུས་ཀྱང༌། སྙིང་རྗེ་དང་ལྡན་པའི་ཕྱིར་དགེ་བར་སེམས་པའོ། །ཉེས་པའི་རྒྱུ་བསྟན་པའི་ཕྱིར། གཟུགས་ཀྱི་རྐྱེན་གྱིས་རི་དགས་ལྟར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཟུགས་ཀྱི་རྐྱེན་གྱིས་ཞེས་བྱ་བ་ནི་གཟུགས་ཉིད་ཀྱི་རྐྱེན་ནོ། །དེའི་དྲུང་དུ་འོངས་ཏེ་བྱ་བ་ནི་ཐད་དུ་ལྷགས་པའོ། །དེ་བས་ན་རང་བཞིན་གྱིས་དེ་ལྟར་དགེ་བའི་བློ་དང༌། བསམ་པ་ཁྱད་པར་ཅན་ཉིད་ཡིན་ནོ། །དགྱེས་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་གྲུབ་པའོ། །དང་བ་ནི་དེའི་ཚེ་བདག་གིས་ཕྱུང་བར་རོ། །དགྱེས་པ་དང༌། དང་བ་དག་ནི། དགྱེས་པ་དང་དང་བ་དག་གོ །དེ་གཉིས་ཀྱིས་ཞལ་མངོན་དུ་ཕྱོགས་པ་ནི། དགྱེས་བཞིན་དང་བའི་ཞལ་གྱིས་མངོན་དུ་ཕྱོགས་པའོ། །ཡང་ན་དགྱེས་ཤིང་དགའ་བས་ཞལ་མངོན་དུ་ཕྱོགས་པ་ནི། དགྱེས་ཤིང་དགའ་བས་ཞལ་མངོན་དུ་ཕྱོགས་པའོ། །བདག་གི་སྲོག་ཀྱང་རི་དགས་ཁྱོད་དབང་ན། །ཞེས་བྱ་བའི་ཚིགས་བཅད་ནི་གང་དུ་འགྲོ་བར་བྱ་བ་དེའི་ཕན་ཡོན་བསྟན་པའི་ཕྱིར་རོ། །ནགས་ཚལ་རྔོན་པས་གང་ཞིང་ཞེས་བྱ་བ་ནི་འདི་དག་ཏུ་གནས་པ་དེའི་ཉེས་དམིགས་བསྟན་པའི་ཕྱིར་རོ། །ཉེས་དམིགས་ཀྱང་རྣམ་པ་གཉིས་ཏེ། ལུས་དང་སེམས་ཀྱིའོ། །དེ་ལ་སེམས་ཀྱི་ཉེས་དམིགས་ནི་འཇིགས་པ་དང་བཅས་པ་སྟེ། ཅིའི་ཕྱིར་འཇིགས་པ་དང་བཅས་པ་ཡིན་ཞེ་ན། ནགས་ཚལ་དེ་དག་རྔོན་པས་གང་བའི་ཕྱིར་རོ། །ལུས་ཀྱི་ཉེས་དམིགས་ནི་གྲང་བ་དང༌། ཚ་བ་དང༌། ཆར་འབབ་པའི་སྡུག་བསྔལ་དང་ལྡན་པའི་ཕྱིར་ཏེ། གྲང་བ་དང༌། ཚ་བ་དང༌། ཆར་སྨོས་པས་ནི་དུས་ལས་བྱུང་བའི་ཉེས་དམིགས་སོ། །སྩོགས་པ་སྨོས་པས་ནི་བཀྲེས་པ་དང༌། སྐོམ་པ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་སྡུག་བསྔལ་གཟུང་


DTG168_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །བདག་གིས་ཁྱོད་བོར་ནས་ཞེས་བྱ་བ་ནི་ཕན་གདགས་པར་བྱས་པས་སོ། །ཁྱིམ་གྱི་གནས་ཡིན་པས་ཁྱིམ་ན་གནས་པ་སྟེ། ཁྱིམ་དེས་མི་གནས་པའོ། །ཅིའི་ཕྱིར་མི་གནས་ཤེ་ན། དེ་བསྟན་པའི་ཕྱིར། དེ་བས་མི་རྣམས་བདེ་བའང་གཞན་ལ་གསལ།། ཞེས་བྱ་བ་སྨོས་ཏེ། གཞན་ནི་རིགས་མི་མཐུན་པ་སྟེ། །རི་དགས་རིགས་དང་མཐུན་པའི་བདེ་བའང་གཞན། །ཞེས་བྱ་བའོ། །དུད་འགྲོ་ལ་སྙིང་རྗེ་བྱ་བ་བསྟན་པ་སྟེ། དུད་འགྲོའི་རང་བཞིན་ཞེས་བྱ་བ་འདིས་ནི་དུད་འགྲོའི་ཉི་ཚེ་ལ་སྙིང་རྗེ་བྱ་བར་བསྟན་ཏོ། །ཐམས་ཅད་ལ་སྙིང་རྗེ་བྱ་བར་བསྟན་པའི་ཕྱིར། བདེ་ལ་གནས་དང་སྡུག་བསྔལ་འབྲལ་འདོད་པ། །ཞེས་བྱ་བའི་ཚིགས་བཅད་བཞི་སྨོས་སོ། །བདེ་བའི་གནས་ཡིན་པས་བདེ་ལ་གནས་པ་སྟེ། དེ་ལ་སྡུག་བསྔལ་དང་མི་ལྡན་པ་ནི་བདེ་བ་ལ་གནས་པའོ། །མེད་པར་བྱ་བའི་བློ་ནི་འབྲལ་བར་འདོད་པ་སྟེ། སྡུག་བསྔལ་དང་འབྲལ་བར་འདོད་པ་ཉིད་སྡུག་བསྔལ་བསལ་བར་འདོད་པ་ཞེས་བྱ་བའི་དོན་ཏོ། །དེས་ན་དེའི་ཕྱིར་གང་ལ་བདག་ཉིད་གནས་པ་དང༌། སྡུག་བསྔལ་དང་འབྲལ་བར་འདོད་པ་དེ་ལ་བློ་མཚུངས་པའི་ཕྱིར་རོ། །ཅིའི་ཕྱིར་སྡུག་བསྔལ་དང་འབྲལ་བར་འདོད་པ་ཕྱིས་བཤད་ཅིང་སྔར་མ་བསྟན། སྡུག་བསྔལ་བསལ་བར་ཡང་དག་པར་འཛིན་དུ་འཇུག་པ་སྔར་བསྟན་ནས་ཕྱིས་བདེ་བ་ལ་གནས་པ་ལ་ཡང་དག་པར་འཛིན་དུ་འཇུག་པར་རིགས་སོ་ཞེ་ན། ཚུལ་ངེས་རྗེས་སུ་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་བསྟན་པ་ནི་དང་བོ་དོན་དུ་གཉེར་བའི་དུས་སུ་ནི་བདེ་བ་ཐོག་མར་དོན་དུ་གཉེར་བ་ཡིན་ཏེ། དེའི་འོག་ཏུ་སྡུག་བསྔལ་མེད་པ་ཡིན་པས་བདེ་བ་ལ་གནས་པ་ཞེས་བྱ་བ་སྔར་བསྟན་ཏེ། སྡུག་བསྔལ་དང་བྲལ་བ་ཞེས་བྱ་བ་འོག་ཏུ་བསྟན་ཏོ། །ཚིགས་བཅད་འདིའི་དང་པོ་ཕྱེད་ཀྱིས་ནི་ཡང་དག་པར་བསྟན་པའི་ཕྱིར་རོ། །ཕྱེད་འོག་མས་ནི་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །བདེ་བ་ལ་གནས་པ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། གྲགས་པ་མེད་ཅིང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཞན་ངག་མི་འདོད་པར་བྱེད་པའི་ཉེས་དམིགས་དང༌། དེ་སྤང་བར་བསྒྲུབ་པའི་དབང་དུ་བྱས་ནས་ཚིགས་བཅད་འདི་གཉིས་ཀྱིས་གོ་རིམས་བཞིན་དུ་སྦྱར་རོ། །ཉེས་དམིགས་ཀྱང་རྣམ་པ་གཉིས་ཏེ། གྲགས་


DTG168_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང༌། སྐྱེ་བོ་དམ་པས་སྨད་པ་སྟེ། འདི་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་སོ། །སྡུག་བསྔལ་སྡིག་ལས་འབྱུང་བར་ཞེས་བྱ་བས་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་བསྟན་ཏེ། སྡིག་པ་དེའི་རྒྱུས་ངན་སོང་གི་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །དགྲ་བོའི་ཕྱོགས་བཞིན་སྡིག་པ་སྤང་བར་མན་ཅེས་བྱ་བ་ནི་དེ་སྤང་བར་བསྒྲུབ་པའི་དབང་དུ་བྱས་པ་སྟེ། དེ་ཡང་དགྲ་དང་འགྲོགས་པའོ། །དགྲ་དག་ལས་གྲུབ་པ་ཡང་རྣམ་པ་གཉིས་ཏེ། གསད་པ་དང༌། གཞོམ་པར་བྱ་བའོ། །གཞོམ་པ་ནི་གནོད་པའི་ནང་དུ་འདུས་པ་ཡིན་ནོ། །གྲོགས་པོ་ལ་ཡང་རྣམ་པ་གཉིས་ཏེ། སྒྲུབ་པ་དང༌། གཞག་བའོ། །དེ་ལས་སྡིག་པ་ལ་ཇི་ལྟར་བསྒྲུབ་བར་བྱ་ཞེ་ན། སྨྲས་པ། ཇི་ལྟར་དགྲ་ཆེན་པོ་ལས་ཐར་ཅིང་དེ་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནི་ནད་བཞིན་ཡལ་བར་དོར་མི་རིགས། །ཞེས་བྱ་བ་ནི་གྲོགས་པོ་ངན་པ་ལ་སྒྲུབ་པ་ཡིན་ཏེ། དེ་ཡང་སྡིག་པ་བྱེད་དུ་མི་གཞུག་སྟེ། དེ་གང་ཡིན་ཞེ་ན། གཞག་པར་བྱའོ། །ཡལ་བར་མི་དོར་བ་ནི་དེའི་གནས་ལ་གཞག་པའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། གསད་པར་མ་ནུས་ཀྱང་གཞོམ་པར་བྱ་བ་དང༌། ཇི་ལྟར་འཕགས་པ་རྣམས་ཀྱིས་གྲོགས་པོ་ལ་གཞག་པར་བྱ་བ་བཞིན་ཞེས་བྱ་བའི་དོན་ཏོ། །གང་སྔར་བསྟན་པའི་བདེ་བ་ལ་གནས་པ་དང་སྡུག་བསྔལ་འབྲལ་བར་འདོད་པ། སེམས་ཅན་ཐམས་ཅད་མཚུངས་པ་མེད་པར་འདོད། །ཅེས་བྱ་བ་དེ་ལ་བསྒྲུབ་པར་བྱ་བ། དེ་བས་བདག་ཉིད་མི་འདོད་གང་ཡིན་པ། །དེ་དག་གཞན་ལའང་བགྱི་བར་མི་རིགས་སོ། །ཞེས་བྱ་བ་ཡིན་ཏེ། དེ་བས་ན་དོན་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་བས་བདག་ཉིད་མི་འདོད་གང་ཡིན་པ། །དེ་དག་གཞན་ལའང་བགྱི་བར་མི་རིགས་སོ། །ཞེས་བྱ་བ་དེ་ལ། དེ་མི་འདོད་པ་ནི་ཅི། ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། གང་ལ་བརྟེན་ནས་དཔལ་གྱི་གནས་གྱུར་པ། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དཔལ་གྱི་གནས་སུ་གྱུར་ཅེས་བྱ་བ་འདིས་ནི་སྦྱིན་པའི་འབྲས་བུ་བསྟན་ཏེ། གང་གི་ཕྱིར་སྦྱིན་པས་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་འཐོབ་པར་འགྱུར་ཏེ། གཞན་དག་གི་དབུལ་བ་བསལ་བས་བདག་ལ་ཡང་དབུལ་བའི་གཉེན་པོ་ལོངས་སྤྱོད་འབྱུང་བ་ཡིན་ཏེ། དེ་བས་ན་བདག་ཉིད་འདོད་པ་གཞན་


DTG168_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱད་པ་ཡིན་ནོ། །གང་ལ་བརྟེན་ནས་ཞེས་བྱ་བ་ནི་སྦྱིན་པ་གང་ལ་བརྟེན་ནས་སོ། །འཇིག་རྟེན་བསྔགས་པ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་པ་རྣམས་ལ་བཟོད་པ་བྱས་ནས་ནི་སྐྱེ་བོ་མང་པོ་དག་དགའ་བར་འགྱུར་ཏེ། གཡོག་འཁོར་མང་བར་ཡང་འགྱུར་རོ། །གང་ལ་བརྟེན་ནས་ཞེས་བྱ་བ་ནི་བཟོད་པ་གང་ལ་བརྟེན་ནས་སོ། །རྒྱལ་སྲིད་འཐོབ་འགྱུར་ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏེ། གང་གི་ཕྱིར་རིགས་ལ་སོགས་པ་ཕུན་སུམ་ཚོགས་པ་ཁྱད་པར་དུ་གྱུར་བ་ལ་ནི་རྒྱལ་སྲིད་ཅེས་བརྗོད་དེ། རྒྱལ་སྲིད་ཐོབ་པ་དེ་ཡང་ཚུལ་ཁྲིམས་ཀྱི་འབྲས་བུའོ། །གང་ལ་བརྟེན་ནས་ཞེས་བྱ་བ་ནི་ཚུལ་ཁྲིམས་གང་ལ་བརྟེན་ནས་སོ། །བསོད་ནམས་ཉིད་ཅེས་བྱ་བ་ནི་སྦྱིན་པ་དང༌། བཟོད་པ་དང༌། ཚུལ་ཁྲིམས་རྣམས་ནི་བསོད་ནམས་ཏེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཟུང་བའི་ཕྱིར། གསུམ་པོ་འདི་ཐོབ་བ་ཡིན་ནོ། །དེ་བས་ན་མང་པོའི་ཚིག་ཏུ་བསྟན་ཏེ། རྒྱལ་སྲིད་ཐོབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་དེ་འཕེལ་བར་མཛོད་ཅིག་པའོ། །གྲོགས་པོ་རབ་ལ་གང་བྱས་པ་ནི། དེས་སྦྱར་བ་ཡིན་ཏེ། སྤང་བའི་ཡང་མི་རིགས་པའོ། །གནོད་པ་ཆུང་དུ་བྱེད་པ་ཡིན་ན་ཡང་གྲོགས་པོ་ལ་ཇི་ལྟར་བྱ་བ་དེ་ལྟར་ནི་བསྒྲུབ་པར་བྱའི་གཞོམ་པར་ནི་མི་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་ཕན་འདོགས་ཕྱོགས་ནི་ཞེས་བྱ་བ་ལ། ཕན་འདོགས་པའི་ཚུལ་གང་ལ་ཡོད་པ་དེ་ནི་ཕན་འདོགས་ཕྱོགས་སོ། །གྲོགས་པོའི་ཕྱོགས་ནི་ཕན་འདོགས་པའི་ཕྱོགས་ཏེ། གྲོགས་པོའི་དོན་ཉིད་དུ་བསྟན་པར་འགྱུར་རོ། །དོན་མ་ནུས་ཀྱང་གཞག་པར་བྱ་བ་ནི་ཡིན་ཏེ། ཇི་ལྟར་གྲོགས་པོ་དམན་པ་ལ་བསྒྲུབ་པར་བྱ་བ་དེ་ལྟར་རོ། །བསོད་ནམས་ཀྱི་ཚོགས་རྣམ་པ་གསུམ་བྱ་བ་དེའི་དབང་དུ་བྱས་ནས། དུས་སུ་རིམ་གྲོ་བྱས་པའི་སྦྱིན་པ་རྒྱ་ཆེན་དང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དུས་སུ་རིམ་གྲོ་བྱས་པའི་སྦྱིན་པ་རྒྱ་ཆེན་དང༌། །ཞེས་བྱ་བ་ལ་གང་རབ་ཏུ་སྦྱིན་པ་དེ་ནི་སྦྱིན་པའོ། །རྒྱུ་འདི་གསུམ་གྱིས་ཏེ། དུས་སུ་སྦྱིན་པ་དང༌། རིམ་གྲོ་བྱས་ཏེ། སྦྱིན་པ་དང༌། རྒྱ་ཆེན་པོའི་སྦྱིན་པ་བསྟན་ཏོ། །དུས་སུ་སྦྱིན་པས་ནི་ལོངས་སྤྱོད་དུས་སུ་འཐོབ་པར་འགྱུར་རོ། །


DTG168_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བྱས་བ་སྦྱིན་པས་ནི་གུས་བའི་སྦྱིན་པ་འཐོབ་བོ། །རྒྱ་ཆེན་པོ་བྱིན་པས་ནི་ལོངས་སྤྱོད་རྒྱ་ཆེན་པོ་འཐོབ་པ་ཡིན་ནོ། །སྐྱེ་བོ་དམ་པ་དང་འབྲེལ་བ་ནི་སྐྱེ་བོ་དགེ་བ་དང་མཐུན་པའོ། །སྐྱེ་བོ་དགེ་བ་དང་མཐུན་པའི་བརྟན་པ་ནི་དུས་རྟག་ཏུ་ཉམས་པར་མི་འགྱུར་ཞེས་བྱ་བའི་དོན་ཏེ། སྐྱོན་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །བདག་དང་འདྲ་བར་གཞན་ལ་ཕན་པ་སྒྲུབ་པའི་བློས། །ཞེས་བྱ་བ་ལ་ཕན་པའི་བློ་ནི་ཕན་པ་བསྒྲུབ་པ་དེས་སོ། །འདིས་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། བློ་ཞེས་སྨོས་བས་ནི་བསམ་པ་ཕུན་སུམ་ཚོགས་པའོ། །སྒྲུབ་པ་སྨོས་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །སྩོགས་ཞེས་སྨོས་པས་ནི་བསོད་ནམས་ཀྱི་ཚོགས་འདི་གསུམ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གྲོགས་དང་བདེ་བ་བསྒྲུབ་པ་ཞེས་བྱ་བ་ནི་མཐོང་བའི་ཆོས་དང༌། འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་བསྟན་ཏེ། མཐོང་བའི་ཆོས་དང་འཇིག་རྟེན་ཕ་རོལ་ལ་ཇི་ལྟར་སྔར་བཤད་པ་བཞིན་དུ་སྦྱར་རོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་རི་དགས་ཤ་ར་བྷའི་སྐྱེས་པའི་རབས་སོ།། །།དེ་མི་བཟོད་ཀྱི་ཞེས་བྱ་བ་ནི་གཞན་གྱི་སྡུག་བསྔལ་ཡིན་གྱི། བདག་གི་སྡུག་བསྔལ་མི་བཟོད་པ་ནི་མ་ཡིན་ཏེ། དེ་བས་ན་མི་བཟོད་ཅེས་བྱ་བའི་དོན་ཏོ། །གང་ན་ཤིང་སཱ་ལ་ལ་སོགས་བ་མང་པོ་ཡོད་པའི་དགོན་པའི་ཕྱོགས་དེ་ནི་ཤིང་སཱ་ལ་ལ་སོགས་པ་ཡོད་པའི་དགོན་པའི་ཕྱོགས་ཏེ་དེ་ནའོ། །རྣམ་པ་སྣ་ཚོགས་པའི་ཤིང་ལྗོན་པའི་ལྡུམ་བུའི་འཁྲི་ཤིང་གིས་དཀྲིས་པ་གང་ན་ཡོད་པ་དེ་ནི་ཤིང་ལྗོན་པའི་ལྡུམ་བུ་མང་པོའི་འཁྲི་ཤིང་སྣ་ཚོགས་ཀྱིས་དཀྲིས་པའོ། །གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བའི་སྤུ་རབ་ཏུ་འཇམ་པ་གང་ཡིན་པ་ནི། གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བ་སྤུ་རབ་ཏུ་འཇམ་པའོ། །ལུས་ཀྱི་མདོག་རིན་པོ་ཆེ་ཨནད་རྙིལ་དང༌། མརྒད་དང༌། བཻ་ཌཱུཪྻའི་ཁ་དོག་འདྲ་བའི་ཚོན་སྣ་ཚོགས་ཀྱི་ཐིག་ལེས་བརྒྱན་པ་གང་ཡིན་པ་དེ་ནི་ལུས་ཀྱི་མདོག་རིན་པོ་ཆེ་ཨནད་རྙིལ་དང༌། མརྒད་དང༌། བཻ་ཌཱུཪྻའི་ཁ་དོག་འདྲ་བའི་ཚོན་སྣ་ཚོགས་ཀྱི་ཐིག་ལེས་བརྒྱན་པའོ། །སློབ་པ་ཞེས་བྱ་བ་ནི་འཁྲུལ་འཁོར་ལ་སོགས་པའོ། །རི་དགས་རྣམས་ཀྱི་བདག་པོ་བྱེད་ཅིང་ཞེས་བྱ་བ་ཅིའི་ཕྱིར་བདག་བོ་བྱེད་ཅེ་ན། སྔར་བསྟན་པའི་དོན་མདོར་


DTG168_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་བསྟན་པའི་ཕྱིར། གཟུགས་དང་ཤེས་པ་ཕུན་སུམ་ཚོགས། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། ཚིགས་བཅད་འདིའི་བསྡུས་པའི་དོན་ནི་བདག་ཉིད་ཕུན་སུམ་ཚོགས་པ་དང༌། གཞན་ལ་ཕན་པ་སྒྲུབ་པའི་ཕུན་སུམ་ཚོགས་པ་བསྟན་ཏེ། ཚིགས་བཅད་དང་པོ་ཕྱེད་ཀྱིས་ནི་བདག་ཉིད་ཕན་པ་ཕུན་སུམ་ཚོགས་པའོ། །བདག་ལ་ཕན་འདོགས་ཞེས་བྱ་བ་ནི་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པའོ། །བདག་གི་ཕུན་སུམ་ཚོགས་པ་ཡང་རྣམ་པ་གསུམ་སྟེ། གཟུགས་ཀྱི་ལུས་ཕུན་སུམ་ཚོགས་པ་དང༌། མིང་གི་ལུས་ཕུན་སུམ་ཚོགས་པ་དང༌། བྱ་བ་ཕུན་སུམ་ཚོགས་པའོ། །གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་སེམས་རྣོ་བ་ཞེས་བྱ་བས་ནི་ཤེས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁྲུལ་འཁོར་དང་གཏོར་ཞེས་བྱ་བ་དག་གིས་ནི་བྱ་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །རི་དགས་མང་པོ་རྗེས་སུ་འབྲང་བ་རྣམས་ལ་ཡང་སློབ་ཅེས་བྱ་བ་ལ་སོགས་པས་ནི་བདག་ལ་ཕན་འདོགས་ཞེས་བྱ་བ་བསྟན་ཏོ། །རི་དགས་ཀྱི་བདག་པོ་ཞེས་བྱ་བས་ནི་མཆོད་པ་ཞེས་བྱ་བ་བསྟན་ཏོ། །ཆུ་ཆེན་འབྲུབ་པ་རབ་ཏུ་དྲག་པོ་ཡིས། །ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི། བདག་ཉིད་ཀྱི་སྙིང་རྗེའི་གནས་སུ་གྱུར་པ་ཐམས་ཅད་བསྒྲགས་པ་ཡིན་ཏེ། སྙིང་རྗེའི་ཞིང་ནི་གསུམ་སྟེ། ཕོངས་པ་དང༌། སྡུག་བསྔལ་བ་ཉིད་དང༌། རྗེས་སུ་འབྲང་བ་མེད་པའོ། །ཆུ་ཆེན་འབྲུབ་པ་རབ་ཏུ་དྲག་པོ་ཡིས། །ཁྱེར་ནས་ཞེས་བྱ་བ་འདིས་ནི་སྡུག་བསྔལ་བ་ཉིད་བསྟན་ཏོ། །མགོན་མེད་གཟིངས་ཀྱང་ཡོད་མ་ཡིན། །ཞེས་བྱ་བས་ནི་སེམས་ཅན་དང༌། སེམས་ཅན་མ་ཡིན་པའི་བར་དུ་བགྲང་བ་མེད་པའོ། །ཕོངས་ཤིང་ཉམ་ཐག་ཅེས་བྱ་བ་དང༌། མྱུར་དུ་བརྒྱུགས་ཏེ་ཟུང་ཞེས་བྱ་བས་ནི་བདག་ཉིད་ཕོངས་པ་ཉིད་དོ། །སྡུག་བསྔལ་བྱམས་པས་ཞེས་བྱ་བ་ནི་ཐུགས་རྗེ་ཅན་ནོ། །མྱུར་བ་ནི་མགྱོགས་པའོ། །མྱུར་དུ་རྒྱུག་པའི་རྒྱུ་བསྟན་པའི་ཕྱིར། ད་ནི་བཤོལ་དུ་རུང་བ་མ་ཡིན་ཏེ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མྱུར་བས་རྒྱུག་པ་ཅིའི་ཕྱིར་ཞེ་ན། སྡོད་པར་མི་ཚུགས་པའི་ཕྱིར་རོ། །ཅིའི་ཕྱིར་བཤོལ་དུ་མི་རུང་ཞེ་ན། དཔུང་པ་དང་རྐང་པ་དག་གིས་བཤོལ་དུ་མི་རུང་


DTG168_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཏེ། དེ་གཉི་གས་སྡོད་པར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་དཔུང་པས་བཤོལ་དུ་མི་རུང་བར་འགྱུར་ཞེ་ན། ངལ་ཞིང་དུབ་པས་དཔུང་པ་ཡང་འགྱུར་བར་མི་ནུས་ཞེས་པས་སོ། །ཅིའི་ཕྱིར་རྐང་པས་བཤོལ་དུ་མི་རུང་བར་འགྱུར་ཞེ་ན། ཟུག་ཅིང་འབོག་ཏུ་རུང་བའང་ཅུང་ཟད་མེད། །ཅེས་པས་སོ། །དུས་ལ་བབ་ཅེས་བྱ་བས་ནི་དུས་ལས་འདས་ན་རྒལ་བར་མི་ནུས་པར་བསྟན་ཏོ། །འཇིགས་པ་དང༌། མི་དགའ་བ་དང༌། ངལ་བ་དང༌། དུབ་པ་མེད་པར་བྱེད་པ་ཞེས་བྱ་བ་ལ། འཇིགས་པ་ནི་འཆི་བས་སོ། །མི་དགའ་པ་ནི་རྗེས་སུ་འབྲང་བ་མེད་པས་སོ། །ངལ་བ་ནི་ངལ་ཞིང་དུབ་པས་དཔུང་པ་འགྱུར་མི་ནུས་པ་དང༌། ཟུག་ཅིང་འབོག་ཏུ་རུང་བ་ཅུང་ཟད་མེད་པས་སོ། །སྙིང་རྗེ་ཞེས་བྱ་བ་ནི་ལྷག་པར་སྙིང་རྗེ་བར་གྱུར་པའོ། །དེས་གདུངས་པའི་གསལ་བའི་ཚིག་གང་ཡིན་པ་དེ་ནི་གསལ་བའི་ཚིག་སྙིང་རྗེས་གདུངས་པའོ། །འབབ་ཆུ་དྲག་པོའི་འཇིང་དེར་ཞུགས། །ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། བསྒྲལ་བར་ངེས་པར་བྱས་པའི་ཕྱིར་ཏེ། འདིས་ནི་གཞན་ལ་སྙིང་རྗེ་ཆེ་བར་བསྟན་ཏོ། །བདག་སྲོག་ཡལ་བར་བོར་ཡང་མི་སེམས་པར། །ཞེས་བྱ་བ་འདིས་ནི་བདག་ལ་ཆགས་པ་མེད་པར་བསྟན་ཏོ། །གཞན་མ་ཚང་པས་ནི་ཆུ་དྲག་པོ་དེར་ཞུགས་པར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་བུར་ཞུགས་ཤེ་ན། དགྲ་དཔུང་ལྟ་བུར་རོ། །ཇི་ལྟར་ཞེ་ན། དགྲའི་དཔུང་རྣམ་པར་འཇོམས་པའི་དཔའ་བོ་བཞིན་ནོ། །དེའི་རྒྱབ་ཏུ་ཞོན་པར་གྱུར་ཅེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། སྐྲག་པས་ཉེན་པ་ཡིན་ཏེ། འཆི་བས་སྐྲག་པའི་ཕྱིར་དང༌། ཡན་ལག་འཁུམས་པའི་ཕྱིར་རོ། །ཡིད་ཏུ་འོང་བའི་འགྲམ་དུ་མ་ཉམས་ཕྱིན་པ་ནི་ལྗིད་ཀྱིས་རབ་ཏུ་ནོན་པ་དང༌། འབབ་ཆུ་དྲག་པོའི་ཤུགས་ཀྱིས་བདས་པར་གྱུར་ཀྱང་དཔའ་སྙིང་བརྟན་ལ་རྩོལ་བ་དྲག་པོའི་ཕྱིར་རོ། །ཉེ་དུ་དང་གྲོགས་པོ་དག་ནི་ཉེ་དུ་དང་གྲོགས་པོའོ། །དེ་དག་ཉིད་མཛའ་བོ་ཡིན་པས་ཉེ་དུ་དང་གྲོགས་བོ་མཛའ་བོའོ། །གྲོགས་བྱ་ཞིང་ཕན་འདོགས་པ་ཡང་ཡིན་ལ། ཉེ་དུ་དང༌། གྲོགས་པོ་དང༌། མཛའ་བོ་ཡང་ཡིན་པས་གྲོགས་བྱས་ཤིང་ཕན་བཏགས་པའི་ཉེ་དུ་དང་གྲོགས་པོ་དང་མཛའ་བོའོ། །དེ་དག་ལ་འང་རྙེད་པར་དཀའ་བ་ཡིན་པས། གྲོགས་བྱས་ཤིང་ཕན་བཏགས་པ་དེ་ལྟ་བུ་ཉེ་དུ་དང་གྲོགས་


DTG168_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་མཛའ་བོ་སུ་ལའང་མེད་པ་ཉིད་དེ། །ངོ་མཚར་ཆེ་བ་དེས་མགུ་བར་གྱུར་པ་ནི་ངོ་མཚར་ཆེ་བ་དེས་སེམས་མགུ་བར་གྱུར་པའོ། །དེས་ཕྱག་འཚལ་ཏེ་ཞེས་བྱ་བ་ལ། ཕྱག་འཚལ་བའི་རྒྱུ་བསྟན་པའི་ཕྱིར་ངོ་མཚར་ཆེ་བར་གྱུར་པ་དེས་སེམས་རབ་ཏུ་མགུ་བར་གྱུར་པ་དང༌། དེའི་གཟུགས་བཟང་པོ་དེས་ཀྱང་ཡ་མཚན་དང་ཞེས་སྐྱེས་པར་གྱུར་པས་དེ་ལ་ཕྱག་འཚལ་བའོ། །འདི་ལྟ་བུ་དག་བྱར་མི་ནུས། །ཞེས་བྱ་བ་ནི་གཉེན་བཤེས་དང༌། བྱམས་པར་གྱུར་པ་དག་གིས་ཀྱང་བདག་ལ་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ཅི་བགྱིའི་བཀའ་སྩལ་པས། །ཞེས་བྱ་བས་ནི་ཤིན་ཏུ་རྗེས་སུ་གཟུང་བའི་ཕྱིར་རོ། །གང་དུ་ཞེས་བྱ་བ་ནི་ལས་སོ། །རང་བཞིན་གྲུབ་པ་ཞེས་བྱ་བ་ནི་དེའི་ཆོས་ཉིད་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །འགྱུར་བ་ཞེས་བྱ་བ་ནི་དྲིན་གཟོ་བ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་སྐྱེ་བོ་དམ་པ་འདིའི་དོན་ཏེ། དོན་འདི་གང་ཡིན་ཞེ་ན། སེམས་ཅན་འདི་ལྟ་བུ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་གང་བསྟན་པའོ། །ཤ་བཟའ་བར་རུང་བས་ནི་བཟར་རུང་བའོ། །རབ་ཏུ་ཆགས་པར་འགྱུར་བ་ཞེས་བྱ་བ་ནི་སྔར་བསྟན་པའི་གཟུགས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་གཉི་གས་ཉམས་པར་འགྱུར་བ་ནི། སྙིང་རྗེ་ཆུང་བ་ཡིན་ཏེ། ངའི་ལུས་ནི་ཤ་བཟར་རུང་བ་དང་རབ་ཏུ་ཆགས་པར་འགྱུར་བ་ཡིན་ལ། མི་རྣམས་ཀྱི་སྙིང་ནི་རབ་ཏུ་ཆགས་པར་བྱེད་པའི་གཟུགས་ཡོད་པས་སོ། །དེ་བས་ཞེས་བྱ་བ་ནི་ལུས་དང༌། མི་རྣམས་ཀྱི་སྙིང་ཤེས་པར་བྱས་ནས་སོ། །བདག་གི་ཡོན་ཏན་ཞེས་བྱ་བ་ནི་དྲིན་གཟོ་བ་ལ་སོགས་པའོ། །འདིར་དེ་ལྟར་གནོད་པ་བྱེད་ན་དེའི་ཉེས་དམིགས་བསྟན་པའི་དབང་དུ་བྱས་ནས། མཛའ་བོ་དག་ལ་སྙིང་རིང་བ། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་དེ། དེ་ལྟར་བྱས་ན་ཁྱོད་ཀྱི་ཡོན་ཏན་དང༌། ང་ཡང་མ་བསྲུངས་པ་དེའི་ཉེས་དམིགས་སོ། །ཁྱོད་ཀྱིས་བདག་མ་བསྲུངས་སོ་ཞེས་བརྗོད་པ་ན་འཁོན་དུ་གཟུང་བས་ནི་མི་དགའ་བར་སེམས་པའི་སྙིང་གང་ཡིན་པ་དེ་ནི་འཁོན་དུ་འཛིན་པའམ་སྙིང་མི་དགའ་བར་སེམས་པའོ། །གཡོ་སྒྱུ་ཉེད་ཀྱི་ཕྱི་བཞག་ཡིན་པས། གཡོ་སྒྱུ་དང་ཕྱི་བཞག་སྟེ། མི་རྣམས་ཅི་ལ་གོམས་པ་མེད་པས་སོ། །མི་རྣམས་ཀྱི་གཡོ་སྒྱུའི་ཕྱི་བཞག་ལ་མ་གོམས་པ་གང་ཡིན་པ་དེ་ནི་མིའི་


DTG168_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་སྒྱུ་དང་ཕྱི་བཞག་ལ་མ་གོམས་པའོ། །གང་ན་གཡོ་སྒྱུ་དང༌། ཕྱི་བཞག་ནི་གཡོ་སྒྱུ་དང་ཕྱི་བཞག་གོ །ཕྱི་བཞག་ནི་ལུས་དང༌། ངག་གི་ལས་ཀྱི་མཚན་ཉིད་དོ། །གཡོ་སྒྱུ་ནི་སེམས་གྱ་གྱུ་བའོ། །ཚུལ་འཆོས་མཁས་པ་ཞེས་བྱ་བ་དང༌། དེ་ལྟའི་གཡོ་དག་བྱས་པའི་ཕྱིར། །ཞེས་བྱ་བ་ནི་ཕྱི་བཞག་བཅོས་མ་ལ་མཁས་པ་སྟེ། གང་གིས་བསམ་པ་མ་དག་པའོ། །རང་བཞིན་གྱིས་ནི་དུལ་བའི་སྐྱེ་བོ་རྣམས། །ཞེས་བྱ་བ་ནི་བསམ་པ་དག་སྤྱོད་པ་དང་ལྡན་པ་ཡིན་ཡང་ཞེས་བྱ་བའི་དོན་ཏོ། །རང་བཞིན་ནི་བསམ་པའོ། །དུལ་བ་ནི་ལུས་དང་ངག་གི་ལས་དུལ་བའི་སྤྱོད་པ་ཉིད་དེ། བསམ་པ་དུལ་བར་གྱུར་པ་ནི་བསམ་པ་དུལ་བའོ། །དོགས་པ་སྐྱེ་ཞེས་བྱ་བ་ནི་ཚུལ་འཆོས་དང༌། ཕྱི་བཞག་སྤྱོད་པ་དེས་དོགས་པ་སྐྱེ་བའོ། །ཡང་ན་གཡོ་སྒྱུ་དང་ཕྱི་བཞག་སྤྱོད་པ་དེས་སོ། །ཐོ་རངས་ཀྱི་རྨི་ལམ་ཞེས་བྱ་བ་སྨོས་པས་ནི་དེའི་ཚེ་རྨི་ལམ་ངེས་པར་མཐོང་བའི་ཕྱིར་རོ། །ཚིག་གསལ་ཞིང་སྡེབ་ལེགས་པ་གང་ཡིན་པ་དེ་ནི།། ཚིག་གསལ་ཞིང་སྡེབ་ལེགས་པའོ། །མིག་ཉིད་དཔལ་དང་ལྡན་པ་ཡིན་པས་མིག་དཔལ་ལྡན་ནོ། །ངོ་མཚར་ཆེ་བས་བགྲད་པའི་མིག་གི་དཔལ་དང་ལྡན་པ་གང་ཡིན་པ་དེ་ནི་ངོ་མཚར་ཆེ་བས་མིག་བགྲད་དཔལ་ལྡན་ནོ། །མཁུར་ཚོས་མཛེས་པའི་གཡོ་བ་གང་ཡིན་པ་དེ་ནི་མཁུར་ཚོས་མཛེས་པ་གཡོ་བཞིན་པའོ། །དེས་ཞེས་བྱ་བ་ནི་རྨི་ལམ་མཐོང་བའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་དེའི་སྙིང་དགའ་བར་བྱ་བ་དང༌། བདག་ཀྱང་རི་དགས་རིན་པོ་ཆེ་རྙེད་པར་འདོད་པའོ། །མཐོང་ཞེས་བྱ་བ་ནི་སྔོན་མཐོང་བའོ། །བརྐམ་པ་དང་ནི་དེ་ཡིས་ཕན་བཏགས་པ། །ཞེས་བྱ་བ་ནི་དབུལ་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བ་དང༌། བརྐམ་པ་དེ་ཡིས་དྲངས་པས་སོ། །ཡོན་ཏན་ལ་ལྟ་ཞེས་བྱ་བ་ནི་བྱས་པ་གཟོ་བ་ལ་སོགས་པ་སྟེ་རི་དགས་མི་བསྟན་པའོ། །འོན་ཏེ་འབྱོར་པ་ལ་ལྟ་ཞེས་བྱ་བ་ནི་རི་དགས་བསྟན་པས་སོ། །དཔུང་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དམག་གི་ཚོགས་པ་ཐམས་ཅད་ཀྱིས་སོ། །ནགས་ཚལ་སྟུག་པོ་དེའི་ནང་དུ་ཞུགས་སོ་ཞེས་བྱ་བ་ནི་གནོད་པ་དང་བཅས་པའི་ཆེད་དུའོ། །དེའི་གནོད་པ་དེ་མེད་པའི་དབང་དུ་བྱས་ནས། ནགས་ཚལ་སྟུག་པོ་དེ་ཡང་དམག་གི་དཔུང་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་


DTG168_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་པ་ཡིན་ནོ། །དངོས་པོ་དེ་ལྟ་བུ་ལ་བརྟེན་པ་ཞེས་བྱ་བ་ནི་དེ་འདྲ་བ་ལ་སྟེ། འདིས་ནི་ཡོན་ཏན་གྱི་ཞིང་དུ་བསྟན་ཏོ། །བྱ་བའི་ཁྱད་པར་དག་གིས་བཏང་ན་ནི། །ཞེས་བྱ་བ་ནི་ཕན་འདོགས་པ་ཉིད་དུ་བསྟན་ཏོ། །གཉེན་པོ་ཆུང་ན་ཞེས་བྱ་བ་ནི་གལ་ཏེ་དགེ་བའི་ལས་ཡིན་ན་དེའི་གཉེན་པོ་ནི་ཉོན་མོངས་པ་ཡིན་ཏེ་དེ་ཚུང་བའོ། །གལ་ཏེ་མི་དགེ་བའི་ལས་ཡིན་ན་ནི་དེའི་གཉེན་པོ་དགེ་བ་ཡིན་ནོ། །འདིར་གཉེན་པོ་ཞེས་དགོངས་པ་ནི་དགེ་བའི་ལས་ཉམ་ཆུང་བ་ལ་བྱའོ། །དགེ་བ་དང་མི་དགེ་བ་འཕྲལ་དུ་འབྲས་བུ་སྨིན་པ་ཞེས་བྱ་བ་ནི། དེ་ཉིད་དུ་སྨིན་པར་འགྱུར་ཞིང་ལུས་འཇིག་པ་ལ་མི་སྡོད་དེ། དེ་རབ་ཏུ་རྒྱས་པར་གྱུར་པའི་ཕྱིར་རོ། །གཉེན་པོ་ཆུང་བས་ན་འབྲས་བུ་དེ་ཅམ་དུ་མྱང་བར་མ་ཟད་དེ། དེ་ནི་མེ་ཏོག་ཙམ་དུ་ཟད་དེ། འབྲས་བུ་གཞན་ཡང་འབྱུང་བར་འགྱུར་རོ། །ཆར་སྤྲིན་འདྲ་བའི་སྔོན་པོ་ནི་ཆར་སྤྲིན་སྔོན་པོ་འདྲ་བའོ། །ལྟོང་དུ་བཅུག་ཅིང་གཞུ་བཀང་བ་ནི་འཕེན་པར་འདོད་པ་སྟེ། ད་ཅུང་འཕངས་པ་ཉིད་ནི་མ་ཡིན་ནོ། །དེ་བཟུང་འདོད་པ་ཡིས་ཞེས་བྱ་བ་ནི་རི་དགས་རུ་རུ་དང་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་གཞེས་ཞེས་བྱ་བ་ནི་ཉེ་བར་བསྙན་ནས་སྨྲས་པ་ཡིན་ཏེ། འདི་གཉི་གཅིའི་ཕྱིར་ཐོབ་པར་འགྱུར་ཅེས་པ་སྟེ། དེ་ཉིད་སྨྲས་པ། ངོ་མཚར་ཆེན་པོ་བསལ་བའི་ཕྱིར་ཏེ། ཕྱེ་ནས་སྨྲའོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་རྒྱུན་ལུགས་མེད་པ་ན། །ཞེས་བྱ་བ་ནི་འདིར་གང་ཡང་འོང་བ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ནགས་ཚལ་སྟུག་པོ་འདི་ལྟ་བུ། །ཞེས་བྱ་བ་ནི་བདག་ཀྱང་གཞན་དུ་མ་སོང་སྟེ། དེས་ན་ཡང་བདག་མཐོང་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པ་གཉི་གས་ཀྱང་མཐོང་བ་མེད་ན་སུ་ཡིས་བདག་མཆིས་པར་གསོལ་བ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་སྔར་ཆུའི་རྒྱུན་ལས་བསྒྲལ་བའི་མི་དེས་གསོལ་བ་ཡིན་ནོ་ཞེས་དོགས་པ་སྐྱེས་པ་སྟེ། ཅིའི་ཕྱིར་ཞེ་ན་བྱས་པ་གཟོ་བ་མི་སྲིད་པའི་ཚུལ་ཡིན་ཏེ། དེ་བས་ན་སྨྲས་པ། སུ་ཡིས་བདག་མཆིས་གསོལ་ཞེས་བྱ་བ་ཡིན་ནོ། །སྔར་རྨི་ལམ་དུ་ཐོས་པ་བས་ཀྱང་ལྷག་པར་དུལ་བར་གྱུར་པ་དེ་བས་ན་རབ་ཏུ་ཞེས་བྱའོ། །ངན་པ་ཞེས་བྱ་བ་ནི་འཇིག་རྟེན་གྱིས་སྨད་པའོ། །བདག་ལ་ཕན་གདགས་པ་དང༌། ཁྱོད་ལ་ཕན་པ་དེ་གཉི་ག་ལ་ལྟོས་པ་མེད་པའི་དབང་དུ་བྱས་ནས། དེ་ལྟར་འབད་པ་


DTG168_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ལན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་གཉི་ག་ལ་སྟོས་པ་མེད་པ་ཉིད་ནི་ཁྲེལ་མེད་མི་དག་ཅེས་བྱ་བ་བསྒྲུབས་པ་ཡིན་ནོ། །དམིགས་ཀྱིས་མ་ཕྱེ་བའི་དོན་གང་ཡིན་པ་དེ་ནི་དམིགས་ཀྱིས་མ་ཕྱེ་བའི་དོན་ནོ། །དམིགས་ཀྱིས་མ་ཕྱེ་བའི་དོན་ཡང་ཡིན་ལ་ཟབ་པ་ཡང་ཡིན་པས་དམིགས་ཀྱེས་མ་ཕྱེ་བའི་དོན་ཟབ་བའོ། །སྨད་པ་ཞེས་བྱ་བ་ནི་བཤུད་པའོ། །མི་མ་ཡིན་ཞེས་བྱ་བ་ནི་ཤ་ཟ་ཞེས་བྱ་བའི་དོན་ཏོ། །མི་འམ་འོན་ཏེ་མི་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་དེ་དག་དེ་ན་ཡོད་པའི་ཕྱིར་རོ། །འདི་ནི་གཞན་ལ་སྨད་པ་ལགས། །ཞེས་བྱ་བ་ནི་དགོས་པ་མེད་པར་སྨད་པ་མ་ཡིན་ཏེ། འོན་ཀྱང་དོགས་པ་དང་བཅས་པ་མ་ཡིན་ནོ། །དགོས་པ་དེ་གང་ཡིན་ཞེ་ན། སྨྲས་པ། ལས་འདི་སྨད་པར་འོས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ལས་འདི་སྨད་པར་འོས་པའི་རྒྱུ་ཉིད་དོ། །འཁྱམས་པ་ལ་ཚིག་རྩུབ་པོ་ཞེས་བྱ་བ་དེའི་དཔེའི་དབང་དུ་བྱས་ནས། སྨད་བའི་རྨ་ལ་སུ་ཞིག་ཞིགས་པར་བགྱིས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདིའི་ཚིགས་བཅད་ཕྱེད་ཀྱིས་གོ་རིམས་བཞིན་དུ་འདི་ནི་གཞན་ལ་སྨད་པ་མ་ལགས་ཞེས་བྱ་བ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འཁྱམས་པ་དག་ལ་ཚིག་རྩུབ་པོས་བྱ་བ་མི་རིགས་པའི་ཕྱིར་རོ། །ཚིག་དེའི་དགོས་བ་ཡོད་པའི་ཕྱིར་དཔེའི་དབང་དུ་བྱས་ནས། སྡུག་པའི་བུ་ལ་སྨན་དཔྱད་ལ་འཇུག་པ་བཞིན་དུའོ། །འབབ་ཆུ་དྲག་པོས་ཁྱེར་ཏེ་སོང་བ་ཞེས་བྱ་བ་ནི། སྙིང་རྗེའི་གནས་ཀྱི་དབང་དུ་བྱས་པའོ། །སྙིང་རྗེའི་དབང་གིས་ཞེས་བྱ་བ་ནི་བསམ་པ་དག་པའི་དབང་དུ་བྱས་པའོ། །དབང་གིས་ཕྱུང་བ་ཞེས་བྱ་བ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ལ་འཇུག་པའི་རྒྱུ་ཡིན་གྱི། གཞན་གྱི་རྒྱུ་མ་ཡིན་པར་ཤེས་པར་བྱའོ། །མི་དེ་འཇིགས་ཤིང་སྐྲག་ལ་རྡུལ་གྱིས་མདོག་ཉམས་ཤིང་གཅོམ་བསྐྱུངས་ཏེ་ཞེས་བྱ་བ་ནི། དེ་ལྟར་བྱ་བ་མ་ཡིན་པ་བྱས་པའི་མཚན་མའོ། །མཚུངས་པའི་ནང་ཞེས་བྱ་བ་ནི། དམ་པ་མི་རྣམས་དང་འདྲ་བའི་དོན་ཏོ། །དེ་གཉིས་ཀྱི་བར་ཞེས་བྱ་བ་ནི་མི་དང་མཚམས་སུའོ། །མཐོང་བའི་ཆོས་ལ་ཇི་ལྟར་བསོད་ནམས་ཟད་པ་ཡིན་ཞེ་ན། བསོད་ནམས་ཟད་པའི་ཉེས་པ་བསྟན་པའི་ཕྱིར། །སྡུག་བསྔལ་བཟོད་པར་དཀའ་བས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདི་ལྟ་དུར་ནི་བརླག་པར་འགྱུར། །ཞེས་


