cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དོན་བཞི་པ།

ཚད་མ། ཅེ༽

ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཕྱོགས་ཀྱི་གླང་པོ།


DTG174_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུ་ཙྪ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །མིང་དང་རུས་སོགས་སུ་སྦྱོར་པའི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །


DTG174_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱང་དོན་དང་ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །རྟག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱ་བའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །དབྱེ་བ་མེད་པའང་མ་ཡིན་ནོ། །ཡང་ན་རང་རིག་འབྲས་བུ་སྟེ། །དེ་ཡི་ངོ་བོ་ལས་དོན་ངེས། །ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་འཇལ་བར་བྱེད། །སྨྲས་པ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེའི་འབྲས་བུ། །འཛིན་དང་རྣམ་རིག་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་པས་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་འདི་མེད་ཕྱིར་རོ། །ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད་དེ་ལ་འང་དྲན་པ་སྟེ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་ཕྱིར་རོ། །


DTG174_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །གཞན་དུ་ཆ་ཤས་སུ་གསུང་འགྱུར། །དེས་ན་ཁོ་བོས་བརྟག་པར་བྱ། །དོན་དེ་ལས་སྐྱེས་རྣམ་པར་ཤེས། །མངོན་སུམ་ཡིན་ཞེས་བྱ་བ་འདིར། །དོན་དེ་ཞེས་པས་ཀུན་བརྗོད་ན། །གང་དེ་དེ་འབའ་ཞིག་ལས་མིན། །དམིགས་པའོ་ཞེ་ན་དྲན་སོགས་ཀྱི། །ཤེས་པའང་གཞན་ལ་ལྟོས་མ་ཡིན། །ཡང་སྨྲས་པ། ཇི་ལྟར་སྣང་བ་དེ་ཡོད་མིན། །དེ་ཡི་ཕྱིར་ན་དོན་དམ་དུ། །ལྔ་པོ་བསགས་ལ་དམིགས་པའི་ཕྱིར། །དེ་ལ་ཐ་སྙད་དུ་མ་བྱས། །བར་སྐབས་ཀྱི་ཚིགས་བཅད་དོ། །དོན་གྱི་ཚུལ་གྱིས་དབེན་པ་ཡང༌། །བརྗོད་བྱ་མ་ཡིན་ཡུལ་འདིའི་ཡང༌། །སྤྱི་ཡི་ཚུལ་གྱིས་བསྟན་པར་བྱ། །དེས་ན་ཐ་སྙད་དུ་མི་བྱ། །རིགས་པ་ཅན་རྣམས་དཔང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པ་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ནི་མངོན་སུམ་མོ་ཞེས་ཟེར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། །དབང་དོན་ལས་བྱུང་བློ་ལ་ནི། །ཐ་སྙད་ལ་སོགས་སྲིད་མ་ཡིན། །བར་དང་བཅས་པ་འཛིན་པ་དང༌། །ཤེས་པ་ལྷག་པའང་ཐོབ་མི་འགྱུར། །དབང་པོ་རྟེན་ལས་ཕྱིར་མི་འཕོ། །ཡུལ་ལ་འཛིན་པར་ནུས་མ་ཡིན། །བདེ་སོགས་གཞལ་བྱ་མིན་པའམ། །དབང་པོ་གཞན་ཡོད་ཡིད་དབང་པོ། །བཀག་པ་མེད་ཕྱིར་ཐོབ་ཅེ་ན། །དབང་པོ་གཞན་གྱི་སྒྲ་དོན་མེད། །ངེས་པའི་དོན་ལ་འབྲས་བུ་མེད། །ཤེས་པ་ཡི་ཡང་མཚན་ཉིད་ལས། །དོན་གཞན་འབྲས་བུར་སྨྲ་བར་འགྱུར། །ཁྱད་པར་ལ་མིན་ཐ་དད་ཕྱིར། །དེ་ལ་ཡོད་མིན་གཉིས་ཞེ་ན། །མ་ཡིན་ཁྱད་པར་བྱ་ལ་འང་འགྱུར། །མ་རྟོགས་ལ་སོགས་ཀུན་ལ་མིན། །ལྡོག་པ་མེད་ཕྱིར་འབྲས་བུ་མིན། །བྱེ་བྲག་པ་རྣམས་ནི་བདག་དང་དབང་པོ་དང་ཡིད་དང་དོན་དུ་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ཡིན་ནོ་ཞེས་སོ། །སྤྱི་དང་ཁྱད་པར་ལ་ལྟོས་པ་དང༌། རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ནི་མངོན་སུམ་མོ་ཞེས་སྦྱར་བར་མི་བྱ་སྟེ། །ཡུལ་ལ་ལྟ་བའི་དོན་ཅན་ཕྱིར། །ཁྱད་པར་རྣམས་དང་སྦྱར་མི་བྱ། །གཅིག་མིན་


DTG174_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ཀྱང་གཅིག་འགྱུར། །མཐོང་ན་དབང་པོ་ལ་དེ་མིན། །དབང་གཞན་དོན་མེད་འགྱུར་ཕྱིར་རོ། །རང་ཡུལ་ཐ་དད་ཀྱང་འཛིན་ནུབ། །དབང་པོ་ཀུན་གྱིས་འཛིན་པར་འགྱུར། །རྫས་སོགས་ལ་མིན་དེ་ལྟ་ན། །མེད་ཕྱིར་གཞན་གྱི་སྤྱོད་ཡུལ་མིན། །ཡུལ་མཚུངས་ཉིད་དུ་འདོད་ཅེ་ན། །མི་འདོད་པ་ལའང་ཐལ་བར་འགྱུར། །མ་ངེས་དེ་ནི་གཞན་དུ་བརྗོད། །ཐམས་ཅད་བསྒྲུབ་བྱར་བརྗོད་མ་ཡིན། །དབང་པོ་ཐ་དད་མེད་ཀྱང་བློ། །ཐ་དད་ཕྱིར་ནི་ཐ་དད་ན། །གཞན་དུ་ཐ་དད་མེད་གང་ལས། །སེར་སྐྱ་པ་རྣམས་ནི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་དུ་འདོད་དོ། །ཐུག་པ་མེད་པའམ་དབང་གཅིག་འགྱུར། །གཉིས་བཟུང་གསུམ་གྱི་ཡུལ་མ་ཡིན། །ཡུལ་གཅིག་ཉིད་ཐོབ་དབྱེར་མེད་འགྱུར། །དེ་ལས་རང་བཞིན་འཛིན་མ་ཡིན། །དོན་གྱི་བྱེ་བྲག་འཛིན་མི་འགྱུར། །འཛིན་ནའང་ཡིད་བཞིན་རྣམ་རྟོག་འགྱུར། །གནས་སྐབས་དེར་འགྱུར་སྙིང་སྟོབས་སོགས། །མ་ཡིན་གཞན་མ་ཡིན་པའི་ཕྱིར། །གཞན་མིན་ཞེ་ན་འབྲས་མིན་པའམ། །གཞན་ཉིད་མིན་ན་གཟུང་བྱ་མིན། །སྣ་ཚོགས་རྣམ་འགྱུར་དོན་མཚུངས་འགྱུར། །དུ་མར་འཛིན་ཕྱིར་གྲངས་ཅན་གྱི། །བྱེ་བྲག་ཁ་ཅིག་མི་འདོད་དོ། །རེ་རེའི་ངོ་བོར་ཐམས་ཅད་ན། །གཙོ་བོ་རྡུལ་ཕྲན་སོ་སོར་ཡོད། །རབ་ཏུ་སྦྱོར་བའི་བྱེད་བྲག་ལས། །འབྲས་བུའི་ངོ་བོར་མཚོན་པར་བྱེད། །རྡུལ་ཕྲན་རང་བཞིན་གསུམ་ཉིད་ན། །འབྲས་བུ་གཅིག་པར་གང་གིས་རྟོགས། །རིགས་མི་མཐུན་པར་སྦྱར་ན་ཡང་། །ཡོངས་སུ་འགྱུར་བར་མི་འདོད་དོ། །ངོ་བོ་གཉིས་ཉིད་མི་འདོད་ན། །འབྲས་བུ་ངོ་བོ་གཅིག་ཉིད་ཐོབ། །དོན་གྱི་རང་བཞིན་དུ་མ་ལ། །དབང་པོའི་ཡུལ་ནི་ཁྱད་པར་ཅན། །དེའི་ཕྱིར་གྲངས་ཅན་ལུགས་དོར་ཏེ། །རེ་རེའི་ངོ་བོ་ཉིད་མཆོག་ཡིན། །ཡུལ་གཅིག་མ་ཡིན་འཇུག་པ་སྟེ། །ཚད་མར་བརྗོད་པ་མ་ཡིན་ནོ། །དྲན་པ་མ་ཡིན་མ་མྱོང་ཕྱིར། །གཉིས་ཀ་ཅིག་ཅར་འབྱུང་ཞེ་ན། །དེ་ནི་ཚད་མིན་གཞན་ལྟ་ལ། །ཉམས་པའམ་ཡང་ན་དྲན་པ་ཡིན། །དྲན་པ་ལྷག་པར་བརྗོད་ཕྱིར་ན། །རྣམ་


DTG174_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དབང་གཞན་དོན་མེད་འགྱུར། །སྤྱོད་པ་པ་རྣམས་ནི་ཡོད་པ་དང་ཡང་དག་པར་སྦྱར་ནས་སྐྱེས་བུའི་དབང་པོའི་བློ་སྐྱེས་པ་དེ་ནི་མངོན་སུམ་མོ་ཞེས་ཟེར་རོ། །དེ་ལ། ཡོད་བའི་གསལ་བྱ་མེད་པ་སྟེ། །སྦྱོར་ཞེས་བྱ་ལས་དེ་རྟོགས་འགྱུར། །ཡང་དག་སྦྱོར་བ་ངེས་པར་ནི། །ཡོད་ཉིད་ལ་ནི་བསྟན་ཅེ་ན། །ཅི་སྟེ་ཟླ་བ་བསྟན་ཕྱིར་ཡིན། །དབང་པོའི་ཁྱད་པར་ཅན་བརྗོད་ཀྱིས། །ཡོད་ཙམ་ལྡན་པས་མི་རྟོགས་པ། །མ་ཡིན་གང་ཞིག་སྒྲུབ་པར་བྱེད། །ཅི་སྟེ་དབང་པོ་གང་ཞིག་ལ། །ཐིམ་དང་ཤིས་པར་འདོད་ཅེ་ན། །དེ་ཐིམ་པ་དེ་གཞན་ལས་ཀྱང༌། །ཤེས་པ་མིག་སྨན་སོགས་པའང་ཡོད། །གྲགས་ལ་དེ་ལྟར་བརྟག་གྲང་ན། །སྒྲ་དེ་དབང་པོའི་ཡུལ་ལ་མིན། །ཀུན་ཏུ་དོན་དང་ཕྲད་གྲང་ན། །གཟུགས་སྒྲ་བར་དུ་ཆོད་པ་དང༌། །ཆེན་པོའང་འཛིན་པར་མཐོང་བས་ན། །བར་མ་ཆད་ལ་དེ་གནོད་བྱེད། །བློ་ཡི་རྒྱུ་ཡི་ཚོགས་པ་དག །བརྗོད་པ་བོར་ནས་ཚད་མ་གང༌། །མཚང་མ་ཇི་ལྟར་དོན་ཡིན་པའམ། །བློ་ཡི་སྐྱེ་བ་ཞེས་ཅི་བསྣན། །དོན་དང་དབང་པོ་ཡིད་སྐྱེས་བུ། །སྦྱོར་དང་འདུ་བྱེད་པ་ལས་གཞན། །མངོན་སུམ་གྱི་བློ་སྐྱེད་པ་ཡི། །ཚོགས་པ་བརྗོད་པ་དེ་ཅི་ལྟར། །བ་ལང་ཉིད་སོགས་སྦྱོར་ལས་དོན། །བ་ལང་ལ་སོགས་སུ་འཇལ་བྱེད། །དོན་དང་ཡང་དག་འབྲེལ་པ་ལ། །དབང་པོའི་བློ་ནི་ནུས་ཡོད་མིན། །རིག་བྱར་རང་ཉིད་བསྟན་མེད་པས། །གཟུགས་དོན་དབང་པོའི་སྤྱོད་ཡུལ་ལོ། །དོན་མིན་ཤེས་པའང་རྣམ་ཀུན་ཏུ། །མངོན་སུམ་བློ་རུང་གནས་པར་འགྱུར། །ཅི་སྟེ་བློ་ཡི་སྐྱེ་བ་འདོད། །དོན་གཞན་འབྲས་བུར་སྨྲ་བ་ན། །དོན་གཞན་ཐོབ་པར་འགྱུར་མ་ཡིན། །དོན་གྱི་བློ་ཤར་འབྲས་མིན་ན། །དེ་ལས་གཞན་འབྲས་མེད་པས་སོ། །བློ་ཡི་སྐྱེ་བ་གཞན་ཡིན་ན། །འཕྲོ་འདུ་རང་གི་རྒྱུ་ལས་ཏེ། །ཚད་མའི་འཕྲོད་པ་འདུ་བ་ལས། །ཅི་སྟེ་གཞན་མིན་དེ་དོན་མེད། །སྐྱེས་བུ་རྣམ་པར་འགྱུར་ནས་བློ། །སྐྱེད་ན་མི་རྟག་པ་རུ་འགྱུར། །ཅི་སྟེ་བདག་དེ་མི་འགྱུར་ན། །དེ་ལ་ཚད་མ་ཞེས་མི་སྦྱར། །ཚད་མ་ཀུན་ལས་བཏུས་པ་ལས་མངོན་སུམ་


DTG174_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེའུ་སྟེ་དང་པོའོ།། །།རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །འབྲས་བུ་སྔར་བཞིན་ཡུལ་དང་ནི། །ངོ་བོ་མཚུངས་མིན་དེ་གཉིས་ཀྱི། །རང་གི་མཚན་ཉིད་བསྟན་བྱ་མིན། །གཟུང་ཐ་དད་ཕྱིར་དེ་ལས་གཞན། །མཐོང་སོགས་ཉིད་སྒོ་ནས་བསྟན་ཏོ། །རང་གི་ངོ་བོ་བརྗོད་པ་མིན། །མིང་ལས་ཤེས་ཕྱིར་རྣམ་པ་གཞན། །བསྟན་བྱ་ཡིད་ཀྱི་རྣམ་པ་གཉིས། །སྤྱི་མ་ཡིན་ལའང་མཐོང་བའི་ཕྱིར། །དེ་མིན་མཚོན་བྱ་སྤྱི་ཡིན་ཕྱིར། །ཡིད་ཆེས་ཚིག་གི་སྒྲུབ་བྱེད་ཀྱིས། །དེ་ལས་གཞན་ལ་འགེགས་ཕར་བྱེད། །ཐ་མི་དད་དུ་གྲུབ་ཅེ་ན། །མ་ཡིན་ཐ་དད་ཀྱང་སྲིད་ཕྱིར། །ཡིད་ཆེས་ཚིག་ཀྱང་མི་སླུ་བར། །མཚུངས་ཕྱིར་རྗེས་སུ་དཔག་པ་ཉིད། །རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །འདི་རུ་ཤེས་པའང་ཐོབ་པ་ཉིད། །ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར། །ཚུལ་རེ་རེ་དང་གཉིས་གཉིས་པ། །རྟགས་དོན་མིན་པར་དོན་གྱིས་བྱས། །སྒྲ་རྟག་བྱས་པའི་ཕྱིར་ལུས་ཅན། །ཕྱིར་དང་གཞལ་བྱ་མིན་ཕྱིར་རོ། །ལུས་ཅན་མིན་ཕྱིར་མཉན་བྱའི་ཕྱིར། །མིག་གིས་གཟུང་བྱ་ཕྱིར་མི་རྟག །ཁ་ཅིག་གཏན་ཚིགས་མི་འཁྲུལ་བས། །ཆོས་གཞན་དཔག་པར་བྱ་བར་འདོད། །ཆོས་དང་ཆོས་ཅན་དག་གྲུབ་ཕྱིར། །འབྲེལ་པ་དཔག་བྱར་ཁ་ཅིག་འདོད། །ཆོས་ལ་གཏན་ཚིགས་གྲུབ་ན་ནི། །དེ་ཡིས་དེ་ལས་གཞན་ཅི་དཔག །དེ་ལྟར་ཆོས་ཅན་དེ་ཉིད་ལ། །དཔག་བྱ་ཅི་ཡི་ཕྱིར་མི་འདོད། །འབྲེལ་པའང་གཉིས་ཡོད་མ་ཡིན་ན། །དེ་བཞིན་དྲུག་པའི་སྒྲ་རུ་འགྱུར། །བརྗོད་པར་མི་བྱ་དོན་སྨོས་ཕྱིར། །གཏན་ཚིགས་འདི་དང་འབྲེལ་པ་ཡིན། །རྟགས་ཀྱི་འཁྲུལ་པ་མེད་པ་ནི། །ཆོས་ལ་གཞན་དུ་སྟོན་པར་བྱེད། །དེར་གྲུབ་དེ་དང་ལྡན་བ་ཡི། །ཆོས་ཅན་གོ་བར་བྱེད་པ་ཡིན། །རྟགས་ཀྱི་རྗེས་སུ་བསྟན་བྱ་བའི། །ཆོས་ལ་དཔྱད་པ་གཞན་ཡང་འཇུག །ཆོས་དོན་དུ་མ་གཏན་ཚིགས་ཀྱིས། །རྣམ་པ་ཐམས་ཅད་དུ་རྟོགས་མིན། །གང་དང་འབྲེལ་པ་ཡོངས་བཅད་ནས། །ཆོས་གཞན་དང་བྲལ་


DTG174_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱེད། །ཡོན་ཏན་དྲི་དང་དྲི་བསུང་སོགས། །དེ་ཡི་བྱེ་བྲག་གི་རིམ་པས། །རྫས་མིན་ལ་སོགས་རྣམ་བཅད་ནས། །ཨུཏྤལ་ལ་སོགས་རེ་རེ་རྟོགས། །གལ་ཏེ་མཐོང་བ་བཞིན་གཏན་ཚིགས། །སྒྲུབ་པའི་སྒོ་ནས་འཇུག་ན་ནི། །ཐམས་ཅད་རྟོགས་པར་མི་འགྱུར་བའམ། །ཡང་ན་ཐམས་ཅད་རྟོགས་པར་འགྱུར། །གལ་ཏེ་སྤྱི་ལས་ཡིན་གྲང་ན། །དེ་ནི་དེ་ལས་གཞན་དུ་འགྱུར། །རྟེན་རྣམས་མ་མཐོང་བ་ཡི་ཕྱིར། །ཐ་དད་མིན་གཅིག་མཐོང་མི་འགྱུར། །ཆ་ཤས་འདི་ལྟ་བུའི་ཚུལ་ནས། །རྟགས་ཅན་ལ་ནི་མི་འགྱུར་ཞིང༌། །དེ་ཉིད་ཀྱི་ཆོས་དུ་མ་ནའང༌། །ཅིག་ཤོས་ཐོབ་པར་བྱེད་པ་ཡིན། །རྟགས་ཅན་གང་དང་རྗེས་འབྲེལ་བའི། །རྟགས་ཅན་དེ་འདིར་རྟོགས་བྱ་ཡིན། །བྱེ་བྲག་རྟོགས་བྱ་མ་ཡིན་ཏེ། །དེ་དག་ཉིད་ལ་འཁྲུལ་ཕྱིར་རོ། །རྟགས་དང་རྗེས་སུ་འབྲེལ་པའི་དོན། །རྟོགས་བྱ་རྟགས་ཅན་བྱ་བྲག་གི །མ་ཡིན་དེ་ལ་རྟོགས་པའོ། །རྟོགས་པར་རབ་ཏུ་འཁྲུལ་པའི་ཕྱིར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །འབྲེལ་པ་གཉིས་ལ་གནས་མོད་ཀྱང༌། །རྟགས་དང་རྟགས་ཅན་ལྷན་ཅིག་པ། །རྟེན་དང་བརྟེན་པ་ཉིད་ཡིན་གྱི། །ཡང་དག་འཕྲོད་པ་བཞིན་མ་ཡིན། །རྟགས་ལ་རྟགས་ཅན་ཡོད་པ་ཉིད། །ཅིག་ཤོས་རྟགས་ཅན་ཉིད་ལ་ཡོད། །རྟགས་དང་རྟགས་ཅན་དག་འབྲེལ་བའི། །ངེས་པ་བཟློག་ན་གནས་པ་ཡིན། །རྟགས་ཀྱི་ཁྱབ་པར་འདོད་པ་སྟེ། །དེ་ཡི་ཆ་ནས་རྟགས་ཅན་ཡིན། །ཁྱབ་བྱེད་ཆ་ནས་དེའི་གོ་བྱེད། །མ་ཡིན་རྭ་ཅན་ལས་གླང་བཞིན། །དགག་བྱ་སོ་སོར་མི་འཁྲུལ་བ། །གང་ཕྱིར་འབྲེལ་པ་ལ་ལྟོས་ཡིན། །དེ་ཕྱིར་རྟགས་ནི་རྟགས་ཅན་ལ། །ཁྱབ་པ་བདེན་ཡང་བྱེད་པོ་མིན། །བྱས་པ་ཉིད་ཀྱིས་འཇིག་པ་ལ། །ཁྱབ་ཀྱི་མ་བྱས་པ་ཡི་མིན། །རྟག་པ་མིན་ལ་ཁྱབ་མིན་པར། །མ་བྱས་པ་ཡི་དོན་གྱིས་སྟོན། །རྭ་ཅན་ཉིད་ཀྱིས་བ་ལང་ལ། །ཁྱབ་པས་རྭ་ཅན་མིན་ལས་ལྡོག །གླང་ལ་རྭ་ཅན་གྱིས་ཁྱབ་བཞིན། །བ་ལང་གི་དོན་ཟློག་བྱེད་ཡིན། །ཞེས་བྱ་བ་བར་སྐབས་


DTG174_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚིགས་སུ་བཅད་པ་དག་གོ །བརྩད་པ་བསྒྲུབ་པ་ནས་ནི་མེད་ན་མི་འབྱུང་བའི་དོན་མཐོང་བ་རིག་པ་རྗེས་སུ་དཔག་པའོ་ཞེས་བརྗོད་དོ། །མེད་ན་མི་འབྱུང་མཐོང་བ་ཡི། །རང་གི་རྣམ་པ་ཙམ་འདོད་ན། །དེ་རིག་མི་བརྗོད་གཞན་ཉིད་དུ། །བརྗོད་ན་ཇི་ལྟ་བུ་གང་ལ། །དོན་འདི་བསྒྲུབ་བྱ་ལ་ཞེ་ན། །མེད་ན་མི་འབྱུང་ཞེ་ཅི་དགོས། །དུ་སོགས་མེ་སོགས་ལ་མཐོང་ལས། །གཞན་པའི་དཔག་བྱ་དེ་རེག་གང༌། །ཆོས་ཅན་དུ་མ་ཡོད་པ་ལས། །དེ་རིག་པ་ཞེས་ཇི་ལྟར་བརྗོད། །རིགས་པ་ཅན་རྣམས་ན་རེ་དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་རྣམ་པ་གསུམ་སྟེ། སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱིར་མཐོང་བ་ཅན་ནོ་ཞེས་ཟེར་རོ། །འབྲེལ་པ་དབང་པོའི་གཟུང་བྱ་མིན། །སྔ་མ་དང་ལྡན་ཞེས་འདི་ལ། །ཐམས་ཅད་སྲིད་ཕྱིར་ལྟ་བུར་མེད། །འཁྲུལ་པའི་ཕྱིར་ན་ལྡན་པ་མིན། །ལྷག་ལྡན་ལ་ཡང་ལྟ་བུར་རམ། །འབྲེལ་གཞན་ལས་ཀྱང་རྟོགས་མི་འགྱུར། །ལྷག་མ་དང་ལྡན་ལས་འགྱུར་ཕྱིར། །འབྲེལ་གཞན་ལས་ཀྱང་རྟོགས་མི་འགྱུར། །སྤྱིར་མཐོང་བ་ཡང་དེ་བཞིན་ནོ། །འབྲས་བུ་གཞན་ལ་ཉིད་མི་འཐོབ། །རྟགས་ཤེས་ཚད་མ་ཡིན་ཞེ་ན། །རྣམ་པར་དབྱེ་བའང་གྲུབ་མི་འགྱུར། །བྱེ་བྲག་པ་རྣམས་ན་རེ། འདི་ནི་འདིའི་འབྲས་བུ་དང་རྒྱུ་དང་འབྲེལ་པ་དང༌། དོན་གཅིག་ལ་འདུ་བ་དང་འགལ་བ་ཅན་ཡིན་ནོ་ཞེས་བྱ་བ་དེ་དག་ནི་རྟགས་ལས་བྱུང་བའོ། །ཞེས་ཟེར། རོ། །རྒྱུ་ལ་འབྲས་བུ་བཀག་པ་མེད། །ལྡན་པའི་རྟོགས་པ་གྲུབ་པ་མེད། །གཉིས་དང་ལྡན་ཕྱིར་ཐ་དད་མིན། །མེ་དང་དུ་བའི་ལྡན་པ་ནི། །ཆ་འགའ་ཞིག་ལས་མ་ཡིན་པས། །དུ་བ་ཐམས་ཅད་གོ་བྱེད་དམ། །མེ་ཡི་གསལ་བ་གོ་བྱར་འགྱུར། །དེ་བཞིན་དུ་བ་ལ་སོགས་པའང༌། །འགལ་པ་ལ་ཡང་སྲིད་པའི་ཕྱིར། །རྟགས་ཀྱི་སྤྱི་གཞན་རྟགས་མིན་ཞིང༌། །བྱེ་བྲག་རྣམས་ཀྱང་རྟགས་ཅན་མིན། །གཞན་གྱི་ལྟར་ན་ཐམས་ཅད་ནས། །གོ་བྱ་གོ་བྱེད་དུ་ཐལ་འགྱུར། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཡུལ་


DTG174_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་ལ་ལྟོས་སུ་ཆུག །རྒྱུ་ནི་ཁོང་དུ་ཆུད་མི་འགྱུར། །འབྲེལ་པ་ཁྱད་པར་མེད་པའི་ཕྱིར། །གཞན་ཡང་སྲིད་ཕྱིར་གཉིས་མ་ཡིན། །གང་ཞིག་འགལ་བ་དེ་རྟགས་མིན། །འབྲེལ་པ་མེད་ཕྱིར་རྟགས་བློ་མིན། །རྟགས་ལས་བྱུང་བར་བསྟན་པའི་ཕྱིར། །ཐམས་ཅད་རྟགས་སུ་བརྗོད་མ་ཡིན། །དྲན་པས་འབྲེལ་ཅན་དུ་གྲུབ་འགྱུར། །འབྲས་བུ་ལ་སོགས་མདོར་མ་མཚོན། །ཐ་མ་གསལ་བྱེད་དུ་མི་འགྱུར། །དོན་མེད་གཞན་ལས་ཀྱང་དེ་གྲུབ། །གྲངས་ཅན་པ་རྣམས་ན་རེ། འབྲེལ་པ་མངོན་སུམ་པ་གཅིག་ལས་ལྷག་པར་གྲུབ་པའི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །དེ་ལ་མངོན་སུམ་པ་གཅིག་ལས་ཞེས་པ་རིགས་པ་མ་ཡིན་ཏེ། རང་དོན་ཙམ་ལ་ལྟ་བའི་ཕྱིར། །དེ་མ་ཤེས་པར་དེ་རྟོགས་ཕྱིར། །ཁྱད་པར་མེད་ཕྱིར་གཉིས་ནས་མིན། །དེ་ལ་རྟགས་དང་རྟགས་ཅན་མེད། །སོ་སོར་མ་སྦྱོར་ཐ་དད་ལས། །རྗེས་སུ་འགྲོ་བ་ག་ཞན་མིན་ཕྱིར། །གལ་ཏེ་གཞན་མིན་རྣམ་ལྔ་མིན། །གཙོ་བོའི་ཆ་ནས་བརྒྱ་ལམ་ནའང༌། །སྐྱེད་བྱེད་ཉིད་དུ་འགྱུར་མ་ཡིན། །ཐ་དད་ན་ཡང་སྐྱེད་བྱེད་མིན། །དེ་ལས་ཀུན་ཏུ་ཐོབ་འགྱུར་ཕྱིར། །གཙོ་བོ་ལ་སོགས་ཀྱི་གཅིག་སོགས། །ཐ་དད་རྣམས་ཀྱི་རྗེས་འགྲོ་ཉིད། །ལ་སོགས་གང་ལས་ཡོངས་སུ་འཛིན། །དེ་ཡི་ཕྱིར་འདི་གསལ་བྱེད་མིན། །དེ་བཞིན་ནོར་དང་ནོར་ཅན་ལ། །སོགས་པའང་གསལ་བྱེད་མ་ཡིན་ཞིང༌། །འབྲེལ་གཞན་ལས་ཀྱང་དེ་མཚོན་ཕྱིར། །འབྲེལ་མེད་ཉིད་དུ་ཡང་དག་བརྗོད། །ནོར་དང་ནོར་ཅན་ལ་སོགས་ཙམ། །རྟགས་ཅན་འཛིན་པ་ཡིན་ན་ནི། །འབྲེལ་པ་ལ་ཡང་གཞན་ཤེས་པ། །རྣམ་པ་ཀུན་ཏུ་འཛིན་པར་འགྱུར། །གསལ་བྱ་གསལ་བྱེད་ཀྱི་དངོས་པོ། །གལ་ཏེ་གཅིག་ཡིན་རྣམ་བདུན་མིན། །རྗེས་དཔག་མ་ཡིན་དྲན་པར་འདོད། །ངེས་པར་བཟུང་པར་རིག་པ་མིན། །ཡང་སྨྲས་པ། འབྲེལ་པ་བདུན་དུ་བསྟན་པ་དང༌། །རྗེས་སུ་དཔག་པ་གཉིས་ཉིད་དང༌། །དེ་སྔོན་སོང་བའི་རྗེས་དཔག་ནི། །གསུམ་སྟེ་འདི་རྣམས་གང་དུ་བསྡུ། །འབྲས་བུ་མེད་ཕྱིར་དེ་རྟགས་མིན། །འབྲེལ་པ་གཞན་


DTG174_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དག་འོས་མ་ཡིན། །དཔྱོད་དང་བཅས་པར་བརྗོད་པར་བྱ། །ཡོད་པའང་དཔྱོད་པ་དང་བཅས་ཕྱིར། །གཞན་པ་ལས་ཀྱང་རབ་ཏུ་གྲུབ། །གཙུག་ཕུད་ཅན་དོན་གཅིག་རྟོགས་དེས། །ཐ་དད་ཐ་སྙད་ཡོད་མིན་པའམ། །སྐྱེས་བུའི་རྣམ་ཀུན་རྟོགས་པར་འགྱུར། །དཔྱོད་པ་བས་བརྗོད་པ། མངོན་སུམ་སྔོན་འགྲོ་ཅན་ཡིན་ཕྱིར། །རྗེས་དཔག་ལ་སོགས་མདོར་མ་མཚོན། །ཞེ་ན་དྲན་འདོད་ཞེ་སྡང་དང༌། །རྩོལ་བ་ལ་སོགས་ཚད་མར་གྱུར། །འབྲེལ་པ་མེད་ལས་གཞན་གཞུང་ལས། །བཏོན་ཏེ་གཅིག་ཏུ་བསྡུས་ནས་ནི། །རྗེས་དཔག་ལ་སོགས་བསྟན་པ་སྟེ། །མངོན་སུམ་སྔོན་འགྲོ་ཅན་མ་ཡིན། །ལྡན་སོགས་ཡུལ་ལ་དབང་བློ་མེད། །ཡུལ་ལའང་དེ་དག་ཡོད་མ་ཡིན། །ལྡན་བརྗེས་དཔག་གི་རྟགས་མིན། །ལྡན་པ་ཅན་ནི་རང་ངོ་བོས། །ཁོང་དུ་ཆུད་པར་བྱེད་མ་ཡིན། །གཞན་མིན་མངོན་སུམ་ཡང་མ་ཡིན། །གང་དུ་རྗེས་དཔག་ལ་སོགས་འདི། །བཀག་པས་དེ་བཞིན་འདི་ཡང་འགོག །དོན་ནི་རྣམ་གཉིས་མཐའ་གཅིག་ཏུ། །ངེས་ཏེ་རྗེས་དཔག་ཅིག་ཤོས་བརྫུན། །ནག་པ་ཁྱིམ་ན་མེད་པ་ལ། །ཕྱི་ན་ཡོད་པར་མཚོན་པ་མིན། །ཁྱིམ་གྱི་སྒྲ་ཡི་དོན་ལས་འདི། །ཕྱི་ན་ཡོད་པར་རབ་ཏུ་རྟོགས། །ཚད་མ་ཀུན་ལས་བཏུས་པ་ལས་རང་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གཉིས་པའོ།། །།གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །དེ་ལ་དཔག་བྱ་བསྟན་པ་ནི། །རྟགས་ཀྱི་དོན་གྱི་ཡུལ་དུ་འདོད། །རང་གི་ངོ་བོ་ཉིད་དང་བསྟན། །རང་དང་འདོད་འགྱུར་མ་གསལ་བ། །མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་བརྟན་ལའོ། །རིགས་པ་ཅན་རྣམས་ན་རེ། བསྒྲུབ་བྱ་སྟོན་ཞེས་པ་འདི་ལ། །སྒྲུབ་བྱེད་ཙམ་དུ་དོན་གྱིས་བྱས། །དེ་ལྟར་ན་ནི་རྟགས་དང་དཔེ། །མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར། །སྒྲུབ་ཆོས་ཡིན་ན་ཆོས་མཐུན་མེད། །ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །གང་དུ་ངེས་གཟུང་དོན་མེད་འགྱུར། །ཅིག་ཤོས་ལྟར་ན་འདོང་མིན་འགྱུར། །


DTG174_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་བསྒྲུབ་པ་ལ་བརྗོད་པ། །དེ་བཞིན་བསྒྲུབ་བྱར་བརྗོད་པ་ལ། །ཕྱོགས་ཉིད་ཕྱིར་ན་སྲིད་མ་ཡིན། །རྣམ་པར་དཔྱོད་པའི་འདོད་པ་འདི། །མི་འདོད་པ་ལས་ལོག་པ་ཙམ། །རིགས་པ་ཅན་པ་ལ་བརྗོད་པ། །དམ་བཅའ་གཏན་ཚིགས་དང་འགལ་བས། །དམ་བཅའི་སྐྱོན་ཞེས་རིགས་པ་མིན། །ལེགས་པར་མ་བསླབས་པ་རྣམས་ཀྱི། །དེ་ནི་ཆོས་མི་མཐུན་དཔེར་བརྗོད། །རྟགས་ཉེ་འཇལ་གྱིས་འདི་བསྒྲུབ་བྱ། །མ་ཡིན་འགལ་བ་དང་ལྡན་མིན། །གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་རྟགས། །དེ་ལྟར་སྣང་བ་ཕལ་ཆེ་བས། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་རྒྱས་པར་དེ་བསྟན་བྱ། །མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལའང་རྣམ་པ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནི། །ཡོད་མེད་གཉིས་ཀའི་བྱེ་བྲག་ཕྱིར། །བསྒྲུབ་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བརྟགས་བརྗོད་པ། །གཉིས་ཀ་ལ་གྲུབ་ཆོས་དེ་ལས། །ཐ་སྙད་ཡིན་ཕྱིར་གཉིས་ཀ་ལའམ། །གང་ཡང་རུང་ལ་བཟློག་པ་ཡི། །ཐེ་ཚོམ་ཆོས་གྲུབ་འདོད་མ་ཡིན། །མི་འདོད་ཐམས་ཅད་སུན་འབྱིན་དུའང༌། །གཉིས་ཀར་རབ་ཏུ་གྲུབ་ན་ནི། །སུན་འབྱིན་པ་ཡང་སྒྲུབ་པར་བྱེད། །གཞན་གྱིས་སླར་ཡང་སྒྲུབ་ན་འདོད། །ཆོས་ཅན་ཆོས་ཅན་གྱིས་བསྒྲུབ་མིན། །ཆོས་དེས་ཆོས་ཀྱང་མ་ཡིན་གྱི། །འདི་ལྟར་ཆོས་ཀྱིས་ཆོས་སྒྲུབ་ཅིང། །སྒྲུབ་ཕྱིར་ཆོས་ཅན་ཡང་དེ་བཞིན། །དམ་བཅའ་རྟགས་ཀྱི་ངག་གིས་གང༌། །མི་འདོད་པ་ལ་ཐལ་བ་རྩོམ། །དེ་ནི་ལེན་ཞེས་ཤེས་བྱ་སྟེ། །དེ་ཡི་སྒོ་ནས་སྦྱོར་ཕྱིར་རོ། །གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་གང༌། །མེད་ལས་མེད་པར་བརྗོད་པར་བྱ། །དེར་ནི་ལྔ་པའི་མཐའ་ཅན་དཔེ། །རྟགས་ཀྱིས་ཉེ་བར་སྦྱར་ལ་འདོད། །གང་དུ་གསལ་འོངས་ཀྱིས་བརྗོད་པ། །གཏན་ཚིགས་མེད་པར་འགྱུར་བ་ནི། །དཔེ་གཉིས་ལས་ནི་གྲུབ་ཕྱིར་རོ། །དེས་ན་རྣམ་ལྡན་གཞན་ལས་མིན། །ཐལ་འགྱུར་ཕྱོགས་ཆོས་ཅན་མིན་ཕྱིར། །ཁས་བླངས་སྔོན་དུ་


DTG174_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་ལས། །དེ་བཞིན་རྟགས་དང་དམ་བཅའ་ཡིས། །སྐྱོན་བརྗོད་སུན་འབྱིན་དུ་ཤེས་བྱ། །ཐ་དད་མེད་པ་དེ་ཉིད་ཅེས། །བྱས་ནས་གཞན་ལ་སྟོན་པར་བྱེད། །མཐུན་ཕྱོགས་ཞེས་པ་ཕྱོགས་ལ་སྟེ། །འདི་ལའང་ཐ་དད་ཅེས་མི་འདོད། །དེ་གཞན་དང་ནི་དེ་འགལ་ཏེ། །མི་མཐུན་ཕྱོགས་རྣམས་གཉིས་ལ་ཡང༌། །རྟགས་མེད་པས་ན་འགལ་བ་མེད། །རྣམ་པ་བཅད་པ་ལས་གྱུར་ཡིན། །མཐུན་ཕྱོགས་ལ་ཡོད་མིན་པ་ཉིད། །མཚན་ཉིད་གཅིག་ཉིད་ཡིན་མོད་ཀྱང༌། །དོན་དུ་མ་ལ་འཇུག་པའི་རིགས། །སྤྱི་ལ་ངེས་འགྲོ་བློན་པོ་ཡིན། །གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དེ་དགུ་རྟག་པ་ལ་སོགས་པའོ། །དེ་གང་མཐུན་ཕྱོགས་ལ་ཡོད་གཉིས། །དེ་མེད་པ་ལ་མེད་པ་སྟེ། །དེ་རྟགས་འདི་ལས་བཟློག་པ་སྟེ། །འགལ་བ་གཞན་རྣམས་མ་ངེས་པའོ། །བརྗོད་པར་འདོད་པའི་གྲངས་གཅིག་ཉིད། །འགལ་བ་དག་ལ་ཐེ་ཚོམ་ཕྱིར། །དེ་བཞིན་ཐེ་ཚོམ་རྟགས་གཉིས་ལས། །གཅིག་ཏུ་ངེས་པ་མཐོང་བ་ཡིན། །མཚན་ཉིད་གཉིས་དང་ལྡན་པ་ནི། །གཉིས་གཉིས་སུ་འདོད་རེ་རེ་མིན། །དུ་མ་ཡིན་ཡང་མི་འགལ་ན། །ཤིན་ཏུ་བར་ཡང་གཅིག་ལ་འཇུག །གང་དག་ཐུན་མོང་མིན་པ་དང༌། །སྤྱི་དང་འགལ་བ་མི་འཁྲུལ་བའི། །ཆོས་རྣམས་ཐམས་ཅད་དུ་དེ་ལ། །ཐེ་ཚོམ་སྐྱེད་པའི་རྟགས་རྣམས་ཡིན། །ཕྱོགས་ཀྱི་ཆོས་དང་ལྡན་གང་ལ། །ཤེས་འདོད་བཟློག་པས་གནོད་པ་དང༌། །ཐེ་ཚོམ་ཉིད་དུ་འགྱུར་ལས་གཞན། །གཏན་ཚིགས་ལྟར་སྣང་ཡོད་མ་ཡིན། །ཆོས་དང་ཆོས་ཅན་རང་ངོའམ། །དེ་ཡི་བྱེ་བྲག་ཡིན་ཡང་རུང༌། །ཕྱིན་ཅི་ལོག་ཏུ་གྲུབ་པའི་ཕྱིར། །དེ་ལ་གནོད་པས་འགལ་བ་ཡིན། །ཐུན་མོང་དང་ནི་ཁྱད་པར་གྱི། །ཆོས་དང་བསྒྲུབ་བྱ་ལ་གཉིས་སོ། །དེ་ལ་དང་པོ་གཉིས་ཐེ་ཚོམ། །ལྷག་མ་ལྟོས་ནས་གསུམ་དུ་ཕྱེ། །རྗེས་སུ་ཞུགས་དང་མ་ཞུགས་ལས། །ལྡོག་དང་རྗེས་འགྲོ་གྲུབ་མིན་ཕྱིར། །གཅིག་ལ་ངེས་པར་ཞུགས་པ་དང༌། །ལོག་པ་མིན་པ་རྟགས་སུ་འགྱུར། །གཉིས་ཀར་གྱུར་པ་སྲིད་


DTG174_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཡོད་པ་གཉིས་ཀ་མིན་པའང་མིན། །གང་དུ་མེད་དེ་རྣམ་བཅད་དུ། །གྲུབ་དོན་དོན་གཞན་སྒྲུབ་པར་བྱེད། །གཅིག་དེ་གཞན་ལ་གཉིས་སུ་གྲུབ། །གལ་ཏེ་ཞུགས་བ་བཞིན་གྲུབ་ན། །དཀར་གཟུགས་ཡོན་ཏན་རྟེན་བ་ལས། །རིམ་པ་རིམ་དུ་བཟློག་རིམ་ལ། །གསུམ་གཉིས་གཅིག་ཏུ་རྟོགས་པར་འགྱུར། །གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར། །དེ་ཡི་བསྒྲུབ་བྱ་བཟློག་པ་ལས། །འགལ་བ་གང་དུ་ཞུགས་པ་ནི། །དེ་ཡི་བྱེ་བྲག་ལ་རྨོངས་པའོ། །རྩོད་པ་སྒྲུབ་བ་ལ་བརྗོད་པ། །དེ་མཐུན་མེད་ལ་མེད་པ་ཡི། །ཆོས་བསྟན་རྟགས་ཤེས་པ་དེ་ལ། །དེ་མཐུན་མེད་ལ་མེད་པ་ཉིད། །ཅེས་སྦྱོར་ཐུན་མོང་མི་རྟག་འགྱུར། །མེད་པ་ཉིད་ལ་ཞེས་ངེས་གཟུང༌། །ཁྱབ་མཉམ་འབའ་ཞིག་རྟགས་སུ་འགྱུར། །དེ་མཐུན་ཉིད་ཅེས་འདོད་མ་ཡིན། །གཅིག་ལ་རྣམ་པ་དུ་མ་མཐོང༌། །དེའི་བདག་ཉིད་ཅེས་སྟོན་ཅེ་ན། །གཏན་ཚིགས་བརྗོད་པས་ནུས་མ་ཡིན། །ཡང་དག་དོན་བཞིན་ན་རྣམ་པ། །གང་ཞིག་གང་ལ་ཞེས་མ་བརྗོད། །ཤེས་པར་བྱེད་ལས་འདས་པ་བཞིན། །དོན་གྱི་སྒྲུབ་བྱེད་མཐོང་མ་ཡིན། །མིག་གིས་གཟུང་བྱ་ཉིད་སོགས་སྒྲ། །མི་རྟག་རྟགས་སུ་ཐལ་བར་འགྱུར། །མ་བསྟན་པ་ཞེས་བརྗོད་པས་དེ། །ཇི་ལྟར་གང་ལ་ཞེས་མ་བརྗོད། །ལྷན་ཅིག་རྒྱུད་ལས་བསྒྲུབ་བྱ་ལ། །དེ་མིན་དཔེ་གཉིས་ལས་འགྱུར་བས། །མི་རྟག་ཉིད་སོགས་མཐོང་བ་སྟེ། །བསྒྲུབ་བྱར་གཞན་དག་འདོད་དམ་ཅི། །རིགས་པ་ཅན་པ་རྣམས་ན་རེ། ཆོས་མཐུན་པ་ལས་དཔེར་བརྗོད་པ་དེ་བསྒྲུབ་བྱ་བསྒྲུབ་པའི་གཏན་ཚིགས་སོ་ཞེས་པ་དེ་ལ། གལ་ཏེ་ཆོས་མཐུན་སྒྲུབ་བྱེད་ན། །ཆ་ཤས་དག་མིན་ལྔ་པ་མིན། །ངག་ཅེས་ཁྱད་པར་ཅན་དུ་འགྱུར། །སྒྲུབ་བྱེད་ཉིད་དུ་མི་རིགས་པས། །གཉིས་ཀའང་གཞན་དུ་ཐོབ་པར་འགྱུར། །ཆོས་མཐུན་གཏན་ཚིགས་དེ་མ་ཡིན། །མ་ཡིན་དེ་ཡང་སྐྱོན་གཉིས་ཕྱིར། །གནས་སྐབས་ལ་ཡང་གཞན་མི་སྲིད། །རང་རང་མཚན་ཉིད་ཀྱིས་གནོད་ཕྱིར། །རྣམ་པར་བརྟགས་པ་སྲིད་མ་ཡིན། །དེ་ཕྱིར་དྲུག་པར་དེ་ལ་ཡང༌། །ཁྱད་པར་དོན་


DTG174_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ། །ངག་ཀུན་མི་འདོད་ཞེ་ན་གང༌། །འདོད་དེ་ཁྱད་པར་ཅན་དུ་གྱིས། །དགོས་པ་མེད་པར་དངོས་ཀྱི་ནི། །སྒྲ་ལས་བརྒལ་བར་འདོད་མ་ཡིན། །རྣམ་གྲངས་ཙམ་སྤྱིར་བཏང་བ་ལ། །དམིགས་བསལ་ཡོད་པར་སྲིད་མ་ཡིན། །དེར་སྣང་གིས་སྟོང་ཆོས་གཞན་དང༌། །མཚུངས་ཏེ་གཏན་ཚིགས་ཉིད་དུ་འགྱུར། །བྱེ་བྲག་པ་རྣམས་ནི་དེ་དང་ལྡན་པའི་ཆོས་གཏན་ཚིགས་སོ། །ཞེས་རྗོད་པར་བྱེད་དོ། །དེ་ལ་ཡང༌། སྤྱི་ཉིད་ཆོས་སུ་ཐལ་བར་འགྱུར། །ཆོས་དང་ཆོས་ཅན་བསྒྲུབ་བྱ་མིན། །ཁྱད་པར་བསྒྲུབ་བྱ་དང་ལྡན་པའི། །ཆོས་ཐོབ་གཞན་གྱི་མ་ངེས་པ། །མཁའ་སོགས་ཡོད་ཉིད་བསྒྲུབ་པ་ཡི། །སྦྱོར་བའང་དགོད་པར་མི་བྱེད་འགྱུར། །སེར་སྐྱ་རྣམས་ན་རེ་དེའི་སྦྱོར་བ་ཉེ་བར་བཏགས་པའི་བྱེ་བྲག་གི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། རྣམ་པ་ལྡན་པ་དང་གསལ་ཏེ་འོངས་པའོ་ཞེས་པ་འདི་ལ། །ཚད་མའི་ཡུལ་མི་ཤེས་པའི་ཕྱིར། །བསྒྲུབ་བྱའི་ཆོས་ཀྱང་སྒྲུབ་བྱེད་འགྱུར། །རྒྱས་པའི་ངག་མིན་བརྗོད་མ་ཡིན། །གཙོ་བོ་རྗེས་འགྲོ་དང་ལྡན་མིན། །ངག་ཀྱང་ཉེ་བར་འཇལ་མི་རིགས། །དམ་བཅའི་དོན་དང་འགལ་བར་འགྱུར། །རྩོད་པ་མེད་ཕྱིར་ཡོད་ཙམ་མིན། །ཐ་དད་ཤིང་ཤུན་ལ་སོགས་བཞིན། །རྗེས་འགྲོ་ཐམས་ཅད་སྒྲུབ་ཅེ་ན། །རིགས་གཅིག་རྗེས་སུ་འགྲོ་བ་ཅན། །གཞན་དུ་འབྲས་བུ་གཅིག་པུ་ཉིད། །ཉེ་བར་ལེན་པ་ལའང་དེར་འགྱུར། །ཕྱི་མིན་གཉིས་ཀར་སྐྱོན་ཡོད་ཕྱིར། །ཁས་བླངས་ན་ཡང་འགལ་བ་ཉིད། །མ་ངེས་པར་ཡང་འགྱུར་དཔེ་ནི། །བསྒྲུབ་བྱས་ཕོངས་ཀྱང་དེ་ཡོད་མིན། །དྲུག་མིན་ཁྱད་པར་ལས་ཡིན་ནོ། །འགེགས་པའི་གཏན་ཚིགས་གཉིས་མ་ཡིན། །སྦྱོར་བ་གཉིས་ཀྱང་རིགས་མ་ཡིན། །རྗེས་ཐོགས་ན་ནི་ཟློག་པ་ལ། །གཅིག་གསལ་བ་ལ་དེ་མི་རིགས། །རྣམ་ལྡན་བཞིན་དུ་ལྔ་ཉིད་མིན། །རྒོལ་བ་རེ་རེ་བཀག་པ་ལས། །གལ་ཏེ་རྗེས་ཐོགས་མི་འདོད་ན། །རྒོལ་བའི་ལན་ལ་མཐའ་མེད་ཉིད། །གསལ་འོངས་རྣམས་སུ་ཐལ་བར་འགྱུར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རྩོད་


DTG174_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྲུབ་པ་ནས་ནི་མ་གྲུབ་དབྱེ་བ་བརྗོད་མ་ཡིན། །འཁྲུལ་པ་ལ་ཡང་བརྗོད་མ་ཡིན། །དེ་ནི་ཐུན་མོང་མིན་པའང་ཡིན། །འགལ་བ་མི་འཁྲུལ་པ་ཅན་ཡང༌། །འགལ་བ་གཅིག་ནི་མཚུངས་པར་རོ། །གཅིག་ནི་མ་གྲུབ་ཐུན་མོང་མིན། །བཟློག་པ་ཡི་ནི་རྒྱུ་མཚན་དང༌། །འདོད་ལ་གནོད་བྱེད་ཀྱང་མ་བརྗོད། །རིགས་པ་ཅན་རྣམས་ཀྱི་འཁྲུལ་པ་དང་བཅད་པ་ནི་མ་ངེས་པ་སྟེ། ཁྱད་པར་ཡོད་མིན། །གྲུབ་པའི་མཐའ་ཁས་བླངས་པ་ལས་འགལ་བ་ཅན་འགལ་བའོ་ཞེས་པ་ལ། འགལ་བ་གཞན་ཡང་དེ་བཞིན་མིན། །གང་ལས་སྐབས་སུ་བབ་པ་དེ། །གཏན་ལ་དབབ་པའི་ཕྱིར་ཉེ་བར་འགོད་པའི་སྐབས་དང་མཚུངས་སོ་ཞེས་ཟེར་བ་འདི་ལ། མ་ངེས་པར་འགྱུར། བསྒྲུབ་བྱ་དང་ཁྱད་པར་མེད་པ་སྒྲུབ་པའི་ཕྱིར་བསྒྲུབ་བྱ་དང་མཚུངས་པའོ། །ཞེས་པ་འདི་ལ་མ་གྲུབ་མིན། །དུས་ལས་ནུར་ནས་བརྗོད་པ་ནི་དུས་ལས་འདས་པའོ་ཞེས་པ་འདི་ལ། མ་ཚང་བསྒྲུབ་བྱ་སྒྲུབ་པའི་ཕྱིར། །བྱེ་བྲག་པའི་ལྟར་ན། མེད་པའམ་ནི་འགལ་བར་འགྱུར། །བཟློག་པ་མ་ཚང་བརྗོད་པ་ཡིན། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གསུམ་པའོ།། །།ཚུལ་གསུམ་རྟགས་ཤེས་བརྗོད་པ་ལས། །ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི། །ལྷག་མ་ཚུལ་གཉིས་སུ་གྲགས་པ། །དཔེ་ཡིས་རབ་ཏུ་སྟོན་བར་བྱེད། །བསྒྲུབ་བྱའི་རྗེས་སུ་འགྲོ་བའི་རྟགས། །བསྒྲུབ་བྱ་མེད་ན་མེད་ཉིད་གང༌། །ཆོས་མཐུན་ཅིག་ཤོས་དང་བཅས་ཉིད། །དཔེ་ལ་རབ་ཏུ་བསྟན་པར་བྱ། །མ་ཡིན་དགག་ནི་དགག་པ་དང༌། །དེ་བཞིན་མཚན་ཉིད་མེད་པ་ཡང༌། །མ་བྱས་པ་ལས་རྟག་པའམ། །འཇིག་པ་ལས་འདིར་འབྲས་ཉིད་དུ། །འདི་ནི་རྗེས་སུ་བརྗོད་བྱས་ན། །མ་ཁྱབ་འདོད་མིན་མཚུངས་ཞེས་འགྲོ། །ཐུན་མོང་དང་ནི་ཁྱད་པར་ཉིད། །འགལ་བའང་སྒྲུབ་བྱེད་ཉིད་དུ་འགྱུར། །རེ་རེས་གཉིས་ཀ་མ་བརྗོད་པ། །དེས་ན་དཔེ་བརྗོད་གཉིས་སུ་བརྗོད། །རང་གིས་ངེས་པ་བཞིན་གཞན་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་ཉིད་དང་འབྲེལ་པ་དང༌། །བསྒྲུབ་བྱ་བརྗོད་བྱ་གཞན་


DTG174_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤང༌། །དཔེ་ནི་རྟགས་ལས་ལོགས་པ་རུ། །བརྗོད་པར་བྱ་བ་མ་ཡིན་ཏེ། །གཏན་ཚིགས་ཀྱི་དོན་སྟོན་པའི་ཕྱིར། །ཉེར་འཇལ་བཞིན་དུ་དོན་མེད་མིན། །རྟགས་ཀྱི་འབྲེལ་པ་བསྒྲུབ་པའི་ཕྱིར། །གལ་ཏེ་དཔེར་བརྗོད་གཉིས་ཡིན་ན། །དཔེ་ནི་ལོགས་ཤིག་ཉིད་དུ་ན། །ལོགས་ཡིན་འཇིག་རྟེན་དང་མཚུངས་འགྱུར། །དེ་དག་གིས་ནི་དཔེ་བརྗོད་ལ། །ཆོས་མཐུན་འབའ་ཞིག་རྗོད་པར་བྱེད། །བསྒྲུབ་བྱ་སྒྲུབ་བྱེད་ཉིད་སྤངས་ནས། །དེ་ལྟར་ཉེར་འཇལ་ཙམ་པོར་འགྱུར། །ཆོས་མི་མཐུན་པ་དེ་ལ་ཡང༌། །ཉེར་འཇལ་ལྡོག་པ་མིན་ཆེད་དུ། །ཆོས་མི་མཐུན་པའི་སྦྱོར་བ་དེས། །མི་མཐུན་ཕྱོགས་དང་སྟབས་གཅིག་སྟོན། །ལྡོག་པ་རྣམ་པར་བརྗོད་པ་ན། །བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སམ། །དེ་ཡི་ཁྱད་པར་ཡིན་ཡང་རུང༌། །མཚུངས་སྟོན་ཐུག་པ་མེད་པར་འགྱུར། །ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས། །ཡིན་ན་འཁྲུལ་པ་ཅན་ཡང་འགྱུར། །གཉིས་ཀ་བརྗོད་ལ་མི་འགྱུར་ཞེ། །དགུ་ཡི་ནང་ནས་གཉིས་སྲིད་དོ། །དཔེ་བསྟན་ཏོ། །གཏན་ཚིགས་བསྒྲུབ་བྱ་གཉིས་ཀ་མེད། །མི་མཐུན་ཕྱོགས་ལ་མེད་མ་བྱས། །རྗེས་འགྲོ་ཕྱིན་ལོག་རྣམ་པ་གཉིས། །ལྟར་སྣང་རྗེས་འགྲོ་མེད་པ་མིན། །རྟགས་མེད་སོགས་དང་དཔེ་མེད་དང༌། །རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས། །འབྲེལ་པར་མ་བསྟན་པ་ཡི་ཕྱིར། །ཉེར་འཇལ་འབྲེལ་པ་ཙམ་མ་ཡིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རྩོད་པ་བསྒྲུབ་པ་ནས་ནི་དེ་དག་གི་འབྲེལ་པ་ངེས་པར་བསྟན་པ་ནི་དཔེའོ་ཞེས་པ་ལ། དེ་དག་གི་ཞེས་བརྗོད་མི་བྱ། །ཕན་ཚུན་བསྒྲུབ་བྱ་ཉིད་མིན་ཕྱིར། །ཆོས་མཐུན་ཙམ་གྱིས་ལྷན་ཅིག་ཏུ། །རྒྱུ་བར་སྟོན་པ་ཡང་མ་ཡིན། །དོན་གྱིས་གཞན་ཡང་བརྗོད་ཅེ་ན། །མི་མཐུན་ཕྱོགས་དེ་བརྗོད་མི་བྱ། །མེད་མི་འབྱུང་གི་འབྲེལ་པ་དེ། །མི་མཐུན་ཕྱོགས་ཀྱིས་བསྟན་པ་ན། །བསྒྲུབ་བྱ་མ་བཟུང་འགའ་ཡོད་མིན། །གཞན་ནི་དེ་ཡིས་བསྒྲུབ་པའི་ཕྱིར། །སྒྲུབ་པ་བསྟན་པ་ཉིད་ཀྱིས་ཀྱང༌། །མི་འདོད་པ་ཡི་རྟག་པ་ཐོབ། །གཅིག་པ་ཉིད་ནི་དཔེ་ཡི་སྐྱོན། །


DTG174_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །རིགས་པ་ཅན་རྣམས་ན་རེ། བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པ་ལས་ཆོས་དེ་རྟོགས་པའི་དཔེ་དཔེར་བརྗོད་པ་དང༌། དེ་བཟློག་པ་ལས་ཏེ་ཕྱིན་ཅི་ལོག་ལས་ཤེས་ཟེར་རོ། །དེ་ལ། གོ་བྱེད་དུ་དེ་མཐོང་མ་ཡིན། །གཉིས་ཀ་སྨོས་པ་དོན་མེད་འགྱུར། །རྣམ་གྲངས་ཕྱིར་གཞན་ལས་གྲུབ་ཕྱིར། །བསྒྲུབ་བྱའི་ཆོས་དང་སྦྱར་མི་བྱ། །དཔེར་བརྗོད་པ་ལ་ལྟོས་ན་ནི། །དེ་བཞིན་ནོར་ཞེས་ཉེར་སྦྱོར་བ། །བསྒྲུབ་བྱ་ལ་ཡང་དེ་བཞིན་ཞེས། །ཉེ་བར་སྦྱོར་བར་རིགས་མ་ཡིན། །སྤྱི་ཉིད་གཏན་ཚིགས་ཉིད་དུ་བརྗོད། །བྱེ་བྲག་རང་ལ་རྟེན་རྗེས་འབྲང༌། །གཉེན་པོའི་ཕྱོགས་དང་ལྡན་པ་ཡིན། །ཁྱད་པར་སྒོ་ནས་ཀྱང་དེར་འགྱུར། །བྱེ་བྲག་པ་རྣམས་གཉིས་ཀ་ཡི། །རབ་ཏུ་གྲུབ་དཔེའོ་ཞེས་ཟེར་རོ། །དེ་ལ་ཡང༌། མཁས་དཔེར་བརྗོད་པའི་སྦྱོར་བའམ། །ངག་ནི་ཕྱོགས་གཅིག་ཉིད་ཀྱང་མིན། །རྗེས་འགྲོ་རྗོད་པར་མི་བྱེད་པ། །དེ་ནི་དཔེ་ཡི་གཟུགས་བརྙན་ཡིན། །སྒྲུབ་བྱེད་ཉེ་བར་སྦྱོར་དོན་དུ། །རང་རྒྱུད་ཡིན་ཡང་དོན་མེད་འགྱུར། །ཚད་མ་ཀུན་ལས་བཏུས་པ་ལས་དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ་སྟེ་བཞི་པའོ།། །།སྒྲ་ལས་བྱུང་རྗེས་དཔག་ལས། །ཚད་མ་གཞན་མིན་འདི་ལྟ་སྟེ། །རང་གི་དོན་ལ་བྱས་སོགས་བཞིན། །གཞན་སེལ་སྒོ་ནས་སྟོན་པར་བྱེད། །ཐ་དད་རྣམས་ཀྱི་རིགས་སྒྲ་མེད། །མཐའ་ཡོད་ཕྱིར་མིན་འཁྲུལ་པའི་ཕྱིར། །རིགས་སམ་ལྡན་སྒྲ་ཐ་དད་ཀྱི། །དོན་ལ་སོ་སོར་རྗོད་བྱེད་མིན། །ཡང་བརྗོད་པ། ཡོན་ཏན་དང་ནི་ཡོན་ཏན་ཅན། །ཡང་བརྗོད་པའི་རྣམ་དབྱེ་ཐ་དད་དུ། །ངེས་ཕྱིར་གཞི་དང་མཐུན་པ་ཡི། །རྫས་དང་སྒྲ་དག་རབ་ཏུ་གྲུབ། །བསྡུ་བའི་ཚིགས་སུ་བཅད་པའོ། །འབྲེལ་པ་ནི་འདིར་འགྲེལ་ཅན་གྱི། ཆོས་ཀྱིས་འཕགས་པར་བརྗོད་བྱ་སྟེ། །དེ་ལྟར་དངོས་བྱ་ནས་བརྗོད་ཀྱི། །དངོས་པོ་གཞན་གྱིས་སྦྱར་མི་བྱ། །འདི་ཡི་རིགས་ཀྱི་སྒྲ་ཡིས་ནི། །བརྗོད་པར་བྱ་བ་ཉིད་མི་འཐད། །རང་བཞིན་མེད་ཕྱིར་དེ་ལྡན་མ་ནི། །ཉེ་བར་བཏགས་ཕྱིར་མི་སྲིད་ཕྱིར། །འབངས་ལ་རྒྱལ་པོ་བཏགས་པ་བཞིན། །བློའི་ཚུལ་ལ་ཐ་དད་ཕྱིར་རོ། །རིམ་གྱིས་རྗོད་པར་བྱེད་


DTG174_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །ཀུནྡ་དུང་སོགས་དཀར་པོ་བཞིན། །ཡོན་ཏན་གྱིས་ཕན་བཏགས་དངོས་ལ། །བློ་མེད་པར་ཡང་འཇུག་པར་འགྱུར། །འདྲེས་པའི་ཚུལ་ནས་ཐམས་ཅད་དུ། །ལོག་པའི་ཤེས་པར་ཐལ་བར་འགྱུར། །སྤྱི་སོགས་མང་པོ་ཉིད་དང་ནི། །ཅིག་ཅར་འཛིན་པ་རྣམས་ལ་ཡང༌། །ཕན་འདོགས་པ་ནི་འགལ་བར་འགྱུར། །གཟི་ཡི་ཁྲོ་བོ་ཐམས་ཅད་མཐོང༌། །དེ་དག་ཐ་དད་རྣམས་ལ་ཡང༌། །དེ་དང་ལྡན་པའི་སྐྱོན་དེ་མཚུངས། །རིགས་རང་ངོ་བོའམ་དེ་ལྡན་གྱི། །ངོ་བོར་གང་ལས་སྦྱོར་མི་བྱེད། །དེ་ལྡན་ཐ་དད་ཉིད་བརྗོད་པ། །དེ་ཡང་སྔར་ཉིད་གསལ་ཟིན་ཏོ། །དེ་ལྡན་ཙམ་ཡང་འབྲེལ་པའམ། །ཡོད་པ་ཡིན་ཞེས་རྣམ་པར་དཔྱད། །བུམ་པ་སོགས་ཀྱིས་དེ་ལྡན་དོན། །སྣམ་བུ་སོགས་ལ་འཇུག་མིན་ན། །སྤྱི་ཡི་དོན་དེ་ཇི་ལྟ་བུ། །སྒྲ་དོན་འབའ་ཞིག་པ་དང་མཚུངས། །དེ་ཡང་རྒྱུ་མཚན་མེད་པར་འདོད། །གལ་ཏེ་གཅིག་ལ་སྔོ་སོགས་བཞིན། །དེ་ལྟའང་མ་ཡིན་ཁས་བླངས་ཀྱང༌། །རིགས་ལ་རིགས་མེད་པས་དེ་མིན། །དོན་གྱིས་འཕངས་པ་མ་ངེས་པའོ། །དེས་ན་སྒྲ་ལའང་གཞན་སེལ་བྱས། །ཡང་བརྗོད་པ། །བརྗོད་པར་བྱ་བ་མང་ཡོད་ཀྱང། །སྒྲ་ཡིས་རྣམ་ཀུན་རྟོགས་མ་ཡིན། །རང་དང་རྗེས་སུ་འབྲེལ་པའི་དོན། །རྣམ་གཅོད་ངག་གི་འབྲས་བུ་ཡིན། །སྒྲས་ཀྱང་ཆོས་གང་དུ་མ་ཡི། །དོན་ལ་འཇུག་པ་མ་ཡིན་གྱི། །སྦྱར་བྱ་དེ་ཉིད་ལ་སྟེ་སྒྲའི། །ཡོན་ཏན་ཉིད་སོགས་ཀྱིས་མ་ཡིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །སེལ་བས་ཐ་དད་དོན་ཆའི་ཕྱིར། །རང་དོན་ཐ་དད་རྟོགས་ལ་རྨོངས། །གཅིག་ལ་ཐ་དད་འབྲས་མེད་ཕྱིར། །ཁྱད་པར་བྱེད་དང་ཁྱད་པར་བྱ། །དེ་ནི་སྔོན་པོ་རྐྱང་པ་ཡིན། །ཨུཏྤལ་རྐྱང་མ་ཡིན་ཏེ། །བསྡུས་པ་བརྗོད་བྱ་ཡིན་ཕྱིར་ངོ་། །ཁ་དོག་བཞིན་དུ་དོན་མེད་འགྱུར། །ཁ་དོག་གི་དོན་ཅུང་ཟད་ཀྱང༌། མིན་ནའང་ཚིག་གཉིས་ལས་དེ་ཡི། །བརྗོད་བྱ་རྟོགས་ན་དེ་ལ་ཡང༌། །ཡན་གར་བ་དེ་རྟོགས་པ་ཡིན། །ཕན་ཚུན་གཅིག་པར་ཐལ་འགྱུར་ཕྱིར། །འདུས་ལ་གཅིག་ཉིད་ཡིན་མ་ཡིན། །


DTG174_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་དུ་མར་ཐལ་བར་འགྱུར། །སྒྲ་དག་རང་དོན་སྤོང་མ་ཡིན། །ཐེ་ཚོམ་ཟ་ཕྱིར་གཞན་སེལ་མིན། །གཅིག་ལས་རྣམ་གྲངས་སུ་འགྱུར་རོ། །ཐ་དད་ན་ཡང་གཉིས་ཀར་མིན། །དོན་གྱི་རྫས་དང་ཡོན་ཏན་དག །གལ་ཏེ་དོན་གཅིག་ལ་འཇུག་ན། །སྤྱི་དང་བྱེ་བྲག་གཉིས་ཡོད་མིན། །དེ་ལྡན་གཉིས་ཀྱང་ཡོད་མ་ཡིན། །དེ་བཞིན་དུ་སྒྲ་རིགས་དང་ནི། །ཡོན་ཏན་ཙམ་ཞིག་བརྗོད་པར་འགྱུར། །དེ་ལྡན་བརྗོད་པ་ཉིད་ལ་ནི། །མཚུངས་མི་མཚུངས་སུ་ཐལ་བར་འགྱུར། །མཚུངས་ཕྱིར་བརྗོད་པར་མི་འདོད་ཅེ། །བ་ལང་རྟ་ལ་སོགས་ལའང་མཚུངས། །དེར་བྱེ་བྲག་ཏུ་མ་བྱས་ཞེ། དུ་མར་བྱས་པ་འདུས་པར་འགྱུར། །གཞན་ཡང་འདོད་པ་ལ་ཡང་མེད། །ཡོན་ཏན་རྫས་དག་གསལ་མིན་འགྱུར། །ཐ་དད་རྗོད་བྱེད་ཐ་དད་ལས། །ཞེ་ན་རང་ལས་ཁྱད་མེད་སྒྲ། །གསལ་བྱེད་གསལ་བ་ཐ་དད་ལས། །ཕན་ཚུན་རྟེན་པ་ཐོབ་པར་འགྱུར། །རང་བཞིན་དུ་མ་དང་གཅིག་གི །ཕན་ཚུན་གསལ་བ་མང་པོར་འགྱུར། །ཡང་བརྗོད་པ། །ཡོན་ཏན་ནུས་པ་རྗོད་བྱེད་ཀྱི། །དབྱེ་བས་ཐ་དད་རབ་ཏུ་བཏགས། །གཅིག་མང་པོ་དང་འབྲེལ་པའི་ཕྱིར། །དུ་མ་ཉིད་དུ་ཐལ་བར་འགྱུར། །ཞེས་།བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཁྱད་པར་བྱེད་དང་ཁྱད་པར་དུ། །བྱ་ཉིད་རང་དབང་མིན་སྔར་བརྗོད། །གཞན་ཉིད་དུ་མིན་སྤྱི་དང་ནི། །ཐ་དད་རྣམ་གྲངས་བརྗོད་བསྐུལ་ཡིན། །འགལ་མེད་ཕྱིར་ན་ཚོགས་པ་ཡང༌། །དེ་བཞིན་དོན་གཞན་རྗོད་པར་བྱེད། །ཡང་བརྗོད་པ། དེ་ཙམ་འདོད་པའི་ཕྱིར་ཐ་དད། །རང་དང་སྤྱི་ཡི་དོར་མ་ཡིན། །མ་བཟུང་ན་ནི་དོན་གཅིག་ལ། །འདི་དག་ཐེ་ཚོམ་བསྐྱེད་པར་མཚུངས། །དུ་མ་ཡིན་དུ་ཟིན་ཀྱང་སྤྱི། །ཁས་ལན་ཐ་དད་ཀྱི་ས་མི་འཁྲུལ། །ཁྱད་པར་བྱེད་དང་ཁྱད་པར་དུ། །བྱ་བ་དེ་དག་ཉིད་མཚུངས་མིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །ཐ་དད་ཐ་དད་གཞན་རྣམས་དང༌། །འགལ་བའི་ཕྱིར་ན་སེལ་བར་བྱེད། །སྤྱི་གཞན་ཐ་དད་དོན་རྣམས་ཀྱི། །


DTG174_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རང་དག་སྤྱི་དག་འགལ་བ་ཡིན། །དེ་དེའི་དངོས་སུ་གསལ་བྱ་མིན། །སྤྱི་ནི་མཚུངས་པ་ཉིད་མ་ཡིན། །དེ་གཞན་ཁྱད་པར་གཞན་རྣམས་དང༌། །དེ་ཡི་སེལ་བར་འགྱུར་མ་ཡིན། །གང་ཞིག་གཞི་མཐུན་གྱུར་པ་དེ། །ཡོན་ཏན་དང་ནི་ཡོན་ཏན་གཞན། །དེ་རྫས་གཅིག་ལ་འཇུག་པའི་ཕྱིར། །གཞི་ཡིས་མི་འགལ་བར་བྱས་ཉིད། །མ་མཐོང་ཕྱིར་ཡང་སེལ་བ་ཡིན། །རང་ཐ་དད་ལ་སྤྱི་སེལ་འགྱུར། །གཞན་མི་རིགས་པས་མཐོང་བའི་ཕྱིར། །དེ་ལྟ་དེ་སྣང་ལ་ཐེ་ཚོམ། །ཐེ་ཚོམ་ཟ་པར་རིགས་ཤེ་ན། །ངེས་པར་ཡན་གར་བ་ལ་དེ། །ཡན་གར་ཐ་དད་ལ་མེད་ཅེ། །ཉན་པ་པོ་ལ་ལྟོས་པ་མཐོང༌། །སྒྲ་གཞན་རྣམ་པར་བཅད་ནས་ནི། །སྒྲ་ཡིས་སྤྱི་རྗོད་བྱེད་པ་ཡིན། །དོན་གང་ལ་གཅིག་ཐེ་ཚོམ་ཟ། །དུ་མར་ཐེ་ཚོམ་ཟ་ན་ཡང༌། །སྒྲ་ཡི་དོན་གཞན་མ་མཐོང་ཡང༌། །རང་དོན་ཆ་ཤས་སྟོན་པའི་ཕྱིར། །སྒྲ་ཡི་འབྲེལ་པ་ཉིད་དུ་སླ། །འཁྲུལ་པ་ཉིད་ཀྱང་བརྗོད་མ་ཡིན། །ཡང་བརྗོད་པ། ཤིང་དང་ས་ལས་འབྱུང་དང་རྫས། །ཡོད་དང་གཞལ་བྱ་རིམ་བཟློག་ལས། །བཞི་གསུམ་གཉིས་གཅིག་ཐེ་ཚོམ་དུ། །འགྱུར་གཞན་ངེས་པའི་རྒྱུ་མཚན་ཡིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ལ་ཁྱབ་བ་བཀག་པའི་ཕྱིར། །ཐ་དད་དོན་དེས་ཐ་དད་མིན། །དངོས་འཇུག་ཐ་དད་མིན་ཕྱིར་ཡང༌། །ཐ་དད་ཐུག་པ་མེད་ཕྱིར་དང༌། །རིགས་ཀྱི་ཆོས་རྣམས་རྣམ་པར་གནས། །གང་ལས་གཞན་སེལ་ངེས་ཤེ་ན། །འཇིག་རྟེན་གྲགས་པའི་རྗེས་མི་བཙལ། །དེ་ལྟར་གཟུགས་ཉིད་ལ་མཚུངས་འགྱུར། །མིག་གཟུང་བྱ་ཉིད་བྱ་བར་བྱས། །རྫས་ལ་སོགས་ལའང་ཐལ་བར་འགྱུར། །དཀར་མིན་སོགས་ལ་ཁྱད་མེད་འགྱུར། །རྗེས་འགྲོ་འབའ་ཞིག་ལས་འགྲུབ་འགྱུར། །ཁྱབ་པ་དངོས་སུ་འདོད་མ་ཡིན། །ཐམས་ཅད་མེད་པ་དང་འབྲེལ་ཞེས། །གང་ཞིག་ཁས་ལེན་དུ་འགྲོ་ན། །ཡོད་དེ་དུ་མའི་བདག་ཉིད་ལས། །ཡིན་ཞེས་


DTG174_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་གང་གིས་སྦྱོར། །འཇིམ་པའི་ཐ་དད་ལས་ཁམ་ཕོར། །ལ་སོགས་ཐ་དད་བློར་འདོད་ན། །མེད་ཐ་དད་ལས་གཞན་མིན་ཡང༌། །ཐ་དད་ཅི་བློ་ཅི་སྟེ་དགག །ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །སྣང་བའི་ལམ་དུའང་གང་མ་གྱུར། །སྣང་བའི་ལམ་དུ་གང་གྱུར་པ། །དེ་སྒྱུ་མ་བཞིན་ཤིན་ཏུ་སྟོང༌། །ཕན་ཚུན་ཐ་དད་དག་ཡོད་ཀྱང༌། །ནོག་ལ་སོགས་པ་མཐོང་བ་ལས། །དེ་བློ་དཔེར་བརྗོད་འགལ་བ་དེ། །ཁྱོད་ཀྱི་ལུགས་ལ་རྟེན་པ་ཡིན། །དེ་མི་ལྟོས་ཞེས་པ་འདི་ནི། །རང་གི་རྣམ་རྟོག་སྤྲོས་པར་ཟད། །སེལ་བ་མིན་པའི་སྒྲ་ཡིས་ནི། །རང་བཞིན་འགལ་ཡང་བརྗོད་མི་བྱ། །ཐོག་མ་མེད་ཕྱིར་འདོད་པ་གྲུབ། །སྤྱི་ཡི་སྒོ་ནས་སེལ་བར་བྱེད། །བདག་གཞན་ཡོད་པར་ཁས་ལེན་ན། །གཅིག་ཉིད་དུ་ཉིད་ཀྱིས་བཏགས་པ། །དེ་དག་དངོས་པོ་ལ་མི་རིགས། །ཁྱོད་ཀྱིའང་གསལ་བ་ནུས་པར་འགྱུར། །སྒྲ་ཡི་བརྗོད་དོན་ལ་སྤྱོད་པ། །འདི་ཡང་དབང་པོའི་སྤྱོད་ཡུལ་མིན། །གང་ཞིག་སྒྲ་ལ་སོགས་པ་འདིའི། །འཇུག་པའི་དབང་པོ་སོ་སོར་མིན། །གང་ཞིག་ཚིག་གི་བརྗོད་པ་འདི། །ངག་ལས་དོན་དུ་རྣམ་པར་བརྟགས། །ངག་དོན་སོ་སོར་སྣང་བརྗོད་གང༌། །དེ་ཡིས་དང་པོ་ཉེ་བར་སྐྱེད། །ཇི་ལྟར་གོམས་པའི་ངག་དག་ལས། །དོན་ལ་མེད་དུ་ཟིན་ཡང་སྐྱེ། །རང་གི་རྐྱེན་དང་རྗེས་འབྲེལ་བས། །རྣམ་པ་དུ་མ་སོ་སོར་རྟོགས། ། དེ་ཡང་ངག་གི་དོན་གཞན་ལས། །རྣམ་པར་བཅད་པའི་དོན་དུ་འདོད། །འགྲེལ་པར་ཤེས་པའི་ངག་གི་དོན། །འདི་ཡང་རྗེས་དཔག་ལས་གཞན་མིན། །གང་ཞིག་གང་ལས་སྐྱེས་པ་ཡི། །རྣམ་རྟོག་སྣ་ཚོགས་ཤེས་པ་ནི། །དེ་ཡང་རང་རིག་ཡིན་པས་ན། །མངོན་སུམ་ཉིད་ལས་གཞན་མ་ཡིན། །འདོད་རྒྱལ་ལ་ཡང་དོན་དབྱེ་བས། །ལ་ལར་དངོས་སུ་རྗོད་པར་བྱེད། །དེ་དཔེར་ན། གྲངས་དང་ཚད་ཉིད་ཀྱི་ནི་དབྱིབས། །ལྟོས་པ་མེད་པར་རབ་ཏུ་འཇུག །ཆུ་ལ་སོགས་པའི་ཐིགས་པ་དང༌། །འདུས་


DTG174_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་རྗོད་པར་བྱེད། །ལ་ལར་ནི་ཡན་ལག་འབའ་ཞིག་ལ་འཇུག་པ་མ་ཡིན་ཏེ། དཔེར་ན། དབྱིབས་དང་ཁ་དོག་ཆ་ཤས་ཀྱིས། །ཁྱད་པར་བྱས་ནས་འཇུག་པ་མིན། །སྒྲ་ཡིས་དེ་ཡི་ཆ་ཤས་ལ། །རབ་ཏུ་འཇུག་པ་དམིགས་མ་ཡིན། །རྟོགས་པའི་དོན་ནི་བསྟན་ཕྱིར་རོ། །འབྲེལ་པ་མ་ཡིན་བརྟགས་པའི་ཕྱིར། །ཕྱོགས་འདིས་ལྷག་མ་རྣམས་ལའང་བརྗོད། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་སེལ་བརྟག་པའི་ལེའུ་སྟེ་ལྔ་པའོ།། །།ཚད་སྣང་བརྗོད་པར་འདོད་རྣམས་ལ། །རིགས་པའི་ཆ་ཤས་སྨྲ་པོ་བཞིན། །ཕྱོགས་གྲུབ་མཚུངས་པ་མ་ཡིན་ཞེས། །བསྟན་ཕྱིར་མ་ཚང་ལ་སོགས་བརྗོད། །དེ་ཉིད་རབ་ཏུ་བསྟན་ཕྱིར་དང༌། །དེ་ལྟར་སྣང་བ་བརྗོད་པའི་ཕྱིར། །ལན་འདི་བརྗོད་པར་རིགས་མ་ཡིན། །ལྟག་ཆོད་ལ་ནི་རྗེས་མཐུན་ལན། །ཕྲད་དང་མ་ཕྲད་དག་དང་དུས། །གསུམ་ལའང་རྟགས་སུ་བརྗོད་འདོད་མིན། །ཕྲད་དང་མ་ཕྲད་རྟགས་བརྗོད་དེ། །མ་ཚང་གཏན་ཚིགས་རྗེས་མཐུན་ཡིན། །དོན་རྟགས་མ་གྲུབ་ལྟར་སྣང་ཡིན། །རྟགས་བརྗོད་མི་རྟག་པའི་རྗེས་འགྲོ། །དེ་དག་མི་རྟག་པར་ནུས་མིན། །ཕྱོགས་ཀྱི་སྐྱོན་དང་རྗེས་མཐུན་བརྗོད། །སྔར་བརྗོད་གཏན་ཚིགས་མེད་པ་ཡིས། །བསྒྲུབ་བྱ་མེད་པར་ཐལ་བར་འགྱུར། །མ་བརྗོད་པར་མཚུངས་སྒྲོ་བཏགས་ནས། །སྨྲ་པོའི་ངག་གིས་སྒྲུབ་པར་བྱེད། །མ་གྲུབ་ལྟར་སྣང་ཉུང་ལྟར་སྣང༌། །བརྗོད་པ་ལས་སྔར་སྒྲུབ་བྱེད་ནའོ། །བརྗོད་པ་ལས་སྔར་རྟགས་མིན་ཕྱིར། །མ་གྲུབ་པ་དང་འགལ་བའི་ངག །མ་སྐྱེས་པ་མཚུངས་རྣམ་པ་གཉིས། །གཉིས་སུ་སྒྲོ་བཏགས་པ་ལས་འདོད། །འབྲས་བུ་གཞན་ཉིད་ཀྱི་ཆ་ན། །བསྒྲུབ་བྱ་མི་བསྒྲུབ་པར་སྟོན་པ། །དེ་ནི་འབྲས་མཚུངས་དེ་ལྟ་བུ། །སྨྲ་པོའི་འདོད་པས་རྣམ་པ་གསུམ། །ངེས་བསྟེན་མི་མཐུན་ཕྱོགས་དག་ལས། །ཆོས་མཐུན་དཔེ་ཡིས་གཞན་སྒྲུབ་པ། །ཆོས་མཐུན་པར་མཚུངས་བཞིན་དག་ནི། །ཆོས་མི་


DTG174_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པས་མཚུངས་པ་ཉིད། །གཞན་ལས་མ་གྲུབ་བསྟན་པའི་ཕྱིར། །ཐུན་མོང་ལྟར་སྣང་རྣམ་པ་གཉིས། །གྲུབ་པར་འདོད་པ་མཚུངས་པའི་ཕྱིར། །འགལ་བ་མི་འཁྲུལ་པ་ཅན་བཞིན། །འདི་ཡང་རྗེས་འགྲོ་མེད་པའི་ཕྱིར། །དཔེ་ལྟར་སྣང་བའི་སྐྱོན་བརྗོད་ཡིན། །རྗེས་འགྲོ་ཕྱིན་ཅི་ལོག་ཉིད་ལས། །དཔེ་དང་བསྒྲུབ་བྱ་འདྲེས་པ་ཉིད། །རྟགས་དེའི་བདག་ཉིད་ཀྱི་དབྱེ་བས། །འཁྲུལ་པ་ལྟར་སྣང་རྣམ་པ་གཉིས། །གཏན་ཚིགས་ཕྱོགས་གཅིག་ཏུ་ངེས་པ། །སྦྱོར་བ་སྔ་མ་ལ་ཡོད་མིན། །བྱེ་བྲག་བརྗོད་པས་ཆོས་མཐུན་ལའང༌། །རྣམ་རྟོག་མཚུངས་པ་འདི་ལ་ཡང༌། །འཁྲུལ་པ་ཅན་གྱི་བྱེ་བྲག་གིས། །རྟག་པར་འགྱུར་བ་དེ་ལྟར་སྣང༌། །སྤྱི་མིན་གྱིས་ཀྱང་གཅིག་ཉིད་དུ། །ཐལ་བར་འགྱུར་ཕྱིར་བྱེ་བྲག་མེད། །བསྒྲུབ་བྱ་རྟགས་ཁྱད་མེད་ཕྱིར་ཡང༌། ། མ་གྲུབ་པའི་ལྟར་སྣང་བར་འདོད། །ཡང་བརྗོད་པ། བསྒྲུབ་བྱ་ལ་ནི་གནོད་ཆོས་ཀྱང༌། །མཚུངས་པ་ཉིད་ཀྱིས་བྱེ་བྲག་མེད། །གཏན་ཚིགས་སྐྱོན་ལ་འགལ་ལྟར་སྣང༌། །སྐྱོན་ཡོད་མིན་ཏེ་ཕྱོགས་ཕྱི་མ། །བསྒྲུབ་བྱ་ལ་གནོད་སྒྲུབ་པའི་ཕྱིར། །གནོད་མི་བྱེད་པ་འགལ་ཉིད་ཡིན། །བསྒྲུབ་བྱ་ལ་གཞན་གཏན་ཚིགས་ཀྱིས། །བསྟན་ན་དམིགས་པ་མཚུངས་པའོ། །བསྒྲུབ་བྱ་དུ་མ་བཀོད་པ་ལ། །གཏན་ཚིགས་དེ་དང་རྗེས་མཐུན་ཉིད། །གཏན་ཚིགས་ཀྱིས་ནི་མ་ཁྱབ་ཀྱང༌། །བསྒྲུབ་བྱའི་དངོས་པོ་རྟོགས་པའི་ཕྱིར། །མ་གྲུབ་ལྟར་སྣང་སྒྲ་གནས་ཀྱི། །ཐམས་ཅད་རབ་ཏུ་སྒྲུབ་མ་ཡིན། །ཐེ་ཚོམ་བརྗོད་དོན་ཐ་དད་ལས། །གཏན་ཚིགས་ཐེ་ཚོམ་རྩོམ་པར་བྱེད། །བསྒྲུབ་བྱ་སྒྲོ་བཏགས་མ་ངེས་པ། །ལྟར་སྣང་རྟགས་མ་གྲུབ་ལྟར་སྣང༌། །དོན་གྱིས་འདོན་མིན་མི་མཐུན་ཕྱོགས། །བསྒྲུབ་བརྗོད་དོན་གོ་མཚུངས་འདིར་ནི། །འཁྲུལ་པ་གཞན་གྱིས་བསྒྲུབ་བྱ་ལ། །དེ་ཡིས་སྒྲུབ་པ་དེ་ལྟར་སྣང༌། །ཐལ་འགྱུར་མཚུངས་པར་འདོད་པ་ཡང༌། །གང་ཡང་གཉིས་ཀ་གཏན་ཚིགས་ལམ། །དེ་ནི་དཔེ་ལྟར་སྣང་བ་བཞིན། །


DTG174_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལྟག་ཆོད་ཀུན་ལས་ཕྱོགས་ཙམ་མོ། །ལྟག་ཆོད་རྣམས་ལ་རྩོད་སྒྲུབ་ཏུ། །ཕྱིན་ཅི་ལོག་དང་བརྫུན་ཉིད་དང༌། །འགལ་བ་ཉིད་དེ་སྐྱོན་གསུམ་སྟེ། །གསུམ་པོ་ཐ་དད་དུས་མཚོན་མིན། །ལྟག་ཆོད་རྣམས་ཀྱི་མཚན་ཉིད་ལན། །དཀའ་བར་རིགས་པ་ཕྲ་མོར་ཡང༌། །ཤེས་བྱ་རིགས་པ་རྟག་པར་ཡང༌། །ལྟག་ཆོད་གཞན་ལ་དེ་ཕྱོགས་ཙམ། །ཡང་བརྗོད་པ། རྟོག་གེའི་ཕྱོགས་ཙམ་མུ་སྟེགས་ཀྱི། །དེ་ཡང་མཚན་ཉིད་མ་བསྟན་ཅིང༌། །རང་གི་སྦྱོར་བ་དང་ཡང་འགལ། །འདོད་དོན་སྒྲུབ་པར་བྱེད་པ་མིན། །གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིངས་ཉམས་པར་བྱས་མ་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚན་ཉིད། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཚད་མའི་ཕུང་པོ་སྐྱོན་དང་ཡོན་ཏན་རྒྱས་པ་རུ། །རབ་གསལ་བྱས་ལ་འདི་རུ་དགེ་བ་ཅི་བསགས་དེས། །སྐྱེ་བ་སྐྱེ་བར་ཡོན་ཏན་ཡོད་མིན་ཤེས་པ་ཡི། །གྲུབ་མཐའ་ཞི་ཞིང་འགྲོ་ལ་རྣམ་ཐར་སྟེར་བར་ཤོག །ཚད་མ་ཀུན་ལས་བཏུས་པ་ལས་ལྟག་ཆོད་བརྟག་པའི་ལེའུ་སྟེ་དྲུག་པའོ།། །།ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང༌། །བོད་ཀྱི་ལོ་ཙྪ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པའོ།། །།འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་བཟངས་སྲུང་མཛད་ཅེས་བྱེ་སྡེ་བདུན་བཤད་མཁན་དང༌། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙྪས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག ། །

ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ།
ཕྱོགས་ཀྱི་གླང་པོ།


DTG174_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪཱ་ཡ་བྲྀཏྟི། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཚད་མར་གྱུར་པ་འགྲོ་ལ་ཕན་པར་བཞེད། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །འདིར་ཡང་རབ་ཏུ་བྱེད་པའི་དང་པོར་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པ་ནི་གུས་པ་བསྐྱེད་པར་བྱ་བའི་དོན་དུའོ། །དེ་ལ་རྒྱུ་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ། །སྦྱོར་བ་ནི་འགྲོ་བ་ལ་བསྟན་བ་སྟོན་པའོ། །འབྲས་བུ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། དོན་གསུམ་ཉེ་བར་བླང་བར་བྱའོ། །རབ་ཏུ་མཛེས་པའི་དོན་ནི་སྐྱེས་བུ་གཟུགས་ལེགས་པ་བཞིན་ནོ། །ཕྱིར་མི་ལྡོག་པའི་དོན་ནི་རིམས་ནད་ལེགས་པར་བྱང་པ་བཞིན་ནོ། །མ་ལུས་པའི་དོན་ནི་བུམ་པ་ལེགས་པར་གང་བ་བཞིན་ནོ། །དོན་གསུམ་པོ་དེ་ཡང་ཕྱི་རོལ་བའི་འདོད་ཆགས་དང་བྲལ་བ་དང༌། སློབ་པ་དང༌། མི་སློབ་པ་རྣམས་ལས་རང་དོན་ཕུན་སུམ་ཚོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་སྐྱོབ་པ་ཉིད་དོ། །དེ་ལྟ་བུའི་ཡོན་ཏན་ཅན་གྱི་སྟོན་པ་ལ་ཕྱག་འཚལ་ནས། ཚད་མ་བསྒྲུབ་པར་བྱ་བའི་ཕྱིར་རང་གི་རབ་ཏུ་བྱེད་པ་རིགས་པའི་སྒོ་ལ་སོགས་པ་རྣམས་ལས་འདིར་གཅིག་ཏུ་བཏུས་ཏེ། ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བྱའོ། །གཞན་གྱི་ཚད་མ་དགག་པར་བྱ་བའི་ཕྱིར་དང༌། རང་གི་ཚད་མའི་ཡོན་ཏན་བརྗོད་པར་བྱ་བའི་ཕྱིར་དང༌། གང་གི་ཕྱིར་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་པས། འདི་ལ་ཡང་ལོག་པར་རྟོགས་པ་མང་བས་ནའོ། །དེ་ལ། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་གཉིས་ཁོ་ནའོ། །གང་གི་ཕྱིར་ཞེ་ན། མཚན་ཉིད་གཉིས་གཞལ་བྱ། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་


DTG174_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ་ཞེས་ཤེས་པའོ། །གལ་ཏེ་འདི་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣམ་པས་ཁ་དོག་ལ་སོགས་པ་འཛིན་པ་དང༌། ལན་ཅིག་མ་ཡིན་པ་འཛིན་པ་དེ་ཇི་ལྟར་ཞེ་ན། དེ་ལྟར་འཛིན་པ་ནི་ཡོད་མོད་ཀྱི་འོན་ཀྱང་གཞལ་བྱ་དེའི་རབ་སྦྱོར་བས། དེ་ལ་རབ་སྦྱོར་ཚད་མ་གཞན་མ་བྱིན། རང་དང་སྤྱིའི་མཚན་ཉིད་ཐ་དད་དུ་མ་བྱས་པ་དང་ཁ་དོག་ཉིད་དག་ལས་ཁ་དོག་ལ་སོགས་པ་བཟུང་ནས་སྤྱིའི་མཚན་ཉིད་ནི་ཁ་དོག་ལ་སོགས་པ་མི་རྟག་གོ་ཞེས་མི་རྟག་པ་ཉིད་ལ་སོགས་པར་ཡིད་ཀྱིས་རབ་ཏུ་སྦྱོར་བར་བྱེད་དོ། ། དེའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །ཡང་ཡང་ཤེས་པའང་མ་ཡིན་ཏེ། གང་ལན་ཅིག་མ་ཡིན་པར་དོན་དེ་ཉིད་སོ་སོར་ངོ་ཤེས་པ་ཡོད་མོད། དེ་ལྟར་ན་ཡང་ཚད་མ་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་འགྱུར། གལ་ཏེ་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་འདོད་པ་དེ་ལྟ་ན་ནི་ཚད་མ་ཐུག་པ་མེད་པར་འགྱུར་ཏེ། དྲན་སོགས་བཞིན། དྲན་པ་ནི་དྲན་པ་ཉིད་དོ། །དཔེར་ན་དྲན་པ་དང༌། འདོད་པ་དང༌། ཞེ་སྡང་ལ་སོགས་པ་སྔར་རྟོགས་པའི་དོན་ལ་ཚད་མ་གཞན་མ་ཡིན་པ་བཞིན་ནོ། །དེ་ལ། མངོན་སུམ་རྟོག་དང་བྲལ་བའོ། །ཤེས་པ་གང་ལ་རྟོག་པ་མེད་པ་དེ་མངོན་སུམ་མོ། །རྟོག་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མིང་དང་རིགས་སོགས་སུ་སྦྱོར་བའོ། །འདོད་རྒྱལ་བའི་སྒྲ་རྣམས་ལ་མིང་གི་ཁྱད་པར་དུ་བྱས་ནས་དོན་རྗོད་པར་བྱེད་དེ། ལྷ་སྦྱིན་ཞེས་བྱ་བ་དང༌། རིགས་ཀྱི་སྒྲ་རྣམས་ལ་ཅི་སྟེ་བ་ལང་ཞེས་བྱ་བ་དང༌། ཡོན་ཏན་གྱི་སྒྲ་རྣམས་ལ་ཡོན་ཏན་གྱིས་ཏེ་དཀར་པོ་ཞེས་བྱ་བ་དང༌། བྱ་བའི་སྒྲ་རྣམས་ལ་བྱ་བའི་སྒོ་ནས་ཏེ་འཚེད་པ་ཞེས་བྱ་བ་དང༌། རྫས་ཀྱི་སྒྲ་རྣམས་ལ་རྫས་ཀྱི་སྒོ་ནས་ཏེ། དབྱུག་པ་ཅན་རྭ་ཅན་ཞེས་བྱ་བ་ལྟ་བུའོ། །འདི་ལ་ཁ་ཅིག་ན་རེ་འབྲེལ་པ་ཁྱད་པར་དུ་བྱས་པའི་སྒྲ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་དོན་གྱིས་སྟོང་པའི་སྒྲ་འབའ་ཞིག་གིས་དོན་རྣམས་ཁྱད་པར་དུ་བྱས་ཤིང་བརྗོད་དོ་ཞེས་འདོད་དོ། །གང་ལ་རྟོག་པ་དེ་དག་མེད་པ་དེ་མངོན་སུམ་མོ། །ཅི་གང་གི་ཕྱིར་གཉིས་ལ་བརྟེན་ནས། སྐྱེད་པའི་རྣམ་པར་ཤེས་པའི་དབང་པོ་ལ་བརྟེན་པའོ་ཞེས་བརྗོད་ཀྱི་ཡུལ་ལ་བརྟེན་པ་ཞེས་ཅི་ནས་ཡིན་


