Nitartha Digital Library
Tibetan
 
previousའཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ། ཙནྡྲགོམིན།next

འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ།
ཙནྡྲགོམིན།


DTG169_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ལོ་ཀ་ཨཱ་ནནད་ནཱ་ཊ་ཀ་ནཱ་མ། བོད་སྐད་དུ། འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བུང་བའི་ཕྲེང་བ་མི་གསལ་སྒྲ་སྒྲོགས་རྐང་པ་འདབ་མ་རྣམ་བསྐྱོད་པས། །གེ་སར་ཁ་འབུས་རོ་བཅུད་དང་བཅས་རྡུལ་ཕྲན་ཚོགས་པས་ཁྱབ་གྱུར་ཅིང༌། །སྦྲང་རྩི་རྒྱ་ཆེན་ཐིག་ལེས་རྣམ་ཁེངས་མེ་ཏོག་ཐལ་མོ་སྦྱར་བ་འདིས། །བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་ཁྱེད་རྣམས་ལ་ནི་ཞི་བར་མཛོད། །གཞན་ཡང་བྱམས་པའི་ཐུགས་ནི་རྒྱ་ཆེན་དགའ་བས་མགུལ་ནས་ཡང་དག་འཁྱུད་གྱུར་པ། །ཁྱེད་ཀྱི་སྙིང་རྗེས་བདག་ཅག་ཀྱང་ནི་དེ་བཞིན་བཏང་སྙོམས་མཚུངས་མཛད་རིགས། །ལེགས་པའི་ལྷ་མོ་གྲགས་འཛིན་མཛད་བཞིན་བདག་ཅག་གིས་ནི་རྗེས་མི་འགྲོ། །བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་ཁྱེད་རྣམས་སངས་རྒྱས་རྟོགས་པར་ཤོག །རྫོགས་བྱང་ཆུབ་ལ་བདུད་ནི་ཁྲོ་བས་སྐད་ཅིག་གཞུ་བཀང་དེ་ཡི་སྡེ་ཚན་རྣམས། །གང་གིས་རྣམ་པར་བྲོས་པས་བུབ་ཅིང་ལོག་འདྲེན་ཞབས་ཀྱིས་མནན་ཏེ་མངོན་སྐད་འབྱིན། །ལུས་མེད་བུ་མོ་མྱོས་བྱེད་མ་རྣམས་མཆི་འཛག་འཆི་མེད་རྣམས་ཀྱིས་མཐོང་ནས་དགའ། །སྟོབས་བཅུ་མངའ་བའི་སྔོན་འགྲོ་གཞན་གྱིས་མི་ཐུབ་མས་ནི་ཁྱེད་རྣམས་སྐྱོད་བར་ཤོག །དགའ་བྱེད་ཀྱིས་མཆོད་པའི་མཐའ་ལས་མདོ་འཛིན་པའོ། །སྙན་ངག་ཙན་དྲཱ་དཱ་ཤ་ཡཱ། །ཟློས་གར་འཇིག་རྟེན་ཀུན་དུ་དགའ། །སྔོན་མེད་ཟློས་གར་རབ་སྦྱར་བས། །དེ་རིང་ཚོགས་ལ་བདག་གིས་སྟོན། །དེ་ནི་ངེས་པར་སྙན་ངག་ཉིད། །ཤར་ཕྱོགས་ཛཱ་ཏུ་ཀར་ཎའི་རིགས་ལས་ནི། །ལྷ་མོ་རྒྱལ་མ་ཡིད་ཀྱི་ཤིང་རྟ་ལས། །གང་འཁྲུངས་ཁུར་ནི་འཁུར་བར་མི་ནུས་ཀྱང༌།། དེ་ཡི་བུ་ཞེས་རབ་ཏུ་གྲགས་པ་ཐོབ། །གཞན་ཡང་རབ་འབྱམ་རྒྱན་དང་བཅས་ཤིང་ཚིགས་བཅད་རྐྱང་པ་མཁས་པའི་འཇུག་དོགས་རྒྱ་ཆེན་རྣམས། །གང་གིས་དངོས་པོ་གཅིག་གི་བརྗོད་བྱས་ལ་ཡང་རྒྱ་ཆེན་ཟད་པར་མི་འགྱུར་དང༌། །གང་གིས་བྱཱ་ཀར་ཎ་ནི་ཉུང་ཞིང་རབ་གསལ་ཡོངས་རྫོགས་གཞན་ཡང་མཛད་གྱུར་ནས། །འཇིག་རྟེན་ཆགས་དང་འཇིག་རྟེན་མུན་པའི་ཚོགས་ཆེན་རབ་ཏུ་འཇོམས་མཛད་གྱུར། །དེ་ནས་ད་ནི་རོལ་ཆ་དང་བཅས་ཏེ་རྩོམ་པ་ན་རེ་ཞིག་རང་གི་འཕགས་མ་ལ་བོས་ཏེ་ཀྱེ་འཕགས་མ་རེ་ཞིག་འདིར་བྱོན་ཅེས་སོ། །དེ་ནས་དེ་ནི་གདུང་བའི་ཤུགས་དང་བཅས་ཏེ་རབ་ཏུ་ཞུགས་ནས། ཀྱེ་འཕགས་མ་


DTG169_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འོངས་ས་བཀའ་བསྒོས་ཤིག་ཅེས་སོ། །མདོ་འཛིན་པ་ནས་ཀྱེ་འཕགས་མ་ཅིའི་ཕྱིར་ཁྱོད་སྡུག་བསྔལ་བར་བྱེད། ཟློས་གར་མ་ནས་ཅིའི་ཕྱིར་སྡུག་བསྔལ་བར་མི་འགྱུར་ཏེ། ཇི་ལྟར་ཁྱོད་ཀྱི་མིང་ཙམ་གྱིས་ཀྱང་ནི། །གནས་རྣམས་ཡང་དག་འདྲེན་ནུས་བུ་གཅིག་པོ། །ངེས་པར་བདག་ནི་རབ་ཏུ་བྱུང་ནས་ནི། །རང་ལུས་འབྲས་བཅས་བསྒྲུབ་པར་བྱ་ཞེས་སྨྲ། །མདོ་འཛིན་པ་ནས། འདི་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཟློས་གར་མ་ནས། ཀྱེ་འཕགས་པ། དེ་བྱང་ཆུབ་སེམས་དཔའ་མ་ཡིན་ནམ་མཁའ་ལས་ཀྱང་མ་ལྷུང་ཞིང༌། །རྣམ་པར་འཛིན་བྱེད་ཀྱི་མཐིལ་བརྟོལ་ནས་ཀྱང་མ་བྱུང་ངོ༌། །ཞེས་སྨྲ་ཞིང༌། གང་ཞིག་འདིར་སྙིང་རྗེ་སྐྱེ་བོའི་ཕྱིར་འཚོ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །མདོ་འཛིན་པ་ནས། འཕགས་མ་དེ་དེ་བཞིན་ཏེ། །བྱང་ཆུབ་སེམས་དཔའ་ཞེས་བྱ་ནི། །སྙིང་རྗེའི་ས་བོན་ལས་སྐྱེས་པའི། །བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས། །ཕ་རོལ་ཕྱིན་པའི་ཡལ་འདབ་རྒྱས། །དཔག་བསམ་ཤིང་བཞིན་དགོས་འདོད་རྣམས། །སྡུག་བསྔལ་བ་དེས་ཆོག་གོ །འདིའི་བསོད་ནམས་གྱི་སྟོབས་ལས་དེ་བཞིན་དུ་དཔལ་དུ་འབྱུང་བར་འགྱུར་རོ། །ཡང་དག་པའི་རོལ་མོ་རྩོམ་པར་མཛོད་ཅིག་དང༌། ཟློས་གར་མ་ནས། ཀྱེ་འཕགས་པ། འདིར་ཡང་དུས་གང་ལ་བརྟེན་ཡང་དག་པའི་རོལ་མོ་བརྩམ་པར་བགྱི། མདོ་འཛིན་པ་ནས། ཀྱེ་འཕགས་མ་འདིར་རེ་ཞིག་གསར་དུ་མངོན་པར་འབྱུང་བ་ལྷན་ཅིག་བྱེད་པའི་སྙིང་མའི་དྲིས་ཡོངས་སུ་ཁྱབ་པ་མེ་ཏོག་གི་ཕྲེང་བ་ལེན་པ་སྦྲང་རྩི་བྱེད་པའི་རིགས་ཀུན་དུ་དགའ་ཞིང་རྩེ་བ་མེ་ཏོག་གི་དུས་ལ་བརྟེན་ལ་གླུ་ལོང་ཞིག །འདི་ལྟ་སྟེ། པད་མོ་རྣམས་ནི་བ་མོས་རིགས་ཉམས་འོད་ལྡན་གང་ཞིག་ཤར་ནས་དབུགས་རྣམས་འབྱིན། །དེ་བཞིན་མཁས་པའི་ལྷོ་ཕྱོགས་རླུང་རྣམས་ཀྱིས་ནི་འཇིག་རྟེན་ཡང་དག་ཚིམ་པར་བྱེད། །ཕྱོགས་རྣམ་པ་ལཱ་ཤཱ་ཡི་ལྗོན་ཤིང་མེ་ཏོག་ཤ་དྲལ་བཞིན་དུ་ཤིན་ཏུ་དམར། །བསིལ་ཟེར་འོད་ཟེར་འགྲོ་བ་རྣམས་ཀྱི་གཙུག་གི་ནོར་བཞིན་གསལ་པོས་ཡང་དག་གནས། །ཡོལ་བའི་ནང་ནས་ངོ་མཚར་ཆེའོ་ངོ་མཚར་ཆེ་ཞེས་སོ། །མདོ་འཛིན་པས། རྣ་བར་ཐོས་ནས། འདི་སུ་ཞིག་ཡིན། ངེས་པར་བརྟགས་པས། ཀུན་ནས་ཤེས་ཏེ། རིག་འཛིན་མ་ཡིས་གཞོན་ནུ་གཙུག་ན་ནོར་བུ་འདི་མཐོང་ནས། རབ་དགའ་གཡོ་


DTG169_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རང་གི་ལག་པའི་པདྨ་གར་རྩེ་ཞིང༌། །ནམ་མཁར་རྐང་གདུབ་རྩེ་ལ་གོས་ཀྱི་འོད་ཟེར་རེག་གྱུར་ནས། །གངས་ལྡན་རི་བོའི་རྩེ་མོ་ལ་ནི་རབ་ཏུ་རྒྱུ་བར་བྱེད། །བདག་ཅག་རྣམས་ཀྱང་ཇི་ལྟར་མངོན་པར་འདོད་པ་ཕུན་སུམ་ཚོགས་པར་བརྩམ་མོ་ཞེས་ཟེར་ནས། གཉིས་པོ་ངེས་པར་ཞུགས་ཏེ། མངོན་དུ་ཕྱོགས་ནས་གནས་སོ། །དེ་ནས་རིག་འཛིན་མ་རབ་ཏུ་ཞུགས་ཏེ། གར་བྱེད་ཅིང་ཨ་ཙྪི་ཊཱ་ཨཾ་ཨཙྪི་རཱ་ཨཾ། གང་གིས་སྐྱེ་བོ་འདི་འདྲ་ས་ཆེན་སྟེང༌། །ལྷ་རྣམས་ཀྱིས་ཀྱང་ཤིན་ཏུ་མཐོང་བར་དཀའ། །རབ་ཏུ་དགའ་བས་གཞན་གྱི་དབང་གྱུར་པ། །དགའ་བའི་གྲོགས་མོ་པདྨ་བ་ཏཱི་ལ། །བདག་གི་ཁུར་ནི་ཡང་དག་གཏད་བྱས་ནས། །ནམ་ཞིག་འོང་བར་གྱུར་ཏེ་བདག་མི་ཤེས། །ཞེས་ནས་ཡོངས་སུ་ཞུགས་སོ། །གང་གིས་འོངས་པ་དང་འདུག་པའང་མི་དྲན་པར་དགའ་བའི་གྲོགས་མོའི་བསྟི་གནས་སུ་ཕྱིན་ཏེ་བདག་ཉིད་ངོ་མཚར་ཆེ་ནས་རབ་ཏུ་ཞུགས་སོ། །འདིར་ཇི་ལྟར་སྦྲང་རྩི་བྱེད་པའི་རྐང་པའི་ཁུར་གྱིས་མེ་ཏོག་རབ་ཏུ་རྒྱས་པའི་རྡུལ་གྱི་ཚོགས་པས་ཁྱབ་པའི་རྡོ་ལེབ་གྱི་སྟེང་ནཱ་ག་གེ་སར་གྱི་སྲང་ལམ་དུ་བྱས་པ་ལ་དགའ་བའི་གྲོགས་མོ་པདྨ་བ་ཏཱི་ནི་སྦྲང་གི་བུ་མོ་དང་ལྷན་ཅིག་ཏུ་གནས་ཤིང་ཅུང་ཟད་ཅུང་ཟད་སྨྲ་ཞིང་འཁོད་དེ། དྲུང་དུ་ཉེ་བར་ཉེ་བར་འོངས་སོ། །དེ་ནས་སྦྲང་གི་བུ་མོ་དང་པདྨ་ཅན་རབ་ཏུ་ཞུགས་ཏེ། པདྨ་ཅན་ནས། ཀྱེ་སྦྲང་རྩེའི་བུ་མོ་བདག་གི་སྙིང་མྱོས་པ་སྙམ་བྱེད་དོ་ཞེས་དགའ་བའི་གྲོགས་མོ་རིན་ཆེན་ཕྲེང་བ་མ་ལ་ལྟ་བར་བྱེད་ཅིང༌། ཅིའི་ཕྱིར་ན་དེ་ཙམ་དུ་ཡང་མི་འོང་བར་གྱུར། རིག་འཛིན་མས་ཉེ་བར་ཐོས་ནས་ཀྱེ་པདྨ་ཅན་སེམས་གཏོར་བར་མ་བྱེད་ཅེས་ཟེར། འདིར་དེ་དག་གཉིས་ན་རེ་ཨ་རེ་དགའ། ཨ་རེ་དགའ་ཞེས་སྨྲ་ཞིང་གཉིས་པོ་རྟབ་རྟབ་པོར་ལངས་སོང་ནས། ཨ་ཨི་ཅི་ཡིན་ཅི་ཡིན་རིག་འཛིན་མ་ནས་ཀུན་གྱི་ལྟ་བྱེད་རྣམས་ཀྱིས་བལྟ་བར་འོས་པ་བདག་གིས་མཐོང་སྟེ་མིག་གིས་འབྲས་བུ་ཐོབ་བོ། །གཉིས་པོ་ནས་ཁྱོད་ཀྱིས་ཅི་མཐོང་སྨྲོས་ཤིག །རིག་འཛིན་ལ་ནི་སླར་ཡང་དེ་ཉིད་སྨྲ་བར་བྱེད་དོ། །གཉིས་པོས་ཡང་འདྲི་ཞིང་རིག་འཛིན་མ་ལ་པདྨ་ཅན་རབ་ཏུ་འཁྱུད་དོ། །བདག་ནི་རབ་ཏུ་དགའ་བའི་གཞན་དབང་དུ་གྱུར་ཏེ། གལ་ཏེ་བདག་གིས་དབྱངས་ཅན་མ་ལ་བར་རྙེད་ན་སྨྲའོ། །གཉིས་པོ་ནས། ཁྱོད་ཀྱི་དགའ་བ་དེ་ཤིན་ཏུ་ལྕི་མོ་ཞིག་ཞུགས་པ་འདྲའོ། །རིག་འཛིན་མ་ནས་འདི་ནི་གཞན་མཐོང་ནས་ཀྱང་དེ་ལ་དགའ་བ་ཆེན་པོ་


DTG169_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །གཉིས་པོ་ནས་བདག་ཉིད་གཅིག་པོ་འགེགས་པས་ཆོག་གམ། བདག་ཅག་ལ་ཡང་ཆ་ཤས་ལེགས་པར་གོས་མཛོད། རིག་འཛིན་མ་ནས། བདག་གིས་མཐོང་བ་དུལ་བའི་མདངས་ལྡན་པ། །འོད་ཟེར་རབ་ཏུ་འདྲེན་པ་འཕྲོ་བ་ཅན། །ཕྱོགས་བཞི་ཆོས་རྣམས་མ་ལུས་སྒྱུ་རྩ་ལ་ཚོགས། །ཡོངས་སུ་ཞུགས་རྣམས་མིག་ནི་དགའ་བར་བྱེད། །གཉིས་པོ་ནས། ལེགས་ལྡན་མ་ཟླ་བ་འམ་ཅི་ཞིག །རིག་འཛིན་མ་ཁྲོས་ཏེ། དེ་བཞིན་དུ་བདག་གིས་མ་སྨྲས་པ་རང་མཆོག་གོ །ཀྱེ་འདི་ནི་རི་དགས་ཀྱིས་མཚོན་ཏེ། དེ་ལ་མཚུངས་པ་བྱེད་དམ། གཉིས་པོ་ནས། ཡང་ན་མྱོས་བྱེད་དམ། རིག་འཛིན་མ་ནས་གང་དེའི་སྦྱོར་བ་དང་བྲལ་ན་ཧཱུཾ་ཞེས་བྱེད་ཅིང་བྱིན་ཟའི་རྩེ་མོ་ཕྱེ་མ་ལེབ་དང་འདྲ་བ་ནི་དུ་བའི་མདངས་དང་ལྡན་ཞིང་མཛེས་པར་རབ་ཏུ་རྐྱོང་ངམ། གཉིས་པོ་ནས། གང་ཇི་ལྟར་ཡིན་པ་སྨྲོས་དང༌། རིག་འཛིན་མ་ནས་བདག་གིས་སྨྲ་བར་བྱ་ཡིས་དེ་ལེགས་པར་ཉོན་ཅིག །འདི་ནས་རིག་འཛིན་མ་སྐྱེ་བོའི་གཏམ་ཕན་ཚུན་སྨྲ་བ་ལས་གཞོན་ནུ་གཙུག་ན་ནོར་བུ་འདི་འདྲའོ་ཞེས་ཐོས་པས་ཡ་མཚན་ཆེ་ནས་དགའ་བ་དང་ལྷན་ཅིག་སཱ་ཀེ་ཏའི་གྲོང་ཁྱེར་དུ་བདག་གིས་ཕྱིན་ནོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱི་ལྷ་མོ་འོད་ཀྱི་བློ་གྲོས་མ་ལ་ཁྱེའུ་ཞིག་ཡང་དག་པར་འཁྲུངས་ཏེ། གཞན་གྱིས་བསྐྲན་པར་མི་ནུས་ཤིང་གཟུགས་དང་ཕུན་སུམ་ཚོགས་པས་རྣམ་པར་སྤྲས་པ་མཆོག་གི་སྙིང་རྗེ་ཅན་གང་འདོད་པ་ཀུན་སྦྱིན་བ་གཞོན་ནུ་གཙུག་ན་ནོར་བུ་ཞེས་པ་བདག་གིས་མཐོང་ངོ༌། །དེ་ཡང་མཐོང་བན་ཀུན་གྱིས་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་པ་གྲུབ་པའོ། །རྒྱལ་པོ་གང་ཞིག་གི་བུ་མོའི་ཆེད་དུ་བུ་མོ་དེའི་སྐུ་གཟུགས་དང་དབྱིབས་ཀྱི་བཀོད་པ་ཐང་ཀ་ལ་རི་མོར་བྲིས་ཏེ་ཁྱེར་བ་ལ་བར་དུ་རིག་འཛིན་མ་རྣམས་ཀྱིས་བརྐུས་ཏེ་འཁྱེར་བར་བྱེད་དོ། །གཉིས་པོ་མངོན་པར་འདོད་པ་འཕེལ་ཏེ། སླར་ཡང་དེ་གང་ན་ཡོད། རིག་འཛིན་མ་ནས། ནོར་འཛིན་འདི་ཉིད་ནའོ། །གཉིས་པོ་ནས། ཁྱོད་ནི་མཁའ་ལ་འགྲོ་བ་འབྲས་བུ་དང་བཅས་ཏེ་འཐོབ་བོ། །གང་ཇི་ལྟ་བ་དེ་བཞིན་དུ་མངོན་པར་འདོད་པ་ཡིད་འཕྲོག་པ་རྣམས་ཁྱོད་ཀྱིས་གང་བར་ཐོབ་བོ། །རིག་འཛིན་མ་ནས། ཀྱེ་མ་རིགས་དང་ཁྱེད་ཅག་གི་ཡང་མངོན་པར་འདོད་པར་ཡོངས་སུ་འགྱུར་གྱིས་སྦྲང་རྩིའི་བུ་མོ་ནས། གང་ལས་བདག་ཅག་ལ་འདིའི་སྐལ་པ་སུས་སྟེར་བར་བྱེད།


DTG169_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་མ་ནས། ཡང་སྐྱོན་གཅིག་འདུག་ཟེར། གཉིས་པོ་ནས། སྐྱོན་གང་ཡིན་སྨྲོས་ཤིག་རིག་འཛིན་མ་ནས། །གང་གིས་ན་དེ་ཁྱིམ་ཐབ་བྱ་བ་ལས་ཕྱིར་ཕྱོགས་སོ། །མཱ་དྷ་བཱི་དང་པདྨ་བ་ཏཱི་དག་ནས་འཇིག་རྟེན་ཡིད་བཞིན་གྱི་ནོར་བུ་ནི་ཤིན་ཏུ་དཀོན་ནོ། །བི་དྱཱ་དྷཱ་རཱི་ནས། བདག་གིས་ངོ་མཚར་ཆེ་བ་གཞན་ཡང་དྲན་ཏེ། ཡིད་བཞིན་གྱི་ནོར་བུའི་གཏམ་གྱིས་ཡིད་བཞིན་གྱི་ནོར་བུ་ནི་ཇི་ལྟ་བ་བཞིན་དུ་དེ་ལ་ལྷན་ཅིག་སྐྱེས་པའི་གཙུག་ན་ནོར་བུའོ། །མཱ་དྷ་བཱི་ནས་ཨ་ཙི་རཾ་ཨཾ་བིདྱ་དྷ་རི་ནས་ཅིའི་ཕྱིར་འདི་ངོ་མཚར་ཆེ། ནམ་མཁའི་སྤྱོད་ཡུལ་གྱིས་སྐྱེ་བོ་དེ་མཐོང་ངམ། མཱ་དྷ་བཱི་ནས། བདག་ཅག་གིས་མཐོང་བའི་ཐབས་འགའ་ཞིག་ཡོད་དམ། བིདྱ་དྷ་རཱི་ནས་མ་ཡིན་ཏེ་བདག་གིས་ཁྱེར་འོངས་སོ། །གཉིས་པོ་ངོ་ཚ་ཞིང་རྟབ་རྟབ་བོར་ཕྱོགས་རྣམས་སུ་བལྟ་ཞིང༌། དེ་གང་ན་གང་ན་ཞེས་སོ། །རིག་འཛིན་མས་བདག་གི་སྟོད་གོས་ཀྱི་གསེབ་ནས། ཐང་ཀ་ལ་རི་མོ་བྲིས་པ་དེ་ཕྱུང་ནས་བསྟན་ནོ། །གཉིས་པོ་ངོ་མཚར་ནས་ངེས་པར་བལྟས་ཏེ། གནས་ཚུལ་ནི་རིན་ཆེན་ཕྲེང་བ་མའི་ཕྱོགས་འདྲ་བ་ཞིག་གོ །མཱ་དྷ་བཱི་དང༌། པདྨ་བ་ཏཱི་དག་ནས། ཁྱོད་ཀྱིས་དོན་མེད་པའི་དགའ་བ་འཕེལ་བར་བྱས་ཏེ། ཁྱོད་བཞིན་དུ་ལེགས་པའི་ཉམས་དང་བཅས་སོ། །གྲོགས་མོ་དགའ་མ་བདག་སྐྱོན་ཅི་མཆིས་སྨྲོས་ཤིག །པདྨ་ཅན་ཡུན་རིང་དུ་ངེས་པར་བལྟས་ནས། འདི་ལ་སྐྱོན་ཅིག་མཆིས་སོ། །རིག་འཛིན་མ་ཁྲོས་ཏེ། སྐྱོན་གང་སྨྲོས་དང༌། པདྨ་ཅན་སྦྲང་གི་བུ་མོས་མཐོང་ནས་སྦྲང་གི་བུ་མོ་ནས། སྨྲ་བར་མི་ནུས་པའོ་ཞེས་ཟེར། རིག་འཛིན་མ་ནས། ཀྱེ་པདྨ་བ་ཏཱི་གདུང་བར་མ་བྱེད་ཅིག །ཁྱོད་ཀྱི་ཡང་བདག་གིས་ཐང་ཀ་ཅིག་རི་མོར་བྲིས་ཏེ་ལྷ་མོ་འོད་ཀྱི་བློ་གྲོས་མ་ལ་བྱིན་པ་དང༌། ཉེ་བར་བལྟས་ནས། དེ་ཡང་མངོན་པར་དགའ་ནས་འདི་ཙམ་ཞིག་བག་མ་དང་མནའ་མའི་གདོང་བ་མཐོང་ནས་ཞེས་སྨྲའོ། །འདིས་ལྷན་ཅིག་ཏུ་མནའ་མ་བྱས་ནས་ཤིན་ཏུ་སྤྲོའོ་ཞེས་སྨྲའོ། །པདྨ་ཅན་ཁྲོས་ཏེ། དགའ་བའི་གྲོགས་མོ་དེ་བཞིན་དུ་སྦྱོ་བར་རིགས་སམ། སྦྲང་གི་བུ་མོ་དགའ་ནས་དེ་ནས་དེ་ནས་ཞེས་ཟེར། རིག་འཛིན་མ་ནས། དེ་ནས་རྒྱལ་བོ་ཚངས་བྱིན་གྱིས་མངོན་དུ་མཐོང་ངོ༌། །གཉི་གར་གྱིས་བལྟས་ནས། སྨྲ་བ། འདི་ནི་གཞོན་ནུ་རྗེས་སུ་རྗེས་སུ་འོངས་སོ། །འོན་ཀྱང་བྱེད་པ་པོའི་དབང་ལས་སོ། །དེ་ནས་གཉིས་པོས་རི་མོ་བྲིས་པ་མངོན་དུ་བལྟས་ནས། གང་ན་སྤྱོད་


DTG169_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་གཞོན་ནུ་ལ་སྟོན་དུ་བཅུག་གོ །དེ་ནས་དེས་ཡུན་རིང་དུ་བལྟས་ནས། ཤུགས་ནར་བྱུང་ངོ༌། །མཱ་དྷ་བཱི་ནས། དེའི་མཚན་ཉིད་ནི་གང་ཡིན་རིག་འཛིན་མ་ནས། ལྕི་བའི་སྐྱེ་བོ་ནི་རྗེས་སུ་ཆགས་སོ་ཞེས་པའོ། །པདྨ་བ་ཏཱི་ནི་གང་མཉན་པར་བྱ་བ་མཉན་ནས་ངུས་སོ། །རིག་འཛིན་མ་ནི་དེས་སྐྲག་ནས། །ཇི་ལྟར་བདག་གི་བདུད་རྩིའི་ཆར་བྱིན་པས། །དུག་གིས་རྣམ་པར་ཁྱབ་པར་གྱུར། །དེ་འདིས་སླར་ཡང་ཇི་ལྟར་བཅོས་པར་བྱ། །ཞེས་སོ། །ཡོལ་བའི་ནང་དུའོ། །དེ་བཞིན་དུ། དེ་རྣམས་གཅིག་ཏུ་འདིར་སུ་འོང་ངམ་སྙམ་མོ། །དེ་ནས་དྲང་སྲོང་དཔོན་སློབ་གཉིས་རབ་ཏུ་ཞུགས་སོ། །གཉིས་པའོ། །བུའི་རང་བཞིན་མཉེས་གཤིན་པ། །ཡིད་གདུང་གང་གིས་མི་ཤེས་པ། །དེ་ཉིད་གཅིག་པུ་སྐྱེས་བུ་སྟེ། །འཇིག་རྟེན་ན་ནི་བདེ་མཆོག་ཐོབ། །སྤྱོད་པའི་བུ་ནས། བུ་མོ་པདྨ་ཅན་མ་བ་ཏཱི་མེ་ཏོག་ཐུར་སོང་བ་ལས་ཅི་སྟེ་ཡུན་རིང་དུ་འགོར་རོ། །ཅིའི་ཕྱིར་ཁྱབ་འཇུག་གིས་ནི་མཚོན་བྱེད་མ་ཞེས་སྟོབས་ཀྱིས་ཁྱེར་རམ། ཚ་ཟེར་བྱེད་པས་ཟླ་བའི་ཆ་ཞེས་མི་བཟོད་འོད་ཀྱིས་རང་ཉིད་རྣམ་ཞུགས་སམ། ཡང་ན་རིག་འཛིན་ཐབས་དང་ཕྲད་ནས་རིག་འཛིན་ཡིན་ཞེས་ཕྱག་བྱས་ཁྱེར་གྱུར་ཏམ། འདི་ལས་བདག་གིས། སེམས་འདི་རང་དབང་མེད་པར་ཡང་དག་རབ་ཏུ་མྱོས་པར་གྱུར། སློབ་མས་སྨྲས་པ། ཀྱེ་མཁན་པོ་དེ་ལྟར་སེམས་གདུང་མི་འཚལ། མཁན་པོའི་མཐུ་སྟོབས་ནི་ས་གསུམ་ན་སུས་ཀྱང་འདའ་བར་མི་ནུས་སོ་ཞེས་ཟེར་ནས་གཉིས་པོ་ཡོངས་སུ་ཞུགས་སོ། །དྲང་སྲོང་གིས་ཕྱོགས་རྣམས་སུ་བལྟས་ཏེ། མཆི་མ་འཇག་ཅིང༌། གལ་ཏེ་བུང་བའི་རིགས་ཀྱི་ལུས་ནི་རྣམ་ཁེབས་ཟླ་རྣམས་བྲལ་གྱུར་ནས། །གདུང་བས་ཞུགས་ཤིང་ཚང་ཚིང་གིས་སྒྲིབ་ཁྲོན་པ་རྣམས་སུ་ལྷུང་བའམ། །ཡང་ན་ཟླ་དང་འཐབས་པས་དེའི་མི་བཟོད་བརྩེ་ཞིང་རྒྱུག་པས་ལྷུང༌། །ཡང་ན་བྱིས་པ་གཅིག་པུར་དུ་འམ་བདག་ནི་ཤིན་ཏུ་གདུང་བར་བྱེད། །ཐམས་ཅད་ཀྱིས་མཉམ་དུ་ཐོས་ཤིང་མཐོང་ནས་རྟབ་རྟབ་པོར་གྱུར་ནས། རིག་པ་འཛིན་མ་ནས་ཡབ་ཡིན་ནམ་ཇི་ལྟར་ཡིན་ཞེས་ཟེར་རོ། །པདྨ་ཅན་དང་སྦྲང་གི་བུ་མོ་དག་ངོ་ཚ་དང་བཅས་བཞིན་དུ་བདག་ཅག་གིས་ཇི་ལྟར་སྨྲས་པ་ཡབ་ཀྱིས་ཐོས་སོ་ཞེས་ཟེར། པདྨ་བ་ཏཱི་ནས་སྦྲང་ཤིང་ཚང་ཚིང་འདིའི་ནང་དུ་ཞུགས་ན་ཡབ་ཀྱིས་མ་མཐོང་བ་ཕྱིར་ལོག་པ་སྲིད་དམ་སྙམ་ནས་ཞུགས་སོ། །རིག་འཛིན་མ་


DTG169_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟབ་རྟབ་པོར་ཉེ་བར་བཏུད་དེ། ཕྱག་བྱས་སོ། །དྲང་སྲོང་ནས། དགེ་བར་གྱུར་ཅིག་ཟེར། བྲིས་སྐུ་དེ་མཐོང་ནས། བུ་མོ་རིན་ཆེན་ཕྲེང་བ་མ་འདི་ཅི་ཡིན་ཟེར། རིག་འཛིན་མ་ནི་སྐྲག་ནས་བདག་ནི་ངེས་པར་འཇིགས་པས་ན་སྨྲ་མི་ནུས་སོ། །ཡབ་ཉིད་ཀྱིས་ཏིང་ངེ་འཛིན་གྱིས་དེ་བཞིན་དུ་མངོན་དུ་མཛོད་ཅིག་ཟེར། དྲང་སྲོང་གིས་བསམ་གཏན་བསྒོམས་སོ། །རིག་འཛིན་མ་ནི་ཤིན་ཏུ་འཇིགས་པར་གྱུར་ཏེ། འདིར་ཡབ་ཀྱིས་ཅི་སྨྲའམ་སྙམ་མོ། །དྲང་སྲོང་ནས་བུ་མོ་འཇིགས་པ་དེས་ཆོག་གོ །ཀྱེ་འདི་ལ་ཇི་ལྟ་བ་དེ་བཞིན་བདག་དབང་ཆེའོ་ཞེས་ཟེར་ཡང་ཐམས་ཅད་དགའ་བ་དང་བཅས་པར་གྱུར་ཏོ། །བདག་ཅག་རྣམས་འདིས་དབུགས་ཕྱུང་སྙམ་མོ། །དྲང་སྲོང་ནས། སྔོན་ནས་འདི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ནི་ཉེ་བར་ཐོས་ཏེ། །མངོན་པར་འདོད་པ་འདི་ནི་མཆོག་ཡིན་ནོ། །རིག་འཛིན་མ་ནས། ལེགས་ལྡན་གྱིས། བདག་ཅག་རྣམས་རྗེས་སུ་བཟུང་ངོ༌། །སྦྲང་གི་བུ་མོ་ནས། ཀྱེ་པདྨ་བ་ཏཱི། ཐེ་ཚོམ་དེས་ཆོག་དོན་རྣམས་གྲུབ། །ཡིད་ཀྱི་ཤིང་རྟ་ལས་བྱུང་བའི། །ངེས་པར་དཀའ་ཐུབ་སྐྱེ་བོ་ཡི། །མངོན་པར་འདོད་འབྲས་མེད་མི་འགྱུར། །དྲང་སྲོང་ནས། བདག་ཉིད་ཆེན་པོ་འདིར་འོངས་པ། རེ་ཞིག་རི་མོ་ལས་ཐོབ་པའང་མཆོད་པར་འོས་པར་བྱའོ་ཞེས་སྨྲ། རིག་འཛིན་མ་ནས་མེ་ཏོག་བླངས་ནས་ཕུལ་ལོ། །དྲང་སྲོང་གིས་དེ་ལ་ཕུལ་ཏེ་ངེས་པར་བལྟས་ཏེ། ཨེ་མ་མཁས་པ་ཞིག་གིས་བྲིས་སོ། །འདི་ལྟ་སྟེ། ཡང་དག་གནས་ཀྱིས་རབ་དབྱེ་འདུག་སྟངས་ལྟ་ཚུལ་དང༌། །ཕྲ་སྦོམ་ཟུག་དང་མཐོ་དམའ་རྩིག་པའི་ཆ་རྣམས་དང༌། །ཞིབ་ཚགས་རྣམ་དག་མིག་ནི་རབ་ཏུ་གཡོ་བ་འདྲ། །ཡ་མཚན་རི་མོ་དག་ནི་ངེས་པར་སྨྲ་བ་བཞིན། །ཨེ་མ་བདག་གི་བུ་མོ་ནི་ཡིད་ཀྱི་ཤིང་རྟ་རབ་ཏུ་དགའ་བར་ཆགས་སོ། །འདི་ལྟ་སྟེ། བདག་ཉིད་ཆེན་པོ་དེ་ཉིད་ནི། །ཡུལ་རྣམས་ལ་ནི་ཁ་ཕྱིར་ཕྱོགས། །གང་གིས་དེ་ཕྱིར་གུས་པ་ཡིས། །འདི་ནི་ཇི་ལྟར་འབྱུང་བར་འགྱུར། །བུ་མོ་རིན་ཆེན་ཕྲེང་བ་མ་ཡང་ཁྱོད་ཀྱི་གྲོགས་མོ་དགའ་མ་དག་གང་ན་ཡོད་ཤེས་སམ། རིག་འཛིན་མ་ནས། ལེགས་ལྡན་ཁྱོད་ཉིད་མཐོང་ནས་ཚང་ཚིང་གི་ཁང་བ་འདིར་ཞུགས་སོ། །དྲང་སྲོང་ནས། པདྨ་བ་ཏཱི་ཁྱོད་ཀྱིས་ཇི་ལྟར་ངོ་ཚ་ཡང་བསླབས་སམ། བུ་པདྨ་ཅན་འདིར་ཤོག །པདྨ་ཅན་ནི་ངོ་ཚ་བས་འདར་ཞིང༌། ཉེ་བར་ཕྱིན་ཏོ། དྲང་སྲོང་གིས་པདྨ་ཅན་