DTG168_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་བྱ་བ་མ་ཡིན་པ་བྱེད་པས་ལྟུང་བ་སྟེ། བྱ་བ་མ་ཡིན་པ་བྱས་པས་བརླག་པ་ནི་ངན་སོང་གི་སྡུག་བསྔལ་ཡིན་ཏེ། བརླག་པའི་རྒྱུར་གྱུར་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པ་འདོད་པས་བསླུས། །ཞེས་བྱ་བ་ནི། ངན་འགྲོར་འགྲོ་བའི་ལས་དེ་འབྲས་བུ་ཕུན་སུམ་ཚོགས་པ་འདོད་པ་ལ་བསླུས་པའི་ཕྱིར་རོ། །ཕྱེ་མ་ལེབ་བྲིད་པ་དང་འདྲ་བ་ནི་ངན་འགྲོར་འགྲོ་ཞིང་བརླག་པའི་རྒྱུར་གྱུར་པའི་ལས་ཀྱི་ལྟུང་བའོ། །དེ་བས་སྙིང་རྗེ་ཞེས་བྱ་བ་ལ་འདིར་དེ་བས་ཞེས་བྱ་བ་ནི། འཇིག་རྟེན་གཉིག་ལ་ཕན་པའི་ཕྱིར་རོ། །འདིར་གྲགས་པ་དང༌། ཕ་རོལ་དུ་ཡང་སྙིང་རྗེ་ནི་ཕན་བ་ཡིན་ཏེ། བཀྱོན་པར་མ་མཛད་ཅིག་པའོ། །འདི་ནི་ཅུང་ཟད་ཅེ་དང་ཅི་འཚལ་བ། །ཞེས་བྱ་བ་ནི་རྙེད་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་བྱ་བ་མ་ཡིན་པ་བྱས་པ་དེའི་ཅི་འཚལ་བ་དེ་དང༌། དེ་རྙེད་པ་ལ་སོགས་པས་སོ། །ཐུབ་ཆོད་དོན་ཡོད་ཅེས་བྱ་བ་ནི་འབྲས་བུ་ཡོད་བར་རོ། །ད་ནི་ཁྱོད་ཀྱིས་བཀའ་སྩོལ་སྤྱི་བོས་ནོད། །ཅེས་བྱ་བ་འདིས་ནི་གང་སྔར་བསྟན་པའི་རྒྱལ་པོ་ཆེན་པོ་རེ་ཞིག་གཞེས་ཤིག །བདག་ལ་མ་འཕེན་བར་ཞེས་བྱ་བ་དེའི་མི་མཐུན་པའི་ཕྱོགས་བདག་གི་ཤུགས་ཁས་ལེན་པར་སྟོན་པ་ཡིན་ནོ། །སྙིང་རྗེ་དང་བཅས་པར་སྟོན་པ་ཞེས་བྱ་བ་ནི། གང་སྔར་བསྟན་པའི་རྒྱལ་པོ་ཆེན་པོ་གུམ་ལགས་པ་བཀུམ་སྟེ་ཅི་བགྱི་ཞེས་པ་དང༌། དེ་བས་སྙིང་རྗེ་མཛོད་ལ་མ་བཀྱོན་པར་ཞེས་བྱ་བ་དེ་དག་གིས་བསྟན་པ་ཡིན་ནོ། །གཡོ་མེད་པར་དེ་ལ་ཕན་འདོགས་པར་བྱེད་པ་དེ་ཞེས་བྱ་བ་ནི། གང་སྔར་བསྟན་པ་འདི་ནི་ཅུང་ཟད་ཅི་འཚལ་བ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གསོད་དང་རྐུན་ལ་སོགས་པ་སྤོངས། །ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། དག་འཁྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ལས་ལྡོག་པའོ། །རྣམ་པ་གསུམ་དུ་དབྱེ་བ་གང་ཡིན་པ་དེ་ནི། རྣམ་པ་གསུམ་དུ་གྱེས་པའི་བྱེད་པའོ། །རྣམ་པ་གསུམ་དུ་བྱེད་པ་ནི། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་དང་རྣམ་པ་གསུམ་མོ། །གསུམ་དང༌། བཞི་དང༌། གསུམ་ནི་ལས་ཀྱི་ལམ་མོ། །ཇི་ལྟར་སྙིང་རྗེ་བསྐྱེད་པ་ཡིན་ཞེ་ན། གང་གི་ཕྱིར་


DTG168_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཡོད་ན་ནི། གསོད་པ་ལ་སོགས་པ་ལས་སྡིག་པའི་མཚན་ཉིད་ཀྱི་ཆོས་སུ་འགྱུར་བའི་ཕྱིར་རོ། །རྣམ་པ་གསུམ་དུ་གྱེས་པ་བྱེད་པ་དེ་བསྟན་པའི་ཕྱིར། བདག་རང་ཉིད་དམ། ནད་མི་ལ་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། ཇི་ལྟར་བདག་དང་ནད་མི་དག་ལ་བརྩེ་བ་དེ་བཞིན་དུ་གཞན་ལ་ཡང་ངོ། །དེ་ཡིས་སེམས་ནི་ཆོས་མིན་ལ། །འཇུག་པའི་མི་དགེ་ག་ལ་འབྱུང༌། །ཞེས་བྱ་བ་སྟེ། འདིས་ནི་མི་དགེ་པ་བཅུའི་ལས་ཀྱི་ལམ་ལས་ལོག་པར་བསྟན་ཏོ། །སྐྱེ་བོ་སྙིང་རྗེ་མེད་པར་གྱུར་ན་ནི། །མི་དགེ་བ་བཅུའི་ལམ་ལ་འཇུག་པར་འགྱུར་བ་དེའི་དབང་དུ་བྱས་ནས། སྐྱེ་བོ་སྙིང་རྗེ་མེད་པས་ན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་བས་ཆོས་ལ་ངང་པ་ཡིས། །ཞེས་བྱ་པའི་ཚིགས་བཅད་ནི་བསྡུས་པ་ཡིན་ཏེ། དེ་ལས་ཡོན་ཏན་འཕེལ་བར་འགྱུར། །ཞེས་བྱ་བ་ལ། ཡོན་ཏན་གང་ཡིན་པ་དེ་དག་བསྟན་པའི་ཕྱིར། སྙིང་རྗེས་ནོན་པའི་སེམས་ནི་གཞན་ལ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གནོད་པ་བྱེད་མི་འགྱུར་ཞེས་བྱ་བ་ནི་ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལམ་མེད་པར་བསྟན་ཏོ། །ངག་ཀྱང་གཞན་དུ་འགྱུར་བ་མེད། །ཅེས་བྱ་བ་ནི་ངག་གི་མི་དགེ་བའི་ལས་ཀྱི་ལམ་མེད་པར་བསྟན་ཏོ། །ལུས་ཀྱང་གཞན་དུ་འགྱུར་བ་མེད། །ཅེས་བྱ་བ་འདིས་ནི་ལུས་ཀྱི་མི་དགེ་བའི་ལམ་གྱི་ལམ་མེད་པར་བསྟན་ཏོ། །དེ་ལྟར་མི་དགེ་བ་ལས་ལྡོག་པའི་ཚུལ་བསྟན་ནས། ད་ནི་དགེ་བལ་འཇུག་པའི་ཚུལ་གྱི་དབང་དུ་བྱས་ནས། སྦྱིན་དང་བཟོད་ལ་སོགས་ཞེས་བྱ་བ་སྨོས་ཏེ། སོགས་པའི་སྒྲས་ནི་བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རང་དང། བསྡུ་བའི་དངོས་པོ་རྣམས་གཟུང་ངོ༌། །ཚུལ་ཁྲིམས་མ་སྨོས་པ་ནི། སྡོམ་པའི་ཚུལ་ཁྲིམས་ནི་སྡར་བཤད་པའི་ཕྱིར་རོ། །དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ནི་སྩོགས་པའི་སྒྲས་སྒྲུབ་པའོ། །གཞན་དག་ཀྱང་སྩོགས་པའི་སྒྲས་གཟུང་བར་བྱ་སྟེ། ཡོན་ཏན་རྣམས་བསྟན་པའི་ཕྱིར། སྙིང་རྗེ་ཅན་ནི་ཉེ་བར་ཞི་བས་ཞེས་བྱ་བའི་ཚིག་རྐང་འདི་བསྟན་པ་ཡིན་ཏེ། འདིས་ནི་བདག་དང་གཞན་ལ་ཡིད་འབྱུང་བར་མི་བྱེད་པས་ཡོན་ཏན་ནོ། །ཡིད་འབྱུང་བ་མེད་པ་ནི་ཉི་ཚེར་མ་ཟད་དེ། དེ་བཞིན་དུ་ཡིད་བརྟན་པར་ཡང་བྱེད་པ་ཡིན་ནོ། །ཡོན་ཏན་འདི་གཉིས་ནི་


DTG168_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་འབྲེལ་པའོ། །འཐབ་མོའི་འཁྲུག་པ་ཡོང་མི་འབྱུང༌། །ཞེས་བྱ་བ་འདིས་ནི། ལུས་དང༌། དག་གི་ལས་ཀྱི་སྤྱོར་པས་བདག་དང་གཞན་ལ་གནོད་པ་མེད་པར་སྟོན་ཏོ། །འཁྲུག་པའི་མེ་འབར་ཡོང་མི་འགྱུར། །ཞེས་བྱ་བ་འདིས་ནི། བདག་གི་བསམ་པ་ལ་གནོད་པ་མེད་པར་བསྟན་ཏོ། །མདོར་ན་ཞེས་བྱ་བ་ནི། སྔར་བསྟན་པའི་དོན་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ཏེ། མཁས་པའི་ཆོས་ལ་ལྟ་ཞེས་བྱ་བ་འདིས་ནི། སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེད། །ཅེས་བྱ་བའི་ཚིགས་བཅད་སྔར་བསྟན་པ་དེ་སྟོན་པ་ཡིན་ནོ། །དགའ་བའི་ཡོན་ཏན་བརྩེ་ལ་མི་བརྟེན་གང་ཞིག་ཡོད། །ཅེས་བྱ་བ་འདིས་ནི། གསོད་དང་རྐུ་ལ་སོགས་པ་སྤོངས། །ཞེས་གང་བསྟན་པ་དེ་དག་ཉིད་བསྟན་ཏོ། །དེ་བས་བདག་དང་བུ་བཞིན་ཞེས་བྱ་བའི་ཚིགས་བཅད་འདིས་ནི། བདག་རང་ཉིད་དམ་ནང་མི་ལ་ཞེས་བྱ་བའི་ཚིགས་བཅད་དུ་གང་བསྟན་པ་ད་ཉིད་བསྟན་ཏོ། །དམ་པའི་ཚུལ་ཞེས་བྱ་བ་འཇུག་པ་དང༌། ལྡོག་པའི་ཚུལ་གྱིས་སོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་རི་དགས་རུ་རུའི་སྐྱེས་པའི་རབས་སོ།། །།དམ་པ་རྣམས་ཀྱི་ཚུལ་ནི་དམ་པའི་ཚུལ་ལོ། །ཡང་ན་དམ་པ་ཉིད་ཚུལ་ཡིན་པས་དམ་པའི་ཚུལ་ལོ། །དམ་པའི་རྗེས་སུ་འབྲང་བའི་ཚུལ་གང་ལ་ཡོད་པ་དེ་དག་ནི་དམ་པའི་ཚུལ་གྱི་རྗེས་སུ་འབྲང་པ་རྣམས་སོ། །རོ་དང༌། མཐུ་དང༌། རྣམ་པར་སྨིན་པའི་ཡོན་ཏན་ནི་རོ་དང༌། མཐུ་དང༌། རྣམ་པར་སྨིན་པའི་ཡོན་ཏན་རྣམས་ཏེ། ཡོན་ཏན་རྣམ་པ་མང་བོ་གང་ཡིན་པ་དེ་དག་གི་ནི། རོ་དང༌། མཐུ་དང༌། རྣམ་པར་སྨིན་པའི་ཡོན་ཏན་རྣམ་པ་མང་པོ་དང་ལྡན་པའོ། །རོ་ནི་མངར་བ་ལ་སོགས་པ་དྲུག་གོ །མཐུ་ནི་རྣམ་པ་གཉིས་ཏེ། དྲོ་བའི་ནུས་པ་དང༌། བསིལ་བའི་ནུས་པའོ། །རྣམ་པར་སྨིན་པ་ཡང་རྣམ་པ་གཉིས་སོ། །གཞན་ཡང་རྣམ་པ་སྣ་ཚོགས་པའི་མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་དང༌། འདབ་མ་དང། ལྡུམ་བུ་དེ་དག་གིས་བརྒྱན་པའོ། །གཞན་ནི་སྔ་མ་བཞིན་ནོ། །གང་དུ་འབབ་ཆུ་ཤེལ་སྒོང་ལྟར་དང་ཞིང་གསལ་བ་འབབ་པ་གང་ཡིན་བ་དེ་ནི་འབབ་ཆུ་ཤེལ་སྒོང་ལྟར་དང་ཞིང་གསལ་བ་འབབ་པའོ། །གཏོང་བ་དང༌། སྙིང་རྗེ་ནི། གཏོང་བ་དང༌། སྙིང་རྗེའོ། །དེ་གཉིས་ལ་གོམས་


DTG168_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་དེ་བས་ནའོ། །གཏོང་བས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ༌། །སྙིང་རྗེས་ནི་ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་གཟུང་ངོ༌། །གཏོང་བ་ལ་གོམས་པ་ནི། ཕྲག་དོག་དང༌། འཇུངས་པ་ཉེ་བར་འོང་བར་མ་གྱུར་ཏེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་འཁྲུག་པའི་མཚན་ཉིད་ནི་ཕྲག་དོག་གོ །སེར་སྣ་ནི་སྦྱིན་པ་དང་མི་མཐུན་པའི་ཡིད་ཀྱིས་ཀུན་དུ་འཛིན་པ་སྟེ། དེ་གཉི་གའི་མི་མཐུན་པའི་ཕྱོགས་ནི་གཏོང་བ་ལ་གོམས་པའོ། །གང་གི་ཕྱིར་སྙིང་རྗེ་བསྒོམས་པས་ནི། ཁྲོ་བ་ཉེ་བར་མ་གྱུར་ཏེ། ཁྲོ་བ་བཟློག་པས་ནི་ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བར་འགྱུར་བའི་ཕྱིར་དེ་ལྟར་བསོད་ནམས་ཀྱི་ཚོགས་རྣམ་པ་གསུམ་བསྟན་ཏོ། །དུད་འགྲོར་སྐྱེས་གྱུར་ཀྱང་ཞེས་བྱ་བ་ནི་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་ཡོངས་སུ་བཟུང་བ་ཡིན་ནོ། །དབང་ཐང་ལྷག་མས་ཞེས་བྱ་བ་ནི་གང་བདེ་འགྲོ་དག་ཏུ་སྤྱོད་པའི་ལྷག་མ་སྟེ། ལས་ལ་དབང་པ་དེས་དྲངས་པའོ། །དམ་པ་རྣམས་ཞེས་བྱ་བ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཕན་གདགས་འབྲེལ་པའི་མཛའ་བཤེས་ཀྱི་སྐྱེ་བོ་གང་ཡིན་པ་དེ་དག་ནི་ཕན་གདགས་འབྲེལ་པའི་མཛའ་བཤེས་ཀྱི་སྐྱེ་པོ་རྣམས་སོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འབྲེལ་པའི་མཛའ་བཤེས་སྐྱེ་བོ་དེ་དང་བྲལ་བ་རྣམས། །ཞེས་སྦྱར་རོ། །བྱེས་ཡུལ་དུ་དོང་བ་ལྟ་བུ་ནི་དུད་འགྲོའི་སྐྱེ་གནས་སུ་བྱང་ཆུབ་སེམས་དཔའ་སྐྱེས་པའོ། །ཕན་གདགས་འབྲེལ་བའི་མཛའ་བཤེས་ཀྱི་སྐྱེ་བོ་དང་བྲལ་བ་ལྟ་བུ་ནི་བདེ་འགྲོ་ལས་ཉམས་ཏེ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའོ། །ནོར་གྱི་ལྷག་མ་ལྟ་བུ་ནི་དབང་ཐོང་གི་ལྷག་མའོ། །དེའི་དྲུང་ནས་ཞེས་བྱ་བ་ནི་ནགས་ཚལ་གྱི་བདག་པོ་དེའི་དྲུང་ནས་སོ། །ཆུའི་ནང་ན་རྩེ་བའི་མཐའ་རྒྱ་མོས་བསྐོར་བའི་ངོས་ཤིག་ལ་ཆགས་སོ་ཞེས་བྱ་བའི་ཚིག་གིས་ནི་ཆུ་བོ་རྒལ་བ་ཉིད་དེ། ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའི་ཚུལ་དུ་བདག་ཉིད་བསྲུང་བ་བསྟན་པའི་ཕྱིར་རོ། །ཁྲུས་རྩིས་བསྒོས་པ་ཡིན་ཏེ། དེ་གང་ཡིན་ཞེན། ན་ཆུང་ངོ༌། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་འབྲས་བུ་དེ་སྔར་མ་སྤྱད་པའི་ཕྱིར་རོ། །དེ་ག་ལས་བྱུང་བ་ནི་དེ་ག་ལས་བྱུང་བ་སྟེ། གང་ལས་བྱུང་བའོ། །དེ་བཙལ་བར་བསམས་པ་གང་ཡིན་པ་དེ་ནི། དེ་གང་ལས་བྱུང་བ་བསམས་


DTG168_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རང་གི་བློས་བརྟགས་ཏེ་ཞེས་བྱ་བ་ནི། བཀའ་ལ་གཏོགས་པ་དང་བཅས་པས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལ་གནོད་པ་མཐོང་བར་གྱུར་ནི། རོ་ལ་སྲེད་པ་དང༌། སྟོབས་དང་ལྡན་པ་ཉིད་དུ་གྱུར་ཀྱང་ངོ༌། །མི་རིང་བ་ནི་ཉེ་བའོ། །ཅིའི་ཕྱིར་ཞེ་ན། ཁ་དོག་དང༌། དྲི་མ་ཉམས་པའི་ཕྱིར་ཏེ། དེ་ཡང་འབབ་ཆུའི་འགྲམ་མི་རིང་བ་ཞིག་ན་ཡོད་པ་ཉིད་དུ་ངེས་ཏེ། ཅིའི་ཕྱིར་ཞེ་ན། རྨ་མེད་ཅིང་མ་སྣད་པའི་ཕྱིར་རོ། །གལ་ཏེ་ཡུན་རིང་བོར་ཆུའི་ནང་དུ་ལྷུང་ན་ནི། འདི་ག་ལས་འབྱུང་བའི་གནས་ཤེས་པར་མི་ནུས་པ་སྟེ། འདི་ལྟར་འབབ་ཆུའི་འགྲམ་མི་རིང་བ་ཞིག་ན་ཞེས་སྨོས་པས་ཉེ་བར་གྱུར་པའི་ཕྱིར་དང་མི་རིང་བའི་ཕྱིར་ཤེས་པར་ནུས་ཏེ། འབབ་ཆུའི་འགྲམ་ན་འདུག་པར་ངེས་པའི་ཕྱིར། འབབ་ཆུ་དེའི་འགྲམ་ཐོག་ཐག་ཏུ་སོང་ན་དེ་ག་ལས་བྱུང་བ་ཤེས་པར་ནུས་པ་ཉིད་དོ། །རིང་ནས་མཐོང་བ་ཡིན་ཏེ། ཇི་ལྟར་མཐོང་བ་ཡིན་ཞེ་ན། ཆུའི་ལྗིད་ཀྱིས་ནོན་པ་འདྲ་བ་ཞེས་བྱ་བ་དང༌། རི་དང་ཉེ་ཡང་ཞེས་བྱ་བ་སྟེ། སྤྲིན་གྱི་མདོག་འདྲ་བའི་ཕྱིར་དང༌། རི་ལྟར་མཐོ་བའི་ཕྱིར་རོ། །ཤིང་ཨམྲའི་འབྲས་བུ་ས་ཧ་ཀ་ར་སྨིན་པའི་དེ་བས་ཀྱང་ལྷག་པ་དེ་ནི་ཨ་མྲའི་འབྲས་བུ་ས་ཧ་ཀ་ར་སྨིན་པའི་དྲི་བས་ཀྱང་ལྷག་པའོ། །གང་གིས་འཇིགས་ཤིང་སྐྲག་པ་དང༌། མྱ་ངན་ཡོངས་སུ་སྤངས་པ་དེ་ནི་འཇིགས་ཤིང་སྐྲག་པ་དང༌། །མྱ་ངན་ཡོངས་སུ་བཏང་བའོ། །འཇིགས་པ་སྤངས་པ་ནི་བཟློག་པའི་ཐབས་སྒུབ་པས་སོ། །མྱ་ངན་སྤངས་པ་དེ་ནི། དེའི་སྐྱབས་སུ་འགྲོ་བར་མི་བྱེད་པའི་ཕྱིར་རོ། །སྐྲག་པ་སྤངས་པ་ནི་མི་འབྲོས་པའམ། མི་བྱེད་པས་སོ། །ཡང་ན་སྤྲེའུ་འཁོར་དེ་དག་དབུགས་དབྱུང་བའི་ཕྱིར་འཇིགས་པ་མེད་པའོ། །ཡོངས་སུ་སྐྱབས་པའི་བློ་བསྐྱེད་པའི་ཕྱིར། སྐྲག་པ་དང༌། མྱ་ངན་སྤངས་པའོ། །བྱ་འཕུར་བ་བཞིན་དུ་མཆོངས་པ་གཅིག་གིས་ལེགས་པར་མཆོངས་པར་གྱུར་ཏེ། ཅིའི་ཕྱིར་ཞེ་ན། མཆོངས་པའི་མཐུ་རྩ་ལ་ཆེ་བའི་ཕྱིར་རོ། །དེས་ནི་སྙིང་རྗེ་རྣམ་པར་བསྐྱེད་པ་དང༌། །ཞེས་བྱ་བའི་ཚིགས་བཅད་འདི་ནི་མཆོངས་པའི་མཐུ་རྩལ་ཅན་ནོ་ཞེས་བསྟན་པ་དེ་ནི་མཐུ་རྩལ་གྱི་རྒྱུ་བསྟན་པའི་ཕྱིར་ཏེ། སྙིང་རྗེ་དང༌། དཔའ་བའི་ཤུགས་ཀྱི་རྩོལ་བ་གང་ཡིན་པའི་རྒྱུས་སོ། །རྩོལ་བ་དྲག་པ་ནི་འབད་པའི་ཁྱད་པར་དེས་ཏེ། དེའི་ཕྱིར་ཡིད་ལ་བསམས་པ་


DTG168_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཕྱིན་པར་གྱུར་ཏོ། །དེ་གཉིས་ཀྱི་པར་ནི་དེའི་བར་དེ་ཤིང་དང་རི་གཉིས་ཀྱིའོ། །མཐོ་བའི་འགྲམ་ནི་དེའོ། །ས་ཁྱོན་དེའི་བར་བས་ཀྱང་དཀྱུས་རིང་བ་གང་ཡིན་པའི་སྤ་ཐག་དེ་ནི་ས་ཁྱོན་དེ་བས་རིང་བ་སྟེ། དེ་སྨིན་པར་སྐྱེས་ལ་རྩ་བ་བརྟན་ཞིང་ཕྲ་བ་གང་ཡིན་པ་དེའོ། །དེ་གཉིས་ཀྱི་བར་ཐག་རིང་ཞིང་ཞེས་བྱ་བ་ནི་ཤིང་ཆེན་པོ་དེ་དང༌། རིའི་རྩེ་མོ་མཐོན་པོ་དེའི་འགྲམ་མོ། །རྐང་པ་གཉིས་བཅིངས་པ་ནི། རྐང་པ་གཉིས་བཅིངས་པ་སྟེ། དེས་ཟོ་མདོག་མི་བདེ་པའི་ཕྱིར་རོ། །བརྒྱངས་ཞེས་བྱ་བ་ནི་དྲངས་པའོ། །བདག་གི་ལུས་ཀྱི་ཤ་དང་བྲལ་བ་ཅིའི་ཕྱིར་ཞེ་ན། སྤྲེའུའི་ཚོགས་དེ་དག་འཇིགས་པས་ལུས་བརྫིས་པའི་ཕྱིར་རོ། །དེ་ལྟར་ན་ཡང་བརྟན་པ་ཉིད་ནི་མ་ཉམས་པར་སྟོན་ཏོ། །འདི་ལྟར་དཔའ་བ་ཕུན་སུམ་ཚོགས་པས་ནི་སྔར་བསྟན་པའི་འབད་བའི་ཁྱད་པར་བསྟན་ཏོ། །བློ་ཕུན་སུམ་ཚོགས་བ་ནི་རྐང་པ་གཉིས་སྤ་ཐག་གིས་བཅིངས་པའི་ཕྱིར་རོ། །བདག་ལའང་མི་ལྟ་ཞེས་བྱ་བ་ནི་སྤྲེའུའི་ཚོགས་རྣམས་འདི་ལས་མྱུར་དུ་དེང་ཞེས་བྱ་བའི་ཚིག་གིས་སོ། །གཞན་ལ་སྙིང་བརྩེ་ཞེས་བྱ་བ་ནི་བདག་གིས་སྐད་ཀྱིས་སྤྲན་ཞེས་བྱ་བའི་ཚིག་གིས་སོ། །སྤྲེའུའི་བདག་པོ་འདི་སྤྲེའུ་མང་པོ་འཇིགས་ཏེ་བྲོས་པའི་རྐང་ལག་གིས་སྣད་པའི་ལུས་གང་ཡིན་པ་དེ་ནི་སྤྲེའུའི་བདག་པོ་འདི་སྤྲེའུ་མང་པོ་འཇིགས་ཏེ་བྲོས་པའི་རྐང་ལག་གིས་སྣད་པའི་ལུས་སོ། །རྨས་བྱས་པའི་སྡུག་བསྔལ་དང༌། སེམས་མི་དྲན་པ་ནི་ལུས་ཀྱི་རྨའི་སྡུག་བསྔལ་གྱིས་བརྒྱལ་བར་གྱུར་ཏེ་སེམས་མི་དྲན་བའོ། །དེ་གཉིས་ལས་བྱུང་བ་ནི་རྨ་བྱུང་བའི་སྡུག་བསྔལ་གྱིས་བརྒྱལ་བར་གྱུར་ཏེ་སེམས་མི་དྲན་པ་ཉིད་དོ། །རྨའི་སྡུག་བསྔལ་དེ་ཡང་སྤྲེའུ་མང་པོ་འཇིགས་ཏེ་བྲོས་པའི་རྐང་ལག་གིས་བརྫིས་པས་ལུས་སྣད་པའི་ཕྱིར་རོ། །དུབ་པ་ཡང་སྤྲེའུའི་ཚོགས་ཀྱིས་རྐང་པས་བརྫིས་པའི་ཕྱིར་ཏེ། གནས་སྐབས་དེ་ལྟ་བུར་ཡུན་རིང་དུ་དུབ་པས་སོ། །ཡ་མཚན་ཆེ་བ་ཞེས་བྱ་བ་ནི་ལྟད་མོར་ཆེ་བའི་ཕྱིར་རོ། །ཁྱོད་ཀྱི་ཅི་འོང་ཁྱོད་ཀྱང་ཁོང་གི་ཅི། །ཞེས་དྲིས་པ་ཡིན་ཏེ། ངོ་མཚར་ཆེ་བ་ནི་རང་གི་སྲོག་གཏོང་བ་དང༌། སྙིང་རྗེ་དང༌། གུས་པས་སྤྲེའུའི་ཚོགས་བསྒྲལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར། དེ་གཙོ་བོ་ཡིན་པས་ཡ་མཚན་ཆེ་བ་དང་པོར་བརྗོད་པ་ཡིན་ནོ། །ཚིགས་བཅད་འོག་མ་སྨོས་པ་ཡང་དེའི་ཁྱད་པར་དེ་འདིས་འབྲེལ་པ་ཡིན་


DTG168_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱུ་འབྲེལ་ལོ། །རབ་ཏུ་འབྲེལ་པའི་རྒྱུ་འབྲེལ་ཆུང་གང་ཡིན་པ་དེ་ནི་རབ་ཏུ་མཛའ་བའི་རྒྱུ་འབྲེལ་ཆུང་དུའོ། །ཁུར་དེ་བསྐུར་བ་ཞེས་བྱ་བ་ནི་བདག་པོ་ཉིད་ཀྱི་དངོས་པོའོ། །ཉེ་དུ་ཡིན་པས་གཉེན་ནོ། །དེ་དང་འདྲ་བ་ཡིན་པས། གཉེན་དང་འདྲ་བར་གྱུར་པའོ། །བློན་པོ་ལ་སོགས་པ་གང་ཡིན་པ་དེ་དག་ནི་བློན་པོ་ལ་སོགས་པའོ། །གཉེན་དང་མཛའ་བོ་ཞེས་བྱ་བ་འདིས་ནི་བྱམས་པ་བསྟན་ཏོ། །ཉམས་ཉེས་རབ་ཏུ་ཆེ་བ་དང༌། །ཕོངས་ནས་མྱ་ངན་བྱེད་པ་ཞེས་བྱ་བ་ལ་ཉམས་ཉེས་པ་རབ་ཏུ་ཆེ་བ་ནི་རྒྱལ་པོའི་དཔུང་གི་ཚོགས་ཀྱིས་ཟིལ་གྱིས་མནན་པས་སོ། །དེས་བྱས་པའི་ཕོངས་པ་ནི་ཉམས་ཉེས་རབ་ཏུ་ཆེར་བྱུང་བས་ཕོངས་པའོ། །ཉམས་ཉེས་རབ་ཏུ་ཆེར་བྱུང་ཞིང་ཕོངས་པས་བྱས་པའི་མྱ་ངན་ནི་ཉམས་ཉེས་རབ་ཏུ་ཆེར་བྱུང་ཞིང༌། ཕོངས་ནས་མྱ་ངན་བྱེད་པའོ། །ཉམས་ཉེས་རབ་ཏུ་ཆེར་བྱུང་ཞིང་ཕོངས་ནས་མྱ་ངན་བྱེད་པ་དེ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། དེ་བས་གཞུ་རྣམས་བཀང་ནས་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དེ་བས་ཞེས་བྱ་བ་ནི་གང་གི་ཕྱིར། སྡུག་བསྔལ་རབ་ཏུ་བྱུང་བ་ཉིད་དེ། དེའི་ཕྱིར། མདེའུ་རྩེ་མོ་རྣོན་པོ་དག་འཕེན་པ་རྣམས་ཀྱིས་འཇིགས་པ་གང་ཡིན་པ་དེ་དག་ལས་འཇིགས་པའི་སྒྲ་གང་ཡིན་པ་དེ་ནི་སྒྲ་འཇིགས་པའོ། །སྒྲ་འཇིགས་པའི་གཞུ་རྒྱུད་གང་ཡིན་པ་དེ་ནི། གཞུ་རྒྱུད་སྒྲ་འཇིགས་སོ། །ཕོངས་པ་དང༌། མྱ་ངན་བྱེད་པ་དེ་བསྟན་པའི་ཕྱིར། བདག་གི་འཁོར་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་སོ། །རབ་ཏུ་སྐྲག་པའི་སེམས་ཡིན་པས་ཕོངས་པའོ། །དུ་ཞིང་འབོད་པས་ཞེས་བྱ་བ་འདིས་ནི་མྱ་ངན་བྱེད་པའོ། །ས་ཁྱོན་ལེགས་པར་བརྟགས་པ་གང་ཡིན་པ་དེ་ནི་ས་ཁྱོན་ཚད་ནི་ལེགས་པར་བརྟགས་པའོ། །རྩ་བཅས་ཞེས་བྱ་བས་ནི་སྔར་བཤད་པའི་རྩ་བ་དང་ལྡན་པའོ། །བདག་གི་བདེ་བ་ཁྱད་དུ་བསད་པ་དེ་ལ་ཁྱོད་ཀྱིས་ཡོན་ཏན་ཅི་ཞིག་འཐོབ་ཅེས་བཤད་པ་ལ། དེའི་ཡོན་ཏན་བསྟན་པའི་ཕྱིར། གང་རྣམས་རྒྱལ་པོ་བདག་གིས་ཡུན་རིང་བྱས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བདག་གི་ལུས་ལྟ་སྣད་པར་གྱུར་ཀྱང་རུང༌། །ཞེས་བྱ་བ་ནི་བདག་གི་ལུས་འདི་ལ་རྨ་ཡོད་པར་གྱུར་ཀྱང་རུང་ཞེས་བྱ་བ་ཡིན་ཏེ། འདིས་ནི་བདེ་བ་ཁྱད་དུ་གསོད་པར་སྟོན་ཏོ། །དེ་བས་སེམས་ནི་རབ་ཏུ་དགའ་བར་གྱུར། །ཅེས་བྱ་བ་ནི། ཡིད་


DTG168_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདེ་བ་འཐོབ་པ་སྟེ། །ཡོན་ཏན་འདི་ཐོབ་པ་ཡིན་ནོ། །དེ་བས་ན་ཡིད་དགའ་བ་ཐོབ་བ་དེའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། བདག་གིས་དེ་དག་སྡུག་བསྔལ་རྣམ་པར་བཟློག །ཅེས་བྱ་བ་ཉིད་ཀྱིས་སོ། །དེ་བས་ན་དེའི་ཕྱིར་དྲེགས་པའི་དགྲ་རྣམས་གཡུལ་ངོར་ཞེས་བྱ་བའི་ཚིགས་བཅད་སྨོས་པ་ཡིན་ཏེ། འདིས་ནི་ལུས་ཀྱི་སྡུག་བསྔལ་བ་ཡང་མེད་པར་བསྟན་ཏོ། །རྨ་ཙམ་ཉི་ཚེ་འམ། རྨ་ལས་བྱུང་བའི་སྡུག་བསྔལ་ཙམ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་དཔའ་བོ་རྣམས་ཀྱིས་རྨ་བྱུང་བ་ཡང༌། དགྲ་ཕམ་བར་བྱས་པའི་ཕྱིར་བཟོད་པ་ཡིན་ཏེ། མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར། དགའ་བཞིན་དུ་རྨ་ལ་བཟོད་བའི་ཕྱིར་རོ། །དེ་བས་ན་རྨ་ལས་བྱུང་བའི་སྡུག་བསྔལ་བ་ཡང་མེད་དེ། བདེ་བ་འབའ་ཞིག་ཡིན་ནོ། །ལུས་སྣད་པ་དེའི་སྡུག་བསྔལ་མེད་དེ། བདེ་བ་ཉིད་དུ་བསྟན་ན། དཔའ་བོ་རྣམས་རྨའི་སྡུག་བསྔལ་དགའ་བཞིན་དུ་བཟོད་པ་ལྟར་བདག་ཉིད་རྨ་དེ་ལ་དེ་ཇི་ལྟར་དགའ་བཞིན་དུ་བཟོད་ཅེ་ན། དེའི་རྒྱུ་བསྟན་པའི་ཕྱིར། རིགས་མཐུན་རྣམས་ཀྱིས་རབ་ཏུ་གུས་བྱས་ནས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དབང་ཕྱུག་བདེ་བ་ཐོབ་པར་འགྱུར་པའི་བུ་ལོན་འཁོར་བར་གྱུར་པའི་ཕྱིར་ཏེ། དེས་ན་དེའི་ཕྱིར་དགའ་བཞིན་བཟོད་བར་བྱ་བའོ། །དེ་བས་ན་བདག་ཉིད་མཛའ་བ་དང་བྲལ་བའམ་ཞེས་བྱ་བའི་ཚགས་བཅད་འདི་ནི་སྔར་བཤད་བའི་དོན་གྱི་མཇུག་སྡུད་བ་ཡིན་ཏེ། དེ་བས་ན་ཞེས་བྱ་བ་ནི་བུ་ལོན་འཁོར་བའི་ཕྱིར་རོ། །དེ་ཙམ་ཉི་ཚེར་ཡང་མ་ཟད་དེ། འདི་ལྟར་ཡོན་ཏན་ཁྱད་པར་ཅན་འཐོབ་པའི་ཕྱིར་རོ། །དེ་ཡོན་ཏན་དེ་གང་ཡིན་ཞེ་ན། དེ་ཉིད་སྨྲས་པ། སྔོན་དུ་ཕན་བཏགས་བུ་ལོན་འཁོར་བས་མགུ། ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། འཁོར་གྱི་སྔོན་དུ་ཕན་བཏགས་པ་ལ་ཡང་དག་སྒྲུབ་པའི་ཕན་ཡོན་ཏེ། བདག་ཉིད་མགུ་བ་དང༌། མྱ་ངན་ཞི་བ་ནི་བདག་དང་འབྲེལ་པའི་ཕན་ཡོན། །ད་ལྟར་བྱུང་བའི་གྲགས་པ་དྲི་མ་མེད་པ་འཐོབ་པ་དང༌། རྒྱལ་པོས་མཆོད་པ་བྱས་ཞེས་བྱ་བ་འངས་གཉིས་ནི། གཞན་དང་འབྲེལ་བའི་ལུས་དང༌། ངག་གི་ཕན་ཡོན་ནོ། །འཆི་ལ་འཇིགས་པ་མེད་ཅེས་བྱ་བ་ནི། དུས་གཞན་གྱི་ཕན་ཡོན་ནོ། །དེ་དང་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི། བུ་ལོན་འཁོར་བ་ལ་སོགས་པ་མེད་པ། དམ་པས་ཕན་བཏགས་དྲིན་ཡང་དྲན་པར་གྱུར། །ཞེས་བྱ་བ་ནི། དེ་དག་གཞན་དང་འབྲེལ་བའི་ཡིད་ཀྱི་ཕན་


DTG168_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ནོ། །དེ་དང་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་བུ་ལོན་འཁོར་བ་ལ་སོགས་པ་མེད་པ་ཉིད་ནི་དེ་དང་མི་མཐུན་པའི་ཕྱོགས་ཏེ་སྐྱོན་ནོ། །ཡོན་ཏན་མེད་པ་ནི་བུ་ལོན་འཁོར་བ་ལ་སོགས་པའི་ཡོན་ཏན་མེད་པའོ། །གྲགས་པ་མེད་པར་གྱུར་པ་ནི། །སྔར་ཐོབ་པའི་གྲགས་པ་རྣམས་ཉམས་བའོ། །ཉེས་པ་འབྱུང་བའི་གནས་སུ་གྱུར་པ་རྣམས། །ཞེས་བྱ་བ་ནི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་སྔར་བཤད་པ་དག་སྟེ། ཡོན་ཏན་མེད་པའོ། །བརྟན་པ་ཞེས་བྱ་བ་ནི་སྔོན་དུ་ཕན་བཏགས་བུ་ལོན་ཞེས་བྱ་བའི་ཚིགས་བཅད་ཀྱིས་སོ། །སྐྱོན་གྱི་མཐུ་ཞེས་བྱ་བ་ནི། བདག་པོ་སྙིང་རྗེ་མེད་ལ་རྟེན་བཅས་ནས། །ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མ་དང༌། ཡོན་ཏན་མེད་ཅིང་ཞེས་བྱ་བའི་ཚིགས་བཅད་འདིས་སོ། །གཞོན་པའི་དཔུང་དང༌། ལྗོངས་དང༌། བློན་པོ་དང་ཞེས་བྱ་བ་ཡིན་ཏེ། བདེ་བ་དང་ལྡན་པར་དོན་སྒྲུབས་ཤིག་བའོ། །མགོན་མེད་འབངས་དང༌། དགེ་སྦྱོང་བྲམ་ཟེ་རྣམས་ཀྱང་བདེ་བ་དང་ལྡན་པར་མཛོད་ཅིག་པའོ། །ཆོས་འཕེལ་བར་བྱས་ན་ནི། བདེ་བ་གཉིས་དང་ལྡན་པར་འགྱུར་ཏེ། གྲགས་པ་འཕེལ་བ་དང༌། སྲིད་འཕེལ་བའོ། །འདི་ནི་འདིར་བདེ་བའོ། །ཡང་ན་གཉི་ག་ལ་ཡང་བདེ་བར་འགྱུར་བའོ། །སློབ་དཔོན་དཔའ་བོ་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་སྤྲེའུའི་རྒྱལ་པོའི་སྐྱེས་པའི་རབས་སོ།། །།བཟོད་པ་ལ་གོམས་པ་ཞེས་བྱ་བ་ནི། སྐུ་ཚེ་སྔ་མ་དག་ཏུ་བཟོད་པའི་རྒྱུ་བསྒོམས་པར་བསྟན་ཏོ། །སྨྲས་པ། སོ་སོར་བརྟགས་ཏེ་ཞེས་བྱ་བ་སྨོས་ཏེ། སོ་སོར་བརྟགས་པའི་རྐྱེན་གྱིས་སོ། །ཡང་ན་བཟོད་པ་ལ་གོམས་པ་ཞེས་བྱ་བ་ན། བསྒོམས་པ་ལས་བྱུང་བའི་བཟོད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པའོ། །ཁྱིམ་ན་གནས་པ་ནི་ཉེས་པ་མང་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གིས་བསྟན་ཏོ། །ཁྱིམ་ན་གནས་པ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཉིད་དང་ལྡན་པར་བསྟན་པ་སྟེ། དེ་ལས་ཉེས་པ་མང་པོའི་སྡུག་བསྔལ་དང་ལྡན་ཞེས་བྱ་བ་འདིས་ནི། མཐོང་བའི་ཆོས་ལ་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །སྲིད་དང་འདོད་བ་ལྷུར་ལེན་པས་ཉེ་བར་མ་ཞི་བ་ཞེས་བྱ་བ་འདིས་ནི། ཡུན་རིང་བོར་ཡང་སྐྱེ་


DTG168_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་བ་ཉིད་དུ་བསྟན་ཏོ། །འདོད་ཆགས་དང༌། ཞེ་སྡང་ལ་སོགས་པས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་པར་བྱ་བ་སྟེ། དེས་ཀུན་ནས་ཉོན་མོངས་པ་ཉིད་དུ་ཅི་རིགས་པར་སྦྱར་རོ། །བྱ་བ་ངན་པའི་སྐལ་བས་ཆོས་བྱ་བའི་གོ་སྐབས་མེད་པར་ཤེས་པ་ཞེས་བྱ་བ་འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །ཉེས་པ་དེ་ལྟ་བུ་མེད་པའི་བདེ་བ་ཅན་དུ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དེ་ལྟ་བུ་མེད་པའི་བར་རོ། །ཚུལ་ཁྲིམས་ཞེས་སྨོས་པས་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །མང་དུ་ཐོས་པ་ཞེས་སྨོས་པས་ནི་ལྷག་པའི་ཤེས་རབ་བསྟན་ཏོ། །རབ་ཏུ་ཞི་བ་སྨོས་པས་ལྷག་པའི་སེམས་སོ། །རྒྱུ་གསུམ་གྱིས་བཟོད་པ་སྨྲ་བ་ཞེས་བྱ་བར་མིང་དུ་བཏགས་ཏེ། དེ་བཟོད་པར་བྱ་བའི་ཡིད་དམ་མ་ཉམས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་དམ་བཅས་པ་ཡང་ཚིག་གིས་བཅད་པ་ཡིན་པའི་ཕྱིར་དེ་བས་ན་བཟོད་པ་སྨྲ་བ་ཞེས་བྱའོ། །དེའི་བསྔགས་པ་བརྗོད་པ་དང༌། གཞན་དག་ལ་དེ་དང་མཐུན་བའི་ཆོས་འཆད་པ་ཡང་དེ་ཉིད་དེ། བཟོད་པ་སྨྲ་བར་བདག་ཉིད་ཀྱིས་ཁས་བླངས་པ་དང༌། བཟོད་པའི་ཡོན་ཏན་བརྗོད་པ་དང༌། གཞན་ལ་བཟོད་པ་སྨྲ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཀའ་ཐུབ་ཕུན་སུམ་ཚོགས། །ཞེས་བྱ་བའི་མིང་ནི་བཟོད་བ་བྱ་བར་ཡིད་དམ་བཅས་པ་མ་ཉམས་པའི་ཕྱིར་རོ། །མཐུ་རྩལ་ཅན་ཞེས་བྱ་བ་ནི་བཟོད་པའི་བསྔགས་པ་བརྗོད་པ་དང༌། གཞན་དག་ལ་དེ་དང་མཐུན་བའི་ཆོས་འཆད་པའི་ཕྱིར་རོ། །དེ་ལ་རེ་ཞིག་བདག་ནི་བཟོད་པའི་ཡིད་དམ་བཅས་བ་མ་ཉམས་པས་བཟོད་པ་སྨྲ་བ་ཞེས་བྱ་བ་ནི་རིགས་ན། ཅིའི་ཕྱིར་བཟོད་པའི་བསྔགས་བརྗོད་པར་བྱེད་པ་དང༌། དེ་དང་རྗེས་སུ་མཐུན་པའི་ཆོས་འཆད་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དེ་ནི་བཟོད་བའི་ཡོན་ཏན་མཐུ་ཤེས་ནས། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། དེ་ནི་བཟོད་པའི་ཡོན་ཏན་མཐུ་ཤེས་ནས། །ཞེས་བྱ་བ་ནི་བཟོད་པའི་བསྔགས་པ་བརྗོད་པའི་རྒྱུས་སོ། །དེ་ཡིས་བདག་བཞིན་འཇིག་རྟེན་རབ་ཏུ་བརྒྱན། །ཞེས་བྱ་བ་ནི། དེ་དང་རྗེས་སུ་མཐུན་པའི་ཆོས་གོ་རིམས་བཞིན་དུ་འཆད། །ཞེས་བྱ་བའི་རྒྱུས་


DTG168_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཟོད་པའི་གཏམ་ཡང་རྒྱུན་དུ་བྱེད་པར་གྱུར། །ཅེས་བྱ་བ་ལ་གཏམ་རྒྱུན་དུ་བྱེད་པ་ནི་རྣམས་པ་གཉིས་སོ། །བཟོད་པ་ཆེན་པོ་རང་གི་ངང་དུ་གྱུར། །ཅེས་བྱ་བའི་ཚིགས་བཅད་སྨོས་ཏེ། སྔར་བསྟན་པའི་དོན་འདིས་བསྡུ་ཞིང་རིག་པར་བསྟན་པའི་ཕྱིར་ཏེ། བཟོད་བ་ཆེན་པོ་རང་གི་ངང་དུ་གྱུར། །ཅེས་བྱ་བ་འདིས་ནི། གང་སྔར་བསྟན་པའི་བཟོད་པར་བྱ་བའི་ཡིད་དམ་མ་ཉམས་པ་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །དེ་ཡི་དོན་དང་མཐུན་པའི་གཏམ་དག་གིས། །ཞེས་བྱ་བ་ནི་སྔར་བསྟན་པའི་བཟོད་པའི་བསྔགས་པ་རྗོད་པར་བྱེད་ལ། དེ་ལ་མཐུན་པའི་ཆོས་ཀྱང་རྒྱུན་དུ་འཆད། །ཅེས་བྱ་བ་དེ་སྟོན་ཏོ། །རབ་ཏུ་དབེན་པ་དང༌། ཉམས་དགའ་བ་ནི་རབ་ཏུ་དབེན་ཞིང་ཉམས་དགའ་བའོ། །དུས་ཐམས་ཅད་དུ་རྙེད་པར་སླ་བའི་མེ་ཏོག་དང༌། འབྲས་བུ་གང་ན་ཡོད་པ་དེ་ནི། མེ་ཏོག་དང༌། འབྲས་བུ་དུས་ཐམས་ཅད་དུ་རྙེད་སླ་བའོ། །སྐྱེད་མོས་ཚལ་ཉིད་དགའ་ཞིང་མཛེས་པ་གང་ཡིན་པ་དེ་ནི་སྐྱེད་མོས་ཚལ་ཉམས་དགའ་བ་ཤིན་ཏུ་མཛེས་པ་དེའོ། །བཀྲ་ཤིས་པ་ནི་ཐོས་པའི་ཆོས་ལ་འདོད་པའི་འབྲས་བུ་སྟེར་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་མཐོང་བའི་ཆོས་ཀྱི་ཡིད་ཀྱི་དྲི་མ་སེལ་བའི་ཕྱིར་རོ། །རྟེན་ནི་འཇིག་རྟེན་ཕ་རོལ་གྱི་མི་འདོད་པའི་འབྲས་བུ་སྨིན་པར་བྱེད་པའི་སྡིག་པ་འཁྲུ་བའི་ཕྱིར་རོ། །དཀའ་ཐུབ་ཀྱི་ཚལ་ནི་འཇིག་རྟེན་ཕ་རོལ་གྱི་ཡིད་དུ་འོང་བའི་འབྲས་བུའི་རྒྱུ་དགེ་བ་སྐྱེ་བའི་གཞི་ཡིན་པའི་ཕྱིར་རོ། །སྐྱེད་མོས་ཚལ་གྱི་ཡོན་ཏན་པས་ཁྱད་པར་དུ་གྱུར་པ་ནི། སྐྱེད་མོས་ཚལ་གྱི་ཡོན་ཏན་བས་ལྷག་བའོ། །དེའི་གནས་སུ་གྱུར་པ་ནི་སྐྱེད་མོས་ཚལ་གྱི་ཡོན་ཏན་བས་ཀྱང་ལྷག་པའི་གནས་སུ་གྱུར་པའོ། །འཁྲིད་ཤིང་འཁྱིལ་པས་གཏིབས་པ་ཞེས་བྱ་བ་ནི། གྲང་ཕ་སེལ་བར་བྱེད་པ་སྟེ། ལྡིང་ཁང་ནི་བསིལ་བའོ། །མེ་ཏོག་རྒྱས་པའི་ལྗོན་ཤིང་དགོད་པ་བཞིན། །པདྨ་རབ་ཏུ་རྒྱས་པའི་མཚོ་འགྲམ་ན། །ཞེས་བྱ་བས་ནི་ཚ་བ་བཙལ་བས་སོ། །གཞལ་མེད་ཁང་ལ་ལྟ་བས་ཆགས་གྱུར་བ།། ཞེས་བྱ་བ་ནི་དུས་དྲོ་བའི་ཕྱིར་དང༌། གཞལ་མེད་ཁང་རབ་ཏུ་མཛེས་པའི་ཕྱིར་རོ། །པདྨའི་མཚོ་ཞེས་བྱ་བ་ལ་པདྨའི་མཚོ་ནི་གྲང་པའི་ཕྱིར་ཏེ། དུས་ནི་དྲོ་བ་ཉིད་ཀྱིས་བུང་བ་དང་རད་པ་བཞིན་དུ་མེ་ཏོག་ཤིང་ལ་ཞེས་པ་ནི་མེ་ཏོག་ལ་ལྷག་པར་ཆགས་པའི་ཕྱིར་རོ། །སྐབས་ནི་མཚམས་ཏེ། དུས་ལ་བས་བར་