DTG174_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཐུན་མོང་ཡིན་པའི་རྒྱུའི་ཕྱིར། །དེ་ཡི་ཐ་སྙད་དབང་པོ་ལས། །ཡུལ་གཟུགས་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལྟར་ཡུལ་ནི་རྒྱུད་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་ཐུན་མོང་ཡིན་ནོ། །ཐུན་མོང་མ་ཡིན་པ་ལ་ཐ་སྙད་བྱེད་པ་ཡང་མཐོང་སྟེ། དཔེར་ན་རྔའི་སྒྲ་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །དེ་ལྟ་བས་ན་མངོན་སུམ་རྟོག་པ་དང་བྲལ་བར་འཐད་པ་ཡིན་ནོ། །ཆོས་མངོན་པ་ལས་ཀྱང༌། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །དོན་ལ་དོན་དུ་འདུ་ཤེས་ཀྱི་དོན་ལ་ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་དེ་གཅིག་ཏུ་མི་རྟོག་ན་རྣམ་པར་ཤེས་པ་ལྔ་པོ་དེ་འདུས་པ་ལ་དམིགས་པ་ཇི་ལྟར་ཡིན། གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་སོ་སོ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་ཀྱང་ཇི་ལྟར་གསུངས་ཤེ་ན། དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །དེ་རྫས་དུ་མས་བསྐྱེད་པར་བྱ་བའི་ཕྱིར་ན་རང་གི་སྐྱེ་མཆེད་ལ་སྤྱིའི་སྤྱོད་ཡུལ་ཅན་ཞེས་བརྗོད་ཀྱི། ཐ་དད་པ་ལ་ཐ་མི་དད་པར་རྟོགས་པ་ལས་ནི་མ་ཡིན་ནོ། །དོན་འདི་ཉིད་སྨྲས་པ། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། ། རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་བྱ་མིན་ན་དབང་པོའི་ཡུལ། །དེ་ལྟར་ན་རེ་ཞིག་དབང་པོ་ལྔ་ལས་སྐྱེས་པའི་མངོན་སུམ་གྱི་ཤེས་པ་རྟོག་པ་མེད་པ་ཡིན་ཡང་གཞན་གྱི་འདོད་པ་ལ་བརྟེན་ནས་འདིར་ཁྱད་པར་བྱས་པ་སྟེ། དེ་དག་ནི་ཐམས་ཅད་དུ་རྟོག་པ་མེད་པ་འབའ་ཞིག་གོ །ཡིད་ཀྱང་དོན་དང་ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །ཡིད་ཀྱང་ཡུལ་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ། །དེ་བཞིན་དུ། རྣལ་འབྱོར་རྣམས་ཀྱི་བླ་མ་ཡིས། །བསྟན་དོན་ཐ་དད་ཙམ་ཞིག་མཐོང༌། །རྣལ་འབྱོར་བ་རྣམས་ཀྱིས་ཀྱང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པའི་དོན་ཙམ་མཐོང་བ་ནི་མངོན་སུམ་མོ། །རེ་ཞིག་གལ་ཏེ་འདོད་ཆགས་ལ་


DTG174_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རང་རིག་པ་མངོན་སུམ་ཡིན་ན་རྟོག་པའི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ་ཞེན། དེ་ནི་བདེན་ཏེ། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །དེ་ཡུལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བཞིན་དུ་མངོན་སུམ་མ་ཡིན་ཡང་རང་རིག་གོ་ཞེས་བྱ་བའི་སྐྱོན་ནི་མེད་དོ། །དེ་དག་ནི་མངོན་སུམ་མོ། །འཁྲུལ་དང་ཀུན་རྫོབ་ཡིད་ཤེས་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །རེ་ཞིག་འཁྲུལ་པའི་ཤེས་པ་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པར་རྟོག་པའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །ཀུན་རྫོབ་ཏུ་ཡོད་པ་ནི་དོན་བཞིན་སྒྲོ་འདོགས་པས་ན་དེའི་ངོ་བོར་བརྟགས་ནས་འཇུག་པའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །རྗེས་སུ་དཔག་པ་དང་དེའི་འབྲས་བུ་ལ་སོགས་པའི་ཤེས་པ་ནི་སྔར་ཉམས་སུ་མྱོང་མྱོང་བ་ལ་རྟོག་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །འདིར་ཡང༌། བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་འགྱུར་བ་ནི་མེད་ཀྱི། འབྲས་བུར་གྱུར་པའི་ཤེས་པ་དེ་ཉིད་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང་བྱ་བ་དང་བཅས་པར་རྟོགས་པ་དེ་ཉེ་བར་བླངས་ནས། ཚད་མ་ཉིད་དུ་འདོད་པ་སྟེ། བྱ་བ་མེད་པའང་མ་ཡིན་ནོ། །དཔེར་ན་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་སྐྱེས་པ་ལ་རྒྱུའི་གཟུགས་འཛིན་ཞེས་བརྗོད་དོ། །བྱ་བ་མེད་པར་ཡང་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །རང་རིག་ལ་ཡང་འདིར་འབྲས་བུ། །ཤེས་པ་ནི་སྣང་བ་གཉིས་ལས་སྐྱེས་ཏེ་རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས་གང་དང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཡི་ངོ་བོ་ལས་དོན་ངེས། གང་གི་ཚེ་ཤེས་པ་དོན་གྱི་ཡུལ་དང་བཅས་པའི་དེའི་ཚེ། དེ་དང་རྗེས་སུ་མཐུན་པའི་རང་རིག་པ་འདོད་པའམ་མི་འདོད་པའི་དོན་རྟོགས་པར་བྱེད་དོ། །གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཡུལ་གྱི་སྣང་བ་འདི་ཉིད་འདི། །ཚད་མ་དེའི་ཚེ་ནི་ཤེས་པ་རང་རིག་པ་ཡིན་ཡང་ལྟོས་པ་མེད་པའི་རང་གི་ངོ་བོའི་དོན་གྱིས་སྣང་བ་འདི་ཚད་མའོ། །གང་གི་ཕྱིར་ཞེ་ན། དོན་དེ་ཡིས་འཇལ་བར་བྱེད། ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་དཀར་པོ་དང་དཀར་པོ་མ་ཡིན་པ་ལ་སོགས་པ་ཉིད་ཤེས་པ་


DTG174_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣང་བ་ན་དེ་དང་དེའི་ངོ་བོ་ཡུལ་དང་བཅས་པར་འཇལ་བར་བྱེད་དེ། དེ་ལྟ་རྣམ་པ་དུ་མ་རིག་པའི་ཤེས་པ་ཉེ་བར་བླངས་པ་དེ་ལྟ་དེ་ལྟར་ཚད་མ་དང་གཞལ་བྱ་ཉིད་དུ་ཉེ་བར་འདོགས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བ་ཡིན་པས་ནའོ། །དེ་ཉིད་སྨྲས་པ། གང་ཚེ་རྣམ་པ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམས་རིགས་པ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཅི་སྟེ་ཤེས་པ་ཚུལ་གཉིས་སོ། །ཞེས་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཡུལ་ཤེས་པ་དང་དེའི་ཤེས་པའོ། །དབྱེ་བས་བློ་ཡི་ཚུལ་གཉིས་ནི། །ཡུལ་ནི་གཟུགས་ལ་སོགས་པ་སྟེ་གང་གིས་དེ་ཤེས་པ་ནི་དོན་དང་རང་སྣང་བའོ། །ཡུལ་ཤེས་པ་ནི་གང་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པ་སྟེ། ཤེས་པ་སྟེ་སྣང་བ་དང༌། རང་སྣང་བའོ། །དེ་ལྟར་མ་ཡིན་ཏེ། གལ་ཏེ་གཟུགས་ཉིད་རང་ཤེས་པའམ་རང་གི་ངོ་བོར་འགྱུར་བ་ནི་ཞེས་པ་ཡང་ཡུལ་ཤེས་པ་དང་ཁྱད་པར་མེད་པར་འགྱུར་རོ། །ཕྱིས་རྗེས་ལ་སྐྱེ་བའི་ཤེས་པ་ལ་ཡང་སྔར་རིང་དུ་འདས་པའི་ཡུལ་སྣང་བར་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། དེ་ཡུལ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ལ་ཚུལ་གཉིས་ཡོད་པར་གྲུབ་བོ། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། ཚུལ་གཉིས་ཉིད་དོ་ཞེས་འབྲེལ་ཏོ། །གང་གི་ཕྱིར་ཡུལ་གཞན་དུ་ཤེས་པ་ལ་ཡང་དུས་ཕྱིས་མྱོང་བའི་དྲན་པ་སྐྱེ་སྟེ། དེའི་ཕྱིར་ཡང་ཤེས་པའི་ཚུལ་གཉིས་ཉིད་དུ་གྲུབ་པ་ཡིན་ནོ། །རང་རིག་པ་ཉིད་དུ་ཡང་ངོ༌། །ཅིའི་ཕྱིར་ཞེ་ན། འདིར་མ་མྱོང་བ་མེད་ཕྱིར་རོ། །ཉམས་སུ་མ་མྱོང་བར་དོན་མཐོང་བའི་དྲན་པ་ནི་མེད་དོ། །གཟུགས་ལ་སོགས་པའི་དྲན་པ་བཞིན་ནོ། །ཅི་སྟེ་གཟུགས་ལ་སོགས་པ་བཞིན་དུ་ཡང་ཤེས་པ་གཞན་གྱིས་མྱོང་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་ཕྱིར། ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད། ཐུག་པ་མེད་པ་ཞེས་བྱ་བ་ནི། ཤེས་པ་བཞིན་གྱིས་མྱོང་བར་བྱེད་ནའོ། །ཇི་ལྟར་ཞེ་ན། དེ་ལའང་དྲན་པ་སྟེ། ཤེས་པ་གཞན་གྱིས་ཤེས་པ་དེ་ཉམས་སུ་མྱོང་བར་བྱེད་ན། དེ་ལ་ཡང་ཕྱིས་ཀྱི་དྲན་པ་མཐོང་དགོས་པས་སོ། །དེས་ན་དེ་ལ་ཡང་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་བ་ཉིད། །དེའི་ཕྱིར་གདོན་མི་ཟ་


DTG174_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བར་རང་རིག་པའི་ཤེས་པ་ཁས་བླང་བར་བྱའོ། །དེ་ཡང་འབྲས་བུ་ཉིད་དུ་གནས་པར་གྲུབ། དེ་ལྟར་ན་མངོན་སུམ་དུ་རྟོགས་པ་དང་བྲལ་བ་ཡིན་ནོ། །དེའི་རྗེས་སུ་གཞན་གྱིས་བྱས་པའི་མངོན་སུམ་བརྟག་པར་བྱ་སྟེ། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །གཞན་དུ་ཆ་ཤས་སུ་གསུང་འགྱུར། །དེས་ན་ཁོ་བོས་བརྟག་པར་བྱའོ། །རྩོད་པ་བསྒྲུབ་པ་ནི་སློབ་དཔོན་དབྱིག་གཉེན་གྱི་མ་ཡིན་ནོ། །གང་གི་ཕྱིར་རྩོད་པ་སྒྲུབ་པ་དེ་ལ་ནི་སློབ་དཔོན་གྱིས་སྙིང་པོ་མེད་པར་དགོངས་པ་སྟེ། དེ་ལྟ་མ་ཡིན་ན་ཆ་ཤས་ཅན་དུ་མཛད་པར་འགྱུར་རོ། ། དེས་ན་ཁོ་བོས་ཀྱང་ཚད་མ་ལ་སོགས་པ་ཅུང་ཟད་ཅིག་བརྟག་པར་བྱའོ། །དོན་དེ་ལས་སྐྱེས་པའི་རྣམ་ཤེས། །མངོན་སུམ་ཡིན་ཞེས་བྱ་བ་འདིར། །ཀུན་ལ་དོན་འདི་ཞེས་བརྗོད་ན། །གང་དེ་དེ་འབའ་ཞིག་ལས་མིན། །གལ་ཏེ་ལ་དེ་ཞེས་བྱ་བ་འདིས་རྐྱེན་ཀུན་བརྗོད་པ་ཡིན་ན་ནི་ཤེས་པ་གང་ཡུལ་གང་ལ་སྐྱེས་པ་དེའི་ཐ་སྙད་དུ་བྱའི། དེ་འབའ་ཞིག་ལས་ནི་མ་ཡིན་ནོ། །དམིགས་པའི་རྐྱེན་འབའ་ཞིག་ལས་ཤེས་པ་ནི་མ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་གཞི་ལས་སྐྱེ་བའོ་ཞེས་གྲུབ་པའི་མཐའ་ལས་འབྱུང་བའི་ཕྱིར་རོ། །དམིགས་པའོ་ཞེ་ན་དྲན་སོགས་ཀྱི། །ཤེས་པའང་གཞན་ལ་ལྟོས་མ་ཡིན། །གལ་ཏེ་དོན་དེ་ལས་ཞེས་པ་འདིས་ཡུལ་ཙམ་ཡིན་ན་ནི་དྲན་པ་དང༌། རྗེས་སུ་དཔག་པ་དང་མངོན་པར་འདོད་པ་ལ་སོགས་པའི་ཤེས་པ་ཡང་དམིགས་པར་བྱ་བ་གཞན་ལ་མི་ལྟོས་ཏེ། དུད་པ་ལ་སོགས་པ་དམིགས་ནས་མེ་ལ་སོགས་པའི་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ། །གཟུགས་ལ་སོགས་པ་ཉིད་ལ་དམིགས་པ་དོན་དུ་བརྗོད་པར་བྱ་གྲང་ན། ཅི་ཤེས་པ་སྐྱེ་བ་དེ་ལྟར་སྣང་བ་དེ་ལ་དེ་བཞིན་དུ་དམིགས་ནས་སྐྱེ་བ་ཡིན་ནམ། དེ་སྟེ་གཞན་དུ་སྣང་དུ་ཟིན་ཀྱང་ཇི་ལྟར་ཡོད་པའི་དེ་རྒྱུར་འགྱུར་བ་ཡིན་གྲང༌། དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་ཇི་ལྟ་བ་དེ་ལས་ཤེས་པ་སྐྱེ་ན་ནི་དེ་ལྟར་ན་བསགས་པ་ལ་དམིགས་པ་ཡིན་པའི་ཕྱིར་ལྔ་པོ་ཀུན་རྫོབ་པར་འགྱུར་ཏེ། དེ་ཉིད་ལ་དམིགས་པ་ཡིན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་ལ་དོན་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་དུ་འགྱུར་རོ་ཞེས་འདོད་པ་དེ་ལྟ་ན་ནི་ཚོགས་ལ་དེ་དག་ལ་ཁས་བླངས་པ་བདེན་ཡང་ཡོད་པའི་རྫས་


DTG174_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ཉིད་ཐོབ་སྟེ། དེ་ཉིད་རྫས་ལ་སོགས་པ་ཉིད་དུ་སྣང་བས་ན་རྫས་དང་གྲངས་ལ་སོགས་པའི་རྣམ་པ་ཡང་འཐོབ་བོ། །དེ་སྟེ་ཇི་ལྟར་ཡོད་པ་རྒྱུར་གྱུར་ན་ནི་དེ་ལྟར་རྫས་ལ་སོགས་པ་ནི་ཐལ་བའི་ཉེས་པར་མི་འགྱུར་ཏེ་དེ་ལྟར་ན་དེ་དག་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གང་ལ་ཡང་ཐ་སྙད་དུ་བྱ་བ་སྟེ་དེ་ནི་འཐོབ་པར་མི་འགྱུར་ཏེ། དེ་དག་སོ་སོ་ལ་ཤེས་པ་ཡོད་པ་མ་ཡིན་ནོ། །སོ་སོ་བ་དེ་དག་འདུས་པ་རྒྱུ་ཡིན་ཡང་དེ་འདུས་པར་ཡོད་པ་ལ་སོགས་པ་ནི་ཁས་མ་བླངས་སོ། །དེ་ཉིད་སྨྲས་པ། །ཇི་ལྟར་སྣང་བ་དེ་ཡོད་མིན། །དེ་ཡི་ཕྱིར་ན་དོན་དམ་དུ། །སེམས་ཀྱི་དམིགས་པ་ལྔ་རྣམས་སོ། །དེ་ལ་ཐ་སྙད་དུ་མ་བྱས། །དམིགས་པ་ལ་སོགས་པ་ཡང་དམིགས་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་དག་ནི་དོན་དམ་པར་ཡོད་པས་སོ། །གཞན་དུ་ན་ཡོད་པ་མ་ཡིན་པ་ཟླ་བ་གཉིས་པ་ལ་སོགས་པར་སྣང་བ་ཡང་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པའི་རྒྱུར་འགྱུར་རོ། །དོན་གྱི་ཚུལ་གྱིས་དབེན་པ་ཡང་བརྗོད་བྱ་མ་ཡིན། ཤེས་པ་ཐམས་ཅད་དོན་གྱི་ཚུལ་དང་བྲལ་ན་ཡང་ཐ་སྙད་དུ་བྱ་བར་མི་ནུས་སོ། །ཡུལ་འདིའི་ཡང༌། སྤྱི་ཡི་ཚུལ་གྱིས་བསྟན་པར་བྱ། །དེས་ན་ཐ་སྙད་དུ་མི་བྱ། །རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཡུལ་དེའི་ཚུལ་གྱིས་ཐ་སྙད་དུ་བྱ་བ་ཡིན་གྱི་རང་གི་ངོ་བོའི་ཚུལ་གྱིས་ཐ་སྙད་དུ་བྱ་བ་ནི་མ་ཡིན་ནོ། །སྤྱིའི་ངོ་བོའི་ཚུལ་ལས་ནི་གཟུགས་ལ་སོགས་པ་ཐ་སྙད་དུ་བྱེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཡུལ་ནི་ཐ་སྙད་དུ་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་རྩོད་པ་སྒྲུབ་པ་ལའོ། །རིགས་པ་ཅན་རྣམས་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ཐ་སྙད་དུ་བྱས་པ་མ་ཡིན་པ་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ནི་མངོན་སུམ་མོ་ཞེས་ཟེར་རོ། །འདི་ཡང་རིགས་པ་མ་ཡིན་ཏེ་ཁྱད་པར་འདི་དག་ནི་མི་གཤའོ། །གང་གི་ཕྱིར། དབང་པོ་ལས་བྱུང་དོན་བློ་ལས། །ཐ་སྙད་ལ་སོགས་སྲིད་མ་ཡིན། །འཁྲུལ་པ་སྲིད་པའི་ཡུལ་ལ་ནི་ཁྱད་པར་དུ་བྱ་གྲང་ན། ཐ་སྙད་དུ་བྱ་བའི་ཡུལ་ལ་ནི་རྗེས་སུ་དཔག་པ་ལས་ཡིན་གྱི། དབང་པོའི་བློ་ནི་ཐ་སྙད་ཀྱི་ཡུལ་ཉིད་དུ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་མ་འཁྲུལ་པའི་ཁྱད་པར་བསྟན་པར་མི་བྱ་བ་ཉིད་དོ། །དབང་པོའི་བློ་ཐ་སྙད་དུ་བྱ་བར་མི་ནུས་པ་དེའི་ཕྱིར་ཁྱད་པར་


DTG174_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་ཚིགས་མི་བྱ་བ་ཉིད་དོ། །འཁྲུལ་པའི་ཁྱད་པར་ཉིད་ཀྱང་སྲིད་པ་མ་ཡིན་ཏེ། འཁྲུལ་པ་ནི་ཡིད་ལ་སྟེ། དེ་འཁྲུལ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཞེན་པ་ནི་ངེས་པ་སྟེ། དེ་སྤྱི་ལ་སོགས་པ་དང་ལྡན་པའི་དྲི་ལ་སོགས་པ་ལ་རྟོག་པར་མི་བྱེད། མི་མཐོང་བ་དེ་བས་མི་སྲིད་དོ། །ཅི་སྟེ་དོན་ཇི་ལྟ་བ་ལ་སོགས་པའི་ཤེས་པའི་ལྡོག་འཚམས་སུ་བརྗོད་དོ་ཞེ་ན། དེ་ལྟ་ན་ཁྱད་པར་དུ་བྱེད་པའི་ཚིགས་རིགས་པ་མ་ཡིན་ཏེ། མ་འཁྲུལ་པའི་ཕྱིར་ཡང་དབང་པོའི་བློ་ཐམས་ཅད་རང་རང་གི་དོན་ཙམ་འཛིན་པར་བྱེད་པ་ཡིན་ནོ། །དེ་དག་གིས་ནི་བཤད་པའི་རྣམ་པར་རྟོག་པ་ལ་ཡང་སོ་སོར་བརྗོད་དོ། །གང་སྨྲས་པ་ཞེན་པའི་བདག་ཉིད་ཅེས་པ་ལ་ཞེན་པ་ནི་འབྲས་བུ་ཡིན་ན་དེ་དབང་པོའི་བློ་ལ་མི་སྲིད་དེ། དོན་ཇི་ལྟ་བ་ལ་སོགས་པའི་ཤེས་པ་ཉིད་དངོས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པ་སྨོས་པ་ལ་ནི་ཤེས་པ་དེའི་རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་ཡིན་ནོ་ཞེ་ན། མ་ཡིན་ཏེ་མངོན་སུམ་གྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ལ། དེ་ལ་དབང་པོ་དང་དོན་དུ་ཕྲད་པ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །ཤེས་པའི་རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་ཡིན་ན་ཡང་ཡོན་ཏན་དང་རྫས་རྩོམ་པར་མི་བྱེད་པ་དང༌། ནམ་མཁའ་ལ་སོགས་པ་ཤེས་པར་བྱ་བའི་ཡུལ་མ་ཡིན་པ་ཉིད་ཀྱང་བསྟན་པར་བྱ་བ་ཡིན་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་རོ། །ཐམས་ཅད་དུ་ཕྲད་ནས་སྐྱེ་བ་མངོན་སུམ་དུ་འདོད་ན་ནི། བར་དང་བཅས་པ་འཛིན་པ་དང༌། །ཤེས་པ་ལྷག་པའང་མི་ཐོབ་འགྱུར། །རི་ལ་སོགས་པ་ལ་ནི་ཡུལ་དང་དབང་པོ་བར་མེད་པ་སྟེ་བར་དང་བཅས་པ་ཡིན་བཞིན་དུ་འཛིན་པ་མཐོང་མེད་ཀྱི། དབང་པོ་ལྷག་པར་འཛིན་པ་ནི་རིགས་པ་མ་ཡིན་ནོ། །ཕྱི་རོལ་དུ་འཇུག་པའི་ཕྱིར་འཐད་པ་ཉིད་དོ། །དབང་པོ་གཉིས་ཀྱི་རྟེན་ལས་ཕྱི་རོལ་དུ་འཇུག་པ་སྟེ། དེས་ན་ཡུལ་ཏེ་བར་དང་བཅས་པ་ལྷག་པར་འཛིན་པ་ཡང་འཐད་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། རྟེན་ལས་དབང་པོ་ཕྱིར་མིན་པར། །གྲུབ་པོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དབང་པོ་ནི་བརྟེན་གྱི་ཡུལ་ཉིད་ལ་གནས་པ་སྟེ། དེར་གསོ་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །དེས་ན་དབང་པོ་ཁོ་ན་བར་དུ་ཆོད་


DTG174_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་འཛིན་པར་བྱེད་དོ། །དབང་པོ་ཕྱི་རོལ་དུ་འཕོ་བ་བདེན་དུ་ཆུག་ན་ཡང༌། ཡུལ་ལ་འཛིན་པར་ནུས་པ་མ་ཡིན། །གཞན་དུ་ན་བརྟེན་པ་བསྒྲིབས་ཀྱང་ཡུལ་འཛིན་པར་འགྱུར་རོ། །དེའི་ཕྱིར་མིག་དང་རྣ་བ་དག་གིས་ནང་རྟེན་གྱི་གནས་ཁོ་ན་འཐོབ་སྟེ། ཡུལ་གྱི་སྐད་ཅིག་མ་དག་ལས་བར་དང་བཅས་པ་དང་ལྷག་པར་འཛིན་པར་ཡང་རིགས་པ་མིན་ནོ། །བདེ་སོགས་གཞལ་བྱ་མིན་པའམ། །འམ་ཞེས་སྨོས་པ་ནིའམ་གྱི་སྒྲ་ལས་ཚད་མ་གཞན་འཐོབ་པར་འགྱུར་བའོ། །གང་འདི་ལྟར་རྟགས་པ་སོགས་པ་མེད་པར་བདག་ཉིད་ཀྱི་བདེ་བ་དང་སྡུག་བསྔལ་དང་འདོད་པ་དང༌། ཞེ་སྡང་དང་འབད་རྩོལ་རྣམས་ལ་འཛིན་པ་དེ་ཚད་མ་མ་ཡིན་པས་བདེ་བ་ལ་སོགས་པ་རྣམས་གཞལ་བྱ་ཉིད་དུ་མི་འགྱུར་བའམ། དེར་འམ་ཞེས་སྨོས་པས་ཚད་མ་གཞན་ཉིད་མཚོན་པར་འགྱུར་བའོ། །དབང་པོ་གཞན་ཡོད་ཡིད་དབང་པོ། །ཡང་ན་ཡིད་ཁོ་ན་དབང་པོ་ཉིད་དུ་བརྗོད་པར་བྱ་སྟེ། དེ་དང་ཕྲད་པ་ལས་སྐྱེས་པ་མངོན་སུམ་ཉིད་དུ་བསྒྲུབ་པར་བྱ་བའི་དོན་དུའོ། །བཀག་པ་མེད་ཕྱིར་འཐོབ་ཅེ་ན། ཅི་སྟེ་ཡང་གཞན་གྱི་འདོད་པ་མ་བཀག་པ་རུ་སྒྲུབ་པ་ལ་ཡིད་ཀྱི་དབང་པོ་ཉིད་བཀག་པ་མེད་པའི་ཕྱིར་འཐོབ་པ་ཉིད་དོ་ཞེ་ན། གཞན་གྱི་འདོད་པ་ལ་ནི་ཡིད་ཀྱི་དབང་པོ་ཡོད་ལ་རག་ན་དེ་ལྟ་ན་ནི། དབང་པོ་གཞན་གྱི་སྒྲ་དོན་མེད། །གལ་ཏེ་གཞན་གྱིས་སྨྲས་པའི་ཡིད་ལ་བཀག་པ་མེད་པའི་ཕྱིར་དབང་པོ་ཡིན་ན་དེས་རྣ་བ་ལ་སོགས་དབང་པོར་བརྗོད་དོ་ཞེས་བསྟན་པ་དོན་མེད་པར་འགྱུར་ཏེ། བཀག་པ་མེད་པ་ཉིད་ལས་དེ་གྲུབ་པའི་ཕྱིར་རོ། །དོན་དེས་འབྲས་བུ་ཡོད་མིན་པས། །ཤེས་པའི་ཡང་ནི་ཚད་ཉིད་ལས། ། དོན་གཞན་འབྲས་བུ་སྨྲ་བར་འགྱུར། །ངེས་པའི་བདག་ཉིད་ཅན་གྱི་ཤེས་པ་ནི་ཚད་མ་སྟེ། ཚད་མ་དེ་སྐྱེས་ཀྱི་རྗེས་ལ་དོན་ལྷག་ཏུ་རྟོགས་སོ་ཞེས་བྱ་བ་ནི་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་ཁྱད་པར་དུ་བྱེད་པའི་ཤེས་པ་ཚད་མ་ཡིན་ཏེ། གང་སྤྱི་ལ་སོགས་པ་ཁྱད་པར་དུ་བྱེད་པའི་ཤེས་པ་དེའི་ཚེ་མ་ཡིན་ལ། གང་རྫས་ལ་སོགས་པ་ཁྱད་པར་དུ་བྱ་བའི་ཤེས་པ་དེ་ནི་འབྲས་བུ་ཡིན་ནོ་ཞེ་ན། དེ་ཡི་ཁྱད་པར་ལ་མིན་ཐ་དད་ཕྱིར། །ཐ་དད་པ་ནི་ཁྱད་པར་དུ་བྱེད་པ་ཁྱད་པར་དུ་བྱ་བ་ཐ་དད་པ་ཡིན་ལ་ཡུལ་གཞན་ལ་ཚད་མར་འགྱུར་ཞིང་གཞན་ལ་འབྲས་བུར་འགྱུར་བ་ཡང་རིགས་པ་མ་ཡིན་ཏེ། དཔེར་ན་སེང་ལྡེང་


DTG174_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡུལ་བཅད་ཅིང་གཤགས་པས་པ་ལ་ཤ་ཆོད་པ་ནི་མ་མཐོང་ངོ༌། །ཇི་སྟེ་ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་དེའི་ཡུལ་ཉིད་ཀྱང་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་བྱེད་པ་པོ་ཐམས་ཅད་གཅིག་ཏུ་འགྱུར་ཏེ། ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་དེའི་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ལ་ལས་ཀྱི་བྱ་བ་ཡོད་པར་བརྗོད་པ་དེ་ཉིད་དེའི་འབྲས་བུ་ཉིད་དུ་རིགས་སོ། །གཞན་ཡང་དེ་ལ་ཡོད་མིན། དེ་ལ་ཡང་ཁྱད་པར་དུ་བྱེད་པ་ལྷག་པར་རྟོགས་པ་མེད་པའི་འབྲས་བུ་ཡང་མེད་ལ་ཚད་མ་ཡང་མེད་དོ། །གཉིས་ཤེ་ན། ཅི་སྟེ་ཡང་ཁྱད་བར་དུ་བྱེད་པའི་ཤེས་པ་ཉིད་ཚད་མ་དང་གཞལ་བྱ་གཉིས་ཀར་ཡང་འགྱུར་ཏེ། དཔེར་ན་བདག་གིས་བདག་ཁོང་དུ་ཆུད་པར་བྱེད་ཙམ་ན། གཞལ་བར་བྱ་བ་ཡང་འགྱུར་ཞིང་འཛིན་པ་པོ་ཡང་ཡིན་པ་བཞིན་ནོ་ཞེ་ན། མ་ཡིན་ཁྱད་པར་བྱ་ལའང་འགྱུར། །དེ་ལྟ་ན་ནི་ཁྱད་པར་དུ་བྱ་བའི་ཤེས་པ་ལའང་ཚད་མ་དང་གཞལ་བྱ་གཉིས་ཀ་ཐོབ་པར་འགྱུར་རོ། །གལ་ཏེ་ཤེས་པ་དང་ཤེས་བྱ་དོན་གཞན་ཡིན་ཡང་ཚད་མ་དང་གཞལ་བྱ་ཉིད་དུ་འགྱུར་བ་སྟེ། རང་གིས་བདག་ཁོང་དུ་ཆུད་པའི་ཤེས་པ་བཞིན་ནོ་ཞེས་པ་དེ་ཉིད་དངོས་པོ་གཉིས་ཀ་ལ་ཡང་འགྱུར་བ་ཡིན་ནོ། །ཁྱད་པར་དུ་བྱེད་པའི་ཤེས་པ་བདག་དང་མཚུངས་སོ་ཞེས་པ་ནི་མ་ཡིན་གྱིས་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །དེ་ལྟ་ན་ནི་ཤེས་བྱ་ཁོང་དུ་ཆུད་ཀྱང་གང་མ་རྟོགས་པ་དང་ཐེ་ཚོམ་བྲ་བ་དང་ལོག་པར་རྟོགས་པ་ལས་ལོག་པ་དེ་འབྲས་བུར་འགྱུར་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར། མ་རྟོགས་ལ་སོགས་ཀུན་ལ་མིན། །རེ་ཞིག་ཐམས་ཅད་དུ་མ་རྟོགས་པ་ལ་སོགས་པ་ལས་འབྱུང་བའི་ངེས་པ་དེ་དག་ནི་ཡོད་པ་མ་ཡིན་ཏེ། ཁ་ཅིག་ཏུ་གཟས་པ་ཙམ་གྱིས་ཤེས་པ་སྐྱེ་བས་སོ། །མ་རྟོགས་པ་ལ་སོགས་པ་ཡོད་དུ་ཆུག་ན་ཡང༌། ལོག་པ་འབྲས་བུར་ཡོད་མ་ཡིན། །ལོག་པ་ཞེས་བྱ་བ་ནི་མ་རྟོགས་པ་ལ་སོགས་པ་མེད་པ་ལ་བྱ་ན། ཡོད་པ་མ་ཡིན་པ་དེ་ནི་འབྲས་བུ་མ་ཡིན་ཏེ། དེ་གཞལ་བྱར་འགྱུར་བ་ནི་མི་དཔྱོད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་རིགས་པ་ཅན་རྣམས་ཀྱི་མངོན་སུམ་ནི་རིགས་པ་མ་ཡིན་ནོ། །བྱེ་བྲག་པ་རྣམས་ཀྱི་མདོ་ལས་རེ་ཞིག་གང་འབྲེལ་པ་འབའ་ཞིག་


DTG174_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པ་དེ་རྫས་ལ་མངོན་སུམ་མོ་ཞེས་སོ། །བདག་དང་དབང་པོ་དོན་དུ་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ཡིན་ནོ་ཞེས་སོ། །ཁ་ཅིག་ནི་ཚད་མ་ལས་དོན་གཞན་དུ་འདོད་དེ། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དབང་པོ་དང་དོན་དུ་ཕྲད་པ་ཚད་མར་རྟོག་པར་བྱེད་དོ། །གཞན་དག་ནི་གཙོ་བོ་ཡིན་པའི་ཕྱིར་བདག་དང་ཡིད་དུ་ཕྲད་པ་ཚད་མའོ་ཞེས་ཟེར་རོ། །དེ་ལྟར་ན་ནི་གང་འདི་སྐད་ཐེ་ཚོམ་དང་གཏན་ལ་འབེབས་པའི་ཤེས་པ་དག་ལས་གྲུབ་པ་ནི་མངོན་སུམ་དང་རྟགས་ཅན་གྱི་ཤེས་པ་དག་གོ་ཞེས་བཤད་པ་དང་འགལ་ལོ། །བཞི་པོ་ཕྲད་པ་ལས་སྐྱེས་པའི་ཤེས་པ་དང༌། གཏན་ལ་འབེབས་པ་ལས་སྐྱེས་པ་མཚུངས་པ་མ་ཡིན་ཏེ། གཏན་ལ་འབེབས་པ་ནི་བརྟག་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ལ། མངོན་སུམ་ནི་ཡུལ་ལྟ་བ་ཙམ་ཡིན་པའི་ཕྱིར་རོ། །ཡུལ་ལ་ལྟ་བ་ཙམ་ཞེས་པ་པ་ནི་བཞི་པོ་ཕྲད་པ་ལས་སྐྱེས་པ་སྟེ། དེ་ལ་བརྟག་ཅིང་དཔྱོད་པ་གང་ལ་སྲིད། །དབང་པོ་དང་དོན་དུ་ཕྲད་པ་ཚད་མར་སྨྲ་བས་ནི་ལྷག་པར་བསྟན་ལ་ཅི་ཡང་མེད་པ་ཉིད་དོ། །དབང་པོ་དང་དོན་དུ་ཕྲད་པ་ཚད་མར་སྨྲ་བའི་ལྟར་ན་ནི་འདི་ཅི་ཞིག་ཅེས་ཤེས་པར་འདོད་པའི་ཚེ་དོན་མཐའ་དག་འཛིན་པར་འགྱུར་ཏེ། ཐམས་ཅད་ཀྱི་བདག་ཉིད་དང་ཕྲད་པའི་ཕྱིར་རོ། །བདག་དང་ཡིད་དུ་ཕྲད་པར་སྨྲ་བ་ལ་ཡང་ཡུལ་ཐ་དད་ལ་ཡུལ་གཞན་ལ་ཚད་མར་འགྱུར་ཞིང་གཞན་ལ་འབྲས་བུར་འགྱུར་བ་ནི་མེད་དོ་ཞེས་སྔར་སྨྲས་ཟིན་ཏོ། །གཞན་ཡང་སྤྱིའི་ཁྱད་པར་ལ་ལྟོས་པ་དང་རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་མངོན་སུམ་ཞེས་ནི་སྦྱར་བར་མི་བྱ་སྟེ། གང་གི་ཕྱིར་དབང་པོ་དང་ཡུལ་དུ་ཕྲད་པ་ལས་སྐྱེས་པ་ནི། ཡུལ་ལ་ལྟ་བའི་དོན་ཅན་ཕྱིར། །ཁྱད་པར་རྣམས་དང་སྦྱར་མི་བྱ། །དབང་པོའི་བློ་རྣམས་ནི་རང་གི་དོན་ཙམ་འཛིན་པར་བྱེད་པ་ཡིན་པའི་ཕྱིར། །ཁྱད་པར་རྣམས་དང་ལྷན་ཅིག་ཏུ་སྦྱོར་བ་ནི་མི་འཐད་དོ། །འདི་ནི་འདིའི་སྤྱི་ཡིན་ཞིང་རྫས་ལ་སོགས་པ་རྣམས་དང་འབྲེལ་པའོ་ཞེས་དང་གི་དོན་གཉིས་ངེས་པར་བཟུང་ནས་དེ་བཞིན་དུ་བརྟག་པར་བྱའོ། །དེ་ཡང་དྲན་པ་ལ་སོགས་པ་ཡིན་པའི་ཕྱིར་འདི་ལ་ཡིད་ཀྱི་བློས་ཁྱད་པར་དུ་བྱས་ལ་འཐད་པ་ཁོ་ན་སྟེ། གཞན་དུ་ན་དྲི་མངར་རོ་ཞེས་འཛིན་པ་ཡང་མངོན་སུམ་དུ་འགྱུར་ལ། དེ་ལྟར་འགྱུར་བར་ཡང་མི་རིགས་ཏེ།


DTG174_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་དག་དབང་པོ་ཐ་དད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་རྫས་གཅིག་པས་དབང་པོ་དུ་མའི་གཟུང་བྱ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཅིག་མིན་ཏེ་གཟུགས་ལ་སོགས་པ་བཞིན་དུ་དུ་མར་འགྱུར་རོ། །གཟུགས་ལ་སོགས་པ་ལ་ནི་དབང་པོ་དུ་མས་གཟུང་བར་བྱ་བའི་གཅིག་ཉིད་གང་དུ་མཐོང་ངོ༌། །གཅིག་མིན་གཟུགས་སོགས་ཀྱང་གཅིག་འགྱུར། །གལ་ཏེ་དབང་པོ་དུ་མའི་གཟུང་བྱ་ཡིན་ཀྱང་ཐ་མི་དད་པར་འདོད་ན་ནི་གཟུགས་ལ་སོགས་པ་ཡང་རྫས་བཞིན་གཅིག་ཉིད་དུ་འགྱུར་རོ། །མཐོང་ཞེ་ན། དེ་དག་གལ་ཏེ་འདི་ལྟར་དབང་པོ་ཐ་དད་ཀྱང་ཡུལ་རྫས་ལ་ཤེས་པ་ཐ་མི་དད་པ་ནི་མ་མཐོང་བ་ཁོ་ན་སྟེ། ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་ལྟ་བུའོ། །དེ་བས་གཟུགས་ལ་སོགས་པ་ལ་གཅིག་ཉིད་དང་དུ་མ་ཉིད་དུ་ཐལ་བར་མི་འགྲུབ་བོ་ཞེ་ན། ཤེས་པ་ཐ་མི་དད་པ་འདི་ལྟ་བུ་ནི་མཐོང་ན། འོན་ཀྱང་དེ་དབང་པོ་ལས་མིན། དེ་དབང་པོའི་སྒོ་ནས་དབང་པོ་གཞན་གྱི་ཡུལ་ཤེས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། དབང་གཞན་དོན་མེད་འགྱུར་ཕྱིར་རོ། །གལ་ཏེ་དབང་པོ་གཞན་གྱི་ཡུལ་ལ་ཡང་དབང་པོ་གཞན་གྱིས་འཛིན་ནུས་པར་འདོད་ན་ནི་གཟུགས་ལ་སོགས་པ་ལ་དབང་པོ་དུ་མ་བརྟགས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་འདི་ལྟར་གཟུགས་ལ་སོགས་པ་ཐ་དད་དུ་ཡོད་པའི་ཕྱིར་དབང་པོ་གཅིག་གིས་འཛིན་པར་མི་ནུས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོས་ནི་རང་ཡུལ་ཐ་དད་ཀྱང་འཛིན་ནུས། རང་གི་ཡུལ་ལ་ནི་སྔོན་པོ་ལ་སོགས་པའི་ཐ་དད་པ་དང༌། །གྲངས་ལ་སོགས་པའི་ཐ་དད་པ་ལ་ཡང་ལ་སོག་འཛིན་པར་ནུས་པ་ལ་ཁྱོད་ཀྱིས་ནི་ཐ་དད་པར་དབང་པོས་འཛིན་ནུས་པར་འདོད་པའི་ཕྱིར་རོ། །གལ་ཏེ་གྲངས་ལ་སོགས་པའི་ཐ་དད་ལ་འཛིན་པ་ནི་དབང་པོ་གཞན་གྱི་ཡུལ་ལ་འཛིན་པ་མ་ཡིན་ནོ། །དབང་པོ་གཞན་གྱི་ཡུལ་ཉིད་ནི་གཟུགས་ལས་ཐ་དད་པའི་རེག་བྱ་ལྟ་བུ་སྟེ། དེ་མིག་གིས་གང་ཙུག་བཟུང༌། གང་དག་གལ་ཏེ་རེག་པའི་རྫས་མིག་གིས་འཛིན་ན་ནི་དབང་པོ་གཞན་གྱི་ཡུལ་ཡང་མིག་གི་རང་གི་ཡུལ་ཡིན་ནོ། །གསལ་བར་ཁས་བླངས་པའི་ཕྱིར་ཐ་དད་ཀྱང་སྔོན་པོ་ལ་སོགས་པ་བཞིན་དུ་རེག་པ་ལ་སོགས་པ་ཡང་མིག་གིས་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་དང༌། ཐ་


DTG174_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཉིད་ནི་དབང་པོ་དུ་མས་གཟུང་བར་བྱ་བའི་རྒྱུ་མཚན་ཡིན། ཅིས་ན་དབང་པོ་གཞན་གྱི་ཡུལ་མི་འཛིན། གང་ཡང་དོན་ཐ་མི་དད་པ་ལ་ཡང་དབང་པོ་དུ་མས་འཛིན་པར་འགྱུར། གཟུགས་ལ་སོགས་པ་སོ་སོ་ལ་ཡང༌། དབང་པོ་ཀུན་གྱིས་འཛིན་པར་འགྱུར། དེ་རྫས་ལ་སོགས་པ་བཞིན་ནོ། །དེ་ལྟར་ན་ཡང་གཟུགས་ལ་སོགས་པ་ཡང་དབང་པོ་གཅིག་གི་གཟུང་བྱ་མ་ཡིན་པར་འགྱུར་རོ། །ཉེས་པ་དེ་དག་ནི་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་ལ་རང་རང་གི་བྱེ་བྲག་ངེས་པ་ཡོད་པ་ཡིན་ལ། དེ་མེད་པའི་ཕྱིར་དབང་པོའི་བློ་སྔོན་པོ་ལ་མི་འཁྲུལ་ལོ་ཞེ་ན། ཅི་ཡང་དེ་དག་གི་ངེས་པ་ཉིད་དེ་ཅི་ལྟ་བུ་ཞིག །གང་ལ་གཟུགས་ཉིད་མེད་པ་དེ་མིག་གིས་གཟུང་བར་བྱ་བ་ཡིན་ལ་དེ་བཞིན་དུ་རེག་བྱ་ལ་སོགས་པ་རྣམས་ཀྱི་རང་རང་གི་ཡུལ་ལ་ངེས་པ་ཉིད་ཡིན་ནམ། དེ་ལྟ་ན་ནི་མིག་གི་རེག་བྱ་ཚོགས་པ་ལའང་འཇུག །རྫས་སོགས་ལ་མིན། རྫས་དང་གྲངས་ལ་སོགས་པ་དང་ལས་རྣམས་ལ་གཟུགས་ཉིད་དང་རེག་བྱ་ཉིད་མེད་པར་འདོད་པའི་ཕྱིར་རོ། །མིག་དང་རེག་པ་དག་གིས་དེ་དག་འཛིན་པར་མི་འགྱུར་རོ། །གལ་ཏེ་དེ་ལྟ་ན་ནི་གང་ལ་གཟུགས་ཉིད་ཡོད་པ་དེ་མིག་གི་གཟུང་བྱ་ཡིན་ནོ། །དེ་ལྟ་བས་ན་རེག་བྱ་ལ་སོགས་པ་ཡང་དེ་བཞིན་དུ་ངེས་པ་ཉིད་ཀྱིས་ཁྱད་པར་ཡོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །རྫས་ལ་སོགས་པ་ལ་ངེས་པ་མེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་མདོ་དང་ཡང་འགལ་ཏེ། དེ་མེད་པའི་ཕྱིར་མི་འཁྲུལ་ལོ་ཞེས་གཟུགས་ཉིད་ལ་སོགས་པ་ནི་སྒྲ་ལ་སོགས་པ་ལ་མེད་པས་མི་འཁྲུལ་བར་བརྗོད་ཀྱི། གཟུགས་ལ་སོགས་པ་ཡོད་པའི་སྒོ་ནས་ནི་མ་ཡིན་ནོ། །དེ་དག་ནི་རིགས་པ་དང་ཡང་མི་འཚམ་སྟེ། དབང་པོ་གཞན་གྱི་མེད་པ་ལ་སོགས་པར་བརྟགས་ནས་གཟུང་བ་ནི་གཟུང་བ་མ་ཡིན་ན། གཟུང་བས་སྟོང་པ་དེ་ཇི་ལྟར་གཟུགས་ཉིད་ལ་སོགས་པས་སྦྱོར་བར་བྱ་སྟེ། གལ་ཏེ་རྒྱུ་མེད་པར་འཛིན་པ་མེད་པའོ་ཞེ་ན། དེའི་ཕྱིར་གཟུགས་ལ་སོགས་པའི་རང་གི་ཡུལ་ལ་ངེས་པ་ཉིད་ནི་སྦྱོར་བར་མི་བྱ་བ་ཉིད་དོ། །གལ་ཏེ་འདི་ལྟར་རྫས་ལ་སོགས་པ་ལ་ཐ་མི་དད་པར་འཛིན་པ་མི་མཐོང་བ་དེ་ཇི་ལྟ་ཞེ་ན། གཞན་གྱི་ཡུལ། མིག་ནི་རེག་པར་བྱ་བ་དག་ལས་ཐ་དད་པའི་ཡུལ་ལ་དམིགས་པ་སྟེ། གཞན་ཉིད་དང་ལྷན་ཅིག་རྒྱུ་བའི་


DTG174_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་ཡུལ་ལ་ཐ་མི་དད་དུ་འཛིན་པའི་དྲན་པའི་ཤེས་པ་སྐྱེས་པ་ཡིན་གྱི། གཟུགས་ལ་སོགས་པ་གཟུང་བ་ནི་མ་ཡིན་ཏེ། དེའི་བློ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་དབང་པོ་རང་རང་གིས་ཡུལ་ཐ་དད་ལ་དམིགས་ཤིང་དོན་གཞན་རྣམ་པར་གཅད་པའི་ཡུལ་ལ་ཐ་མི་དད་ཀྱི་བློ་སྐྱེས་པ་ནི་ཐམས་ཅད་དུ་ཡིད་ཀྱི་ཤེས་པ་ཡིན་གྱི་ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་ལས་སྐྱེས་པའི་མངོན་སུམ་ནི་མ་ཡིན་ཏེ། དེ་ཉེ་བར་མ་མཚོན་པའི་ཕྱིར་རོ། །མངོན་སུམ་གྱིས་གཟུང་ངོ་སྙམ་པའི་ང་རྒྱལ་དེ་དག་ནི་རྟོག་གེ་ངན་པ་རྣམས་ཀྱི་ཡིན་ནོ། །ཡུལ་དེ་མཚུངས་པར་འདོད་ཅེ་ན། འདི་ལྟར་འགྱུར་ཏེ་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་དག་ནི་དབང་པོའི་ཡུལ་དུ་མཚུངས་པར་ཁས་བླང་པར་བྱ་སྟེ། དེ་མི་འཛིན་པ་ནི་དེའི་བློ་མེད་པའི་ཕྱིར་རོ་ཞེ་ན་དེ་ལྟ་ཡིན་ན་ནི། མི་འདོད་པ་ལའང་ཐལ་བར་འགྱུར། །གལ་ཏེ་གཉིས་ཀ་དབང་པོའི་གཟུང་བྱ་ཉིད་དུ་མཚུངས་པ་ཡིན་ན་ནི། རྫས་དང་ཡོན་ཏན་དང་ལས་དག་རྫས་དང་ལྡན་པ་ཡིན་པའི་ཕྱིར་ཡོད་པ་ཉིད་བཞིན་རྫས་དབང་པོ་ཐམས་ཅད་པར་འགྱུར་རོ། །དེ་བཞིན་དུ་རྫས་གཅིག་དང་ལྡན་པའི་ཕྱིར་རྫས་ཡོད་པ་ཉིད་མ་ཡིན་པ་བཞིན་དབང་པོ་ཐམས་ཅད་པ་ཡིན་པའི་ཕྱིར་ཡོད་པ་ཉིད་དུ་འགྱུར་རོ། །གལ་ཏེ་རྫས་ལ་ཞུགས་པའི་ཡོད་པ་ནི་རྫས་གཅིག་པོ་དེ་དང་ལྡན་པར་བརྗོད་དོ་ཞེ་ན། མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་ཡོད་པ་དང་ཐ་མི་དད་པ་ཡིན་ནོ། །ཐམས་ཅད་དུ་ཡོད་པ་ལ་རྫས་ལ་སོགས་པ་དགག་པར་བྱ་བ་ནི་མ་ཡིན་ཏེ། དེ་སྐད་དུ་ཡང༌། ལས་དང་ཡོན་ཏན་ལ་ཡོད་ཕྱིར། །ཡོད་པ་ལས་མིན་ཡོན་ཏན་མིན། །ཞེས་བརྗོད་དོ། །གལ་ཏེ་ཡང་རྫས་ལ་ཞུགས་པ་རྫས་ཉིད་གཅིག་ཡིན་གྱི་གཞན་ལ་ཞུགས་པ་རྫས་གཅིག་མ་ཡིན་ནོ་ཞེས་ཟེར་བ་ནི་རྫས་ཐ་དད་དུ་འགྱུར་རོ། །གང་གི་ཚེ་མིག་གིས་མངོན་སུམ་གྱིས་མི་འདྲེའོ་ཞེས་འཛིན་པ་དེའི་ཚེ་རེག་བྱ་ཡང་མིག་གི་གཟུང་བྱར་འགྱུར་རོ། །དེའི་ཕྱིར་ཡོད་པ་ཉིད་དང་ཡོན་ཏན་ཉིད་བཞིན་དབང་པོ་ཐ་དད་ཀྱི་གཟུང་བྱ་ཉིད་ཡིན་ཡང་རྫས་ཐ་མི་དད་དོ་ཞེས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་དབང་པོ་ཐ་དད་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཡང་གཞན་ཉིད་དུ་སྨྲ་བ་ཡིན་ན་ནི། མ་ངེས་དབང་པོ་གཅིག་གི་གཟུང་བྱ་ལ་ཡང་རྫས་དང་ཡོན་ཏན་དང་ལས་ཀྱི་


DTG174_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དང༌། སྔོན་པོ་ལ་སོགས་པའི་ཐ་དད་མཐོང་སྟེ། དབང་པོ་ཐ་དད་མེད་ཀྱང་སྔོན་པོ་ལ་སོགས་པའི་ཐ་དད་དུ་འཛིན་པ་མཐོང་ངོ༌། །གང་ཞིག་གང་མེད་ཀྱང་འབྱུང་བ་དེ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར་དབང་པོ་ཐ་དད་ནི་གཞན་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེ་ན། དེ་ནི་གཞན་དུ་བརྗོད། དབང་པོ་ཐ་དད་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པས་ནི་དུ་མ་ཉིད་དུ་བརྗོད་པ་ཡིན་གྱི། དབང་པོ་གཅིག་གི་གཟུང་བྱ་ཡིན་པའི་ཕྱིར་གཅིག་ཏུ་མ་ཡིན་ན་གང་ལས་མ་ངེས་པར་འགྱུར། དབང་པོ་ཐ་དད་ཀྱི་གཟུང་བྱ་ཡིན་པ་ཁོ་ནས་དུ་མ་ཉིད་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་དུ་མ་ཉིད་ཁོ་ན་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དབང་པོ་ཐ་དད་མེད་ཀྱང་ཞེས་གང་བརྗོད་པ་འདིས། ཐམས་ཅད་བསྒྲུབ་བྱར་བརྗོད་མ་ཡིན། །དབང་པོ་ཐམས་ཅད་ཀྱི་ཐ་དད་ལས་དུ་མར་བརྗོད་པ་ནི་མ་ཡིན་ཏེ། གང་དབང་པོ་ཐ་དད་པ་དེ་དུ་མ་ཁོ་ནའོ་ཞེས་ཡིན་པའི་ཕྱིར་རོ། །བློ་ཐ་དད་ཀྱང་གཞན་གྱི་རྒྱུ་ཡིན་པས་ནི་མི་འགེགས་སོ། །གཞན་ཡང་བློ་དབང་ཐ་དད་ལས་ཐ་དད། །གང་ལ་གཅིག་ཡིན་གཞན་དུ་ན། །དབང་པོ་ཡང་ཐ་དད་བློ་ཡང་ཐ་དད་པ་ལས་གཞན་ཉིད་དུ་མི་བརྗོད་པར་འགྱུར་རོ། །དབང་པོ་ཡང་ཐ་དད་བློ་ཡང་ཐ་དད་པ་དེ་ལ་ནི་གཅིག་ཉིད་ཡིན་ནོ་ཞེས་པའི་གོ་སྐབས་མེད་དོ། །དེ་དག་གི་ཡོན་ཏན་ལ་སོགས་པ་ལ་མངོན་སུམ་གྱིས་ཤེས་པ་སྐྱེ་བ་ལ་ཡང་གསལ་བར་རིག་པར་བྱའོ། །དེ་དག་གིས་ནི་རང་གི་རྟེན་དང་འབྲེལ་བའི་སྒོ་ནས་གཞི་ལ་སོགས་པ་དང་ཕྲད་པ་ཉིད་བརྗོད་པ་ཡིན་ཏེ། དེ་ལྟ་ན་ཡང་ཐམས་ཅད་དུ་ཕྲད་པ་ལས་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ་ཞེས་རིགས་པ་ཅན་གྱིས་མངོན་སུམ་བརྟགས་པར་ཇི་ལྟ་བ་བཞིན་དུ་བརྗོད་ཟིན་ཏོ། །དེའི་ཕྱིར་བྱེ་བྲག་པའི་མངོན་སུམ་ནི་སྒྲུབ་པར་དཀའོ། །སེར་སྐྱ་བ་རྣམས་ཀྱིས་ནི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་དུ་འདོད་དོ། །རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཡིད་ཀྱིས་བྱིན་གྱིས་བརླབས་ནས་ཡུལ་ལ་འཇུག་པ་སྟེ། སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་ད་ལྟར་བ་རྣམས་ལ་གོ་རིམས་བཞིན་དུ་འཛིན་པ་ནི་མངོན་སུམ་གྱི་ཚད་མའོ་ཞེས་སོ། །དེ་དག་གི་ལྟར་ན་ཡང་དབང་པོ་རྣམས་ཀྱི་ཐུག་པ་མེད་པའམ། དེ་དག་གིས་ནི་དབང་པོ་གཞན་གྱི་གཟུང་བྱ་ཡུལ་མ་ཡིན་པ་ཉིད་ཀྱིས་རང་གི་ཡུལ་ལ་འཇུག་པའི་དབང་པོ་འདོད་པ་ཡིན་ལ་ཡོན་ཏན་གསུམ་གྱི་འཕེལ་བ་དང་འགྲིབ་


DTG174_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱིས་ཐ་དད་ལས་སྒྲ་ལ་སོགས་པའི་རིགས་ཐ་དད་ཅེས་འདོད་དེ། སྒྲ་གཅིག་པུ་ཡང་ཡོན་ཏན་གྱི་འཕེལ་འགྲིབ་ཀྱི་ཐ་དད་ཀྱིས་ཐུག་པ་མེད་པའི་ཕྱིར་དབང་པོ་དཔག་ཏུ་མེད་པས་འཛིན་པར་ཁས་བླང་བར་བྱའོ། །ཡང་ན་དབང་གཅིག་འགྱུར། ཅི་སྟེ་དེར་ཡོན་ཏན་གསུམ་ཐ་མི་དད་པས་རིགས་གཅིག་ཉིད་ཡིན་ན་ནི་དེ་ལྟར་ན་སྒྲ་ཐ་དད་འཛིན་པ་བཞིན་རེག་པ་ལ་སོགས་པའང་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་དབང་པོ་གཅིག་ཉིད་དུ་འགྱུར་ཏེ། ཐམས་ཅད་དུ་ཡོན་ཏན་གསུམ་པོ་ཐ་མི་དད་པའི་ཕྱིར་རོ། །ཡོན་ཏན་གསུམ་དང་བྲལ་བའི་སྒྲའི་རིགས་ནི་ཡོད་པ་མ་ཡིན་ནོ། །གང་སྒྲ་ཉིད་དུ་གྱུར་པ་དེ་ནི་རེག་བྱ་ལ་སོགས་པ་ལ་མ་ཡིན་ནོ། །གང་གི་ཚེ་སྙིང་སྟོབས་ལ་སོགས་པའི་དབྱིབས་ཀྱིས་གནས་སྐབས་ཀྱི་ཐ་དད་ཀྱི་སྒྲ་ལ་སོགས་པ་དག་ཐ་དད་པ་ཇི་ལྟར་མེད། སྒྲའི་རིགས་ཐ་མི་དད་པར་མཚུངས་པའི་དབྱིབས་ཀྱི་གནས་སྐབས་ནི་ཡོད་པ་ཡིན་ལ། རེག་པ་ལ་སོགས་རྣམས་ལས་ཐ་དད་པ་སྟེ། རིགས་མཐུན་པའི་གཟུང་བར་བྱ་བའི་ཡུལ་ལ་རྣ་བ་འཇུག་པ་ཡིན་ནོ། །དེ་བཞིན་དུ་རེག་པ་ལ་སོགས་པ་ལ་ཡང་ངོ༌། །དེའི་ཕྱིར་ཇི་སྐད་དུ་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་རེག་བྱ་ནི་མིག་གི་མཐུན་པའི་ཡུལ་དུ་འགྱུར་ཏེ། །གང་ཕྱིར་དབྱིབས་ནི་གཉིས་ཀྱི་གཟུང་བྱར་རི་བོ་ལ་སོགས་པའི་དབྱིབས་ལ་མིག་དང་རེག་བྱ་དག་གི་ཤེས་པ་མཐོང་བའི་ཕྱིར་རང་གི་ཡུལ་དེ་ཁོ་ནར་འཇུག་གོ་ཞེས་པ་ནི་རྣམ་པར་གསལ་ཏེ། དབྱིབས་ཀྱིས་བྱས་པའི་རིགས་ཀྱི་བྱེ་བྲག་འདོད་པའི་ལྟར་ན་ནི་སྒྲ་ལ་སོགས་པ་ནི་རྣ་བ་ལ་སོགས་པས་མི་འཛིན་པར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། དབྱིབས་ནི་གསུམ་གྱི་སྤྱོད་ཡུལ་མིན། །དབྱིབས་ནི་རྣ་བ་དང་སྣ་དང་ལྕེ་རྣམས་ཀྱིས་གཟུང་བར་བྱ་བ་མ་ཡིན་པས། མཐོང་བཞིན་པའི་སྒྲ་དང་དྲི་དང་རོ་རྣམས་མངོན་སུམ་མ་ཡིན་པར་འགྱུར་རོ། །ཡུལ་གཅིག་ལ་དབྱིབས་མང་པོ་འཐོབ་པར་ཡང་འགྱུར་ཏེ། དབང་པོ་གཅིག་གི་ཡུལ་གྱི་དབྱེ་བ་ཡོད་ན་ནི་དེའི་བྱེ་བྲག་གི་རིགས་དུ་མ་ཡོད་པའི་ཕྱིར་ཡུལ་གཅིག་ཏུ་དབྱིབས་དུ་མ་མཐོང་བར་འགྱུར་རོ། །དབྱིབས་རྣམས་ལ་ཁྱད་པར་མེད་པར་མཚུངས་པའི་ཕྱིར་གསེར་ལ་སོགས་པའི་སྐྱོགས་རྣམས་དང་རྒྱན་རྣམས་ཀྱི་ཐ་དད་ཀྱང་མེད་


DTG174_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དབྱིབས་མཚུངས་པར་ཡོད་པའི་ཕྱིར་གསེར་དང་སྒྲ་དང་རྫས་ལ་སོགས་པ་རྣམས་ཀྱང་མཚུངས་པར་འགྱུར་རོ། །དེ་བཞིན་དུ་རང་རང་གི་ཡུལ་ལ་འཇུག་པ་ཡང་མི་འགྱུར། ཅི་དབང་པོའི་འཇུག་པས་རིགས་རང་ཙམ་འཛིན་པར་བྱེད་དམ། བདེ་བ་ལ་སོགས་པའི་ཁྱད་པར་དུ་བྱས་པའི་རིགས་འཛིན་པར་བྱེད། གལ་ཏེ་རིགས་རང་ཙམ་འཛིན་ན་ནི་དོན་གྱི་རང་བཞིན་འཛིན་པར་མི་འགྱུར་ཏེ། དེས་ནི་དབྱིབས་ཙམ་འཛིན་པ་ཡིན་པས་ན་སྒྲ་ལ་སོགས་པ་རྣམས་ཀྱི་བདེ་བ་ལ་སོགས་པའི་རང་བཞིན་མ་ངེས་པར་ཐལ་བར་འགྱུར་རོ། །དབྱིབས་ཙམ་འཛིན་པ་ཉིད་ཡིན་ནོ། །དོན་གྱི་བྱེ་བྲག་འཛིན་པར་མི་འགྱུར་ཏེ། གང་གི་དབྱིབས་ཙམ་གྱི་སྣང་བ་ཅུང་ཟད་ལ་དམིགས་ཀྱི་དོན་ཡུལ་གྱི་རང་གི་ངོ་བོ་ལ་མི་དམིགས་པས་སོ། །སྒྲ་ལ་སོགས་པའི་བྱེ་བྲག་ཀྱང་མི་འཛིན་པར་འགྱུར་རོ། །དེ་བཞིན་དུ་པི་ཝང་གི་སྒྲ་དང་རྔའི་སྒྲ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ཀྱང་མི་འཛིན་པར་འགྱུར་ཏེ། དེ་དབྱིབས་གཞན་མི་སྲིད་པའི་ཕྱིར་རོ། །དོན་འཛིན་ནོ་ཞེ་ན་ཡང༌། ཡིད་བཞིན་རྣམ་པར་རྟོག་པ་ཡིན། །རང་གི་དོན་ཁྱད་པར་ཅན་དུ་བྱེད་ན་ཡང་ཁྱད་པར་དེ་འཛིན་པ་ན་ཡིད་ཀྱི་འཇུག་པ་བཞིན་དུ་རང་གི་ཡུལ་ལ་རྟོག་པ་དང་བཅས་པར་འགྱུར་རོ། །ཅི་སྟེ་བདེ་བ་ལ་སོགས་པས་ཁྱད་པར་དུ་བྱས་པའི་དབྱིབས་འཛིན་ནི། དེ་ལྟ་ན་ཡང་གནས་སྐབས་དེའི་ཡིད་ཀྱི་འཇུག་པ་བཞིན་དུ་རྣམ་པར་རྟོག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ལ་སོགས་པ་ཡང་སོ་སོར་འཛིན་པར་བྱེད་དམ། སྡོམ་པ་ཡང་འཛིན་པར་འགྱུར་གྲང༌། དེ་ལ་རེ་ཞིག་སོ་སོར་ནི་མི་འཛིན་ཏེ། རང་གི་ཡུལ་ལ་འཛིན་པ་ལ་སོགས་པའི་དབང་པོའི་འཇུག་པ་ནི་སྒྲ་ལ་སོགས་པའི་གཟུང་བར་བྱ་བ་ལ་ཡིན་གྱི། སྙིང་སྟོབས་ལ་སོགས་པ་ལ་ནི་མ་ཡིན་ནོ། །སྙིང་སྟོབས་ལ་སོགས་པ་དང་སྒྲ་ལ་སོགས་པའི་རང་བཞིན་སོ་སོ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་རྣམས་རྣ་བ་ལ་སོགས་པའི་འཇུག་པའི་གཟུང་བར་བྱ་བ་མ་ཡིན་ནོ། །གཞན་མིན་ཞེ་ན། སྙིང་སྟོབས་ལ་སོགས་པ་སྒྲ་ལ་སོགས་པ་ལས་གཞན་ཉིད་ནི་མ་ཡིན་ཏེ། དེ་ཡང་གཟུང་བར་བྱ་བ་ཡིན་ནོ་ཞེ་ན། འབྲས་མིན་པའམ། གལ་ཏེ་སྙིང་སྟོབས་ལ་སོགས་པ་སྒྲ་ལས་གཞན་མ་ཡིན་ན་ནི་ཐ་མི་


DTG174_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དད་ཀྱི་ལུས་ཀྱི་སྒྲ་ལ་སོགས་པ་འབྲས་བུ་མ་ཡིན་ལ། སྙིང་སྟོབས་ལ་སོགས་པ་ལ་ཡང་སྒྲ་ལ་སོགས་པའི་རྒྱུ་མ་ཡིན་པར་འགྱུར་རོ། །སྙིང་སྟོབས་སྒྲའི་རང་བཞིན་དུ་རྣམ་པར་གཞག་པར་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་གང་བརྗོད་པ་དེ་ཡང་འགལ་བར་འགྱུར་རོ། །སྙིང་སྟོབས་ལ་སོགས་པ་ཕན་ཚུན་ཐ་མི་དད་དེ་སྒྲ་ལ་སོགས་པ་དང་གཅིག་པ་ཉིད་དུ་འགྱུར་ན་ནི་ཐ་མི་དད་ཀྱི་རང་བཞིན་ཡིན་པས་རྒྱུ་དང་འབྲས་བུ་དག་ཏུ་འདོད་པ་ལ་གནོད་དོ་ཞེས་བྱ་བ་ལ་སོགས་པ་ནིའམ་ཞེས་བརྟག་པའི་སྒྲའི་དོན་ཡིན་ནོ། །གཞན་ཡང༌། གཞན་ཉིད་མིན་ན་གཟུང་བྱ་མིན། །གལ་ཏེ་ཡང་བདེ་བ་ལ་སོགས་པ་སྒྲ་ལ་སོགས་པ་ལས་གཞན་མ་ཡིན་པ་དེ་ལྟ་ན་ནི་སོ་སོར་གཟུང་བར་བྱ་བར་མི་འགྱུར་ལ། རྡུལ་ཕྲ་རབ་ཀྱང་གཟུང་བར་བྱ་བར་མི་འགྱུར་ཞིང་དེ་ལ་ཙམ་ལ་སོགས་པ་ཡང་ངོ༌། །གང་དོན་གཞན་མ་ཡིན་པའི་དབང་པོའི་ཡུལ་དེ་ཐམས་ཅད་དབང་པོའི་ཡུལ་མ་ཡིན་པར་འགྱུར་རོ། །འབྲས་བུ་ཉིད་ལ་སོགས་པར་འཛིན་པ་ནི་སྤྱིའི་ཡུལ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་སོ་སོར་ནི་མི་འཛིན་ཏོ། །ཅི་སྟེ་སྡོམ་པ་ལ་འཛིན་ན་ནི་དེ་ལྟ་ན་ཡང་དབང་པོ་ཐམས་ཅད་འཇུག་པར་འགྱུར་ཏེ་སྣ་ཚོགས་རྣམ་པར་རོ། །སྣ་ཚོགས་ཀྱི་རྣམ་པའི་གཟུང་བྱ་བ་ལ་ཐ་མི་དད་པའི་རྣམ་པར་འཛིན་པ་ནི་འཐད་པ་མ་ཡིན་ཏེ། དེའི་དབང་གིས་གཟུང་བར་བྱ་བ་ཡོངས་སུ་བཅད་པའི་ཕྱིར་རོ། །སྒྲ་ལ་སོགས་པ་ལ་ཐ་མི་དད་པར་འཛིན་པ་ཡང་མཐོང་ངོ༌། །བདེ་བ་ལ་སོགས་པའི་ཡུལ་ཉིད་ཀྱང་མཚུངས་པར་འགྱུར། དབང་པོ་རྣམས་ཀྱི་ཡུལ་ཉིད་མཚུངས་པར་འགྱུར་རོ། །དབང་པོ་རྣམས་རང་གི་ཡུལ་ལ་འཇུག་པར་མི་འགྱུར་ཏེ་བདེ་བ་ལ་སོགས་པ་ཡུལ་གཞན་ལ་རིགས་ཀྱི་བྱེ་བྲག་ཡོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་དབང་པོ་གཅིག་ཉིད་དུ་ཐལ་པར་འགྱུར་རོ། །མ་ཡིན་ཏེ་རང་རང་གི་དབྱིབས་ཀྱིས་ཁྱད་པར་དུ་བྱས་པ་འཛིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་སྐད་དུ་ནི་བརྗོད་ན་རིགས་པར་ནི་མི་བརྗོད་དེ། གང་གི་ཕྱིར་དུ་མར་འཛིན་ཕྱིར་གཟུགས་ཀྱི་རིགས་གཅིག་ལ་ཡང་དབྱིབས་ཐ་དད་ཀྱི་སྒོ་ནས་དུ་མར་འཛིན་པར་བྱེད་པ་ཡིན་གྱི་དབྱིབས་གཅིག་


DTG174_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་སུ་ཞུགས་ནས་འཛིན་པ་ནི་མ་མཐོང་ངོ༌། །དེར་དབྱིབས་ཀྱི་ཐ་དད་ལས་རིགས་ཀྱི་ཐ་དད་འདོད་ན་ནི་དེ་ཉིད་དབང་པོ་ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡིན་ནོ། །འདི་ནི་གྲངས་ཅན་གྱི་བྱེ་བྲག་ལས་མི་འདོད་དོ། །སྔོན་གྱི་སེར་སྐྱ་པའི་ལུགས་ལ་འདས་པར་སྨྲ་བ་གྲངས་ཅན་ཕུང་བར་བྱེད་པའི་མ་རྡུམ་པ་ན་རེ་སྒྲའི་མཚན་ཉིད་གསུམ་པ་ལས་ཐ་མི་དད་པ་མ་ཡིན་ཏེ། རིགས་གཞན་ཉིད་ལས་ནི་མ་ཡིན་པས་རེག་བྱ་ལ་སོགས་པའི་མཚན་ཉིད་གསུམ་པོ་དབང་པོ་ཐ་དད་གཞན་གྱིས་གཟུང་བར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་བདེ་བ་ལ་སོགས་པ་རྣམས་ལ་ཐ་དད་ཡོད་པས་དབང་པོ་རྣམས་རང་རང་གི་ཡུལ་དབང་བྱེད་པར་བརྗོད་དོ། །རང་གི་ཡུལ་ལ་འཇུག་པའི་དབང་པོ་རྣམས་ལ་ཐ་མི་དད་པའི་རང་གི་བྱེ་བྲག་ཡོད་པ་ཡིན་པས་དབང་པོ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་རིགས་ཀྱི་ཐ་དད་ལས་ཀྱང་བདེ་བ་ལ་སོགས་པའི་ཡུལ་དབང་པོ་ནུས་པ་དང་ལྡན་པར་བྱའོ་ཞེས་སྔོན་མ་རྣམས་ལས་ཁྱད་པར་དུ་བྱེད་པ་ལྟ་ན་ནི་དེ་བས་ཀྱང་ཆེས་ལྷག་པར་དུ་ཁོ་བོས་སྨྲ་བར་བྱ་བ་ཉིད་དེ། རེ་རེའི་ངོ་བོར་ཐམས་ཅད་ནི། །གཙོ་བོར་རྡུལ་ཕྲན་སོ་སོར་ཡོད། །བདེ་བ་དང་སྡུག་བསྔལ་དང་གཏི་མུག་དང་སྒྲ་དང་རེག་བྱ་དང་བྱ་བ་དག་གིས་ཐ་དད་ཀྱི་རིགས་ལས་ཐ་དད་པའི་གཙོ་བོ་རྡུལ་ཕྲ་རབ་ཐམས་ཅད་དུ་སོང་བ་ཡོད་དོ་ཞེས་བརྗོད་པར་བྱའོ། །རབ་ཏུ་སྦྱོར་བའི་བྱེ་བྲག་ལས། །འབྲས་བུའི་ངོ་བོར་མཚོན་པར་བྱེད། །དེ་འདི་ལྟར་ཡང་དག་པར་རབ་ཏུ་སྦྱོར་བའི་བྱེ་བྲག་ལས་རང་གི་རིགས་ལས་མ་འདས་པར་འབྲས་བུའི་ངོ་བོར་གྲུབ་པ་ནི་དབང་པོ་རྣམས་ཀྱི་ཡུལ་དུ་འགྱུར་རོ། །རྡུལ་ཕྲན་གསུམ་པོའི་རང་བཞིན་དུ། །གཅིག་དེའི་ངོ་བོར་གང་གིས་འགྲོ། །གལ་ཏེ་སྒྲ་ལ་སྒྲའོ་ཞེས་བདེ་བ་ལ་སོགས་པ་དང་བྲལ་བའི་ཐ་མི་དད་ཀྱི་བློ་དེ་དོན་དུ་མའི་རང་བཞིན་ཐ་མི་དད་པ་ཡིན་པར་ནི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། རིགས་མི་མཐུན་ལས་གྱུར་པ་ཡི། །རབ་ཏུ་སྦྱོར་བར་འདོད་མ་ཡིན། །གསུམ་པོ་སྦྱར་བ་ལས་གཅིག་ཏུ་གྱུར་པ་ནི་ཡོད་པ་མ་ཡིན་ཏེ། གྲངས་ཅན་རྣམས་ཀྱི་རིགས་ཐ་དད་དུ་འགྱུར་བའི་ཕྱིར་རོ། །སྒྲ་གཅིག་བརྗོད་པ་ནི་ཡོད་པ་ལ་རག་ལས་ན་དངོས་པོ་གཅིག་པ་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་གསུམ་པོའི་རང་བཞིན་དུ་འགྱུར་བའི་སྒྲ་


DTG174_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་བ་ལ་སོགས་པར་གང་བརྗོད་པ་ཤེས་པར་འདོད་པའི་རང་བཞིན་ཏེ་དབང་པོའི་ཡུལ་དུ་འབྱུང་བར་འགྱུར་རོ་ཞེ་ན། ཚུལ་གཉིས་ཤེས་པར་མི་འདོད་ན། །འབྲས་བུ་གཅིག་གི་ངོ་བོར་འགྱུར། །གལ་ཏེ་རྣ་བས་སྒྲ་ཉན་པ་ལ་སོགས་པའི་བློ་ནི་བདེ་བ་ལ་སོགས་པ་ལ་མི་ལྟོས་པར་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ལ་འཇུག་པར་བྱེད་དེ་དེ་ཉིད་ཁོ་ནས་གཅིག་གི་རང་བཞིན་རོ། །ཅིའི་ཕྱིར་ཞེ་ན། དོན་གྱི་རང་བཞིན་དུ་མ་སྟེ། །དབང་པོའི་ཡུལ་ནི་ཁྱད་པར་ཅན། །སྒྲ་ལ་སོགས་པའི་དོན་གྱི་རང་བཞིན་དུ་མ་ཡོད་པ་ལས་རང་བཞིན་གང་ལ་བློ་འཇུག་པ་དེ་དབང་པོའི་དོན་ཏེ། དེ་ཉིད་དབང་པོའི་ཡུལ་ཡིན་ནོ། །དེ་ཡང་གཅིག་ཁོ་ན་སྟེ། རེག་བྱ་ལ་སོགས་པ་རྣམས་ལ་ཡང་མཚུངས་པ་མ་ཡིན་ནོ། །དེའི་ཕྱིར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་རེ་རེའི་དངོས་པོ་ལ། །གྲངས་ཅན་ལུགས་ལས་ཁྱད་པར་འཕགས། །སྔོན་གྲགས་པའི་གྲངས་ཅན་གྱི་ལྟ་བ་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ནི་བདེན་པ་ཁོ་ན་སྟེ། རིགས་ཀྱི་བྱེ་བྲག་གཅིག་གི་རང་བཞིན་ཙམ་གྱི་རྒྱུ་ལས་འབྲས་བུ་སྐྱེ་བར་བརྟགས་པ་སྟེ། དེ་ལྟ་ན་ནི་རིགས་མི་མཐུན་གྱི་འབྲས་བུ་མི་རྩོམ་མོ་ཞེས་མཛེས་པར་འགྱུར་གྱི། གསུམ་གྱི་རང་བཞིན་གཅིག་པ་ཉིད་ལས་ནི་མ་ཡིན་ནོ། །གལ་ཏེ་ཡང་ད་ལྟར་བའི་སྒྲ་ཙམ་འཛིན་པར་བྱེད་པའི་དབང་པོའི་འཇུག་པ་མངོན་སུམ་དུ་འདོད་པ་དེ་ལྟ་ན་ནི་ཡུལ་གཅིག་མ་ཡིན། གཞལ་བར་བྱ་བ་ཐམས་ཅད་ཀྱང་ཡུལ་མ་ཡིན་པ་ཚད་མ་ཡིན་པ་བསལ་བར་འགྱུར་རོ། །འཇུག་པ་དེ་ཚད་མར་བརྗོད་པ་མ་ཡིན་ནོ། །དབང་པོའི་འཇུག་པ་ཡང་དག་པར་མྱོང་བར་བྱེད་པའི་ཡིད་ཀྱི་དབང་པོ་ལ་ནི་རྟགས་ལ་སོགས་པ་མེད་པས། ཚད་མར་མ་བརྗོད་པའི་ཕྱིར་ཉམས་པ་ཉིད་དུ་འགྱུར་རོ། །དེར་འཇུག་པའི་ཡང་དག་པར་མྱོང་བ་ཚད་མ་གཞན་གྱི་ཁོངས་སུ་འདུ་བར་ནི་མི་འགྱུར་རོ། །ཉེས་པ་དེ་ནི་མེད་དེ། དེར་ཞུགས་པའི་ཉམས་སུ་མྱོང་བ་ནི་དྲན་པ་སྟེ། འདོད་པ་ལ་སོགས་པ་བཞིན་ནོ། །གང་ཇི་སྐད་དུ་དྲན་པ་ནི་མངོན་སུམ་གྱི་འཇུག་པའི་བྱེ་བྲག་གོ་ཞེས་བརྗོད་དོ། །དེའི་ཕྱིར་དབང་པོའི་ཤེས་པ་ནི་ཕྱི་རོལ་གྱི་དོན་ལ་མངོན་སུམ་སྟེ། དབང་པོའི་འཇུག་པ་དང་བར་དུ་མ་ཆོད་པ་ཡིན་ནོ། །དྲན་བའོ་


DTG174_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དྲན་མིན་ཉམས་སུ་མ་མྱོང་ཕྱིར། །བར་མ་ཆོད་པའི་ཡིད་ནི་དབང་པོའི་འཇུག་པ་འཛིན་པར་བྱེད་པའི་དྲན་པར་རིགས་པ་མ་ཡིན་ནོ། །སྔར་ཉམས་སུ་མ་མྱོང་བའི་ཕྱིར་རོ། །ཅིག་ཅར་གཉིས་ཀ་འབྱུང་བར་འགྱུར། །ཅིག་ཅར་བ་ཡིན་ན་ཡང་དབང་པོས་ཤེས་པ་དང༌། དེ་ཉམས་སུ་མྱོང་བར་བྱེད་པའི་ཡིད་གཉིས་ཀ་བསལ་བར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ན་ནི་ཡུལ་གྱི་རྒྱུ་མཚན་ཡུལ་ཅན་ལ་ཡང་ཡོད་པར་འགྱུར་རོ། །དེ་ནི་ཚད་མའི་དབང་པོ་ཉམས་སུ་མྱོང་བའི་ཡིད་དེ་ནི་ཚད་མར་མ་བརྗོད་དེ་དེས་ནི་དེའི་གནས་སྐབས་ལ་ཞུགས་པ་པོ་ཡང་ཚད་མར་མ་བརྗོད་པའི་ཕྱིར་མྱངས་པར་འགྱུར་རོ། །རང་རིག་ཏུ་འདོད་པ་ལ་སོགས་པ་ལ་ནི་ཉེས་པ་མེད་དོ། །དྲན་པ་ཞེས་བྱ་བ་ནི་ལོང་བའི་གོམ་པ་ཉིད་དེ། དེ་ཡོད་པ་ལྟ་ན་ནི་དྲན་པ་འདི་མངོན་སུམ་འཛིན་པའི་བྱེ་བྲག་གོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་བར་མཆོད་པའི་དབང་པོའི་ཡུལ་འཛིན་ན་ནི་དྲན་པར་མི་འགྱུར་ཏེ། ཡིད་ཀྱིས་ཉམས་སུ་མ་མྱོང་བའི་ཕྱིར་རོ། །སྔར་ཡིད་ཀྱིས་ཕྱི་རོལ་གྱི་དོན་ཉམས་སུ་མྱོང་བ་ནི་མེད་དོ། །དྲན་པ་ཉམས་པའམ། དྲན་པ་ཡིན་ནའང་གཞན་མཐོང་འགྱུར། །དབང་པོའི་འཇུག་པ་ཙམ་ཞིག་མྱོང་བའི་ཕྱིར་ཉམས་སུ་མ་མྱོང་བའམ། དྲན་པ་ཉམས་པ་ཞེས་བྱ་བའིའམ་ཞེས་པའི་སྒྲ་རྣམས་རྣམ་པར་བརྟག་པའི་དོན་ཏོ། །ཇི་ལྟར་ཉམས་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་ལ་དབང་པོའི་འཇུག་པ་དང་ལྷན་ཅིག་ཏུ་སྐྱེས་པ་ཡོད་ཀྱིས་ཉམས་སུ་མྱོང་བ་འདོད་པ་ཡིན་ནོ་ཞེ་ན། གང་ཇི་སྐད་དུ་དོན་གཅིག་གིས་དབང་པོ་གཉིས་བསྐྱེད་པའི་ནུས་པ་ནི་བརྟག་པར་མི་ནུས་སོ་ཞེས་བརྗོད་པའི་ཕྱིར་དེ་ནི་ཉམས་པ་ཉིད་དོ། །ཉེས་པ་དེ་དག་ནི་ཡོད་པ་མ་ཡིན་ནོ། །དྲན་པའི་ཡིད་རྟག་ཏུ་འཛིན་པར་བསྟན་པའི་ཆེད་དུ་ལྷན་ཅིག་ཁོ་ནར་སྐྱེ་བ་བཀག་པ་ཡིན་ནོ། །ལྷན་ཅིག་པར་གྲུབ་པ་ཉིད་ལ་ཅི་ཕྱིར་རོལ་གྱི་དོན་ལ་དབང་པོ་དང་ཡིད་དག་གིས་ལྷན་ཅིག་ཏུ་འཛིན་པར་བྱེད་དམ་ཞེས་འཛིན་ལུགས་ལ་བརྒལ་ཏེ། གང་གི་ཚེ་ལ་ལར་དུས་གཅིག་ཏུ་དབང་དང་ལྡན་པའི་ཡིད་འབྱུང་ངོ་ཞེས་སྔར་བརྗོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཡང༌། དྲན་པ་ལྷག་པར་བརྗོད་ཕྱིར་ན། །རྣམ་བསལ། གལ་ཏེ་དྲན་པ་ལྷག་པར་བརྗོད་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་དོན་ལ་ཡིད་དང་ལྷན་ཅིག་


DTG174_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ་ཡིན་ན་ནི་དེ་ལྟ་ན་ཡང་གང་ཇི་སྐད་དུ་འདི་ལྟར་དབང་པོས་གཟུང་གི །རྗེས་ལ་ཡིད་ཀྱིས་འཛིན་པར་བྱེད་དེ། དེ་ལྟར་ཡིད་ཀྱིས་བཟུང་ནས་དབང་པོ་ཇི་ལྟ་བ་བཞིན་དུ་རིག་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་རྣམ་པར་བསལ་བ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་དྲན་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡིད་ཕྱི་རོལ་གྱི་དོན་ལ་དངོས་སུ་འཇུག་པ་དེ་ལྟ་ན་ཡང༌། དབང་གཞན་དོན་མེད་འགྱུར། དབང་པོ་གཞན་རྣམས་ཕྱི་རོལ་གྱི་དོན་ལ་འཇུག་པ་དོན་མེད་པར་འགྱུར་ཏེ། སྐྱེས་བུའི་དོན་ཡིད་ཀྱིས་སྒྲུབ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཡུལ་གྱི་རང་བཞིན་ངེས་པར་གཟུང་བར་མི་ནུས་པའི་ཕྱིར་གྲངས་ཅན་གྱི་མངོན་སུམ་ཚད་མ་མ་ཡིན་ནོ། །དཔྱོད་པ་རྣམས་ནི་ཡོད་པ་དང་ཡང་དག་པར་ཕྲད་ནས་སྐྱེས་པའི་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་དེ་མངོན་སུམ་མོ་ཞེས་ཟེར་རོ། །དེ་ལ། ཡོད་པའི་གསལ་བྱ་མེད་པ་སྟེ། །ཕྲད་ཅེས་པ་ལས་དེ་རིག་བྱ། །ཡང་དག་པར་ཕྲད་པ་ནི་ཡོད་པ་ཁོ་ན་དང་ཡིན་པར་ངེས་པའི་ཕྱིར་མེད་པ་བསལ་བར་བྱ་བའི་དོན་དུ་ཡོད་པ་སྨོས་པ་ནི་རིགས་པ་མ་ཡིན་ནོ། །ལན་དུ་ཕྲད་པ་བསྟན་ཞེ་ན། ཅི་སྟེ་ཡང༌། དབང་པོ་རྣམས་ཀྱིས་ནི་ཡང་དག་པར་ཕྲད་ནས་སོ་ཞེས་བརྗོད་པར་བྱ་བ་ལ་གང་གིས་སྦྱོར་ཞིང་ཡང་དག་པར་ཕྲད་པར་བྱེད་ཅེས་དོགས་ན། ལན་དུ་ཕྲད་པར་གཟུང་བར་བྱས་པ་སྟེ། དེའི་དོན་དུ་ཡོད་པ་སྨོས་སོ་ཞེ་ན། དེ་ལྟ་ན་ནི་དབང་པོའི་ཁྱད་པར་དུ་བརྗོད་ཀྱིས། དབང་པོ་ཁྱད་པར་ཅན་དུ་བྱ་བའི་དོན་དུ་སོ་སོར་སྦྱར་བ་བརྗོད་པར་རིགས་སོ། །ཅི་སྟེ་ཡང་འདིར་བདག་ལ་སོགས་པ་དང་ཡིད་ལ་སོགས་པ་དང་ཡང་སྦྱོར་ཞིང་ཕྲད་པ་བརྗོད་པར་བྱ་སྟེ། དེ་སྤྱིའི་སྒྲས་བརྗོད་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཡོད་པ་ཙམ་དང་ཕྲད་པ་རུང༌། །མ་ཡིན་མིན་ཏེ་གང་གིས་བརྗོད། །སྐྱེས་བུ་ལ་སོགས་པ་སྤྱིར་ཡོད་པ་ཙམ་དང་ཕྲད་པ་ཉིད་ནི་གྲུབ་པ་ཁོ་ན་སྟེ། དེའི་ཕྱིར་མེད་པ་ལ་ནི་མི་འཇུག་སྟེ། གང་ཡང་སྨིག་རྒྱུ་ལ་སོགས་པ་ཡོད་པ་མ་ཡིན་པ་མངོན་སུམ་ལྟར་སྣང་བ་དེ་དང་ཡང་འགའ་ཞིག་ཏུ་ཕྲད་པར་འགྱུར་རོ། །ཡུལ་ཁྱད་པར་ཅན་དང་ཉི་མའི་གདུང་བ་དང༌། འབྱུང་བའི་བྱེ་བྲག་རྣམས་ནི་ཡོད་པ་ཙམ་ཁོ་ན་སྟེ། དེ་མིག་གི་བློ་དང་ཕྲད་ནས་དོན་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བ་ལས། རིམ་གྱིས་འཁྲུལ་པའི་ཤེས་པ་འབྱུང་སྟེ།


DTG174_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་དེ་དག་དགག་པར་ཡོད་པ་སྨོས་པ་རིགས་པ་མ་ཡིན་ནོ། །ཅི་སྟེ་ཡོད་སྒྲ་དམ་པར་འདོད། །དབང་པོ་མཛེས་པར་བརྗོད་པ་ཡིན། །གང་ཡང་འདི་ལྟར་བརྟག་པར་བྱ་སྟེ། གང་དུ་དབང་པོ་གང་ཞིག་དམ་པར་གྲུབ་པ་དེ་ནི་གཞན་ལ་མི་འཇུག་སྟེ། དེས་ན་དེ་དང་ཡང་དག་པར་ཕྲད་པའམ། ཡང་ན་གང་དབང་པོ་རབ་ཏུ་མཛེས་པ་དང་ཕྲད་ནས་བརྗོད་པའོ་ཞེ་ན། དམ་པར་གྲུབ་དང་མཛེས་པ་སྟེ། །མིག་སྨན་ལ་སོགས་བཞིན་ལས་ཀྱང༌། །དེ་གྲུབ་ཅེས་བྱ་བ་ནི་ཚིག་ཁ་བསྐང་བའི་དོན་དུའོ། །རྡུལ་སོགས་པ་གཞན་གྱིས་ཀྱང་དབང་པོ་དམ་པར་སྒྲུབ་པར་བྱེད་པ་སྟེ་དོན་ཙམ་འབའ་ཞིག་ལས་ནི་མ་ཡིན་ནོ། །དབང་པོའི་རབ་ཏུ་མཛེས་པ་ཡང༌། མིག་སྨན་དང་རྐང་པ་བྱུགས་པ་ལ་སོགས་པ་ལས་ཀྱང་ཡིན་པས་དེ་དང་རབ་ཏུ་སྦྱར་བ་ཡང་མངོན་སུམ་དུ་འགྱུར་རོ། །གལ་ཏེ་དེ་དེ་ལྟར་ནི་མི་འགྱུར་ཏེ། དཔེར་ན་འགྲོ་བའི་སྒྲ་ལས་བ་ལང་མཚོན་གྱི་གཞན་ལ་འགྲོ་བའི་བྱ་བ་ཡོད་ཀྱང་མ་ཡིན་པ་དེ་བཞིན་དུ། དོན་ཁོ་ནས་དམ་པར་གྲུབ་ཅིང་མཚོན་པར་བྱེད་ཀྱི་གཞན་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་རབ་ཏུ་མཛེས་པ་ལ་ཡང་བརྗོད་པར་བྱའོ་ཞེ་ན། བརྒལ་བ་འདི་ནི་མི་བཟད་པ་སྟེ། གྲགས་ལས་དེ་ལྟར་བརྟགས་གྲངས་ན། །སྒྲ་དེ་དབང་པོའི་ཡུལ་ལ་མིན། །འགྲོ་བའི་སྒྲ་ནི་བ་ལང་ཁོ་ན་ལ་གྲག་པས་འགྲོ་བའི་སྒྲ་ལ་མཚོན་པ་སྟེ། དེ་བཞིན་དུ་དམ་པ་དང་རབ་ཏུ་མཛེས་པར་བྱ་བའི་ཕྱིར་ཡོད་པའི་སྒྲས་དབང་པོ་ལ་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡོད་པའི་སྒྲ་ལས་དེ་ལྟར་བརྟགས་པ་ཡང་རིགས་པ་མ་ཡིན་ནོ། །ཀུན་ཏུ་དོན་དང་ཕྲད་གང་ན། །གཟུགས་སྒྲ་བར་དུ་ཆོད་པ་དང༌། །ཆེན་པོའང་འཛིན་པར་མཐོང་བས་ན། །བར་དུ་མ་ཆོད་པ་ལ་གནོང༌། །འདི་ལྟར་ཐམས་ཅད་དུ་དབང་པོས་དོན་ཐོབ་པར་བྱེད་པ་ལ་ནི་རག་ན། གང་འདི་གཟུགས་དང་སྒྲ་དག་ལས་ནི་བར་དུ་ཆོད་བཞིན་པ་ལ་འཛིན་ཞིང༌། དབང་པོའི་ཚད་ལས་ལྷག་པ་ལ་ཡང་འཛིན་པར་བྱེད་དོ། །དེ་ལྟར་གཉིས་ཀར་ཡང་མི་འགྱུར་བའི་ཕྱིར་དབང་པོ་ནི་དྲི་ལ་སོགས་པ་བཞིན་དུ་བར་དུ་མ་ཆོད་པ་ན་འཛིན་པར་ནི་མ་མཐོང་ངོ༌། །བློ་ཡི་རྒྱུ་ཡི་ཚོགས་པ་རུ། །བརྗོད་པ་བོར་ནས་གང་ལས་དེ། །ཚད་མ། འགྲེལ་པ་བྱེད་མཁན་གྱིས་ནི་དོན་གཞན་འབྲས་བུར་སྨྲ་སྟེ། ཚད་མའི་འབྲས་བུ་