DTG169_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྟེ། འཚེར་ངོ་དེས་ཆོག་གོ །ཡིད་ཆེས་སེམས་ནི་ཐེ་ཚོམ་མེད་པར་ལྟ་བྱེད་ཅིང༌། །ལུས་ནི་རྣམ་པར་གཡོ་མེད་བརྟན་ཞིང་བཀུར་འདོད་མེད། །བྱིས་པའི་བློ་གྲོས་ཇི་བཞིན་ཁྱོད་ཀྱིས་རབ་དགར་འགྱུར། །རང་བཞིན་གྱིས་མཛེས་བརྟན་མ་ཅིའི་ཕྱིར་འདི་ངོ་ཚ། །པདྨ་བ་ཏཱི་ནི་ཕྱག་འཚལ་ལོ། །དྲང་སྲོང་ནི་སྤྱི་བོ་ལ་ཉེ་བར་གཏུགས་ཏེ་མངོན་པར་འདོད་པ་སླར་ཐོབ་པར་གྱུར་ཅིག་ཅེས་ཟེར། རིག་འཛིན་མ་གང་གི་སྐྱེ་བོར་གནས་པས་ཀྱེ་དགའ་བའི་གྲོགས་མོ་བྱེད་པ་པོ་ཡིན་ནོ། །གཞན་དུ་ལེགས་ལྡན་གྱིས་དབྱངས་ཅིའི་ཕྱིར་འཇུག་པར་འགྱུར། བདག་ཀྱང་དོན་འདི་ལ་དེ་བཞིན་དུ་མངོན་པར་ཆགས་སོ། །དྲང་སྲོང་སློབ་མ་བྲམ་ཟེ་ནས་ཀྱེ་མཁན་པོ་མྱུར་དུ་མཛོད། རིག་བྱེད་ཀྱི་དུས་ཚོད་ལ་སོང་ངོ༌། །དྲང་སྲོང་ནས། ཇི་ལྟར་ཉི་མ་གུང་གི་དུས་ལ་ཉེ་བར་འོང་ངམ། འདི་ལྟ་སྟེ། ད་ནི་རབ་ཤིང་གི་གྲི་བམ་རྣམས་ལ་རིག་འཛིན་རྣམས་བསྙེལ་བསོའི་མཐའ། ལྗོན་པའི་བསིལ་གྲིབ་འོག་ཏུ་རི་དགས་རྣམས་ནི་སྐྱུག་ལྡད་བྱེད་ཅིང་གནས་པ་དང༌། བཙུགས་ཤིང་ཡུར་ཆུ་རྣམས་ཉལ་ཞིང་གནས་པ་དང༌། བཙུགས་ཡུ་འགྲོ་མེད་རྩེ་མོ་རྣམས་ལ་ལྷ་ཡི་སྲེག་རྫས་རྣམས་ཀྱི་དུ་བ་ཡང་དག་འཁྲིགས། །དཔལ་ལྡན་ཆགས་བྲལ་བསོད་ནམས་མཆོག་གི་མངོན་བརྗོད་པ། །མ་ལུས་ས་སྟེངས་གྲགས་པས་འགྲོ་བ་གཅིག་ཉིད་རྒྱལ། །གང་ཞིག་ཟློས་གར་རང་དབང་ནོར་གྱིས་རབ་དགའི་གར། །དཔལ་ལྡན་ཙནྡྲ་གོ་མིའི་སྙན་ངག་ལེན་ཞིང་གནས། །འདིར་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་དང་པོ་རྫོགས་སོ།། །།དེ་ནས་སྔ་འཇུག་མ་རབ་ཏུ་ཞུགས་ཏེ། འདིར་ནི་རྒྱལ་རིགས་ལྷའི་འཇིག་རྟེན་འདྲ་བར་མཐོང༌།། རི་མོའི་བག་མའང་བག་མའི་ལྟད་མོ་འདི་བཞིན་ན། །གལ་ཏེ་འདི་ནི་བདེན་པ་ཡིན་ན་ཇི་ལྟར་འགྱུར། །དེ་ཅི་གཞན་དུ་འདི་ནི་སྔོན་མེད་མཐོང་བར་འགྱུར་ཞེས་ཟེར་ནས་ཡོངས་སུ་བལྟ་ཞིང་ཞུགས་སོ། །རྒྱལ་ཕྲན་གྲོང་མཐའི་ཤིན་ཏུ་མཛེས་མ་རྣམས། །འདི་རྣམས་འདིར་ནི་དེ་བཞིན་རྣམ་པར་སྤྲས། །རྒྱན་གྱི་འོད་ཟེར་འདི་བཞིན་འཕྲོ་བ་ཡིས། གྲོང་བར་རྣམ་ཁེངས་གོས་དམར་གར་བྱེད་བཞིན། །དེ་ནས་ཇི་ལྟར་དགའ་བའི་གྲོགས་མོ་ལོ་མ་ཅན་གྱིས་མཐོང་ནས་ངེས་པར་བལྟས་ཤིང་འདིར་ལོ་མ་ཅན་དང༌། དེ་བཞིན་དུ་གར་བྱེད་ཅིང་འོངས་སོ། །དེ་ནས་ལོ་མ་ཅན་རབ་ཏུ་ཞུགས་ཏེ། ཀྱེ་ཀུན་ད་ཁྱོད་ཉོན་ཅིག་གསུང༌།


DTG169_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེན་དུ་བག་མའི་ལྟད་མོལ་བཏང་སྙོམས་སུ་བྱེད་པ་ཅི་ཡིན། ཀུན་ཏ་ལི་ཀ་ནས་ཀྱེ་ཧཉ་ཛེ་ལོ་མ་ཅན་ལྷ་མོས་ནི་བག་མ་ལྟད་མོར་བྱས་མོད་ཀྱི། འོན་ཀྱང་གཞོན་ནུ་འདིར་སླར་འཇུག་གམ། དེ་ནས་བདག་གིས་ཡིད་ཕྱིར་མི་ལྡོག་པར་བྱེད་དོ། །ལོ་མ་ཅན་ནས། གང་གི་སྐྱེ་བོ་ལྕི་བའི་བཀའ། །ནམ་ཞིག་གཞོན་ནུས་འདའ་བྱེད་དམ། །རིན་ཆེན་འབྱུང་གནས་དུས་རླབས་ཀྱིས། །ཅི་སྟེ་མཚམས་ལས་འདའ་འགྱུར་རམ། །ཀུན་ཏ་ནས། འདིར་ལྷ་མོ་ཉིད་ཚད་མའོ། །ལོ་མ་ཅན་ནས། གཞོན་ནུ་གཉེན་གྱི་སྤྱོད་ཡུལ་དུ་འདུག་པ་འདི་རྣམས་སོང་ངམ། ཀུན་ཏ་ནས་མ་སོང་སྟེ་འདི་བཞིན་འཇུག་པ་གཞོན་ནུ་ལ་སྨྲ་བ་ནི་ལྷ་མོ་འོད་ཀྱི་བློ་གྲོས་མ་ནས། བདག་ལ་འཕགས་པའི་གཽ་ཏ་མའི་ཉེ་འཁོར་ལྟོས་ལ་འཕགས་པ་གཽ་ཏ་མ་ལ་སྨྲོས་ཤིག །དེ་ཡང་འདི་བཞིན་དུ་གྲོགས་པོས་བྱས་པ་ལ་ཆགས་པ་ཡིན་གྱིས་ཞེས་ཟེར་རོ། །ལོ་མ་ཅན་ནས། ཇི་ལྟར་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་ཏེ། ཐམས་ཅད་ཀྱང་རང་གི་གར་རྩེ་བར་བྱེད་ཅིང་གཉིས་པོ་ཡང་གར་བྱེད་དོ། །ལོ་མ་ཅན་ངེས་པར་བལྟས་ནས། ཀྱེ་དེ་བཞིན་ཡིན་ན་འདིར་འཕགས་པ་གཽཏ་མས་ལེགས་ལྡན་མའི་སྤྱོད་པའི་རྗེས་སུ་འགྲོ་ཞིང་དེ་བཞིན་འདིར་སླར་འོང་ངམ་ཟེར་ནས། དེ་ནས་ལྷ་མོ་འདི་དག་བདག་ཅག་གིས་སྨྲར་དེང་ངོ་ཞེས་དེ་དག་སོང་སྟེ་རབ་ཏུ་ཞུགས་སོ། །དེ་ནས་རྩེད་གྲོགས་བཞད་གད་པ་རབ་ཏུ་ཞུགས་སོ། །ན་མཉམ་དགའ་བ་ཐུབ་པའི་སྐྱེ་བོའི་རྗེས་སུ་འཇུག་ཅིང་ཡང་དག་པར་སྤྱོད་པ་ལ་ལྷ་མོ་འོད་ཀྱི་བློ་གྲོས་མའི་སྐྱེས་འདིའོ། །བདག་ཅག་གི་སྙིང་ལ་ཟུག་རྡུར་གནས་ཏེ། དེའི་རི་མོར་བྲིས་པ་ལ་ཡང་བག་མའི་ལྟད་མོ་འདི་སྨྲ་ཞིང༌། བག་མའི་མཚན་ཉིད་དོ། །འདིར་བལྟས་ནས་སླར་ཡང་ཇི་ལྟར་འཇུག་པར་འགྱུར་བ་དེ་ལྟ་དེ་ལྟར་འདིར་ཡང་དེའི་བློ་རྣམ་པར་འབྱེད་པར་བྱ་སྟེ། གལ་ཏེ་འཇིག་རྟེན་ཕ་རོལ་དུ། །བདག་ཅག་འདས་པར་གྱུར་ན་ཡང༌། །རིགས་རྒྱུད་རྣམ་པར་ཆད་གྱུར་ནས། །མཚུན་ལ་ཆུ་བཞིན་རྣམ་པར་འཆད། །ཡང་ཇི་ལྟར་སྨྲས་ན། ཉམས་དགའ་བའི་བྱ་བ་འགྲུབ་པར་འགྱུར་སྙམ་ནས་ངེས་པར་བལྟས་པ་ནས། །དེར་མཉམ་དགའ་བའི་སྔར་འཇུག་པ་མཉྫུ་རབ་ཏུ་དགའ་བའི་སྐྱེད་མོས་ཚལ་ནས་འཐོན་བྱུང་ངོ༌། །རེ་ཞིག་འདི་ལ་དྲིའི་སྙམ་སྟེ། ཀྱེ་མཉྫུ་ལ་ན་མཉམ་དགའ་བ་གང་ན་ཡོད། ནམ་མཁའ་ལ་ཁྱོད་ཅི་


DTG169_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྨྲ། དེ་འདི་ན་རབ་ཏུ་དགའ་བའོ། །ཚལ་ན་བཞུགས་སོ། །དེར་ཉེ་བར་འགྲོ་བར་བྱའོ་ཞེས་རབ་ཏུ་ཞུགས་ནས་བལྟས་པ་ན་གང་ཞིག་སྦྲང་རྩི་བྱེད་པའི་གཤོག་པའི་རླུང་གིས་རབ་ཏུ་བསྐྱོད་ན་མེ་ཏོག་རྣམས་ནི་ཁ་བྱེ་ཟེ་འབྲུའི་རྡུལ་དུ་འཁྲིགས་ཤིང་གདོང་ན་བུང་བ་རྣམས་ནི་ཛྷཾ་སྒྲོགས་ཤིང་འཁོར་བས་འཁྲིགས་སོ། །ན་མཉམ་དགའ་བ་མ་མཐོང་ནས། མཉྫུ་ལས་འདི་ན་བཞུགས་ཟེར་ཏེ། གལ་ཏེ་གདུག་པ་ཅན་གྱི་རིག་འཛིན་མས་འདི་ནས་བརྐུས་ཏེ། ཁྱེར་བ་མ་ཡིན་ནམ་ཞེས་སྨྲས་པ་ན། རིག་འཛིན་མ་རབ་ཏུ་ཞུགས་ཏེ། མྱ་ངན་དང་བཅས་ནས། ཇི་སྲིད་བདག་ཅག་གིས་དགའ་བའི་གྲོགས་མོ་ལ། གཞོན་ནུའི་ཚུལ་འདི་ཉེ་བར་སྨྲས་གྱུར་པ། །དེ་ནས་དགའ་གྲོགས་པདྨ་བ་ཏཱི་ལ། །མགོ་ལ་ཟུག་རྔུ་ཡང་དག་སྐྱེས་པར་གྱུར། །ལུས་ནི་ཉལ་བ་ཙམ་ཐོབ་པ་མ་ཡིན་པ་ཤིན་ཏུ་གདུང་བ་འཕེལ་བར་གྱུར་ཏེ། གྲོགས་མོའི་སྐྱེ་བོ་ཡང་ཤིན་ཏུ་གདུང་བར་བྱེད་དོ། །སྐབས་དེར་དགའ་བའི་གྲོགས་མོ་སྤངས་ཏེ། འོངས་ཀྱང་མ་འོངས་པ་ཇི་ལྟ་བ་བཞིན་ནོ། །གཞོན་ནུའི་ཐུགས་ཀྱང་ཤིན་ཏུ་གདུང་བར་བྱས་སོ་སྙམ་ནས། ལྟ་ཞིང་གཞོན་ནུའི་ན་མཉམ་མཐུན་པ་དེ་བལྟས་ནས་རེ་ཞིག་བར་དུ་འདི་གང་དུ་འགྲོ་བལྟ་བར་བྱའོ་སྙམ་མོ། །བཞད་གད་པས་བལྟས་ཏེ་འདི་ན་རེ་ཞིག་རྩེད་མོའི་རིའི་སྟེང་ན་ཆུའི་འཁྲུལ་འཁོར་སྟེང་དུ་འབབ་ཅིང་རབ་ཏུ་གཡོ་བ་དབའ་རླབས་ཛྷ་རིའི་སྒྲ་འབྱིན་པའི་སྟེང་ན་ན་མཉམ་མཐུན་པ་བལྟ་བར་བྱའོ་ཞེས་སྟེང་དུ་ཕྱིན་ཏེ། གར་བྱེད་ཅིང་ཧཱི་ཧཱི་བྷོ་ཞེས་སོ། །དེ་ནས་མྱ་ངན་མེད་པའི་ཚལ་གྱི་རིན་ཆེན་རྡོ་ལེབ་ཡངས་པའི་སྟེང་ན་ཅུང་ཟད་སྨྲ་བར་བྱེད་ཅིང་བཞུགས་ནས་མཆིས་སོ། །ཉེ་ལོགས་སུ་ཕྱིན་ནོ། །རིག་འཛིན་མ་ནི་འདིར་རེ་ཞིག་གཞོན་ནུ་དག་ཡིད་ཆེས་པའི་གཏམ་གང་ཡིན་མཉམ་པར་བྱའོ་སྙམ་མོ། །དེ་ནས་རབ་ཏུ་ཞུགས་པ་ན་འདྲེན་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ༌། །ཤུགས་ནར་ཕྱུང་སྟེ་ཀྱེ་མ་འཇིག་རྟེན་རྣམས་ནི་ཡུལ་ལ་མངོན་པར་ཞེན་པར་འགྱུར་ཏེ། གང་དེས་ཕྱིན་ཅིང་འགྲོ་བ་གང་ཞིག་ལན་བརྒྱར་སྐྱེས་གྱུར་པ། །བདེ་བ་གང་དེ་ལན་ཅིག་མ་ཡིན་མངོན་དུ་མ་གྱུར་མེད། །དཔལ་མོ་གང་དེར་མཛེས་པའི་རྡ་མ་གཡོ་ཞིང་དགོད་པ་ལྟར། །གང་ཞིག་མ་ཐོབ་མེད་ཅིང་སླར་ཡང་དེ་ལ་དེ་བཞིན་ཆགས། །བཞད་གད་ཉེ་བར་མཉེན་ཏེ་ཁྱོད་ཀྱི་བདེ་ལེགས་འཕེལ་གྱུར་ཅིག །འདྲེན་པ་ནི་དེ་བཞིན་དུ་ཤློ་


DTG169_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དེ་ཉིད་ཀློག་པར་བྱེད་དེ། རིག་འཛིན་མ་ནི་རྔ་བརྡུང་ཞིང་གྲོགས་དགའ་མ་ལ་མཚུན་གྱི་ཆུ་འབྱིན་ནོ་ཞེས་སོ། །བཞད་གད་པ་ནས། ཀྱེ་བྲམ་ཟེ་ཤིས་པར་བརྗོད་པའི་ལན་གནང་བར་མཛོད་ཟེར། འདྲེན་པ་ཇི་ལྟར་གཽ་ཏ་མའམ། །ན་མཉམ་བདེ་བར་འགྱུར་ཏམ། འདིར་ཞུགས་ཤིག །བཞད་གད་པས་རང་ཉིད་བསམས་ཏེ། ཇི་སྲིད་དུ་ཡང་ན་མཉམ་མཐུན་པ་ཅི་ཟེར་ཉན་ཞིང་བརྟགས་པན་ཤིན་ཏུ་ལྕི་ཞིང་དེ་ཡང་དག་པར་མི་དགའོ། །དེ་ནས་རེ་ཞིག །འདི་ལྟར་ལྷ་མོའི་སྐྱེས་སྨྲ་བའི་སྐབས་མ་རྙེད་དོ། །དེ་བཞིན་རེ་ཞིག་སྨྲའོ་སྙམ་ནས་གསལ་བར། ཀྱེ་ན་མཉམ་དགའ་བ་གཟིགས་གཟིགས། །འདི་ལྟར་ཐང་ཤིང་ལྗོན་པའི་དྲ་བ་ཡི། །བུ་ག་ལས་བྱུང་པདྨའི་འདབ་མར་ནི། །སྦྲང་རྩིས་མྱོས་པའི་བུང་བས་གླུ་ལེན་ཅིང༌། །པདྨའི་སྟེང་ན་ཆུ་རྒྱུན་རབ་ཏུ་འབབ། །རིག་འཛིན་མ་ནི་ལེགས་སོ། །གཽ་ཏ་མ་ལེགས་སོ། །བདག་ཅག་ལ་རྗེས་སུ་བརྩེ་བར་མཛད་དོ་སྙམ་མོ། །འདྲེན་པ་ནས། ན་མཉམ་འདིར་ཅི་ཞིག་ལྟ། །ཀུན་ཀྱང་བྱེ་ཞིང་རྒྱས་ལྡན་པ། །གེ་སར་ངེས་པར་ལྟུང་བ་ཡིས། །འགྲོ་རྣམས་གནས་ཤིང་མི་རྟག་པ། །ཇི་ལྟར་འདི་ཡིས་གསལ་བོར་སྨྲས། །རིག་འཛིན་མ་ནི་ཇི་ལྟར་གསུང་བ་ཐོས་ནས་བདག་ཉིད་ཤིན་ཏུ་གདུང་བར་བྱེད་དོ། །བཞད་གད་པས་རང་ཉིད་བསམས་ཏེ་གཞན་གང་ཡིན་སྨྲའོ་སྙམ་སྟེ། རབ་ཏུ་གསལ་བར་ཀྱེ་གཞན་ཡང་འདི་ལྟ་སྟེ། སྦྲང་རྩི་བསྟེན་ཞིང་ཆུའི་འཁོར་རབ་གཡོ་ལས། །ཆུ་འཛིན་ལྷོ་ནས་ཆུ་རྒྱུན་དབུས་སུ་རྣམ་འབབ་པ། །མཐོང་ནས་རྨ་བྱ་མདོངས་རྣམས་རབ་བརྐྱོང་གར་བྱེད་པ། །ན་མཉམ་དགའ་བ་ཆུ་རྒྱུན་དོ་ཤལ་རྣམས་ལ་གཟིགས། །འདྲེན་པ་ནས། ན་མཉམ་ཆུ་རྒྱུན་ཁང་པ་འདི་ཉིད་གཅིག་པུའམ། །མངོན་འཛིན་དངོས་པོའི་རྒྱུ་རྣམས་ནི། །སྐད་ཅིག་སྐད་ཅིག་མངོན་པར་འཇིག །གླུ་བྱང་རྒྱུན་གྱི་ཁང་པ་བཞིན། །འགྲོ་བ་ཐམས་ཅད་དེ་བཞིན་འཇུག །རིག་འཛིན་མ་ནི་སྙིང་བརྟན་པར་བྱས་ལ། གཞན་ཡང་མཉན་པར་བྱའོ་སྙམ་མོ། །བཞད་གད་པ་བདག་གི་གནས་ལ་རྣམ་པར་བསམས་ཏེ། གདུང་བ་སྲེག་པའི་མྱ་ངན་གྲོལ་ནུས་རྣམས། །བླངས་ཏེ་གང་དང་གང་ནི་འདིར་སྨྲས་ཀྱང༌། །སྦྱིན་སྲེག་མར་རྒྱུན་འབབ་བཞིན་དེ་དང་དེ། །ལྷག་པར་ཤིན་ཏུ་ཡོངས་སུ་འབར་བར་བྱེད། །དེ་བས་འདིར་དགོན་པ་སྟོང་པར་དུ་བར་བྱའོ་སྙམ་མོ། །


DTG169_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མངག་གཞུག་མ་རབ་ཏུ་ཞུགས་ནས། ལྷ་མོ་འོད་ཀྱི་བློ་གྲོས་མས། བདག་ལ་བཀའ་བསྒོས་ཏེ་བག་མའི་བཀྲ་ཤིས་ཀྱི་དྲ་བ་འདི་གཞོན་ནུ་ལ་ཁྱེར་ཏེ་འོངས་སོ། །གཞོན་ནུ་ནི་དེ་ནས་ཡོངས་སུ་འཆག་ཅིང་མཆིས་སོ། །དྲུང་དུ་ཕྱིན་ཏེ་ཉེ་བར་བཏུད་ནས་ཕྱག་བྱས་ཏེ་གཞོན་ནུ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །ལྷ་མོའི་བཀས་བཀྲ་ཤིས་ཀྱི་དྲ་བ་འདི་བློ་དང་ལྡན་པ་ཁྱོད་ཀྱིས་ངེས་པར་བྱིན་ཅིག་ཅེས་སོ། །རིག་འཛིན་མ་ནི་མི་བཟོད་པར་གྱུར། ཨ་ཨེ་འདིར་གང་བག་མར་བྱས་སམ་སྙམ་མོ། །དེ་བཞད་གད་པས་བཟུང་སྟེ། ཡོངས་སུ་གཡོགས་སོ། །མངག་གཞུག་མ་ཤིན་ཏུ་དགའ་སྟེ། ཨེ་མ་ལྷ་མོ་མངོན་པར་འདོད་པ་ཡིད་ཀྱི་ཤིང་རྟ་ཤིན་ཏུ་ཡང་ངེས་སོ་ཟེར་ནས། ཡོངས་སུ་ཞུགས་ནས་སོང་ངོ༌། །འདྲེན་པ་ནས། ན་མཉམ་སྐབས་མེད་པར་འདི་བཞིན་བཀྲ་ཤིས་ཀྱི་དྲ་བ་བསྐུར་བ་ཅི་ཞིག །བཞད་གར་མནས་དེ་སེམས་སོ། །འདྲེན་པས་ཡང་དྲིས་པ་ན། བཞད་གད་པ་ནས། བདག་གི་ཚིག་གང་ཞིག་ཡལ་བར་མི་འདོར་ན་སྨྲའོ། །འདྲེན་པ་ནས། ན་མཉམ་སྨྲོས་དང༌། བཞད་གད་པ་ནས། ཁྱོད་ཡོངས་སུ་ལེན་པའོ། །རིག་འཛིན་མ་ནི་སྡུག་བསྔལ་ཏེ། ཨེ་མ་དགའ་བའི་གྲོགས་མོའི་ལུས་རྫོགས་པ་ནི། ཇི་ལྟར་མཐོང་སྙམ་མོ། །འདྲེན་པས། དེ་དག་གི་སེམས་ལ་བལྟས་ནས། ཅི་སྟེ་བདག་ཡོངས་སུ་ལེན་པ་ཡིན་ནམ། བཞད་གད་པས། ཤིན་ཏུའོ། །འདྲེན་པ་ནས། འདི་བཞིན་བྱེད་པ་ཇི་ལྟར་བཞད་གད་པ་ནས། འདི་བཀྲ་ཤིས་དྲ་བ་ལ་དྲིས། འདྲེན་པ་ནས། ན་མཉམ་ཡོངས་སུ་ལེན་པ་ཞེས་བྱ་བ་ནི་སྨན་མེད་པའི་ནད་ཡིན། འདི་ལྟ་སྟེ། གཏི་མུག་སྐྱེ་མཆེད་འཛིན་པ་ཞི་བ་འཐོར་ཞིང་ཕྱིར་ལོག་སྒྲུབ་པར་བྱེད། །རྣམ་གཡོའི་ཡིད་འོང་མྱོས་པའི་གནས་དང་བསམ་གཏན་གྱིས་ནི་གདུག་པའི་དགྲ། །སྡུག་བསྔལ་འབྱུང་གནས་བདེ་བ་འཇོམས་བྱེད་སྡིག་པའི་རང་བཞིན་གནས་ཡིན་ཏེ། །ཡོངས་འཛིན་གདོང་བཞིན་བློ་ལྡན་རྣམས་ཀྱང་ཉོན་མོངས་དང་ནི་ཉམས་པར་བྱེད། །རིག་འཛིན་མདུ་ཞིང་གཞན་ཅི་ཞིག་ལྟ་སྙམ་མོ། །འདྲེན་པ་ནས་གཞན་ཡང་ན་མཉམ། །ཡོངས་སུ་འཛིན་པ་བྱས་གྱུར་ཀྱང༌། །བདག་ནི་ནགས་སུ་འགྲོ་བར་བྱེད། །དེ་ནས་སྐྱེ་བོ་གཞན་རྣམས་ཀྱང༌། །ཡོངས་སུ་སྡུག་བསྔལ་ཅི་ཞིག་བྱ། །རིག་འཛིན་མ་ནི་དགའ་བའི་གྲོགས་མོ་གཞོན་ནུའི་རྗེས་སུ་འདི་བཞིན་འཇུག་ན། ལེགས་སོ་


DTG169_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་མོ། །བཞད་གད་པ་ནས། ཀྱེ་ཇི་ལྟར་འདི་བཞིན་དེར་ནི་འཇིགས་བཅས་འབབ། །མི་དབང་གཙུག་ནི་འོད་ཟེར་རབ་ཏུ་འཕྲོ་བ་ཡིས། །ཞབས་ལ་བཏུད་དང་རྒྱལ་པོའི་ཕུན་ཚོགས་ཡོངས་སྤངས་ནས། །ཁྱོད་ནི་ནགས་ན་གནས་པ་ཅིའི་ཕྱིར་རབ་ཏུ་བསྔགས། །འདྲེན་པ་ནས་རབ་ཏུ་བསྔགས་པའི་གནས་ལས་གཞན་གང་ཞིག་ཀྱང་མཆིས་སམ་གཟིགས་མཛོད། ཇི་ལྟར་དེར་ནི་དགའ་འགྱུར་རབ་དགའི་ས་གཞི་རྣམས་དང་ནི། །མཐོ་རིས་གང་གཱ་རྣམས་ཀྱི་སྐྱེད་པས་བྱང་ས་གོར་མའི་སྟེང༌། །གང་ཞིག་དགའ་ཞིང་དགའ་བའི་རི་དགས་ཚོགས་རྣམས་བསྙེན་བཀུར་ཞིང༌། །གྲོགས་ངེས་ནགས་ཀྱི་ནང་དུ་གནས་གྱུར་པ་ནི་སྐལ་བ་བཟང༌། །གཞན་ཡང་ན་མཉམ། སྤོང་བའི་བྲག་རི་སྐྱེ་བོས་དབེན་ཞིང་ཕུན་སུམ་ཚོགས་པའི་གནས་བཟང་ན། །ཕུག་ཡངས་རི་དགས་རྣམས་ཀྱི་སྤྱོད་ཡུལ་ནགས་ཀྱི་རི་མོས་ཡོངས་སུ་བསྐོར། །སོ་གའི་དུས་ནི་བུང་བ་རྣམས་ནི་རྔ་སྒྲ་སྙན་པར་རབ་སྒྲོགས་ཤིང༌། །ལམ་ཞུགས་ཉོན་མོངས་མེ་ཡང་བདག་ཅག་རྣམས་ལ་འབྱུང་མི་འགྱུར་ཞེས་སྒྲོགས། །རིག་འཛིན་མ་ནི་ཀྱེ་མ་ཤིན་ཏུ་ལྕི་མོ་ཞིག་སྨྲས་སོ་སྙམ་མོ། །བཞད་གད་པ་ནས། ཀྱེ་སྙིང་རྗེ་མེད་པ་ཇི་ལྟར་གཉེན་འདུན་གྱི་སྐྱེ་བོ་རྣམས་ལ་མཉེས་གཤིན་པའང་ཁྱོད་ལ་མི་འདུག་གོ །འདྲེན་པ་ནས། འཇིག་རྟེན་གྱི་གཉེན་ལ་དེ་བཞིན་དུ་མཉེས་གཤིན་པ་ནི། འདི་ལྟ་སྟེ། འཇིག་རྟེན་ཐམས་ཅད་མར་མེ་བཞིན། །སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང༌། །སྣུམ་ཆགས་དབང་གིས་འཇིག་ཅིང་འཁོར། །སྐྱེ་བ་མེད་དག་མྱ་ངན་འདའ། །གཞན་ཡང་ན་མཉམ་མཉེས་གཤིན་པའི། །རྩ་བར་མི་ཤེས་པ་ལས་ཏེ། །མི་ཤེས་རྡུལ་གྱིས་གཡོགས་གྱུར་པའི། །སྔོན་ལས་ས་བོན་མ་ཟད་ལས། །སྲེད་པའི་ཆུ་ཡིས་དབང་བསྒྱུར་ནས། །སྐྱེ་བའི་མྱུ་གུ་སྐྱེ་བར་འགྱུར། །རིག་འཛིན་མ་ནི། ཉེ་བར་དུལ་བ་འདི་འདྲ་བ་ནི། ཐུབ་པའི་སྐྱེ་བོ་ལ་ཡང་ག་ལ་སྙམ་མོ། །བཞད་གད་པ་ནས། གང་ཡང་འདིར་རེ་ཞིག་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་ཡང་འཇུག་པར་མཛོད་ཅིག །འདྲེན་པ་ནས། འཇིག་རྟེན་གྱི་ཆོས་གང་ཡིན་བཞད་གད་པ་ནས། ཡུལ་གྱི་རྗེས་སུ་མངོན་པར་དགའོ། །འདྲེན་པ་ནས། ཡུལ་གྱིས་ཆོག་ཆོག་གཟིགས་མཛོད། ཡུལ་ནི་དུག་བཞིན་ཟོས་ཙམ་ཉིད་ན་མངར་ལྡན་ཅིང༌། །རྣམ་པར་སྨིན་ཕ་རབ་ཏུ་ཚ་བ་དུག་བཞིན་ཡུལ། །ཡུལ་ནི་དུག་བཞིན་


DTG169_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བར་མི་ནུས་རབ་གཡོའི་ཤུགས། །ཤིན་ཏུ་རྨོངས་བྱེད་མུན་པ་སྟུག་པོ་དུག་བཞིན་ཡུལ། །ཡང་ན་འདོད་པའི་དུག་དང་དུག་ནི་གཞལ་ཞིག་བརྟགས་གྱུར་ན། །རང་བཞིན་མི་མཚུངས་ཡུལ་ལས་དུག་ནི་མཆོག་ཡིན་ཏེ། དུག་གིས་སྐྱེ་བ་གཅིག་ཉིད་དུག་ཏུ་རབ་འགྲོ་ཞིང༌། །སྐྱེ་བ་དཔག་མེད་དུ་ཡང་ཡུལ་དུག་རབ་ཏུ་འགྲོ། །བཞད་གད་པ་ནས། ཀྱེ་རེ་ཞིག་བུའི་གདོང་མཐོང་བར་མཛོད་དང༌། དེ་ནས་ནགས་སུ་ལྷན་ཅིག་ཏུ་འགྲོ་བར་བྱའོ། །འདྲེན་པ་ནས། འདི་ནི་མི་རྙེད་དོ། །དཔེར་ན་བྱ་བ་འདི་ནི་སྤང་དུ་དི་རིང་ཕྱིན་ནས་ཤོལ་བྱེད་པ། །དེ་འདིར་སྐད་ཅིག་ཡུད་ཙམ་འདས་གྱུར་སྐྱེ་བོ་རྟོག་བྱེད་དེ། །མི་བཟད་གཤིན་རྗེ་ཁྲོས་པ་དགོད་ཅིང་ཡོངས་སུ་རྟོག་པའི། །ཟུར་གྱིས་བལྟ་བས་བེ་ཅོན་མདངས་ཀྱང་རབ་ཏུ་དམར་བར་བྱེད། རིག་འཛིན་མ་ནི་ངུ་ཞིང་ཀྱེ་མ་གྲོགས་མོ་དགའ་མ། བདག་གིས་འདི་བཞིན་དུ་འཇིག་རྟེན་ཕ་རོལ་དུ་ཡང་ཁྱོད་ཀྱི་སྔོན་དུ་འགྲོ་ཞིང་ལམ་བསྟན་པར་བྱའོ་ཞེས་རང་ཉིད་སྨྲའོ། །བཞད་གད་པ་དུ་ཞིང༌། ཀྱེ་འཁོར་གྱི་སྐྱེ་བོ་ཐམས་ཅད་སྤང་བ་ནི་སྙིང་རྗེ་བ་ཡང་མེད་དམ། འདྲེན་པ་ནས། བདག་གིས་རང་གི་ལུས་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །བཞད་གད་པ་ནས་ཅིའི་ཕྱིར་གཏོང༌། །འདྲེན་པ་ནས། གཞན་གྱི་དོན་དུའོ། །བཞད་གད་པ་ནས། དེ་ཁྱོད་བདག་གི་བྱ་བ་བཏང་ནས། ཅི་སྟེ་གཞན་གྱི་བྱ་བ་ལ་བདག་ཉིད་ལ་སྡུག་བསྔལ་བྱེད། །འདྲེན་པ་ནས། དམན་པ་བདག་ཉིད་མ་ཤེས་པ་དུད་འགྲོ་རྣམས་ཀྱང་གནས་དང་ཟས་སྐོམ་རང་བྱུང་སྤྱོད་ཅིང་རྙེད་པར་སླ། །གང་ཞིག་འདོད་རྙེད་ཤིན་ཏུ་སྐོམ་ཚེ་ཆུ་རྣམས་ཀྱང་ནི་འཐུང་བར་བྱེད། །གང་ཞིག་གཞན་ཕན་དོན་དུ་བརྩོན་འགྲུས་རྩོམ་བྱེད་སྐྱེས་བུ་དེ་ཡི་ནི། །རང་གི་གཟི་བརྗིད་ཀྱིས་ནི་བདེ་བྱེད་འདི་ནི་སྐྱེས་བུ་ཆེན་པོའོ། །རིག་འཛིན་མ་ནི་སྙིང་གི་དབུགས་ཕྱུང་ངོ༌། །སྙམ་ནས་སྐབས་རྙེད་དེ། སྲོག་ཐག་རན་གྱིས་བཅིངས་པའི་མཚན་ཉིད་གྲོལ་ལོ་སྙམ་མོ། །བཞད་གད་པ་ནས། ཀྱེ་ཅིའི་ཕྱིར་བུ་ཁྱོད་གཞན་དོན་སྒྲུབ་པར་བྱེད། འདྲེན་པ་ནས། གཞན་དོན་གྱི་རི་མོ་མངོན་པར་མི་ཤེས་པ་གཟིགས་མཛོད། །གང་ཞིག་ངལ་མེད་རྟ་མགྱོགས་ཀྱིས་བགྲོད་ཉི་མས་སྣང་བར་བྱེད། །གང་ཞིག་ཁུར་གྲངས་མེད་པར་ནོར་ལྡན་རྟག་ཏུ་འཇིག་རྟེན་འཛིན། །དེ་ནི་ནམ་ཡང་རང་དོན་མ་ཡིན་དེ་ཡི་རང་བཞིན་ཉིད། །ཆེན་པོ་གང་རྣམས་འཇིག་རྟེན་ཕན་དང་བདེ་