DTG168_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྟེ། གཉིད་ཀྱི་དབང་དུ་གྱུར་པའི་ཕྱིར་རོ། །ཇི་ལྟར་དགའ་བའི་ཚན་ཚན་དུ་ཆད་པ་དེ་ནི་དགའ་སྟེ། དགའ་སྡེར་ཆད་པའོ། །དེས་ན་དཀའ་ཐུབ་ཀྱི་གནས་སུ་ཕྱིན་པར་གྱུར་ཏོ། །བསྙེན་དཀའ་བའི་རྒྱུས་རབ་ཏུ་ཟབ་པའོ། །དཀའ་ཐུབ་ཀྱི་དཔལ་འབར་བ་དང༌། བསམ་གཏན་ལ་གོམས་པར་བྱས་ཞེས་བྱ་བ་ནི་ཉོན་མོངས་པ་བཀག་པའི་ཕྱིར་རོ། །གཡེང་བ་དང༌། འཛེམ་པ་དང༌། འཕྱར་བ་གང་གིས་བཏང་བ་དེ་ནི། གཡེང་བ་དང༌། འཛེམ་པ་དང༌། འཕྱར་བ་བཏང་བའོ། །དྲི་བ་ནི་དེ་དག་ལ་ནང་དྲི་བའོ། །དེ་དག་ལ་ནད་དྲི་བའི་སྐབས་ནས་གླེང་བསླང་བ་གང་ཡིན་པའི་གཏམ་དོན་དེ་དག་ལ་ནང་དྲི་པའི་སྐབས་ནས་གླེང་བསླང་བའོ། །གོ་བར་སླ་བའི་དོན་གང་ཡིན་པ་དེ་ནི་གོ་བར་སླ་བའོ། །བུད་མེད་ཀྱི་སྐྱེ་བོ་དག་གིས་གོ་བར་སླ་བའི་དོན་གང་ཡིན་པ་དེ་ནི། བུད་མེད་ཀྱིས་གོ་བར་སླ་བའོ། །ཡང་ན་གཟུང་བར་བྱ་བ་ཡིན་པས་གཟུང་བའོ། །བདེ་བར་གཟུང་བའི་དོན་གང་ཡིན་པ་དེ་ནི་བདེ་བར་ཟིན་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ནད་དྲི་བའི་སྐབས་ནས་གླེང་བསླང་བ་ཞེས་བྱ་བ་ལ་སོགས་པ་གསུམ་གྱི་དམ་བཅའ་བ་དང༌། གཏན་ཚིགས་དང༌། དཔེ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །མ་སྨད་ཅེས་བྱ་བ་ནི་ཡ་རབས་ཉིད་དུ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །མིའི་ལུས་སུ་སྐྱེས་པ་ཞེས་བྱ་བ་ནི་མི་ཉིད་དུ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དབང་པོ་རྣམས་ཀྱང་མ་ཉམས་རྣོ་དང་ལྡན། །ཞེས་བྱ་བ་ལ་དབང་པོ་ཐམས་ཅད་མ་ཉམས་པ་ནི། མ་ཚང་བ་མེད་པ་དང༌། རྣོ་བ་དང་ལྡན་པའོ། །དེས་པར་འཆི་བདག་ཅེས་བྱ་བ་ནི་འཆི་བའི་ཆོས་སོ། །བག་མེད་པར་གྱུར་བ་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་མི་བསྟེན་པའོ། །དགེ་བའི་ཆོས་དེ་ཡང་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་དག་ལ་མ་བརྟེན་ཅིང༌། མ་བསྒོམས་པས་ནི་བསླུས་པར་གྱུར་པ་ཡིན་ཏེ། དགེ་བའི་ཆོས་མ་བསྒོམས་ན་ནི་ཡང་དེའི་འབྲས་བུ་འཐོབ་པར་མི་འགྱུར་རོ། །དེ་ཡང་ཚེ་སྐད་ཅིག་མ་གཅིག་གིས་ཟད་པ་དང༌། ཚེ་ཐུང་བའི་ཕྱིར་དང༌། འདས་ནས་ཀྱང་ལྡོག་པ་མེད་པའི་ཕྱིར་རོ། །འདི་ནི་རེ་ཞིག་དམ་བཅའ་བའོ། །ཅིའི་ཕྱིར་སླུ་བ་ཡིན་ཞེ་ན། དགེ་བ་མི་བྱེད་བས་སོ། །འདི་ནི་གཏན་ཚིགས་སོ། །དེའི་རྒྱུ་རབ་ཏུ་མི་འབྱུང་ཞིང་ཟད་པ་དང༌། དེའི་རྒྱུ་འབྱུང་བར་བསྟན་པའི་ཕྱིར་ཚིགས་བཅད་གཉིས་སྨོས་ཏེ། རབ་ཏུ་


DTG168_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དང་ཞེས་བྱ་བ་དང༌། རིགས་ལ་སོགས་པ་དམན་ཡང་ཞེས་བྱ་བའི་ཚིགས་བཅད་དོ། །རིགས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །གཟུགས་དང༌། ལང་ཚོའི་ཡོན་ཏན་དང༌། སྟོབས་རབ་ཏུ་ཆེ་བ་དང༌། ནོར་ལ་སོགས་པ་ནི་སྦྱིན་བའི་འབྲས་བུའོ། །དེ་ཡང་ཁ་དོག་ཕུན་སུམ་ཚོགས་བར་བྱིན་པས་ནི། གཟུགས་བཟང་བའོ། །ཡང་ན་གོས་བྱིན་པས་སོ། །ལང་ཚོའི་ཡོན་ཏན་རྣམས་དང༌། སྟོབས་རབ་ཏུ་ཆེ་བ་ནི། ཉམས་བརྟས་པའི་བཟའ་བ་དང༌། བཏུང་བ་བྱིན་པའི་འབྲས་བུའོ། །ནོར་གྱིས་ཕྱུག་པར་གྱུར་པ་ནི་ནོར་བྱིན་པའི་འབྲས་བུའོ། །ཕྱི་མ་ལ་ཡང་བདེ་བ་འཐོབ་མི་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་སྟེ། འཇིག་རྟེན་འདིའི་བདེ་བའི་རྒྱུས་ཏེ། བདེ་བ་ནི་དགེ་བ་ལ་སོགས་པ་ཡིན་པས་སོ། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་བཟོད་པ་དང༌། བརྩོན་འགྲུས་ཀྱང་གཟུང་ངོ༌། །དགེ་བ་དེ་ནི་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། འདི་ལས་བྱུང་ཞེས་བྱ་བས་བསྟན་བ་ཡིན་ནོ། །ད་ནི་འབྲས་བུ་དེ་མེད་པར་ཡང་སྦྱིན་པ་ལ་སོགས་པ་དང་ལྡན་ན་འབྲས་བུ་སྐྱེ་བའི་དབང་དུ་བྱས་ནས། དེ་མེད་ཀྱང་དེའི་དངོས་པོའི་རྒྱུ་མཚན་ཉིད་བསྟན་པའི་ཕྱིར་སྨྲས་པ། རིགས་ལ་སོགས་པ་དམན་ཡང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ།། སྡིག་པ་ལ་མ་ཆགས་ཤིང་ཞེས་བྱ་བས་ནི། སྡིག་པ་ལས་ལྡོག་པར་སྟེན་ཏེ། མི་དགེ་བའི་ལས་ཀྱི་ལམ་ལས་ལྡོག་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །ཞེས་བྱ་བ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའོ། །ཕྱི་མའི་ཚེ་ལའང་བདེ་བ་ཞེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་ཡང་བདེ་བའི་རྒྱུ་དགེ་བ་ལ་སོགས་པའོ། །ཚུལ་ཁྲིམས་ལ་སོགས་པའི་འབྲས་བུ་ཇི་ལྟ་བུ་ཞེ་ན། དབྱར་གྱི་དུས་ན་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་དུ་བདེ་བ་རྒྱས་པར་འགྱུར་བར་མ་ཟད་དེ། མཐོང་བའི་ཆོས་འདི་ལ་ཡང་ཚུལ་ཁྲིམས་ཀྱི་ཕན་ཡོན་རིགས་ལ་སོགས་པའི་རྒྱན་དུ་ཡང་འགྱུར་ཏེ། ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ་དེ་བསྟན་པའི་ཕྱིར། རིགས་དང་གཟུགས་དང་ལུས་ཀྱི་ཡོན་ཏན་རྣམས་ཀྱང་རུང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདིའི་བསྡུས་


DTG168_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི་ཚུལ་ཁྲིམས་དང༌། བཟོད་པ་དང༌། སྦྱིན་པའི་འབྲས་བུ་བདག་ཉིད་ཆེ་བ་དང༌། འབྱོར་པ་དང༌། གཡོག་འཁོར་ཕུན་སུམ་ཚོགས་པ་ལ་གནས་པའོ། །དེ་ལྟར་བྱུང་བའི་བདག་ཉིད་ཆེ་བ་དང༌། གཡོག་འཁོར་འབྱོར་པའི་རྒྱུ་དེ་བས་ཁྱད་པར་དུ་གྱུར་ཅིང༌། དེ་དག་གི་རྒྱན་དུ་གྱུར་པ་ཡིན་ཏེ། ཇི་ལྟར་ཤིང་དང༌། ཆར་སྤྲིན་དང༌། མཚོ་དག་ལ་མེ་ཏོག་དང༌། གློག་ཕྲན་འགྱུ་བ་དང༌། བུང་བ་མྱོས་པ་འདུ་བའི་པདྨ་ལྟ་བུ་སྟེ། དེ་ལ་ཤིང་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་སྟེ། ད་ལྟར་བྱུང་བའི་བདག་ཉིད་ཆེན་པོའི་མཐོ་བ་ཉིད་དེ་ལ་རྒྱན་དུ་གྱུར་བར་བྱེད་དེ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པའི་མཐོ་བ་ཕུན་སུམ་ཚོགས་པའི་རྒྱུ་ད་ལྟར་བྱུང་བའི་ཚུལ་ཁྲིམས་ཏེ། ཇི་ལྟར་ཤིང་རྣམས་མཐོ་བ་ཉིད་ལ་གཞན་མེ་ཏོག་གིས་བརྒྱན་པའི་རྒྱུས་སོ། །ཆར་སྤྲིན་ལྟ་བུ་ནི་ད་ལྟར་བྱུང་བའི་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ཆང་གྱི་རྟགས་གློག་ཕྲན་འགྱུ་བ་ལྟ་བུ་ནི་སྦྱིན་པ་པོའི་རྟགས་མ་འོངས་པ་ན་ཁྱད་པར་དུ་གྱུར་པའི་བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་མཐོང་བ། སྦྱིན་པའི་འབྲས་བུ་ད་ལྟར་བྱུང་བ་ལ་བྱས་པ་ནི་ཆར་གྱི་རྟགས་གློག་ཕྲན་འགྱུ་བ་དང་འདྲ་བར་སྦྱིན་པ་པོའི་རྟགས་མ་འོངས་པ་ན། དེ་ལས་ཁྱད་པར་དུ་གྱུར་པའི་ལོངས་སྤྱོད་ཀྱི་རྒྱུ་དག་གིས་བརྒྱན་པར་གྱུར་པ་ཡིན་ནོ། །མཚོ་ལྟ་བུ་ནི་ད་ལྟར་བྱུང་བའི་བཟོད་པའི་འབྲས་བུ་བཀུར་སྟི་དང༌། གཡོག་འཁོར་ཕུན་སུམ་ཚོགས་པའོ། །བུང་བ་མྱོས་པའི་པདྨ་ལྟ་བུ་ནི་གཞན་དེ་ལས་ཁྱད་དུ་གྱུར་པའི་གཡོག་འཁོར་ཕུན་སུམ་ཚོགས་པའི་རྒྱུ་བཟོད་པ་ད་ལྟར་བྱུང་བའི་རྒྱན་དུ་གྱུར་བ་ཡིན་ནོ། །ཡོན་ཏན་ཁྱད་པར་འཕགས་པ་ལུས་ཅན་དག་གི་རྒྱན། །ཞེས་བྱ་བ་ལ། ཚུལ་ཁྲིམས་དང༌། སྦྱིན་པ་དང༌། བཟོད་པ་རྣམས་ཀྱི་ཁྱད་བར་དུ་གྱུར་པའི་དབང་དུ་བྱས་པ་ནི་དེ་ལས་ཁྱད་པར་དུ་གྱུར་པ་རྣམས་ཀྱིས་སོ། །ཚུལ་ཁྲིམས་ལ་སོགས་པས་རིགས་ལ་སོགས་པ་འཐོབ་པར་འགྱུར་ཞིང༌། གཞན་དུ་མི་འགྱུར་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་བསྒྲུབ་པའི་ཕྱིར། ནད་མེད་ཚེ་རིང་ནོར་དར་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ནད་མེད་པ་དང༌། ཚེ་རིང་བ་དང༌། རིགས་ནི་ཚུལ་ཁྲིམས་ཀྱིའོ། །ནོར་ནི་སྦྱིན་པའི་འོ། །གཟུགས་ནི་བཟོད་པའོ། །རབ་དང༌། འབྲིང་དང༌། ཐ་མ་ནི་རབ་འབྲིང་ཐ་མའོ། །དེ་ཉིད་ཀྱི་བྱེ་བྲག་དག་ནི་རབ་འབྲིང་ཐ་མའི་བྱེ་བྲག་གོ །དེ་དག་སྣ་


DTG168_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ནི་རབ་འབྲིང་ཐ་མའི་བྱེ་བྲག་སྣ་ཚོགས་པའོ། །ཡང་ན་རབ་འབྲིང་ཐ་མ་དག་ནི་བྱེ་བྲག་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ངོ་བོ་ཉིད་ལས་གྱུར་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་མེད་པ་ཉིད་ཀྱི་བྱེ་བྲག་ལས་བྱུང་བའི་དངོས་པོ་མེད་དེ། འདིས་ནི་རྒྱུ་མེད་པར་སྣ་བ་བསལ་ཏོ། །སེམས་ཅན་སྣ་ཚོགས་པ་ནི་གཞན་གྱིས་བསྐྱེད་པ་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པས་སོ། །གལ་ཏེ་རྒྱུ་གཅིག་གིས་བསྐྱེད་པ་ཡིན་ན། འགྲོ་བ་རྣམས་བྱེ་བྲག་མེད་པར་འགྱུར་ཏེ། འདིས་ནི་མི་མཐུན་པ་རྒྱུར་སྨྲ་བ་བསལ་ཏེ། དེ་ལྟ་མོད་ཀྱི་རབ་ལ་སོགས་པའི་བྱེ་བྲག་ནི་སེམས་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་སྨྲས་པ། ལས་ནི་རྣམ་པ་གསུམ་ལས་གྱུར། །ཅེས་བྱ་བ་སྟེ། རྣམ་བ་གསུམ་ནི་ལུས་དང༌། ངག་དང༌། ཡིད་རྣམ་བ་གསུམ་གྱི་དབྱེ་བའོ། །དེ་ནི་སོ་སོའི་དབང་གིས་མཐའ་ཡས་པ་སྟེ་འགྲོ་བ་སྣ་ཚོགས་ཀྱི་དབྱེ་བ་མཐའ་ཡས་པར་རིགས་བ་ཉིད་དོ། །འདི་དག་ལས་རྣམ་པ་གསུམ་ལས་གྱུར་པར་ཤེས་པ་ཡིན་པའི་ཕྱིར། འདི་ལྟར་འཇུག་པར་བྱ་སྟེ། མི་བརྟན་པ་ཞེས་བྱ་བ་ནི་སྐད་ཅིག་གིས་འཇིག་པ་སྟེ། མི་རྟག་པ་ཉིད་དུ་སྟོན་ཏོ། །འཆི་བ་དང་ཉེ་བ་ཞེས་བྱ་བ་སྐལ་བ་མཐུན་པའི་རིས་ལས་མི་རྟག་པ་ཉིད་དུ་སྟོན་ཏོ། །སྡིག་པ་སྤང་བར་གྱིས་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་ལམ་མོ། །དགེ་བའི་ཕྱོགས་ལ་བརྟེན་པ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པའོ། །ཅིའི་ཕྱིར་ག་ལས་ཤེ་ན། ལམ་ནི་འདི་ཡིན་ནོ་ཞེས་བྱ་བ་སྟེ། དགེ་བའི་ཕྱོགས་ལ་བརྟེན་པ་དང༌། སྡིག་པ་སྤང་བའོ། །གྲགས་པ་ནི་ཚེ་འདིའི་ཕན་ཡོན་བསྟན་པ་ཡིན་ནོ། །བདེ་བ་འཐོབ་པ་ནི་འཇིག་རྟེན་ཕ་རོལ་གྱི་ཡིན་ཏེ། བདེ་བ་འདོད་པ་དག་ཏུ་བདེ་བ་འཐོབ་པའོ། །འགྲོ་བ་དག་ལ་འདས་པའི་དུས་ཀྱི་བཟོད་པ་ནི་མ་བསྟན་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་དང༌། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུའི་དབང་དུ་བྱས་ནས་ཐ་དད་པར་རྗེས་སུ་བསྟན་པའོ། །དེས་ན་ད་ནི་བཟོད་པ་ལས་བརྩམས་ནས། ཡིད་ལ་ཞེ་སྡང་ཡོད་ན་ཡང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྒྱད་ཀྱིས་བསྟན་ཏེ། ཡིད་ལ་ཞེ་སྡང་ཡོད་ན་ཡང༌། །ཞེས་བྱ་བ་ནི། བཟོད་པ་མེད་ན་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཕན་པ་མ་ཡིན་པས་མི་བཟོད་པར་


DTG168_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སྟེ། གཞན་མི་འདོད་པར་བྱེད་པའི་ཕྱིར་རོ། །བདག་ལ་ཡང་སྐྱེ་བ་གཞན་ལ་ཕན་པར་འགྱུར་བ་མེད་ཅིང༌། རབ་ཏུ་སྡིག་པར་བྱེད་དེ། བདག་དང་གཞན་གྱི་ངན་སོང་གི་རྒྱུར་གྱུར་པའི་ཕྱིར་རོ། །དེ་དག་གིས་ཞེས་བྱ་བ་ནི་ཡིད་ལ་ཞེ་སྡང་ཡོད་པའོ། །སྡིག་ལ་འཛེམ་པ་ནི་མི་འདོད་པའི་འབྲས་བུ་ལ་འཇིགས་པས་སོ། །གཉེན་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་ནི། བཟོད་པ་ལ་བརྟེན་པའོ། །ཡིད་ལ་ཞེ་སྡང་ཡོད་པའི་གཉེན་པོ་ཉིད་དུ་བསྟན་པའི་ཕྱིར། དགོན་པའི་མེ་ནི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མ་དང་འདྲ་བ་ནི་ཡིད་ལ་ཞེ་སྡང་ཡོད་པ་སྟེ། བདག་དང་གཞན་ལ་གནོད་ཅིང་སྲེག་པའི་ཕྱིར་རོ། །ཆུ་ཀླུང་ཆེན་པོ་དང་འདྲ་བ་ནི་བཟོད་པ་སྟེ། ཡིད་ལ་ཡོད་པའི་ཞེ་སྡང་གི་མེ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །བཟོད་པ་བསྟེན་ན་ཞི་བར་འགྱུར། །ཞེས་བྱ་བ་ལ། ཇི་ལྟར་བཟོད་པ་བསྟེན་ན་ཞི་བར་འགྱུར་བ་ཉིད་བསྟན་པའི་ཕྱིར། དེ་བས་དེའི་རྒྱུ་ཟིལ་གྱིས་མནན་པས་བཟོད་པ་སྡིག་པ་སྤོང༌། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། སྡིག་པ་ཞེས་བྱ་བ་ནི་མི་དགེ་བའི་ལས་སོ། །དེའི་རྒྱུ་ཟིལ་གྱིས་མནན་པས་ཞེས་བྱ་བ་ནི་སྡིག་པ་དེའི་རྒྱུ་སྟེ། དེའི་རྒྱུ་ནི་ཡིད་ལ་ཞེ་སྡང་ཡོད་པའོ། །དེ་ཟིལ་གྱིས་མནན་པ་ནི་དེའི་གཉེན་པོ་བཟོད་བ་ལ་བརྟེན་པས་སོ། །དེའི་ཕྱིར་ཞེས་བྱ་བས་ནི་སྡིག་པ་ཡོངས་སུ་སྤངས་པས་སོ། །དགྲ་ཡང་འཕེལ་མི་འགྱུར་ཞེས་བྱ་བ་ནི་སྔར་སྐྱེས་པ་ཞི་བར་བྱེད་པ་དང༌། སྔར་མ་སྐྱེས་པ་ཡིད་ལ་གནས་པའི་མི་དགེ་བ་ལ་འཇུག་པ་མེད་པ་སྟེ། མི་དགེ་བའི་བདག་ཉིད་གནོད་བ་ཉིད་དོ། །འགའ་ཞིག་ཅེས་བྱ་བ་ནི་དགྲ་སྟེ། མི་མཐུན་པའི་ཕྱོགས་མགུ་བ་བསྐྱེད་བ་སྟེ། བདག་ཉིད་ལ་ཡིད་ཀྱིས་སོ། །མཆོད་པར་འོས་པ་ནི་ལུས་དང༌། ངག་གི་ལས་ཀྱིས་མཆོད་པ་ཐོབ་པར་བསྟན་ཏོ། །བདེ་བའི་སྐལ་བ་དང་ལྡན་པར་འགྱུར་ཞེས་བྱ་བ་ནི། མཐོང་བའི་ཆོས་ཀྱི་གཞན་དང་འབྲེལ་པའི་བདེ་བ་སྟེ། མཆོད་པ་དང༌། དགའ་བ་གཉིས་ཀྱིས་བདེ་བའི་སྐལ་བ་དང་ལྡན་པར་འགྱུར་བའོ། །མཐོ་རིས་འགྲོ་བར་འགྱུར་ཞེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་བདེ་བ་འཐོབ་པ་ཡིན་ཏེ། དེ་བས་ན་སྐྱོན་འདི་མེད་པ་ཡིན་པས། བཟོད་པ་བསྟེན་ན་དེ་དག་གི་མཐུ་ཉིད་དུ་འགྱུར་རོ། །གཞན་ཡང་ཀྱེ་བཙུན་མོ་ཞེས་བྱ་བ་ནི་བཟོད་པའི་རྣམ་པ་གཞན་བསྟན་པའི་ཕྱིར། དགེ་བའི་རང་


DTG168_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་དུ་རབ་ཏུ་གྲགས། །ཞེས་བྱ་བའི་ཚིགས་བཅད་ལྔ་སྨོས་ཏེ། དེ་ལ་དགེ་བའི་རང་བཞིན་ཞེས་བྱ་བའི་ཚིགས་བཅད་ནི་བཟོད་པའི་འབྲས་བུའི་རང་བཞིན་གྱི་གཉེན་པོ་དང་རྗེས་སུ་མཐུན་པའི་ཡོན་ཏན་གྱི་དབང་དུ་བྱས་པ་སྟེ། དགེ་བ་ཞེས་བྱ་བ་ལ་དགེ་བའི་རང་བཞིན་ནི་ཇི་ལྟ་བུ་ཡིན། ཇི་ལྟར་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ཡིན་ནམ། འོན་ཏེ་མཚུངས་པར་ལྡན་པ་སྟེ། ཇི་ལྟར་ཚོར་བ་ལ་སོགས་པ་ཐམས་ཅད་དུ་འགྲོ་བ་རྣམས་དང་བཅས་པ་ཡིན་ནམ། འོན་ཏེ་ཀུན་ནས་བསླང་བ་སྟེ། ཇི་ལྟར་ལས་རྣམས་དང་བཅས་པ་ཡིན་ནམ། འོན་ཏེ་དོན་དམ་པའི་ཆོས་ཏེ། ཇི་ལྟར་མྱ་ངན་ལས་འདས་པ་ཡིན་ནམ་སྙམ་ན། ཇི་ལྟར་རང་བཞིན་གྱི་དགེ་བ་སྟེ། ཞེ་སྡང་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །རང་བཞིན་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་རང་བཞིན་ཁྱད་པར་ཅན་ནོ། །དེའི་རབ་ཏུ་གྲགས་པ་ནི་རབ་ཏུ་གྲགས་བ་ཁྱད་པར་ཅན་ནོ། །འདིས་ནི་རང་བཞིན་གྱི་དགེ་བ་ཉིད་དུ་བསྟན་ཏེ། འདི་ནི་རེ་ཞིག་རང་བཞིན་གྱི་བཟོད་པ་ཡིན་ནོ། །བསོད་ནམས་གྲགས་པ་དག་ཀྱང་རབ་ཏུ་འཕེལ། །ཞེས་བྱ་བ་བསོད་ནམས་རབ་ཏུ་འཕེལ་བ་ནི། འཇིག་རྟེན་ཕ་རོལ་དུ་འབྲས་བུ་བདེ་འགྲོར་འགྲོ་བའོ། །གྲགས་པ་རབ་ཏུ་འཕེལ་བ་ནི། །མཐོང་བའི་ཆོས་ཀྱི་འབྲས་བུའོ། །ཆུ་ཡིས་མ་བཀྲུས་པར་ཡང་དག་པར་འགྱུར། །ཞེས་བྱ་བ་འདིས་ནི། མི་དགེ་བ་ཐམས་ཅད་ཀྱི་གཉེན་པོ་ཉིད་དོ། །ཡོན་ཏན་དེ་དང་དེ་དག་ཕུན་སུམ་ཚོགས། །ཞེས་བྱ་བ་འདིས་ནི་ཡོན་ཏན་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་དོ། །དགེ་བའི་རང་བཞིན་ཅན་དུ་རབ་ཏུ་གྲགས།། ཞེས་བྱ་བ་བསྟན་པ་ལ་དགེ་བའི་རང་བཞིན་ཉིད་དུ་བསྟན་པར་འདོད་པའི་ཕྱིར། གཞན་ལ་གནོད་པ་རྟག་ཏུ་ཡོང་མི་ཤེས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཆོས་ཉིད་ཅེས་བྱ་བ་ནི་རྟག་པའོ། །ཡང་ན་ཆོས་ཉིད་ཀྱི་མཚན་ཉིད་ཇི་ལྟ་བུ་ཉིད་ཡིན་པ་དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། གཞན་དག་ལ་ཉེ་བར་གནོད་པ་ནི་གནོད་བ་སྟེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ལ་མི་འཇུག་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །གང་དག་གི་ཆོས་ཉིད་ཡིན་ཞེ་ན། སྙིང་སྟོབས་ཅན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཡིད་དུ་འོང་ཞེས་བྱ་བ་སྨོས་སོ། །


DTG168_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མིང་ཇི་སྐད་དུ་བཏགས་ཤེ་ན། བཟོད་པ་ཞེས་བྱ་བའི་མིང་ཡིན་ཏེ། དེའི་མིང་ཡོན་ཏན་དང་ལྡན་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། ཡོན་ཏན་གྱིས་མངོན་པར་བསྒྲུབས་པ་ཉིད་དུ་མཛེས་པའི་མིང་གང་ཡིན་པ་དེ་ནི་ཡོན་ཏན་མངོན་བསྒྲུབས་བཟོད་པ་སྟེ། མཛེས་པའི་མིང་བདག་དང༌། གཞན་གཉི་གལ་མཛེས་པའི་ཕྱིར་བཟོད་པའོ། །འཇིག་རྟེན་གྱི་དོན་བྱེད་པ་ནི། འཇིག་རྟེན་ལ་ཕན་པར་བྱེད་པ་སྟེ། འདིས་ནི་གཞན་ལ་ཕན་པའི་རྒྱུ་ཉིད་དུ་བསྟན་ཏོ། །སྙིང་རྗེས་བཀའ་སྩལ་ཅེས་བྱ་བ་ནི། སྙིང་རྗེ་ཅན་གྱི་བཀའ་ཡིན་པས་སྙིང་རྗེས་བཀའ་སྩལ་པའོ། །འདོད་ཆགས་མེད་པའི་རང་བཞིན་དང༌། འདོད་ཆགས་མེད་པའི་མཚན་ཉིད་བཟོད་པ་གཞན་གྱི་དོན་བྱེད་པར་འཇུག་པ་ཡིན་ཏེ། ཇི་ལྟར་བཟོད་པའི་རྒྱུ་བསྟན་ཏོ། །བསོད་ནམས་གྲགས་པ་དག་ཀྱང་རབ་ཏུ་འཕེལ། །ཞེས་བྱ་བ་དེའི་དོན་རྗེས་སུ་བསྟན་པ་ནི་མ་བཤད་དེ། དེ་བས་དེའི་རྒྱུ་ཟིལ་གྱིས་མནན་པས་བཟོད་པས་སྡིག་པ་སྤོང་བ་ཞེས་བྱ་བའི་ཚིགས་བཅད་དེར་བསྟན་ཟིན་པའི་ཕྱིར་རོ། །ཆུ་ཡིས་མ་བཀྲུས་པར་ཡང་དག་པར་འགྱུར། །ཞེས་བྱ་བ་འདིའི་རྗེས་སུ་བསྟན་པ་ནི། མཐུ་དང་ལྡན་པ་རྣམས་ཀྱི་རྒྱན་ཡང་ཡིན། །ཞེས་བྱ་བའི་ཚིགས་བཅད་འདིས་བསྟན་ཏེ། གང་དག་འདི་རྣམ་པར་དག་པར་བྱེད་པ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་ཚིགས་བཅད་འདི་སྨོས་ཏེ། ཁྱིམ་པ་དང༌། རབ་ཏུ་བྱུང་བ་རྣམས་ཀྱིའོ། །ཁྱིམ་པ་རྣམས་ཀྱི་ནི། མཐུ་དང་ལྡན་པ་རྣམས་ཀྱི་རྒྱན་ཡང་ཡིན། །ཞེས་བྱ་བ་ཡིན་ཏེ། གནོད་སེམས་ཀྱིས་དགོན་པའི་མེ་ལ་ཆུ་རྒྱུན་འབེབས་པའོ། །དཀའ་ཐུབ་ཅན་གྱི་སྟོབས་མཆོག་ཕུན་སུམ་ཚོགས་པ་ཡོད་ན་ནི། གནོད་སེམས་དགོན་པའི་མེ་ལ་ཆུའི་རྒྱུན་འབེབས་པ་ཡིན་ཏེ། གནོད་སེམས་ཀྱི་དགོན་པའི་མེ་ལ་ཆུའི་རྒྱུན་འབེབས་ཞེས་བྱ་བ་ཡིན་ཏེ། གནོད་སེམས་ཀྱི་དགོན་པའི་མེ་ལ་ཆུའི་རྒྱུན་དང་འདྲ་བར་དེ་ཉེ་བར་ཞི་བ་སྟེ། དེ་བས་ན་གནོད་སེམས་དགོན་པའི་མེ་ལ་ཆུ་རྒྱུན་འབེབས་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར། གཉི་གའི་ཚེ་ལ་དོན་མེད་ཞི་བར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་བས་ན་ཆུ་ཡིས་མ་བཀྲུས་པར་ཡང་དག་པར་བྱེད་དེ། དོན་མེད་པར་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །ཡོན་ཏན་དེ་དང་དེ་དག་ཕུན་སུམ་ཚོགས། །ཞེས་བྱ་བ་དེའི་རྗེས་སུ་བསྟན་པ་ནི།


DTG168_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ཀྱི་གོ་ཆ་བཟོད་པ་ཡིན། །ཞེས་བྱ་བའི་ཚིགས་བཅད་དེ་བསྔགས་པའི་མེ་ཏོག་གི་རྒྱུར་གྱུར་པའི་ཕྱིར། བཟོད་པའི་ཡོན་ཏན་གྱི་ཚོགས་རྗེས་སུ་འཕེལ་བར་འགྱུར་རོ། །དེ་ལྟ་བུལ་སྦྱར་བའི་ཕྱིར། ཆོས་ཀྱི་མི་མཐུན་པའི་ཕྱོགས་རྣམས་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་པ་ཡིན་ནོ། །ཆོས་ཀྱི་བགེགས་མི་མཐུན་པའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་སོ། །ཆོས་ཀྱི་མི་མཐུན་པའི་ཕྱོགས་ཀྱང་ཡིན་ལ། བཟོད་པ་ཡང་ཡིན་པས་ཆོས་ཀྱི་མི་མཐུན་པའི་ཕྱོགས་རྣམས་བཟོད་པའོ། །དེས་འཇོམས་པ་ཡིན་པས་གང་དེས་སྨྲས་པའོ། །བཟོད་པ་ཕན་པར་འགྱུར་ཞེས་བྱ་བ་ལ་བཟོད་པའི་ཕན་པ་ནི། བཟོད་པ་ཕན་པར་འགྱུར་བ་སྟེ། ཕན་པ་དང་མཐུན་པ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱང་ཡིན་ལ། ལྷག་མ་ལུས་པ་ཡང་ཡིན་པས། འདོད་ཆགས་ཀྱི་ལྷག་མ་ལུས་པའོ། །དེས་ལྕི་བར་གྱུར་བའི་མིག་གང་ཡིན་པ་དེ་ནི། འདོད་ཆགས་ཀྱི་ལྷག་མ་ལུས་པས་མིག་ལྕི་བར་གྱུར་པའོ། །བཙུན་མོ་རྣམས་ཀྱི་སྦོབས་པས་བསྲུང་བ་དང་བྲལ་བའི་བག་ཡངས་སུ་དགོད་ཅིང༌། རྩེ་བ་དང༌། ལྟ་འདོད་པ་གང་ཡིན་པ་དེ་ནི་བཙུན་མོ་རྣམས་ཀྱི་སྦོབས་པས་བསྲུང་བ་དང་བྲལ་བའི་བག་ཡངས་སུ་དགོད་ཅིང༌། ཅེ་བ་དང༌། ལྟ་འདོད་པའོ། །མེ་ཏོག་དང༌། ལོ་མ་སྣ་ཚོགས་ཀྱིས་གཏོར་བ་གང་ཡིན་པ་དེ་ནི། མེ་ཏོག་དང༌། ལོ་མ་རྣམས་ཀྱིས་གཏོར་བའོ། །མེ་ཏོག་དང་ལོ་མ་སྣ་ཚོགས་ཀྱིས་གཏོར་བའི་ནགས་ཀྱི་ལམ་ནི་ལམ་སྟེ། མེ་ཏོག་དང་ལོ་མ་སྣ་ཚོགས་ཀྱིས་གཏོར་བའོ། །ཡང་ན་ལམ་མེ་ཏོག་དང༌། ལོ་མ་སྣ་ཚོགས་ཀྱིས་གཏོར་བ་དང་ལྡན་པའོ། །འཁོན་སྙིང་ཡོད་པ་ཞེས་བྱ་བ་ནི། དེའི་ཁྲོ་བའི་རྒྱུས་བྱས་བ་ཉིད་དུ་སྟོན་ཏོ། །འདོད་ཆགས་ཀྱིས་དྲན་པ་ཉམས་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དྲན་པ་འཇིག་པའི་རྒྱུ་ཡིན་ཏེ། འདིས་ནི་ཁྲོ་བའི་གཉེན་པོ་མེད་པར་བསྟན་ཏོ། །ཕྲག་དོག་གིས་ཟིལ་གྱིས་ནོན་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་བ་ཀུན་དུ་སྤྱོད་པས་ད་ལྟར་བྱུང་བའི་རྐྱེན་དུ་བསྟན་ཏོ། །དུལ་བ་དང༌། དེས་པ་ནི་དུལ་བ་དང་དེས་པའོ། །དེ་གཉིས་ཀྱི་སྤྱོད་པ་ནི་དུལ་བ་དང༌། ངེས་པར་སྤྱོད་པའོ། །ཉམས་པའི་དུལ་བ་དང༌། ངེས་པ་སྤྱོད་པ་གང་ཡིན་པ་དེ་ནི། དུལ་བ་དང༌། ངེས་པར་


DTG168_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཉམས་པའོ། །འཐབ་མོ་དང༌། རྒོལ་བར་འདོད་པ་དེའི་ཤུགས་ནི་འཐབ་མོ་རྒོལ་བར་འདོད་པའི་ཤུགས་ཏེ་དེ་ལས་སོ། །རྡུལ་དང༌། མདོག་འགྱུར་བ་དང༌། འདར་བ་ནི་རྡུལ་དང༌། མདོག་འགྱུར་བ་དང༌། འདར་བ་དག་གོ །རྡུལ་དང༌། མདོག་འགྱུར་བ་དང༌། ལུས་འདར་བ་འབྱུང༌། བ་གང་ཡིན་པ་དེ་ནི། རྡུལ་དང༌། མདོག་འགྱུར་པ་དང༌། ལུས་འདར་བར་གྱུར་པའོ། །སྨིན་མ་བཙུམས་པས་མིག་རྩ་དམར་པོ་བགྲད་པ་གང་ཡིན་པ་དེ་ནི། ཚུལ་འཆོས་ཞེས་བྱ་བའི་བྱ་བ་པའོ། །ཚུལ་འཆོས་ཀྱི་གཡོ་སྒྱུའི་རང་བཞིན་གང་ཡིན་པ་དེ་ནི་དེའོ། །དེ་དག་གི་སྤྱོད་ཚུལ་དང༌། མཛེས་པ་དང། དུལ་བ་ནི་སྤྱོད་ཚུལ་མཛེས་པ་དུལ་བའོ། །དེ་དག་གི་གུས་པ་དང༌། མཁས་པའི་སྤྱོད་ཚུལ་མཛེས་པ་དང༌། དུལ་བ་ནི་གུས་ཤིང་འོས་པ་མཁས་པའོ། །རབ་ཏུ་ཁྲོས་ཤིང་བཞིན་གྱུར་ལ། །ཞེས་བྱ་བ་འདི་ནི། སོ་སོར་བརྟགས་ཏེ་བརྣག་པའི་མཐུ་ཆུང་བས། །ཞེས་བྱ་བ་ལ་སོགས་པ་སྟོན་པ་ཡིན་ནོ། །ཡང་ན་འཐབ་མོ་རྒོལ་འདོད་པའི་ཤུགས་ལས་རྡུལ་ནི་བྱུང་ལུས་འདར་བ་ཞེས་བྱ་བ་དེ་ཉིད་སྟོན་ཏོ། །སྤྱོད་པ་ཉམས་ཤིང་རྩུབ་པར་མངོན་ལ་ཞེས་བྱ་བ་ནི་གང་སྔར་བསྟན་པའི། ང་ཡི་གཟི་བརྗིད་ཟིལ་མནན་ནས། །ཞེས་བྱ་བ་དེ་སྟོན་པ་ཡིན་ནོ། །མཚོན་ཆ་ཐོགས་ཏེ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་གསོལ་ཀ་བའི་ལག་ན་རལ་གྲི་འདུག་པ་བླངས་ཏེ་ཞེས་བྱ་བ་དེ་ཉིད་སྟོན་ཏོ། །དེས་མགུ་པར་བྱས་ཟིན་ཏོ་ཞེས་བྱ་བ་ནི་སེམས་དབང་དུ་བྱས་པའོ། །དེ་ཡང་ཉམས་སུ་མི་ལེན་ཏེ། དེ་ཅིའི་ཕྱིར་ཞེ་ན། བུད་མེད་བསྟན་པར་སྣང་བ་ལས་བཟོད་པ་མེད་དོ། །འཆོས་པའི་ཚུལ་ཡིན་པས་འཆོས་པའི་ཚུལ་ལོ། །འཆོས་པའི་ཚུལ་ཉིད་འདྲིད་པ་ཡིན་པས་ཚུལ་འཆོས་འདྲིད་པའོ། །དེས་བརྟན་པ་འདུག་པའི་ཚུལ་ནི་བཟོད་པ་སྨྲ་བ་ཡིན་ནོ། །ཞེས་བྱ་བའི་སྒྲ་སྨྲ་ཞིང་འདུག་པའོ། །ཡིད་མི་དགའ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནོངས་ཀྱིས་དོགས་པའོ། །མྱ་ངན་ནི་བཤུགས་པར་མ་ནུས་པའོ། །དེ་གཉིས་ཀྱིས་གདུངས་བའི་ཡིད་གང་ཡིན་པ་དེ་ནི་ཡིད་མི་དགའ་ཞིང་མྱ་ངན་གྱིས་གདུངས་པའོ། །འཇིགས་པ་ནི་རྒྱལ་པོའི་ཆད་པས་སོ། །སྐྲག་པ་ནི་དེ་བཅོས་བའི་ཐབས་ལ་མ་ཤེས་པས་སོ། །དེ་གཉིས་ཀྱིས་གཡེན་སྦྱོ་བ་ནི། འཇིགས་ཤིང་སྐྲག་པས་འཁྲུགས་


DTG168_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དྲང་སྲོང་མཆོག་དེའི་མྱ་ངན་བྱེད་ཅིང་ཞེས་བྱ་བ་ལ། ཅིའི་རྒྱུས་མྱ་ངན་བྱེད་བ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། བདག་ཅག་རྣམས་ཀྱི་དོན་ནི་བདག་ཅག་རྣམས་ཀྱི་ཕྱིར་རོ། །ཉེས་པ་ཡོང་མེད་པར་ཞེས་བྱ་བ་ནི་གང་ལ་རྒྱལ་པོ་ཉེས་པར་བྱས་པས་དོགས་པའི་ཉེས་པ་དེ་མེད་ཅིང་མ་ཡིན་པས་སོ། །དུལ་བ་ཞེས་བྱ་བ་ནི་ལུས་དང་ངག་གི་དུལ་བ་དག་གོ །དཀའ་ཐུབ་ཆེན་པོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའོ། །ཡོན་ཏན་གྲགས་པ་ཞེས་བྱ་བ་ནི། ཡོན་ཏན་འཇིག་རྟེན་གྱིས་བརྗོད་པའོ། །ལམ་དུ་ཞུགས་ཞེས་བྱ་བ་ནི་མངོན་པར་འགྲོ་བ་ཞེས་བྱ་བའི་དོན་ཏོ། །བྱེད་པ་ནི་ལུས་དང༌། ངག་གི་འགྱུར་བའོ། །ཅི་ཞིག་གྱུར་ནས་སུ་ཞེས་བྱ་བ་ནི་བརྡེག་པ་དང༌། བཅིངས་པ་ལ་སོགས་པའི་ལས་ཀྱི་ལམ་གྱིས་ཞེས་བྱ་བའི་དོན་ཏོ། །གྲགས་པ་ཐོབ་པ་ཞེས་བྱ་བ་ནི་ཐུབ་པའི་ལུས་བཅད་པས། རང་གི་ཆོས་ཀྱི་ལུས་བཅད་ཅིང་འཆི་བ་ལ་སོགས་པས་སོ། །ཨ་ཛིན་དང་དབྱིག་པ་གང་ཡིན་པ་དེ་ནི་ཨ་ཛིན་དང་དབྱིག་པའོ། །དེ་ཡོད་པ་ནི་ཨ་ཛི་ན་དང་དབྱིག་པ་ཐོགས་པའོ། །གཡོ་སྒྱུ་ནི་སླུ་བའོ། །གཡོ་སྒྱུ་ཉིད་བརྗིད་བག་ཏུ་འཆོས་པ་ཡིན་པས་གཡོ་སྒྱུ་བརྗིད་བག་འཆོས་པའོ། །ཁྲོས་པ་དང༌། རྔམ་པ་ཞེས་བྱ་བ་ལ། ཁྲོས་པ་ནི་ཞེ་སྡང་ངོ༌། །རྔམ་པ་ནི་དེ་ལ་མངོན་པར་འཇུག་པའོ། །དེ་གཉིས་ཀྱི་སྤྱོད་པའི་ཚུལ་མི་སྡུག་བར་གྱུར་པ་དེ་ནི་དེའོ། །འདིས་ནི་མཐོང་བའི་ཆོས་བདག་ཉིད་བླ་མེད་པ་ཉིད་དུ་བསྟན་ཏོ། །དུལ་བར་སྦོད་པའི་དཔལ་ནི་ཉམས། །ཞེས་བྱ་བ་འདིས་ནི། བྱང་ཆུབ་སེམས་དཔའ་ལ་ཟླ་མེད་པའི་འཇུག་པ་བསྟན་ཏོ། །དེ་ལྟར་དེ་གཉིས་ནི་མཐོང་བའི་ཆོས་ལ་བདག་དང༌། བྱང་ཆུབ་སེམས་དཔའ་ལ་སྒྲུབ་པ་བསྟན་ཏོ། །བདག་ལ་ཕན་པ་དང༌། གནོད་པའི་ལམ་ནི་བརྗེད་པར་གྱུར། །ཅེས་བྱ་བ་འདིས་ནི་སྐྱེ་བ་གཞན་གྱི་མི་འདོད་པའི་འབྲས་བུ་བསྟན་ཏོ། །སྐལ་བ་མེད་ལས་གྱུར་པ་ཞེས་བྱ་བ་འདིས་ནི། སྔར་བྱས་བའི་ལས་ངན་པ་ལས་གྱུར་བའོ། །སེམས་ལ་གཅགས་པ་ནི་ཚིག་ཙམ་གྱིས་ཀྱང་མ་བྱས་ན་གཞན་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ཏེ། འདིས་ནི་སྔར་དྲིས་བའི་རྒྱུའོ། །དམ་པ་མ་ཡིན་པའི་སྤྱོད་པ་ནི་ཉེས་པའི་ལམ་སྟེ། རང་གི་ཆོས་ཀྱི་ལམ་མ་ཡིན་བའོ། །འགྲོ་བའི་དོན་བྱེད་ཅེས་བྱ་བ་ནི་ཉེས་པ་མི་བྱེད་


DTG168_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ཕན་འདོགས་པར་འཇུག་པའོ། །རྣམ་པར་བརྟག་པའི་ལམ་ཞེས་བྱ་བ་ནི་ཡང་དག་པའི་ལམ་མོ། །ཅིའི་ཕྱིར་ལམ་རྣམ་པར་བརྟག་ཅེ་ན། དེའི་ཕྱིར་སྨྲས་པ། ལེགས་པ་དག་ཀྱང་ཅུང་ཟད་མི་རིགས་མཐོང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། མི་རིགས་པ་ཞེས་བྱ་བ་ནི་ཉེས་པ་ཞེས་བྱ་བའི་དོན་ཏོ། །ལེགས་པ་དག་ཀྱང་ཞེས་བྱ་བ་ནི་ཉེས་པ་མེད་པའོ། །ཁ་ཅིག་ནི་ཉེས་ཀྱང་ལེགས་པར་མཐོང་ཞེས་བྱ་བ་སྟེ། དེས་ན་དེའི་ཕྱིར་མ་བརྟགས་ཞེས་བྱ་བ་ཡིན་ནོ། །ཡུལ་ཅི་ཞིག་ལ་མ་བརྟགས་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། གཏན་ཚིགས་ཁྱད་པར་ཅན་ལ་སྟེ། ཁྱད་པར་གྱི་གཏན་ཚིགས་དག་ནི་གཏན་ཚིགས་ཁྱད་པར་ཅན་དག་སྟེ་དེ་ལའོ། །དགོས་པའི་དོན་ཉིད་ཅེས་བྱ་བ་ནི། དེའི་དངོས་པོ་ཉིད་ཡིན་པས་དགོས་པའི་དོན་ཉིད་དོ། །དགོས་པའི་དོན་ཡོད་པར་བརྟགས་པ་ཉིད། གཏན་ཚིགས་ཁྱད་པར་གྱིས་ཏེ། དེ་ལྟར་བརྟག་པ་བྱས་ན་ནི། དགོས་པའི་དོན་རྟོགས་པ་ཉིད་དུ་འགྱུར་ཞིང་ཉེས་པ་ཡང་ཉེས་པ་ཉིད་དུ་རྟོགས་སོ། །ལེགས་པར་ཞུགས་ནས་ནི་ཞེས་བྱ་བ་ནི་ཆོས་ཁྲིམས་ལས་བཤད་པ་བཞིན་དུའོ། །བསྟན་ངག་ལམ་དུ་ཞེས་བྱ་བ་ནི་ལུགས་ཀྱི་བསྟན་བཅོས་ཀྱི་ཚུལ་ཀྱིས་སོ། །ཆོས་ཁྲིམས་དང་ལུགས་ཀྱི་བསྟན་བཅོས་ཀྱི་ཚུལ་གྱིས་བཀའ་ཁྲིམས་ཀྱི་བྱ་བས་ནན་ཏུར་བྱ་བ་དང༌། ཕན་གདགས་པར་བྱ་བ་ལ་རྗེས་སུ་གཟུང་བར་བྱས་ན་དེ་དག་ཉིད་ཀྱི་ཆོས་དང༌། སྲིད་དང༌། བདེ་བར་འགྱུར་རོ། །བཏུལ་ནས་ཞེས་བྱ་བ་ནི་གང་གི་ཕྱིར། དེ་ལྟར་བྱ་བ་དག་ལེགས་བར་བརྟགས་པའི་རྒྱུས་ཆོས་དང༌། སྲིད་དང༌། བདེ་བའི་དོན་ཉམས་པར་མི་འགྱུར་བས་དེའི་ཕྱིར་རོ། །གྲགས་བར་གྱུར་པ་ཞེས་བྱ་བ་ནི། ཉེས་བ་མེད་པའི་རིགས་པ་སྟེ། གྲགས་པ་མ་ཡིན་པའི་རྒྱུས་སོ། །ཉེས་པ་ཅིར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། ནགས་ཚལ་ན་གཏམ་ངན་པ་འཕེལ་ཞེས་བསྟན་པ་ཡིན་ཏེ། རང་གི་སྐྱེས་བུ་བྱེད་པའི་བསྲུང་བ་ཉམས་པར་སྟོན་ཏོ། །ཁྱོད་ཀྱི་མཐུ་ཡིས་བསྲུང་བ་ཞེས་བྱ་བ་ནི། བདག་པོ་གཞན་མ་ཡིན་པ་ཉིད་དུ་སྟོན་ཏོ། །ཕན་པའི་ཚུལ་མེད་ཅེས་བྱ་བ་ནི། འཇིག་རྟེན་ཕ་རོལ་བ་ལ་ཕན་པའོ། །དམ་པས་སྨད་པ་ནི་འཇིག་རྟེན་འདིའི་གྲགས་པ་མ་ཡིན་པའོ། །དེ་བས་རྣམ་པར་བརྟགས་པའི་ལམ་དུ་འཇུག་