DTG174_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བློའི་སྐྱེ་བ་ལས་གཞན་དུ་མ་མཐོང་བ་གང་ལས་བློ་སྐྱེ་བར་གྲུབ་པ་དེ་མངོན་སུམ་མོ་ཞེས་འདོད་དོ། །དེ་ལ་བརྗོད་པ་དེ་ལ་ཡང་ཇི་ལྟ་བ་བཞིན་དུ་བརྗོད་པའི་བདག་ལ་སོགས་པ་དང་སྦྱོར་བ་དང་འདུ་བྱེད་པ་དང་བཅས་པ་དག་བོར་ནས་བློ་ལ་རྒྱུ་གཞན་ནི་མེད་ན་གང་གིས་མངོན་སུམ་ཉིད་ཀྱི་ཐ་སྙད་དུ་བྱས། ཅི་སྟེ་དོན་ཡིན་པའམ། ཅི་སྟེ་ཡང་དོན་ཁོ་ན་མངོན་སུམ་གྱི་རྒྱུའི་ཚོགས་པར་རྗོད་པར་བྱེད་པ་དེ་ལྟ་ན། བློ་ཡི་སྐྱེ་བ་ཞེས་ཅིས་བསྣན། །འདི་སྐད་དུ་ཡོད་པ་དང་ཡང་དག་པར་ཕྲད་པ་སྐྱེས་བུའི་དབང་པོ་རྣམས་མངོན་སུམ་མོ་ཞེས་བཤད་པས་ཆོག་མོད། བློ་དང་སྐྱེ་བ་བསྣན་པས་ཅི་ཞིག་བྱ། གང་ལས་བྱུང་བ་དེ་ཞེས་པ་དེ་ཡང་རྣམ་པར་བརྟགས་པ་ལས་ཡིན་ནོ། །གཞན་ཡང༌། དོན་དང་དབང་པོའི་ཡིད་སྐྱེས་བུ། །སྦྱོར་དང་འདུ་བྱེད་པ་ལས་གཞན། །མངོན་སུམ་གྱི་ནི་བློ་བསྐྱེད་པའི། །ཚོགས་པ་བརྗོད་པ་དེ་ཇི་ལྟ། །ཚོགས་པ་དེ་དག་གིས་མངོན་སུམ་དུ་སྐྱེད་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །གང་དབང་པོ་དང་དོན་དུ་ཕྲད་པར་བརྟག་པ་དེ་ནི་མ་ཡིན་ཏེ། མངོན་སུམ་ཞེས་བྱ་བ་དེ་གཉིས་ལ་གནས་པའི་ཕྱིར་རོ། །ཡང་དག་པར་འདུ་བ་ཡང་མངོན་སུམ་མ་ཡིན་པ་ཉིད་དེ། འདི་སོ་སོར་སྒྲུབ་པར་བྱེད་པའོ་ཞེས་མི་བརྟག་གོ །གལ་ཏེ་ཡང་བརྗོད་པ། བ་ལང་ཉིད་འདི་རྟ་ཉིད་འདིའོ་ཞེས་གང་ལས་ངེས་པར་འབྱུང་བ་དེ་མངོན་སུམ་མོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། གླང་ཉིད་ཡོད་སྦྱོར་ལས་དོན་ནི། །བ་གླང་ཉིད་སོགས་སུ་འཇལ་བྱེད། །དབང་པོའི་བློ་ལ་དོན་རྣམས་དང༌། །སྦྱོར་བའི་ནུས་པ་ཡོད་མ་ཡིན། །བ་ལང་ཉིད་ཙམ་ལ་ལྟ་བ་སྟེ། ཁྱོད་ཀྱི་ལུགས་ཀྱི་དབང་པོའི་བློ་ལ་དེ་ཙམ་ལས་བརྟེན་ནས་ལྟ་བའི་ནུས་པ་མེད་པར་འགྱུར་ཏེ། དེ་དག་སྦྱོར་བར་ནི་མི་བྱེད་ལ། མ་སྦྱོར་བར་བ་ལང་ལ་སོགས་པ་ངེས་པར་ཡང་མི་རིགས་སོ། །དེའི་ཕྱིར་ཁྱད་པར་དུ་བྱ་བ་དང་ཁྱད་པར་དུ་བྱེད་པ་དང་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་རྣམ་པར་རྟོག་པ་འདི་དག་ཐམས་ཅད་ཡིད་ཀྱིས་ཉེ་བར་འདོགས་པར་བྱེད་ཀྱིས་དབང་པོའི་བློ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་རང་རིག་པར་བྱ་བའི་དོན། །བསྟན་བྱ་མིན་ཚུལ་དབང་པོའི་ཡུལ། །ཆོས་དུ་མ་ཡོད་དུ་ཟིན་ཀྱང་དབང་པོའི་ཡུལ་ནི་གང་ཐུན་མོང་མ་ཡིན་པའི་བདག་ཉིད་དབང་པོ་ལ་སྣང་བ་


DTG174_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འཐོབ་པར་བྱ་བའི་ཡུལ་ཡིན་ལ། རང་གི་སྣང་བའི་ཤེས་པ་སྐྱེས་པ་དེའི་བདག་སོ་སོར་རིག་པར་བྱེད་དེ་ཤེས་པའི་རང་གི་ཆ་ཤས་བཞིན་ནོ། །དེ་ལྟ་བུ་བདག་ཉིད་ཀྱིས་བརྗོད་པར་བྱ་བ་ལ་སོགས་པ་ནི་བསྟན་པར་མི་ནུས་ཏེ། བརྗོད་པར་བྱ་བ་ལ་སོགས་པ་ནི་སྤྱིའི་ཡུལ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་སྤྱིའི་རྣམ་པའི་ཚུལ་ནས་ཀྱང་དོན་དེ་ཉིད་ཡིན་ཏེ། དབང་པོའི་ཡུལ་ཡིན་པའི་ཕྱིར་དང༌། རྣམ་པ་ཐམས་ཅད་ཀྱི་ངེས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཡང༌། དོན་མིན་ཤེས་པའང་རྣམ་ཀུན་ཏུ། །མངོན་སུམ་བློ་རུ་གནས་པར་འགྱུར། །མངོན་སུམ་གྱི་སྒྲ་ནི་གསུམ་ལ་འཇུག་སྟེ། ཚད་མ་དང༌། ཤེས་པ་དང༌། ཡུལ་རྣམས་ལའོ། །དེ་ཡང་ཚད་མ་ལ་ནི་དངོས་སུ་ཡིན་ལ་ཅིག་ཤོས་གཉིས་པོ་ལ་ནི་བརྟགས་ནས་སོ། །དེ་ལ་ཡུལ་ལ་ནི་མངོན་སུམ་གྱིས་གཞལ་བར་བྱ་བ་ཡིན་པའི་ཕྱིར་མངོན་སུམ་ཞེས་གདགས་སོ། །ཤེས་པ་དབང་པོ་ལ་བརྟེན་པ་ཚད་མ་དང་མཚུངས་པ་ཡིན་པའི་ཕྱིར་མངོན་སུམ་དུ་གདགས་པར་རིགས་པ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པའི་སྤྱིའི་རྣམ་པ་ལ་དམིགས་པའི་བློ་ནི་དབང་པོ་ལ་མི་ལྟོས་པར་ཐ་མི་དད་དུ་ཉེ་བར་བརྟག་ཅིང་འཇུག་པར་བྱེད་དེ། །དབང་པོའི་གཞན་དབང་དུ་གྱུར་པ་མ་ཡིན་ནོ་ཞེ་ན། རྣམ་པ་ཐམས་ཅད་དུ་དོན་གྱི་ཤེས་པ་གཟུགས་ལ་སོགས་པའི་ཡོན་ཏན་ཉིད་ལ་སོགས་པའི་དོན་ཡོད་པའི་ཤེས་པས་དབང་པོ་གཞན་གྱི་སྤྱོད་ཡུལ་ལ་ཡང་རྒྱུ་བར་བྱེད་ན་ནི་དབང་པོ་དུ་མ་དོན་མེད་པར་འགྱུར་རོ་ཞེས་སྔར་བརྗོད་ཟིན་ཏོ། །དེའི་ཕྱིར་ཐུན་མོང་མ་ཡིན་པའི་ཡུལ་གྱི་རང་གི་ངོ་བོ་ཉིད་དབང་པོའི་སྤྱོད་ཡུལ་ཡིན་ནོ། །དེ་ལྟར་ན་རེ་ཞིག་གང་ལས་བློ་སྐྱེས་པ་དེ་མངོན་སུམ་ཡིན་པར་ནི་མི་རིགས་སོ། །ཅི་སྟེ་བློ་ཡི་སྐྱེ་བ་འདོད། །བློའི་སྐྱེ་བ་ཉིད་ཀྱི་ཕྱི་རོལ་གྱི་དོན་ལ་མངོན་སུམ་མོ་ཞེས་ཐོས་ཏེ། དེའི་ཚེ་དོགས་པ་བསུ་ནས་ལན་བརྗོད་པ། དོན་གཞན་འབྲས་བུར་སྨྲ་བ་ཡིས། །དོན་གཞན་ཐོབ་པར་འགྱུར་མ་ཡིན། །ཇི་ལྟར་བྱས་ན་ཞེ་ན། དོན་གྱི་བློ་ཤར་འབྲས་ཡིན་ན། །དེ་ལས་གཞན་འབྲས་མེད་པས་སོ། །ལྷག་པར་རྟོགས་ཤིང་ཁོང་དུ་ཆུད་པས་ནི་འབྲས་བུ་ཡིན་ལ། ཚད་མ་ནི་བློ་ལས་གཞན་མ་ཡིན་པས་བློ་ཚད་མ་ཉིད་ལས་འབྲས་བུ་ཡོད་པ་མ་


DTG174_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བློ་ཡི་སྐྱེ་བ་གཞན་ཡིན་ནོ། །འཕྲོ་འདུ་རང་གི་རྒྱུ་ལས་ཏེ། །ཚད་མ་འཕྲོད་པ་འདུ་བ་ལས། །བྱེ་བྲག་པ་རྣམས་ཀྱི་ནི་བློ། །རང་གི་རྒྱུ་ལས་སྐྱེས་པའི་འབྲས་བུའི་ཆོས་འཕྲོད་པ་འདུ་བ་དང་ཡོད་པ་ལ་སོགས་པ་ཡིན་ལ་གལ་ཏེ་འཕྲོད་པ་འདུ་བ་དེ་ལས་དབང་པོའི་བློ་སྐྱེ་བར་འདོད་ན་ནི་འཕྲོད་པ་འདུ་བ་མངོན་སུམ་དུ་འགྱུར་ལ། དེ་ནི་རྟག་པ་ཡིན་པའི་ཕྱིར་འགའ་ཞིག་ཏུ་ཡང་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་གཉིས་ཀའི་ལྟར་ཡང་ཚད་མ་དེ་སྦྱར་བར་མི་བྱའོ། །ཅི་སྟེ་གཞན་མིན་འདི་དོན་མེད། གལ་ཏེ་བློ་དང་སྐྱེ་བ་གཞན་ཉིད་མ་ཡིན་ན་ནི་དེ་ལྟར་ན་བློ་ཉིད་མངོན་སུམ་སྟེ། དེ་བས་ན་སྐྱེ་བ་སྨོས་པ་དོན་མེད་པར་འགྱུར་རོ། །སྐྱེས་བུ་རྣམ་པར་གྱུར་ནས་བློ། །བསྐྱེད་ན་མི་རྟག་པ་རུ་འགྱུར། །གལ་ཏེ་བློ་བསྐྱེད་པར་བྱ་བའི་ཕྱིར་སྐྱེས་བུ་སྔར་གྱི་གནས་སྐབས་ལས་རྣམ་པར་འགྱུར་ཏེ་གཞལ་བྱ་ལ་འཇུག་པར་བྱེད་དོ་ཞེས་བརྗོད་ན་ནི་དེ་ལྟར་ན་སྐྱེས་བུ་མི་རྟག་པར་འགྱུར་བའི་ཕྱིར་མི་འདོད་པ་ཐོབ་པར་འགྱུར་རོ། །ཅི་སྟེ་བདག་དེ་མི་འགྱུར་ན། །དེ་ལ་ཚད་མ་ཞེས་མི་སྦྱར། །སྐྱེས་བུ་ལ་འགྱུར་བ་མེད་ན་ནི་ཚད་མ་མ་ཡིན་པའི་གནས་སྐབས་དང་འདི་ལ་ཁྱད་པར་མེད་པའི་ཕྱིར་དེ་ལས་སྐྱེས་པའི་བློ་ཚད་མར་བྱེད་པ་ནི་མི་འཐད་པ་ཉིད་དོ། །དེ་ལྟར་ན་གཞན་དག་གིས་འདོད་པའི་མངོན་སུམ་ནི་བསྒྲུབ་པར་དཀའོ། །ཚད་མ་ཀུན་ལས་བཏུས་པ་ལས་མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།རྗེས་དཔག་རྣམ་གཉིས་ཏེ། རང་གི་དོན་དང༌། གཞན་གྱི་དོན་ནོ། །དེ་ལྟར་རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །འཆད་པར་འགྱུར་བའི་མཚན་ཉིད་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བའི་དོན་མཐོང་བ་དེ་ནི་རང་གི་དོན་རྗེས་སུ་དཔག་གོ །འདི་ཡང་འབྲས་བུ་སྔར་བཞིན་ཏེ། ཇི་ལྟར་མངོན་སུམ་ལས་རྟོག་པ་གཉིས་ཉིད་ལས་འབྲས་བུར་བརྗོད་པ་དེ་བཞིན་དུ་འདི་ལ་ཡང་གལ་ཏེ་གཉིས་ཀ་ཡང་རྟོག་པའི་མཚན་ཉིད་ཅན་ཡིན་ན་འདི་གཉིས་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། ཡུལ་དང་ནི། ངོ་བོ་མཚུངས་མིན་དེ་གཉིས་ཀྱི། །མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀྱི་ཡུལ་ནི་ཐ་དད་པ་སྟེ། དེའི་རྣམ་པ་དང་བྱེ་བྲག་གི་སྒོ་ནས་སོ། །རང་གི་ངོ་བོ་ཡང་ཐ་དད་པ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་རྗེས་སུ་


DTG174_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ཁོ་ན་གཉིས་སུ་དབྱེ་ཞེ་ན། འདིའི་ཕྱིར་ཏེ། རང་གི་མཚན་ཉིད་བསྟན་བྱ་ཡིན། གཟུང་ཐ་དད་ཕྱིར། །མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་རང་གི་ངོ་བོ་བཞིན་དུ་གཟུང་བར་བྱ་བ་ཡང་ཐ་དད་པ་ཡིན་ནོ། །གལ་ཏེ་མངོན་སུམ་གྱི་དོན་ལ་ཐ་སྙད་དུ་བྱེད་ན་སྒྲ་དེ་གཉིས་ཀྱི་སྒོ་ནས་རྗེས་སུ་དཔག་པར་འགྱུར་རོ། །གལ་ཏེ་ལ་ལར་མངོན་སུམ་གྱི་དོན་ལ་རྗེས་སུ་དཔག་པ་འཇུག་པ་མཐོང་སྟེ། དཔེར་ན་གཟུགས་ལས་རེག་བྱ་བཞིན་ནོ་ཞེ་ན། དེ་ལྟ་ན་ནི་མཐོང་ན་དོན་དེ་ལ་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཞུགས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། དེ་ལས་གཞན། དེ་ལས་གཞན་ཞེས་བྱ་བ་ནི། སྔོན་མཐོང་བ་ཞུགས་པའི་རྒྱུ་ལས་རེག་བྱ་རྗེས་སུ་དཔོག་པ་སྟེ། འདི་ལྟར་གཟུགས་དེ་ཉིད་མངོན་སུམ་གྱི་རྣམ་པ་དང་བྲལ་ནས་གཟུགས་ཀྱི་སྤྱི་ལ་རེག་བྱའི་སྤྱིའི་རྗེས་སུ་དཔོག་པ་ཡིན་ནོ། །མངོན་སུམ་དུ་བྱས་པའི་རེག་པར་བྱ་བའི་བྱེ་བྲག་ནི་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་ཚད་མ་གཉིས་ཀྱི་སྤྱོད་ཡུལ་གཅིག་པར་གྱུར་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ལྟར་མཐོང་བ་ལ་སོགས་པ་ལ་མཐོང་བ་ལ་སོགས་པའི་ཐ་སྙད་དུ་བྱེད་པའི་ཕྱིར་ཇི་ལྟར་མངོན་སུམ་བསྟན་པར་བྱ་བ་ཡིན་ཞེ་ན། འདི་ལ་འགལ་བ་ཡོད་པ་མ་ཡིན་ཏེ། དེར་ཡང༌། མཐོང་སོགས་ཉིད་སྒོ་ནས་བསྟན་པ། །རང་གི་ངོ་བོ་བརྗོད་པ་ཡིན། །མཐོང་ངོ༌། །ཐོས་སོ། །ཤེས་སོ་ཞེས་བྱ་བའི་རྒྱུ་མཚན་གྱི་སྒྲའི་སྒོ་ནས་དོན་དེ་རྣམས་བརྗོད་པ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་ནི་མ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པས་མཐོང་བར་འགྱུར་བའི་དོན་ལ་ཡིད་ཀྱི་རྣམ་པར་ཤེས་པས་སྔོན་པོ་ཇི་ལྟ་བར་ཤེས་སོ། །འདི་སྔོན་པོའོ་ཞེས་རྗོད་པར་བྱེད་དོ། །དེར་ཡང༌། མིང་ལས་ཤེས་ཕྱིར་རྣམ་པ་གཞན། །བསྟན་བྱ་ཡིད་ཀྱི་རྣམ་པ་གཉིས། །གང་གི་ཕྱིར་མིག་གི་རྣམ་པར་ཤེས་པས་སྔོན་པོ་མ་ཡིན་པ་ལས་ལོག་པའི་དོན་ཉམས་སུ་མྱོང་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཐོབ་པར་ནུས་སོ་ཞེས་ཐ་སྙད་དུ་བྱེད་པ་ལ་ཡིད་ཀྱི་རྣམ་པ་གཉིས་པོ་ཞེས་བརྗོད་དོ། །རང་གི་མཚན་ཉིད་བསྟན་བྱ་མིན། །ཞེས་བྱས་པས་ན་རྟོགས་པར་བྱ་བའི་དོན་གྱི་བདག་ཉིད་མངོན་སུམ་གྱི་ཡུལ་ཡིན་ཞིང་སྤྱི་རྗེས་སུ་དཔག་པའི་ཡུལ་ཉིད་དུ་མངོན་པར་བརྗོད་པས་མངོན་པར་བརྗོད་


DTG174_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གལ་ཏེ་འདི་ལྟར་རྗེས་དཔག་ཐམས་ཅད་སྤྱིའི་ཡུལ་ཅན་ནོ་ཞེས་ནི་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྤྱི་མ་ཡིན་ལའང་མཐོང་བའི་ཕྱིར། །སྤྱི་མ་ཡིན་ལའང་ཞེས་བྱ་བ་ནི་མཐོང་བའི་རླུང་ལ་སོགས་པའི་རང་བཞིན་རེག་བྱ་ལ་སོགས་པས་རྗེས་སུ་དཔོག་པའོ། །དེ་སྐད་དུ་ཡང་རེག་བྱ་ནི་རེག་བྱ་མཐོང་བ་རྣམས་ཀྱི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བརྗོད་དོ་ཞེ་ན། དེ་མིན་མཚོན་བྱ་སྤྱི་ཡིན་ཕྱིར། །རླུང་ལ་སོགས་པ་དེ་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། གང་གི་ཕྱིར་རེག་བྱ་ལ་སོགས་པའི་ཡོན་ཏན་ཉིད་ཀྱི་རྟེན་ཉིད་ཀྱི་ཕྱིར་མཚོན་པའི་ཕྱིར་རམ། ཡང་ན་རླུང་ལ་སོགས་པའི་རང་བཞིན་ཁྱད་པར་ཅན་དུ་རྗེས་སུ་དཔག་པ་ནི་མ་ཡིན་གྱི། གང་གི་ཕྱིར་རྫས་ཉིད་ཙམ་གྱི་སྤྱི་དེ་ལ་རེག་བྱ་ལ་སོགས་པ་རྣམས་ཀྱི་རྟེན་རྫས་ཉིད་དུ་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཀུན་གྱི་རྗེས་ཐོགས་ལས། །གྲུབ་སྟེ་འདི་ལྟར་ཀུན་གྱི་རྗེས་ཐོགས་ལས་རླུང་ལ་སོགས་པའི་རང་བཞིན་རྗེས་སུ་དཔག་པར་གྲུབ་པའོ། །དེ་སྐད་དུ་ཡང་རེག་བྱ་ནི་མཐོང་བ་རྣམས་ཀྱི་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ་ཞ་ན། མ་ཡིན་ཏེ། དེ་ཡོད་པར་མ་གྲུབ་པའི་ཕྱིར་དང༌། ལྡོག་པ་ཡང་མཚུངས་པའི་ཕྱིར་རོ། །རླུང་ལ་སོགས་པ་ཡོད་པར་གྲུབ་ན་ནི་མི་ལྡོག་པ་ཡང་སྲིད་དེ། ཡོན་ཏན་གྱི་བྱེ་བྲག་དང་འབྲེལ་པ་ལས་ཡོན་ཏན་གྱི་སྤྱི་བོར་ནས་ཡོན་ཏན་གྱི་བྱེ་བྲག་གིས་རྫས་ཀྱི་བྱེ་བྲག་རྗེས་སུ་དཔོག་པར་བྱེད་ལ། རེག་ན་ཡོད་པར་ནི་གྲུབ་པ་མེད་དོ། །ས་ལ་སོགས་པ་ལས་ལོག་པ་དང་ཡང་མཚུངས་པར་འགྱུར་ཏེ། ཡོན་ཏན་གྱི་བྱེ་བྲག་མ་མཐོང་ཞིང་མ་མཐོང་བ་ཙམ་གྱིས་མཐོང་བ་ལས་ལོག་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། མཐོང་བ་ལུས་ཅན་ཐོགས་པ་དང་བཅས་པ་ཙམ་ལས། ཡིད་ཀྱི་ཡོན་ཏན་རྗེས་སུ་དཔོག་པའི་ཕྱིར་རེག་བྱ་ལྡོག་པར་གྲུབ་པ་མ་ཡིན་ནོ། །གང་གི་ཕྱིར་མཐོང་བ་རྣམས་ལས་མཐོང་བའི་ཕྱིར་དང༌། མ་མཐོང་བ་རྣམས་ལས་མ་མཐོང་བའི་ཕྱིར་རེག་བྱ་ནི་མཐོང་བ་རྣམས་ཁོ་ནའོ། །དེ་རྣམས་ནི་དུ་མ་ཡིན་པའི་ཕྱིར་འདི་གང་གི་ཡིན་ཞེས་ཐེ་ཚོམ་དུ་ནི་འགྱུར་རོ། །དེའི་ཕྱིར་ཐམས་ཅད་བཀག་ནས་རླུང་རྗེས་སུ་དཔོག་པ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང༌། ཡིད་ཆེས་ཚིག་གི་སྒྲུབ་བྱེད་ཀྱིས། །


DTG174_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་ལ་འགེགས་པར་བྱེད། །འདིས་ཀྱང་སྟེ། གང་འདི་རྫས་ཀྱི་སྤྱི་རྗེས་སུ་དཔག་ནས་དེ་ལ་ཡོད་པར་རྗེས་སུ་དཔོག་པ་བོར་ནས། ཡིད་ཆེས་པའི་ཚིག་གི་ཚད་མས་རྫས་གཞན་ལ་ཡོད་པ་བཀག་ནས་རླུང་ལ་ཡོད་པ་སྒྲུབ་པར་བྱེད་པས་ན་ཡང་དེ་ཉིད་ཀྱིའོ། །དེ་བཞིན་དུ་གཞན་རྣམས་ཀྱི་ཡང་ཡིན་ནོ། །དེའི་ཕྱིར་རླུང་ལ་སོགས་པ་ལུང་ལས་གྲུབ་པ་ཙམ་དུ་ནི་འགྱུར་རོ། །གལ་ཏེ་ཐ་མི་དད་དུ་གྲུབ་ཅེ་ན། འདི་ལྟར་ལུང་དང་རྗེས་སུ་དཔག་པ་དག་གིས་ཐ་མི་དད་དུ་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི། མ་ཡིན་ཐ་དད་ཀྱང་སྲིད་ཕྱིར། །རབ་ཏུ་གྲགས་པའི་དབང་གིས་དཔེ་ནི་བསྟན་པར་མི་བྱའོ་ཞེས་ཁ་ཅིག་གིས་རྗེས་སུ་དཔག་པ་ལས་སྒྲ་ཐ་དད་དུ་འབྱེད་པར་བྱེད་དོ། །དེ་ལྟར་གྲགས་པའི་ཕྱིར་དཔེ་བསྟན་པར་མི་བྱ་བ་ཡིན་ན་ནི་དཔེར་ན་དུད་པ་ལས་མེ་རྗེས་སུ་དཔོག་པ་ལྟ་བུ་དེར་དོན་ཡོད་པའི་རྗེས་སུ་དཔོག་པ་ཡང་སྒྲར་ཐལ་བར་འགྱུར་རོ། །གཞན་དག་ནི་དོན་གྱི་སྒྲ་ལ་ཐ་མི་དད་ཀྱི། སྒྲས་ཉེ་བར་བརྟགས་པ་སྟེ་དོན་དེ་ཉིད་རྗེས་སུ་དཔོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་སྒྲས་ཐ་མི་དད་དུ་ཉེ་བར་བརྟགས་པ་ལས་དོན་རྗེས་སུ་དཔོག་གོ་ཞེས་ཇི་ལྟར་བརྗོད་པར་བྱ། ཤིང་གི་སྒྲའི་བརྗོད་བྱའི་དོན་གཞན་མ་ཡིན་པས་རྫས་ཀྱི་སྒྲས་དོན་དེ་ཉིད་གོ་རུ་ཟིན་ཀྱང་ཚུལ་གཞན་གྱི་སྒོ་ནས་རྫས་གཞན་མ་ཡིན་པ་ལས་བཟློག་པ་གོ་བ་ཡིན་ནོ། །གལ་ཏེ་ཤིང་གི་སྒྲས་རྫས་མ་ཡིན་པ་ལས་ལོག་པ་གོ་བར་བྱེད་དུ་ཟིན་མོད་ཀྱིས་ཀྱང་དོན་ལས་ཡིན་གྱི་སྒྲ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་སྐྱོན་མེད་དེ་ཞེ་ན། སྐྱོན་དུ་ནི་མི་འགྱུར་ལ་རག་ལ། ཤིང་ལ་སོགས་པའི་ཚིག་ལས་གཞན་པའི་སྒྲ་ཉིད་ཚད་མར་བརྗོད་པར་བྱ་སྟེ། བྱ་བ་བརྗོད་པའི་སྒྲས་ཀྱང་དོན་གྱི་ཚུལ་དེ་ཉིད་གོ་བར་བྱེད་དོ། །གང་དག་ངག་ཁོ་ན་སྒྲ་ཡིན་ཏེ། ཚིག་ནི་དེ་རྟོག་པར་བྱེད་པའི་རྒྱུ་མ་ཡིན་ལ། སྒྲ་དེའི་ངོ་བོ་ཙམ་ལས་དོན་རྟོགས་པའི་ཕྱིར་རོ་ཞེས་ཁྱད་པར་ཅན་གཞན་ཙམ་ཉེ་བར་བླངས་ནས་རྗེས་སུ་དཔག་པ་ལས་སྒྲ་ཐ་དད་དུ་བརྗོད་ཅེས་བརྗོད་དོ། །དེ་ལ་བསམ་པ་ནི་སྒྲ་དང་བྲལ་བའི་རྟགས་དེ་རྗེས་སུ་དཔག་པར་བརྗོད་པ་ཡིན་ནོ། །སྒྲ་ཡང་ཡུལ་ཐུན་མོང་མ་ཡིན་པ་དང་འབྲེལ་བ་ཡོད་པ་མ་ཡིན་པས་


DTG174_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་ཀ་རྗེས་སུ་དཔག་པ་བརྟག་པར་བྱ་སྟེ། མཐོང་བའི་དོན་དང་མ་མཐོང་བའི་དོན་ནོ། །དེ་ལ་མཐོང་བའི་དོན་ལ་ནི་མི་གསལ་བར་བྱེད་པའོ། །མ་མཐོང་བའི་དོན་ལ་ནི་རྣམ་པར་རྟོག་པ་ཙམ་འབའ་ཞིག་སྟེ། དོན་གྱི་བྱེ་བྲག་རྟོག་པར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་མཐོ་རིས་ལ་སོགས་པའི་སྒྲས་དོན་ཙམ་བརྗོད་པ་ནི་མ་ཡིན་ན་ཇི་ལྟར་རྗེས་སུ་དཔག་པ་ཉིད་དུ་འགྱུར་ཞེ་ན། ཡིད་ཆེས་ཚིག་ཀྱང་མི་སླུ་བར། །མཚུངས་ཕྱིར་རྗེས་སུ་དཔག་པ་ཉིད། །ཡིད་ཆེས་པའི་ཚིག་ཉིད་བཟུང་ནས་ཀྱང་མི་བསླུ་བར་མཚུངས་པའི་ཕྱིར་དེ་ཡང་རྗེས་སུ་དཔག་པ་ཉིད་དུ་བརྗོད་དོ། །དེ་སྐད་དུ་ཡང༌། མིང་གི་ལས་རྣམས་ཀྱི་དོན་དུ་མངོན་སུམ་སོང་བའི་ཕྱིར་རོ་ཞེས་འབྱུང་ངོ༌། །དེ་དག་གིས་ནི་ཕྱོགས་དང་གཙོ་བོ་ལ་སོགས་པའི་རང་བཞིན་ལ་ཡང་རྗེས་སུ་དཔག་པ་དགག་པར་བྱའོ། །དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ནི་རང་གི་མཚན་ཉིད་མ་ཡིན་ནོ། །ཚུལ་གསུམ་པའི་རྟགས་ཞེས་གང་བརྗོད་པ་དེ་བརྗོད་པར་བྱ་སྟེ། རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ། །དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་གི་རྗེས་ལ་དེའི་རིགས་དང་མཐུན་པ་ལ་ཡང་སྤྱིའི་ཚུལ་གྱིས་ཕྱོགས་ཐམས་ཅད་དམ་ཕྱོགས་གཅིག་ལ་ཡོད་པར་གྲུབ་པའོ། །ཅིའི་ཕྱིར་ཞེ་ན། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་གཟུང་བའི་ཕྱིར་རོ། །དེ་དང་མཐུན་པ་ལ་ཡོད་པ་ཁོ་ནའོ་ཞེས་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ། །མེད་པ་ཉིད་ལས་མེད་པ་ཞེས་པས་ནི་སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཉིད་ཡིན་གྱི་གཞན་ལ་ཡང་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་པའི་དོན་ནོ། །བསྒྲུབ་པར་བྱ་བའི་རིགས་དང་མཐུན་པ་ལ་ཡོད་པ་དང་མེད་པ་ལ་མེད་པ་ཉིད་དོ་ཞེས་བྱ་བ་དེ་དག་གིས་ནི་གང་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་རྟོགས་སོ་ཞེས་བསྟན་པ་ཡིན་ནོ། །ཅི་སྟེ་ཤེས་པར་བྱ་བ་ཡིན་ནོ་ཞེ་ན་སྨོས་པར་བྱ་བ་མ་ཡིན་ཏེ་གང་གི་ཕྱིར། འདི་རུ་ཤེས་པའང་ཐོབ་པ་ཉིད། །མ་བརྗོད་པ་དེ་ཇི་ལྟར་ཐོབ་ཅེ་ན། ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར། །འདིར་གཏན་ཚིགས་ནི་ཤེས་པར་བྱེད་པའི་དབང་དུ་བྱས་


DTG174_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་ཡང་རྟོག་པ་པོ་རང་གི་བདག་ཉིད་ལ་ལྟོས་ནས་རྟོགས་པར་བྱེད་པའི་རྒྱུ་ཡིན་གྱི། བྱེད་པ་པོ་བཞིན་དུ་ལྟོས་པ་མ་ཡིན་པའི་ཕྱིར་ཚུལ་གསུམ་གྲུབ་ན་རྟགས་སུ་བརྗོད་པ་ཡིན་ནོ། །ཚུལ་རེ་རེ་དང་གཉིས་གཉིས་པ། །རྟགས་དོན་མིན་པར་དོན་གྱིས་བྱས། །དེ་ལ་ཚུལ་རེ་རེ་བ་ནི་གང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་དོ། །དེ་དང་མཐུན་པ་ལ་ནི་མེད། །དེ་མེད་པ་ལ་ནི་མེད་པ་མ་ཡིན་པ་དང༌། དེ་དང་མཐུན་པ་ལ་ཡོད། རྗེས་སུ་དཔག་པར་བྱ་བ་ལ་ནི་མེད། དེ་མེད་པ་ལ་ནི་སེམས་མེད་པ་མ་ཡིན་པ་དང༌། དེ་མེད་པ་ལ་མེད། རྗེས་སུ་དཔག་པར་བྱ་བ་ལ་ཡང་མེད། དེ་དང་མཐུན་པ་ལ་ཡང་མེད་པའོ། །ཚུལ་གཉིས་པ་ནི་འདི་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད། དེ་དང་མཐུན་པ་ལ་ཡང་ཡོད། དེ་མེད་པ་ལ་ཡང་མེད་པ་མ་ཡིན་པ་དང༌། རྗེས་སུ་དཔག་པར་བྱ་བ་ལ་ཡོད་དོ། །དེ་མེད་པ་ལ་མེད། དེ་དང་མཐུན་པ་ལ་ཡང་ཡོད་པ་མ་ཡིན་པ་དང༌། དེ་དང་མཐུན་པ་ལ་ཡོད། དེ་མེད་པ་ལ་མེད། རྗེས་སུ་དཔག་པར་བྱ་བ་ལ་ཡང་མེད་པའོ་ཞེས་བྱ་བ་དེ་དག་གིས་ནི་རྟགས་ལྟར་སྣང་བ་རྣམ་པ་དྲུག་ཏུ་བསྒྲུབས་པར་དོན་གྱིས་གོ་བར་རིག་པར་བྱའོ། །དཔེར་ན། སྒྲ་རྟག་བྱས་པའི་ཕྱིར་ལུས་ཅན། །ཕྱིར་དང་གཞལ་བྱ་མིན་ཕྱིར་རོ། །ལུས་ཅན་མིན་ཕྱིར་མ་ཉན་བྱའི་ཕྱིར། །མིག་གིས་གཟུང་བའི་ཕྱིར་མི་རྟག །ཅེས་པ་ལྟ་བུའོ། །འདི་ལ། ཁ་ཅིག་གཏན་ཚིགས་མི་འཁྲུལ་པས། །ཆོས་གཞན་དཔག་པར་བྱ་བར་འདོད། །ཁ་ཅིག་ནི་གང་གི་ཕྱིར་མེ་དང་དུད་པ་ནི་ལྷན་ཅིག་རྒྱུ་བ་མཐོང་གི་མེ་དང་ལྷན་ཅིག་པའི་ས་ཕྱོགས་དང་ནི་མ་ཡིན་ནོ། །དེའི་ཕྱིར་མེ་ཁོ་ན་དུད་པས་རྗེས་སུ་དཔག་པར་བྱ་བའོ་ཞེས་ཟེར་རོ། །ཆོས་དང་ཆོས་ཅན་དག་གྲུབ་ཕྱིར། །འབྲེལ་པ་དཔག་བྱར་ཁ་ཅིག་འདོད། །གཞན་དག་ན་རེ་གང་གི་ཕྱིར་མེ་དང་ས་ཕྱོགས་དག་ནི་འཇིག་རྟེན་པ་ལ་གྲུབ་པ་ཉིད་དེ། དེའི་ཕྱིར་མེ་དང་ས་ཕྱོགས་དག་ནི་མ་ཡིན་གྱི་འབྲེལ་པ་དེ་དུད་པས་རྗེས་སུ་དཔག་པར་བྱའོ་ཞེས་ཟེར་རོ། །རེ་ཞིག་དེ་སྔ་མ་ལ་ལན་བརྗོད་པ། །ཆོས་ལ་གཏན་ཚིགས་གྲུབ་ན་ནི། །དེ་ཡིས་དེ་ལས་གཞན་ཅི་དཔག །གལ་ཏེ་ཆོས་གཞན་མེ་ལ་གཏན་ཚིགས་དུད་པ་དམིགས་པ་ཉིད་ཡིན་པ་ལྟ་


DTG174_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་དུད་པས་ཅི་ཞིག་རྗེས་སུ་དཔག་པར་བྱ། དོན་གང་མེ་དང་དུད་པ་དག་གིས་འབྲེལ་པ་དྲན་པར་བྱེད་དོ་ཞེ་ན། དེ་ལྟར་ཆོས་ཅན་དེ་ཉིད་ལ། །དཔག་བྱར་ཅི་ཡི་ཕྱིར་མི་འདོད། །གལ་ཏེ་མེ་དང་འབྲེལ་པའི་ས་ཕྱོགས་སུ་དུད་པ་དམིགས་པ་ལས་རྗེས་སུ་དཔག་པར་བྱ་བ་ལྟ་ན་མེ་དང་ལྡན་པའི་ས་ཕྱོགས་དེ་ཉིད་རྗེས་སུ་དཔག་པར་བྱའོ་ཞེས་ཅིའི་ཕྱིར་མི་འདོད། དེར་མེ་ཡོད་པར་མི་རྟོགས་པ་ནི་མ་ཡིན་ནོ། །གང་དག་འབྲེལ་པ་དཔག་པར་བྱའོ་ཞེས་ཟེར་བདེ་ལ་བརྗོད་པ་དང༌། འབྲེལ་པའང་གཉིས་ནི་ཡོད་མ་ཡིན། །གང་ན་དུད་པ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་འདི་ལྟར་ཐ་སྙད་བྱེད་ཀྱི་མེའམ་དུད་པའི་འབྲེལ་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །གཞན་ཡང༌། དེ་བཞིན་དྲུག་པའི་སྒྲ་རུ་འགྱུར། །འབྲེལ་པ་རྗེས་སུ་དཔག་པར་བྱ་བ་བྱེད་པའི་ལྟ་ན་འབྲེལ་པ་ཅན་གྱི་མེས་མེ་འདི་འབྲེལ་པ་ཞེས་དྲུག་པའི་སྒྲ་ཐོབ་པར་འགྱུར་གྱི། འདི་ན་ནི་མེའོ་ཞེས་ནི་མ་ཡིན་ནོ། །གང་གི་ཕྱིར་འབྲེལ་པ་ནི་མེ་འདི་ལའོ་ཞེས་དང་པོའི་སྒྲས་བརྗོད་དོ། །རང་གི་ཆོས་ཀྱི་འབྲེལ་པར་ནི། །བརྗོད་པར་མི་བྱའོ། །གཞན་མ་བརྗོད་པ་ནི་དེ་ལྟར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། འོན་ཀྱང༌། དོན་སྨོས་ཕྱིར། མེ་འདི་ལ་ཞེས་སྨྲས་པའི་དོན་དང་འབྲེལ་པར་བརྗོད་པར་འགྱུར་བའི་ཡིན་ནོ་ཞེ་ན། སྔར་བརྗོད་པའི་འཐད་པས་དེ་ནི་དུད་པས་རྗེས་སུ་དཔག་པར་བྱ་བ་མ་ཡིན་པའི་ཕྱིར། །གཏན་ཚིགས་འདི་དང་འབྲེལ་པ་མིན། །གང་གི་ཕྱིར་དུད་པ་ལས་མ་གཏོགས་པ་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་ནི་བསྟན་པར་བྱ་བ་མ་ཡིན་ཏེ། འདི་ལྟར་མེ་ཉིད་ལའོ། །ཉེས་པ་དེ་དག་ནི་མེད་དེ། གང་གི་ཕྱིར་མེ་དུད་པ་དང་ལྡན་པའི་ས་ཕྱོགས་དང་མེད་ན་མི་འབྱུང་བའི་འབྲེལ་པ་བསྟན་པར་བྱ་བ་མ་ཡིན་ཡང་དེ་རྗེས་སུ་དཔག་བྱར་བྱེད་པ་དེ་བཞིན་དུ་འབྲེལ་བ་ལ་ཡང་འགྱུར་རོ་ཞེ་ན། རྣམ་གཞག་དེ་ནི་སྤང་བ་སྟེ། ཅིའི་ཕྱིར་ཞེ་ན། རྟགས་ཀྱི་འཁྲུལ་བ་མེད་པ་ནི། །ཆོས་ལས་གཞན་དུ་སྟོན་པར་བྱེད། །དེར་གྲུབ་དེ་དང་ལྡན་པ་ཡི། །ཆོས་ཅན་གོ་བར་བྱ་བ་ཡིན། །གང་མེ་དང་དུད་པ་མེད་ན་མི་འབྱུང་བའི་འབྲེལ་པ་དེ་གཞན་དུ་བསྟན་པར་བྱས་ནས་ཡུལ་གཞན་དུ་དུད་པ་དེ་འབའ་ཞིག་ཙམ་མཐོང་ཡང་གང་ན་དུད་པ་ཡོད་པ་དེ་ན་མེ་ཡོད་


DTG174_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །མེ་དང་ལྡན་པར་གྲུབ་པ་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ས་ཕྱོགས་གཞན་དུ་བསྒྲུབ་བྱ་དང་དུད་པ་མེད་ན་མི་འབྱུང་བ་བྱེ་བྲག་ཏུ་བསྟན་པར་མི་ནུས་སོ། །གཞི་ཐུན་མོང་བ་ཉིད་དུ་བསྟན་པ་སྟེ་གང་ན་དུད་པ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བསྟན་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་ཆོས་ལས་གཞན་དུ་མི་འཁྲུལ་པར་བསྟན་པ་དེ་ལྟར་འཐད་པ་ཡིན་གྱི། ཆོས་ཙམ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ལ་འབྲེལ་པ་ཡང་མ་ཡིན་ནོ། །རྟགས་ཀྱི་རྗེས་སུ་བསྟན་བྱ་བའི། །ཆོས་ལ་དཔྱད་པ་གཞན་ཡང་འཇུག །རྟགས་དང་ཆོས་དང་ཆོས་ལ་མི་འཁྲུལ་པ་ཡོད་པ་ཡིན་པ་བསྟན་པར་བྱ་སྟེ། དེ་དང་ལྡན་པའི་ཆོས་ཅན་དུ་གྲུབ་པ་དེའི། ཆོས་དོན་དུ་མ་གཏན་ཚིགས་ཀྱིས། །རྣམ་པ་ཐམས་ཅད་དུ་རྟོགས་མིན། །གང་དང་འབྲེལ་པ་ཡོངས་བཅད་ནས། །ཆོས་གཞན་དང་བྲལ་ཐོབ་པར་བྱེད། །དཔེར་ན་མེ་ལ་འབར་བ་དང་རྣོ་བ་ལ་སོགས་པ་དུ་མ་ཡོད་ཀྱང་དུད་པས་བྱེ་བྲག་དེ་གོ་བར་མི་བྱེད་དེ་འཁྲུལ་པའི་ཕྱིར་རོ། །གང་དང་རྗེས་སུ་འབྲེལ་པ་དེ་ལས་གཞན་པ་ནི་མེ་མ་ཡིན་ཏེ། རྫས་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་དེ་དག་གིས་རྫས་མ་ཡིན་པ་ལ་སོགས་པ་ལས་ལོག་པ་ཙམ་འབའ་ཞིག་ཐོབ་པར་བྱེད་པ་སྟེ། དཔེར་ན་མེས་མེ་ཡིན་པ་ལས་ལོག་པའི་རང་དང་འབྲེལ་པ་ཙམ་ཐོབ་པར་བྱེད་པ་དེ་བཞིན་དུ་འདི་ཡང་མེ་མ་ཡིན་པ་ཐམས་ཅད་ལ་མ་མཐོང་བ་ཉིད་གཞན་ལ་ནི་མཐོང་བ་ཡིན་ནོ། །ཡོན་ཏན་དྲི་དང་དྲི་བསུང་སོགས། །དེ་ཡི་བྱེ་བྲག་གི་རིམ་པས། །རྫས་མིན་ལ་སོགས་རྣམ་བཅད་ནས། །ཨུཏྤལ་སོགས་རེ་རེ་རྟོགས། །དེ་ལ་ཡོན་ཏན་ཉིད་ཀྱིས་རྫས་མ་ཡིན་པ་ལས་ལོག་པ་དང༌། དྲི་ཉིད་ཀྱིས་སའི་རྫས་མ་ཡིན་པ་ལས་ལོག་པ་དང༌། དྲི་བསུང་བ་ཉིད་ཀྱིས་དྲི་ང་བའི་སྤྱི་ལས་ལོག་པ་དང༌། དྲི་བསུང་བའི་བྱེ་བྲག་གིས་ཨུཏྤལ་མ་ཡིན་པ་ལ་སོགས་པ་ལས་ལོག་པ་རེ་རེ་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི། གལ་ཏེ་མཐོང་བ་བཞིན་གཏན་ཚིགས། །སྒྲུབ་པའི་སྒོ་ནས་འཇུག་པ་ནི། །ཐམས་ཅད་རྟོགས་པར་མི་འགྱུར་རམ། །ཡང་ན་ཐམས་ཅད་རྟོགས་པར་འགྱུར། །གལ་ཏེ་ཡང་དཔེར་ན་མེ་ལ་དུད་པ་མཐོང་བ་བཞིན་དུ་ཕྱིས་ཀྱི་ཚེ་ཡང་འཇུག་པར་བྱེད་ན་ནི་ནམ་ཡང་རྟོགས་


DTG174_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཏེ། དཔེར་ན་མེ་མཐའ་དག་ལ་མ་མཐོང་བ་བཞིན་དུ་མི་འདི་ཡང་མི་རྟོགས་པར་འགྱུར་རོ། །གལ་ཏེ་ཇི་ལྟར་མཐོང་བ་བཞིན་དུ་རྟོགས་པར་བྱེད་ན་ནི་གསལ་བ་དང་རྣོ་བ་ལ་སོགས་པའི་བྱེ་བྲག་རྣམས་ཀྱང་རྟོགས་པར་འགྱུར་རོ། །གལ་ཏེ་མེ་མ་ཡིན་པ་རྣམ་པར་བཀག་སྟེ་སྤྱིའི་ཚུལ་གྱིས་འཇུག་པར་བྱེད་ན་ནི་དེའི་ཕྱིར་སྒྲུབ་པའི་སྒོ་ནས་འཇུག་པ་ལ་ཡང་ཚུལ་དེ་ཉིད་བལྟའོ་ཞེས་ཤེས་པར་བྱའོ། །བྱེ་བྲག་གི་ཚུལ་གྱིས་ནི་མ་ཡིན་ནོ། །གལ་ཏེ་སྤྱི་ལས་ཡིན་གྲང་ན། །དེ་ནི་དེ་ལས་གཞན་དུ་འགྱུར། །རྟེན་རྣམས་མ་མཐོང་བ་ཡི་ཕྱིར། །ཐ་དད་མིན་གཅིག་མཐོང་མི་འགྱུར། །རེ་ཞིག་མེ་ལས་གཞན་པའི་མེ་ཉིད་ཅེས་པའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །ཡོད་དུ་ཆུག་ན་ཡང་དེ་མཐོང་བ་ནི་མི་སྲིད་དོ། །རྟེན་མཐའ་དག་མ་མཐོང་བའི་ཕྱིར་དུ་མ་རྣམས་ལས་གཉིས་ཉིད་ལ་སོགས་པའི་ཐུན་མོང་བ་ནི་ཡོད་པ་མ་ཡིན་ནོ། །གང་དག་སྤྱི་མཐོང་ཞིང་གཟུང་བ་པོ་ཡང་རྟེན་མ་བཟུང་བ་པོ་དང་མཚུངས་ཤིང་འདྲ་བར་འགྱུར་རོ། །གལ་ཏེ་རྟེན་གཅིག་བཟུང་བས་ཀྱང་ཐམས་ཅད་གཟུང་བ་ཡིན་ན་ནི། དེ་ཡང་རྟེན་བཞིན་དུ་དུ་མར་འགྱུར་རོ། །འདི་ལྟར་ཡང་རྗེས་སུ་དཔག་པར་བྱ་བ་ནི་ཆ་ཤས་ཅུང་ཟད་ཙམ་ལས་རྟོགས་པར་བྱ་སྟེ། ཆ་ཤས་འདི་ལྟ་བུའི་ཚུལ་ནས། རྟགས་ཅན་ལ་ནི་མི་འགྱུར་ཞིང༌། །དེ་ཉིད་ཀྱི་ཆོས་དུ་མ་ནའང༌། །ཅིག་ཤོས་ཐོབ་པར་བྱེད་པ་ཡིན། །དུད་པ་ནི་ཆ་ཤས་འབའ་ཞིག་མེ་ལས་མི་འཁྲུལ་བ་ཡིན་ནོ། །དུད་པ་ཉིད་དང་སྐྱ་བོ་ཉིད་ལ་སོགས་པ་ནི། དེ་ཉིད་ཐོབ་པར་བྱེད་པ་ཡིན་གྱི། རྫས་ཉིད་ལ་སོགས་པས་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །ཡང་བརྗོད་པ་རྟགས་ཅན་གང་རྗེས་འབྲེལ་པ་ཡི། །རྟགས་ཅན་དེ་འདིར་རྟོགས་བྱ་ཡིན། །བྱེ་བྲག་རྟོགས་བྱ་མ་ཡིན་ཏེ། །དེ་དག་ཉིད་ལས་འཁྲུལ་ཕྱིར་རོ། །རྟགས་ཅན་རྗེས་སུ་འབྲེལ་པའི་དོན། །རྟོགས་བྱ་རྟགས་ཅན་གྱི་བྱེ་བྲག །མ་ཡིན་དེ་ལ་རྟོགས་པ་པོའི། །རྟོགས་པ་རབ་ཏུ་འཁྲུལ་པའི་ཕྱིར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཅི་སྟེ་འབྲེལ་པ་ནི་ཡང་དག་པར་འཕྲོད་པ་བཞིན་དུ་གཉིས་ཀ་དང་འབྲེལ་པ་ཡིན་པའི་ཕྱིར་རྟགས་ཅན་གྱི་ཆོས་རྟགས་ལ་ཡང་འགྱུར་རོ་ཞེ་


DTG174_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་ནི་ཡོད་པ་མ་ཡིན་ཏེ། །འབྲེལ་པ་གཉིས་ལས་གནས་མོད་ཀྱང༌། །རྟགས་དང་རྟགས་ཅན་སྟོབས་གཅིག་པ། །རྟེན་དང་བརྟེན་པ་བཞིན་ཡིན་གྱི། །ཡང་དག་འཕྲོད་པ་བཞིན་མ་ཡིན། །འབྲེལ་པ་གཉིས་ལ་གནས་པར་བདེན་མོད་ཀྱིས་ཀྱང་འབྲེལ་པ་ཙམ་གྱིས་རྟེན་དང་བརྟེན་པའི་ཆོས་སུ་འགྱུར་བའམ། བརྟེན་པ་རྟེན་ཅན་གྱི་ཆོས་དང་ཐུན་མོང་དུ་འགྱུར་བ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་རྟགས་རྟགས་ཅན་དུ་འགྱུར་བའམ་མ་ཡིན་ཏེ། གཞན་དུ་རྟགས་དང་རྟགས་ཅན་འགྱུར་བ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ། །ཡང་དག་པར་འཕྲོད་པ་ན་ཇི་ལྟར་གཅིག་དང་འབྲེལ་པ་དེ་ཁོ་ན་ལྟར་གཉིས་པ་དང་ཡང་སྟེ། དེའི་ཕྱིར་དེ་དང་འདི་ནི་མཚུངས་པ་མ་ཡིན་ནོ། །འདི་ལྟར། རྟགས་དང་རྟགས་ཅན་ཡོད་པ་ཉིད། །ཅིག་ཤོས་རྟགས་ཅན་ཉིད་ལ་ཡོད། །རྟགས་དང་རྟགས་ཅན་དག་འབྲེལ་པའི། །རྗེས་དཔག་བཟློག་ནས་གནས་པ་ཡིན། །དེའི་ཕྱིར་ན་རྟགས་ཅན་ནི་རྟགས་ལ་ཡོད་པ་ཉིད་དོ་ཞེས་བརྗོད་དོ། །གང་མེ་ཁོ་ན་ལ་ཡོད་པའི་དུ་བའི་རྫས་ཉིད་ལ་སོགས་པ་ཡང་གོ་བར་བྱེད་པ་ཡིན་ལ། གསལ་བ་དང་རྣོ་བ་ལ་སོགས་པ་ནི་གོ་བ་མ་ཡིན་པའི་ཕྱིར་རྟགས་རྟགས་ཅན་ཉིད་དུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་དུ་ནི་རིགས་པ་མ་ཡིན་པས་གང་དུ་བ་ཉིད་བཞིན་དུ་བའི་སྐྱ་བོ་ལ་སོགས་པ་ཡང་གོ་བར་བྱེད་པ་མིན་ཞིང་རྫས་ཉིད་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟར་རྟགས་དང་རྟགས་ཅན་དུ་འབྲེལ་བའི་ངེས་པར་བཟུང་བ་ནི་ཕྱིན་ཅི་ལོག་ཏུ་གནས་པ་ཡིན་ནོ། །ཅི་སྟེ་ཡང་རྟགས་ཡིན་ཡང་རྟགས་ཅན་དུ་འགྱུར་བ་ནི་དཔེར་ན་བྱས་པ་ཉིད་དང་མི་རྟག་པ་ཉིད་ལྟ་བུ་ཞེ་ན། རྟགས་ཀྱི་ཁྱབ་པའང་འདོད་པ་སྟེ། །དེ་ཡི་ཆ་ནས་རྟགས་ཅན་ཡིན། །ཁྱབ་བྱེད་ཆ་ནས་དེ་གོ་བྱེད། །མ་ཡིན་བ་ལང་རྭ་ཅན་བཞིན། །གང་ཅུང་ཟད་ཙམ་ནས་རྟགས་རྟགས་ཅན་དུ་འགྱུར་བ་ནི་ཡོད་མོད་ཀྱིས་ཀྱང༌། དེས་དེ་ལ་ཁྱབ་པའི་ཚུལ་གྱིས་རྟགས་ཀྱི་ཡན་ལག་ཏུ་འགྲོ་བ་ནི་མ་ཡིན་ཏེ། དཔེར་ན་རྭ་ཅན་ཉིད་ཀྱིས་བ་ལང་ལ་ཁྱབ་ཀྱང་དེས་བ་ལང་གོ་བར་བྱེད་པ་ནི་མ་ཡིན་གྱི་ཁྱབ་བྱེད་དེ་ཉིད་བ་ལང་གིས་གོ་བར་བྱེད་པ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སོ་སོར་བཀག་པའི་མི་འཁྲུལ་


DTG174_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བ། །གང་ཕྱིར་འབྲེལ་པ་ལ་ལྟོས་ཡིན། །དེ་ཕྱིར་རྟགས་ཀྱི་རྟགས་ཅན་ལ། །ཁྱད་པ་བདེན་ཡང་བྱེད་པོ་མིན། །བྱས་པས་མི་རྟག་པ་ལ་ཁྱབ་ཏུ་ཟིན་ཀྱང་རྟག་པ་ཉིད་བཀག་ནས་གོ་བར་བྱེད་པ་དེ་བཞིན་དུ་མི་རྟག་པས་བྱས་པ་ལ་ཁྱབ་པ་ཉིད་ཀྱིས་ཀྱང་མ་བྱས་པ་བཀག་ནས་གོ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་མི་རྟག་པའི་དོན་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ཉིད་ཀྱིས་མ་བྱས་པའི་གོ་སྐབས་ཡོད་པ་མ་ཡིན་པའི་ཕྱིར་མི་རྟག་པས་བྱས་པ་ལ་མ་བྱས་པ་བཀག་ནས་གོ་བར་བྱ་བ་ཉིད་དུ་འགྱུར་གྱི་གོ་བར་བྱེད་པ་ནི་མ་ཡིན་ནོ། །ཡང་བརྗོད་པ། བྱས་པ་ཉིད་ཀྱིས་འཇིག་པ་ལ། །ཁྱབ་ཀྱིས་མ་བྱས་པ་ཡིས་མིན། །རྟག་པ་མེད་ལ་ཁྱབ་པའི་ཕྱིར། །མ་ཁྱབ་པ་ཡི་དོན་གྱིས་སྟོན། །རྭ་ཅན་ཉིད་ཀྱིས་བ་ལང་ལ། །ཁྱབ་པར་རྭ་ཅན་མིན་པ་བཟློག །གླང་ལ་རྭ་ཅན་གྱིས་ཁྱབ་བཞིན། །བ་ལང་གི་དོན་ཟློག་བྱེད་མིན། །ཞེས་བྱ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རང་གི་དོན་གྱི་རྗེས་སུ་དཔག་པ་ངེས་པར་བསྟན་ཏོ། །རྩོད་པ་སྒྲུབ་པ་ནས་ནི་མེད་ན་མི་འབྱུང་བའི་དོན་མཐོང་བ་དེ་རིགས་པ་རྗེས་སུ་དཔག་པའོ་ཞེས་བརྗོད་དོ། །དེ་ལ། མེད་ན་མི་འབྱུང་བ་མཐོང་བའི། །རང་གི་རྣམ་པ་ཙམ་མཐོང་ན། །གལ་ཏེ་མེད་ན་མི་འབྱུང་བའི། །མེད་ན་མི་འབྱུང་བ་དེ་འབའ་ཞིག་ཙམ་མཐོང་བར་འདོད་པ་ཡིན་ན་ནི་དེ། རིག་ཅེས་མི་བརྗོད། ཅེས་བྱ་བ་ནི་འདིར་ཕྱིས་བཅུག་པའོ། །ཅི་སྟེ་ཡང་དེ་རིག་ཅེས་བྱ་བ་འདིས། གཞན་ཉིད་དུ། བརྗོད་ན་ནི་ལྟ་བུར་གང་ལ། གལ་ཏེ་མེད་ན་མི་འབྱུང་བའི་དོན་གཞན་དུ་མཐོང་བར་འདོད་པ་ལྟ་ན་ནི། འདི་མཐོང་ཞེས་ཇི་ལྟར་བརྗོད་པར་བྱ། གང་ལ་དོན་ནི་བསྒྲུབ་བྱ་ལ་ཞེ་ན། ཅི་སྟེ་ཡང་ལྷག་མ་དོན་ཞེས་པས་བསྒྲུབ་བྱའི་སྐབས་སུ་བབ་པས་ན་དོན་གང་བསྒྲུབ་པར་བྱ་བ་ལ་མཐོང་བ་དེ་རྗེས་སུ་དཔག་པ་སྟེ། མེད་པ་མི་འབྱུང་བ་ཉིད་རིག་པའོ་ཞེས་འདོད་པ་ཡིན་ན་ནི་དེ་ལྟ་ན། མེད་ན་མི་འབྱུང་ཞེས་ཅི་དགོས། །འདི་ལྟར་སྔར་མེད་ན་མི་འབྱུང་བ་སྨོས་པས་ཕྱིས་ཀྱང་ཡོད་པ་ཉིད་དེ། མེད་ན་མི་འབྱུང་བ་ཉིད་ནི་དོན་མཐོང་ཞེས་པས་རིག་ཅིང་དེ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དུད་སོགས་མེ་སོགས་ལ་མཐོང་ལས། །གཞན་པའི་དཔག་བྱ་དེ་རིག་གང༌། རྗེས་སུ་དཔག་


DTG174_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དཔེར་བརྗོད་པའི་མེ་ལ་སོགས་པ་ལ་དུ་བ་ལ་སོགས་པ་མཐོང་བ་ལས་གཞན་པའི་དཔག་པར་བྱ་བའི་དོན་གང་མེད་ན་མི་འབྱུང་བས་དེ་རིག་ཅེས་ཇི་ལྟར་རྗོད་པར་བྱེད། ཆོས་དོན་དུ་མ་ཡོད་པ་ལ། །དེ་རིག་པ་ཞེས་ཇི་ལྟར་བརྗོད། །ཆོས་ཀྱི་དོན་དུ་མ་ཡོད་པ་ལ་དུ་བས་གོ་བར་བྱ་བའི་ཆ་ནི་གང་ཡིན། དུ་བ་ཡང་གང་གི་ཆ་ནས་གསལ་བར་བྱེད་ཅེས་ནི་མ་བསྟན་ཏོ། །རིགས་པ་ཅན་རྣམས་ན་རེ་དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་རྣམ་པ་གསུམ་སྟེ། སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱིར་མཐོང་བ་ཅན་ནོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་མངོན་སུམ་སྔོན་དུ་འགྲོ་བ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། འབྲེལ་པ་དབང་པོའི་གཟུང་བྱ་མིན། །རྟགས་དང་རྟགས་ཅན་གྱི་འབྲེལ་པ་ནི་དབང་པོའི་ཤེས་པའི་ཡུལ་ཡང་མ་ཡིན་ལ་རྟགས་དང་རྟགས་ཅན་མངོན་སུམ་པའང་མ་ཡིན་ན་དེ་མངོན་དུ་སོང་བ་ཅན་ནི་རྗེས་སུ་དཔག་པའོ་ཞེས་གང་གིས་འགྱུར། ཇི་ལྟར་ན་རྗོད་པར་བྱེད། སྔ་མ་དང་ལྡན་པ་ཞེས་བྱ་བ་འདི་ལ་སྔ་མ་དང་མཚུངས་པས་ན་སྔ་མ་ལྟ་བུའོ་ཞེས་ལྟ་བུའི་སྒྲར་འགྱུར་བའམ། འདི་ལ་སྔ་མའི་ཆོས་ཡོད་པས་ན་དེ་དང་ལྡན་པའོ་ཞེས་ལྡན་པའི་སྒྲར་འགྱུར་གྲང་ན། དེ་ལས་ཅིར་འགྱུར། ཐམས་ཅད་སྲིད་ཕྱིར་ལྟ་བུར་མིན། །ཐམས་ཅད་ཅེས་བྱ་བ་ནི་རྗེས་སུ་དཔག་པས་འབྲེལ་པ་འཛིན་པ་ཉམས་སུ་མྱོང་བ་བཞིན་དུ་ཕྱིས་ཀྱང་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་འཛིན་པར་བྱེད་དོ། །དེའི་གཅིག་སྔོན་དུ་སོང་བ་ལྟ་བུའོ་ཞེས་ནི་བརྗོད་པར་མི་བྱའོ། །འབྲེལ་པ་གཞན་ལས་ཀྱང་འདི་སྔོན་མ་ལྟར་ན་ཞེས་འཛིན་ལ། དེས་མ་མཐོང་བའི་ཕྱིར་དང༌། མ་མཐོང་བའི་རྗེས་སུ་དཔག་པ་ཉིད་ལ་ལྟ་བུའི་སྒྲ་སྦྱར་བར་མི་བྱའོ། །འཁྲུལ་བའི་ཕྱིར་ན་ལྡན་པ་མིན། །ལྡན་པར་བྱེད་པ་ནི་རིགས་ན། །སྔར་འདི་རུ་ཡོད་དོ་ཞེས་འབྲས་བུ་སྔ་མ་དང་ལྡན་པར་བྱེད་ན་ནི་ཡུལ་དེ་ཤེས་པ་ཡང་སྔ་མ་དང་ལྡན་པར་འགྱུར་ལ། རྒྱུ་ལ་འབྲས་བུ་ཤེས་པར་བྱེད་པ་དེ་ལྟར་ནི་འཁྲུལ་པའི་ཕྱིར་ཚད་མ་མ་ཡིན་ནོ། །རྒྱུ་ཡོད་ན་བདེན་དུ་ཆུག་ན་ཡང་གེགས་སྲིད་པའི་ཕྱིར་དང༌། རྒྱུ་གཞན་མ་ཚོགས་པ་སྲིད་པའི་ཕྱིར་འབྲས་བུ་མི་འབྱུང་བ་སྲིད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྔ་མ་དང་ལྡན་པ་ནི་རིགས་པ་མ་ཡིན་


DTG174_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལྷག་ལྡན་ལ་ཡང་ལྟ་བུར་རམ། །ལྷག་མ་ལྟ་བུར་ཞེས་ཡང་གལ་ཏེ་དེ་ལྟ་བུར་བྱེད་ན་ནི་མངོན་སུམ་ཕྱི་མ་དང་ཡུལ་མཚུངས་པའི་ཤེས་པ་དེ་ཡང་ལྷག་མ་ལྟ་བུ་ཞེས་འགྱུར་ལ། དེ་ཡང་འཁྲུལ་པའི་ཕྱིར་ཚད་མ་མ་ཡིན་ཏེ། གཟུགས་མཚུངས་པ་ཙམ་གྱིས་རོ་མཚུངས་པར་འགྱུར་བའི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ལྷག་མ་ལྟ་བུའོ་ཞེས་ལྟ་བུའི་སྒྲར་ཡང་སྦྱར་བར་མི་བྱའོ། །འབྲེལ་གཞན་ལས་ཀྱང་རྟོགས་མི་འགྱུར། །ལྷག་མ་དང་ལྡན་ལས་འགྱུར་མིན། །གང་རྒྱུ་ལྷག་མ་དང་ལྡན་པས་ལྷག་མ་དང་ལྡན་པ་ཡིན་ན་ནི་དེའི་ཤེས་པ་ཡང་ལྷག་མ་དང་ལྡན་པར་འགྱུར་ལ། དེ་ལྟར་ཡང་འབྲས་བུ་མ་བཟུང་བ་མེད་ན་མི་འབྱུང་བའི་འབྲེལ་པ་བཟུང་ནས་རྒྱུ་རྗེས་སུ་དཔོག་པ་མེད་པར་འགྱུར་ན་དེ་ཡང་མཐོང་བ་ཡིན་ནོ། །དེ་བཞིན་དུ་བྱས་པ་ལ་སོགས་པ་ལས་མི་རྟག་པ་ལ་སོགས་པ་རྗེས་སུ་དཔོག་པར་ཡང་འགྱུར་རོ། །སྔར་ཇི་ལྟ་བར་བརྗོད་པའི་རྗེས་དཔག་རྣམས་ལ་ཡང་འབྲེལ་པ་རྟོགས་པར་མི་འགྱུར་ཞིང༌། །འབྲེལ་གཞན་ལས་ཀྱང་རྟོགས་མི་འགྱུར། །ཞེས་བརྗོད་པར་བྱ་སྟེ། ཕྱི་མ་ལ་མཐོང་བའི་ཕྱིར་རོ། །རྒྱུ་ཉིད་ལ་སོགས་པའི་འབྲེལ་པ་ཅན་གྱིས་འབྲས་བུ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་རྗེས་སུ་དཔོག་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཅན་ཉིད་ཙམ་གྱི་སྒོ་ནས་རྟགས་དང་རྟགས་ཅན་གྱི་ཤེས་པ་སྐྱེ་བ་དང༌། རྣམ་པ་ཐམས་ཅད་དུ་བདག་ཉིད་ཐམས་ཅད་ཀྱིས་རྒྱུ་དང་འབྲས་བུ་གཟུང་བའི་ཕྱིར་རོ། །དེ་ལྟར་ན་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་ནི་རིགས་པ་མ་ཡིན་ནོ། །ཕྱིར་མཐོང་བ་ལའང་དེ་བཞིན་དུའོ། །དེ་ཡང་རྒྱུ་འབྲས་ཀྱི་འབྲེལ་པ་ཉིད་ལས་ཡུལ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལས་འཇལ་བར་བརྗོད་པས་ནའོ། །རྗེས་དཔག་གི་ཤེས་པ་ཐམས་ཅད་ཀྱི་ཚད་མའི་གཞལ་བྱ་ལ། འབྲས་བུ་གཞན་མ་ཉིད་མི་ཐོབ། །འབྲས་བུ་མེད་པར་ཚད་མར་འགྲོ་བ་ཡང་རིགས་པ་མ་ཡིན་ཏེ། བྱེད་པ་པོ་དང་ལས་ཀྱི་བྱ་བ་དང་འབྲས་བུ་ཡིན་པའི་ཕྱིར་རོ། །རྟགས་ཀྱི་ཤེས་པ་ཚད་མ་ཡིན་ཞེ་ན། འདི་སྙམ་དུ་རྟགས་ཀྱི་ཤེས་པ་ཚད་མ་ལ་རྗེས་དཔག་གི་ཤེས་པ་ཚད་མའི་འབྲས་བུའོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་


DTG174_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ཡང་ཡུལ་ཐ་དད་ལས་ནི་མ་ཡིན་ཏེ། འདིར་ཡུལ་གཞན་ལ་ཚད་མར་འགྱུར་ཞིང་གཞན་ལ་འབྲས་བུར་འགྱུར་བ་ནི་ཡོད་པ་མ་ཡིན་ནོ་ཞེས་སྔར་བརྗོད་ཟིན་ཏོ། །རྟགས་ཀྱི་ཤེས་པ་ཚད་མ་ཡིན་པའི་ལྟ་ན་ནི། རྣམ་པར་དབྱེ་བའང་འགྲུབ་མི་འགྱུར། །གང་རྗེས་སུ་དཔག་པ་ནི་སྔ་མ་ལྡན་པ་དང་ལྷག་མ་དང་ལྡན་པའོ་ཞེས་རྟགས་ཅན་གྱི་དབྱེ་བས་དེ་དག་འགྲུབ་པར་མི་འགྱུར་ཏེ། རྟགས་ཡུལ་ཡིན་པའི་ཕྱིར་རོ། །གང་ཡང་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་ཁོ་ན་རྣམ་པ་གསུམ་དུ་འགྱུར་ཏེ། དུས་གསུམ་ལ་འཛིན་པའི་ཕྱིར་རོ་ཞེས་པའི་ངེས་པར་བཟུང་བ་དེ་ཡང་རིགས་པ་མ་ཡིན་ནོ། །རྗེས་དཔག་ཐམས་ཅད་དུས་གསུམ་གྱི་ཡུལ་ལ་འཇུག་སྟེ། དུས་གསུམ་པ་ཅན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟ་བུའོ་ཞེས་པའི་ཕྱོགས་ལ་ནི་འབྲེལ་པ་བསྟན་པ་མེད་པའི་ཕྱིར་རྣམ་པ་གསུམ་ནི་རིགས་པ་མ་ཡིན་ནོ། །དེ་ལ་དེ་ལྟ་བུའི་རྗེས་དཔག་ཀྱང་བཀག་པ་ཡིན་ནོ། །བྱེ་བྲག་པ་རྣམས་ན་རེ་འདི་ནི་འདིའི་འབྲས་བུ་དང་རྒྱུ་དང་འབྲེལ་པ་དང་དོན་གཅིག་ལ་འདུ་བ་དང་འགལ་བ་ཅན་ནོ་ཞེས་བྱ་བ་དེ་དག་ནི་རྟགས་ལས་བྱུང་བའོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་སྔར། རྒྱུ་ལས་འབྲས་བུ་གྲུབ་པ་མེད། །རིགས་པ་ཅན་གྱི་རྗེས་དཔག་དགག་པའི་སྐབས་སུ་སྔ་མ་དང་ལྡན་པ་དང་ཕྱི་མ་དང་ལྡན་པའོ་ཞེས་བྱ་བ་འདི་ལ་རྒྱུས་འབྲས་བུ་རྗེས་སུ་དཔོག་པའི་གཏན་ཚིགས་མེད་དོ་ཞེས་བརྗོད་དོ། །འབྲེལ་པ་ནི་རྣམ་པ་གཉིས་ཏེ་ལྡན་པ་དང་འདུ་བའོ། །དེ་ཡང་མེ་དང་དུ་བ་དང་བ་ལང་དང་རྭ་ལྟ་བུའོ་ཞེས་སོ། །དེ་ལ་རེ་ཞིག །ལྡན་པའི་རྟོགས་པ་གྲུབ་པ་མེད། །ལྡན་པ་མངོན་པར་མ་ཤེས་ཀྱང་མེད་ན་མི་འབྱུང་བ་འབའ་ཞིག་ཙམ་གྱི་དྲན་པ་ལས་ཀྱང་མཐོང་བའི་ཕྱིར་རོ། །མི་རྟོགས་པར་བྱེད་པ་ལ་འབྲེལ་པ་མ་བཟུང་ན་ནི་གཞལ་བྱ་གསལ་བར་བྱེད་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ནོ། །ཤེས་པའི་རྒྱུ་ཉིད་ལས་དེའི་ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ལྡན་པ་པར་གྱི་མེ་མེད་པའི་རྒྱུ་མཚན་ཡིན་ན་ནི་མེ་ཡང་དུ་བའི་ཤེས་པའི་རྒྱུར་ཐལ་བར་འགྱུར་ཏེ། ལྡན་པ་ནི། གཉིས་དང་ལྡན་ཕྱིར། གཉིས་ཀ་ཡང་གསལ་བར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ལྕགས་གོང་དང་སོལ་མེའི་གནས་སྐབས་སུ་དུད་པ་མེད་པའི་མེ་


DTG174_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐོང་བ་ཡིན་ནོ། །གལ་ཏེ་དམིགས་ཀྱིས་བསལ་བས་གཅིག་ནི་གཏན་ཚིགས་སུ་མི་འགྱུར་ཏེ། ཐེ་ཚོམ་ཅན་ནི་གཏན་ཚིགས་མ་ཡིན་ནོ་ཞེས་དམིགས་ཀྱིས་བསལ་བ་ཡོད་པས་ན་དེ་ལས་མེའི་རྒྱུ་ཉིད་དུ་མི་འགྱུར་རོ། །མེ་དུ་བ་དང་གདོན་མི་ཟ་བར་ལྡན་པ་ནི་མ་ཡིན་ཞིང༌། དུ་བ་ནི་གདོན་མི་ཟ་བར་མེ་དང་ངོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཐ་དད་མིན། ཕྱིར་ཞེས་པ་ནི་ཚིག་གི་ལྷག་མའོ། །ལྡན་པ་ནི་ཐ་དད་པ་མ་ཡིན་ཏེ། དེ་ནི་གཅིག་ལ་ཇི་ལྟར་བ་བཞིན་དུ་གཉིས་པ་ལ་ཡང་ཡིན་པའི་ཕྱིར་གཅིག་རྒྱུ་མ་ཡིན་པར་ནི་རིགས་པ་མ་ཡིན་ནོ། །ལན་ཅིག་གི་འབྲེལ་པ་མ་ཟིན་ན་ནི་རྒྱུ་འཇལ་བར་བྱེད་པ་མི་འཐད་ན་ཡང་འདིའི་འཁྲུལ་པ་ཉིད་གང་ལས་རྣམ་པར་དཔྱོད། གང་མེད་ན་མི་འབྱུང་བའི་འབྲེལ་པའི་ལྟར་ན་ནི་འདིར་གཉིས་ཀ་ནི་མ་ཡིན་གྱི་གདོན་མི་ཟ་བར་གཅིག་ཁོ་ན་རྒྱུ་ཡིན་ནོ་ཞེས་འཐད་པ་ཡིན་ནོ། །མེ་དང་ལྡན་པའི་དུ་བ་ནི། །ཆ་འགའ་ཞིག་ལས་མ་ཡིན་པས། །དུ་བའི་ཐམས་ཅད་གོ་བྱེད་དམ། །མེ་ཡི་བསལ་བའམ་གོ་བྱར་འགྱུར། །ལྡན་པའི་འབྲེལ་པ་ལྟར་ན་ནི། །མེའི་རྣོ་བ་དང་གསལ་བ་ལ་སོགས་པའི་བྱེ་བྲག་རྣམས་ཀྱང་ཐོབ་པར་འགྱུར་ཏེ། ཐམས་ཅད་ཀྱི་བདག་ཉིད་ཀྱིས་ལྡན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དུ་བའི་རྫས་ལ་སོགས་པ་ཙམ་བཟུང་བའི་བདག་ཉིད་དེ་ནས་ཀྱང་མེ་རྟོགས་པར་བྱེད་པར་འགྱུར་ཏེ། དེ་རྫས་ལ་སོགས་པའི་དངོས་པོ་དང་ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ། །ཇི་ལྟར་ལྡན་པ་ལ་སྐྱོན་ཡོད་པ། དེ་བཞིན་དུ་བ་ལ་སོགས་པའང༌། དེ་ལ་ཡང་བ་ལང་ར་ཅན་ཡང་མ་ཡིན་ལ་ཡང་ན་སེར་ཟལ་ལ་སོགས་པའི་བྱེ་བྲག་ཀྱང་རྫས་ཉིད་ལ་སོགས་པའི་སྤྱིས་གོ་བར་འགྱུར་རོ། །དེ་ལྟར་དོན་གཅིག་ལ་འདུ་བ་ལ་འདུ་བ་མི་འཐད་པར་བརྗོད་དོ། །འགལ་བ་ཡང་ནི་སྲིད་པའི་ཕྱིར། །ཇི་ལྟར་སྲིད་པ་ལྟར་བརྗོད་པར་བྱ་སྟེ། གང་དུ་མངོན་དུ་མ་གྱུར་པའི་འབྱུང་བ་ཡང་རྟགས་དང་རྟགས་ཅན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་མངོན་དུ་གྱུར་པ་ལ་ཡང་བྱེ་བྲག་དང་སྤྱིས་ཕན་ཚུན་རྟགས་དང་རྟགས་ཅན་དུ་བརྗོད་པར་བྱ་སྟེ། དེ་ཆ་འགའ་ཞིག་གི་སྒོ་ནས་འགལ་བ་ནི་མ་ཡིན་པའི་ཕྱིར་རོ། །ཡང་བརྗོད་པ། རྟགས་ཀྱི་སྤྱི་གཞན་རྟགས་མིན་


DTG174_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང། །བྱེ་བྲག་རྣམས་ཀྱང་རྟགས་ཅན་མིན། །གཞན་གྱི་ལྟར་ན་ཐམས་ཅད་ནས། །གོ་བྱ་གོ་བྱེད་དུ་ཡང་འགྱུར། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ལྡན་པ་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་ཡིན་ན་ནི་དཔག་པར་བྱ་བ་ལྡན་པ་ཙམ་རྟོགས་པར་ཐལ་བར་འགྱུར་ཏེ། གཞན་དུ་ན་རྟགས་ལ་རྟགས་ཅན་ཤེས་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་འདིར་དུད་པས་མེའི་ཡོད་པ་ཙམ་གྲུབ་པ་ནི་མ་ཡིན་ཏེ། དེ་སྒྲུབ་པའི་ཕྱིར་རོ། །གང་ལ་དུད་པ་ཡོད་པའི་ས་ཕྱོགས་དེར་མེ་དང་ལྡན་ནོ་ཞེས་བསྒྲུབ་པར་བྱ་བ་སྟེ། དེ་ལྟ་མ་ཡིན་ན་འདིར་ཞེས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་མེས་ཀྱང་དུད་པའམ་མེའི་རྣོ་བ་ལ་སོགས་པ་ལ་ཡང་ཞེས་བྱ་བ་ཡང་མི་འབྱུང་ངོ་ཞེ་ན། དེ་ལྟར་ན་ནི་དམ་བཅའ་བའི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་རྟགས་དང་རྟགས་ཅན་ལྡན་པ་ལས་ནི་མ་ཡིན་གྱི། འོན་ཀྱང་མེད་ན་མི་འབྱུང་བ་ཁོ་ན་ལས་སོ། །ཡུལ་དང་དུས་ལ་ལྟོས་སུ་ཆུག །དེ་ནི་ཡུལ་ལ་ལྟོས་ཀྱང་མེད་ན་མི་འབྱུང་བ་ཉིད་ཡིན་ཏེ། སྔར་ས་ཕྱོགས་སུ་མེ་མེད་ན་དུད་པ་མི་འབྱུང་བར་དམིགས་པའི་ཕྱིར་རོ། །དུས་ལ་ལྟོས་པའི་ཕྱོགས་ལ་ཡང༌། །གཙུབ་ཤིང་གཙུབས་པའི་གནས་སྐབས་ན། །ཇི་སྲིད་དུ་མེ་མེད་ཀྱི་དུས་དེ་སྲིད་དུ་དུད་པ་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དུད་པས་མེ་དཔོག་པའི་རྒྱུར་ལྡན་པ་ཡོད་པ་མ་ཡིན་ནོ། །འདུ་བ་ཡང་བ་ལང་གི་རྭ་ཡོད་པར་དཔོག་པའི་རྒྱུ་མ་ཡིན་ཏེ། མངོན་སུམ་པ་མ་ཡིན་པའི་ཕྱིར་རོ། །འབྲེལ་པ་ཡོད་དུ་ཟིན་ཀྱང༌། རྒྱུ་ནི་ཁོང་དུ་ཆུད་མི་འགྱུར། །འབྲེལ་པ་མ་དམིགས་པར་མངོན་པར་གསལ་བར་བྱེད་པ་ནི་མི་འདོད་དོ། །འདུ་བ་ཡོད་དུ་ཟིན་ཀྱང་རྟོགས་པ་ནི་མེད་ན་མི་འབྱུང་བ་ཉིད་དམིགས་པ་ཁོ་ན་ལས་ཡིན་པའི་ཕྱིར། དེ་ཁོ་ན་རྒྱུ་ཡིན་ནོ། །དོན་གཅིག་ལ་འདུ་བ་ནི་རྣམ་པ་གཉིས་ཏེ། འབྲས་བུ་དང་འབྲས་བུ་གཞན་དང༌། རྒྱུ་དང་རྒྱུ་གཞན་ནོ། །དེར་ཡང་དཔེར་ན་གཟུགས་རེག་བྱ་ལྟ་བུ་དང་ལག་པ་དང༌། རྐང་པ་ལ་སོགས་པ་ལྟ་བུའོ། །འདི་ལ་ཡང་དེ་ཉིད་བརྗོད་པར་བྱའོ། །འབྲེལ་པ་ཡོད་དུ་ཟིན་ཀྱང་རྒྱུར་ནི་ཁོང་དུ་ཆུད་མི་འགྱུར། དོན་གཅིག་ལ་འདུ་བ་ནི་གང་དུ་ཡང་མངོན་སུམ་དུ་མ་གྱུར་ཏོ། །དོན་གཅིག་ལ་འདུ་


DTG174_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་ཡོད་དུ་ཟིན་ཀྱང་རྟོགས་པ་ནི་མེད་ན་མི་འབྱུང་བ་ཁོ་ན་ལས་མཐོང་བ་ཡིན་ནོ། །འདིར་ཡང་གཟུགས་ཀྱིས་རེག་བྱ་བཞིན། །རེག་བྱས་ཀྱང་གཟུགས་གསལ་བར་བྱེད་པར་འགྱུར་ཏེ། འབྲེལ་པ་ཁྱད་པར་མེད་པའི་ཕྱིར། དོན་གཅིག་ལ་འདུ་བ་ཉིད་ལ་ནི་ཁྱད་པར་ཡོད་པ་མ་ཡིན་པས་གཅིག་ལས་འཁྲུལ་པར་བརྗོད་པ་བཞིན་དུ་འབྲེལ་པ་ལས་ཀྱང་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་ཡིན་ནོ། །གང་དོན་གཅིག་ལ་འདུ་བ་ནི་གཉིས་ཁོ་ནའོ་ཞེས་བརྗོད་པ་དེ་ལ། གཞན་ཡང་སྲིད་ཕྱིར་གཉིས་མ་ཡིན། །རྒྱུ་ཡང་རྒྱུ་དང་འབྲས་བུ་ལས། །འབྲས་བུའི་དོན་གཅིག་ལ་འདུ་བའི་རྟོགས་པ་ནི་མཐོང་བ་ཉིད་དེ། དཔེར་ན་མ་གྱུར་པ་ཞེས་བྱ་བ་དང༌། མ་གྱུར་པ་ལས་ཞེས་བརྗོད་པ་ལྟ་བུའོ། །དེའི་ཕྱིར་དོན་གཅིག་ལ་འདུ་བ་ནི་རྣམ་པ་གཉིས་ཉིད་དོ་ཞེས་ངེས་པར་བཟུང་བ་ནི་རིགས་པ་མ་ཡིན་ནོ། །འགལ་བ་ནི་རྣམ་པ་བཞི་སྟེ། མངོན་སུམ་དུ་གྱུར་པ་ལས་མ་གྱུར་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ་ཞེས་པ་འདི་ཡང་ཐམས་ཅད་དུ། གང་ཞིག་འགལ་བ་དེ་རྟགས་ཡིན། །སྤྲིན་དང་རླུང་གི་སྦྱོར་བ་དང་ཆར་འབབ་པ་ནི་འགལ་ལ་རག་ན་འདིར་ཆར་འབབ་པ་ནི་གཏན་ཚིགས་མ་ཡིན་གྱི་འོན་ཀྱང་དེ་མེད་པ་ཡིན་ནོ། །ཆར་མི་འབབ་པ་དང་སྤྲིན་དང་རླུང་གི་སྦྱོར་བ་ནི་འགལ་བ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་རྟགས་ནི་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་མངོན་དུ་མ་གྱུར་པ་ལ་སོགས་པའི་རྟོགས་པ་གཏན་ཚིགས་མ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་ནི་རྟགས་མ་ཡིན་ཏེ། འབྲེལ་ཕ་མེད་ཕྱིར་རྟགས་བློ་མིན། །རྟགས་ཀྱི་བློ་ལ་ནི་རྟགས་ཅན་དང་འབྲེལ་པ་ལ་ཡོད་པ་མ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བས་ན་འབྲེལ་པའི་དོན་དུ་མདོ་ལས་འདི་ནི་འདིའི་ཞེས་སྨོས་སོ། །འདི་ནི་རྟགས་ཉིད་དུ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟགས་ལས་བྱུང་བའི་བསྟན་པའི་ཕྱིར། །དཔག་པར་བྱ་བའི་ཤེས་པ་ཡང་འབྲས་བུར་མི་འགྱུར་ཞིང་རྟགས་བརྗོད་པའི་དྲན་པ་ཙམ་ལས་ཀྱང་ཁོང་དུ་ཆུད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ལས་བསྟན་པས་ན་དྲན་པ་ལ་ལྟོས་པའི་རྟགས་ཀྱི་ཤེས་པ་ཉིད་ཀྱི་རྟགས་ལས་བྱུང་བའོ་ཞེས་ཡིན་གྱི་དེ་


DTG174_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ནི་མ་ཡིན་ནོ། །གལ་ཏེ་རྒྱུར་བྱས་ནས་རྟགས་སུ་བརྗོད་པ་སྟེ། འདི་ལྟར་དེའི་རྒྱུའི་བྱེ་བྲག་ལ་རྟགས་ཀྱི་སྒྲ་མང་དུ་བྱས་ནས་དེ་ལྟར་བརྗོད་པར་བས་སོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་འདིར། ཐམས་ཅད་རྟགས་སུ་བརྗོད་མ་ཡིན། །འདིར་བྱེད་པ་པོ་དང་ཐམས་ཅད་ནི་རྟགས་མ་ཡིན་ཏེ། འདི་ལྟར་རྗེས་སུ་དཔག་པ་ནི་དེ་བརྗོད་པ་ལས་ཀྱང་འབྱུང་ངོ༌། །དེ་ལྟ་མ་ཡིན་ན་འདིར་བདག་དང་ཕྲད་པ་ལ་སོགས་པ་ཡང་བརྗོད་པར་བྱ་བར་འགྱུར་རོ། །རྟགས་ཀྱི་ཤེས་པ་རྗེས་དཔག་གི་དངོས་ཀྱི་རྒྱུ་ནི་མ་ཡིན་ཏེ་དྲན་པས་བར་དུ་ཆོད་པའི་ཕྱིར་རོ། །དེས་ན་དངོས་ཀྱི་རྒྱུ་ཉིད་དུ་ནི་ཡོད་པ་མ་ཡིན་ནོ། །གང་ཡང་རྟགས་ནི་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་གང་བརྗོད་པ་དེ་ལ་གང་གི་ཕྱིར། དྲན་པ་འབྲེལ་པ་ཅན་དུ་འགྲུབ། །འབྲེལ་པ་ཅན་གྱི་རྟོགས་པས་ནི་གྲུབ་པ་མ་ཡིན་ནོ། །དེ་སྐད་དུ་ཡང་གང་གི་ཕྱིར། །མ་གྲུབ་པའི་རྟགས་མ་ཡིན་ནོ་ཞེས་བཤད་པར་བྱའོ། །གལ་ཏེ་འབྲེལ་པ་གཅིག་ཉིད་ལས་རྗེས་དཔག་གི་རྒྱུར་འགྱུར་རོ་ཞེ་ན། དེ་ལྟར་ནི་བསྟན་བཅོས་ནས་བརྗོད་པ་ཉིད་དེ། འབྲས་བུ་ལ་སོགས་མདོར་མ་མཚོན། །གང་དག་བསྟན་བཅོས་སུ་རྒྱུ་ཉིད་དང༌། འབྲས་བུ་ཉིད་དང༌། རྣམ་པར་འགྱུར་བ་ཉིད་ཀྱི་ཕྱིར་ཞེས་པ་དང༌། དེ་བཞིན་དུ་ཡོད་པ་ལ་རྒྱུ་མ་ཡིན་པའི་ཕྱིར་ཞེས་པ་མི་རྟག་པ་ཉིད་དང་རྟག་པ་ཉིད་ཀྱི་རྟགས་སུ་བརྗོད་ཀྱི། མདོར་མཚོན་པ་ནི་མ་ཡིན་ནོ། །དེ་དག་རྣམས་ལས་གང་ཡང་རུང་བ་ཅིག་འབྲས་བུ་ལ་སོགས་པ་སྲིད་པ་ནི་མ་ཡིན་ནོ། །ཇི་ལྟར་མི་སྲིད་དེ་འདི་གང་གསལ་བར་བྱ་བ་དང་གསལ་བར་བྱེད་པ་གྲུབ་པ་དེ་ཉིད་རྒྱུ་དང་འབྲས་བུའི་དངོས་པོའོ་ཞེ་ན། གང་འདི་ལྟར་གསལ་བར་བྱེད་པ་ཙམ་རྒྱུར་འདོད་པ་དེའི་ལྟར་ན་ནི། ཐ་མ་གསལ་བྱེད་དུ་མི་འགྱུར། །རྒྱུ་རྣམས་ཀྱི་ཐ་མ་ལྡན་པ་ལ་སོགས་པ་གང་ཡིན་པ་དེ་གསལ་བྱེད་དུ་མི་འགྱུར་ཏེ། རྒྱུ་ལས་ཐ་དད་པའི་ཕྱིར་རོ། །གཞན་ཡང༌། དོན་མེད་གཞན་ལས་ཀྱང་དེ་གྲུབ། །འབྲེལ་པ་གཞན་གྱིས་ཀྱང་དོན་ཁོང་དུ་ཆུད་པར་བྱེད་དོ། །གང་གི་ཕྱིར་འདི་འདིའི་གསལ་བར་བྱེད་པའོ་ཞེས་ཡིད་ཀྱི་རྣམ་པར་ཤེས་པས་རྟོགས་པར་བྱེད་པ་དེའི་རྗེས་སུ་དཔོག་པའི་རྒྱུ་འདི་དོན་མེད་པ་ཉིད་དོ། །དེ་ལྟ་བས་ན་རེ་ཞིག་བྱེ་བྲག་པའི་རྗེས་སུ་དཔག་


DTG174_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྒྲུབ་པར་དཀའོ། །གྲངས་ཅན་པ་རྣམས་ནི་རེ་ཞིག་འབྲེལ་བ་མངོན་སུམ་པ་གཅིག་ལས་ལྷག་པར་གྲུབ་པ་ནི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །དེ་ལ་འབྲེལ་བ་ནི་རྣམ་པ་བདུན་ཏེ། དེ་རྣམས་གང་ཡང་རུང་བའི་མངོན་སུམ་པ་གཅིག་གིས་ལྷག་པའི་དོན་མངོན་སུམ་པ་མ་ཡིན་པ་ངེས་པར་གྲུབ་པའི་གཏན་ཚིགས་དེ་ནི་རྗེས་སུ་དཔག་པའོ། །རྟགས་ཀྱི་ཤེས་པ་ཅུང་ཟད་མ་ངེས་པར་འགྱུར་ཏེ། དོན་ཇི་ལྟ་བ་ནི་མ་ཡིན་ནོ་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་ཕྱིས་ཀྱི་རྩོམ་པ་འཇུག་སྟེ། མངོན་སུམ་གྱི་སྤྱི་ཙམ་ལས་ངེས་པར་མ་བཟུང་བའི་དོན་གྱི་བྱེ་བྲག་བསྟན་པ་ལས་བྱེ་བྲག་གི་རྟོགས་པ་བསྐྱེད་པ་ཐམས་ཅད་དོ་ཞེས་སོ། །དེ་ལྟ་བུ་འདོད་པ་ལྟར་ན་ཡང་མངོན་སུམ་པ་གཅིག་ལས་ཞེས་པ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ནི། རང་དོན་ཙམ་ལས་ལྟ་བའི་ཕྱིར། །བ་ལང་ལ་སོགས་པའི་སྤྱི་དང་བྱེ་བྲག་གཉིས་ཀ་ལའང་རྣ་བ་ལ་སགས་པ་འཇུག་པ་ནི་མེད་དོ། །ཅི་སྟེ་ཡང་འདོད་དོ་ཞེ་ན་མ་ཡིན་ཏེ། རྣ་བ་ལ་སོགས་པའི་འཇུག་པ་ཐམས་ཅད་ནི་མངོན་སུམ་མ་ཡིན་ཏེ། དོན་ཇི་ལྟ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་བྱེ་བྲག་ཏུ་བརྗོད་པར་བྱ་སྟེ། གཞན་དུ་ཐ་དད་དུ་མི་བྱ་བ་འཁྲུལ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བརྗོད་པ་བཞིན་ནོ། །གལ་ཏེ་མངོན་སུམ་གྱི་འབྲས་བུ་ལ་མངོན་སུམ་ཞེས་བརྗོད་པ་སྟེ། འདི་ལྟར་མངོན་སུམ་པ་གཅིག་ལས་ཞེས་འདིར་མངོན་སུམ་གྱི་འབྲས་བུ་ཡིན་གྱི་འཇུག་པ་ལ་མངོན་སུམ་མོ་ཞེས་བརྗོད་པ་ཡིན་པས་ན་དེའི་ཡུལ་ཡང་མངོན་སུམ་པར་འགྱུར་བས་ན་ཉེས་པ་མེད་དོ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། མངོན་སུམ་ནི་རང་དོན་ལ་ལྟ་བའི་ཕྱིར་གལ་ཏེ་མངོན་སུམ་སྤྱི་དང་བྱེ་བྲག་གཉིས་ཀའི་ཡུལ་ཅན་དུ་འགྱུར་ན་ནི། དེ་ལྟ་ན་ཡིད་ཀྱི་འཇུག་པ་ཡང་དེའི་ཡུལ་ཅན་ཉིད་ཀྱི་མངོན་སུམ་དུ་བརྗོད་པར་བྱ་སྟེ། ཡུལ་གཞན་ལ་ཚད་མ་ལ། །ཡུལ་གཞན་ལ་འབྲས་བུ་འགྱུར་བ་ནི་མེད་དོ་ཞེས་སྔར་བརྗོད་ཟིན་ཏོ། །ཡུལ་གཞན་ལ་མངོན་སུམ་གྱི་ཐ་སྙད་བྱེད་པ་ནི་རིགས་པ་མ་ཡིན་ནོ། །དེ་ནས་འདི་སྐད་དུ་འབྲེལ་བ་ཅན་མངོན་སུམ་པ་གཅིག་ཅེས་པ་རྣམ་པ་གང་གི་སྒོ་ནས་ཡིན་ཞེས་བརྗོད་པར་བྱའོ། །གལ་ཏེ་ནོར་ཉིད་ལ་སོགས་པའོ་ཞེ་ན་མ་ཡིན་ཏེ། དེ་ཉིད་ནོར་ཅན་དང་འབྲེལ་