DTG169_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོ་གཅིག་རོ་དང་ལྡན། །བཞད་གད་པ་ནས། ཀྱེ་དེ་བཞིན་དུ་ཁྱོད་ནི་བདག་གི་མ་ཡིན་བྲམ་ཟེའི་དོན་ནམ་གཞན་གྱི་དོན་ལྷག་པ་ཞིག་ཡོད་དོ་སྙམ་མོ། །འདྲེན་པ་ནས་སྙིང་རྗེ་ཡུན་རིང་དུ་མ་རེག་པ་ཡིན་ནོ། །བདག་མཚོན་སྐྱེ་བོ་ནང་དུ་གདུང་བས་བསྲེག་ལྡན་པ། །གཉེན་བཤེས་འཇིག་རྟེན་སྡུག་བསྔལ་གནས་པ་ཅི་ཕྱིར་བདེ། །འཇིག་རྟེན་ཀུན་གྱི་སྡུག་བསྔལ་བདག་གི་ལུས་ཀྱིས་ཁུར། །དམ་པ་མནར་མེད་གནས་པ་ཡང་ནི་སྤྲོ་བར་བྱེད། །རིག་འཛིན་མ་ནི་མངོན་འདོད་ཀྱི་སྐབས་རྙེད་དོ་སྙམ་མོ། །བཞད་གད་པ་ནས། ཀྱེ་འཇིག་རྟེན་ཐམས་ཅད་དེ་བཞིན་དུ་ཁྱོད་ཀྱི་གཉེན་ཡིན་ནམ། འདྲེན་པ་ནས། ན་མཉམ་དེ་བཞིན་ཏེ། གང་གི་མངལ་དུ་དང་པོ་བཅིངས་ཤིང་གནས། །གང་གི་ཕང་དུ་བག་མའི་ཚ་ཞིང་རྩེས། །གང་ཞིག་རྣམ་བྲལ་མཚན་རིངས་མྱ་ངན་བྱས། །འཇིག་རྟེན་འདི་རྣམས་སྔོན་ནས་གཉེན་པ་ཤེས་ཚོགས། །རིག་འཛིན་མ་ནི། ཀྱེ་མ་འདིའི་ཐུགས་ནི་ཤིན་ཏུ་རྒྱ་ཆེའོ་སྙམ་མོ། །བཞད་གད་པ་ནས། གཉེན་འདུན་འཇིག་རྟེན་རྣམས་ཀྱི་དོན་མཛད་པ་ལ་དེ་ལས་ཅིའི་ཕྱིར་རིང་དུ་སྡོད་པར་བྱེད་ཅེས་ཟེར་རོ། །རིག་འཛིན་མ་ནི་ལེགས་པར་སྨྲས་སོ་སྙམ་མོ། །འདྲེན་པ་ནི་ཤུགས་ནར་ཞེས་ཕྱུང་ནས་དོན་འདོད་པའི་སྐྱེ་བོ་ཤིན་ཏུ་རྙེད་པར་དཀའོ། །བཞད་གད་པ་ནས། དོན་བྱ་བར་སྨྲ་བ་ནི་གང༌། འདྲེན་པ་ནས། ལུས་ལ་སོགས་པ་ཅུང་ཟད་སློང་བའོ། །བཞད་གདབ་ནས། དོན་བྱ་བའི་སྐྱེ་བོ་རྣམས་ཀྱི་ནང་ནས་ལྷག་པར་ཆེ་བ་གང་ཡིན། །རིག་འཛིན་མ་ནི། ལེགས་པར་དྲིས་སོ་སྙམ་མོ། །འདྲེན་པ་ནས། གང་ཞིག་སྡུག་བསྔལ་གྱིས་མནར་བའི་སྐྱབས་གནས་སོ། །རིག་འཛིན་མ་ནི་ཤིན་ཏུ་དགའ་ནས་འདིར་མངོན་པར་འདོད་པའི་སྐབས་རྙེད་དོ་སྙམ་ནས། འཚེར་བཞིན་དུ་ཉེ་བར་བཏུད་དེ། ཕྱག་འཚལ་ནས། ངུ་བཞིན་དུ་བདག་ནི་ཤིན་ཏུ་མནར་བར་གྱུར་པས་སྐྱབས་གནས་སོ། །མཐུ་ཆེན་པོ་བདག་ནི་སྐལ་བ་དམན་ཏེ་རྗེས་སུ་བརྩེ་བར་མཛོད་ཅིག་འདྲེན་པ་ནི་ཤིན་ཏུ་མཉེས་ཏེ་གཟིགས་ནས། བཟང་མོ་མ་འཇིགས་ཤིག །བདག་ནི་འཇིག་རྟེན་ཀུན་གྱི་གཉེན་དུ་གནས། །འགྲོ་རྣམས་དོན་གྲུབ་མཚན་དུ་ཉེ་བར་བཅིངས། །མ་འཇིགས་མ་འཇིགས་མི་དཀར་མིག་ཅན་མ། །དི་རིང་ཅི་སྒྲུབ་བདག་ལ་མྱུར་དུ་སྨྲོས། །བཞད་གད་པ་ནི་ཡ་མཚན་དུ་གྱུར་ནས། །ཨེ་མ་གཟུགས་བཟངས་རབ་ཏུ་མཛེས་པ་རྒྱང་པ་འདི་


DTG169_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལས་ཡིན་སྙམ་མོ། །འདྲེན་པ་ནས། །དོན་གང་བྱ་བ་སྨྲོས་ཤིག་རིག་འཛིན་མ་ནི་མགོ་བསྟོད་དེ་ཆགས་པས་བལྟས་ནས་མཐུ་ཆེན་པོ་ཁྱོད་ཀྱི་ལུས་སོ། །བཞད་གད་པ་མི་བཟོད་ཅིང་དགའ་ནས། འདི་ནི་ཇི་ལྟར་གདུག་པ་ཅན་གྱི་རིག་འཛིན་མ་ལྟ་བུའོ། །དེ་རེ་ཞིག་སྨྲར་ཆུག་སྙམ་མོ། །གསལ་པོར་སྨྲས་པ། ཀྱེ་ན་མཉམ་ཕར་ཟུར་ཕར་ཟུར། འདི་ནི་གདུག་པ་ཅན་གྱི་སྲིང་མོ་སྟེ། འདིས་ན་མཉམ་དགའ་བ་ལུས་སློང་བར་བྱེད་དོ་སྙམ་མོ། །རིག་འཛིན་མ་འཇིགས་ནས། བདག་ཉིད་བསམས་པ། ཇི་ལྟར་འདིས་བདག་གཞན་དུ་ཤེས་ཏེ། བདག་གི་གྲོགས་མོ་དགའ་མའི་དོན་ཤིན་ཏུ་འགྲུབ་པ་ལྷ་མོ་འགའ་ཞིག་གིས་གཞན་དུ་བཅོས་སོ་སྙམ་མོ། །འདྲེན་པ་མཉེས་ནས་ལུས་རབ་ཏུ་སློང་བ་ལ་སྲིང་མོ་དེ་སྲིད་ནས་སྤོབས་པ་ཅན་གྱི་སྐྱེ་བོ་སློང་མོ་པ་བདག་གི་མཐོང་ངོ་སྙམ་མོ། །བཞད་གད་པ་ནི། དབྱུག་པའི་ཤིང་ཕྱར་ཏེ་ཕར་སོང་ཕར་སོང་སྲིང་མོ་གདུག་པ་ཅན་གྱི་སྐྱེ་བོ་སློང་མོ་པ་བདག་གིས་མཐོང་ངོ་སྙམ་མོ། །ན་མཉམ་དགའ་བས་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ལས་ལྷག་པའི་རྒྱལ་སྲིད་ཀྱི་ཁུར་འཁུར་བར་ནུས་པའི་ལུས་སློང་བར་བྱེད་དམ་ཞེས་སྨྲ། ཇི་ལྟར་སློང་བའི་སྐྱེ་བོ་སུན་འབྱིན་པར་བྱེད་ཅེས་བཞད་གད་པ་རྒྱབ་ཏུ་བྱས་ནས་ཤིན་ཏུ་དགའ་ནས་བཟང་མོ་བདག་གི་ལུས་སློང་བར་བྱེད་པ་དེ་དེ་བཞིན་དུ་བདེན་ནམ། རིག་འཛིན་མ་ནས། མཐུ་ཆེན་པོ་གཞན་དུ་ནུས་ཤིང་སྨྲ་བ་མ་ཡིན་ནོ། །ཁྱོད་ཀྱི་ལུས་མཐོང་བ་ཙམ་གྱིས་ཀྱང་གང་གི་གདུང་བ་ཐམས་ཅད་ཉེ་བར་ཞི་བར་མཛད་ན་དེ་ཡིས་བདག་ལ་གནས་པར་མཛོད་ཅིག །འདྲེན་པ་ནི་མི་དགའ་བར་གྱུར་ཏེ། སྤོབས་ཅན་གང་ལས་གནོད་བྱེད་འདི། །རེ་ཞིག་བདག་གི་སྐལ་བ་མིན། །མངོན་འདོད་བདག་གིས་བསྒྲུབ་བྱ་བ། །དེ་ལྟར་ན་ཡང་ཅི་ཞིག་སྨྲོས། །རིག་འཛིན་མ་ངུ་ཞིང༌། བདག་གི་ཡིད་གཙུགས་གྲོགས་མོ་ནི། །མགོ་བོ་ཟུག་རྡུ་དང་ལྡན་ཏེ། །དེའི་མཐུ་ཆེན་པོ་ཁྱོད་ཀྱིས་མཐོང་བ་ལས་གཏོང་སྟེ། ཉེ་བར་ཞི་བ་གཞན་མེད་དོ། །བཞད་གདབ་ཤིན་ཏུ་འཇིགས་ནས། ཀྱེ་འདི་ནི་སྒྱུ་མ་སྤྲུལ་ནས་གཞན་དུ་སྨྲ་བར་བྱེད་དེ། གཞན་དུ་དེ་བཞིན་འདི་ཡིས་འཆོས་ཤིང་སྟོན་པར་བྱེད་དོ། །འདྲེན་པ་ནི། དེའི་གཏམ་ཡང་མི་ཉན་པར་ཁྱོད་ཀྱི་ཡིད་གཅུགས་གྲོགས་མོ་གང་ན་གནས། རིག་འཛིན་མ་ནས། འདི་ནི་དེ་བཞིན་དུ་རི་བོ་གངས་ལྡན་གྱི་རྩེ་ལ་གནས་སོ། །


DTG169_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་ནས། རོལ་བའི་རི་བོའི་ཞོལ་ཉིད་དུ། །བོས་ནས་བདག་ཅག་དེར་རེ་ཞིག་འགྲོའོ། །རིག་འཛིན་མ་ནས། ཅི་སྟེ་མཐུ་ཆེན་པོ་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་ཞིང་འདྲེན་པ་རྙེད་པར་དཀའ་བ་ཅི་ཡང་མ་མཆིས་སོ་ཞེས་གཉིས་པོ་གར་བྱེད་ཅིང་ནམ་མཁའ་ལ་སོང་ངོ༌། །བཞད་གད་པ་ནས། ཁྱེད་ཅག་རབ་ཏུ་ཞུགས་ཏེ། བདག་བྲམ་ཟེ་ནི་སླར་ཡང་དྲི་མ་ལྷག་མ་བསྙིལ་བ་བཞིན་དུ་ཡོངས་སུ་སྤངས་སོ་ཞེས་སྨྲ། འདྲེན་པ་ནས། ན་མཉམ་ཁྱོད་རང་ཡང་ལོངས་མཛོད། བཞད་གད་པ་བདག་ཉིད་འཇིགས་པར་མཐོང་ནས་རིག་འཛིན་མ་འཛུམ་ཞིང་བཞད་གད་པའི་ལག་པ་ནས་བཟུང་ནས་ཡོངས་སུ་ཞུགས་སོ། །འདྲེན་པ་ནི་ཡ་མཚན་ཆེ་ནས་གྲོགས་པོ་ལྟོས་ལྟོས། །ཉི་མའི་གཟུགས་ནི་ངེས་ལྷུང་རྣམ་པར་འཇུག་པ་བཞིན། །ས་ཆེན་རི་པོ་དང་བཅས་འོག་ཏུ་འགྲོ་བ་ལྷར། །ཏ་མ་ལ་ཡི་ནགས་ཚལ་སྔོན་པོའི་འགྲམ་རྣམས་ནི། །ཆུ་འཛིན་རབ་ཏུ་བསལ་གྱུར་རི་མོས་མཐའ་རྣམས་བསྐོར། །བཞད་གད་པ་ནས། ཀྱེ་ཁྱོད་ཀྱི་ཡ་མཚན་ཆེ་ཡང་བདག་ནི་བྲམ་ཟེ་སྟེ། འདི་ཉིད་དུ་རི་གང་ཞིག་ལ་བརྟེན་ནས་ཆུ་སྣོད་བཟུང་ནས་བསོད་སྙོམས་ལ་བརྟེན་ནས། ཁད་ཀྱིས་འགྲོའོ་ཞེས་ཟེར། འདྲེན་པ་ནས་མ་འཇིགས་པར་རེ་ཞིག་ཡ་མཚན་ཆེ་བ་ལྟོས་ཤིག་དང༌། རི་བོ་ཁང་བཟང་འདྲ་ཞིང་ཆུ་འཛིན་གཡོ་བའི་བླ་རེ་ལ་བརྟེན་པ། །ཆུ་ཀླུང་ངུར་པའི་སྒྲོག་གིས་འགྲམ་བཅིངས་ལམ་ཆེན་རྡུལ་རྣམས་འཐུལ་པ་ལྟར། །ཆུ་གཏེར་ཡོངས་སུ་བསྐོར་བའི་འོབས་ཆེན་བཞིན་དུ་རབ་མཐོའི་འགྲམ་ལྡན་པ། །ས་ཆེན་དཀྱིལ་འཁོར་གནས་གཅིག་བཞིན་དུ་ཡང་དག་གསལ་བོར་ཀུན་ནས་མ་ཚོན། །རིག་འཛིན་མ་ནས་ཨ་ཧོ་གཞོན་ནུས་ཉེ་བར་གཟིགས་སོ། །བཞད་གད་པ་ནས། གཏིང་ཟབ་མོ་འཇིགས་པའི་འོག་གི་ས་ཆེན་པོའི་མཐིལ་མཐོང་ནས། བདག་ཉིད་ངེས་པར་འཇིགས་པར་སྣང་ནས་གཟུགས་གཞན་ལ་སྟེང་དུ་བལྟས་པ་དང༌། ཤིན་ཏུ་འཇིགས་ཏེ། ཀྱེ་གངས་རིའི་རྩེ་མོ་ཚོགས་པ་བཞིན་དུ་ནམ་མཁའི་མཐིལ་ཁེངས་ནས་འཇུག་པ་འདི་ཅི་ཞིག་ཡིན། རིག་འཛིན་མ་རྣམ་པར་གནོད་ཅིང༌། ཨ་ཧོ་བྲམ་ཟེ་འདི་ནི་མཚན་ཉིད་ཡིན་ནོ། །འདྲེན་པས་གཟིགས་ནས་འདི་ནི་ངེས་པར་སྐར་མ་རྣམས་སོ། །བཞད་གད་པ་ནས། སྐར་མ་ལ་འདི་འདྲ་བའི་ཚད་གང་ལ་ཡིན། །འདྲེན་པ་ནས། དེ་


DTG169_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་བཞིན་དུ་རྒྱ་ཆེན་པོའི་ཚད་དང་ལྡན་ནོ། །བཞད་གད་པ་ནས། སའི་མཐིལ་ནས་ཆུ་ངུར་མཚོན་པ་ཇི་ལྟར་ཡིན། འདྲེན་པ་ནས། དེ་ཡང་རིང་པོ་ནས་ཤིན་ཏུ་ཕྲ་ཞིང༌། རྣམ་པར་མཛེས་སོ། །བཞད་གད་པ་ནས། ཡང་མི་ལྟུང་བར་འཇུག་པ་ཇི་ལྟར་ཡིན། འདྲེན་པ་ནས། བདག་ཅག་ཤིན་ཏུ་མཐོན་པོར་གནས་ཀྱང་མི་ལྟུང་བ་བཞིན་ནོ། །བཞད་གད་པ་ནས། ཡང་འདི་ཉིན་པར་མི་མཐོང་བ་ཇི་ལྟར་ཡིན། འདྲེན་པ་ནས། ཉེ་བར་བཏུད་ན་ཉིན་པར་ཀྱང་འདི་བཞིན་མཐོང་ངོ༌། །རིག་འཛིན་མ་ནས། གཞོན་ནུས་འདི་རྣམས་ཐམས་ཅད་སྔོན་གཟིགས་པ་སྙམ་བྱེད་དོ། །བཞད་གད་པ་ནས། ཀྱེ་ན་མཉམ་དགའ་བ་ཆུ་གཏེར་གྱི་རླབས་རྣམས་ལས་རླུང་དྲག་པས་རབ་ཏུ་བསྐྱོད་པ་བཞིན་དུ་ཀ་ལའི་སྒྲ་སྒྲོགས་པའང་འདི་ཇི་ལྟར་ལགས། འདྲེན་པ་ནས། བརྟགས་ནས་འདི་ནི་ནམ་མཁའ་ཆུ་ཀླུང་གང་གཱའི་སྒྲ་སྟེ། འདི་ལྟ་སྟེ། ལྷག་མ་ཉལ་བ་བཞིན་དུ་ཆུ་ཀླུང་རྣམ་སྤངས་ལྷ་ལམ་མཐོང་བའི་ཕུང་པོ་ལས། །ཕྱོགས་ཀྱི་གླང་ཆེན་རྣམས་ནི་རྩེ་ཞིང་སྣ་ཡིས་ཆུ་འཐོར་ཐིགས་པ་ཟེར་མ་རྣམས། །ཡང་དག་ཚིམ་པ་སྐྱེ་འགྱུར་ཆུ་ཐིགས་མུ་ཏིག་འབྲས་བུའི་འོད་ཟེར་མཛེས་པ་ལྟར། །དྲང་སྲོང་བདུན་པོ་རྣམས་ནི་གསེར་གྱི་པདྨ་འཛིན་ཅིང་ཁྲུས་ལ་རབ་ཏུ་འཇུག །དྲང་སྲོང་བདུན་པོ་འདི་རྣམས་ནི་ཕྱག་བྱ་བའི་འོས་སོ་ཞེས་ཐམས་ཅད་ཀྱིས་ཕྱག་བྱས་སོ། །ཡོལ་བའི་ནང་དུའོ། །འཇིག་རྟེན་ཀུན་གྱི་ཕན་མཛད་ཕྱིར། །གཞན་ཡང་གཙུག་གི་རིན་ཆེན་ལྟར། །བུད་མེད་རིན་ཆེན་རིན་ཆེན་བུ། །མཚུངས་པ་ཡང་དག་ཐོབ་གྱུར་ཅིག །རིག་འཛིན་མ་ཤིན་ཏུ་དགའ་སྟེ། འདི་རྣམས་མ་རྨོངས་པའི་ཚིག་གིས་ཇི་ལྟ་བ་བཞིན་དུ་མཆོག་སྦྱིན་ནོ་སྙམ་མོ། །བཞད་གད་པ་ནས། ཀྱེ་ན་མཉམ་འདི་ཡིས་མཁའ་ལ་འགྲོ་བའི་སྟེབས་ཀྱིས་བདག་ཅག་ཡོངས་སུ་ཕྱིན་ཏེ། །དེ་ནས་འདིར་ནམ་མཁའི་གང་གཱ་ལ་ཡུད་ཙམ་ཅིག་ངལ་བསོ་ཅིག་ཟེར་རོ། །སྙན་ངག་ཚོགས་རྣམས་གླུ་ཡིས་སྙན་པར་རབ་སྒྲོགས་བསྐྱེད་པའི་གནས། །ཆགས་བྲལ་ཀུན་གྱིས་སྒྲོགས་ཤིང་བརྗོད་པ་དེ་ནི་རྒྱལ་བར་བྱེད། །གད་གིས་རང་ཉིད་རྣམ་ཕྱུང་རྣམ་གཤེགས་གཟིངས་ཀྱི་ཡལ་ག་ཡི། །ལུགས་ལས་ཉེ་བར་བླངས་ནས་ཙནྡྲ་གོ་མིས་རབ་ཏུ་སྦྱར། །ཞེས་པས་རབ་ཏུ་ཞུགས་སོ། །ཐམས་ཅད་ཀྱི་ཡན་ལག་གཉིས་པ་རྫོགས་སོ།། །།


DTG169_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྲང་གི་བུ་མོ་རབ་ཏུ་ཞུགས་ཏེ། དུ་ཞིང་རིན་ཆེན་ཕྲེང་བ་མ། །འདི་ནས་སོང་ནས་ཉི་མ་འདི་ཙམ་གྱི་བར་དུ་ཇི་ལྟར་བདག་གིས་པདྨ་བ་ཏཱི་དབུགས་ཕྱུང་ངོ༌། །དི་རིང་ན་ནི་ལྷག་པར་ཡང་མགོ་བོའི་གཟུགས་ཡང་དག་སྐྱེས་སོ། །རིན་ཆེན་ཕྲེང་བ་མ་ནི་གང་དང་གང་ཡུན་རིང་པོ་དེ་དང་དེ་ནས་བཟོད་པར་དཀའ་ཞིང་རྒྱལ་བའི་བདེ་བས་མིག་མདོངས་ཤིང་མཆི་མ་འབབ་ཅིང་འཇུག་པ་ནི་ཆུ་ཐོགས་སོ་བཞིན་དུ་གྲོགས་མོའི་སྙིང་ནི་ཤིན་ཏུ་གདུང་བར་བྱེད་དོ། །བདག་གི་དོན་གྲུབ་པ་དེ་རྣམས་དགོས་པ་ཡང་མི་ཤེས་ཏེ། རིན་ཆེན་ཕྲེང་བ་མ་འོངས་ན་ཡང་འབྲས་བུ་མེད་དོ་སྙམ་མོ། །བདག་གིས་རབ་ཏུ་གདུང་བའི་ཕྱིར་སྤང་བའི་ཐབས་སུ་གྱུར་པ་མཐོང་ནས། དེ་ནས་གྲོགས་མོ་དགའ་མའི་དྲུང་དུ་འགྲོའོ་སྙམ་མོ། །ཡོངས་སུ་ཞུགས་ནས་བལྟས་པ་ན་དེའི་གྲོགས་མོ་དགའ་མ་པདྨ་བ་ཏིའི་ནི་ཡོངས་སུ་ས་བརྟོལ་རྐང་འཐུང་གི་འོག་ཟླ་བ་ནོར་བུ་རྡོ་བའི་སྟེང་ན་ཐིག་ལེ་བློ་གྲོས་མའི་ལུས་ཀྱི་སྟེང་དུ་ཉེ་བར་བརྟེན་ནས་གནས་སོ། །འདི་ནི་སྟོང་པའི་མཐར་གཅིག་པུ་གནས་སོ་ཞེས་ཉེ་བར་ཞུགས་ཏེ། དེ་ནས་པདྨ་བ་ཏཱི་དང༌། ཐིག་ལེའི་བློ་གྲོས་མའང་ཇི་ལྟར་ལྟ་ཞིང་རབ་ཏུ་ཞུགས་པ་ན་རང་ཉིད་བསམས་ཏེ་ཤུགས་ནར་ཞེས་ཕྱུང་ངོ༌། །ལེགས་ལྡན་མེ་ཏོག་མཚོན་ཅན་གྱིས་ཀྱང་རང་ལུས་སྲེག་པའི་ཚོར་བ་ཇི་ལྟར་ཤེས་པར་མ་གྱུར་ཏེ། །ཤེས་ན་གཞན་རྣམས་ཇི་ལྟར་སྲེག་པར་བྱེད། །སྦྲང་གི་བུ་མོ་ཉེ་བ་རབ་ཏུད་དེ། གྲོགས་མོ་དགའ་མ་དི་རིང་མཉེལ་བར་མ་གྱུར་ཏམ། པདྨ་བ་ཏཱི་ནི་སླར་ཡང་དེ་བཞིན་དུ་སྨྲ་བར་བྱེད་དོ། །ཐིག་ལེ་བློ་གྲོས་མ་ནས། ཀྱེ་པདྨ་བ་ཏཱི་ཅིའི་ཕྱིར་གུས་པར་མི་བྱེད། འདི་ནི་ཁྱོད་ཀྱི་དགའ་བའི་གྲོགས་མོའོ། །པདྨ་པ་ཏཱི་རྟབ་རྟབ་པོར་གདན་གང་ན་བདག་གི་གྲོགས་མོ་དགའ་མ་རིན་ཆེན་ཕྲེང་བ་མ། ཐིག་ལེ་བྲོ་གྲོས་མ་ནས་མ་ཡིན་ཏེ། འདི་ནི་སྦྲང་གི་བུ་མོའོ། །པདྨ་བ་ཏཱི་བདག་ངོ་ཚ་ནས་བདག་ནི་ཡང་དག་པའི་ཡུལ་ཆོས་ལས་ཤིན་ཏུ་འདས་སོ་སྙམ་ནས། གསལ་པར་སྨྲས་པ། གྲོགས་མོ་སྤྲང་གི་བུ་མོ་བདག་ནི་ཤིན་ཏུ་གདུང་བས་གཟིར་བས་ཤིན་ཏུ་འཁྲུག་པར་གྱུར་ཏོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་དབུགས་ཕྱུང་ཤིག་སྐྱེས་བུ་དམ་པའི་གཏམ་བསིལ་བ་བཞིན་དུ་པདྨའི་འདབ་མ་འདི་རྣམས་ཁྱོད་ལ་བརླན་ནོ། །པདྨ་བ་ཏཱི་ནས་འདི་སོལ་ཅིག །ནོར་བུ་ཆུ་ཤེལ་གྱི་རྡོ་བའི་སྟེང་ན་ཡང་སྲེག་བསྙམ་བྱེད་དོ། །


DTG169_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་འདབ་མ་ཁྱེར་ལ་ཤོག །གཉིས་པོ་ནས། འདིར་ཇི་ལྟར་ཙན་ངན་གྱི་ཁུ་བས་གཏོར་ཞིང༌། གྲོགས་མོ་དགའ་མ་ཁྱོད་ཀྱི་ནུ་མ་དག་གི་བར་ན་བྱིན་ནས་བཞག་ཀྱང་དེ་ཡང་ལྷག་པར་ཤིན་ཏུ་གདུང་བས་གཟིར་ནས་ཡོངས་སུ་སྐོམ་པར་བྱེད་དོ། །པདྨ་བ་ཏཱི་ནི་སྡུག་བསྔལ་ནས་ཧ་ལ་འདི་རྣམས་སོལ་ལ་བདག་ནོར་བུ་ཆུ་ཤེལ་གྱི་རྡོ་བའི་སྟེང་དུ་ཁྱེར་ཅིག་ཅེས་སྨྲ། གཉིས་པོ་རང་ལ་བསམས་ཏེ་ངུ་ཞིང༌། ཀྱེ་མ་འདིའི་སེམས་གཞན་དུ་གྱུར་ཏོ་སྙམ་ནས་གསལ་པོར་སྨྲས་པ། གྲོགས་མོ་འདི་ནི་ཇི་ལྟར་ནོར་བུ་ཆུ་ཤེལ་གྱི་རྡོ་བའི་སྟེང་ན་ཐིགས་པའི་རྒྱུན་མི་འཆད་པར་རྣམ་པར་འབབ་པའི་ཟེར་མ་འཐོར་ཞིང་ཆགས་སོ། །པདྨ་བ་ཏཱི་ནས་འདི་ནི་ཆོག་གོ །བདག་གི་ནི་རིན་ཆེན་ཕྲེང་བ་མས་འོངས་པའི་བྲིས་སྐུ་ལྟའོ་ཞེས་སྨྲའོ། །གཉིས་པོ་ཕན་ཚུན་བལྟས་ཏེ་ཤིན་ཏུ་མི་དགའ་བར་གྱུར་ཏེ། ཇི་ལྟར་འདི་ལ་ཟུག་རྔུ་ཡང་མེད་དམ་ཞེས་གསལ་བར་སྨྲས་པ། གྲོགས་མོ་འདི་ནི་ཇི་ལྟ་བ་དེ་ནི་འདིའོ། པདྨ་བ་ཏཱི་ནས། ཡང་རིམ་བྲིས་པའི་གཟུགས་བརྙན་དེ་གང་ན་ཞེས་སྨྲ། གཉིས་པོ་ནས་འདི་ན་མེད་པ་མ་ཡིན་ཏེ། ཁྱེད་ཀྱི་མདུན་ན་མཆིས་སོ། །པདྨ་ཅན་གྱིས་ཡུན་རིང་ཇི་ལྟར་འདི་ལྟར་ཟུག་རྔུ་ཡང་མེད་དམ་ཞེས་གསལ་བར་སྨྲས་པ། གྲོགས་མོ་འདི་ནི་ཇི་ལྟ་བ་དེ་ནི་འདིའོ། །པདྨ་བ་ཏཱི་གནམ་དུ་བལྟས་ནས་ངུ་ཞིང་བདག་ཉིད་བསམས་པ། གང་ཞིག་བྲིས་སྐུའི་གཟུགས་བརྙན་འདི་འདྲ་བདེ་ནི་ཀྱེ་མ་བརྩེ་བ་མེད་པའི་ཚིག་ཙམ་ལ་འགའ་ཞིག་གིས་ཡང་སྐྱེ་བོ་འདི་རྗེས་སུ་བརྩེ་བ་ཅན་ནོ་ཞེས་བསྒྲགས་སོ་སྙམ་ནས་ནམ་མཁར་བལྟས་ཏེ། ལེགས་ལྡན་མདའ་ལྔ་ཁྱེད་ཀྱིས་འདིར། །མདའ་ནི་མ་སྐྱེས་འགྱུར་བ་འམ། །འདི་ནི་ཡོན་ཏན་རྗེས་ཆགས་པས། །ཡང་ན་འདིས་བསྲེག་མཐུ་མེད་དམ། །སྟོབས་མེད་རྣམས་དང་འདྲར་སྐྱེས་ན། །དཔའ་མཐོང་མངོན་པའི་ང་རྒྱལ་ལོ། །ཕྱོགས་རྣམས་སུ་བལྟ་བར་བྱས་ནས། གཞན་ཅི་ཞིག་ལྟ་བར་བྱེད་འདིར་ཡང་འཕགས་པའི་བུའི་བྲིས་སྐུ་ལ་འཁྱུད་ནས། བདག་ཉིད་ཉམས་པར་བྱེད་དོ་ཞེས་སྨྲ། སྤྲང་གི་བུ་མོ་ལངས་ནས། ཕྱོགས་རྣམས་ལ་བལྟས་པས་ཇི་ལྟར་འདིས་དྲི་མ་མེད་པའི་ནམ་མཁའི་མཐིལ་དུ་བྱ་རྣམ་པར་རྒྱུ་བ་ཡང་མ་མཚོན་ནོ། །སླར་ཡང་བལྟས་པས། ཡ་མཚན་ཆེ་ནས། གྲོགས་དགའ་མ་ལྟོས་ལྟོས། འདིར་གློག་གི་རི་མོ་རབ་ཏུ་འགྱེད་པ་བཞིན་དུ་དྲི་མ་མེད་པའི་ནམ་མཁའི་ཁམས་ན་


DTG169_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲོ་བའི་མཚན་ཉིད་དོ། །ཧ་ལ་ཁྱེད་གཉིས་ཀྱིས་ཅི་ཞིག་ལྟོས་ཤིག །བདག་ནི་གདུང་བས་ནོན་ཏོ། །སྦྲང་གི་བུ་མོ་ནས། རིའི་རྩེ་མོས་མངོན་པར་གཡོགས་པ་བཞིན་ནོ། །དེ་ནས་ཤིག་ལེ་བློ་གྲོས་མས་ངེས་པར་བལྟས་ནས། རེ་ཞིག་འདི་ཅི་ཞིག་ཅེས་ཐིག་ལེ་བློ་གྲོས་མ་གྲོགས་མོ་དགའ་མ་ལ་སྨྲས་པར་བྱའོ་སྙམ་ནས་ངེས་པར་ཞུགས་སོ། །ཡང་གཞོན་ནུ་དང་བཅས་ཏེ་རིན་ཆེན་ཕྲེང་བ་མ་དེ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་ནས་རིན་ཆེན་ཕྲེང་བ་མ་དང་གཞོན་ནུ་དང༌། བཞད་གད་པ་རྣམས་ཀྱང་རབ་ཏུ་ཞུགས་སོ། །བཞད་གད་པ་ནས། བྷོ་ན་མཉམ་གཟིགས་གཟིགས། དྲང་སྲོང་གི་གནས་ཀྱི་མཚན་ཉིད་འདིར་ཡང་དག་པར་འཐུལ་བ་དུ་བའི་རང་བཞིན་སྦྱིན་སྲེག་གི་དུ་བའི་ཕྲེང་བས་བར་སྣང་ཁེབས་ཤིང་ཕན་ཚུན་དགྲ་ཡོངས་སུ་འཇུག་པའི་དུད་འགྲོའི་ཚོགས་རྣམས་ཀྱང་གཉེན་གྱི་འཇུག་པ་ཁྱད་པར་ཅན་ཤིན་ཏུ་མཉེས་གཤིན་པ་ཕུན་སུམ་ཚོགས་པ་དྲང་སྲོང་གི་གནས་སོ། །འདྲེན་པ་ནས། གྲོགས་པོ་འདིར་ངོ་མཚར་ཆེ་བ་འདི་ལྟ་སྟེ། སྟག་མོ་ཡང་ནི་ཁོང་ནས་དུལ་ཞིང་མིག་ནི་རབ་བཙུགས་རི་དགས་ཕྲུ་གུ་རྣམས་ནི་ལྡག་པར་བྱེད། །མཉེས་གཤིན་རབ་དགའ་གཙུག་ཕུད་ཅན་ནི་མདོངས་རྣམས་རབ་བརྐྱང་ལྟེང་ཀ་རྣམས་ནི་འཚེ་བ་བསྐྱབ་ཕྱིར་སྐྱོང༌། །སེང་གེ་ཡང་ནི་གླང་མོ་གང་ཞིག་སོང་བའི་ཕྲུ་གུ་རྣམས་ནི་རང་གི་བུ་བཞིན་སྲུང་བར་བྱེད། །གང་རྣམས་ཀྱི་ནི་བྱམས་པའི་གནས་བཅས་ནགས་དང་རི་བོའི་ཕུག་ན་རྣམ་པར་གནས་པ་དེ་རྣམས་རྒྱལ། །རིག་འཛིན་མ་ངེས་པར་བལྟས་ནས། བདག་གི་གྲོགས་མོ་དགའ་མའི་ཉེ་འཁོར་དུ་ཕྱིན་ནོ། །འདིར་ནི་གྲོགས་མོ་དགའ་མ་ཙན་དན་རྣོན་པོ་ཤིན་ཏུ་ཆགས་པ་ཟླ་བ་བཞིན་དུ་ཟླ་བའི་འོད་ཟེར་གྱི་དཀྱིལ་འཁོར་དང་འདྲ་བར་རྣམ་པར་མཛེས་སོ་སྙམ་མོ། །བཞད་གད་པ་ངོ་མཚར་ཆེ་ནས། བྷོ་ན་མཉམ་གཟིགས་གཟིགས་བུད་མེད་འདི་ནི་རིན་པོ་ཆེ་ལྟར་འདིའི་འཇམ་མདངས་འོད་ཟེར་རབ་ཏུ་འབབ་པ་སྐྱེ་ཞིང་བསྐྱང་བས་མཉེལ་ནས་གཟིགས་པ་ལྟ་བུའོ། །འདྲེན་པས་ངེས་པར་གཟིགས་ནས། ན་མཉམ་པ་རྣམས་ཀྱི་ཁྱད་པར་ཅན་རྣམས་རིང་དུ་གྱུར་པས་ཁྱོད་ཀྱིས་མངོན་པར་མ་ཤེས་ཏེ་ཁྱོད་རིན་པོ་ཆེ་དང་སྙམ་མམ། འདིའི་ལུས་ལ་རེག་པ་ཙམ། རིན་ཆེན་གཞན་རྣམས་མངོན་པར་འདོད། །དེ་ནི་རིན་ཆེན་ལྟ་མི་བྱེད། །རང་ལུས་དེ་བཞིན་རྣམ་