DTG168_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས། །ཞེས་གང་བཤད་པ་ལ། ཇི་ལྟར་རྣམ་པར་བརྟགས་པའི་ལམ་དུ་འཇུག་པར་བྱ་ཞེ་ན། སྨྲས་པ། སྲུང་མ་ཉུག་རུམ་བཅས་པ་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ལྷགས་པ་ལ་ཞེས་བྱ་བ་འདིས་ནི། བདག་ཉིད་བུད་མེད་ལ་འགྲོ་བ་བསལ་ཏོ། །བདག་གི་ཞེས་བྱ་བ་ནི་རབ་ཏུ་བྱུང་པའོ། །གནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་སྟོན་ཏེ། སྔོན་མ་མཐོང་བར་ཡང་འོང་བས་སོ། །སྲུང་མ་ཉུག་རུམ་ཞེས་བྱ་བ་ནི་དབེན་པ་མ་ཡིན་པ་ཉིད་དུ་བསྟན་ཏོ། །བདག་གིས་ནོངས་པ་ཅུང་ཟད་ཅེས་བྱ་བ་འདིས་ནི། བུད་མེད་ལ་འགལ་བར་གྱུར་པའོ། །དེ་ནི་བདག་ལ་མེད་པ་ཉིད་མོད་ཀྱི། །དེ་སྟེ་བུད་མེད་རྣམས་བདག་གི་གནས་སུ་འོངས་པ་ཙམ་གྱིས། གལ་ཏེ་ནོངས་པར་གྱུར་ཀྱང་རྒྱན་གྱི་མཆོག །ཅེས་བསྟན་པ་ཡིན་ནོ། །རྒྱན་གྱི་མཆོག་གི་བཟོད་པ་དེ་ཉིད་བསྟན་པའི་ཕྱིར། སྨྲས་པ། བཟོད་པས་བརྒྱན་ན་ཇི་ལྟར་མཛེས་པ་བཞིན། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། བཟོད་པ་ལ་བརྟེན་ཅིག་པའོ། །བཟོད་པའི་མན་ངག་བསྟན་པ་ཡིན་པས་བཟོད་པའི་མན་ངག་གོ །བཟོད་པའི་མན་ངག་བསྟན་པ་ཉིད་སྙད་བཏགས་པ་ཡིན་པས། བཟོད་པའི་མན་ངག་བསྟན་པར་སྙད་བཏགས་པའོ། །ཉེས་པ་མེད་པ་ནི་སྐྱོན་མེད་པའོ། །བྲམ་ཟེ་ལས་རབ་ཏུ་བྱུང་བ་ནི་ཡོན་ཏན་གྱི་ཞིང་ཉིད་དུ་སྟོན་ཏོ། །བསོད་པར་བྱེད་པ་རྣམས་ཡོངས་སུ་སྲུང་བ་པོ་ནི། རྒྱལ་པོ་ཡིན་ན་འདི་ལྟར་ཅིའི་ཕྱིར་འཇུག་ཅེས་བྱ་བའོ། །བཟོད་པའི་མན་ངག་བསྟན་པའི་རྩོལ་བ་དེ་ཉིད། བདག་འཇིགས་ནས་གསོལ་བ་ནི་མ་ཡིན་ཏེ། ཅིའི་ཕྱིར་འཇིགས་ནས་མི་གསོལ་ཞེ་ན། མི་འཇིགས་པའི་རྒྱུ་བསྟན་པའི་ཕྱིར། སེམས་ཅན་རྣམས་ནི་འཆི་འགྱུར་བའི། །ཞེས་བྱ་བ་སྨོས་ཏེ། འདི་གཉིས་ཀྱི་རྒྱུས་འཆི་བས་འཇིགས་པ་ཡིན་ཏེ། དེ་གཉི་ག་ཡང་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་གྱི་རང་བཞིན་ཡོངས་སུ་མ་ཤེས་ནས་བསོད་ནམས་མ་བྱས་པ་དང༌། ངན་འགྲོར་འགྲོ་བའི་དགོས་པ་ཡོད་པའོ། །དེ་གཉི་ག་ཡང་མེད་པ་སྟེ། སེམས་ཅན་རྣམས་ནི་འཆི་བར་འགྱུར་བའི་ཚུལ་འདིས་ངེས་པ་ཉིད་དུ་གནས། །ཞེས་བྱ་བ་ཡོངས་སུ་ཤེས་པའི་ཕྱིར། རྒྱུ་དང་པོ་མེད་དོ། །བདག་གི་ཚུལ་ལའང་རྗེས་བལྟས་


DTG168_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཞེས་བྱ་བ་འདིས་ནི། བསོད་ནམས་བྱས་པའི་ཕྱིར། གཉིས་པ་ཡང་མེད་པས་སོ། །ཅི་སྡེ་དེ་གཉི་ག་མེད་ན་ཅིའི་ཕྱིར། དེ་ལྟར་བཟོད་པའི་མན་ངག་བསྟན་པར་ཐ་སྙད་བཏགས་ཤེ་ན། ཕྱི་ནས་ཆོས་ཀྱི་བདེ་བ་ལ། །ཞེས་བྱ་བའི་ཚིགས་བཅད་བརྩམས་སོ། །ཕྱི་ནས་ཆོས་ཀྱི་བདེ་བ་ལ་གནོད་པ་ཞེས་བྱ་བ་ལ། གནོད་དུ་དོགས་པ་ནི་ཆོས་མ་ཡིན་པར་མ་གྱུར་ཅིག་པའི་དོན་ཏོ། །བདེ་བ་འཐོབ་ལ་ཕན་པའི་ཞེས་བྱ་བ་ནི། བདེ་བ་འཐོབ་པ་གཅིག་པུར་མ་ཟད་དེ། ཆོས་མ་ཡིན་པ་འཐོབ་ཅིང་གནོད་པའོ། །དེ་ལྟ་མོད་ཀྱི་ཡོན་ཏན་རྣམས་ཀྱི་འབྱུང་གནས་སུ་གྱུར་པ་དང༌། ཉེས་པ་རྣམས་ཀྱང་ཟློག་པར་བྱེད་པའི་ཕྱིར། རབ་ཏུ་བཟང་པོའི་སྐྱེས་བཞིན་དུ། །དགའ་བས་བདག་ནི་བཟོད་པ་སྨྲ། །ཞེས་བྱ་བ་སྟེ། དེ་ཉིད་བསྟན་པ་ནི་བཟོད་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བའི་ཚིག་གོ །ཚུལ་འཆོས་ཀྱི་བརྟུལ་ཞུགས་ནི་གཡོའི་བརྟུལ་ཞུགས་སོ། །མྱ་ངན་མི་བྱེད་དེ་བདག་ཉིད་ཆེན་པོའི་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདག་ལ་གནོད་པ་བྱེད་པའི་རྒྱལ་པོ་ལ་ཡང་འཁྲུགས་པར་མི་བྱེད་དོ། །ཅིའི་ཕྱིར་མྱ་ངན་མི་བྱེད་ཅེ་ན། ལུས་ཀྱི་ཕུང་པོ་གནས་པའི་མཐའ་ཤེས་པའི་ཕྱིར་རོ། །ཅིའི་ཕྱིར་འཁྲུགས་པར་མི་བྱེད་ཅེ་ན། སྐྱེ་བོ་རྣམས་ལ་བཟོད་པ་གོམས་ཤིང་འདྲིས་པའི་ཕྱིར་རོ། །དེའི་སེམས་ཞེས་བྱ་བ་ནི་རང་གི་སེམས་སོ། །དེའི་ཕྱིར། དགའ་བའི་ཚུལ་གྱིས་ཡོངས་སུ་ཉམས་བར་མ་གྱུར་ཏོ། །སོ་སོར་བརྟགས་བ་ནི། བདག་གི་སྡུག་བསྔལ་ཆེན་པོ་པའོ། །སྙིང་རྗེ་ཅན་ནི་གནོད་པ་བྱེད་པ་ལའོ། །དཀའ་ཐུབ་ཀྱི་ནགས་སུ་བདག་ཉིད་ལ་སྡུག་བསྔལ་ཆེན་བོ་འབྱུང་བ་ནི་བཟོད་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་སྡུག་བསྔལ་གྱིས་གནོད་པར་གྱུར་པ་ནི། སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་མ་ཐག་ཏུ་རིམས་ནད་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཡན་ལག་བཅད་མ་ཐག་ཉིད་དུའོ། །ནགས་ཚལ་ཉེ་བའི་ནང་ནས་ཐ་མར་བྱུང༌། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་དེའི་མངོན་སུམ་ནས་ཏེ། དེ་མ་ཐག་ཏུ་སོང་ཞེས་བྱ་བའི་དོན་ཏོ། །བླུན་ཞིང་ཞེས་བྱ་བ་ནི་གཏི་མུག་གི་རྒྱུས་སོ། །ལྷག་པར་མི་བརྟན་པ་གང་ཡིན་པ་དེ་ནི། རབ་ཏུ་མི་བརྟན་པ་སྟེ་དེས་ན་མི་བརྟན་པ་དེས་སོ། །བུད་མེད་དང་བྱིས་པ་ཞེས་


DTG168_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་སྨོས་པས་ནི་སྙིང་རྗེའི་གནས་སོ། །བྲམ་ཟེ་ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར་རོ། །འཆི་བ་དང༌། ན་བའི་སྡུག་བསྔལ་ཅན་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་མྱ་ངན་བྱེད་མོད། ག་ལ་ཁྲོ་ཞེས་བྱ་བ་ཡིན་ཏེ། འཆི་བ་དང༌། ན་བའི་སྡུག་བསྔལ་ཞེས་བྱ་བས་ནི། སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །འདོད་ཆགས་ཞེ་སྡང་དབང་དུ་གྱུར། །ཞེས་བྱ་བས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །ཉེས་པར་སྤྱོད་པས་ཚིག་པ་ལ། །ཞེས་བྱ་བ་འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །བདག་ལ་རྣམ་པར་སྨིན་པར་གྱུར་ཀྱང་རུང་སྟེ། དེ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་བསྒྲུབ་པའི་ཕྱིར། བདེ་བ་ཅན་ལ་སྡུག་བསྔལ་རྗེས་འབྲང་བ། །ཞེས་བྱ་བའི་ཚིགས་བཅད་འོག་མ་སྨོས་སོ། །སྐྱོབ་པར་མ་ནུས་པ་ཞེས་བྱ་བ་ནི་ལས་བདག་གིར་བྱ་བའི་ཕྱིར་རོ། །རྒྱལ་པོ་གྲོངས་ནའང་ཞེས་བྱ་བ་ནི་རྒྱལ་པོ་ཉི་ཚེར་མ་ཟད་དེ་ཞེས་བྱ་བའི་དོན་ཏོ། །སྐྱེས་ན་ཞེས་བྱ་བ་ནི་སྐྱེ་བ་ཡོད་ན་ཞེས་བྱ་བའོ། །དེ་བས་ཞེས་བྱ་བ་ནི་སྐྱེ་བ་ཡོད་ན་སྡུག་བསྔལ་ཡོད་བའི་ཕྱིར་ཏེ། སྐྱེ་བ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། སྐྱེ་བ་ཉིད་ལ་འཁོན་དུ་གཟུང་བའི་རིགས་ཏེ། སྐྱེ་བ་མེད་ན་སྡུག་བསྔལ་མེད་པའི་ཕྱིར་རོ། །སྐྱེ་བ་ཡོད་ན་ནི་སྡུག་བསྔལ་མྱོང་བ་ཡིན་ཏེ། བཟོད་པ་མི་བྱེད་པ་མ་ཡིན་པའི་རྒྱུའི་དབང་དུ་བྱས་ནས། ནགས་ན་གནས་ཤིང་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། ནགས་ན་གནས་ཞེས་བྱ་བས་ནི་ཡོངས་སུ་བཟུང་བ་ཐམས་ཅད་སྤངས་པར་སྟོན་ཏོ། །རབ་ཏུ་འབྱུང་བར་ཤེས་ཞེས་བྱ་བ་འདིས་ནི་བཟོད་པ་ལ་དམ་བཅས་པ་ཉིད་དུ་སྟོན་ཏོ། །རབ་ཏུ་བྱུང་བ་རྣམས་ནི་བཟོད་པའི་སྟོབས་ཡོད་པའི་ཕྱིར་དང༌། བཟོད་པ་སྨྲ་ལ་ཞེས་གཞན་དག་ལ་བཟོད་པའི་མན་ངག་སྟོན་པ་ཉིད་དེ། འདི་གཉིས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་བཟོད་པའོ། །ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པས་ཀྱང་མི་བཟོད་པའི་རྣམ་པ་མེད་པར་སྟོན་ཏོ། །རིང་པོར་མི་ཐོགས་འཆི་ཞེས་བྱ་བ་འདིས་ནི། འཇིག་རྟེན་ཕ་རོལ་དང་ཉེ་བ་ཉིད་པས་མི་བཟོད་པའི་


DTG168_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་རྐྱེན་བྱུང་བར་ཉེ་བའི་ཕྱིར་རོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བཟོད་པར་སྨྲ་བའི་སྐྱེས་པའི་རབས་སོ།། །།ཁ་ན་མ་ཐོ་བ་ནི་རབ་ཏུ་སྨད་པར་བྱ་བའོ། །ཡུལ་གྱི་བདེ་བ་ཙམ་གྱི་ཚོད་ཀྱིས་ཀྱང༌། །ཞེས་བྱ་བས་ནི་ངན་དོན་ཙམ་ཡིན་པའི་ཕྱིར་རོ། །ཡུལ་གྱི་བདེ་བ་ནི་བསགས་པ་དང༌། བསྲུང་བ་ལ་སོགས་པའི་སྡུག་བསྔལ་མོང་བོའི་དབེན་དུ་གྱུར་པའི་ཕྱིར། ཡུལ་གྱི་བདེ་བ་ཙམ་ཞེས་བྱའོ། །འཇིག་རྟེན་རྣམས་ནི་བག་མེད་དབང་དུ་གྱུར། །ཅེས་བྱ་བ་ནི་རང་གི་བདེ་བ་ཡང་མི་སྒྲུབ་པས་སོ། །བསམ་གཏན་བདེ་པས་ཀྱང་ཞེས་བྱ་བས་ཀྱང་བསམ་གཏན་གྱི་བདེ་བ་ཁྱད་པར་དུ་འཕགས་པ་དེས་ཀྱང་ངོ༌། །དེའི་ཁྱད་པར་དུ་འཕགས་པ་དེས་ནི་ཅིག་ཤོས་རྣམ་པར་བཅད་པ་ཡིན་ཏེ། བསགས་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་དང༌། མཐར་ཡང་བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པའི་ཕྱིར་རོ། །གང་ན་གནོད་སེམས་མང་བའི་ཁམས་དང༌། རྣམ་པར་འཚེ་བ་མང་བའི་ཁམས་དང༌། འདོད་པ་མང་པའི་ཁམས་དེ་ནི། གནོད་སེམས་དང༌། འཚེ་བ་མང་བ་འདོད་པའི་ཁམས་ཏེ། དེ་ལ་བལྟས་ནའོ། །བཤེས་གཉེན་ངན་པ་ལ་བརྟེན་པའི་སྐྱོན་གྱིས་ཞེས་བྱ་བས་ནི། གཞན་གྱི་སྒྲའི་དྲིང་ལ་འཇོག་པར་བསྟན་ཏོ། །ཡང་དག་པ་མ་ཡིན་པ་ཡིད་ལ་བྱེད་པ་ལ་འདྲིས་པས་ཞེས་བྱ་བས་ནི་སྐྱོན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉིད་སྟོན་ཏོ། །ལོག་པར་ལྟ་བ་སྟུག་པོའི་ཞེས་བྱ་བ་ནི་ལོག་པར་ལྟ་བ་ཡོངས་སུ་མ་བརྟགས་པའི་ཕྱིར། གཉི་གའི་རྐྱེན་ཅན་ཉིད་དུ་བསྟན་ཏོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། འཇིག་རྟེན་ཕ་རོལ་གྱི་བླ་ན་མེད་པའི་ཕྱིར། དགེ་བ་དང༌། མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ག་ལ་ཡོད་དེ། འཇིག་རྟེན་ཕ་རོལ་ཡང་མེད་པའི་ཕྱིར་རོ། །ཆོས་ལ་སྤྱོད་པའི་སྤྲོ་བ་མེད་པ་གང་ཡིན་པ་དེ་ནི་དེའོ། །འདི་ནི་ལྷ་ཁང་དང༌། གཙུག་ལག་ཁང་དང༌། ཀུན་དགའ་ར་བ་དང། རྫིང་བུ་ལ་སོགས་པ་བྱེད་པའི་སྤྲོ་བ་མེད་པའོ། །ཡང་ན་སྦྱིན་པ་ལ་སོགས་པ་ཉིད་ཆོས་ཡིན་ཏེ། དེ་དག་གིས་བསམ་པ་ལས་ལྡོག་པ་ཉིད་དུ་སྟོན་ཏོ། །སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པའི་ལེགས་པར་སྤྱད་པ་གང་ཡིན་པ་དེ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པའི་


DTG168_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྤྱད་པ་སྟེ། དེ་སྒྲུབ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །འདིས་ནི་སྤྱིན་པ་ལ་སོགས་པར་སྦྱོར་བའི་བྱེད་པ་དང་བྲལ་བ་ཉིད་དུ་བསྟན་ཏོ། །ཅིའི་ཕྱིར་དེ་དེ་ལྟར་གནས་ཤེ་ན། དེའི་རྒྱུ་བསྟན་པའི་ཕྱིར། དགེ་དང་མི་དགེའི་ལས་ལས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དགེ་བའི་ལས་ལས་ནི་བདེ་བ་བཅུ་འབྱུང་ངོ༌། །མི་དགེ་བའི་ལས་ལས་ནི་སྡུག་བསྔལ་འབྱུང་བ་ཡིན་ནོ། །ཕ་རོལ་ཞེས་བྱ་བ་འདིས་ནི་འཇིག་རྟེན་ཕ་རོལ་ཉིད་དུ་བསྟན་ཏོ། །སྡིག་པ་སྤངས་ཏེ་ཞེས་བྱ་བ་སྡིག་པས་ནི་སྡུག་བསྔལ་འབྱུང་བའི་ཕྱིར་ཏེ། སྡུག་བསྔལ་འབྱུང་བ་ནི་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །དགེ་བའི་གནས་ལ་རབ་ཏུ་འབད་པ་ནི་བདེ་བ་འབྱུང་བའི་ཕྱིར་ཏེ། བདེ་བ་ནི་འདོད་པ་ཉིད་འབྱུང་བའི་ཕྱིར་རོ། །དད་པ་མེད་པ་དག་ནི་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་ལའོ། །ངན་སོང་དུ་ལྟུང་བར་འགྱུར་བ་ནི་བདག་ཉིད་དོ། །བདག་ཉིད་གཅིག་པུར་མ་ཟད་དེ། དེ་བཞིན་དུ་འདི་ལྟར་འཇིག་རྟེན་རྣམས་དོན་མེད་པར་བྱེད་པ་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལས་བཟློག་པའི་ཕྱིར་རོ། །བཟང་པོ་ཞེས་བྱ་བ་ནི་ཡིད་དུ་འོང་བའོ། །རབ་ཏུ་དབེན་པ་ཞེས་སྨོས་པས་ནི་བག་ཡངས་སུ་དེ་སྟོན་པའི་ཕྱིར་རོ། །གཞལ་མེད་ཁང་ཞེས་སྨོས་པས་ནི་བདག་ཉིད་ཕྱོགས་དེ་ན་འདུག་པའོ། །གཞལ་མེད་ཁང་ལ་ཡང་ཐོགས་པ་མེད་པར་འགྲོ་བས། རྫུ་འཕྲུལ་དང་ལྡན་པ་ཉིད་དུ་བསྟན་པའི་ཕྱིར། ཁྱོད་ཀྱི་ཞབས་དང་ཕྱག་མཛེས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་ཏེ། འདིའི་བསྡུས་པའི་དོན་ནི་རྫུ་འཕྲུལ་གྱི་མཐུས། བདག་ཉིད་ཀྱི་གཟུགས་ཀྱང་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ཏོ། །འདོད་ཆགས་དང༌། ཞེ་སྡང་གཉིས་སྨོས་པས་ནི། འདོད་ཆགས་དང༌། ཞེ་སྡང་གཉིས་པོ་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་གཉིས་གཟུང་སྟེ། ཚངས་པའི་འཇིག་རྟེན་དུ་སྐྱེ་བས་སོ། །ཁང་བཟངས་རྩིག་པ་དག་ལ་འང་ཐོགས་པ་མེད། །ཅེས་བྱ་བ་ནི། རྫུ་འཕྲུལ་གྱིས་ཐོགས་པ་དང་བཅས་པ་ལ་ཡང་ཐོགས་པ་མེད་པར་འགྲོ་བའོ། །ས་ལ་འགྲོ་བ་བཞིན་དུ་མཁའ་ལ་འཆག །ཅེས་བྱ་བ་ནི་སའི་འོག་དང༌། ནམ་མཁའ་ལ་འཕུར་བ་སྟེ། འདི་གཉིས་ཀྱིས་ནི་འགྲོ་བའི་རྫུ་འཕྲུལ་བསྟན་ཏོ། །གློག་གི་འོད་བཞིན་གཟི་བརྗིད་ཕུན་སུམ་ཚོགས།།


DTG168_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིས་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སྤྲུལ་པའོ། །བསམ་གཏན་ཞེས་བྱ་བ་ནི་ལྷག་པའི་སེམས་སོ། །ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་སོ། །དབང་པོ་རྣམས་ནི་རབ་ཏུ་བསྡམས། །ཞེས་བྱ་བ་ནི། དབང་པོའི་སྒོ་བསྡམས་པའོ། །གོམས་པར་བྱས་པ་ནི་བསྒོམས་པའོ།། འབྲས་བུ་གྲུབ་པ་འདི་འདྲའོ། །ཞེས་བྱ་བ་ནི་གྲུབ་པ་ཕུན་སུམ་ཚོགས་པའོ། །འདི་ཇི་ལྟར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུའོ། །འདི་ནི་རབ་ཏུ་གསལ་ཏེ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དོ། །མངོན་སུམ་ལ་སོགས་པའི་ཚད་མ་གང་ཡིན་པ་དང༌། གང་གི་མངོན་སུམ་ལ་སོགས་པའི་ཚད་མའོ། །དེ་ཉིད་རིགས་པ་ཡིན་པས་མངོན་སུམ་ལ་སོགས་པ་རིགས་པའི་ཚད་མའོ། །དེས་གཟུང་དུ་འོས་པའི་ཕྱིར་མངོན་སུམ་ལ་སོགས་པ་རིགས་པའི་ཚད་མས་གཟུང་དུ་རུང་བ་སྟེ། འཇིག་རྟེན་ཕ་རོལ་ལོ། །འཇིག་རྟེན་ཕ་རོལ་ཡང་རྣམ་པ་གཉིས་ཏེ། མིའི་འཇིག་རྟེན་འདི་ལས་གཞན་པའི་འཇིག་རྟེན་ཕ་རོལ་ལོ། །དེ་རབ་ཏུ་གྲུབ་པ་ནི་མངོན་སུམ་ལ་སོགས་པའི་རིགས་པའི་ཚད་མ་དག་གིས་སོ། །སྐྱེ་བ་འདི་ལས་གཞན་པའི་སྐྱེ་བ་དེ་ཡང་འཇིག་རྟེན་ཕ་རོལ་ཞེས་བརྗོད་དོ། །དེ་ཡོད་པར་ནི་ལུང་གི་ཚིག་གིས་བསྟན་པ་དང༌། བརྟག་པའི་རིམ་པ་སྟེ། བརྟག་པའི་རིམ་པ་ནི། རིགས་པས་ཡིད་ཆེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་མིའི་འཇིག་རྟེན་ལས་གཞན་པའི་འཇིག་རྟེན་ཡོད་པར་བསྟན་པའི་ཕྱིར་ཏེ། ཉི་ཟླ་སྐར་མས་བརྒྱན་པའི་ནམ་མཁའ་དང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཉི་ཟླ་སྐར་མས་བརྒྱན་པའི་ནམ་མཁའ་དང༌། །ཞེས་བྱ་བ་འདིས་ནི་མིའི་འཇིག་རྟེན་འདི་ལས་གཞན་པའི་འཇིག་རྟེན་ཉིད་མངོན་སུམ་གྱི་རིགས་པའི་ཚད་མས་གཟུང་དུ་རུང་བ་ཉིད་དུ་བསྟན་ཏོ། །དུད་འགྲོ་བརྟག་པ་ནི། དུད་འགྲོ་བརྟག་པ་སྟེ། གླང་པོ་ཆེ་དང༌། རྟ་དང་བོང་བུ་རྔ་མོ་དང༌། །བྱ་ལ་སོགས་པའི་མཚན་ཉིད་དོ། །རྣམ་པ་མང་པོ་ཞེས་བྱ་བ་ནི། རིགས་གཅིག་ལ་རྣམ་པ་མང་པོ་མཐའ་ཡས་སོ། །འདི་ལྟར་འབུ་སྲིན་ལ་སོགས་པ་གཞན་དག་ཀྱང༌། དེ་བཞིན་ཉིད་དུ་སྦྱར་ཏེ། འདིས་ནི་མིའི་འཇིག་རྟེན་ལས་གཞན་དུ་དུད་འགྲོ་མངོན་སུམ་གྱིས་ཡོད་པ་ཉིད་དུ་སྟོན་ཏོ། །མངོན་སུམ་དུ་གསལ་བར་སྣང་བ་ནི་མངོན་སུམ་བཞིན་དུའོ། །འདི་ལ་ཞེས་


DTG168_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་འཇིག་རྟེན་ཕ་རོལ་ལོ། །སྩོགས་པ་སྨོས་པས་གཟུང་བའི་ལུང་དང༌། རྗེས་སུ་དཔག་པ་ནི་འདིར་མི་གཟུང་ངོ༌། །འདིར་ད་ལྟར་བྱུང་བ་སྐྱེ་བ་ལ། འདས་པའི་སྐྱེ་བ་ཡོད་པ་ཉིད་དུ་རིགས་པས་བསྟན་པ་ཉིད་དོ། །མིའི་སྐྱེ་བ་ཡོད་པར་སྒྲུབ་པ་ཡིན་ནོ། །ལུང་གི་ཚིག་ནི་ཕྱོགས་གཉི་ག་ལ་ཡང་གྲུབ་པའི་ཕྱིར། ལུང་གི་ཚིག་གཉི་གར་ཡང་ངོ༌། །བསམ་གཏན་གོམས་བྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དྲུག་སྨོས་ཏེ། སྐྱེ་བ་འདི་ལས་འདས་པའི་སྐྱེ་བ་རྗེས་སུ་དཔག་པས་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱིར། བསམ་གཏན་གོམས་བྱས་ཞེས་བྱ་བའི་ཚིགས་བཅད་འདི་སྨོས་ཏེ། ད་ལྟར་བྱུང་བའི་སྐྱེ་བ་ལས་འདས་པའི་སྐྱེ་བ་དམིགས་ཏེ་དྲན་པར་སྣང་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་བྱ་བ་ལ། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱིར། འཇིག་རྟེན་ཕ་རོལ་ཡོད་པ་ནི་འདས་པའི་སྐྱེ་བ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ལ་གོམས་པ་དང༌། དྲན་པ་གསལ་བ་ཉིད་ཀྱིས་ནི་སྐྱེ་བར་སྣང་བའི་ཕྱིར་རོ། །ང་བདག་ལས་ཀྱང་མངོན་པར་མི་འགྱུར་རམ། །ཞེས་བྱ་བ་ནི། བདག་ཉིད་དཔེ་ཉིད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གོམས་བྱས་ཞེས་བྱ་བ་ནི་བསམ་གཏན་ལ་བརྟེན་ནས། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའི་མངོན་པར་ཤེས་པ་སྟོན་ཏོ། །དྲན་པ་གསལ་བ་ཞེས་བྱ་བ་ནི་བསམ་གཏན་ཐོབ་ན། ཚེ་རབས་དྲན་པའི་རྒྱུ་ཉིད་དུ་སྟོན་ཏོ། །དེ་ལས་ཞེས་བྱ་བ་ནི་ཚེ་རབས་དྲན་པར་སྣང་བ་དང༌། ཚེ་རབས་དྲན་པའི་ཕྱིར་རོ། །ལྷག་མ་ཐམས་ཅད་ཀྱང་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་ཚིགས་བཅད་ལྔ་སྨོས་སོ། །བློ་གཞན་སོང་བ་ལས་བློ་གཞན་སྐྱེ་བ་ཡིན་ཏེ། དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་སྒྲུབ་པའི་ཕྱིར། སྔ་མའི་བློ་ལས་ཕྱི་མའི་བློ་འགྲུབ་ན། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། མངལ་ན་འདུག་པའི་སྔོན་རོལ་བློ། །ཞེས་བྱ་བ་ནི་བློ་སྔོན་དུ་བྱས་པ་ལས་ཐམས་ཅད་འགྱུར་ཏེ། བློ་སྔོན་དུ་འགྲོ་བར་སྣང་བས། དཔེར་ན་ད་ལྟར་བྱུང་བའི་མངལ་གྱི་སྔ་རོལ་དུ་བློ་འབྱུང་བ་ནི་སྔ་མའི་བློ་ཡིན་ཏེ། དེ་ནི་འཇིག་རྟེན་ཕ་རོལ་ལོ། །དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དོ། །དང་པོའི་བློ་ནི་ཡུལ་ཡོད་པར་གྱུར་པའི་ཕྱིར། འཇིག་རྟེན་ཕ་རོལ་ཡོད་པ་ཡིན་ནོ་


DTG168_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྒྲུབ་པའི་ཕྱིར། ཤེས་བྱ་རྟོགས་པར་བྱེད་པ་བློ་ཡིན་ཟེར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དང་པོའི་སྐྱེ་བའི་བློ་ནི་ཡུལ་ཡོད་པ་ཉིད་དོ། །ཡུལ་མེད་པར་ནི་བདག་ཉིད་ཀྱིས་རྟོགས་པར་མི་སྣང་བའི་ཕྱིར་ཏེ། ད་ལྟར་བྱུང་བའི་བློ་ལྟ་བུར་རོ། །དང་པོའི་བློའི་ཡུལ་དུ་གྱུར་པ་དེ་ནི་འཇིག་རྟེན་ཕ་རོལ་ཏེ། དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་དོ། །དང་པོའི་བློ་ནི་འདས་པའི་ཡུལ་གྱི་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་དབང་པོ་ལྔ་དག་མེད་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མིག་ལ་སོགས་པའི་དབང་པོ་གང་ལ་བརྟེན་ནས་སྐྱེ་བ་ཡང་མེད་པའི་ཕྱིར་རོ། །ཁ་ཅིག་འདི་སྐད་བརྗོད་དེ། ཇི་ལྟར་ཤིང་ལ་སོགས་པ་སེམས་ཅན་མ་ཡིན་པ་སྟོན་པ་རྣམས་རང་གི་ས་བོན་གྱི་བྱེ་བྲག་གིས་སྣ་ཚོགས་པའི་ངོ་བོ་ཡང་ཡོད་དེ། དེ་དག་ལ་འཇིག་རྟེན་ཕ་རོལ་མེད་པ་དེ་བཞིན་དུ་སེམས་ཅན་དུ་བསྟན་པའི་དངོས་པོ་རྣམས་ཀྱང་ཕ་མའི་ཁུ་ཁྲག་གི་ས་བོན་གྱི་བྱེ་བྲག་གིས་དེ་དེ་དང་མཐུན་པར་སྣ་ཚོགས་པའི་ངོ་བོ་ཉིད་ཡོད་དེ། འཇིག་རྟེན་ཕ་རོལ་ན་ནི་མེད་དོ་ཞེས་དེ་ལྟར་སྨྲས་པ་དེའི་དབང་དུ་བྱས་ནས། སྐྱེ་དགུའི་ཚུལ་ཁྲིམས་ལ་སོགས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཕ་མ་གཉིས་ཀྱི་ཡིན་པས་ཕ་མ་གཉིས་ཀྱིའོ། །དེའི་རང་བཞིན་དག་དང་མི་མཐུན་པ་ནི་འདས་པའམ་ཐ་དད་པའོ། །ཚུལ་ཁྲིམས་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་གཟུགས་བཟང་བ་དང༌། གཟུགས་ངན་པ་དང༌། ཕྱུག་བོ་དང༌། དབུལ་པོ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བའོ། །གློ་བུར་དུ་གྱུར་པ་མེད་དེ་ཞེས་བྱ་བས་ནི། རྒྱུ་མེད་པའི་སྨྲ་བའི་རྒྱུ་མེད་པའི་དབྱེ་བའི་སྦྱོར་བས་སོ།། ཡང་ན་རྒྱུ་མེད་པའི་གང་ཡང་འབྱུང་བ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ནི་ཕ་མ་ལ་སོགས་པའི་ས་བོན་གྱི་བྱེ་བྲག་ལས་སེམས་ཅན་རྣམས་ཀྱི་ཁྱད་པར་དེ་ལྟར་འཇུག་པ་མེད་དམ་ཞེ་ན། མེད་དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ལ་སོགས་པའི་བྱེ་བྲག་ཕ་མའི་རང་བཞིན་དག་དང་མི་མཐུན་པར་སྣང་བའི་ཕྱིར་རོ། །འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་ཁ་ཅིག་འདི་སྐད་དུ་གློ་བུར་དུ་སྒྲུབ་པ་ཡིན་ནོ་ཞེས་སྨྲས་ཏེ། གློ་བུར་འབྱུང་བ་ནི་ཞེས་མི་སྣང་བའི་ཕྱིར། འཇིག་རྟེན་ཕ་རོལ་ནི་ཡོད་དེ། ཐམས་ཅད་ཀྱང་རྒྱུ་དང་བཅས་པས་སྣང་བའི་ཕྱིར་རོ། །འདི་ལྟར་བུམ་པ་ལ་སོགས་པ་ལ་གློ་བུར་གྱི་དབྱེ་


DTG168_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་མཐོང་བའི་ཕྱིར། ཇི་ལྟར་ནམ་མཁའ་ལྟ་བུའོ། །འོན་ཀྱང་ལྷག་མ་ནི་སྐྱེ་བ་གཞན་ལ་གོམས་པའི་ཁྱད་པར་ཡིན་ཏེ། དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་དོ། །སྐྱེས་མ་ཐག་ཏུ་སེམས་ཅན་གྱི་སྐྱེ་བའི་རྒྱུ་སྲེད་པས་བྱས་པའི་བྱ་བ་ལ་འཇུག་པར་སྣང་བ་ལས་བརྩམས་ཏེ། བློའི་མཐུ་སྟོབས་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བློའི་མཐུ་སྟོབས་ཞེས་བྱ་བ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་དབང་དུ་བྱས་པའོ། །བླུན་པའི་དབང་པོ་རྣམས་ཀྱང་ཞེས་བྱ་བ་ནི་དབང་པོ་ལྔའི་རྣམ་པར་ཤེས་པའོ། །མ་བསྟན་པར་ཞེས་བྱ་བ་ནི་གཞན་གྱིས་བསྟན་པ་མེད་པར་རོ། །བཙས་མ་ཐག་ཏུ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུའོ། །བློའི་མཐུ་སྟོབས་གསལ་བ་མེད་ཅེས་བྱ་བ་དེ་བསྒྲུབ་པའི་ཕྱིར། ཁ་ཟས་ཟ་བར་རྩོལ་བར་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། དང་པོའི་ཆོས་བསྒྲུབ་པར་བྱའོ། །སྲིད་པ་གཞན་ལ་ཁ་ཟས་ཟ་བར་རྩོལ་བར་བྱས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་གྱིས་བསྟན་པ་མེད་པར་སྐྱེས་མ་ཐག་ཏུ་ནུ་ཞོ་འཐུང་བར་རྩོལ་བར་སྣང་བའི་ཕྱིར་ཏེ། གོམས་པའི་ཆོས་རྣམས་ལ་འབད་པ་མེད་པར་འཇུག་པ་བཞིན་ནོ། །གལ་ཏེ་རྩོལ་བ་མེད་པར་བྱ་བ་ལ་འཇུག་པ་མེད་དེ། སྲིད་པ་གཞན་ལ་གོམས་པའི་བྱ་བ་མེད་པར་མི་འབྱུང་བ་ཡིན་ནོ་ཞེ་ན་ནི་པདྨ་རྣམས་ཀྱང་ཁ་བྱེ་བ་དང། ཟུམས་པ་དག་སྲིད་པ་གཞན་ལ་གོམས་པའི་རྒྱུ་དང་བཅས་པར་ཁྱེད་ཀྱི་གཞུང་ལ་གྲུབ་པར་འགྱུར་རོ། །འོན་ཏེ་དེ་ལྟར་མི་འདོད་ན་ནི་ཞེས་བྱ་བ་ནི་དེ་དག་དེ་ལྟ་མ་ཡིན་པ་ལྟ་ན་ནི་སྲིད་པ་གཞན་ལ་གོམས་པར་བྱས་པའི་རྟགས་ཀྱིས་སྐྱེས་མ་ཐག་ཏུ་ཡང་ནུ་ཞོ་འཐུང་བ་རྩོལ་བ་མི་འགྲུབ་པའོ། །ལན་དུ་དུས་ངེས་པ་དང༌། མ་ངེས་པ་ལས་འགྱུར་བར་སྣང་སྟེ། ནུབ་མོ་ཁ་འབྱེ་བ་མ་ཡིན་ཏེ། ནུབ་མོ་ཁ་ཟུམས་ཤིང་ཉིན་པར་ནི་སྦ་བ་ཡིན་ཏེ། དེ་བས་ན་པདྨ་ཁ་བྱེ་བ་དང༌། ཟུམས་པ་ནི་དུས་ངེས་པར་སྣང་ལ། དེ་ལྟར་བྱིས་པའི་རྩོལ་བ་ནི་མི་སྣང་ངོ༌། །པདྨ་ལ་ནི་ཉི་མའི་འོད་ཟེར་འབབ་པའི་རྒྱུས་པདྨ་ཁ་འབྱེ་བ་ཡིན་གྱི། བྱིས་པ་ནུ་ཞོ་འཐུང་བའི་རྩོལ་བ་ནི། རང་གིས་བྱས་པར་སྣང་བ་ཡིན་ཏེ། དེ་བས་ན་མི་འདྲ་བ་ཉིད་དོ། །ལོག་པར་ལྟ་བ་ལ་བློ་ཞེན་ཅིང་ཞེས་བྱ་བ་འདིས་ནི། བསམ་པ་ཉམས་པ་ཉིད་དུ་སྟོན་ཏོ། །སྡིག་ཆེ་བས་ཞེས་བྱ་བ་ནི་སྦྱོར་བ་ཉམས་པ་ཉིད་དུ་སྟོན་ཏོ། །སྤྱི་བརྟོལ་ཆེ་བ་


DTG168_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་ཤིང་འཛེམ་དོགས་མེད་ལ་ཞེས་བྱ་བ་ནི་སྦྱོར་བ་ཉམས་པ་དེ་ཉིད་སྟོན་པ་ཡིན་ནོ། །ལོག་པར་ལྟ་བའི་དུག་གི་སྒྲེགས་པ་དང་འདྲ་བར། །ཞེས་བྱ་བ་ནི་བསམ་པ་ཉམས་པའི་རྒྱུ་ཉིད་དོ་ཞེས་བསྟན་པ་དེ་ཉིད་དོ། །བཞི་པོ་འདི་དག་དང་ལྡན་པའི་བསམ་པ་ཉམས་པ་ལ་ནི་སྦྱིན་པའི་དངོས་པོ་མ་ཚང་བ་ཉིད་དེ། བདག་ཉིད་ངན་པ་ཞེས་བྱ་བ་འདིས་ནི་བསམ་པ་ཉམས་བ་ཉིད་དུ་སྟོན་ཏོ། །གང་གི་ཕྱིར་བསམ་པ་ཉམས་ན་ནི། སྦྱིན་པའི་དངོས་པོ་ཡོད་ཀྱང་བུ་ལོན་སྦྱིན་པར་མི་བྱེད་པའོ། །རྒྱུ་གསུམ་གྱིས་ཀྱང་སྦྱིན་པ་སྦྱིན་པར་མི་བྱེད་དེ། སྐྱེས་ཤིང་སྐྱེས་ཤིང་ནོར་ཟ་བ་དང༌། ནོར་བསྐྱེད་པ་ལ་མཁས་པ་དང༌། མཁས་པ་ཡིན་ཡང་ལེ་ལོ་དང་ལྡན་པའོ། །དེ་ཉིད་ཟད་པའི་མཐའ་ཞེས་བྱ་བ་ནི་ཕྱིས་མི་འཐོབ་ཅེས་བྱ་བའི་དོན་ཏོ། །ངོ་ཚ་ཤེས་པ་ཞེས་བྱ་བ་ནི་ཁྲེལ་ཡོད་པ་སྟེ། འཇིག་རྟེན་གྱི་ཁ་ན་མ་ཐོ་བས་འཇིགས་པས་བུ་ལོན་འཇལ་བར་བྱེད་པའོ། །རིགས་བཙུན་ཞིང་ཡོན་ཏན་དང་ལྡན་པ་གང་ཡིན་པ་དེ་ནི་རིགས་བཙུན་ཞིང་ཡོན་ཏན་དང་ལྡན་པའོ། །རིགས་བཙུན་ཞེས་སྨོས་པས་ནི་བརྐམ་པའི་ཉེས་པ་མེད་པར་སྟོན་ཏེ། ཆེ་བ་ཉིད་དང་མཐུན་པར་སྤྱོད་པའི་ཕྱིར་རོ། །ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་ལེ་ལོའི་གཉེན་པོ་སྟེ། ལེ་ལོ་མེད་པའོ། །མཁས་པ་ལ་ནི་མི་མཁས་པའི་གཉེན་པོའོ། །དབེན་ཡང་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པར་ཡང་དེ་ལ་འཇལ་བར་བྱེད་དེ། དེ་ལ་དབུལ་བ་ཡིན་པས་འཇལ་བ་སྟེ། གང་གི་ནོར་གང་ཡིན་པ་དེའི་ནོར་འཇལ་བ་དེ་ནི་དབུལ་པོའོ། །ལྟ་བ་ངན་པ་སྤྱོད་པ་ཞེས་བྱ་བ་འདིས་ནི་བསམ་པ་དང༌། སྦྱོར་བ་རྒུད་པ་ཉིད་དུ་སྟོན་ཏེ། འདིས་ནི་རང་བཞིན་ངན་པ་ཞེས་བྱ་བ་དེ་བསྟན་ཏོ། །མི་བཟད་པའི་བདག་གི་ལས་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་ལམ་མོ། །སེམས་ཉམས་ཞེས་བྱ་བ་ནི་ཡིད་སྡུག་བསྔལ་གྱིས་ཉེན་པའོ། །ནད་ཀྱིས་གདུངས་པ་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་ཀྱིས་གདུངས་པའོ། །དེ་ལ་ཉི་ཟླའི་འོད་ཟེར་ཞེས་བྱ་བ་དང། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །ཞེས་བྱ་བའི་ཚིགས་བཅད་གཉིས་ནི་གྲང་བའི་དམྱལ་བའི་དབང་དུ་བྱས་པའོ། །མུན་ནག་ཅེས་བྱ་བ་ནི་མུན་ནག་འཁྲིགས་པ་ཉིད་ཀྱིས་གཡོགས་པས་སོ། །དེ་ངེས་པར་གཟུང་བའི་ཕྱིར་མུན་ནག་ཐིབས་པོ་དུ་བ་དགུ་བའི་ཞེས་བྱ་བའི་ཚིགས་བཅད་


DTG168_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །ཡང་སོས་ཞེས་བྱ་བ་ཚ་བའི་དམྱལ་བའི་དབང་དུ་བྱས་པའོ། །མེ་མུར་འབར་བ་དམྱལ་བའི་ནང་ན་གཞན་དག་ནི། །ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། མེ་མར་མུར་ཞེས་བྱ་བ་ནི་ཉེ་འཁོར་བ་ཡིན་ཏེ། སྔར་གཙོ་བོའི་དམྱལ་བ་བཤད་ནས། ཕྱིས་ཕྱི་རོལ་གྱི་ཉེ་འཁོར་གྱི་དམྱལ་བ་བསྟན་པའོ། །ཉེ་འཁོར་བ་དེ་ཡང་རྣམ་པ་བཞི་སྟེ། །མེ་མར་མུར་དང༌། རོ་མྱགས་ཀྱི་འདམ་དང༌། སྤུ་གྲིའི་ལམ་དང༌། ཆུ་བོ་རབ་མེད་དེ་བཞི་པོ་དེ་ལས་ཉེ་འཁོར་བའི་དམྱལ་བ་མེ་མར་མུར་ཞེས་བྱ་བ་ཡིན་ནོ། །དེ་ལས་ཐར་པར་འདོད་པ་ནི་དེ་འདོད་པའོ། །དེས་ན་ཐིག་ནག་ཅེས་བྱ་བའི་དམྱལ་བ་དེའི་དབང་དུ་བྱས་ནས། ལ་ལ་གཤིན་རྗེའི་གཤེད་མ་མ་རུངས་པས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་སྨོས་སོ། །འབར་བའི་མེ་འདྲ་བའི་གླང་དང༌། ལྕགས་དེ་གཉིས་ཀྱིས་དབང་མེད་པར་བྱས་པ་ནི། གླང་ལྕགས་མེ་ལྟར་འབར་བས་དབང་མེད་བྱས་པའོ། །བསྡུས་འཇོམས་རི་ཡིས་ཞེས་བྱ་བའི་ཚིགས་བཅད་འདིས་ནི་དམྱལ་བ་བསྡུས་འཇོམས་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། བསྡུས་འཇོམས་ཞེས་བྱ་བ་རི་གཉིས་ཕྲད་པ་ནི་བསྡུས་འཇོམས་རིའོ། །དེར་ལུས་གཟིར་བ་གང་ཡིན་པ་དེ་ནི་བསྡུས་འཇོམས་རི་ཡིས་ཁ་ཅིག་ལུས་ཀྱང་གཟིར་པའོ། །དེ་ཡིས་བརྫིས་པ་སྟེ། བསྡུས་འཇོམས་རི་བོས་བརྫིས་པའོ། །དེས་ལུས་ཕྱེ་མར་བྱས་པ་གང་ཡིན་པ་དེ་ནི་དེ་ཡིས་བརྫིས་པས་ཕྱེ་མར་ལུས་གྱུར་པའོ། །ལྕགས་གཏུན་རབ་ཏུ་འབར་བའི་ནང་དག་ཏུ། །ཞེས་བྱ་བའི་ཚིགས་བཅད་གཉིས་ནི་སེམས་ཅན་དམྱལ་བ་དུ་འབོད་དག་གི་དབང་དུ་བྱས་པའོ། །རྣོ་བ་ཡང་ཡིན་ལ་ལྕགས་ཀྱང་ཡིན་པས་ལྕགས་རྣོ་བའོ། །ལྕགས་རྣོ་ཞིང་འབར་བའི་ཚེར་མ་ནི་ལྕགས་ཀྱི་ཚེར་མ་རྣོ་ཞིང་འབར་བའོ། །དེ་རྩུབ་པ་ནི་ལྕགས་ཀྱི་ཚེར་མ་རྣོ་ཞིང་རྩུབ་པའོ། །ལ་ལ་མེ་མདག་ཕུང་པོ་ཞེས་བྱ་བའི་ཚིགས་བཅད་འདི་ནི་སེམས་ཅན་དམྱལ་བ་ཚ་བ་ཞེས་བྱ་བའི་དབང་དུ་བྱས་པའོ། །འགྲེ་ལྡོག་པའི་དུ་འབོད་ནི་འགྲོ་ལྡོག་དུ་འབོད་དོ། །འགྲེ་ལྡོག་དུ་འབོད་ཉིད་ཙམ་ནི་འགྲེ་ལྡོག་དུ་འབོད་ཙམ་མོ། །དེ་ཉིད་ཀྱི་མཐུ་ལ་བརྟེན་པ་གང་ཡིན་པ་དེ་ནི་འགྲེ་ལྡོག་དུ་འབོད་ཙམ་གྱི་མཐུ་ལ་བརྟེན་པའོ། །ཁ་ཅིག་ས་གཞི་རབ་ཏུ་འབར་བ་ལ། །


DTG168_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང༌། ལྕགས་ཀྱི་ལེབ་མ་དག་གིས་ཁ་ཅིག་དཀྲིས། །ཞེས་བྱ་བའི་ཚིགས་བཅད་གཉིས་ནི། རབ་ཏུ་ཚ་བའི་དབང་དུ་བྱས་པའོ། །བརྒྱངས་ཤིང་བརྐྱང་བའི་ལྕེ་གང་ཡིན་པ་དེ་ནི་ལྕེ་ཡང་རབ་ཏུ་བརྒྱངས་པའོ། །གཅན་གཟན་ཁྲོ་བོ་ཞེས་བྱ་བ་ནི་གཅན་གཟན་གདུག་པ་དག་གི་ཚོགས་སོ། །ཁ་ཅིག་མེ་འབར་ཚ་བས་གདུངས་གྱུར་ནས། །ཞེས་བྱ་བའི་ཚིགས་བཅད་འདིས་ནི། ཉེ་འཁོར་བ་ཆུ་བོ་རབ་མེད་ཅེས་བྱ་བའི་དབང་དུ་བྱས་པའོ། །མི་གཙང་རོ་མྱགས་ཁུང་ལ་མཚོ་སྙམ་སྟེ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི། ཉེ་འཁོར་པ་རོ་མྱགས་ཞེས་བྱ་བའི་དབང་དུ་བྱས་པའོ། །ཁ་ཅིག་མེ་ཡི་ནང་ན་ལུས་འབར་ཞིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་ནི་སེམས་ཅན་དམྱལ་བ་མནར་མེད་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །ལྕགས་ཀྱི་རྣམ་པར་གྱུར་ཏེ། ཀུན་དུ་འབར་ཞིང་ཚ་བར་གྱུར་པ་དེ་ནི་མེ་འབར་ལྕགས་བསྲེགས་སོ། །དེ་དང་མཉམ་པ་ནི་མེ་འབར་ནང་ན་ལྕགས་བསྲེགས་འདྲར་གྱུར་པའོ། །རང་གི་ལས་ཀྱིས་བཟུང་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱིས་བཟུང་པའོ། །སྒྲ་འབྱིན་ཞེས་བྱ་བ་ནི་སྒྲ་སྣ་ཚོགས་འབྱིན་པའོ། །བུ་ལོན་དེ་ད་དུ་མི་རུང་བ་ཉིད་ཀྱི་དབང་དུ་བྱས་ནས་དམྱལ་བ་མི་བཟད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔ་སྨོས་སོ། །དེ་ལ་ལྕགས་ཀྱི་རྫ་ཆེན་ཞེས་བྱ་བའི་ཚིགས་བཅད་འདིས་ནི་རྫ་མ་ཆེན་པོར་ཆུད་པའི་ཕྱིར་རང་དབང་མེད་པ་ཉིད་དུ་བསྟན་ཏེ། དེ་ཇི་ལྟར་ཁྱོད་ལ་བུ་ལོན་དེད་དུ་འགྲོ་བའོ། །ས་གཞིར་མེ་འབར་དུ་བ་མེད་པ་ཞེས་བྱ་བའི་ཚིགས་བཅད་འདི་ནི་ལྕགས་ཀྱི་ཕུར་བ་མེ་འབར་བ་ལྔ་བརྒྱས་ལུས་བརྒྱངས་པ་དེས་རང་དབང་མེད་པ་ཉིད་དུ་སྟོན་ཏོ། །དེར་ཇི་ལྟར་བུ་ལོན་དེད་དུ་འགྲོ་ཞེས་པའོ། །རབ་ཏུ་མནར་བ་ནི་ཡོངས་སུ་གདུངས་པའོ། །སྡུག་བསྔལ་ཆེན་པོ་མྱོང་པ་ནི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་སྟེ། འདིར་ཁྱོད་རང་དབང་མེད་པའོ། །གྲང་བའི་དམྱལ་བ་ལས་བརྩམས་ཏེ། བུ་ཡུག་རླུང་གིས་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། རུས་པ་དུམ་བུ་བརྒྱར་ཞིགས་པ་དེས་ཕོངས་ཤིང་སྒྲ་འབྱིན་པ་ག་ལ་ཡོད་པ་དེ་ནི་རུས་པ་བརྒྱར་ཞིགས་ཕོངས་པའི་སྒྲ་འབྱིན་པའོ། །གཤིན་རྗེའི་གཤེད་པོས་བསད་པར་གྱུར་པ་ཞེས་བྱ་བའི་ཚིགས་བཅད་