DTG174_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ནོར་ནི་ནོར་བདག་དང་འབྲེལ་བ་ཉིད་ཡོད་པས་སོ། །ནོར་ཉིད་ལ་སོགས་པའི་རྗེས་སུ་འབྱུང་བའི་དྲན་པ་དོན་མེད་པར་འགྱུར་རོ། །གལ་ཏེ་གཞན་ནོ་ཞེ་ན། དེ་ནི་མ་བརྗོད་དོ། །གལ་ཏེ་རྟགས་འཛིན་པར་མཚུངས་སོ་ཞེ་ན། མ་ཡིན་ཏེ། དེ་ནི་འབྲེལ་བ་ཅན་ཉིད་དུ་མི་འཛིན་པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བ་ལ་ཡོད་པའི་རྟགས་ལ་དུད་པ་ལ་སོགས་པ་ཉིད་དུ་བཟུང་ནས་ཕྱིས་དེ་མེ་ལ་སོགས་པ་མེད་ན་མི་འབྱུང་བ་ཉིད་དུ་དྲན་པར་བྱེད་དོ། །ཇི་སྐད་དུ་བརྗོད་པའི་ནོར་དང་ནོར་ཅན་ལ་སོགས་པའི་འབྲེལ་བ་གཅིག་ལས་ལྷག་པ་གྲུབ་པ་ནི་རྗེས་སུ་དཔག་པའོ་ཞེས་པ་ནི་མི་རིགས་ཏེ། གང་གི་ཕྱིར་ཞེ་ན། དེ་མ་ཤེས་པར་དེ་རྟོགས་ཕྱིར། །ནོར་དང་ནོར་ཅན་ལ་སོགས་པ་མ་ཤེས་པར་མེད་ན་མི་འབྱུང་བ་ཉིད་དམིགས་པ་ལས་ངེས་པའི་ཕྱིར་རོ། །འབྲེལ་བ་འཛིན་པ་ནི་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་ཏེ། ཤེས་པ་སྔ་མ་ཉིད་དེའི་ཤེས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། ། ཐམས་ཅད་དུ་ནོར་དང་ནོར་ཅན་ལ་ངེས་པར་ལྟོས་སོ་ཞེས་པའི་མི་འཁྲུལ་བ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འབྲེལ་བ་ལས་རྗེས་སུ་དཔོགས་སོ། །འབྲེལ་བ་དམིགས་ནས་ཡང་མི་འཁྲུལ་བ་ཉིད་ལ་ལྟོས་ཏེ་རྗེས་སུ་དཔོག་པ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་གསལ་བར་བྱེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འབྲེལ་བ་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་ཉིད་ཡིན་ན་ནི་དེ་ཙམ་གྱི་རྣམ་པས་རྗེས་སུ་དཔག་པར་བྱ་བ་ཤེས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་རྟགས་ལ་ཤེས་པར་བྱེད་པའི་ནུས་པ་མེད་པར་འགྱུར་བའི་ཕྱིར་རོ། །འདིར་ཡང་མེས་དུད་པ་རྗེས་སུ་དཔོག་པར་ཐལ་བར་འགྱུར་ཏེ། འབྲེལ་བ་ཁྱད་པར་མེད་པའི་ཕྱིར། །ཁྱད་པར་མེད་པ་ནི་རྒྱུ་མཚན་ཅན་དུ་འབྲེལ་བར་རོ། །མེད་ན་མི་འབྱུང་བ་ཉིད་ཀྱི་མེ་དང་དུད་པ་དག་ལ་ནི་འབྲེལ་བའི་སྐྱོན་དེ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། དེ་ནི་གཉིས་གནས་མིན་ཕྱིར། དུད་པ་ཉིད་ནི་མེ་མེད་ན་མི་འབྱུང་བ་ཡིན་གྱི། མེ་ནི་དུ་བ་མེད་ན་མི་འབྱུང་བ་མ་ཡིན་པས་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འབྲེལ་བ་དེ་དག་ནི་ཡོད་དུ་ཆུག་ཀྱང་རྒྱུ་མ་ཡིན་པ་ཉིད་དོ། །གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་མ་འབྲེལ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། དེ་ལ་རྟགས་དང་རྟགས་ཅན་མེད། །གང་གནོད་བྱ་


DTG174_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ནི་སྦྲུལ་དང་ནེའུ་ལེ་ལྟ་བུ་སྟེ། དེ་དག་ལ་ནི་རྟགས་དང་རྟགས་ཅན་ཡོད་པ་མ་ཡིན་ནོ། །འདི་ལྟར་སྦྲུལ་རྒྱལ་བ་དང་ནེའུ་ལེ་ཕམ་པ་དག་ལ་ནི་འགལ་བ་མེད་དོ། །དེ་བཞིན་དུ་གཞན་ཡང་རིག་པར་བྱའོ། །གང་ཡང་རྗེས་སུ་དཔོག་པར་བྱེད་པའི་རྒྱུའི་འབྲེལ་བ་ནི་དེ་དག་ཉིད་དོ་ཞེས་ངེས་པར་བཟུང་བར་བྱེད་པ་དེ་ལ་གང་གི་ཚེ་ཐ་དད་པ་དང་རྗེས་སུ་འགྲོ་བ་ལ་སོགས་པ་རྟོགས་པར་བྱེད་པ་དེའི་ཚེ་འབྲེལ་བ་གང་ལས་ཡིན། རྒྱུ་དང་རྒྱུ་ཅན་ནོ་ཞེ་ན། དཔྱད་པར་བྱ་སྟེ། ཅི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པས་ཡིན་ནམ། འོན་ཏེ་གསལ་བར་བྱ་བ་དང་གསལ་བར་བྱེད་པས་ཡིན་གྲང༌། གལ་ཏེ་སྔ་མ་ལྟར་ན་ནི་འདི་ལྟར་རྗེས་འགྲོ་ཡོད་པ་མ་ཡིན་ཏེ། སོ་སོར་མི་བརྗོད་ཐ་དད་ལས། །རྒྱུ་ཅན་ནི་ཐ་དད་པ་ཉིད་ཡིན་ལ། རྒྱུ་ནི་གཙོ་བོ་ཡིན་པས་རྗེས་སུ་འགྲོ་བ་ཐ་དད་པ་ལས་སྟོན་པའི་གཏན་ཚིགས་ཉིད་ཀྱི་སོ་སོར་བརྗོད་པར་མི་བྱའོ། །ཉེས་པ་དེ་ནི་མེད་དོ། །རྗེས་སུ་འགྲོ་བ་གཞན་མིན་ཕྱིར། །རྗེས་སུ་འགྲོ་བ་གཞན་ཐ་དད་པ་ལས་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་གཞན་མིན་རྣམ་ལྔ་མིན། །གལ་ཏེ་རྗེས་སུ་འགྲོ་བ་གཞན་ཐ་དད་ཉིད་ལས་ལྟོས་པར་མི་བརྗོད་ན། རྣམ་པ་ལྔ་རུ་ཐོབ་པར་མི་འགྱུར་ཏེ། དེ་དག་ཐ་མི་དད་པའི་ཕྱིར་རོ། །གཙོ་བོའི་ཆ་ནས་བརྒྱ་ལམ་ནའང༌། །སྐྱེད་བྱེད་ཉིད་དུ་འགྱུར་མ་ཡིན། །ཐ་དད་ན་ཡང་སྐྱེ་བྱེད་མིན། །དེ་ལས་ཀུན་ཏུ་འཐོབ་འགྱུར་མིན། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོའི་འབྲེལ་པ་ནི་གཙོ་བོ་ལ་སོགས་པ་ཉིད་ཀྱི་ཆ་ནས་མ་ཡིན་ནོ། །ཐ་དད་ནི་ཡོད་པ་ཙམ་ལ་སོགས་པས་ཀྱང་རྟོགས་པར་འགྱུར་རོ། །གཙོ་བོ་ལ་སོགས་ཀྱི་གཅིག་སོགས། །ཐ་དད་རྣམས་ཀྱི་རྗེས་འགྲོ་ཉིད། །ལ་སོགས་གང་ལས་ཡོངས་སུ་འཛིན། །དེ་ཡི་ཕྱིར་འདི་གསལ་བྱེད་མིན། །གང་གི་ཕྱིར་ཐ་དད་རྣམས་ཀྱི་རྗེས་སུ་འགྲོ་བ་བོར་ཚོད་ལ་སོགས་པས་གཙོ་བོ་དང་སྐྱེས་བུ་རྟོགས་པར་བྱེད་པས་ན་དེ་ཉིད་གཙུག་ཕུད་ཅན་གྱི་དོན་བསྒྲུབས་པས་ཏེ། དེའི་ཕྱིར་གཙོ་བོ་ཡོད་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པའི་གཏན་ཚིགས་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ནི་མ་ཡིན་ནོ། །འདི་ལྟར་གཙོ་བོ་ཡོད་པ་ཉིད་ལ་སོགས་པ་དང་རྗེས་སུ་འགྲོ་བ་ལ་སོགས་པ་དེ་རྗེས་སུ་བསྒྲུབས་ན་ནི། དེ་བཞིན་ནོར་


DTG174_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནོར་ཅན་ལ། །མཚོན་ནས་གསལ་བྱེད་མ་ཡིན་ཉིད། །འབྲེལ་བ་ལས་ཀྱང་དེ་མཚོན་ཕྱིར། །འབྲེལ་མེད་ཉིད་དུ་ཡང་དག་བརྗོད། །འབྲེལ་བ་ཅིག་ཤོས་ལ་ནི་ཆ་འགའ་ཞིག་ལས་རྟགས་དང་རྟགས་ཅན་དུ་འགྱུར་གྱི་གང་ནོར་དང་ནོར་ཅན་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་དུ་ཕན་ཚུན་གཟུང་བ་དང་འཛིན་པར་འགྱུར་བས་ནའོ། །ནོར་ལ་སོགས་པ་ནི་ཆ་གང་གི་སྒོ་ནས་ཀྱང་གསལ་བྱེད་ཉིད་མ་མཐོང་ངོ༌། །དེའི་ཕྱིར་འབྲེལ་པ་གཞན་ཉིད་ལས་དོན་བརྗོད་པ་ཡིན་ནོ། །གཞན་ཡང༌། ནོར་དང་ནོར་ཅན་ལ་སོགས་ཙམ། །རྟགས་ཅན་འཛིན་པ་ཡིན་ན་ནི། །འབྲེལ་བ་ལས་གཞན་ཤེས་པས་ན། །རྣམ་པ་ཀུན་ཏུ་འཛིན་པར་འགྱུར། །ནོར་གྱི་ཆ་ནས་ནོར་ཅན་ཉིད་ཙམ་གསལ་བར་བྱེད་ཅིང་རྟགས་ཅན་གོ་བར་བྱེད་པ་ཡིན་ན་ནི་འབྲེལ་བའི་སྒོ་ནས་འཛིན་པ་པོར་ནས་རྟགས་གཞན་ལས་ནོར་གྱི་དོན་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལས་ཤིན་ཏུ་འདས་ན་ཡང་བདག་ཉིད་ཐམས་ཅད་ནས་རྟགས་ཅན་འཛིན་པར་འགྱུར་རོ་ཞེས་ཐལ་འགྱུར་སེམས་པས་ཆོག་གོ །དེ་ལྟར་རེ་ཞིག་གཙོ་བོ་དང་རྗེས་སུ་འགྲོ་བ་ལ་སོགས་པ་རྒྱུ་དང་རྒྱུ་ཅན་ཉིད་ཀྱི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་པོའི་དངོས་པོ་མ་ཡིན་ནོ། །གསལ་བྱ་གསལ་བྱེད་ཀྱི་དངོས་པོའོ། །གལ་ཏེ་གཅིག་ཡིན་རྣམ་བདུན་མིན། །གསལ་བྱ་གསལ་བྱེད་ཀྱི་དངོས་པོ་ཉིད་ཡིན་ན་ནི་ནོར་དང་ནོར་ཅན་ལ་སོགས་པའི་ཐ་དད་པ་ལས་དེ་དག་རྣམ་པ་བདུན་དུ་དབྱེ་བར་མི་བྱའོ། །དེའི་གཅིག་ཁོ་ན་གསལ་བྱེད་མ་ཡིན་པ་མ་ཡིན་དུ་ཆུག་ན། ཅིག་ཤོས་རྣམས་ནི་གསལ་བྱེད་དུ་མི་འགྱུར་རོ། །རྒྱུ་དང་རྒྱུ་ཅན་གྱི་དངོས་པོ་ལས་ཐ་དད་པ་ཡིན་པའི་ཕྱིར་འབྲེལ་བ་གཞན་ཉེ་བར་དམིགས་པ་ཉིད་འདིར་འདིའི་གསལ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་གཞན་ནི་དོན་མེད་དོ་ཞེས་སྔར་བརྗོད་ཟིན་ཏོ། །རྒྱུ་དང་རྒྱུ་ཅན་གྱི་དངོས་པོའི་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་ཉིད་ནི་གསལ་བར་བྱེད་པ་ཉིད་ཡིན་པས་ནའོ། །རྒྱུ་ཅན་ཉིད་ཅེས་པ་ནི་གསལ་བར་བྱ་བ་གསལ་བར་བྱེད་པ་ཉིད་ལ་སོགས་པ་ཡིན་ནོ། །གང་ཡང་ལྷན་ཅིག་རྒྱུ་བའི་དངོས་པོའི་འབྲེལ་བ་ནི་གཙོ་བོ་ལ་སོགས་པ་དང་རྗེས་སུ་འགྲོ་བའི་ཞེས་པ་ལའང༌། གལ་


DTG174_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཅིག་ཡིན་རྣམ་བདུན་མིན། །ཞེས་པ་དེ་ཉིད་ཀྱི་ལན་གདབ་པོ། །གང་ལྷན་ཅིག་ཏུ་རྒྱུ་བ་དེ་གཅིག་བུ་མེད་ན་མི་འབྱུང་བ་ཉིད་ཡིན་ན་ནི་ནོར་དང་ནོར་ཅན་ལ་སོགས་པ་ལྷན་ཅིག་རྒྱུ་བ་མ་ཡིན་པས་དེ་དག་ལས་རྗེས་དཔག་མ་ཡིན་པར་འགྱུར་རོ། །ལྷན་ཅིག་རྒྱུ་བའི་དངོས་པོ་ལས་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་སྲིད་དོ་ཞེས་པ་ནི་མ་ཡིན་ཏེ། དེས་དབང་པོ་ལས་འདས་པའི་དོན་ཇི་ལྟར་ཁོང་དུ་ཆུད། དེའི་ཕྱིར་དེ་ལྟ་བུའི་འབྲེལ་བ་ནི་རྗེས་སུ་དཔག་པའི་རྒྱུ་མ་ཡིན་ནོ། །གང་ཡང་རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་མཐོང་བ་དང་སྤྱི་མཐོང་བའོ་ཞེས་བརྗོད་པ་དེ་ལ་རེ་ཞིག་བྱེ་བྲག་མཐོང་བ་ནི་རྗེས་སུ་དཔག་པ་ཉིད་དུ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེ་དྲན་པར་འདོད་པའི་ཕྱིར་རོ། །སྔར་ཉམས་སུ་མྱོང་བའི་དྲན་པ་གཞག་ནས་ཤེས་པ་གཞན་ལ་དེ་འདི་ཉིད་ཡིན་ནོ་ཞེས་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །སྤྱིར་མཐོང་བ་ནི་རྣམ་པ་གཉིས་པོ་ཞེས་པ་འདི་ལ་རེ་རེའམ་གཉིས་ཀ་ཡང་རུང་སྟེ། ངེས་པར་གཟུང་བ་རིགས་པ་མིན། །ཇི་ལྟ་བུར་ཞེས་པར་གཟུང་བར་བྱ་བ་གལ་ཏེ་རེ་ཞིག་སྤྱིར་མཐོང་པ་ཁོ་ན་རྣམ་པ་གཉིས་སེ་ཞེས་པ་དེ་ལྟ་ན་ནི། འབྲས་བུ་དང་རྒྱུ་དག་ལས་ཡང་ནས་ཡང་དུ་རྗེས་སུ་དཔོག་པ་མེད་པར་འགྱུར་རོ། །ཅི་སྟེ་སྤྱིར་མཐོང་བ་རྣམ་པ་གཉིས་ཁོ་ན་ཡིན་ན་ནི་ནོར་དང་ནོར་ཅན་དང་ལྷན་ཅིག་ཏུ་རྒྱུ་བ་དང༌། གནོད་བྱ་གནོད་བྱེད་ཀྱི་འབྲེལ་བ་ཅན་དེ་རྣམས་ཀྱི་དང་པོ་ནི་རྗེས་སུ་དཔག་པར་མི་འགྱུར་རོ། །དེ་དག་ནི་རྒྱུ་འབྲས་ཀྱི་དང་པོ་མ་ཡིན་ཞིང་བྱེ་བྲག་འཛིན་པ་ཡང་མ་ཡིན་ནོ། །དེ་སྐད་དུ། ཡང་སྨྲས་པ། འབྲེལ་བ་བདུན་དུ་བསྟན་པ་དང༌། །རྗེས་སུ་དཔག་པ་གཉིས་ཉིད་དང༌། །དེ་སྔོན་སོང་བའི་རྗེས་དཔག་གསུམ། །འདི་དག་གང་གི་ཁོངས་སུ་བསྡུ། །གལ་ཏེ་ཡང་འདི་ལྟར་ནོར་བདག་ནི་བྱེད་པ་པོ་ཡིན་ཞིང་ནོར་ནི་བྱ་བ་མ་ཡིན་ནོ། །རྗེས་སུ་གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེ་ནི། དེ་ནི་མ་ཡིན་ཏེ། འབྲེལ་བ་གཞན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་དུ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་ཉིད་དུ་ཁས་ལེན་པར་བྱེད་པ་ཡིན་ན་ནི་ཕན་འདོགས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་གཉིས་སོ་ཞེས་ངེས་པར་བཟུང་བ་དེ་དག་ངེས་པར་གཟུང་བར་མི་བྱ་སྟེ། འབྲས་


DTG174_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མེད་པའི་ཕྱིར། སྤྱིར་མཐོང་བ་ནི་རྣམ་པ་གཉིས་སོ་ཞེས་པའི་ཚིག་གི་འབྲས་བུ་ཅི་ཞིག་ཡིན། གལ་ཏེ་གཞན་ལ་ཡང་རྣམ་པ་གཉིས་ཡོད་པ་དེ་ལྟ་ན་ནི་རྣམ་པ་མང་པོ་ཉིད་དུ་འགྱུར་རོ། །གང་ཡང་ཇི་སྐད་དུ་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་ནི་འཁྲུལ་པ་ཅན་ནོ་ཞེས་བརྗོད་པ་དེ་ཡང་རིགས་པ་མ་ཡིན་ཏེ། འབྲེལ་པ་ཅན་རྣམས་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །རྒྱུ་ལ་ནི་གེགས་བྱེད་པ་ལ་སོགས་པ་ཡང་སྲིད་ལ་འབྲས་བུ་མེད་པར་ཡང་འབྱུང་བའི་ཕྱིར་འཁྲུལ་པས་ན་རྗེས་སུ་དཔག་པ་མ་ཡིན་ནོ། །གལ་ཏེ་རྒྱུ་ཉིད་རྗེས་སུ་དཔག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉེ་བར་བརྟགས་ནས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་འཁྲུལ་ན་ནི། དེ་རྟགས་མིན། ཅིའི་ཕྱིར་ཞེ་ན། དེ་ལས་ནི་དོན་དེའི་རྟགས་མ་ཡིན་ཏེ། ཐེ་ཚོམ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྗེས་སུ་དཔག་པ་ཉེ་བར་གདགས་པ་ཡང་རིགས་པ་མ་ཡིན་ནོ། །རྒྱུ་ལ་འབྲས་བུའི་ཤེས་པ་དེ་འབྱུང་བ་སྲིད་ཀྱང་རྟགས་འཁྲུལ་པར་ངོ་ཤེས་པའི་ཕྱིར་རོ། །འཁྲུལ་པར་བརྗོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དེའི་ཚེ་དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེར་དོན་ཇི་ལྟ་བ་མ་ཡིན་པའི་ཉེས་པ་འབྱུང་བ་དེའི་ཚེ་ནི་དེའི་རྗེས་སུ་དཔག་པ་མ་ཡིན་ནོ། །གལ་ཏེ་ཡང་རྒྱུ་དང་འབྲས་བུའི་ཤེས་པ་དང་མི་ལྡན་པས་ཡང་འཁྲུལ་པར་བྱེད་པ་ཉིད་མ་ཡིན་ལ། རག་ལས་པ་ཡིན་ན་ནི་དེ་ལྟར་ན། འབྲེལ་པ་གཞན་དག་འོས་པ་ཡིན། དེ་ལྟ་ན་ནི་གང་མི་འཁྲུལ་བ་ལ་ལྟོས་པ་དེ་ཉིད་མེད་ན་མི་འབྱུང་བ་ཉིད་དེ། དེ་རྗེས་སུ་དཔག་པའི་རྒྱུ་ཡིན་གྱི་འབྲས་བུ་དང་འབྲེལ་བ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་དཔྱོད་པ་ཅན་གྱི་ལྷག་མ་དང་ལྡན་པ་ཉིད་ནི་རྗེས་སུ་དཔག་པ་སྟེ་གཞན་དུ་གཏན་ཚིགས་ཉིད་ལ་རྗེས་སུ་དཔག་པར་ཉེ་བར་བརྟགས་ནས་བརྗོད་དོ་ཞེ་ན། དེ་བཞིན་དུ་དེའི་རྗེས་སུ་དཔག་པ་ཐམས་ཅད་ལ། དཔྱོད་དང་བཅས་པར་བརྗོད་པར་བྱ། །མངོན་སུམ་གྱིས་སྤྱི་ཙམ་བཟུང་ཡང་འདི་ལ་དོན་གྱི་བྱེ་བྲག་མི་ངེས་པའི་ཕྱིར་ཏེ། དེ་ན་ལྷག་མ་དང་ལྡན་པ་ཁོ་ན་རྣམ་པར་དཔྱོད་པ་དང་བཅས་པ་ནི་མ་ཡིན་ཏེ། ཡོད་པའང་དཔྱོད་པ་དང་བཅས་ཕྱིར། །རྟགས་ཡོད་པར་གྲུབ་པ་འདི་ལ་ཅི་འདི་ལས་འགྱུར་ར་མ་འོན་ཏེ་མི་འགྱུར་ཞེས་རྣམ་པར་དཔྱོད་པའི་ཕྱིར་རོ། །འདི་ལྟར་ཆུ་ཀླུང་གང་


DTG174_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མི་འཁྲུལ་བ་ཉིད་ཡིན་ཞིང་རྣམ་པར་དཔྱོད་པ་དང་བཅས་པ་ཡིན་ཡང་བྱ་བ་དང་བྱེད་པ་ལས་ནི་མ་ཡིན་ཏེ། མེད་ན་མི་འབྱུང་བ་ལས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ངེས་པར་བཟུང་བ་བྱས་པས་གང་སྤྱི་མཐོང་བའི་རྗེས་སུ་དཔག་པ་དེ་དག་ནི་ལྷག་མ་དང་ལྡན་པ་དབང་པོའི་ཡུལ་ལས་འདས་པ་རྣམས་ཡང་དག་པར་རྟོགས་པར་བྱེད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། གཞན་པ་ལས་ཀྱང་རབ་ཏུ་གྲུབ། །གང་གི་ཚེ་རྗེས་སུ་འགྲོ་བ་ལ་སོགས་པ་དེ་ཉིད་ནས་ཡང་ནས་ཡང་དུ་གཙོ་བོ་ཡོད་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་དེའི་ཚེ་བྱེ་བྲག་མཐོང་བ་ལ་ཡང་ཁོང་དུ་ཆུད་པར་མཐོང་བའི་ཕྱིར་ངེས་པར་བཟུང་བ་རིགས་པ་མ་ཡིན་ནོ། །གཞན་ཡང༌། གཙུག་ཕུད་ཅན་དོན་གཅིག་རྟོགས་དེས། །ལྷག་མ་དང་ལྡན་པའི་རྗེས་དཔག་གི་ཡན་ལག་ལས་དེའི་གཙོ་བོ་གཅིག་ཡོད་པ་ཉིད་ཁོང་དུ་ཆུད་པ་ནི་འཐད་པ་སྟེ། དེའི་དངོས་པོ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་ཡང་ཐ་དད་པ་ལས་རྟོགས་པར་མི་རིགས་སོ་ཞེ་ན་མ་ཡིན་ཏེ། དེའི་རྗེས་འགྲོ་ལ་སོགས་པ་ལས་ཐ་དད་པ་ཉིད་འབྲས་བུ་ཡིན་པའི་ཕྱིར་རོ། །ཐ་དད་ཐ་སྙད་ཡོད་མིན་པའམ། །ཅི་སྟེ་ཐ་དད་ལས་གཞན་མ་ཡིན་པའི་རྗེས་སུ་འགྲོ་བ་ལ་སོགས་པ་ལས་གཙོ་བོ་གཅིག་ཉིད་ལ་སོགས་པ་བསྒྲུབས་པའི་ཕྱིར་ལྷག་མ་དང་ལྡན་པའི་གཏན་ཚིགས་ཀྱིས་ཅི་ཞིག་གོ་བར་བྱེད་ཅེས་བརྗོད་དོ། །དེ་ལྟ་ན་ནི་རྣམ་པར་ལྡན་པ་རྣམ་ལྔ་བརྗོད་པར་མི་བྱ་ཞིང་གཙུག་ཕུད་ཅན་གྱི་དོན་བཅུ་ཡང་མ་ཡིན་ནོ། །གཞན་ཡང༌། སྐྱེས་བུའི་རྣམ་ཀུན་རྟོགས་མི་འགྱུར། སྐྱེས་བུའི་ཡོད་པ་ཉིད་དམ། མང་པོ་ཉིད་དམ། ཐ་དད་པའམ། ཐ་མི་དད་པ་ཡང་རུང་རྣམ་པ་ཐམས་ཅད་དུ་རྗེས་སུ་དཔག་པས་གོ་བར་མི་འགྱུར་ཏེ། སྐྱེས་བུའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གྲངས་ཅན་པ་རྣམས་ཀྱི་རྗེས་དཔག་ནི་རིགས་པ་དང་མི་ལྡན་ནོ། །དཔྱོད་པ་རྣམས་ཀྱི་ནི་རྗེས་སུ་དཔག་པ་ལ་སོགས་པ་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེ་དང་མཚུངས་པ་ཉིད་ཡིན་པས་མདོར་མ་མཚོན་ནོ། །འགྲེལ་པ་བྱེད་པས་ནི་ངག་བྱེད་མཁན་གྱི་བསམ་པ་རྗེས་སུ་བཟླས་ནས་རྣམ་པར་ཕྱེའོ་ཞེས་ཟེར་རོ། །དེ་ལ། མངོན་སུམ་སྔོན་འགྲོ་ཅན་ཡིན་


DTG174_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །རྗེས་དཔག་ལ་སོགས་མདོར་མ་མཚོན། །ཞེ་ན་དྲན་འདོད་ཞེ་སྡང་དང༌། །རྩོལ་བ་ལ་སོགས་ཚད་མར་འགྱུར། །གལ་ཏེ་མངོན་སུམ་སྔོན་དུ་འགྲོ་བ་ཅན་དེ་ཉིད་ཚད་མ་ཉིད་དུ་ཤེས་ཟིན་པས་ངག་བྱེད་མཁན་གྱི་རྗེས་དཔག་ལ་སོགས་པ་མ་བརྗོད་པ་དེ་ལྟ་ན་ནི་མངོན་སུམ་སྔོན་དུ་སོང་བ་ཅན་ཡིན་པའི་ཕྱིར་དྲན་པ་ལ་སོགས་པ་ཡང་ཚད་མ་གཞན་ཉིད་དུ་འགྱུར་རོ། །འབྲེལ་པ་བྱེད་པས་གཞན་གཞུང་ལས་བཏོན་ཏེ་གཅིག་ཏུ་བསྟུན་ནས་ནི། རྗེས་དཔག་ལ་སོགས་བསྟན་པ་སྟེ། མངོན་སུམ་སྔོན་འགྲོ་ཅན་མ་ཡིན། །མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ནི་འབྲེལ་བའམ་ལྡན་པ་ལ་སོགས་པ་ལ་མངོན་སུམ་པ་ཉིད་དུ་བརྗོད་པར་བྱ་ན་འབྲེལ་པ་ཅན་ནམ་གཉིས་ཀ་ལྟར་ན་ཡང་རིགས་པ་མ་ཡིན་ཏེ། ལྡན་སོགས་ཡུལ་ལ་དབང་བློ་མེད། །ཡུལ་ལའང་དེ་དག་ཡོད་མ་ཡིན། །དབང་པོ་ནི་ཐུན་མོང་མ་ཡིན་པའི་ཡུལ་ཅན་ནོ་ཞེས་སྔར་བརྗོད་ཟིན་ཏོ། །འབྲེལ་བ་ནི་དུ་མ་ལ་བརྟེན་པ་ཡིན་ན་དེ་ཇི་ལྟར་རྟོགས་པ་མེད་པའི་དབང་པོའི་བློའི་ཡུལ་དུ་འགྱུར། འབྲེལ་བ་ཅན་ཡང་འབྲེལ་བ་ཅན་ཉིད་དུ་བཟུང་ན་ནི་རྗེས་སུ་དཔག་པ་ལ་སོགས་པ་ཉེ་བར་མཁོ་བར་འགྱུར་ན་མངོན་སུམ་གྱིས་ནི་དེ་ལྟ་མ་ཡིན་ནོ། །འགྲེལ་པ་བྱེད་པས་ནི་ཕལ་ཆེར་བྱེ་བྲག་པའི་རྗེས་སུ་དཔག་པ་ཉིད་རྗོད་པར་བྱེད་པ་སྟེ། མཐོང་བའི་སྤྱི་དང་མ་མཐོང་བའི་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེ་ལ་འདུ་བ་དང་དོན་གཅིག་ལ་འདུ་བ་དང་འགལ་བ་དང་དེ་དང་ལྡན་པ་རྣམས་ནི་མངོན་སུམ་པ་མ་ཡིན་ཏེ། དེས་ནི་ལྡན་པ་དང་བཅས་པའི་འབྲེལ་བ་ཅན་མངོན་སུམ་པར་གྱུར་པ་ཡིན་པར་འདོད་པའི་ཕྱིར་རོ། ། དེ་ལྟར་ཁས་ལེན་པ་ལ་བརྗོད་པ། ལྡན་པ་རྗེས་དཔག་གིས་རྟགས་མིན། ལྡན་པ་ནི་མེ་དང་དུ་བ་དག་རྗེས་སུ་དཔོག་པ་མ་ཡིན་ཏེ། གཉིས་ཀའི་རྒྱུར་ཁྱད་པར་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ནས་གོ་བར་འགྱུར་རོ་ཞེས་བརྗོད་ཟིན་ཏོ། །ལྡན་པ་ཅན་ནི་རང་ངོ་བོས། །ཁོང་དུ་ཆུད་པར་བྱེད་མ་ཡིན། །འབྲེལ་པ་ཅན་གྱི་རང་གི་ངོ་བོས་ནི་རྗེས་སུ་དཔག་པ་ལ་འགའ་ཞིག་ཏུ་ཡང་ཕན་མི་འདོགས་སོ། །གཞན་མིན་མངོན་སུམ་ཡང་མ་ཡིན། །ཇི་ལྟར་རྟོགས་པ་དེས་རྗེས་སུ་དཔག་པ་ལ་ཕན་མི་འདོགས་པ་དེ་བཞིན་དུ་མངོན་སུམ་ལ་ཡང་ངོ་ཞེས་སྔར་བརྗོད་ཟིན་ཏོ། །རྗེས་སུ་དཔག་པ་


DTG174_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་སུ་བསྟན་པ་དང་ཉེ་བར་གཞལ་བ་རྣམས་ལ་ནི་འདིར་དགག་པ་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར། གང་དུ་ཕྱིར། གང་དུ་རྗེས་དཔག་ལ་སོགས་འདི། །བཀག་པ་དེ་བཞིན་དེ་ཡང་བཀག །འདིར་རང་གི་འདོད་པ་རྗེས་སུ་དཔག་པ་ལ་སོགས་པ་ཅུང་ཟད་ཀྱང་བསྒྲུབས་པ་མེད་དོ། ། འབྲེལ་བ་གཞན་མ་བསྟན་པའི་ཕྱིར་རོ། །འདིར་ཅུང་ཟད་བརྗོད་པ་ནི་བྱེ་བྲག་པའི་འདོད་པ་ཁ་ཅིག་ལས་སོ། །དེས་ན་དེ་བཀག་པ་བཞིན་དུ་འདི་ཡང་བཀག་པར་རིག་པར་བྱའོ། །དོན་གྱི་གོ་བ་གཉིས་ཀ་ལ་འགག་པར་བརྗོད་པར་བྱ་སྟེ། དོན་གོ་རྣམས་ནི་མཐའ་གཅིག་ཏུ། །ངེས་པ་དང་མཐའ་གཅིག་ཏུ་མ་ངེས་པའོ། །དེ་ལ་གང་མཐའ་གཅིག་ཏུ་ངེས་ཏེ། རྗེས་དཔག་གང་དུ་མཐའ་གཅིག་ཏུ་ངེས་པ་ཅན་གྱི་གོ་པ་ནི་དཔེར་ན་དེ་འཚོད་པ་ལས་སྣོད་དང་རྟེན་ལ་སོགས་པའི་དོན་འཛིན་པ་ལྟ་བུ་སྟེ། དེ་ནི་འཚོད་པའི་རྟགས་ཉིད་ལས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །ཅིག་ཤོས་བརྫུན། མཐའ་གཅིག་ཏུ་མ་ངེས་པ་ཅན་ཉིད་ཀྱི་དོན་གྱིས་གོ་བས་ནི་ཚད་མ་ཉིད་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་གོ་ཞེས་བརྗོད་པ་ལས་རྩོལ་བ་ལས་མ་བྱུང་བའི་ཕྱིར་རྟག་ཅེས་པ་མ་ངེས་པ་ཡིན་པ་བཞིན་ནོ། །གང་འདི་སྐད་དུ་ནག་པ་ཁྱིམ་ན་མེད་པ་ལས་ཕྱི་རོལ་ན་ཡོད་པར་མཚོན་པར་བྱེད་པ་ནི་དངོས་པོ་མེད་པའི་ཚད་མ་ཉིད་དོ་ཞེས་བརྗོད་པ་དེ་ལ། ནག་པ་ཁྱིམ་ན་མེད་པ་ལས། །ཕྱི་ན་ཡོད་པ་མཚོན་པ་མིན། །ཁྱིམ་གྱི་སྒྲ་ཡི་དོན་ལས་འདིར། །ཕྱི་ན་ཡོད་པར་རབ་ཏུ་རྟོགས། །ནག་པ་ཁྱིམ་ན་མེད་ཅེས་བྱ་བ་འདི་ལ་ཁྱིམ་གྱི་སྒྲའི་སྦྱོར་བ་ཉིད་ལས་ནག་པ་ཕྱི་རོལ་ན་ཡོད་པར་དོན་གྱིས་གོ་བ་ཡིན་གྱི། མེད་པ་ལས་ནི་མ་ཡིན་ནོ། །གལ་ཏེ་ཁྱིམ་དང་ཕྱི་རོལ་གཉིས་ཀ་ན་མེད་ན་ནི་མེད་དོ་ཞེས་བྱ་བཙམ་ཉིད་བརྗོད་པར་འགྱུར་རོ། །དེའི་ཕྱི་རོལ་དོན་གྱི་གོ་བ་ཉིད་ནི་དངོས་པོ་མེད་པའི་ཚད་མ་གཞན་མ་ཡིན་ནོ། གཉེན་པོའི་ཕྱོགས་མ་གྲུབ་པ་ལས། །ཕྱོགས་གྲུབ་པ་རུ་བརྗོད་པ་ཡིན། །གང་དུ་གྲངས་ཅན་པ་རྣམས་ཀྱིས་གཞན་གྱི་ཕྱོགས་བཀག་ནས་རང་གི་ཕྱོགས་བསྒྲུབ་པར་འདོད་པ་ཐལ་བར་འགྱུར་པ་སེལ་བ་འདི་ཡང་སེལ་བ་ཡིན་པར་རིག་པར་བྱའོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ངེས་པར་བསྟན་ཏོ། །


DTG174_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཀུན་ལས་བཏུས་པ་ལས་རང་གི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གཉིས་པའོ།། །།གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཇི་ལྟར་རང་གི་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་བཞིན་དུ་གཞན་ལ་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ། རྒྱུ་ལས་འབྲས་བུ་བརྟགས་པའི་ཕྱིར་རོ། །འདིར་ཡང་ཚུལ་གང་ཡང་རུང་བ་ཅིག་མ་སྨྲས་ན་ཡང་མ་ཚང་བ་བརྗོད་པར་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་པར་བྱ་བ་སྟོན་པ་ནི། །དམ་བཅའ་བ་བྱ་སྟེ། རྟོག་གེའི་བསྟན་བཅོས་རྣམས་སུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ། དགོད་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ཉིད་དྲི་བར་བྱའོ། །ཁོ་བོ་ཅག་ནི། དེ་ལ་དཔག་བྱ་བསྟན་པ་ནི། །རྟགས་ཀྱི་དོན་གྱི་ཡུལ་དུ་འདོད། །ཡན་ལག་རྣམས་ནས་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་ཉིད་དུ་མི་འདོད་དེ། །དེ་ཉིད་ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་རྟགས་ཀྱི་དོན་དུ་ཡུལ་བསྟན་པའི་ཕྱིར་དེ་ནི་དེས་བསྒྲུབ་པར་བྱའོ། །དེ་ཡང་།རང་གི་ངོ་བོ་དང་ཉིད་ལྡན། །རང་དང་འདོད་འགྱུར། རང་གི་ངོ་བོ་ཁོ་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ངོ་བོ་ཡིན་གྱི་གྲུབ་པ་ལས་སྒྲུབ་པའི་ངོ་བོས་ནི་མ་ཡིན་ནོ། །དེ་བཞིན་དུ་རྟགས་མ་གྲུབ་པ་དང༌། དཔེ་ལྟར་སྣང་བ་དག་ཀྱང་ཡོངས་སུ་སྤངས་པར་བརྗོད་པ་སྟེ། དེ་དག་སྒྲུབ་པར་འོས་པའི་ངོ་བོར་བརྗོད་པར་མི་བྱའོ། །རང་དང་འདོད་འགྱུར་ཞེས་སྨོས་པ་འདིས་ནི་རང་གི་བསྟན་བཅོས་ལ་ལྟོས་ནས་ཁས་བླངས་པར་བསྟན་པ་ཡིན་ནོ། །དེ་ཡང་མ་བསལ་བའོ། །མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །གང་སྒྲུབ་པར་འདོད་པའི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དང་འགལ་བའི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ལུང་དང༌། གྲགས་པ་རྣམས་ཏེ། ཆོས་གཞན་གྱིས་མ་བསལ་བའོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་དེ་ལྟར་སྣང་བ་སྟེ། དཔེར་ན་སྒྲ་མཉན་དུ་མི་རུང་ངོ༌། །བུམ་པ་རྟག་གོ །ཚད་མས་གཞལ་བར་བྱ་བའི་དོན་སྒྲུབ་པར་མི་བྱེད་དོ་ཞེས་པ་ལྟ་བུ་དམ་བཅའ་བ་ཙམ་དང་འགལ་བ་དང༌། གང་ཡང་ཐུན་མོང་


DTG174_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་ཡོད་པ་མ་ཡིན་ཞིང་སྒྲར་གྲགས་པ་དང་འགལ་བའི་དོན་སྦྱོར་བ་ནི་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དེ་དག་གིས་ནི་ཆོས་ཀྱི་རང་གི་ངོ་བོ་བསལ་བའི་སྒོ་ཙམ་ཅིག་བསྟན་པ་ཡིན་ནོ། །ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་གི་རང་གི་ངོ་བོ་བསལ་བ་ཡང་མཚོན་པར་རིག་པར་བྱ་སྟེ། འདི་ལྟར་དཔེར་ན་ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། སྲང་མཐོ་དམན་གྱི་བྱེ་བྲག་མ་བཟུང་བའི་ཕྱིར་རོ། །ཡན་ལག་དང་ཡན་ལག་ཅན་དག་ནི་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་གྱི་རྫས་རྣམས་ཀྱི་རྫས་རྫས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་ཀའི་རང་གི་ངོ་བོའི་བྱེ་བྲག་ནི། དཔེར་ན་སྨྲ་བའི་དོན་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་ལྟ་བུའོ། །སྨྲ་བ་ཡོད་མོད་ཀྱིས་ཀྱང་སྨྲས་པ་དང་སྨྲ་བའི་བདག་ཉིད་བརྫུན་པ་ཉིད་དུ་འགྱུར་བའི་ལྟ་ན་ནི་དེའི་སྨྲ་བའི་བདག་ཉིད་དང་ཡང་བརྫུན་པ་ཉིད་གཉིས་ཀ་རྣམ་པ་ཐམས་ཅད་དུ་བསལ་བར་འགྱུར་རོ། །དེ་ལྟ་བུ་ནི་གཉིས་ཀའི་རང་གི་ངོ་བོ་བསལ་ཏོ། །ཅི་སྟེ་སྨྲ་བའི་བདག་ཉིད་ཀྱི་བརྫུན་པ་ཉིད་བསལ་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཉིས་ཀའི་བྱེ་བྲག་བསལ་བ་ཡིན་ནོ། །རིགས་པ་ཅན་རྣམས་ན་རེ། བསྒྲུབ་བྱ་སྟོན་ཞེས་པ་འདི་ལ། གྲུབ་པ་མེད་པར་དོན་གྱིས་བྱས། །བསྒྲུབ་བྱ་སྨོས་པས་ནི་གྲུབ་པ་ལོག་པ་ཙམ་དུ་བསྟན་པའི་ཕྱིར་བསྒྲུབ་བྱའི་བྱེ་བྲག་ཉིད་ནི་མ་ཡིན་པར་གནས་སོ། །དེ་ལྟ་ན་ནི་རྟགས་དང་དཔེ། །མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར། །དཔེར་ན་སྒྲ་རྟག་སྟེ། རེག་པར་བྱ་བ་ཡིན་པའི་ཕྱིར་བློ་བཞིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་མིག་གིས་གཟུང་བྱ་ཡིན་པའི་ཕྱིར་མི་རྟག་ཅེས་བྱ་བ་འདི་ཡང་བསྒྲུབ་བྱ་བསྟན་པའི་ཕྱིར་དམ་བཅའ་བར་ཐལ་བར་འགྱུར་རོ། །འདི་ལ་ཡང་ཅི་ཆོས་བསྒྲུབ་བྱ་ཡིན་ནམ། ཅི་སྟེ་ཆོས་ཅན་ཡིན་ནམ། དེ་སྟེ་གཉིས་ཀ་ཡིན་ཞེས་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། བསྒྲུབ་བྱ་ཆོས་ཡིན་ཆོས་མཐུན་མེད། །གལ་ཏེ་ཆོས་ཅན་མི་རྟག་པ་ཉིད་ཙམ་བསྒྲུབ་བྱ་ཡིན་པ་ལྟ་ན་བསྒྲུབ་བྱའི་ཆོས་ཀྱི་མཐུན་ཞེས་ནི་སྦྱར་དུ་མི་བཏུབ་སྟེ། མི་རྟག་པ་ཉིད་ཀྱི་ཆོས་མཐུན་པའི་དངོས་པོ་ཅན་གྱི་དཔེ་མེད་པའི་ཕྱིར་རོ།


DTG174_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་བསྒྲུབ་བྱའི་རྟགས་དོན་མེད། །ཆོས་ཅན་བསྒྲུབ་བྱ་ཡིན་པ་ལྟ་ན་ནི་སྒྲ་ནི་གྲུབ་པ་ཡིན་པའི་ཕྱིར་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་དགོད་པར་མི་བྱའོ། །གལ་ཏེ་གཉིས་ཀ་ཡིན་ན་ནི་སྐྱོན་ཡང་གཉིས་ཀའོ། །འདི་ལ་ཡང་བསྒྲུབ་བྱ་བསྟན་པ་ཉིད་དམ་བཅའ་བའོ་ཞེས་ངེས་པ་གོང་དུ་སྦྱོར་བའམ། བསྒྲུབ་བྱ་བསྟན་པ་དམ་བཅའ་བ་ཉིད་དོ་ཞེས་ངས་པར་བཟུང་བར་འོག་ཏུ་སྦྱོར་གྲང༌། དེ་ལས་ཅིར་འགྱུར། གོང་དུ་ངོས་བཟུང་དོན་མེད་འགྱུར། །ཅིག་ཤོས་ལྟར་ན་འདོད་མི་འགྱུར། །གལ་ཏེ་བསྒྲུབ་བྱ་བསྟན་པ་ཉིད་དོ་ཞེས་ངེས་བཟུང་གོང་དུ་སྦྱོར་ན་ནི་སྒྲུབ་བྱེད་དུ་བསྟན་པའི་རྟགས་ལ་སོགས་པ་འཕངས་ཟིན་པའི་ཕྱིར་གོང་དུ་ངེས་བཟུང་བྱས་པ་ལས་དོན་མེད་དོ། །ཅི་སྟེ་བ་སྒྲུབ་བྱ་བསྟེན་པ་དམ་བཅའ་བ་ཉིད་དོ་ཞེས་ངེས་བཟུང་འོག་ཏུ་སྦྱོར་ན་ནི་རྟགས་ཀྱི་དཔེར་བརྗོད་པའི་དོན་དུ་བསྟན་པ་ཡང་དམ་བཅའ་བར་འགྱུར་བའི་ཕྱིར་དམ་བཅའ་བ་རིགས་པ་དང་མི་ལྡན་ནོ། །དེ་བཞིན་བསྒྲུབ་བྱ་བརྗོད་པ་ལའང༌། །དེ་བཞིན་ཏེ་རིགས་པ་ཅན་རྣམས་ལ་སྐྱོན་བརྗོད་པ་དེ་བཞིན་དུ་རྩོད་པ་སྒྲུབ་པ་ལ་ཡང༌། རྟགས་བསྒྲུབ་པར་བྱ་བ་དང༌། དཔེ་ལྟར་སྣང་བ་བརྗོད་པར་ཡང་དམ་བཅའ་བར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་ལ་ནི། ཕྱོགས་ལྷག་ཕྱིར་ན་སྲིད་མ་ཡིན། །རྩོད་པ་བསྒྲུབ་པ་ནི་བསྒྲུབ་བྱར་བརྗོད་པ་ཙམ་དམ་བཅར་འགྱུར་བ་མ་ཡིན་གྱི་འདི་ལྟར་ཕྱོགས་བསྒྲུབ་བྱ་ཡིན་ནོ། །ཕྱོགས་དེ་ཅི་ཞིག་རྣམ་པར་དཔྱད་པའི་འདོད་པ་དོན་ཏེ། དེ་ཕྱོགས་ཡིན་པས་བསྒྲུབ་བྱ་ཙམ་དེ་རྟགས་མ་གྲུབ་པ་ལ་སོགས་པར་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ་ཞེས་པའི་སྐྱོན་ནི་མེད་དོ་ཞེ་ན་སྐྱོན་ཇི་ལྟར་ན་མེད་དེ་དེ་ལ་ཡང༌། རྣམ་པར་དཔྱད་པའི་འདོད་པ་འདི། །མི་འདོད་པ་ལས་ལོག་པ་ཙམ། །དེ་ནི་མི་འདོད་པ་ལོག་པ་ཙམ་ཡིན་པར་བས་སོ། །དེས་ན་ཇི་ལྟར་བསྒྲུབ་བྱའི་བྱེ་བྲག་གོ་བར་བྱེད། རྣམ་པར་དཔྱད་པའི་འདོད་པ་ནི་འདི་རྟགས་ཡིན་ནམ་མ་ཡིན་ཞེས་མིང་གི་གཟུང་བྱ་ལ་ཡང་དཔྱད་པར་ནུས་པའི་ཕྱིར་དེ་ཡང་དམ་བཅའ་བར་བརྗོད་པ་ཡིན་ནོ། །བསྒྲུབ་བྱ་གཟུགས་བརྙན་དང་བཅས་པ་བསྟན་ཏོ། །རིགས་པ་ཅན་རྣམས་ན་རེ་དམ་བཅའ་བ་གཏན་ཚིགས་དང་འགལ་བ་དང་དམ་བཅའ་དང་འགལ་བ་ཞེས་བྱ་བ་དེ་དག་དམ་བཅའ་བའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་པ་


DTG174_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་རོ། །དམ་བཅའ་གཏན་ཚིགས་དང་འགལ་བ། །དམ་བཅའི་སྐྱོན་ཞེས་རིགས་པ་མིན། །འདིར་ནི་དམ་བཅའ་བ་དང་གཏན་ཚིགས་སུ་འགལ་ལོ་ཞེས་པ་གཉིས་ཀ་རིགས་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། ལེགས་པར་མ་བསླབས་པ་རྣམས་ཀྱིས། །དེ་ནི་ཆོས་མི་མཐུན་དཔེས་བརྗོད། །གང་གཏན་ཚིགས་ཀྱི་སྦྱོར་བ་འདི་དམ་བཅའ་བ་དང་འགལ་བར་བརྗོད་པ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཆོས་མི་མཐུན་པའི་དཔེའི་སྦྱོར་བ་ཉིད་ཀྱིས་ཡིན་པས་ནའོ། །དེར་ནི་འདི་ལྟར་སྦྱོར་བ་བྱས་ནས་མཛེས་པར་འགྱུར་རོ། །སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་ནི་ཐམས་ཅད་མ་ཡིན་པས་མེད་པའི་ཕྱིར་ཞེས་དོན་ནོ། །དེ་ལྟ་ན་ནི་ཆོས་མི་མཐུན་པའི་དཔེས་བསྒྲུབ་བྱ་མེད་པ་ལས་གཏན་ཚིགས་མེད་པར་བསྟན་པ་ཡིན་ནོ། །རྟག་ཉེར་འཇལ་གྱིས་འདིར་བསྒྲུབ་བྱ། །མ་ཡིན། ཉེ་བར་འཇལ་བས་ནི་འདིར་སྒྲ་ལ་ཐམས་ཅད་ཅེས་བྱ་བས་ཐམས་ཅད་ཅེས་བྱ་བས་ཐམས་ཅད་མ་ཡིན་པ་ཉིད་རྟགས་སུ་བརྗོད་པ་ནི་མ་ཡིན་ནོ། །དེ་ནི་མ་གྲུབ་པ་སྟེ་ཐམས་ཅད་ཀྱི་ཁོངས་སུ་སྒྲ་ཡང་འདུས་པའི་ཕྱིར་རམ། །དམ་བཅའ་བའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་མི་རྟག་ཅེས་པ་ལ་ཐམས་ཅད་ཀྱི་སྒྲས་སྒྲ་དང་བཅས་སྟེ་བརྗོད་ན་ནི་དེ་ལྟར་ན་ཐམས་ཅད་ཀྱི་ཁོངས་སུ་སྒྲ་ཡང་འདུས་པའི་ཕྱིར་ཐམས་ཅད་མ་ཡིན་པ་ཉིད་ནི་མེད་དོ། །ཇི་ལྟར་མེད་དེ། གང་གི་ཚེ་འདི་ཕྱོགས་གཅིག་ཡིན་པའི་ཕྱིར་ཐམས་ཅད་མ་ཡིན་པའོ་ཞེ་ན། དེ་ལྟ་ན་ནི་གཞན་ལ་ཡང་ཕྱོགས་གཅིག་ཡིན་པ་ཉིད་དོ། །ཐམས་ཅད་མ་ཡིན་པས་སོ། །དེ་ལྟ་ན་ནི་ཐམས་ཅད་མ་ཡིན་པ་མི་འདོད་པར་འགྱུར་རོ། །ཅི་སྟེ་དེ་ལྟ་ན་ཡང་དམ་བཅའ་བའི་སྐྱོན་ཉིད་དུ་འགྱུར་ཏེ། མི་རྟག་པ་ཉིད་ཀྱིས་རྟག་པ་ཉིད་བསལ་བའི་ཕྱིར་ཞེ་ན། སྒྲ་ལ་ཡོད་པ་ཉིད་སེལ་བར་འགྱུར་བ་ནི་མ་ཡིན་པའི་ཕྱིར་སྒྲ་ལ་ཡོད་པར་བརྗོད་པ་ཡིན་པས་ནི་ཆོས་མི་མཐུན་པའི་དཔེའི་སྦྱོར་བ་ཉིད་དུ་སྦྱར་བར་བྱའོ། །ཅི་སྟེ་སྒྲ་དང་བྲལ་བ་ཐམས་ཅད་དེ་སྒྲ་ཉིད་ཐམས་ཅད་མ་ཡིན་པའོ་ཞེ་ན། དེ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་པ་སྟེ། དཔེར་ན་མི་རྟག་སྟེ་མི་རྟག་པའི་ཕྱིར་ཞེས་པ་


DTG174_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །སྒྲ་ཞེས་པ་མ་གྲུབ་པའི་དོན་ཉིད་ཡིན་པ་དེ་བཞིན་དུ་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ཀྱང་ངོ༌། །ཅི་སྟེ་འདུས་པ་རྣམས་གཞན་གྱི་དོན་བྱེད་དེ། འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། དེ་བཞིན་དུ་འདུས་བྱས་མི་རྟག་སྟེ་འདུས་བྱས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དག་ལ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བ་མཐོང་ངོ་ཞེ་ན། འདིར་འདུས་པ་དང་འདུས་བྱས་ཐམས་ཅད་ནི་དམ་བཅའ་བའི་དོན་མ་ཡིན་ཏེ། དཔེ་མེད་པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་འདི་ལྟར་མིག་ལ་སོགས་པ་དང༌། འདུས་བྱས་ཀྱི་ཕྱོགས་གཅིག་ཡིན་ནོ། །ཅི་སྟེ་ཡང་སྒྲ་ཉིད་ཐུན་མོང་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་འགྱུར་བའི་ནུས་པ་ནི་མེད་དོ། །དམ་བཅའ་བའི་དོན་གྱི་ཆོས་ནི་ཐུན་མོང་མ་ཡིན་པ་སྟེ་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པར་རིགས་ཀྱི་སྒྲ་ལ་ནི་སྒྲ་གཞན་མེད་པའི་ཕྱིར་དེ་ལྟ་མ་ཡིན་པས་མ་གྲུབ་པ་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །དཔེའི་སྐྱོན་ཡང་དམ་བཅའ་བའི་སྐྱོན་མ་ཡིན་ནོ། །རྩོད་པ་སྒྲུབ་པར་ནི་འདི་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཉིད་ཀྱི་ཁོངས་སུ་བསྡུས་ཏེ། མཚན་ཉིད་དེ་ལྟ་བུ་ལས་ནི། །འགལ་བ་དང་ལྡན་མིན། དེར་ནི་འགལ་བ་རྣམ་པ་གཉིས་སུ་བསྟན་ཏེ། དམ་བཅའ་བའི་དོན་དང་འགལ་བ་དང༌། གྲུབ་པའི་མཐའ་དང་འགལ་བའོ། །དེ་གཉིས་ཀ་ཡང་འདིར་མི་སྲིད་དོ། །དེ་གཉིས་ཀ་ཡང་འགལ་བ་ཉིད་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །དེ་ལྟར་བསྒྲུབ་བྱ་བསྟན་ནས། ད་ནི་གཏན་ཚིགས་བསྟན་པར་བྱ་སྟེ། དེ་ལ། གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་རྟགས། །དེ་ལྟར་སྣང་བ་ཕལ་ཆེ་བས། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་རྒྱས་པར་དེ་བསྟན་བྱ། །མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལ་ཡང་རྣམ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནི། །ཡོད་མེད་གཉིས་ཀའི་བྱེ་བྲག་ཕྱིར། །གང་གི་ཕྱིར་འདིར་ཕྱོགས་ཆོས་རྣམ་པ་དགུར་བསྟན་པ་དེའི་ཕྱིར་དེ་ཉིད་སྔར་བརྟག་པར་བྱའོ། །རེ་ཞིག་ཅི་སྟེ་འདིར་ཕྱོགས་ཀྱི་ཆོས་སུ་འགྱུར་ཞེ་ན། ཇི་ལྟར་ནི་མི་འགྱུར། །གང་གི་ཕྱིར་ཆོས་ཅན་ནི་གྲུབ་ཟིན་པའི་ཕྱིར་སྒྲུབ་པར་མི་འདོད་པས་ན་ཉེས་པ་མེད་དོ། །གང་


DTG174_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་ཡིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་རྟགས་ནས་བརྗོད། །བསྡུས་པའི་དོན་རྗེས་སུ་དཔག་པར་བྱ་བ་ཡིན་པར་ནི་སྔར་བཤད་ཟིན་ཏོ། །དེ་དངོས་ཀྱི་བསྒྲུབ་བྱ་བསྡུས་པའི་ཡན་ལག་གི་དོན་ཆོས་ཙམ་དང་ཆོས་ཅན་ཁ་ཡར་བ་ལ་ནི་ཉེ་བར་བཏགས་ནས་ཡིན་པར་བརྗོད་དོ། །དེའི་ཆོས་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དཔེར་ན་རས་ཡུག་ཚིག་གོ་ཞེས་བྱ་བ་བཞིན་ནོ། །འདི་ལ་ཡང་གཉིས་ཀ་ལ་གྲུབ་ཆོས་དེ་ལས། །ཐ་སྙད་ཡིན་ཕྱིར་གཉིས་ཀ་ལའམ། །གང་ཡང་རུང་བ་ལ་བཟློག་པའམ། །ཐེ་ཚོམ་ཆོས་གྲུབ་འདོད་མ་ཡིན། །འདིར་གཉིས་ཀ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་ནི། དོན་གྱི་ཤུགས་ཀྱིས་གཏན་ཚིགས་ཉིད་དུ་མི་འདོད་དེ། དཔེར་ན་སྒྲ་མི་རྟག་སྟེ། མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གང་ཡང་རུང་བ་ལ་སྟེ་གཅིག་ཏུ་ཕྱིན་ཅི་ལོག་ཏུ་ཡང་གྲུབ་པ་ནི་དཔེར་ན་མངོན་པར་གསལ་བར་སྨྲ་བ་ལ་བྱས་པ་ཉིད་ལྟ་བུའོ། །གཉིས་ཀའམ་གང་ཡང་རུང་བ་ལ་ཐེ་ཚོམ་དུ་གྱུར་བ་ནི་དཔེར་ན་དུད་པ་ཉིད་ཐེ་ཚོམ་ཟ་བ་ལས་མེ་སྒྲབ་པ་ལྟ་བུའོ། །ཆོས་གྲུབ་པ་ནི་དཔེར་ན་བདེ་བ་ལ་སོགས་པ་ཐམས་ཅད་ཡོད་པའི་ཕྱིར་བདག་ཁྱད་པར་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །འདི་ལའང་ཕྱོགས་ཀྱི་ཆོས་ཉིད་དུ། །མི་འདོད་ཐམས་ཅད་སུན་འབྱིན་དུའང༌། །འདི་ལྟར་ཅིག་ཤོས་སུ་གཉིས་ཀར་རབ་ཏུ་གྲུབ་ན་ནི། སུན་འབྱིན་པའམ་གྲུབ་པ་ཡིན། །གང་ཞིག་གཉིས་ཀ་ལ་རབ་ཏུ་གྲུབ་པའི་ཕྱོགས་ཀྱི་ཆོས་མ་ཡིན་པ་ནི་དཔེར་ན་མིག་གི་གཟུང་བྱ་ཉིད་ལྟ་བུ་སྟེ་དེ་ནི་སུན་འབྱིན་པའོ། །སྒྲུབ་པ་ནི་དཔེར་ན་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཞན་ནི་འདི་ལྟར་སྒྲུབ་པ་མ་ཡིན། སུན་འབྱིན་པ་ཡང་མ་ཡིན་པས་དེར་གང་གིས་རྟོགས་པ་བསྐྱེད། གཞན་གྱིས་སླར་ཡང་བསྒྲུབས་ན་འདོད། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་དུ་བསྒྲུབས་ན་དེ་སྒྲུབ་བྱེད་ཡིན་ཞིང་ཅི་སྟེ་ཕྱོགས་ཀྱི་ཆོས་མ་ཡིན་པ་ཉིད་དུ་བསྒྲུབས་ན་དེ་སུན་འབྱིན་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་ཀྱི་སྒྲུབ་པ་ཉིད་ནི། ཆོས་ཅན་ཆོས་ཅན་གྱིས་སྒྲུབ་མིན། །ཆོས་དེས་ཆོས་ཀྱང་མ་ཡིན་གྱི། །འདི་ལྟར་ཆོས་ཀྱི་ཆོས་སྒྲུབ་ཅིང༌། །སྒྲུབ་ཕྱིར་


DTG174_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཡང་དེ་བཞིན། །དེ་ལ་རེ་ཞིག་གང་དག་འདི་སྐད་དུ་དུད་པས་མེ་སྒྲུབ་པ་ནི་ཆོས་ཅན་གྱི་ཆོས་ཅན་སྒྲུབ་པའོ་ཞེས་ཟེར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལ་མེའི་ཡོད་པ་རྟོགས་པ་ནི་མ་ཡིན་གྱི་འདི་ལའོ་ཞེས་རྗོད་པར་བྱེད་དོ། །གལ་ཏེ་དེར་དུད་པ་དང་འབྲེལ་བ་བསྒྲུབ་བྱར་བྱེད་ན་ནི་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ། །རྗེས་སུ་དཔག་པར་བྱ་བ་དུ་བ་ལ་མེ་མཐོང་བར་ཡང་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདི་ལའོ་ཞེས་གདོན་མི་ཟ་བར་ས་ཕྱོགས་ཁས་བླང་བར་བྱ་སྟེ། དེ་ཡང་ཆོས་ཅན་ཉིད་ཡིན་ནོ། །འདིར་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཀྱི་ཚུལ་ནས་ཆོས་དང་ཆོས་ཅན་གྱི་རྣམ་པར་གཞག་པ་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཆོས་ཅན་གྱི་ཆོས་ཅན་བསྒྲུབ་པར་བྱ་བ་ཡང་མ་ཡིན་ནོ། །ཆོས་ཅན་གྱི་ཆོས་ཅན་བསྒྲུབ་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་ལ་གང་དག་མེས་རེག་བྱ་སྒྲུབ་པར་བྱེད་དོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལའོ་ཞེས་བརྗོད་པའི་ཕྱིར་སྔར་བཞིན་ནོ། །གལ་ཏེ་རེ་ཞིག་རིགས་པ་ཉིད་ཡིན་ཏེ། དུ་བ་ཐམས་ཅད་ལ་མེ་མ་མཐོང་བའི་ཕྱིར་རོ། །ས་ཕྱོགས་ཀྱི་བསྒྲུབ་བྱ་ཉིད་ཡིན་ཡང་མེའི་བྱེ་བྲག་དྲོ་བ་བསྒྲུབ་བྱ་ཡིན་པའི་ཕྱིར་ས་ཕྱོགས་བརྟགས་པ་དོན་མེད་དོ། །དམ་བཅའ་བའི་ཕྱོགས་གཅིག་གི་གཏན་ཚིགས་མ་ཡིན་ཏེ། མེའི་བྱེ་བྲག་བསྒྲུབ་བྱ་ཡིན་པའི་ཕྱིར་དང༌། སྤྱི་གཏན་ཚིགས་ཡིན་པའི་ཕྱིར་རོ་ཞེ་ན། མེའི་བྱེ་བྲག་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བ་ནི་ས་ཕྱོགས་ཀྱི་ཁྱད་པར་བྱས་པའི་དུ་བའི་བསྒྲུབ་བྱ་ཉིད་དུ་ཁས་བླང་བར་བྱའོ། །དེར་ས་ཕྱོགས་ཀྱི་བྱེ་བྲག་ལ་ཅིའི་ཕྱིར་ཞེ་སྡང༌། མེའི་བྱེ་བྲག་ལ་གང་གིས་ན་ངོ་སྲུང་བར་བྱེད། གང་དག་ཆོས་ཀྱི་ཆོས་མི་བསྒྲུབ་ཅིང་ཆོས་ཅན་ཡང་མི་སྒྲུབ་པོ་ཞེས་སྨྲ་བ་ནི། དཔེར་ན་གཙོ་བོ་གཅིག་ཡོད་དེ་ཐ་དད་རྣམས་དང་རྗེས་འགྲོ་མཐོང་བའི་ཕྱིར་ཞེས་པ་ལྟ་བུའོ། །དེར་ནི་ཐ་དད་པ་ཉིད་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱ་བ་དང༌། འདི་ལྟར་གྱོ་དུམ་ལ་སོགས་པ་རྒྱུ་གཅིག་པ་ཉིད་དུ་དཔེར་བརྗོད་པ་བཞིན་ནོ། །དེའི་ཕྱོགས་ཆོས་གཞན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲུབ་ཕྱིར་ཆོས་


DTG174_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡང་དེ་བཞིན། །དེ་བཞིན་ཞེས་བྱ་བ་ནི་ཆོས་གཞན་པོ་དེས་ཁྱད་པར་དུ་བྱ་བའི་ཆོས་ཅན་བསྒྲུབ་བྱར་བསྟན་པ་སྟེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གཏན་ཚིགས་ཀྱི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བར་བསྒྲུབ་པ་ཡིན་ནོ། །གཞན་གྱིས་སྦྱོར་བའི་དོགས་པ་བསུ་བའི་ཕྱིར་སྨྲས་པ། དམ་བཅའ་རྟགས་ཀྱི་ངག་གིས་གང༌། །མི་འདོད་པ་ལ་ཐལ་བ་རྩོམ། །དེ་ནི་ལེན་ཞེས་ཤེས་བྱ་སྟེ། །དེ་ཡི་སྒོ་ནས་སྦྱོར་ཕྱིར་རོ། །དཔེར་ན་སྒྲ་རྟག་པ་མ་ཡིན་ཏེ། ལས་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རམ། རྟག་ཏུ་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་དེ་ཡང་གཏན་ཚིགས་ཉིད་དུ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་གང༌། །མེད་ལ་མེད་པར་བརྗོད་པར་བྱ། །དེར་ནི་ལྔ་པའི་མཐའ་ཅན་དཔེ། །འདི་ལྟ་སྟེ་དཔེར་ན་སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་ཞེས་པའམ། རྟག་སྟེ་མ་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདི་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ནི་ཡོད་པ་མ་ཡིན་གྱི། དཔེའི་མཚན་ཉིད་དུ་ཡོད་པ་མ་ཡིན་པས་ན། རྟགས་ནི་ཉེ་བར་སྦྱར་ལས་འདོད། །འདིར་ཕྱོགས་ཀྱི་ཆོས་ནི་ཉེ་བར་སྦྱར་བ་ལས་བསྟན་པར་བྱ་སྟེ། དེ་ལྟ་བུ་ཡང༌། སྒྲ་བྱས་སོ་ཞེས་པའམ་མ་བྱས་པ་མ་ཡིན་ནོ་ཞེས་པ་བཞིན་ནོ། །གང་དུ་བསལ་འོངས་ཀྱིས་བརྗོད་ན། གཏན་ཚིགས་མེད་པར་འགྱུར་བ་ནི། །དཔེ་གཉིས་ལས་དེ་གྲུབ་ཕྱིར་རོ། །གང་ཡང་བསལ་ཏེ་འོངས་པས་བརྗོད་ན་ནི་གཏན་ཚིགས་མེད་པར་ཐལ་བར་འགྱུར་བས་བརྗོད་པར་བྱའོ། །དེ་བསལ་བ་ལས་སྐྱེ་བ་ནི་མ་ཡིན་ཏེ། རྒྱུ་ལ་མེད་པས་ན་ཐ་དད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་མེད་པ་སྔོན་དུ་སོང་བ་ཅན་གྱི་ཐ་དད་དམིགས་པར་འགྱུར་ན་ནི་རྗེས་སུ་འགྲོ་བ་དམིགས་པར་མི་འགྱུར་ཏེ། ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་མི་འདོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གང་གི་ཕྱིར་རྗེས་སུ་འགྲོ་བ་གཅིག་སྔོན་དུ་འགྲོ་བ་ཅན་ནི་མཐོང་ཞིང་དེ་མེད་པ་ལ་མ་མཐོང་བ་དེས་ན་གཅིག་སྔོན་དུ་སོང་བ་ཅན་ནོ། །དེ་ཁས་མི་ལེན་ཡང་རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་རོ། །དེ་ཡང་མེད་དོ་ཞེས་བྱ་བ་དེ་ཉིད་རྗེས་སུ་འགྲོ་བར་བརྗོད་པ་ཡིན་ནོ། །དེས་ན་རྣམ་ལྡན་ལས་གཞན་


DTG174_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ཏེ། ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་དང༌། འདི་ལ་ཁྱད་པར་ཅི་ཡོད། ཡང་འདིར་ཐལ་བ་གཞན་བརྗོད་པ་གཙོ་བོར་ཡོད་པ་མ་ཡིན་ཏེ། ལོངས་སྤྱོད་པ་པོ་དང་ལོངས་སྤྱོད་པར་བྱ་བ་དག་ཡོན་ཏན་དང་ཡོན་ཏན་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་དང༌། རྫས་ཡོད་པ་མ་ཡིན་ཏེ། ཡོན་ཏན་རྣམས་ཀྱང་རྫས་སུའམ། །རྫས་རྫས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ཇི་ལྟར་བསལ་ཏེ་འོངས་པ་ཡིན་འདི་ནི་བསལ་ཏེ་འོངས་པ་མ་ཡིན་ཏེ། གང་གི་ཕྱིར། ཐལ་འགྱུར་ཕྱོགས་ཆོས་ཅན་མིན་ཕྱིར། །ཁས་བླངས་སྔོན་དུ་སོང་བ་ལས། །དེ་བཞིན་རྟགས་དང་དམ་བཅའ་ཡི། །སྐྱོན་བརྗོད་སུན་འབྱིན་དུ་ཤེས་བྱ། །འདིར་གཙོ་བོ་ཡོད་པ་ཉིད་ཀྱིས་གཏན་ཚིགས་ཡོན་ཏན་རྣམས་ཀྱི་རྗེས་སུ་འགྲོ་བ་སྒྲུབ་པའི་ཕྱིར་འབྲས་བུ་གཅིག་པ་ཉིད་གཏན་ཚིགས་སུ་བརྗོད་དོ། །འདིས་ཁས་བླངས་པ་ནི་གང་མ་མཐོང་བའི་སྔོན་དུ་སོང་བའི་འབྲས་བུ་སྟེ། དེ་ཡོན་ཏན་གྱི་རྗེས་སུ་འགྲོ་བ་ཉིད་བཞིན་དུ་བྱས་ནས་ལོངས་སྤྱོད་པ་པོ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པའོ། །ཁས་མི་ལེན་ཡང་ལོངས་སྤྱོད་བྱ་བ་མ་ཡིན་པ་ནི་ཡོན་ཏན་མ་ཡིན་པའི་ཕྱིར་རྩ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །རྫས་ཀྱང་རྫས་ཉིད་དུ་ལྡན་པ་ལས་ཡིན་ཞིང་དེ་མེད་པ་ཁས་བླངས་པའི་ཡོན་ཏན་རྣམས་ཀྱང་རྫས་ཉིད་དུ་འགྱུར་ཏེ། ལྡན་པ་ཡོད་པས་ནའོ་ཞེས་ལྡན་པས་བསལ་བ་ཡིན་ཏེ། ལྡན་པའི་འདུ་བ་གཅིག་པའི་ཕྱིར་རམ། ཐམས་ཅད་དུ་སོང་བའི་ཕྱིར་རོ། །ཅི་དེ་དག་ཀྱང་རྫས་ཉིད་དུ་ཐལ་བར་འགྱུར་རོ། །རྫས་ཉིད་ཀྱང་ལྡན་པའམ་ལྡན་པ་ཡང་རྫས་ཉིད་དུ་ཁས་བླང་བར་བྱ་སྟེ། རྫས་མ་ཡིན་པ་ཡང་རྫས་བཞིན་དུ་རྫས་ཡོད་པར་འགྱུར་རོ་ཞེས་དམ་བཅའ་བའི་སྐྱོན་ཡིན་ཏེ། རྫས་རྫས་མ་ཡིན་པ་ཉིད་ཀྱིས་བསལ་བའི་ཕྱིར་རོ། །ཅི་སྟེ་ཡང་ཡོན་ཏན་རྣམས་ཀྱང་རྫས་དང་ལྡན་པའི་ཕྱིར་རྫས་ཉིད་དུ་ཐལ་བར་འགྱུར་བ་ན་མ་ངེས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་སྐད་དུ་སྨྲ་བར་མི་ནུས་ཏེ་རྫས་ཉིད་དང་ལྡན་པའི་གཞན་རྫས་ཉིད་ཡིན་པ་ནི་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཉིད་དུ་འགྱུར་རོ་ཞེས་པ་འདི་དམ་བཅའ་བ་ཉིད་དུ་རིགས་སོ། །རྫས་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་ལས་ཡོན་ཏན་ལ་


DTG174_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གཞན་རྣམས་ལ་ཡང་ཐལ་བར་འགྱུར་རོ་ཞེས་ཐལ་བར་འགྱུར་གྲུབ་པས་ཆོག་གོ །ཕྱོགས་ཀྱི་ཆོས་ཉིད་གཏན་ཚིགས་སམ་གཏན་ཚིགས་ལྟར་སྣང་བར་འགྱུར་ཏེ། དེ་དག་རྣམ་པར་ཕྱེ་བ་ནི་མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡོད་པ་གྲུབ་པ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཕྱོགས་པ་དང་མཐུན་པའི་ཕྱོགས་མཚུངས་པའི་དོན་ཐམས་ཅད་ཕྱོགས་ཞེས་བྱ་བ་སྟེ་དེ་ཡང་བསྒྲུབ་བྱའི་ཆོས་སོ། །ཐ་དད་མེད་པ་དེ་ཉིད་ཅེས། །བྱས་ནས་གཞན་ལ་སྟོན་པར་བྱེད། །མཐུན་པའི་ཕྱོགས་ལ་ཡོད་ཅེས་སོ། །གལ་ཏེ་འདི་ལྟར། མཐུན་ཕྱོགས་ཞེས་པ་ཕྱོགས་ལས་ཏེ། གལ་ཏེ་ཐ་དད་མེད་པ་དེ་ཉིད་ལ་མཐུན་ཕྱོགས་ཞེས་བརྗོད་ན་ནི་འདི་ལ་ཡང་མཐུན་པའི་ཕྱོགས་ལའོ་ཞེས་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་འདི་ལ་དབྱེ་བ་མ་བརྗོད་ཅེ་ན། ཐ་དད་ཡོད་དུ་ཆུག་མོད། བུམ་པ་ལ་སོགས་པ་ལ་ཡོད་པ་མི་རྟག་པ་ཉིད་ནི་བསྒྲུབ་བྱ་མ་ཡིན་ཏེ། དེའི་ཕྱིར། འདི་ལའང་ཐ་དད་ཅེས་མི་འདོད། །དེའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་ཅེས་པ་རིགས་པ་ཡིན་ནོ། །འོ་ན་མི་མཐུན་པའི་ཕྱོགས་གང་ཡིན་ཞེ་ན་རྣམ་པ་གཞན་དུ་གྱུར་བ་ཉིད་ནི་ཡོད་པ་ཡིན་ཏེ། བསོད་ནམས་མ་ཡིན་པ་ཞེས་བརྗོད་པ་བཞིན་ནོ། །ཡོད་པ་བཀག་པ་ཙམ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། དེ་ལ་རེ་ཞིག །དེ་གཞན་དང་ནི་དེ་འགལ་ཏེ། །མི་མཐུན་ཕྱོགས་རྣམས་གཉིས་པ་ཡང༌། །རྟགས་མེད་པས་ནི་འགལ་བ་སྟེ། །རྣམ་པར་དཔྱད་པ་ལས་འགྱུར་ཡིན། གལ་ཏེ་ཡང་མཐུན་པའི་ཕྱོགས་ལ་སོགས་པ་ལས་གཞན་ཏེ། མི་མཐུན་པའི་ཕྱོགས་ཡོད་པ་དེས་ན་གཏན་ཚིགས་མེད་པར་འགྱུར་རོ། །འདི་ལྟར་གང་མཐུན་པའི་ཕྱོགས་ལ་ཡོད་པའི་བྱས་པ་ཉིད་ལ་སོགས་པ་དེ་ནི་མི་རྟག་པ་ལ་སོགས་པ་ལས་གཞན་དུ་སྡུག་བསྔལ་ལ་སོགས་པ་ལ་ཡང་ཡོད་པ་ཡིན་ནོ། །མཐུན་པའི་ཕྱོགས་དང་འགལ་བ་མི་མཐུན་པའི་ཕྱོགས་ཡིན་མོད་ཀྱིས་ཀྱང་དེས་གང་དེ་ལ་མེད་པ་ཉིད་རྣམ་པར་དཔྱད་ནས་བསྒྲུབ་བྱ་གོ་བར་བྱེད་དོ། །དེ་ལྟར་ན་ཡང་འདི་ནི་མེའི་དྲོ་བ་ཡོད་དོ་ཞེས་པས། གྲང་རེག་མེད་པར་མེའི་དྲོ་བ་ལས་གོ་བར་བྱེད་དོ། །དེ་ནི་དྲོ་རེག་མ་ཡིན་པ་ལ་གྲོང་རེག་མ་ཡིན་པ་མེད་པ་ལ་


DTG174_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ནོ། །མཐུན་ཕྱོགས་ལ་མེད་མིན་པ་ཉིད། །མཚན་ཉིད་གཅིག་ཉིད་ཡིན་མོད་ཀྱང༌། །དོན་དུ་མ་ལ་འཇུག་པའི་རིགས། །གང་འདི་ལྟར་མཐུན་པའི་ཕྱོགས་སུ་མེད་པ་མི་མཐུན་ཕྱོགས་ལ་མེད་པ་ཉིད་དོ་ཞེས་མཐུན་པའི་ཕྱོགས་ལ་མེད་པ་མ་ཡིན་པ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་སྟེ། དེ་གཏན་ཚིགས་ཡིན་པས་ན་བྱས་པ་ཉིད་ནི། ཇི་ལྟར་མི་རྟག་པ་ཉིད་ཀྱི་རྟགས་ཡིན་པ་བཞིན་དུ་བདག་མེད་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །འདི་ལྟར་དེ་བདག་མེད་པ་ལ་སོགས་པ་ལ་མེད་པ་མ་ཡིན་པ་ཡང་བདག་མེད་པ་ལ་ཡོད་པ་ཡིན་ནོ། །ཅི་སྟེ་ཡང་འདི་ནི་སྤྱི་ལས་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ་ཞེ་ན། བྱས་པ་ཉིད་སྤྱི་ཡིན་ཡང་རྟག་པ་དང་བདག་མེད་པ་ལ་སོགས་པ་རྣམས་ལ་བུམ་པ་ལ་སོགས་པ་བཞིན་དུ་ཐེ་ཚོམ་དུ་འགྱུར་བ་ནི་མ་ཡིན་ནོ། །སྤྱི་ལས་རྗེས་འགྲོ་བླུན་པོ་མིན། །སྤྱི་ཐམས་ཅད་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། བུམ་པ་ནི་བྱས་པ་ཉིད་ཡིན་ལ་བུམ་པ་མ་ཡིན་པ་ལ་ཡང་མཐོང་བ་ཡིན་ནོ། །བྱས་པ་ཉིད་མི་རྟག་པ་ལ་སོགས་པ་ལ་ཡང་མེད་པར་མཐོང་བ་ནི་མ་ཡིན་ཏེ། ཐམས་ཅད་དུ་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་མི་རྟག་པ་ཉིད་ནམ་མཁའ་ལ་སོགས་པའི་ཕྱོགས་ལ་ཡོད་པར་ཁས་དེ་ཉིད་རྣམ་པ་གསུམ་དུ་དབྱེ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀར་རོ། །དེ་བཞིན་དུ་མཐུན་ཕྱོགས་ལ། །དེ་ལྟ་མ་ཡིན་ན་དེ་གཉིས་ཉིད་སླར་བཟླས་པར་འགྱུར་རོ། །ཡང་དེ་དག་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བར་བྱ་སྟེ། གང་མཐུན་པའི་ཕྱོགས་ལ་ཡོད་པ་དེ་ཉིད་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་དང༌། ཡོད་མེད་གཉིད་ཀར་རོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མེད་པ་དང་གཉིས་ཀ་ལ་ཡང་དབྱེ་བ་དེ་ཉིད་དོ། །གང་གི་ཚེ་འདི་ལྟར་མི་རྟག་པ་ཉིད་ནམ་མཁའ་ལ་སོགས་པའི་ཕྱོགས་ལ་ཡོད་པར་ཁས་མི་ལེན་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཅེས་དེ་དང་མ་འབྲེལ་བར་ཇི་ལྟར་བརྗོད་ཅེ་ན། དེའི་ཚེ་ཡང་ཐེ་ཚོམ་མེད་པ་ཉིད་དེ་དེ་མེད་པ་ཡིན་པའི་ཕྱིར་དེ་ལ་འཇུག་པ་མེད་པས་སྐྱོན་དེ་མེད་པ་ཉིད་དོ། །ཕྱོགས་ཀྱི་ཆོས་དགུ་པོ་དེ་དག་གི་དཔེར་བརྗོད་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ། དགུ་པོ་འདི་ཡང་


DTG174_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དགུ་ལ་རིམ་པ་བཞིན་བྲིས་ནས་ཕྲེང་གིས་གྱེན་མཐུར་ལ་མཐུན་ཕྱོགས་ཀྱི་གསུམ་མོ། །འཕྲེད་ལ་ནི་མི་མཐུན་ཕྱོགས་ཀྱི་གསུམ་མོ། །ཕྱོགས་བཞིས་རང་བཞིན་དང་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ། །སྒྲ་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་རོ། །མི་རྟག་སྟེ་བྱས་པའི་ཕྱིར་རོ། །མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བའོ། །བྱས་པའི་ཕྱིར་རྟག་པའོ། །རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་རོ། །རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་རོ། །མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བའོ། །རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་པའོ། །རྟག་སྟེ། རེག་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་རྣམས་ཏེ། དེ་དག་གི་བསྡུ་བའི་ཚིགས་སུ་བཅད་པ་ནི། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དེ་དགུ་རྟག་པ་ལ་སོགས་ལའོ། །དེ་ལྟར་དབྱེ་བ་རྣམས་གཏན་ཚིགས་དང་འགལ་བ་དང༌། མ་ངེས་པ་ཉིད་དུ་བརྗོད་པར་བྱ་སྟེ། དེར་གང་མཐུན་ཕྱོགས་ལ་ཡོད་གཉིས། །དེ་མེད་པ་ལ་མེད་པ་སྟེ། །དེ་རྟགས། གཉིས་ཁོ་ན་གཏན་ཚིགས་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་དེ་བསྒྲུབ་བྱ་མེད་པ་ལ་མེད་པ་སྟེ། གང་ཡང་མཐུན་པའི་ཕྱོགས་ལ་མེད་དེ། །གཉིས་བསྒྲུབ་བྱ་མེད་པ་ལ་མེད་པ་ཉིད་ནི་དང་པོ་དང་ཐ་མ་གསུམ་པའོ། །དབུས་ན་མོའི་འདི་ལས་བཟློག་པ་ནི། འགལ་བ་སྟེ། ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་འགལ་བ་མི་མཐུན་པའི་ཕྱོགས་ལ་ཡོད་པ་གཉིས་པོ་ནི། མཐུན་པའི་ཕྱོགས་ལ་མེད་པ་སྟེ། གཉིས་པ་གསུམ་པོའི་ཤར་དང༌། ནུབ་ན་མོའི་འགལ་བ་གཞན་ཡང་ཡོད་དེ། གང་བསྒྲུབ་བྱ་ལ་གནོད་པ་སྒྲུབ་པར་བྱེད་པའོ། །དཔེར་ན་ཐ་དད་རྣམས་ཀྱི་འདུས་པ་ཉིད་གཞན་གྱི་དོན་སྒྲུབ་པར་བྱེད་པ་ཉིད་ལ་འདུས་པ་ཡིན་པའི་ཕྱིར་གཞན་གྱི་དོན་སྒྲུབ་པོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་དུ་མའི་དོན་སྒྲུབ་པ་ཡིན་པའི་ཕྱིར་རྟགས་གཉིས་པོ་ནི་ཁོངས་སུ་འདུས་པ་ཉིད་ཡིན་པས་ན་དགུ་པོ་ལས་ཕྱི་རོལ་དུ་གཞན་པ་མ་ཡིན་ནོ། །གཞན་རྣམས་མ་ངེས་པའོ། །ལྷག་མ་རྣམ་པ་ལྔ་པོ་ནི་གཏན་ཚིགས་སམ། འགལ་བ་ཉིད་དུ་མ་ངེས་པ་སྟེ། ཐེ་ཚོམ་གྱི་རྒྱུའོ་ཞེས་པའི་ཐ་ཚིག་གོ །གཏན་ཚིགས་ལ་སོགས་པ་འདི་དག་ཐམས་ཅད་


DTG174_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང༌། བརྗོད་པར་འདོད་པའི་གྲངས་གཅིག་ཉིད། །རིགས་དང་རྫས་ལས་ཤེས་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །གང་ཡང་གྲངས་གཅིག་ཅེས་པ་ནི་འདིར་གང་རིགས་དང་མཐུན་པར་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་དེ་བརྗོད་པར་འདོད་པ་སྟེ། ཅིའི་ཕྱིར་ཞེ་ན། འགལ་བ་དག་ལ་ཐེ་ཚོམ་ཕྱིར། །གལ་ཏེ་གང་ཕྱིར་འགལ་བ་མཚན་ཉིད་གཉིས་སུ་བརྗོད་པ་དག་ལས་གྲངས་གཅིག་པར་ནི་མཐོང་བ་ཉིད་དེ། དཔེར་ན་སྒྲ་ལ་བྱས་པ་ཉིད་དང༌། མཉན་བྱ་དག་ལ་རྟག་པ་དང་མི་རྟག་པ་ཉིད་དུ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེ་ན། དེ་བཞིན་ཐེ་ཚོམ་རྟགས་ཉིད་ལས། །གཅིག་ཏུ་ངེས་པར་མཐོང་མ་ཡིན། །དཔེར་ན་སྒྲ་ལ་མིག་གི་གཟུང་བྱ་མ་ཡིན་པ་དང་མངོན་སུམ་པ་ཉིད་དག་ལས་སྒྲ་ནི་རྫས་ཀྱང་མ་ཡིན་ལ། ལས་ཀྱང་མ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་བརྗོད་པར་འདོད་པ་གཅིག་ཉིད་དོ། །གལ་ཏེ་འདི་ལྟར་བརྗོད་པར་འདོད་པ་གཅིག་ཉིད་ལས་ཐེ་ཚོམ་དང་ངེས་པ་གཉིས་དག་ཏུ་ནི་མི་འགྱུར་རོ་ཞེ་ན། སྐྱོན་དེ་ནི་མེད་དེ། གང་གི་ཕྱིར། མཚན་ཉིད་གཉིས་དང་ལྡན་པ་ནི། །གཉིས་གཉིས་སུ་འདོད་རེ་རེ་མིན། །འདིར་ནི་ཐེ་ཚོམ་དང་གཏན་ལ་དབབ་པ་དེ་གཉིས་ཀའི་མཚན་ཉིད་དང་ལྡན་པར་འཐད་ཀྱི་ཁ་ཡང་དུ་མ་ཡིན་ནོ། །འདིར་ཐེ་ཚོམ་གྱི་མཚན་ཉིད་མི་ཞིག་ཡིན་ཞེ་ན། འགལ་བ་མི་འཁྲུལ་བ་ཅན་ནོ། །རེ་ཞིག་གཅིག་ལ་ནི་ཐེ་ཚོམ་གྱི་མཚན་ཉིད་མེད་པ་ནས་ཐེ་ཚོམ་གྱི་མཚན་ཉིད་དང་ལྡན་པ་ལ་འཐད་པ་ཡིན་པའི་ཕྱིར་གཅིག་ཉིད་ཡིན་ནོ། །དེ་ལྟ་ན་ནི་མིག་གི་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་མ་ཡིན་པ་ཉིད་དག་དང་ལྡན་པའི་གཏན་ཚིགས་ཀྱི་མཚན་ཉིད་ཇི་སྐད་བརྗོད་པ་ལྟར་ཡིན་གྱི་ཁ་ཡར་བ་ལ་ནི་མ་ཡིན་ནོ། །གལ་ཏེ་འདི་ལྟར་འགལ་བ་མེད་པ་རེ་རེ་ཞིག་གཏན་ཚིགས་ཀྱི་མཚན་ཉིད་དུ་རིགས་ཀྱི། འདི་དཔེར་ན་བྱས་པའི་ཕྱིར་མི་རྟག་གོ །རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་གོ་ཞེས་བྱ་བ་ལྟ་བུ་དུ་མ་ལས་ཇི་ལྟར་ངེས་པར་སྐྱེ་ཞེ་ན། དུ་མ་ཡིན་ཡང་མི་འགལ་ན། །ཤིན་ཏུ་བར་ཡང་གཅིག་ལ་འཇུག །འདིར་ནི་དུ་མ་ཡིན་ཡང་དོན་གཅིག་བྱེད་པའི་ཕྱིར་གཅིག་ཉིད་དོ་ཞེས་པ་འགལ་བ་མེད་དེ། དཔེར་ན་དོན་གཅིག་བརྗོད་པར་འདོད་པ་པོ་རྣམས་ན་རེ་འདི་ལ་ནི་ཁོ་བོ་ཅག་གཅིག་པ་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ། །གལ་


DTG174_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གང་དུ་འདི་ལྟར་གཉིས་ཀྱི་དོན་དུ་མ་བྱེད་པར་གྱུར་པ་ནི་དཔེར་ན་བྱས་པའི་ཕྱིར་མི་རྟག་གོ །སྡུག་བསྔལ་བའི་ཕྱིར་བདག་མེད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ནི་འགལ་བ་མི་འཁྲུལ་བ་ཅན་བཞིན་ཐེ་ཚོམ་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། དེ་ལ་ནི་རེ་རེས་ཀྱང་དོན་དུ་མ་བྱེད་པའི་ཕྱིར་སྔར་བཞིན་གཅིག་མ་ཡིན་པ་ལ་འཇུག་པ་ཤིན་ཏུ་ཡང་རིགས་སོ། །གལ་ཏེ་གང་དུ་འདི་ལྟར་བསྒྲུབ་བྱ་དུ་མ་གཏན་ཚིགས་ཐ་དད་ཀྱིས་སྒྲུབ་པར་བྱེད་པ་ནི་དཔེར་ན་ཡན་ལག་ལས་ཡན་ལག་ཅན་གཞན་ཡིན་ཏེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེ་ན། དེ་ལ་ཡང་ཕན་ཚུན་དུ་བརྟེན་པ་ལ་ལྟོས་ནས་གཉིས་ཀ་ལ་ཞུགས་པའི་གཞན་ཉིད་གཏན་ཚིགས་གཅིག་པ་ཉིད་ཡིན་ནོ། །བསྡུས་ན་ནི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་གཉིས་ཀ་སྒྲུབ་པ་ཡིན་པས་ན་ཉེས་པ་མེད་དོ། །གལ་ཏེ་རྣམ་པ་བཞི་པོ་ཐེ་ཚོམ་གྱི་གཏན་ཚིགས་སུ་འགྱུར་བ་ནི་གཉིས་ཀ་ལ་ཡོད་པའི་ཕྱིར་ཡིན་ན། འོ་ན་མཉན་པར་བྱ་བ་ཉིད་ཇི་ལྟར་ཡིན་ཞེ་ན། ཐུན་མོང་མ་ཡིན་པའི་ཕྱིར་རོ། །གང་ཐུན་མོང་མ་ཡིན་པའི་བསྒྲུབ་པར་བྱ་བའི་ཆོས་དང་ཅིག་ཤོས་དེས་ཐ་དད་པའི་དངོས་པོ་ཐམས་ཅད་བསུས་པའི་ཕྱིར་དེ་ལ་ཐེ་ཚོམ་གྱིས་གཏན་ཚིགས་ཏེ། དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་རོ། །གང་མཐའ་གཅིག་ལས་ཀྱང་མ་ལོག་པ་སྟེ། ཐུན་མོང་དུ་རྣམ་པར་མ་བཅད་པའི་གཏན་ཚིགས་དེ་ནི་དེ་དག་ཉིད་ལའོ་ཞེས་གཉིས་ཀ་དང་མི་འགལ་བས་ན་ཐེ་ཚོམ་གྱི་གཏན་ཚིགས་ཉིད་དོ། །གང་འདིར་གཉིས་ཀའི་ཆ་ལ་ངེས་པ་སྟེ་གཏན་ཚིགས་དེ་གཞན་ལས་ལོག་པའོ་ཞེས་པ་འདི་ཁྱད་པར་རོ། །གལ་ཏེ་གང་གི་ཚེ་སྒྲ་རྟག་པར་ཁས་ལེན་པ་དེའི་ཚེ་འདི་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེ་ན། གལ་ཏེ་འདི་ལ་བྱས་པའི་ཕྱིར་ཞེས་པ་ལ་སོགས་པ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་སུ་ནམ་ཡང་མི་སྟོན་ནའོ། །གཉིས་ཀ་དམིགས་པའི་དོན་ལྟར་ན་ནི་འགལ་བའི་དོན་ཡིན་པའི་ཕྱིར་ཐེ་ཚོམ་གྱི་གཏན་ཚིགས་སོ། །འདི་ཡང་དེ་ཉིད་ངེས་པ་ནི་རྗེས་སུ་ཚོལ་བ་པོ་རྣམས་ཀྱི་མངོན་སུམ་དང་ལྡན་པའི་ཕྱིར་རོ། །འདིའི་བསྡུ་བའི་ཚིགས་སུ་བཅད་པ་ནི། གང་དག་ཐུན་མོང་མིན་པ་དང༌། །སྤྱི་དང་འགལ་བ་མིན་འཁྲུལ་པའི། །ཆོས་རྣམས་ཐམས་ཅད་དུ་དེ་