DTG169_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པས། །བཞད་གད་པ་ནས་ཡིད་ཀྱི་ཤིང་རྟའི་མེ་ཏོག་ནི་མཐོང་ངོ་ཞེས་སོ། །པདྨ་ཅན་དང་སྦྲང་གི་བུ་མོ་ཟུར་གྱིས་ལྟ་ཞིང་རིན་ཆེན་ཕྲེང་བ་མ་ནི་ཤིན་ཏུ་རིང་དུ་ཐོགས་སོ་ཞེས་སྨྲ། བཞད་གད་པ་ནས། ཀྱེ་ན་མཉམ་སྙན་པར་སྨྲ་བ་ནི་འདི་ལྟ་བུའོ། །འདྲེན་པ་ནས། ན་མཉམ་པ་འདི་ཅི་ཞིག་བརྗོད་ཅེ་ན། ཀྱེ་གང་ཞིག་ཟུར་གྱེས་བལྟས་པས་རྣམ་པར་འཕངས་གྱུར་པ། །ཡིད་འོང་སྤྱན་ལས་སྙན་པར་སྨྲ་པ་ཕྱོགས་པ་ནི། །གཡོ་མེད་དེ་འདིར་ས་ཆེན་སྟེང་གནས་མྱོས་པའི་ལེ་ལོ་ཡིས། །ལུས་ལ་མེ་ཏོག་ལ་གནས་པ་དེ་ལྟར་ན་འདི་སྦྲང་རྩིའི། །རིག་འཛིན་མ་ནི་བྱེད་པ་པོ་རྗེས་འཇུག་པར་མཐོང་ངོ༌། །བཞད་གད་པ་ནི། ཤིན་ཏུ་དགའ་ནས་རང་ཉིད་བསམས་ཏེ། འདི་ནི་མངོན་པར་འདོད་པའི་འབྲས་བུ་སྟེ། འདི་ནི་ཇི་ལྟར་ཐང་ཁ་ལ་རི་མོ་བྲིས་པ་བདག་གིས་མཐོང་བ་དེའི་སྙམ་མོ། །རིག་འཛིན་མ་ནས། མཐུ་ཆེན་པོ་རེ་ཞིག་ཇི་སྲིད་དེ་ལ་སྨྲ་བའི་བར་དུ་མཉེལ་སོ་བར་མཛོད་ཅིག ། འདྲེན་པ་ནས། ཁྱོད་ཇི་ལྟར་འདོད་པ་བཞིན་བྱའོ། །རིག་འཛིན་མ་ཤིན་ཏུ་དགའ་ནས་ཉེ་བར་སོང་ངོ༌། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་ལྟོས་ལྟོས། འདི་ནི་རིན་ཆེན་ཕྲེང་བ་མའོ། །པདྨ་ཅན་ནས། དེ་གང་ན་གང་ན་ཞེས་ཟེར་ཏེ། སྦྲང་རྩིའི་བུ་མོ་དང་པདྨ་ཅན་དག་གིས་གཅིག་པུ་ཉིད་དུ་མཐོང་ནས་བརྒྱལ་ནས་གར་བྱེད་དོ། །རིག་འཛིན་མ་ཤིན་ཏུ་དངངས་ནས། དགའ་མ་ཁྱོད་ཀྱི་ཡིད་ཀྱི་ཤིང་རྟ་གྲུབ་བོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་དབུགས་ཕྱུང་ཤིག །རིག་འཛིན་མ་ངེས་པར་བལྟས་ཏེ། ཀྱེ་མ་བདག་སྐལ་བ་དམན་པད་ཤི་ཟིན། ཧ་དྷི་ཧ་དྷི་འདིར་སུ་འཇུག་པར་བྱེད་ཅེས་ཡོངས་སུ་འཁྱུད་ནས་བལྟས་སོ། །ཀྱེ་མ་སྐལ་བ་དམན་པ་ཡིད་ཀྱི་ཤིང་རྟ་ལག་ཏུ་འོངས་ནས་ཡང་སླར་འདོར་བར་བྱེད་དམ་ཞེས་སྨྲ་ཞིང་རིག་འཛིན་མ་ནས། གཞོན་ནུ་ཡོངས་སུ་སྐྱོབ་པར་མཛོད་ཅིག །འདིར་ནི་བདག་གི་གྲོགས་མོ་དགའ་མ་མཐར་བྱེད་ཀྱིས་གསོད་ཅིང་འཕྲོག་པར་བྱེད་དོ། །འདྲེན་པ་ནི་རྟབ་རྟབ་པོར་ཀྱེ་མ་རབ་ཏུ་མྱོས་སོ། །བཞད་གད་པ་ནས། ན་མཉམ་དགའ་བ་མྱུར་དུ་མཛོད་ཅིག །གཉིས་པོ་ཡང་ཉེ་བར་དྲུང་དུ་ཕྱིན་ཏོ། །རིག་འཛིན་མ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ཏེ། མཐུ་ཆེན་པོ་གྲོགས་མོ་དགའ་མ་རྗེས་སུ་བརྩེ་བར་མཛད་དུ་གསོལ། །འདྲེན་པ་ནི་ངོ་ཚ་ཞིང་འཇིགས་པ་དང་བཅས་ནས་བདག་བསྒྲུབ་པར་བྱ་


DTG169_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གང། ཁྱོད་ཀྱིས་ཉེ་བར་བསྒོ་བར་མཛོད། །རིག་འཛིན་མ་ནས། རིག་པ་ཀུན་གྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ལ། བདག་གིས་ཅི་ཞིག་ཉེ་བར་སྟོན། དེ་ལྟར་ནའང་རེ་ཞིག་མཐུ་ཆན་པོའི་ཕྱག་ལས་བདུད་རྩིའི་རྒྱུན་བསིལ་བ་རབ་ཏུ་འབབ་པ་ལས་གྲོགས་མོ་དགའ་མ་ཡོངས་སུ་རེག་པར་མཛོད་ཅིག །འདྲེན་པ་ནས་པདྨ་ཅན་གྱི་མགོ་ལ་ལེགས་པར་རེག་ནས། ཟླ་བ་བཞིན་འདྲ་འདི་ཡིས་ནི། །འདིར་ནི་རྣམ་པ་ཉམས་པ་བཞིན། །དགའ་བ་ཐོབ་ལས་རྣམ་ཉམས་སམ། །ཁྱོད་ཀྱི་རྣམ་ཉམས་སྡུག་བསྔལ་འཕེལ། །པདྨ་ཅན་ནི་མིག་ཅུང་ཟད་ཕྱེ་ནས། འདྲེན་པ་ནས། མ་ལ་ཡ་སྐྱེས་ཁུ་བ་སོར་མོས་བཞིན་ལ་བྱུགས། །རི་དགས་མིག་ཅན་འདི་ནི་དཀྱུས་རིང་མིག་ཕྱེ་བ། །ཆུ་འཛིན་རབ་ཏུ་དཀར་བས་ཆ་རྣམས་ཕྱེད་གཡོགས་པ། །མཁའ་ལ་ཆུ་འཛིན་དལ་གྱིས་འགྲོ་བ་ཟླ་བའི་དབྱིབས། །རིག་འཛིན་མ་ནི་གྲོགས་མོ་དགའ་མ་འཚོ་བར་མཐོང་སྟེ། ཤིན་ཏུ་དགའོ། །སྦྲང་གི་བུ་མོ་ནས། ཨ་ཧོ་གཞོན་ནུ་མཐུའོ། །བཞད་གད་པ་ནས། གྲོགས་མོ་དགའ་མ་ཡིད་ཀྱི་ཤིང་རྟ་མཐོང་ངོ༌། །རིག་འཛིན་མ་ནས། མཐུ་ཆེན་པོས་འདི་རེ་ཞིག་མགོ་བོའི་ཟུག་ཉེ་བར་ཞིའོ། །འདིའི་ལུས་ཀྱང་ཕྱག་གི་མཐིལ་གྱིས་རེག་པར་མཛོད་ཅིག །འདྲེན་པས་ལུས་རྣམས་ཀྱང་བྱུགས་ནས། ཤིན་ཏུ་མཉེས་ཏེ། མི་དགའ་བ་ད་ཆོག་གོ །དཱི་ནི་ཁུར་གྱིས་དུབ་པ་འཇམ་པའི་ལུས་ནི་རབ་གཡོ་བཞིན། །ཡིད་འོང་དྲི་ཡིས་འགྲོ་ཞིང་བུང་བའི་གཤོག་པས་རྣམ་བསྐྱེད་པ། །མཚན་མོ་མལ་ཏི་ཡི་མེ་ཏོག་ཕྲེང་བ་བྱེད་པ་བཞིན། །འདི་ཡི་ལུས་རྣམས་རིམ་གྱིས་གསལ་པོར་ཡང་དག་གཡོ་བར་བྱེད། །གྲོགས་མོ་དག་ནས། །གྲོགས་མོ་དགའ་མ་དབུགས་ཤིག་དབུགས་ཤིག །མཐུ་ཆེན་པོས་ཁྱོད་འདིར་རྗེས་སུ་བཟུང་ངོ༌། །དེ་ཡིས་གཟིགས་ནས་འདིར་ཡིད་ཀྱི་ཤིང་རྟ་རང་གི་ལུས་བཞིན་དུ་བརྗོད། །པདྨ་ཅན་ནི་འཇིགས་ཤིང་ངེས་པར་བལྟས་ཏེ། ངོ་ཚ་བས་འདར་ཞིང་ལངས་ནས་འབྲོས་འདོད་པས་མ་ནུས་ཏེ་རིངས་ནས་གར་བྱེད་དོ། །རིག་འཛིན་མ་ནས་གྲོགས་མོ་དགའ་མ་དེ་ཙམ་མ་རིངས་ཤིག་རེ་ཞིག་གསར་དུ་འོངས་པ་ལ་སྟན་གཅིག་ལ་གནས་ནས་བསྙེན་བཀུར་བར་གྱིས་ཤིག །འདྲེན་པ་ནས། དཀར་མིན་མིག་ཅན་འཇིགས་བཅས་ཁྱོད་ནི་སྡུག་བསྔལ་བ། །ཆོག་ཆོག་ལུས་ནི་གདུང་བས་ཅུང་ཟད་གཡོ་བ་ཅན། །མེ་ཏོག་ཕྲེང་བ་ཅུང་ཞིག་ཁ་འབུས་འདབ་མ་རྣམས། །བུང་བ་རྣམས་ཀྱི་རྐང་པ་ཡང་


DTG169_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཟོད་མི་ནུས། །པདྨ་ཅན་རང་ཉིད་བསམས་ཏེ། ཅི་སྟེ་འདི་ནི་འདིར་ནགས་ནས་འོངས་སམ། ཡང་ན་འདི་བཞིན་དུ་སྣང་བའམ། ཡང་ན་རྨི་ལམ་དུ་སྣང་བ་འམ་སྙམ་མོ། །སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་འདི་ནི་དེ་ཡིན་ཏེ། ཁྱོད་ཀྱིས་གཞོན་ནུའི་སྐུ་གཟུགས་ཐང་སྐུ་ནི་རི་མོར་བྲིས་པ་ལ་མཆོད་པའི་ཕྱིར་བ་ཀུ་ལའི་མེ་ཏོག་ཕྲེང་བ་གང་ཞིག་ཉིད་ཀྱིས་བརྒྱུས་པའོ་ཞེས་བསྟོད་དོ། །པདྨ་ཅན་ནི་འདྲེན་པ་ལ་ཟུང་གྱིས་བལྟ་ཞིང་རི་མོའི་སྐུ་གཟུགས་ལ་དེ་ཕུལ་ལོ། །འདྲེན་པས་རི་མོ་བལྟས་ནས་འདི་ནི་ཁོ་བོ་བཞིན་དུ་རི་མོར་བྲིས་བ་ཞིག་གོ །ཧ་ཨ་ཧོ་བདག་ལ་གུས་བ་ཆེར་མཆིས་སོ། །བཞད་གད་པ་ནས། ཁྱོད་ཀྱི་ལྷ་རྣམས་གུས་པས་བསྙེན་བཀུར་བསད་ལྟར་དེ་ཁྱོད་ལ་འདི་བཞིན་དུའོ། །འདྲེན་པ་ནས། ཇི་ལྟར་འདི་བཞིན་དུའོ། །བཞད་གད་པ་ནས། ལྷ་རྣམས་ཀྱང་གུས་པས་བསྙེན་བཀུར་ནས་མཆོག་གསོལ་བར་བྱེད་དོ། །ཁྱོད་ནི་དཀའ་ཐུབ་མའི་མངོན་པར་འདོད་པའི་གང་ཡང་སྦྱིན་མི་བྱེད་དོ། གྲོགས་མོ་དགའ་ནས་ལེགས་པར་སྨྲས་སོ། །འདྲེན་པ་ནི་འཛུམ་ཞིང་ཁྱོད་ཀྱིས་དེ་བཞིན་དུ་མཆོག་སྟེར་ཤེས་སམ། བཞད་གད་པ་ནས། གལ་ཏེ་ཁྱོད་བདག་གི་རྗེས་སུ་འཇུག་ན་བྲམ་ཟེ་ཡིན་པས་སྦྱིན་པར་བྱའོ། །འདྲེན་པ་ནས། བདག་གི་རྗེས་སུ་འཇུག་པར་བྱ། བཞད་གད་པས་ཁྱོད་དེ་བཞིན་དུ་འདིའི་མཆོག་ཏུ་བདག་གིས་སྦྱིན། འདྲེན་པ་ནས་ཁྱོད་ནི་ཐ་ཤལ་རྨོངས་པ་རབ་ཏུ་མི་ཤེས་པའོ། །བཞད་གད་པ་ནས། ཁྱོད་ནི་ཤིན་ཏུ་མི་བཟོད་དོ། །འདྲེན་པ་ནས། ན་མཉམ་རབ་ཏུ་གསལ་བའི་དགོངས་པ་ལ་ཡང་འདིས་ཤིན་ཏུ་སྦྱིན་པར་བྱེད་དེ་གཟིགས་མཛོད། །བདག་ནི་རབ་ཏུ་བརྐྱང་ལ་ཚུལ་འཆོས་ལུས་ནི་ངོ་ཚས་སྡུད་བྱེད་ཅིང༌། །ཡིད་འོང་མིག་ནི་གསལ་པོར་འཕངས་ཤིང་སྐད་ཅིག་ཉིད་ལ་སློང་བར་བྱེད། །བདག་ནི་མི་བཟོད་ལྟ་བས་བལྟ་ཞིང་སླར་ཡང་མངོན་འདོད་འདྲེན་པར་བྱེད། །བྱིས་པའི་བློ་ཡི་དགོངས་པ་རབ་ཏུ་སྤྲོ་ཞིང་གཡོ་ཡང་འདིར་མི་བྱེད། །ཅེས་གསུངས་སོ། །ཡོལ་བའི་ནང་དུའོ། །ཅ་ཅོ་ཆེན་པོ་ཞིག་གྲགས་སོ། །ཐམས་ཅད་འཇིགས་ནས་ཉེ་བར་ལངས་སོ། །བཞད་གད་པས་ཉེ་བར་བལྟས་ནས་འདི་ནི་གང་ནས་གླང་ཆེན་མྱོས་པ་ཡང་དག་རྒྱུག་བྱེད་ཅིང༌། །འདིར་ནི་ཇི་ལྟར་ཤུགས་ཀྱིས་མི་བཟད་སྣ་ཡི་འཁྱིལ་བྱས་ནས། །ཆུ་རྣམས་འཕེན་པ་ཆར་འབབ་བཞིན་དུ་སྟོབས་ཀྱིས་རབ་ཏུ་འཇུག །གདོང་ལ་མྱོས་འབབ་དྲི་ལ་སྦྲང་རྩི་བྱེད་


DTG169_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྗེས་སུ་འཇུག །ཡོལ་བ་ལ་ཅ་ཅོ་སྨྲའོ། །བཞད་གད་པ་ནི་ཤིན་ཏུ་འཇིགས་ཏེ་ཀྱེ་ན་མཉམ་ཡོངས་སུ་སྐྱོབ་པར་མཛོད་ཅེས་སྨྲའོ། །པདྨ་ཅན་ནི་ཤིན་ཏུ་འཇིགས་ཏེ། གཞོན་ནུ་ལ་ཀུན་ནས་འཁྱུད་དོ། །གྲོགས་མོ་དག་ནས། མཐུ་ཆེན་པོ་གྲོགས་མོ་དགའ་མ་བསྲུང་བར་མཛོད་ཅིག་ཟེར། འདྲེན་པ་ནས་མ་འཇིགས་ཤིག །འཇིགས་ལྡན་མ་དུལ་གླང་ཆེན་མྱོས། །སོ་ལྡན་གནམ་ལྕགས་མཆེ་བ་ཅན། །བདག་གི་བྲང་གིས་དེ་མཚུངས་པར། །རྟག་ཏུ་རབ་གསལ་འདི་བཟུང་ངོ༌། །རིག་འཛིན་མ་ནས། དེ་ནི་འཇིགས་པ་འདི་ག་ལ་བྱུང༌། ཡོལ་བའི་ནང་ནས། འཇིགས་པ་རྣམས་ཀྱི་མི་འཇིགས་རབ་སྤྱིན་ས་གསུམ་རབ་ཏུ་ཚིམ་བྱེད་ཁྱོད་ནི་གཉེན། །སྡུག་བསྔལ་ཆུ་གཏེར་ཀློང་འཁྲུགས་འགྲོ་རྣམས་ཡང་དག་སྒྲོལ་བའི་གཟིངས་ཉིད་དོ། །ཁྱོད་ཀྱི་ཕྱག་ནི་རབ་ཏུ་གསལ་བའི་རྒྱན་གྱིས་རོལ་ཞིང་ཀུན་འཁྲིལ་སོ་ལྡན་པོ། །གཏུམ་ཞིང་གཡོ་བས་འཇིག་རྟེན་མ་ལུས་འདིར་ནི་སྐྲག་པའི་གནས་སྐབས་ག་ལ་འགྱུར། །གཞོན་ནུ་ནས། ཀྱེ་དགའ་མ་བདག་ཐོང་ཞིག །གླང་པོ་གཏུམ་པོ་ནི་སོང༌། རིག་འཛིན་མ་དགོད་ཅིང་དི་རིང་ཡང་ཁྱོད་གང་དུ་ཡང་མི་གཏོང་ངམ། གཞོན་ནུ་རང་བཞིན་བསམས་ཏེ། གལ་ཏེ་བདག་འདི་ལྟ་བུའི་གནས་སྐབས་སུ་འགའ་ཞིག་མཐོང་བར་མི་འགྱུར་རམ། བདག་ནི་ཚུལ་དང་འདྲ་བ་མ་ཡིན་ནོ་སྙམ་ནས། དེ་ནས་དྲང་སྲོང་གི་སློབ་མ་རབ་ཏུ་ཞུགས་སོ། །རྟབ་རྟབ་པོར་ཀྱེ་མ་ཇི་ལྟར་རི་དགས་ཀྱི་རིགས་རྣམས་ཀྱང་འདི་དང་དེར་ཤིན་ཏུ་སྐྲག་པས་རབ་ཏུ་འཇུག་ཅིང་སེམས་ནི་དང་ངས་པར་གྱུར། གླང་ཆེན་རབ་ཏུ་འཇིགས་པས་ཐུབ་པའི་གཞོན་ནུ་རྣམས་ཀྱང་གསལ་པོར་དུ་བར་གྱུར། པདྨ་བ་ཏཱི་ནི་གང་དུ་སོང་ངམ་སྙམ་ནས་ཡོངས་སུ་ཞུགས་སོ། །མཐོང་ནས་ཤིན་ཏུ་མི་བཟོད་པས། ཨ་ཚངས་པ་ཀྱེ། ཨ་ཚངས་པ་ཀྱེ་ཇི་ལྟར་དཀའ་ཐུབ་ཀྱི་ཚལ་ན་འགལ་བར་འཇུག་གོ་ཞེས་སྨྲ། ཐམས་ཅད་ཤིན་ཏུ་འཇིགས་ཏེ། གྲོགས་མོ་དགའ་ནས། ཇི་ལྟར་འཕགས་པའི་སྤྱོད་པའི་བུའོ། །པདྨ་ཅན་ནི་གཞོན་ནུ་བཏང་སྟེ། ངོ་ཚ་ནས་ཁ་འོག་ཏུ་ཕྱོགས་ནས་གནས་སོ། །ཡོལ་བའི་ནང་དུའོ། །འདི་ལག་ལྡན་གྱི་འཇིགས་པས་བདག་གིས་པདྨ་བ་ཏཱི་ནས་འབྱུང་ཞེས་དྲང་སྲོང་དུས་སོ། །སློབ་མ་ནི་ངུ་ཞིང་མཁན་པོ་ཡོངས་སུ་སྐྱོབ་པར་མཛོད་ཅིག །ཡོངས་སུ་སྐྱོབ་པར་མཛོད་ཅིག །པདྨ་བ་ཏཱི་ནི་འདི་ན་ཡོངས་སུ་སུན་འབྱིན་པར་བྱེད་ཅིང་མཆིས་


DTG169_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གྲོགས་མོ་དག་ཤིན་ཏུ་འཇིགས་ཤིང་ཤིན་ཏུ་མི་ཕན་པར་གྱུར་ཏོ་སྙམ་མོ། །གཞོན་ནུ་ནི་མི་མཐུན་པའི་མཚན་ཉིད་སྡུག་བསྔལ་བར་བདག་ལྷུང་ངོ་སྙམ་མོ། །བཞད་གད་པ་ནི་མི་བཟོད་པར་ཨ་རེ་ཨེ་རེ་བྲམ་ཟེ་གདུག་པ་ཅན་མི་བདེན་པ་སྨྲ་ཞིང་ཅིའི་ཕྱིར་ཁྱོད་དུ་ཞེས་དབྱུག་པའི་ཤིང་གྱེན་དུ་ཕྱར་ཏེ་ཉེ་བར་བཏུད་དོ། །བྲམ་ཟེ་ནི་ཨ་ཚངས་པ་ཀྱེ་མཁན་པོ་ཡོངས་སུ་སྐྱོབ་པར་མཛོད་ཅེས་སྨྲ། དེ་ནས་ཐུབ་པ་ནི་ཁྲོས། རབ་ཏུ་ཞུགས་ནས་ཨཱ་འདི་སུ་ཞིག་ངེས་པར་བལྟས་ནས། ལག་པ་དང་རྐང་པར་བཅས་པར་རྡོབས་ཤིང༌། ལྷ་རྣམས་ཐམས་ཅད་སྟོངས་སམ་ཅི། །དམོད་པ་རྣམས་ནི་ཡལ་གྱུར་ཏམ་གང་ཞིག་ཐུབ་པའི་རིགས་རྣམས་ཀྱང༌། །ཀུན་ནས་གནོད་ཅིང་ཡོངས་སུ་འཇིག །ཅེས་སྨྲ། ཀྱེ་བུ་པདྨ་བ་ཏཱི་ཨེ་མ་གཞོན་ནུ་གཙུག་ན་ནོར་བུ་ལ་པདྨ་བདག་གི་ཡིད་ཀྱི་སྦྱིན་པར་བྱས་ཏེ་གདུང་བར་བྱེད་དོ། །གཞོན་ནུ་ནས། ལེགས་པའི་དྲང་སྲོང་ཆེན་པོ་གང༌། །བདག་ཕྱིར་དེ་བཞིན་རྗེས་གདུང་བ། །ཀུན་སྤྱོད་ཁྲིམས་ལས་འདས་གྱུར་ན། །སྐྱེས་བུ་པདྨ་ཅན་བཞིན་གདུང༌། །བདག་ལས་ཀུན་སྤྱོད་རྣམས་འགལ་ནས། །འདི་ནི་ལྷ་རྣམས་ཀྱིས་མཁྱེན་འགྱུར། །བཞད་གད་པ་ཤིན་ཏུ་འཇིགས་ནས་གནས་སྐབས་འདིར་ཅི་ཞིག་སྨྲ། ལྷ་རྣམས་ཀྱི། དྲང་སྲོང་ནས། ཐུབ་པའི་སྐྱེ་བོའི་ལྷ་རྣམས་ནི་གང་དང་གང༌། བཞད་གད་པ་ནས། བྲམ་ཟེ་གཡོ་ཅན་ཕར་སོང་ཕར་སོང༌། །མཁན་པོ་ལས་མཐུ་ཆེ་བའི་ལྷ་གང་ཞིག་ཀྱང་ཡོད་དམ། དྲང་སྲོང་ནས། ལྷ་རྣམས་ད་ལྟ་ཉིད་དུས་སྟེངས་ལྷུང་བར་བྱའམ་ཅི། །ཆུ་གཏེར་རབ་ཏུ་རྒྱུ་བ་སྐད་ཅིག་ཉིད་ལ་སྐམ་མམ་ཅི། །བསྐལ་པའི་མེ་ནི་འོད་ཟེར་འབར་བས་རྩྭ་རྣམས་མ་ལུས་པ། །སྲེག་པ་བཞིན་དུ་འཇིག་རྟེན་རྣམས་ནི་ཐལ་བར་བྱའམ་ཅི། །རིག་འཛིན་མ་རང་ཉིད་བསམས་ཏེ། ཇི་སྲིད་འདི་ནི་མཐོང་དུག་བཞིན། །འདི་ཡི་དམོད་དུག་མ་གྲོལ་བ། །དེ་སྲིད་འདིར་ནི་བདག་གིས་ནི། །ཉེས་རྣམས་རབ་ཏུ་གསལ་བར་བྱ། །སྙམ་མོ། །ཉེ་བར་བཏུད་དེ་ཕྱག་འཚལ་ནས། །ཡབ་གཅིག་གནང་བར་མཛོད་གནང་བར་མཛོད། འདིར་པདྨ་བ་ཏཱི་དགོན་པའི་གླང་པོ་ཆེ་མྱོས་པས་གསོད་པ་ལས། མཐུ་ཆེན་པོ་འདིས་བསྐྱབས་པའོ། །དྲང་སྲོང་ནས། འདི་ཡང་སུ་ཞིག་ཡིན། བཞད་གད་པ་འཇིགས་བཞིན་དུ། ལྷ་ཚངས་པས་བྱིན་གྱི་གཞོན་ནུ་གཙུག་ན་ནོར་བུའོ། །དྲང་སྲོང་ནས་འདི་ནི་གཞོན་ནུ་གཙུག་ན་ནོར་


DTG169_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་པ་དེ་བདེན་ནམ་ཞེས་ངེས་པར་བལྟས་ནས་དུས་སོ། །ཐེ་ཚོམ་ནི་མཆོག་གོ །འདི་ནི་མཚུངས་མེད་དཔལ་དང་ལྡན། །རྟགས་ཀྱང་ནོར་བུས་རྣམ་པར་སྤྲས། །ཇི་ལྟར་དཔག་བསམ་ལྗོན་པ་ནི། །བདག་གིས་དུག་གི་སྡོང་པོར་ཤེས། །ཐམས་ཅད་དུ། བདག་དམན་མི་བཟོད་མི་ཤེས་པ། །བདག་དམན་ཤིན་ཏུ་མངོན་འདོད་ལ། །གང་ཞིག་མི་ཤེས་དབང་གིས་ནི། །བདག་གིས་སྡིག་པ་མངོན་པར་བྱས། །ཐལ་མོ་སྦྱར་ནས་ཀྱེ་མག་པ་སྐྱེ་བོ་ལས་ཐོས་པས། ཉེས་པར་བྱས་པ་འདི་རྣམས་བཟོད་པར་མཛོད་ཅིག །མི་ཤེས་པའི་དབང་གིས་ཉེ་བར་བྱས་སོ། །བཞད་གད་པ་ནི་བྲམ་ཟེ་འཚོའོ་སྙམ་མོ། །གཞོན་ནུ་ནས་གོང་མ་རྣམས་ལ་ཉེས་པ་མ་མཆིས་སོ། །བྲམ་ཟེ་དགའ་ནས། བཞད་གད་པ་ལ་འཁྱུད་དེ། ཕན་ཚུན་ཁྱོད་ཀྱང་བཟོད་པར་མཛོད་ཅིག་ཅེས་སོ། །དྲང་སྲོང་ནས། ཨ་ཧོ་གཞོན་ནུ་ནི་བསྟན་པའོ། །བུ་མོ་པདྨ་བ་ཏཱི་ཀྱེ། དེ་རིང་ངོ་ཆ་ཡང་ཆོག་པར་མཛོད། །སྲོག་ཆགས་དབང་ཕྱུག་བདག་པོར་གྱུར། །ཡང་དག་པས་ནི་སྤྲོ་བར་གྱིས། །གཞོན་ནུ་རང་ཉིད་བསམས་པ་ཡིན། །འདིའི་སྐབས་ནི་འདིར་གློ་བུར་དུ་བྱུང་ངོ་སྙམ་ནས། གསལ་པོར་སྨྲས་པ་ཀྱེ་ལེགས་ལྡན་རྗེས་སུ་བསྒོ་བར་མཛོད་ཅིག །བདག་ལྕི་བདག་གིས་ཞེས་པའི་དུས་འདས་འགྲོ་བར་བྱེད་དོ། །དྲང་སྲོང་ནས། ལག་པའི་ཆུ་འཛིན་གང་བར་གྱིས་ལ་ཁྱོད་དང་བཙུན་མོ་གཉིས་ཀར་གཤེགས་ཤིག །གཞོན་ནུས་རྣམ་པར་བསམས་ཏེ་ལེགས་ལྡན་བདག་ནི་རྒྱལ་རིགས་སོ། །དྲང་སྲོང་ནས། འདི་ཡང་ཡིད་ཀྱི་མཚོ་ཡི་ནི། །ཆུ་སྐྱེས་སྦུབས་ལས་ཡང་དག་བྱུང༌། །བཞད་གད་པ་ནས། དེ་བཞིན་བདག་ཅག་གིས་ཀྱང་ཐོས་སོ། །འདྲེན་པ་ནས། ལེགས་ལྡན་བདག་ལ་ལྕི་བ་དག་གིས་རྗེས་སུ་གནས་པ་མེད་དོ། །བཞད་གད་པ་ནས། འདི་འབའ་ཞིག་མ་ཡིན་པ་རྗེས་སུ་གནང་བ་ནི་རི་མོ་འོངས་ནས་བག་མར་བྱས་པ་ནི་འདིའོ། །དྲང་སྲོང་ནས། གཞན་ཡང་འགའ་ཞིག་མེད་དམ། འདྲེན་པ་ནི། འདྲེན་པ་ནས། ངོ་ཚ་བ་དང་བཅས་སོ། །དྲང་སྲོང་ནས་འདི་ཅི་ཞིག ། འདྲེན་པ་ནས་དེ་ལྟར་རོ། །དྲོང་སྲོང་ནས། དེ་ལྟར་འགྱུར་བ་ཅི་ཡིན། འདྲེན་པ་ནས། ཀྱེ་འདི་ཉིད་དོ། །བཞད་གད་པ་ངུ་ཞིང༌། ཀྱེ་ཁྱོད་ལ་ཆགས་པར་གྱུར་པའི་སྲོག་མ་བསྲུངས་ན་ད་ནི་ཇི་ལྟར་དྲང་སྲོང་གི་རིགས་ཐམས་ཅད་དེ་བཞིན་དུ་སྟོངས་པར་འགྱུར་རོ། །རིག་འཛིན་མ་ངུ་ཞིང༌། ད་ནི་ཐམས་ཅད་འདིས་


DTG169_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྤོང་བར་བྱེད་དོ། །དྲང་སྲོང་ནི་ངུ་ཞིང་ཁྱོད་ཀྱི་ལུས་དང་འདྲ་བ་འདིས་ཇི་ལྟར་ཚངས་པར་སྤྱོད་ཀྱང་འཇོམས་པར་བྱེད་དམ། གལ་ཏེ་ཁྱོད་ཀྱིས་དེ་བཞིན་དུ་བདག་ཅག་རྣམས་ལ་དགའ་བ་མཐོང་བ་ལས། སླར་ཡང་གཞན་དུ་བྱེད་པར་འགྱུར་ཞིང༌། བདག་ལ་འདི་ར་ཆེན་པོས་ཡོངས་སུ་སུན་འབྱིན་ཅིང་དེ་ཡིས་བདག་འདིར་ཆེན་པོར་ཡོངས་སུ་བསླུ་ཞིང་བསྲེག་ནས། བདག་ཅག་འཁོར་དང་བཅས་པའི་སྐྱེ་བོ་རྣམས་དང་ནི་མེའི་ནང་དུ་རང་ཉིད་སྦྱིན་སྲེག་དུ་བྱའོ། །ཀྱེ་འདི་ན་སུ་སུ། མེ་ཁྱེར་ལ་ཤོག་ཤིག །བྲམ་ཟེ་ནས། བདག་ནི་ལྟ་བ་མི་བཟོད་པས། སྔོན་དུ་མེའི་ནང་དུ་རབ་ཏུ་འཇུག་པར་བྱེད་དོ། །བཞད་གད་པ་རང་ཉིད་ཀྱིས་བསམས་པ། ཁྱོད་ཀྱི་དེ་ཉིད་ལེགས་སོ། །འདྲེན་པ་ནས་རང་ཉིད་བསམས་ཏེ། ཐམས་ཅད་ཀྱིས་ཡང་དག་པར་བརྫུན་པར་བྱེད་དོ་སྙམ་མོ། །གསལ་པོར་སྨྲས་པ། ལེགས་ལྡན་དག་བདག་ནི་གནས་གང་ཞིག །ཅུང་ཟད་མི་སྦྱིན་ཞེས་བྱ་མེད། །ཅིའི་ཕྱིར་ཤིན་ཏུ་སྙིང་རྗེ་བས། །དེའི་ཕྱིར་བདག་ནི་ཡོངས་སུ་སྤོང༌། །པདྨ་ཅན་ནི་འདིས་བདག་དེ་བཞིན་དུ་བྱས་ནས་མཆོག་ཏུ་ཡང་དགའོ་སྙམ་ནས། དྲང་སྲོང་ནས་ཁྱོད་དང་བུ་མོ་པདྨ་ཅན་ལྷན་ཅིག་ཏུ་ཆོས་སྤྱོད་ཅིང་དུག་ནི་མི་སྤྱོད། བཞད་གད་པ་ནས། ཁྱོད་ཀྱིས་སླར་ཡང་བདག་ཀྱང་མི་གྲོལ་བ་མ་ཡིན་ནམ། འདྲེན་པ་ནས། ཁྱོད་ཇི་ལྟ་བ་བཞིན་དུ་གསུངས་ཤིག །བཞད་གད་པ་དང་བྲམ་ཟེ་དག་གར་བྱེད་དོ། །རིག་འཛིན་མ་ནི་བདག་གིས་བརྩམས་པའི་དོན་གྲུབ་སྙམ་མོ། །པདྨ་ཅན་ནི་བྱེད་པ་པོས་བདག་རྗེས་སུ་བཟུང་ངོ་སྙམ་མོ། །དྲང་སྲོང་ནས། ཆོས་མཁྱེན་པ་དང་བརྩེ་བ་ཡིས། །གཙུག་ན་ནོར་བུས་བདག་བཞིན་དུ། །རི་དབང་མག་པར་བྱས་ཀྱང་ནི། རི་བོ་དྲན་གྱུར་དེ་བཞིན་མིན། །དེ་ནས་སྦྱིན་སྲེག་གི་ཁང་པར་ཞུགས་ཏེ་ཆོ་ག་རྣམས་ཇི་ལྟ་བ་བཞིན་དུ་བསམས་ཏེ། བྱིན་གྱིས་བརླབས་ནས་ཐམས་ཅད་ཡོངས་སུ་ཞུགས་སོ། །དྲང་སྲོང་ནི་ཕྱོགས་རྣམས་སུ་ཉི་མའི་དུས་ཚོད་དུ་སོང་ངམ། བལྟས་ནས་འདི་ལྟ་སྟེ། དུས་སུ་སོང་ཞིང་བི་ཙུ་ལའི་ནགས་ཚལ་ཚོགས་རྣམས་སྔོ་ཞིང་ཆུ་ཀླུང་འགྲམ་གྱི་རི་མོ་ལས། །གླང་ཆེན་རིགས་རྣམས་གཉིད་ཀྱིས་མྱོས་ཤིང་མིག་ནི་ཟུམ་བྱེད་རི་སུལ་གནས་རྣམས་སུ་ནི་འགྲོ་བར་བྱེད། །ཤལ་མ་ཀཱི་རྣམས་ཀྱི་ནི་ཡལ་ག་སྒྲ་བཅས་སྡུད་ཅིང་བཅག་ནས་ཁུར་བ་རྣམས་ནི་སྐྱེས་པ་ཡིས། །ཐུབ་པ་རྣམས་