DTG168_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དམྱལ་བ་ཐམས་ཅད་ཀྱི་སྡུག་བསྔལ་བསྡུ་ན་རྣམ་པ་བདུན་དུ་འགྱུར་ཏེ། དེ་བསྟན་པའི་ཕྱིར་གཤིན་རྗེའི་གཤེད་པ་པོས་གསད་པར་གྱུར་པ་ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ཇི་ལྟར་བསད་པ་ཞེ་ན། དེ་བསད་པའི་རྣམ་པ་བསྟན་པའི་ཕྱིར། གསད་དང་བཅད་དང་གཤགས་དང་བརྡེག་པ་དང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བསད་པ་ནི་རྡོ་ལ་སོགས་པས་སོ། །བཅད་པ་ནི་རལ་གྲི་ལ་སོགས་པས་སོ། །གཤགས་པ་ནི་སོག་ལེ་ལ་སོགས་པས་སོ། །བསྲེགས་པ་ནི་མེ་འམ། རྫ་མ་ཆེན་པོའི་ནང་དུ་བཅུག་སྟེ། བཙོ་བ་ལ་སོགས་པས་སོ། །གཞོག་པ་ནི་སྟེའུ་ལ་སོགས་པས་སོ། །བརྡུང་བ་ནི་བན་གླང་ལ་སོགས་པ་དང༌། བསྡུས་འཇོམས་ཀྱི་རི་བོ་ལ་སོགས་པས་སོ། །གཞིག་པ་ནི་མདུང་ཐུང་ལ་སོགས་པས་སོ། །གནོད་པ་མང་པོས་སྡུག་བསྔལ་བ་སྟེ། དེ་ལྟར་བཤད་པ་དག་ལས་མ་གྲོལ་བ་ཡིན་ན། ཇི་ལྟར་ངལ་བུ་ལོན་གཞལ་བའོ། །དེ་དག་བདག་གིས་ཞེས་བྱ་བས་ནི་བསད་པ་ལ་སོགས་པས་སོ། །དགེ་བ་དག་གི་གནས་ནི་དགེ་བའི་གནས་སོ། །ཡང་ན་དགེ་བའི་གནས་གང་ཡིན་པ་དེ་ནི་དགེ་བའི་གནས་སོ། །གནོད་པ་མང་པོས་ཡིད་མི་དགའ་བར་འགྱུར་ཏེ་ཞེས་བྱ་བ་ནི་དམྱལ་བའི་གཏམ་ཐོས་པས་སོ། །ལྟ་བ་དྲང་པོར་གྱུར་ནས་ཞེས་བྱ་བ་ནི་དེ་སྨད་པར་བྱ་བའི་ལོག་པའི་ལྟ་བ་ཡོངས་སུ་བཏང་བས་སོ། །ཆོས་སྒྲུབ་པའི་སྣོད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་སྣོད་དོ། །ཡང་ན་ཆོས་ནི་བསོད་ནམས་ཀྱི་ཆོགས་ཏེ། དེ་སྒྲུབ་པའི་སྣོད་དོ། །སྔོན་གྱི་རྒྱལ་པོ་ཡོན་ཏན་དགའ་བ་རྣམས། །ཞེས་བྱ་བ་ཕྱེད་དང་པོ་འདིས་ནི་ཡོན་ཏན་གྱི་ཞིང་སྒྲུབ་པ་ཉིད་བསྟན་ཏོ། །འབངས་ལ་ངང་ཚུལ་སྙིང་རྗེ་ལྡན་བརྟན་པ། །ཞེས་བྱ་བ་འདིས་ནི་སྙིང་རྗེའི་ཞིང་སྒྲུབ་པ་ཉིད་བསྟན་ཏོ། །གྲགས་ལྡན་ཞེས་བྱ་བས་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ཡིན་ནོ། །མཐོ་རིས་འགྲོ་ཞེས་བྱ་བ་འདི་ནི། འཇིག་རྟེན་ཕ་རོལ་གྱི་ཡོན་ཏན་ནོ། །དེ་བས་ན་ཆོས་མིན་ཐུབ་དཀའ་ཐུབ་བྱེད་ཅིང་ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་བསྟན་ཏེ། ཆོས་མ་ཡིན་པའི་མི་མཐུན་པའི་ཕྱོགས་ལས་ཆོས་ཀྱིས་རྒྱལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །སེར་སྣ་ནི་ཆགས་


DTG168_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་མེད་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཏེ་གཉེན་པོ་ཡིན་ནོ། །དེ་རིང་དུ་སྤངས་པ་ནི་གཉེན་པོ་ཡིན་པའི་ཕྱིར། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཉིད་དུ་བསྟན་ཏོ། །རིན་ཆེན་མཆོག་འབར་ཞེས་བྱ་བ་དེས་འགྲོ་བས་སོ། །ཡང་དག་པའི་ལྟ་བ་ལ་འདྲིས་པ་ནི་གོམས་པའོ། །གནས་པ་ནི་བརྟེན་པའོ། །བློ་ནི་འདོད་པའོ། །བྱིས་པ་དག་ཆགས་པར་བྱེད་པས་ནི་བྱིས་པ་དགའ་བར་བྱེད་པ་སྟེ། བྱིས་པ་དགའ་བར་བྱེད་པ་ངེས་སོ། །ཆོས་ཉིད་ངེས་པ་ཞེས་བྱ་བ་ནི་ཆོས་ལ་ངེས་པའོ། །ཡང་དག་པའི་ལྟ་བ་ཡང་ཡིན་ལ། དགེ་པ་ཡང་ཡིན་བས་ཡང་དག་ལྟ་བ་དགེ་བའོ། །ཡང་དག་པའི་ལྟ་བ་དགེ་བ་དེས། ད་ནི་ཞེས་བྱ་བ་ནི་ཕྱིན་ཆད་དོ། །འགྲོ་བར་སྤྲོ་བ་ནི་འགྲོ་བར་འདོད་པའོ། །ཡོན་ཏན་དག་ལ་རྩུབ་པ་ནི། ཡོན་ཏན་དག་ལ་མི་དགའ་བ་སྟེ། མི་དགའ་བ་ནི་སྐྱོ་བའོ། །ལམ་དུ་གྱུར་པའི་གོ་འཕང་དེས། ལམ་དུ་བྱས་པ་ཡིན་པས་ལམ་དུ་གྱུར་པའོ། །གོ་འཕང་ནི་ལམ་དུ་གྱུར་པའི་རབ་ཏུ་གནས་པའོ། །ཡོན་ཏན་སྒྲུབ་པ་དབྱིག་ཏུ་བྱོས། །ཞེས་བྱ་བ་འདིས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །བདག་དང་གཞན་ལ་ཕན་འདོགས་ཞེས་བྱ་བ་འདིས་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཚུལ་ཁྲིམས་བརྟན་ཞིང་དབང་པོ་རབ་ཏུ་སྡོམས། །ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །རབ་གསལ་ཞེས་བྱ་བ་ནི་ནུས་པ་ཆེ་བས་སོ། །ཡིད་དུ་འོང་བས་ནི་ཡིད་ཀྱི་ནུས་པ་ཉིད་དོ། །གྲགས་པ་ནི་སྙན་པའི་ཕན་པ་དང་ལྡན་པའི་འགྲོ་བའི་སྡུག་བསྔལ་བསལ་བའོ། །དེ་ཡང་ཤིང་རྟ་ཡོད་པ་དེ་ནི་ཤིང་རྟ་དག་གོ །བཀུར་སྟི་ཉིད་སྦྱིན་པའི་ཤིང་རྟ་གང་ཡིན་པ་དེ་ནི་བཀུར་སྟི་སྦྱིན་པའི་ཤིང་རྟ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པའི་ཤིང་རྟ་དག་གོ །ཡོན་ཏན་འབྱུང་བ་ཞེས་བྱ་བ་ནི་ཡོན་ཏན་སྐྱེ་བ་ཡིན་པས་ཡོན་ཏན་འབྱུང་བ་སྟེ། དེ་ནི་ཤིང་རྟ་ཉིད་དེ་རང་གི་ལུས་སོ། །མི་རྩུབ་པའི་མིག་དང་ལྡན་པ་གང་ཡིན་པ་དེ་ནི་མི་རྩུབ་མིག་ལྡན་ཏེ། མི་རྩུབ་པའི་བྱམས་པའོ། །སྦྱིན་པ་དང་དུལ་བ་ནི་སྦྱིན་དུལ་ལོ། །དེ་གཉིས་ཀྱི་འཁོར་ལོ་གང་ལ་ཡོད་པ་དེ་ནི་སྦྱིན་དུལ་འཁོར་ལོ་ཅན་ནོ། །སྦྱིན་པ་དང༌། ཚུལ་ཁྲིམས་དང་བསོད་ནམས་ཉིད་འདོད་པའི་བསོད་ནམས་པ་ཞེས་བྱ་


DTG168_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཏོ། །དབང་པོ་དུལ་བ་ནི་དབང་པོ་བསྡམས་པའོ། །དྲན་པ་ཉིད་སྲབ་སྐྱོགས་ཡིན་པས་དྲན་པའི་སྲབ་སྐྱོགས་ཅན་ནོ། །བློ་གྲོས་དང་ལྡན་པ་ཉིད་ལྕག་ཡིན་པས་ཤེས་རབ་ཀྱི་སྐུལ་མའོ། །ཐོས་པ་རྒྱ་ཆེ་བ་ཉིད་ཀྱི་མཚོན་གང་ལ་ཡོད་པ་དེ་ནི། ཐོས་པ་རྒྱ་ཆེན་མཚོན་ནོ། །ངོ་ཚ་ཉིད་ཡོ་བྱད་ཡིན་པས་ངོ་ཚ་ཡོ་བྱད་དོ། །བཅིངས་པ་མཛེས་པའི་གྲོགས་གང་ཡིན་པ་དེ་ནི་གྲོགས་མཛེས་པས་བཅིངས་པའོ། །བཟོད་པ་ཉིད་ཀྱི་གཉའ་ཤིང་གང་ལ་ཡོད་པ་དེ་ནི་བཟོད་པའི་གཉའ་ཤིང་ངོ༌། །འགྲོ་བ་བརྟན་པ་གང་ཡིན་པ་དེ་ནི་འགྲོ་བ་བརྟན་པའོ། །ཚིག་ཉིད་ངན་པ་ཡིན་པས་ཚིག་ངན་ནོ། །དེ་བསྡམས་པ་ནི་ཚིག་ངན་བསྡམས་པའོ། །ཚིག་ངན་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་སྐྱོན་རྣམ་པ་བཞིའོ། །ཡིད་འོང་ཚིག་ཙམ་སྨྲ་བས་ཟབ་པའི་སྒྲ། །ཞེས་བྱ་བ་ནི་ཚིག་ངན་པའི་མི་མཐུན་པའི་ཕྱོགས་དགེ་བའི་ལས་ཀྱི་ལམ་གཟུང་ངོ༌། །བསྡམས་པ་མ་ཞིག་པས་ན་མཚམས་མ་བྱེ་ཞེས་བྱ་བ་འདིས་ནི་ཡང་དག་པའི་འཚོ་བ་བསྟན་ཏོ། །སྤྱོད་པ་ངན་པའི་གྱ་གྱུ་སྤངས་པས་དྲང༌། །ཞེས་བྱ་བ་འདིས་ནི་ཡང་དག་པའི་ལས་ཀྱི་མཐའ་བསྟན་ཏོ། །རྒྱལ་མཚན་མཐོ་ཞེས་བྱ་བ་ནི་ཉོན་མོངས་པ་ཉེ་བར་ཞི་བ་མཐོ་པའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་ཚངས་པའི་སྐྱེས་པའི་རབས་སོ།། །།གཞན་དག་ལ་ཕན་པ་ཡིན་པའི་ཕྱིར་གཞན་ལ་ཕན་པའོ། །དེ་ཉིད་ཤས་ཆེ་བའི་སྡུག་བསྔལ་གང་ཡིན་པ་དེ་ནི་གཞན་ལ་ཕན་པར་བྱེད་པའི་སྡུག་བསྔལ་ལོ།། ཡུལ་ལྗོངས་ཐག་རིང་དུ་གྱུར་པ་ཞེས་བྱ་བ་ནི། གྲོང་གི་སྐྱེ་བོ་དང་ཐག་བསྲིངས་པའོ། །ཞི་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡིན་ཏེ། ལུས་ཀྱི་ལས་ཀྱི་མཚན་ཉིད་དོ། །སྤྱུགས་པ་ཞེས་བྱ་བ་ནི་ཡུལ་གྱི་སྐྱེ་བོ་དང་བྲལ་བར་བྱས་པའོ། །ཁྲོས་པ་ཞེས་བྱ་བ་ནི་ཉེས་པ་ཡོད་པས་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་མི་རིགས་པ་བྱས་པ་ནི་ཉེས་པ་ཡོད་པས་རྒྱལ་པོས་སྤྱུགས་པའོ། །གཅོམ་ཆུང་བ་ནི་གཟི་བརྗིད་ཆུང་བའོ། །ཉམ་ཐག་ཅིང་ཕོངས་པའི་སྒྲ་འབའ་ཞིག་གང་ཡིན་པ་དེ་ནི་ཉམ་ཐག་ཕོངས་པའི་སྒྲ་འབའ་ཞིག་གོ །ནགས་ཚལ་དེ་ལོགས་སུ་འོང་བ་ནི་ནགས་ཚལ་དེ་ལ་མངོན་དུ་


DTG168_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཏེ་འོང་བའོ། །གངས་རིའི་རྩེ་མོ་འགྲོ་ཤེས་པ་འདྲ་བཞེས་བྱ་བས་ནི་མདོག་དང་མཚན་ཉིད་བསྟན་ཏོ། །སྟོན་ཀའི་སྤྲིན་ནམ། ན་བུན་གྱི་ཚོགས་རླུང་གིས་བསྐྱོད་པ་བཞིན་ཞེས་བྱ་བ་ནི། འགྲོས་དང༌། མདོག་དང༌། ཚང་མཐུན་པ་བསྟན་ཏོ། །མདོག་ཅུང་ཟད་དམར་ཞིང་སྣུམ་པ་གང་ཡིན་པ་དེ་ནི། སྣ་མདོག་ཅུང་ཟད་དམར་ཞིང་སྣུམ་པའོ། །རྡུལ་དང་ཉི་མའི་འོད་ཟེར་ནི། །རྡུལ་དང་ཉི་མའི་འོད་ཟེར་རོ། །དེས་རེག་པ་ནི་རྡུལ་དང་ཉི་མའི་འོད་ཟེར་གྱིས་རེག་པ་སྟེ་དེ་བས་ནའོ། །ཁ་དོག་མ་རུད་པ་གང་ཡིན་པ་དེ་ནི་ཁ་དོག་ཉམས་པའོ། །རིད་པ་སྟེ། ཅིའི་ཕྱིར་རིད་པ་ཡིན་ཞེ་ན། དེ་ཉིད་སྨྲས་པ། མྱ་ངན་གདུངས་ཕོངས་ཞེས་བྱ་བ་ལ་མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་ལོ། །གདུངས་ཕོངས་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་ཏེ། དེ་གཉིས་ཀྱིས་རིད་པར་གྱུར་པའོ། །མིའི་སྐད་དུ་སྨྲ་ཞིང་ཞེས་བྱ་བ་ནི། ཨ་ལ་སོགས་པའི་ཡི་གེའི་ཁྱད་པར་གྱིས་སོ། །མི་འཇིགས་པའི་སྦྱིན་པར་ཁས་ལེན་པ་ཞེས་བྱ་བ་ནི་ང་ལས་ཁྱེད་འཇིགས་པ་མི་འབྱུང་གི་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་བྱ་བའི་ཚིག་གོ །དགའ་བར་བྱེད་པ་ཞེས་བྱ་བ་ནི་ཁྱེད་ཅག་སུ་ཞིག །ཅིའི་ཕྱིར་འདི་ལྟར་གྱུར་ཅིང་འདི་ན་འཁོད། །ཅེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེ། ཚིག་འདི་གཉིས་ཀྱིས་དོན་བསྟན་པའོ། །ཁྲོས་པའི་རླུང་ཡངས་ཞེས་བྱ་བ་ནི་བདག་ཉིད་ལ་སྐྱོན་མེད་པར་རྒྱལ་པོས་སྤྱུགས་པ་ཉིད་དུ་བསྟན་ཏོ། །སྐལ་པ་ལྷག་མ་ཞེས་བྱ་བ་འདིས་ནི་བདག་ཉིད་འཚོ་བ་ཉིད་དུ་རེ་བའོ། །ལྷ་དཔལ་མངོན་དུ་ཞེས་བྱ་བ་ནི་དེ་མཐོང་བས་བདག་ཉིད་དགའ་བ་ཉིད་དུ་སྟོན་ཏོ།། བཤེས་བས་ཀྱང་ལྷག་པ་མཐོང་བའི་ཕྱིར། སྐལ་བ་ལྷག་མ་ཡོད་པའོ། །གཉེན་བས་ཀྱང་ལྷག་པ་མཐོང་བའི་ཕྱིར་ནི། ལྷ་དཔལ་མངོན་དུ་གྱུར་པའོ། །ཕོངས་པ་འདི་ལས་ཞེས་བྱ་བ་ནི་འབྲོག་དགོན་པ་ན་སྡུག་བསྔལ་ཞིང་ཕོངས་པའོ། །སྙིང་རྗེ་མེད་ཅིང་ཞེས་བྱ་བ་ནི་སྙིང་རྗེ་དང་མི་ལྡན་པའོ། །འཛེམ་པ་མེད་པ་ནི་ཁྲེལ་མེད་པ་སྟེ། འཇིག་རྟེན་གྱི་བརྗོད་པ་ལ་མི་ལྟ་བའོ། །ཕྱི་ཚེ་མི་སེམས་ཤིང་ཞེས་བྱ་བ་འདིས་ནི་བདག་ཉིད་ལ་ལྟོས་པ་ཉིད་དུ་སྟོན་པའོ། །ངན་སོང་དུ་འགྲོ་བར་མི་སེམས་པའི་ཕྱིར། རང་ལ་ཕན་པ་ལ་མི་ལྟ་བ་སྟེ། འདིས་ནི་མངོན་པར་མཐོ་བ་དང༌། ངེས་པར་


DTG168_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ཡོད་པའི་མཚན་ཉིད་དག་ལ་ཕན་པ་ལ་མི་སེམས་པ་ཉིད་དུ་སྟོན་ཏོ། །བདག་ལ་ཕན་པ་ལ་མི་ལྟ་ཞིང༌། ཚེ་ཕྱི་མ་ལ་མི་སེམས་པའི་རྒྱུའི་དབང་དུ་བྱས་ནས། སྨྲས་པ། རྒྱལ་པོའི་དཔལ་གློག་ལྟར་མི་བརྟན་པ་དང་དབང་པོ་ཕྲོགས་པའི་ཕྱིར་རོ། །ཡང་ན་སྙིང་རྗེ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་བཞིའི་རྒྱུ་བསྟན་པ་ཡིན་ཏེ། རྒྱལ་བའི་དཔལ་མི་བརྟན་པ་དང༌། དབང་པོ་ཕྲོགས་པའི་ཕྱིར་རོ། །ཡང་ན་རང་ལ་ཕན་པ་ལ་ལྟོས་པ་མེད་ཀྱི་རྒྱུ་ནི་རྒྱལ་པོའི་དཔལ་མི་བརྟན་པས་དབང་པོ་ཕྲོགས་པའི་ཕྱིར་རོ། །གཞན་གསུམ་ནི་སྙིང་རྗེ་མེད་ཅིང་མི་འཛེམ་པ་དང༌། ཚེ་ཕྱི་མ་མི་སེམས་པ་ལ་སོགས་པའོ། །འཆི་བདག་དེའུ་རེ་འོང་བར་དེ་མི་སེམས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། འཆི་བདག་དེའུ་རེ་འོང་བར་དེ་མི་སེམས་ཞེས་བྱ་བ་འདི་ཚིགས་བཅད་ཀྱི་དང་པོ་ཕྱེད་ཀྱིས་ནི། ཚེ་ཕྱི་མ་ལ་མི་སེམས་པའི་རྒྱུ་གཉིས་ཡིན་ཏེ། ཚེ་ཕྱི་མ་མི་སེམས་པའི་བློ་ཡོད་པར་མི་འགྱུར་བ་ནི། འཆི་བ་ཉེ་བར་གནས་པ་མཐོང་བའི་ཕྱིར་དང༌། འཆི་བ་ཡོད་ཀྱང་སྡིག་པ་ཡོད་པར་མི་ཤེས་པའམ། མ་ཐོས་པའོ། །འཛེམ་པ་མེད་པའི་རྒྱུ་བསྟན་པ་ནི་ཚིགས་བཅད་ཕྱེད་འོག་མ་ཡིན་ཏེ། གཉི་གའི་རྒྱུས་ཀྱང་འཛེམ་པ་མེད་པ་སྟེ། ཕན་པར་སྟོན་པའི་དགེ་བའི་བཤེས་གཉེན་མེད་པའི་ཕྱིར། རྣམ་རྟོག་ཞེན་བས་གདམས་སུ་མེད་པའམ། མགོན་མེད་པར་གྱུར་པས་སོ། །སྙིང་རྗེ་མེད་པའི་རྒྱུ་བསྟན་པའི་ཕྱིར། ནད་ཀྱི་གཞིར་གྱུར་ཅེས་བྱ་བ་སྨོས་ཏེ། ལུས་ཞེས་བྱ་བ་འདིས་ནི་མི་གཙང་བ་ཉིད་དུ་བསྟན་ཏོ། །གཅིག་པུ་ཞེས་བྱ་བ་འདིས་ནི་བདག་པོ་དང་བྲལ་བའི་ཕྱིར་བདག་མེད་པ་ཉིད་དུ་བསྟན་ཏོ། །ནད་ཅེས་བྱ་བ་ནི་སྡུག་བསྔལ་ཉིད་དུ་བསྟན་ཏོ། །ཆུད་ཟ་བའི་ཞེས་བྱ་བ་འདིས་ནི་མི་རྟག་པ་ཉིད་དུ་བསྟན་ཏོ། །ཀྱི་ཧུད་གཏི་མུག་ཅེས་བྱ་བ་འདིས་ནི་མ་རིག་པས་ཉེ་བར་བཅོམ་པ་སྟེ། ཟིལ་གྱིས་མནན་པ་ཉིད་དུ་སྟོན་ཏེ། སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་རྣམ་པ་བཞིས་ཕྱིན་ཅི་ལོག་པ་ཉིད་དུ་བསྟན་ཏོ། །ནད་མང་བརྒྱའི་གནས་ཞེས་བྱ་བས་ནི་གང་གི་སྡུག་བསྔལ་དང་ལྡན་པ་བསྟན་ཏོ། །ལུས་འདི་སྡུག་བསྔལ་ཉམ་ཐག་པ། །ཞེས་བྱ་བ་ནི་སྡུག་བསྔལ་གྱིས་ཉམ་ཐག་པ་གཞན་དག་གོ །འདི་རྣམས་ཕོངས་ལས་བསྒྲལ་བའི་གཟེངས་གྱུར་པ།།


DTG168_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྡུག་བསྔལ་ལས་བསྒྲལ་པའི་གཟིངས་ཏེ། སྡུག་བསྔལ་གྱི་ལུས་ཀྱི་རྒྱུས་གཞན་སྡུག་བསྔལ་ལས་བསྒྲལ་བས་འབྲས་བུ་དང་བཅས་པ་ཉིད་དུ་བྱའོ་ཞེས་བྱ་སྟེ། དེས་ན་བྱང་ཆུབ་སེམས་དཔའི་ལུས་སྡུག་བསྔལ་མང་པོའི་གནས་ཡིན་པ་དེ་བཞིན་དུ་འདི་དག་གི་ལུས་ཀྱང་ཡིན་ནོ། །ཅིའི་ཕྱིར་ལུས་འདི་བསྒྲལ་བའི་གཟིངས་སུ་གྱུར་པ་ཞེས་བྱ་བའི་རྒོལ་བའི་སྐབས་ཤེས་པར་བྱས་ནས། རང་དང་གཞན་གྱི་ལུས་ཀྱི་ཁྱད་པར་བརྫུན་པའི་ཕྱིར། མི་ཡི་ལུས་སུ་སྐྱེས་པ་ཡིས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མཐོ་རིས་ཐར་པའི་བདེ་བ་ཐོབ་པར་ནུས་པ་ཞེས་བྱ་བ་འདིས་ནི་མིའི་ལུས་ཀྱིས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ཐོབ་པར་ནུས་པ་ཉིད་དུ་སྟོན་ཏོ། །བདག་གི་མཐོང་བའི་ཆོས་ཀྱི་ལུས་ཀྱིས་ནི་མི་ནུས་པ་ཉིད་དུ་སྟོན་ཏོ། །འདི་ལྟར་གྱུར་པ་ལ་ཕན་འདོགས་པ་ཡང་ཤིན་ཏུ་དཀོན་ཞེས་བྱ་བ་ལ་འདི་དག་ཅེས་བྱ་བ་ནི་མི་སྐྱེ་བའོ། །འདི་ལྟར་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དགེ་བ་དེས་མེད་པ་ཉིད་དུ་སྟོན་ཏོ། །བདག་ནི་རྙེད་པར་བླ་བ་སྟེ། མིའི་སྐྱེ་བ་ལ་བསོད་ནམས་ཀྱི་ཚོགས་ལ་གོམས་པར་བྱས་པས་སྐྱེ་བ་གཞན་གྱི་རྒྱུ་བསྟན་པའི་ཕྱིར། བདག་གི་སྤྱོད་ཡུལ་གནས་སུ་ལྷགས་པར་གྱུར། །ཅེས་བྱ་བའི་ཚིགས་བཅད་སྨོས་སོ། །འདི་འདྲའི་མགྲོན་ཀྱང་བསོད་ནམས་བྱས་པས་འཐོབ། །ཅེས་བྱའོ། །གལ་ཏེ་བདག་གིས་བོས་ཏེ། འདིར་འོངས་པ་མ་ཡིན་ན་ཡང་བསོད་ནམས་བྱས་པས་འཐོབ་ཅེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྤྱོད་ཡུལ་གནས་སུ་ལྷག་པར་གྱུར་པའི་ཕྱིར་ཏེ། རང་གིས་དོན་དུ་གཉེར་བ་ཉིད་བསྟན་ཏོ། །ཕོངས་ཤིང་ཉམ་ཐག་གྱུར་ཞེས་བྱ་བ་ནི་སྡུག་བསྔལ་བ་ཉིད་དོ། །གཉེན་དང་བྲལ་བ་ཞེས་བྱ་བ་ནི་རྗེས་སུ་འབྲང་བ་མེད་པ་བསྟན་ཏོ། །རྒྱུ་འདི་གསུམ་གྱིས་ནི་དེ་སྙིང་རྗེའི་གནས་སུ་བསྟན་ཏེ། དོན་དུ་གཉེར་བ་དང༌། སྡུག་བསྔལ་བ་དང༌། རྗེས་སུ་འབྲང་བ་མེད་པ་སྟེ། དེ་བས་ན་བསྐྱབ་པའི་རིགས་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་མང་པོའི་གནས་ཞེས་བྱ་བ་ལ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ན་བའི་ཕྱིར་ཏེ། ལྷན་ཅིག་སྐྱེས་པའི་སྡུག་བསྔལ་གྱིས་སོ། །ཉོན་མོངས་པ་མང་པོའི་གཞི་ཞེས་བྱ་བ་ནི། གནོད་པ་སྣ་ཚོགས་སྐྱེ་བའི་ཉོན་མོངས་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ནས་དེ་དག་ལ་ཁ་ཅིག་ནི་ཞེས་བྱ་བའི་ཚིག་གིས་ནི། སེམས་མི་བརྟན་པའི་


DTG168_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པའོ། །བདག་ཅག་མགོན་མེད་རྣམས་ཀྱི་མགོན། །ཞེས་བྱ་བའི་ཚིགས་བཅད་ནི། སེམས་སྟོབས་བར་མའི་དབང་དུ་བྱས་པའོ། །གཞན་ནི་སེམས་རབ་ཏུ་བརྟན་པས་ཞེས་བྱ་བ་ལ་སོགས་པ་ནི་སེམས་བརྟན་པའི་དབང་དུ་བྱས་པའོ། །བདེ་འགྲོ་ཐོབ་ཕྱིར་ཞེས་བྱ་བ་ནི་མི་ཉིད་དུ་སྐྱེ་བའི་ཕྱིར་རོ། །མི་དབང་རྒྱལ་སྲིད་གདུགས་གཅིག་དཔའ་ཕྱིར་ཞེས་བྱ་བ་ནི། རྒྱལ་སྲིད་ཀྱི་ཕྱིར་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །མཐོ་རིས་བདེ་མཆོག་མྱོང་བའི་ཕྱིར་མ་ཡིན། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་མངོན་པར་མཐོ་བ་ཐོབ་པའི་ཕྱིར་ཡང་མ་ཡིན་ནོ། །ཚངས་པའི་གནས་ཕྱིར་མ་ཡིན་ཞེས་བྱ་བ་ནི། གཟུགས་དང༌། གཟུགས་མེད་པ་ནི་གཡང་སར་མངོན་པར་མཐོ་བ་ཐོབ་པའི་ཕྱིར་ཡང་མ་ཡིན་པའོ། །ཐར་པའི་བདེ་ཕྱིར་མིན་ཞེས་བྱ་བ་ནི། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཕྱིར་ཡང་མ་ཡིན་པའོ། །གཡང་སར་ལྟུང་སྟེ་ཞིག་ན་ནི་འཆི་བའོ། །དེ་གཉིས་ཀྱིས་བྱས་པའི་སྡུག་བསྔལ་ནི་གཡང་སར་ལྟུང་སྟེ་ཞིག་ནས་འཆི་བའི་སྡུག་བསྔལ་ལོ། །དེ་ལ་མི་ལྟ་བ་གང་ཡིན་པ་དེ་ནི་གཡང་སར་ལྟུང་སྟེ་ཞིག་ནས་འཆི་བའི་སྡུག་བསྔལ་ལ་མི་ལྟ་བའོ། །ས་ཕྱོགས་དེ་ཞེས་བྱ་བ་ནི་དེ་དག་ལ་སྔར་ཕྱོགས་གང་བསྟན་པའི་ཕྱོགས་དེར་ཞེས་བྱ་བའི་དོན་ཏོ། །གངས་རིའི་རྩེ་མོ་ཞེས་བྱ་བ་ནི་གངས་རི་ནས་ལྷུང་བ་དེའི་གངས་རི་དེའི་རྩེ་མོ་ཉིད་དོ། །གནམ་གྲུམ་པའི་སྒྲ་གང་ལ་ཡོད་པ་དེ་ནི། གནམ་གྲུམ་སྒྲ་བཞིན་ནོ། །མ་བཏགས་ཞེས་བྱ་བ་ནི་དཔག་བསམ་གྱི་ཤིང་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །མེ་ཏོག་ཀུ་མུད་སྤུངས་ལྟར་མཛེས། །ཟླ་བའི་འོད་ཟེར་སྤུངས་པ་བཞིན། །ཞེས་བྱ་བ་དེ་དེ་གཉིས་ཀྱིས་མདོག་བསྟན་ཏོ། །འདི་ནི་དེ་ཡི་གཟུགས་བརྙན་ཞིག །ཅེས་བྱ་བ་འདིས་ནི་ཁ་དོག་དང༌། དབྱིབས་གཉིས་མཉམ་པར་བསྟན་ཏོ། །བདག་ཅག་རྣམས་ཀྱི་ཆོ་རིགས་དང༌། ཚུལ་དང༌། དད་པ་ཅི་འདྲ་ཞེས་བྱ་བ་འདིས་ནི་ཡོན་ཏན་དང༌། ཕན་གདགས་པའི་ཞིང་ཉིད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡོན་ཏན་གྱི་ཞིང་ཉིད་མ་ཡིན་པའོ། །ཆོ་རིགས་ཞེས་སྨོས་པས་ནི་བྲམ་ཟེའི་རིགས་ནི་འཇིག་རྟེན་པ་རྣམས་ཀྱིས་བཀུར་བའི་གནས་ཡིན་པའི་ཕྱིར་དེ་ཡང་མ་མཐོང་བའོ། །ངང་ཚུལ་གྱི་ཞེས་བྱ་བ་ནི་ཡོན་ཏན་གྱི་ཞིང་ཉིད་དུ་བསྟན་ཏོ། །དད་པ་ཞེས་བྱ་བ་ནི་ཕན་འདོགས་པའི་ཞིང་ཉིད་དུ་བསྟན་ཏོ། །སྐལ་མཉམ་ཞེས་


DTG168_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་སྙིང་རྗེའི་ཞིང་ཉིད་དུ་བསྟན་ཏོ། །མ་ཐོས་པར་ཞེས་བྱ་བ་ནི་མ་འདྲིས་པར་ཞེས་བྱ་བའི་དོན་ཏོ། །ཕོངས་ཤིང་ཉམ་ཐག་ཅེས་བྱ་བ་ནི་སྡུག་བསྔལ་བ་ཉིད་དོ། །འཇིགས་ལ་མྱ་ངན་གདུངས་ཞེས་བྱ་བ་ནི་རྗེས་སུ་འབྲང་བ་མེད་པའོ། །སྤྱོད་བཟང་འདི་འདྲ་གང་དུ་བསླབས་ཞིག་གུ། །ཞེས་བྱ་བ་ནི་མཁན་པོ་གང་ཡིན་པའི་དོན་ཏོ། །བླ་མ་གང་ལ་གནས་ནས་བསྙེན་བཀུར་བྱས། །ཞེས་བྱ་བ་ནི་དཔོན་གང་ལ་བསྙེན་བཀུར་བྱས་པའོ། །དེ་ནི་འདི་ལས་མངོན་ཞེས་བྱ་བ་ནི་གཟུགས་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཡོན་ཏན་མངོན་པའི་དོན་ཏོ། །གཟུགས་དང་རྗེས་སུ་མཐུན་པའི་ཡོན་ཏན་གང་ཡིན་པ་སྨྲས་པ། དེ་འདིར་དེ་ཉིད་མངོན་སུམ་དུ་མཐོང་བ་ཡིན་ཏེ། ཡོན་ཏན་དང་ལྡན་པ་དེ་ནི་གང་དུ་བསླབས་ཞེས་བྱ་བ་དང་སྦྱར་རོ། །རང་བཞིན་ཡང་ཡིན་ལ་འཕགས་པ་ཡང་ཡིན་པས་རང་བཞིན་འཕགས་པའོ། །དེའི་ཕུན་སུམ་ཚོགས་པ་དེ་ནི་རང་བཞིན་དུ་འཕགས་པ་ཕུན་སུམ་ཚོགས་པའོ། །ཡང་ན་རང་བཞིན་འཕགས་པ་ཉིད་ཕུན་སུམ་ཚོགས་པ་ཡིན་པས་རང་བཞིན་འཕགས་པ་ཕུན་སུམ་ཚོགས་པའོ། །རང་བཞིན་ཕུན་སུམ་ཚོགས་པ་དེས་དོན་བཞིན་བསྒྲུབ་པའི་དོན་དང་མཐུན་པ་ཡིན་པས་དོན་བཞིན་ནོ། །དེ་བསྒྲུབས་པ་ཞེས་བྱ་བ་ནི་བཟང་པོ་ཞེས་བྱ་བ་གླང་པོ་ཆེ་བདག་ཉིད་གང་ཡིན་པ་དེ་ནི་དོན་བཞིན་བསྒྲུབས་ཞེས་བྱ་བ་འདིས་ནི་བསྟན་ཏོ། །གང་གི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པ་དང༌། ཇི་ལྟར་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པར་ཤེས་པར་བྱ་ཞེ་ན། དེ་ཉིད་ཀྱི་ཕྱིར་སྨྲས་པ། འདི་ལྟར་ཤི་བར་འགྱུར་ན་ནི་དགོན་པ་བཞིན་དུ་ཤེས་པའོ། །སྤྱོད་བཟང་འདི་འདྲ་གང་དུ་བསླབས་ཞིག་གུ། །ཞེས་བྱ་བ་འདི་བསྟན་པ་དེ་ལ་དེའི་སྤྱོད་པ་བཟང་པོ་བསྒྲུབ་པའི་ཕྱིར། ཀྱེ་མའོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །ཞེས་བྱ་བའི་ཚིགས་བཅད་སྨོས་པ་ཡིན་ནོ། །གཉེན་དང་བཤེས་ནི་གཉེན་བཤེས་སོ། །དེ་ཉིད་བྱམས་པ་ཡིན་པས་གཉེན་བཤེས་བྱམས་པའོ། །དེ་དག་ལས་ཁྱད་པར་དུ་གཉེན་བཤེས་གང་མིན་པ་དེ་ནི་གཉེན་བཤེས་བྱམས་པ་བས་ཀྱང་ལྷག་པ་སྟེ། འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕན་འདོགས་པ་བདག་ཅག་ལ་ཕན་པའི་ཕྱིར་ཞེས་བྱ་བ་ནི་སྔར་བསྟན་པའི་དབུགས་ཕྱུང་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །རང་གི་སྲོག་གི་གསལ་ཏེ་རབ་ཏུ་ལེགས་པར་བྱེད་བྱེད་པ་ཞེས་བྱ་བ་ནི་


DTG168_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེ་བདག་ཉིད་ཡོངས་སུ་བཏང་བ་དེ་ཉིད་བསྟན་ཏོ། །དེ་ལྟར་མཆོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་སྔར་བསྟན་པ་འདི་ལ་མཆོད་པར་བྱ་སྟེ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །བཀུར་སྟི་བྱས་པར་མི་འགྱུར་གྱི། །ཞེས་བྱ་བ་ནི་གང་སྔར་བསྟན་པའི་མེར་སྲེག་པའི་ཞལ་ཏ་བྱོས་ཞེས་བྱ་བ་དེ་ཉིད་བསྟན་པ་ཡིན་ནོ། །འདི་ཡི་བསམ་པ་རྫོགས་པར་བྱ། །ཞེས་བྱ་བ་ནི་གང་གི་བསམ་པ་ཡིན་ཞེ་ན། བདག་ཡོངས་སུ་བཏང་བའི་བསམ་པ་རྫོགས་པར་བྱའོ། །མཆོད་པར་བྱས་པར་འགྱུར་རོ་ཞེས་བྱ་བ་ནི་མཆོད་པ་བསྒྲུབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་བསམ་པ་རྫོགས་པར་བྱའོ་ཞེས་བསྟན་པ་ལ། བསམ་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། བདག་ཅག་རྣམས་ནི་བསྒྲལ་བའི་ཕྱིར། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བདག་ཅག་རྣམས་ཀྱི་བསྒྲལ་བ་ནི་བདག་ཅག་རྣམས་བསྒྲལ་བའོ། །དེའི་ཆེད་དུ་གཏོང་བའི་ཚུལ་གང་ལ་ཡོད་པ་དེ་ནི་བདག་ཅག་བསྒྲལ་བའི་ཕྱིར་རོ། །རབ་ཏུ་ཕོངས་པའི་ལུས་བཏང་བ། །ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རབ་ཏུ་གཅེས་པའི་མགྲོན་བྱ་བའི་ཕྱིར་རོ། །དེ་བས་དེ་ཡི་བསམ་པ་རྫོགས་པར་བྱ། །ཞེས་བྱ་བ་ནི་བདག་བསྒྲལ་བའི་བསམ་པ་སྟེ། དགོན་པ་ལས་བསྒྲལ་བའི་ཕྱིར་རོ། །བདག་ཅག་རྣམས་ཀྱིས་བྱ་བའི་རིགས་སོ། །ཞེས་བྱ་བ་ནི་རིགས་པ་ཡིན་པའི་ཕྱིར། དེ་བས་ན་བསམ་པ་ཉིད་བདག་ཅག་རྣམས་ཀྱིས་བྱ་བའི་རིགས་ཏེ་དགོན་པ་འདི་ལས་བརྒལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་བྱས་ནས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་མཆོད་པ་བྱས་ཏེ། མེར་སྲེག་པའི་ཞལ་ཏ་བྱས་ལ་ཞེས་བྱ་བ་དེ་ཡིན་ཏེ། འདི་ནས་བསྒྲལ་བའི་ཕྱིར་ལུས་བཏང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་འདྲིས་པའི་ཕྱིར་རོ། །འདྲིས་པ་དག་ལ་ནི་འདྲིས་པ་ལ་ལྟོས་པས་ཕན་འདོགས་པར་བྱེད་པ་ཡིན་ཏེ། དེ་བས་ན་འདྲིས་པའང་མེད་དོ། །བདག་ཅག་རྣམས་བསྒྲལ་བ་འདི་ལ་ཡོན་ཏན་ཅི་ཡོད་ཅེ་ན། སྨྲས་པ། དེས་ན་ལུས་ཤིན་ཏུ་གཅེས་པ་ཡིན་ཡང་བཏང་བ་ནི་རབ་ཏུ་གཅེས་པའི་མགྲོན་ཡིན་པའི་ཕྱིར་ཏེ། ལུས་པས་ཀྱང་རབ་ཏུ་གཅེས་པ་ནི་གང་གི་ཕྱིར་མགྲོན་ཡིན་པའི་ཕྱིར་ཏེ་ལུས་བཏང་བའོ། །བསམ་པ་ནི་བདག་ཅག་བསྒྲལ་བའི་བསམ་པ་སྟེ། རབ་ཏུ་གཅེས་པའི་མགྲོན་ཡིན་པའི་ཕྱིར་ལུས་བཏང་བ་ཡིན་ནོ། །དེ་བས་ན་གཞན་དུ་ན་


DTG168_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ། དེའི་བསམ་པ་མ་བྱས་པར་གྱུར་ན་ནི་བྱས་པ་དོན་མེད་པར་འགྱུར་རོ། །རབ་ཏུ་གཅེས་པའི་མགྲོན་ལ་རབ་ཏུ་ཕངས་པའི་ལུས་བཏང་བ་བྱས་པའི་འབད་པའོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་ལས་རྗེས་སུ་མ་བླངས་ན་རིགས་པ་མ་ཡིན་པ་ཉིད་དུ་བསྟན་ནས། ད་ནི་བདག་ཅག་ཉིད་ཀྱིས་མ་བླངས་པ་མི་མཐུན་པ་ཉིད་དུ་བསྟན་པའི་ཕྱིར། འདི་ཡིས་བྱས་ཏེ་ཅི་བདོག་པ། །ཞེས་བྱ་བའི་ཚིགས་ཅད་སྨོས་ཏེ། གཞན་དུ་བྱས་ན་དོན་མེད་འགྱུར། །ཞེས་བྱ་བ་འདི་དོན་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར། བྱམས་པ་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །ཅི་བདོག་པ་ཞེས་བྱ་བ་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །བདོག་པ་ཐམས་ཅད་ཅེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོ་ཕུན་སུམ་ཚོགས་པའོ། །བདག་ཅག་རྣམས་ཀྱིས་མ་བླངས་ན་དོན་མེད་པར་འགྱུར་བའི་ཕྱིར། བདག་ཅག་རྣམས་ཀྱིས་མ་བླངས་ནའོ། །དེ་གང་ཡིན་ཞེ་ན། དེ་ནི་མགྲོན་ནོ། །དེ་ལས་ཅི་ཞིག་བཀུར་སྟི་བྱ། །ཞེས་བྱ་བ་ནི་སྔར་བསྟན་པའི་མེ་ལ་སྦྱང་བ་དེས་བུ་ལོན་མེད་པ་སྟེ། དེས་མེས་མ་བསྲེགས་པ་ཉིད་དུ་སྟོན་ཏོ། །གལ་ཏེ་མ་བླངས་པ་དང༌། མེ་ལ་སྦྱངས་པས་མ་བསྲེགས་ན། །དེ་ལྟར་ན་བཀུར་སྟི་ཅི་ཞིག་བྱས་པ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། དེ་བས་དེ་ལ་བླ་མ་བཞིན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ།། དེ་བས་ན་ཞེས་བྱ་བ་ནི་མ་བླངས་ཤིང་དོན་མེད་པ་དེས་མགྲོན་གྱི་བསྙེན་བཀུར་མེད་པའི་ཕྱིར། དེ་ལས་གཞན་པ་དེའི་ཚིག་ཉན་པར་བྱས་ན་བཀུར་སྟི་ཉིད་དུ་བསྟན་པར་འགྱུར་རོ། །བཀུར་སྟི་ཆེན་པོ་བྱ་བ་ཙམ་དུ་མ་ཟད་དེ། དེ་བདག་ལ་ཕན་པར་འགྱུར་བའི་ཕྱིར་ཡང་བཀུར་སྟི་ཆེན་པོ་བྱ་བའི་རིགས་ཏེ། དེའི་ཚིག་མཉན་པར་བྱ་བས་སོ། །གལ་ཏེ་ཁྱེད་ཅག་གིས་དེ་ལ་བྱས་པ་གཟོ་བའི་ཕྱིར། དེ་ལ་མཆོད་པ་བྱས་ན་ཡང་དེ་བཞིན་དུ་བྱ་ཞིང་མངོན་པར་མཆོད་པའི་ཆོ་གའི་ཐབས་བསྟན་པའི་ཕྱིར། སྡུག་བསྔལ་འདི་ལས་ཐར་ནས་ཞེས་བྱ་བའི་ཚིགས་བཅད་སྨོས་ཏེ། སྡུག་བསྔལ་འདི་ལས་ཐར་པ་ཞེས་བྱ་བ་ནི་འབྲོག་དགོན་པ་འདིའི་སྡུག་བསྔལ་ལས་ཐར་པའོ། །ཚོགས་པ་ནི་འདུས་པར་གྱུར་པའོ། །དེ་དག་གི་ཚིག་ནི་དེ་དག་གི་ཚིག་གོ །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་གླང་པོ་ཆེའི་སྐྱེས་པའི་རབས་སོ།། །།སྡོམ་ལ། བྱང་ཆུབ་ངང་པ་བྱང་ཆུབ་


DTG168_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །སྤྲེའུ་དང་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེའུ་རྒྱལ་བཟོད་པ་སྨྲ། །ཚངས་དང་གླང་ཆེན་དེ་དག་བཅུ། །སྡོམ་འདི་ནི་འཇིག་རྟེན་དུ་གྲགས་པ་ཡིན་ཏེ། སྐྱེས་པའི་རབས་བཅུ་པོ་འདི་དག་གི་གོ་རིམས་བདག་གིས་ནི་འདི་ལྟར་མཐོང་ངོ༌། །བྱང་ཆུབ་ངང་པ་བྱང་ཆུབ་ཆེ། །ཤ་ར་རུ་རུ་སྤྲེའུ་དང༌། །བཟོད་པ་སྨྲ་དང་སྤྲེའུ་རྒྱལ་དང༌། །གླང་ཆེན་ཚངས་པ་དེ་དག་བཅུ། །འདིར་སྐྱེས་པའི་རབས་བཅུ་པོ་འདི་དག་གི་གོ་རིམས་ཀྱི་རྒྱུ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པ་སྟེ། གཞན་གྱིས་གནོད་པ་བྱས་པ་ལ་མི་མེད་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་དབང་དུ་བྱས་ནས། ཚངས་པའི་སྐྱེས་པའི་རབས་ཡིན་ཏེ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་དག་ལ་འདོད་ཅིང་མི་སྐྲག་པའོ། །བཟོད་པ་དེ་ཡང་བྱང་ཆུབ་སེམས་དཔའ་ལ་ཡོད་པ་ཡིན་ནོ་ཞེས་ཇི་ལྟར་ཤེས་པར་བྱ་ཞེ་ན། བདག་ཉིད་མངོན་པར་འདོད་པའི་ལྟ་བ་དེ་ལ་གཞན་ཡང་རབ་ཏུ་འགོད་པ་ཡིན་པའི་ཕྱིར། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དེ་ནི་ཚངས་པའི་སྐྱེས་པའི་རབས་ཀྱིས་བརྗོད་པ་ཡིན་ནོ། །གཞན་དུ་ན་ཇི་ལྟར་སྐྱེས་པའི་རབས་འདི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་པའི་རབས་སུ་བཤད། གལ་ཏེ་འདི་ལྟར་བློ་སྐྱེ་བར་འགྱུར་ཏེ། སྐྱེས་པའི་རབས་དེ་ཉིད་དུ་བསྟན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། མཚན་ཉིད་དུ་བཤད་པའི་སྐྱེས་པའི་རབས་འདི་ནི་རིགས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། བཟོད་པ་གོང་ནས་གོང་དུ་ཁྱད་པར་དུ་བསྟན་པའི་སྐྱེས་པའི་རབས་ཀྱི་གོ་རིམས་རྣམ་པར་གཞག་པའི་ཕྱིར་ཏེ། བཟོད་པའི་ཚིག་དེ་ནི་ཞར་ལས་བྱུང་བའི་ཕྱིར་རོ། །གཙོར་ནི་རང་བཞིན་གྱིས་ལྟ་བ་ངན་པ་ལ་ཞེན་པར་གྱུར་པ་ལ་ལྷག་པར་སྙིང་བརྩེ་བ་ཡིན་ཏེ། དེ་བས་ན་ཚངས་པའི་སྐྱེས་པའི་རབས་ནི་ཆོས་ལ་ངེས་པར་སེམས་པའི་དབང་དུ་བྱས་པ་ཉིད་ངོ། །སྤྲེའུའི་རྒྱལ་པོ་དང༌། གླང་པོ་ཆེའི་སྐྱེས་པའི་རབས་སུ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་དབང་དུ་བྱས་པའོ། །གཉིས་པོ་དེ་དག་ལས་ཀྱང་གནོད་པར་གྱུར་པའི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པ་ནི་སྤྲེའུ་རྒྱལ་པོའི་སྐྱེས་པའི་རབས་སུ་བསྟན་ཏེ་