DTG174_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐེ་ཚོམ་བསྐྱེད་པའི་རྟགས་རྣམས་ཡིན། །ཕྱོགས་ཀྱི་ཆོས་དང་ལྡན་གང་ལ། །ཤེས་འདོད་བཟློག་པས་གནོད་པ་དང༌། །ཐེ་ཚོམ་ཉིད་དུ་གྱུར་ལས་གཞན། །གཏན་ཚིགས་ལྟར་སྣང་ཡོད་མ་ཡིན། །གལ་ཏེ་འདི་ལྟར་འདོད་པ་ལ་གནོད་པ་བྱེད་པའི་འགལ་བ་དེ་བཟློག་པའི་གཏན་ཚིགས་སོ་ཞེས་ཇི་ལྟར་བརྗོད་པར་བྱ་ཞེ་ན། གལ་ཏེ་གཞན་མ་ཡིན་པའི་དོན་བྱེད་པ་ཉིད་གང་ཡིན་ན་གང་གི་ཕྱིར་མི་འགྲུབ་པར་འགྱུར། གལ་ཏེ་གཞན་གྱི་དོན་བྱེད་པའི་གཏན་ཚིགས་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་བྱས་པའི་ཕྱིར་མི་རྟག་གོ་ཞེས་པ་ལ་བྱས་པས་མི་རྟག་པ་འགྲུབ་པར་འགྱུར་ཏེ། རྟགས་ཉིད་དུ་སྒྲུབ་པའི་གཏན་ཚིགས་མཉན་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། རྒལ་བ་འདི་ནི་མི་བཟད་པར་བཀོད་པ་སྟེ། དེ་ལ་ནི་རྟག་པ་ཉིད་ཀྱི་གཏན་ཚིགས་དང་ལྡན་པ་གཅིག་གཟུང་བའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདི་ལྟར་གཅིག་པོ་དེ་ལ་བསྒྲུབ་བྱའི་བྱེ་བྲག་གིས་གཉིས་སུ་རྟོག་པར་བྱེད་དེ། དཔེར་ན་མིག་གི་གཟུང་བྱ་མ་ཡིན་པ་ཉིད་དང༌། མངོན་སུམ་པ་ཉིད་བཞིན་ནོ་ཞེ་ན། དེ་ལྟ་ན་ནི་འགལ་བ་མི་འཁྲུལ་བ་ཅན་ལས་ཐ་དད་པར་འགྱུར་རོ། །འདི་ལ་ཐེ་ཚོམ་མ་མཐོང་ངོ་ཞེས་བརྟག་པར་མི་བྱའོ། །འདི་ལྟར་གཞན་གྱི་དོན་བྱེད་པ་ཁྱད་པར་ཅན་ལས་བཟློག་པ་བསྒྲུབ་པའི་ཕྱིར་དེ་ནི་འགལ་བ་ཉིད་དོ། །དེ་ལྟར་ན་འདུས་པ་གཞན་གྱི་དོན་བྱེད་པ་ལ་འདུས་པ་མ་ཡིན་པ་རྣམས་ཀྱི་དོན་བྱེད་པར་སྒྲུབ་འདོད་པ་འདི་ནི་གཞན་འདུས་པ་ཉིད་ཀྱི་རྟགས་ཡིན་ནོ། །དེའི་འདུས་པ་མ་ཡིན་པ་ཉིད་ནི་མངོན་སུམ་མམ་རྗེས་སུ་དཔག་པས་གྲུབ་པ་མ་ཡིན་ནོ། །དེ་ཡོད་པར་མ་གྲུབ་པའི་ཕྱིར་རོ། །འདི་ནི་ཐེ་ཚོམ་མ་ཡིན་ཏེ་ཁྱད་པར་ཅན་བཟློག་པའི་གཏན་ཚིགས་འདི་ཉིད་ཀྱིས་གཞན་འགལ་བ་མི་འཁྲུལ་བ་ཅན་ཉིད་ལས་ཐ་དད་དུ་ཕྱེ་བ་ཡིན་ནོ། །དེ་བཞིན་དུ་མཐོང་བ་ལ་གནོད་པ་ནི་ཆོས་ཅན་གྱི་རང་གི་ངོ་བོའི་བྱེ་བྲག་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བར་བརྗོད་པར་བྱ་སྟེ། དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་སྐྲ་མ་ཡིན་ནོ་ཞེས་བྱ་བ་དང༌། མཉན་བྱ་མ་ཡིན་ཞེས་བྱ་བ་ལྟ་བུའོ། །གཉིས་ཀ་བསྒྲུབ་བྱར་འགྱུར་བ་ནི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེ་ལ་གང་ཡང་རུང་བ་གཅིག་གམ་གཉིས་ཀ་ཡང་རུང་སྟེ། རང་གི་ངོ་བོ་


DTG174_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ལས་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་ཉིད་རིགས་པ་ཡིན་ནོ། །གཉིས་ཀའི་དཔེར་བརྗོད་བསྟན་པར་བྱ་སྟེ། སྨྲ་བ་ཐམས་ཅད་བརྫུན་གྱི་དོན་ཅན་ཏེ། མཚོན་བྱེད་ཡིན་པའི་ཕྱིར་རྨི་ལམ་གྱི་བྱ་བའི་རྣམ་པར་རིག་བྱེད་བཞིན་ནོ་ཞེས་བྱ་བ་ལ། གང་དེ་བཞིན་དུ་སྨྲ་བ་ཡོད་ན་ནི་སྨྲ་བ་དང་སྨྲ་བའི་བདག་ཉིད་ཡིན་པ་བརྫུན་གྱི་དོན་ཅན་ཉིད་ཡིན་པས་ན་སྤྱིར་བསྡོམས་པའི་དོན་ལ་སྐུར་པ་བཏབ་པ་ཡིན་ནོ། །དེས་ན་དེའི་རང་གི་ངོ་བོ་དང་འགལ་བ་ཡིན་ནོ། །གལ་ཏེ་སྨྲ་བ་ཉིད་བརྫུན་གྱི་དོན་ཅན་མ་ཡིན་ན་ནི་དེའི་བྱེ་བྲག་དང་འགལ་བ་ཡིན་ནོ། །ཡང་བརྗོད་པ། ཆོས་དང་ཆོས་ཅན་རང་ངོའམ། །དེ་ཡི་བྱེ་བྲག་ཡིན་ཡང་རུང༌། །ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར། །དེ་ལ་གནོད་པས་འགལ་བ་ཡིན། །གང་དུ་སློབ་དཔོན་གྱིས། ནང་ལ་འདུས་བསགས་ཉིད་མ་ཡིན། །དེ་བཞིན་གཞན་དོན་ཅན་མ་ཡིན། །ཞེས་དོགས་པ་བསུ་སྟེ། གསུངས་པ་དེ་ལ་འདུས་པ་ཉིད་ནི་མིག་ལ་སོགས་པ་ནང་གི་ཉིད་དང་ལྡན་པའི་གཏན་ཚིགས་སུ་བཀོད་པའི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་བཀག་པ་སྟེ། དེ་ལྟར་ན་ནི་གཉིས་ཀ་མཐུན་ཕྱོགས་ལ་མི་འགྲུབ་བོ། །འགལ་ཟླའི་ཕྱོགས་ལ་ནི་གཞན་ཐམས་ཅད་ཀྱི་དོན་བྱེད་པ་ཉིད་དུ་གྲུབ་པས་ན་འགལ་བ་སྔ་མ་ཉིད་ཀྱི་ཁོངས་སུ་འདུས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དེ་དག་ཉིད་དུ་དོན་གཞན་གྱི་སྒོ་ནས་བརྗོད་པ། ཐུན་མོང་དང་ནི་ཁྱད་པར་གྱི། །ཆོས་དང་བསྒྲུབ་བྱ་ལ་གཉིས་སོ། །གང་བསྒྲུབ་བྱའི་ཆོས་ཀྱི་གོ་བྱེད་དེ་ནི་གསུམ་ཉིད་ཡིན་ཏེ། སྤྱི་དང༌། ཁྱད་པར་དང༌། གཉིས་ཀའི་ཆ་ཤས་རྣམས་སོ། །རྣམ་པ་དགུ་ཉིད་དུ་ཕྱེ་བ་ཡང་གསུམ་པོ་དེ་དག་ཉིད་ལས་ཡིན་པར་བལྟ་བར་བྱའོ། །དེ་ལ་དང་པོ་གཉིས་ཐེ་ཚོམ། །དངོས་པོ་ཀུན་གྱི་རང་རང་གི་བྱེ་བྲག་ཐ་དད་པ་ལ་སྤྱི་དང་ཁྱད་པར་གྱི་ཆོས་ཅན་གྱི་མཐའ་གཅིག་ཏུ་ཐེ་ཚོམ་སྐྱེད་པར་བྱེད་དེ། དཔེར་ན་སྒྲ་རྟག་པའམ་མི་རྟག་པར་གྲུབ་པ་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། དེ་བཞིན་དུ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་བཞིན་ནོ། །ལྷག་མ་ལྟོས་ནས་གསུམ་དུ་ཕྱེ། །བསྒྲུབ་བྱ་ལ་ལྟོས་ནས་གཉིས་ཀའི་ཆ་ལ་ནི་ཡང་དག་པ་དང༌། ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་གཏན་ཚིགས་ཉིད་དུ་ཡིན་ནོ། །ཅི་ཡང་རྒྱུ་གང་


DTG174_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་ཞེ་ན། དང་པོ་གཉིས་མཐའ་གཅིག་ཏུ་ཐེ་ཚོམ་དུ་འགྱུར་བ་ནི་འདི་ལྟར་དེ་དག་གཉིས་ནི་ཐམས་ཅད་ཀྱི། རྗེས་སུ་ཞུགས་དང་མ་ཞུགས་ལས། །ལྡོག་དང་རྗེས་འགྲོ་གྲུབ་མིན་ཕྱིར། །ཕྱོགས་དུ་མ་དག་ལས་གཅིག་རྣམ་པར་བཅད་པ་ཡང་མ་ཡིན་ལ་ཅིག་ཤོས་སྒྲུབ་པར་གཏན་ལ་ཕབ་པ་ཡང་མ་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཡིན་ཏེ། དེ་དག་ནི་ཆ་ཤས་གཅིག་དང་ཡང་མ་བྲལ་བ་ཡིན་པར་རྟོགས་སོ། །གལ་ཏེ་དེ་ལྟ་ན་ནི་གཅིག་ལ་ངེས་པར་ཞུགས་པ་དང༌། ལོག་པའང་མིན་པ་རྟགས་སུ་འགྱུར། །འདི་ལྟར་གཉིས་ཀའི་ཆལ་གཅིག་ཏུ་ངེས་པར་ཞུགས་པ་མ་ཡིན་ཞིང་རྗེས་སུ་ཞུགས་པ་དང་ལོག་པ་དག་ནི་གཉིས་ཀའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། གལ་ཏེ་སྲིད་དུ་ནི་འགྱུར་ལ། །གཉིས་ཀར་འགྱུར་བ་སྲིད་མ་ཡིན། །ཡོད་པ་གཉིས་ཀ་མིན་པའང་མིན། །གང་དོན་གཅིག་ལ་རྟག་པར་ཡང་འགྱུར་མི་རྟག་པར་འགྱུར་བ་ནི་མི་སྲིད་དོ། །དེ་བཞིན་དུ་ཡོད་པའི་དོན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་འདི་ལྟར་ཇི་ལྟར་ན་གཉིས་ཀའི་ཆ་སྟེ་འགལ་བའི་དོན་དུ་མ་ལ་འཇུག་ཅིང་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་སྟེ་ཤེས་བྱེད་ཀྱི་རྟགས་སུ་འགྱུར་ཞེ་ན། །དོན་གཞན་རྣམ་པར་བཅད་པའི་སྒོ་ནས་ཡིན་གྱི་དེའི་ཁྱད་པར་བཟུང་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་ནི། གང་དུ་མེད་དེ་རྣམ་གཅོད་དུ། །གྲུབ་དོན་དོན་བཞིན་སྒྲུབ་པར་བྱེད། །གཅིག་དེ་གཞན་ལ་གཉིས་སུ་འཇུག །གཉིས་ཀའི་ཆ་ལ་ནི་གང་ལ་མེད་པ་དེ་ལས་རྣམ་པར་གཅོད་དོ། །དེའི་སྒོ་ནས་བསྒྲུབ་བྱའི་རིགས་མཐའ་དག་གམ་ཕྱོགས་གཅིག་ལ་ཞུགས་ནས་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་གཏན་ཚིགས་སུ་བརྗོད་པ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བ་དང༌། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལྟ་བུའོ། །དེ་བཞིན་དུ་ཨུཏྤལའི་དྲི་བསུང་བ་ཉིད་ལས་དྲི་ཉིད་དང༌། ཡོན་ཏན་ཉིད་དང༌། བརྟེན་པ་ཉིད་དང༌། ཡོན་ཏན་མ་ཡིན་པ་ཉིད་ལ་སོགས་པ་ཉིད་དུ་འགྲུབ་པ་ཡིན་ཏེ། དྲི་ཉིད་ལ་སོགས་པ་མེད་པ་ལ་མ་མཐོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཞུགས་པ་བཞིན་གྲུབ་ན། །དཀར་གཟུགས་ཡོན་ཏན་བརྟེན་པ་ལས། །རིམ་པ་བཞིན་དུ་བཟློག་རིམ་ལ། །གསུམ་གཉིས་གཅིག་ཏུ་རྟོགས་པར་འགྱུར། །


DTG174_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ཚིག་ཏུ་སྨོས་པ་ནི་གཅིག་ཏུ་མ་བསྒྲུབས་པ་འགལ་བ་མི་འཁྲུལ་བ་ཅན་ཡིན་པས་ཐེ་ཚོམ་གྱི་གཏན་ཚིགས་ཉིད་དུ་ཤེས་པར་བྱ་བའི་དོན་དུ་སྟེ་འདི་ལྟར་སྤྱི་རྟག་པར་ཁས་ལེན་པ་ལ་མཉན་བྱ་ཉིད་དང་བྱས་པ་ཉིད་ཀྱི་སྒྲ་ལ་ཅི་འདི་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་ཞེས་ཐེ་ཚོམ་གྱི་གཏན་ཚིགས་སུ་འགྱུར་བ་ལྟ་བུའོ། །ཅི་སྟེ་གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར། །གཅིག་ཉིད་དུ་གོ་བར་བྱའོ་ཞེ་ན་མ་ཡིན་ཏེ། འགལ་བ་རྣམས་གཅིག་ལ་བརྗོད་པར་མི་འདོད་པས་སོ། །བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་གཉིས་པོ་གཅིག་ལ་གཏན་ཚིགས་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བསླང་བའི་རྣམ་པ་དང་བྱ་བབས་པ་གཉིས་གཅིག་ཏུ་འདུས་པ་ལས་མཐོ་ཡོར་དུ་ཤེས་པ་ལྟ་བུའོ། །དེ་ནི་བསྒྲུབ་བྱ་བཟློག་པ་ལ། །འགལ་བ། དེ་ཉིད་གཉིས་ཀའི་ཆར་རྣམ་པ་གཉིས་སུ་འཇུག་སྟེ། དེ་རྣམ་པར་བཅད་སྟེ་བསྒྲུབ་པར་བྱ་བའི་དོན་དུ་གཞན་ལ་ཞུགས་པའི་ཕྱིར་བཟློག་པ་སྒྲུབ་པ་ཡིན་ཏེ། དཔེར་ན་གཏན་ཚིགས་དེ་དག་ཉིད་ལས་རྟག་པ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་ལྟ་བུའོ། །འདི་ལ་ཡང་རྟག་པ་བཀག་པའི་སྒོ་ཉིད་ནས་བཟློག་པ་སྒྲུབ་པར་བྱེད་དོ། །གལ་ཏེ་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རེག་པ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་འགལ་བར་འགྱུར་ཞེ་ན། ཇི་ལྟར་ན་མི་འགྱུར་ཏེ། གང་གི་ཕྱིར་གྲང་བའི་རེག་པ་བཀག་པ་ཙམ་གྱིས་དྲོ་བར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། གལ་ཏེ་དྲོ་བར་མི་བསྒྲུབ་ཏུ་ཆུག་ན་ཡང་གྲང་རེག་མ་ཡིན་པ་ནི་འགྲུབ་པ་ཉིད་དོ། །དེ་ལྟ་ན་ནི་རྗེས་སུ་ཞུགས་པའི་ཤེས་པའི་བྱེ་བྲག་དེ་རྣམ་པར་གཞིག་པའི་ཉིད་ཀྱིས་དྲོ་བའི་རེག་པ་གྲུབ་པར་བརྗོད་པས་དོན་གྱི་ཤུགས་ཀྱིས་གྲང་རེག་མ་ཡིན་པར་གྲུབ་པའི་ཕྱིར་འགལ་བར་བརྗོད་པ་ལ་འགལ་བ་མེད་དོ། །ཅི་སྟེ་བྱས་པ་ཉིད་ནི་རྩོལ་བ་ལས་བྱུང་བ་དང་མ་བྱུང་བ་གཉིས་ཀ་དང་ཐ་མི་དད་པ་ཡིན་ལ། ཐ་མི་དད་ཐམས་ཅད་ལས་མ་ལོག་པར་ཞུགས་པས་མི་རྟག་པ་ཉིད་རྗེས་སུ་ཞུགས་པའི་ཤེས་པས་ནི་རྟག་པ་བཀག་པ་ལ་མི་ལྟོས་པ་ཡིན་ནོ་ཞེ་ན། གལ་ཏེ་གང་ཞིག་གང་ལ་ཞུགས་པ་དེ་ནི་རྗེས་སུ་ཞུགས་པའི་ཤེས་པའི་བྱེ་བྲག་དེ་རྣམ་པར་གཞིག་པའི་སྒོ་ནས་བྱེད་པར་ནུས་ན་ནི་དེ་ལྟར་འགྱུར་རོ། །གང་དུ་ཞུགས་པ་ནི། དེའི་བྱེ་བྲག་ལ་རྨོངས་པའོ། །དཔེར་


DTG174_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱས་པ་ཉིད་རྩོལ་བ་ལས་བྱུང་བ་དང༌། མ་བྱུང་བ་གཉིས་ཀ་ལ་ཞུགས་པའི་ཕྱིར་གཉིས་ཀར་སྒྲ་ལ་ཐེ་ཚོམ་གྱི་གཏན་ཚིགས་ཡིན་ཏེ། གལ་ཏེ་བྱས་པའི་ཕྱིར་རྩོལ་བ་ལས་བྱུང་བའོ་ཞེས་སྒྲུབ་པའམ། ཡང་ན་བྱས་པ་ཡིན་པའི་ཕྱིར་རྩོལ་བ་ལས་མ་བྱུང་ངོ་ཞེས་སྒྲུབ་ཀྱང་རུང་ངོ༌། །དེ་བཞིན་དུ་རྩོལ་བ་ལས་བྱུང་བ་ཉིད་ལས་ཡོན་ཏན་ནམ་ཡོན་ཏན་མ་ཡིན་པར་སྒྲུབ་པ་ཡང་ངོ༌། །གལ་ཏེ་དེ་ལྟ་ན་ནི་བྱས་པའི་ཕྱིར་མི་རྟག་གོ །བདག་མེད་དོ་ཞེས་བྱ་བ་ཡང་ཐེ་ཚོམ་གྱི་གཏན་ཚིགས་སུ་འགྱུར་ཏེ། གཉིས་ཀ་ལ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་མི་རྟག་པ་དང་བྲལ་བའི་བདག་མེད་པ་ལ་བྱས་པ་ཡོད་བར་འགྱུར་ན་ནི་དེ་ལྟ་བུ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཕན་ཚུན་ལོག་པ་ཉིད་ལས་འདིའི་ཁྱད་པར་དུ་འགྱུར་རོ། །དེའི་ཕྱིར་སྒྲ་ལ་བྱས་པ་ཉིད་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་མ་ཡིན་ནོ། །འདིར་ཡང་གཅིག་ལྟ་བུའི་དབང་དུ་བྱས་ནས་རིག་པར་སྤྱིར་ཡང་ངེས་པའི་གཏན་ཚིགས་ཡིན་ནོ། །ཕན་ཚུན་ལོག་པ་ལ་ཞུགས་ན་ནི་ཐེ་ཚོམ་གྱི་གཏན་ཚིགས་ཡིན་ནོ། །རྟག་པ་བཀག་པ་སྤངས་པའི་མི་རྟག་པ་ཉིད་གཞན་ནི་ཡོད་པ་མ་ཡིན་ནོ། །གང་རིགས་མཐུན་མཐའ་དག་ལས་ལོག་པ་དེའི་སྒོ་ནས་བསྒྲུབ་བྱ་ལ་ཤེས་པ་འཇུག་པར་བྱེད་པ་དེ་དག་ནི་རིགས་ཀྱི། འདིར་གོར་མ་ཆགས་པར་མཐུན་ཕྱོགས་མཐའ་དག་ལ་ཡོད་པའོ་ཞེས་པ་ནི་མ་ཡིན་ཞིང༌། ཐམས་ཅད་ལ་ཡོད་པར་འཛིན་པ་ཡང་མི་སྲིད་དོ། །གཏན་ཚིགས་ལ་ནི་རང་དང་འབྲེལ་པ་བོར་ནས་གཞན་དུ་རྟགས་ཅན་གྱི་ཤེས་པ་བསྐྱེད་པའི་ནུས་པ་ཡང་ཡོད་པ་མ་ཡིན་ནོ། །འདིར་ཡང་གཅིག་ལྟ་བུའི་དབང་དུ་བྱས་ནས་རིག་པར་བྱ་སྟེ། འདི་ལྟར་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའི་བྱས་པ་ལས་རང་གིས་ཀུན་ནས་སློང་བའི་ཤེས་པ་མཐོང་བའི་ཕྱིར་ལུས་ཀྱི་རྣམ་པར་རིག་བྱེད་བཞིན་རྩོལ་བ་ལས་བྱུང་བ་ཉིད་གོ་བར་བྱེད་དོ། །དེ་ལྟར་ན་དང་པོ་གཉིས་ཡིན་པས་གཅིག་ཉིད་འཛིན་པའི་བྱ་བ་ཅན་ཡིན་ནོ། །དེར་ཡང་ནི་ཆོས་གཞན་བསྟན་པ་ལས་གྱུར་པ་ཉིད་ཀྱི་དེས་པ་ཡིན་གྱི། དེར་ནི་ཉིད་ཀྱིས་ངེས་པར་བསྐྱེད་པ་ནི་མ་ཡིན་ནོ། །སྤྱི་དང་ཁྱད་པར་གྱི་ཆོས་དག་ནི་རྣམ་པར་མ་བཅད་པའི་གཏན་ཚིགས་ཡིན་པའི་ཕྱིར་དེ་ཉིད་ཆོས་གཞན་ངེས་པར་བྱེད་པའི་གཏན་ཚིགས་ཡིན་ནོ། །གཉིས་ཀའི་ཆ་ནི་གཞན་ལས་རྣམ་པར་བཅད་ནས་གང་ན་ཐེ་ཚོམ་ཡོད་པ་དེ་ན་གཞན་དང་


DTG174_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན་ངེས་པའི་གཏན་ཚིགས་ཡིན་ཏེ། འདི་ལྟར་འགྲེང་བ་དང་བྱ་བབས་པ་ལས་མཐོ་ཡོར་དུ་རྟོགས་པ་མཐོང་བ་ནི་ཁ་ཡར་བ་ལས་ངེས་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་དང༌། རང་གིས་ཀུན་ནས་སློང་བ་དང་བྱས་པ་དག་ལས་སོ་ཞེས་བྱ་བ་ནི་སྒྲ་རྟག་པར་སྨྲ་བ་རྣམས་ལའོ། །དེའི་ཕྱིར་འདིར་གཅིག་ཉིད་གཟུང་བར་བྱའོ། །དེ་ནི་གང་ཞུགས་པ་ཉིད་ལ་ལྟོས་ནས་ཐེ་ཚོམ་སྐྱེད་པར་བྱེད་དེ། དཔེར་ན་ཅི་སྒྲ་འདི་བྱས་པའི་ཕྱིར་བུམ་པ་བཞིན་རྩོལ་བ་ལས་བྱུང་བ་ཡིན་ནམ། ཡང་ན་གློག་ལ་སོགས་པ་བཞིན་མ་ཡིན་ཞེས་འགྱུར་གྱི་ནམ་མཁའ་ལ་སོགས་པ་བཞིན་ནམ་ཞེས་སྦྱོར་བར་བྱེད་པ་ནི་མ་ཡིན་ཏེ། འདི་ལྟར་བྱས་པ་ཉིད་ནམ་མཁའ་ལ་སོགས་པ་རྟག་པ་ཉིད་ལས་རྣམ་པར་བཅད་ནས་མི་རྟག་པ་ལ་ཐེ་ཚོམ་གྱི་གཏན་ཚིགས་སུ་འགྱུར་རོ། །དོན་གཞན་རྣམ་པར་བཅད་པའི་གཏན་ཚིགས་གཞན་གྱིས་ཡོངས་སུ་གྱུར་པའི་དེ་ལ་ཐེ་ཚོམ་དུ་གྱུར་པ་ནི་མ་ཡིན་ནོ། །མ་ཡིན་པར་དགག་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་འདི་རྟག་པ་མ་ཡིན་ལ་མི་རྟག་པའོ་ཞེས་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བུམ་པ་ལ་སོགས་པ་རང་རང་གི་ཚིག་བརྗོད་པ་ཉིད་དུ་འགྱུར་རོ། །འདི་ལ་ཡང་མེད་པར་དགག་པ་ལས་ཁྱད་པར་དུ་བསྒྲུབ་པར་བྱ་རྒྱུའི་བྱ་བ་རྟག་པ་རྣམ་པར་བཀག་པ་དང་སྦྱར་བ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །རྟག་པ་ཞེས་ནི་མ་ཡིན་ནོ། །དཔེར་ན་སྒྲ་རྟག་སྟེ་རེག་བྱ་མ་ཡིན་པའི་ཕྱིར་ཞེས་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་འདི་ལ་ནི་ཐེ་ཚོམ་ལ་ལྟོས་ནས་བཀག་པ་ཡིན་ལ་སྔ་མ་ནི་བཟློག་པ་ལ་ལྟོས་ནས་ཡིན་ནོ། །གང་གི་ཚེ་རྟག་པར་ཁས་མི་ལེན་པ་དེའི་ཚེ་ཡང་གཞན་གྱིས་ཀུན་ཏུ་བརྟགས་པ་ལ་ལྟོས་ནས་ཤིན་ཏུ་མཐར་གནས་པ་བཀག་སྟེ། འདིའི་དུས་ན་ཡོད་བཞིན་པའི་སྔོན་དང་ཕྱི་མཐར་གནས་པ་མ་ཡིན་པ་ལ་མི་རྟག་པ་ཡིན་ནོ་ཞེས་བརྗོད་པ་ལ་ཉེས་པ་མེད་དོ། །གལ་ཏེ་འདི་ལྟར་ལུས་ཅན་མ་ཡིན་པའི་ཕྱིར་རྟག་པའི་ཞེས་བྱ་བ་ལྟ་བུ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་གཉིས་ཀའི་ཆ་ལ་ལྟོས་པ་རྣམ་པ་གསུམ་པ་འདི་ཅི་ལྟར་རྣམ་པར་གཅོད་པའི་གཏན་ཚིགས་ཡིན་ཞེ་ན། འདི་ཡང་གང་ལ་ལྟོས་པའི་ཐེ་ཚོམ་གྱི་གཏན་ཚིགས་དེ་གཞན་ལས་རྣམ་པར་བཅད་པ་ཡིན་ཏེ། འདི་ལྟར་གཉིས་ཀ་ལ་ཞུགས་པ་ཉིད་ཀྱང་ནམ་མཁའ་ལ་སོགས་པ་དང༌། ལས་ལ་སོགས་པ་ལ་ལྟོས་ནས་ཐེ་ཚོམ་དུ་མ་ཡིན་གྱི་


DTG174_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཕྲ་རབ་དང་བུམ་པ་ལ་སོགས་པ་ལ་ལྟོས་ནས་ནི་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་འདི་ལ་ཆོས་གཞན་ལུས་ཅན་ལས་རྣམ་པར་བཅད་པའི་གཏན་ཚིགས་ཡིན་ནོ། །འདི་ལྟར་སྒྲ་ལུས་ཅན་མ་ཡིན་པའི་ཕྱིར་བྱ་བ་དང་བྲལ་བའོ་ཞེས་བྱ་བ་དང༌། བྱ་བ་དང་བཅས་པའོ་ཞེས་བྱ་བ་ལྟ་བུ་རྟག་པ་དང་མི་རྟག་པ་ཐམས་ཅད་ལས་ལོག་པའི་རྟགས་ཉིད་ནི་མ་ཡིན་ནོ། །འདི་ནི་བསྒྲུབ་བྱ་གཉིས་ཀའི་ཆ་ལ་ལྟོས་ནས་ཡང་དག་པ་དང༌། ལོག་པ་དང༌། ཐེ་ཚོམ་གྱི་གཏན་ཚིགས་སོ་ཞེས་བརྗོད་པ་ཡིན་ནོ། །གཏན་ཚིགས་དེའི་གཟུགས་བརྙན་དང་བཅས་པ་བརྗོད་དོ། །ད་ནི་གཞན་གྱི་འདོད་པ་ལ་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་རྩོད་པ་སྒྲུབ་པ་ནི། དེ་མཐུན་མེད་ལ་མེད་པ་ཡི། །ཆོས་ཅན་རྟགས་ཤེས་པ་དེ་ལ། །དེ་མཐུན་མེད་མེད་པ་པ་ཉིད། །ཅེས་སྦྱོར་ཐུན་མོང་མིན་རྟགས་འགྱུར། །གལ་ཏེ་རེ་ཞིག་དེ་དང་མཐུན་མེད་པ་ཉིད་དོ་ཞེས་ངེས་པར་གཟུང་བ་འདི་བྱེད་པའི་ལྟར་ན་མཉན་བྱ་ཡིན་པའི་ཕྱིར་རྟག་པའོ་ཞེས་བྱ་བ་འདི་གཏན་ཚིགས་སུ་ཐལ་བར་འགྱུར་རོ། །དེ་ནི་རྟག་པ་ཉིད་མེད་པའི་བུམ་པ་ལ་སོགས་པ་མ་མཐོང་བས་སོ། །མེད་པ་ཉིད་ལས་ངེས་པར་གཟུང༌། །ཁྱབ་མཉམ་འབའ་ཞིག་རྟགས་སུ་འགྱུར། །དེ་དང་མཐུན་པ་མེད་པ་ཁོ་ན་ལ་མེད་པའོ་ཞེས་_པ་འདི་ལ་ཁྱབ་མཉམ་སོ་སོར་ཡོད་པའམ་ཡིན་པས། མཉན་པར་བྱ་བ་ཉིད་རྟགས་སུ་ཐལ་བའི་ཉེས་པ་ནི་མེད་མོད་ཀྱི། འོན་ཀྱང་མེད་པ་ཁོ་ན་ལ་མེད་པའོ་ཞེས་ངེས་པར་བཟུང་བ་དེའི་ཕྱིར་ཁྱབ་མཉམ་པོར་ཡོད་པ་ཁོ་ན་གཏན་ཚིགས་སུ་འགྱུར་ཏེ། དེ་ལ་བྱས་པ་ཁོ་ན་མི་རྟག་པ་གོ་བྱེད་དུ་འགྱུར་གྱི་རྩོལ་བ་ལས་བྱུང་བ་ཉིད་ནི་མ་ཡིན་པར་འགྱུར་རོ། །དེ་ནི་མི་རྟག་པ་དང་ཁྱབ་མཉམ་པ་མ་ཡིན་ཏེ། དེ་མེད་པ་ཡང་མི་རྟག་པ་མཐོང་བའི་ཕྱིར་རོ། །དེ་མཐུན་ཉིད་ཅེས་འདོད་མ་ཡིན། །ཅི་སྟེ་དེ་དང་མཐུན་པ་ཉིད། །ཅེས་ངེས་པར་བཟུང་བར་བྱེད་ན་དེ་དང་མཐུན་པ་ཁོ་ན་དང་ལྷན་ཅིག་ཏུ་རྒྱུ་བར་བྱས་པས་ན་ཐལ་བར་འགྱུར་བ་སྔ་མ་གཉིས་པོ་མེད་པ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ལྟ་ན་ནི་ཆོས་གང་བསྒྲུབ་པར་བྱ་བའི་རིགས་དང་མཐུན་པ་ཁོ་ན་མེད་པར་མི་འབྱུང་བ་ནི་འགལ་བ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ལའང་རྣམ་པ་དུ་མ་མཐོང༌། །གཏན་ཚིགས་གཅིག་ལའང་དུ་མ་མེད་ན་མི་འབྱུང་བར་མཐོང་སྟེ། དཔེར་ན་བྱས་པ་ཉིད་ནི་


DTG174_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་དང་བདག་མེད་པ་ལ་སོགས་པ་མེད་པ་མེད་པ་ཡིན་ནོ། །དེའི་ཕྱིར་ངེས་པར་བཟུང་བ་གསུམ་ག་སྐྱོན་ཅན་ཡིན་ནོ། །ཡང་དེ་དང་མཐུན་པ་དང་ལྷན་ཅིག་ཏུ་རྒྱུ་བའི་གཏན་ཚིགས་ཁས་བླངས་ནས་དཔྱད་བར་བྱ་སྟེ། ཅི་རེ་ཞིག་འདིར་ཇི་ལྟར་བསྟན་པ་དེ་བཞིན་མཚན་ཉིད་རྗོད་པར་བྱེད་དམ། ཡང་ན་ཡང་དག་པའི་དོན་ཇི་ལྟར་ཡོད་པ་ལྟར་ཡིན། དེ་ལས་ཅིར་འགྱུར་ཞེ་ན། དེའི་བདག་ཉིད་ཀྱིས་སྟོན་ཞེ་ན། གཏན་ཚིགས་བརྗོད་པས་ནུས་མ་ཡིན། །འདིས་ནི་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་པ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་དུ་བསྟན་པར་མི་ནུས་སོ། །ཅི་སྟེ། ཡང་དག་དོན་བཞིན་ན། ཅི་སྟེ་འདི་ཡང་དག་པའི་དོན་ཇི་ལྟར་ཡོད་པ་ལྟར་མཚན་ཉིད་རྗོད་པར་བྱེད་དོ་ཞེ་ན། དེ་ལྟ་ན་ཡང༌། རྣམ་པ་གང་གིས་གང་ལ་ཞེས་མ་བརྗོད། །གལ་ཏེ་གཏན་ཚིགས་རང་ཉིད་ཀྱིས་སྟོན་པ་ཡིན་ན་རྣམ་པ་གང་གིས་ན་ཇི་ལྟར་བདག་ཉིད་སྟོན་པར་བྱེད་དེ། གང་དུ་ཡང་མཐོང་བ་མེད་དོ། །ཤེས་པར་བྱེད་ལས་འདས་པ་བཞིན། །དོན་གྱི་སྒྲུབ་བྱེད་མཐོང་མ་ཡིན། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་རང་གི་མཚན་ཉིད་ཀྱིས་མ་བཟུང་བའི་བདག་ཉིད་ཀྱིས་ཤེས་པར་བྱ་བའི་དོན་ཤེས་པར་བྱེད་པ་ནི་མེད་དོ། །མིག་གིས་གཟུང་བྱ་ཉིད་སོགས་སྒྲ། །མི་རྟག་རྟགས་སུ་ཐལ་བར་འགྱུར། །གལ་ཏེ་དེའི་བདག་ཉིད་བཟུང་ནས་མཚན་ཉིད་རྗོད་པར་བྱེད་ན་ནི་མིག་གིས་གཟུང་བྱ་ཉིད་ཀྱང་མི་རྟག་པ་ཉིད་དང་ལྷན་ཅིག་ཏུ་རྒྱུ་བའི་གཏན་ཚིགས་སུ་འགྱུར་རོ། །གལ་ཏེ་གང་ཞིག་མ་བསྟན་པའི་དེ་གཏན་ཚིགས་མ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། མ་བསྟན་པ་ཞེས་བརྗོད་པས་དེ། ཇི་ལྟར་གང་ལ་ཞེས་མ་བརྗོད། །དེ་ལྟར་དུ་བརྗོད་པས་ནི་གང་གིས་ཇི་ལྟར་མ་བརྗོད་པ་དེ་གང་ལ་གཏན་ཚིགས་སུ་མི་འགྱུར་ཞེས་མ་སྨྲས་སོ། །ལྷན་ཅིག་རྒྱུ་བས་བསྒྲུབ་བྱ་ལ། །ཅི་སྟེ་འདི་ལྟར་དེ་དང་མཐུན་པ་མེད་ན་མི་འབྱུང་བ་ཉིད་ཀྱི་སྒོ་ནས་བསྒྲུབ་པར་བྱ་བ་ལ་གང་མ་བསྟན་པ་དེའི་ཞེས་བརྗོད་དོ་ཞེ་ན། དེ་མིན་དཔེ་གཉིས་ལས་འགྱུར་བས། །དེ་དང་མཐུན་པ་དང་ལྷན་ཅིག་ཏུ་རྒྱུ་བ་ཉིད་དང༌། ཆོས་མཐུན་པའམ་ཆོས་མི་མཐུན་པ་ཉིད་ཅན་གྱིས་ཕྱི་རོལ་གྱི་དོན་ཉེ་བར་བསྡུས་ནས་དཔེ་གཉིས་ཀྱིས་གོ་བར་བྱེད་དོ། །ཇི་ལྟར་བརྗོད་པ་ཇི་ལྟ་བུ་དག་གིས་ན་དཔེས་འབྲེལ་པ་ངེས་པར་སྟོན་


DTG174_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གང་ཞིག་གང་གིས་བསྒྲུབ་བྱ་ལ་མ་བསྟན་པ་དེ་ཞེས་བརྗོད་པ་དེ་ལ་དཔྱད་པར་བྱ་སྟེ། མི་རྟག་ཉིད་སོགས་མཐོང་བ་སྟེ། །བསྒྲུབ་བྱར་གཞན་དག་འདོད་དམ་ཅི། །གལ་ཏེ་བྱས་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྒྲ་མི་རྟག་པ་ཉིད་དུ་སྟོན་པར་བྱེད་ན་གཞན་ཅི་མ་གྲུབ། གང་གྲུབ་པ་དེའི་དོན་དུ་ཡང་དཔེར་རྗོད་པར་བྱེད་དམ། བསྒྲུབ་བྱ་གཞན་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་གང་མ་བསྟན་པ་དེ་ཞེས་པ་ལས་དཔེ་བརྗོད་པ་དེ་བསྒྲུབ་བྱ་སྒྲུབ་པའི་རྟགས་སོ་ཞེས་པ་འདི་ལས་དཔེ་བརྗོད་པ་དེ་བསྒྲུབ་བྱ་སྒྲུབ་པའི་རྟགས་སོ་ཞེས་པ་འདི་ལ། གལ་ཏེ་ཆོས་མཐུན་སྒྲུབ་བྱེད་ན། །ཆ་ཤས་ངག་མིན། གལ་ཏེ་ཆོས་མཐུན་པ་ཉིད་བསྒྲུབ་བྱ་སྒྲུབ་བའི་གཏན་ཚིགས་ཡིན་ན་ཡན་ལག་ནི་གཏན་ཚིགས་མ་ཡིན་ནོ་ཞེས་འཐོབ་པར་འགྱུར་ཏེ། ཐ་དད་དུ་འཇུག་པའི་ཕྱིར་རོ། །ལྷན་ཅིག་ཏུ་བརྗོད་པར་འདོད་པས་ནི་ཐ་དད་པ་ཡིན་ཡང་ཐ་མི་དད་དུ་འཇུག་པ་རྣམས་ཉིད་ཀྱིར་འགྱུར་ཏེ་དམག་ལ་སོགས་པ་བཞིན་ནོ། །དོན་གྱི་དམ་བཅའ་ལ་སོགས་བས་ཐ་མི་དད་དུ་འཇུག་པ་ནི་མ་ཡིན་ཏེ། དོན་བརྗོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང༌། ལྔ་པ་མིན། འདིར་ལྔ་པ་ནི་མི་འཐོབ་སྟེ། ཆོས་མཐུན་པའི་དཔེར་བརྗོད་པ་ཉིད་བསྒྲུབ་བྱ་སྒྲུབ་པ་ཉིད་ཡིན་ན་ནི་དེ་ཉིད་དེ་ལས་གྱུར་པ་ཡང་མ་ཡིན་ཞིང་ཁྱད་པར་དུ་བྱེད་པ་དང༌། ཁྱད་པར་དུ་བྱ་བ་དག་ཐ་དད་དུ་རྗོད་པར་བྱེད་པ་ཡང་མ་མཐོང་བས་སོ། །ངག་ཅེས། གལ་ཏེ་འདི་སྙམ་དུ་གང་ཆོས་མཐུན་པ་ལས་དཔེ་བརྗོད་ཀྱི་ངག་དང་ཕན་ཚུན་བརྒྱུད་པའི་སྒོ་ནས་ཡིན་ཏེ། དེ་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དེ། ཁྱད་པར་ཅན་དུ་འགྱུར། ཅིའི་ཕྱིར་ཞེ་ན། ཆོས་མཐུན་པའི་དཔེ་བརྗོད་པའི་ངག་དང་ཤེས་པ་དང་འདོད་པ་ལ་སོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་ཁྱད་པར་ཅན་དུ་བརྗོད་པར་བྱའོ། །གལ་ཏེ་མི་བྱ་སྟེ། འདི་ལྟར། སྒྲུབ་བྱེད་ཉིད་དུ་མི་སྲིད་པས། །བསྒྲུབ་བྱ་སྒྲུབ་ཅེས་པའི་ངག་ལས་ཤེས་པ་དང་འདོད་པ་ལ་སོགས་པ་མི་སྟོན་པ་དེ་དག་ནི་བསྒྲུབ་བྱ་སྒྲུབ་པ་མ་ཡིན་ནོ་ཞེ་ན། ཡང་ཅི་བསྒྲུབ་བྱ་སྒྲུབ་བྱེད་དུ་དངོས་ལས་འདོད་དམ། ཡང་ན་བརྒྱུད་པ་ལས་ཀྱང་འདོད། །དེ་ལས་ཅིར་འགྱུར་ཞེ་ན། གཉིས་ཀ་གཞན་དུ་འཐོབ་པར་འགྱུར། །གལ་ཏེ་དངོས་ལས་ཡིན་ན་ནི་གང་ཉན་པ་དང་འབྲེལ་བའི་དྲན་པ་དེ་ཁོ་ན་གཏན་


DTG174_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་འགྱུར་རོ། །གལ་ཏེ་བརྒྱུད་པ་ལས་ཡིན་ན་ཡང་གང་ཆོས་མཐུན་པའི་ཉན་པའི་ཤེས་པ་དེ་གཏན་ཚིགས་སུ་འགྱུར་རོ། །གལ་ཏེ་ཕན་ཚུན་བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པ་དེ་གཏན་ཚིགས་ཡིན་ཡང་ཉན་པའི་ཤེས་པ་ལ་ནི་ཐལ་བར་མི་འགྱུར་ཏེ། འདི་ལྟར། ཆོས་མཐུན་གཏན་ཚིགས་དེ་མ་ཡིན། །ངག་དེ་ནི་ཆོས་མཐུན་པ་ལས་དཔེར་བརྗོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་དེ་ལའང་སྐྱོན་གཉིས་ཕྱིར། །ཆོས་མཐུན་པ་ལས་དཔེ་བརྗོད་པ་ལ་ཡང་དངོས་ལས་ཡིན་ནམ་ཡང་ན་བརྒྱུད་ནས་ཡིན་ཞེས་འགྱུར་བ་ཡིན་པས་གཉིས་ཀ་ལྟར་ན་ཡང་སྐྱོན་ཅན་ཡིན་ནོ། །གལ་ཏེ་དངོས་ལས་བརྗོད་པར་འདོད་ན་ནི་ཆོས་དང་མཐུན་པའི་ཤེས་པ་དེ་ཉིད་རྟགས་སུ་འགྱུར་རོ། །དེ་ནི་དངོས་དང་བརྒྱུད་པ་ལས་དེ་བསྒྲུབ་བྱ་སྒྲུབ་པ་ཡིན་ནོ། །ཅི་སྟེ་བརྒྱུད་པ་ལས་ཡིན་ན་ཡང་གང་ཉན་པའི་ཤེས་པ་ལ་སོགས་པ་ལ་ཐལ་བར་འགྱུར་བའི་གནས་སྐབས་དེ་ཉིད་དོ། །དེ་ལྟ་ན་ཡང་སྐབས་སུ་བབ་པའི་ཕྱིར་བསྒྲུབ་བྱ་ཁྱད་པར་ཅན་དུ་བསྟན་པར་མི་བྱའོ་ཞེ་ན། གནས་སྐབས་དེ་གང་ཡིན། གནས་སྐབས་ལ་ཡང་གཞན་མི་སྲིད། །གནས་སྐབས་ཀྱི་ཕྱོགས་ལ་ཡང་གང་ཆོས་མཐུན་པ་ལས་དཔེར་བརྗོད་བསྟན་པ་དེ་ཉིད་གཏན་ཚིགས་སུ་འགྱུར་རོ། །ཆོས་མཐུན་པའི་དཔེར་བརྗོད་པ་ནི་མ་ཡིན་ནོ་ཞེས་གཞན་ལ་ཡང་སྲིད་དོ། །སྲིད་དུ་ཆུག་ཆོས་མཐུན་པའི་ལྟོས་པའི་དཔེར་བརྗོད་ཡན་ལག་ཕྱི་མ་བསྟན་པ་རྣམས་ཀྱང་གཏན་ཚིགས་སུ་འགྱུར་རོ། །གལ་ཏེ་ཉེས་པ་དེ་ནི་མེད་དོ། །དཔེར་བརྗོད་པ་ལ་སོགས་པ་ནི་གཏན་ཚིགས་ཉིད་དུ་མི་འགྱུར་ཏེ། རང་རང་གི་མཚན་ཉིད་བསྟན་པས་གནོད་པས་ནའོ། །རང་རང་མཚན་ཉིད་ཀྱིས་གནོད་ཕྱིར། །རྣམ་པར་རྟོག་པ་སྲིད་མ་ཡིན། །ཐོབ་པ་རྣམས་ཀྱིས་གཅིག་ལ་གནོད་པ་བཞིན་དུ་རྣམ་རྟོག་བསྡུས་པ་ལ་ཡང་འགྱུར་བའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ། །དེ་ཕྱིར་དྲུག་པར། ཆོས་མཐུན་པའི་དཔེར་བརྗོད་པ་གཏན་ཚིགས་སུ་ཞེས་དྲུག་པར་འགྱུར་ཏེ། དཔེར་ན་གཞན་ལ་ཆོས་དེའི་གཏན་ཚིགས་སོ་ཞེས་པ་བཞིན་ནོ། །དེ་ལྟ་ན་ཡང༌། ཐེ་ཚོམ་ཡོངས་སུ་སྤངས་པར་འགྱུར་གྱི་སྐྱོན་མེད་པ་ཉིད་ནི་མ་ཡིན་ཏེ། གང་གི་ཕྱིར། དེ་ལ་ཡང༌། ཁྱད་པར་དོན་མེད་པར་འགྱུར་རོ། །དྲུག་པར་བྱས་ནས་ཀྱང་བསྒྲུབ་བྱ་སྒྲུབ་


DTG174_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་པ་ལྷག་པར་འགྱུར་རོ། །གལ་ཏེ་ཁྱད་པར་དུ་བྱས་པའི་དོན་དེ་འགྱུར་གྱི་ཆོས་མཐུན་པའི་ངག་ཐམས་ཅད་ནི་གཏན་ཚིགས་མ་ཡིན་ནོ་ཞེ་ན། ངག་ཀུན་མི་འདོད་ཞེ་ན་གང༌། །འདོད་དེ་ཁྱད་པར་ཅན་དུ་གྱིས། །གལ་ཏེ་ཆོས་མཐུན་ངག་ཐམས་ཅད་གཏན་ཚིགས་མ་ཡིན་ན་ཡང་གང་ཆོས་མཐུན་པའི་ངག་དེ་ཉིད་གཏན་ཚིགས་མ་ཡིན་ནམ། དོན་གང་དག་གི་ཁྱད་པར་གྱིས་དེ་ཁྱད་པར་དུ་མི་བྱེད། གལ་ཏེ་འདི་ལྟར་ཁྱད་པར་གྱི་སྒྲ་ལ་མི་སྲིད་པའི་ཕྱིར་དོན་དུ་རྟོགས་པའི་དོན་ལ་འགྱུར་ཏེ། དམ་བཅའ་བ་དང་གཏན་ཚིགས་སུ་འགལ་བའི་ཕྱིར་རོ་ཞེ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། དགོས་པ་མེད་པར་དངོས་ཀྱི་ནི། །སྒྲ་དོན་འདས་པར་འདོད་མ་ཡིན། །རྒྱུ་མཚན་མེད་པར་དངོས་ཀྱི་སྒྲའི་དོན་ལ་འདས་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་མཐུན་པ་ཉིད་ཁྱད་པར་དུ་བྱའོ། །དོན་སྒྲ་ཁྱད་པར་དུ་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཁྱད་པར་དུ་མ་བྱས་པ་ནི་ཇི་ལྟ་བ་བཞིན་དུ་མི་སྒྲུབ་པའི་ཕྱིར་ཁྱད་པར་དུ་བྱ་བའོ། །ཅི་སྟེ་བསྒྲུབ་བྱ་སྒྲུབ་པར་བྱེད་པར་སྨོས་པ་དེ་ཉིད་དེ་ཁྱད་པར་དུ་བྱས་པ་མ་ཡིན་ནོ་ཞེ་ན། དེ་ཁྱད་པར་དུ་བྱས་པ་ནི་མ་ཡིན་ཏེ། འདི་ལྟར་རྣམ་གྲངས་ཙམ་ཡན་ལག་ཐམས་ཅད་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བས་ན་བསྒྲུབ་བྱའི་ཁྱད་པར་དུ་བྱེད་པར་ནི་གོ་བར་མི་བྱའོ། །གལ་ཏེ་འདི་ལྟར་ཆོས་མི་མཐུན་པར་སྒྲུབ་པར་བྱེད་པ་ལས་བཟློག་པ་དེ་བཞིན་དུ་བསྒྲུབ་བྱ་སྒྲུབ་པར་བྱེད་པར་བཟུང་ངོ༌། །ཡང་སྒྲུབ་པར་མི་བྱེད་པ་འདི་ཇི་ལྟ་བུ་ཞིག་གཏན་ཚིགས་ལྟར་སྣང་བ་རྣམས་ཏེ་གང་ཆོས་མཐུན་པ་དེ་ནི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ཏེ། གཏན་ཚིགས་ཉིད་དོ་ཞེས་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་བུའི་ཁྱད་པར་ཡང་རིགས་པ་མ་ཡིན་ཏེ་སྤྱིར་བཏང་བ་ལ། དམིགས་བསལ་ཡོད་པར་སྲིད་མ་ཡིན། །གང་འཁྲུལ་པ་ལ་སོགས་པའི་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ནི་གཏན་ཚིགས་ལྟར་སྣང་བ་ཡིན་གྱི་དེ་གཏན་ཚིགས་ཉིད་དུ་བྲལ་བར་འགྱུར་བ་ནི་མ་ཡིན་ཏེ། དམིགས་ཀྱིས་བསལ་བའི་ཡུལ་ལ་སྤྱིར་བཏང་བའི་གོ་སྐབས་མེད་པའི་ཕྱིར་རོ། །སྔར་དམིགས་ཀྱིས་བསལ་བ་བཀོད་པ་ལ་ཕྱིས་སྤྱིར་བཏང་བ་བརྟག་པར་བྱ་བའམ། དམིགས་ཀྱིས་བསལ་བའི་ཡུལ་ལ་སྤྱིར་བཏང་བ་དགོད་པ་ནི་མ་ཡིན་ནོ། །


DTG174_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང༌། དེར་སྣང་གིས་སྟོང་ཆོས་གཞན་དང༌། །མཚུངས་ཏེ་གཏན་ཚིགས་ཉིད་དུ་འགྱུར། །གལ་ཏེ་གཏན་ཚིགས་ལྟར་སྣང་བས་སྟོང་པས་ཆོས་མཐུན་པ་དང་ཆོས་མི་མཐུན་པ་གཏན་ཚིགས་ཡིན་ན་སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དཔེ་དང་ཆོས་མཐུན་པ་དེ་དག་གཏན་ཚིགས་ལྟར་སྣང་བ་རྣམས་ལ་མི་སྲིད་དོ། །དེ་ནི་སླར་སྦྱོར་བའི་བུམ་པ་ལ་སོགས་པའི་ཆོས་མི་མཐུན་པ་དང་ཆོས་གཞན་ཉིད་དུའང་འགྱུར་ཏེ། དེ་བཞིན་དུ་སྒྲ་རྟག་སྟེ། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་གློག་ལ་སོགས་པ་བཞིན་ཞེས་པ་ཆོས་མི་མཐུན་པ་ཡང་ངོ༌། །ཆོས་མཐུན་པ་དང་ཆོས་མི་མཐུན་པ་དེ་དག་གཏན་ཚིགས་ལྟར་སྣང་བ་རྣམས་ལ་མི་སྲིད་དོ། །གཞན་དག་ནི་བསྒྲུབ་བྱར་སྒྲུབ་པར་བྱེད་པ་ཉིད་དུ་སྔ་མས་ཁྱད་པར་དུ་བྱེད་དོ། །དེ་སྐད་དུ་བརྗོད་པ་ནི། གང་ཆོས་མཐུན་པ་ལས་དཔེར་བརྗོད་པ་སྟོན་པ་དེ་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཡིན་ནོ། །གང་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ལ་སོགས་པ་དེ་དཔེ་ལ་སོགས་པའོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཡང་དྲུག་པ་ཉིད་དུ་རིག་པའི་ཚུལ་ལ་ཐེ་ཚོམ་མེད་པའི་དོན་ཡིན་ཞིང༌། གཏན་ཚིགས་ལྟར་སྣང་བས་སྟོང་པ་ཡང་གཏན་ཚིགས་ཉིད་དུ་འགྱུར་བའི་ཕྱིར་རོ། །གཏན་ཚིགས་ཀྱི་མཚན་ཉིད་དུ་མི་རིགས་སོ། །བྱེ་བྲག་པ་རྣམས་ཀྱི་དེ་དང་ལྡན་པའི་ཆོས་གཏན་ཚིགས་སོ་ཞེས་རྗོད་པར་བྱེད་དོ། །འདིར་ཡང་གལ་ཏེ་དེ་ཞེས་པའི་སྒྲས་བསྒྲུབ་བྱ་བརྗོད་པ་དང་མངོན་པར་འབྲེལ་བར་འགྱུར་ཏེ། དེས་བསྒྲུབ་བྱ་ཉིད་ལ་དེ་དང་ལྡན་པའོ་ཞེས་བརྗོད་པར་འགྱུར་རོ། །དེ་ལ་ཡང་གལ་ཏེ་སྤྱིའམ་ཡང་ན་ཆོས་སམ། དེ་སྟེ་ཆོས་ཅན་ཉིད་ལས་འགྱུར་གྲང༌། གལ་ཏེ་སྤྱི་ཡིན་ན་དེ་ལྟ་ན། སྤྱི་ཉིད་ཆོས་སུ་ཐལ་བར་འགྱུར། །འདིར་སྒྲ་མི་རྟག་གོ་ཞེས་བྱ་བའི་སྤྱི་ལ་མི་རྟག་པའི་ཆོས་ཉིད་དོ་ཞེས་འདིའི་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །སྤྱིའི་ཆོས་གཞན་ནི་ཡོད་པ་མ་ཡིན་ནོ། །རྭ་ཅན་ཡིན་པའི་ཕྱིར་རྟ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་བསྒྲུབ་པར་བྱ་བ་ལ་སྤྱི་ཉིད་ཀྱི་ཆོས་སོ་ཞེས་བྱས་ན་གཏན་ཚིགས་སུ་འགྱུར་རོ། །ཅི་སྟེ་ཆོས་ཡིན་ན་ནི་དེའི་བྱས་པ་ཉིད་ལ་སོགས་པ་མི་སྲིད་དོ། །དེ་སྟེ་ཆོས་ཅན་ཡིན་ན་ནི་དེ་ཡང་མི་འཐད་དེ་གྲུབ་པའི་ཕྱིར་རོ། །མི་རྟག་པ་ཉིད་བསྒྲུབ་བྱ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྤྱི་


DTG174_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱི་སྒྲ་ཞེས་སམ། སྒྲ་མི་རྟག་པ་ཉིད་དོ་ཞེས་སམ། སྒྲ་མི་རྟག་གོ་ཞེས་པའི་སྤྱིའི་དོན་དེ་དག་ནི་རྣམ་པར་བཅད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་སྤྱིའི་དོན་ཉིད་བསྒྲུབ་བྱ་ཡིན་པར་འགྱུར་རོ། །ཆོས་དང་ཆོས་ཅན་བསྒྲུབ་བྱ་མིན། །དེ་དག་བསྒྲུབ་བྱར་མི་སྲིད་དེ། །སྐྱོན་དང་བཅས་པའི་ཕྱིར་རོ། །སྤྱི་ཡང་མ་ཡིན་ཏེ་སྔར་བརྗོད་པའི་སྐྱོན་ཉིད་དོ། །དེས་ན་སྒྲའི་ཡོན་ཏན་དུ་གྱུར་པ་ཉིད་ནི་བསྒྲུབ་བྱར་འབྲེལ་བར་འགྱུར་ཏེ། དེ་ལ་སྤྱིའམ་ཆོས་ཅན་ནམ་གཞན་ལ་ཡང་གང་དེ་དང་ལྡན་པའི་ཆོས་འགྱུར་བ་མེད་པའི་ཆོས་མི་རྟག་པའོ་ཞེས་བསྒྲུབ་བྱས་ཁས་བླང་བར་བྱའོ། །དེ་ནས་སྒྲ་ཉིད་དེ་དང་ལྡན་པའོ་ཞེས་གང་དེའི་ཆོས་དེ་གཏན་ཚིགས་སུ་འགྱུར་རོ། །དེའི་ཡང་ཐུན་མོང་བའི་དང་ཁྱད་པར་གྱི་བསྒྲུབ་བྱ་དང་ལྡན་པའི་ཆོས་སུ་འགྱུར་ཏེ། ཁྱད་པར་བསྒྲུབ་བྱ་དང་ལྡན་པའི། །ཆོས་འཐོབ། བསྒྲུབ་པར་བྱ་བ་དང་ལྡན་པའི་ཆོས་ཉིད་དོ་ཞེས་ངེས་པར་བཟུང་བར་བྱེད་པ་ནི་གང་ཡང་མེད་དོ། །དོན་གྱི་ཆོས་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་བསྒྲུབ་བྱ་དང་ལྡན་པ་ཉིད་ཀྱི་ཆོས་སོ་ཞེས་འབྲེལ་བའི་ཕྱིར་དེའི་ཆོས་འཐོབ་པར་འགྱུར་རོ། །དེ་ལྟ་ན་ཡང་སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ཡང་གཏན་ཚིགས་སུ་འགྱུར་རོ། །བསྒྲུབ་པར་བྱ་བའི་ཆོས་མཚུངས་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། དེའི་ཁྱད་པར་དུ་བྱེད་པ་ལས་གཞན་ལ་གཉིས་སུ་འཇུག་གོ་ཞེས་པ་འདིས་ཐུན་མོང་དུ་གཞན་ལ་འཇུག་པ་མ་ཡིན་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །མི་རྟག་པ་ཙམ་ཉིད་བསྒྲུབ་པར་བྱ་བ་ཉིད་དུ་ཡིན་ན་སྒྲ་གཞན་གྱིའང་དེ་དང་ལྡན་པ་ལ་བུམ་པ་སོགས་པའི་ཆོས་གཏན་ཚིགས་སུ་བརྗོད་པར་གྱུར་པའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཉིད་ཀྱང་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །གཞན་ཡང་མ་ངེས་པ་མ་ངེས་པ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་གཏན་ཚིགས་ཏེ། འཁྲུལ་པའི་གཏན་ཚིགས་དེ་ཡང་གཏན་ཚིགས་སུ་འགྱུར་རོ། །དཔེར་ན་རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་དེ་དང་ལྡན་པར་རྟོགས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་མ་འབྲེལ་བ་ཉིད་དོ། །དེའི་ཕྱིར་ཆོས་མཐུན་པའི་དེ་དང་ལྡན་པ་ནི་འཁྲུལ་བའོ་ཞེས་བརྗོད་པར་བྱའོ། །དེ་ལྟ་ན་ནི་དེ་དང་ལྡན་པའི་ཆོས་དང་མཐུན་པ་ཆོས་མཐུན་པ་


DTG174_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཆོས་གཞན་སྤངས་པར་འགྱུར་ཏེ། མཉན་པར་བྱ་བ་ཉིད་དང༌། འཁྲུལ་པ་ཅན་གྱི་ཆོས་ཀྱི་ངག་མ་འཁྲུལ་བར་འགྱུར་རོ་ཞེས་ངེས་པར་བཟུང་བ་སྨྲས་པའི་ཕྱིར་རོ། །སྔ་མ་ལ་ནི་ཇི་སྐད་བརྗོད་པའི་སྐྱོན་ཡོད་པ་ཡིན་ནོ། །མཁའ་སོགས་ཡོད་ཉིད་བསྒྲུབ་པ་ཡི། །སྦྱོར་བའང་འགོད་པར་མི་བྱེད་འགྱུར། །དེ་ལ་ནི་དམ་བཅས་པ་དང་ལྡན་པའམ། བསྒྲུབ་པར་བྱ་བ་དང་ལྡན་པའི་ཆོས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་སྦྱོར་བ་ཡང་མ་འབྲེལ་བར་འགྱུར་བས་ན་གཏན་ཚིགས་སུ་མི་འཐད་པ་ཉིད་དོ། །སེར་སྐྱ་བ་རྣམས་ན་རེ་གཞན་ལ་བསྟན་པར་བྱ་བའི་དོན་དུ་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་བྱེ་བྲག་གི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། དེ་ལ་རྣམ་པར་ལྡན་པའི་ངག་གི་དངོས་པོའི་ཡུལ་རྣམ་པ་ལྔ་སྟེ། དམ་བཅའ་བ་ལ་སོགས་པའི་དབྱེ་བས་སོ་ཞེས་ཟེར་རོ། །དེ་ཡང་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་སྦྱོར་བ་དག་ལ་གཞན་པར་བྱ་བ་དང་འབྲེལ་པ་ཉིད་དུ་སྤྱད་པར་བྱའོ། །ཡན་ལག་ཐམས་ཅད་ནི་གཏན་ཚིགས་ཉིད་མ་ཡིན་ཏེ། རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལ་རེ་ཞིག་གཙོ་བོ་ཡོད་དེ་བསལ་བ་རྣམས་དང་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ལ། གལ་ཏེ་འདིར་གཙོ་བོའི་ཡོད་པ་ཉིད་བསྒྲུབ་བྱ་ཡིན་ཞེ་ན། དེ་མ་ཡིན་ཏེ། ཚད་མའི་ཡུལ་མ་ཤེས་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་མ་ཡིན་པའི་ཡུལ་ལ་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །བསྒྲུབ་བྱའི་ཆོས་ཀྱང་སྒྲུབ་བྱེད་འགྱུར། །བསྒྲུབ་བྱར་གྱུར་པའི་ཆོས་སྒྲུབ་བྱེད་དུ་འགྱུར་བའི་རིགས་ཏེ། ཐ་དད་དུ་གྱུར་པ་མེད་པས་སོ། །དེ་ལྟ་མ་ཡིན་ན་ནི་སྲེག་པར་བྱེད་པ་ཡིན་པའི་ཕྱིར་ཞེས་པས་ཀྱང་སྒྲ་མི་རྟག་པར་གྲུབ་པར་གྱིས་ཤིག །གཞན་ཡང༌། རྒྱས་པའི་ངག་ཡིན། ངག་རབ་ཏུ་རྒྱས་པ་ནི་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་རིགས་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་ནི་བསྡུས་པའི་ངག་ཡིན་པའི་ཕྱིར་རོ། །དེ་ཡང༌། བརྗོད་མ་ཡིན། གང་བསྡུས་པའི་ངག་དེ་ཡང་གཏན་ཚིགས་སུ་བརྗོད་པ་མ་ཡིན་ཏེ། སྒྲུབ་བྱེད་དུ་ནི་ཡན་ལག་ཐམས་ཅད་བརྗོད་པ་ཡིན་ནོ། །དེར་མ་བསྟན་པའི་ཁྱད་པར་ནི་གོ་བར་བྱ་བ་མ་ཡིན་ནོ། །དཔེ་ཡང་གལ་ཏེ་གང་


DTG174_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྒྲུབ་བྱ་སྒྲུབ་པ་ལ་སྟོན་པར་བྱེད་པ་ཡིན་ན་ནི། དེ་ཡང་རིགས་པ་མ་ཡིན་ཏེ་འདི་ལྟར། གཙོ་བོ་རྗེས་འགྲོ་དང་ལྡན་མིན། །ཤིང་གི་ཤུན་ལྤགས་ལ་སོགས་པ་ལ་རིགས་གཅིག་པ་དང་ལྡན་པའི་གཙོ་བོ་ནི་ཡོད་པ་མ་ཡིན་ནོ་ཞེས་རིག་པར་བྱའོ། །ཡོད་དུ་ཆུག་ན་ཡང་མ་བསྟན་པ་ལ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དཔེ་ལྟར་སྣང་བ་ཡིན་ནོ། །དེ་བཞིན་དུ་སྒྲུབ་པར་བྱེད་པའི་དོན་གང་ཡང་ཡོད་པ་མ་ཡིན་ནོ། །བརྗོད་པར་བྱ་བའི་ཆ་ཤས་ཉིད་ལ་ནི་ངག་གི་ཆ་ཤས་ཉིད་ཉམས་པ་ཡིན་ནོ། །གལ་ཏེ་བརྗོད་པར་བྱ་བ་ལ་ཉེས་པ་ཡོད་པ་མ་ཡིན་པས་གང་དག་དེ་སྟོན་པར་བྱེད་པ་དེ་དཔེ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ། དེ་བརྗོད་པར་བྱ་བ་ཉིད་སྐྱོན་དང་བཅས་པ་ནི་མ་ཡིན་ཏེ་འདི་ལྟར། རག་ཀྱང༌། ངག་ཡིན་ཡང་ནི་དཔེ་ལ་ནི་དེ་ཉིད་སྐྱོན་དང་བཅས་པ་ཡིན་ཏེ། ངག་གིས་ཤིང་གི་ཤུན་ལྤགས་ལ་སོགས་པ་ལ་གཙོ་བོ་དེ་དང་རྗེས་སུ་འགྲོ་བ་བསྟན་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་ཉེ་བར་འཇལ་མི་རིགས། །ངག་གི་དཔེ་ལ་ཉེ་བར་འཇལ་བར་ཡང་རིགས་པ་མ་ཡིན་ཏེ། ངག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་གཅིག་ཏུ་བྱས་པའི་སྦྱོར་བ་ནི་མེད་དོ། །དེ་བཞིན་དུ་གཙོ་བོ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཆ་ཤས་ཀྱི་མཚན་ཉིད་ནི་རྣམ་པ་ཐམས་ཅད་དུ་འབྲེལ་པ་མེད་པ་ཉིད་དོ། །རྩོད་པའི་སྒོའི་ཕྱོགས་ནི་འབྲེལ་པ་ཙམ་དུ་འགྱུར་ཏེ། རྒྱུ་གཅིག་པ་ཉིད་ཐ་དད་པ་རྣམས་ཀྱི་བསྒྲུབ་བྱ་ཡིན་ནོ་ཞེས་བྱས་ནས་སོ། །དེ་ལ་ཡང་དང་པོ་ཉིད། དམ་བཅའི་དོན་དང་འགལ་བར་འགྱུར། །རྒྱུ་གཅིག་པ་རྣམས་ཐ་དད་ཡིན་ནོ་ཞེས་པ་ནི་ཤིང་གི་ཤུན་ལྤགས་ལ་སོགས་པ་ཐ་དད་པ་ཉིད་ལ་རྒྱུ་དུ་མ་ཉིད་ཁས་བླངས་པའི་ཕྱིར་དམ་བཅའ་བ་འགལ་བ་ཡིན་ནོ། །ཁས་མ་བླངས་ན་ཡང་དཔེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཉེས་པ་ཡིན་ནོ། །ཅི་སྟེ་ཡོད་པ་སྔོན་དུ་སོང་བ་ཅན་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ཏེ། འདི་ཉིད་ཀྱིའོ་ཞེས་བསྟན་པའི་ཕྱིར་རོ་ཞེ་ན། རྩོད་པ་མེད་ཕྱིར། རྩོད་པ་མེད་པའི་ཕྱིར་ཡང་འབྲས་བུའི་རྒྱུ་ཡོད་པ་ཉིད་དུ་ནི་མ་ཡིན་ཏེ། དེ་ལྟར་རྩོད་པ་མེད་པ་ནི་མི་རིགས་པ་ཉིད་དོ། །གཞན་དུ་ནི་གཅིག་ཉིད་མ་ཡིན་ཞིང༌། ཡོད་ཙམ་མ་མིན། ཡོད་པ་ཙམ་ཡང་བསྒྲུབ་བྱ་མ་ཡིན་ནོ་ཞེས་བརྗོད་དོ། །བདེ་བ་ལ་


DTG174_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རིགས་དང་རྗེས་སུ་འགྲོ་བ་མ་ཡིན་ཏེ། ཐ་དད་ཤིང་ཤུན་ལས་སོགས་བཞིན། །གལ་ཏེ་དེའི་རིགས་ཀྱི་རྒྱུ་གཅིག་པ་ཉིད་བསྒྲུབ་བྱའོ་ཞེ་ན་དེ་ནི་མ་ཡིན་ཏེ། ཐ་དད་རྣམས་ལ་རིགས་གཅིག་པ་ཉིད་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །རྗེས་འགྲོ་ཐམས་ཅད་སྒྲུབ་ཅེ་ན། །མ་ཡིན་ཏེ། དཔེ་མེད་པའི་ཕྱིར་དང༌། མི་རྟག་པ་ཉིད་དང༌། འབྲས་བུ་ཉིད་ལ་སོགས་པའི་རྗེས་སུ་སོང་བའི་ཕྱིར་དང༌། རྣམ་པར་ལྡན་པ་གཞན་རྣམས་ལ་ཡང་མ་འབྲེལ་བའི་ཕྱིར་རོ། །གཏན་ཚིགས་ལ་ཡང་སྐྱོན་གདུག་པ་ཅན་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་རྣམས་ཉིད་ཡོད་དེ། རེ་ཞིག་མ་གྲུབ་པ་ནི་རིགས་གཅིག་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །མ་ཡིན་ཏེ། གང་གི་ཕྱིར་ཐ་དད་རྣམས་འབྲས་བུ་གཅིག་པ་དེའི་ཕྱིར། རིགས་གཅིག་རྗེས་སུ་འགྲོ་བ་ཅན་དེ་ལྟར་ཡང་མཐོང་སྟེ། གཞན་དུ་འབྲས་བུ་གཅིག་པ་ཉིད། །མེད་པར་ཡང་འབྲས་བུ་གཅིག་པ་ཉིད་སྙིང་སྟོབས་ལ་སོགས་པ་རྣམས་ལ་རྗེས་སུ་འགྲོ་བ་ལས་མཐོང་ངོ་ཞེ་ན། སྒྲ་ལ་སོགས་པ་ཐ་མི་དད་པའི་འབྲས་བུ་དེ་དག་ནི་འཇིག་རྟེན་པའི་མིག་ལ་སོགས་པའི་ཤེས་པ་ལ་སོགས་པ་ཡང་ཡོད་པ་དེའི་ཕྱིར་འདི་མ་ངེས་སོ། །དེ་ལྟར་གཞན་ཡང༌། ཉེ་བར་ལེན་པའང་དར་འགྱུར། །ཉེ་བར་ལེན་པར་གྱུར་པ་ལ་ཡང་རྒྱུའི་འབྲས་བུ་ཡིན་པས་དེའི་རིགས་སུ་རྗེས་སུ་དཔག་པའི་རིགས་ཏེ་ཡུལ་དུ་གྱུར་པའི་སྒྲ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་དུ་ཆུག་ན་ཡང་སྐྱེས་བུ་ལ་ཡང་ཡོན་ཏན་གསུམ་རྗེས་སུ་དཔག་པར་ཐལ་བར་འགྱུར་ཏེ། རྣམ་པར་ཤེས་པ་དེ་ནི་མཐར་སྤྲོ་བ་ལ་སོགས་པའི་འབྲས་བུ་མཐོང་བའི་ཕྱིར་རོ། །ཅི་སྟེ་ཕྱི་རོལ་གྱི་སྒྲ་ལ་སོགས་པར་གྱུར་པ་ལ་སྤྲོ་བ་ལ་སོགས་པའི་འབྲས་བུ་མཐོང་བ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ནི། ཕྱི་མིན་གཉིས་ཀར་སྐྱོན་ཡོད་ཕྱིར། །སྤྲོ་བ་ལ་སོགས་པའི་འབྲས་བུ་དེ་ནི་རྣ་བ་ལ་སོགས་པའི་འཇུག་པ་ཐ་མི་དད་པའམ་ཐ་དད་དུ་འཛིན་ཀྱང་རུང་སྟེ་སྐྱོན་ཅན་ནོ། །གལ་ཏེ་ཐ་མི་དད་དུ་འཛིན་ན་ནི་རང་རང་གི་ཡུལ་དུ་མངོན་པར་ཞེན་པ་ལ་གནོད་དོ། །དེ་སྟེ་ཐ་དད་ན་ནི་རིགས་གཅིག་རྗེས་སུ་དཔོག་པ་ལ་གནོད་དོ། །དེ་ནི་ཕྱི་རོལ་གྱི་སྒྲ་ལ་སོགས་པ་རྣམས་ཀྱི་འབྲས་བུ་མ་ཡིན་ཏེ། སྒྲ་ནི་འདུས་


DTG174_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བཏགས་པའི་ཕྱིར་རོ། །རྣམ་པ་ལ་སོགས་པ་ལས་ལ་སོགས་པར་བཏགས་པ་བཞིན་ནོ། །ཡང་ངེས་པར་བཟུང་བའམ། ངེས་པར་མ་བཟུང་ཡང་རུང་གཉིས་ཀ་ལྟར་ཡང་མ་ཡིན་ཏེ། སྐྱོན་དང་བཅས་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པ་དེ་ལས་གཅིག་ཁོ་ན་རིགས་ཀྱི་རྗེས་སུ་འགྲོ་བའོ་ཞེས་ངེས་པར་གཟུང་བར་བྱེད་ན་ནི། དེ་སྣ་ཚོགས་ཀྱི་རང་བཞིན་ཉིད་ལ་གནོད་དོ། །ཅི་སྟེ་ངེས་པར་གཟུང་བར་མི་བྱེད་ན་ནི་བསལ་ཏེ་འོངས་པ་གཞན་ཉིད་མེད་པར་འགྱུར་ཏེ། གཉིས་ཀ་ཡང་ངེས་པར་གཟུང་བར་མ་བྱས་པའི་ཕྱིར་སྤྱི་དང་བྱེ་བྲག་གཉིས་རེ་རེ་བསལ་ཏེ་འོངས་པར་འགྱུར་རོ། །དེ་དག་ནི་རེ་ཞིག་མ་གྲུབ་པ་ཉིད་དོ། །རྗེས་སུ་འགྲོ་བ། ཁས་བླངས་ན་ཡང་འགལ་བ་ཉིད། །ཐ་དད་པ་རྣམས་དང་རྗེས་སུ་འགྲོ་བའི་རིགས་གཅིག་ཉིད་ཁས་བླངས་ཀྱང་གཏན་ཚིགས་ལ་འགལ་བའི་སྐྱོན་ཡོད་པ་ཉིད་དེ། འདི་ལྟར་དུ་མ་སྔོན་དུ་སོང་བ་ཅན་ཉིད་རིགས་གཅིག་དང་ལྡན་པར་ནི་མ་མཐོང་ངོ༌། །དེ་ལ་ཤིང་ལ་སོགས་པ་རྣམས་ལ་གཅིག་ཉིད་གྲུབ་པ་ནི་མེད་ལ། དེ་ཤིང་གི་ཤུན་ལྤགས་ལ་སོགས་པ་རྣམས་ཀྱི་སྔོན་དུ་སོང་བ་ཅན་ཡང་མ་ཡིན་ཏེ། ཤིང་ལ་སོགས་པའི་ཉེ་བར་ལེན་པ་ཡོད་པའི་ཕྱིར་རོ། །ཁས་བླངས་པའི་གཏན་ཚིགས་ལ་འགལ་བའི་སྐྱོན་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འདི་ལྟར། མ་ངེས་པར་ཡང་འགྱུར། ཁས་བླངས་ཀྱང་ཤིང་ལ་སོགས་པ་ཤིང་ཤུན་ལ་སོགས་པ་རྣམས་ཀྱི་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་གཏན་ཚིགས་ལ་ངེས་པའི་སྐྱོན་ཡིན་ནོ། །དེ་ལྟ་ན་ནི་ཤིང་ཤུན་དང་གཡོ་མོ་དང་ཁམ་ཕོར་དང་རྒྱན་ལ་སོགས་པ་ཐམས་ཅད་བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་དང་དུ་མ་སྔོན་དུ་འགྲོ་བ་ཅན་ཡང་ཡིན་ནོ། །དེ་ལྟར་ན་རེ་ཞིག་གཏན་ཚིགས་ཀྱི་སྐྱོན་གསུམ་ཀའོ། །ཡང་གང་གི་ཕྱིར་གཅིག་སྔོན་དུ་སོང་བ་ཅན་གྱི་ཐ་དད་པ་རྣམས་སོ་ཞེས་དམ་བཅས་པ་དེའི་ཕྱིར། དཔེ་ནི། བསྒྲུབ་བྱས་འཕངས་འགྱུར། ཐམས་ཅད་ཀྱི་སྔོན་དུ་གཙོ་བོ་འགྲོ་བ་ཅན་ཉིད་དུ་ཁས་བླང་བར་མི་བྱ་སྟེ། ཤིང་གི་ཤུན་ལྤགས་ལ་སོགས་པའི་སྔོན་དུ་ཤིང་ལ་སོགས་པ་སོང་བར་སྦྱར་བར་བྱའོ། །དེ་ཡོད་མིན། དཔེ་དེ་ཡང་ཡོད་པ་མ་ཡིན་ཏེ། ཤིང་ཤུན་ལ་སོགས་པ་རྣམས་ཐ་དད་དུ་ཡོད་པའི་


DTG174_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། དེ་དག་ནི་བསྒྲུབ་པར་བྱ་བ་ནི་གཅིག་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡན་ལག་ལྷག་མ་རྣམས་ཀྱི་རྣམ་པར་ལྡན་པ་ཡང་འབྲེལ་པ་ཉིད་དུ་རིགས་སོ་ཞེས་རིག་པར་བྱའོ། །ཀུན་གྱི་རྗེས་ཐོག་མ་ལས་བསལ་ཏེ་འོངས་པ་འགྲུབ་བོ་ཞེས་པ་ལ་གཞན་གྱི་འདོད་པ་སོ་སོར་བཀག་ནས་རང་གི་ཕྱོགས་ཡོངས་སུ་གཟུང་བའི་བྱ་བ་ནི་བསལ་ཏེ་འོངས་པའོ་ཞེས་གྲག་གོ །སོ་སོར་འགེགས་པའི་ཐབས་ནི་གཉིས་ཏེ། དཔེ་དང་འགལ་བ་དང༌། ཁས་བླངས་པ་དང་འགལ་བ་ཞེས་སོ། །དེ་ལ་གཞན་གྱི་ཕྱོགས་བཀག་པ་ཙམ་གྱིས་ནི་རང་གི་ཕྱོགས། གྲུབ་མིན། གཞན་ཕྱོགས་བཀག་པ་ཙམ་གྱིས་རང་གི་ཕྱོགས་གྲུབ་པ་ནི་མཐོང་ངོ༌། །འདི་ལྟར་འདིར་ལུས་ཅན་མ་ཡིན་པའི་ཕྱིར་སྒྲ་རྟག་གོ་ཞེས་པ་ནི་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ཙམ་གྱིས་གཞན་གྱི་ཕྱོགས་མ་གྲུབ་པར་བྱས་མོད་ཀྱི། གྲུབ་མིན་ཏེ་རང་གི་ཕྱོགས་གྲུབ་པ་མ་ཡིན་ནོ། །དེ་ཙམ་གྱི་སྒྲ་མི་རྟག་པ་གྲུབ་པ་ནི་མ་ཡིན་ཏེ། དེ་ལ་ཡང་མ་ངེས་པ་ཡིན་པའི་ཕྱིར་རོ། །གང་དུ་ཆུ་ཀླུང་གང་བ་ལ་གངས་ཞུ་བ་ལ་སོགས་པའི་རྒྱུ་མཚན་སོ་སོར་བཀག་པས་ཆར་འབབ་པའི་རྒྱུ་མཚན་ཅན་དུ་རྟོགས་པ་འདི་ནི་བཀག་པ་ཙམ་ལས་མ་ཡིན་ཏེ། འོན་ཀྱང་རང་གི་ངོ་བོའི་ཁྱད་པར་ལས་ཡིན་ནོ། །དེ་ནི་གངས་ཞུ་བ་ལ་སོགས་པ་སོ་སོར་བཀག་པས་ཆུ་ཀླུང་གང་བ་ཉིད་ཁྱད་པར་དུ་བྱས་པ་ཡིན་ནོ། །འོ་ན་ཆར་འབབ་པའི་འཁྲུལ་པ་སོ་སོར་བཀག་པ་ཙམ་གྱིས་ཐོག་ལ་སོགས་པའི་རྒྱུ་མཚན་དུ་ཡང་འགྱུར་རོ། །འདི་ཡང་རིགས་པ་མ་ཡིན་ཏེ། གཞན་གྱི་ཕྱོགས་འགེགས་པའི་ཐབས་ནི་རྣམ་པ་གཉིས་སོ་ཞེས་བྱ་བ་འདི་ལ། འགེགས་པའི་གཏན་ཚིགས་གཉིས་མ་ཡིན། །འགེགས་པ་ནི་ཐབས་གཉིས་འབའ་ཞིག་གི་སྒོ་ནས་མ་ཡིན་གྱི་འདི་ལྟར་ཡན་ལག་མ་ཚང་བའི་སྐྱོན་བསྟན་པ་ལས་ཀྱང་མ་ཡིན་ནོ། །དེ་ལྟར་རེ་ཞིག་བསལ་ཏེ་འོངས་པའི་མཚན་ཉིད་རིགས་པ་མ་ཡིན་ནོ། །སྦྱོར་བ་གཉིས་ཀྱང་རིགས་མ་ཡིན། །ཇི་ལྟར་བྱས་ནས་ཤེ་ན། དེ་ལ་རེ་ཞིག་རྗེས་སུ་འགྲོ་བ་བསལ་ཏེ་འོངས་པ་ནི་གལ་ཏེ་མེད་པ་གཏན་ནས་འབྱུང་བའི་སྐྱེ་གནས་མེད་པའི་ཕྱིར་ཐ་དད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདིས་


DTG174_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱེ་གནས་སྔོན་དུ་མ་སོང་བ་ཅན་རྣམས་ཐ་མི་དད་པ་ཉིད་དུ་དམིགས་པར་ཐལ་བར་འགྱུར་ཞེས་བྱས་པ་ཡིན་ནོ། །རིགས་གཅིག་གི་རྗེས་སུ་འགྲོ་བ་མ་དམིགས་པ་ཡང་དེ་ལས་བཟློག་པ་ཉིད་ལ་སྒྲོ་འདོགས་པར་འགྱུར་རོ། །དེ་ལ་རེ་ཞིག་སྐྱེ་གནས་སྔོན་དུ་སོང་བ་ཅན་གྱི་ཐ་མི་དད་ནི་འགལ་ཡང་འདོད་པ་མ་ཡིན་ལ་སྐྱེ་གནས་སྔོན་དུ་སོང་བ་ཅན་རྣམས་ཀྱི་རིགས་གཅིག་གི་རྗེས་སུ་འགྲོ་བ་བསྟན་པ་ཙམ་གྱིས་དེ་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བ་ཡང་རིགས་པ་མ་ཡིན་ནོ། །ཐ་དད་མ་བསྟན་པས་རིགས་གཅིག་གི་རྗེས་སུ་འགྲོ་བར་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་ཉེས་པ་མེད་དེ། སྐྱེ་གནས་མེད་པའི་ཕྱིར་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བརྗོད་དོ་ཞེ་ན། དེ་སྐད་དུ་བརྗོད་ན་རིགས་པར་ནི་མ་བརྗོད་དེ་ཐ་དད་རྣམས་ལ་རིགས་གཅིག་གི་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་པས་གང༌། ཐལ་བ་བརྗོད་པ་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་གཅིག་ཉིད་ལ་མཐའ་གཅིག་ཏུ་ངེས་པ་འགེགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་ཡང་མ་བསྟན་པས་ན་བཟློག་པ་ཐོབ་པར་ཡང་འགྱུར་རོ། །གཅིག་ཉིད་ལ་མཐའ་གཅིག་ཏུ་ངེས་པ་ཡང་སྐྱེ་གནས་སྔོན་དུ་མ་སོང་བ་རྣམས་ལ་མ་མཐོང་བས་ན་སྤྱི་དང་བྱེ་བྲག་ཉིད་འཐོབ་པར་འགྱུར་རོ། །སྣ་ཚོགས་ཀྱི་རྗེས་སུ་འགྲོ་བ་དང་བསལ་ཏེ་འོངས་པ་དག་ཀྱང་ཐ་མི་དད་དུ་ཐལ་བར་འགྱུར་རོ། །དེ་ལ་མཐའ་གཅིག་ཏུ་ངེས་པ་ཡོད་པ་མ་ཡིན་པས་ཐ་དད་དུ་སྦྱར་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་མ་བསྟན་པ་ཙམ་གྱིས་དེ་བཟློག་པར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །བསྒྲུབ་བྱ་བཟློག་པ་ལ་ནི་རིགས་པ་ཡིན་ནོ། །འདི་ལྟར་འགྱུར་ཏེ་ཐ་མི་དད་པ་རྣམས་ཀྱི་སྔོན་དུ་གཅིག་སོང་བ་ནི་མཐའ་གཅིག་ཏུ་ངེས་པ་ཡིན་པའི་ཕྱིར་དེ་ལས་བཟློག་པ་ཐ་དད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང༌། རྗེས་ཐོག་མ་ནི་བཟློག་པ་ལ། །དེ་ལྟར་དུ་གྱུར་ན་ཡང་རིགས་གཅིག་པ་ཅན་རྣམས་ཀྱི་སྔོན་དུ་གཅིག་སོང་བ་ཅན་ཉིད་དུ་རྗེས་སུ་དཔོག་པ་ལ་རྗེས་ཐོག་མ་ལས་མེད་པ་སྔོན་དུ་སོང་བ་ཅན་ལ་སོགས་པ་ཉིད་ནི་ཐ་དད་དུ་ཐལ་བར་འགྱུར་ཏེ། རྗེས་ཐོག་མ་ལས་གཅིག་ཏུ་སོང་བ་ཅན་དུ་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །དེ་ལ་ཡང་ཐ་དད་དུ་


DTG174_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་རོ། །བརྗོད་པ་དེ་ནི་ཐ་དད་རྣམས་རིགས་གཅིག་གི་རྗེས་སུ་འགྲོ་བ་ཅན་དུ་བརྗོད་པའི་ཕྱིར་འདི་རྣམ་པར་ལྡན་པ་ལས་ཐ་དད་དུ་དབྱེ་བར་བྱ་བ་ཡིན་ནོ། །སྦྱོར་བ་ཡང་འདི་ལྟར་འཐད་པ་ཡིན་ཏེ། གལ་ཏེ་བསལ་བ་ཉིད་གཅིག་ལས་སྐྱེ་བ་མ་ཡིན་ན་སྐྱེ་གནས་མེད་པའི་ཕྱིར་ཐ་དད་དུ་ཐལ་བར་འགྱུར་ཏེ། རིགས་གཅིག་པ་ཅན་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རིགས་གཅིག་དང་རྗེས་སུ་འབྲེལ་བ་རྣམས་གཅིག་སྔོན་དུ་འགྲོ་བ་ཅན་ཉིད་དུ་མཐོང་གི །མེད་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་ནི་མ་ཡིན་ན། དབང་ཕྱུག་ལ་སོགས་པའི་སྔོན་དུ་འགྲོ་བ་ཅན་ཉིད་དུ་ཡང་མ་ཡིན་ནོ། །རྗེས་ཐོག་མ་ལས་བསལ་ཏེ་འོངས་པར་སྨྲ་བ་ཡང༌། གཅིག་བསལ་བ་ལ་འདི་མི་རིགས། །དེ་ལྟ་བུའི་སྦྱོར་བ་རིགས་པ་མ་ཡིན་ལ་མེད་པ་ལས་སྐྱེ་བ་ལ་རྗེས་ཐོག་མས་གཙོ་བོ་ལས་སྐྱེ་བ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང༌། རྣམ་ལྡན་བཞིན་དུ་ལྔ་ཉིད་མིན། །བསལ་ཏེ་འོངས་པ་རྣམས་ཀྱི་ལྔ་ཉིད་ནི་སྦྱར་བར་བྱ་བ་ཡིན་ནོ། །དེ་ལྟར་ན་རྗེས་ཐོག་མའི་མཚན་ཉིད་ལས་འབྲེལ་པ་ཡོད་པ་མ་ཡིན་ནོ། །འདི་ལྟར་གཞན་གྱི་ཕྱོགས་ཐམས་ཅད་བཀག་པས་ཀུན་གྱི་རྗེས་ཐོག་མ་ལས་གཅིག་ཉིད་བསལ་ཏེ་འོངས་པའོ་ཞེས་སྦྱར་བར་བྱའོ། །རྒོལ་བ་རེ་རེ་བཀག་པ་ལས། །གལ་ཏེ་རྗེས་ཐོག་མར་འདོད་ན། །རྒོལ་བའི་ལན་ལ་མཐའ་མེད་ཉིད། །བསལ་འོངས་རྣམས་སུ་ཐལ་བར་འགྱུར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེའི་ཕྱིར་སྦྱོར་བའི་མཚན་ཉིད་མངོན་པར་མ་འབྲེལ་ཏོ་ཞེས་བྱ་བ་དེ་དག་གིས་ནི་གྲངས་ཅན་རྣམས་ཀྱི་གཏན་ཚིགས་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པ་ཡང་ངོ་ཞེས་བརྗོད་དོ། །གཏན་ཚིགས་བརྗོད་ནས་གཏན་ཚིགས་ལྟར་སྣང་བ་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་རྩོད་པ་སྒྲུབ་པ་ནས། མ་གྲུབ་པ་དང་མ་ངེས་དང༌། །འགལ་བའི་དོན་ནི་གཏན་ཚིགས་ལྟར་སྣང་བའོ་ཞེས་ཟེར་རོ། །དེ་ལ་མ་གྲུབ་པ་ལ་སོགས་པ་ནི་དཔེར་ནི་བརྗོད་ན་མཚན་ཉིད་ནི་མ་ཡིན་ཏེ། དཔེར་ན་མིག་གི་གཟུང་བྱ་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་མ་གྲུབ་པ་དང༌། ལུས་ཅན་མ་ཡིན་པའི་ཕྱིར་རྟག་གོ་