DTG169_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་སེམས་ནི་ཚིམ་བྱེད་ཡིད་འཕྲོག་གུ་གུལ་ཕྱེ་མའི་དྲི་བཟངས་ཕྱོགས་བཅུར་ཁྱབ་པར་གྱུར། །འདི་ནི་སྐྱེ་བོ་དམ་པ་རྣམས་ཀྱི་ཟླ་བ་བཙུན་པ་ཟླ་བ་ཡིས། །མཆོག་ཏུ་གསལ་བར་རབ་སྦྱར་གར་གྱིས་གཞིར་གར་མཛད་གར་ཚོགས་ཀྱིས། །གང་གིས་ལེགས་པར་འདྲན་བྱེད་ཆགས་པ་དང་བྲལ་རྒྱལ་བ་རྣམས་ཀྱི་ནི། །ཡུམ་གྱུར་རྟོགས་པ་མཆོག་གི་རིན་ཆེན་བླ་མེད་དེ་ནི་ཐོབ་པར་འགྱུར། །ཞེས་པ་ནི་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་གསུམ་པ་རྫོགས་སོ།། །།དེ་ནས་སྦྲང་གི་བུ་མོ་རབ་ཏུ་ཞུགས་ཏེ། ངུ་ཞིང་གྲོགས་མོ་དགའ་མ་པདྨ་ཅན་གྱིས་ནི་དེ་ནི་ལོ་གཅིག་ལྷག་སོང་སྟེ། བདག་སྐལ་བ་དམན་པས་གྲོགས་མོ་དགའ་མ་སླར་མཐོང་བར་འགྱུར་མི་འགྱུར་ནི་མི་ཤེས་སོ། །དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་ཐུབ་པའི་སྐྱེ་བོས་རབ་ཏུ་གང་ཡང་བདག་ནི་སྟོང་པ་སྙམ་དུ་སེམས་སོ། །དེ་ལ་ཇི་ལྟར་བདག་གི་གདུང་བ་བསལ་བར་བྱ། ཡང་ནས་ཕྱོགས་སྟོང་པར་ཞུགས་ནས་དྲག་པོར་དུ་བར་བྱའམ་སྙམ་སྟེ། འདི་ནི་ངེས་པའི་དོན་དུ་སླར་བྱའོ་སྙམ་ནས་ཡོངས་སུ་ཞུགས་སོ། །སྐྱེད་མོས་ཚལ་འདི་ན་སནྟཱ་ནའི་ལྗོན་པ་འདི་ནི་གྲོགས་མོ་དགའ་མ་བྱིས་པའི་དུས་སུ་ཡང་དག་པར་བསྐྲུན་པ་གང་ཡིན་པ་དེ་ནི་འདིའོ། །མཱ་ཏ་བཱི་འཁྲི་ཤིང་ཀྱང་འདིའོ། །བདག་ནི་སྐལ་བ་དམན་ཏེ་ལྷན་ཅིག་ཏུ་བྱས་ནས་གྲོགས་མོ་དགའམ་པདྨ་ཅན་གྱིས་ཁྱད་པར་དུ་ཉེ་བར་བསྐྱེད་པའོ་ཞེས་ཡང་དག་པར་འཁྱུད་ནས་ངུ་ཞིང་གྲོགས་མོ་དགའ་མ་ནི་གང་དུ་སོང༌། ཁྱེད་རྣམས་ཀྱང་འདིར་མེ་ཏོག་ཁ་འབུས་པར་རིགས་སམ། ཡང་ན་དེ་བཞིན་གྲོགས་མོ་དགའ་མ་ཡང་ངེས་པར་འཁྲུངས་པར་གྱུར་ཏམ་ཞེས་རྟོགས་པར་བྱེད་དོ། །ཇི་ལྟར་འདི་བཞིན་དུ་ཐོས་ཏེ་ཤིང་རྣམས་ཀྱང་མཚུངས་པར་མཛེས་པར་སྨྲའོ་སྙམ་མོ། །ཡོལ་བའི་ནང་དུའོ། །ཨ་ཧོ་རྨད་དུ་བྱུང་བ་ཆེན་པོ་འཁྲུངས་སྙམ་ནས། སྦྲང་གི་བུ་མོས་བལྟས་པ་ན། ཇི་ལྟར་བྲམ་ཟེ་མུཉྫའི་བུ་དེ་ནས་རབ་ཏུ་ཞུགས་ནས་ཨ་ཧོ་ཆེན་པོ་འཁྲུངས་སོ། །སྦྲང་གི་བུ་མོ་ཉེ་བར་བཏུད་ནས། འཕགས་པ་མུཉྫའི་བུ་ལ་ཕྱག་བྱས་སོ།། མུཉྫ་ཤིན་ཏུ་དགའ་ནས་མཐོང་བའི་བདེ་ལེགས་འཕེལ་བར་གྱུར་ཅིག །ཁྱོད་ཀྱི་གྲོགས་མོ་དགའ་མ་པདྨ་ཅན་ལ་ཁྱེའུ་ཞིག་བཙས་སོ། །སྦྲང་གི་བུ་མོ་ཤིན་ཏུ་དགའ་ནས། མུཉྫའི་བུ་ཁྱོད་ཀྱིས་བདུད་རྩིའི་ཆར་ཕབ་བོ། །ཡང་དེའི་མིང་ཅིར་བརྗོད་ཅིང་བྱིན་གྱིས་བརླབས། མུཉྫ་ནས། པདྨ་སྐྱེས་ཞེས་


DTG169_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྦྲང་གི་བུ་མོ་ནས། དགའོ་དགའོ། །མུཉྫ་ནས། འདི་འབའ་ཞིག་ལས་ཡང་གཞན་མེད་དམ། སྦྲང་གི་བུ་མོ་ནས། འདི་ཡང་ཡིན་མོད། ཡང་གཞན་དགའ་བ་ཅི་ཞིག །མུཉྫ་ནས། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱེའུའི་བཞིན་མཐོང་ནས་མཉེས་ཏེ། ལྷ་གཙུག་ན་ནོར་བུ་རྒྱལ་སྲིད་ལ་དབང་བསྐུར་རོ། །སྦྲང་གི་བུ་མོ་ནས། ཧོ་དགའོ་དགའོ། །མུཉྫ་ནས། དེ་ནས་འོད་ཀྱི་བློ་གྲོས་མ་དང༌། རྒྱལ་པོ་ཚངས་པས་བྱིན་གཉིས་དཀའ་ཐུབ་ཀྱི་ཚལ་དུ་གཤེགས་ཤིང་བསྐྱོད་དོ། །དེ་ནས་གཞོན་ནུ་གཙུག་ན་ནོར་བུའང་ཡབ་ཀྱི་རྗེས་སུ་འཇུག་ཅིང་གཤེགས་སོ། །སྦྲང་གི་བུ་མོ་ནི་ངུ་ཞིང་མུཉྫའི་བུ་བདག་གི་དགའ་མའང་དེ་བཞིན་ནམ་ཞེས་སྨྲ། མུཉྫ་ནས། གཏམ་ལྷག་མ་མ་ལུས་པ་སྨྲ་བ་རྣ་བ་ལ་ཞོག་ཅིག་དང༌། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་གཞོན་ནུའི་སྐྱེ་བ་ཡོངས་སུ་བསལ་བའི་ཕྱིར་རང་གི་ཕོ་བྲང་གི་སྐྱེད་མོས་ཚལ་དུ་དཀའ་ཐུབ་ཀྱི་ནགས་ཀྱི་བྱ་བ་བྱེད་ཅིང་ནགས་ན་གནས་སོ། །དེ་ནས་ཡབ་ཀྱི་བཀས་རྗེས་སུ་གནང་ནས་གཞོན་ནུ་གཙུག་ན་ནོར་བུ་ནི་སྲུང་མ་མེད་པའི་མཆོད་སྦྱིན་བཤམས་ནས་མཆིས་སོ། །བདག་ཀྱང་དེར་འགྲོ་བར་བྱེད་དོ། །ཁྱོད་ཀྱི་གྲོགས་མོ་དགའ་མ་ལ་བདག་གིས་ཅི་ཞིག་སྨྲ་བར་བྱ། སྦྲང་གི་བུ་མོ་ནས། སྔར་ཡང་དྲང་སྲོང་གི་གནས་ཀྱི་རྒྱན་དུ་གྱིས་ཤིག །མུཉྫ་ནས་དམན་དེ་སླར་ཡང་བཀྲ་ཤིས་འཇོམས་པའོ། །སྤྲང་གི་བུ་མོ་ཤིན་ཏུ་འཇིགས་ཏེ། བདག་གིས་ཅི་ཞིག་སྨྲས་སྙམ་མོ། །དེ་ནས་འདིར་ནང་དུ་རབ་ཏུ་ཞུགས་ཤིག །སྐྱེས་གཞན་བསྐུལ་བར་བྱའོ། །དེའི་ཕྱིར་རབ་ཏུ་ཞུགས་ནས་སོང་ངོ༌། །དེ་ནས་བྲན་པོ་རབ་ཏུ་ཞུགས་ནས་ཕར་སོང་ཕར་སོང༌། ཅིའི་ཕྱིར་ལྷག་པར་འཚང་ཞིང་འཕུལ་བར་བྱེད། བྲམ་ཟེའི་ཁང་པ་དེར་རྒྱུ་ཡང་ཅི་བྱེད། ངེས་པར་བལྟས་ནས་ཇི་ལྟར་བསྲུངས་ཀྱང་མི་སྡོད་པར་ཡོངས་སུ་འཇུག་ཅིང༌། འདི་རྣམས་ནི་འཛིན་ཅིང༌། འདི་རྣམས་ནི་འཇོག་ཅིང༌། ཡང་ལེན་ཅིང༌། གཞན་རྣམས་ནི་སྦྱིན་སྲེག་བྱེད་ཅིང༌། བྲམ་ཟེ་འགྲངས་པར་དགའ་བ་རྣམས་ཐམས་ཅད་ཟ་འདོད་ནས་འདིར་ཇི་ལྟར་བྲམ་ཟེ་འཁྱམས་པོ་རྣམས་སེང་གེའི་གདན་གྱི་སྟེང་དུ་སྡོད། ཕར་སོང་ཕར་སོང༌། རེ་བྲམ་ཟེ་རྣམས་ཕར་བུར་ཕར་ཟུར། དམོད་པའི་རྨ་རྣམས་ན་ནས་གར་བྱེད་དོ། །ངན་པ་རྣམས་པ་ལ་ཅི་སྟེ་སྡིགས་པར་བྱེད་ཅེས་སྨྲའོ། །


DTG169_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བློན་པོ་སྣ་ཆེན་པོ་ལག་བཟངས་ངེས་པར་འོངས་པ་མཐོང་ནས་འདི་རྣམས་དེ་ལ་སྨྲའོ་སྙམ་མོ། །དེ་ནས་ལག་བཟངས་རབ་ཏུ་ཞུགས་ནས་ཨ་རེ་ལུས་ངན་པོ་ཕར་ཟུར་ཕར་ཟུར། འདིར་སྤྲོ་བས་དོན་གང་ཇི་ལྟར་འདོད་པས་སྟེར་བ་ལ་ཅིའི་ཕྱིར་སློང་མོ་པ་རྣམས་ཡོངས་སུ་སུན་འབྱིན་པར་བྱེད། འདི་རྣམས་ཀྱི་དོན་དུ་དེ་བཞིན་དུ་ཡང་དག་པར་བརྩམས་པ་སྟེ། གཞོན་ནུ་གཙུག་ན་ནོར་བུས་འགོག་པ་མེད་པའི་མཆོད་སྦྱིན་ཐམས་ཅད་རང་ལེན་གྱི། ཡོན་ཏན་འདི་ནི་ལྷ་ཡིས་འགྲོ་བ་མ་ལུས་པའི་མངོན་འདོད་ཡོངས་སུ་འགེངས་པ་མཚན་དུ་བཅིངས་པ་ཡིན་ནོ། །ཆོ་ག་འདི་ལ་སློང་མོ་པ་རྣམས་ལ་དེ་བཞིན་དུ་ཅུང་ཟད་ནི་ལོས་ཀྱང་སྟེར། སྔོན་ཡང་འདིས་དེ་བཞིན་དུ་མཛད་ནས་ཇི་ལྟར་འདོད་པ་འཛིན་པར་བྱེད་དོ། །དེ་རྣམས་ཀྱི་འདི་གློ་བུར་དུ་བྱུང་བ་མ་ཡིན་ནོ། །འདི་ལ་རབ་ཏུ་ཞུགས་ནས་དེ་རིང་གིས་ལོ་ལྔ་སོང་ངོ༌། །བྲན་ཕོ་ནི་ཇི་ལྟར་འདི་ཡང་རྣམ་པར་ཁྲོས་ན་དེ་བཞིན་དུ་འདིར་གཞན་ཡང་མི་རྙེད་དོ་སྙམ་ནས། དེ་ནས་བྲོས་ནས་སོང་ངོ༌། །ལག་བཟངས་ཡོངས་སུ་ཞུགས་ཏེ། ལྷ་གཙུག་ན་ནོར་བུས་སྦྱིན་བ་རྣམས་རྣམ་པར་ལྟ་བ་ལ་བདག་བསྐོས་པ་ཡིན་པས་དེ་རྣམས་ཇི་སྲིད་བལྟའོ་སྙམ་ནས་ངེས་པར་བལྟས་པ་ན་ཤིན་ཏུ་དགའ་སྟེ། ཨ་ཧོ་དི་རིང་ལྷའི་ཕུན་སུམ་ཚོགས་པ་ཆེན་པོ་ནི་གང་གིས་ཇི་ལྟ་བ་དེ་བཞིན་དུ། ཇི་ལྟར་འདོད་པ་ལེན་པས་ཀྱང་ཟད་པར་མ་གྱུར་ཏོ། །འདི་ལྟ་སྟེ། གསེར་གྱི་ཕུང་པོ་རྣམས་ནི་འདི་ན་རབ་ཏུ་མཐོ་ཞིང་རི་རབ་དང་ནི་འགྲན་པ་ལྟར། །རིན་ཆེན་རྣམས་ཀྱི་ཕུང་པོ་འོད་ཟེར་རབ་ཏུ་འཕྲོ་བ་ཉི་མའི་འོད་ཀྱང་ཟིལ་གྱིས་གནོན། །མུ་ཏིག་མཆོག་ཟླུམ་དོ་ཤལ་ཚོགས་རྣམས་བཀོད་པ་འོད་ཟེར་འཚེར་བ་སྐར་མའི་ཕྲེང་བ་བཞིན། །སྐྱེ་བོ་རྣམས་ནི་གང་ཞིག་རང་དབང་བླངས་ནས་རང་ཁྱིམ་བཞིན་དུ་དལ་བུས་འགྲོ་བར་བྱེད། །ཡོངས་སུ་ཞུགས་ནས་གཞན་ཡང་བལྟས་པ་ན། །གླང་ཆེན་དབང་པོ་རྣམས་ཀྱིས་མྱོས་པའི་ཆང་ནི་ས་ལ་བར་མེད་རབ་ཏུ་འབབ་པ་ལེན་བྱེད་པས། །མྱུར་འགྲོའི་ལུས་ནི་རྣམ་པར་རིང་རྣམས་རྨིག་པའི་རྣམས་ངེས་པར་འགྲེད་པས་ངོ་མཚར་རབ་ཏུ་བཅས། །ཤིང་རྟ་རྣམས་ནི་རྒྱ་ནག་བ་དན་མདངས་ལྡན་རྣམས་ནི་རྒྱུག་ཅིང་བསྐྱོད་པ་གཡེར་ཀའི་སྒྲ་བཅས་ལ། །བྲམ་ཟེ་རྣམས་ཀྱིས་རབ་བསྐྱོད་འཁོར་ལོའི་མུ་ཁྱུད་སྒྲ་ཡིས་ས་ཆེན་ནོར་ལྡན་རབ་ཏུ་གཡོ་བ་ལྟར། །བརྒྱ་བྱིན་གྱིས་མཆོད་སྦྱིན་བརྒྱ་རབ་ཏུ་བྱིན་པ་དེ་འདིར་སའི་མཐིལ་དུ་ལྷ་ལ་བདག་གིས་


DTG169_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་བྱའོ་སྙམ་ནས། གཞན་ཡང་བལྟས་པ་ན། ཇི་ལྟར་མཚན་ཉིད་འདི་ལྟ་བུ་ནི་ཀུ་རུའི་རྒྱལ་པོ་བཟོད་པར་དཀའ་བ་གང་ཞིག་གིས་མི་བཟོད་པར་མི་འགྱུར་རམ། འོན་ཀྱང་དེས་ཅུང་ཟད་ཀྱང་མི་འགྱུར་རོ་སྙམ་མོ། །ཡོངས་སུ་ཞུགས་པ་ན་དེར་སྦྱིན་སྲེག་གི་ཁང་པར་ལྷ་ཉིད་རབ་ཏུ་ཞུགས་སོ། །རང་འོད་དཔལ་དང་བྱམས་པ་ཡིས། །ཚངས་པའི་ཞི་བ་ལས་ཀྱང་རྒྱལ། །བདེན་པས་ས་ཆེན་ལས་རྒྱལ་ནས། །ཆོས་ནི་མངོན་སུམ་བཞིན་དུ་གནས། །ཇི་སྲིད་བདག་ཉིད་ཉེ་བར་བཏུད་དོ། །དེ་ནས་རྒྱལ་པོ་དང༌། པདྨ་ཅན་དང༌། བཞད་གད་པ་དང༌། མཁན་པོ་རྣམས་རབ་ཏུ་ཞུགས་སོ། །རྒྱལ་པོ་དང༌། མཁན་པོ་དང༌། མཆོད་སྦྱིན་རྣམས་ལ་ལག་བཟངས་ཉེ་བར་བཏུད་ནས་ཕྱག་འཚལ་ཏེ། རྒྱལ་པོ་ཆེན་པོ་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག །ལྷ་ཉིད་ཀྱི་བཀས་རྗེས་སུ་བསྒོ་ནས་སྦྱིན་པའི་ས་གཞི་རྣམས་བདག་གིས་བལྟས་སོ། །རྒྱལ་པོ་ནས། དེ་ན་ཡང་ནི་སློང་བ་རྣམས། །རང་གི་ཁྱིམ་བཞིན་རབ་ཞུགས་ནས། །ཇི་ལྟར་མངོན་འདོད་ཡོངས་བླངས་ཤིང༌། །ཡིད་ཀྱི་ཤིང་རྟ་གང་འགྲོའམ། །ལག་བཟངས་ནས། ལྷ་མངོན་པར་འདོད་པ་ཕུན་སུམ་ཚོགས་ཏེ། དཔལ་ནི་གང་ཞིག་ས་བདག་རྣམས་ཀྱིས་ས་སྟེངས་ནས། །རབ་འབད་རྙེད་རྣམས་ཀུན་ལ་བདེ་བར་ཉེར་བསྙེན་གྱུར། །སྐྱེ་བོ་རྣམས་ཀྱིས་རབ་ཏུ་ཞུགས་པས་ཁྱིམ་ཁྱིམ་རྣམས། །ད་ནི་ཁྱོད་པས་ཀྱང་ནི་དེ་རྣམས་ཤིན་ཏུ་ལྷག །རྒྱལ་པོ་ནས། འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། འདིར་བདག་གིས་ཅི་ཞིག་བྱིན། དེ་བཞིན་དུ་འཇིག་རྟེན་རྣམས་ནི་མཐུ་ཆེ་སྟེ། རང་དབང་བའི་དངོས་པོ་ཡང་དེ་བཞིན་དུ་བདག་གི་སྦྱིན་པའི་གནས་སོ་ཞེས་སྒྲོགས་པར་བྱེད་དོ། །གཟིགས་མཛོད། འཇིག་རྟེན་ཀུན་གྱི་སྤྱི་ཡི་ནི། །ཕྱི་རོལ་དངོས་རྣམས་དེ་བདག་གིས། །འཇིག་རྟེན་སྲེད་པས་རྣམ་བསླུས་ནས། །བདག་ཅེས་འདིར་ནི་འཛིན་པར་བྱེད། །བདག་གིས་ནི་སྙིང་པོ་མེད་ཅིང་མི་དྲན་པའི་ལུས་འདི་ཡང༌། འགྲོ་བའི་དོན་གྲུབ་ཕྱིར་ནི་རྟག་ཏུ་ཡོངས་སུ་གཏོང༌། །གང་གང་འདི་ནི་ཇི་ལྟ་ཇི་ལྟར་མངོན་འདོད་པ། །དེ་དང་དེ་ཡི་དེ་ལྟ་དེ་ལྟར་རབ་ཏུ་སྦྱོར། །ཅེས་སོ། །ཡོལ་བའི་ནང་དུ་ཀཱ་ལ་ཀཱ་ལའི་སྒྲའོ། །ཐམས་ཅད་ཤིན་ཏུ་འཇིགས་ནས་ཕྱོགས་རྣམས་སུ་བལྟའོ། །རྒྱལ་པོ་ནི་སྐབས་མ་ཡིན་པར་དེ་བཞིན་དུ་གཉིད་རྣམ་པར་ཡུར་


DTG169_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འཇིག་རྟེན་རྣམས་ནི་ཡོངས་སུ་གཡོའོ། །མཁན་པོ་ནི་གུས་ཤིང་འབད་པས་སྦྱིན་སྲེག་བྱེད། ཨ་ཤཽ་ཨ་ཤཽ་ཥ་ཊ་ཅེས་སོ། །བཞད་གད་པ་ནས། ཀྱེ་ན་མཉམ་ཡ་མཚན་ཆེ། ཡ་མཚན་ཆེ། རླུང་ནི་དྲང་པོས་རྣམ་པར་བསྐྱོད་པ་ཡེས། །ཆུ་གཏེར་སྐྱེ་བོ་དང་བཅས་ཆུ་རྣམས་ནི། །དབའ་རླབས་ཕྲེང་བས་ཡོངས་སུ་བསྐྱོད་པ་ཡིས། །གྲུ་བཞིན་ནོར་ལྡན་ཤིན་ཏུ་གཡོ་བར་གྱུར། །རྒྱལ་པོ་ནས། ན་མཉམ་ཁྱོད་ཀྱིས་ལེགས་པར་བརྟགས་ཏེ། དྲག་བྱུང་ཆུ་ཡི་ཕུང་པོ་རླུང་གིས་ཡོངས་སུ་བསྐྱོད་པ་ཡི། །དབའ་རླབས་རབ་ཏུ་འཁྲུགས་ལྟར་ས་ཆེན་ཡང་དག་རྣམ་པར་གཡོ། །གང་ལས་དེ་རིང་འདི་རྣམས་མཐོ་དང་དམ་འགྱུར་གྲུ་བཞིན་བྱེད། །འཇིག་རྟེན་རྣམས་ནི་ཆང་གིས་མྱོས་བཞིན་ལུས་ནི་རྣམ་པར་གཡོ། །པདྨ་ཅན་ནི་ཧ་བུ་པདྨ་སྐྱེས་གོང་དུ་སོང་ངམ་ཞེས་སྨྲ། དེ་ནས་གཡོག་མོས་པདྨ་སྐྱེས་ལག་པ་ནས་བཟུང་ནས་རབ་ཏུ་ཞུགས་ནས་གཞོན་ནུ་པདྨ་སྐྱེས་ནི་འདིའོ་ཞེས་སོ། །པདྨ་སྐྱེས་ནས། འཕགས་པ་འདི་ཅི་ཞིག །ལྷ་མོ་ནི་བུའི་ལག་པ་ནས་བཟུང་ནས། རྒྱལ་པོའི་དྲུང་དུ་ཉེ་བར་བཏུད་ནས། རྗེའི་སྲས་འདི་བཞིན་དུ་འཁྲུག་པ་འདི་ཅི་ཞིག །འདྲེན་པ་ནི་པདྨ་ཅན་གྱི་ལག་པ་ནས་བཟུང་ནས། དབུགས་འབྱིན་ཏེ། ཨ་ཡིག་འཇིགས་ཅན་རེ་ཞིག་ལྟོས་དང༌། སྔོན་མ་མཐོང་པའི་རྨད་དུ་བྱུང་བ་དགའ་བའི་གནས་སྐབས་ཀྱི་མཐར་ཐུག་པ་འདི་ལྟ་སྟེ། ས་གཞིའི་དབའ་རླབས་རིམ་པ་མཐོ་དང་དམའ་བ་རྣམ་པ་རབ་ཏུ་མང་པོ་རྣམས། །ཁང་བཟངས་གདུགས་དང་རྒྱལ་མཚན་བ་དན་ཅོད་པན་རྣམས་ནི་བསྐྱོད་པའི་རིམ་པ་ལྟར། །སྒྲ་ཆེན་རབ་ཏུ་འཇུག་པ་སྤྲིན་རྣམས་ཀྱིས་ནི་འབྲུག་སྒྲ་དྲག་ཏུ་སྒྲོགས་པ་ལྟར། །འདི་རྣམས་ཆུ་གཏེར་འདྲ་ཞིང་མི་མཚུངས་ཁྱད་པར་སླར་ཡང་འཇིག་རྟེན་མི་ལྟུང་ཙམ། །གཞན་ཡང་ལྷ་མོ། ཁང་པའི་ཕྲེང་བ་རྣམས་ནི་འཕྲེད་ལ་འགྱེལ་ཞིང་སླར་ཡང་ལངས། །ཆུ་བོ་རྣམས་ནི་གྱེན་དུ་འཕར་ཞིང་གཞན་དུའང་འགྲོ་མི་བྱེད། །ས་ཆེན་མཐོ་དང་དམའ་བ་རྣམ་པ་སྣ་ཚོགས་བྱེད་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་རྣམ་པར་གཡོ་བ་རྟོག་པ་ལྟར། །ལག་བཟངས་ནས། ལྷ་མཐོང་ལགས་སོ། །ཤར་གྱི་ཕྱོགས་རྣམས་རི་ཡི་འགྲམ་བཅས་འོག་ཏུ་འགྲོ་བྱེད་ནུབ་ཕྱོགས་ནམ་མཁའ་ལ་ནི་རབ་ཏུ་འགྲོ། །རྣམ་པར་གཡོ་བས་ལྷོ་ཕྱོགས་དམའ་བར་ལྟུང་ཞིང་བྱང་ཕྱོགས་འདི་རྣམས་ཤིན་ཏུ་རབ་ཏུ་མཐོན་པོར་འགྲོ། །ཆུ་གཏེར་གཡོ་བས་དབུས་ནི་འོག་ཏུ་རབ་ཏུ་འགྲོ་ཞིང་མཐའ་ཡི་


DTG169_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རྣམས་སྟེང་དུ་རབ་ཏུ་འགྲོ། །འདི་རྣམས་ཀྱང་ནི་སྟེང་དང་འོག་ཏུ་རེག་སྟེ་ཆུ་འཛིན་མཐར་ཐུག་ཕྱོགས་ཀྱི་མཐར་ཐུག་པ། །རྒྱལ་པོ་ནི་ངོ་མཚར་ནས་ཕྱི་རོལ་དུ་ཉེ་བར་བྱུང་སྟེ་འཇིག་རྟེན་པ་རྣམས་ལ་དབུགས་འབྱིན་པ་མཛད་དོ། །ལག་བཟངས་ནི་ལྷའི་བཀས་ཇི་ལྟར་བསྒོ་ནས་ངེས་པར་ཞུགས་སོ། །རྒྱལ་པོ་ནི་ལེགས་ལྡན་ནོར་འཛིན་མ་ལ་མཆོད་ཡོན་ཕུལ་ནས། སྐྱེ་དགུ་རྣམས་ལ་ལྟས་ངན་གང་ཡིན་དེ་འབྲས་བདག་སྨིན་ནས། །བདག་གི་སྦྱིན་གནས་རྗེས་བཟུང་སྐྱེ་བོ་རྣམས་ལ་འབྱུང་མ་གྱུར། །འདིར་ནི་སྐྱེ་བོའི་མངོན་པར་འདོད་རྣམས་རབ་ཏུ་རྫོགས་བྱའི་ཕྱིར། །གལ་ཏེ་སྐྱེ་བོ་འདི་རྣམས་ཉེས་ནའང་བདག་གི་མངོན་འདོད་ཆ། །མཁན་པོ་ནི་གུས་པ་དང་བཅས་ནས་སྦྱིན་སྲེག་བྱེད། །ཨིནྡྲ་ཨཱ་གཙྪ་ཧ་རེ་ཨཱ་གཙྪ་མེ་མེ་དྷ་ཏི་ཐེ་མེ་ཥེ་བྲྀ་ཥ་ཎཱཾ་པ་ཤྱ་མེ། །ཞེས་སོ། །མེའི་ཐབ་ཁུང་ལ་བལྟས་ནས་འཇིགས་པས་ཕྱིར་འཕར་རོ། །བཞད་གད་པ་ཤིན་ཏུ་འཇིགས་ནས་ཀྱེ་ན་མཉམ་ལྟོས་ལྟོས། འདི་ནི་འཇིགས་ཤིང་ཁ་ཡི་སྒོ་ནས་མཆེ་བ་རབ་ཏུ་གཙིགས། །མིག་ནི་ཉིན་བྱེད་གསལ་བའི་དཀྱིལ་འཁོར་འདྲ་ཞིང་རབ་ཏུ་དམར། །ཤིན་ཏུ་འཇིགས་ཆེན་གད་རྒྱངས་ངེས་པར་རབ་ཏུ་སྒྲོགས། །འདིར་ནི་སྦྱིན་སྲེག་ཐབ་ཁུང་གྱེས་ནས་ཡང་དག་བྱུང་བར་གྱུར། །དེ་ནས་སྲིན་པོ་རབ་ཏུ་ཞུགས་སོ། །ཨ་ཧོ་ཧུ་ཏ་མ་ཧོ་ད་ཏ་ཧཱུཾ་ཞེས་གར་བྱེད་ཅིང༌། །འབྱུང་བཞི་འདི་རྣམས་གོམ་པའི་སྟོབས་ཀྱིས་རབ་འཇིག་ཅིང༌། །བར་སྣང་འདི་རྣམས་འོད་ཟེར་མངོན་པར་འབར་བར་བྱ། །ཕྱོགས་ཀྱི་འཁོར་ལོ་ལག་པ་རབ་བརྐྱང་སྡུད་བྱེད་ཅིང༌། །འགྲོ་བ་མ་ལུས་བདག་གིས་རྣམ་པར་གཡོ་བར་བྱ། །ཞེས་སོ། །རྒྱལ་པོ་ནས། དགེ་བ་བྱེད་པ་ལ་བགེགས་མང་ངོ་ཞེས་བརྗོད་པ་འདི་བདེན་པར་འདུག་གོ་ཞེས་གསུངས་སོ། །པདྨ་ཅན་ནི་ཤིན་ཏུ་འཇིགས་ནས་བྱིས་བའི་གདོང་ལ་གོས་ཀྱིས་བཀབ་སྟེ་རྒྱལ་པོའི་རྒྱབ་ཏུ་འོངས་སོ། །རྒྱལ་པོ་ནས། ཀྱེ་སེམས་ཅན་ཆེན་པོ་དགོས་པ་ཅིའི་ཆེད་དུ་འདིར་འོངས། སྲིན་པོ་ནས། ཁྱོད་ཀྱིས་ཐམས་ཅད་རབ་ཏུ་འཇུག་པའི་ཚུལ་ཁང་པ་ཆེན་པོ་བྱས་ནས་དགོས་པ་ཅིའི་ཆེད་དུ་འོངས་ཀྱང་འདྲི་བར་བྱེད་དམ། རྒྱལ་པོ་ནི་ཤིན་ཏུ་མཉེས་ནས་གལ་ཏེ་ཁྱོད་ཀྱིས་སློང་དུ་འོངས་སམ། ཅི་སློང་བ་སྨྲོས་ཤིག །སྲིན་པོ་ནས། ཟས་སོ། །བཞད་གད་པ་འདྲེན་པའི་རྒྱབ་ཏུ་ཤིན་ཏུ་འཇིགས་ནས་འོངས་ཏེ་ཚུལ་གྱི་ཁང་པར་ཟས་ལ་སོང་ཞེས་སྨྲ། སྲིན་པོ་ནས། བདག་གི་


DTG169_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ནི་གཞན་ཡིན་ནམ། རྒྱལ་པོ་ནས་སྨྲོས་ཤིག །སྲིན་པོ་ནས། ཤ་ནི་མདངས་ལྡན་སླར་ཡང་རལ་གྲིའི་ལོ་མས་སྔོན་ཉིད་དུ། །རྣམ་བཅད་རབ་ཏུ་མང་པོ་དྲོན་པོ་མདོག་ནི་དམར་པོ་རྣམས། །མི་ཡི་དབང་པོ་སྲིན་པོ་རྣམས་ཀྱི་བཟའ་བ་དེ་རྣམས་ཡིན། །མི་ཡི་བཟའ་བའི་རིགས་རྣམས་བདག་ལ་ངེས་པར་ཅི་ཞིག་བྱ། །རྒྱལ་པོ་ཤིན་ཏུ་མཉེས་ནས། ཚུར་ཤོག་མཁས་པ་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱ། །ཚུར་ཤོག་བཟའ་བ་ཇི་ལྟར་འདོད་བཞིན་ལུས་འདི་ནི། །ཕ་རོལ་དོན་ཕྱིར་བདག་གིས་འདི་ནི་ཉེ་བར་བསྲུངས། །ཤ་རྣམས་བཅད་པས་བདག་ནི་ཡུན་རིང་འབྲས་བཅས་འགྱུར། །པདྨ་ཅན་དུ་ཞིང་རྗེའི་སྲས་ཁྱོད་ཀྱི་དི་རིང་ཚུལ་ལུགས་འདི་ཅི་ཞིག །རྒྱལ་པོ་ནས། ལྷ་མོ་སྐྱེས་པ་དེའི་འབྲས་བུ་དང་བཅས་སོ། །བཞད་གད་པ་ནས། ཀྱེ་ན་མཉམ་ཇི་ལྟར་གཅིག་གི་དོན་གྱི་ཕྱིར་འཇིག་རྟེན་འདི་རྣམས་ཡོངས་སུ་གཏོང་ངམ། རྒྱལ་པོ་ནས། བདག་ནི་དེ་བཞིན་གང་དུ་ཡང༌། །འགྲོ་བ་འགའ་ཡང་འདོར་མི་བྱེད། །དེ་ཡི་ཕྱིར་ན་སྐྱེ་བོ་འདི། །ཟུག་རྡུ་ཞི་ཕྱིར་བདག་ཉིད་གཏོང༌། །མཁན་པོ་ནས། བདག་ནི་དེ་ལྟ་བུའི་མཆོད་སྦྱིན་གྱི་ཆོ་ག་འདི་མི་བྱེད་དོ། །འདིར་ནི་ཕྱུགས་གསོད་ལེན་པའི་ཕྱིར། །བགེགས་ནི་ངེས་པར་རྣམ་པར་ཞུགས། །འདི་ཡི་ཆོ་ག་རིག་བྱེད་ལས། །འདི་ལ་ཕྱུགས་ནི་སྦྱིན་པར་བཤད། །རྒྱལ་པོ་ནས། གང་ཞིག་དགོས་འདོད་བགེགས་ཡིན་ན། །བདག་ནི་བགེགས་ཀྱང་མཆོག་ཏུ་མོས། །གང་ལ་ཡིད་ཀྱི་ཤིང་རྟ་འགྲུབ། །ཆོ་ག་དེ་བཞིན་དྲག་ཏུ་ཞོག །སླར་ཡང༌། ཀྱེ་ཡི་བྲམ་ཟེ་མཆོད་སྦྱིན་ལ། །སྲིན་པོ་ཕྱུགས་རྣམས་ཅི་ཕྱིར་རུང༌། །ཡང་ན་བདུད་རྩི་སྤངས་ནས་ནི། །སྙིང་པོ་མེད་པས་ཅི་ཞིག་བྱ། །སྲིན་པོ་ནས། བྷོ་ཁྱོད་འདིར་ཅིའི་ཕྱིར་གཏམ་སྐོམ་པོས་དུས་འཕྲོག་པར་བྱེད། །རྒྱལ་པོ་ནས། བྷོ་འདིར་མཆོག་གི་ཚེས་གྲངས་ལ། ལུས་ལས་ཇི་ལྟར་འདོད་པ་ཉེ་བར་སྤྱོད་ཅིག་པདྨ་ཅན་ནི་དུ་ཞིང་སྐལ་བ་དམན་པ་བདག་གི་ལུས་འདི་ཡང་རེ་ཞིག་དང་པོར་ཉེ་བར་བཟའ་བར་གྱིས་ཤིག །རྒྱལ་པོ་ནས། འདི་ནི་བདག་འདོད་པ་ཡིན་ནོ། །པདྨ་ཅན་ནས། ལུས་འདི་ཡང་ལྷའི་ཡིན་མོད། སྲིན་པོ་ནས། ཨིཿ་མྱ་ངན་གྱིས་འཇིགས་པའི་བག་ཆགས་ཅན་འདིས་ཅི་ཞིག་བྱ། ཤུམས་མེད་དོ། །ལྟོས་ཤིག་དང༌། མྱ་ངན་བྱས་པའི་ཤ་ནི་བསྐ་དང་ཁ་ཞིང་ཚ་བའི་ངོ་རྣམས་ཡང་དག་བྲོ་བར་བྱེད། །ཆགས་པ་ཅན་ནི་སླ་ཞིང་ཁུ་བར་བྱས་བཞིན་རབ་ཏུ་སྐྲག་བཅས་དེ་ནི་བསྐམས་པ་འདྲ། །ཁྲོས་