DTG168_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པ་མེད་པའི་ཕྱིར་བཟོད་པའི་དབང་དུ་བྱས་པ་སྟེ། གནོད་པར་བྱེད་པའི་རྒྱལ་པོ་ལ་བཟོད་པར་བྱ་བ་ནི། འབྲེལ་པ་མེད་པའི་ཕྱིར་དང༌། རྒྱལ་པོ་ཉིད་ཀྱང་ཕན་པ་བྱེད་པར་འཇུག་པའི་ཕྱིར་རོ། །གླང་པོ་ཆེའི་སྐྱེས་པའི་རབས་སུ་ནི་གཡང་ས་ནས་ལྟུང་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་ལ་ཇི་མི་སྙམ་པའི་དབང་དུ་བྱས་པ་སྟེ། མ་འདྲིས་པའི་སྐྱེ་བོ་ལ་རྗེས་སུ་བརྩེ་བའི་ཕྱིར་རོ། །དེ་ལས་གཞན་པ་སྐྱེས་པའི་རབས་བདུན་གྱིས་ནི་གནོད་པ་བྱས་པ་ལ་མི་མཇེད་པའི་བཟོད་པའི་དབང་དུ་བྱས་པའོ། །གནོད་པ་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། བདག་དང་འབྲེལ་པ་དང༌། བདག་ལ་གནོད་པ་བྱས་པའོ། །བདག་དང་འབྲེལ་པ་ལ་གནོད་པ་བྱེད་པའི་དབང་དུ་བྱས་ནས། གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་སུ་རྒྱལ་པོ་དེས་རང་གི་ཆུང་མ་འཕྲོག་པར་བྱེད་པའི་གནོད་པས་འཇུག་པའི་ཕྱིར་རོ། །བདག་ལ་གནོད་པ་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། རྣམ་པར་འཚོ་བའི་གནོད་པ་དང༌། གསོད་པའི་གནོད་པ་བྱེད་པའོ། །དེ་ལས་རྣམ་པར་འཚེ་བའི་གནོད་པའི་དབང་དུ་བྱས་ནས། ངང་པ་དང༌། བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་སུ་བསྟན་ཏེ། ལུས་དང༌། སེམས་ལ་ཉེ་བར་གནོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ངང་པའི་སྐྱེས་པའི་རབས་སུ་ནི་རྙིས་བཟུང་བས་ལུས་ཀྱི་འཚེ་བ་ལ་འཇུག་པའི་གནོད་པ་ལས་བཟོད་པའོ། །བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་སུ་ནི་སེམས་ལ་གནོད་པ་ཡིན་ཏེ། བརྙས་པས་ཉེ་བར་གཙེས་པས་འཇུག་པའི་གནོད་པ་ལ་བཟོད་པའོ། །གསོད་པའི་གནོད་པར་བྱེད་པའི་དབང་དུ་བྱས་ནས་སྐྱེས་པའི་རབས་ལྷག་མ་བཞི་ཡིན་ཏེ། གསོད་པའི་གནོད་པ་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། གསོད་པའི་གནོད་པ་བྱེད་པར་སྦྱོར་བ་དང༌། གསོད་པའི་གནོད་པར་སྦྱོར་བའོ། །དེ་ལས་གསོད་པར་སྦྱོར་བའི་གནོད་པ་བྱེད་པའི་དབང་དུ་བྱས་ནས། ཤ་ར་བྷ་དང༌། རུ་རུ་དང༌། སྤྲེའུའི་སྐྱེས་པའི་རབས་སོ། །དེ་ལ་ཤ་ར་བྷའི་སྐྱེས་པའི་རབས་སུ་ནི་བདག་ཉིད་ཀྱིས་མདའ་འཕེན་པ་དང༌། གནོད་པ་མ་བྱས་ཏེ། ཕན་བཏགས་ཤིང་རྒྱལ་པོ་ལ་བཟོད་པ་སྟེ། སྦྱོར་བ་བྱེད་པ་ལ་བཟོད་པ་པ་བྱེད་པའི་དབང་དུ་བྱས་པའོ། །རུ་རུ་དང༌། སྤྲེའུའི་སྐྱེས་པའི་རབས་སུ་ནི་བྱང་ཆུབ་སེམས་དཔས་དེ་གཉིས་ལ་ཕན་བཏགས་པ་ཡིན་དུ་ཟིན་ཀྱང་གནོད་པ་བྱེད་པར་འཇུག་པ་དེ་


DTG168_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་བཟོད་པའི་ཕྱིར་རོ། །འདི་གཉིས་ལ་ཁྱད་པར་ནི་འདི་ཡོད་དེ། རུ་རུའི་སྐྱེས་པའི་རབས་སུ་ནི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་གསོད་པར་སྦྱོར་བས་སྦྱོར་དུ་བཅུག་པར་བསྟན་ཏེ། བདག་ཉིད་ཀྱིས་ནི་གསོད་པར་སྦྱོར་བ་མ་བརྩམས་སོ། །སྤྲེའུའི་སྐྱེས་པའི་རབས་སུ་ནི་བྱང་ཆུབ་སེམས་དཔས་ཕན་བཏགས་པ་བྱས་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་གསོད་པར་སྦྱོར་བ་རྩོམ་པའོ། །དེ་ཉིད་ཀྱི་ཕྱིར་རུ་རུའི་སྐྱེས་པའི་རབས་སུ་མཐོང་བའི་ཆོས་ཉིད་ལ་ལག་པ་ཆད་པར་སྟོན་པ་ཡིན་ནོ། །དེ་བཞིན་དུ་སྤྲེའུའི་སྐྱེས་པའི་རབས་སུ་ཡང་བདག་ཉིད་གསོད་པར་རྩོམ་པ་ཡིན་པས་མཛེའི་ནད་ཀྱིས་དེ་མ་ཐག་ཏུ་ཟིལ་གྱིས་མནན་ཏོ། །ད་ནི་བཟོད་པ་སྨྲ་བའི་སྐྱེས་པའི་རབས་སུ་ནི་བདག་ཉིད་གསོད་པར་རྩོམ་པ་ཡིན་པའི་ཕྱིར། དེ་མ་ཐག་ཏུ་རིམས་ནད་མེ་བཞིན་འབར་ཞེས་བྱ་བ་དང༌། ས་གས་ནང་དུ་ཞུགས་ཞེས་བྱ་བའོ། །གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་སུ་ནི་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པའི་རྒྱལ་པོ་མཐོང་བའི་ཆོས་ཉིད་ལ་མི་སྡུག་པའི་རྣམ་པར་སྨིན་པ་མ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་མེད་པའི་ཕྱིར་དང༌། ཁྱིམ་ཐབ་དང་ཆུང་མ་ཕལ་པ་མེད་པའི་ཕྱིར་རོ། །ངང་པའི་སྐྱེས་པའི་རབས་སུ་ཡང་སྡིག་པའི་བསམ་པ་མེད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པས་ཕྲད་པར་འདོད་པ་དེས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ཀྱང་མི་འདོད་པའི་འབྲས་བུམ་ཐོབ་པའོ། །བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་སུ་ནི་རྒྱལ་པོ་ལ་སྡིག་པའི་བསམ་པ་མེད་པའི་ཕྱིར་དང༌། མ་གུས་པ་ཉི་ཚེ་ཙམ་དུ་ཟད་པའི་ཕྱིར་དང༌། མི་འདོད་པའི་འབྲས་བུ་མེད་དོ། །ཤ་ར་བྷའི་སྐྱེས་པའི་རབས་སུ་ཡང་རྒྱལ་པོ་ལ་སྡིག་པའི་བསམ་པ་མེད་པ་དང༌། གནོད་པའི་སྦྱོར་བ་ཉི་ཚེ་ཙམ་ཡོད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པར་སྦྱོར་བ་ཡང་བྱང་ཆུབ་སེམས་དཔའ་ཡིན་པར་སྔར་མ་ཤེས་པ་དང༌། རྒྱལ་པོས་གནོད་པ་མ་བྱས་པའི་ཕྱིར་མི་འདོད་པའི་འབྲས་བུ་མེད་དོ། །དེ་ཉིད་ཀྱིས་འདི་དག་ནི་བཟོད་པ་ཆུང་བ་ཡིན་པའི་ཕྱིར་དང་པོར་སྨོས་པ་ཡིན་ནོ། །སྐྱེས་པའི་རབས་འདི་དག་ལས་གཞན་དུ་རུ་རུ་དང༌། སྤྲེའུ་དང༌། བཟོད་པ་སྨྲ་བ་སྐྱེས་པའི་རབས་ཕྱིས་བཀོད་པ་ནི་གོ་རིམས་བཞིན་དུ་ཁྱད་པར་དུ་གྱུར་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཕན་


DTG168_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ལ་གནོད་པ་བྱེད་པ་ལ་ཕྱི་མ་གསུམ་ཡིན་ཏེ། མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ཏེ། སེམས་ཀྱི་གོ་སྐབས་མེད་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་ལ་ནི་གནོད་པ་མེད་པའི་ཕྱིར་དང༌། བསམ་པ་ངན་པ་མེད་པས་སྤྲེའུའི་ཚོགས་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་བརྫིས་པ་ཡིན་ན་ཡང་བྱང་ཆུབ་སེམས་དཔས་གནང་བ་ཉིད་ཡིན་གྱི། གཞན་དུ་མ་ཡིན་པས་མི་འདོད་པའི་འབྲས་བུ་མེད་པ་ཉིད་དོ། །སྐྱེས་པའི་རབས་གཞན་དག་ཀྱང་སེམས་ཀྱི་གོ་སྐབས་མེད་པ་ཉིད་དོ། །གོ་རིམས་དེ་ལྟར་བཀོད་པར་གྱུར་ན་ནི་བཟོད་པ་བསྒོམས་པ་ལ་འཇུག་པ་རྣམས་ཀྱི་བཟོད་པའི་རྣམ་པ་གོ་རིམས་བཞིན་དུ་བསྟན་པར་འགྱུར་ཏེ། དེ་སྒྲུབ་པའི་ཐབས་བསྟན་པར་རིགས་པ་ཡིན་ནོ། །སྐྱེས་པའི་རབས་འདི་དག་གི་གོ་རིམས་འདི་བཞིན་དུ་རིག་པར་བྱ་སྟེ། གལ་ཏེ་ཕྱོགས་སུ་མི་འཛིན་པ་དག་ཡོད་ན་ཡང་འདི་བཞིན་དུ་གླེགས་བམ་དག་ཏུ་བྲི་བར་བྱའོ། །བཟོད་པའི་ཚོམས་ཏེ་སྡེ་ཚན་གསུམ་པ་རྫོགས་སོ།། །།ཇི་ལྟར་ཕྲད་ཀྱང་རུང་སྟེ་ཞེས་བྱ་བ་ནི་མི་དགེ་བ་མངོན་པར་འདོད་པའམ། དགེ་བ་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་གྲགས་པའི་རིགས་དང༌། དཔལ་དང་ལྡན་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་གཙོ་བོའི་ནུས་པ་བསྟན་ཏོ། །ཡོན་ཏན་ཡོངས་སུ་འཛིན་པར་བྱེད་པས་འབངས་རྣམས་ནི་གློ་བ་ཉེ་བ་ཞེས་བྱ་བ་འདིས་ནི་གསང་ཚིག་གི་ནུས་པ་བསྟན་ཏོ། །གཟི་བྱིན་ཆེ་བས་རྒྱལ་ཕྲན་དྲེགས་པ་རྣམས་ཕྱག་འཚལ་བར་གྱུར་པ་ཞེས་བྱ་བས་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །ཡོན་ཏན་བརྒྱའི་འོད་ཟེར་གྱི་ཕྲེང་པ་ནི་ཡོན་ཏན་བརྒྱའི་འོད་ཟེར་གྱི་ཕྲེང་བའོ། །འོད་ཟེར་བརྒྱ་དང་ལྡན་པ་གང་ལ་ཡོད་པ་དེ་ནི་ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པའོ། །ཟླ་བ་བཞིན་དུ་མཐོང་ན་དགའ་བ་གང་ཡིན་པ་དེ་ནི། ཟླ་བ་དང་འདྲ་བར་མཐོང་ན་དགའ་བའོ། །དེ་ཉིད་ཀྱི་ཕྱིར། བུ་ཟླ་བ་ཞེས་བྱ་བ་ཡིན་ཏེ། ཟླ་བ་དང་འདྲ་བའི་ཕྱིར་བུ་ཟླ་བ་ཞེས་བཏགས་ཏེ། དེའི་མིང་ཡོན་ཏན་དང་ལྡན་པ་ཉིད་དུ་སྟོན་ཏོ། །ལེགས་པར་ཕན་འདོགས་པ་ཞེས་བྱ་བས་ནི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྡང་བ་ཉིད་དུ་སྟོན་ཏོ། །སྡུད་པ་ལ་མཁས་པ་དང༌། གུས་པ་ཇེ་ཆེ་ཇེ་ཆེར་གྱུར་པ་དང༌། །ཞེས་བྱ་བས་ནི་དགེ་བའི་ཆོས་སྐྱེད་པ་དང༌། སྐྱེས་ཟིན་པ་རྣམས་ཕྱིར་ཞིང་


DTG168_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡོངས་སུ་བསྐྱངས་པ་ལ་ངེས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་སྐྱེས་པའི་རབས་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་ཡིན་ཏེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་ཟིན་པ་རྣམས་སྤངས་པ་ཉིད་དུ་སྟོན་ཏོ། །མི་དགེ་བའི་ཆོས་སྤངས་པ་མེད་པར་ནི་དགེ་བའི་ཆོས་སྐྱེད་པ་དང༌། འཕེལ་བ་དང༌། གནས་པ་མེད་པའི་ཕྱིར་རོ། །ཡོན་ཏན་གཉེན་དང་འདྲ་བར་གྱུར་ཏོ་ཞེས་བྱ་བ་བསྟན་པ་ལ། འགྲོ་བ་རྣམས་ཀྱི་གཉེན་དེ་གང་ཡིན་ཞེ་ན། གཉེན་དང་འདྲ་བ་དེ་ཉིད་བསྟན་པའི་ཕྱིར། ཚུལ་ཁྲིམས་ཐོས་དང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཡང་ན་གཞན་དང་མངོན་པར་འབྲེལ་པས་ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པ་ཞེས་བཤད་པའི་ཡོན་ཏན་གང་དག་ཡིན་ཞེ་ན། ཚུལ་ཁྲིམས་ཐོས་དང་གཏོང་དང་སྙིང་རྗེ་དུལ། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་དང་དེ་དག་ཅེས་བྱ་བ་ནི་ཡོན་ཏན་གཞན་དག་ཡང་ལྡན་པ་ཉིད་དུ་སྟོན་ཏོ། །ཡོན་ཏན་ཡོད་པ་ནི་ཞེས་བྱ་བ་ནི་ཡོན་ཏན་ཉིད་ཡོད་པ་ཡིན་ཏེ། དེའི་ཡོན་ཏན་མང་པོ་ཞེས་བྱ་བའི་དོན་ཏོ། །ལང་ཚོར་གྱུར་པའི་རྒྱན་གྱིས་བརྒྱན་པ་བཞིན། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རྒྱན་གྱིས་བརྒྱན་པའི་ལང་ཚོ་བཞིན་དུ་ཞེས་བྱ་བའི་དོན་ཏེ། ལང་ཚོ་ནི་ད་ལྟར་བྱུང་བའི་ཡོན་ཏན་གྱིས་མཛེས་པ་ཡིན་ཏེ། དེ་བས་ན་ཡོན་ཏན་ལང་ཚོའི་རྒྱན་གྱིས་བརྒྱན་པ་ཉིད་དོ། །ཡང་ན་ལང་ཚོར་གྱུར་པའི་རྒྱན་གྱིས་བརྒྱན་པ་བཞིན་དུ་ཡོན་ཏན་གསར་པ་དག་གིས་རབ་ཏུ་བརྒྱན་པ་སྟེ། དེ་བས་ན་ལང་ཚོར་གྱུར་པའི་རྒྱན་གྱིས་བརྒྱན་པ་ཞེས་བརྗོད་དོ། །རྣམ་པར་དག་པ་ཡང་ཡིན་ལ་རྒྱ་ཆེ་བ་ཡང་ཡིན་པས་རྣམ་པར་དག་ཅིང་རྒྱ་ཆེ་བའོ། །རྣམ་པར་དག་པ་དང༌། རྒྱ་ཆེ་བ་གཉིས་ཀྱིས་ཡིད་དུ་འོང་བ་དེ་ནི་རྣམ་པར་དག་ཅིང་རྒྱ་ཆེ་ཡིད་དུ་འོང་བ་སྟེ། དེ་བཞིན་དུ་དེའི་ཡོན་ཏན་རྣམས་སོ། །གནས་སུ་གྱུར་ཅེས་བྱ་བ་འདིས་ནི་ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདིས་ནི་གསང་ཚིག་གི་ནུས་པ་བསྟན་ཏོ། །འབངས་རྣམས་སྐྱོང་ནུས་པ་དང་ཞེས་བྱ་བ་འདིས་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །མ་འཇུངས་ཤིང་རང་བཞིན་བཟང་བའི་ཕྱིར་ཞེས་བྱ་བ་


DTG168_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །རང་བཞིན་དང་རྒྱུ་དང་ས་བོན་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ཏེ། འདིས་ནི་དེ་ཉིད་ཀྱི་ཕུན་སུམ་ཚོགས་པ་བསྟན་ཏོ། །དང་པོ་འདི་གཉིས་ཀྱིས་ནི་སྐྱེས་བུའི་བྱེད་པ་ཕུན་སུམ་ཚོགས་པའོ། །རྒྱལ་ཚབ་ཀྱི་ལོངས་སྤྱོད་ཅེས་བྱ་བ་ནི་བདག་པོའི་ནུས་པ་བྱེད་དུ་བཅུག་ཅེས་བྱ་བའི་དོན་ཏོ། །རབ་ཏུ་མཁས་པས་ཞེས་བྱ་བ་ནི་སྔར་བསྟན་པའི་ཐོས་པ་དང༌། ཤེས་རབ་དང༌། ཡིད་གཞུངས་ཤིང་མངོན་པར་བརྩོན་པའི་སྦྱོར་བས་སོ། །མཁས་པས་ཆོས་ལྡན་ཞེས་བྱ་བ་ནི་དོན་དང་འདོད་པ་དང་ཡང་ལྡན་པ་ཡིན་ནོ། །ལེགས་པར་སྨྲ་བ་ལ་ཇི་ལྟར་བྱེད་ཅེ་ན། མཆོད་པ་ཁྱད་པར་ཅན་གྱིས་ཞེས་བྱ་བ་ཡིན་ཏེ། དེས་ན་དེ་ཉིད་ཀྱི་ཕྱིར་ཏེ། ལེགས་པར་བཤད་པ་ལ་དགའ་བའི་ཕྱིར་རོ། །དཔྱིད་ཟླའི་དུས་ལ་བབ་པ་ཞེས་བྱ་བ་ནི་མེ་ཏོག་འབྱུང་བའི་དུས་ཀྱི་ཟླ་བ་ལ་བབ་པའོ། །ཤིང་ལོ་རྣམས་མཛེས་ཤིང་འཇམ་པོར་གྱུར་པ་གང་ཡིན་པ་དེ་དག་ནི་དཔྱིད་ཟླའི་དུས་ལ་བབ་པའི་མཐུས་ཤིང་ལོ་རྣམས་མཛེས་ཤིང་འཇམ་པོར་གྱུར་པའོ། །མེ་ཏོག་ཉིད་ཁ་འབུས་པས་སྡུག་ཅིང༌། དགོད་པ་ལྟར་གྱུར་པ་གང་ཡིན་པ་དེ་ནི་མེ་ཏོག་སྡུག་གུ་ཁ་འབུས་པ་རྣམས་ནི་དགོད་པ་བཞིན་ནོ། །ནེའུ་གསིང་སྔོན་པོ་ནི་ནེའུ་གསིང་སྔོན་པོའོ། །དེ་ཉིད་ཀྱི་རི་མོ་བཀྲམ་པ་ལྟ་བུ་ཡིན་པས་ནེའུ་གསིང་སྔོན་པོ་གསར་པ་རྣམས་ཀྱིས་རི་མོ་བཀྲམ་པའོ། །དེས་ས་གཞི་མཛེས་པར་བྱས་པ་གང་ཡིན་པ་དེ་ནི། ས་གཞི་ནེའུ་གསིང་སྔོན་པོ་གསར་བུ་རྣམས་ཀྱིས་རི་མོ་བཀྲམ་པ་བཞིན་དུ་མཛེས་པར་བྱས་པའོ། །ཡིད་དགའ་བ་འབྱུང་བ་ཡིན་པས་ཡིད་དགའ་བ་སྐྱེས་པའོ། །སྐྱེད་མོས་ཚལ་ན་ལྡིང་ཁང་ཡོད་པ་དེ་ནི་ལྡིང་ཁང་སྐྱེད་མོས་ཚལ་ལོ། །ཡིད་དུ་འོང་བའི་ལྡིང་ཁང་གི་རྒྱན་སྐྱེད་མོས་ཚལ་གང་ལ་ཡོད་པ་དེ་ནི་ལྡིང་ཁང་རྒྱན་ཅན་སྐྱེད་མོས་ཚལ་ལོ། །བུད་མེད་རྣམས་ཀྱི་གླུ་སྒྲ་སྙན་དང་འབྲེལ། །ཞེས་བྱ་བ་ནི་རྣ་བའི་ཡུལ་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །འཛུམ་ལ་མཁས་པ་ཞེས་བྱ་བ་ནི་མིག་གི་ཡུལ་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །ཡན་ལག་མཛེས་པར་བསྒྱུར་བའི་ཞེས་བྱ་བ་ནི་རེག་བྱའི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །བཟང་མོ་མཛེས་པར་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་སྟེ། དེ་ལྟར་འདི་དག་གིས་ནི་སེམས་ཅན་གྱི་ལོངས་སྤྱོད་ཀྱི་རྐྱེན་བསྟན་པའོ། །ད་ནི་སེམས་


DTG168_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ཡིན་པའི་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས། སྐྱེད་མོས་ཚལ་བཟང་དེ་ན་དེ་ནི་དགའ་བར་གནས། །ཞེས་བྱ་བ་སྨོས་ཏེ། མིག་དང༌། རྣ་བ་དང༌། སྣའི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །ལང་ཚོ་ལ་བབ་པ་ནི་ཞེས་བྱ་བ་ནི་འདིའི་འདོད་པའི་ཡུལ་ལ་ཆགས་པ་ཉིད་དུ་སྟོན་ཏོ། །བསོད་ནམས་ཕུན་སུམ་ཚོགས་པའི་མཐུ་ལས་བྱུང་བ་ཞེས་བྱ་བ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཕུན་སུམ་ཚོགས་པའི་ཁྱད་པར་དུ་གྱུར་པ་སྟེ། དེའི་མཐུ་ནི་བསོད་ནམས་ཕུན་སུམ་ཚོགས་པའི་མཐུའོ། །དེ་ལས་བྱུང་བ་ནི་བསོད་ནམས་ཕུན་སུམ་ཚོགས་པའི་མཐུ་ལས་བྱུང་བ་སྟེ། འདིས་ནི་འབད་པ་མེད་པར་བྱུང་བ་ཉིད་དེ་རྒྱུའི་སྟོབས་ལས་བྱུང་བ་ཉིད་དུ་སྟོན་ཏོ། །རོལ་མོའི་དགའ་བ་ལ་གནོད་པ་ཞེས་བྱ་བ་ནི་སྔར་སྐྱེས་པའི་དགའ་བ་ཉམས་པ་ཡིན་ཏེ། བུད་མེད་དང་སྐྱེས་པ་རྣམས་ཀྱི་བསྟན་ནས། ད་ནི་བུད་མེད་ཀྱི་དབང་དུ་བྱས་ནས། བུད་མེད་གཞོན་ནུ་རྣམས་འཇིགས་ཤིང་བག་འཁུམས་པར་བྱེད་པ་ཞེས་བྱ་བས་བསྟན་ཏོ། །མིའི་སྟོབས་དང༌། མཐུ་རྩལ་ལ་སོགས་པ་ལས་འདས་པ་གང་ལ་ཡོད་པ་དེ་ནི་སྟོབས་དང༌། མཐུ་རྩལ་ལ་སོགས་པ་མི་པས་ལྷག་པའོ། །སྲིན་པོ་དག་པས་ཀྱང་ལྷག་པར་མི་བཟད་པའི་གཟུགས་གང་ལ་ཡོད་པ་དེ་ནི། སྲིན་པོ་བས་ཀྱང་ལྷག་པར་མི་བཟད་པའི་གཟུགས་ཅན་ནོ། ཤིང་རྟ་དང༌། རྟ་དང༌། གླང་པོ་ཆེ་དང༌། དམག་མི་བརྟན་པ་ཉམས་པར་གྱུར་པ་གང་ཡིན་པ་དེ་ནི། ཤིང་རྟ་དང༌། རྟ་དང༌། གླང་པོ་ཆེ་དང༌། དམག་མི་བརྟན་པ་ཉམས་པར་གྱུར་པའོ། །ཅི་ལེགས་མཛད་པ་ནི་གོ་ཆ་བགོ་བ་ལ་སོགས་པའོ། །ངང་ཚུལ་གྱི་སྐྱོན་ཤེས་པ་གང་ཡིན་པ་དེ་ནི་དེ་སྟེ། ངང་ཚུལ་གྱི་སྐྱོན་ནི་མ་བསྔགས་པའི་དངོས་པོ་ཡིན་ནོ། །སྔར་ཆབ་སྒོ་པས་བསྟེན་པའི་སྟེ། ལྷ་དེ་ལས་ཅི་ལེགས་པར་མཛད་ཅིང་བཀའ་གྲོས་མཛད་པའི་དུས་ལ་བབ་པོ་ཞེས་གསོལ་ཏོ་ཞེས་བྱ་བ་དེ་གཉི་ག་དུས་ལ་བབ་པ་ཉིད་དུ་བསྟན་པ་དེའི་དེ་ལྟར་མི་བྱ་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར། མི་ཤ་འདོད་པ་ཞེས་བྱ་བ་དང༌། བདག་གིས་བརྒལ་བའི་གོ་སྐབས་ཞེས་བྱ་བའི་ཚིགས་བཅད་གཉིས་སྨོས་སོ། །མི་ཤ་འདོད་པས་རྒྱལ་སྲིད་ཉམས་པར་གྱུར། །ཞེས་བྱ་བས་ནི་འདོད་པ་ཉམས་པ་ཉིད་དུ་སྟོན་ཏོ། །སྨྱོས་པ་ལྟ་བུར་གྱུར་པ་ནི་སྨྱོས་པ་བཞིན་དུ་གྱུར་པ་སྟེ། སྨྱོས་པ་


DTG168_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིས་ནི་དོན་ཉམས་པ་ཉིད་དུ་སྟོན་ཏོ། །རང་གི་ཆོས་བཏང་ཞེས་བྱ་བས་ནི་ཆོས་ཡོངས་སུ་སྤངས་པ་ཉིད་དུ་སྟོན་ཏོ། །རང་གི་ཆོས་བཏང་བ་ཉིད་ཀྱིས་བསོད་ནམས་དང་གྲགས་པ་ཡང་ཉམས་པ་ཉིད་དོ། །འདིར་བསོད་ནམས་ཞེས་སྨོས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ལ་དགོངས་ཏེ། འདིས་ནི་འཇིག་རྟེན་ཕ་རོལ་གྱི་མངོན་པར་མཐོ་བའི་འབྲས་བུ་ཉམས་པ་ཉིད་དུ་སྟོན་ཏོ། །གྲགས་པ་ཞེས་སྨོས་པས་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་ཉམས་པ་ཉིད་དུ་སྟོན་ཏོ། །མྱ་ངན་བྱ་བའི་གནས་སྐབས་གནས་པ་ལ། །ཞེས་བྱ་བའི་རྒྱུ་བཞི་པོ་དེ་དག་ཉིད་ཀྱིས་སོ། །བདག་གིས་བརྒལ་བའི་སྒོ་སྐབས་གལ་ཡོད། །ཅེས་བྱ་བས་ནི་ལྷ་དེ་ལ་ཅི་ལེགས་པར་མཛད་པར་གསོལ་ཞེས་བྱ་བ་དེའི་ལན་ནོ། །དེ་ལྟ་བུ་ལ་འཇིགས་སུ་ག་ལ་རུང༌། །ཞེས་བྱ་བ་ནི་གང་སྔར་བསྟན་པའི་བཀའ་གྲོས་མཛད་པའི་དུས་ལ་བབ་པོ་ཞེས་བྱ་བ་དེའི་ལན་བསྟན་པ་ཡིན་ནོ། །འཐབ་མོ་མེད་པས་ན་འཐབ་མོ་མེད་པའོ།། འཐབ་མོ་ཡང་ཡིན་ལ་བརྒལ་བ་ཡང་ཡིན་པས་འཐབ་མོ་བརྒལ་བ་སྟེ་དེས་སོ། །མངོན་དུ་ཞེས་བྱ་བ་ནི་རྩ་བ་ལས་སོ། །རྗེས་སུ་གཟུང་བ་ཞེས་བྱ་བ་ནི་སྡིག་པ་གཞོམ་པ་ལའོ། །དེ་ལས་ཞེས་བྱ་བ་ནི་བདག་གི་དྲུང་དུ་ཁོ་དག་འོངས་པའི་ཕྱིར་རོ། །དམ་པ་རྣམས་ནི་དེ་ལྟར་མགྲོན་ཡང་བྱེད། །ཅེས་བྱ་བ་སྙིང་རྗེ་དང་ལྡན་པ་རྣམས་མགྲོན་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །མི་དགའ་ཞིང་ཡིད་བློང་བས་མིག་མཆི་མས་གང་བ་དེ་ནི་མི་དགའ་ཞིང་ཡིད་བློང་བས་མིག་མཆི་མས་གང་བའོ། །དྲི་མ་ཅན་གྱི་གོས་བསྲིངས་ཏེ། རྐེད་པ་བཅིངས་པ་གང་ཡིན་པ་དེ་ནི་གོས་དྲི་མ་ཅན་བསྲིངས་ཏེ་རྐེད་པ་བཅིངས་པའོ།། རྡུལ་གྱིས་གོས་ཤིང་རིང་ལ་ཡེགས་པ་དེ་ལ་ཤིང་ཤུན་གྱི་ཐོད་ཀྱིས་བཅིངས་པ་སྟེ། རྡུལ་གྱིས་གོས་ཤིང་རྩུབ་པས་རིང་ཞིང་ཡེགས་པའི་སྐྲ་གང་ཡིན་པ་དེ་ཤིང་ཤུན་གྱི་ཐོད་ཀྱིས་བཅིངས་པའོ། །ཁ་སྤུ་རིང་པོ་འཛིངས་པ་དེས་གདོང་ངམས་གང་པར་གྱུར་པ་གང་ཡིན་པ་དེ་ནི་གདོང་གི་ཁ་སྤུ་རིང་པོས་ངམས་གནག་པར་གྱུར་པའོ། །ཁྲོས་པ་དང་རྔམ་པ་ནི་ཁྲོས་ཤིང་རྔམ་པའོ། །བགྲད་པ་དང་འཇིགས་འཇིགས་ལྟར་འདུག་པ་ནི་བགྲད་པ་དང་འཇིགས་འཇིགས་ལྟར་འདུག་པ་སྟེ། ཁྲོས་ཤིང་རྔམ་པ་གཉིས་ཀྱིས་བགྲད་པའི་མིག་གང་ལ་ཡོད་པ་དེ་ནི་ཁྲོས་ཤིང་རྔམ་པས་མིག་བགྲད་པའོ། །


DTG168_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་ཕུབ་དང་མཚོན་མེད་ཅེས་བྱ་བས་ནི་སུ་དཱ་སའི་བུ་ལ་སྔར་བསྟན་པའི་བརྒལ་བ་མེད་པ་ཉིད་དུ་བསྟན་པའོ། །རང་བཞིན་གྱིས་ཞི་བར་སྣང་བ་ཞེས་བྱ་བས་ནི་སྔར་བསྟན་པ་འདི་ལྟ་བུ་ལ་འཇིགས་སུ་ག་ལ་རུང་ཞེས་བྱ་བ་དེ་སྟོན་པ་སྟེ། འཇིགས་པ་མེད་པའི་ཕྱིར་རོ། །རྔམ་པ་དང་དྲེགས་པ་གཉིས་ཀྱིས་གཡེངས་པའི་སེམས་གང་ཡིན་པ་དེ་ནི་སེམས་རྔམ་ཞིང་དྲེགས་པས་གཡེངས་པའོ། །སྲིན་པོ་དང་ཡི་དགས་གར་བྱེད་པ་བཞིན་དུ་འཇིགས་པ་ནི། སྲིན་པོ་དང་ཡི་དགས་གར་བྱེད་པ་བཞིན་དུ་འཇིགས་པའོ། །འདོད་པ་ནི་ནོར་ལ་སོགས་པ་ལ་ཆགས་པའོ། །ཤིར་དོགས་པ་ནི་སྲོག་གི་འཇིགས་པའོ། །ཡ་རབས་ནི་བདེན་པ་ལ་སོགས་དང་འདྲ་བ་ཞེས་བྱ་བ་ནི་དེ་བས་ན་འདོད་པ་ལ་སོགས་པའི་ཕྱིར་ཡོངས་སུ་མི་གཏོང་བས་སོ། །དམ་པ་རྣམས་ནི་བདེན་པ་སྲོག་གི་ཕྱིར་ཡང་མི་གཏོང་སྟེ། ཇི་ལྟར་མི་གཏོང་ཞེ་ན། དེའི་ཕྱིར་བདེན་པ་དང་འབྱོར་པའི་དོན་དེ་བདེ་བའོ། །བདེན་པ་ཉམས་ན་ནི་ངན་འགྲོ་དག་ལས་སྲུན་མི་ནུས་པ་ཡིན་ཏེ། ཇི་ལྟར་དམ་པ་རྣམས་ཀྱི་བདེན་པ་སྲོག་དང་འདྲ་བ་ཡིན་ཞེ་ན། སྨྲས་པ། གསོན་ཞིང་བདེན་པ་ཉམས་པ་ནི་ངན་འགྲོ་ལས་སྲུན་མི་ནུས་པའི་ཕྱིར་ཏེ། དེའི་ཕྱིར་ནོར་དང་སྲོག་དག་ལས་མི་ནུས་ཤིང༌། འཆི་བའི་དུས་སུ་ཡིད་ལ་གཅགས་ཏེ་འཆི་བའི་ཕྱིར་རོ། །གྲགས་པ་ནི་མཐོང་བའི་ཆོས་ཀྱི་བདེན་པའོ། །བདེ་བ་ནི་མཐོ་རིས་སུ་འགྲོ་བའོ། །གྱ་གྱུ་ཚུལ་ཞིག་པ་མཐོང་བ་གང་ཡིན་པ་དེ་ནི་གྱ་གྱུ་ཚུལ་ཞིག་གལ་ཏེ་མཐོང་གྱུར་པའོ། །སྔ་མ་དང་ཕྱི་མ་གཉིས་འགལ་བ་ཡིན་པས་སྔ་མ་དང་ཕྱི་མ་གཉིས་འཁྲུལ་པར་སྣང་བའི་ཕྱིར་རོ། །གང་དུ་ལེགས་པར་སྤྱོད་པ་མ་མཐོང་བ་དེ་ནི་ལེགས་པར་སྤྱོད་པ་གལ་ཏེ་མ་མཐོང་བ་སྟེ། དགེ་བའི་ཆོས་མ་མཐོང་བ་ཞེས་བྱ་བའི་དོན་ཏོ། །རྒྱུ་གསུམ་གྱིས་ནི་སླར་བཟློག་པར་མི་འགྱུར་ཏེ། ཁྱོད་ལ་འཇིགས་པར་འགྱུར་བའམ། བདེ་བ་ལ་ཆགས་པའམ་ཁྱོད་ལ་སྙིང་རྗེ་མེད་པར་གྱུར་པ་སྟེ། རྒྱུ་གསུམ་པོ་འདི་དག་ནི་ཡོད་པར་གྱུར་ན་ནི་ཕུབ་དང༌། མཚོན་ཆ་མེད་པར་ཁྱོད་ཀྱི་གན་དུ་འོངས་པ་ཡང་མ་ཡིན་ཏེ། དེ་བས་ན་གང་གི་ཕྱིར་སྔར་ཉིད་མི་འོང་བ་ཉིད་དོ་དེ་བས་ན་དེ་ཉིད་དུ་འོང་བའི་རྒྱུ་ཉིད་དུ་རྟོགས་པར་བྱའོ། །བྲམ་ཟེ་དེའི་དོན་བྱས་ནས་སླར་ཡང་ང་བདག་ཁྱོད་ཀྱི་དྲུང་དུ་འོང་ངོ༌། །ཅིའི་ཕྱིར་ཞེ་ན། ཁྱོད་དང་ལྷན་ཅིག་


DTG168_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་ཤིང་འདྲིས་པའི་ཕྱིར་དང༌། གང་གི་ཕྱིར་བདག་ཅག་ལྟ་བུ་ནི་དེ་ལྟ་བུའི་བརྫུན་གྱི་ཚིག་མི་སྨྲ་བ་དེའི་ཕྱིར་རོ། །དེ་ལ་མགུ་བར་བྱ་བ་ནི་ལེགས་པར་སྨྲ་བ་དེ་ལ་ལེགས་པར་སྦྱིན་པའོ། །ཚིག་སྙན་པ་ནི་ལེགས་པར་གསུངས་པའི་སྦྱིན་པ་ལ་གང་གིས་མཆོད་པའོ། །བཀུར་སྟི་ནི་ལེགས་པར་བཤད་པ་སྟོན་པ་ལ་ལུས་ཀྱིས་མཆོད་པའོ། །ཚིགས་བཅད་གཅིག་ལ་སྲང་སྟོང་དུ་བྱས་པར་སྟོན་ཏེ། དེའི་ཐད་དུ་བརྩིས་པ་ཞེས་སྨོས་པ་ནི་དེ་དང་ཚད་མཉམ་པའི་ནོར་བཞག་སྟེ། གསེར་ལ་སོགས་པ་གལ་ཏེ་འདོད་པས་དེ་ལ་མཆོད་པར་བྱས་སོ། །དེ་ཉིད་བསྟན་པའི་ཕྱིར། གནས་མ་ཡིན་པ་ལ་ལྷག་པར་གོད་པ་ནི་གནས་མ་ཡིན་པ་གོང་ཚབས་ཆེ་བའོ། །དེ་ལས་བཟློག་པ་ནི་གནས་མ་ཡིན་པར་གོང་ཚངས་ཆེ་བ་དེ་ལ་དགག་པར་རྩོལ་བའི་སེམས་ཏེ། གནས་མ་ཡིན་པར་གོད་ཚབས་ཆེ་བ་དགག་པའི་བསམ་པའོ། །ལེགས་པར་ཤེས་པར་བྱ་བའི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འབངས་མང་པོ་གསོ་དགོས་པའི་ཕྱིར་རོ། །རྒྱལ་པོའི་དཔལ་ཡང་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་པའི་ཕྱིར་གོད་པ་ཚད་དང་ལྡན་པར་བྱ་བ་ཡིན་ཏེ། འདི་ལྟར་ཚིགས་བཅད་གཅིག་ལ་སྲང་སྟོང་དུ་བྱས་ཏེ་བྱིན་པས་ནོར་གྱི་དབང་ཕྱུག་གི་ནོར་ཡང་ཟད་པར་འགྱུར་རོ། །འབངས་མང་པོ་གསོ་དགོས་སོ་ཞེས་བསྟན་པ་ལ། དེ་ནི་མི་ནུས་པ་ཉིད་དུ་བསྟན་པའི་ཕྱིར། སྦྱིན་པ་དྲགས་ན་ཞེས་བྱ་བའི་ཕྱེད་དང་པོ་སྨོས་ཏེ། ནོར་གྱི་དབང་ཕྱུག་གི་ནོར་ཡོད་པ་ཡང་ཇི་སྲིད་ཅིག་ཏུ་ཐུག་པར་འགྱུར་ཞེས་བྱ་བ་བསྟན་པ་འདིས་ནི་ནོར་མེད་པ་ཉིད་དུ་བསྟན་ཏོ། ནོར་མེད་ན་ནི་འབངས་མང་པོ་གསོ་བར་བྱ་བ་དེ་མི་ནུས་པ་ཉིད་དུ་སྟོན་ཏོ། །རྒྱལ་པོའི་དཔལ་ཡང་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་སོ་ཞེས་བྱ་བ་དེ་བསྒྲུབ་པའི་ཕྱིར། ནོར་དང་རབ་ཏུ་ལྡན་ན་བསྒྲུབ་པར་ནུས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །རྒྱལ་པོའི་དཔལ་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་པ་ཅིའི་ཕྱིར་ཞེ་ན། ནོར་དང་རབ་ཏུ་ལྡན་ན་བསྒྲུབ་པར་ནུས་པའི་ཕྱིར་ཏེ། གང་ལ་ནོར་ཡོད་པ་དེ་ལ་རྒྱལ་པོའི་དཔལ་ཡོད་དེ། དེ་ལྟར་ན་ནོར་ཡོད་པ་ཉིད་ཀྱིས་རྒྱལ་པོའི་དཔལ་ཡོད་པ་ཉིད་དུ་བསྟན་ཏོ། །ནོར་མེད་ན་ནི་རྒྱལ་པོའི་དཔལ་མེད་པའི་དབང་དུ་བྱས་ནས། ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང་ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མའོ། །དེ་ལྟར་འདི་གཉིས་ཀྱིས་དེ་ཡོད་ན་ནི་ཡོད་ལ་མེད་ན་ནི་མེད་པའི་ཕྱིར་རྒྱུ་དང་རྒྱུན་ཅན་གྱི་མཚན་


DTG168_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བསྟན་ཏོ། །ལེགས་པར་སྨྲས་པའི་མཆོད་པ་མང་ན་བརྒྱ། །དེ་ལས་མང་ན་ནུས་པར་མི་འགྱུར་ཏེ། །ཞེས་བྱ་བ་རྒྱལ་པོས་སྨྲས་པ་དེའི་ལན་ལས་བརྩམས་ཏེ། ལེགས་པར་སྨྲས་པ་རྣམས་ཀྱི་རིན་ཐང་ཞིག །ཅེས་བྱ་བའི་ཚིགས་བཅད་སྨོས་སོ། །རིན་ཐང་གི་ཚད་ནི་རིན་ཐང་ངེས་པ་སྟེ། རིན་ཐང་གི་ཚད་ཅེས་བྱ་བའི་དོན་ཏོ། །ཁྱོད་ཀྱང་དམའ་བར་ག་ལ་འགྱུར། །ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལེགས་པར་བཤད་པ་ལ་མཆོད་པ་སྦྱིན་པར་བྱ་བའི་དོན་དུ་ནི་རྒྱལ་སྲིད་ཀྱང་རིང་དུ་མཆོད་པ་མ་ཡིན་པའི་ཕྱིར་རོ། །རིན་ཐང་བཅད་པར་མི་ནུས་པའི་གཏན་ཚིགས་བསྟན་པའི་ཕྱིར། གང་ཞིག་ཐོས་ནས་ཡིད་ནི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འདིའི་བསྡུས་པའི་དོན་ནི་ཐོག་མ་དང༌། བར་མ་དང༌། ཐ་མ་དགེ་བའི་ཕྱིར། ལེགས་པར་བཤད་པའི་རིན་ངེས་པར་བཅད་དུ་མི་རུང་ངོ་ཞེས་སྟོན་ཏོ། །ཐོག་མར་དགེ་བ་གང་ཞེ་ན། ཐོས་ཤིང་ཉན་པའི་ཚེ་ན་ཡིད་དགའ་བར་འགྱུར་བ་ཡིན་ཏེ། དེ་ཡང༌། གང་ཞིག་ཐོས་ནས་ཡིད་ནི་དད་འགྱུར་བ། །ཞེས་བྱ་བ་འདིས་བསྟན་ཏོ། །བར་དུ་དགེ་བ་གང་ཞེ་ན། བསམ་པ་དང་ལྡན་ཞིང་ཉེ་བར་གནས་པ་སྟེ། བསམ་པས་བསམས་པ་དེ་ནི་ལེགས་པར་དགའ་ལ་བརྟེན་པར་འགྱུར་བའོ། །ཐ་མར་དགེ་བ་གང་ཞེ་ན། བསྒོམས་པ་དེས་ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར་བ་སྟེ། གཏི་མུག་ནི་མ་རིག་པ་སྤངས་པ་སྟེ། དེ་སྤངས་པའི་ཕྱིར་ཡང་བྱ་བ་བྱས་པའི་ཕྱིར་རོ། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཞེས་བྱ་བ་ནི་ནང་གི་ལུས་ཀྱིས་ཀྱང་ཉོ་བར་བྱ་བ་ཡིན་ན། ཕྱི་རོལ་གྱི་དངོས་པོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཐོས་པ་གཏི་མུག་ཅེས་བྱ་བའི་ཚིགས་བཅད་འདི་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་རྗེས་སུ་མཐུན་པའི་དབང་དུ་བྱས་པ་སྟེ། གཏི་མུག་མུན་སེལ་ཞེས་བྱ་བས་ནི་མཐོང་བའི་ལམ་གྱི་རྒྱུས་མཐོང་བའི་ལམ་གྱི་མི་མཐུན་པ་མ་རིག་པ་སྤོང་བའི་གཉེན་པོ་ཐོས་པ་མ་ཡིན་པའི་ཕྱིར་རོ། །ཐོས་པ་ནི་སྒྲོན་མའོ། །ཐོས་པ་ནི་ནོར་གྱི་མཆོག་སྟེ། འཇིག་རྟེན་ལས་འདས་པའི་འཕགས་པའི་ནོར་གྱི་རྒྱུས་དེའི་ཚེ་དང་བཤེས་པའོ། །ཐོས་པ་ནི་ཀུན་དུ་རྨོངས་པའི་སྒྲ་འཇོམས་པའི་མཚོན་ཆ་ཡིན་ཏེ། བསྒོམ་པའི་ལམ་གང་གི་བག་ཆགས་དང་བཅས་པ་སྤོང་བར་བྱེད་པའི་ཕྱིར་


DTG168_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཐོས་པ་ནི། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་བྱ་བ་ཡིན་ཏེ། དེ་ལ་ལྷག་པར་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་སྒྲུབ་པ་ནི་གཞན་གྱིས་བསྟན་པ་མེད་པར་ཐོས་པའི་འབྲས་བུ་ཉིད་ཀྱིས་བསྒོམ་པའི་ལམ་བསྒྲུབ་པའི་ཐབས་སྟོན་པའི་ཕྱིར་རོ། །ད་ནི་མཐོང་བའི་ཆོས་ཉིད་ལ་ཕན་འདོགས་པའི་དབང་དུ་བྱས་ནས་ཕོངས་པར་གྱུར་ཀྱང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །མཐོང་བའི་ཆོས་ལ་ཕན་འདོགས་པ་ཡང་རྣམ་པ་གཉིས་ཏེ། ཕོངས་པ་ལས་བཟློག་པའི་ཕན་འདོགས་པ་དང༌། ཕན་ཡོན་སྐྱེད་པར་བྱེད་པའི་ཕན་འདོགས་པའོ། །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །ཞེས་བྱ་བ་ནི། བཅིང་བ་ལ་སོགས་པའི་ཕོངས་པ་སེལ་པའི་ཕྱིར་རོ། །སེམས་ཀྱི་ནད་མྱ་ངན་གྱི་མཚན་ཉིད་ལ་ཐོས་པ་ནི་སྨན་ཡིན་ཏེ། མྱ་ངན་སེལ་བར་བྱེད་པའི་ཕྱིར་རོ། །ཐོས་པ་ནི་དཔུང་ཡིན་ཏེ་སོ་སོར་བརྟགས་ཏེ་ཡང་དག་པར་བླངས་ནས་འདོད་ཆགས་ལ་སོགས་པ་ཉེས་པ་རྣམས་ཀྱི་དཔུང་འཇིག་པར་བྱེད་པའི་རྒྱུར་གྱུར་པ་སྟེ། དེ་ཡང་འདོད་ཆགས་ལ་སོགས་པའི་ཉེས་པ་སོ་སོར་བརྟགས་པའི་སྟོབས་ཀྱི་ཟིལ་གྱིས་མནན་པ་ཡིན་པའི་ཕྱིར་ཉེས་པ་འཇོམས་པས་དཔུང་གི་མཆོག་གོ །ཐོས་པ་ནི་གྲགས་པ་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན་ཏེ། ཐོས་པ་ལ་ཉེ་བར་གནས་པས་ན་མི་བཟད་པའི་གྲགས་པ་དང་དཔལ་ཐོབ་པ་ཡིན་ནོ། །ད་ནི་ཐོས་པ་སྨྲ་བར་བྱེད་པ་རྣམས་ཀྱི་ཕན་གདགས་པ་ཆེན་པོ་ཉིད་དུ་བསྟན་པའི་ཕྱིར། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་སྨོས་སོ། །དེ་ལ་སྨྲ་བ་རྣམས་ལ་ཐོས་པ་ཕན་འདོགས་པ་ཉིད་དུ་བསྟན་པའི་ཕྱིར། ཡ་རབས་རྣམས་དང་ཕྲད་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བཞི་སྨོས་སོ། །དེ་ལ་ཚིག་བཟང་པོར་གྱུར་པ་ནི་རྣམ་པ་བཞི་སྟེ། རང་གི་ཕྱོགས་གནས་པར་བྱེད་པ་ཉིད་དུ་སྨྲ་བའི་ཚིག་ལ་མཁས་པར་འགྱུར་བ་དང༌། ལེགས་པར་བཤད་པའི་སྙན་དངགས་བྱེད་པའི་ཚིག་ལ་མཁས་པར་འགྱུར་བ་དང༌། ཆོས་སྟོན་པའི་ཚིག་ལ་མཁས་པར་འགྱུར་བ་དང༌། བསྟན་བཅོས་ཀྱི་རིམ་པ་བཞིན་དུ་ཤེས་པ་སྟེ། ཚིགས་བཅད་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡ་རབས་རྣམས་དང་ཕྲད་ན་ཞེས་བྱ་བའི་ཚིགས་བཅད་འདི་ནི་རང་གི་ཕྱོགས་གནས་པར་བྱེད་པ་སྨྲ་བའི་