DTG174_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་མ་ངེས་པ་དང༌། བྱེ་བྲག་པ་རྣམས་ཀྱི་དབང་པོ་ལས་བྱུང་བའི་ཕྱིར་མི་རྟག་གོ་ཞེས་བྱ་བ་འགལ་བ་གཅིག་དང༌། གྲངས་ཅན་པའི་རྒྱུ་ལ་འབྲས་བུ་ཡོད་པ་ཡིན་ཏེ། ཡོད་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་འགལ་བ་གཉིས་པའོ། །དེ་ལ་ཡང༌། མ་གྲུབ་དབྱེ་བ་བརྗོད་མ་ཡིན། །དེ་ནི་ཕྱོགས་གཅིག་ལ་རབ་ཏུ་མ་གྲུབ་པ་ལ་སོགས་པའི་དབྱེ་བ་རྣམ་པ་དུ་མ་ཡོད་པ་མ་བསྟན་པ་ཡིན་ནོ། །འཁྲུལ་པ་ལ་ཡང་བརྗོད་མ་ཡིན། །དབྱེ་བ་མ་བརྗོད་དོ་ཞེས་བྱ་བར་འགྱུར་རོ། །དེ་ནི་ཐུན་མོང་མིན་པའང་ཡོད། །འགལ་བ་མི་འཁྲུལ་བ་ཅན་ཡང༌། །ཁོ་བོ་ཅག་གིས་ཇི་ལྟ་བ་བཞིན་དུ་བརྗོད་དོ། །འགལ་བ་གཅིག་ནི་མཚུངས་པ་རུ་བརྗོད་དོ། །བྱེ་བྲག་པའི་སྤྱི་དབང་པོ་ལས་བྱུང་བ་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་གཉིས་ཀ་ལ་མཐོང་བའི་ཕྱིར་འདི་མ་ངེས་པ་ཉིད་ཡིན་གྱི་འགལ་བ་ནི་མ་ཡིན་ནོ། །གཅིག་ནི་མ་གྲུབ་ཐུན་མོང་མིན། །འགལ་བ་གཉིས་པ་ནི། མ་གྲུབ་པ་དང་ཐུན་མོང་མ་ཡིན་པ་དེ། གང་གི་ཕྱིར་འདི་ལྟར་སྔར་སྐྱེས་པ་ལས་སྐྱེ་ཞིང་འབྱུང་བ་ན་ཡོད་པ་མ་ཡིན་ལ། ཐམས་ཅད་ཀྱང་སྔར་སྐྱེས་པ་ལས་ཡོད་པར་སྒྲུབ་པ་ནི་ཡིན་ཞིང༌། སྔར་སྐྱེས་པ་ལས་སྐྱེ་ཞིང་འབྱུང་བ་ཡང་མ་ཡིན་ནོ། །ཁས་བླངས་ན་ཡང་དེ་ཁོ་ན་ལ་ཡོད་པ་ཡིན་ནོ། ། འདི་འགལ་བ་ནི་མ་ཡིན་ཏེ། བཟློག་པ་མི་བསྒྲུབ་པའི་ཕྱིར་རོ། །བཟློག་པ་ཡི་ནི་རྒྱུ་མཚན་དང༌། །འདོད་ལ་གནོད་བྱེད་ཀྱང་མ་བརྗོད། །དེ་བས་ན་ཉུང་བར་སྣང་སྟེ། དེ་དག་ཉིད་ཀྱི་ཁོངས་སུ་བསྡུ་བར་ཡང་མི་ནུས་ལ་གཏན་ཚིགས་ལྟར་སྣང་བ་མ་ཡིན་ཏེ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། བཟློག་པ་དང་གནོད་པར་བྱེད་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །རིགས་པ་ཅན་རྣམས་ནི་འཁྲུལ་པ་དང་བཅས་པ་དང༌། འགལ་བ་དང་སྐབས་དང་མཚུངས་པ་དང༌། བསྒྲུབ་བྱ་དང་མཚུངས་པ་དང༌། དུས་ལས་འདས་པ་རྣམས་ནི་གཏན་ཚིགས་ལྟར་སྣང་བའོ་ཞེས་ཟེར་རོ། །དེ་ལ་འཁྲུལ་པ་དང་བཅས་པ་ནི་མ་ངེས་པ་སྟེ། དེ་ལྟར་ན་ཁྱད་པར་ཡོད་མིན། །གང་ལ་མ་ངེས་པ་ཡིན་ཞེ་ན། གཞན་ལས་ཁྱད་པར་རམ། སྐབས་སུ་བབས་པ་ན་ཡོད་པ་མ་ཡིན་ཏེ། སྒྲའི་སྤྱི་དང་བྱེ་བྲག་ལ་ཡོད་པ་ནི་གཉིས་ཀའི་ཡོན་ཏན་ནོ་ཞེས་བྱ་བ་ལྟ་བུའོ། །ཅི་སྟེ་འདི་ལྟར་སྤྱི་


DTG174_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྒྲ་མ་ཡིན་ཏེ། གཅིག་ཏུ་ངེས་པ་འགེགས་པ་ཡིན་པའི་ཕྱིར་དང༌། གང་དེ་ནི་བསྒྲུབ་པར་བྱ་བའི་རིགས་ཉིད་དུ་འགྱུར་ཏེ། དེ་ཡང་འདི་གཅིག་ཏུ་ངེས་པ་འགེགས་པ་ཡིན་ནོ་ཞེ་ན། འདི་ལྟར་ན་ཡང་ཁྱད་པར་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་བསྒྲུབ་བྱ་མེད་པ་དང། དེ་ལས་གཞན་པ་དང༌། དེ་དང་འགལ་བ་ལ་ཡང་འཇུག་པར་དོན་གྱིས་གོ་བར་རིག་པར་བྱའོ། །རྣམ་པ་ཐམས་ཅད་དུ་འཁྲུལ་པ་ཅན་མ་ཡིན་ནོ་ཞེས་སྔར་བརྗོད་དོ། །གྲུབ་པའི་མཐའ་ཁས་བླངས་ན་ནི་དེ་དང་འགལ་བ་ཡིན་པས་འགལ་བར་འགྱུར་ཏེ། དཔེར་ན་བྱེ་བྲག་པའི་ལུས་ཅན་མ་ཡིན་པའི་ཕྱིར་རྩོམ་པར་བྱེད་པ་མ་ཡིན་ཏེ་རྡུལ་ཕྲ་རབ་རྣམས་བཞིན་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་བརྟག་པར་བྱ་བ་ལ་གྲུབ་པའི་མཐའ་དང་འགལ་བས་བརྗོད་པར་བྱ་བ་ནི་སྒྲུབ་པའི་སྐྱོན་དུ་འགྱུར་རོ། །འགལ་བ་གཞན་ཡང་འཐོབ་སྟེ། གཏན་ཚིགས་ལྟར་སྣང་བ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལ་ནི་ལུས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པའི་དོན་ལ་གཏན་ཚིགས་ཀྱི་སྐྱོན་དང་རྩོམ་བར་བྱེད་པ་མ་ཡིན་ཞེས་བྱ་བ་དམ་བཅའ་བའི་སྐྱོན་ཡང་ཡིན་ཏེ། སྔར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་ཡང་དེ་མ་གྲུབ་པ་ཉིད་དང་འགལ་བ་ཉིད་གཉིས་ཀར་འགྱུར་ན་ནི། དམ་བཅའ་བའི་སྐྱོན་དང་འགལ་བ་ཉིད་དག་ཡིན་ཏེ། སྦྱོར་བ་ལ་ནི་དེ་གཉིས་ཀ་ཅིག་ཅར་དུ་འགལ་བར་འགྱུར་ལ་དེ་ཡང་ཅིག་ཤོས་ཀྱི་བྱེད་པ་པོ་ལ་སྐུར་པ་འདེབས་པར་འགྱུར་རོ་ཞེ་ན། དེ་ལྟ་བུར་གྱུར་ལ་རག་མོད། གལ་ཏེ་བྱེད་པ་པོའི་སྦྱོར་བ་བཞིན་དུ་འདིའི་ཆོས་གཞན་འགལ་བ་ཉིད་ཀྱིས་སྟོན་པར་བྱེད་ན་ནི་དེར་ཡང་མ་གྲུབ་པ་ཉིད་དུ་བརྗོད་པར་བྱ་སྟེ། དམ་བཅའ་བའི་སྐྱོན་ཡང༌། དེ་བཞིན་མིན། དེར་གྲུབ་པའི་མཐའ་ལས་མ་གྲུབ་པའི་དོན་ཉིད་བཞག་ནས་ཕྱོགས་དང་འགལ་བའི་སྐྱོན་གཞན་ཉིད་གཅིག་ནི་བརྗོད་དུ་མེད་དོ། །བྱེད་པ་པོ་ལ་ཆོས་གཞན་རང་དབང་ཅན་དང་གཞན་དབང་ལ་སོགས་པ་ལས་ཡིན་པས་འགལ་བ་ལ་སོགས་པ་མེད་པ་ཅིག་ཤོས་ཀྱི་སྦྱོར་བ་ནི་དཔེར་ན་མདའ་བསྣུན་ནོ་འདིའི་བསྣུན་ནོ་ཞེས་བྱ་བ་ལྟ་བུའོ། །གང་འདི་ལ་གྲངས་ཅན་གྱིས་ནི་འདི་སྐད་དུ་བརྗོད་དོ། །གཙོ་བོ་ནི་རྒྱུ་མ་ཡིན་ཏེ། སེམས་པ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡང་


DTG174_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་ནི་གཙོ་བོ་ལས་གཞན་མ་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པའོ་ཞེས་བྱ་བའི་མ་ངེས་པ་ཉིད་ཡིན་ནོ། །ཐ་དད་ལས་གཞན་ཉིད་དུ་རྗོད་པར་བྱེད་ན་ནི་འགལ་བ་ཉིད་དུ་འགྱུར་ན་འོན་ཀྱང༌། དེ་བཞིན་མིན། དེ་ནི་ཁོ་ན་ཞིག་སྒྲུབ་པའི་འགལ་བ་ཉིད་ཡིན་ཏེ། བཟློག་པ་སྒྲུབ་པར་བྱེད་བའི་ཕྱིར་རོ། །གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཞེས་པ་ནི་མ་ཡིན་ནོ། །གང་ལ་སྐབས་སུ་བབ་པ་དེ་གཏན་ལ་དབབ་པའི་ཕྱིར་ཉེ་བར་འགོད་པ་ནི་སྐབས་དང་མཚུངས་པ་སྟེ། དཔེར་ན་བདག་ནི་རྟག་པ་ཡིན་ཏེ། ལུས་ལས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདིར་ཡང་ལུས་ལས་གཞན་མ་ཡིན་པ་ཉིད་ལས་བདག་སྤྱོད་པ་ནི་མ་ཡིན་ཏེ་འདི་ལྟར། མ་ངེས་པར་འགྱུར། གང་གི་ཕྱིར་འདི་ལྟར་རྟག་པ་ནམ་མཁའ་ལ་སོགས་པ་དང༌། མི་རྟག་པ་བུམ་པ་ལ་སོགས་པ་གཉིས་ཀ་ལ་ལུས་ལས་གཞན་མ་ཡིན་པ་ཉིད་མཐོང་བ་དེའི་ཕྱིར་ཅི་འདི་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་ཞེས་དཔྱོད་པར་བྱེད་དོ། །དེའི་ཕྱིར་འདི་མ་ངེས་པ་ལས་ཐ་དད་དུ་བྱ་བ་མ་ཡིན་ནོ། །བསྒྲུབ་བྱ་དང་ཁྱད་པར་མེད་པས་སྒྲུབ་པའི་ཕྱིར་བསྒྲུབ་བྱ་དང་མཚུངས་པ་སྟེ། དཔེར་ན་སྒྲ་རྟག་སྟེ་རེག་པར་བྱ་བ་མ་ཡིན་པའི་ཕྱིར་བློ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་ཡང་སྒྲ་ལ་རེག་པར་བྱ་བ་མ་ཡིན་པའི་གཏན་ཚིགས་གྲུབ་པའི་ཕྱིར། མ་གྲུབ་མིན། གང་དེར་གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ནོ། །གང་ལས་བསྒྲུབ་བྱ་དང་ཁྱད་པར་མེད་པ་ཉིད་ཀྱིས་བསྒྲུབ་བྱ་དང་མཚུངས་པར་འགྱུར། འོན་ཀྱང་འདིར་དཔེ་བསྒྲུབ་བྱ་དང་མཚུངས་པར་འགྱུར་རོ། །གཞན་དུ་རྟོག་པར་བྱེད་དེ། དཔེ་གང་ལ་བསྒྲུབ་བྱས་ཁྱད་པར་དུ་མ་བྱས་པའི་གཏན་ཚིགས་དེ་བསྒྲུབ་བྱ་དང་ཁྱད་པར་མེད་པ་ཡིན་ནོ་ཞེས་ཡང་དག་པར་བརྟག་དཔྱད་བྱེད་པ་ནི་གཞི་མཐུན་པ་རྣམས་འབྲུ་མང་པོ་པའོ། །ཐམས་ཅད་དུ་ནི་འཐོབ་པ་ནི་མ་ཡིན་ནོ། །ཁས་བླངས་ནས་ཀྱང་གཏན་ཚིགས་མ་གྲུབ་པ་སྟེ། འདི་བསྒྲུབ་བྱ་དང་ཁྱད་པར་མེད་པའི་དཔེ་ནི་མ་ཡིན་ནོ། །འོན་ཀྱང་འདི་ལྟར་ངག་འདུས་པ་ལ་ཡིན་ནོ། །དེའི་ཕྱིར་མ་གྲུབ་པ་འབའ་ཞིག་མ་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་ཡང་ཡིན་ནོ། །དེ་ལྟར་ཞེ་ན། ཆོས་གང་གཏན་ཚིགས་ཉིད་དུ་ཉེ་བར་བསྟན་པ་དེ་ཆོས་ཅན་ལ་མ་གྲུབ་པའམ།


DTG174_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བ་དང་ཅིག་ཤོས་ལས་མ་གྲུབ་པའམ། ཐེ་ཚོམ་ཟ་ན་ཡང་ངོ༌། །དུས་ལས་ནུར་ནས་བརྗོད་པ་ནི་དུས་ལས་འདས་པ་སྟེ། དཔེར་ན་སྒྲ་མི་རྟག་སྟེ། བུམ་པ་བཞིན་ནོ་ཞེས་བརྗོད་པ་ལ་གཏན་ཚིགས་མ་བརྗོད་དོ་ཞེས་སྨྲས་པ་དང་བྱས་པའི་ཕྱིར་རོ་ཞེས་བརྗོད་པ་ལྟ་བུའོ། །འདི་ཡང་མ་ཚང་བ་བརྗོད་པའམ། ངེས་པར་བྱ་བའི་དོན་དུ་ཕྱིས་རྗོད་པར་བྱེད་པ་ཡིན་ཡང་རུང་ཕྱིས་གཉིས་ཀ་ཡང་གཏན་ཚིགས་ལྟར་སྣང་བར་མི་སྦྱོར་རོ། །ཅིའི་ཕྱིར་མ་ཚང་བ་བསྒྲུབ་བྱ་གྲུབ་པའི་ཕྱིར། གལ་ཏེ་རེ་ཞིག་མ་ཚང་བ་བརྗོད་པ་ལྟར་ན་ནི་དེ་ཉུང་བ་ཡིན་པའི་ཕྱིར་མ་ཚང་བ་ཡིན་པས་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །གལ་ཏེ་ངེས་པར་བྱ་བའི་དོན་དུ་ཕྱིས་རྗོད་པར་བྱེད་ན་ནི་དེ་ལྟ་ན་གཏན་ཚིགས་ཀྱི་མ་ཚན་ཉིད་དུ་འཐད་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་པ་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །གཏན་ཚིགས་ཀྱི་གནས་སུ་ཡོད་བཞིན་པ་དེ་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་མ་ཡིན་པའི་ཕྱིར་འདི་གཏན་ཚིགས་ལྟར་སྣང་བ་ཉིད་མ་ཡིན་ནོ། །བྱེ་བྲག་པ་རྣམས་ཀྱི་གཏན་ཚིགས་ལྟར་སྣང་བ་ནི་གསུམ་སྟེ། མ་གྲུབ་པ་དང༌། མ་བསྟན་པ་དང༌། ཡོད་པ་མ་ཡིན་པར་ཐེ་ཚོམ་ཟའོ་ཞེས་བྱ་བའི་གཏན་ཚིགས་ལས་སོ་ཞེས་ཟེར་རོ། །མ་གྲུབ་པ་ནི་རེ་ཞིག་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །འདི་ལྟར་དཔེ་ལ་མེད་པའམ། མ་གྲུབ་པའི་དོན་ཉིད་ཡིན་ཡང་རུང་སྟེ། གཏན་ཚིགས་ཀྱི་དོན་དུའོ་ཞེས་བྱ་བ་ནིའམ་ཞེས་རྣམ་པར་རྟག་པའི་སྒྲ་ཡིན་ནོ། །དེ་ལྟ་ན་ནི་དཔེ་ལ་རབ་ཏུ་གྲུབ་པ་ཡིན་ནོ། །ཅི་སྟེ་ཡང་བསྒྲུབ་པར་བྱ་བ་ཉིད་མ་གྲུབ་པར་བརྗོད་དོ་ཞེ་ན། དེ་ལྟ་ན་ནི་གཏན་ཚིགས་ཀྱི་དོན་དུ་འགལ་བར་འགྱུར། གྲུབ་པ་སྔོན་དུ་འགྲོ་བ་ཅན་ལས་བསྟན་པར་བྱའོ་ཞེས་བྱ་བ་འདི་ལ་ནི་འབྲེལ་པའི་དུས་ན་རབ་ཏུ་གྲུབ་པའོ་ཞེས་བརྗོད་པར་བྱའོ། །ཡོད་པ་མ་ཡིན་པ་ནི་མེད་ལ་ཐེ་ཚོམ་ཡང་མ་ཡིན་ནོ། །རྭ་ཅན་ཉིད་ནི་གྲུབ་པ་ཡིན་པའི་ཕྱིར་གྲུབ་པར་བྱས་ན་དེ་ལ་དཔེར་བརྗོད་པ། གལ་ཏེ་རྭ་ཅན་ཡིན་ན་ནི་རྟའམ་བ་ལང་གཅིག་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཅི་སྟེ་ཡང་ཡོད་པ་མ་ཡིན་པའི་གཏན་ཚིགས་ནི་ཡོད་པ་མ་ཡིན་པ་སྟེ་ཡིད་གཉིས་ཅན་གྱི་གཏན་ཚིགས་ནི་ཐེ་ཚོམ་


DTG174_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་རོ་ཞེ་ན། རེ་ཞིག་ཡོད་པ་མ་ཡིན་པའི་གཏན་ཚིགས་མ་ཡིན་ཏེ། ཡོད་པ་མ་ཡིན་པ་ཙམ་ནི་མི་རྟོགས་སོ། །དེ་ལྟར་ཡོད་པ་མ་ཡིན་པ་ཙམ་ཤེས་པར་འགྱུར་བ་ནི་མེད་ཀྱི་འོན་ཀྱང་བཟློག་པ་ཡིན་ནོ། །དེ་ལ་རྭ་ཅན་ལས་ནི་རྟ་མ་ཡིན་གྱི། ཤེས་པ་སྐྱེའི། དེའི་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་བཟློག་པ་བསྒྲུབ་པའི་ཕྱིར་འགལ་བ་ཉིད་ཡིན་ནོ། །དོགས་པ་ཅན་གྱི་གཏན་ཚིགས་ནི་ཐེ་ཚོམ་དུ་བརྗོད་པར་བྱའོ། །མ་ཚང་བརྗོད་པ་ཡིན། རྭ་ཅན་ཡིན་པའི་ཕྱིར་བ་ལང་ངོ་ཞེས་བྱ་བ་དེ་དག་ཉིད་ཐེ་ཚོམ་གྱི་གཏན་ཚིགས་ནི་མ་ཡིན་གྱི་འདི་ལྟར་ཐུན་མོང་མ་ཡིན་པ་ཡང་སྟེ་དཔེར་ན་རྫས་དྲུག་ལ་རྣ་བས་གཟུང་བར་བྱ་བ་ཉིད་དེ་ནི་ཐམས་ཅད་ལ་མེད་པ་སྟེ་ཡུལ་དུ་མ་ཐེ་ཚོམ་གྱི་གཏན་ཚིགས་སོ། །གལ་ཏེ་བྱེ་བྲག་གཉིས་ཀ་ལ་མཐོང་བའི་ཕྱིར་དེ་སྤྱི་ཉིད་ཡིན་ཏེ། བསྒྲེང་བ་བཞིན་ནོ་ཞེ་ན། དེ་མི་རིགས་ཏེ་གང་བཟློག་པ་མེད་པ་དེ་ནི་དེ་ལྟར་སྣང་བའོ། །རྫས་གཅིག་དང་ལྡན་པ་ཡིན་པའི་ཕྱིར་ཐེ་ཚོམ་དུ་མི་འགྱུར་ཆུག་ནས་ལ་སོགས་པ་ལ་ཐེ་ཚོམ་ཡིན་ནོ། །འདི་ཐམས་ཅད་ལས་ལོག་པ་མི་སྲིད་བའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་ཀུན་ལ་ཐེ་ཚོམ་གྱི་གཏན་ཚིགས་གཞན་ཐུན་མོང་མ་ཡིན་པ་ཉིད་ནི་མི་བརྗོད་དོ། །དེ་བཞིན་དུ་འགལ་བ་དང་མ་ངེས་པའི་མཐའ་ཅན་དུ་མ་བརྗོད་དོ། ཇི་སྐད་དུ་ས་ལ་སོགས་པ་འདུས་ནས་ལུས་པོ་བརྩམས་པར་བརྗོད་པ་ལ་ཅི་རང་རང་གི་རིགས་སུའམ་ཞེས་ཐེ་ཚོམ་དུ་འགྱུར་ཏེ། ལྔའི་རྟགས་དམིགས་པའི་ཕྱིར་དང༌། རིགས་མི་མཐུན་གྱི་རྩོམ་པ་བཀག་པའི་ཕྱིར་རོ་ཞེས་སོ། །ཐེ་ཚོམ་གྱི་མདོ་དེ་ཙམ་གྱིས་མི་ཆོག་གོ་ཞེས་བརྗོད་དོ། །འདིར་ཡང་སྤྱིར་མངོན་སུམ་པ་ལས་ཡང་ཨུཏྤལའི་དཀར་པོ་ལས་ཡོན་ཏན་ཉིད་དང་བརྟེན་པ་ཉིད་དང་ཡོན་ཏན་མེད་པ་ཉིད་རྣམས་ལ་ངེས་པར་མཐོང་གི་ཐེ་ཚོམ་ནི་མ་ཡིན་ནོ། །དེའི་ཕྱིར་གང་རྣམ་པར་གཅོད་པ་མ་ཡིན་པའི་གཏན་ཚིགས་ཀྱི་སྤྱི་དེ་མངོན་སུམ་པ་ཉིད་དུ་ཐེ་ཚོམ་ཟའོ་ཞེས་བརྗོད་པར་མི་བྱ་སྟེ་དེ་ནི་ཉུང་བ་ཉིད་དོ། །གལ་ཏེ་ཡང་ཡོད་པའི་གཏན་ཚིགས་མེད་པ་དང༌། ཐེ་ཚོམ་གྱི་གཏན་ཚིགས་ནི་ཐེ་ཚོམ་ཟ་བ་ཡིན་ལ། གང་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་དང་བརྗོད་པར་མ་བྱས་པས་ན་དེ་ལྟར་ཉུང་བར་བརྗོད་པ་ཡིན་ནོ། །དཔེར་ན་འགའ་ཞིག་སྒྲ་ལ་


DTG174_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་བསྒྲུབ་པ་ལ་མིག་གིས་གཟུང་བྱ་མ་བསྟན་ན་ནི་ཡུལ་ལ་ཐེ་ཚོམ་དུ་འགྱུར་བ་སྟེ་དུ་བ་ལ་སོགས་པ་ཉིད་ཀྱིས་མེ་ལ་སོགས་པ་བསྒྲུབ་པ་བཞིན་ནོ། །དེ་ལྟར་ན་བྱེ་བྲག་པའི་གཏན་ཚིགས་ལྟར་སྣང་བ་ནི་སྒྲུབ་པར་དཀའོ། །གཏན་ཚིགས་གཟུགས་བརྙན་དང་བཅས་པ་བརྗོད་ཟིན་ཏོ། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གསུམ་པའོ།། །།ཚུལ་གསུམ་རྟགས་ཤེས་བརྗོད་པ་ལས། །ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི། །ལྷག་མ་ཚུལ་གཉིས་སུ་གྲགས་པ། །དཔེ་ཡིས་རབ་ཏུ་སྟོན་པར་བྱེད། ། རྟོག་གེའི་བསྟན་བཅོས་རྣམས་སུ་ནི་ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ནོ་ཞེས་གྲགས་ཏེ། དཔེར་ན་འདི་བྱས་པའི་ཕྱིར་ཞེས་པས་སྒྲ་མི་རྟག་པར་གོ་བར་བྱེད་པ་ལྟ་བུའོ། །མཚན་ཉིད་ལྷག་མ་ནི་སྦྱོར་བ་ལ་མ་བརྗོད་པས་དེའི་དོན་དུ་དཔེ་བརྗོད་པར་བྱའོ། །བསྒྲུབ་བྱའི་རྗེས་སུ་འགྲོ་བའི་རྟགས། །བསྒྲུབ་བྱ་མེད་ན་མེད་ཉིད་གང༌། །ཆོས་མཐུན་ཅིག་ཤོས་དང་པ་ཅན་གཉིས། དཔེ་ལ་རབ་ཏུ་བསྟན་པར་བྱ། རྗེས་སུ་འགྲོ་བ་ཐམས་ཅད་དུ་འགྲོའོ། །གང་ཞེས་པ་ནི་བརྗོད་པར་བྱའོ། །ཆོས་མཐུན་པ་ནི་རེ་ཞིག་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་པར་བུམ་པ་ལ་སོགས་པ་ལ་མཐོང་བ་དེ་བཞིན་དུ་ཆོས་མི་མཐུན་པ་ལ་ཡང་རྟག་པ་རྩོལ་བ་ལས་མ་བྱུང་བར་ནམ་མཁའ་ལ་མཐོང་བའི་ཕྱིར་འདིར་ཡང་སྒྲུབ་བྱེད་ཀྱི་སྒྲོ་ནས་བསྒྲུབ་བྱ་སྒྲུབ་པར་བརྗོད་པར་བྱའོ། །ཆོས་མཐུན་པར་གདོན་མི་ཟ་བར་གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་གོ་ཞེས་བསྟན་ན་ནི་ཆོས་མི་མཐུན་པས་ཀྱང་གདོན་མི་ཟ་བར་བསྒྲུབ་བྱ་མེད་པ་ལ་མེད་པར་སྟོན་པར་འགྱུར་ཏེ། གཏན་ཚིགས་དེ་ཉིད་བསྒྲུབ་བྱ་མེད་པ་ལ་མེད་པར་བསྟན་པ་ཡིན་ནོ། །མ་ཡིན་དགག་ཅིང་དགག་པ་དང༌། །དེ་བཞིན་མཚན་ཉིད་མེད་ལ་ཡང༌། །དེ་ལྟར་སྔ་མ་ནི་མ་ཡིན་པར་དགག་པ་ཡིན་ལ་ཕྱི་མ་ནི་མེད་དགག་གི་དགག་པ་ཡིན་པར་བརྗོད་དོ། །དེ་ལྟ་ན་ནི་རྟག་པ་ཆོས་མ་བླངས་པར་ཆོས་མི་མཐུན་པའི་དཔེ་གྲུབ་པ་ཡིན་ནོ། གལ་ཏེ་ཡང་ཅི་བསྒྲུབ་བྱ་དང་ལྡན་པའི་གཏན་ཚིགས་གཅིག་བརྗོད་པས་གཉིས་པ་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པར་རྒྱུ་གང་


DTG174_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ན་ཡིན་ཏེ། གཏན་ཚིགས་མེད་པར་བསྒྲུབ་བྱ་མེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་གཏན་ཚིགས་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ནི། བསྒྲུབ་བྱ་མེད་པ་ལ་བསྟན་པར་བུས་ཀྱི་བཟློག་པ་ལས་ནི་མ་ཡིན་ནོ། །གལ་ཏེ་འདི་ལྟར་བུམ་པ་དཔེར་བརྗོད་པ་དེ་ལྟ་ན་ནི་ཇི་ལྟར་གཏན་ཚིགས་བསྒྲུབ་བྱ་དང་ལྡན་པ་དེ་ལྟར་བསྒྲུབ་བྱ་གཏན་ཚིགས་དང་ལྡན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བརྗོད་པར་མི་བྱ་བའི་ཕྱིར་ཏེ། བུམ་པ་ནི་གང་བསྒྲུབ་བྱའི་རྗེས་སུ་འགྲོ་བ་ཅན་གྱིས་བྱས་པ་ཉིད་ཀྱི་ཁྱད་པར་དུ་བྱས་པ་བརྗོད་པར་བྱ་བའི་ཕྱིར་རོ། །ངག་གི་དོན་བསྟན་པ་ནི་ངེས་པར་བསྟན་པའི་དོན་གཙོ་བོ་ཡིན་ནོ། །གཞན་ཡང༌། མ་བྱས་པ་ལ་རྟག་པའམ། །འཇིག་པ་ལས་འཛིན་འབྲས་ཉིད་དུ། །འདིར་ནི་རྗེས་སུ་བརྗོད་བྱས་ནས། །མ་ཁྱབ་འདོ་ད་མིན་མཚུངས་རྗེས་འགྲོ། །གལ་ཏེ་ཆོས་མཐུན་པའི་སྒོ་ནས་གང་མ་བྱས་པ་དེ་རྟག་གོ་ཞེས་བརྗོད་ན་ནི་མ་བྱས་པ་ཉིད་ཀྱིས་དམ་མ་བཅས་པའི་རྟག་པ་བསྒྲུབ་པར་འགྱུར་རོ། །དེ་བཞིན་དུ་ཆོས་མི་མཐུན་པའི་སྒོ་ནས་གང་མི་རྟག་པ་དེ་བྱས་པའི་ཞེས་པ་ཡིན་ན་ནི་དེ་ལྟ་ན་ཡང་མི་རྟག་པ་བྱས་པ་ཉིད་དུ་བསྒྲུབ་པར་འགྱུར་རོ། །མ་ཁྱབ་པའི་རྩོལ་བ་ལས་བྱུང་བ་ཉིད་ལ་གཏན་ཚིགས་ཀྱི་སྐྱོན་དེ་དག་ཡོད་པར་འགྱུར་ཏེ། གློག་ལ་སོགས་པ་རྟག་པ་ཉིད་དང༌། བརྩལ་མ་ཐག་ཏུ་འབྱུང་བར་ཡང་འགྱུར་རོ་ཞེས་པ་ནི་སྐྱོན་ཡིན་ནོ། །ཅི་སྟེ་སྐྱོན་དེ་ཡོད་དུ་ཆུག་མོད། གལ་ཏེ་བསྒྲུབ་བྱའི་གོ་བར་བྱེད་པའི་རྟགས་ཁྱབ་པར་མི་སྟོན་ན་ནི་མི་རྟག་པ་ལས་གཞན་པ་ལ་ཡང་སྲིད་པ་ཉིད་ཡིན་པའི་ཕྱིར་བསྒྲུབ་བྱ་མེད་པ་ལ་ཞེས་བརྗོད་པར་མི་བྱའོ། །དེ་སྟེ་ཡོད་པའི་དངོས་པོ་ཙམ་ཡིན་ན་ནི་བུམ་པ་མི་རྟག་པ་ཉིད་ཀྱང་རྩོལ་བ་ལས་བྱུང་བ་མེད་ན་མི་འབྱུང་བར་འགྱུར་བས་ན། དེ་ཕྱི་རོལ་གྱི་དོན་ལ་ལྟོས་པ་ཉིད་དུ་སྟོན་ཏོ་ཞེ་ནི་བརྗོད་པར་མི་བྱའོ། །ཁྱབ་པ་ཉིད་ཀྱི་གཏན་ཚིགས་བསྒྲུབ་བྱ་རྗེས་སུ་སྒྲུབ་པོ་ཞེས་བརྗོད་པར་བྱའོ། །འདིའི་གནས་སྐབས་སུ་ནི་དོན་གྱི་ཤུགས་ཁོ་ནས་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པར་བརྗོད་པ་ཡིན་པས་ཆོས་མི་མཐུན་པའི་དཔེའི་སྦྱོར་བ་ནི་མི་བྱའོ། །གང་གི་ཚེ་དཔེ་གཉིས་ཀ་སྦྱོར་བར་བྱེད་པ་དེའི་ཚེ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཙམ་བསྟན་པ་ཡིན་ལ། ཁྱབ་པ་ནི་བསྒྲུབ་བྱ་མེད་པ་ལ་


DTG174_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བསྟན་པ་ཡིན་པས་འདི་སྐད་དུ་ཡང་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རྟགས་ཆོས་མཐུན་པ་དང་བཅས་པ་སྟོན་ཏོ་ཞེས་བརྗོད་པར་མི་བྱའོ། །དེ་ལྟར་ཡང་གཏན་ཚིགས་ཀྱི་བསྒྲུབ་བྱ་རྗེས་སུ་སྒྲུབ་པའི་འགེགས་པའི་དོན་དུ་འགྱུར་གྱི་དོན་འགོག་པའི་དོན་དུ་ནི་མི་འགྱུར་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་གཉིས་ཀ་ཞེས་སྨྲས་པའི་ཕྱིར་རོ། །འདིར་ནི་གཏན་ཚིགས་ལྷག་མ་བསྟན་པར་བྱ་སྟེ། ཕྱོགས་ཀྱི་ཆོས་ནི་གཏན་ཚིགས་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དོན་ནི་གདོན་མི་ཟ་བར་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་ཅེས་ངེས་པར་གཟུང་བར་བྱའོ་ཞེ་ན། དེ་ལྟ་ན་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་ཅེས་པས་མི་མཐུན་པའི་ཕྱོགས་ལ་མཐུན་པའི་ཕྱོགས་མེད་པ་ཉིད་བཀག་པ་ཐོབ་པར་འགྱུར་བའི་དོན་དུ་འགྱུར་རོ། །དེ་མེད་པ་ལ་མེད་པ་མེད་པ་ཉིད་ལ་མེད་པ་ཡིན་གྱི་མི་མཐུན་པའི་ཕྱོགས་བདག་མེད་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་བསྒྲུབ་པར་བྱ་བ་མེད་པ་ཁོ་ན་མེད་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་བསྒྲུབ་བྱ་གོ་བར་བྱེད་ན་ནི་རག་ན་གཏན་ཚིགས་དུ་མ་འགལ་བ་དང་མི་འགལ་བ་སྟེ། ཡོད་བཞིན་པའི་འགལ་བ་དང་གཏན་ཚིགས་ཉིད་དུ་འཆད་པ་དེ་དག་ཉིད་གང་འཆད་པར་འགྱུར་བའི་ཆོས་མཐུན་པའི་དཔེ་བརྗོད་པའི་མ་ངེས་པ་ཉིད་དུ་ཐལ་བར་འགྱུར་བ་ཡིན་ནོ། །དེ་ལ་ལུས་ཅན་མ་ཡིན་པ་ཉིད་རྟག་པ་ལ་མེད་པ་ཡང་ཡོད་པའི་དངོས་པོ་ལས་སོ་ཞེས་བསྟན་པར་བྱའི་གཞན་པ་དང་འགལ་བ་ཉིད་མེད་པའི་དངོས་པོ་ལས་སོ་ཞེས་པ་ནི་མ་ཡིན་ནོ། །དེ་ལྟར་བྱས་ནས་རྩོལ་བ་ལས་མི་འབྱུང་ངོ་ཞེས་བྱ་བ་ནི་རྩོལ་བ་ལས་བྱུང་བ་དང༌། མི་རྟག་པ་ཉིད་རྗེས་སུ་འབྲེལ་པའི་ཕྱིར་མི་རྟག་པ་མེད་པས་གཏན་ཚིགས་མེད་པར་བསྟན་པར་བྱའོ། །ཆོས་མི་མཐུན་པའི་དཔེ་ནི་རྟག་པ་ལ་ཡོད་པ་མ་ཡིན་ནོ། །མེད་པ་ཉིད་གཏན་ཚིགས་སུ་བསྟན་གྱི་བཟློག་པ་ནི་མ་ཡིན་ནོ། །མ་བྱས་པའི་ཕྱིར་རྟག་གོ་ཞེས་མ་ཡིན་དུ་ཆུག །འདིར་ནམ་མཁའ་ལ་སོགས་པ་རྟག་པ་ཉིད་དུ་དམ་བཅས་པ་ཉིད་ཀྱིས་མ་བྱས་པ་ཉིད་བསྒྲུབ་པ་ཡིན་ནོ། །དེ་ལྟ་ན་ནི་གཉེན་པོའི་ཕྱོགས་ཀྱི་འགལ་བ་དང་མ་ངེས་པ་གཉིས་ཀ་བརྗོད་པར་བྱ་བའི་ཕྱིར་བརྗོད་པར་མི་བྱའོ། །རེ་རེར་བརྗོད་


DTG174_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་ནོ། །དེར་ཐལ་བར་འགྱུར་བས་སོ། །དེ་ལྟ་ན་ནི་འཇིག་རྟེན་པའི་སྦྱོར་བ་རྗེས་སུ་བཟུང་ནས་བརྗོད་ཀྱི། བསྒྲུབ་པར་བྱ་བའི་ཆོས་ཇི་ལྟར་བའི་གཏན་ཚིགས་ཀྱི་མཚན་ཉིད་ནི་མ་ཡིན་ཏེ། མ་ངེས་པར་ཐལ་བར་འགྱུར་བས་སོ། །ཅི་ཡང་རྣམ་པ་གཉིས་ཀྱང་དཔེའི་ཚིག་ཏུ་བསྒྲུབ་པ་ཡིན་ནམ། འོན་ཏེ་གཞན་ཉིད་གཅིག་ཡིན་ཞེ་ན། གཏན་ཚིགས་ཡིན་པའི་ཕྱིར་རྣམ་པ་གཉིས་ཉིད་དོ་ཞེས་བརྗོད་དོ། །དེ་ལྟ་མ་ཡིན་ན། ཐུན་མོང་དང་ནི་ཁྱད་པར་ཉིད། །འགལ་བའང་སྒྲུབ་སྒྲུབ་བྱེད་ཉིད་དུ་འགྱུར། །རེ་རེར་གཉིས་ཀ་མ་བརྗོད་ན། །དེས་ན་དཔེར་བརྗོད་གཉིས་སུ་བྱ། །གལ་ཏེ་ཆོས་མཐུན་པ་ཉིད་རྗོད་པར་བྱེད་ན་དེ་མེད་པ་ལའང་འགྱུར་རོ་ཞེས་ཐུན་མོང་པ་ཉིད་གཏན་ཚིགས་སུ་དོགས་པ་སྐྱེད་དོ། །གལ་ཏེ་ཆོས་མི་མཐུན་པ་ཉིད་རྗོད་པར་བྱེད་ན་ནི་བསྒྲུབ་པར་བྱ་བའི་རིགས་ལ་ཡང་མེད་པས་ཐུན་མོང་མ་ཡིན་པར་འགྱུར་རོ། །ཅི་སྟེ་གཉིས་ཀ་རྗོད་པར་མི་བྱེད་ན་ནི་དེ་ལ་མཐུན་པའི་ཕྱོགས་ལ་མི་འགྱུར་ལ། རིགས་མི་མཐུན་པའི་ཕྱོགས་ལ་འགྱུར་བའི་ཕྱིར་འགལ་བར་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་གཉེན་པོའི་ཕྱོགས་ཀྱིས་འགལ་བ་དང་མ་ངེས་པ་གཉིས་ཀ་བརྗོད་པར་བྱའོ། །འབའ་ཞིག་ཏུ་ཅུང་ཟད་གྲུབ་པ་ཉིད་དུ་འགྱུར་བ་ཡིན་ནོ། །གང་ཡང་རུང་བ་གཅིག་བརྗོད་པས་ཀྱང་སྒྲུབ་བྱེད་དུ་འགྱུར་ཏེ། སྒྲ་བཞིན་དུ་དོན་གཉིས་རྟོགས་པའི་ཕྱིར་གང་ཡང་རུང་བ་གཅིག་གིས་གཉིས་ཀ་བསྟན་པའི་ཕྱིར་དོན་གྱི་ཤུགས་ཀྱིས་གཉིས་བརྗོད་པ་ཡིན་ནོ། །དོན་རྗེས་སུ་དཔོག་པ་ལ་ཡང་རིགས་པ་དེ་ཉིད་བལྟའོ། །གང་རྗེས་སུ་དཔག་པར་བྱ་བ་ལ་རྟགས་འདི་ངེས་པར་གཟུང་བར་བྱས་ནས་གཞན་ལ་དེའི་རིགས་ཡོད་པ་དྲན་པར་བྱས་ཏེ། མེད་པ་ལ་མེད་པ་ཉིད་ཀྱིས་བདག་ཉིད་ཀྱིས་ངེས་པར་སྐྱེད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། རང་གི་ངེས་པ་བཞིན་གཞན་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་ཉིད་དང་འབྲལ་པ་དང། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤངས། །འདི་ལྟར་ཕྱོགས་ཀྱི་ཆོས་ཉིད་བསྟན་པའི་དོན་དུ་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །དེ་རྗེས་སུ་དཔག་པར་བྱ་བ་དང༌། མེད་ན་མི་འབྱུང་བ་ཉིད་དུ་བསྟན་པའི་དོན་དུ་དཔེའི་ཚིག་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་བསྟན་པའི་དོན་


DTG174_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་ཀྱི་ཚིག་བརྗོད་དོ། །འདི་རྗེས་སུ་དཔོག་པར་བྱེད་པའི་ཡན་ལག་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་གཞན་གྱི་ཤེས་པར་འདོད་པ་ལ་སོགས་པའི་ཡན་ལག་ཉེ་བར་སྦྱར་བ་དང་མཇུག་བསྡུ་བདག་ནི་འདིར་བསལ་བ་ཡིན་ནོ། །དེ་ལྟར་ན་ནི་དཔེའི་ཚིག་ཀྱང་ལོག་པར་ཐོབ་པར་མི་འགྱུར་ཏེ། རྟགས་ཀྱི་དོན་དུ་བསྟན་པ་ཡིན་པའི་ཕྱིར་འདི་ཡང་ཉེ་བར་སྦྱར་བ་བཞིན་དུ་མི་བརྗོད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། དཔེ་ནི་རྟགས་ལས་ལོག་པ་རུ། །བརྗོད་པར་བྱ་བ་མ་ཡིན་ཏེ། །གཏན་ཚིགས་ཀྱི་དོན་སྟོན་པའི་ཕྱིར། །ཉེར་འཇལ་བཞིན་དུ་དོན་མེད་མིན། །མཚན་ཉིད་གསུམ་པའི་རྟགས་ལ་བསྒྲུབ་པར་བྱ་བ་ཉིད་དང༌། གཏན་ཚིགས་ཀྱི་ཚིག་བརྗོད་པ་དེས་ན་གཏན་ཚིགས་ཀྱི་ལྷག་མ་བསྟན་པར་བྱ་བའི་དོན་དུ་དཔེའི་ཚིག་དོན་དང་བཅས་པ་ཡིན་ནོ། །དེ་ལྟ་ན་ནི། རྟགས་ཀྱི་འབྲེལ་པ་བསྒྲུབ་པའི་ཕྱིར། །གལ་ཏེ་དཔེར་བརྗོད་གཉིས་ཡིན་ན། །དཔེ་ནི་ལོགས་གཅིག་ཉིད་དུ་གྱིས། །གལ་ཏེ་གཏན་ཚིགས་ཀྱི་ཚིག་གིས་ཕྱོགས་ཉིད་ཙམ་བརྗོད་ནས་གཏན་ཚིགས་ལྷག་མ་གྲུབ་པར་བྱ་བའི་དོན་དུ་དཔེའི་ཡན་ལག་གིས་ཤིག །དེ་ལྟ་ཡང་མ་ཡིན་ཏེ། ལོགས་ཡིན་འཇིག་རྟེན་དང་མཚུངས་འགྱུར། །དེ་ལྟ་ན་ནི་འཇིག་རྟེན་པའི་བཞིན་དཔེ་གཏན་ཚིགས་དང་མ་འབྲེལ་བར་འགྱུར་རོ། །དེ་དག་གིས་ནི་དཔེ་བརྗོད་ལ། །ཆོས་མཐུན་འབའ་ཞིག་རྗོད་པར་བྱེད། །འཇིག་རྟེན་པས་ནི་སྦྱོར་བའི་དཔེ་བརྗོད་ལ་ཆོས་མཐུན་པ་འབའ་ཞིག་སྟོན་པར་བྱེད་དེ་བྱས་པའི་ཕྱིར་ཞེས་བྱ་བ་བཞིན་ནོ། །བསྒྲུབ་བྱ་སྒྲུབ་བྱེད་ཉིད་སྤངས་ནས། །བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སོ། །ཞེས་ཇི་སྐད་དུ་བརྗོད་པ་དེ་སྦྱོར་བ་ལ་མེད་དོ། །དེ་ལྟར་ཉེར་འཇལ་ཙམ་པོར་འགྱུར། །དེ་ལྟར་སྦྱོར་བས་གཏན་ཚིགས་ཀྱི་དོན་དུ་མ་སྨོས་པའི་ཕྱིར་བསྒྲུབ་བྱ་ལ་ཉེ་བར་འཇལ་བ་ཙམ་བསྟན་པ་ཡིན། དེ་བུམ་པ་བཞིན་དུ་བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་བཞིན་ནོ། །ཅི་སྟེ་ཡང་ཆོས་མི་མཐུན་པས་བསྒྲུབ་བྱ་སྒྲུབ་བྱེད་ཉིད་དུ་རྗོད་པར་བྱེད་དོ་ཞེ་ན་དེ་མ་ཡིན་ཏེ་ཆོས་མི་མཐུན་པས་ཀྱང་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཉིད་བསྟན་


DTG174_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་ཏེ། གང་གི་ཕྱིར་དེ་ལ་ཡང༌། ཉེར་འཇལ་ལྡོག་པ་མིན་ཆེད་དུ། །ཆོས་མི་མཐུན་པའི་སྦྱོར་བ་དེས། །མི་མཐུན་ཕྱོགས་ལས་སྟབས་གཅིག་སྟོན། །དེ་ལ་ཡང་རྟག་པར་མ་བྱས་པར་མཐོང་ཞེས་འཇིག་རྟེན་པས་མ་བྱས་པ་ཉིད་དང༌། རྟག་པ་ཉིད་དག་སྟབས་གཅིག་ཏུ་བསྒྲུབ་པར་སྟོན་པར་བྱེད་པོར་འགྱུར་རོ། །བཟློག་པས་ནི་རྟག་པ་དང་ཉེ་བར་འཇལ་བ་བཟློག་པར་བྱ་བའི་དོན་དུའོ། །དེ་བཞིན་དུ་འདིར་ཡང་གཏན་ཚིགས་ཀྱི་དོན་ལས་ལོགས་ཤིག་ཏུ་དཔེ་རྗོད་པར་བྱེད་ན་ནི་ཉེ་བར་འཇལ་བ་ཙམ་ཞིག་བརྗོད་པར་འགྱུར་ཏེ་འཇིག་རྟེན་པ་བཞིན་ནོ། །ཅི་སྟེ་ཡང་གཏན་ཚིགས་མ་སྨོས་ཀྱང་འཇལ་བ་སྨོས་པ་དེ་ལས་ཀྱང་བསྒྲུབ་བྱ་རྗེས་སུ་འཛིན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་ཡང༌། ལྡོག་པ་རྣམ་པར་བརྗོད་པ་ན། །བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སམ། །དེ་ཡི་ཁྱད་པར་ཡིན་ཡང་རུང༌། །མཚུངས་སྟོན་ཐུག་པ་མེད་པར་འགྱུར། །གལ་ཏེ་དེ་ལྟར་ཉེ་བར་འཇལ་བར་བྱེད་ན་ནི་ཇི་ལྟར་བུམ་པ་བྱས་པའི་ཕྱིར་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་ངོ་ཞེས་བྱ་བ་བཞིན་ཡང་བུམ་པ་མི་རྟག་པ་ཉིད་དུ་སྟོན་པ་ཡང་བརྗོད་པར་འགྱུར་རོ། །སྒྲའི་ངེས་པར་བསྟན་པ་མ་གྲུབ་ཡང་ངོ༌། །ཅི་སྟེ་བུམ་པ་ལ་སོགས་པ་བཞིན་མི་རྟག་པ་ཡིན་གྱི་ནམ་མཁའ་བཞིན་དུ་རྟག་པའོ་ཞེས་པ་ནི་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ཙམ་ཉེ་བར་འཇལ་བར་བྱེད་དེ། དེས་ན་ནམ་མཁའ་ལ་སོགས་པ་ལས་བྱས་པ་ཉིད་ལོག་པར་ཉེ་བར་བསྟན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཅི་སྟེ་བསྒྲུབ་བྱའི་བྱེ་བྲག་ཉེ་བར་འཇལ་བར་བྱེད་པའི་ལྟ་ན། མི་རྟག་སྟེ་བུམ་པ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ལྟ་ན་ཡང་སྣམ་བུ་ལ་སོགས་པ་ལས་ལོག་པའི་བྱས་པ་ཉིད་བརྗོད་པར་འགྱུར་རོ། །བསྒྲུབ་བྱ་རྣམ་པ་ཐམས་ཅད་དང་ལྡན་པ་ནི་མ་ཡིན་ལ། དམ་བཅས་པའི་དོན་དང་ཡང་འབྲེལ་བ་མ་ཡིན་ཏེ། མི་རྟག་པ་ཉིད་ཙམ་དམ་བཅའ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཉེ་བར་འཇལ་བའི་དོན་རྣམས་ཐམས་ཅད་དུ་མི་རིགས་སོ། །གལ་ཏེ་ཡང་གཏན་ཚིགས་ནི་ཕྱོགས་ཀྱི་ཆོས་ཉིད་ཙམ་ཡིན་པའི་ཕྱིར་དཔེ་ནི་གཏན་ཚིགས་ཀྱི་དོན་ལས་ལོགས་ཤིག་པར་འགྱུར་རོ་ཞེ་ན། དེ་ལྟ་


DTG174_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང༌། ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས། །ཡིན་ན་འཁྲུལ་པ་ཅན་ཡང་འགྱུར། །གཏན་ཚིགས་ལྟར་སྣང་བ་ཡང་གཏན་ཚིགས་སུ་འགྱུར་རོ། །གཉིས་ཀ་བརྗོད་ལ་མི་འགྱུར་ཞེས། །འདི་སྙམ་དུ་ཡང་ཆོས་མཐུན་པ་འབའ་ཞིག་གི་དཔེ་རྗོད་པར་བྱེད་པ་དེ་ལས་འཁྲུལ་པ་ཅན་གྱི་གོ་སྐབས་ཡོད་དེ་མི་མཐུན་པའི་ཕྱོགས་ལ་ཡང་སྲིད་པའི་ཕྱིར་རོ། །གང་ཆོས་མི་མཐུན་པ་འབའ་ཞིག་རྗོད་པར་བྱེད་པ་དེ་ལ་ནི་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་རོ། །གང་ཞིག་གཉིས་ཀ་བརྗོད་པ་དེ་ལ་ནི་གང་ཡང་མི་སྲིད་དོ་ཞེ་ན། དེ་ལ་ཡང་ཡོད་པ་ཉིད་དེ། དགུ་ཡི་ནང་ནས་གཉིས་སྲིད་དོ། །ཕྱོགས་ཀྱི་ཆོས་དགུ་ལས་དང་པོ་དང་ཐ་མ་གསུམ་པ་གཡས་ཕྱོགས་ན་མོའི་དཔེ་གཉིས་ཀ་བརྗོད་ཀྱང་འཁྲུལ་པ་ཅན་དུ་ཡོད་པར་སྲིད་པ་ཡིན་ནོ། །དཔེ་བསྟན་ཏོ། །གཏན་ཚིགས་བསྒྲུབ་བྱ་གཉིས་ཀ་མེད། །མི་མཐུན་ཕྱོགས་ལས་མེད་མ་བྱས། །རྗེས་འགྲོ་ཕྱིན་ལོག་རྣམ་པ་གཉིས། །ལྟར་སྣང་རྗེས་འགྲོ་མེད་པའང་ཡིན། །དེ་ལ་གཏན་ཚིགས་མེད་པ་སྒྲ་རྟག་སྟེ། རེག་པར་བྱ་བ་མ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །བསྒྲུབ་བྱ་མེད་པ་ནི་ལས་བཞིན་ནོ། །གཉིས་ཀ་མེད་པ་ནི་བུམ་པ་བཞིན་ནོ། །མི་མཐུན་པའི་ཕྱོགས་ལ་ཞུགས་པ་ནི་དཔེར་ན་གང་མི་རྟག་པ་དེ་རེག་པར་བྱ་བ་མ་ཡིན་ཏེ། མཐོང་བའི་ལས་བཞིན་རྡུལ་ཕྲ་རབ་བཞིན་ནམ་མཁའ་བཞིན་ཞེས་པ་ལྟ་བུའོ། །དེ་དག་གིས་ནི་བསྒྲུབ་པར་བྱ་བའི་ཆོས་དང་ནི་འབྲེལ་ན་དེའི་ཆོས་སུ་གྲུབ་པ་སོ་སོར་བརྗོད་དོ། །ནམ་མཁའ་ལ་སོགས་པ་རྟག་པ་ལ་ཁས་མི་ལེན་པ་ལའོ། །ཆོས་མི་མཐུན་པ་དེ་དག་གིས་ནི་གང་ལ་ཡང་རྗེས་སུ་འགྲོ་བ་མ་བརྗོད་དོ། །གཏན་ཚིགས་འབའ་ཞིག་བསྒྲུབ་པར་བྱ་བའི་དོན་དེའི་མི་མཐུན་པའི་ཕྱོགས་དང་ལྷན་ཅིག་ཡོད་པར་བསྟན་པར་བྱ་སྟེ། རྩོལ་བ་ལས་བྱུང་བས་མི་རྟག་པ་ཉིད་རྟག་པས་རྩོལ་བ་ལས་མ་བྱུང་བ་སྟེ། བུམ་པ་དང་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །ཇི་སྐད་དུ། གཅིག་ལ་རབ་ཏུ་གྲུབ་ན་གཉིས་ཀའི་དཔེའོ་ཞེས་བརྗོད་དོ། །དེ་དག་གིས་གཉིས་ཀ་ལ་ཡོད་པ་ཉིད་གཉིས་དང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་དེས་དཔེ་ལྟར་སྣང་བའོ་ཞེས་བརྗོད་དོ། །འདིར་ཡང༌། རྟགས་མེད་སོགས་


DTG174_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔེ་མེད་དང༌། །རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས། །འབྲེལ་པར་མ་བསྟན་པ་ཡི་ཕྱིར། །ཉེར་འཇལ་འབྲེལ་པ་ཅན་མ་ཡིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྩོད་པ་བསྒྲུབ་པ་ན་དེ་དག་གི་འབྲེལ་པ་ངེས་པར་སྟོན་པ་ནི་དཔེ་སྟེ། གང་གི་བུམ་པ་བཞིན་ནོ་ཞེས་བརྗོད་པ་ལྟ་བུའོ། །གང་གིས་འབྲེལ་བ་མི་སྟོན་པ་ནི། གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་པའོ་ཞེས་འབྱུང་བ་ལྟ་བུའོ། །དེ་ལྟ་ན་ཡང་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ། བསྟན་པར་བྱ་བ་དཔེ་མ་ཡིན་པའི་ཕྱིར་དང༌། དེ་ཙམ་གྱིས་མེད་ན་མི་འབྱུང་བ་ཉིད་མ་བསྟན་པའི་ཕྱིར་རོ། །གཞན་ཡང༌། དེ་དག་གི་ཞེས་བརྗོད་མི་བྱ། །དེའི་ཕྱིར་ཞེ་ན། ཕན་ཚུན་བསྒྲུབ་བྱ་ཉིད་མིན་ཕྱིར། །མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་དེ་གཉིས་ཀ་ལ་ཡོད་ན་ནི་ཇི་ལྟར་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་གོ་ཞེས་པ་བཞིན་དུ་མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་ངོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་དེ་ཉིད་བསྒྲུབ་བྱ་དང་འབྲེལ་པར་སྟོན་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཆོས་མཐུན་ཙམ་གྱིས་ལྷན་ཅིག་ཏུ། །རྒྱུ་བར་སྟོན་པ་ཡང་མ་ཡིན། །མི་རྟག་པ་ལ་བརྟེན་པ་ཙམ་ཉིད་ཀྱིས་གཏན་ཚིགས་ཀྱི་མི་འཁྲུལ་བ་བསྟན་པར་ནུས་པ་ནི་མ་ཡིན་ནོ། །དོན་གྱིས་གཞང་ཡང་བརྗོད་ཅེ་ན། །འདི་ལྟར་གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་གོ་ཞེས་བརྗོད་པའི་དོན་གྱི་ཤུགས་ཀྱིས་རྟོག་པ་ལ་མེད་དོ་ཞེས་མཆོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཡང༌། དེ་ལྟར་མི་མཐུན་ཕྱོགས་དེ་བརྗོད་མི་བྱ། །དོན་གྱིས་གོ་ན་ནི་བསྒྲུབ་བྱ་གྲུབ་པ་ཉིད་ཡིན་ན། གཏན་ཚིགས་དང་མི་མཐུན་པའི་ཕྱོགས་དག་གི་མེད་ན་མི་འབྱུང་བའི་འབྲེལ་པ་ཞེས་བྱ་བ་འདིས་ཅི་ཞིག་བྱ། ཡིད་མི་འབྱུང་གི་འབྲེལ་པ་དེ། །མི་མཐུན་ཕྱོགས་ཀྱིས་བསྟན་པ་ན། །བསྒྲུབ་བྱ་མ་བཟུང་འགའ་ཡོད་མིན། །འདི་ལྟར་རྟག་པ་རྩོལ་བ་ལས་མ་བྱུང་ངོ་ཞེས་སྒྲུབ་པའི་སྒོ་ནས་བསྟན་པ་རྩོལ་བ་ལས་བྱུང་བ་ཉིད་མི་རྟག་པ་ཉིད་ལ་གྲུབ་པ་ནི་ཅུང་ཟད་ཀྱང་མ་དོར་རོ། །ཅིའི་ཕྱིར་ཞེ་ན། གཞན་ནི་དེ་ཡིས་སྒྲུབ་པའི་ཕྱིར། །དམ་བཅའ་མ་ཡིན་པ་ཉིད་ནི། །དེས་དེ་རྟག་པ་རྩོལ་བ་ལས་མ་བྱུང་བ་ཉིད་ཀྱིས་བསྒྲུབས་པའི་ཕྱིར་རྩོལ་བ་ལས་བྱུང་བ་མི་རྟག་པ་སྒྲུབ་པ་འདིས་ནི་ཅུང་ཟད་ཀྱང་བྱས་པ་མེད་དོ། །སྒྲུབ་


DTG174_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པ་ཉིད་ཀྱིས་ཀྱང༌། །མི་འདོད་པ་ཡི་རྟག་པ་འཐོབ། །གལ་ཏེ་འདི་ལྟར་རྟག་པ་ཉིད་དང༌། རྩོལ་བ་ལས་མ་བྱུང་བ་དག་མེད་ན་མི་འབྱུང་བ་ཉིད་དུ་སྒྲུབ་པའི་སྒོ་ནས་སྟོན་པར་བྱེད་ན་ནི་དེས་གདོན་མི་ཟ་བར་རྟག་པ་ཁས་བླང་བར་བྱའོ། །རྩོལ་བ་ལས་མ་བྱུང་བ་དང་རྟག་པ་དག་ཕན་ཚུན་མེད་ན་མི་འབྱུང་བར་ཡང་འགྱུར་རོ། །ཇི་ལྟར་རྟག་པ་རྩོལ་བ་ལས་བྱུང་བ་མ་ཡིན་ནོ་ཞེས་པ་བཞིན་དུ་རྩོལ་བ་ལས་མ་བྱུང་བ་རྟག་པའོ་ཞེས་དེ་ལྟར་ཡང་འགྱུར་ཏེ། དེ་དང་མི་མཐུན་པའི་ཕྱོགས་དག་ཕན་ཚུན་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་འདོད་པ་མ་ཡིན་ཏེ་དེ་དང་མི་མཐུན་པའི་ཕྱོགས་དག་ཏུ་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་གཉིས་ཀ་ལ་ནི་མེད་ན་མི་འབྱུང་བའི་འབྲེལ་པ་མེད་པ་དེའི་ཕྱིར་དེ་དང་མི་མཐུན་པའི་ཕྱོགས་དག་གིས་འབྲེལ་པ་ཞེས་བརྗོད་པར་མི་བྱའོ། །འདི་སྐད་དུ། བློ་ཉིད་དང་བུམ་པ་ཉིད་ཅེས་བྱ་བ་ལྟ་བུ་མ་གྲུབ་པའི་དོན་ཉིད་ནི་དཔེ་ཞེས་པའོ་ཞེས་བརྗོད་པ་ལ། འདིར་འབྲེལ་པ་ཙམ་བརྗོད་པའི་དཔེ་ཡིན་པའི་ཕྱིར་ངེས་པར་བསྟན་པ་སྒྲུབ་པའི་དོན་དུ་ཡིན་པ་དེས་ན་དཔེ་ལྟར་སྣང་བ་ཉིད་དུ་རིགས་པ་མ་ཡིན་ནོ། །འདི་སྐད་དུ་གང་རྟག་པ་དེ་རེག་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། འདི་དཔེ་ལྟར་སྣང་བའོ། །རེག་པར་བྱ་བ་མ་ཡིན་པ་ཉིད་དང༌། མེད་ན་མི་འབྱུང་བ་ཉིད་དུ་བསྟན་པར་ནི་ནུས་པ་མ་ཡིན་ནོ། །གཅིག་པ་ཉིད་ནི་དཔེའི་སྐྱོན་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཅིག་ཉིད་མ་གྲུབ་པའི་དོན་ནི་དཔེའི་ངེས་པ་མ་ཡིན་ནོ་ཞེས་ཁོ་བོས་བསྟན་ཟིན་ཏོ། །རིགས་པ་ཅན་རྣམས་ན་རེ་བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པ་ལས་ཆོས་དེ་རྟོགས་པའི་དཔེ་དཔེར་བརྗོད་པ་དང༌། དེ་བཟློག་པ་ལས་དེ་ཕྱིན་ཅི་ལོག་ལས་སོ་ཞེས་ཟེར་རོ། །དེ་ཡང་གལ་ཏེ་གཏན་ཚིགས་ཀྱི་དོན་ལས་དཔེ་ལོགས་ཤིག་པ་ཡིན་ན་ནི་དཔེ་གཏན་ཚིགས་ཀྱི་དོན་དང་རྗེས་སུ་འབྲེལ་པར་བརྗོད་པར་མི་བྱ་བར་འགྱུར་རོ། །དེ་བཞིན་དུ་བྱས་པའི་ཕྱིར་ན་མི་རྟག་པ་སྟེ། ནམ་མཁའ་བཞིན་ནོ་ཞེས་བྱ་བར་ཡང་དཔེར་འགྱུར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་མི་མཐུན་པ་དང༌། ཆོས་དང་མཐུན་པ་ནི་ཡོད་པ་དང་མཉན་བྱ་ཉིད་དག་ལ་སོགས་པ་ལ་ཡང་ཡོད་པ་ཡིན་ནོ། །གཞན་ཡང་གལ་ཏེ་དཔེས་སྔོན་དུ་ཁྱད་པར་


DTG174_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་ན་ནི་བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པ་དང༌། ཆོས་དང་མི་མཐུན་པར་འཛིན་པ་ཡིན་ཏེ། གོ་བྱེད་དུ་དེ་མཐོང་མ་ཡིན། །ཕྱི་རོལ་གྱི་དོན་གྱི་རྗེས་ཐོགས་སུ་མ་སྨོས་པའི་དཔེས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་གོ་བར་བྱ་བ་ཡིན་ནོ་ཞེས་ཆོས་དེ་རྟོགས་པ་ཉིད་དུ་ཡང་མི་འགྲུབ་པོ། །ཇི་སྟེ་ཆོས་དེ་རྟོགས་པ་ཉིད་གཏན་ཚིགས་ལ་སོགས་པ་ལས་ཕྱིས་ཁྱད་པར་དུ་བྱེད་ན་ནི་དེ་ལྟ་ན་ཡང༌། གཉིས་ཀ་སྨོས་པ་དོན་མེད་འགྱུར། །གང་འདི་ཆོས་དེ་རྟོགས་པའི་དཔེ་དག་གོ་ཞེས་གཉིས་ཀ་སྨོས་པ་འདི་དོན་མེད་པ་ཉིད་དུ་འཐོབ་པར་འགྱུར་རོ། །ཇི་ལྟར་ན་དོན་མེད་པའོ་ཞེ་ན་ཆོས་དེ་རྟོག་པ་ཉིད་ཀྱིས་ནི་ཆོས་མཐུན་པ་དང་ལྡན་པའི་དོན་གྱིས་བསྒྲུབ་བྱ་དང་དེ་བཟློག་པའི་ཆོས་དང་ལྡན་པ་ཉིད་འཐོབ་སྟེ། དེ་ལས་གཞན་པའི་ཆོས་ཏེ་རྟོགས་པ་ཉིད་ནི་མེད་དོ། །དཔེ་སྨོས་པ་ཡང་གྲུབ་པའི་ཆོས་དེ་དང་ལྡན་པར་བརྗོད་པ་ནི་དོན་གང་ལ་འཇིག་རྟེན་པས་བཏགས་པའི་བློ་དང་མི་མཐུན་པའི་དཔེ་ཡིན་ནོ། །རེ་ཞིག་ཆོས་དེ་རྟོགས་པ་ཉིད་ནི་རིགས་པ་མ་ཡིན་ཏེ། རྣམ་གྲངས་ཀྱི་ཕྱིར་ཡན་ལག་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་རྣམ་གྲངས་ཡིན་པས་ན་དེ་ཐོབ་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་གཅིག་ཉིད་བརྗོད་པར་བྱ་སྟེ་བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པའམ། ཆོས་དང་མི་མཐུན་པ་ལས་ཀྱང་དེ་ཉིད་གྲུབ་པའི་ཕྱིར་ལ་དེ་ལས་གཞན་པའི་ཆོས་དེ་རྟོགས་པ་ཉིད་ནི་མེད་པའི་ཕྱིར་རོ། །ཡང་ན་བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པ་ལས་ཆོས་བའི་དོན་རྟོགས་པར་མི་ནུས་སོ་ཞེས་སྔར་བརྗོད་ཟིན་ཏོ། །འདིར་ཚིག་གོ་ཞེ་ན། དེ་ལྟ་ན་ཡང་གཉིས་ཀ་ལས་ཆོས་ཅན་ཉིད་དུ་འགྱུར་གྱི་དོན་རྟོགས་པ་སྨོས་པ་ལས་ནི་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དང་ལྡན་པའི་དཔེ་ལས་དོན་ཡིན་ན་ནི་གཉིས་ཀའི་ཆོས་དང་ལྡན་པས་ཀྱང་ངག་གོ་དོན་མཇུག་བསྡུས་པ་ལས་བསྒྲུབ་པར་བྱ་བའི་དོན་རྟོགས་པར་མི་ནུས་སོ་ཞེས་སྔར་བརྗོད་ཟིན་ཏོ། །འདིར་ཡང་སྒྲུབ་པར་བྱེད་པས་འཇལ་བར་བྱེད་པ་ཉིད་ལ་བསྒྲུབ་པར་བྱ་བའི་ཆོས་ཐུག་པ་མེད་པའོ་ཞེས་བརྗོད་དོ། །དཔེ་སྨོས་པའི་འབྲས་བུ་གྲུབ་པའི་ཆོས་སྒྲུབ་པའི་དོན་དུ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་ལས་གྲུབ་ཕྱིར་འབྲས་བུ་བསལ་བར་བྱེད་པའི་རྒྱུ་ལས་ཀྱང་དེ་བཞིན་དུ་གྲུབ་པོ། །


DTG174_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ན་འདིར་ཆོས་མཐུན་པའི་དཔེར་བརྗོད་ལས་གང་གྲུབ་པ་དེ་འབྲས་བུ་མ་ཡིན་ནོ། །གཞན་དག་ནི་ཆོས་དེ་རྟོགས་པ་ཉིད་དཔེའི་དཔེར་བརྗོད་པ་ཡིན་ནོ་ཞེས་གླེང་བརྗོད་བྱེད་དོ། །དེ་ལ་ཡང༌། བསྒྲུབ་བྱའི་ཆོས་དང་སྦྱར་མི་བྱ། །རང་གི་སྒྲས་ནི་བསྒྲུབ་པར་བྱ་བའི་ཆོས་དང་མཐུན་པ་དང༌། ཆོས་དང་མི་མཐུན་པ་ཡང་སྟེ། དེ་གོ་བར་བྱེད་པ་ཉིད་དུ་མ་མཐོང་བའི་ཕྱིར་རོ། །གང་ལ་གང་གིས་གང་གི་གང་ཞིག་བསྒྲུབ་པར་བྱ་བའི་ཆོས་དང་སྦྱར་བར་མི་བྱ་ཞེ་ན། གང་ཆོས་མཐུན་པའི་དཔེར་བརྗོད་པ་ལས་ཞེས་བྱ་བ་འདི་ལ། དཔེར་བརྗོད་ཀྱིས་བསྒྲུབ་པར་བྱ་བའི་བྱས་པ་ཉིད་ལ་སོགས་པས་ཆོས་དང་མཐུན་པར་སྦྱར་བར་མི་བྱའོ། །བུམ་པས་ནི་བསྒྲུབ་བྱའི་བྱས་པ་ལ་སོགས་པ་ཆོས་དང་མཐུན་པ་བུམ་པའི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་ཉེ་བར་སྦྱོར་བའམ་དེའི་བྱེ་བྲག་ཡིན་ཡང་རུངས་ཏེ། རིགས་པ་ཡོད་པ་ལ་སོགས་པས་བསྒྲུབ་བྱའི་ཆོས་དང་མཐུན་པ་ནི་མ་ཡིན་ནོ། །ཚིག་གཉིས་པོ་ཡང་དོན་གྱི་དཔེ་བརྗོད་དུ་བསྟན་པའི་ཕྱིར་ངག་གི་ཆ་ཤས་ཉིད་ཉམས་པ་ཡིན་པས་དཔེར་བརྗོད་ཀྱང་རིགས་པ་མ་ཡིན་ནོ། །དཔེ་བརྗོད་པ་ལ་ལྟོས་ནས་ནི། །དེ་བཞིན་ནོ་ཞེས་ཉེར་སྦྱོར་བ། །བསྒྲུབ་བྱ་ལ་ཡང་དེ་བཞིན་ཞེས། །ཉེ་བར་སྦྱོར་བ་རིགས་མ་ཡིན། །འདི་ལ་ཡང་དེ་བཞིན་ནོ་ཞེས་བྱས་པའི་སྤྱིའི་ཉེ་བར་སྦྱོར་བའམ་དེའི་བྱེ་བྲག་ཡིན་ཡང་རུང་སྟེ། རིགས་པ་མ་ཡིན་ནོ། །ཐམས་ཅད་ཀྱི་སྤྱི་ནི་བཞིན་ནོ་ཞེས་བསྟན་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་དེ་ལ་རེ་ཞིག་བྱས་པ་ནི་བུམ་པ་ལྟ་བུའི་ཞེས་སྦྱོར་གྱི། ནམ་མཁའ་ལ་སོགས་པ་ལྟ་བུར་མ་བྱས་པའོ། །མི་སྦྱོར་རོ་ཞེ་ན། དེ་ནི། སྤྱི་ཉིད་གཏན་ཚིགས་ཉིད་དུ་བརྗོད། །སྤྱི་ནི་བྱས་པའི་ཕྱིར་ཞེས་བྱ་བ་འདི་ཉིད་ཀྱིས་བརྗོད་པ་ཡིན་ཏེ། སྒྲའིའོ་ཞེས་འབྲེལ་པའི་ཕྱིར་རོ། །དཔེ་དང་བསྒྲུབ་པར་བྱ་བའི་དོན་གཅིག་པ་ཉིད་ནི་མ་ཡིན་ཏེ། དེ་བཞིན་དུ་མི་རྟག་པ་ཉིད་གྲུབ་པ་ཞེས་ཕྱི་རོལ་གྱི་དོན་ཉེ་བར་མི་སྦྱོར་རོ། །དེ་ལྟ་མ་ཡིན་ན་ཁྱད་པར་མེད་པའི་སྤྱི་ཉིད་ལན་དུ་འགྱུར་རོ། །ཅི་སྟེ་བྱས་པ་ཉིད་དུ་གྲུབ་པ་ལ་བྱས་པ་འདི་བུམ་པ་ལྟ་བུ་ཡིན་གྱི་སྣམ་བུ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཉེ་བར་སྦྱར་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ་


DTG174_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར། བྱེ་བྲག་རང་ལ་བརྟེན་རྗེས་འབྲང༌། །རང་ལ་བརྟེན་པར་ངེས་པ་ནི་བྱེ་བྲག་ཡིན་པས་བུམ་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ཏེ། བྱས་པ་སྒྲ་མ་ཡིན་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཉེ་བར་སྦྱར་བ་མེད་དོ། །ཆོས་མི་མཐུན་པའི་ཉེ་བར་སྦྱར་བ་ནི་ནམ་མཁའ་བཞིན་དུ་མ་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གལ་ཏེ་དགག་པ་གཉིས་ལས་བྱས་པ་ཉེད་འགེགས་པ་ཙམ་དུ་བརྗོད་པ་ཡིན་ན་ནི། གཏན་ཚིགས་དེའི་དོན་དུ་མི་འགྱུར་རོ། །གལ་ཏེ་བྱས་པ་ནི་མི་འགེགས་ཀྱི་དེ་དང་ལྷན་ཅིག་ཏུ་རྒྱུ་བའི་རྟག་པ་འགེགས་པའི་དོན་དུ་ཡིན་ནོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར། གཉེན་པོའི་ཕྱོགས་དང་ལྡན་མ་ཡིན། །གཏན་ཚིགས་ཉིད་དུ་མ་བརྗོད་པའི་བྱས་པའི་སྤྱི་བརྗོད་པ་ཡིན་ཏེ། དང་གི་སྒྲ་སྨོས་པས་བྱས་པ་ཉིད་ཡོད་པས་ན་གཉེན་པོའི་ཕྱོགས་ཀྱི་གོ་སྐབས་ཡོད་པ་མ་ཡིན་ན་གང་དེ་དགག་པར་བྱ་བའི་དོན་དུ་ཆོས་ནི་མཐུན་པ་ཉེ་བར་སྦྱོར་བར་བྱེད་དེ་མ་བྱས་པ་དང་ལྷན་ཅིག་ཏུ་རྟག་པ་ཉིད་དགག་པར་བྱ་བའི་དོན་དུ་ཡང་ཉེ་བར་སྦྱོར་བར་མི་བརྗོད་དོ། །དེ་ལྟ་བས་ན་གཉེན་པོའི་ཕྱོགས་དང་ལྡན་པ་ཡིན་ནོ། །ཆོས་མཐུན་པའི་སྒོ་ནས་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་རྟོགས་པ་ནི་མེད་དོ། །དེའི་གཉེན་པོའི་ཕྱོགས་རྟག་པ་ཉིད་དང་ལྡན་པར་ཡོད་པ་གང་གིས་འགེགས་པར་བྱེད། ཅི་སྟེ་ཡང་མ་གྲུབ་པའི་ཕྱིར་རྟག་པ་ཉིད་ལ་ཆོས་མི་མཐུན་པ་ཙམ་གྱིས་རྟག་པ་ཉིད་འགེགས་སོ་ཞེ་ན། དེ་ལྟ་ན་ཡང༌། ཁྱད་པར་སྒོ་ནས་ཀྱང་དེར་འགྱུར། །གལ་ཏེ་ཆོས་མཐུན་པ་མ་བརྗོད་པར་ཁྱད་པར་གྱི་སྒོ་ནས་ཀྱང་སྟེ་དེ་ཆོས་དེའི་གཉེན་པོའི་ཕྱོགས་དང་ལྷན་ཅིག་ཏུ་རྒྱུ་བ་འགེགས་པ་ཡིན་པར་འགྱུར་ཏེ། དཔེར་ན་མཉན་བྱ་ཡིན་པའི་ཕྱིར་སྒྲ་མི་རྟག་གོ་ཞེས་པ་ལྟ་བུའོ། །བུམ་པ་ལ་སོགས་པ་མི་རྟག་པ་ལ་མཉན་པར་བྱ་བ་མ་ཡིན་པ་དང་ལྷན་ཅིག་ཏུ་རྒྱུ་བ་མི་རྟག་པ་ཉིད་བཀག་པའི་ཕྱིར། མི་འདོད་པའི་རྟག་པ་ཉིད་གྲུབ་པར་འགྱུར་རོ། །མི་རྟག་པ་ཉིད་གྲུབ་པར་མཚུངས་པའི་ཕྱིར་འདིར་ཡང་རྟག་པ་ཉིད་དུ་འགྱུར་ཏེ། རྩོལ་བ་ལས་བྱུང་བའི་ཕྱིར་གློག་ལ་སོགས་པ་བཞིན་ནོ་ཞེས་ཆོས་མཐུན་པས་ནི་འདི་ལ་འགའ་ཞིག་ཀྱང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའ་བཞིན་མ་བྱས་པ་མ་ཡིན་པ་དེའི་ཕྱིར་དེ་ཉིད་རྟག་པ་མ་ཡིན་པས་ནའོ།


DTG174_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པ་ཉིད་ནི་རྟག་པ་ཉིད་ཀྱི་གཏན་ཚིགས་མ་ཡིན་ཏེ། གང་དེ་མེད་པ་ལས་རྟག་པར་མི་འགྱུར་རོ། །མི་རྟག་པ་ཉིད་ཀྱི་གཏན་ཚིགས་ལུས་ཅན་མ་ཡིན་པ་ལ་སོགས་པ་ཡང་མེད་པའི་ཕྱིར་མི་རྟག་པ་ཉིད་འགེགས་པ་ཡང་མ་ཡིན་ནོ། །ནམ་མཁའ་ནི་ངག་གི་དོན་ལ་ལྟོས་ནས་ཉེ་བར་སྦྱར་བར་རིགས་ཏེ་གང་གི་ཕྱིར་མ་བྱས་པ་ལས་ཕྱི་རོལ་དུ་གྱུར་པའི་རྟག་པ་ནི་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །མི་རྟག་པ་ལ་ཡང་བུམ་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་ཉིད་ཀྱིས་ཉེ་བར་སྦྱར་བར་ཡང་རིགས་པ་མ་ཡིན་ནོ། །མཇུག་བསྡུ་བ་ལ་ནི་སླར་གྱི་ཚིག་མི་བརྗོད་པ་ཉིད་དེ་དེ་ལ་ཡན་ལག་མ་ཡིན་ནོ་ཞེས་འཆད་པར་མི་བྱའོ། །བྱེ་བྲག་པ་རྣམས་ནི་གཉིས་ཀ་རབ་ཏུ་གྲུབ་པ་དཔེའོ་ཞེས་ཟེར་རོ། །དེ་ལ་ཡང༌། མཁའ་དཔེར་བརྗོད་པའི་སྦྱོར་བའམ། །ངག་གི་ཕྱོགས་གཅིག་ཉིད་ཀྱང་མིན། །གཉིས་རབ་གྲུབ་པ་ཞེས་བྱ་བ་ལ་གལ་ཏེ་དམ་བཅའ་དང་གཏན་ཚིགས་དག་ནམ་མཁའ་ལ་གྲུབ་པ་དེའི་ཡོན་ཏན་ཡིན་པའི་ཕྱིར་ཞེ་ན་ནི་ཐམས་ཅད་ནམ་མཁའ་དཔེར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་བྱ་བའི་ཆོས་དེ་གང་ལ་གྲུབ་པ་དེ་ཉིད་དོ་ཞེ་ན་ནི། དེ་ལྟ་ན་ཡང་དག་གི་ཆ་ཤས་ཉིད་མི་འཐད་དེ། རྗེས་འགྲོ་རྗོད་པར་མི་བྱེད་པ། །དེ་ནི་དཔེ་ཡི་གཟུགས་བརྙན་ཡིན། །གང་དུ་གཏན་ཚིགས་དང་བསྒྲུབ་བྱའི་རྗེས་སུ་འགྲོ་བ་མི་སྟོན་པ་དེ་ནི་དཔེ་ལྟར་སྣང་བའོ། །གཉིས་ཀའི་དཔེ་ནི་སྔ་མ་བཞིན་ནོ་ཞེས་སྦྱར་བར་བྱའོ། །སྒྲུབ་བྱེད་ཉེ་བར་སྦྱར་དོན་ནི། །རང་རྒྱུད་ཡིན་ཡང་དོན་མེད་འགྱུར། །གལ་ཏེ་དཔེ་རང་གི་རྒྱུད་ཀྱི་ཡིན་ན་ནི་གཏན་ཚིགས་ཀྱི་དོན་གྱི་ཕྱོགས་གཅིག་མ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་ཉིད་མི་སྲིད་པ་ཉེ་བར་སྦྱར་བའི་དོན་ཡང་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་དཔེ་དང་དཔེ་ལྟར་སྣང་བ་བརྟགས་པའི་ལེའུ་སྟེ་བཞི་པའོ།། །།ཚད་མ་གཉིས་སུ་བརྗོད་པ་ལ་ཁ་ཅིག་སྒྲ་ལས་བྱུང་བ་ཡང་ཚད་མ་ཉིད་དུ་འདོད་དོ། །དེ་ལ། སྒྲ་ལས་བྱུང་བ་རྗེས་དཔག་ལས། །ཚད་མ་གཞན་མིན་འདི་ལྟར་ཏེ། །རང་གི་དོན་ལ་བྱ་སོགས་བཞིན། །གཞན་སེལ་སྒོ་ནས་སྟོན་པར་


DTG174_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །སྒྲ་ནི་ཡུལ་གང་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་རབ་ཏུ་སྦྱོར་བར་བྱེད་པ་དེའི་ཆ་ནས་དེའི་བྱས་པ་ལ་སོགས་པ་བཞིན་དུ་དོན་གཞན་རྣམ་པར་བཅད་ནས་སྟོན་པར་བྱེད་དོ། །དེའི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །གང་ལ་ལ་དག་ནི་ཐམས་ཅད་དུ་རིགས་ཀྱི་སྒྲ་རང་རང་གི་ཐ་དད་པ་ལས་ཡིན་ཏེ། སྨྲས་པ་རྣམས་ལ་ནི་ངེས་པའི་དོན་དུ་ཁྱད་པར་གྱི་སྒྲ་ཡིན་ནོ་ཞེས་འཛེར་ཏོ། །དེ་ལ་ལན་བརྗོད་པ། ཐ་དད་རྣམས་ཀྱི་རིགས་སྒྲ་མེད། །རྗོད་པར་བྱེད་པ་ཞེས་བརྗོད་པར་བྱའོ། །རེ་ཞིག་རིགས་ཀྱི་སྒྲ་ཡོད་པ་ལ་སོགས་པ་རྫས་ལ་སོགས་པ་རྣམས་ཀྱི་རྗོད་པར་བྱེད་པ་མ་ཡིན་ཏེ། མཐའ་ཡོད་མིན་ཕྱིར། མཐའ་མེད་ཅེས་བྱ་བ་ནི། ཐ་དད་པ་རྣམས་སྒྲ་དང་འབྲེལ་པར་བྱེད་མི་ནུས་ལ། འབྲེལ་པར་མ་བྱས་པའི་སྒྲས་དོན་བརྗོད་པ་ཡང་རིགས་པ་མ་ཡིན་པས་རང་གི་ངོ་བོ་ཙམ་ཞིག་རྟོགས་པར་བྱེད་པར་ཟད་དོ། །གཞན་ཡང༌། འཁྲུལ་པའི་ཕྱིར། ཇི་ལྟར་རྫས་ལ་ཡོད་པའི་སྒྲ་འཇུག་པ་དེ་བཞིན་དུ་ཡོན་ཏན་ལ་སོགས་པ་ལ་ཡང་འཇུག་པས་འཁྲུལ་པའི་ཕྱིར་ཐེ་ཚོམ་དུ་འགྱུར་གྱི། རྗོད་པར་བྱེད་པ་ནི་མ་ཡིན་ནོ། །འགའ་ཞིག་ནི་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་སྒྲ་ཙམ་མམ། དེ་དང་ལྡན་པ་ཙམ་ལ་ནི། འབྲེལ་པར་སླ་བ་ཡིན་པའི་ཕྱིར་དང༌། མི་འཁྲུལ་པའི་ཕྱིར་རོ་ཞེའོ། །དེ་དག་ཀྱང༌། རིགས་སམ་ལྡན་སྒྲ་ཐ་དད་ཀྱི། །དེ་ལ་སོ་སོར་རྗོད་བྱེད་མིན། དེ་ལྟ་ན་ནི་རྫས་ཡོད་དོ་ཡོན་ཏན་ཡོད་དོ་ལས་ཡོད་དོ་ཞེས་ཐ་དད་པའི་དོན་གྱི་རྫས་ལ་སོགས་པའི་སྒྲས་གཞི་མཐུན་པ་ཉིད་དུ་མི་འགྱུར་ན། དེ་ལྟར་ཡང་མཐོང་བ་ན་ཡོད་པའམ། དེ་དང་ལྡན་པ་ལ་རྫས་སམ་ཡོན་ཏན་ལ་ནི་མི་སྲིད་དོ། །འདི་ལྟར་རྫས་ཀྱིའོ་ཞེས་བརྗོད་པར་བྱའོ། །ཡང་བརྗོད་པ། ཡོན་ཏན་དང་ནི་ཡོན་ཏན་ཅན། །བརྗོད་པའི་རྣམ་དབྱེ་ཐ་དད་དུ། །ངེས་ཕྱིར་གཞི་དང་མཐུན་པ་ཡི། །རྫས་དང་སྒྲ་དག་རབ་ཏུ་གྲུབ། །འབྲེལ་པ་ནི་འདིར་འབྲེལ་ཅན་གྱི། །ཆོས་ཀྱི་འཕངས་པར་བརྗོད་བྱ་སྟེ། །དེ་ལྟས་ངེས་བྱས་ནས་བརྗོད་ཀྱི། །དངོས་པོ་གཞན་གྱིས་སྦྱར་མི་བྱ། །འབྲེལ་པ་ནི་གདོན་མི་ཟ་བར་འབྲེལ་པར་འགྱུར་བའི་ངེས་པ་མེད་དེ་ཁ་བསྒྱུར་བ་ལ་སོགས་པ་བཞིན་གཞན་གྱི་གེགས་བྱེད་པ་སྲིད་དོ། །དེའི་ཕྱིར་འབྲེལ་པ་ཅན་གྱི་ཆོས་ཀྱིས་འབྲེལ་པ་བརྗོད་པར་བྱ་བ་ཡིན་པའི་


DTG174_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རང་གི་ཆོས་ཀྱི་ནི་འབྲེལ་པའི་རྗོད་པར་བྱེད་པའི་སྒྲའོ་ཞེས་ཡོད་པ་མ་ཡིན་པར་མཚོན་པས་ན། འདི་ཡི་རིགས་ཀྱི་སྒྲ་ཡིས་ནི། །བརྗོད་པར་བྱ་བ་ཉིད་མི་འཐད། །ལ་ལ་དག་ནི་ཁྱད་པར་གྱི་སྒྲ་རྣམས་དང་གཞི་མཐུན་པ་ཡིན་པའི་ཕྱིར་དང༌། འབྲེལ་པར་སླ་བའི་ཕྱིར་དང༌། མི་འཁྲུལ་པའི་ཕྱིར་རིགས་དང་ལྡན་པ་ཙམ་བརྗོད་པར་བྱའོ་ཞེས་ཟེར་རོ། །དེ་ལ། རང་དབང་མེད་ཕྱིར་དེ་ལྡན་མིན། །དེ་ལྟ་ན་ཡང་རྫས་ཀྱི་རང་གི་ངོ་བོ་ཙམ་ཡོད་པའི་སྒྲས་ཁྱད་པར་དུ་བྱས་ནས་རྫས་ཞེས་བརྗོད་ཀྱི། དངོས་སུ་ནི་མ་ཡིན་པས་དེས་བུམ་པ་ལ་སོགས་པའི་ཐ་དད་མི་དབེན་པའི་ཕྱིར་དེ་ཉིད་ཐ་དད་པ་ཉིད་ལ་གཞི་མཐུན་པ་ཡོད་པ་མ་ཡིན་ནོ། །མེད་པ་དང་མ་བྱས་པ་དག་ལ་ནི་གཞི་མཐུན་པ་ཉིད་ཡོད་པ་མ་ཡིན་ནོ། །དཔེར་ན་དཀར་པོ་དང་སྒྲ་ལྟ་བུ་རང་གི་ཡོན་ཏན་བརྗོད་པར་བྱ་བ་ལ་རྫས་ཀྱི་ཁྱད་པར་དུ་བྱས་ནས་བརྗོད་པའི་ཕྱིར་རོ། །ཡོད་པས་རྫས་ལ་མངར་བ་ལ་སོགས་པ་ནི་མི་འཕེན་ནོ། །དེ་ལྟ་བས་ན་འདིར་ཡང་དེ་བཞིན་དུ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང༌། ཉེ་བར་བརྟགས་ཕྱིར། སྒྲ་ནི་རང་གི་ངོ་བོའམ་རིགས་སུ་བརྗོད་པ་དེ་ལ་འཇུག་ཅིང་དེ་དང་ལྡན་པར་ཉེ་བར་བརྟགས་པ་ཡིན་ནོ། །གང་ཞིག་གང་ལ་ཉེ་བར་བརྟགས་པའི་དོན་དེ་ནི་ཡང་དག་པའི་དོན་མ་ཡིན་ནོ་ཞེས་བརྗོད་དོ། །འདྲ་བ་ཡང༌། མི་སྲིད་ཕྱིར། དེ་དང་ལྡན་པ་ཡང་ཡོན་ཏན་གྱིས་འདྲ་བ་ལ་ཡང་ཤེས་པ་འཕོ་བའི་འདྲ་བ་ཡང་མི་སྲིད་ལ། ཡོན་ཏན་གྱིས་ཕན་བཏགས་པའི་འདྲ་བ་ཡང་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཤས་པ་འཕོ་བ་མི་སྲིད་ཅེ་ན། ཉེ་བར་བཏགས་པ་ནི། འཕངས་ལ་རྒྱལ་པོར་བཏགས་པ་བཞིན། །བློ་ཡི་ཚུལ་ལ་ཐ་དད་ཕྱིར་རོ། །དཔེར་ན་གང་མི་དེ་ནི་ང་རང་ངོ་ཞེས་བྲན་ལ་རང་གི་སྒྲར་བརྗོད་པ་ནི་རྒྱལ་པོ་དང་བྲན་པོ་ལ་བློ་མཚུངས་པར་སྐྱེ་བ་ནི་མ་ཡིན་ནོ། །རིགས་ཀྱི་སྒྲ་དེ་དང་ལྡན་པ་ལ་ཉེ་བར་བཏགས་པ་ཡང༌། རིམ་གྱིས་རྗོད་པར་བྱེད་པ་ནི། །ཀུན་ད་དུང་སོགས་དཀར་པོ་བཞིན། །གང་ལ་ཤེས་པ་མཚུངས་པ་ཉིད་ལ་ནི་རིམ་གྱིས་བརྗོད་པར་མཐོང་སྟེ། དཔེར་ན་མེ་ཏོག་ཀུན་ད་དང་མེ་ཏོག་ཀུ་མུ་ཏ་དང༌། དུང་གི་དཀར་པོའོ་ཞེས་བྱ་བ་བཞིན་ནོ། །ཅིག་ཅར་བ་ཡང་རིགས་དེ་དང་


DTG174_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ལྟ་བུ་སྟེ། ཤེས་པ་འཕོ་བའི་དྲན་པ་ནི་ཡོད་པ་མ་ཡིན་ནོ། །ཡོན་ཏན་གྱིས་ཕན་བཏགས་དངོས་ལ། །བློ་མེད་པར་ཡང་འཇུག་པར་འགྱུར། །གལ་ཏེ་ཤེས་བཞིན་དུ་ཡོན་ཏན་གྱིས་ཕན་བཏགས་པ་ལས་ཡོན་ཏན་གྱི་དངོས་པོ་དེ་དང་ལྡན་པར་འགྱུར་བ་ཉིད་ཡིན་ན་ནི་རྫས་ལ་འཇུག་པའི་བློ་ཡོན་ཏན་ལ་འཇུག་པའི་བློ་ལ་མི་ལྟོས་པར་འགྱུར་རོ། །ཤེལ་དམར་པོའི་བློའི་དངོས་པོ་ནི་རྟེན་ལ་ལྟོས་པ་མ་ཡིན་ཏེ། རྣམ་པར་མ་སྦྱངས་པ་རྣམས་ལ་ཐ་དད་པའི་བློ་མེད་པའི་ཕྱིར་རོ། །གཞན་ཡང༌། འདྲེས་པའི་ཚུལ་ནས་ཐམས་ཅད་དུ། །ལོག་པའི་ཤེས་པར་ཐལ་བར་འགྱུར། །སྒྲ་དང་ཤེས་པ་ཐམས་ཅད་དོན་དང་འདྲེས་པའི་ཚུལ་ནས་ནི་རྣམ་པར་བསླད་པ་སྟེ། དེའི་ཕྱིར་ཤེལ་བཞིན་དུ་ཤེས་པ་ཐམས་ཅད་དོན་ཇི་ལྟ་བ་མ་ཡིན་པར་འགྱུར་རོ། །གཞན་ཡང༌། སྤྱི་སོགས་མང་པོ་ཉིད་དང་ནི། །ཅིག་ཅར་འཛིན་པ་རྣམས་ལ་ཡང༌། །ཕན་འདོགས་པ་ནི་འགལ་བར་འགྱུར། །གང་ཡང་མང་པོ་འཛིན་པར་འགྱུར་བ་ནི་དཀར་པོ་ལ་སོགས་པ་ནི་ཡོན་ཏན་ལྟ་བུ་སྟེ། དཔེར་ན་བུམ་པ་དང༌། ས་ལས་བྱུང་བ་དང༌། རྫས་དང༌། ཁ་བ་དང༌། མངར་བ་དང༌། དྲི་ཞིམ་པ་ཞེས་བྱ་བ་ལ་སོགས་པ་དེའི་ཚེ་ཡོན་ཏན་གྱིས་ཕན་འདོགས་པ་འགལ་བར་འགྱུར་རོ། །དེའི་ཚེ་ཡོན་ཏན་གྱི་ཚུལ་ནས་རྫས་དང་གཅིག་འགྱུར་བར་ནི་ནུས་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཡུལ་གཅིག་པ་རྣམས་ལ་ཡོན་ཏན་གྱི་ཚུལ་ནས་ཉམས་སུ་མྱོང་བར་ཡང་ནུས་པ་མ་ཡིན་ནོ། །ལན་ཅིག་ཏུ་བུམ་པ་ལ་སོགས་པའི་དངོས་པོ་རྟོགས་སོ་ཞེས་པ་དེ་ལ། གཟི་ཡ་ཁྲ་བོ་ཐམས་ཅད་མཐོང༌། །ཅི་སྟེ་ཐམས་ཅད་བུམ་པ་ཡིན་པའི་ཕྱིར་ཞེས་པས་ནི་ཅིག་ཅར་དུ་དུས་གཅིག་སོ་སོར་ཕན་འདོགས་པར་བྱེད་པར་འགྱུར་ན་བུམ་པ་ལ་སོགས་པའི་དངོས་པོ་ལ་ནི་གཟུང་བ་མེད་པའི་ཕྱིར་རོ། །གཟིའི་ཁྲ་བོ་ཐམས་ཅད་མཐོང་བ་ནི་དངོས་པོ་ཐམས་ཅད་ནི་ཅིག་ཅར་དུ་ཐོབ་པ་ཡིན་ནོ། །དེ་དག་ཐ་དད་རྣམས་ལ་ཡང༌། །དེ་དང་ལྡན་པའི་སྐྱོན་དེ་མཚུངས། །རིགས་རང་ངོ་བོའམ་དེ་ལྡན་གྱི། །ངོ་བོ་གང་ལས་སྦྱོར་མི་བྱ། །ཐ་དད་པའི་ངོ་བོ་ལ་ཡང་གདོན་མི་ཟ་བར་བརྗོད་པ་ཡིན་ཏེ། རིགས་ཀྱི་ངོ་བོ་ཐ་དད་དུ་བརྗོད་པར་བྱ་བ་དང༌། དངོས་ཀྱི་རིགས་དག་