DTG169_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱུར་ཞིང་རབ་ཏུ་ཚ་དང་རྩུབ་རྩུབ་བྲོད་མེད་ཟོས་ནས་བྲང་ནི་ཚ་བར་བྱེད། །མཆོག་ཏུ་བྱམས་པའི་ངོ་བོ་ཉིད་ཀྱི་ལུས་ནི་མངར་ཞིང་དབང་པོ་ཐམས་ཅད་མཆོག་ཏུ་ཚིམ། །རྒྱལ་པོ་ཤིན་ཏུ་མ་ཉེས་ནས། རིང་མོ་ནས་སློང་བའི་སྐྱེ་བོ་མངོན་ཤེས་ཅན་རེ་ཞིག་བདག་གིས་མཐོང་ངོ་ཞེས་ནས་མཚོན་ཐོགས་ཏེ་ཤ་གཅོད་པར་བྱས་པ་ན། པདྨ་ཅན་ནི་ལག་པ་ནས་བཟུང་ནས། རྗེའི་སྲས་མ་བསམས་པར་མ་བྱེད་ཅིག་ཅེས་སྨྲ་ཞིང༌། ཀྱེ་སེམས་ཅན་ཆེན་པོ་འཕགས་པའི་བུ་ཡོངས་སུ་ཐོང་ལ་བདག་ལོངས་ཤིག་ཟེར། པདྨ་སྐྱེས་ནས། བྷོ་ལ་ཀྑ་རཱ་ཀྵ་ས་འཕགས་པ་ཐོང་ལ་བདག་ལོངས་ཤིག་ཟེར། བཞད་གད་པ་ནས། བྷོ་སེམས་ཅན་ཆེན་པོ་གྲོགས་པོ་ཐོང་ལ་བདག་ཟོ་ཅིག་ཟེར། རྒྱལ་པོ་ནས། མ་འབྲེལ་བ་སྨྲ་བ་དེས་ཆོག་ཆོག །ལྷ་མོ་བདག་གི་ཆོས་ཀྱི་བགེགས་མ་བྱེད་ཅིག་ཅེས་གསུངས། པདྨ་ཅན་ནི་རྨོངས་ནས་གར་བྱེད། བཞད་གད་པ་ནི་གཞོན་ནུའི་གདོང་གོས་ཀྱིས་གཡོགས་པར་བྱེད་དོ། །རྒྱལ་པོ་ནས། བྷོ་སེམས་ཅན་ཆེན་པོ་གནས་སྐབས་འདིར་བདག་གི་ཤ་ལ་ཉེ་བར་སྦྱོར་བར་གྱིས་ཤིག །སྲིན་པོ་ནི་བདག་ཉིད་བསམས་ཏེ། འདི་ལྟར་ཁྱོད་ནི་སེམས་ཅན་ཆེན་པོ་སྟེ། བདག་ནི་མ་ཡིན་ནོ་སྙམ་ནས། ཉེ་བར་ཟ་ཞིང་གར་བྱེད་དོ། །རབ་ཏུ་གསལ་བར་སྨྲས་པ། ཨ་ཧ་ཧ་འདིས་ཤིན་ཏུ་རིང་པོར་ཚིམ་པར་བྱས་སོ། །བཞད་གད་པ་ནས། ལེགས་ལྡན་འཇིག་རྟེན་སྐྱོང་བ་རྣམས་ཡོངས་སུ་བསྐྱབ་པར་མཛོད། ཡོངས་སུ་བསྐྱབ་པར་མཛོད། བདག་ནི་ན་མཉམ་དགའ་བའི་སྲོག་འདོར་བར་བྱེད་དོ། །མཁན་པོ་ནི། འདིར་བསྡད་ནས་ཅི་ཞིག་བྱ་ཞེས་ནས་ངེས་པར་སོང་ངོ༌། །སྲིན་པོ་ནི་དེ་ནས་རེ་ཞིག་ཚིམ་མོ། །རྒྱལ་པོ་ནས། ཀྱེ་དགེ་བའི་བཤེས་གཉེན་འདི་ནི་ཇི་ལྟར་འདོད་པ་བཞིན་དུ་ཉེ་བར་སྤྱོད་ཅིག་ཅེས་ལུས་གཏད་ནས་བརྒྱལ་ཏེ་གར་བྱེད་དོ། །སྲིན་པོ་ནས། རང་ཉིད་བསམས་པ། ཨ་ཧོ་མཛད་སྤྱོད་ཆེའོ། །སེམས་ཅན་ཆེན་པོ་ཡུན་རིང་པོར་ཉོན་མོངས་པར་མི་རིགས་སོ་སྙམ་ནས་ངེས་པར་སོང་ངོ༌། །མི་མངོན་ཙམ་ན་ཞུགས་ནས། བརྒྱ་བྱིན་གྱི་གཟུགས་སུ་བསྟན་ནས། ཀྱེ་རྒྱལ་པོ་ཆེན་པོ་ཉེ་བར་བཞེངས་ཤིག་ཉེ་བར་བཞེངས་ཤིག །རྒྱལ་པོ་ནས། བདག་ནི་རྗེས་སུ་བཟུང་ཞིང་རབ་ཏུ་དགའ་བས་ལུས་ལ་ཇི་ལྟར་འདོད་པ་བཞིན་ཉེ་བར་ལོངས་སྤྱོད་ཅིག །བརྒྱ་བྱིན་ནས་བདག་ནི་སྲིན་པོ་མ་ལགས་ཏེ། བདག་ནི་བརྒྱ་བྱིན་ནོ། །སླར་ཡང་ལེགས་པར་འོངས་བ་འདི་གང་ཞིག །བཞད་


DTG169_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ནས། དབུགས་ཕྱུང་ཤིག །དབུགས་ཕྱུང་ཤིག །ཀྱེ་ན་མཉམ་དགའ་བ་འདི་ནི་ངེས་པར་ལྷའི་རྒྱལ་པོ་བདག་ཉིད་བྱོན་ནོ། །ལྷ་བཞེངས་པར་མཛོད་ཅིག །ཀྱེ་འཕགས་པའི་བུའི་མཛད་སྤྱོད་འདི་ནི་ལྷ་བས་ལྷག་པར་ལྷ་རྣམས་ལ་སྒྲོགས་པར་བྱེད་དོ། །པདྨ་ཅན་ནི་རྒྱལ་པོ་ལ་བལྟས་ནས་ངུ་ཞིང་འཕགས་པའི་བུ་འདི་ལྟ་བུ་མཐོང་ནས། བདག་གི་ལུས་མ་ཉམས་པར་གནས་སོ་སྙམ་མོ། །རྒྱལ་པོ་ནས། ཀྱེ་ལྷའི་རྒྱལ་པོ་རབ་ཏུ་དགོས་པ་ཅིའི་ཕྱིར་འདིར་བྱོན། བརྒྱ་བྱིན་ནས། ཁྱོད་ཀྱི་བསམ་པའི་མཐུ་མི་གཡོ་བ་ལ་ནོར་འཛིན་དང༌། རི་རབ་དག་ཀྱང་གཡོས་ཏེ། གང་གིས་མཚན་ཆེ་ནས། རྣམ་པར་བལྟས་ཏེ། རོ་ལྡན་མཐིལ་ནས་མངོན་སུམ་ཀུན་ནས་གསལ་བར་བྱ་བའི་ཕྱིར་འོངས་ཏེ། རྣམ་པར་སྤྱོད་པ་འདི་ནི་བདག་གི་མིག་འཕྲུལ་བ་ཡིན་ནོ། བཞད་གད་པ་ནས། ཀྱེ་ན་མཉམ་གཟིགས་གཟིགས། གཞན་ཡང་ཡ་མཚན་ཆེ་བ་འདིར་ནི་སྤྲིན་གྱི་འཁོར་ལོ་རླུང་དྲག་པོས་བསྐྱོད་པ་ལྟར་འུར་འུར་ཞེས་རྣམ་པར་བཟློག་པར་རྩོམ་པར་བྱེད་དོ། །རྒྱལ་པོ་ནས། ཀྱེ་མ་འཇིག་རྟེན་རྣམས་སྡུག་བསྔལ་གྱིས་གདུང་བར་བྱེད་དམ་ཞེས་གསུངས། པདྨ་ཅན་ནས། འདིར་གཞན་འགའ་ཞིག་ཀྱང་འབྱུང་ངམ་ཟེར། བཞད་གད་པ་ནས་གཟིགས་གཟིགས། སྟོན་ཀའི་ཟླ་བ་གང་བའི་འོད་ལྟར་དཀར་ཞིང་སྐར་མའི་ཕྲེང་བའི་དོ་ཤལ་གྱིས་ཉེ་བར་བརྒྱན་ཅིང་གསལ་བ་ལྟར། རིན་པོ་ཆེའི་འོད་ཟེར་ཁྱད་པར་རབ་ཏུ་གསལ་བ་ནོར་རྒྱས་ཀྱི་གདེངས་ཀའི་དཀྱིལ་འཁོར་ལྟར་དཀར་པོ་ཡང་དག་པར་འཐོན་ནས་འབྱུང་ངོ༌། །རྒྱལ་པོ་ནི་ཤིན་ཏུ་ཡ་མཚན་ཆེ་ནས། རྣམ་པར་བལྟས་ཏེ། འདིར་གཞན་འགའ་ཞིག་ཀྱང་འབྱུང་བར་འགྱུར་རོ་ཞེས་སོ། །བཞད་གད་པ་ནས། ཀྱེ་བུད་མེད་རིན་པོ་ཆེ་ལྷ་མོ་པདྨ་ཅན་གྱི་དབྱིབས་ལྟ་བུ་ཞིག་ས་གཞིའི་མཐིལ་ནས་ཡང་དག་པར་ལངས་ནས་བྱུང་ངོ༌། །ཀྱེ་ན་མཉམ་དགའ་བ་གཟིགས་མཛོད། རྒྱལ་པོ་ནི་ཡ་མཚན་ཆེ་ནས། རྣམ་པར་བལྟས་ཏེ། རོ་ལྡན་མཐིལ་ནས་མངོན་སུམ་དུ། །འདིར་ནི་དཔལ་མོ་བཞེངས་སམ་ཅི། །ཡང་ན་འདི་ནི་རྣམ་གསལ་བ། །ས་ཆེན་ལྷག་པའི་སྐ་རགས་སམ། །དེ་ནས་སའི་ལྷ་མོ་རབ་ཏུ་ཞུགས་ནས་མཆོད་ཡོན་ཕུལ་ཏེ་སྐྱེས་བུ་ཆེན་པོ་ཆུར་གཤེགས། མཆོད་ཡོན་བཞེས་ཤིག་ཟེར། རྒྱལ་པོ་ནས། ཀྱེ་ཁྱོད་ནི་འདིར་གསར་དུ་འོངས་པ་སྟེ། ལེགས་ལྡན་གྲོང་འཇིག་དང་གཉིས་པོ་བདག་གིས་མཆོད་པར་བགྱིའོ། །བརྒྱ་བྱིན་ནས། ཇི་ལྟར་བས་ས་རྣམ་དག་པས། །དེ་ཡིས་


DTG169_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྱུར་པ་བཞིན། །དེ་བཞིན་མཆོད་པས་ཚིམ་བྱས་ཀྱང༌། །མཆོག་ཏུ་དགའ་བ་ཐོབ་མ་ཡིན། །རྒྱལ་པོ་ནས། ཁྱོད་དི་རིང་དེ་ཙམ་སླར་ཡང་རྣམ་པར་གཡོ་བ་ཅིའི་ཕྱིར་ལགས། ས་ནས་ཁྱོད་ཀྱི་སེམས་པ་རྒྱ་ཆེན་མཐོང་བས་རབ་དགའ་ནས། །ཆུ་གཏེར་རི་བོ་ནགས་ཚལ་མཐར་ཐུག་མངོན་པར་བསྐྱོད། །ཁྱོད་ཀྱི་ལྟད་མོ་ཡ་མཚན་ངོ་མཚར་ལྟ་བ་ཡིས། །རབ་དགའི་ཁུར་གྱིས་ལུས་ནོན་དབང་གིས་ཡོངས་སུ་འདར། །དེ་ནས་ད་ནི་བདུད་རྩིའི་ཁུ་བ་འདིས་ལུས་སླར་ཡང་གསར་པར་བྱའོ་ཞེས། འདྲེན་པའི་ལུས་ལ་ཡོངས་སུ་བྱུག་པ་བྱས་སོ། །བཞད་གད་པ་ཤིན་ཏུ་དགའ་སྟེ། ན་མཉམ་དགའ་བ་ཇི་ལྟ་བ་དེ་བཞིན་དུ་མཐོང་བར་གྱུར་ཏོ། །པདྨ་ཅན་ནས། ལེགས་ལྡན་གྱི་ཆོས་ཀྱི་མཐུའོ། །བརྒྱ་བྱིན་ནས། ཤིན་ཏུ་དཀའ་བ་སྤྱད་པ་འདིའི་ལས་ཀྱི་ཚུལ་འདི་ནི་ཅུང་ཟད་ལས་མེད་དོ། །ས་ནས་ལྷའི་དབང་པོ་འདི་ནི་འདི་ལ་དགའ་བ་མེད་དེ་གཟིགས་མཛོད། །ཀཽ་ཤི་ཀ་འདི་ཡིས་སྔོན་དུས་ནས། །འདི་བཞིན་ལུས་ནི་སྟོང་ཕྲག་སྨིན་པར་བྱས། །སྔོན་ཡང་དྲི་མ་བསྙིལ་བཞིན་སྤངས་པ་ནི། །བདག་གི་ས་ཕྱོགས་འགའ་ཡང་དེ་ཡོད་མིན། །སླར་ཡང་རྒྱལ་པོ་མཐོང་བས་འདིར་རྨད་དུ་བྱུང་ངོ༌། །བདག་ནི་འགྲོ་བར་བྱེད་དོ་ཞེས་ནས་སོང་ངོ༌། །བརྒྱ་བྱིན་ནས་རྒྱལ་པོ་རང་གི་བསོད་ནམས་བསགས་པ་དེས། །མཐོ་རིས་སུ་ཡང་དག་པར་གཤེགས་པར་མཛོད་ཅིག །རྒྱལ་པོ་ནས། དེ་ན་སློང་མོ་བ་ཡོད་དམ་ཅི་བྱེད་བརྒྱ་བྱིན་ནས་དེ་མེད་དོ། །རྒྱལ་པོ་ནས་གལ་ཏེ་དེ་བཞིན་ཡིན་ན་འགྲོ་བར་མི་བྱེད་དོ། །བརྒྱ་བྱིན་ནས་དེར་ཕ་མ་དག་འགྲོ་བར་མོས་སམ། ལྕི་བ་དག་ཇི་ལྟར་འདོད་པར་རོ། །བརྒྱ་བྱིན་ནས་དེ་བཞིན་འདིར་འགྲོ་བར་བྱའོ་ཞེས་ནས་ཡོངས་སུ་སོང་ངོ། །དེ་ནས་ཇི་ལྟར་བུ་མེད་པའི་ལེགས་ལྡན་འོད་ཟེར་ཞེས་པའི་དྲང་སྲོང་རབ་ཏུ་ཞུགས་ནས། ཨ་ཧོ་རྒྱལ་པོ་ཆེན་པོའི་བསམ་པ་རབ་ཏུ་རྒྱ་ཆེའོ་ཞེས་རབ་ཏུ་ཞུགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་བདེ་ལེགས་སུ་གྱུར་ཅིག །རྒྱལ་པོས་ཕྱག་བྱས་ནས། ལེགས་ལྡན་ཅིའི་ཕྱིར་བྱོན། དྲང་སྲོང་ནས་འདིར་ཁྱོད་ཀྱི་བཙུན་མོ་དང་བུའི་ཆེད་དུ་འོངས་སོ། །པདྨ་ཅན་ནི་འདི་ཅི་ཞིག་སྙམ་མོ། །རྒྱལ་པོ་ནི་ཤིན་ཏུ་དགའ་ནས་ལེགས་ལྡན་བདག་གི་ལུས་ལ་སོགས་པ་འདི་སློང་བ་ཀུན་གྱི་རང་དབང་ངོ༌། །དེ་ནས་ཡོལ་བ་ལས་ཅ་ཅོའི་སྒྲའོ། །ཀྱེ་རེ་ཞིག་མཆོད་སྦྱིན་གྱི་ཆོ་གའི་བཙུན་མོ་གཏོང་བ་མེད། རྒྱལ་པོ་ནས། སློང་ན་སྦྱིན་པར་མི་བྱ་ཞེས།།


DTG169_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཆོས་ཀྱིས་ཆོ་གར་མེད། །བཞད་གད་པ་ནས། ཕར་ཟུར་བྲམ་ཟེ་གདུག་པ་ཕར་ཟུར་ཕར་ཟུར། རྒྱལ་པོའི་བཙུན་མོས་ཁྱོད་ལ་ཅི་ཞིག་བྱ། གཞན་སློང༌། རྒྱལ་པོ་ནས་དེ་སྐད་མ་ཟེར་ཅིག །དྲང་སྲོང་ཆེན་པོ་བདག་སྙིང་ཡང༌། །ཇི་ལྟར་འདོད་བཞིན་ལེགས་ལྡན་ལོང༌། དྲང་སྲོང་ནས། བུ་མོ་པདྨ་པ་ཏཱི་དང༌། བུ་པདྨ་ཨུཏྟ་ར་ཚུར་ཤོག་ཤིག །ཁྱེད་གཉིས་རྒྱལ་པོས་བྱིན་ནོ། །པདྨ་ཅན་དུ་ཞིང་རྒྱལ་པོ་ཆེན་པོ་བདག་པོ་ནི་ཡིན་མོད་ཀྱི། འོན་ཀྱང་རྒྱལ་པོའི་གདུང་རྒྱུད་འཆད་པར་འགྱུར་རོ། །རྒྱལ་པོ་ནས། བདག་ནི་མི་སྦྱིན་ཞེས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ། །པདྨ་ཅན་ནས་ལོངས་ཤིག །དེ་བཞིན་དུ་དུ་ནས་ཅི་ཞིག་བྱ། བུ་པདྨ་སྐྱེས་ཚུར་ཤོག །འཕགས་པའི་བུས་བདག་ཅག་ཡོངས་སུ་བཏང་ཟིན་གྱིས། ཡབ་ལ་ལེགས་སུ་ལྟོས་ཤིག །ཕྱི་ནས་ནི་མཐོང་བར་མི་འགྱུར་རོ། །པདྨ་སྐྱེས་ནས་ཅི་སྟེ་ཕྱི་ནས་བདག་གིས་ཡབ་མཐོང་བར་མི་བྱེད། པདྨ་ཅན་ནས། པདྨ་སྐྱེས་གང་གི་ཕྱིར་ན། འདིས་བདག་ཅག་ཡོངས་སུ་བཏང་གིས་གཞན་དུ་འགྲོའོ། །པདྨ་སྐྱེས་ཡུམ་ཅི་བྱེད། པདྨ་ཅན་ནས། བདག་ཅག་བྱིན་ནས་འགྲོའོ། །པདྨ་སྐྱེས་ནས། ཡབ་ཀྱང་དེ་བཞིན་དུ་འགྲོ་བར་བྱེད་དམ། པདྨ་ཅན་ནས། པདྨ་སྐྱེས་ཀྱིས་དོན་ནི་མི་ཤེས་པར་ཤེས་ནས་བུ་ཡབ་ལ་ཕྱག་འཚོལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ་སྦྱར་ནས། ཡབ་བདག་གི་ཡུམ་འདི་ཙམ་བཤུམས་པ་ཅི་སྟེ། བཞད་གད་པ་ནས། ཀྱེ་མ་ཁྱོད་ནི་སྙིང་རྗེ་མེད། །གང་ཞིག་འདི་བཞིན་ཚེ་ངེ་ཡིས། །བཤུམས་ཤིང་བྱིས་པ་ཡོངས་སུ་བཏང༌། །ཧཱ་ཀྱེ་པདྨ་བ་ཏཱི་དང༌། ཧཱ་བུ་པདྨ་ཨུཏྟ་ར། ཁྱེད་ཅག་གཉིས་པོ་དག་ཡིན་ནོ། །བྲམ་ཟེའི་བུ་བདག་ཅག་ཀྱང་ཁྱེད་ཅག་གི་རྗེས་སུ་འགྲོ་བར་བྱའོ་ཞེས་རྨོངས་ནས་གར་བྱེད་དོ། །དྲང་སྲོང་ནས་ཤོག་ཤོག །བུ་མོ་བདག་ཅག་རྣམས་འགྲོ་བར་བྱ་བ་རིང་པོར་འགྲོ་དགོས་སོ། །རྒྱལ་པོ་ནི་པདྨ་སྐྱེས་ཀྱི་སྤྱི་བོ་ལ་བསྣོམས་ནས་བཤུམས་ཤིང༌། ནགས་སམ་ཡང་ན་གྲོང་ཁྱེར་རམ། །རི་བོ་དང་ནི་རྒྱ་མཚོའང་རུང༌། །ཁྱེད་ཅག་ཉལ་ཞིང་གཉིད་ལོག་ཀྱང༌། །ལྷ་རྣམས་ཀྱིས་ནི་བསྲུང་བར་ཤོག །ལྷ་མོ་ཁྱོད་ནི་གར་གནས་དེར། །གཞོན་ནུ་འདི་ལ་རྡེག་མ་བྱེད། །ལྷ་མོ་ནི་བསྟིང་ཚིག་གིས་འཕགས་པའི་བུ་དེ་བཞིན་དུའང་མཁྱེན་ནམ། རྒྱལ་པོ་ནས། ཁྱེད་ཀྱི་སྲོག་ནི་ཡོངས་འདོར་ཀྱང༌། །དྲང་སྲོང་ཆེན་པོའི་བཀའ་མ་འདའ། །མེ་ཡི་གཟུགས་དང་འདྲ་བ་ཡི། །མཆོག་གི་ཐུབ་པ་


DTG169_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་བྱས་པའི། །བསོད་ནམས་ཡོངས་སུ་བསྒྲུབས་བྱས་པས། །འཇིག་རྟེན་ཀུན་གྱི་མངོན་འདོད་ཚིམ། །དྲང་སྲོང་ནས་བུ་མོ་ལོངས་ཤིག །བདག་ཅག་འགྲོ་བར་བྱའོ། །རྒྱལ་པོ་ནས། ལྷ་མོ་གཤེགས་པར་མཛོད་ཅིག །པདྨ་ཅན་ནི་ཕྱག་འཚལ་ཏེ། རྒྱལ་རིགས་སྐྱེ་བའི་མཐར་ཐུག་པར། །བདག་ཀྱང་དེ་བཞིན་རྗེས་འཇུག་ཤོག །ཅེས་སོ། །པདྨ་སྐྱེས་ནས། ཡབ་ཀྱི་ང་ལ་སྔོན་ནི་རྟ་སྦྱིན་ཟེར་ནས་མ་བྱིན་པས་ང་ཁྱོད་ང་ལ་ནམ་སྟེར། རྒྱལ་པོ་ནི་བཤུམས་ཤིང་པདྨ་ཅན་ལ་འཁྱུད་ནས་བུ་དེ་ཐུབ་པ་འདིས་ཁྱོད་ལ་སྟེར་བར་འགྱུར་གྱིས། པདྨ་སྐྱེས་ནས། ཡབ་ལ། འདི་ན་ངའི་རྟ་དང༌། གླང་པོ་ཆེ་དང༌། གླང་པོའི་ཁྲི་དང༌། རྟའི་སྒ་འདི་རྣམས་ཚགས་གྱིས་ཤིག་ཅེས་ཟེར། རྒྱལ་པོ་རང་ཉིད་བསམས་པ་ན། །སྐབས་འདི་བདག་གི་ཟུག་རྔུ་ནི། །སྲོག་ལ་བབ་ཀྱང་དེ་བཞིན་མིན། །ཇི་ལྟར་ཕ་ཡི་མཉེས་གཤིན་པའི། །པདྨ་མཆོག་ནི་རིང་དུ་འགྲོ། །དྲང་སྲོང་ནས། བུ་མོ་ཤོག །བདག་ཅག་འགྲོ་བར་བྱའོ། །པདྨ་ཅན་ནི་རྒྱལ་པོ་ལ་བལྟ་ཞིང༌། བུའི་ལག་པ་ནས་བཟུང་ནས་སོང་ངོ༌། །རྒྱལ་པོ་ནས། བརྩེ་བའི་ཞགས་པས་ལེགས་བསྡམས་བཞིན། གང་གིས་བདག་ཀྱང་ཤིན་ཏུ་གདུང༌། །ན་མཉམ་དབུགས་ཕྱུང་ཤིག་དབུགས་ཕྱུང་ཤིག །བཞད་གད་པ་བརྟབས་བཞིན་དུ་ལོངས་ནས་ཀྱེ་མི་སྟེར་ཅི་ཞིག་ཟེར། རྒྱལ་པོ་རྟབ་རྟབ་པོ་མཛད་ནས་རྣམ་པར་བསམས་པ། ད་ནི་བདག་གི་ཕ་མ་དག་བལྟ་བར་བྱའོ་སྙམ་པ་ན་ཕོ་བྲང་འཁོར་གྱི་མི་རྣམས་རབ་ཏུ་ཞུགས་ནས་ངོ་མཚར་ཆེ་ངོ་མཚར་ཆེ། ལྷའི་ཡབ་ཡུམ་དག་ནམ་མཁའ་ལ་བྱ་བ་མཛད་པ་གཟིགས་མཛོད། ངང་པའི་གཞོག་པའི་ཆ་ཡིས་བསྐྱོད་བཞིན་རྒྱལ་མཚན་ཕྲེང་བ་ཅན། །གཞལ་ཡས་ཁང་འདྲས་རི་རབ་ལྷུན་པོའི་རྩེ་མོར་རྣམ་པར་གནས། །ལྷ་ཡི་དྲང་སྲོང་རྣམས་ཀྱིས་མངོན་དགའ་བརྒྱ་ཕྲག་རྣམས་ཀྱིས་བསྟོད། །འདི་དག་ལྷ་ཡི་གནས་སུ་ད་ནི་རབ་ཏུ་ཞུགས་པར་གྱུར། །རྒྱལ་པོ་ཤིན་ཏུ་མཉེས་ཏེ་གཟིགས་ནས་ཕྱག་འཚལ་ཞིང་དེ་བཞིན་དུ་ཚིགས་སུ་བཅད་པ་འདི་ཉིད་ཀློག་གོ །སླར་ཡང་གཟིགས་ནས་བཤུམས་ཤིང༌། ཡབ་ནི་རྣམ་སད་ལམ་དུ་རིང་དུ་གཤེགས་ཤིང༌། ཡུམ་ཀྱང་རྗེས་སུ་གཤེགས་སོ། །པདྨ་སྐྱེས་དང་ལྷ་མོ་གྲོང་ཁྱེར་སྤངས་ཤིང་གཉིས་སྐྱེས་ཁྱིམ་དུ་སོང༌། །ད་ནི་འདི་ནི་སྟོངས་གྱུར་རི་བོ་ཤིན་ཏུ་དབེན་པའི་ནགས་ཚལ་གྱི། །གནས་ལ་བདག་


DTG169_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྟེན་བྱེད་བློ་ནི་འགྲོ་བར་ཤིན་ཏུ་རིངས་པར་གྱུར། །ཞེས་གསུངས་ནས་ཡོངས་སུ་ཞུགས་པ་ན། བཞད་གད་པ་ནས། ཀྱེ་ན་མཉམ་ཁྱོད་ཀྱང་གཤེགས་པར་མཛད་ན་བདག་བྲམ་ཟེ་ཡོངས་སུ་འདོར་བར་བྱེད་དམ། འདྲེན་པ་ནས། ཁྱོད་ནི་ཇི་ལྟར་འདོད་པ་བཞིན་ནོ། །བཞད་གད་པ་ནས་བདག་བྲམ་ཟེ་ཡང་གལ་ཏེ་ཁྱོད་ཀྱིས་འགའ་ཞིག་གི་བྲན་ལ་མི་སྟེར་ན་རྗེས་སུ་འགྲོའོ། །རྒྱལ་པོ་ནས། ཁྱོད་བྲམ་ཟེ་ཡིན་མོད། དེ་བཞིན་དུ་བདག་སྟེར་བའི་བདག་པོ་ཡང་ཁྱོད་ཉིད་དོ། །ཕོ་བྲང་འཁོར་གྱི་མི་རྣམས་ནས། ཀྱེ་གཞོན་ནུ་གཙུག་ན་ནོར་བུ་ཁྱོད་ཀྱང་བདག་ཅག་རྣམས་ཡོངས་སུ་འདོར་རམ། ནོར་ལྡན་རི་ཕུག་ཁྱོད་ཉིད་ནི། །བསམ་གཏན་གྱིས་སྤྱན་འབྱེད་མི་བྱེད། །གཡོ་བ་མེད་པ་རྒྱ་མཚོ་བཞིན། །ནགས་ཀྱི་ལྷ་རྣམས་ཀྱིས་ནི་ལྟ། །རྒྱས་པའི་བུ་རྣམས་བསྡུས་ནས་གང་གིས་ཟློས་གར་རབ་སྦྱར་ལ། །ཉེ་བར་ཡོངས་སུ་རྩོམ་མཛད་ཙནྡྲ་གོ་མིས་རབ་སྦྱོར་དང༌། །གལ་ཏེ་འགའ་ཞིག་ཆགས་པ་དང་བྲལ་མཚུངས་འགྱུར་འགྲོ་རྣམས་ལ། །ཡང་དག་སྐྱེས་སམ་ས་ཆེན་ཡུན་རིང་གནས་པས་བདེན་པར་སྨྲས། །འདིར་ནི་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་བཞི་པ་རྫོགས་སོ།། །།དེ་ནས་རིག་པ་འཛིན་པ་རབ་ཏུ་ཞུགས་སོ། །རྩེད་མོས་རོལ་ཅིང་མཁའ་ལ་རྒྱུ་བ་ན་ཨ་ཧོ་ལྟ་གཙུག་ན་ནོར་བུའི་གྲགས་པ་རྒྱུན་མི་འཆད་པས་ཕྱོགས་མ་ལུས་པ་ཁྱབ་ཅིང་གང་བ་འདི་ལྟ་སྟེ། གཙུག་ན་ནོར་བུའི་སྙན་པའི་གྲགས་པ་ཆེན་པོས་ཕྱོགས་རྣམས་ཐམས་ཅད་རབ་ཏུ་མཛེས་པར་བརྒྱ་ན། །དེ་ཡིས་རྣ་བའི་རྒྱན་བཞིན་གོས་དང་བཅས་བཞིན་མཉམ་བཞིན་ཀུན་ནས་དགོད་བཅས་བཞིན། །ཙན་དན་ཚོགས་རྣམས་བདུད་རྩིས་གང་དང་ཟླ་བའི་འོད་ཟེར་འཚེར་བས་རྣམ་པར་བྱུག་པ་ལྟར། །དོ་ཤལ་རྣམ་པར་འཕྱང་བ་འོད་ཟེར་འཕྲོ་བའི་ཚོགས་ཀྱིས་ཁྱབ་ཅིང་རྣམ་པར་གཡོ་བ་ལྟར། །ལྟོས་ལྟོས་དེ་ཡི་གྲགས་པ་ངེས་པར་འཕེལ་བ་ནི། །ཕྱོགས་ཕྱོགས་མིའམ་ཅི་ཡི་བུ་མོ་རྣམས་ཀྱིས་གླུ་ལེན་ཅིང༌། །རི་བོའི་རྩེལ་གྲུབ་པ་རིག་འཛིན་རྣམས་ནི་བསྟོད་ཅིང་སྒྲོགས། །ས་འོག་མཐིལ་ན་གཙུག་གི་ནོར་བུའི་འོད་ཟེར་རབ་འབར་བ། །ཀླུ་རྒྱལ་རྣམས་ཀྱི་གདེངས་ཀའི་དཀྱིལ་འཁོར་ཞི་ནས་ཉན་པར་འདོད། །རིག་འཛིན་མ་ནས་པདྨ་བ་ཏཱི་ནི་ཡུགས་ས་མོ་མ་ཡིན་བཞིན་དུ་བུ་ནི་ཆུང་ངུ་དང་བཅས་འཁོར་ཐམས་ཅད་ཡོངས་སུ་སྤངས་ཏེ། བདག་པོའི་བཀས་དྲང་སྲོང་ཆེན་པོའི་རྗེས་སུ་འབྲང་ཞིང་ད་ལྟ་ཇི་ལྟར་གྱུར་ཏམ། རིག་


DTG169_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ་ནས། དེ་བཞིན་ལེགས་ལྡན་འོད་ཟེར་ཅན་གྱི་གནས་བརྟེན་ནས། །རི་བོ་གངས་ལྡན་མི་རིང་རི་སུལ་དག་ན་སླར་ཡང་གནས། །དྲང་སྲོང་ཆེན་པོ་ང་ཡང་ཡབ་ནི་སྲིད་འབྱུང་ཡིད་གཅུགས་སོ། །དེ་ཕྱིར་འདི་ནི་གཞན་གྱི་ལག་ཏུ་འགྲོ་བར་མི་བྱའི་ཕྱིར། །དྲང་སྲོང་ཆེན་པོས་དེ་ཉིད་སློང་བར་མཛད་ཅིང་ཞུགས་པར་ངེས་སོ། །རིག་འཛིན་མ་དགའ་ནས། པདྨ་ཅན་ནི་སྔོན་གྱི་རིགས་སུ་རབ་ཏུ་ཞུགས་ཏེ། དེ་ནི་སྡུག་བསྔལ་གྱི་ཁུར་བསྐུར་དཀའ་བ་ནི་མེད་དོ། །དེ་ནས་ད་ལྟ་ལྷ་གཙུག་ན་ནོར་བུ་ཇི་ལྟར་ཐོས་སམ། རིག་པ་འཛིན་པ་ནས་དེ་ཡང་པདྨ་ཅན་གྱིས་གང་དུ་ཁྱེར་དང་གནས་པ་མི་ཤེས་ཤིང༌། །དེ་དང་ཉེ་བ་ན་དེ་བཞིན་རིའི་ཕུག་ཏུ་རབ་ཏུ་ཞུགས་ནས་སོ་སོར་གནས་པར་གྱུར། །དེ་ཡི་རྣམ་པར་སྤངས་པའི་གྲོང་ཁྱེར་སཱ་ཀེ་ཏ་ནི་མཆོད་སྦྱིན་ཕུན་སུམ་ཚོགས་པ་རྣམས། །ཤིན་ཏུ་མི་བཟད་བཟོད་པར་རབ་ཏུ་དཀའ་བའི་རྒྱལ་པོས་མཐོང་ནས་ཉེ་བར་བསྐོར་བར་བྱས། །རིག་འཛིན་མ་ནས་རྗེའི་སྲས་འདིའི་དགའ་བའི་གཏམ་འདི་སྡུག་པར་འགྱུར་རམ། མི་འགྱུར། རིག་པ་འཛིན་པས་འདི་ནི་བསམ་གྱིས་མི་ཁྱབ་སྟེ་ལྷའིའོ། རིག་པ་འཛིན་མ་ནས་རྗེའི་སྲས་གང་དུ་བབས་པར་བྱེད། རིག་འཛིན་མ་དགོད་ཅིང་འདི་ཁྱོད་ཀྱིས་སྨྲོས་ཤིག །གང་ཞིག་མ་ལ་ཡ་ཡི་རྩེ་མོ་རྒྱ་མཚོའི་དཔའ་རླབས་འཐོར་བའི་མདངས་ཅན་ནམ། །རི་རབ་བང་རིམ་རྣམ་ཡངས་དགའ་ཞིང་ཡ་མཚན་ཞིག་གམ་ཡོངས་འདུ་ས་བརྟོལ་རི་བོ་འམ། །གང་ཞིག་སྒེག་ཅིང་གསལ་ལ་གྲུབ་པ་རྣམས་ནི་རབ་དགའ་རི་བོ་གངས་ལྡན་རྩེ་མོའམ། །ས་གཞི་ཐམས་ཅད་བྲིས་པ་བཞིན་དུ་ནམ་མཁའི་མཐིལ་ནས་ལྟ་ཞིང་འགྲོ་བར་བྱེད་དམ་ཅི། །རིག་འཛིན་མ་ནས། ཤིན་ཏུ་ཕུལ་དུ་བྱུང་གནས་བདག་ལ་ཡོད་དེ་གཙུག་ན་ནོར་བུ་མཐོང་བ་དེ་རུ་དེ་བཞིན་དུ་བབས་པར་བྱའོ། །རིག་པ་འཛིན་པ་ནས། ལེགས་ལྡན་རྣམས་ནི་མཐོང་བས་ཀྱང༌། །དགའ་འགྱུར་མངོན་པར་བརྗོད་པ་ལེགས། །ཞེས་ནས་ཡོངས་སུ་ཞུགས་སོ། །རི་ཕུག་འདི་ནི་ཆུ་བོ་དལ་གྱིས་འབབ་པ་ཡི། །ཆུ་འཐོར་ཟེར་མ་བསིལ་ཞིང་རླུང་ནི་འཇམ་པོས་བསྐྱོད། །ལྗོན་ཤིང་གཞོན་ནུའང་ཡལ་ག་རྣམས་ནི་ཁ་འབུས་པ། །གང་དེ་སྐྱེས་བུ་སེང་གེའི་ཉེ་འཁོར་གནས་ཡིན་ནོ། །རིག་འཛིན་མ་རྣམས་རྣམ་པར་བལྟས་ཏེ། འདི་ནི་ངེས་པར་ཕྱག་བྱ་བའི་གནས་སོ་ཞེས་གཉིས་པོས་ཕྱག་འཚལ་ནས་རིག་པ་འཛིན་པས་ངེས་པར་བརྟགས་ནས། འདིར་ནི་དེ་བ་དཱ་ཊ་ལྗོན་པའི་