DTG168_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་མཁས་པར་གྱུར་པའི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་དེའི་ཚིག་ནི་ཡ་རབས་རྣམས་དང་ཕྲད་ན་སྐྱེས་བཞིན་དུ་འགྱུར་ཏེ། ཡན་ལག་སྐྱོན་མེད་པ་དེས་འདོད་པའི་དོན་སྒྲུབ་ནུས་པའི་ཕྱིར་རོ། །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཞེས་བྱ་བ་ནི་བརྗོད་པ་དང་བརྗོད་པར་བྱ་བའི་དོན་རིགས་པར་ལྡན་པ་དེས་སོ། །ཕས་ཀྱི་རྒོལ་བ་ཉིད་འོད་ཡིན་པས་ཕས་ཀྱི་རྒོལ་བ་འོད་དོ། །དེ་རྣམས་ཀྱི་ཇི་ལྟར་ཉི་མ་ལྟ་བུ་ཡིན་ཏེ། ཉི་མས་ནི་ཟླ་བ་ལ་སོགས་པའི་འོད་ཟེར་ཟིལ་གྱིས་གནོན་པ་བཞིན་དུ་རང་གི་ཕྱོགས་གནས་པར་བྱེད་པའི་ཚིག་ལ་མཁས་པ་ཡིན་ཏེ། རང་གི་ཕྱོགས་གནས་པ་ཉིད་ཀྱིས་ཕས་ཀྱི་རྒོལ་བའི་འོད་ཟིལ་གྱིས་མནན་པར་འགྱུར་རོ། །འགྲན་པ་རྣམས་ཀྱི་ཞེས་བྱ་བ་ནི་གང་དག་དེ་ལ་འགྲན་ཞིང་རྒོལ་བར་འདོད་པའོ། །དེ་རྣམས་ཀྱི་གྲགས་པ་དང༌། དྲགས་སེལ་བ་ཡིན་ཏེ། འགྲན་པ་རྣམས་ཀྱིས་འདོད་པའི་དོན་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །མིག་དང་བཞིན་མདངས་རབ་ཏུ་གསལ་གྱུར་ཅིང༌། །ཞེས་བྱ་བའི་ཚིགས་བཅད་ནི་ལེགས་པར་བཤད་པའི་ཚིག་ལ་མཁས་པར་འགྱུར་བའི་དབང་དུ་བྱས་པ་སྟེ། མིག་དང་བཞིན་ནི་མིག་དང་བཞིན་ནོ། །མདངས་དང་རབ་ཏུ་གསལ་བ་ནི་མདངས་དང་རབ་ཏུ་གསལ་བར་གྱུར་པའོ། །མིག་དང་བཞིན་མདངས་རབ་ཏུ་གསལ་བར་གྱུར་པ་གང་ཡིན་པ་དེ་ནི་མིག་དང་བཞིན་མདངས་རབ་ཏུ་གསལ་བར་གྱུར་པའོ། །མིག་དང་བཞིན་མདངས་རབ་ཏུ་གསལ་བ་དང༌། མདངས་རབ་ཏུ་གསལ་བར་གྱུར་པ་དེས་རབ་ཏུ་དགའ་བ་ནི་རབ་ཏུ་དགའ་བར་གྱུར་ནས་སོ། །ཡང་ན་མིག་དང་བཞིན་ནི་མིག་དང་བཞིན་ནོ། །མདངས་ཉིད་རབ་ཏུ་གསལ་བ་ཡིན་པས་མདངས་རབ་ཏུ་གསལ་བ་སྟེ། མིག་དང་བཞིན་མདངས་ཀྱང་ཡིན་ལ་རབ་ཏུ་གསལ་བ་ཡང་ཡིན་པས་རབ་ཏུ་གསལ་བར་གྱུར་པའོ། །ལྷག་པར་ཚིམ་པ་ཡིན་པས་ལྷག་པར་དགའ་བ་སྟེ། རབ་ཏུ་དགའ་བར་གྱུར་པའོ། །རབ་ཏུ་དགའ་བར་གྱུར་པ་དེ་གང་ཡིན་ཞེ་ན། མིག་དང་བཞིན་མདངས་རབ་ཏུ་གསལ་བར་གྱུར་པའོ། །མི་བཤེས་པ་ནི་མ་འདྲིས་པ་སྟེ་སྔར་མ་མཐོང་བའོ། །ལག་པའི་སེ་གོལ་རྔོབ་པས་མགུ་བར་བྱེད་པ་གང་ཡིན་པ་དེ་ནི་ལག་པའི་སེ་གོལ་མགུ་བྱེད་རྔོབ་པའོ། །ཆོས་བསྟན་པའི་ཚིག་ལ་མཁས་པར་འགྱུར་བའི་དབང་དུ་བྱས་ནས། གཏན་ཚིགས་དོན་རྣམས་རབ་ཏུ་གསལ་བར་སྟོན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གཏན་


DTG168_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱང་ཡིན་ལ་གསལ་བ་ཡང་ཡིན་པས་གཏན་ཚིགས་གསལ་བའོ། །དེས་དོན་སྟོན་པ་ཞེས་བྱ་བ་ནི་གཏན་ཚིགས་རབ་ཏུ་གསལ་བས་དོན་རབ་ཏུ་སྟོན་པའོ། །གཙུག་ལག་དང་ལུང་རྣམ་པ་སྣ་ཚོགས་པ་ནི་གཙུག་ལག་ལུང་རྣམས་སྣ་ཚོགས་སོ། །ལུང་ནི་མན་ངག་སྟེ། གཙུག་ལག་དང༌། ལུང་སྣ་ཚོགས་སྟོན་པ་དང་མཐུན་པའོ། །དེ་ལྟར་རེ་ཞིག་ཆོས་སྟོན་པས་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །མཉེན་ཞིང་སྦྱངས་པས་ཡིད་དུ་འོང་བའི་ཕྱིར། །ཞེས་བྱ་བ་ལ། མཉེན་པ་ནི་སྒྲ་སྙན་པའོ། །སྦྱངས་པ་ནི་སྒྲའི་མཚན་ཉིད་དང་ལྡན་པ་སྟེ། སྒྲ་སྙན་པ་དང༌། ལེགས་པར་སྦྱར་བ་གཉིས་ཀྱིས་ཡིད་དུ་འོང་བ་ནི་མཉེན་ཞིང་སྦྱངས་པ་ཡིད་དུ་འོང་བ་ཉིད་དོ། །དེ་བས་ན་འདིས་ནི་བརྗོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །མེ་ཏོག་ཕྲེང་བ་མ་རྙེས་བཀྲམ་པ་བཞིན། །ཞེས་བྱ་བ་ནི་མེ་ཏོག་མ་རྙིས་ཕུང་པོ་བཞིན་ནོ། །བསྟན་བཅོས་ཀྱི་རིམ་པ་བཞིན་དུ་ཚིག་ལ་མཁས་པར་གྱུར་པའི་དབང་དུ་བྱས་ནས། དུལ་ཞིང་རབ་ཏུ་གསལ་བའི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དུལ་བ་དང་རབ་ཏུ་གསལ་བ་ནི་དུལ་ཞིང་རབ་ཏུ་གསལ་བའོ། །དུལ་ཞིང་རབ་ཏུ་གསལ་བ་དེས་སྤོབས་པ་ནི་དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པའོ། །དེ་གཉིས་འབར་བ་དེ་ནི་དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ་བའོ། །དུལ་བ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །རབ་ཏུ་གསལ་བ་ནི་གནོད་པ་མེད་པའི་ཕྱིར་རོ། །འཕྲལ་དུ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའོ། །སྨྲ་བ་ལེགས་པ་ནི་ལྕེ་བདེ་བར་གྱུར་པ་སྟེ་གང་བཟང་པོའོ། །ང་ལ་གོམས་པ་ནི་ལྡན་པའོ། །ཐོས་པ་ཉིད་དཔལ་ཡིན་པས་ཐོས་པའི་དཔལ་ལོ། །དོན་གསལ་བར་རྟོགས་པར་གྱུར་པ་གང་ལ་ཡོད་པ་དེ་ནི་དོན་གསལ་བར་རྟོགས་པར་འགྱུར་བའོ། །དེ་ཉིད་ཐོས་པའི་དཔལ་ཡིན་པས་དོན་གསལ་རྟོགས་འགྱུར་ཐོས་པའི་དཔལ་ལོ། །བསྒྲུབ་པའི་རྒྱུའི་དབང་དུ་བྱས་ནས། ཐོས་དང་ལྡན་ན་འགལ་བ་མེད་པའི་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །འགལ་བའི་དངོས་པོ་ཡིན་པས་འགལ་ལོ། །འགལ་བ་ཡིན་ལ་ཉེས་པ་ཡང་ཡིན་པས་འགལ་བའི་ཉེས་པའོ། །ད་སྤངས་པ་ནི་འགལ་བའི་ཉེས་པ་མེད་པའོ། །འཁོར་གསུམ་ལམ་ལ་ཞེས་བྱ་བ་ནི་མངོན་པར་མཐོ་བདེ་འགྲོའོ། །སྒྲུབ་པའི་རྒྱུ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རབ་ཏུ་གནས་པ་ཡིན་


DTG168_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཐོས་པའི་རྗེས་སུ་འཇུག་པས་བསྒྲུབ་པ་ཡིན་པས་ཐོས་པའི་རྗེས་སྒྲུབ་པའོ། །དེ་སྙིང་པོར་བྱེད་པ་གང་ཡིན་པ་དེ་ནི་ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད་པའོ། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་བྱ་བ་ནི་ངེས་པར་ལེགས་པའི་དབང་དུ་བྱས་པ་སྟེ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད་པ་དེ་ཉིད་ཀྱིས་ཐར་བའོ། །ཡོན་ཏན་དུ་མ་ཅན་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཡོན་ཏན་ལས་གཞན་དག་ཀྱང་གཟུང་སྟེ་བདག་གིས་ནུས་བཞིན་དུ་ཇི་ལྟར་ཐོས་པ་དེ་ལ་མཆོད་པ་མི་བྱ་བའོ། །ཁྱོད་ཀྱི་བཀའ་ཡང་ཅི་ཕྱིར་བཅག་པར་འགྱུར། །ཞེས་བྱ་བ་འདི་ཡིན་ཏེ། ལེགས་པར་སྨྲ་བ་སྟོན་པ་ལ་ཡང་མཆོད་པ་བྱ་བ་མཆོག་ཏུ་ཚད་མ་ཡིན་ཏེ། དེ་ལས་མཆོག་ཏུ་གྱུར་པ་མེད་པའི་ཕྱིར་དོགས་པ་མེད་པའི་ཡོན་ཏན་ཉམས་པར་འགྱུར། སྐྱོན་གྱི་ལམ་དུ་ཞུགས་པས་འཐོབ་འགྱུར་བའི། རྒྱལ་སྲིད་སྤྱོད་པ་ཡིན་ཏེ། དེ་བས་ན་རྒྱལ་སྲིད་སྤྱོད་པ་བདག་ལ་དགོས་པ་མེད་པའོ།། སུ་དཱ་སའི་བུའི་དྲུང་དུ་འགྲོ་ཞེས་བསྟན་པ་དེ་རྒྱུ་གཉིས་ཀྱིས་བསྟན་པ་ཡིན་ནོ། །ལེགས་པར་བཤད་པ་ལ་མཆོད་པའི་ཚད་ཀྱི་ཚིག་དང༌། བདག་ཉིད་འབྱོར་བའི་དོན་ལས་ལྡོག་པའོ། །མི་དགའ་བ་ལས་བརྩལ་བའི་ཕྱིར། ཅི་སྟེ་བདེན་པ་བསྲུང་བའི་ཕྱིར། བདག་ཉིད་ལ་མི་དགའ་བ་མི་བྱ་བའི་དབང་དུ་བྱས་ནས་བུ་ཁྱོད་ཉིད་ལ་ཕན་པའི་ཕྱིར་ཞས་བྱ་བ་ལ་སོགས་པ་སྨོས་སོ། །བདེན་པ་བསྲུང་བའི་དབང་དུ་བྱས་ནས། འོན་ཏེ་དེའི་དྲུང་དུ་འགྲོ་བར་ཁྱོད་ཀྱིས་ཁས་བླངས་ཏེ། །ཞེས་བྱ་བ་ལ་སོགས་པའོ། །གཞུང་ལུགས་ཀྱི་ཆོས་དང་འགལ་བ་ཞེས་བྱ་བ་ནི་དྲང་སྲོང་གི་ཆོས་ཡིན་པས་གཞུང་ལུགས་ཀྱི་ཆོས་སོ། །དེ་དང་འགལ་བའི་ཆོས་གང་ལ་ཡོད་པ་དེ་ནི་གཞུང་ལུགས་ཀྱི་ཆོས་དང་འགལ་བའོ། །སྡུག་བསྔལ་གྱི་འདམ་དུ་བྱིང་བཞེས་བྱ་བ་ནི། མིའི་ཤ་ཟ་བའི་སྡུག་བསྔལ་བ་ཉིད་དུ་བྱིང་བའོ། །སེམས་ཅན་དམྱལ་བ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི། དམྱལ་བར་སྐྱེ་བ་ལ་མངོན་དུ་ཕྱོགས་པ་སྟེ། དེ་བས་ན། དེ་ཉིད་ཀྱིས་སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཕྱིར་ཏེ། དེ་ལྟར་འདི་གཉིས་ཀྱིས་སྡུག་བསྔལ་བ་ཉིད་དུ་བསྟན་ཏོ། མཛའ་བོ་དང་གཉེན་བཤེས་ཀྱིས་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི། བཟོད་པའི་འབྲས་བུ་གཡོག་འཁོར་གྱིས་ཡོངས་སུ་སྤངས་པའོ། །མགོན་མ་མཆིས་པ་ཞེས་བྱ་བ་ནི་གཞན་ཡང་སྡང་མ་མཐོང་


DTG168_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་སྤངས་པ་སྟེ་དོན་མེད་པའི་ཕྱིར་རོ། །དེའི་དྲིན་གྱིས་ཞེས་བྱ་བ་ནི་བཏང་བའི་རྒྱུས་སོ། །ཡུན་རིང་དུ་གོམས་པ་དེས་སེམས་ཤིན་ཏུ་རྩུབ་ཅིང་དྲི་མ་ཤས་ཆེར་ཡོག་པ་གང་ལ་ཡོད་པ་དེ་ནི་སེམས་རྩུབ་པ་ཡུན་རིང་དུ་གོམས་པའི་དྲི་མས་ཤས་ཆེར་ཡོག་པའོ། །འཇིགས་པ་དང་སྐྲག་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་བརྟན་པས་བདག་རང་འདིར་འོངས་པ་ཡིན་ཏེ། དེ་བས་ན་བདེན་པ་སྨྲ་ཞིང་དགེ་བའོ། །བདེན་པ་སྨྲ་ཞེས་གྲགས་པ་དེ་ཇི་ལྟ་བུའི་བདེན་པ་ལ་གནས་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། འདི་ལྟར་བདེན་པ་བསྲུང་བའི་ཕྱིར། །སྲོག་དང་རྒྱལ་སྲིད་གང་གཏོང་བ། །ཞེས་བྱ་བ་སྨོས་ཏེ། གཟི་བྱིན་རབ་ཏུ་ཉམས་ཞེས་བྱ་བ་འདིས་ནི་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་གྱི་འབྲས་བུ་ཉིད་དུ་བསྟན་ཏོ། །འཕྲལ་གྱི་བདེན་པ་མི་འགྲུབ་པ། །ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་བདེན་པ་ཡང་མི་འགྲུབ་པ་ཉིད་དུ་བསྟན་ཏོ། །འོན་ཀྱང་ཁྱོད་ནི་འཇིག་རྟེན་གཉི་ག་ལ་ཕན་བ་སྒྲུབ་པ་མ་ཡིན་ཏེ། གཞུང་ལུགས་ཀྱི་ཚུལ་ལ་ནི་ང་ཉིད་མཁས་སོ། །ཆོས་ཀྱི་གཟི་ཕྱིན་རབ་ཏུ་ཉམས་སོ་ཞེས་བྱ་བ་དེས་ནི་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གཞུང་ལུགས་ཚུལ་སྤྱོད་ཅེས་བྱ་བའི་ཚིགས་བཅད་བརྩམས་སོ། །ཤི་ནས་ནི་ངན་སོང་དུ་ལྟུང་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་གཟི་བྱིན་ཉམས་པའི་ཕྱིར་རོ། །བརྫུན་སྨྲ་བཏང་ནས་བདེན་པ་ང་སྨྲ་སྟེ། །ཞེས་བྱ་བའི་ཚིགས་བཅད་ནི་སྔར་བསྟན་པའི་དོན་སྡུད་པ་ཡིན་ཏེ། དེ་བས་ཤེས་ཞེས་བྱ་བ་སྤྱོད་པར་གྱུར་ན་ནི། ཆོས་ཀྱི་གཟི་བྱིན་ཉམས་པ་དང༌། འཕྲལ་གྱི་བདེ་བ་མི་འགྲུབ་པ་དང༌། ཤི་ནས་ངན་སོང་དུ་འགྲོ་བ་སྟེ། དེ་བས་ན་ཉེས་བ་དག་གིས་མི་རུང་བའི་ཚུལ་ཡིན་པའི་ཕྱིར། ཡོངས་སུ་དོར་བར་བྱའོ། །མཁས་སྨྲ་བ་ཞེས་བྱ་བ་ནི་ལུགས་ཀྱི་བསྟན་བཅོས་ལ་མཁས་པའོ། །གྲགས་དང་བདེ་བའི་དོན་དང་འགལ་བ་གང༌། །ཞེས་བྱ་བ་ལ་གྲགས་པ་སྨོས་པས་ནི་མཁས་པ་ནི་མཆོད་པར་འོས་པའི་ཕྱིར་རོ། །བདེ་བ་སྨོས་པས་ནི་འདོད་པ་རྣམས་གཟུང་ངོ༌། །རེ་ཞིག་འདིས་ཅི་དང་འགལ་བ་ཡིན་ཞེ་ན། མཐུན་པ་དྲུག་གང་བསྟན་པ་དེ་སྟོན་པ་ཡིན་ཏེ། འགལ་བའི་དོན་དང༌། གནོད་པ་དང༌། མཐུན་པའི་དོན་དང༌། འགལ་བའི་གནོད་པ་དང༌། དོན་དང་མཐུན་པའི་གནོད་པ་དང༌། འདི་བཞི་ནི་གཞུང་བཟང་པོ་ཞེས་མཁས་པ་མི་སྨྲ་སྟེ། དེ་ལྟར་དོན་དང་རྗེས་སུ་མཐུན་པ་དང༌།


DTG168_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་དོན་དང་རྗེས་སུ་མཐུན་པར་བྱའོ་ཞེས་བྱ་བ་དང༌། དང་དུ་ལེན་པར་གྱུར་པ་ཡིན་ཏེ། དེས་ན་ཕངས་པའི་སྲོག་དང་ཞེས་བྱ་བ་ལ་སོགས་པ་བརྩམས་པ་ཡིན་ཏེ། ཕངས་པའི་སྲོག་ཅེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་ཡོངས་སུ་སྤངས་པ་ཉིད་དུ་བསྟན་ཏོ། །ནང་མི་མཆི་མས་འཇུ་བ་ཞེས་བྱ་བས་ནི་བཟོད་པའི་འབྲས་བུ་སྤངས་པ་ཉིད་དུ་བསྟན་ཏོ། །རྒྱལ་སྲིད་བདེ་བ་ཡིད་དུ་འོང་བ་ཞེས་བྱ་བ་འདིས་ནི་སྦྱིན་པའི་འབྲས་བུ་སྤངས་པ་ཉིད་དུ་བསྟན་ཏོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གསུམ་པོ་ཡོངས་སུ་སྤངས་པ་ཡིན་ཏེ་ཞེས་བསྟན་ཏོ། །དོན་འདི་ཇི་ལྟར་དོན་དང་མཐུན་པར་འགྱུར། །ཞེས་འདྲི་བ་ཡིན་ཏེ། དོན་དུ་འགྱུར་བ་ཅི་མཐོང་ན། །ཞེས་བྱ་བ་འདིས་ནི་ཇི་ལྟར་མཁས་པས་སྲོག་ཡོངས་སུ་གཏོང་བའོ། །བདེན་པའི་ཚིག་ཅེས་བྱ་བ་དེ་ཉིད་བསྒྲུབ་པའི་ཕྱིར། དེ་བསྲུང་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བསྲུང་ཕྱིར་ནི་ཞེས་བྱ་བ་ནི་བདེན་པ་བསྲུང་བའི་ཕྱིར་རོ། །དྲུང་དུ་འོངས་ཞེས་བྱ་བ་ནི། དེ་ལྟར་གཅིག་པུ་ཕུབ་དང་མཚོན་ཆ་མེད་པར་རོ། །ངའི་ཞེས་བྱ་བ་ནི་གསད་པར་བྱ་བ་བཏང་བ་ལ་སོགས་པའོ། །ཕྲེང་བ་མཛེས་པ་ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་ནི་ལོངས་སྤྱོད་པ་རྣམས་ཀྱི་ཡིད་དུ་འོང་བའི་དབང་དུ་བྱས་པའོ། །བསོད་ནམས་ཀྱི་ཡོན་ཏན་ཡིན་པས་བསོད་ནམས་ཡོན་ཏན་ནོ། །དེ་འགྲུབ་པ་ནི་བསོད་ནམས་ཡོན་ཏན་འགྲུབ་པ་སྟེ། བསོད་ནམས་ཡོན་ཏན་འགྲུབ་པ་དེས་ཁྱད་པར་དུ་འཕགས་པའོ། །ཉོན་མོངས་པ་མེད་པར་ཞེས་བྱ་བ་ནི་ལུས་ཀྱི་ངལ་བ་མེད་པར་ཞེས་བྱ་བའི་དོན་ཏོ། །དཀའ་ཐུབ་ནི་གང་གི་ཕྱིར་ཡོན་ཏན་འཕེལ་བའི་མཚན་ཉིད་དོ། །མུ་སྟེགས་འགྲོ་བ་ཞེས་བྱ་བ་ནི་སྟེགས་ལ་བརྟེན་ནས་བསོད་ནམས་རབ་ཏུ་འགྲུབ་ཅིང༌། ངན་པར་སྤྱོད་པ་དག་ལ་ཡིན་ཏེ། སྟེགས་དག་ཏུ་འགྲོ་བའི་ཉོན་མོངས་མེད་པར་བསོད་ནམས་ཐོབ་པ་ཡིན་པའི་ཕྱིར། འདིས་ནི་སྔར་བསགས་པའི་སྡིག་པ་བདེན་པ་ཉིད་ཀྱིས་དག་པར་བསྟན་ཏེ། དཀའ་ཐུབ་སྤྱོད་པ་དང༌། མུ་སྟེགས་སུ་སྤྱོད་པ་འདི་གཉིས་ཀྱིས་བསོད་ནམས་དང་ཡོན་ཏན་འགྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །འགྲོ་བ་མཐའ་དག་ཁྱབ་པའི་ཞེས་བྱ་བའི་ཚིགས་བཅད་འདི་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་དང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་དབང་དུ་བྱས་པའོ། །འགྲོ་བ་མཐའ་དག་ཁྱད་པར་འཕེལ་བ་ནི་འགྲོ་བ་མཐའ་དག་ཁྱད་པར་འཕེལ་བའོ། །འཇིག་རྟེན་གསུམ་ལས་


DTG168_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བའི་ཞེས་བྱ་བ་ནི་སའི་སྟེང་དང༌། ནམ་མཁའ་དང༌། མཐོ་རིས་ཏེ། དེ་ལྟ་བུའི་མཚན་ཉིད་ཀྱི་འཇིག་རྟེན་གསུམ་ལས་འདའ་བའི་ལམ་ནི་བདེ་བ་སྟེ། འདིས་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་བསྟན་ཏོ། །ལྷའི་གནས་སུ་འཛུག་པའི་སྒོ་ཡང་ཡིན། །ཞེས་བྱ་བ་འདིས་ནི་བདེན་པ་མངོན་པར་མཐོ་བའི་ལམ་ཉིད་དུ་བསྟན་ཏོ། །འཁོར་བའི་རྫོང་ལས་ཐར་བའི་ཟམ་པ་ཡིན། །ཞེས་བྱ་བ་འདིས་ནི་ངེས་པར་ལེགས་པའི་ལམ་ཉིད་དུ་བསྟན་ཏོ། །ལྷ་ཡིས་རབ་ཏུ་བསྒྲིབས་ཀྱང་གནས་མི་ནུས། །ཞེས་བྱ་བའི་ཚིགས་བཅད་ནི་བཅོས་སུ་མི་ནུས་པའི་ཕྱིར། འཆི་བས་འཇིགས་པ་མེད་དོ་ཞེས་བྱ་བ་དེ་ཉིད་ཀྱི་དབང་དུ་བྱས་པའོ། །དེ་ལྟར་ཞེས་བྱ་བ་ནི་འཆི་བ་བཅོས་སུ་མེད་པ་ཉིད་ཀྱིས་སོ། །འཇིག་རྟེན་གྱི་ཆོས་ཀྱི་ཆོས་ཉིད་ལ་བརྟགས་ན་ཞེས་བྱ་བ་ཡིན་ཏེ། སྡིག་པ་བྱས་པས་རྗེས་སུ་འགྱོད་པར་འགྱུར། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་ལྡོག་པ་མེད་པ་དང་འཇུག་པའི་ཚུལ་གྱི་དབང་དུ་བྱས་པའོ། །སྡིག་པ་བྱས་ན་རྗེས་སུ་འགྱོད་པར་འགྱུར། །ཞེས་བྱ་བ་འདིས་ནི་ལྡོག་པའི་ཚུལ་མེད་པ་ཉིད་དུ་བསྟན་ཏོ། །དགེ་བའི་ལས་ཀྱང་ལེགས་པར་ཡོངས་མ་བྱས། །ཞེས་བྱ་བ་འདིས་ནི་འཇུག་པའི་ཚུལ་མེད་པ་ཉིད་དུ་བསྟན་ཏོ། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །ཞེས་བྱ་བ་ནི་དེ་གཉིས་ཀའི་ཚུལ་མེད་པའི་ཕྱིར་རོ། །གང་ལས་བདག་གི་ཡིད་ནི་འགྱོད་འགྱུར་བ། །ཞེས་བྱ་བའི་ཚིགས་བཅད་ཀྱིས་བདག་ནི་དེ་གཉི་གའི་དོན་གྱི་ཚུལ་མེད་པ་ཡིན་ཏེ། དེས་ན་འཆི་བའི་འཇིགས་པ་མེད་དོ་ཞེས་པའོ། །ཕོངས་པ་རྣམས་ནི་སློང་དུ་འོངས་པ་ལ། །ཞེས་བྱ་བའི་ཚིགས་བཅད་འདིས་ནི་བསྟན་མ་ཐག་པ། དཀར་པོའི་ལས་ཀྱང་རབ་ཏུ་གོམས་བྱས་པ། །ཞེས་བྱ་བ་སྟེ། དཀར་པོའི་ཆོས་བྱས་པའི་ཕྱིར་རོ། །ཆོས་ལ་གནས་པ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། མགུ་བ་རྙེད་པར་འགྱུར་ཞེས་བྱ་བ་སྟེ། སློང་དུ་འོངས་པ་ལ་ནོར་ཐོབ་པས་མགུ་བ་ཡིན་ཏེ། ཕོངས་པ་རྣམས་མི་མགུ་བར་བྱས་པ་ནི་མེད་དེ་མ་དྲན་པའོ། །བདག་གིས་བྱས་པར་ཡང་མི་དྲན་ཞེས་བྱ་བ་དེ་གང་ཡིན་ཞེ་ན་དེ་ཉིད་བསྟན་པའི་ཕྱིར། རིང་དུ་བརྟགས་ཏེ་བསམས་ཀྱང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྡིག་པ་བྱས་པར་ཡོངས་མི་དྲན། །ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཡིད་ལ་བསམས་བ་ཙམ་ཡང་ཞེས་བྱ་བ་ནི་ཡོད་པར་བཀོད་པ་ཡིན་པས་ཡིད་ལ་བསམས་པའོ། །ཡང་ན་ཡིད་ཉིད་


DTG168_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་ཡིན་པས་ཡིད་ལ་བསམས་པ་སྟེ། སེམས་བསྐྱེད་པ་ཙམ་ཡང་མ་དྲན་ནོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རྣམ་པ་གཉིས་ཀྱིས་མཐོ་རིས་ཀྱི་ལམ་སྦྱངས་པ་གང་ཡིན་པ་དེ་ནི་མཐོ་རིས་ལམ་སྦྱངས་སོ། །དེ་ལྟར་དེ་གཉིས་ཀྱིས་ཆོས་ལ་འཇུག་པ་དང༌། སྡིག་པ་ལས་ལྡོག་པའི་ཚུལ་ལོ། །ཕོངས་པ་རྣམས་ནི་སློང་དུ་འོངས་པ་ལ། མགུ་བར་མ་བྱས་པ་ནི་ཡོངས་མི་དྲན། །ཞེས་བསྟན་པ་ལ། ཕོངས་པ་དེ་དག་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། བྲམ་ཟེ་རྣམས་དང་གཉེན་དང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དེ་ལ་བྲམ་ཟེ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཞིང་ངོ༌། །གཉེན་དང་མཛའ་བོ་ཞེས་བྱ་བ་ནི་ཕན་འདོགས་པའི་ཞིང་ངོ༌། །བརྟེན་པ་དང་ཕོངས་པ་ཞེས་བྱ་བ་ནི་སྙིང་རྗེའི་ཞིང་ངོ༌། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཕན་འདོགས་མགུ་བར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དེ་དག་ལ་ནོར་མང་པོ་བཞག་ཅིང་ཇི་ལྟར་འོས་པའི་སྦྱིན་པས་ཕོངས་པ་རྣམས་མགུ་བའི་ཕྱིར་རོ། །ཡང་ན་ནོར་ཤིན་ཏུ་མང་པོ་ཅི་རིགས་པར་སྦྱིན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དང་གཉི་ག་ཡང་དགའ་བའི་ཕྱིར་རོ། །གང་གི་བྱ་བ་ཅི་ཡོད་དེ་ཡང་བདག་གིས་བྱས་པ་ཞེས་བྱ་བ་ནི་གཞན་དག་ཀྱང་རྗེས་སུ་བསྟན་པའོ། །ང་མི་འཇིགས་ཞེས་བྱ་བ་ནི་ཆོས་ལ་གནས་པའི་ཕྱིར་དང༌། མཐོ་རིས་ཀྱི་ལམ་སྦྱངས་པའི་ཕྱིར་རོ། །དེ་བྱས་དགའ་བར་གྱུར་པས་ཞེས་བྱ་བ་ནི་ཆོས་ལ་གནས་པ་དགའ་བ་ཐོབ་པའི་ཕྱིར་དང༌། མཐོ་རིས་ཀྱི་ལམ་སྦྱངས་པའི་ཕྱིར་རོ། །ཡང་ན་བྲམ་ཟེ་ལ་སོགས་པ་ནོར་མང་པོ་བཞག་པའི་ཕྱིར་དགའ་བར་འགྱུར་བ་སྟེ། རྒྱུ་རྣམ་པ་གཉིས་ཀྱིས་དགའ་བ་ཡིན་ནོ། །བདག་གི་སྤྱོད་པ་ནི་བདག་གི་སྤྱོད་པའོ། །བདག་གི་སྤྱོད་པ་ཉིད་གཟུགས་ཡིན་པས་བདག་གི་སྤྱོད་པའི་གཟུགས་ཏེ་ངན་པའོ། །དེ་ནི་དེ་ལྟ་བུའི་ཆོས་ཀྱི་མེ་ལོང་ལའོ། །དགའ་དང་ལྡན་པའི་མིག་གིས་ལྟ། །ཞེས་བྱ་བ་འདིས་ནི་ཆོས་འཆད་པ་ལ་གུས་པ་དང་ལྡན་པ་ཉིད་དུ་བསྟན་ཏོ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་བྱ་བ་འདིས་ནི་ཚིག་ལ་རྣ་གཏོད་པ་ཉིད་དོ། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ཅེས་བྱ་བ་འདིས་ནི་དོན་ལ་རྣ་གཏོད་པ་ཉིད་ཀྱིས་དམ་པའི་ཆོས་མཉན་པར་བྱའོ་ཞེས་བྱ་བ་ཡིན་ཏེ། འདི་དག་གིས་ནི་དམ་པའི་ཆོས་མཉན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདོད་པར་ཕྲད་ཀྱང་རུང༌། །ཞེས་བྱ་བ་ནི་དམ་པ་དག་དང་འགྲོགས་པ་ལ་དགོངས་པ་ཡིན་ཏེ། བསྙེན་བཀུར་མ་བྱས་པ་ཉིད་དུ་སྟོན་ཏོ། །ལན་ཅིག་ཙམ་ཞེས་བྱ་བ་འདིས་ནི་རྟག་ཏུ་བྱེད་པ་མེད་པ་ཉིད་དོ། །བསྙེན་བཀུར་བྱས་པ་


DTG168_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་སྐྱེ་བོ་དམ་པ་དང་འགྲོགས་པ་བརྟེན་པ་ཉིད་དུ་བསྟན་ཏོ། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །ཞེས་བྱ་བ་འདིས་ནི་དེ་ལ་རྟག་ཏུ་བྱས་པ་མེད་ཀྱང་དུས་ཡུན་རིང་དུ་གནས་པ་ཐོབ་པ་ཉིད་དུ་སྟོན་ཏོ། །འདྲིས་པ་དང་བྱ་བ་ནི་འདྲིས་པར་བྱ་བའོ། །འདྲེས་པར་བྱ་བ་དེ་ལ་མི་ལྟོས་པ་ནི་འདྲིས་པར་བྱ་བ་ནི་མི་དགོས་པར་རོ། །བསྙེན་བཀུར་བྱས་པའི་བྱ་བ་ཡང་མི་དགོས་ཏེ། ཇི་ལྟར་ཕྲད་ཀྱང་རུང་བའི་ཕྱིར་རོ། །ཇི་ལྟར་ཕྲད་ཀྱང་རུང་སྟེ། དམ་པ་དག་དང་འགྲོགས་པ་ནི་བརྟན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་མི་དགོས་པ་སྟེ། སྐྱེ་བོ་དམ་པ་དག་དང་འགྲོགས་པ་ལ་བྱ་བ་མི་དགོས་པའི་ཕྱིར་རོ། །འདི་ལྟར་འདྲིས་པ་ལ་ལྟོས་པ་ཡིན་ན་ནི་ལན་ཅིག་ཕྲད་པས་གཏན་དུ་མི་འགྱུར་ཏེ་ཅིའི་ཕྱིར་ཞེ་ན། འདྲིས་པ་ལ་ལྟོས་པའི་ཕྱིར་རོ། །མགོ་བསྒྱུར་བ་དང༌། སེ་གོལ་གཏོགས་པ་གཉིས་ནི་མགོ་བསྒྱུར་སེ་གོལ་གཏོགས་པའོ། །དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གསུམ་ནི། དམ་པ་དག་དང་ལྷན་ཅིག་ཙམ། །ཞེས་བྱ་བའི་ཚིགས་བཅད་དེའི་རྗེས་སུ་བསྟན་པའོ། །སྔར་བསྟན་པའི་ཇི་ལྟར་འདོད་པར་ཕྲད་པར་རུང་སྟེ་ཞེས་བྱ་བའམ། གུས་པར་བྱེད་པ་དང༌། རྟག་ཏུ་སྦྱོར་བ་གཉིས་དང་བྲལ་བ་ལ་ཡང་དམ་པ་དག་དང་འགྲོགས་པ་དང་བརྟན་པ་དང༌། གཏན་དུ་བ་ཉིད་བསྟན་ཏོ། །ད་ནི་གུས་པ་དང་རྟག་ཏུ་བྱ་བའི་སྦྱོར་བས་དམ་པ་དག་དང་འགྲོགས་པར་འདོད་པ་དང་སྒྱར་བའི་ཕན་ཡོན་བསྟན་པར་འདོད་པས། དམ་པ་རྣམས་ནི་སུས་ཀྱང་ཞེས་བྱ་བའི་ཚིགས་བཅད་འདི་བརྩམས་སོ། །དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ༌། །ཞེས་བྱ་བ་ནི་སྔར་བསྟན་པའི་དམ་པ་དག་དང་འགྲོགས་ན་གཏན་དུ་བ་ཡིན་པའི་ཕྱིར་རོ། །དུལ་བའི་ཚུལ་གྱིས་དགེ་ལ་བསྟན་པར་བྱ། །ཞེས་བྱ་བ་ནི་སྔར་བསྟན་པའི་ཇི་ལྟར་འདོད་ཀྱང་རུང་སྟེ་ཞེས་བྱ་བ་ཡིན་ཏེ། དམ་པ་དག་དང་འགྲོགས་པ་ནི་བརྟན་པའི་ཕྱིར་རོ། །དགེ་བདག་ལ་བསྟེན་པ་ཇི་ལྟར་བྱ་ཞེ་ན། སྨྲས་པ། དུལ་བའི་ཚུལ་དུ་བྱ་ཞེས་བྱ་བ་ཡིན་ཏེ། འདིས་ནི་གུས་པར་བྱེད་པའི་སྦྱོར་བ་ཉིད་དུ་སྦྱོར་བ་ཡིན་ནོ། །དམ་པ་དག་དང་འགྲོགས་པ་ལ་དེ་གཉི་གའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། དེ་དང་ཉེ་ན་ཞེས་བྱ་བའི་ཚིགས་བཅད་ཕྱེད་འོག་མ་ཡིན་ན། །ཆེད་དུ་མ་བསྒྲུབས་པར་ཡང་ཞེས་བྱ་བ་ནི་བསྟན་བཅོས་ཉན་པ་ལ་སོགས་པའི་བྱ་བ་མ་བྱས་པར་ཡང་སྟེ། མ་བསྲིངས་པ་དེ་ཙམ་སྟེ། མ་བསྲིངས་པ་དང་དུལ་བའི་ཚུལ་ཙམ་གྱིས་སོ། །དེ་དང་ཉེན་ཞེས་བྱ་བ་ནི་དགེ་བ་དེ་དང་ཉེ་ནའོ། །སྐྱེ་བོ་དམ་པ་དེའི་ཡོན་ཏན་ནི་དེའི་ཡོན་ཏན་ནོ། །དེའི་ཡོན་ཏན་ཉིད་མེ་ཏོག་ཡིན་པས་ཡོན་ཏན་མེ་


DTG168_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གོ །དེའི་རྡུལ་ནི་ཡོན་ཏན་གྱི་རྡུལ་ཏེ། འདི་ནི་དམ་པ་དང་འཕྲོགས་པའི་ཕན་ཡོན་ནོ། །དེ་ལྟར་རེ་ཞིག་ཇི་ལྟར་འདོད་པར་ཕྲད་ཀྱང་རུང་སྟེ། དམ་པ་དག་དང་ལན་ཅིག་ཙམ། །ཞེས་བྱ་བ་འདི་ནི་རྗེས་སུ་བསྟན་པ་སྟེ། དམ་པ་རྣམས་ཀྱི་ཕན་ཡོན་ནོ། །ཡང་ན་སྐྱེ་བོ་དམ་པ་ནི་བདག་ཉིད་ལ་ཕན་པར་ཞུགས་པ་ཡིན་ཏེ། དེ་བས་ན་སུས་ཀྱང་མི་བསྲིང་ངོ༌། །དགེ་བ་ལ་བསྟེན་པར་བྱ་ཞེས་བྱ་བ་ནི་གཞན་ལ་ཕན་པར་འཇུག་པའོ། །ད་ནི་རབ་ཏུ་བརྟན་པ་ཉིད་དུ་འགྱུར། །ཞེས་བྱ་བ་དེ་རྗེས་སུ་བསྟན་པ་ལས་བརྩམས་ཏེ། རྒྱལ་པོའི་ཤིང་རྟ་རིན་ཆེན་གསེར་གྱིས་བརྒྱན། །ཞེས་བྱ་བའི་ཚིགས་བཅད་ཡིན་ཏེ། ལུས་ཀྱང་རྒས་པས་མི་སྡུག་པར་ཡང་འགྱུར། །ཞེས་བྱ་བ་འདིས་ནི་ཕྱི་རོལ་གྱི་དངོས་པོར་འགྱུར་བ་ཉིད་དུ་བསྟན་ཏོ། །ནོར་བུ་གསེར་གྱིས་བརྒྱན་ཞེས་སྨོས་པ་ནི་གཟུགས་གནས་པ་ཉིད་དུ་རིགས་པ་ཡིན་ན་ཡང་ཕྱིས་རྒས་པས་མི་སྡུག་པར་འགྱུར་བ་ཡིན་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པའོ། །རྒྱལ་པོ་ཞེས་སྨོས་པས་ནི་མངོན་པར་སྦྱར་བའི་ཁྱད་པར་དང་ལྡན་པའི་ཤེས་པ་ཡིན་ཏེ། དེའི་ཤིང་རྟ་བསྟན་པའི་ཕྱིར་རོ། །རྒྱལ་པོའི་ལུས་རིན་པོ་ཆེ་གསེར་གྱིས་བརྒྱན་པ་ཡང་རྒས་པས་མི་སྡུག་པར་འགྱུར་རོ་ཞེས་བྱ་བ་ནི་ནང་གི་དངོས་པོ་ཡང་རྣམ་པར་འགྱུར་བ་ཉིད་དུ་སྟོན་ཏོ། །དམ་པ་རྣམས་ཀྱི་ཆོས་ནི་རྒས་མི་འགྱུར། །ཞེས་བྱ་བ་འདིས་ནི་གང་སྔར་བསྟན་པའི་རབ་ཏུ་བསྟན་པ་ཉིད་དུ་འགྱུར་ཞེས་བྱ་བ་དེའི་རྒྱུ་ཉིད་བསྟན་ཏོ། །ཅིའི་ཕྱིར་དམ་པ་རྣམས་ཀྱི་ཆོས་རྒས་པར་མི་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། དགེ་བ་རྣམས་ནི་གང་གི་ཕྱིར་ཡོན་ཏན་ལ་རྗེས་སུ་ཆགས་པ་བརྟན་པར་འགྱུར་བས་དམ་པ་རྣམས་ཀྱི་ཆོས་ནི་རྒས་པར་མི་འགྱུར་བ་སྟེ། ཡོན་ཏན་ལ་གོམས་པར་བྱ་བའི་ཕྱིར། སྐྱེ་བོ་འགྲོགས་པ་དེ་དག་ལ་ཡོན་ཏན་གཞན་དུ་མི་འགྱུར་ཏེ། དེ་གོམས་པར་བྱས་པས་ཇི་ལྟར་གཞན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདྲིས་པར་བྱ་བ་མི་དགོས་པར། །ཞེས་བྱ་བ་དེ་རྗེས་སུ་བསྟན་པ་ལས་བརྩམས་ཏེ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །ཞེས་བྱ་བའི་ཚིགས་བཅད་འདི་ཡིན་ཏེ། ནམ་མཁའ་པར་རབ་ཏུ་རིང་བ་ཡིན་ཏེ། གང་ལས་ཤེ་ན་ས་ལས་སོ། །ས་ཡང་རབ་ཏུ་རིང་བ་ཡིན་ཏེ། གང་ལས་ཤེ་ན་ནམ་མཁའ་དང་ངོ༌། །ཕ་རོལ་ཚུ་རོལ་འགྲམ་ཡང་རིང་བ་ཡིན་ཏེ། ཕ་རོལ་དང་ཕ་རོལ་མ་ཡིན་པའོ། །ཡང་ན་ས་དང་ནམ་མཁའ་གཅིག་རིང་བ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་དང་ཚུ་རོལ་གྱི་འགྲམ་ཡང་ཕ་རོལ་དང་ཚུ་རོལ་གྱི་འགྲམ་


DTG168_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །ཞེས་བྱ་བ་ནི་ཕན་ཚུན་དེ་བས་རིང་བའོ། །ཅིའི་ཕྱིར་ནམ་མཁའ་དང་སའི་བར་རབ་ཏུ་རིང་བ་དང༌། རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་རབ་ཏུ་རིང་བ་དང༌། ཤར་ནུབ་གཉིས་ཀྱི་རི་རབ་ཏུ་རིང་བ་སྟེ། ཅིའི་ཕྱིར་དཔེ་གསུམ་པོ་འདི་དག་ཉིད་གཟུང་གི །གཞན་མ་ཡིན་ཞེ་ན། ཆོས་འདི་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་མཚན་ཉིད་ཡིན་ཏེ། ནམ་མཁའ་དང་རིང་བ་ཉིད་ཀྱིས་ནི་ཚུལ་ཁྲིམས་ལས་བརྩམས་པ་ཡིན་ཏེ། ནམ་མཁའ་ལྟ་བུ་ནི་དམ་པ་རྣམས་ཀྱི་ཆོས་ཏེ། ཚུལ་ཁྲིམས་ཀྱི་མཚན་ཉིད་དོ། །མི་དགེ་བ་ཐམས་ཅད་ཀྱིས་གོས་པའམ། སྦགས་པ་དེས་ན་ས་ལྟ་བུ་ནི་དམ་པ་མ་ཡིན་པའི་ཆོས་ཏེ། མི་གཙང་བ་ཐམས་ཅད་ཀྱིས་གོས་པ་དེས་སོ། །ཏིང་ངེ་འཛིན་ནི་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་ལྟ་བུ་ཡིན་ཏེ། རྒྱ་མཚོའི་ཕ་རོལ་ལྟ་བུ་ནི་དམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི་ཆོས་ཏེ། བསྟེན་པ་དག་ལ་རྗེས་སུ་འཛིན་པ་དང་སྦྱོར་བ་ནི་ཆུ་དང་འདྲ་བ་ཉིད་ཀྱི་ཕྱིར་དང༌། སྤྱོད་པའི་ཚད་ཏིང་ངེ་འཛིན་ནི་སྤྱོད་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཚུ་རོལ་གྱི་འགྲམ་ལྟ་བུ་ནི་དམ་པ་མ་ཡིན་པའི་ཆོས་ཏེ། དེ་གཉི་གའི་མེད་པའི་ཕྱིར་རོ། །ཤེས་རབ་ལས་བརྩམས་ཏེ། ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཞེས་བྱ་བ་ཡིན་ཏེ། ཤར་གྱི་རི་ལྟ་བུ་ནི་དམ་པ་རྣམས་ཀྱི་མཚན་ཉིད་ཀྱི་ཆོས་ཏེ། ཇི་ལྟར་ཉི་མ་ཤར་བ་ལ་བརྟེན་པ་དེ་བཞིན་དུ་དམ་པ་རྣམས་ཀྱི་ཆོས་ཤེས་རབ་ཀྱི་ཉི་མ་འཆར་བའི་གནས་ཡིན་ནོ། །ནུབ་པའི་རི་ལྟ་བུ་ནི་དམ་པ་མ་ཡིན་པ་རྣམས་ཀྱི་ཆོས་ཏེ། ཤེས་རབ་ཀྱི་ཉི་མ་ནུབ་པ་ལ་བརྟེན་པའོ། །ཚིགས་བཅད་འདི་བཞི་ཐོས་པས། སུ་དཱ་སའི་བུ་དུལ་བར་གྱུར་ཏེ། བདག་ཉིད་ཀྱི་གནས་སྐབས་དང༌། རྗེས་སུ་མཐུན་པའི་ཚིགས་བཅད་ཡིན་ཏེ། དེ་དག་གིས་སོ། །ཇི་ལྟར་ཕྲད་ཀྱང་རུང་སྟེ། དགེ་བའི་བཤེས་གཉེན་དང་ཕྲད་ཅིང་བསྙེན་བཀུར་བྱས་ན་སྡུག་བསྔལ་ལས་ཐར་པ་དང༌། དམ་པ་དག་དང་འགྲོགས་པའི་སྟོབས་ཡིན་པའི་ཕྱིར་ཡང་ངོ༌། །དམ་བ་དང་དམ་པ་མ་ཡིན་པའི་ཆོས་འདི་གཉིས་ནི་རབ་ཏུ་བསྐལ་པ་ཡང་ཡིན་ཏེ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །ཞེས་བྱ་བའི་ཚིགས་བཅད་འདི་དང་སྦྱར་རོ། །འདྲིས་པར་བྱ་བ་མི་དགོས་པར། །ཞེས་གོང་དུ་བསྟན་པ་ལ་འདི་སྐད་སྨྲས་ཏེ། དམ་པ་མ་ཡིན་པ་དང་འགྲོགས་པ་ལ་ཡང་འདྲིས་པར་བྱ་བ་