DTG174_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐ་དད་པ་རྣམས་ལ་ཉེ་བར་བཏགས་པའི་ཞེས་དེ་དང་ལྡན་པ་ལ་བརྗོད་པ་བཞིན་དུ་སྐྱོན་ཐམས་ཅད་བརྗོད་པར་བྱའོ། །བརྗོད་པར་བྱ་བའི་རིགས་དག་ལ་ཡང་སྒྲའི་རང་གི་ངོ་བོ་སྒྲོ་བཏགས་ནས་རྫས་སུ་བརྗོད་པ་ཡིན་ནོ་ཞེས་སྲིད་པས་རིགས་དང་ལྡན་པ་དང་རིགས་ཀྱི་ངོ་བོ་ཡོད་པ་ལ་སོགས་པས་བརྗོད་པ་ཡིན་ནོ། །འདིར་ཡང་སྐྱོན་ཇི་ལྟར་སྲིད་པ་ལྟར་བརྗོད་པར་བྱའོ། །དེ་ལྡན་ཐ་དད་ཉིད་བརྗོད་ན། །དེ་ཡང་སྔར་ཉིད་བསལ་ཟིན་ཏོ། །རིགས་ཀྱི་སྒྲ་རུའོ། །བསལ་ཞེས་པ་ནི། སྔར་ཐ་དད་རྣམས་ཀྱི་རིགས་སྒྲ་མེད་རྗོད་པར་བྱེད་ཅེས་དེ་དང་རིགས་དང་ལྡན་པ་ལ་ཡང་བརྗོད་པ་ཡིན་ནོ། །ཅི་སྟེ་ཡང་རིགས་ནི་རིགས་དང་ལྡན་པ་ཙམ་གྱིས་རྗོད་པར་བྱེད་པ་ཡིན་གྱི་ཐ་དད་པའི་ངོ་བོར་ནི་མ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། གལ་ཏེ་དེ་ལྟ་ན། དེ་ལྡན་ཙམ་ཡང་འབྲེལ་པའམ། །ཡོད་པ་ཡིན་ཞེས་རྣམ་པར་དཔྱད། །དེ་ལྡན་ཙམ་ཞེས་པ་ལ་དེ་དང་ལྡན་པ་ཡང་དངོས་པོའི་རྐྱེན་ནམ་འབྲེལ་པའི་ཡོན་ཏན་དུ་འགྱུར་རོ། །ཇི་ལྟར་དུ་བརྗོད་པའི་བསྡུ་བ་དང༌། བྱེད་པ་དང༌། དེ་ལ་ཕན་པ་རྣམས་ལ་འབྲེལ་པར་མངོན་པར་བརྗོད་དེ། གཞན་ལ་གྲགས་པའི་ཐ་དད་པའི་དངོས་པོ་འཁྲུལ་པ་མེད་པར་འབྲེལ་པ་དག་ལས་སོ། །ཞེས་པ་དེ་ལ་ཡང༌། རིགས་སམ་ལྡན་སྒྲས་ཐ་དད་ཀྱི། །དོན་ལ་སོ་སོར་རྗོད་བྱེད་མིན། །ཞེས་བརྗོད་ཟིན་ཏོ། །བུམ་པ་སོགས་ཀྱི་དེ་ལྡན་དོན། །སྣམ་བུ་སོགས་པ་འཇུག་མིན་ན། །སྤྱི་ཡི་དོན་དེ་ཇི་ལྟ་བུ། །དུ་མ་ལ་འཇུག་པའི་སྤྱི་དེ་ཡང་གང་སྤྱི་དང་ལྡན་པའི་བུམ་པ་ལ་སོགས་པ་ལ་སྣམ་བུ་ལ་སོགས་པ་འཇུག་པ་ཡིན་ནམ། དེ་དག་གི་སྤྱི་དེ་ཇི་ལྟ་བུ་ཞིག་ཅེས་སྦྱར་བར་བྱའོ། །ཅི་སྟེ་སྤྱི་དང་ལྡན་པ་བརྗོད་དོ་ཞེ་ན། དེའི་སྤྱི་ཉིད་དུ་སྒྲོ་བཏགས་པའི་དོན་ཅི་ཡིན། འདི་ལྟར་ཡོད་པའི་སྒྲ་ནི་སྤྱི་བརྗོད་པའི་ཚིག་གོ་ཞེས་དམ་བཅའ་བ་ལ་ཡོད་པ་ལ་སོགས་པ་ལ་ཡང་ཡོད་པ་ལ་སོགས་པ་མེད་པའི་ཕྱིར་དེ་ལ་འཇུག་པས་ནི་བརྗོད་པར་མི་བྱའོ། །དེའི་ཕྱིར་གདོན་མི་ཟ་བར་སྤྱིའི་དོན་ཁས་བླང་བར་བྱ་ན། དེ་ཡང་དོན་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར། སྒྲ་དོན་འབའ་ཞིག་པ་དང་མཚུངས། །དེ་དང་ལྡན་པའི་བུམ་པ་ལ་སོགས་པ་ནི་ཡོད་པའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དེ་དང་ལྡན་པ་ཡོད་པ་དང་སྦྱོར་བ་ནི་སྔར་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །དེ་ཡང་


DTG174_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་མེད་པར་འདོད། །སྒྲ་ཐ་དད་རྣམས་ལ་ནི་ཐ་མི་དད་ཀྱི་རྒྱུ་མཚན་གཞན་མ་མཐོང་ངོ༌། །དེའི་ཕྱིར་དེ་ཡང་སྤྱི་རུ་སྦྱར་བར་མི་བྱའོ། །དེ་ལྟ་བས་ན་ཁྱད་པར་དུ་བྱ་བ་དག་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡོད་པའི་སྒྲ་ལས་ཡོན་ཏན་ཡོད་པ་ལས་གཞན་མ་ཡིན་པའི་རྫས་ལ་འཇུག་པ་ནི་ཤིན་ཏུ་སྔོ་བ་ལ་སོགས་པ་བཞིན་དུ་བུམ་པ་ལ་སོགས་པ་ལ་ཡང་འདོད་པ་ཡིན་ལ་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བར་འགྱུར་རོ་ཞེ་ན། གལ་ཏེ་གཅིག་ལའང་སྔོ་སོགས་བཞིན། །འབྲེལ་པའི་ཡོན་ཏན་དུ་འགྱུར་རོ། །དེ་ལྟའང་མ་ཡིན། སྔོན་པོའི་སྒྲ་ནི་ཤིན་ཏུ་སྔོ་བ་ལ་སོགས་པ་མེད་པར་གཞན་གྱིས་ད་དང་ལྡན་པར་འཐད་པ་མ་ཡིན་ནོ། །སྔོན་པོ་ཉིད་དང་འབྲེལ་པ་ནི་སྒྲའི་དོན་མ་ཡིན་ནོ་ཞེས་བརྗོད་དོ། །གཞན་ཡང་སྤྱི་དེ་ཁས་བླངས་ཀྱང༌། །རིགས་ལ་རིགས་མེད་པས་དེ་མིན། །ཁས་བླངས་སུ་ཟིན་ཡང་སྔོན་པོ་ལ་སོགས་པ་ལ་སྔོན་པོའི་སྤྱི་ཇི་ལྟར་རྣམ་པ་གསུམ་དུ་ཕྱེ་བའི་སྔོན་པོའི་ཡོན་ཏན་དག་ལ་རིགས་ཡོད་པ་མ་ཡིན་ནོ། །གང་བུམ་པ་ཉིད་ལ་སོགས་པའི་རིགས་དང་ལྡན་པ་དེའི་ཁྱད་པར་ཉེ་བར་བླངས་པའི་ཕྱིར་རྫས་ལ་འཇུག་པའི་བུམ་པ་ཉིད་ལ་སོགས་པའི་ཁྱད་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདི་ཡང་བརྟག་པར་མི་བྱའོ། །དེ་ལྟ་ན་ནི་སྒྲར་བརྗོད་པར་བྱ་བ་མ་ཡིན་ཡང་དོན་གྱིས་འཕངས་པའི་བུམ་པ་ལ་སོགས་པ་ལ་ཁྱད་པར་འདོད་པར་འགྱུར་བ་ཡིན་ནོ། །བུམ་པ་ལ་སོགས་པའི་དེ་དང་ལྡན་པའི་དོན་ནི་གདོན་མི་ཟ་བར་ཅུང་ཞིག་ཀྱང་འབྲེལ་པ་མ་ཡིན་ནོ། །དོན་གྱིས་འཕངས་པའང་མ་ངེས་པའོ། །དོན་གྱིས་འཕངས་པ་ཞེས་བྱ་བ་ནི། གང་ལ་དོན་གྱི་ཤུགས་ཀྱིས་ངེས་པར་སྐྱེད་པ་སྟེ། དཔེར་ན་ཉིན་པར་མི་ཟའོ་ཞེས་པ་ལས་ནུབ་མོ་ཟ་བར་ངེས་པ་ལྟ་བུའོ། །འདིར་ནི་ཡོད་ཅེས་བརྗོད་པས་བུམ་པ་ལ་སོགས་པ་ལ་མ་ངེས་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་པས་དོན་གྱིས་འཕངས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རིགས་ཀྱི་སྒྲ་ཐ་དད་འབྲེལ་པའི་སྤྱི་རིགས་དང་ལྡན་པའི་རྗོད་པར་བྱེད་པ་ལན་འགའ་ཡང་སྦྱར་བར་མི་བྱའོ། །དེས་ན་སྒྲ་ལའང་གཞན་སེལ་བྱས། །དེའི་ཕྱིར་སྔར་བརྗོད་པ་ལྟར་བྱས་པ་ལ་སོགས་པ་བཞིན་དུ་སྒྲ་ཡང་གཞན་སེལ་བའི་སྒོ་ནས་རང་གི་དོན་སྟོན་པར་བྱེད་དོ་ཞེས་གནས་སོ། །ཡང་བརྗོད་


DTG174_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ། བརྗོད་པར་བྱ་བ་མང་མོད་ཀྱང༌། །སྒྲ་ཡིས་རྣམ་ཀུན་རྟོག་མ་ཡིན། །རང་དང་རྗེས་སུ་འབྲེལ་པའི་དོན། །རྣམ་གཅོད་ངག་གི་འབྲས་བུ་ཡིན། །སྒྲས་ཀྱང་ཆོས་གང་དུ་མ་ཡི། །དོན་ལ་འཇུག་པ་མ་ཡིན་གྱི། །སྦྱར་བྱ་དེ་ཉིད་ལ་དེ་སྒྲའི། །ཡོན་ཏན་ཉིད་སོགས་ཀྱིས་མ་ཡིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །གལ་ཏེ་གཞན་སེལ་བ་ཙམ་སྒྲའི་དོན་ཡིན་ན་ཇི་ལྟར་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་ལ་གཞི་མཐུན་པ་དང༌། ཁྱད་པར་དུ་བྱེད་པ་དང༌། ཁྱད་པར་དུ་བྱ་བའི་དངོས་པོར་ཇི་ལྟར་ན་འགྱུར། ཇི་ལྟར་མི་འགྱུར། ཇི་ལྟར་སྤྱི་ཐ་དད་པ་ནི་ཁྱད་པར་གྱི་སྒྲ་རྣམས་ཀྱི་གཞན་སེལ་བ་ཡིན་པས་ནའོ་ཞེ་ན། ཉེས་པ་དེ་དག་ནི་ཡོད་པ་མ་ཡིན་ཏེ། སེལ་བ་ཐ་དད་དོན་ཕྱེའི་ཕྱིར། །རང་དོན་ཐ་དད་རྟོགས་ལ་རྨོངས། །གཅིག་ལ་ཐ་དད་འབྲས་མེད་ཕྱིར། །ཁྱད་པར་བྱེད་དང་ཁྱད་པར་བྱ། །ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་ལ་བརྟེན་ན་ཡང་གཞན་སེལ་བའི་དབྱེ་བས་རང་གི་དོན་གྱི་ཁྱད་པར་བསལ་བར་བྱ་བའི་ཕྱིར་འགྲེང་བ་དང་བྱ་བབས་པ་དག་བཞིན་དུ་གཞན་སེལ་བའི་རང་གི་དོན་གཅིག་ལ་བསྡུས་ནས་གཞི་མཐུན་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་སོ་སོ་བ་དེ་དག་རང་རང་གི་བྱེ་བྲག་ལ་ཐེ་ཚོམ་གྱི་རྒྱུ་ཅན་དུ་འདུག་པ་རྣམས་སྒྲ་གཞན་དང་ལྡན་བས་བསལ་བར་བྱེད་པ་མིན་པའི་ཕྱིར་དང༌། དེ་ལྟ་བུ་སྲིད་པའི་ཡང་ཕྱིར་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བར་འགྱུར་བ་ཡིན་ཏེ། འདི་ལྟར་གཞི་གཅིག་ལ་དེ་སྔོན་པོ་ཡང་མ་ཡིན་ལ། ཨུཏྤལ་ཡང་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ན་དེ་སྔོན་པོ་ཡང་ཡིན། ཨུཏྤལ་ཡང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དེ་ནི་སྔོན་པོ་རྐྱང་པ་ཡིན། ཨུཏྤལ་རྐྱང་པའང་མ་ཡིན་ཏེ། བསྡུས་པ་བརྗོད་བྱ་ཡིན་ཕྱིར་རོ། །སྔོན་པོ་དང་ཨུཏྤལའི་སྒྲ་དག་ལས་ནི་དེ་མཐའ་དག་ལ་སྦྱར་བར་བྱ་བའི་ཁ་ཡར་བ་དག་ལ་ནི་མ་ཡིན་ཏེ། ཁ་ཡར་བ་ནི། ཁ་དོག་བཞིན་དུ་དོན་མི་འགྱུར། །ཇི་ལྟར་ནིའི་སྒྲ་དང༌། ལའི་སྒྲ་དག་ནི་ཡོད་དུ་ཟིན་ཀྱང་ནི་ལ་བརྗོད་པ་ལ་དོན་མེད་པ་དེ་བཞིན་དུ་འདི་ལ་ཡང་ངོ༌། །གལ་ཏེ་ཁ་དོག་བརྗོད་པ་ལ་ནི་དང་ལ་ཡིས་ཅུང་ཞིག་ཀྱང་དོན་གྱི་རྟོག་པ་མི་བསྐྱེད་དོ་ཞེས་པ་ནི་བརྒལ་ཞིང་བརྟག་པ་སྤང་བ་སྟེ། ཁ་དོག་གི་དོན་ཅུང་ཟད་ཀྱང༌། །མིན་ནའང་ཚིག་གཉིས་ལ་དེ་ཡིས། །


DTG174_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་རྟོགས་ན་དེ་ལ་ཡང༌། །ཡན་གར་བ་དེ་རྟོགས་པ་ཡིན། །ཇི་ལྟར་ནིའི་སྒྲ་དང་ལའི་སྒྲ་དག་ནི་ལའི་སྒྲས་སྟོང་པ་དེ་བཞིན་དུ་ཨུཏྤལ་དང་སྔོན་པོའི་སྒྲ་དག་ཀྱང་འདུས་པའི་སྒྲས་སྟོང་སྟེ། ཇི་སྐད་དུ་ནི་དང་ལའི་སྒྲ་ཅུང་ཟད་ཀྱང་དོན་གྱི་རྟོག་པ་མི་བསྐྱེད་དོ་ཞེས་པ་བཞིན་ནོ་ཞེ་ན། དེ་ལ་ཡང་རིགས་སྔོན་པོ་ནི་སྒྲའི་བརྗོད་བྱའོ་ཞེས་ཡན་གར་བ་རྟོགས་པར་བྱ་སྟེ། ཡོན་ཏན་དེའི་བརྗོད་བྱ་དང་ལྡན་པ་ཡིན་ན་ནི་རྫས་ལྡན་པའི་ལྡན་པ་ཡང་ཡིན་པས་ཁ་དོག་དོན་གྱིས་སྟོང་པ་ཉིད་བཞིན་དུ་འདུས་པ་ལ་ཡང་ཐ་སྙད་དེ་གོ་བར་བྱ་བ་ཡིན་ནོ། །སྒྲ་ཐ་དད་ཀྱི་བརྗོད་པ་ཡིན་ན་ནི་དོན་གྱི་ཤུགས་ཀྱིས་དོན་ཐ་དད་དོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་གཞན་སེལ་བའི་སྒྲའི་དོན་ལ་གཞི་མཐུན་པ་དང༌། ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་དག་འཐད་པ་ཡིན་ནོ། །དོན་གཞན་ལ་ནི་སྒྲའི་དོན་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཡན་ལག་དང་ཡན་ལག་ཅན་གྱི་དོན་དག་རྟེན་དེ་ལས་ཐ་དད་པའམ། ཐ་མི་དད་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་རེ་ཞིག་ཐ་མི་དད་པ་ནི་མ་ཡིན་ཏེ། འདི་ལྟར། ཕན་ཚུན་གཅིག་པར་ཐལ་འགྱུར་ཕྱིར། །འདུས་པ་གཅིག་ཉིད་ཡོད་མ་ཡིན། །གལ་ཏེ་འདུས་པ་གཅིག་ཡིན་ན་ནི་དེ་ལྟར་ན་ཨུཏྤལ་དང་སྔོན་པོའི་དོན་དག་གཞན་མ་ཡིན་ནོ། །དོན་གཅིག་ལས་གཞན་མ་ཡིན་པའི་ཕྱིར་དེ་དག་ཀྱང་ཕན་ཚུན་ཐ་མི་དད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང༌། འདུས་པ་དུ་མར་ཐལ་བར་འགྱུར། །འདུས་པ་ནི་དུ་མ་ལས་གཞན་མ་ཡིན་པའི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་བ་ཡིན་ནོ། །འདིའི་ཕྱིར་ཡང་ཡོད་པ་མ་ཡིན་ཏེ། ཡོད་པ་ཉིད་དུ་ཁས་བླངས་སུ་ཟིན་ཀྱང་འདུས་པ་དང༌། ཨུཏྤལ་སྔོན་པོའི་དོན་དག་ལ་གཞི་མཐུན་པ་མི་སྲིད་དེ། འདི་ལྟར། གཅིག་ལ་འཇུག་པ་དག་ལ་ནི། །སྒྲ་དག་རང་དོན་སྤོང་མ་ཡིན། གང་ཡན་གར་བ་དག་སྔོན་པོ་དང༌། ཨུཏྤལའི་སྒྲ་དག་གི་དོན་ཡིན་ན་ནི་རང་དང་འདུས་པ་དག་ལ་ཡང་དེ་དག་ནི་དེ་ཉིད་དོ་ཞེས་གང་ལས་གཞི་མཐུན་པར་འགྱུར། གལ་ཏེ་ཉེས་པ་དེ་དག་ནི་མེད་དེ། སྤྱིའི་ཁོངས་སུ་བྱེ་བྲག་འདུས་པའི་ཕྱིར་དོན་གྱི་བྱེ་བྲག་དེ་གཉིས་ཀ་ཡང་ངོ་བོ་མཚུངས་པ་དག་ནི་སྤྱིའི་དོན་ལས་ཡིན་པས་དོན་གྱི་བྱེ་བྲག་དང་ལྡན་པ་ཤེས་པར་བྱ་བའི་ཕྱིར་གཉིས་ཀའི་སྒྲའི་སྦྱོར་བ་ཡིན་


DTG174_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལྟར་ན་གཉིས་ཀ་ཡང་གཞི་མཐུན་པར་འགྱུར་བ་ཡིན་ཏེ། འདུས་པའི་དོན་དང་ལྡན་པ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་རེ་ཞིག་སྔོན་པོའི་སྒྲས་ཐ་མི་དད་དུ་བརྗོད་ཀྱི། རིགས་ནི་མ་ཡིན་པས་རྫས་དང་རིགས་སྔོན་པོའི་སྒྲའི་སྤྱིས་བརྗོད་པ་ནི་མ་ཡིན་ན་གང་ལས་བྱེ་བྲག་དང་རྫས་དང་རིགས་ཀྱི་ཁོངས་སུ་འདུས་པར་བརྟག །གལ་ཏེ་རྫས་སྔོན་པོ་བཞིན་དུ་སྤྱིས་བརྗོད་དོ་ཞེ་ན། བྱེ་བྲག་དེ་ནི་ཡོད་དུ་ཆུག་ན་ལ་བ་དང་ཨུཏྤལ་དག་ཀྱང་ཁོངས་སུ་འདུས་པར་འགྱུར་རོ། །དེ་ལྟར་དུ་འགྱུར་བར་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔར་བརྗོད་ཕྱིར། དེང་ལྡན་པར་བརྗོད་པ་ལ་ནི་སྔར་ཉིད་དུ། །རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་བྱ་བ་ལ་སོགས་པས་མ་གྲུབ་པར་བརྗོད་དོ། །གང་ཇི་སྐད་དུ། སྤྱིའི་ཁོངས་སུ་བྱེ་བྲག་འདུས་པའི་ཕྱིར་རོ་ཞེས་བརྗོད་པ་དེ་ཡང་རིགས་པ་མ་ཡིན་ཏེ། གང་ལས་ཤེ་ན། ཐེ་ཚོམ་ཟ་ཕྱིར། སྤྱིའི་སྒྲ་ལས་བྱེ་བྲག་གི་སྒྲ་རྣམས་ལ་ཐེ་ཚོམ་ཟ་བར་མཐོང་ན་ནི་གང་ལས་ཐེ་ཚོམ་ཟ་བ་དེས་བརྗོད་པར་རིགས་པ་མ་ཡིན་ནོ། །འགྱུར་དུ་ཆུག་ན་ཡང་དོན་གྱི་བྱེ་བྲག་གི་སྒྲ་ལས་ཡིན་ཏེ། སྤྱི་རྟོགས་པ་ལ་ནི་འཁྲུལ་བའི་ཕྱིར་གང་ཡང་འདི་སྐད་དུ་བྱེ་བྲག་གི་ཁོངས་སུ་སྤྱི་འདུས་པའི་ཞེས་བརྗོད་པར་བྱ་གྲང་ན་དེ་ལྟར་བརྗོད་པར་བྱ་བ་ལས་བརྗོད་པར་བྱ་བ་ཡང་མ་ཡིན་ནོ། །འདི་ལྟར། གཞན་སེལ་མིན། འདི་ལྟར་སྔོན་པོའི་སྒྲ་དང་མེ་ཏོག་ཀུནྡ་ལ་སོགས་པ་བཞིན་སྔོན་པོ་ལ་སོགས་པ་གཞན་སེལ་བ་མ་ཡིན་ནོ། །དེའི་ཕྱིར་ཁོངས་སུ་འདུས་པ་ཞེས་བརྗོད་པར་བྱའོ། །ཁས་བླངས་ཀྱང་བརྗོད་པར་བྱ་བ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །གལ་ཏེ་གཉིས་ཀ་ཡང་བྱེ་བྲག་གི་དོན་དུ་ཡིན་ན་ནི་རྣམ་གྲངས་པའི་སྒྲར་འགྱུར་ཏེ། གཅིག་ལས་རྣམ་གྲངས་སུ་འགྱུར་བས་མཐོང་བ་ཡིན་ནོ། །རྣམ་གྲངས་ཀྱི་སྒྲ་ནི་མ་རྟོགས་པ་དང༌། དོན་དུ་མ་ལ་ཡིན་གྱི་སྔར་གྱི་དོན་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་རྣམ་གྲངས་གཞན་སྦྱོར་བ་ཡིན་ནོ། །དེ་ལྟར་ན་ནི་རྣམ་གྲངས་ཀྱི་སྒྲ་རྣམས་ཀྱི་སྒྲ་ཉིད་དེ། གང་རྣམ་གྲངས་ཀྱི་སྒྲ་དེས་དོན་དེ་བརྗོད་པ་ཡིན་གྱི་ཅིག་ཅར་བ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་སྔོན་པོའི་སྒྲ་ཉིད་ཀྱིས་ཨུཏྤལའི་དོན་རྟོགས་པས་ན་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་དག་ཡོད་པ་མ་ཡིན་ནོ། །དེ་དག་ནི་རེ་ཞིག་ཐ་མི་དད་


DTG174_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ལ་སྐྱོན་བརྗོད་པའོ། །ཇི་ལྟར་ཐ་མི་དད་པ་ལ་བརྗོད་པ་དེ་བཞིན་དུ་ཐ་དད་པ་ལ་ཡང་སྟེ། ཐ་དད་པས་ཀྱང་འདུས་པ་རྣམས་ལས་འདུས་པ་གཞན་ཉིད་གཅིག་བསྒྲུབ་པར་བྱ་བ་དེ་ལ་དེའི་དེ་དག་རྣམས་ལའམ། དེ་དག་རྣམས་ཀྱི་ཡོད་པ་མ་ཡིན་ནོ། །མ་ལུས་པར་ཕྱོགས་གཅིག་ནས་འཇུག་པ་ཡང་མི་སྲིད་དོ། །ཁས་བླངས་ཀྱང༌། ཐ་དད་ན་ཡང་གཉིས་ཀ་མེད། །དེ་ལ་ཡང་གཞི་མཐུན་ཡོད་པ་མ་ཡིན་ལ། ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་དོན་དག་གམ། སྒྲ་དག་གཅིག་ཏུ་འགྱུར་གྲང༌། དོན་དུ་འགྱུར་བ་ལྟར་ན་ཡང་ཡོན་ཏན་དང་རྫས་དག་གམ། དེ་དང་ལྡན་པར་འགྱུར་གྲང༌། དེ་བཞིན་དུ་སྒྲ་ལས་ཡང་ཡོན་ཏན་དང་རྫས་དག་གམ། དེ་དང་ལྡན་པར་འགྱུར་གྲང་ངོ་ཞེས་བརྟག་ཅིང་དཔྱད་པར་བྱའོ། །དེ་ལ། དོན་གྱིས་རྫས་དང་ཡོན་ཏན་དག །གལ་ཏེ་དོན་གཅིག་ལ་འཇུག་ན། །སྤྱི་དང་བྱེ་བྲག་གཉིས་ཡོད་མིན། །གལ་ཏེ་ཡོན་ཏན་སྔོན་པོ་དང་སྔོན་པོ་ཨུཏྤལའི་རིགས་དག་རྫས་གཅིག་ལ་འཇུག་པའི་ཕྱིར་གཞི་མཐུན་པ་དང་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་དག་ཡོད་པ་མ་ཡིན་ནོ། །ཡོན་ཏན་སྔོན་པོ་ཨུཏྤལའི་རིགས་དང་ལྡན་པ་ལ་ཡང་ཡོད་པ་མ་ཡིན་ལ། ཨུཏྤལའི་རིགས་ཡོན་ཏན་སྔོན་པོ་དང་ལྡན་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྡན་གཉིས་དང་ཡོད་མ་ཡིན། །གང་གི་ཚེ་ཡོན་ཏན་སྔོན་པོ་དང༌། ཨུཏྤལའི་རིགས་སྤྱིའི་དོན་ལ་ལྡན་པ་དེའི་ཚེ་གཞི་མཐུན་པ་ཡོད་པ་མ་ཡིན་ནོ། །གཞན་ལ་འཇུག་པའི་རྫས་དག་ལ་ཡང་ཁྱད་པར་དུ་བྱེད་པ་དང་ཁྱད་པར་བྱ་བའི་དངོས་པོའམ་གཉིས་ཀ་གཅིག་པ་དག་ཡོད་པ་མ་ཡིན་ཏེ། སྤྱི་དང་བྱེ་བྲག་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་དོན་ལ་གཉིས་སྲིད་པ་མ་ཡིན་ནོ། །དོན་ལ་གཉིས་ཇི་ལྟ་བ། །དེ་བཞིན་དུ་སྒྲ་རིགས་དང་ནི། །ཡོན་ཏན་ཙམ་ཞིག་བརྗོད་པར་འགྱུར། །ཤིན་ཏུ་ཐ་དད་ན་ནི་རིགས་དང་ཡོན་ཏན་ནི་སྒྲ་བརྗོད་པར་འགྱུར་བ་ཡིན་ན་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་དག་གི་གཞི་མཐུན་པ་ལ་ཡང་འབྲེལ་པ་མ་བརྗོད་པའི་ཕྱིར་རོ། །དེའི་སྒྲ་དག་ལ་ཡང་ཁྱད་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རིགས་དང་ཡོན་ཏན་ཙམ་བརྗོད་པ་ཉིད་ཡིན་ནོ། །དེ་ལྡན་བརྗོད་པ་ཉིད་ལ་ནི། །མཚུངས་མི་མཚུངས་སུ་ཐལ་བར་འགྱུར། །གལ་ཏེ་རིགས་དང་


DTG174_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་སྒྲ་དག་རྫས་ཀྱི་ཁྱད་པར་གཅིག་ལ་བརྗོད་པ་དེའི་ཕྱིར་རྟེན་མཚུངས་པར་འགྱུར་རོ། །གང་གི་ཕྱིར་ཁྱད་པར་དུ་བྱེད་པ་ཐ་དད་པའི་རྫས་བརྗོད་པ་དེའི་ཕྱིར་མི་མཚུངས་པར་འགྱུར་རོ། །དེའི་ཕྱིར་ངེས་པ་མེད་པ་ལ་གཞི་མཐུན་པ་མེད་དོ། །གལ་ཏེ། མཚུངས་ཕྱིར་བརྗོད་པར་མི་འདོད་ཅེས། །གལ་ཏེ་འདི་སྙམ་དུ་རེ་ཞིག་ཉེ་བར་བླངས་པའི་གཞི་མཐུན་པར་མཚུངས་པར་འགྱུར་བས་བརྗོད་པར་མི་འདོད་པ་ནི་འབྲེལ་པར་བྱས་པ་ཁྱད་པར་མེད་དོ། །གང་ལ་བློ་མཚུངས་པའི་རྒྱུ་ཡོད་པ་ཉིད་གཞི་མཐུན་པ་ཡིན་པར་བརྗོད་ཀྱི། དེ་ལ་གཞན་མེ་ཏོག་ཁ་ཟུམ་པ་ལ་སོགས་པའི་ཁྱད་པར་ནི་ཡོད་དུ་ཟིན་ཀྱང་བརྗོད་པར་མི་འདོད་དོ་ཞེ་ན། འདི་ནི་མི་ཟད་པར་བརྒལ་བ་སྟེ། གཉི་ག་རྣམ་པར་བསལ་བ་རྗེས་སུ་བཟུང་ན་ནི་ཇི་སྲིད་དུ་དོན་ཡོད་པ་དེ་ལ་སྒྲའི་བྱ་བ་ཡོད་པས་ན་དེ་ཙམ་བརྗོད་པར་འདོད་པར་སྦྱར་བར་བྱའོ། །འབྲེལ་པ་ཅན་དུ་བྱས་པ་ལ་ནི་བརྗོད་པར་འདོད་པའི་ཁྱད་པར་མ་ཡིན་པ་ལ་ཇི་ལྟར་དངོས་པོར་བརྗོད་པར་བྱ། གཞན་ཡང༌། བ་ལང་རྟ་སོགས་ལ་ཡང་མཚུངས། །བ་ལང་དང་རྟ་ལ་སོགས་པ་ཡང་བ་ལང་ཉིད་ཀྱི་ཡོད་པ་ལ་སོགས་པས་འབྲེལ་པར་བྱས་པ་ཁྱད་པར་མེད་པར་འགྱུར་ན། དེ་ལ་ནི་སྤྱི་བརྗོད་པར་མི་འདོད་ལ། དེའི་དངོས་པོར་བརྗོད་པར་བྱ་བ་ཡིན་པས་ན་ཨུཏྤལ་དང་སྔོན་པོ་ལ་སོགས་པ་བཞིན་པ་ལང་དང་རྟ་དག་ཀྱང་གཞི་མཐུན་པར་ཐལ་བར་འགྱུར་བ་ཡིན་ནོ། །གལ་ཏེ། དེར་བྱེ་བྲག་ཏུ་མ་བྱས་ཤེ་ན། གལ་ཏེ་འདི་སྙམ་དུ་བ་ལང་དང་རྟ་ལ་སོགས་པ་ལ་དབྱིབས་ཀྱི་བྱེ་བྲག་ཏུ་བྱས་ཏེ་ཡོད་པར་མ་བརྗོད་དོ། །རང་རང་གི་བསལ་བའི་རིགས་ཀྱི་རྒྱུའི་བྱེ་བྲག་དེར་བྱས་པ་དེ་དག་དེ་བཞིན་དུ་བརྗོད་པ་ཡིན་པར་ཇི་ལྟར་ན་བརྗོད་པར་མི་འདོད། དོན་དེ་ཨུཏྤལ་དང་སྔོན་པོ་བཞིན་ནོ་ཞེས་པ་ཡང་མ་ཡིན་ལ། དེ་བཞིན་དུ་གཞི་མཐུན་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། དུ་མར་བྱས་པ་འདུས་པར་འགྱུར། །དངོས་པོ་གཅིག་ལ་སྤྱི་དུ་མས་གསལ་བར་བྱེད་པའི་ཕྱིར་དབྱིབས་དུ་མ་འདུས་པར་འགྱུར་ན་དེ་ལྟར་ན་ཡང་མ་མཐོང་ངོ༌། །གཞན་ཡང༌། མཚུངས་པ་ནི་བ་ལང་དང་རྟ་ལ་སོགས་པ་ཡང་རྟེན་མཚུངས་པ་དང་མི་མཚུངས་པ་ཉིད་དུ་མ་བརྗོད་པའི་ཕྱིར། བ་ལང་ཉིད་ཀྱི་ཡོད་པ་ཉིད་ལ་སོགས་པ་གསལ་བར་བྱེད་པ་མ་ཡིན་ནོ་ཞེས་དེ་ལ་


DTG174_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཚུངས་པར་བརྗོད་པ་ནི་གཞི་མཐུན་པར་ཐལ་བར་འགྱུར་བ་ཡིན་ནོ། །འདོད་པ་ཡང་མེད། གང་ལ་གཞི་མཐུན་ཡོད་པར་འདོད་པའི་ཨུཏྤལ་དང་རྫས་ལ་སོགས་པ་ཡོད་དོ་ཞེས་པ་དེ་ལ་ཡང་མི་འཐོབ་པར་འགྱུར་རོ། །གལ་ཏེ་སྤྱི་ཐ་དད་པར་གསལ་བར་བྱེད་པ་ཡིན་པའི་ཕྱིར་བ་ལང་དང༌། རྟ་དག་ལ་གཞི་མཐུན་པ་མེད་པ་ཡིན་ན་ནི་དེ་ལྟ་ན་ཨུཏྤལའི་ཡང་ཡོད་པ་དང་རྫས་ལ་སོགས་པ་གསལ་བར་བྱེད་པ་ཉིད་དུ་མཐོང་བ་ཡིན་ནོ། །གཞན་ཡང༌། ཡོན་ཏན་རྫས་དག་གསལ་མི་འགྱུར། །ཡོན་ཏན་དང་རྫས་དག་ནི་དབྱིབས་མ་ཡིན་པའི་ཕྱིར་དེ་དང་འབྲེལ་པའི་སྤྱི་གསལ་བར་བྱེད་པ་མ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་ནུས་པའི་བྱེ་བྲག་གིས་རང་དང་སྤྱིའི་མཚན་ཉིད་གསལ་བར་བྱེད་པའི་ཕྱིར་རྫས་ལ་སོགས་པའི་ཐ་དད་ལ་ནི་དབྱིབས་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དངོས་པོ་ཐ་དད་ལ་ཡང་ནུས་པའི་བྱེ་བྲག་ཁས་བླངས་པའི་ཕྱིར་ཏེ་ཨུཏྤལའི་དངོས་པོ་བཞིན་ནོ། །གལ་ཏེ་གང་དག་སྤྱི་ཐ་དད་པ་མངོན་པར་གསལ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ་ཞེ་ན། དེ་ལ་བ་ལང་ཉིད་དང་རྟ་ཉིད་ལ་སོགས་པའི་བྱེ་བྲག་ཅི་ཞིག་ཡིན་ཞེས་བརྗོད་པར་བྱའོ། །འདི་ལ་ཅི་ཞིག་ཅེས་བརྗོད་པར་བྱའོ། །རེ་ཞིག་བ་ལང་ལ་སོགས་པའི་རྗོད་པར་བྱེད་པའི་སྒྲར་བྱས་པ་དེ་དག་གི་སྒྲ་འདོད་རྒྱལ་བ་ལ་རང་རང་གི་སྒྲས་བརྗོད་པར་བྱ་བ་དེ་དག་ཁྱད་པར་ཡིན་ནོ། །དེ་ལ། ཐ་དད་རྗོད་བྱེད་ཐ་དད་ལས། །ཞེ་ན་རང་ལས་ཁྱད་མེད་སྒྲ། །དེ་ལྟ་ན་ནི་སྤྱི་དང་བྱེ་བྲག་རྣམས་ཀྱི་སྒྲ་ཙམ་ཐ་དད་པ་ནི་དེའི་རང་བཞིན་མ་ཡིན་ནོ། །གལ་ཏེ་ཁྱད་པར་མེད་པའི་དངོས་པོ་ལ་ནི་རྗོད་པར་བྱེད་པའི་སྒྲས་ཐ་དད་དུ་ཉེ་བར་འདོགས་སོ་ཞེ་ན། བརྗོད་པར་མི་བྱ་སྟེ། བྱེ་བྲག་ནི་སྤྱི་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བ་ལང་ལ་སོགས་པ་ཁྱད་པར་མེད་པས་འགྱུར་བས་ནའོ། །གལ་ཏེ་ནག་པ་ལ་སོགས་པའི་བཞིན་རྗོད་པར་བྱེད་པ་ཐ་དད་པས་སོ་ཞེ་ན། མ་ཡིན་ཏེ། དེ་ཉིད་ད་ཕྱད་པར་བྱ་བའི་ཕྱིར་ཏེ། གཅིག་ལ་ཡང་སྒྲའི་རྣམ་གྲངས་དུ་མ་བརྗོད་པར་བྱ་བའི་ཕྱིར་རོ། །འདི་ལ་ཇི་ལྟ་བ་བཞིན་དུ་སྒྲ་དག་རང་ལས་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་འགྱུར་ཏེ། སྒྲ་ལ་ཡང་བ་ལང་ལ་སོགས་པ་དང་རང་ལས་བྱེ་བྲག་ཏུ་གྱུར་པ་ནི་མེད་ཀྱང༌། འོན་ཀྱང་སྤྱི་ལས་བྱེ་བྲག་ཏུ་བྱས་པར་ཟད་ན་དེ་ལ་ནི་དེ་བཞིན་དུ་རྣམ་


DTG174_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟག་གོ །གལ་ཏེ་མངོན་སུམ་ཉིད་བ་ལང་གི་སྒྲ་ལ་སོགས་པའི་བྱེ་བྲག་མ་ཡིན་ནམ་ཞེ་ན། མངོན་སུམ་ལ་བྱེ་བྲག་ཡོད་དུ་ཟིན་ཀྱང་དེ་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། དོན་དང་ལྷན་ཅིག་མ་མཐོང་བའི་ཕྱིར་རོ། །ཤིང་རྟ་ལ་སོགས་པ་རྨོངས་པ་རྣམས་ཀྱི་ཐ་སྙད་ཀྱང་དོན་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་སྤྱི་ལས་སྒྲ་རྣམས་ལ་བྱེ་བྲག་ཏུ་བྱེད་པ་ཡིན་ནོ། །བྱེ་བྲག་པ་རྣམས་ནི་རང་བཞིན་གྱིས་སྤྱི་རྣམས་ཀྱི་བྱེ་བྲག་ཡོད་པ་སྟེ། རང་རང་ལ་བརྟེན་པའི་སྤྱི་གསལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། མགོ་བོ་དང་རྒྱབ་དང་གསུས་པ་དང་ལག་པའོ་ཞེས་བྱ་བའི་བྱེ་བྲག་དེ་དག་ལས་སོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཡང༌། གསལ་བྱེད་གསལ་བ་ཐ་དད་ལ། །ཕན་ཚུན་བརྟེན་པ་འཐོབ་པར་འགྱུར། །ཕན་ཚུན་བརྟེན་པ་ཞེས་བྱ་བ་ནི་བཤད་པ་དེ་དག་འཐོབ་པར་འགྱུར་བ་སྟེ། རྫས་ཀྱི་རང་བཞིན་ཅི་ཞིག་རང་གི་ཅི་གསལ་བར་བྱེད་པ་ཉིད་དོ། །སྤྱིའི་རང་བཞིན་ཅི་ཞིག་རང་གི་རྫས་ཀྱི་གསལ་བར་བྱ་བ་ཉིད་དོ་ཞེས་ནུས་པའོ། །གཞན་ཡང༌། རང་བཞིན་དུ་མ་དང་གཅིག་གི །ཕན་ཚུན་གསལ་བ་མང་པོར་འགྱུར། །གསལ་བ་མང་པོ་ཞེས་བྱ་བ་ནི་མང་པོ་རྣམས་ཀྱི་གསལ་བ་དང༌། མང་པོ་རྣམས་ཀྱི་གསལ་བ་སྟེ། རྫས་ནི་ཡོད་པ་ལ་སོགས་པ་སྤྱི་དུ་མའི་གསལ་བར་བྱེད་པའོ་ཞེས་སྤྱི་གཅིག་གི་རང་བཞིན་དུ་མར་བྱ་བ་དང༌། ས་ལས་བྱུང་བ་ལ་སོགས་པའི་རྫས་དུ་མས་ཡོད་པ་རྣམས་ཀྱི་གསལ་བར་བྱེད་དོ་ཞེས་ཡོད་པ་རྣམས་ཀྱི་རང་བཞིན་དུ་མར་བྱ་བའོ། །འདི་ལ་རྣམ་པ་ཐམས་ཅད་དུ་ཡོན་ཏན་དང་འབྲེལ་པ་ཐ་དད་པའི་ཕྱིར་དང༌། ནུས་པ་ཐ་དད་པའི་ཕྱིར་དང༌། རྗོད་པར་བྱེད་པ་ཐ་དད་པའི་ཕྱིར་གཅིག་ཡིན་ཡང༌། ཁས་བླངས་པའི་བདག་ཉིད་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་བརྗོད་པ། ཡོན་ཏན་ནུས་པ་རྗོད་བྱེད་ཀྱི། །དབྱེ་བས་ཐ་དད་རབ་ཏུ་བརྟག །གཅིག་མང་པོ་དང་འབྲེལ་པའི་ཕྱིར། །དུ་མ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ན་རེ་ཞིག་གཞི་མཐུན་པ་ཉིད་ཡོད་པ་མ་ཡིན་ནོ། །ཁྱད་པར་བྱེད་དང་ཁྱད་པར་དུ། །བྱ་ཉིད་རང་དབང་མིན་སྔར་བརྗོད། །ཇི་ལྟར་དེ་དང་ལྡན་པར་བརྗོད་པ་ལ་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བ་ཉིད་མི་སྲིད་དོ། །དེ་ནི་སྔར་ཉིད་དུ་བརྗོད་ཟིན་ཏོ། །དེ་ལྟ་


DTG174_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དོན་གཞན་སེལ་བའི་སྒྲའི་དོན་ཉིད་ལ་གཞི་མཐུན་པ་དང༌། ཁྱད་པར་བྱེད་པ་དང༌། ཁྱད་པར་བྱ་བའི་དངོས་པོ་འཐད་པ་ཡིན་གྱི་དེ་ལས་གཞན་དུ་མ་ཡིན་ནོ། །དེ་ལ་ཡང༌། གཞན་ཉིད་དུ་མིན་སྤྱི་དང་ནི། །ཐ་དད་རྣམ་གྲངས་བརྗོད་བསྐུལ་ཡིན། །མཚུངས་སུ་ཟིན་ཀྱང་གཞན་ཉིད་དུ་ནི་མ་ཡིན་གྱི་སྤྱི་དང་ཁྱད་པར་དུ་བྱེད་པ་དང༌། ཁྱད་པར་དུ་བྱ་བའི་རྣམ་གྲངས་ཀྱི་སྒྲ་རྣམས་ཀྱི་དོན་ལ་གཞན་སེལ་བའི་སྒྲ་སྟེ། ཅིའི་ཕྱིར་ཞེ་ན། འགལ་བ་མེད་པའི་ཕྱིར་རོ། །རེ་ཞིག་རྣམ་གྲངས་ཀྱི་སྒྲ་ལ་ནི་ཅིག་ཅར་དུ་སྦྱོར་བར་བྱེད་པའི་ཕྱིར་གཞན་སེལ་བར་མཚུངས་པ་ཡིན་གྱི་རང་གི་དོན་སོ་སོར་སྤོང་བ་ནི་རིགས་པ་མ་ཡིན་ནོ། །སྤྱིའི་སྒྲས་ཀྱང་རང་གི་ཐ་དད་པ་རྣམས་ལ་དོན་གཞན་སེལ་བ་ནི། ཐ་དད་ཀྱི་སྒྲ་ཆེད་ཆེར་མི་འཛིན་པ་ཡང་མ་ཡིན་ཏེ། དོན་དུ་གཉེར་བའི་ཕྱིར་རོ། །འདི་ལྟར་ཤིང་ཤ་པ་ནི་པ་ལ་སོགས་པ་མ་ཡིན་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་ཡང་མ་ཡིན་ནོ། །དེ་དག་གིས་ནི་སྤྱི་མ་ཡིན་པ་སྒྲའི་དོན་གཞན་སྤོང་བ་ལ་ལན་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སྤྱིའི་སྒྲ་རང་གི་འདོད་པའི་དོན་གྱི་ཡུལ་ཉེ་བར་འགོད་པར་བྱེད་པ་ན་ཁྱད་པར་དུ་བྱེད་པ་རྣམས། ཁྱད་པར་དུ་བྱ་བའི་སྒྲ་ལ་ཇི་ལྟར་ན་མི་ལྟོས་པ་ཡིན། །དེ་བཞིན་དུ། འགལ་མེད་ཕྱིར་ན། ཚོགས་སྤྱི་ལ་སོགས་པའི་སྒྲའི་དོན་ལ་གཞན་སེལ་བ་སླར་ཡང་མི་རིགས་པ་མ་ཡིན་ནོ། །ཚོགས་པ་ཡང༌། དེ་བཞིན་དོན་གཞན་བརྗོད་པར་བྱེད། །དེ་བཞིན་དུ་སྤྱི་དང་ཁྱད་པར་གྱི་སྒྲ་དག་གི་རང་གི་དོན་ལ་སྤྱི་ལ་འཇུག་པར་བྱེད་པས་ན་གཉིས་སམ་མང་པོ་ཡང་རུང་སྟེ། དེས་ཁྱད་པར་དུ་བྱས་པའི་དོན་གཞན་རྗོད་པར་བྱེད་པ་ཉིད་དུ་འཐད་པ་ཡིན་ཏེ། སྔར་ཇི་སྐད་དུ་བརྗོད་པ་བཞིན་ནོ། །ཡང་བརྗོད་པ། དེ་ཙམ་འདོད་པའི་ཕྱིར་ཐ་དད། །རང་དང་སྤྱི་ཡིས་བར་མ་ཡིན། །མ་བཟུང་ན་ནི་དོན་གཅིག་ལ། འདི་དག་ཐེ་ཚོམ་བསྐྱེད་པར་མཚུངས། །དུས་མ་ཡིན་དུ་ཟིན་ཀྱང་སྤྱི། །བཟུང་ན་ཐ་དད་ཀྱིས་མི་འཁྲུལ། །ཁྱད་པར་བྱེད་དང་ཁྱད་པར་དུ། །བྱ་བ་དེ་དག་ཉིད་མཚུངས་མིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །ཅི་ཡང་རྒྱུ་གང་གིས་ན་ཐ་དད་པའི་སྒྲའི་དོན་གཞན་སེལ་བར་བྱེད་ཅེ་ན། ཐ་དད་ཐ་དད་གཞན་རྣམས་དང༌། །འགལ་བའི་ཕྱིར་ན་སེལ་བར་བྱེད། །ཐ་དད་པའི་དོན་གྱི་སྒྲ་ནི་རང་དང་


DTG174_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་དོན་དབང་དུ་བྱེད་པའི་ཕྱིར་རྒྱལ་པོའི་བུ་བཞིན་ཕན་ཚུན་དུ་འགལ་བ་ཉིད་ཡིན་ནོ། །དེའི་ཕྱིར་དོན་གཞན་གྱིས་བཟོད་པར་མི་ནུས་ཏེ། དཔེར་ན་འདི་ཤིང་ཤ་པ་ཡིན་ནོ་ཞེས། ཤིང་ཤ་པའི་སྒྲ་ཤིང་དང་ལྷན་ཅིག་ཏུ་སྦྱར་བས་སེང་ལྡེང་ལ་སོགས་པའི་ཤིང་རྣམ་པར་སྤྱད་ནས་རང་གི་ཡུལ་དུ་ཉེ་བར་འཇོག་པར་བྱེད་པ་བཞིན་ནོ། །དེ་བཞིན་དུ་ཅིག་ཤོས་ལ་ཡང་སྟེ། དེ་བཞིན་དུ་རེ་ཞིག་ཐ་དད་པའི་སྒྲ་ལ་རྫས་གཅིག་བཏང་སྙོམས་སུ་བྱེད་པའི་ཕྱིར་ཁྱད་པར་དུ་གཞན་གྱི་སྒྲའི་དོན་སེལ་བར་རིགས་པ་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་དང་མ་འབྲེལ་པའི་སྤྱི་གཞན་ཐ་དད་པའི་དོན་ལ་ཅི་ལྟར་སེལ་བར་བྱེད་ཅེ་ན། འདི་ལྟར། སྤྱི་གཞན་ཐ་དད་དོན་རྣམས་ཀྱི། །རང་དང་སྤྱི་དག་འགལ་བ་ཡིན། །ཤིང་གི་སྒྲས་ནི་བུམ་པ་ལ་སོགས་པའི་ས་ལས་བྱུང་བ་དབང་དུ་བྱས་པའི་ཕྱིར་འགལ་བ་ཡིན་ནོ། །དེས་ན་དེས་སྤང་བར་བྱ་བའི་དངོས་པོ་ལ་གྲོགས་པོའི་སྒྲ་བཞིན་རྗེས་སུ་ཡི་རང་བར་བྱེད་དོ། །དོན་ལ་ཡང་དེ་དེས་སྤངས་སོ་ཞེས་ཤེས་པར་བྱའོ། །དེ་དག་གིས་ནི་སྤྱི་གཞན་གྱི་ཐ་དད་པ་རྣམས་དང༌། ཡོན་ཏན་ལ་སོགས་པ་རྣམས་དང༌། དེའི་བྱེ་བྲག་རྣམས་གཟུགས་ལ་སོགས་པ་དང༌། འབྲེལ་པ་ཅན་དང་འབྲེལ་པ་ཅན་མ་ཡིན་པ་ཡང་གྲོགས་པོ་དང་གྲོགས་པོའི་སྒྲ་བཞིན་དང༌། སེལ་བར་བྱེད་པ་དང༌། བཏང་སྙོམས་སུ་བྱེད་པར་རིག་པར་བྱའོ། །དེ་ལ་ཡང༌། དེ་དེའི་དངོས་སུ་བསིལ་བྱིམ་ན་། །ཤིང་ཤ་པའི་སྒྲས་བུམ་པ་ལ་སོགས་པ་དངོས་སུ་སེལ་བར་བྱེད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྱི་ནི་མཚུངས་པ་ཉིད་མ་ཡིན། ། གལ་ཏེ་དངོས་སུ་སེལ་བར་བྱེད་ན་ནི། ཤིང་གི་སྒྲ་དང་དོན་མཚུངས་པར་འགྱུར་རོ། །དེ་བཞིན་ཁྱད་པར་གཞན་རྣམས་ནི། །དེ་ཡིས་སེལ་བར་འགྱུར་མ་ཡིན། །ཇི་ལྟར་ཤིང་གི་སྒྲས་པ་ལ་ཤ་ལ་སོགས་པ་སེལ་བར་མི་བྱེད་པ་དེ་བཞིན་དུ་ཤིང་ཤ་པའི་སྒྲས་ཀྱང་སེལ་བར་མི་བྱེད་དེ། དེས་མཚུངས་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཉེས་པ་མེད་དེ་ཉུང་ངུ་དང་མང་པོར་སེལ་བ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ་ཞེ་ན། དེ་ལྟར་འགྱུར་བར་རིགས་པ་མ་ཡིན་ཏེ། ཇི་ལྟར་ཤིང་དང་ཤིང་ཤ་པའི་སྒྲ་དག་ནི། ཤིང་ཉིད་དང་ཤིང་ཤ་པ་ཉིད་ཀྱིས་བྱེ་བྲག་ཏུ་བྱས་པའི་དངོས་པོ་རྗོད་པར་བྱེད་པའི་ཕྱིར། ཤིན་


DTG174_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཐ་དད་པའི་དོན་རྗོད་པར་བྱེད་དོ། །དེ་བཞིན་དུ་འདི་ལ་ཡང་དོན་མ་འདྲེས་པར་བྱ་བ་འབྱུང་སྟེ། ཉུང་ངུ་དང་མང་པོར་སེལ་བ་ཞེས་པ་ནི་དོན་ལ་ཡང་འགྱུར་རོ། །གལ་ཏེ་ཁྱད་པར་གཞན་གྱི་དོན་སེལ་བར་བྱེད་པ་ཡིན་ན་ནི་གང་འདི་ཡོན་ཏན་དང་ཡོན་ཏན་གཞན་གྱིས་གཞི་མཐུན་པ་སྟེ། རོ་མངར་པ་ལ་སྣུམ་པ་དང༌། བསིལ་བ་དང༌། ལྕི་བ་ཉིད་དོ་ཞེས་པ་དེ་ཇི་ལྟར་ཞེ་ན། འདི་ལ་འཇུག་པའི་ཕྱིར། །གཞི་ཡི་མི་འགལ་བར་བྱས་ཉིད། །རྫས་ཡོད་པ་གྱུར་པ་སྟེ། །ཡོན་ཏན་དང་ནི་ཡོན་ཏན་གཞན། །དེ་རྫས་གཅིག་ལ་འཇུག་པའི་ཕྱིར། །གཞི་ཡི་མི་འགལ་བར་བྱས་ཉིད། །རྫས་ཡོད་པ་ལ་ནི། རོ་མངར་བ་ལ་སྣུམ་པ་ཉིད་ལ་སོགས་པའི་ཡོན་ཏན་ཉེ་བར་འདོགས་པར་བྱེད་དོ། །དོན་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར་ཞེས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །མ་མཐོང་ཕྱིར་ཡང་སེལ་བ་ཡིན། །གང་གི་ཕྱིར་ཐ་དད་ཀྱི་སྒྲ་ཐ་དད་པའི་དོན་གཞན་ལ་མཐོང་བ་དེའི་ཕྱིར་ཡང་སེལ་བ་ཉིད་དོ། །ཅི་སྟེ་གང་གི་ཕྱིར་ན་མ་མཐོང་ངོ་ཞེས་བྱ། དངོས་པོའི་དོན་ལ་ནི་ཁོ་བོ་ཅག་གི་ང་རྒྱལ་ཙམ་གྱིས་ཆོག་པར་འཛིན་པའི་འཇུག་པ་བཀག་པའི་ཕྱིར་རོ། །དེ་ལྟ་ན་ནི། རང་ཐ་དད་ལ་སྤྱི་སེལ་འགྱུར། །གལ་ཏེ་མ་མཐོང་བ་ལས་སེལ་བར་བྱེད་ན་སྤྱིའི་སྒྲ་ཡང་རང་རང་གི་ཐ་དད་པ་རྣམས་ལ་མ་མཐོང་ངོ་ཞེས་གཞན་སེལ་བར་ཐལ་བར་འགྱུར་རོ། །གཞན་མིན་རིགས་པར་མཐོང་བའི་ཕྱིར། །མཐོང་ཞེས་པ་ནི་སྐབས་ལ་སོགས་པ་སྤྱིའི་སྒྲ་ལས་བྱེ་བྲག་སྤོང་བར་རོ། །དེ་ལྟ་དེ་སྣང་ལ་ཐེ་ཚོམ། །དེ་ལྟར་བྱས་ན་ནི་སྤྱིའི་སྒྲ་དེ་བྱེ་བྲག་གི་སྣང་བ་ལ་ཐེ་ཚོམ་ཟ་བར་རིགས་པ་ཡིན་ནོ། །གལ་ཏེ་དེ་རྣམས་ལ་ཡང་སྔར་དམིགས་པ་ཡིན་ན་ནི་རེ་ཞིག་འགྲེང་བ་ལ་ཡང༌། ཐེ་ཚོམ་ཟ་བར་རིགས་ཤེ་ན། འདི་སྙམ་དུ་གལ་ཏེ་སྐབས་ལ་སོགས་པ་དང་དོན་དག་ལྷན་ཅིག་དམིགས་པ་ཡིན་ན་ནི་དེའི་ཕྱིར་ཇི་ལྟར་ན་ཐེ་ཚོམ་ཟ་ཞེ་ན། ངེས་པར་ཡན་གར་བ་ལ་ཞེས་དེ་ལྟར་དུ་བརྗོད་པར་མི་བྱ་སྟེ། དེ་ལ་སོགས་པ་དང་ལྡན་པའི་ཐེ་ཚོམ་ཟ་བ་ནི་དོན་ལ་སོགས་པ་དང་ལྡན་པར་ངེས་པ་ལ་དུས་ཕྱིས་ཡན་གར་བ་ལས་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་ཡན་གར་བ་ཐ་དད་པ་མེད་དེ། འདི་ལྟར་སྤྱིའི་སྒྲ་ཁྱད་པར་དུ་བྱས་པ་རྣམས་ལ་ཡན་གར་བ་མ་མཐོང་བ་རྣམས་ནི་ཇི་སྐད་དུ། རིགས་ཀྱི་སྒྲ་ཐ་དད་རྣམས་ཀྱི་རྗོད་བྱེད་མ་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ་ཞེ་ན། ཉན་པ་པོ་ལ་ལྟོས་པ་མཐོང༌། །ཉན་


DTG174_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་གང་དག་སྤྱི་གཞན་བསལ་ནས། ཡན་གར་བ་དོན་དུ་གཉེར་བ་ཡིན་ཏེ། འདི་ལྟར་ཅི་ཤིང་འདི་ས་ལས་བྱུང་བའམ། འོན་ཏེ་འབྱུང་བ་ལྔ་ལས་བྱུང་བ་ཡིན་ཞེས་པ་ལས་ལས་བྱུང་བའོ་ཞེས་བརྗོད་པ་བཞིན་ནོ། །དེ་ངེས་པའི་ལྟར་ན་ནི་དེའི་ཤིང་ལས་ལས་བྱུང་བའི་སྒྲ་སྦྱོར་རོ་ཞེས་པའི་ཐེ་ཚོམ་གང་ལས་ཡིན་ཞེས་དེའི་ངེས་པའོ་ཞེས་པ་འདི་འབའ་ཞིག་ལས་ཐེ་ཚོམ་འབྱུང་བ་ཡིན་ནོ། །གངས་ལས་འབྱུང་བ་འབའ་ཞིག་ཐོས་སོ་ཞེས་པ་ཡོད་ན་སྲིད་དོ། །ཡན་གར་བའི་སྦྱོར་བའོ་ཞེས་པའི་ཉེས་པ་ནི་མེད་དོ། །ཇི་ལྟར་དོན་གཞན་སེལ་བ་དེ་བཞིན་དུ་སྤྱི་ཡང༌། སྒྲ་གཞན་རྣམ་པར་དཔྱད་ནས་ནི། །སྒྲའི་སྤྱི་རྗོད་པར་བྱེད་པ་ཡིན། ཇི་ལྟར་བྱས་པས་མ་བྱས་པ་རྣམ་པར་བསལ་བའི་སྤྱིའི་མི་རྟག་པ་ལ་སོགས་པ་གོ་བར་བྱེད་པ་བཞིན་དུ་སྒྲ་གཞན་རྣམ་པར་དཔྱད་པའི་སྒྲའི་སྤྱིས་རྗོད་པར་བྱེད་དོ། །དོན་ལ་སྦྱར་བར་བྱ་བ་མ་ཡིན་པ་སྟེ། དེ་ལ་ཡང༌། དོན་གང་ལ་གཅིག་ཐེ་ཚོམ་ཟ། །གང་དུ་ཨཀྵ་ལ་སོགས་པའི་སྒྲའི་དོན་ཤིང་རྟའི་གཤོལ་མདའ་ལ་སོགས་པ་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །དེ་ལ་སྒྲ་གཅིག་ཉིད། དུ་མ་ལ་ཐེ་ཚོམ་ན་ཡང༌། །དེར་སྒྲ་ལ་སོགས་པ་དག་ལ་སྒྲ་ལ་སོགས་པར་ཐེ་ཚོམ་ཟ་རུ་ཆུག་ན་ཡང་དེ་ལ་ཉན་པ་པོས་སྤྱི་ལ་ཡང་སྒྲའི་བྱེ་བྲག་བལྟ་བར་བྱའོ། །ཡང་ཇི་ལྟར་ན་སྒྲས་དོན་གཞན་བསལ་ནས། རང་གི་དོན་བརྗོད་དེ། སྐྱོན་སྔ་མ་རྣམས་སུ་ཐལ་བར་འགྱུར་རོ། །འདི་ལྟར། སྒྲ་ཡིས་དོན་གཞན་མ་མཐོང་ཡང༌། །རང་དོན་ཆ་ཤས་སྟོན་པའི་ཕྱིར། །སྒྲ་ཡིས་འབྲེལ་བ་ཤིན་ཏུ་སླ། །འཁྲུལ་པ་ཉིད་ཀྱང་ཡོད་མ་ཡིན། །རྗེས་སུ་འགྲོ་བ་དང་ལྡོག་པ་ནི་སྒྲས་དོན་བརྗོད་པའི་སྒོ་ནས་དེ་དག་དང་འདྲ་བ་དང༌། མི་འདྲ་བ་དག་ལ་འཇུག་པ་དང་མི་འཇུག་པའོ། །དེ་ལ་འདྲ་བ་ལ་ནི་གདོན་མི་ཟ་བར་ཐམས་ཅད་ལ་ནི་འཇུག་པར་མ་བརྗོད་དོ། །མཐའ་མེད་བའི་དོན་ཁ་ཅིག་ནི་མི་བརྗོད་པ་སྲིད་པའི་ཕྱིར་རོ། །མི་འདྲ་བ་ལས་ན་དོན་ཡོད་དུ་ཟིན་ཀྱང་མཐའ་མེད་པ་ལ་འཇུག་པར་ནུས་པ་མ་ཡིན་ཏེ། མ་བརྗོད་པ་ནི་མ་མཐོང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་དང་འབྲེལ་པ་ཅན་དག་ལས་གཞན་ལ་མ་མཐོང་བའི་ཕྱིར་དེ་རྣམ་པར་སྤྱད་པའི་རྗེས་སུ་དཔག་པ་ནི་རང་གི་དོན་རྗོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྗེས་སུ་འགྲོ་བའི་སྒོ་ནས་ཀྱང་དངོས་པོ་གཅིག་


DTG174_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔོག་པ་ལ་ཤིང་ཤ་པ་ལ་སོགས་པར་སྣང་བ་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །ཐེ་ཚོམ་དེ་བཞིན་དུ་ས་ལས་བྱུང་བ་ནི་རྫས་མ་ཡིན་པ་ལ་སོགས་པ་ཉིད་དུ་སྣང་བ་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །གང་དུ་ཤིང་གི་སྒྲ་ས་ལས་བྱུང་བ་ལ་སོགས་པ་མ་ཡིན་པ་ལ་མ་མཐོང་བ་དེའི་ཕྱིར་ལྡོག་པ་ཉིད་ལས་རྗེས་སུ་དཔག་པའོ། །ཡང་བརྗོད་པ། ཤིང་དང་ས་ལས་བྱུང་དང་རྫས། །ཡོད་དང་གཞལ་བྱ་རིམ་བཟློག་པས། །གཞི་གསུམ་གཉིས་གཅིག་ཐེ་ཚོམ་དུ། །འགྱུར་གཞན་ངེས་པའི་རྒྱུ་མཚན་ཡིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འབྲེལ་པ་ཅན་གྱི་ཕྱོགས་གཞན་ནས་སྒྲའམ་རྟགས་ཀྱི་རང་བཞིན་དོན་བརྗོད་པའི་ཆ་ཡོད་པ་མ་ཡིན་ཏེ། དེའི་དོན་དུ་མ་ཉིད་ལ་རྣམ་པ་ཐམས་ཅད་དུ་རབ་ཏུ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །རང་གི་དོན་ལ་འཁྲུལ་པ་ཡང་མ་ཡིན་ཏེ། ཐ་དད་པར་རྗོད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཉེས་པ་སྔ་མ་མེད་དོ། །ཡོད་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན་འདི་ལྟར། གཞན་ལ་ཁྱབ་པ་བཀག་པའི་ཕྱིར། །ཐ་དད་དོན་ནི་ཐ་དད་མིན། །སྤྱིའི་སྒྲས་ནི་གང་དོན་གཞན་རྣམ་པར་གསལ་བར་བྱས་པ་རང་གི་བྱེ་བྲག་དེ་མི་འཕེན་པས་ན་ཐ་དད་པའི་སྒྲ་དང་གཞི་མཐུན་པ་དང་ལྷན་ཅིག་པར་འཐད་དོ། །དེས་ན་འདིའི་ཐ་དད་པའི་དོན་དང་སྒྲ་ཐ་དད་པའི་ཉེས་པ་མེད་དོ། །དེ་ནི་མཐུན་པའི་སྒྲ་དང་དོན་གཞན་སེལ་བའི་དོན་གཉིས་ཀ་སྒྲའི་བརྗོད་བྱའོ། །དེ་ལྟ་ན་རང་གི་དོན་ལ་མི་འཁྲུལ་བ་སྟེ། ཡན་གར་བ་ནི་གཞན་ལ་འཇུག་པ་མ་ཡིན་ནོ། །ཉེས་པ་ཕྱི་མ་ཡང་ཡོད་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། དངོས་འཇུག་ཐ་དད་མིན་ཕྱིར་ཡང༌། །དོན་གཞན་ཉེ་བར་ལེན་པའི་སྒྲས་རང་རང་གིས་ཐ་དད་པ་རྣམས་ལ་འཇུག་པ་ནི་མེད་དོ། །དེའི་ཕྱིར་དང་གཞན་གྱི་དབང་གིས་རང་གི་ངང་གིས་ཐ་དད་པ་མི་འཕེན་པའི་ཉེས་པ་མེད་དོ། །ཐ་དད་ཐུག་པ་མེད་ཕྱིར་དང༌། །ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་པས་སྤྱིའི་ཉེས་པ་ཡང་མེད་དོ། །དོན་གཞན་སེལ་བ་ཙམ་ནི་ཐ་དད་པ་མ་ཡིན་པའི་ཕྱིར་དང༌། རྫས་མ་ཡིན་པའི་ཕྱིར་ཡང་ངོ༌། །དེ་ཉིད་ཀྱི་ཕྱིར་འདིར་སྤྱིའི་བྱེ་བྲག་གཞན་དང་ལྡན་པ་བཙལ་བར་མི་བྱ་སྟེ། དངོས་སུ་དོན་གཞན་འགེགས་པ་ཡིན་པའི་ཕྱིར་ནའོ། །དེ་ལྟར་སྔར་བརྗོད་པའི་སྐྱོན་མེད་པའི་ཕྱིར་དོན་གཞན་སེལ་བ་ཉིད་སྒྲའི་དོན་ཡིན་ན་མཛེས་སོ། །གང་ལས་ཤེ་ན། རིགས་ཀྱི་ཆོས་རྣམས་རྣམ་པར་


DTG174_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །རིགས་ཀྱི་ཆོས་རྣམས་ཞེས་པ་ནི་གཅིག་ཉིད་དང༌། རྟག་པ་ཉིད་དང༌། སོ་སོ་བ་ཀུན་ལ་ཁྱབ་པ་རྣམས་ཀྱི་མཚན་ཉིད་བརྟག་པར་བྱ། འདི་ཉིད་ལ་རྣམ་པར་གནས་པ་ཡིན་ཏེ། ཐ་མི་དད་པའི་ཕྱིར་དང༌། རྟེན་རྣམ་པར་མ་ཆད་པའི་ཕྱིར་དང༌། དོན་མ་ལུས་པ་རྟོགས་པའི་ཕྱིར་རོ་ཞེས་བྱའོ། །དེ་ལྟར་ན་བརྗོད་པའི་ཉེས་པ་མེད་པའི་ཕྱིར་དང༌། ཡོན་ཏན་ཡོད་པའི་ཕྱིར་དངོས་པོ་རྣམས་ཀྱི་སྒྲའི་དོན་གཞན་བཟློག་པས་ཁྱད་པར་དུ་བྱས་པ་ཉིད་བརྗོད་དོ། །གལ་ཏེ་དེ་ལྟར་ན། གང་ལས་གཞན་སེལ་ངེས་ཤེ་ན། གལ་ཏེ་གཟུགས་ཀྱི་སྒྲས་རོ་ལ་སོགས་པ་སེལ་གྱི། ཁ་དོག་གིས་ལྷག་པར་མ་བརྗོད་པའི་ཕྱིར་ལྷག་མ་སེལ་དུ་ཟིན་ཀྱང༌། ཤིན་ཏུ་ཐ་དད་པ་དེ་ཇི་ལྟར་བྱེད་པ་ཡིན། གང་དག་ཐ་མི་དད་པའི་གཟུགས་ཉིད་འདོད་པ་ལ་ནི་ཉེས་པ་དེ་དག་ཡོད་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཉིད་རོ་ལ་སོགས་པ་ཡོད་པ་མ་ཡིན་པས་སོ་ཞེ་ན། ཉེས་པ་དེ་ནི་མེད་དེ་འདི་ལྟར། འཇིག་རྟེན་གྲགས་པའི་རྗེས་མི་བཙལ། །བཅོམ་ལྡན་འདས་ཀྱིས་ཀྱང༌། སོ་སོའི་སྐྱེ་བོའི་མིང་ལ་མངོན་པར་ཞེན་པར་མི་བྱ་ཞིང་འཇིག་རྟེན་པའི་མིང་ལ་ཡང་མངོན་པར་མི་རྒྱུག་གོ་ཞེས་གསུངས་སོ། །དེའི་ཕྱིར་ཁོ་བོ་ཅག་གིས་ནི་རྒྱུ་མཚན་ལས་བྱུང་བ་དང༌། ཡོངས་སུ་བཤད་པ་ལས་བྱུང་བ་འཇིག་རྟེན་པའི་ཐ་སྙད་དུ་ཡིན་གྱི། ཡང་དག་པའི་དོན་ཉིད་དུ་ཚོལ་བར་མི་བྱེད་དོ། །འཇིག་རྟེན་པ་བཞིན་དུ་གོ་བར་བྱ་སྟེ། འཇིག་རྟེན་པ་ལ་གཟུགས་ཀྱི་སྒྲ་སྔོན་པོ་ལ་སོགས་པ་ལས་གྲུབ་ཀྱི། །རོ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་གཟུགས་ཉིད་ལ་མཚུངས་འགྱུར། །གང་ཡང་ཤིན་ཏུ་ཐ་དད་པའི་སྔོན་པོ་ལ་སོགས་པ་འཇུག་པའི་གཟུགས་ཉིད་དེ་རོ་ལ་སོགས་པ་ལ་ཅིས་མ་ཡིན། རོ་ལ་སོགས་པ་ལ་མི་འཇུག་ན་ནི་དེར་སེར་པོ་ལ་སོགས་པ་ཡང་མི་འཇུག་གོ །གལ་ཏེ་འདི་ལ་རྒྱུ་ཡོད་དེ། མིག་གི་གཟུང་བྱ་ཉིད་ནི་སྔོན་པོ་ལ་སོགས་པ་ཉིད་དང་ཐ་མི་དད་ཅིང་རོ་ལ་སོགས་པ་ལ་མེད་པ་ནི་རང་བཞིན་གྱིས་ཐ་དད་པ་ལས་སོ་ཞེ་ན། དེ་ལྟར་ན་ནི། མིག་གཟུང་བྱ་ཉིད་བྱ་བར་བྱས། །མིག་གི་གཟུང་བྱར་གཟུང་བ་མིག་གི་གཟུང་བྱ་ཡིན་པ་དེ་ལྟ་ན་ནི་བྱ་བའི་རྒྱུ་མཚན་ནས་སྔོན་པོ་ལ་སོགས་པ་ལ་གཟུགས་ཀྱི་སྒྲར་འགྱུར་གྱི། རིགས་ཀྱི་རྒྱུ་མཚན་ནས་ནི་མ་ཡིན་ནོ། །མིག་གི་གཟུང་བྱ་ཉིད་ཐ་མི་དད་ན་ནི་ཅིས་


DTG174_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཟུགས་ཉིད་ཡིན། །ཅི་སྟེ་གཟུགས་ཉིད་དང་འབྲེལ་པའི་རྒྱུ་མཚན་མིག་གི་གཟུང་བྱ་ཉིད་བརྗོད་དོ་ཞེ་ན། །དེ་ལྟ་ན་དང་པས་དེ་དག་ལའང་གཟུགས་ཉིད་ཡོད་པར་ཐལ་བར་འགྱུར་རོ། ཉིད་ཀྱི་མངོན་པར་གསལ་བ་འཐོབ་པར་འགྱུར་རོ། །མིག་གི་གཟུང་བྱ་སྤྱི་ཉིད་ཀྱང་རུང་སྟེ། གལ་ཏེ་ངེས་པ་ཡིན་ཞེས་གདོན་མི་ཟ་བར་དངོས་པོ་པ་ཉིད་རྟེན་དུ་བྱའོ། །རྫས་ལ་སོགས་པར་ཐལ་བར་འགྱུར། །རྫས་དང་གྲངས་དང་བོང་ཚོད་ལ་སོགས་པ་ཡང་མིག་གི་གཟུང་བར་བྱ་བ་ཡིན་པས་དེ་དག་ལའང་གཟུགས་ཉིད་ཡོད་པར་ཐལ་བར་འགྱུར་རོ། །གཞན་ཡང༌། དཀར་མིན་སོགས་ལ་ཁྱད་མེད་འགྱུར། །མིག་གི་གཟུང་བྱ་ཉིད་དུ་ཁྱད་པར་མེད་པ་ཡིན་པས་སྔོན་པོ་དང་སེར་པོ་དང༌། ཆེས་སྔོ་བ་དང༌། ཆེས་ཤིན་ཏུ་སྔོ་བའོ་ཞེས་བྱ་བའི་ཁྱད་པར་མེད་པར་འགྱུར། །དེའི་ཕྱིར་གདོན་མི་ཟ་བར་མིག་གི་གཟུང་བྱ་ཉིད་མེད་པར། སྔོན་པོ་དང་སེར་པོ་ལ་སོགས་པའི་ཐ་དད་པ་ལ་ཡང་གཟུགས་ཀྱི་སྒྲ་འཇིག་རྟེན་ལ་གྲགས་པ་ཁས་བླང་བར་བྱ་བའི་རོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་གཞན་སེལ་བ་ངེས་པ་ཡིན་ནོ། །གལ་ཏེ་དོན་གཞན་ལས་ལོག་པ་ལ་མི་ལྟོས་པར་སྒྲའི་དོན་རྗོད་པ་དེའི་ལྟར་ན་ནི། རྗེས་འགྲོ་འབའ་ཞིག་ལས་གྲུ་བ་འགྱུར། །སྒྲའི་དོན་རྗོད་པར་བྱེད་པའི་ལྟ་ན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འདོད་པ་མ་ཡིན་ཏེ། ཁྱད་པར་གཞན་གཉིས་ཀ་ངེས་པར་བཟུང་བས་རྗོད་པར་བྱེད་པ་འབྲས་བུ་དང་བཅས་པའི་ཕྱིར་རོ། །ལྡོག་པའི་ཕྱོགས་ལ་ནི་དོན་རྗོད་པར་བྱེད་པ་དཔེར་ན་ཆེས་ཤིན་ཏུ་བྱེད་པར་བྱེད་པ་དང་ལས་བཞིན་ནོ། །གལ་ཏེ་སྒྲའི་དོན་གཞན་སེལ་བ་ཙམ་ཡིན་ན་ནི་ལྡོག་པ་འབའི་ཞིག་རྗོད་པར་བྱེད་པ་ཡིན་པར་འགྱུར་རོ་ཞེ་ན། གལ་ཏེ་རྗེས་སུ་འགྲོ་བ་མི་འདོད་ན་ནི་དེ་ལྟར་འགྱུར་ན་དངོས་པོའི་ཕྱོགས་ནས་ནི། ཁྱབ་པ་དངོས་སུ་འདོད་མ་ཡིན། །དངོས་པོ་རྣམས་ལ་ཐ་དད་པའམ་ཐ་མི་དད་པར་འགྱུར་བའི་རིགས་ནི་སྲིད་པ་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །སྒྲའི་དོན་གཞན་མ་མཐོང་ཡང་ཞེས་བྱ་བ་འདིའི་སྐབས་སུ་རིགས་མེད་པར་དོན་གཞན་གསལ་བས་ཁྱད་པར་དུ་བྱས་པའི་དོན་ལ་སྒྲའི་རྗེས་སུ་འགྲོ་བ་དང་ལྡོག་པ་ནི་དོན་གཞན་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །འགའ་ཞིག་ན་རེ་འདི་སྐད་དུ། །བ་ལང་ལ་སོགས་པའི་བསལ་བ་ཐམས་ཅད་མེད་པ་ལས་རྣམ་པར་གྱུར་པ་སྟེ། །ཐམས་


DTG174_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཡོད་པ་མ་ཡིན་པའི་བདག་ཉིད་དུ་རབ་ཏུ་ཐོབ་པ་ཉིད་དོ་ཞེས་ཟེར་བ་ལ། འདིར། ཐམས་ཅད་མེད་པ་དང་འབྲེལ་ཞེས། །གང་ཞིག་ཁས་ལེན་དུ་འགྲོ་ན། །ཡོད་དེ་དུ་མའི་བདག་ཉིད་ལས། །ཡིན་ཞེས་ཅི་ཞིག་གང་གིས་སྦྱོར། །གལ་ཏེ་དེ་ལྟར་ཁས་ལེན་པར་བྱེད་ན་ནི་ཐམས་ཅད་མེད་པ་དང་འབྲེལ་པ་ཡིན་ནོ་ཞེས་པ་དེ་ལ་ཡོད་པའི་རང་བཞིན་ལས་གཞན་པ་ལང་ལ་སོགས་པའི་མེད་པ་ནི་གང་ཡིན། བ་ལང་ལ་སོགས་པ་ཡོད་པར་སྒྲོ་བཏགས་པ་ཐམས་ཅད་ནི་རྗེས་སུ་འགྲོ་བ་ལས་ཁས་བླང་བར་བྱའོ། །ཐམས་ཅད་མེད་པར་ཐལ་བར་འགྱུར་རོ་ཞེས་པའི་ལན་འདི་ནི་སྦྱར་བར་མི་བྱའོ། །གང་འགའ་ཞིག་ན་རེ། མེད་པ་དང་ཡོད་པ་དག་ཤེས་པ་ཐ་དད་དུ་མི་འགྱུར་ཏེ། ཁམ་ཕོར་ལ་སོགས་པ་ལ་འཇིམ་པའི་ཤེས་པ་བཞིན་རང་བཞིན་གྱི་ཤེས་པ་འགྱུར་བ་ལ་ཡང་མཐོང་བའི་ཕྱིར་རོ་ཞེས་ཟེར་བ་དེ་ལ། འཇིམ་པ་ཐ་དད་ལ་ཁམ་ཕོར། །ལ་སོགས་ཐ་དད་བློར་འདོད་ན། །མེད་ཐ་དད་པ་གཞན་མིན་ཡང༌། །ཐ་དད་ཅི་བློ་ཅི་སྟེ་དགག །ཇི་ལྟར་འཇིམ་པ་ལས་གཞན་མ་ཡིན་ན་ནི་དེ་ཙམ་གྱི་བློར་ཐལ་བར་འགྱུར་བ་ལ། གང་གིས་ན་བསྒྲུབ་པའི་སྒོ་ནས་ཁམ་ཕོར་ལ་སོགས་པའི་བློ་ཐ་དད་ཁས་ལེན་པར་བྱེད། དེ་བཞིན་དུ་མེད་པ་ལ་ཡོད་པའི་བློ་ཐ་དད་པ་ནི་སྒྲའི་རང་བཞིན་ཐ་དད་པའི་དབང་གིས་སོ་ཞེས་ཅི་ནས་མི་འདོད། ཁྱེད་ཀྱི་ཡང༌། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །སྣང་བའི་ལམ་དུ་གང་མ་གྱུར། །སྣང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་སྟོང༌། །ཕན་ཚུན་ཐ་དད་དག་ཡོད་ཀྱང༌། །ནོག་ལ་སོགས་པ་མཐོང་བ་ལས། །དེའི་བློ་དཔེར་བརྗོད་འགལ་བ་དེ། །ཁྱེད་ཀྱི་ལུགས་ལ་བརྟེན་པ་ཡིན། །གང་བ་ལང་མ་ཡིན་པ་ལས་ལོག་པའི་བ་ལང་གི་བློ་དེ་ཇི་ལྟར་ན་ནོག་ལ་སོགས་པ་མཐོང་བའི་རྒྱུ་མཚན་ཅན་དུ་སྨྲ་བར་བྱེད། བ་ལང་དང་ནོག་ལ་སོགས་པ་སྒྲ་ཐ་དད་པས་ཐ་དད་དུ་སེལ་བ་ཅན་ཡིན་ཡང་ཁྱོད་ཀྱི་ལུགས་ཁས་བླངས་ནས། འགལ་བཞིན་དུ་ཡང་དེ་ངེས་པར་བསྟན་ཏོ། །དེ་མི་ལྟོས་ཤེས་པ་འདི་ནི། །རང་གི་རྣམ་རྟོག་སྤྲོས་པར་ཟད། །སེལ་བ་མིན་པའི་སྒྲ་ཡིས་ནི། །རང་བཞིན་འགའ་ཡང་བརྗོད་མི་བྱ། །ནོག་ལ་སོགས་པ་ལ་སྤྱིའི་ངོ་བོ་དང་ལྡན་པ་གཞན་མེད་པར་མི་ལྟོས་པ་ནི་མི་སྲིད་དོ་ཞེས་སྔར་བཤད་ཟིན་ཏོ། །རང་གི་ངོ་བོ་ནི་བརྗོད་


DTG174_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མ་ཡིན་པའི་ཕྱིར་དེའི་སྒོ་ནས་ཐ་སྙད་དུ་མི་བྱའོ། །གང་དག་དང་པོའི་ཤེས་པ་མེད་དོ་ཞེས་ཟེར་བ་དེ་ལ། ཐོག་མ་མེད་ཕྱིར་འདོད་པ་གྲུབ། །དང་པོའི་ཤེས་པ་ཞེས་བྱ་བ་ནི་མེད་པ་ཉིད་དེ། ཐ་སྙད་པའི་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལ་དུས་ཀྱི་ཐོག་མ་མེད་པའི་ཕྱིར་རོ། །གང་ལ་དང་པོའི་ཤེས་པ་མེད་ན་ནི་རིགས་དང་ལྡན་པས་ཁྱབ་པར་ཡང་མི་ནུས་ལ། རིགས་དང་ལྡན་པ་ལས་ལོག་པའམ་མ་ལོག་པར་ཡང་མི་ནུས་ཤིང་གཅིག་མཐའ་དག་ལ་འཇུག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་དེ་དག་ཡོད་དོ། །གང་དག་ཤེས་པ་ཡང་དག་པར་རབ་ཏུ་འཇུག་པ་ཉིད་མེད་དོ་ཞེས་པ་དེ་ལ་ཡང་བརྗོད་པ། སྤྱིའི་སྒོ་ནས་སེལ་བར་བྱེད། །དེ་གཞན་རྣམས་ལ་རིགས་ལྟ་བུར་སེལ་བར་བྱེད་པའི་རྫས་ནི་མེད་ཀྱི། འོན་ཀྱང་འདི་ལྟར་རྣམ་པར་བཅད་པར་བྱ་བའི་ཡུལ་ལ་གང་སྤྱིའི་ཆོས་ཀྱིས་ཡིན་ཏེ། འདི་ལ་ཡང༌། རིགས་མི་མཐུན་པ་ལ་མ་མཐོང་བར་བསྟན་པ་ཙམ་གྱིས་རྗེས་སུ་དཔོག་གོ་ཞེས་བརྗོད་ཟིན་ཏེ། ཁྱེད་ཀྱི་ཕྱོགས་ལ་ཡང་ཉེས་པ་དེ་དག་མཚུངས་ཏེ། གལ་ཏེ་རིགས་མཐུན་ལ་ཁྱབ་པར་འཇུག་པའི་ལྟ་ན་ཁྱབ་པ་ལ་ནི་མཐའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ལྟར་རྭ་ཅན་ཡིན་པའི་ཕྱིར་རྟ་མ་ཡིན་ནོ་ཞེས་བྱ་བ་ལ་རྭ་ཅན་ཉིད་མ་ལུས་པར་མ་མཐོང་བ་དེ་རྣམ་པར་བཅད་པ་རྗེས་སུ་དཔག་པའི་ཕྱིར་རྟ་དང་བ་ལ་སོགས་པ་སོ་སོར་རྣམ་པར་སེལ་བ་མ་ཡིན་ཞིང༌། བ་ལང་ལ་སོགས་པ་སོ་སོ་ལ་འཇུག་པ་མ་ཡིན་ནོ། །ཡིན་ན་ཡང་ལྡོག་པ་དང་འཇུག་པ་དག་ནི་བློ་དེ་བཞིན་དུ་འདི་ལ་ཡང་རིགས་པ་ཡིན་ནོ། །བདག་གཞན་ཡོད་པར་ཁས་ལེན་ན། །གཅིག་ཉིད་དུ་ཉིད་ཀྱིས་བརྟག་པ། །དེ་དག་དངོས་པོ་ལ་མི་རིགས། །གལ་ཏེ་བདག་དངོས་པོ་ལ་ཡོད་ན་ནི་དེ་ལ་གཅིག་དང་དུ་མ་ཉིད་དུ་བརྟག་པར་མི་རིགས་སོ། །བདག་གཞན་ཡོད་པར་ཁས་མི་ལེན་ན་ནི་ཁྱོད་ཀྱིའང་གསལ་བ་ནུས་པར་འགྱུར། གལ་ཏེ་དངོས་པོ་ལ་མེད་ན་ནི་བརྟག་པ་དེ་དག་རིགས་ན་ཁྱོད་ཀྱིའང་གསལ་བ་དང་ནུས་པ་མཚུངས་པར་འགྱུར་རོ། །གལ་ཏེ་ནུས་པ་རྣམས་ཀྱི་གསལ་བ་དང་མི་གསལ་བ་གཅིག་ཉིད་ཡིན་ན་ནི་གསལ་བའི་དབྱེ་བ་མེད་པར་འགྱུར་རོ། །ཅི་སྟེ་དུ་མ་ཉིད་ཡིན་ན་ནི་ནུས་པ་འདི་རྣམས་ལས་གཞན་མ་ཡིན་པའི་ཕྱིར་གཙོ་བོ་གཅིག་ཅེས་བྱ་བ་འགལ་ལོ། །སྒྲ་ཡི་བརྗོད་


DTG174_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་དཔྱོད་པ། །འདི་ཡང་དབང་པོའི་སྤྱོད་ཡུལ་མིན། །གང་ཞིག་སྒྲ་ལ་སོགས་པ་འདིའི། །འཇུག་པའི་དབང་པོ་སོ་སོར་མིན། །མངོན་སུམ་གྱི་ཡུལ་ནི་བསྟན་དུ་མེད་དོ། །བསྟན་དུ་མེད་པའི་ལྟ་ན་བདག་གཞན་མེད་པ་བདག་གཞན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་འདི་མངོན་སུམ་གྱི་འཇུག་པ་མ་ཡིན་ནོ། །འདི་ལ་ཡང༌། གང་ཞིག་ཚིག་གི་བརྗོད་པ་འདི། །ངག་ལས་དོན་དུ་རྣམ་པར་བརྟགས། །ངག་དོན་སོ་སོར་སྣང་བརྗོད་གང༌། །དེ་ཡིས་དང་པོ་ཉེ་བར་བསྐྱེད། །ཚིག་གི་བརྗོད་པ་ལ་དོན་མེད་དུ་ཟིན་ཀྱང་ཁ་ཡར་བ་ལ་ནུས་པ་མེད་པའི་ཕྱིར་ལུང་ལས་ཇི་ལྟར་གཞག་པ་ངག་ལས་རྣམ་པར་འཇོག་པར་བྱེད་དེ། རང་བཞིན་དང་རྐྱེན་བཞིན་ནོ། །ལུང་ནས་གཞག་པ་དེ་ཡང་ལུང་གཞན་རྣམས་སུ་མི་རིགས་པར་འཛིན་པའི་ཕྱིར་འདི་དོན་གཞན་ཉེ་བར་གཞག་པ་ཡིན་ནོ། །དེའི་ཕྱིར་ཚིག་གི་དོན་གཟུང་བར་བྱ་བའི་ཐབས་ངག་གི་དོན་དུ་སྣང་བ་དང་པོའི་མ་གོམས་པའི་སྒྲའི་དོན་དང་འབྲེལ་པ་ཡིན་ཏེ། ངག་ཉིད་དང་དེའི་དོན་དག་ལ་དངོས་སུ་ནི་སྒྲའི་དོན་དུ་ཐ་དད་མེད་པའི་ཕྱིར་ལ། ཕྱིས་སྒྲའི་དོན་འཛིན་པའི་མངོན་པའི་ང་རྒྱལ་གྱིས་གཞག་པ་སྟེ་ལྕགས་ཀྱུ་མེད་པ་པ་ཡིན་ཕྱིར་རོ། །གང་དག་སོ་སོར་སྣང་བའི་དོན་རྣམས་ལ་ཕྱིའི་དོན་གཞན་ནམ་དེ་དང་འབྲེལ་པ་བོར་ནས་ངག་གི་དོན་དུ་རྟོགས་པར་བྱེད་པ་དེ་དག་གི་ལྟར་ན་ཡང་དེ་ནི་རྣམ་པར་རྟོག་པ་ཙམ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་གོམས་པའི་ངག་དག་ལས། །དོན་ལ་མེད་དུ་ཟིན་ཀྱང་སྐྱེ། །རང་གི་རྐྱེན་དང་རྗེས་འབྲེལ་བས། །རྣམ་པ་དུ་མ་སོ་སོར་རྟོགས། །དོན་དུ་གོམས་པའི་བག་ཆགས་ལ་ལྟོས་པའི་ངག་ལས་དོན་བྱེད་པ་ལྟར་རྟོགས་པ་འབྱུང་སྟེ། རྟག་པ་ལ་སོགས་པའི་བརྗོད་པ་དང༌། དེ་དང་ཁྱད་པར་མེད་པ་དག་བཞིན་ཕྱི་རོལ་གྱི་དོན་མེད་ཀྱང་རང་གི་རྐྱེན་དང་རྗེས་སུ་འབྲེལ་པས་རྣམ་པར་རྟོག་པ་སྣ་ཚོགས་པ་སྐྱེད་པར་བྱེད་དོ། །འདི་ལྟར་རྩེད་འཇོའི་སྙན་དངགས་ཐོས་པ་ལས་ཆགས་པ་ཅན་རྣམས་ལས་འདོད་ཆགས་དང་རྗེས་སུ་མཐུན་པའི་ཤེས་པ་སྐྱེ་ལ། ཆགས་པ་དང་བྲལ་བ་རྣམས་ལ་ནི་ཡང་དག་པའི་ཤུགས་དང་རྗེས་སུ་མཐུན་པ་ཡིན་ནོ། །དེ་ཡང་ངག་གི་དོན་གཞན་ལས། །རྣམ་པར་བཅད་པའི་དོན་དུ་འདོད། །འབྲེལ་པར་ཤེས་པའི་ངག་


DTG174_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན། །འདི་ཡང་རྗེས་དཔག་ལས་གཞན་མིན། །སོ་སོར་སྣང་བ་ཡང་རྫས་བཞིན་ངག་གཞན་ལས་ཐ་དད་ཅིང་འབྲེལ་པ་ཤེས་པ་ལས་ཡིན་པས་རྗེས་སུ་དཔག་པ་ལས་གཞན་མ་ཡིན་ནོ། །གང་ཞིག་ངག་ལས་སྐྱེས་པ་ཡི། །རྣམ་རྟོག་སྣ་ཚོགས་ཤེས་པ་ནི། །དེ་ཡང་རང་རིག་ཡིན་པས་ན། །མངོན་སུམ་ཉིད་ལས་གཞན་མ་ཡིན། །རྟོག་པ་ནི་རང་རིག་ཡིན་པའི་ཕྱིར་ན་མངོན་སུམ་ཉིད་ཡིན་པས་དེ་ལས་གཞན་དུ་དབྱེ་བར་མི་བྱའོ། །གལ་ཏེ་རེ་ཞིག་རྒྱུ་མཚན་ཅན་གྱི་སྒྲ་རྣམས་ལ་ལྟ་དོན་གང་དག་བསལ་བའི་སྒོ་ནས་དོན་མངོན་པར་བརྗོད་པ་རིགས་གྲངས་ན་འདོད་རྒྱལ་བ་རྣམས་ལ་ཇི་ལྟར་ཞེ་ན། འདོད་རྒྱལ་བ་ལ་དོན་དབྱེ་བས། །འདོད་རྒྱལ་བ་ལ་ཤིང་ཏོག་ད་དི་ཐཱ་ལ་སོགས་པའི་སྒྲ་སྤྱི་བརྗོད་པ་ཡིན་ཞིང་སྤྱི་དེའི་དབྱེ་བས་རྗོད་པར་བྱེད་དོ། །གལ་ཏེ་རིགས་དང་མཐུན་པའི་འདུས་པ་སྒྲ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཅུང་ཟད་ཀྱང་མེད་དོ། །རིགས་ཀྱི་སྒྲ་ཡང་གྲགས་པའི་དབང་གིས། ཁ་ཅིག་ཏུ་ཡན་ལག་སོ་སོ་ལ་འདོགས་པར་འདོད་དེ། དཔེར་ན་གྲོང་གི་ཕག་པ་བཟའ་བྱ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ལ་ལར་དངོས་སུ་རྗོད་པར་བྱེད་དེ་དཔེར་ན། གྲངས་དང་མཚན་ཉིད་དང་ནི་དབྱིབས། །ལྟོས་པ་མེད་པར་རབ་ཏུ་འཇུག །ཆུ་ལ་སོགས་པའི་ཐིགས་པ་དང༌། །འདུས་པ་ལ་ཡང་རྗོད་པར་བྱེད། །ལ་ལར་ཡན་ལག་འབའ་ཞིག་ལ་འཇུག་པ་མ་ཡིན་ཏེ། དཔེར་ན། དབྱིབས་དང་ཁ་དོག་ཆ་ཤས་ཀྱིས། །ཁྱད་པར་བྱས་ནས་འཇུག་པ་ཡིན། །སྒྲ་ཡིས་དེ་ཡི་ཆ་ཤས་ལ། །རབ་ཏུ་འཇུག་པ་དམིགས་མ་ཡིན། །དབྱིབས་ཀྱི་ཁྱད་པར་ལ་འཁོར་ལོ་དང༌། ཟླུམ་པོ་དང། རིང་པོ་དང༌། གྲུ་བཞི་པ་ཞེས་བྱ་བ་ལྟ་བུ་ཡན་ལག་ཙམ་གྱིས་བརྗོད་པ་མ་ཡིན་ནོ། །དེ་བཞིན་དུ་ཁུ་ཚུར་དང༌། མདུད་པ་དང༌། ཕྲེང་བ་དང༌། རྣ་རྒྱན་ལ་སོགས་པ་རྣམས་ལ་ཡང་ངོ༌། །ཁ་དོག་གི་ཁྱད་པར་ལ་ཁྲ་བོ་དང༌། ཁྲེ་རྩེ་ལ་སོགས་པ་ལྟ་བུའོ། །ཡན་ལག་ཅན་གྱི་ཁྱད་པར་ལ་བརྒྱ་དང༌། སྟོང་བྲེ་དང་ཁལ་དང༌། ཟླ་བ་དང༌། ལོ་དང༌། སྲང་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡན་ལག་རྣམས་ལ་འཇུག་པ་མ་ཡིན་ནོ། །འདུས་པའི་སྒྲ་ཡང་ཁ་ཅིག་སོ་སོ་བ་ལ་རྫོགས་པར་འཇུག་སྟེ། དཔེར་ན་གྲོང་འོངས་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ནི་བརྟགས་ནས་ཏེ། དཔེར་