DTG169_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་གྲིབ་འོག །ནོར་བུ་མུ་ཏིག་རྡོ་བ་དག་གི་སྟེང་ན་ནི། །པདྨའི་སྟན་ཅན་མངོན་སུམ་བཞིན་དུ་སྐྱིལ་ཀྲུང་མཛད། །གཞོན་ནུ་གཙུག་ན་ནོར་བུ་ཉེ་བར་ཞུགས་པར་གྱུར། །རིག་འཛིན་མ་ནས། ཨ་ཧོ་དེ་ནི་ཤིན་ཏུ་བརྟན་པ་ཟབ་པ་བརླིང་བའི་མཛད་པ་ཅན་ནོ། །འདིས་གངས་རི་ཐམས་ཅད་དཔལ་གྱིས་གང་བར་བྱས་སོ། །རྗེའི་སྲས་འདིར་མེ་ཏོག་འདི་རྣམས་གང་ནས་བྱུང༌། རིག་པ་འཛིན་པས་སྟེང་དུ་བལྟས་པ་ན་ཡ་མཚན་ཆེ་སྟེ། མཁའ་ལས་ལྷ་རྣམས་མེ་ཏོག་ཆར་འབེབས་ཤིང༌། །སེམས་ཅན་ཆེན་པོ་མངོན་པར་མཆོད་པར་བྱེད། །དེ་ནི་དེ་བཞིན་མཆོད་པའི་དོན་དུ་ནི། །བདག་ཅག་ཀྱང་ནི་མེ་ཏོག་ཚོལ་དུ་འདེང༌། །ཞེས་ནས་སོ། །དེ་ནས་རབ་ཏུ་ཞུགས་པ་ན་འདྲེས་པ་ཇི་ལྟ་བ་མཐོང་སྟེ་སྤྱན་ཅུང་ཟད་ཕྱེ་ནས་ཨ་ཧོ་ནད་མེད་པའི་བསམ་གཏན་བཞི་ནི་འདི་ལྟ་སྟེ། རྣམ་པར་རྟོག་བཅས་རྣམ་པར་དཔྱོད་དང་གཡོ་བའི་རླབས། །དང་པོ་ཡིན་ཏེ་དགའ་བདེ་གཡོ་བཅས་གཉིས་པའོ། །བདེ་བ་ལ་ཆགས་འཇིག་པའི་ནད་ཅན་གསུམ་པའོ། །རབ་ཏུ་ཞི་བ་རོ་གཅིག་མཐར་ཐུག་འདི་ནི་བཞི་པའོ། །བཞད་གད་པ་ནས། ཀྱེ་ན་མཉམ་ཁྱོད་རང་གཅིག་པུ་དེ་བཞིན་དུ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའི་བསམ་གཏན་གྱི་བདེ་བ་ཐོབ་ནས་བདག་གཅིག་བུ་འགེངས་ཤིང་ཐུམ་པོར་བསྡམས་ནས་ཚོང་པ་བཞིན་དུ་རྙེད་པ་ཐོབ་ནས་གནས་པར་བྱེད་དམ། བདག་བྲམ་ཟེ་ལ་ཡང་བསམ་གཏན་ཅིག་ཀྱང་མ་བྱིན་ཞེས་ཟེར། འདྲེན་པ་ནི་བཞད་ཅིང་ན་མཉམ་པ་འདི་ནི་སྒོམ་པའི་རྗེས་སུ་འཇུག་སྟེ། གཞན་ལ་སྦྱིན་པར་མི་ནུས་སོ། །ཕྲེང་བའི་ཡོན་ཏན་བདག་ཉིད་བཞིན། །གལ་ཏེ་བསམ་གཏན་འཇུག་འགྱུར་ན། །འཇིག་རྟེན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཡིད་ཀྱི་ཤིང་རྟ་ཅིས་མི་བསྒྲུབ། །བཞད་གད་པ་ནས། ཇི་ལྟར་ན་བསམ་གཏན་གྱི་བདེ་བ་ཐོབ་པར་འགྱུར་བ་ལགས། འདྲེན་པ་ནས། གཉིས་མིན་རྟེན་ཅིང་འདོད་ལྷའི་མཚོན་རྣམས་བཅོམ། །བདེ་བ་འདི་ནི་རང་དབང་ཡོད་བྱས་ནས། །གཡོ་བ་རྣམས་གསལ་མཚོ་ཆུ་ཤིན་ཏུ་དངས། །བསིལ་བཞིན་རང་གི་སེམས་ལས་རབ་ཏུ་སྐྱེ། །བཞད་གད་པ་ནས། འདི་ནི་གཞན་ཞིག་ལ། ཡུལ་གྱི་བདེ་བ་ཡང་གཞན་ཞིག་གམ་ཅི། འདྲེན་པ་ནས། ཁྱོད་ནི་བདུད་རྩི་དང་དུག་སྲེ་བར་བྱེད་དམ་ཅི། །བསམ་གཏན་བདེ་བས་ཡིད་ནི་བསིལ་བར་བྱེད། །ཡུལ་གྱིས་སླར་ཡང་དབང་མེད་སེམས་བྱེད་ཅིང༌། །འདོད་ཆགས་ཞེ་སྡང་མེ་ཡིས་རྣམ་བཅིངས་ཤིང༌། །


DTG169_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའི་མེ་ཡིས་སྲེག་པར་བྱེད་པ་ལྟར། །བཞད་གད་པ་ནས། གལ་ཏེ་དེ་བཞིན་དུ་ཡིན་ན་བདག་ཀྱང་བསམ་གཏན་བྱེད་དོ། །རྒྱལ་པོ་ནས། དེ་བཞིན་དུ་མཛོད་ཅིག །བཞད་གད་པ་བསམ་གཏན་བྱེད་པ་ན་རྣ་བར་ཅུང་ཟད་ཐོས་སོ། །ཀྱེ་ངུ་བ་བཞིན་དུ་ཐོས་པར་བྱེད་དོ། །འདྲེན་པ་ནས། བསམ་གཏན་ཡ་མཚན་ཆེའོ། །བཞད་གད་པ་ནས། ཁྱོད་ཀྱིས་ཅི་ཡང་མ་ཐོས་སམ། རྒྱལ་པོས་ཀྱང་ཅུང་ཟད་ཐོས་ཏེ། འདི་ནི་གྲག་པ་འབའ་ཞིག་ཏུ་མ་ཟད་ངེས་པར་བུད་མེད་དུ་ཞིང་འདུག་གོ །བཞད་གད་པ་ནས། ཇི་ལྟར་ཤེས། རྒྱལ་པོ་ནས། ཡན་ལག་མཆོག་རྣམས་དབྱངས་སྙན་ཞིང༌། །རྣམ་པར་འདྲེན་རིང་མཉེན་དང་འཇམ། །བསྐྱེད་པ་རྣོ་ཞིང་རྣམ་པར་གཅོད། །སྐྱེས་བུ་རྣམས་ནི་རྣམ་པར་རྩུབ། །ན་མཉམ་མི་རིང་བར་མཉེན་པ་བཞིན་དུའོ། །བཞད་གད་པ་ནས། འདིའི་དབྱངས་སྒྲོགས་ཚུལ་ནི་སྔོན་ཐོས་པ་ཅིག་འདྲ་བ་སྙམ་མོ། །རྒྱལ་པོ་ནས། བདག་ཀྱང་དེ་བཞིན་དུ་སྙམ་མོ། །དེ་ནི་དཀའ་ཐུབ་མ་མནར་བ་ཞིག་ངུ་བ་ཡིན་ནམ། དེར་མངོན་པར་འགྲོ་བར་རིགས་སོ། །བཞད་གད་པ་ནས། ཀྱེ་ན་མཉམ་དེ་བ་ལྟས་ནས་ཅི་ཞིག་བྱེད་ཟེར། ཡོལ་བའི་ནང་དུའོ། །ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ཡོངས་སུ་སྐྱོབས་ཤིག་ཡོངས་སུ་སྐྱོབས་ཤིག་ཟེར། རྒྱལ་པོ་ནས། སྐྱེ་བོ་འདི་བཞིན་དུ་མནར་བ་ཅི་ཞིག་ཉེ་བར་བལྟ་བར་རིགས་སོ། །བཞད་གད་པ་ནས། །ཀྱེ་ཁྱོད་ཇི་ལྟར་དུས་ཐམས་ཅད་དུ་གསར་བུ་བཞིན་དུ་ཕ་རོལ་གྱི་སྡུག་བསྔལ་གྱིས་བདག་ཉིད་སྡུག་བསྔལ་བར་བྱེད་དམ། རྒྱལ་པོ་ནས། ན་མཉམ། འཁོར་བར་རིང་དུ་སླར་ཡང་ནི། །བདག་ཉིད་དེ་བཞིན་སྐྱེ་ཞིང་སྐྱེས། །སེམས་ཅན་འགའ་ཞིག་གཉེན་མིན་པ། །གང་ནའང་དེ་ནི་གཅིག་ཡོད་མིན། །གཉིས་པོ་རྟབ་རྟབ་པོར་ལངས་ཏེ་ཡོངས་སུ་ཞུགས་པ་ན། བཞད་གད་པ་ནས། ཀྱེ་འདི་ནི་ལྷ་མོ་པདྨ་ཅན་ལ་ཅི་ཞིག་རྗེས་སུ་བྱེད་པ་མ་ཡིན་ནམ། རྒྱལ་པོ་ན་རེ་ཁྱོད་ཅི་ཞིག་སྨྲ། གང་ན་ལྷ་མོ་པདྨ་ཅན་གང་ལའོ་སྐོལ་གཉིས་ཀྱང་ཕྱོགས་ཙམ་ཞེས་ཟེར། དེ་ནས་པདྨ་ཅན་ཤ་བ་རི་གཉིས་དང་རྗེས་སུ་འོག་ཞིང་རབ་ཏུ་ཞུགས་སོ། །ཤ་བ་རི་དག་ནས། སོང་མི་ཁྱོད་སོང་ཞེས་སྐད་ཆེན་པོས་སྨྲ་ཞིང་ཁྱོད་མི་འགྲོའམ་ཞེས་མད་མཱ་ད་ཀ་ཞེས་པ་ནས་བུད་མེད་རྙེད་པ་འདིས་ངའི་བུ་ཆུང་དེའི་ནུ་མ་བསྣུན་པའི་མ་མ་བྱེད་དོ་ཞེས་ཟེར། གཉིས་པ་ནས། ཧ་ཀྱཻ་ན་ཌེ་ཀ་ལ་ལོ་ལ་ཀཱ་འདི་ནིའུ་ཅག་གཉིས་ཀྱིས་ཐོབ་བོ། །ཇི་


DTG169_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྲོ་བ་དེ་ལྟར་འགྲོར་ཆུག་ཟེར། པདྨ་ཅན་དུ་ཞིང་ཀྱེ་མ་ཇི་ལྟར་འཕགས་པའི་བུ་ཁྱོད་ནི་ཡོངས་སུ་སྐྱོབ་པའི་ངང་ཚུལ་དེ་ལྟ་ན་སྐལ་དམན་བདག་གི་གནས་སྐབས་འདི་ལྟ་བུར་འཇུག་པ་ལས་ཡོངས་སུ་སྐྱོབ་པར་མི་བྱེད་དམ་ཞེས་སྨྲ། བཞད་གད་པ་ནས། ཀྱཻ་ཇི་ལྟར་ཐེ་ཚོམ་བྱེད། ལྷ་མོ་པདྨ་ཅན་ནོ། །རྒྱལ་པོས་དེ་ལ་བལྟས་ནས་རྟབ་རྟབ་པོར་ལྷ་མོ་མ་འཇིགས་ཤིག །པདྨ་ཅན་ནི་བརྟགས་ནས་འཕགས་པའི་བུའམ་སུ་ཞིག་ཡིན། ཡང་ན་བདག་གིས་འདིར་འགའ་ཞིག་ལ་འཕགས་པའི་བུ་མོའི་ཞེས་ཉེ་བར་མཐོང་ངམ། རྒྱལ་པོ་ནི་བཤུམས་ཤིང་ལྷ་མོ་འདི་ཉེ་བར་མཐོང་བ་འདི་ནི་བདག་ཡིན་ཏེ། ཉེ་དུའི་སྐྱེ་བོ་སྡུག་བསྔལ་བར་བྱའོ། །བཞད་གད་པ་ནས། ཀྱེ་ལྷ་མོ་ཇི་ལྟར་ཐམས་ཅད་གཞན་ཡིན་སྙམ་དུ་མ་སེམས་ཤིག །འདི་ན་ནི་མཉམ་དགའ་བའོ། །པདྨ་ཅན་ནི་གཉིས་པོ་ལ་བལྟས་ཏེ། ཤིན་ཏུ་སྡུག་བསྔལ་ནས་ས་ལ་འགྱེལ་ལོ། །ཤ་བ་རི་དག་ནས། ཤོག་མི་ཁྱོད་ཤོག །བཞད་གད་པ་ནི་དབྱུག་པ་གྱེན་དུ་བསྒྲེངས་ཏེ། ཧ་ན་ཌེ་བྲན་མོ་ཡི་བུ་གདུག་པ་ཅན་གྱི་ཤ་བ་རི་དག །དབྱུག་བ་ཀྱོག་པོ་ལག་འགྲོ་ཁྲོས་པ་འདྲ་བའི་དབྱུག་པ་འདིས་ཁྱེད་ཅག་གི་མགོ་གཞོམ་པར་བྱའོ་ཞེས་ཟེར། རྒྱལ་པོ་ན་རེ་ན་མཉམ་དེ་བཞིན་དུ་མ་བྱེད་ཅིག །ཇི་ལྟར་གནོད་པ་བྱེད་པས་བཤེས་གྱུར་པ། །དེ་ལྟར་ཕན་པ་མཛད་པས་མི་འགྱུར་སྙམ། །གང་ལས་དེ་ཡིས་བཟོད་པར་གྱུར་པ་ཡི། །འགྲོ་བ་མཐའ་དག་ཟློག་པའི་རྒྱུ་ཉིད་དོ། །ཤ་བ་རི་དག་ཕན་ཆུན་བལྟས་ནས་ཤིན་ཏུ་བརྟེན་ཏེ་གཡོ་བར་ག་ལ་འགྱུར། དེ་ལྟར་ན་བདག་ཅག་འགྲོ་བར་བྱའོ། །འདི་ནི་བདག་ཅག་དབང་པོས་སྤྲུལ་པ་བྱས་ཟེར། འཇིགས་པས་གར་བྱེད་ཅིང་ངེས་པར་ཞུགས་ཏེ་སོང་ངོ༌། །འདྲེན་པ་ནས། ཨ་ཡི་ལྷ་མོ་འདིར་ཅིའི་ཕྱིར་ཇི་ལྟར་འདི་འདྲ་བའི་སྐབས་སུ་ཞུགས། པདྨ་ཅན་དུ་ཞིང་འཕགས་པའི་བུ་བདག་གི་སྐལ་བ་ལ་དྲི་བར་མཛོད། །བཞད་གད་པ་ནས། ཀྱ་ལྷ་མོ་གཞོན་ནུ་པདྨ་སྐྱེས་ཇི་ལྟར། པདྨ་ཅན་ཕྱོགས་རྣམས་སུ་བལྟས་ནས་སྐལ་བ་དམན་པ་བདག་ལ་ད་གཟོད་གཏམ་ཅི་ཞིག །རྒྱལ་པོ་རྟབ་རྟབ་པོར་བུ་ཅི་ཅི་ཞེས་སྨྲ། པདྨ་ཅན་ནས། བུ་པདྨ་སྐྱེས་དེ་རིང་གང་ན་ཞེས་སྨྲ། བཞད་གད་པ་ན་རེ། ཅི་ཅི་ཀྱེ་ལྷ་མོ་སྨྲོས་ཤིག་པདྨ་ཅན་ནས། བདག་གི་བུ་པདྨ་སྐྱེས་ཀྱི་དུས་གང༌། བཞད་གད་པ་ནས། ཀྱེ་ལྷ་མོ་གཞོན་ནུ་ཇི་ལྟ་ཇི་ལྟར་པདྨ་ཅན་དེ་ཡང་གང་གིས་ཡང་ཕྲོགས་སོ། །རྒྱལ་པོ་ནས། བདག་གི་བུ་གང་གིས་ཕྲོགས་


DTG169_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་གིས་ཡང་ཤིན་ཏུ་མི་བཟད་པ་འདིར་གནས་ནས་ཞེས་བཤུམས་ཤིང་གནོད་པ་ཤིན་ཏུ་མང་བ་དགོན་པའི་གནས་འདིར་བདག་གིས་གཞན་ཅི་ཞིག་སེམས་པར་བྱེད། བཞད་གང་པ་དུ་ཞིང་ཀྱེ་མ་ཡོངས་སུ་ཚིམ་པ་མེད་པའི་གཤིན་རྗེས་དེ་རིང་མེད་པར་བྱས་སོ་ཞེས་རྣམ་པར་བསམས་ཏེ། ཀྱེ་ལྷ་མོ་ཇི་ལྟར་འདི་བཞིན་དུ་སྡུག་བསྔལ་སྤྱོད་པ་དང་ཕྲད། པདྨ་ཅན་ནས། བདག་མེ་ཏོག་ཐུ་བའི་ཕྱིར་གནས་ནས་འོངས་པ་དང་ཕྲད་དོ། །རྒྱལ་པོ་ནས། ལྷ་མོ་ནམ་ཞིག་དྲང་སྲོང་ཆེན་པོས་ཁྱོད་མ་མཐོང་བ་དང་ཁྲོ་བར་འགྱུར་རོ། །དེ་ནས་བཞེངས་ལ་དེ་བཞིན་དུ་འགྲོ་བར་མཛོད་ཅིག །བཞད་གད་པ་ནས། ཀྱེ་ཇི་ལྟར་སཱ་རི་བཙོན་ར་ནས་ཐར་ནས་ལག་ཏུ་འོངས་པ་ལ་སླར་ཡང་ཁྱོད་ཀྱི་ཇི་ལྟ་བ་བཞིན་དུ་དེར་འཇུག་གམ། རྒྱལ་པོ་ནས། ན་མཉམ་འདི་ནི་ཆོས་ཀྱི་ལུགས་མ་ཡིན་ནོ། །པདྨ་ཅན་རྒྱལ་པོ་ལ་བལྟས་ནས་ངུ་ཞིང་འཕགས་པའི་བུ་ཁྱོད་ཀྱིས་བདག་སླར་ཡང་ཡོངས་སུ་འདོར་རམ། རྒྱལ་པོ་ནས། ཇི་ལྟར་ཁྱོད་ཀྱིས་བདག་གཡངས་ཆེན་པོར་སྐྱུར་བར་བྱེད་དམ་གཟིགས་མཛོད། དོན་གང་བདག་གིས་ཡོངས་བཏང་ནས། །སླར་ཡང་ལེན་པར་འདོད་པ་ནི། །དཔེར་ན་ཁྱི་བཞིན་གསལ་པོར་ནི། །སླར་ཡང་སྐྱུགས་པ་ཟ་བྱེད་དམ། །ཤིན་ཏུ་ཡུན་རིང་གནས་གྱུར་ཀྱང༌། །བདག་ཅག་ནམ་ཞིག་འབྲལ་བར་ངེས། །དེ་བཞིན་དུ་ཡང་གསུངས་ཏེ། བསགས་པ་ཐམས་ཅད་མཐར་འཛད་ཅིང༌། །མཐོན་པོ་རྣམས་ནི་དམའ་མོར་ལྷུང༌། །འདུས་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ཡང་འཆི་བ་ཡིན། །གཞན་ཡང་ལྷ་མོ། ཀུན་གྱི་རང་བཞིན་ཡུན་རིང་གནས་ཀྱང་རྣམ་པར་འབྲལ། །འཆི་བདག་ཞགས་པས་འཛིན་ཅིང་རྣམ་པར་ཁ་གདངས་རྒྱུ། །གལ་ཏེ་ཆོས་ཕྱིར་འདི་ནི་ད་ལྟར་རྣམ་བྲལ་ཀྱང༌། །ཡང་དག་འདུས་པ་བས་ཀྱང་ཤིན་ཏུ་དགའ་བར་འགྱུར། །པདྨ་ཅན་ནས། འཕགས་པའི་སྲས་གང་གསུངས་པ་དེར་བདག་འགྲོའོ། །གལ་ཏེ་བདག་འགྲོ་ཡང་རྐང་པའི་སྣ་མི་འགྲོའོ། །རྒྱལ་པོ་ནས། ལྷ་མོ་ངང་ཚུལ་འདིས་བདག་གི་བཀའ་ནི་སྒྲུབ་པར་མཛོད། །ན་མཉམ་དྲང་སྲོང་ཆེན་པོའི་གནས་སུ་ལྷ་མོ་སྐྱེལ་བར་མཛོད་ཅིག །བཞད་གད་པ་ནས། ན་མཉམ་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །པདྨ་ཅན་ནི་ངུ་ཞིང་ཀྱེ་གཽ་ཏ་མ་སྐད་ཅིག་གཞེས་པར་མཛོད་ཅིག །བདག་ནི་རེ་ཞིག་འཕགས་པའི་བུ་ལྟའོ། །གདག་ནི་སྐལ་བ་དམན་ཏེ་སླར་ཡང་བདག་


DTG169_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཐོང་བར་བྱ་བ་ག་ལ་ཡིན་ཞེས་ཆགས་ཤིང་ངེས་པར་བལྟས་ནས་འཕགས་པའི་བུ་བདག་ལའང་ལེགས་པར་གཟིགས་མཛོད། སླར་ཡང་བདག་གིས་ཁྱོད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་ནས། ལྷ་མོ་ཉེས་པར་བལྟས་པས་ཅི་ཞིག །འདུས་པ་ཐམས་ཅད་འདི་བཞིན་འགྲོ་བར་འགྱུར་ཏེ་གཟིགས་མཛོད། །དཔེར་ན་ལམ་པ་ལམ་ཞུགས་རྣམས། །འགྲོ་ཞིང་ལམ་དུ་འདུས་གྱུར་ནས། །ཚོགས་ཀྱང་ཕྱོགས་གཞན་འགྲོ་བར་བྱེད། །དེ་བཞིན་གཉེན་འདུན་ཚོགས་རྣམས་སོ། །བཞད་གད་པ་ནས། ཀྱེ་ན་མཉམ་སྙིང་རྗེ་མེད་པར་མ་བྱེད། ཀྱེ་ལྷ་མོའི་དབུགས་འབྱིན་པར་མཛོད་ཅིག །རྒྱལ་པོ་ནི་བཤུམས་ཤིང་ཇི་ལྟར་བདག་གིས་དབུགས་དབྱུང་བར་བྱ་སྟེ། སླར་ཡང་འབྱུང་འགྱུར་ཡང་དག་འདུས་པ་ཐོབ་ཅེའམ་ནི་སླར་ཡང་ཁྱོད་ཀྱི་སྲས་པོ་ནི། །པདྨ་སྐྱེས་ཀྱིས་འདིར་ནི་བློན་པོ་དང་ནི་དཔུང་ཚོགས་ཐམས་ཅད་བཅས་པར་འགྱུར་ཞེའམ། །ལྷ་མོའི་གྱོས་སྒྱུག་བདག་གི་ཡབ་ཡུམ་དག་ནི་རབ་ཏུ་དང་བས་དི་རིང་ཐོབ་ཅེའམ། །མངའ་རིས་ཤིན་ཏུ་རྒྱས་པར་སྨྲའམ་ཇི་ལྟར་བདག་གིས་དགའ་བས་རབ་ཏུ་དབུགས་དབྱུང་བྱ། །ཡོལ་བའི་ནང་ནས་འདི་བཞིན་ནོ་ཞེས་སོ། །ཐམས་ཅད་རྟབ་རྟབ་པོར་གྱུར་ཏེ། སླར་ཡང་ཡོལ་བའི་ཕག་ནས་འདི་བཞིན་ནོ་ཞེས་ཅི་ཞིག །འདི་བཞིན་གང་ལ་རིག་འཛིན་རྣམས། །དགའ་བས་ལེགས་འོངས་ནམ་མཁའ་ལས། །མེ་ཏོག་རྣམས་ཀྱི་ཆ་ར་ཕབ་སྟེ། །འདིར་ནི་གསལ་པོར་གྱུར་པའོ། །རྒྱལ་པོ་ནི་ངོ་ཚ་དང་བཅས་ཏེ། ལྷ་མོ་འདིར་ཡང་འགའ་ཞིག་འོངས་ནས་གལ་ཏེ་བདག་ལ་འདིར་ལྷ་མོ་དང་བཅས་པ་མཐོང་ན་བརྫུན་གྱི་དམ་བཅའ་ཞེས་འབྱུང་བར་འགྱུར་རོ། །པདྨ་ཅན་དུ་ཞིང་ཕྱག་འཚལ་ཏེ། ཁྱོད་ལ་ལྷ་རྣམས་ཀྱིས་མཐོང་བར་འགྱུར་མོད་ཅེས་ཟེར་ནས་ལྟ་ཞིང་ཡོངས་སུ་སོང་ངོ༌། །བཞད་གད་པ་རྗེས་སུ་ཞུགས་ཏེ་སོང་ངོ༌། །རྒྱལ་པོས་གཟིགས་ཏེ། བུད་མེད་རིན་ཆེན་སྦྱིན་པར་བཏང༌། །ཡིད་ནི་འགྲོ་ཞིང་བྱ་བ་བྱས། །བདག་གི་གཙུག་གི་རིན་ཆེན་འདི། །སྤུན་བཞིན་དུ་ནི་དོན་མེད་གནས། །ད་ནི་དམ་པ་སློང་བ་སུ་ཞིག་འབྱུང་སྙམ་པ་ན། དེ་ནས་བྲམ་ཟེ་ཞིག་ཞུགས་ནས་ཀྱེ་བདག་སློང་བ་པོ་ཞེས་ཡོངས་སུ་ཞུགས་སོ། །པདྨ་ཅན་གྱིས་བལྟས་ཏེ། གཽ་ཏ་མ་བྲམ་ཟེ་འདི་ནི་ཅི་ཞིག་སློང་བར་བྱེད་དོ་སྙམ་དུ་བདག་གི་སྙིང་ལ་སེམས་སོ། །བཞད་གད་པ་ནས། ཀྱེ་ལྷ་མོ་འདི་ཡང་བྲམ་ཟེ་སྟེ། ཐམས་ཅད་དུ་བདག་ཅག་བྲམ་ཟེས་གཏོང་བར་མི་བྱེད་དེ་འདི་ན་ཡང་


DTG169_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སླེབ་བོ། །ཡང་ན་ནགས་ཚང་ཚིང་གི་ཕག་ཏུ་ལྷ་མོ་ལྟ་ཞིང་སྡོད་ཅིག་བདག་གིས་ཉེ་བར་འགྲོ་བར་བྱའོ། །བྲམ་ཟེས་ངེས་པར་བལྟས་ཏེ། འདི་ནི་ལྷ་གཙུག་ན་ནོར་བུ་གང་ཡིན་པ་འདི་ཡིན་ཏེ། གཅིག་པུ་ཉིད་ཀྱི་ཕུན་ཚོགས་ཀྱིས། །ས་གསུམ་རྣམས་ནི་ཁྱབ་པར་མཛད། །བསྐལ་པ་ཆགས་དུས་གནས་པ་ཡི། །ལེགས་ལྡན་པདྨོའི་སྐྱེ་གནས་བཞིན། །ཞེས་ཟེར་ནས། ཀྱེ་རྒྱལ་པོ་བདེ་ལེགས་སུ་གྱུར་ཅིག །རྒྱལ་པོ་ནས། བདེ་བར་འོངས་སམ་འདིར་བཞུགས་ཤིག་གསུང༌། མིག་གཡས་པ་འཕྲིག་པར་གྱུར་ནས་བསམས་པ། ཇི་ལྟར་མིག་ནི་གཡས་འགུལ་ཞིང༌། །གང་ཞིག་ལྷག་པར་མངོན་གསལ་བྱེད། །གང་བ་རྒྱ་ཆེན་བསྔགས་འོས་པའི། །གསལ་བར་སློང་བ་པོར་གྱུར་ངེས། །བྲམ་ཟེ་ཆེན་པོ་ཅི་སློང་བར་བྱེད་གསུངས་ཤིག་ཅེས་སོ། །བྲམ་ཟེ་ནི་ངོ་ཚ་བཞིན་དུ་བདག་ནི་ངེས་པར་འདོད་པ་ཆེའོ། །རྒྱལ་པོ་དགའ་བ་དང་བཅས་ཏེ་ངོ་ཚ་བ་ཆོག་གོ །བདག་ཉིད་ཀྱི་བཞིན་དུ་འདི་ཐམས་ཅད་ཀྱང་ཁྱོད་ཀྱིའོ། །བྲམ་ཟེ་ནས། གཞན་དོན་རོ་གཅིག་ཤར་བ་ཡི། །འགྲོ་བའི་བཤེས་གཉེན་ཞི་མཛད་པ། །བདག་གི་མངོན་འདོད་ཁྱོད་བཞིན་དུ། །ཁྱོད་ཀྱི་གཙུག་གི་ནོར་བུ་སྟེ། །བཞད་གད་པ་རྟབ་རྟབ་པོར་ཉེ་བར་བཏུད་དེ། ཀྱེ་བྲམ་ཟེ་ཁྱེད་ལ་ངོ་ཚ་བའང་མེད་དོ། །ན་མཉམ་དགའ་བའི་ལུས་ཀྱི་གནས་སྐབས་ཀྱང་འདི་བཞིན་དུ་སྡུག་བསྔལ་བར་བྱེད་དམ། རྒྱལ་པོ་ནས། ན་མཉམ་དེ་བཞིན་དུ་མ་བྱེད། ཇི་ལྟར་བདག་གི་མཆོད་པའི་གནས་ཁྱོད་ཀྱིས་རྒྱང་དུ་འཕེན་ནམ། འདི་ནི་སྦྱིན་བདག་འདིར་བདག་སློང་མོ་པ། །གྲོགས་པོ་ཕྱིན་ཅི་ལོག་ཏུ་ཅི་ཕྱིར་བྱེད། །འདི་ནི་འགྲོ་བ་མྱང་འདས་རྒྱུར་འགྲོ་བའི། །བདག་གི་ཀུན་མཁྱེན་བཞོན་པའི་མཆོག་ཡིན་ནོ། །གཞན་ཡང༌། ཡིད་བཞིན་ནོར་དང་སློང་བའི་སྐྱེ་བོ་དག །ཕུན་ཚོགས་ཡོན་ཏན་སློང་བའི་སྐྱ་བོ་འཕགས། །ཡིད་བཞིན་ནོར་ནི་ནོར་ཙམ་སྟེར་བྱེད་ཀྱི། །སློང་བའི་སྐྱེ་བོ་ཡོན་ཏན་ཀུན་འབྱུང་ངོ༌། །ཀྱེ་བྲམ་ཟེ་གཙུག་གི་ནོར་བུ་འདི་ནི་ཇི་ལྟར་འདོད་པར་བཏོན་ནས་ཁྱེར་ཅིག །བྲམ་ཟེ་ནས། ལྷ་ཡི་གཙུག་གི་ནོར་བུ་རི་རབ་ཀྱི། །རྩེ་མོ་ལྟ་བུར་སུ་ཡིས་བསྐྱོད་པར་ནུས། །རྒྱལ་པོ་ནས། རྡོ་བ་ཡིས་བསྣུན་ཅིང་ཐོན་ཅིག །གཟིགས་མཛོད། ཆུ་ཤིང་སྙིང་པོ་མེད་པ་ལྟར། །རྣམ་པར་ཉམས་གྱུར་བདག་མེད་པའི། །ལུས་འདི་གཞན་དོན་འགྲོ་བ་ཡི། །དགའ་འགྱུར་