DTG168_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པ་ཉིད་དུ་སྟོན་ཏེ། ཅིའི་ཕྱིར་དམ་པ་མ་ཡིན་པ་དང་འདྲིས་པར་བྱ་བ་མི་དགོས་པས་དམ་པ་མ་ཡིན་པ་དང་མི་འགྲོགས་པ་ཡིན་ཞེ་ན། དེས་ན་དམ་པ་དང་དམ་པ་མ་ཡིན་པའི་ཆོས་ནི་རབ་ཏུ་རིང་བ་ཡིན་ནོ་ཞེས་བྱ་བ་བརྩམས་ཏེ། དམ་པ་དང་དམ་པ་མ་ཡིན་པའི་ཆོས་ཐག་རིང་བ་ནི། དམ་པ་དང་འགྲོགས་པ་ཡིན་ཡང་བསྐལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཁྱོད་ཀྱི་ཚིགས་སུ་བཅད་པ་སྙན་པ་དང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །རབ་ཏུ་གསལ་བར་འཕགས་པའི་དོན་གྱི་ཚིག་གང་ཡིན་པ་དེ་ནི་ཚིག་དོན་ཀྱང་རབ་ཏུ་གསལ་བར་འཕགས་པའོ། །ཚིག་ཅེས་བྱ་བ་ནི་ལུས་སོ། །དོན་རབ་ཏུ་གསལ་བར་འཕགས་པ་ནི་སྲོག་གོ །ཚིགས་སུ་བཅད་པ་ནི་ང་རྒྱལ་ལོ། །སྙན་པ་ནི་རྒྱན་ཏེ། དེ་དེ་ལྟར་རྣམ་པ་བཞི་དང་ལྡན་པའི་སྙན་དང་གས་བསྟན་པ་ཡིན་ནོ། །གང་ལ་མཉན་པ་དང༌། གང་མཉན་པ་དང༌། མཉན་པ་དེའི་འབྲས་བུ་དང་བཅས་པ་དེའི་དབང་དུ་བྱས་ནས། ཁྱོད་ཀྱི་ཚིགས་སུ་བཅད་པ་སྙན་པ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །གང་ལས་མཉན་པ་ནི་བྱང་ཆུབ་སེམས་དཔའ་ལས་སོ། །གང་མཉན་པ་ཡིན་ཞེ་ན། ཡོན་ཏན་བཞི་དང་ལྡན་པའི་སྙན་དངགས་སོ། །གང་ཉན་པ་ཡིན་ཞེ་ན། སུ་དཱ་སའི་བུའོ། །མཉན་པ་དེའི་འབྲས་བུ་གང་ཡིན་ཞེ་ན། དེ་ཐོས་དགའ་བར་གྱུར་པའོ། །དེའི་འབྲས་བུ་དང་བཅས་པ་ནི་མཆོག་སྦྱིན་པ་སྟེ། མཆོག་སློངས་ཤིག་པའོ། །གང་གི་ཕྱིར་བདག་ལ་དགའ་བར་གྱུར་པ་དེ་ཙམ་གྱིས་མཆོག་སྦྱིན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཡང་རང་དབང་མེད་པར་གྱུར་པའི་ཕྱིར་རོ། །ཇི་ལྟར་རང་དབང་མེད་པ་ཡིན་ཞེ་ན། མི་རིགས་པ་བྱེད་པ་ལས་དགའ་བས་ཕམ་པའི་ཕྱིར་དང༌། མི་དགེ་བ་སྤྱོད་པ་ལ་འཇུག་པའི་ཕྱིར་རོ། །སྐྱོན་ནི་ཉེས་པའོ། །དེ་སྐད་རེ་ཞི་གང་ང་ལ་མ་སྨྲ་ཞིག །ཅེས་བྱ་བ་གང་བསྟན་པ་ནི། སྦྱིན་པར་བྱ་བ་ཉིད་རེ་ཞིག་ཐོང་ཤིག་པ་སྟེ། ང་ནི་བདག་ལའོ། །གང་གི་ཕྱིར་སྐྱོན་དང་བཅས་པའི་ཕྱིར་དང༌། བདེན་པ་དང་ལྡན་པའི་བརྟུལ་ཞུགས་ཀྱི་མཆོག་སློང་བ་སྟེ། བདེན་པ་སྔོན་དུ་འགྲོ་བ་ཡིན་ན་ནི། མཆོག་གཞན་ཡང་སྦྱིན་པར་ནུས་པ་ཡིན་ཏེ། མཆོག་གཞན་ཡང་སྦྱིན་པར་ངེས་པར་གཟུང་བའི་ཕྱིར་རོ། །སེམས་ཅན་རྣམས་ལ་གསོད་པར་སྤོངས། །ཞེས་བྱ་བ་ནི་སྲོག་གཅོད་པ་ལས་སླར་ཟློག་པའོ། །བཙོན་དུ་གཟུང་བ་འདི་རྣམས་མ་ལུས་ཐོང༌། །ཞེས་བྱ་


DTG168_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདིས་ནི་མ་བྱིན་པར་ལེན་པ་ལས་སླར་ཟློག་པ་སྟེ། གང་གི་ཕྱིར། དེ་དག་མ་བྱིན་པར་ལེན་པ་ནི་ནན་གྱིས་ཁྱེར་བ་སྟེ། དེ་རྣམས་ཐོང་ཤིག་པའོ། །གཞན་ཡང་སྦྱིན་པར་ནུས་པའི་མཆོག་སྦྱིན་པར་བྱ་སྟེ། མཆོག་སྦྱིན་གཞན་གསུམ་པོ་ཡང་ངེས་པར་སྦྱིན་པར་བྱས་པའི་ཕྱིར་རོ། །བཙོན་དུ་གཟུང་བ་འདི་ཐོང་ཤིག་ཅེས་བྱ་བ་ནི་དགག་པ་དེར་ཟད་ཀྱི། དམ་པ་སྔ་མ་གསུམ་ནི་ཁྱོད་ལ་འབུལ། །ཞེས་སྔར་སུ་དཱ་སའི་བུས་སྨྲས་པ་དེ་དག་ལས་མཆོག་གསུམ་ཡང་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། མི་ཤ་ཟ་བ་མ་བཏང་ན། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །བདེན་པ་སྨྲ་བ་ཇི་ལྟར་མི་འགྱུར་ཞེ་ན། མིའི་ཤ་ཟ་བ་ཡོངས་སུ་མ་བཏང་ན་འདི་ལྟར་ཡང་མཆོག་གསུམ་སྦྱིན་པར་བྱའོ་ཞེས་དམ་བཅས་པ་སྟེ། དེ་ལྟར་མཆོག་སྦྱིན་པ་ཉིད་དུ་ཁས་བླངས་པ་ཇི་ལྟར་བདེན་པ་སྨྲ་བར་འགྱུར་ཞེས་བྱ་བ་ཡིན་ནོ། །བདེན་པའི་བརྟུལ་ཞུགས་ཞེས་སྨོས་པས་ནི་སྔ་མ་ཉིད་དུ་བསྟན་པས་ངེ་བས་ན་ཉེས་པ་མེད་དེ། ཡང་ན་དམ་པ་སྔ་མ་གསུམ་ནི་ཁྱོད་ལ་སྦྱིན་ཞེས་བྱ་བ་ཡིན་ཏེ། མཆོག་གསུམ་ཉིད་ཀྱི་དོན་ཡིན་གྱི། འདིའི་དོན་ནི་མ་ཡིན་ཏེ། དེ་ལྟར་ཉེས་པ་མེད་དོ་ཞེ་ན། དེའི་ཚིག་གིས་ཇི་ལྟར་སྲོག་གཅོད་པ་སྤོང་བར་འགྱུར་ཏེ། སྲོག་གཅོད་པ་མ་ཡིན་པར་ནི་མིའི་ཤ་མེད་པའི་ཕྱིར་རོ། །བདག་གི་སྲོག་ཀྱང་ཡོངས་སྤངས་ནས། །ཞེས་བྱ་བའི་ཚིགས་བཅད་འདིས་ཀྱང་གང་སྔར་ལྟར་བསྟན་པའི་མཆོག་སྦྱིན་པར་བྱའོ་ཞེས་བྱ་བ་དེའི་ཚིག་ལོག་པ་ཉིད་དུ་སྒྲུབ་པ་ཡིན་ཏེ། བདེན་པའི་བརྟུལ་ཞུགས་སུ་ཇི་ལྟར་འགྱུར་ཞེས་བྱ་བ་དེའི་རྗེས་སུ་བསྟན་པ་སྟེ། གལ་ཏེ་དེ་ལྟར་སྔར་གྱི་ཉེས་པ་དེ་ཡོངས་སུ་སྤོང་བར་ཇི་ལྟར་འགྱུར་ཞེས་པའོ། །རྒྱལ་པོ་ཁྱེད་ཀྱིས་སྲོག་ཆགས་རྣམས། །མི་གསོད་པར་ཡང་ག་ལ་ནུས། །ཞེས་བྱ་བ་དེའི་རྗེས་སུ་བསྟན་པ་ནི་འདི་ཡིན་ཏེ། ཤ་ཡི་ཕྱིར་ནི་མི་བསད་ན། །ཞེས་བྱ་བའི་ཚིགས་བཅད་དོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་བརྫུན་སྨྲ་བ་ལས་ལྡོག་པ་དང༌། སྲོག་གཅོད་པ་ལས་ལྡོག་པ་སྟེ། དེ་བས་ན་དེ་གཉིས་ཀྱང་མ་བྱིན་པར་ཇི་ལྟར་མཆོག་གསུམ་པོ་དེ་དག་བྱིན་པ་ཡིན། མཆོག་གཅིག་པོ་སྐྱེ་བོ་བཙོན་དུ་བཟུང་བ་བཏང་བ་དེ་ཉིད་བྱིན་པ་ཡིན་ཏེ། མཆོག་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲིད་ཉམས་ཞེས་བྱ་བ་འདིས་ནི་དོན་ལས་ཉམས་པ་ཉིད་དུ་བསྟན་ཏོ། །ནགས་ཚལ་ཞེས་བྱ་བ་འདིས་ནི་འདོད་པ་ཡོངས་སུ་ཉམས་པ་


DTG168_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཆོས་ལས་ཉམས་ཞེས་བྱ་བ་འདིས་ནི་ཆོས་ཡོངས་སུ་སྤངས་པའོ། །མི་བསད་པ་དང༌། བཟའ་བ་མ་ཟོས་པའི་ཕྱིར་གཏམ་ངན་ཐོབ་པའོ། །དེ་ཉིད་ཀྱིས་ཆོས་ཉམས་པ་ཡིན་ཏེ། འདིས་ནི་འཇིག་རྟེན་ཕ་རོལ་ལ་གནོད་པ་ཐོབ་པ་ཉིད་དུ་སྟོན་ཏོ། །གཏམ་ངན་ཐོབ་ཅེས་བྱ་བ་འདིས་ནི་མཐོང་བའི་ཆོས་ཀྱི་གནོད་པ་ཐོབ་པ་ཉིད་དུ་བསྟན་ཏོ། །གང་གི་ཕྱིར་ནི་རྒྱལ་སྲིད་ཉམས། །ཞེས་བྱ་བའི་ཚིགས་བཅད་སུ་དཱ་སའི་བུས་སྨྲས་པ། དེའི་རྗེས་སུ་བསྟན་པ་ནི་ཚིགས་བཅད་འདི་ཡིན་ཏེ། ཆོས་ལས་ཉམས་པར་འགྱུར་བ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཆོས་ལས་ཉམས་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །སྲིད་ལས་ཉམས་ཞེས་བྱ་བ་ནི་གང་སྔར་བསྟན་པའི་རྒྱལ་སྲིད་ལས་ཉམས་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །བདེ་བ་ལས་ཉམས་པར་འགྱུར་བ་ཞེས་བྱ་བ་ནི་གང་སྔར་བསྟན་པའི། ནགས་ཚལ་སྡུག་བསྔལ་བདག་གིས་མྱོང༌། །ཞེས་བྱ་བ་དེ་ཉིད་བསྟན་ཏོ། །གྲགས་པ་ཉམས་པར་འགྱུར་བ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་གཏམ་ངན་པ་ཐོབ་པ་ཞེས་བྱ་བ་དེ་བསྟན་ཏོ། །ཕུང་བར་གྱུར་པའི་འབྱུང་གནས་དེ། །ཞེས་བྱ་བའི་རྒྱུ་བཞི་པོ་དེ་དག་ཉིད་ཕུང་བའི་འབྱུང་གནས་སོ། །བྱིན་ནས་འགྱོད་པ་སྐྱེ་བ་ཞེས་བྱ་བ་ནི། འགྱོད་པ་ཡོད་ན་ནི་འགྱོད་པ་སྐྱེ་བའོ། །གལ་ཏེ་ཤ་མེད་ན་འཚོ་བར་མི་ནུས་ན་ནི་ཤའི་ཚུལ་བསྟན་པའི་ཕྱིར། སྨན་པ་མཁས་པས་བརྟགས་ཏེ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །སྨན་པས་བརྟགས་པ་ནི་ཕན་པའོ། །ལེགས་པར་སྦྱར་བའི་ཤ་ཞེས་བྱ་བ་ནི་སྨན་པས་ལེགས་པར་བརྟགས་པ་སྟེ། འདིས་ནི་གཡོས་ཀྱི་ཁྱད་པར་བསྟན་ཏོ། །གནས་རྣམས་བཞི་ལས་སྐྱེས་པའི་ཤ་བསྟན་པ་ཡིན་ཏེ། དུས་ཇི་ལྟ་བ་དང༌། ནད་གཞི་ཇི་ལྟ་བ་བཞིན་དུ་སྨན་པས་ན་བ་ཉིད་དུ་སྦྱར་རོ། །དེ་ལྟར་རེ་ཞིག་ཡིད་དུ་འོང་ཞིང་འདོད་པའི་ཤ་རྙེད་ཅིང་འགྲུབ་པ་ཉིད་དུ་བསྟན་ནས། གཞན་ཡང་བདེ་བ་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྔ་སྒྲ་སྙན་པ་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །རྔ་སྒྲ་སྙན་པ་ཞེས་བྱ་བའི་ཚིགས་བཅད་ཕྱེད་དང་པོས་ནི། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ཡོངས་སུ་བཏང་བ་ཉིད་དུ་བསྟན་ཏོ། །གཉེན་དང༌། བུ་དང༌། ནང་མི་ཞེས་བྱེ་བ་ཕྱེད་འོག་མས་ནི། བཟོད་པའི་འབྲས་བུ་གཡོག་འཁོར་མང་པོས་ཕན་ཡོན་ཡོངས་སུ་བཏང་བ་བསྟན་ཏོ། །དགག་པར་བྱ་བ་དང༌། དགག་པ་ལ་སྦྱར་


DTG168_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དབང་བྱ་བ་དེ་གཉིས་ཀྱི་རྒྱུའི་དབང་དུ་བྱས་ནས། རྒྱལ་པོའི་སེམས་ཀྱི་དབང་དུ་བྱས་པ་སྟེ། རྒྱལ་པོའི་སེམས་ཀྱི་དབང་དུ་འགྲོ་བ་ནི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་སྟོབས་དང་ལྡན་པ་ལས་ཀྱང་རྒྱལ་བར་ནུས་པ་ཡིན་པའི་ཕྱིར། ནང་གི་བདེ་བ་ནི་ཚར་བཅད་ཅིང་རྒྱལ་བར་བྱ་བ་དེ་ལ་སྡང་བར་བྱ་བ་མི་རིགས་སོ། །ཆོས་དང༌། སྲིད་ལ་མི་གནོད་པའི་ལམ་དུ་འཇུག་པར་རིགས་ཏེ། ཅིའི་ཕྱིར་ཞེ་ན། དེའི་རྒྱུ་བསྟན་པའི་ཕྱིར། མི་ཡི་བདག་པོ་འཇིག་རྟེན་ཕྱི་མའང༌། །ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ཆོས་དང་སྲིད་ལ་མི་གནོད་ལམ་ལ་འཇུག་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཕ་རོལ་ལ་ལྟོས་པའི་ཕྱིར་རོ། །ཆོས་དང༌། སྲིད་ལ་མི་གནོད་པ་དེ་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། ཆོས་དང་སྲིད་ལ་གནོད་པའི་དབང་དུ་བྱས་ནས། དེ་བས་འགའ་ཡང་ཕན་བ་མ་ཡིན་བསྟན་མི་རིགས། །ཞེས་བྱ་བ་ཡིན་ནོ། །གང་ཆོས་དང༌། སྲིད་ལ་གནོད་པ་མ་ཡིན་པའི་ལམ་དེ་ཉིད་སྨྲས་པ། ལམ་གང་ཡིད་དུ་འོང་ལ་ཞེས་བྱ་བའི་ཚིགས་བཅད་བྱེད་འོག་མའོ། །གྲགས་དང་མི་འགལ་བ་ཞེས་བྱ་བའི་གྲགས་པ་དང་མི་འགལ་བའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དེ་ཉིད་སྨྲས་པ། ལམ་གང་ཡིད་དུ་འོང་ལ་ཞེས་བྱ་བ་སྟེ། དམ་པ་རྣམས་བཞེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་དགའ་བ་ཡིན་ན་ཡང་ཕན་པའི་སྨན་ནི་ནད་པས་བཏུང་བར་བྱ་བ་དེ་བཞིན་དུ་བསྟེན་པའི་རིགས་སོ། །རྒྱུའི་སྐབས་སུ་གནས་པ་སྟེ། ཇི་ལྟར་ཞེ་ན། གྲགས་པའི་རྒྱུ་ཡིས་འགྲོ་བ་འདི་དག་ཁྱབ། །ཅེས་བྱ་བ་ཡིན་ཏེ། དེ་ཉིད་བསྟན་པའོ། །འདི་ལྟར་གང་གིས་སྡིག་པ་སྤྱོད་པ་དེ་ནི་འདི་ལྟར་སྡིག་པ་སྤྱོད་པ་དེའོ། །སྡིག་པ་སྤྱོད་པའི་འཆི་བདག་གི་ཕོ་ཉ་གང་ཡིན་པ་དེ་ནི་འཆི་བདག་ཕོ་ཉར་གྱུར་པ་སྟེ། སྡིག་པ་སྤྱོད་པའི་ཁྱད་པར་འདིས་སོ། །བདག་ལ་ཇི་ལྟར་བཀའ་སྩལ་དེ་བཞིན་བགྱི། །ཞེས་བྱ་བ་ནི་བཀའ་སྩལ་པ་གཞན་ཡང་དེ་བཞིན་དུ་བགྱིའོ་ཞེས་པའོ། །བཙོན་རར་སྩལ་བས་མི་དགའ་ཞིང༌། །ཞེས་བྱ་བ་ནི་སྡུག་བསྔལ་བ་ཉིད་དོ། །བཞིན་མདངས་ཉམས་ལ་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་ཀྱི་གཟི་མདངས་ཉམས་པར་བསྟན་ཏོ། །མྱ་ངན་གདུངས་པའི་ཡིད་ཅེས་བྱ་བ་ནི། མིག་གི་སྡུག་བསྔལ་བ་ཉིད་དུ་བསྟན་ཏོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་རྒྱ་ཆེར་བཤད་པ་ལས་བུ་ཟླ་བའི་སྐྱེས་པའི་རབས་སོ།། །།


DTG168_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་ལམ་ནི་ཐར་པའི་ལམ་མོ། །རྒ་བ་དང༌། ན་བ་དང༌། འཆི་བ་དང༌། སྡུག་པ་དང་བྲལ་བ་ཞེས་བྱ་བ་ལ་འདིར་སྩོགས་པ་སྨོས་པས་ནི། མི་སྡུག་པ་དང་ཕྲད་པ་གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ༌། །མགོན་མེད་པ་རྣམས་ཞེས་བྱ་བ་ནི་བདག་ཉིད་སྡུག་བསྔལ་ཞིང་འདོད་པས་འཇུག་པ་སྟེ། དེ་མེད་པའོ། །སྐྱབས་མེད་པ་ཞེས་བྱ་བ་ནི་སྐྱོབ་པར་བྱེད་པ་བདག་ཉིད་ལ་མེད་པ་སྟེ། འདི་ནི་སྐྱབས་མེད་པའོ། །དཔུང་གཉེན་མེད་པ་ཞེས་བྱ་བ་ནི་བདེ་ལེགས་སུ་ཡུལ་དག་ཏུ་ཕྱིན་པར་བྱེད་པ། བྱང་ཆུབ་སེམས་ལས་གཞན་མེད་པ་སྟེ། རྒྱུ་དེ་གསུམ་མེད་པར་བསྟན་ཏོ། །སྙིང་རྗེས་བསྐུལ་ཏེ་ཞེས་བྱ་བ་ནི་དེ་ལྟར་མགོན་མེད་པ་ལ་བདག་ཉིད་མགོན་དུ་ཁས་ལེན་པ་བསྟན་ཏོ། །དེ་དག་བསྐྱབ་པར་སེམས་བ་ཞེས་བྱ་བ་ནི། དེ་ལྟར་སྐྱབས་མེད་པ་དག་ལ་བདག་ཉིད་བསྐྱབ་པར་སེམས་པ་ཉིད་དུ་སྟོན་ཏོ། །རབ་ཏུ་དགེ་བའི་རང་བཞིན་ཅན་དེ་བསྒྲུབ་པར་འདོད་པའི་ཡིད་ཅེས་བྱ་བ་ནི་དཔུང་གཉེན་མེད་པའི་འཇིག་རྟེན་ལ་བདག་ཉིད་དཔུང་གཉེན་བྱེད་པ་ཉིད་དུ་སྟོན་ཏོ། །འདིས་ནི་གསུམ་པོ་དེ་དག་གི་ཁྱད་པར་བསྟན་པ་ཡིན་ཏེ། མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པ་དག་གི་ཁྱད་པར་དུ་གཏོགས་པར་བྱ་སྟེ། སྙིང་རྗེས་བསྐུལ་བའི་ཕྱིར་མགོན་ནོ། །དེ་དག་བསྐྱབ་པར་སེམས་པའི་ཕྱིར་སྐྱབས་སོ། །རབ་ཏུ་དགེ་པའི་རང་བཞིན་ཅན་དེ་ཕན་པ་དང༌། བདེ་བའི་ཁྱད་པར་ཅན་ཞེས་བྱ་བ་འདིས་ནི་དཔུང་གཉེན་ནོ། །རྒྱུ་འདི་གསུམ་དང་ལྡན་པའི་ཕྱིར། སྡུག་བསྔལ་ལས་སྐྱོབ་པ་ཉིད་ཀྱིས་ཕན་པ་དང་བདེ་བ་བསྒྲུབ་པ་ཉིད་དུ་སྟོན་ཏོ། །དེ་བཞིན་དུ་གཞན་འདས་པ་གང་དང་གང་དག་ཏུ་ཚིག་གསུམ་པོ་འདི་བསྟན་པ་དེ་དང་དེ་དག་ཏུ་ཡང་འདི་བཞིན་དུ་རྟོགས་པར་བྱའོ། །འབངས་རྣམས་གློ་བ་ཉེ་པའི་བདེ་བ་དང་འཁྲུག་པ་མེད་པའི་དར་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་རང་གི་ཡུལ་གྱི་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒྱལ་ཕྲན་ཐམས་ཅད་ཀྱི་དྲེགས་པ་གང་ཡིན་པ་དེ་ནི་རྒྱལ་ཕྲན་ཐམས་ཅད་ཀྱི་དྲེགས་པའོ། །དེ་རྣམས་ཕྱག་འཚལ་བ་ནི་རྒྱལ་ཕྲན་དྲེགས་པ་རྣམས་ཕྱག་འཚལ་བའོ། །འདིས་ནི་ཡུལ་གཞན་དུ་གྱུར་བའི་ཕུན་སུམ་ཚོགས་པ་བསྟན་ཏོ། །དུལ་བ་ལ་དགའ་བས་ཞེས་བྱ་བས་མ་འོངས་


DTG168_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒྱལ་པོའི་རིགས་དེ་དང་དེ་དག་བདེ་བ་དང་སྡུག་བསྔལ་འདྲ་བར་འགྱུར་བ་སྟེ། དེའི་བདེ་བ་སྡུག་བསྔལ་མཉམ་པའོ། །སྦྱིན་པ་ཐོབ་པས་བྲམ་ཟེ་མགུ་ཞིང་གཡེངས། །ཞེས་བྱ་བ་ནི་ཕོངས་པའི་སྐྱེ་བོ་མགུ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའོ།། འབངས་རྣམས་དྲེགས་པས་ཞེས་བྱ་བ་ནས་བརྩམས་ཏེ། གླུ་སྒྲ་སྙན་པ་དགོད་པས་ཞེས་བྱ་བའི་བར་གྱིས་ནི་ཉེ་བར་ལོངས་སྤྱོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གཅིག་ལ་གཅིག་འཇུས་དགའ་བ་རྣམས་པར་འཕེལ། །ཞེས་བྱ་བ་ནི་སྡུག་པ་དང་ཕྲད་པའི་བདེ་བ་ཕུན་སུམ་ཚོགས་པའོ། །གཏམ་སྙན་སྐྱེལ་བ་ཞེས་བྱ་བའི་ཚིགས་བཅད་འོག་མ་ཕྱེད་འདིས་ནི་གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ་ཞེས་བྱ་བ་དེའི་གཉེན་པོ་བདེ་བའི་ཕྱོགས་ཀྱི་དབང་དུ་བྱས་པའོ། །སྒོ་རྣམས་ཕྱེ་ཞིང་བཙོན་དུ་བཟུང་བ་མེད། །ཅེས་བྱ་བས་ནི་བདེ་བ་ཉིད་དུ་བསྟན་ཏོ། །སྲང་གི་བཞི་མདོ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གྲོང་ཁྱེར་གྱི་རྒྱན་ཕུན་སུམ་ཚོགས་པའོ། །ཁང་པ་ཆེན་པོའི་སྟེང་ནས་ཞེས་བྱ་བའི་ཚིགས་བཅད་འདི་ནི་སྐྱེ་བོ་སྦྱིན་པ་པོའི་སྒྲུབ་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའོ། །སྙིང་སྟོབས་དང་ལྡན་པ་དང༌། བསོད་ནམས་བསགས་པའི་ཁྱད་པར་འདི་གཉིས་ཀྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏེ། ཡེ་ཤེས་དང༌། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡོངས་སུ་གཟུང་བའི་ཕྱིར། བསྲུང་བ་ལེགས་པར་བྱས་པས་ཞེས་བྱ་བ་ཡིན་ཏེ། ཡོངས་སུ་གཟུང་བའི་ཕྱིར་རེ། །རབ་ཏུ་ཞི་བ་ཞེས་བྱ་བ་ནི་ལུས་དང་ངག་གི་རབ་ཏུ་ཞི་བའོ། །དུལ་བ་ནི་བྱ་བ་མ་ཡིན་པ་ལས་ལྡོག་པའོ། །ཡིད་གཞུངས་པའི་ཡོན་ཏན་ནི་ཤེས་རབ་ཀྱི་ཡོན་ཏན་ཏེ། སྲི་ཞུ་ཆེ་བ་དང༌། མཉན་པ་ཟིན་པ་དང༌། འཛིན་པ་དང༌། རྣམ་པར་ཤེས་པ་དང༌། རྟོག་པ་དང༌། སེལ་ནུས་པས་མངོན་པར་འཇུག་པའི་མཚན་ཉིད་དོ། །རབ་ཏུ་ཞི་བ་དང༌། དུལ་བ་དང༌། ཤེས་རབ་ཀྱི་ཡོན་ཏན་དེ་དག་དང་ལྡན་པ་ནི་རབ་ཏུ་ཞི་བ་དང༌། དུལ་བ་དང༌། ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པའོ། །མ་དྲིས་པ་ནི་མ་ཤེས་པའོ། །གཉེན་དུ་མ་འབྲེལ་པའི་ཞེས་བྱ་བ་ནི་གང་དེ་ལ་རིགས་ལ་སོགས་པའི་མཚན་ཉིད་ཀྱིས་ན་གཉེན་དུ་འབྲེལ་བ་སྟེ། གཉེན་དུ་འབྲེལ་པ་དེ་མེད་པའི་ཕྱིར་རོ། །དམ་པའི་རིང་


DTG168_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་གྱུར་ཀྱང༌། །ཞེས་བྱ་བ་ནི་རབ་ཏུ་བསྐལ་པའོ། །རྒྱུ་གསུམ་གྱིས་ནི་བྱམས་པར་འགྱུར་ཏེ། ཡོངས་སུ་འདྲིས་པ་དང༌། གཉེན་དུ་འབྲེལ་བ་དང༌། ཉེ་བ་ན་གནས་པ་སྟེ། གསུམ་པོ་འདིའི་དབང་དུ་བྱས་པའོ། །སྡུག་པ་དང་བྲལ་བས་སྡུག་བསྔལ་ཉིད་ཀྱི་ཕྱིར་ཏེ། དར་བ་ཞེས་བྱ་བ་ནི་བདག་གི་ཡོ་བྱད་ཕུན་སུམ་ཚོགས་པའོ། །རྒུད་པ་ཞེས་བྱ་བ་ནི་འཇིག་ཅིང་གཞན་དུ་འགྱུར་བས་དེ་མི་རྟག་པའོ། །བདག་ལ་ཕན་པ་བགྱི་བར་འཚལ། །ཞེས་བྱ་བ་ནི་དེར་གནས་ནའོ། །ཐུགས་དཔག་མཛད་དུ་གསོལ་ཞེས་བྱ་བ་ནི་རྗེས་སུ་གཟུང་བར་གསོལ་བའོ། །གླང་པོ་ཆེ་མདའ་དུག་ཅན་གྱིས་ཚབས་ཆེར་ཕོག་པ་བཞིན་དུ་དེའི་མྱ་ངན་གྱིས་སེམས་གདུངས་པ་དང༌། རྒྱ་མཚོ་རབ་ཏུ་ཟབ་པ་རླུང་གིས་སློངས་པ་བཞིན་དུ་འཁམས་ཏེ་འདར་བར་གྱུར་པ་ཞེས་དེ་ལྟར་སྤྱར་རོ། །བདག་ཉིད་བུང་བར་བྱེད་པ་ཞེས་བྱ་བའི་ཚིགས་བཅད་ཕྱེད་པོ་འདིས་ནི་སུས་དེ་ལྟར་གནོད་པ་བྱས་ཞེས་པའོ། །སུ་ཡིས་ང་ཡི་མི་ཞེས་བྱ་བ་ཕྱེད་འོག་མས་ནི། སུ་ཞིག་གསད་པར་བྱ་ཞེས་བསྟན་པའོ། །དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །ཞེས་བྱ་བའི་ཚིགས་བཅད་འདིས་ནི། སྐད་ཅིག་མས་འཇིག་ཅིང་མི་རྟག་པ་ཉིད་དུ་བསྟན་ཏོ། །ཡང་ན་སྐྱེ་བ་དང་གནས་པ་བསྟན་ཏོ། །དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ཞེས་བྱ་བ་འདིས་ནི་སྐྱེ་བའོ། །དེ་ནས་བརྩམས་ཏེ་གཞན་དུ་མ་གོལ་བར། །ཞེས་བྱ་བ་འདིས་ནི་གནས་པ་བསྟན་ཏོ། །གནས་པ་ཞེས་བྱ་བ་ནི་སྐྱེ་བའི་གནས་ཏེ། སྐད་ཅིག་མའི་རེ་རེས་འཆི་བདག་གི་དྲུང་དུ་ཉེ་བར་འགྲོ་བའོ། །ཐབས་དང་རབ་ཏུ་ལྡན་པ་ཞེས་བྱ་བའི་ཚིགས་བཅད་འདིས་ནི། རྒ་བ་དང༌། མི་རྟག་པ་ཉིད་བསྟན་ཏེ། ཐབས་དང་ལྡན་ཡང་སུ་ཡང་ཐང་པ་མེད། །ཅེས་བྱ་བས་ནི་མཛངས་པས་ཀྱང་དགའ་བ་དང༌། འཆི་བ་བཟློག་པར་མི་ནུས་པ་ཉིད་དུ་བསྟན་ཏོ། །མཐུ་ཡོད་ཀྱང་ཞེས་བྱ་བ་འདིས་ནི་གཟུགས་ཀྱི་ལུས་ཀྱི་སྟོབས་ཀྱིས་བཟློག་པར་མི་ནུས་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ཚིགས་བཅད་དེ་གཉིས་ཀྱིས་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་དང་ལྡན་པའི་ཕྱིར། འདུས་བྱས་རྣམས་ཡོངས་སུ་དོར་བ་ཉིད་དུ་སྟོན་ཏོ། །འདུས་བྱས་ཀྱི་མཚན་ཉིད་བཞི་ནི་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང་མི་རྟག་པའོ། །མི་རྟ་གླང་ཆེན་ཤིང་རྟ་


DTG168_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཞེས་བྱ་བ་ནས་བརྩམས་པའི་ཚིགས་བཅད་ཐམས་ཅད་ཀྱིས་ནི་འཆི་བ་མི་ཟློགས་པ་ཉིད་ལས་བརྩམས་ནས་སོ། །ཚིགས་བཅད་འདི་དག་གི་དོན་ནི་འདི་ཡིན་ཏེ། མི་དང༌། དུད་འགྲོ་དང༌། ལྷ་དང༌། ལྷ་མ་ཡིན་གྱི་འགྲོ་བ་ལ་གནས་པས་ཀྱང་འཆི་བ་ལས་མི་ཟློགས་པ་ཉིད་དུ་བསྟན་ཏོ། །དམྱལ་བ་རྣམས་སུ་ནི་དེའི་བས་མ་པའི་སྐབས་མེད་པའི་ཕྱིར། དམྱལ་བ་འདིར་མ་སྨོས་སོ། །དེ་ལྟར་རེ་ཞིག་ཚིགས་བཅད་འདི་དག་གི་ཁྱད་པར་ནི་འདི་ལྟར་སྣང་སྟེ། ཁྱད་པར་གཞན་ནི་གང་ཡང་མེད་དོ། །མི་རྟ་གླང་ཆེན་ཤིང་རྟ་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་དགྲ་གཞན་དག་ནི་ཐུབ་པར་ནུས་ཀྱི། འཆི་བདག་གི་དགྲ་ལས་ནི་རྒྱལ་བར་མི་ནུས་སོ་ཞེས་པའི་དོན་ཏོ། །རྟ་དང་གླང་ཆེན་རྐང་ཐང་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་དམག་གིས་ཡོངས་སུ་བསྲུངས་ན། དགྲ་དག་ལས་ནི་ཐར་པར་འགྱུར་གྱི། འཆི་བདག་གི་དགྲ་ལས་ནི་དམག་གིས་ཐར་བར་མི་འགྱུར་ར་ཞེས་པའི་དོན་ཏེ། དེ་བཞིན་དུ་ཚིགས་བཅད་གཞན་དག་ལ་ཡང་བྱེ་བྲག་དེ་ལྟར་བརྗོད་པར་བྱའོ། །གད་པ་ཆེན་པོའི་ངོས་དྲལ་རྒྱལ་བར་གྱུར་པ་ཡི། །ཞེས་བྱ་བ་ནི་ཆུ་བོའི་དོགས་ཀྱི་གད་པ་ལས་རྒྱལ་བའོ། །རྩེ་མེ་ཉིད་འབར་བ་ཡིན་པས་རྩེ་མེ་འབར་བའོ། །ཁྲོས་པའི་རླུང་གིས་རྩེ་མེ་འབར་བ་དེ་ནི་ཁྲོས་པའི་རླུང་གིས་རྩེ་མེ་འབར་བའོ། །འབྲུག་སྒྲ་དྲག་པོས་དཀྲུགས་པ་གང་ཡིན་པ་དེ་ནི་འབྲུག་སྒྲ་དྲག་པོས་དཀྲུགས་པའོ། །ནད་དང་དགའ་བའི་མཆེ་བ་གཙིགས་པའི་ཁ་གདངས་པ་གང་ཡིན་པ་དེ་ནི་ཁ་གདངས་ནད་དང་རྒ་བའི་མཆེ་བ་གཙིགས་པ་ཉིད་དོ། །མི་སྡུག་པ་དང༌། འཇིགས་པའི་གདོན་གང་ཡིན་པ་དེ་ནི་མི་སྡུག་པ་དང་འཇིགས་པའི་གདོན་ནོ། །དམ་དུ་འཛིན་པ་གང་ཡིན་པ་དེ་ནི་དམ་དུ་འཛིན་པའོ། །སྙེམས་པའི་མཐུ་རྩལ་ནི་རབ་ཏུ་སྙེམས་པའི་མཐུ་རྩལ་ཏེ། རབ་ཏུ་སྙེམས་པའི་མཐུ་རྩལ་རྒུད་པ་གང་ཡིན་པ་དེ་དག་ནི་རབ་ཏུ་སྙེམས་པའི་མཐུ་རྩལ་ཉམས་པར་འགྱུར་བའོ། །མཆོད་པར་འདོད་པ་དང༌། གནོད་པ་ནི་མཆོད་འདོད་གནོད་པའོ། །དེ་དག་མཆོད་འདོད་གནོད་བྱེད་ནི། མཆོད་པར་བྱ་བ་དང༌། གནོད་པ་བྱེད་པའི་ཆེད་དུ་འོངས་ཤིང་ལྷགས་པ་ཞེས་བྱ་བའི་དོན་ཏོ། །ཞི་བར་ནུས་པ་ནི་དེ་སེལ་བར་བྱེད་པའོ། །དཀའ་


DTG168_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བདེ་ལེགས་ཞེས་བྱ་བ་ལ། དང་གི་སྒྲ་ནི་རིགས་པ་ཡང་བསྡུ་བའོ། །སྒྱུ་མ་མཁན་ཞེས་བྱ་བ་ནི་མིག་འཕྲུལ་ལ་མཁས་པའོ། །མང་པོ་འདུས་པ་ནི་སྐྱེ་བོ་མང་པོའི་ཚོགས་སོ། །སླུ་བར་ནུས་ཞེས་བྱ་བ་ནི་གང་གིས་རྨོངས་པར་བྱེད་པ་ཡིན་པས་སླུ་བར་ནུས་པ་སྟེ། རྟ་དང་གླང་པོ་ཆེ་ལ་སོགས་པ་སྐྱེ་བོ་རྣམས་ཀྱིས་མཐོང་བའི་སྒྱུ་མ་བྱས་པའོ། །དཀའ་ཐུབ་ཉིད་མཐུ་ཡིན་པས་དཀའ་ཐུབ་མཐུའོ། །གྲུབ་པ་རྣམས་ཀྱི་གསང་སྔགས་ནི་གསང་སྔགས་གྲུབ་པའོ། །དཀའ་ཐུབ་ཀྱི་མཐུ་དང་གསང་སྔགས་གྲུབ་པ་ནི་དཀའ་ཐུབ་ཀྱི་མཐུའོ། །ཁ་ཅིག་ཏུ་ནི་གསང་སྔགས་གྲུབ་པས་ཞེས་ཀྱང་བརྗོད་དེ། དཀའ་ཐུབ་ཀྱི་མཐུ་གྲུབ་པ་ནི། དཀའ་ཐུབ་ཀྱི་མཐུ་གྲུབ་པ་སྟེ། དཀའ་ཐུབ་ཀྱི་མཐུས་གསང་སྔགས་གྲུབ་པ་ནི་དཀའ་ཐུབ་ཀྱི་མཐུའོ། །ཆོས་ཕྱིར་བདག་བློ་བསམ་མཐར་ཞེས་བྱ་བ་ནི་ཆོས་ཀྱི་བློས་སོ། །མངོན་དུ་བྱུང་ནས་ཞེས་བྱ་བ་ནི་གསལ་བར་སྟོན་པའོ། །སླར་ཡང་མི་སྣང་འགྱུར་ཞེས་བྱ་བ་ནི་མིག་ལམ་དུ་མི་སྣང་བར་གྱུར་པའོ། །བར་བར་མཁའ་ལ་འགྲོ་ཞིང་ཞེས་བྱ་བ་ནི། མི་སྣང་བར་འགྲོ་བ་ལས་ཀྱང་ནམ་མཁའ་ལ་འགྲོ་བའོ། །ས་འོག་ནུབ་པ་ཞེས་བྱ་བ་ནི། ཐོགས་པ་དང་བཅས་པ་ལ་ཐོགས་བ་མེད་པར་འགྲོ་བའོ། །མངོན་དུ་བྱུང་ནས་སླར་ཡང་མི་སྣང་འགྱུར། །ཞེས་བྱ་བ་འདིས་ནི་སྤྲུལ་པའི་རྫུ་འཕྲུལ་བསྟན་ཏོ། །བར་བར་མཁའ་ལ་འགྲོ་ཞིང་བར་བར་ས་འོག་ནུབ། །ཅེས་བྱ་བ་འདིས་ནི་འགྲོ་བའི་རྫུ་འཕྲུལ་བསྟན་ཏོ། །གསང་སྔགས་རྣམས་ཀྱི་མཐུ་ནི་གསང་སྔགས་ཀྱི་མཐུའོ། །གསང་སྔགས་ཀྱི་མཐུས་བྱས་པའི་སྟོབས་ནི་གསང་སྔགས་ཀྱི་མཐུ་སྟོབས་སོ། །རྣམ་པ་སྣ་ཚོགས་པའི་གསང་སྔགས་ཀྱི་མཐུ་སྟོབས་གང་ཡིན་པ་དེ་དག་ནི་གསང་སྔགས་ཀྱི་མཐུ་སྟོབས་རྣམས་སོ། །ང་རྒྱལ་བདོ་བའི་བློ་ཅན་ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་སོ། །ཁྲོས་པ་མ་མཆིས་ཞེས་བྱ་བ་འདིས་ནི་གང་སྔར་བསྟན་པའི་བདག་ཉིད་ཕུང་བྱེད་པ་སུ་ཞིག་གིས་ཞེས་བྱ་བའི་ཚིགས་བཅད་དེའི་དོན་མ་ཡིན་པ་ཉིད་དུ་བསྟན་ཏོ། །བྱམས་པ་མ་མཆིས་ཞེས་བྱ་བ་འདིས་ནི་གང་སྔར་བསྟན་པའི་ད་ལ་ཅུང་ཟད་དོགས་པའམ་ཞེས་བྱ་བའི་ཚིགས་བཅད་དོན་དེ་མེད་པ་ཉིད་དུ་སྟོན་ཏེ། དེ་ལྟར་ན་ཅིའི་ཕྱིར་འགྲོ་ཞེ་ན། སྨྲས་པ། ཆོས་ཀྱི་དོན་དུ་


DTG168_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞེས་བྱ་བ་ཡིན་ཏེ། གང་དུ་འགྲོ་ཞེ་ན། ནགས་སུའོ། ཇི་ལྟར་འགྲོ་ཞེ་ན། ངེས་པར་རོ། །གལ་ཏེ་འཆི་བདག་འོང་བར་གྱུར་ན་ཡང༌། ཇི་ལྟར་ལོག་པར་སྤྱོད་པ་ནི་ཆོས་མ་ཡིན་པའི་བདག་ཉིད་དེ། རྗེས་སུ་གདུངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི། ཅིའི་ཕྱིར། ཆོས་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་རྒྱུར་འགྱུར་ཞེ་ན། སྨྲས་པ། ཆོས་ཀྱི་ནགས་ཚལ་དག་ན་བདེ་བར་སྒྲུབ་དུ་མཆིས། །ཞེས་བྱ་བ་སྨོས་སོ། །བག་མེད་དྲེགས་དང་འདོད་ཆགས་ཞེས་བྱ་བའི་ཚིགས་བཅད་འདིས་ནི། ཁྱིམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པའི་ཕྱིར། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི། ཆོས་ཀྱི་དགྲ་ཡིན་པའི་ཕྱིར་དེ་དང་མི་མཐུན་པ་ཉིད་དུ་བསྟན་ཏོ། །ལས་རྣམས་མང་པོ་ཞེས་བྱ་བའི་ཚིགས་བཅད་ནི། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་ཉིད་དུ་བསྟན་ཏེ། སྡུག་བསྔལ་འབྱུང་བའི་གནས་ཞེས་བྱ་བ་འདིས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཉོན་མོངས་པ་ཉིད་དུ་བསྟན་ཏོ། །ཞི་བའི་ལམ་ནི་ཐར་པའི་ལམ་མོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པའི་ཕྱིར་ཆོས་དང་འགལ་བ་ཉིད་དོ། །ནགས་ན་ནི་ཀུན་ནས་ཉོན་མོངས་པ་གསུམ་པོ་དེ་དག་མེད་པའི་ཕྱིར། ནགས་ན་བྱ་བ་ངན་པ་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །ནགས་ན་བྱ་བ་ངན་པ་མང་པོ་བཏང༌། །ཞེས་བྱ་བ་འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ནགས་ན་མེད་པ་ཉིད་དུ་བསྟན་ཏོ། །བསོད་ནམས་འཐོབ་ཅིང་ཡོངས་སུ་བཟུང་བའི་སྡུག་བསྔལ་སྤངས་ལ་གཙང་ཞེས་བྱ་བ་འདིས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཏོ། །དེ་མེད་པ་ཉིད་ཀྱིས། གཙང་ལ་ཞི་བ་འབའ་ཞིག་བྱེད། །ཅེས་བྱ་བ་འདིས་ནི་བྱ་བ་ངན་པ་མང་པོ་བཏང་བ་དེའི་གཉེན་པོ་ཉོན་མོངས་པ་ཉེ་བར་ཞི་བ་འབའ་ཞིག་བྱེད་པའི་ཕྱིར་ཡང་ཆོས་ཡོངས་སུ་བཟུང་བ་ནི་ཉོན་མོངས་པའི་ཕྱོགས་ཡོངས་སུ་སྤངས་པའོ། །མགུ་བ་དང༌། གྲགས་པ་དེ་གཉིས་ནི་མཐོང་བའི་ཆོས་ཉིད་ཀྱིའོ། །མི་རྣམས་ཆོས་ཀྱིས་བསྲུངས་ཀྱིས་ནོར་དང་དཔུང་གིས་མིན། །ཞེས་བྱ་བ་འདིས་ནི་དོན་བཟློག་པའི་རྒྱུ་ཉིད་དུ་ཆོས་སྟོན་ཏེ། ནོར་དང་དཔུང་ནི་མ་ཡིན་ནོ། །ཞེས་བྱ་བ་སྟེ། སེམས་


DTG168_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། སེམས་ཅན་མ་ཡིན་པས་མི་བསྲུང་ངོ་ཞེས་པའོ། །ཆོས་ཀྱི་བདེ་བ་ཞེས་བྱ་བ་ནི། ཆོས་ཉིད་ཀྱིས་འདོད་པའི་དོན་སྒྲུབ་པ་ཉིད་དུ་སྟོན་ཏོ། །འཐོབ་ཅེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དབང་ཕྱུག་གོ །ཆོས་ཀྱི་བདག་ཉིད་ཅན་ནི་ཤི་ནའང་དགའ་བར་འགྱུར། །ཞེས་བྱ་བ་འདིས་ནི་འཆི་བའི་འཇིགས་པ་མེད་པ་ཉིད་དུ་སྟོན་ཏོ། །ངན་འགྲོའི་འཇིགས་པ་མེད་པར་འགྱུར། །ཞེས་བྱ་བ་འདིས་ནི་ངན་སོང་དུ་འགྲོ་བའི་འཇིགས་པ་མེད་པར་སྟོན་ཏོ། །འཆི་བའི་དུས་སུ་ངན་སོང་གི་འཇིགས་པ་མེད་པ་ནི་ཆོས་ལ་གནས་པའི་ཕྱིར་རོ། །ད་ནི་དེའི་རྒྱུ་བསྟན་པའི་ཕྱིར། ལས་ཀྱི་ཁྱད་པར་དག་ཀྱང་ཞེས་བྱ་བའི་ཚིགས་བཅད་སྨོས་སོ། །དགེ་བའི་མཚན་ཉིད་ཐ་དད་པ་ནི། སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ལས་ཀྱི་ཁྱད་པར་རོ། །སྡིག་པའི་ལས་ཀྱི་མཚན་ཉིད་ནི། སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་དང༌། སྦྱིན་པ་ལ་སོགས་པ་མེད་པའི་མཚན་ཉིད་དོ། །ཇི་ལྟར་དགེ་བ་དང་མི་དགེ་བའི་ལས་ཀྱི་ཁྱད་པར་ཐ་དད་པ་དེ་བཞིན་དུ། རྣམ་པར་སྨིན་པ་ཡང་ཐ་དད་པ་ཡིན་ཏེ། ཇི་ལྟར་ཞེ་ན་སྨྲས་པ། མི་དགེ་བས་ནི་ངན་སོང་དུ་ལྟུང་བ་ཡིན་ལ། བསོད་ནམས་བསགས་པས་ནི་བདེ་བའི་གནས་སུ་འགྱུར་ཏེ། བདེ་བའི་གནས་སུ་འགྲོ་བ་གང་ཡིན་བ་དེ་ནི་བདེ་བའི་གནས་སུ་འགྲོ་བའོ། །རྒྱལ་སྲིད་དཔལ་ཡང་རྩྭ་དང་འདྲ་བར་བོར། །ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ཆེན་པོ་ལ་ཡང་མ་ཆགས་པ་སྟེ། དེས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀའ་ཐུབ་ཀྱི་ནགས་ཚལ་དུ་གནས་པར་གྱུར་ཏོ་ཞེས་བྱ་བས་ནི་སྦྱོར་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །བསམ་གཏན་ནི་བསམ་གཏན་བཞིའོ། །ཚད་མེད་པ་ནི་བྱམས་པ་ལ་སོགས་པ་བཞིའོ། །སློབ་དཔོན་དཔའ་བོས་མཛད་པའི་སྐྱས་པའི་རབས་རྒྱ་ཆེར་བཤད་པ་ལས། ལྕགས་ཀྱི་ཁྱིམ་ནས་བསྐྱེད་པའི་སྐྱེས་པའི་རབས་སོ། །སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏཛ་ནཱར་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།