DTG169_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྐྱེ་བ་མེད། །བཞད་གད་པ་ནས། ཡོངས་སུ་སྐྱོབས་ཤིག་ཡོངས་སུ་སྐྱོབས་ཤིག །ནགས་ཚལ་གྱི་ལྷ་རྣམས་གདུག་པ་ཅན་གྱི་བྲམ་ཟེས་ན་མཉམ་དགའ་བ་ནི་གསོད་པར་བྱེད་དོ། །ལྷ་མོ་རྟབ་རྟབ་པོར་གྱུར་ནས་འདི་ལས་གཞན་པ་ཡང་མཐོང་བར་འགྱུར་རམ་ཞེས་ཉེ་བར་འོངས་སོ། །བྲམ་ཟེ་ངོ་མཚར་ཏེ། ཅི་སྟེ་ནགས་ཚལ་གྱི་ལྷ་རྣམས་འོངས་སམ་སྙམ་མོ། །པདྨ་ཅན་ནས་འཕགས་བའི་སྲས་བྱ་བ་འདིས་ཅི་ཞིག་བྱེད། རྒྱལ་པོ་ནས། ཡིད་ཀྱི་ཤིང་རྟའི་འབྲས་བུ་དང་བཅས་སོ། །པདྨ་ཅན་དུ་ཞིང་འཕགས་པའི་བུའི་ཡིད་ཀྱི་ཤིང་རྟའི་འབྲས་བུ་དང་བཅས་སོ། །བྲམ་ཟེའི་འདོད་པ་གྲུབ་པོ། །རྒྱལ་པོ་ནས། ཤིན་ཏུ་བདག་ཏུ་རྨོངས་པས་ཆོག་གོ །གཟིགས་མཛོད། འཁོར་བའི་ཆུ་གཏེར་སེམས་ཅན་རྣམས། །ལས་ཀྱི་དབའ་རླབས་ཤུགས་ཀྱིས་བསྐྱོད། །མཐོན་པོ་དག་ནི་དམའ་མོར་འཕངས། །དེ་ནས་གང་དང་གང་གིས་བསྙེན། །བྲམ་ཟེ་ནས། ཤིན་ཏུ་སྙིང་རྗེ་ཆེན་པོ་ལ་བལྟས་ནས་བདག་ཀྱང་ཡང་དག་པར་བརྩེ་བ་སྐྱེ་ན་གཙུག་གི་ནོར་བུ་རེ་ཞིག་ཞོག་ཅིག །པདྨ་ཅན་ནས། བྲམ་ཟེ་དེ་བཞིན་དུ་རྗེས་སུ་འཇུག་གོ །བཞད་གད་པ་དགའ་ནས་ལེགས་པར་སྨྲས་སོ། །རྒྱལ་པོ་ཤིན་ཏུ་མི་མཉེས་ནས། ཀྱེ་བྲམ་ཟེ་ཁྱོད་ཀྱིས་གཞན་དུ་སྨྲས་ནས་འདི་བཞིན་དུ་རིགས་སམ། བྲམ་ཟེ་ནས། རྒྱལ་པོ་བདག་ཅག་གི་ཡུལ་དུ་མཱ་རིའི་ནད་ཞུགས་ཏེ། དེའི་ཕྱིར་བླངས་ནས་ད་ནི་འདིས་སྤྲོ་བར་བྱེད་དོ། །རྒྱལ་པོ་ནི་རྟབ་རྟབ་པོར་ཇི་ལྟ་ཇི་ལྟར་བྲམ་ཟེ་ཞེས་གསུངས། བྲམ་ཟེ་ནས། ཀྱེ་རྒྱལ་པོ། སྲོང་དང་སོ་སོའི་ཁྱིམ་རྣམས་དུར་ཁྲོད་མི་བཟད་བཞིན། །ཡན་ལག་བརྐྱང་ཞིང་ལུས་འཛག་ཤིང་གི་ཕུང་པོ་བཞིན། །རི་རབ་ཀྱང་ནི་ཁྱི་དང་མཁའ་འགྲོས་རྒྱུ་མ་རྣམས། །རབ་གཏུགས་འདི་ནི་ཀུ་རུའི་ཡུལ་དུ་བྱུང་བར་གྱུར། །རྒྱལ་པོ་ནས། སྡུག་བསྔལ་ལོ། །ཀྱེ་བྲམ་ཟེ་མཱ་རིའི་ནད་དེ་རབ་ཏུ་ཞི་བར་བྱེད་པའི་ཐབས་གང་ཡང་མེད་དམ། བྲམ་ཟེ་ནས། འཆི་ནད་རབ་ཏུ་ཞི་བར་བྱེད་པའི་ཆེད་དུ་འདི་བཞིན་ལྷའི་གཙུག་གི་ནོར་བུ་སློང་བ་འཇིག་རྟེན་པ་རྣམས་ཀྱིས་བདག་བཏང་ངོ༌། །རྒྱལ་པོ་ཤིན་ཏུ་མཉེས་ནས་སྐྱེ་བོ་རྣམས་ལ་ཕན་པར་བྱ་བའི་ཕྱིར་བདག་གི་གཙུག་གི་ནོར་བུ་སློང་བར་བྱེད་དོ་ཞེས་ཀུན་ནས་ཕྱུང་ནས། གཙུག་གི་ནོར་བུ་བཀན་ནས་རྩ་བ་རྣམ་པར་བཅིངས་པ་ཕྱུང་ནས་ནི། །འདི་ནི་ཚད་ཆེན་རི་བོང་འཛིན་པའི་འོད་ཟེར་ལྟ་བུར་དཀར། །འགྲོ་བའི་དོན་རྣམས་ཡང་དག་སྒྲུབ་མཛད་གཉིས་


DTG169_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ལ་བྱིན་ནས། །མི་དྲག་འགྲོ་བ་ཀུན་གྱི་ནད་རྣམས་འདི་ཡིས་སེལ་བར་ཤོག །ཅེས་བྱིན་ཏེ་བརྒྱལ་ནས་གར་བྱེད་དོ། །པདྨ་ཅན་དུ་ཞིང་ཧ་འཕགས་པའི་སྲས་ཧ་མཐུ་ཆེན་པོ་མགོན་མེད་པ་རྣམས་ཀྱི་གཉེན་ཁྱོད་ཀྱིས་བདག་གཅིག་པུ་འདིར་ཡོངས་སུ་འདོར་བར་བྱེད་དམ་ཞེས་ཟེར། བཞད་གད་པ་ནས། ཧ་ན་མཉམ་དགའ་བ་འགྲོ་བ་ཀུན་གྱི་གཉེན་བརྩེ་བ་ཆེན་པོ་ཡོངས་སུ་སྐྱོབས་ཤིག་ཀྱེ་ཡོངས་སུ་སྐྱོབས་ཤིག་དཔག་བསམ་གྱི་ཤིང་ཡོངས་སུ་འདོར་ཞིང་ཆུ་གཏེར་ཡོངས་སུ་སྐམ་མོ་ཞེས་ཟེར། བྲམ་ཟེ་ནི་གཞན་དུ་འདིར་བསྡད་ནས་ཅི་བྱེད། འདི་ནི་སེམས་དཔའ་ཆེན་པོ་དེའི་མངོན་པར་འདོད་པ་བདག་གིས་བསྒྲུབ་པར་བྱའོ་སྙམ་ནས་ཡོངས་སུ་ཞུགས་ནས་བལྟས་བ་ན་དེར་ཐུབ་པ་ཅིག་འོངས་སོ། །བདག་ནི་སྡིག་པ་མ་བཟད་པ་དང་ལྡན་པས་ཇི་སྲིད་འདིས་མི་མཐོང་བ་དེ་སྲིད་བདག་འབྲོས་སོ་སྙམ་ནས་ཞུགས་སོ། །དེ་ནས་དྲང་སྲོང་འོད་ཟེར་ཅན་རིན་ཆེན་ཕྲེང་བ་མ་དང་བཅས་ཏེ་རབ་ཏུ་ཞུགས་སོ། །ཅི་སྟེ་སྒྲ་ཆེན་གནས་སྐབས་མ་ཡིན་འདི་ལྟར་ལྷུང་ཞིང་ཅི་སྟེ་ས་ཆེན་གཡོ་བར་བྱེད། །ཅི་སྟེ་རླུང་རྣམས་ཀྱང་ནི་རྩུབ་ཅིང་ཅི་སྟེ་ཕྱོགས་རྣམས་ཀྱང་ནི་སྐྱ་བོར་འགྲོ་བར་བྱེད། །ཅི་སྟེ་ཉི་མ་ཡང་ནི་མཚམས་མིན་གཟའ་ཡི་བདག་པོས་འཛིན་ཅིང་བཅོམ་གནས་གནས་བྱེད་ཅིང༌། །ཅི་སྟེ་ཉི་མའི་གུང་ལ་དི་རིང་འདིར་ནི་ཡུལ་རྣམས་མུན་པས་ཡང་དག་སྒྲིབ་པར་བྱེད། །འདི་བཞིན་དུ་མིའི་བདག་པོ་ལ་ཇི་ལྟར་སྡུག་བསྔལ་མི་འདོད་པ་ཞིག་གོ་སྙམ་ནས་བུ་མོ་རིན་ཆེན་ཕྲེང་བ་མ་ད་ལྟར་པདྨ་བ་ཏཱི་གར་སོང༌། རིན་ཆེན་ཕྲེང་བ་མ་ནས། ཆུ་ཀླུང་དལ་གྱིས་འབབ་པའི་འགྲམ་དུ་མེ་ཏོག་ཐུར་སོང་ངོ༌། །དྲང་སྲོང་ནས་འདི་མྱུར་དུ་བལྟར་འགྲོ་བར་བྱའོ་ཞེས་ཡོངས་སུ་ཞུགས་ཕན་རྣ་བར་ཅུང་ཟད་ཐོས་ནས་ཨ་ཡེ་ཇི་ལྟར་དུ་བའི་སྒྲ་འདྲ་བ་ཞིག་གོ །དེར་རེ་ཞིག་བདག་འགྲོ་བར་བྱའོ་ཞེས་ནས་ཡོངས་སུ་ཞུགས་ནས་བལྟས་པ་ན། རིན་ཆེན་ཕྲེང་བ་མ་ངུ་ཞིང༌། ལེགས་ལྡན་པདྨ་ཅན་ནི་ཇི་ལྟར་དུ་ཞིང་མཆིས་སོ། །འདི་ཡང་གཽ་ཏ་མའོ། །དྲང་སྲོང་ནས་འདི་ལས་གཞན་འགའ་ཞིག་ཀྱང་ངོ༌། །རིན་ཆེན་ཕྲེང་བ་མས་ངེས་པར་བལྟས་ནས། ཧ་བདག་གསོད་འདི་ནི་ལྷ་གཙུག་ན་ནོར་བུ་སྟེ་ས་ལ་འགྱེལ་ནས་མཆིས་སོ། །དྲང་སྲོང་ནས། ཧ་བདག་གསོད་བདག་སྐལ་བ་དམན་པ་མི་རྟག་པ་ནི་སྟོབས་ཆེའོ། །སྐྱེ་བའི་དཔག་བསམ་ཤིང་བཞིན་དུ། །རྟག་ཏུ་འཚོ་བར་བྱེད་པ་ཡི། །དེ་ནི་འདི་ན་ཉལ་ཞིང་འགྱེལ། །


DTG169_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ངེས་པར་སྐད་ཅིག་ཙམ། །བུ་མོ་པདྨ་བ་ཏཱི། ཅི་ཞིག །ཇི་ལྟ་བདེ་བཞིན་དུ་དུ་བར་བྱེད་དོ། །བཞད་གད་པ་ནས། ལེགས་ལྡན་གཟིགས་གཟིགས་དྲང་སྲོང་ནས། འདི་ཇི་ལྟར་ཡིན། བཞད་གད་པ་ནས། ལེགས་ལྡན་གཙུག་ན་ནོར་བུའི་སྦྱིན་པའོ། །དྲང་སྲོང་ནས། ཧ་དཔག་བསམ་གྱི་ཤིང་འགྲོ་བའི་གཉེན་གཅིག་བུ་ཞེས་ཟེར། པདྨ་ཅན་ལ་རིན་ཆེན་ཕྲེང་བ་མ་འཁྱུད་ནས་གྲོགས་མོ་དགའ་མ་འདིར་ཤོག །གནས་སྐབས་ཀྱི་མཐའ་འདི་ལ་ལྟོས་ཤིག །ཧཱ་བུ་པདྨ་སྐྱེས་ཡབ་ཀྱིས་ཀྱང་ཡོངས་སུ་འདོར་བར་བྱེད་དོ། །དེ་ནས་པདྨ་སྐྱེས་དང༌། ལག་བཟངས་དག་ཀྱང་རབ་ཏུ་ཞུགས་ཏེ་འདི་ནི་ངའོ། །པདྨ་སྐྱེས་ནི་འདིར་བླངས་ནས། །བཟོད་པར་དཀའ་ལས་རྒྱལ་བར་བྱས། །རྗེ་བོ་ལྟ་ཞིང་འགྲོ་བར་བྱེད། །དེ་ལས་ཡིད་ཀྱི་ཐེ་ཚོམ་ཅི། །པདྨ་སྐྱེས་ནས། ཨཛྫ་སྣ་ཆེན་པོ་ཡུམ་དང་བཅས་ཏེ་ཡབ་དང་འཇལ་བར་བྱེད་དོ་ཞེས་ཟེར། ལག་བཟངས་ནས། གཞོན་ནུ་དེ་ཇི་ལྟ་བ་དེ་བཞིན་དུ་བྱའོ་ཞེས་ཟེར། ཡོངས་སུ་ཞུགས་པ་ན་པདྨ་སྐྱེས་རྟ་བ་བཞིན་དུ་འགྱེལ་པར་གྱུར་ཏོ། །ཨཛྫ་ངའི་རྐང་པ་ལ་ཅི་ནམ་ཅིག་གིས་རྨུགས་སོ་ཞེས་ཟེར། ལག་བཟངས་འཇིགས་ནས་མྱུར་དུ་བལྟས་ཏེ་རང་ཉིད་བསམས་པ་དང༌། སྐྲག་པས་ཀུན་ནས་འགྱེལ་ཏེ། ཇི་ལྟར་འདི་ནི་སྦྲུལ་ཡིན་ཏེ། ས་ཡི་སེར་ག་འདིར་རྗེས་སུ་ཞུགས་ཏེ་སོང་ངོ༌། །བདག་གི་མངོན་འདོད་གྲུབ་པ་འདི་ཉམས་སོ་སྙམ་མོ། །ཡང་ན་མྱུར་དུ་ལྷའི་དྲུང་དུ་ཉེ་བར་འགྲོ་ཞིང་སླེབ་མ་ཐག་ཏུ་གཙུག་གི་ནོར་བུའི་འོད་ཟེར་གྱིས་དུག་མེད་པར་འགྱུར་རོ། །སྙམ་ནས་གསལ་བར་སྨྲས་པ། གཞོན་ནུ་མྱུར་དུ་མཛོད་ཅིག །ཡབ་ཡུམ་དག་དང་མཇལ་བར་བྱའོ་ཞེས་སྨྲས་པ་ན། ངའི་རྐང་པ་ནི་སྦྲིད་སིལ་སིལ་མཆིས་སོ། །གཉིས་ཀྱང་བྲོ། ལུས་པོ་ཡང་འདིར་ཞིང་མཆིས་སོ་ཞེས་ཟེར། ལག་བཟངས་ཀྱི་རྣ་བར་ཅུང་ཟད་ཐོས་ཏེ། ཇི་ལྟར་འདིར་ཡང་དུ་བའི་སྒྲ་ཞིག་གོ་སྙམ་ནས་བརྟགས་པ་ན། དེ་ཅི་སྟེ་འདི་ནི་ལྷ་མོ་བཤུམས་པ་ཡིན་ནམ། འདི་ནི་རིན་ཆེན་ཕྲེང་བ་མའོ། །འདི་ནི་ལེགས་ལྡན་འོད་ཟེར་ཅན་ནོ་སྙམ་ནས། ཤིན་ཏུ་སྡངས་ནས་འདི་ཐམས་ཅད་ཅིའི་ཕྱིར་ངུ་ཞེས་ཡང་བལྟས་པ་ན། དེ་རྣམས་ནི་ངུ་ཞིང་ལྷ་ནི་གཟིམས་ནས་བཞུགས་སོ། །ཨ་ཡེ་ལྷ་ཡི་དབུ་ནི་ཅིའི་ཕྱིར་འདི་བཞིན་དུ་སོང༌། །དེས་པར་བལྟས། ཧཱ་རྒྱལ་པོ་ཆེན་པོ་ཇི་ལྟར་འདི་འདྲ་བའི་གནས་སྐབས་སུ་གྱུར་ཞེས་ལྷ་མོ་ལ་ལྟ་ཞིང༌། ཁྱོད་ཀྱི་སྤྱན་ནི་བཙུམས་ཤིང་མཆིས། །དི་རིང་འཇིག་རྟེན་སྣང་བ་མེད། །སྣང་


DTG169_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་བྲལ་ནམ་མཁའ་བཞིན། །དབུ་ཡི་གཙུག་ཀྱང་སྟོང་བར་སྣང༌། །ཞེས་འདྲེན་བའི་ཞབས་ལ་ཕྱག་འཚལ་ནས། འདིར་ནི་ལྷ་འབའ་ཞིག་གཤེགས་པར་མ་ཟང་དེ་གཙུག་གི་ནོར་བུའི་འོད་ཟེར་དང་བྲལ་བས་ད་ནི་གཞོན་ནུ་ཡང་གཤེགས་པར་འགྱུར་རོ། །རིན་ཆེན་ཕྲེང་བ་མ་པདྨ་སྐྱེས་ལ་འཁྱུད་དེ་བུ་པདྨ་སྐྱེས་ཡབ་ལ་གཟིགས་མཛོད་ཅིག །ཕྱི་ནས་ནམ་ཡང་མཐོང་བར་མི་འགྱུར་རོ། །པདྨ་སྐྱེས་ནས། ཡབ་འདི་བཞིན་དུ་ཅི་སྟེ། པདྨ་ཅན་ནས། བདག་ནི་སྐལ་བའི་རང་བཞིན་ནོ། །པདྨ་སྐྱེས་ནས། ཡབ་བཞེངས་མཛོད་བདག་གི་ཡུམ་ཡང་བཤུམས་ཤིང་མཆིས་སོ་ཞེས་བརྒྱལ་ཞིང་གར་བྱེད་དོ། །པདྨ་ཅན་དང༌། རིན་ཆེན་ཕྲེང་བ་མ་དག་ཀྱང་ཧཱ་བུ་ཧཱ་གཞོན་ནུ། ཧཱ་བུ་ཆུང་ཁྱོད་ཀྱིས་ཀྱང་བདག་ཅག་ཡོངས་སུ་འདོར་རམ། ལག་བཟངས་ནས། ཧཱ་བཅོམ་མོ། །སྐལ་བ་དམན་པ་འདིར་ཕུན་སུམ་ཚོགས་པའི་རྒྱལ་རིགས་སྟོངས་སོ། །བཞད་གད་པ་ནས་བུ་པདྨ་སྐྱེས་དབུགས་ཕྱུང་ཤིག །དྲང་སྲོང་གིས་ངེས་པར་བལྟས་པས་ངོ་མཚར་བར་གྱུར་ནས། །འདིར་ནི་ཙན་དན་ཆུ་ཡི་ཐེག་ལེའི་ཟེར་མའི་མཁའ་ལས་ཡན་ལག་མཆོག་རྣམས་ཆར་འབེབས་ཤིང༌། །བུང་བ་དང་བཅས་མེ་ཏོག་རྣམས་ནི་རིང་ནས་ལྡིང་ཞིང་རིག་འཛིན་རྣམས་ཀྱིས་འཐོར་བར་བྱེད། །ཀླུང་རྣམས་ཀྱང་ནི་ངལ་གྱིས་འབབ་ཅིང་ཆུ་ཀླུང་དལ་གྱིས་འབབ་པ་གཏིང་ཟབ་རྣམས་ཀྱང་ནི། །ཟིལ་པའི་འོད་ཟེར་འགྱེད་ཅིང་ལྷ་ཡི་རྔ་རྣམས་འདིར་ནི་རི་བོའི་ཕུག་རྣམས་རབ་མྱོས་བྱེད། །ཐམས་ཅད་ཡ་མཚན་ཆེ་ནས་བལྟས་སོ། །པདྨ་ཅན་ནས། འཕགས་པའི་སྲས་ཀྱི་སྐུ་ནི་ལྷ་རྣམས་ཀྱིས་མཆོད་པའི་ཆེད་དུ་ལྷའི་འཇིག་རྟེན་དུ་ལེན་པར་བྱེད་དོ་ཞེས་ཟེར་ནས་དྲང་སྲོང་གི་རྐང་པ་ལ་ཕྱག་འཚལ་ནས། ལེགས་ལྡན་བདག་བཀས་རྗེས་སུ་གནང་བར་མཛོད་ཅིག་ཟེར་ནས། ལག་བཟངས་ལ་བལྟ་ཞིང༌། བདག་གི་སྲེག་ཤིང་སྟ་གོན་གྱིས་ཤིག་བདག་གི་གཏམ་གྱི་ཕྱི་མ་ཡིན་ནོ་ཞེས་ཟེར། བཞད་གད་པ་ནས། ཀྱཻ་ལྷ་མོ་ཐང་ཅིག་གཞེས་ཤིག །བདག་ཀྱང་ན་མཉམ་དགའ་བའི་རྗེས་སུ་ལྷན་ཅིག་ཏུ་འགྲོའོ། །དྲང་སྲོང་ནས་ད་དུང་ཡང་ངུས་ནས་ཅི་ཞིག་བྱེད་མ་མཐོང་ངམ་ཅི་སྟེ། འདི་ཡི་ཐུགས་ཀ་རབ་ཏུ་འགུལ་ཞིང་སྤྱན་ཡང་འཕྲིག་པར་བྱེད། །འདི་ཡི་ཞལ་ནི་མཚོ་ཡི་པདྨ་བཞིན་དུ་རྣམ་པར་འཛུམ། །འདི་ཡི་སྐུ་ནི་བ་སྤུ་གཡོ་ཞིང་ཕྱག་ཀྱང་སྐྱོབ་པར་རྩོམ། །འདི་ཡི་སྤྱན་ནི་འཇིག་རྟེན་རྣམས་དང་ལྷན་ཅིག་འགྱོད་པ་རྩོམ། །བཞད་གད་པ་ནས། ཀྱེ་ལྷ་


DTG169_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀུན་ནས་འཁྲུག་བར་མ་བྱེད་ཅིག །ན་མཉམ་དགའ་བས་ཀྱང་འཛིན་པར་བྱེད་དོ། །པདྨ་ཅན་ངེས་པར་བལྟས་ནས། འདིར་བདག་གི་སྐལ་པས་དབུགས་འབྱིན་པར་བྱེད་དོ་ཞེས་པདྨ་སྐྱེས་ཀྱིས་ལག་པ་ནས་བཟུང་ནས་བུ་དབུགས་ཕྱུང་ཤིག །བུ་དབུགས་ཕྱུང་ཤིག །ཁྱོད་ཀྱི་ཡབ་ནི་འཚོ་བར་སྣང་ངོ་ཞེས་ཟེར། རིན་ཆེན་ཕྲེང་བ་མ་ནས། ཀྱེ་རྒྱལ་པོ་ཆེན་པོའི་འཁོར་རྣམས་དབུགས་ཕྱུང་ཤིག་ཟེར། །རྒྱལ་པོ་ནི་བཀན་ནས་རྩ་བ་གཅེས་པའི་ཚིགས་སུ་བཅད་པ་དེ་ཉིད་ཀློག་ཅིང་དལ་བུས་གསལ་བར་བྱེད་དོ། །པདྨ་ཅན་ནས། འཕགས་པའི་སྲས་འདི་ནི་གཞོན་ནུ་པདྨ་སྐྱེས་ཏེ། འདི་ཡང་འདྲིད་པར་མི་བྱེད་དམ། རྒྱལ་པོ་ནས་བུ་པདྨ་སྐྱེས་འདིར་ཤོག་གསུངས། ལག་བཟངས་ནས། བདག་གི་སྐལ་བས་འདིར་ཇི་ལྟར་བྱ། ལྷ་འདི་ནི་བདག་གིས་ངལ་བསོ་ནས་སོང་བ་ན། སྦྲུལ་གྱི་མཆེ་བས་བཟུང་སྟེ་བརྒྱལ་ནས་མཆིས་སོ། །རྒྱལ་པོ་ནི་རྟབ་རྟབ་པོར་འདི་ཅི་ཞིག །པདྨ་ཅན་ནས། ཧཱ་བུ་པདྨ་སྐྱེས་ཀྱིས་ཡབ་མ་མཐོང་མ་ཟེར། རིན་ཆེན་ཕྲེང་བ་མ་ནས། ཧཱ་གྲོགས་མོ་དགའ་མ་ཁྱོད་ཀྱིས་ཡིད་ཀྱི་ཤིང་རྟ་མ་རྫོགས་སོ་ཞེས་ཟེར། བཞད་གད་པ་ནས། ཀྱེ་གཤིན་རྗེ་ཚིམ་པ་མེད་པ་ཟེར། ལག་བཟངས་ནས། ལྷའི་གཙུག་གི་ནོར་བུ་གང་ན། བཞད་གད་པ་ནས། བྲམ་ཟེ་ལ་བྱིན་ནོ། །ལག་བཟངས་ནས། གཡོ་སྒྱུས་བཅོམ་སྟེ་བཟོད་པར་རབ་ཏུ་དཀའ་བའི་གཡོ་ཐབས་ངེས་པར་ཡིན་ནོ། །ལྷ་ཇི་ལྟར་དགྲ་རྣམས་འཚོ་བའི་ཕྱིར་གཙུག་གི་ནོར་བུ་སྟེར་བར་བྱེད། རྒྱལ་པོ་ནས། བདག་ལ་ཕྱིས་ཀྱང་གདུང་བ་མེད་དོ། །དྲང་སྲོང་ནས་ཅིས་ཤེས་ཟེར། རྒྱལ་པོ་ནས་ལེགས་ལྡན། གང་ཞིག་བདེན་པ་འདི་དང་སྙིང་རྗེའི་བསམ་པའི་འབྲས་བུ་དང༌། །དེ་བྱིན་བདག་ལ་ནམ་ཡང་རྗེས་སུ་གདུང་བ་མེད་འགྱུར་ན། །དེ་ཡིས་ད་ལྟར་དེ་བས་ནུས་མཐུ་ཤིན་ཏུ་ལྷག་གྱུར་པའི། །འགྲོ་ལ་ཕན་ཕྱིར་བདག་ལ་གཙུག་གི་ནོར་བུ་འབྱུང་བར་ཤོག །ཅེས་གསུངས་པ་དང༌། གློག་འཁྱུག་པ་བཞིན་དུ་མཐོང་ནས་ཐམས་ཅད་རྟབ་རྟབ་པོར་གར་བྱེད་དོ། །པདྨ་སྐྱེས་ཀྱང་ཉེ་བར་ལངས་སོ། །དྲང་སྲོང་ནས། ཨ་ཧོ་སེམས་དཔའ་ཆེན་པོའི་བསམ་པ་རྣམ་པར་དག་གྱུར་ཏེ། །ཉི་མ་འོད་ཟེར་སྟོང་ཕྲག་རྣམས་ནི་འཕྲོ་ཞིང་གསལ་བ་ལྟར། །སླར་ཡང་མི་ཡི་བདག་ལ་གཙུག་གི་ནོར་བུར་འཁྲུངས་གྱུར་ནས། །གང་གི་མཐུ་ནི་རབ་བརྐྱད་དུག་གི་མུན་པ་མངོན་པར་བཅོམ། །པདྨ་སྐྱེས་ཀྱང་ད་ནི་པདྨ་བཞིན་དུ་རབ་ཏུ་འཛུམ་ཞེས་ཟེར་ནས་ཐམས་ཅད་རྟབ་རྟབ་ཕོར་


DTG169_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གར་བྱེད་དོ། །པདྨ་ཅན་ནི་རྒྱལ་པོ་ལ་ལྟ་ཞིང་པདྨ་སྐྱེས་ལ་འཁྱུད་ནས་སླར་ཡང་བདག་གི་མིག་ཕྱེ་བར་གྱུར་ཏོ་ཞེས་སྨྲའོ། །བཞད་གད་པ་ནས། ན་མཉམ་དགའ་བའི་རྫུ་འཕྲུལ་མངོན་དུ་མཛད་དོ། །རིན་ཆེན་ཕྲེང་བ་མ་ནས། འདི་འདྲ་བ་ལྟར་ཡོད་པ་བདག་ཅག་རྣམས་དགའ་མོ་ཡིན་ནོ་ཞེས་ཟེར་རོ། །ལག་བཟངས་ནས། གཞོན་ནུ་ཡབ་ཡུམ་དག་ལ་ཕྱག་འཚོལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ་སྦྱར་ནས་ཕྱག་འཚལ་བར་བྱེད། རྒྱལ་པོ་ནས་ཆོས་དང་ལྡན་པར་གྱུར་ཅིག་ཅེས་གསུངས། པདྨ་སྐྱེས་ནས་ཡབ་ཇི་ལྟ་བར་གྱུར་ཅིག་ཟེར། དྲང་སྲོང་ནས། ལྷ་མོ་དང་གཞོན་ནུ་ཡང་འདིར་བདག་གིས་འབུལ་བས་རྒྱལ་པོ་བཞེས་པར་མཛོད་ཅིག་ཟེར། རྒྱལ་པོ་ནས། ཁྱེད་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །ཐམས་ཅད་ཤིན་ཏུ་དགའ་ནས་གར་བྱེད་དོ། །དྲང་སྲོང་ནས་འདི་བཞིན་དུ་བྱས་པ་ཁྱེད་ཀྱིས་བཟོད་པར་མཛོད་ཅིག་ཟེར། འདྲེན་པ་ནས་རྗེས་སུ་བཟུང་བ་ལ་བཟོད་པའི་ཡུལ་གང་ལ་ཡིན་གསུངས། ཡོལ་བའི་ནང་ནས། ཁྱོད་ཀྱི་ཡོན་ཏན་རྣམས་ཀྱིས་སྐྱེ་དགུའི་ཡིད་ཀྱི་ཤིང་རྟ་རྫོགས་པར་ཤོག །མྱ་ངམ་ཐང་ལ་ཆུ་གཏེར་དང་ནི་རི་བོ་འཛེག་པའི་སྐས་སུ་ཤོག །ཆུ་གཏེར་སྒྲོལ་བའི་གཟིངས་དང་མི་བཟད་མུན་པ་རྣམས་ཀྱི་སྣང་བར་ཤོག །འཇིགས་ཆེན་སྐྱབས་གནས་དང་ནི་དབུལ་པོ་རྣམས་ཀྱི་དཔག་བསམ་ཤིང་དུ་ཤོག །ཅེས་ཟེར་རོ། །རྒྱལ་པོ་ནས་འདི་གང་ཞིག །དྲང་སྲོང་ནས། འདི་ནི་ལྷ་ཡི་ཚོགས་རྣམས་མཉམ་དུ་ཁྱབ་འཇུག་དབང་ཕྱུག་ཚངས་པ་དབང་པོ་ཟླ་བ་སོགས། །ལྷ་རྣམས་ཀུན་གྱིས་མཁའ་ཡི་ཁང་བཟངས་གནས་ཤིང་ཐམས་ཅད་འདི་བཞིན་ནམ་མཁའ་ཁྱབ་པར་གྱུར། །ཆེན་པོ་དེ་རྣམས་གང་རྣམས་ཀྱི་ནི་རྫུ་འཕྲུལ་རྣམ་པར་འཕེལ་ཞིང་སེར་པོ་དཀར་པོ་ཡིས། །ཕྱོགས་རྣམས་རབ་ཏུ་མཛེས་ཤིང་ཁྱབ་པ་རྩིག་ལོགས་རི་མོར་བྲིས་པ་བཞིན་དུ་མཛད་གྱུར་ཏོ། །ཁྱེད་ཀྱི་ཡབ་ཡུམ་དག་ཀྱང་ནམ་མཁའི་བཞོན་པ་ལ་གནས་ནས་བུ་དང་བཅས་ཤིང་ཆུང་མར་བཅས་པ་ཤིས་པ་ཤིས་པ་བརྗོད་པར་བྱའོ། །རྒྱལ་པོ་འཁོར་དང་བཅས་པས་ཕྱག་བྱས་སོ། །ལེགས་ལྡན་ཅི་ཞིག་བསྒྲུབ་པར་བྱ་བ་གསུངས་ཤིག །དྲང་སྲོང་ནས། ཁྱོད་ནི་མེད་གྱུར་མངའ་རིས་སྡུག་བསྔལ་གནས། །སླར་ཡང་གཤེགས་ཤིང་སླར་ཡང་སྐྱོང་བར་མཛོད། །དི་རིངས་ཀེའི་གྲོང་ཁྱེར་གཤེགས་པའི་ཕྱིར། །མཁའ་བཞོན་འདི་ཡང་དབང་པོས་ཁྱོད་ལ་བསྲིངས། །


DTG169_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བོ་ནས། གོང་མ་རྣམས་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །ཐམས་ཅད་ཤིན་ཏུ་དགའ་ཞིང་ཞོན་ནས་གར་བྱེད་དོ། །ཡོངས་སུ་ཞུགས་པ་ན་རྒྱལ་པོ་ནས། ཨ་ཧོ་མཁའི་བཞོན་པ་ནི་ཤིན་ཏུ་མགྱོགས་ཏེ། འདི་ལྟ་སྟེ། ངང་བའི་གཤོག་པ་རྣམ་པར་བསྐྱོད་པས་རྒྱུ་བའི་ཚོགས་ལྟར་ཆུ་འཛིན་རྣམས་ནི་རིང་པོར་གྱུར།། རི་བོའི་དབང་པོ་རྣམས་ནི་གླང་ཆེན་དབང་པོ་མྱོས་བཞིན་མངོན་དུ་ཕྱོགས་ནས་རྒྱུག་ཅིང་འོང༌། །འདི་ནི་དབང་པོས་དཀྲིགས་ཤིང་འཁོར་ལོ་བཞིན་དུ་ནམ་མཁའི་མཐིལ་ནི་རྣམ་པར་གཅོད་པར་བྱེད། །ཉི་མའི་དཀྱིལ་འཁོར་ཉེ་བའི་འོད་ཟེར་ཚོགས་པས་བསྐོར་ཞིང་བྱང་གི་ཕྱོགས་སུ་འགྲོ་བར་བྱེད། །དྲང་སྲོང་ནས། འདི་ནི་བཟོད་དཀའ་གྲོང་ཁྱེར་སྐྱེ་བོ་གནས་བཅས་ཁྱོད་ལས་ནི། །བདུད་རིས་དཀྲུགས་ཤིང་འཇིག་རྟེན་ཀུན་འཚོ་བལྟ་ཞིང་ཕྱག་བྱེད་དོ། །འདི་རྣམས་ཀྱང་ནི་སྐྱེ་བོའི་གནས་བཅས་ཤིན་ཏུ་འདས་བྱས་ནས། །བདག་ཉིད་ཇི་ལྟ་བཞིན་དུ་གྲོང་ཁྱེར་སཱ་ཀེ་ཏ་ནས་སོ། །སླར་ཡང་ཁྱོད་ཀྱི་དགའ་བའི་བྱ་བ་ཅི་ཞིག་ཡོད་པ་སྨྲ་བར་གྱིས་ཤིག །རྒྱལ་པོ་ནས། འདི་ལས་ཀྱང་དགའ་བར་བྱ་བ་ཅི་ཞིག་ཡོད། །ལྷ་མོ་པདྨ་བ་ཏཱི་བུ་ཡི་ཞལ་དང་དགའ་བའི་གཽ་ཏམ། བཞོན་ཞིང་མཁའ་ཡི་བཞོན་པ་ལ་གནས་ཡབ་ཡུམ་ལྷ་ཚོགས་འཁོར་བཅས་མཐོང༌། །དགའ་བའི་བློན་པོ་སྣ་ཆེན་དང་ནི་སྐྱེ་བོའི་སྡུག་བསྔལ་མ་ལུས་པ། །རབ་ཏུ་ཞི་གྱུར་གཞན་ནི་ཅི་ཞིག་བསྒྲུབ་པར་བྱ་ཞིང་བྱ་བ་ཅི། །འོན་ཀྱང་དགའ་བར་བྱ་བ་ཡོད་དེ། །འགྲོ་རྣམས་དམ་ཆོས་འབྱུང་ཞིང་རབ་ཏུ་སྦྱོར་བའི་ལྟད་མོ་ཆེན་པོར་ཤོག །ལེགས་སྤྱོད་ཡོན་ཏན་རྣམས་ཀྱིས་འཆི་བདག་ཡིད་ཀྱི་ཤིང་རྟ་འབྲས་མེད་ཤོག །ཐུབ་པའི་སྐྱེ་བོའི་གཏམ་གྱི་འབྲེལ་ཚོགས་ཞི་ཞིང་བདུད་རྩིའི་ཆར་རྣམས་ཀྱིས། །བསིལ་ཞིང་དགེ་བས་ཟླ་བའི་སྣང་བས་རབ་ཏུ་འགྲོ་ཞིང་དོན་བྱེད་ཤོག །གང་ཞིག་སྙན་ངག་བདེན་པ་རྣམས་ཀྱིས་དུས་རིང་དགའ་བྱས་ཤི་ལཱུ་ཤ་ཡི་སྲེད་རྣམས་ཀྱིས། །དུས་རིང་ནས་ནི་ནོར་གྱི་ཁུར་ཐོབ་རིང་ནས་སྐྱེ་བོའི་སེམས་ནི་རབ་ཏུ་དགའ་བར་མཛད། །སླར་ཡང་བཀུར་གནས་མཐོང་བར་གྱུར་ནས་དཔལ་ལྡན་ཆགས་པ་དང་བྲལ་ཞེས་པས་མཛད་གྱུར་པ། །འཇིག་རྟེན་ཀུན་དུ་དགའ་བ་སྣ་ཚོགས་ཟློས་གར་འདི་ནི་གར་གྱིས་གཞིར་ཐོབ་པར་ཤོག །ཅེས་སྨྲས་ནས་ཐམས་ཅད་ངེས་པར་ཞུགས་སོ། །ཡན་ལག་ལྔ་པ་རྫོགས་སོ།། །།གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་པའི་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་


DTG169_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་དགའ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་རབ་ཏུ་སྦྱར་བའོ།། །།དམ་པ་རྣམས་ཀྱི་ཚུལ་ལ་བརྟེན་ནས་པཎྜི་ཏ་ཆེན་པོ་ཀཱི་རྟི་ཙནྡྲ་དང༌། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་ལེགས་པར་བསྒྱུར་རོ།། །།


previousའཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ། ཙནྡྲགོམིན།next