DTG174_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུས་ཀྱི་ལས་ཀྱིས་བདག་གི་ལས་ཆད་པར་བྱེད་པ་ལྟ་བུའོ། །ཁ་ཅིག་ནི་འཇུག་པར་མི་བྱེད་དེ། དཔེར་ན་ཆུ་ཞེས་བྱ་བ་དང༌། ནགས་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་འདི་ལྟར་འབྲེལ་པས་མ་བྱས་པ་སྒྲའི་དོན་སྟོན་པར་བྱེད་པ་སྟེ། དཔེར་ན་ཤིང་ཏོག་པ་ན་སའོ་ཞེས་བྱ་བ་ལྟ་བུའོ། ། དེ་ལ་ཇི་ལྟར་རྗེས་སུ་དཔག་པར་བྱ་ཞེ་ན། དེར་ཤིང་ཏོག་པ་ན་སའི་སྒྲའི་དོན་གྱིས་རྟོགས་པ་བསྐྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོགས་པའི་དོན་ནི་བསྟན་ཕྱིར་རོ། །འདི་ཞེས་པའི་སྒྲ་དང་ལག་པའི་བརྡའམ། གྲགས་པ་རྙིང་པ་དང་འབྲེལ་པས་རབ་ཏུ་རྟོགས་པ་ཡིན་གྱི། ཤིང་ཏོག་པ་ན་སའི་སྒྲ་དོན་རྟོགས་པ་ནི་མ་ཡིན་ནོ། །འདི་ལྟར་བརྡ་གསལ་བར་བྱེད་པའི་འབྲེལ་པ་བསྟན་པའི་དོན་དེར་བརྡའི་དོན་དང་འདི་ཞེས་པའི་སྒྲ་གཞི་མཐུན་པ་ཡིན་ནོ། །གཉིས་ཀ་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱས་ནས་དེའི་དོན་དུ་བརྡའི་དོན་བྱས་པ་ནི་མ་ཡིན་ནོ། །ཤིང་ཏོག་པ་ན་སའི་སྒྲ་དེ་ཉིད་དང་འབྲེལ་པ་ལྟར་སྒྲའི་གཞལ་བར་བྱ་བར་འགྱུར་བ་ཡིན་ནོ། །འབྲེལ་པ་མ་ཡིན་བརྟག་པའི་ཕྱིར། །འབྲེལ་པ་ནི་ཤིང་ཏོག་པ་ན་སའི་དོན་དང་སྒྲ་དག་ཚད་མ་གཞན་གྱིས་དམིགས་ནས་འདི་འདིའི་ཡིན་ནོ་ཞེས་ཤིང་ཏོག་པ་ན་ས་དང་འབྲེལ་པར་རྟོགས་པ་ཡིན་ལ། གཞལ་བར་བྱ་བ་དང་འབྲེལ་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ནོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་ཚད་མ་གཞན་མ་ཡིན་ནོ། །ཅི་སྟེ་ཉེ་བར་གཞལ་བ་ལ་སོགས་པ་ལྷག་མ་རྣམས་ཇི་ལྟར་གཞན་མ་ཡིན་ཞེ་ན། ཕྱོགས་འདིས་ལྷག་མ་རྣམས་ལའང་བརྗོད། །རེ་ཞིག་ཉེ་བར་གཞལ་བ་ནི་བ་ལང་དང་བ་མེན་ལ་སོགས་པ་དེ་དང་འདྲ་བར་རྟོགས་པར་བྱ་བའི་དོན་དུ་དེར་གཞན་ལས་ཐོས་པ་དང༌། རྟོགས་པ་དག་གིས་སྒྲའི་རང་གི་དོན་གཉིས་ཚད་མ་གཞན་གྱི་ཁོངས་སུ་ཆུད་པ་དེ་དང་འདྲ་བར་རྟོགས་པ་སྟེ་དེ་ནི་ཚད་མ་གཞན་མ་ཡིན་ནོ། །དེ་བཞིན་དུ་སྙམ་དུ་སེམས་པ་ཡང་དེ་དང་འདྲ་བར་འཇལ་བར་བྱེད་པ་ཡིན་པས་ཚད་མ་གཞན་མ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པའི་གསལ་བར་བྱ་བ་ཉིད་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་སེལ་བ་བརྟག་པའི་ལེའུ་སྟེ་ལྔ་པའོ།། །།ཚད་མ་ནི་གཉིས་སུ་གནས་ན་ཅི་སྟེ་ཚད་མ་བརྗོད་པར་


DTG174_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་ཅིའི་དོན་དུ་དེ་ལྟར་སྣང་བ་མ་ཚང་བ་ལ་སོགས་པ་རྣམས་ཀྱང་རྗོད་པར་བྱེད་ཅེ་ན། ཚད་སྣང་བརྗོད་པར་འདོད་རྣམས་ལ། །རིག་པའི་ཆ་ཤས་སྨྲ་པོ་བཞིན། །ཕྱོགས་དྲུག་མཚུངས་པ་མ་ཡིན་ཞེས། །བསྟན་ཕྱིར་མ་ཚང་ལ་སོགས་བརྗོད། །ཁ་ཅིག་ངག་ཙམ་ལ་མཁས་པར་འཛིན་པ་ནི་ཡོད་པ་ཉིད་དེ། ཇི་སྐད་དུ་ཕྱོགས་གྲུབ་པའི་སྒྲུབ་བྱེད་ཡིན་བཞིན་དུ་ཡང་གྲུབ་པ་ལྟར་སྣང་བར་འདོད་ཅེས་བརྗོད་པ་དེ་དག་གི་སྒྲུབ་བྱེད་མ་ཡིན་པ་གཞན་ཉིད་དོ་ཞེས་ཕྱོགས་གྲུབ་པ་དགག་པའི་ཕྱིར་མ་ཚང་བ་ཉིད་ལ་སོགས་པ་གྲུབ་པའི་སྐྱོན་བརྗོད་དོ། །དེ་ཉིད་རབ་ཏུ་བསྟན་ཕྱིར་དང༌། །དེ་ལྟར་སྣང་བ་བརྗོད་པའི་ཕྱིར། །ལན་འདི་བརྗོད་པར་རིགས་པ་ཡིན། །ལྟག་སྤྱོད་ལ་ནི་རྗེས་མཐུན་ལན། །གང་གི་ཕྱིར་འདིས་ཕྱོགས་སྔ་མ་གྲུབ་པོ་ཞེས་བརྗོད་པ་འདི་ལ་ལན་དུ་ཚང་བ་ལ་སོགས་པ་བརྗོད་པར་རིགས་སོ། །མ་ཚང་བ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་ཡང་བརྗོད་པར་རིགས་སོ། །ལྟག་སྤྱོད་རྣམས་ལ་ནི་སྐྱོན་ལན་དུའོ། །འདིས་ཕྱོགས་སྔ་མ་དག་སྒྲུབ་བྱེད་མ་ཡིན་པ་ཉིད་དུ་ཤེས་པར་མི་ནུས་སོ། །དེ་ལ། ཕྲད་དང་མ་ཕྲད་དག་དང་དུས། །གསུམ་ལ་རྟགས་སུ་བརྗོད་འདོད་མིན། །ཕྲད་དང་མ་ཕྲད་རྟགས་བརྗོད་དེས། །མ་ཚང་གཏན་ཚིགས་རྗེས་མཐུན་ཡིན། །དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་སྒྲ་མི་རྟག་གོ་ཞེས་གཏན་ཚིགས་ཀྱི་དཔེ་བརྗོད་པ་ལས་གལ་ཏེ་གཏན་ཚིགས་འདི་བསྒྲུབ་བྱ་དང་ཕྲད་ནས་སྒྲུབ་པར་བྱེད་ན་ནི་བསྒྲུབ་བྱ་དང་ཁྱད་པར་མེད་པར་འགྱུར་ཏེ། རླུང་གི་ཆུ་རྒྱ་མཚོ་དང་ཕྲད་པ་བཞིན་ནོ། །མ་གྲུབ་པ་མ་ཡིན་ཏེ། གྲུབ་པ་དང་ཕྲད་ན་ནི་བསྒྲུབ་བྱ་གྲུབ་ཟིན་ནས་འདི་གང་གི་གཏན་ཚིགས་ཡིན། ཅི་སྟེ་མ་ཕྲད་ན་ནི་མ་ཕྲད་པས་གཏན་ཚིགས་མ་ཡིན་པ་རྣམས་དང་ཁྱད་པར་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་ཕྲད་པ་དང་མ་ཕྲད་པར་མཚུངས་པ་ཡིན་ནོ། །དུས་གསུམ་ལ་ཡང་མི་འདོད་པར་བརྗོད་དེ། གལ་ཏེ་གཏན་ཚིགས་བསྒྲུབ་བྱ་ལས་སྔར་སྒྲུབ་པར་བྱེད་ན་ནི་བསྒྲུབ་བྱའམ་གྲུབ་ན་འདི་གང་གི་གཏན་ཚིགས་ཡིན། ཅི་སྟེ་ཕྱི་ནས་བསྒྲུབས་ན་ནི་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་ཡིན་ནོ། །དེ་སྟེ་ཅིག་ཅར་བ་གཏན་ཚིགས་ཡིན་ནི། གཏན་ཚིགས་བཞིན་དུ་ཡོད་པ་དེ་སྒྲུབ་མི་དགོས་ཏེ། གླང་གི་རྭ་གཡས་གཡོན་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་


DTG174_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་མ་ཡིན་པ་མཚུངས་པ་ཡིན་ནོ། །དེ་དག་ནི་མ་ཚང་བའི་གཏན་ཚིགས་ཉིད་དང་རྗེས་སུ་མཐུན་པའོ། །གང་གི་ཕྱིར་ཞེ་ན། རིགས་པ་དང་མི་ལྡན་པའི་དཔེ་བརྗོད་ཀྱི་གཏན་ཚིགས་ཐམས་ཅད་བསལ་བའི་ཕྱིར་རོ། །གང་ཞིག་འདིར་མ་ཕྲད་པ་ཙམ་ཆོས་མཐུན་པས་གཏན་ཚིགས་ཀྱི་མཚན་ཉིད་མཚུངས་པར་འགྱུར་བ་ག་ལ་རིགས། རིགས་སུ་ཟིན་གྱིས་ཀྱང་གཏན་ཚིགས་མ་ཡིན་པས་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྔར་རྟགས་ཀྱིས་སྒྲུབ་པར་བྱེད་ན་ཐ་སྙད་ཙམ་མ་དམིགས་པའི་ཕྱིར་སྒྲུབ་བྱེད་མ་ཡིན་ནོ་ཞེས་པ་ལ་ཡང་ངོ༌། །རང་ལ་གནོད་པའི་ཉེས་པར་འགྱུར་བ་ནི་འདིར་དགག་པ་ལའང་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་དང་བློའི་གཏན་ཚིགས་དག་ལ་བསྒྲུབ་པར་བྱ་བའི་གཏན་ཚིགས་ཀྱི་མཚན་ཉིད་གསུམ་མ་ཚང་བ་ལྟར་སྣང་བ་ཡིན་ནོ། །དོན་རྟོགས་མ་གྲུབ་ལྟར་སྣང་ཡིན། །གང་གི་ཚེ་དོན་གཏན་ཚིགས་ཡིན་པ་དེའི་ཚེ་ནི་ཚིག་ལས་ཡིན་པ་མ་བཀག་པའི་ཕྱིར་དེ་དོན་ལ་མ་གྲུབ་ལྟར་སྣང་བ་ཉིད་དེ། ཆོས་ཐམས་ཅད་ཀྱི་གཏན་ཚིགས་རིགས་པ་མ་ཡིན་པས་བསལ་བའི་ཕྱིར་སྔ་མ་བཞིན་ནོ། །གཏན་ཚིགས་གཉིས་ཀའི་ལྟར་ན་ཡང་དོན་བསྒྲུབ་པར་བྱ་བ་ལ་དེ་དག་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པའི་ཕྱིར་དེ་དག་ནི་རིགས་པ་མ་ཡིན་ནོ། །རིགས་སུ་ཆུད་མོད་ཀྱང་སེལ་བར་བྱེད་པའི་རང་བཞིན་གྱིས་སུན་འབྱིན་དུ་འགྱུར་རོ། །རྟག་བརྗོད་མི་རྟག་པ་རྗེས་འགྲོ། །དེ་དག་མི་རྟག་པར་ནུས་མིན། །ཕྱོགས་ཀྱི་སྐྱོན་དང་རྗེས་མཐུན་འགྲོ། །དཔེར་ན་སྒྲ་མི་རྟག་ཅེས་བྱ་བ་ལ་དེའི་རྟག་པའི་རྟག་པ་དང་སྦྱོར་བར་འགྱུར་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་འཐོབ་པ་མི་འདོར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། དེ་དག་ཉིད་ནི་བརྟགས་པ་དང་མཚུངས་པའི་ལྟག་གཅོད་ཡིན་ནོ། །འདི་ནི་དམ་བཅའ་བའི་སྐྱོན་སྐྱོན་ལྟར་སྣང་བའོ། །མི་རྟག་པ་ཉིད་གཏན་ནས་ཞེན་པའི་ཕྱིར་དེ་ལ་མི་རྟག་པ་ལས་གཞན་ཡང་རྟག་པའི་འཇུག་པ་ཡོད་པ་མ་ཡིན་ནོ། །དངོས་པོ་དེ་ཉིད་མ་བྱུང་བ་ལས་བྱུང་བར་གྱུར་པ་ནི་མི་རྟག་པའོ་ཞེས་བརྗོད་པར་བྱའོ། །གནས་སྐབས་དེ་ཡང་མི་རྟག་པ་ཉིད་དོ་ཞེས་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱ་སྟེ། འབྲས་བུ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །སྔར་བརྗོད་གཏན་


DTG174_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་མེད་པ་ཡིས། །བསྒྲུབ་བྱ་མེད་པར་ཐལ་བར་འགྱུར། །ཡང་བརྗོད་པ་མཚུངས། དཔེར་ན་སྔར་བཞིན་བྱས་པ་ལ་གལ་ཏེ་གཏན་ཚིགས་འདི་ལས་མི་རྟག་པ་ཡིན་ན་སྔར་བརྗོད་པ་དེ་དག་མེད་དེ། གཏན་ཚིགས་མེད་པའི་ཕྱིར་མི་རྟག་པར་བསྒྲུབ་མི་ནུས་སོ་ཞེས་བྱ་བ་ནི་མ་བརྗོད་པ་མཚུངས་པའོ། །འདི་ལ་ཡང༌། སྒྲོ་བཏགས་ནས། སྨྲ་པོའི་ངག་གིས་སྒྲུབ་པར་བྱེད། །མ་གྲུབ་ལྟར་སྣང༌། དོན་ལ་ནི་སྔར་སྨྲ་བ་པོ་རང་ལ་རྗེས་སུ་དཔག་པར་བྱ་བའི་ངེས་པ་སྐྱེས་པ་བཞིན་གཞན་ལ་ངེས་པ་བསྐྱེད་པར་འདོད་པས། དོན་དེ་གཞན་ལ་བརྗོད་པ་དེ་མེད་པ་ལ་མ་གྲུབ་པ་ཉིད་དུ་འགྱུར་རོ། །གཞན་ལ་ནི་སྨྲ་བ་པོའི་ཚིག་གིས་དོན་སྒྲུབ་པ་ལ་སྨྲ་བ་ལས་སྔར་སྒྲོ་བཏགས་ནས། དེ་མེད་པ་ལས་དོན་མ་གྲུབ་པར་རྩོད་པ་ཡིན་ནོ། །དེས་ན་དེ་དག་ནི་མ་གྲུབ་པ་ལྟར་སྣང་བའོ། །ཡང་ན་ཉུང་ལྟར་སྣང༌། བརྗོད་པ་ལས་སྔར་སྒྲུབ་བྱེད་ནའོ། །བརྗོད་པ་ལས་སྔར་སྒྲུབ་བྱེད་ཡིན་པར་ལྷག་པར་སྒྲོ་བཏགས་པའི་ཕྱིར་གཏན་ཚིགས་མ་ཚང་བར་ལྟར་སྣང་བའོ། །གྲུབ་པའི་དུས་ན་ནི་གཏན་ཚིགས་མ་བརྗོད་ན་གཏན་ཚིགས་མ་ཚང་བར་འགྱུར་ན་འདི་ནི་མ་བརྗོད་པ་ལས་སྔར་སྒྲུབ་པར་མི་བྱེད་དོ། །འདིར་གཏན་ཚིགས་ཀྱི་དོན་མ་ལུས་པ་མེད་པར་བརྩད་པའི་ཕྱིར་དཔེ་བརྗོད་མ་ཚང་བ་ལྟར་སྣང་བ་ཉིད་དུ་ཡང་རིག་པར་བྱའོ། །བརྗོད་པ་ལས་སྔར་རྟགས་མིན་ཕྱིར། །མ་གྲུབ་པ་དང་འགལ་བའི་ངག །མ་སྐྱེས་པ་མཚུངས། དཔེར་ན་སྔར་བཞིན་བྱས་པ་ལ་གལ་ཏེ་འདི་ལྟར་བརྗོད་པ་ལས་སྔར་སྒྲ་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པས་འགྱུར་རོ། །རྩོལ་བ་ལས་མ་བྱུང་བའི་ཕྱིར་བརྟག་པ་ཡང་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་མ་སྐྱེས་པ་མཚུངས་པའོ། །དེ་ལྟ་ན་ཡང༌། རྣམ་གཉིས། གཉིས་སུ་སྒྲོ་བཏགས་པ་ལས་འདོད། །དེ་ལ་བརྗོད་པ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་བཏགས་པ་ལས་མ་གྲུབ་པ་ལྟར་སྣང་བའོ། །སྐྱེས་པ་དག་ནི་སྒྲ་ཞིག་པ་ཉིད་ཀྱིས་བརྩལ་མ་ཐག་ཏུ་བྱུང་བ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་དོ། །དེ་དེའི་ཚེ་ཡོད་པ་ཡང་ཡིན་ནོ། །རྩོལ་བ་ལས་མ་བྱུང་བ་ཉིད་ནི། དོན་གྱི་དབང་གིས་མི་རྟག་པ་ཉིད་དུ་ཡང་སྒྲོ་འདོགས་པས་མ་ངེས་པ་ལྟར་སྣང་བའོ། །འབྲས་བུ་གཞན་ཉིད་ཀྱི་ཆ་ནས། བསྒྲུབ་བྱ་མི་འགྲུབ་པར་སྟོན་པ། དེ་ནི་འབྲས་མཚུངས། དཔེར་ན་སྒྲ་མི་རྟག་སྟེ། འབྲས་བུ་ཡིན་པའི་ཕྱིར་བུམ་པ་བཞིན་ཞེས་


DTG174_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། གཞན་བུམ་པའི་འབྲས་བུ་ཉིད་ཀྱིས་བྱས་པ་མི་རྟག་པ་ཡིན་ན་སྒྲ་འདིའིའོ་ཞེས་ཅི་སྟེ་བྱ་ཞེས་བྱ་བ་ནི་འབྲས་བུ་མཚུངས་པའོ། །དེ་ལྟ་བུ། སྨྲ་པོའི་འདོད་པ་རྣམ་པ་གསུམ། །གལ་ཏེ་སྨྲ་བ་པོའི་བུམ་པའི་འབྲས་བུ་ཉིད་སྒྲ་ལ་མེད་དོ་ཞེས་རྩོད་ན་ནི་དེའི་ཚེ་མ་གྲུབ་པ་ལྟར་སྣང་བའོ། །འོན་ཏེ་སྒྲའི་འབྲས་བུ་ཉིད་བུམ་པ་ལ་སོགས་པའི་མི་རྟག་པ་ལ་མེད་དོ་ཞེས་རྩོད་པའི་ལྟ་ན་འགལ་བ་ལྟར་སྣང་བའོ། །དེ་སྟེ་དེ་ཉིད་རྟག་པ་ལ་ཡང་མེད་དོ་ཞེ་ན་ནི་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། མ་ངེས་པ་ལྟར་སྣང་བའོ། །ཡང་ན་ཆོས་མཐུན་པ་བསྟན་པའི་ཕྱིར། དཔེའི་སྐྱོན་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྤྱི་བཟུང་ནས་རྗེས་སུ་དཔོག་པར་བྱེད་པ་ཡིན་གྱི། དེའི་བྱེ་བྲག་ལས་ནི་མ་ཡིན་ཏེ། དེའི་དོན་སོ་སོར་ངེས་པ་ཉིད་ཀྱི་རྗེས་སུ་དཔག་པ་མེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །ངེས་བསྟན་མི་མཐུན་ཕྱོགས་དག་ལས། །ཆོས་མཐུན་དཔེ་ཡིས་གཞན་སྒྲུབ་པ། །ཆོས་མཐུན་པར་མཚུངས། གཞན་སྒྲུབ་ཅེས་བྱ་བ་ནི། བཟློག་པ་སྒྲུབ་པ་སྟེ་བྱེད་པ་པོའི་རྒྱུར་བྱས་ནས་སོ། །དཔེར་ན། སྒྲ་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཆོས་མི་མཐུན་པའི་དཔེ་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལ། ངེས་པར་བསྟན་པའི་ནམ་མཁའ་དང་ཡང་ལུས་ཅན་མ་ཡིན་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར་མི་རྟག་པའོ་ཞེས་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་འདི་དག་ཉིད་དུ། བུམ་པ་ཆོས་མཐུན་པར་བྱས་པ་ལ། དེའི་མི་མཐུན་པའི་ཕྱོགས་ནམ་མཁའ་དང་ཆོས་མཐུན་པར་བརྗོད་པ་དེ་ལྟ་བུ་ནི་ཆོས་མཐུན་པ་མཚུངས་པའོ། །གཞན་དག་ནི། ཆོས་མི་མཐུན་པས། ངེས་པར་བསྟན་པའི་མི་མཐུན་པའི་ཕྱོགས་དག་ལས་གཞན་སྒྲུབ་པར་བྱེད་དོ་ཞེས་བརྗོད་པ་ལ། དཔེ་གཉིས་ཀ་ཡང་སྔར་བཞིན་བུམ་པ་ཆོས་མི་མཐུན་པའི་དཔེར་སྦྱར་བར་བྱའོ། །དེ་ལྟ་བུ་དག་གི །མཚུངས་པ་ཉིད། གཞན་ལ་མ་གྲུབ་བསྟན་པའི་ཕྱིར། །ཐུན་མོང་ལྟར་སྣང་རྣམ་པ་གཉིས། །གལ་ཏེ་འདི་ལུས་ཅན་མ་ཡིན་པ་ལ་སོགས་པ་དང་ཆོས་མཐུན་པ་དང་ཆོས་མི་མཐུན་པ་མཚུངས་པའི་ཕྱིར་རོ། །གཞན་ལ་མ་གྲུབ་པ་རྩོད་ན་ནི་ཇི་ལྟར་ཁོ་བོའི་ཆོས་མཐུན་པ་དང༌། ཆོས་མི་མཐུན་པ་ཙམ་ལས་མ་གྲུབ་པ་བཞིན་དུ་ཁྱོད་ཀྱི་ཡང་ཡིན་ནོ། །དེས་ཐུན་མོང་གི་མ་ངེས་པ་ལྟར་སྣང་པའོ། །


DTG174_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྔ་མ་ལ་ལུས་ཅན་མ་ཡིན་པ་ཉིད་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མ་ངེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་བུ་ཉིད་དག་ནི་གྲུབ་པར་འདོད་པ་མཚུངས་པའི་ཕྱིར་འགལ་བ་མི་འཁྲུལ་བ་ཅན་བཞིན། གལ་ཏེ་བསམ་པ་འདི་ཡིན་ན་ནི་ཇི་ལྟར་ཁྱོད་ཀྱི་ཆོས་མཐུན་པ་ཙམ་ལས་གྲུབ་པ་དེ་བཞིན་ཁོ་བོའི་ཡང་ཡིན་ཏེ། དེས་ན་འགལ་བ་མི་འཁྲུལ་བ་ཅན་ལྟར་སྣང་བའོ། །འདི་ཡང་རྗེས་འགྲོ་མེད་པའི་ཕྱིར། །དཔེ་ལྟར་སྣང་བའི་སྐྱོན་བརྗོད་ཡིན། །རྣམ་པ་གཉིས་ཀ་ཡང་མ་ངེས་པ་ལྟར་སྣང་བ་སྟེ། གཏན་ཚིགས་དང་བསྒྲུབ་བྱའི་རྗེས་སུ་འགྲོ་བ་མ་བསྟན་པའི་ཕྱིར་དང༌། བསྒྲུབ་བྱེ་མེད་པའི་གཏན་ཚིགས་མེད་པར་མ་བསྟན་པའི་ཕྱིར་རོ། །ཕྱོགས་ཕྱི་མ་ལ་ཡང་ཇི་ལྟ་བ་བཞིན་དུ་ཕྱོགས་སྔ་མ་ལ་ཡང་ཡིན་ནོ། །དཔེ་ལྟར་སྣང་བའི་རྩོད་པ་ལ་ཡང་རྗེས་སུ་འགྲོ་བ་མེད་པར་སྦྱར་རོ། །རྗེས་འགྲོ་ཕྱིན་ཅི་ལོག་ཉིད་ལས། །དཔེ་དང་བསྒྲུབ་བྱ་འདྲེས་པར་འགྱུར། །ཕལ་ཆེར་ནི་རྟོག་གེ་ངན་པ་ཁོ་ན་དཔེས་ཉེ་བར་འཇལ་བར་བྱེད་དེ། སྒྲ་ནི་བུམ་པ་ལྟ་བུ་ཡིན་ནོ། །སྒྲ་ནམ་མཁའ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེར་དེ་ལྟར་འདྲེས་པ་ལ་ཕྱིན་ཅི་ལོག་ཡིན་ཀྱང་རྗེས་སུ་འགྲོ་བ་སྲིད་དེ། གང་མི་རྟག་པ་དེ་རྩོལ་བ་ལས་བྱུང་ངོ་ཞེས་བྱ་བ་དང༌། གང་རྩོལ་བ་ལས་མ་བྱུང་བ་དེ་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་བུར་བྱས་པ་ལ་དེ་བཞིན་དུ་ཞེས་པ་དང༌། དེ་བཞིན་དུ་མ་ཡིན་ནོ་ཞེས་མཇུག་བསྡུ་བར་བྱའོ། །ཕྱོགས་ཕྱི་མ་ཇི་ལྟ་བ་བཞིན་དུ་ཕྱོགས་སྔ་མ་ཡང་ཡིན་པས་མཚུངས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། དེ་ལྟར་སྣང་བ་ཡང་འཐད་པ་ཡིན་ནོ། །དཔེར་བསྟན་པ་ཙམ་ཉིད་ལ་ཕྱོགས་སྔ་མ་དང་ཕྱི་མ་གཉིས་ཀ་ཡང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཏུ་མཚུངས་སོ། །དེ་ལྟ་ན་ནི་བུམ་པ་ལ་ཆོས་གཉིས་ཀ་ཡང་རིགས་པ་ཡིན་ལ་དེ་བཞིན་དུ་ནམ་མཁའ་ལ་ཡང་ངོ༌། །དེ་ལྟ་བུ་ཡང༌། རྟགས་དེའི་བདག་ཉིད་ཀྱིས་དབྱེ་བས། །འཁྲུལ་པ་ལྟར་སྣང་རྣམ་པ་གཉིས། །གཏན་ཚིགས་ཕྱོགས་གཅིག་ཏུ་ངེས་ཕ། །སྦྱོར་བ་སྔ་མ་ལ་ཡོད་མིན། །དེ་ལྟར་ཁོ་བོ་ཅག་གིས་འཇིག་རྟེན་པའི་སྦྱོར་བའི་རྗེས་སུ་ཞུགས་ནས་ཆོས་མཐུན་པ་དང༌། མི་མཐུན་པ་མཚུངས་པར་བསྟན་པ་སྟེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཕྱོགས་གཅིག་ཏུ་ངེས་པ་དངོས་པོའི་གཏན་ཚིགས་སུ་འདོད་པ་ཡིན་ཡང༌། ཕྱིན་ཅི་ལོག་གི་ངེས་པ་ལྟར་སྣང་བར་བརྗོད་དོ། །ཕྱོགས་སྔ་མ་ལ་ནི་ཁོ་བོ་ཅག་གིས་སྦྱོར་བ་བཞིན་


DTG174_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་ངེས་པར་བསྟན་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གང་གི་ཕྱིར་ཆོས་མཐུན་པ་མཚུངས་པར་བྱས་པ་ལ་ཡང་འབྲེལ་པ་མེད་པའི་ཕྱིར་གཞན་ཉིད་ཡིན་ནོ། །བྱེ་བྲག་བརྗོད་པས་ཆོས་མཐུན་པའང༌། །རྣམ་རྟོག་མཚུངས་པའོ། །དཔེར་ན་སྔར་བཞིན་དུ་བུམ་པ་དང་ཆོས་མཐུན་པས་མི་རྟག་པར་བྱས་པ་ལས་བརྗོད་པ། དེ་ལ་ཆོས་མཐུན་པ་ཡོད་དུ་ཟིན་ཀྱང་བསྲེག་པར་བྱ་བ་དང༌། མིག་གི་གཟུང་བྱ་ལ་སོགས་པའི་བྱེ་བྲག་གིས་བུམ་པ་ཁོ་ན་མི་རྟག་པར་འགྱུར་གྱི་སྒྲ་ནི་མ་ཡིན་ལ། སྒྲ་ཁོ་ན་རྟག་པར་འགྱུར་ཏེ། བསྲེག་པར་བྱ་བ་མ་ཡིན་པ་དང༌། མཉན་བྱ་ཉིད་ལ་སོགས་པས་སོ་ཞེས་སོ། །བསྒྲུབ་པར་བྱ་བ་ལས་བཟློག་ནས་རྣམ་པར་རྟོག་པར་བྱེད་པས་ན་རྣམ་པར་རྟོག་པ་མཚུངས་པའམ། དཔེར་བརྗོད་པ་ལས་གཞན་ལ་ཡང་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་བསྲེག་པར་བྱ་བ་དང་བསྲེག་པར་བྱ་བ་མ་ཡིན་པ་ལ་སོགས་པ་བཞིན་རྟག་པ་དང་མི་རྟག་པ་རྣམ་པར་རྟོག་པ་བརྗོད་པས་ན། རྣམ་པར་རྟོག་པ་མཚུངས་པའོ་ཞེས་ཟེར་རོ། །འདི་ལ་ནི། འཁྲུལ་པ་ཅན་གྱི་བྱེ་བྲག་གིས། །རྟག་པར་འགྱུར་བ་དེ་ལྟར་སྣང༌། །སྤྱི་མིན་གྱིས་ཀྱང༌། འདི་ལ་ཡང་འཁྲུལ་པ་ཅན་དང་ཐུན་མོང་མ་ཡིན་པ་དེ་བཞིན་དུ་རྟག་པའམ་སུན་འབྱིན་པར་ཡང་ཐལ་བར་འགྱུར་རོ། །རང་གི་ཕྱོགས་ལ་མ་གྲུབ་པ་བཞིན་གཞན་ལ་མ་གྲུབ་པ་བསྟན་པའི་ཕྱིར་སྒྲུབ་པར་བྱེད་པར་འགྱུར་རོ། །སུན་འབྱིན་པ་ལ་ནི་ཐུན་མོང་ངམ་ཐུན་མོང་མ་ཡིན་པའི་མ་ངེས་པ་ལྟར་སྣང་བའོ། །བསྒྲུབ་པ་ལ་ནི་འགལ་བ་མི་འཁྲུལ་བ་ཅན་དུ་རྩོད་པ་ལྟར་སྣང་བའོ། །རྣམ་པ་གཞན་ཡང་སྟེ་མ་ངེས་པ་ལྟར་སྣང་བའོ། །གལ་ཏེ་བསྲེག་པར་བྱ་བ་དང་བསྡོངས་པའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་བརྗོད་ན་ནི་མངོན་སུམ་འབའ་ཞིག་པ་མིག་གི་གཟུང་བྱ་མ་ཡིན་པ་ཉིད་དང་རྫས་ཉིད་ལ་སོགས་པས་མ་ངེས་པ་ཡིན་ནོ། །བསྡོངས་པའི་ངེས་པར་བྱེད་པའི་གཏན་ཚིགས་འདི་ཡང་དེ་བཞིན་དུ་མ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་འབའ་ཞིག་པ་ནི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །གཅིག་ཉིད་དུ། ཐལ་བར་འགྱུར་ཕྱིར་བྱེ་བྲག་མེད། །ཆོས་མཐུན་པ་སྟོན་པའི་སྐབས་ཡིན་པའི་ཕྱིར་དེ་དང་གཅིག་ཏུ་ཐལ་བར་འགྱུར་བས་ནའོ། །ཟླ་བོ་མཉན་བྱ་མ་ཡིན་པའི་ཕྱིར་མེད་བཞིན་དུ་གང་དུ་གང་


DTG174_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ན་བསྒྲུབ་བྱའི་ཞེས་གོ་བར་བྱ། བྱེ་བྲག་མེད་ཅེས་བྱ་བ་ནི་བྱེ་བྲག་མེད་པར་ཐལ་བའོ། །གང་ཞིག་གང་དང་བྱེ་བྲག་ཡིན་ཞེ་ན། བྱེ་བྲག་མེད་པར་བྱས་པའི་ཕྱིར་ཐམས་ཅད་དང་སྟེ། དཔེར་ན་ཆོས་མཐུན་པའི་དཔེ་བུམ་པ་བསྟན་པའི་ཕྱིར་གཞན་རྣམས་དང་ཡང་ཁྱད་པར་མེད་པར་བྱེད་པས་བུམ་པ་ལ་ཡོད་པའི་ཆོས་ཐམས་ཅད་སྒྲ་ལ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ཐམས་ཅད་ཕན་ཚུན་ཆོས་མཐུན་པའི་ཕྱིར་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །འདི་ལ་ཡང་བྱེ་བྲག་མེད་པར་ཐལ་བར་འགྱུར་བས་ན་བུམ་པ་བཞིན་སྒྲའི་བྱེ་བྲག་ཉིད་རབ་ཏུ་སྟོན་པ་ཡིན་པའི་ཕྱིར་རྣམ་རྟོག་མཚུངས་པ་ལས་ཁྱད་པར་ཆེན་པོ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་དུ་མ་ངེས་པ་ལྟར་སྣང་བའོ། །ཕྱོགས་སྔ་མ་ལ་ནི་ཆོས་མཐུན་པ་ཙམ་ལས་མི་རྟག་པར་བརྗོད་པ་དང༌། གང་བྱེ་བྲག་མེད་པ་ཙམ་ལས་མི་རྟག་པར་བརྗོད་པ་མེད་དེ། གང་བྱེ་བྲག་མེད་པར་མ་མཐོང་བ་ཙམ་ལས་ལྡོག་པར་བྱེད་དོ། །དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །བསྒྲུབ་བྱ་རྟོགས་ཁྱད་མེད་ཕྱིར་ཡང༌། །མ་གྲུབ་པ་ལྟར་སྣང་བར་འདོད། །བྱེ་བྲག་མེད་པར་མཚུངས་པ་སྔ་མ་ལས་ཐ་དད་དུ་བྱ་བའི་དོན་དུ་ཡང་གི་སྒྲ་སྨོས་སོ། །དེ་ལ་རྣམ་པར་རྟོག་པ་མཚུངས་པ་དང་བྱེ་བྲག་མེད་པ་ལས་བྱེ་བྲག་མེད་པར་མཚུངས་པ་ནི་གཞན་དུ་བརྗོད་པར་བྱ་སྟེ། བསྒྲུབ་བྱ་དང་གཏན་ཚིགས་ཀྱི་དོན་དག་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དཔེར་ན་སྔར་བཞིན་བྱས་པ་ལ་གཏན་ནས་བྱུང་བ་མ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་དོན་དག་ལ་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེས་སོ། །དེ་ལ་བརྗོད་པ། དེ་ལྟ་བུ་ཡང་མ་གྲུབ་པ་ལྟར་སྣང་བ་སྟེ། སྔ་ན་མེད་པ་སྐྱེས་པ་ལ་བསྒྲུབ་པར་བྱ་བ་ཉིད་དུ་སྒྲོ་བཏགས་ནས་བསྒྲུབ་པར་བྱ་བ་དང་གཏན་ཚིགས་སུ་བྱེ་བྲག་མེད་པར་མགོ་བསྒྲེ་བའི་ཕྱིར་རོ། །གྲུབ་ན་ནི་སྔར་ནས་ཡོད་པ་ཞིག་ན་མེད་པ་བསྒྲུབ་པར་བྱའོ། །གཞན་ཡང་བྱེ་བྲག་མེད་པར་མཚུངས་པ་བརྗོད་པར་བྱ་སྟེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་མི་རྟག་པ་བསྒྲུབ་པ་བཞིན་ཆོས་གཞན་ཡང་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་བྱེ་བྲག་མེད་པའོ། །དེ་ལྟ་བུ་ཡང་བསྒྲུབ་པར་བྱ་བ་ལ་གནོད་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ནི་འགལ་བ་ལྟར་སྣང་བའོ། །བསྲེག་པར་བྱ་བ་ལ་སོགས་པ་མ་ངེས་པ་ཡིན་པའི་ཕྱིར་ཕྱོགས་གཅིག་ཏུ་ངེས་པ་ཉིད་འགལ་བར་རྩོད་པར་གལ་ཏེ་མཐོང་ན་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །


DTG174_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བརྗོད་པ། བསྒྲུབ་བྱ་བ་ནི་གནོད་ཆོས་ཀྱང༌། །མཚུངས་པ་ཉིད་ཀྱི་བྱེ་བྲག་མེད། །གཏན་ཚིགས་སྐྱོན་ལ་འགལ་ལྟར་སྣང༌། །སྐྱོན་ཡོད་མིན་ཏེ་ཕྱོགས་ཕྱི་མ། །དེ་དག་ནི་ཆོས་ཉིད་ཆོས་མཐུན་པ་མཚུངས་པ་ལ་སོགས་པ་ཕྱོགས་ཕྱི་མའོ། །གལ་ཏེ་ཕྱོགས་ཕྱི་མ་ལས་ཕྱོགས་གཅིག་ཏུ་ངེས་པར་ཆོས་མཐུན་པ་ལ་སོགས་པས་ཕྱོགས་གཅིག་ཏུ་ངེས་པས་འགལ་བར་འགྱུར་རོ། །ཕྱོགས་སྔ་མ་ལ་ནི་ཇི་སྐད་དུ་བརྗོད་པའི་མ་ངེས་པ་དང་ལྡན་པས་དེ་སུན་བཏོན་པ་དང༌། སྒྲུབ་པའི་སྒོ་ནས་འགལ་བ་དང་མ་ངེས་པ་བསྒྲུབ་པར་བྱ་བ་ལ་གནོད་པར་བརྩད་པའི་ཕྱིར་དེ་དག་ནི་སུན་འབྱིན་གཞན་ཉིད་ཡིན་ནོ། །གལ་ཏེ་གནོད་པར་མི་བྱེད་པར་མཐོང་སྟེ། དཔེར་ན་འགལ་བ་ཁ་ཅིག་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མི་རྟག་པ་ཉིད་ལས་མི་འཁྲུལ་བ་དེ་བཞིན་མཉན་བྱ་མ་ཡིན་པ་ཡང་ངོ༌། །དེ་བཞིན་དུ་སྒྲ་མཉན་བྱ་མ་ཡིན་ནོ་ཞེས་དེ་ཡང་བརྗོད་པར་བྱའོ། །དེ་ལྟར་འདིར་མཉན་བྱ་ཉིད་ལ་གནོད་པ་ནི་མཐོང་གི །སྒྲ་རྟག་པ་ཉིད་ནི་མ་མཐོང་ངོ༌། །གང་ལས་མི་རྟག་པ་ཉིད་འཐོབ་པའི་རྗེས་སུ་དཔག་པར་འཇུག་པར་བྱེད། དམ་བཅའ་བའི་སྐྱོན་ཉིད་ཀྱིས་སྔ་མ་ལ་མཉན་བྱ་མ་ཡིན་པ་ཉིད་མི་འགྲུབ་བོ། །གང་ལ་ཕྱོགས་གཅིག་ཏུ་ངེས་པ་མཐོང་ན་ནི་གནོད་པ་མེད་དེ། ཇི་ལྟར་རྡུལ་གཉིས་པ་ནི་རྡུལ་གཅིག་སྔོན་དུ་སོང་བ་ཡིན་ཏེ། རགས་པ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ཞེས་བྱས་ནས་རྡུལ་ཕྲ་རབ་རྣམས་ཀྱིས་རགས་པ་ཉིད་ཀྱང་བསྒྲུབ་པ་བཞིན་ནོ། །བུམ་པ་ལ་སོགས་པ་རྣམས་ཀྱི་སྔོན་དུ་རྡུལ་རགས་པ་སོང་བ་ཡིན་པའི་ཕྱིར་དེ་ལ་ལན་གང་ཞིག་ཡོད། །བསྒྲུབ་བྱ་ལ་གནོད་བསྒྲུབ་པའི་ཕྱིར། །གནོད་པ་བྱེད་པ་འགལ་ཉིད་མིན། །བསྒྲུབ་བྱ་ལ་ནི་འདིར་ཆོས་སམ་ཆོས་ཅན་ཡང་རུང་སྟེ། དེ་ལ་གནོད་པ་གྲུབ་ན་དེ་འགལ་བ་ཉིད་ཡིན་ནོ། །བསྒྲུབ་བྱ་ལས་གཞན་གཏན་ཚིགས་ཀྱིས། །བསྟན་ན་དམིགས་པ་མཚུངས་པའོ། །གང་བསྒྲུབ་པར་བྱ་བ་ལས་གཞན་ཡང་གཏན་ཚིགས་ཀྱིས་ཉེ་བར་བསྟན་པ་དེ་ནི་དམིགས་པ་མཚུངས་པའོ། །དཔེར་ན་སྔ་མ་བཞིན་དུ་མི་རྟག་པར་བསྒྲུབ་པ་ལ་གཏན་ཚིགས་འདི་གློག་ལ་སོགས་པ་ལ་ཡོད་པ་མ་ཡིན་ཞིང་འདི་ལས་མངོན་སུམ་ལ་སོགས་པས་མི་རྟག་པ་གྲུབ་པོ། །གལ་ཏེ་དེ་མེད་ཀྱང་དེའི་རྒྱུར་འགྱུར་བ་ནི་ཡོད་པ་མ་ཡིན་ནོ། །གཞན་དེ་ལས་གཞན་དུ་སྦྱོར་བར་


DTG174_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །འདི་མི་རྟག་པའི་གཏན་ཚིགས་མ་ཡིན་ཏེ། ཁྱབ་པ་མེད་པའི་ཕྱིར་ནགས་ཀྱི་ཤིང་ནུབ་མོ་ཉལ་བ་ལས་སེམས་པ་དང་ལྡན་པ་བཞིན་ནོ་ཞེས་སོ། །འདི་ལ་ཡང༌། བསྒྲུབ་བྱ་དུ་མ་བཀོད་པ་ལས། །གཏན་ཚིགས་དེ་དང་རྗེས་མཐུན་ཉིད། །གལ་ཏེ་གཏན་ཚིགས་གཞན་གྱིས་རྟག་པར་གྲུབ་དེ་ལྟ་ན་ནི་མི་རྟག་པའི་འཁྲུལ་པ་ཡིན་པས་གཏན་ཚིགས་གཞན་གྱིས་སྒྲུབ་པོ། །གཏན་ཚིགས་ནི་མ་ཡིན་ནོ། །དེ་ནི་མི་རྟག་པ་མེད་པར་མཐོང་བར་མེད་དོ། །བྱེད་པ་པོའི་རྒྱུ་ལས་གཞན་གྱི་འབྲས་བུ་སྒྲུབ་པོ། །དེའི་གཏན་ཚིགས་ཉིད་དུམ་གྱུར་པའི་ཕྱིར་ཤེས་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །གཏན་ཚིགས་ཀྱིས་ནི་མ་ཁྱབ་ཀྱང༌། །བསྒྲུབ་བྱའི་དངོས་པོ་རྟོགས་པའི་ཕྱིར། །མ་གྲུབ་ལྟར་སྣང་སྒྲར་གནས་ཀྱིས། །ཐམས་ཅད་རབ་ཏུ་སྒྲུབ་པ་ཡིན། །གང་མ་ཁྱབ་པའི་སྒྲུབ་བྱེད་མ་ཡིན་ནོ་ཞེས་བརྗོད་པ་ལ། དེ་མི་རྟག་པ་ལས་གཞན་ལ་གཏན་ཚིགས་མི་སྲིད་ཅིང༌། སྒྲ་ལ་མེད་པ་ཡང་མ་ཡིན་པ་ལ་མེད་པར་བཏགས་པའི་ཕྱིར་མ་གྲུབ་པ་ལྟར་སྣང་བ་སྟེ། བསྒྲུབ་བྱ་ཁོ་ན་ལ་མེད་པ་ཡིན་པའི་ཕྱིར་སུན་འབྱིན་པ་ཡིན་ནོ། །གཏན་ཚིགས་དེ་སྒྲ་ལ་མེད་པ་ཡང་མ་ཡིན་ལ་སྒྲ་ལ་ཡོད་པས་ཐམས་ཅད་ཀྱིས་བསྒྲུབ་བྱ་སྒྲུབ་པ་ཡང་མ་ཡིན་ཏེ། ཇི་ལྟར་སྦྲུལ་ལ་སོགས་པ་ལ་ཡོད་པའི་མཚན་མོ་ཉལ་བས་ན་ནགས་ན་གནས་པ་སེམས་པ་དང་བཅས་པར་བསྒྲུབ་པ་བཞིན་ནོ། །ཐེ་ཚོམ་བརྗོད་འདོད་ཐ་དད་ལས། །གཏན་ཚིགས་ཐེ་ཚོམ་རྩོད་པར་བྱེད། །གང་དུ་དམ་བཅས་པའི་དོན་བཏགས་པས་གཏན་ཚིགས་འཁྲུལ་པའི་ཕྱིར་ཐེ་ཚོམ་དུ་བརྗོད་དོ། །གཏན་ཚིགས་ཀྱི་དོན་རྟག་པ་ལས་ཀྱང་ཐེ་ཚོམ་མཚུངས་པའི་ལྟག་སྤྱོད་ཡིན་ནོ། །དཔེར་ན་སྔར་བཞིན་བྱས་པ་ལ་བརྩལ་མ་ཐག་ཏུ་བྱུང་བ་བསལ་བ་དང༌། སྐྱེས་པ་མཐོང་བ་ལས་ཐེ་ཚོམ་དུ་འགྱུར་ཏེ། ཅི་འདི་གསལ་བར་བྱ་བ་ཡིན་ནམ། བསྐྱེད་པར་བྱ་བ་ཡིན་ཞེས་སོ། །འདི་རིགས་པ་མ་ཡིན་ཏེ། གང་གཏན་ཚིགས་དེ་དག་ལས་མི་རྟག་པའོ་ཞེས་པ་དེའི་ལྟ་ན། བསྒྲུབ་བྱ་སྒྲོ་བཏགས་མ་ངེས་པ། །ལྟར་སྣང༌། འདི་བརྩལ་མ་ཐག་ཏུ་བྱུང་བ་དམིགས་ནས་འཇིག་པ་ཉིད་དུ་སྒྲུབ་པ་ལ་གང་ཞིག་དེ་ལྟར་སྒྲོ་འདོགས་ན་མི་རྟག་པ་བསྐྱེད་པར་བྱ་སྟེ། དེ་ལ་ཡང་མ་ངེས་པ་ཡིན་པའི་ཕྱིར་ཐེ་ཚོམ་ཡིན་ནོ། །འདི་ལྟར་བརྩལ་མ་ཐག་


DTG174_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བ་དམིགས་པ་བསལ་བ་ནི་རྩྭ་དང་ཆུ་ལ་སོགས་པ་ལ་ཡོད་པས་དེ་མ་ངེས་པ་ལ་སྣང་བ་སྟེ། འཇིག་པ་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །གསལ་བ་རྣམས་ལ་ཡང་འཇིག་པ་ཉིད་ཡོད་པ་སྟེ། དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །རྟགས་མ་གྲུབ་ལྟར་སྣང༌། སྒྲོ་བཏགས་ནས་ཤེས་པར་བྱའོ། །གལ་ཏེ་གཏན་ཚིགས་སུ་སྒྲོ་བཏགས་པར་བྱ་བའི་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་སྐྱེས་པ་སུན་བཏོན་ན་ནི་དེ་ལས་མ་གྲུབ་པ་ལྟར་སྣང་བ་སྟེ། གཏན་ཚིགས་སུ་བརྗོད་པའི་བརྩལ་མ་ཐག་ཏུ་བྱུང་བར་དམིགས་པ་དེ་བརྩལ་མ་ཐག་ཏུ་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །དོན་གྱིས་འདོད་མིན་མི་མཐུན་ཕྱོགས། །བསྒྲུབ་བརྗོད་དོན་གོ་མཚུངས། དཔེར་ན་གལ་ཏེ་རྩོལ་བ་ལས་བྱུང་བ་མི་རྟག་པ་ཡིན་ན། དོན་གྱི་ཤུགས་ཀྱི་རྩོལ་བ་ལས་མ་བྱུང་བའི་གློག་ལ་སོགས་པ་རྣམས་རྟག་པའོ་ཞེས་འགྱུར་བས་དེ་ལྟ་བུ་ནི་དོན་གྱིས་གོ་བར་མཚུངས་པའོ། །འདི་ནི། འཁྲུལ་པ་གཞན་གྱི་བསྒྲུབ་བྱ་ལ། །དེ་ཡིས་སྒྲུབ་པ་དེ་ལྟར་སྣང༌། །རྩོལ་བ་ལས་བྱུང་བ་ཉིད་ལས་མི་རྟག་པ་ཉིད་སྒྲུབ་པ་ལ་རྩོལ་བ་ལས་མ་བྱུང་བ་ཉིད་ལས་རྟག་པའི་དོན་དུ་སྒྲོ་འདོགས་པར་བྱེད་པ་དེ་ལ་ནི་མ་ངེས་པ་སྔར་སྒྲོ་འདོགས་པར་བྱེད་དོ། །དེས་ན་མ་ངེས་པ་ལྟར་སྣང་བ་སྟེ་རྟག་པ་ལ་ཡང་གཏན་ཚིགས་ཞུགས་པ་ནི་མ་ཡིན་པས་ན་གང་ལས་བསྒྲུབ་བར་བྱ་བ་ལས་མ་ངེས་པར་འགྱུར། ཡང་ན་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་པ་ཉིད་དོ་ཞེས་སྒྲུབ་པ་ལ་རྩོལ་བ་ལས་བྱུང་བ་ཉིད་ལ་སོགས་པ་དེ་དག་མེད་ཀྱང་གློག་ལ་སོགས་པ་ནི་མི་རྟག་པ་གྲུབ་པས་སོ་ཞེས་རྩོད་པར་བྱེད་དོ། །དེ་ཡང་མ་ངེས་པ་ལྟར་སྣང་བ་སྟེ། དེ་རྟག་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཐལ་འགྱུར་མཚུངས་པར་འདོད་པ་ཡང༌། །གང་ཡང་གཉིས་ཀ་གཏན་ཚིགས་ལམ། །དཔེར་ན་སྔར་བཞིན་སྒྲུབ་པ་ལ་རེ་ཞིག་འདིར་བུམ་པ་ཁོ་ན་མི་རྟག་པའོ་ཞེས་པའི་གཏན་ཚིགས་གང་ཡིན་ཞེས་སོ། །དེ་ནི་དཔེ་ལྟར་སྣང་བ་བཞིན། །དེ་བུམ་པ་མི་རྟག་པ་གྲུབ་པ་མཐོང་བ་བཞིན་དུ་ཡང་རྩོད་པ་ནི་བསྒྲུབ་བྱའི་རྗེས་འགྲོ་མེད་པའི་དཔེ་ལྟར་སྣང་བར་རིགས་པའི་ཕྱིར་དེ་ལྟ་བུ་དེ་ལྟར་སྣང་བ་སྟེ། གོང་དུ་འབྲས་བུ་མཚུངས་པར་གཏན་ཚིགས་ཀྱི་རྗེས་འགྲོ་བརྗོད་ཟིན་ཏོ། །དེ་དག་ནི། ལྟག་གཅོད་ཀུན་ལ་ཕྱོགས་ཙམ་མོ། །ཇི་ལྟར་ལྟག་གཅོད་དེ་དག་རྣམས་ལ་མ་ཚང་བ་ལ་སོགས་པ་ལྟར་སྣང་བ་ཉིད་


DTG174_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་རིགས་པར་ལན་བརྗོད་པ་དེ་བཞིན་དུ་ལྷག་པ་མཚུངས་པ་ལ་སོགས་པ་གཞན་རྣམས་ལ་ཡང་ངོ༌། །དེ་དག་ཉིད་ལ་སྦྱོར་བའི་བྱེ་བྲག་ཅུང་ཟད་ཙམ་གྱིས་དབྱེ་བས་མཐའ་ཡས་པར་འགྱུར་རོ། །དེ་ལ་ཁོ་བོ་ཅག་གིས་མ་ཚང་བ་ལྟར་སྣང་བ་དང༌། མ་གྲུབ་པ་ལྟར་སྣང་བའོ་ཞེས་བྱ་བ་ལ་སོགས་པ་དེ་དག་བརྗོད་པ་དེ་ནི་རྗོད་པར་བྱེད་པ་ལ་བརྗོད་པར་བྱ་བ་བརྟགས་ནས་ཡིན་ཏེ། དེ་ལྟར་མ་ཡིན་ན་མ་ཚང་བ་ཉིད་དུ་རྩོད་པ་ལྟར་སྣང་བ་དང་མ་གྲུབ་པ་ཉིད་དུ་རྩོད་པ་ལྟར་སྣང་བའོ་ཞེས་བྱ་བ་ལ་སོགས་པ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་གཞུང་མངས་པར་འགྱུར་ཏེ། འདི་ལྟར་གང་ཁ་ཅིག་ཏུ་ལྟག་གཅོད་དེ་མ་རྟོགས་ཀྱིས་བསྟན་ནས་དེ་དེ་དང་འབྲེལ་བར་འགྱུར་བའི་ཕྱིར་དང༌། གང་མ་ནིང་གི་རྟགས་ཀྱིས་བསྟན་ནས་ལན་ཡང་དེ་དང་མངོན་པར་འབྲེལ་བར་འགྱུར་བའི་ཕྱིར་རོ། །མཚུངས་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ཀྱི་མཇུག་བསྡུ་བར་ལྟག་གཅོད་རྣམས་ལ་ཐལ་བར་འགྱུར་བར་མཚུངས་པར་རིག་པར་བྱའོ། ། དེ་ལྟར་རེ་ཞིག་ཁོ་བོ་ཅག་གིས་ལྟག་གཅོད་རྣམས་ལ་མ་ཚང་བ་ལྟར་སྣང་བ་དང༌། མ་གྲུབ་པ་ལྟར་སྣང་བའོ་ཞེས་བྱ་བ་ལ་སོགས་པ་དེ་དག་བརྗོད་དོ། །ལྟག་གཅོད་རྣམས་ལ་རྩོད་སྒྲུབ་ཏུ། །ཕྱིན་ཅི་ལོག་དང་བརྫུན་ཉིད་དང༌། །འགལ་བ་ཉིད་དེ་སྐྱོན་གསུམ་སྟེ། །གསུམ་པོ་ཐ་དད་དུ་མཚོན་མིན། །རྩོད་པ་སྒྲུབ་པ་ནི་ཕྱིན་ཅི་ལོག་དང༌། ཡང་དག་བ་མ་ཡིན་པ་ཉིད་དང་འགལ་བ་ཉིད་རྣམས་ཀྱིས་ལན་སྐྱོན་བརྗོད་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ལ་ཕྱིན་ཅི་ལོག་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པ་དང་རྣམ་པར་རྟོག་པ་དང༌། བྱེ་བྲག་མེད་པ་དང་ཕྲད་པ་དང༌། མ་ཕྲད་པ་རྣམས་ལ་ནི་གཏན་ཚིགས་དམིགས་ཤིང། འབྲས་བུ་མཚུངས་པ་ལ་སོགས་པ་ནི་ཐེ་ཚོམ་དུ་བརྗོད་དོ། །དེ་ལ་བཞི་པོ་རྣམས་ཀྱིས་ཕྱིན་ཅི་ལོག་ཉིད་ནི་འདི་ལྟར་ཕྱོགས་གཅིག་ཏུ་ངེས་པའི་གཏན་ཚིགས་ཀྱི་རྗེས་སུ་དཔོག་པར་བརྗོད་ལ། མ་ངེས་པ་ནི་ཆོས་མཐུན་པ་ལ་སོགས་པས་འགལ་ཟླ་འཇོག་པར་བྱེད་དོ། །ཕྱོགས་གཅིག་ཏུ་ངེས་པ་ནི་ཇི་ལྟར་མ་ངེས་པ་དང་ཕྱིན་ཅི་ལོག་བཞིན་དུ་འགལ་ཡང་ལྷན་ཅིག་མི་གནས་པ་ཡིན་པའི་ཕྱིར་རོ། །བདེན་ན་ཡང་དོན་ཕྱོགས་གཅིག་ཏུ་ངེས་པར་སྦྱོར་བའི་ལྟ་ན་མ་ངེས་པ་ཡིན་པས་བརྫུན་ཡིན་ཡང་རྣམ་པར་རྟོག་པ་མཚུངས་པར་བརྗོད་ནུས་སོ། །དེ་ཡང་རིགས་པ་མ་ཡིན་ཏེ། བསྲེག་


DTG174_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཉིད་ལ་སོགས་པ་མེད་པར་མ་མཐོང་བ་མཐོང་བ་མ་ཡིན་ཏེ། རླུང་ཡབ་ཀྱི་རླུང་ལ་སོགས་པ་ནི་མི་རྟག་པ་ཉིད་དོ་ཞེས་འབྱུང་བས་སོ། །གཞན་གྱིས་ནི་བསྲེག་པར་བྱ་བ་མ་ཡིན་པ་དང༌། མིག་གིས་གཟུང་བྱ་མ་ཡིན་པ་ཉིད་ལ་སོགས་པས་སྒྲ་རྟག་པ་ཉིད་དོ་ཞེས་བརྗོད་པ་ཡིན་ནོ། །བསྲེག་པར་བྱ་བ་ཉིད་ལ་སོགས་པས་བུམ་པ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། བསྲེག་པར་བྱ་བ་མ་ཡིན་པ་ལ་སོགས་པ་རྟག་པ་ཁོ་ནར་མཐོང་བ་ནི་མེད་ཀྱི། འོན་ཀྱང་རྟག་པ་ལའོ་ཞེས་སོ། །དེ་ལྟར་ནི་གཞན་གྱི་ཕྱོགས་ལ་མ་ངེས་པ་ཉིད་བརྗོད་པ་ཡིན་ནོ། །འདི་སྔ་མ་ཉིད་ལ་ཁྱབ་པར་བྱེད་པ་ཡིན་ལ་ཁྱབ་བྱེད་མ་ཡིན་པ་གཏན་ཚིགས་མ་ཡིན་ནོ། །གཞན་གྱི་སྒྲ་ལ་རྩོལ་བ་ལས་བྱུང་པའི་ཕྱིར་མཉན་བྱ་མ་ཡིན་པར་རྗེས་སུ་དཔག་པ་ནི་མ་ཡིན་གྱི། འོན་ཀྱང་མཉན་བྱ་མ་ཡིན་པའི་ཕྱིར་སྒྲ་ཉིད་རྟག་པར་འགྱུར་བའོ་ཞེས་ཡིན་ནོ། །ལན་ཕྱོགས་སྔ་མ་དང་འབྲེལ་པ་མ་ཡིན་ནོ། །བདེན་ཏེ། གལ་ཏེ་ཆོས་མཐུན་པས་བརྗོད་ན་ནི་བདེན་ཏེ། ཆོས་མི་མཐུན་པས་ནི་བསྒྲུབ་བྱ་མེད་པས་གཏན་ཚིགས་མེད་པར་སྟོན་པ་ཡིན་གྱི། བསྲེག་པར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་བྱ་མེད་པའོ་ཞེས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་དུ་ཆུག་ན་དཔེ་གཉིས་ཀ་རྗེས་འགྲོ་ཕྱིན་ཅི་ལོག་གིས་ཡིན་ནོ། །དེ་ལྟར་རྩོད་པ་གྲུབ་པ་ན་ནི་མེད་དེ། ཇི་སྐད་དུ་མཉན་བྱ་མེད་ཉིད་རྟག་པ་ཉིད་དུ་མཐོང་བ་ནི་མེད་ལ། མཉན་བྱ་མ་ཡིན་པ་ཉིད་ཀྱི་ཡང་མ་ངེས་པ་ཡིན་པས་རྟག་པ་མ་ཡིན་ནོ། །གང་ཆོས་མཐུན་པ་དང༌། ཆོས་མི་མཐུན་པ་དག་གིས་འདིའི་རྟག་པ་ཉིད་རྗེས་སུ་དཔོག་པར་བྱེད་དོ་ཞེས་འབྱུང་ངོ༌། །དེ་འདིར་ཆོས་མི་མཐུན་པ་ལ་ཡོད་པ་ཉིད་དཔེ་ཡིན་ན། དེ་ལྟ་ན་ནི་མཉན་པར་བྱ་བ་ཉིད་མི་རྟག་པ་ཉིད་དུ་མཐོང་བ་ཉིད་དོ། །འདི་འདྲ་བ་ཆོས་མི་མཐུན་པའི་དཔེ་སྦྱོར་བས་ཡིན་ན་ནི་གློག་རྟག་པ་ཡིན་ཏེ། རྩོལ་བ་ལས་མ་བྱུང་བའི་ཕྱིར་ཞེས་པ་སྐྱོན་མེད་པ་ཉིད་དུ་འགྱུར་ཏོ། །རྩོལ་བ་ལས་མ་བྱུང་བའི་ནམ་མཁའ་རྟག་པ་དང། རྩོལ་བ་ལས་བྱུང་བ་མི་རྟག་པ་ལ་ཕྱོགས་གཅིག་ཏུ་ངེས་པ་ཡང་མཐོང་བ་ཉིད་དོ། །གཉིས་པ་ནི་ཕ་རོལ་པོས་བྱེ་བྲག་མེད་པར་མཚུངས་པ་ལ་གཏན་ཚིགས་མེད་པ་ཉིད་དུ་རྩོད་པར་བྱེད་དོ། །དེ་ལ་ཕྱིན་ཅི་ལོག་ཉིད་མེད་པའི་ཕྱིར་སྐྱོན་གཞན་བརྗོད་པར་བྱའོ། །དེ་བཞིན་དུ་ཕྲད་མ་ཕྲད་དང་གཏན་ཚིགས་


DTG174_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མཚུངས་པ་དག་གིས། གཏན་ཚིགས་ཐམས་ཅད་བསལ་བའི་ཕྱིར་ལ། ཡང་འདི་དམ་བཅས་པའི་དོན་བསྐྱེད་པའི་སྒོ་ནས་གཏན་ཚིགས་ཀྱི་སྐྱོན་དུ་བརྗོད་པ་ཡང་མ་ཡིན་གྱི། འོན་ཀྱང་ཤེས་པར་བྱེད་པ་ཉིད་དོ། །དེ་ལ་ཡང་ཕྲད་མ་ཕྲད་ཀྱི་སྐྱོན་དང་འབྲེལ་ཏོ། །དེའི་ཕྱིར་དེ་ལྟར་ཡང་གཏན་ཚིགས་ཕྱིན་ཅི་ལོག་མ་ཡིན་ཞིང་དམིགས་པ་མཚུངས་པ་ཡང་གཏན་ཚིགས་ཕྱིན་ཅི་ལོག་མ་ཡིན་ལ་ཕ་རོལ་པོས་དེ་ལྟར་བརྩད་པ་ཡང་མ་ཡིན་ནོ། །གཞན་ལ་ནི་མི་རྟག་པ་ལ་གཏན་ཚིགས་ཡོད་པ་ཡིན་ནོ། །འོན་ཀྱང་དེ་དག་གིས་བསྒྲུབ་བྱ་གྲུབ་པ་མེད་པས་ཀྱང་གཏན་ཚིགས་མེད་པ་ཡིན་གྱི། གང་ཞིག་མེད་ཀྱང་དེ་དེའི་གཏན་ཚིགས་འབྱུང་བ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་དེའི་ལན་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཕྱོགས་སྔ་མ་གཞན་བརྗོད་པར་འགྱུར་རོ། །གཉིས་པ་ཡང་ཁྱབ་བྱེད་མ་ཡིན་པའི་ཕྱིར་གཏན་ཚིགས་ཕྱིན་ཅི་ལོག་གི་སྐྱོན་མ་ཡིན་ནོ། །ཐེ་ཚོམ་མཚུངས་པར་ཡང་གཏན་ཚིགས་ཕྱིན་ཅི་ལོག་གི་ཡིན་གྱི། འདི་ལྟར་བསྒྲུབ་བར་བྱ་བ་དང་གཏན་ཚིགས་ཀྱི་དོན་སྒྲོ་བཏགས་པ་ཡིན་ནོ། །དམ་བཅའ་བ་ཕྱིན་ཅི་ལོག་གིས་ཀྱང་མངོན་པར་བརྗོད་པ་ཕྱིན་ཅི་ལོག་ཏུ་བཏགས་པའི་ཕྱིར་ཐམས་ཅད་དུ་ཕྱིན་ཅི་ལོག་ཉིད་དུ་ཐལ་བར་འགྱུར་རོ། །མ་བརྗོད་པ་མཚུངས་པ་ཡང་གཏན་ཚིགས་ཕྱིན་ཅི་ལོག་ཏུ་བརྗོད་པ་མ་ཡིན་ཏེ། ཕ་རོལ་པོས་འཇིག་པའི་གཏན་ཚིགས་སུ་བྱས་པ་ནི་མ་ཡིན་གྱི། སྔར་ནས་བརྗོད་པ་ཡོད་པའི་ཞེས་བརྗོད་དོ། །བརྗོད་པའི་ཚེ་ན་ཡང་སྒྲའི་མི་རྟག་པ་ཉིད་ཐོབ་པ་མ་ཡིན་ཏེ། ཞིག་པའི་ཕྱིར་རོ། །འབྲས་བུ་མཚུངས་པ་ཡང་གཏན་ཚིགས་ཕྱིན་ཅི་ལོག་གི་སྒོ་ནས་བརྗོད་པ་མ་ཡིན་ཏེ། འོན་ཀྱང་ཅི་གཞན་གྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཁྱད་པར་གྱིས་ཡིན་ནོ། །དེའི་ཕྱིར་ལྟག་གཅོད་དེ་དག་གཏན་ཚིགས་ཕྱིན་ཅི་ལོག་ཉིད་དུ་མ་མཐོང་ངོ༌། །ཡང་དག་པ་མ་ཡིན་པ་ནི་ཐལ་བར་འགྱུར་པ་དང༌། དོན་གྱིས་གོ་བར་མཚུངས་པ་ལ་སོགས་པའོ། །དེ་ལ་རེ་ཞིག་ཐལ་བར་འགྱུར་བ་མཚུངས་པ་ནི་ཡང་དག་པ་མ་ཡིན་པ་སྟེ། གང་གི་ཕྱིར་དོན་གྱི་གཏན་ཚིགས་མ་མཐོང་ཡང་བསྒྲུབ་པར་བྱ་བ་བརྗོད་པས་སོ། །འདི་ལ་ཡང་ཕྱིན་ཅི་ལོག་དང་འགལ་བས་ཀྱང་བརྗོད་པར་ནུས་ཏེ། མ་མཐོང་བ་མཐོང་བ་ཡིན་པའི་ཕྱིན་ཅི་ལོག་དང་འགལ་བ་ཉིད་དོ་ཞེས་


DTG174_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་སོ། །དེ་བཞིན་དུ་དོན་གྱིས་གོ་བ་མཚུངས་པ་ཡང་ངོ༌། །ཇི་ལྟར་བསྒྲུབ་བྱ་མེད་པ་ལ་མ་དམིགས་པས་མེད་པར་དམིགས་པ་ཐོབ་པ་ཡང་དག་པ་མ་ཡིན་པ་དེ་བཞིན་དུ་ཕྱིན་ཅི་ལོག་དང་འགལ་བ་ཡང་ངོ༌། །འགལ་བ་ནི་མ་སྐྱེས་པ་དང་རྟག་པར་མཚུངས་པ་ལ་སོགས་པའོ། །དེ་ལ་གང་གི་ཕྱིར་སྔ་ནས་སྐྱེས་པའི་སྒྲ་ཉིད་མེད་པ་དེའི་ཕྱིར་དེ་ལྟ་བུ་འགལ་བ་ཉིད་དོ། །མེད་པ་ཡང་མི་རྟག་པའོ་ཞེས་འགལ་བ་ཡང་ངོ༌། །དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ཡང་ངོ༌། །ཡོད་པ་རྟག་པའི་ཕྱིར་མེད་པའོ་ཞེས་རྟག་པ་ཉིད་ཕྱིན་ཅི་ལོག་ཏུ་མེད་ཀྱང་ངོ་ཞེས་བྱས་ནས་སོ། །རྟག་པ་མཚུངས་པ་ཡང་ཇི་ལྟར་འགལ་བ་བཞིན་དུ་ཕྱིན་ཅི་ལོག་ཏུ་མེད་པར་བརྗོད་པར་ནུས་ཏེ། འདི་ལྟར་མི་རྟག་པ་དང་རྟག་པ་འགལ་བས་སོ། །དེ་བཞིན་དུ་ཕྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པ་ཡང་དེ་ལྟར་རྟག་པ་ཉིད་ཡིན་ནོ། །དེའི་ཕྱིར་ལྟག་གཅོད་རྣམས་ལ་ཕྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པ་དང་འགལ་བ་ཉིད་རྣམས་འདྲེས་པས་སྐྱོན་མེད་པར་བརྗོད་པར་མི་ནུས་སོ། །ལྟག་གཅོད་རྣམས་ཀྱི་མཚན་ཉིད་ལན། །དཀའ་བ་རིགས་པ་ཕྲ་མོར་ཡང༌། །ཤེས་བྱ་རིགས་པ་བརྟག་པར་ཡང༌། །ལྟག་གཅོད་གཞན་ལ་དེའི་ཕྱོགས་ཙམ། །རིགས་པ་ཕྲ་མོར་ཡང་ཆོས་མཐུན་པ་དང་ཆོས་མི་མཐུན་པ་དག་གིས་འགལ་བར་གནས་པ་སྟེ། །ལྟག་གཅོད་དེ་རྣམ་པར་བརྟགས་པས་ཀྱང་ལྟག་གཅོད་མང་པོ་ཉིད་དུ་འགྱུར་རོ། །མཚན་ཉིད་དེ་དང་ཕྲད་མ་ཕྲད་ཀྱི་གཏན་ཚིགས་དང་མི་མཐུན་པ་མཚུངས་པ་ལ་སོགས་པ་ལ་སྲིད་པ་མ་ཡིན་ནོ། །དཔེ་བརྗོད་འདི་ལ་ཆོས་མཐུན་པ་དང་མི་མཐུན་པས་འགལ་བར་གནས་པ་མེད་དོ། །མ་བརྗོད་པའི་ལྟག་གཅོད་རྣམས་ནི་བ་ལང་ཡིན་པའི་ཕྱིར་ཞེས་པ་ལས་བ་ལང་གྲུབ་པ་མེད་བཞིན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རིགས་པ་བརྟགས་པར་རྒྱས་པ་ཤེས་པར་བྱའོ། །དེ་བཞིན་དུ་ལྟག་གཅོད་གཞན་རྣམས་སོ། །དེ་དག་ཉིད་ཕྱོགས་ཙམ་མོ་ཞེས་བྱ་བ་བཞིན་སྒྲུབ་པ་པོ་གཞན་སྒྲུབ་པ་དང་སུན་འབྱིན་པ་དང༌། དེ་ལྟར་སྣང་བ་བསྟན་པ་རྣམས་ལ་སྐྱོན་ཕྱོགས་ཙམ་བསྟན་པའོ། །དེ་དག་གིས་སོ་སོར་དགག་པ་དང་གཞལ་བྱ་སོ་སོར་དགག་བ་རྒྱས་པར་ནི་བྱེ་བྲག་པའི་རིགས་པ་དང༌། རྐང་མིག་པའི་རིགས་པ་བརྟག་པ་དག་ལས་ཤེས་པར་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཀྱི་གཞལ་བྱ་


DTG174_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བར་བྱེད་པ་ནི་རྟོག་གེ་ཙམ་སྟེ། དེས་ཡོངས་སུ་བརྟགས་པའི་དངོས་པོ་རྣམས་ནི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཡང་དེ་བཞིན་དུ་བརྟགས་ན་དཔྱད་མི་བཟོད་དོ། །གལ་ཏེ་འདི་གང་གང་གིས་ན་དོན་ལ་གཞལ་བར་བྱ་བ་བཀག་ཅེ་ན། གཞལ་བར་བྱ་བ་དང༌། འཇལ་བར་བྱེད་པ་སྒྲུབ་དཀའ་བ་ཉིད་ཀྱི་མུ་སྟེགས་ཅན་འདི་ལ་སྙིང་པོ་མེད་པར་བསྟན་པའི་ཕྱིར་དང༌། དེ་ལ་སྤྲོ་བ་རྣམས་བཟློག་པར་བྱ་བའི་དོན་དུ་འདི་བརྩམས་སོ། །འདི་ལས་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་པ་མ་ཡིན་ཏེ། དེའི་ཆོས་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ལོག་ན་ནི་སྟོན་པའི་ཆོས་ཉིད་ཉེ་བར་མཉན་ནས་དཀའ་སླ་མེད་པ་ཐོབ་པར་འགྱུར་རོ། །རིང་དུ་བསྐལ་པའི་ཕྱིར་རོ། །ཡང་བརྗོད་པ། རྟོག་གེའི་སྟོབས་ཙམ་ནུ་སྟེགས་ཀྱི། །དེ་ཡང་མཚན་ཉིད་མ་བསྟན་ཞིང༌། །རང་གི་སྦྱོར་བ་དང་ཡང་འགལ། །འདོད་དོན་སྒྲུབ་པར་བྱེད་པ་མིན། །གང་ཞིག་རྟོག་གེའི་ལམ་ལས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེད་བསྲིངས་ཉམས་པར་བྱས་པ་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚན་ཉིད། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་འོས། །ཚད་མའི་ཕུང་པོ་སྐྱོན་དང་ཡོན་ཏན་རྒྱས་པ་རུ། །རབ་གསལ་བྱས་ལས་འདི་རུ་དགེ་བ་ཅི་བསགས་དེས། །སྐྱེ་བར་སྐྱེ་བར་ཡོན་ཏན་ཡོད་མིན་ཤེས་པ་ཡི། །གྲུབ་མཐའ་ཞི་ཞིང་འགྲོ་ལ་རྣམ་ཐར་སྟེར་བར་ཤོག །ཚད་མ་ཀུན་ལས་བཏུས་པ་ལས་ལྟག་གཅོད་བརྟག་པའི་ལེའུ་སྟེ་དྲུག་པའོ།། །།ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་རྩོད་པ་པ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བསུ་དྷ་ར་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་འཛིན་སྲུང་བ་ཞེས་བྱ་སྟེ་བདུན་བཤད་མཁན་དང༌། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙཱས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག།། །།

དམིགས་པ་བརྟག་པ།
ཕྱོགས་ཀྱི་གླང་པོ།


DTG174_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱཀྵི། བོད་སྐད་དུ། དམིགས་པ་བརྟག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེའི་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །གང་ལྟར་སྣང་དེ་དེ་ལས་མིན། །རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། །དེ་ལྟར་ཕྱི་རོལ་གཉིས་ཀ་ཡང༌། །བློ་ཡི་ཡུལ་དུ་མི་རུང་ངོ༌། །ཁ་ཅིག་འདུས་པའི་རྣམ་པ་དག །སྒྲུབ་པ་ཡིན་པར་འདོད་པར་བྱེད། །རྡུལ་ཕྲན་རྣམ་པ་རྣམ་རིག་གི །དོན་མིན་སྲ་ཉིད་ལ་སོགས་བཞིན། །དེ་དག་ལྟར་ན་བུམ་པ་དང༌། །ཁམ་ཕོར་སོགས་བློ་མཚུངས་པར་འགྱུར། །གལ་ཏེ་རྣམ་པའི་དབྱེ་བས་དབྱེ། །དེ་ནི་རྡུལ་ཕྲན་རྫས་ཡོད་ལ། །མེད་དེ་ཚད་དབྱེ་མེད་ཕྱིར་རོ། །དེ་ཕྱིར་དེ་རྫས་མེད་ལ་ཡོད། །རྡུལ་ཕྲན་ཡོངས་སུ་བསལ་ན་ནི། །དེར་སྣང་ཤེས་པ་ཉམས་འགྱུར་ཞིང༌། །ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེར། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེའི་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེའང་རྣམ་རིག་ལ་མི་འགལ། །དེ་ལྟར་ཡུལ་གྱི་ངོ་བོ་དང༌། །ནུས་པ་ཕན་ཚུན་རྒྱུ་ཅན་དང༌། །ཐོགས་མེད་དུས་ནས་འཇུག་པ་ཡིན། །དམིགས་པ་བརྟགས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །

དམིགས་པ་བརྟག་པའི་འགྲེལ་པ།
ཕྱོགས་ཀྱི་གླང་པོ།


DTG174_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱིཀྵི་བྲྀཏྟི། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་པ་དེ་དག་ནི་དེའི་རྒྱུ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་དག་ཡིན་པའམ་དེར་སྣང་བའི་ཤེས་པ་སྐྱེ་བའི་ཕྱིར་དེ་འདུས་པ་ཡིན་པར་རྟོག་གྲང་ན། དེ་ལ་རེ་ཞིག །དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེ་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཡུལ་ཞེས་བྱ་བ་ནི་ཤེས་པས་གང་གིས་རང་གི་ངོ་བོ་ངེས་པར་འཛིན་པ་ཡིན་ཏེ་དེའི་རྣམ་པར་སྐྱེ་བའི་ཕྱིར་རོ། །རྡུལ་


DTG174_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་དག་གི་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་དེ་ལྟ་མ་ཡིན་ཏེ་དབང་པོ་བཞིན་ནོ། །དེ་ལྟར་ན་རེ་ཞིག་རྡུལ་ཕྲ་མོ་དག་དམིགས་པ་མ་ཡིན་ནོ། །འདུས་པ་ནི་དེར་སྣང་བ་ཉིད་ཡིན་དུ་ཟིན་ཀྱང༌། གང་ལྟར་སྣང་དེ་དེ་ལས་མིན། །དོན་གང་ཞིག་རང་སྣང་བའི་རྣམ་པར་རིག་པ་བསྐྱེད་པ་དེ་ནི་དམིགས་པ་ཡིན་པར་རིགས་ཏེ། འདི་ལྟར་དེ་ནི་སྐྱེ་བའི་རྐྱེན་ཉིད་དུ་བཤད་པས་སོ། །འདུས་པ་ནི་དེ་ལྟ་ཡང་མ་ཡིན་ཏེ། རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། །དབང་པོ་མ་ཚང་བའི་ཕྱིར་ཟླ་བ་གཉིས་མཐོང་བ་ནི་དེར་སྣང་བ་ཉིད་ཡིན་དུ་ཟིན་ཀྱང་དེའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱིས་རྒྱུ་མ་ཡིན་པའི་ཕྱིར་འདུས་པ་དམིགས་པ་མ་ཡིན་ནོ། །དེ་ལྟར་ཕྱི་རོལ་གཉིས་ཀར་ཡང༌། །བློ་ཡི་ཡུལ་དུ་མི་རུང་ངོ༌། །ཡན་ལག་གཅིག་མ་ཚང་བའི་ཕྱིར་ཕྱི་རོལ་གྱི་རྡུལ་ཕྲ་མོ་དང་ཚོགས་པ་ཞེས་བྱ་བའི་དོན་ནི་དམིགས་པ་མ་ཡིན་ནོ། །འདི་ལ་ནི། ཁ་ཅིག་འདུས་པའི་རྣམ་པ་དག །སྒྲུབ་པ་ཡིན་པར་འདོད་པར་བྱེད། །དོན་ཐམས་ཅད་ནི་རྣམ་པ་དུ་མ་ཅན་ཡིན་པས་དེ་ལ་རྣམ་པ་འགའ་ཞིག་གིས་མངོན་སུམ་ཉིད་དུ་འདོད་དོ། །རྡུལ་ཕྲ་རབ་རྣམས་ལ་ཡང་འདུས་པར་སྣང་བའི་ཤེས་པ་སྐྱེད་པའི་རྒྱུ་ཡོད་དོ། །རྡུལ་ཕྲན་རྣམ་པར་རྣམ་རིག་གི །དོན་མིན་སྲ་ཉིད་ལ་སོགས་བཞིན། །ཇི་ལྟར་སྲ་ཉིད་ལ་སོགས་པ་ནི་ཡོད་བཞིན་དུ་ཡང་མིག་གི་བློའི་ཡུལ་མ་ཡིན་པ་ལྟར་རྡུལ་ཕྲ་མོ་ཉིད་ཀྱང་དེ་དང་འདྲའོ། །དེ་དག་ལྟར་ན་བུམ་པ་དང་ཁམ་ཕོར་སོགས་བློ་མཚུངས་པར་འགྱུར། བུམ་པ་དང་ཁམ་ཕོར་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་ལ་ནི་མང་དུ་ཟིན་ཀྱང་ཁྱད་པར་འགའ་ཡང་མེད་དོ། །གལ་ཏེ་རྣམ་པའི་དབྱེ་བས་དབྱེ། །གལ་ཏེ་འདི་སྙམ་དུ་མགྲིན་པ་ལ་སོགས་པའི་རྣམ་པའི་ཁྱད་པར་ལས་གང་གིས་ནི་བློའི་ཁྱད་པར་དུ་འགྱུར་བའི་ཁྱད་པར་ཡོད་དོ་སྙམ་དུ་སེམས་ན་ཁྱད་པར་འདི་ནི་བུམ་པ་ལ་སོགས་པ་ལ་ཡོད་ཀྱི། དེ་ནི་རྡུལ་ཕྲན་རྫས་ཡོད་ལ། །མེད་དེ་ཚད་དབྱེ་མེད་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ནི་རྫས་གཞན་ཡིན་དུ་ཟིན་ཀྱང་ཟླུམ་པོ་ལ་ནི་དབྱེ་བ་མེད་དོ། །དེ་ཕྱིར་དེ་རྫས་མེད་ལ་ཡོད། །རྣམ་པའི་དབྱེ་བ་ནི་ཀུན་རྫོབ་ཏུ་ཡོད་པ་དག་ཁོ་ན་ལ་ཡོད་ཀྱི་རྡུལ་ཕྲ་མོ་རྣམས་ལ་མ་ཡིན་ནོ། །བུམ་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །རྡུལ་ཕྲན་ཡོངས་སུ་བསལ་ན་ནི། །དེར་སྣང་ཤེས་པ་ཉམས་འགྱུར་ཕྱིར། །རྫས་སུ་ཡོད་པ་རྣམས་ལ་ནི་འབྲེལ་


DTG174_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་བསལ་དུ་ཟིན་ཀྱང་ཁ་དོག་ལ་སོགས་པ་བཞིན་དུ་རང་གི་བློ་འདོར་བར་བྱེད་དོ། །དེ་ལྟ་བས་ན་དབང་པོའི་བློ་རྣམས་ཀྱི་ཡུལ་ནི་ཕྱི་རོལ་ནམ་ཡིན་པར་འཐད་དོ། །ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་ཕྱི་རོལ་གྱི་དོན་མེད་བཞིན་དུ་ཕྱི་རོལ་ལྟ་བུར་སྣང་བ་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང༌། དེ་ལས་སྐྱེས་པ་ཡིན་པས། ཆོས་ཉིད་གཉིས་དང་ལྡན་པའི་ཕྱིར་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །རེ་ཞིག་དེ་ལྟར་སྣང་བ་ཉིད་ཡིན་ལ་ནི་རག་ལ། དེའི་ཕྱོགས་གཅིག་པོ་ལྷན་ཅིག་སྐྱེས་པ་གོ་ཇི་ལྟར་རྐྱེན་ཡིན་ཞེ་ན། གཅིག་ནའང་མི་འཁྲུལ་ཕྱིར་ན་རྐྱེན། །ལྷན་ཅིག་པར་གྱུར་དུ་ཟིན་ཀྱང་འཁྲུལ་པ་མེད་པའི་ཕྱིར་གཞན་ལས་སྐྱེ་བའི་རྐྱེན་དུ་འགྱུར་ཏེ། འདི་ལྟར་གཏན་ཚིགས་ཡོད་པ་དང་མེད་པ་དག་ནི་ཡོད་པ་དང་མེད་པ་དག་གི་དེ་དང་ལྡན་པ་ཉིད་ན་རྒྱུ་དང་ལྡན་པ་རིམ་གྱིས་སྐྱེ་བ་དག་གི་ཡང་མཚན་ཉིད་ཡིན་པར་སྨྲའོ། །ཡང་ན། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །རིམ་གྱིས་ཀྱང་ཡིན་ཏེ། དོན་དུ་སྣང་བས་དེ་ནི་རང་སྣང་བ་དང་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་པར་ནུས་པ། རྣམ་པར་ཤེས་པའི་རྟེན་ཅན་བྱེད་པས་མི་འགལ་ལོ། །གལ་ཏེ་འོ་ན་ནི་ནང་གི་གཟུགས་ཁོ་ན་དམིགས་པའི་རྐྱེན་ཡིན་ན། ཇི་ལྟར་དེ་དང་མིག་ལ་བརྟེན་ན་མིག་གི་རྣམ་པར་ཤེས་པ་སྐྱེ་ཞེ་ན། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དབང་པོ་ནི་རང་གི་འབྲས་བུ་ལས་ནུས་པའི་ངོ་བོ་ཉིད་དུ་རྗེས་སུ་དཔག་གི་འབྱུང་བ་ལས་གྱུར་པ་ཉིད་དུ་ནི་མ་ཡིན་ནོ། །དེ་ཡང་རྣམ་རིག་ལ་མི་འགལ། །ནུས་པའི་རྣམ་པར་ཤེས་པ་ལ་ཡོད་ཀྱང་རུང༌། བསྟན་དུ་མེད་པའི་རང་གི་ངོ་བོ་ལ་ཡོད་ཀྱང་རུང་སྟེ། འབྲས་བུ་སྐྱེད་པ་ལ་ཁྱད་པར་མེད་དོ། །དེ་ལྟར་ཡུལ་གྱི་ངོ་བོ་དང༌། །ནུས་པ་ཕན་ཚུན་རྒྱུ་ཅན་དང༌། །ཐོག་མ་མེད་དུ་འཇུག་པ་ཡིན། །མིག་ཅེས་བྱ་བའི་ནུས་པ་དང༌། ནང་གི་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་དོན་དུ་སྣང་བ་དམིགས་ཀྱིས་མ་བསྟན་པ་སྐྱེའོ། །འདི་གཉིས་ཀྱང་ཕན་ཚུན་གྱི་རྒྱུ་ཅན་དང༌། ཐོག་མ་མེད་པའི་དུས་ཅན་ཡིན་ཏེ། རེས་འགའ་ན་ནུས་པ་ཡོངས་སུ་


DTG174_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ལས་རྣམ་པར་ཤེས་པས་ཡུལ་གྱི་རྣམ་པ་ཉིད་འབྱུང་ལ་རེས་འགའ་ནི་དེའི་རྣམ་པ་ལ་ནུས་པའོ། །རྣམ་པར་ཤེས་པ་ལས་དེ་གཉིས་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དུ་ཅི་དགར་བརྗོད་པར་བྱའོ། །དེ་ལྟར་ནང་གི་དམིགས་པ་ནི་ཆོས་ཉིད་གཉིས་དང་ལྡན་པའི་ཕྱིར་ཡུལ་དུ་མཐོང་ངོ༌། །དམིགས་པ་བརྟགས་པའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའོ། །

དུས་གསུམ་བརྟག་པ་ཞེས་བྱ་བ།
ཕྱོགས་ཀྱི་གླང་པོ།


DTG174_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲི་ཀཱ་ལ་པ་རཱི་ཀྵ་ནཱ་མ། བོད་སྐད་དུ། དུས་གསུམ་བརྟག་པ་ཞེས་བྱ་བ། དང་པོར་ཡོད་དང་དེ་ལས་ཡོད། །དེ་ནས་མེད་དང་རིམ་འགལ་ཏེ། །དུས་གསུམ་དེ་ནི་དེ་ལྟར་དམིགས། །དེ་ནི་དེ་ལྟར་རང་བཞིན་མིན། །ཇི་ལྟར་དབང་པོ་བསླད་ཙམ་ལས། །སྒྲོ་འདོགས་པ་ནི་སྐྱེ་བ་ལྟར། །དེ་བཞིན་བསྟན་པས་སྐྱེ་བའི་བློ། །རྐྱེན་དག་གིས་ནི་དོན་རྣམས་ལ། །ཐམས་ཅད་མིན་པའི་ཡུལ་སྣང་བ། །རྐྱེན་དང་སྒྲ་ལ་བརྟེན་ནས་ནི། །དོན་ནི་སྤྱི་ཡི་ངོ་བོ་དང༌། །རང་གི་ངོ་བོས་རྟོགས་པར་བྱེད། །ངོ་བོ་ལྡོག་པ་ཐ་དད་དག །འཇིག་རྟེན་ལམ་ལ་གནས་ནས་ནི། །ཤེས་པའི་དབང་དང་མངོན་བརྗོད་པ། །བྱིས་དང་མཁས་པ་འདྲ་བ་ཡིན། །དོན་གྱི་ངོ་བོས་ཀུན་མ་དག །ཤེས་པའི་རང་བཞིན་མེད་བརྟེན་པ། །དེ་ནི་ཤིན་ཏུ་དག་པ་གཞན། །གཅིག་བརྗོད་རང་བཞིན་མེད་པའོ། །ཉེ་བར་བསླད་ཕྱིར་ཤེས་པ་ནི། །ཕྱི་རོལ་རྣམ་པར་སྣང་བ་ཡིན། །ཆུ་རྙོག་བཞིན་དུ་དེ་དེ་ཡིན། །ཚོགས་པ་འདྲ་བ་ཐ་དད་སྐྱེས། །ཇི་ལྟར་དོན་གྱི་འབྲས་བྱིན་ཞེས། །དག་པ་མིན་པར་རྣམ་པར་གནས། །དེ་ལྟར་དོན་ལ་དེར་རྟེན་ཅན། །རང་གི་ངོ་བོས་བར་དུ་ཆོད། །འདི་ལྟར་དོན་དང་སྒྲ་དང་ནི། །ཤེས་པ་ལས་ནི་ཕྱིན་ཅི་ལོག །དངོས་དང་དངོས་མེད་མ་ཕྱེ་བས། །ཐ་སྙད་ལ་ནི་འཇུག་པ་སྟེ། །ཇི་ལྟར་དངོས་པོ་ཉེར་བསྟེན་ནས། །དེ་ནི་དངོས་མེད་རྗེས་སུ་རྟོགས། །དེ་ལྟར་དངོས་མེད་ཉེར་བསྟན་ནས། །དེ་ནི་དངོས་པོ་རྗེས་སུ་རྟོགས། །དངོས་ལས་དངོས་པོ་སྐྱེ་མིན་ན། །དངོས་པོ་རྗེས་སུ་སྣང་བྱེད་མིན། །གཅིག་ལས་བདག་ཉིད་གཞན་མིན་ལ། །དངོས་དང་དངོས་མེད་རྣམ་པར་བརྟགས། །དངོས་མེད་རྗེས་སུ་སྣང་མེད་ཕྱིར། །རབ་ཏུ་སྒྲུབ་བྱེད་རྒྱུ་མ་ཡིན། །སྣང་ལྡན་ལ་ཡང་དངོས་པོ་ཡི། །རྒྱུས་ནི་ཅི་ཞིག་བྱེད་པར་


DTG174_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ཕྱིར་ཐམས་ཅད་དངོས་མེད་དམ། །ཡང་ན་ཐམས་ཅད་དངོས་པོར་འདོད། །གནས་སྐབས་གཞན་དུ་ཅུང་ཟད་ཀྱང༌། །གཅིག་ལས་བདེན་པར་གནས་མ་ཡིན། །གཉིས་མེད་ཉིད་ཀྱང་ཐམས་ཅད་འདིར། །རང་གི་ངོ་བོས་མཚན་ཉིད་གཅིག །ཀུན་ཏུ་བརྟགས་ཀྱི་ཐ་སྙད་ཀྱིས། །རྣམ་པ་སྣ་ཚོགས་ཉིད་དུ་དམིགས། །གནས་སྐབས་བཞི་ཡང་ཇི་ལྟར་ནི། །རང་བཞིན་མེད་ལ་རབ་ཏུ་བརྟགས། །དེ་ལྟར་གསུམ་དམིགས་པ་ཡང་དེ། །དངོས་དང་དངོས་མེད་ལ་བརྟེན་ཡིན། །མི་འགལ་བ་དང་འགལ་བའམ། །ཡོད་དང་མེད་བའང་དེ་ཉིད་མིན། །རིམ་དང་རིམ་པ་མེད་པ་ཡང༌། །དངོས་དང་དངོས་མེད་ལ་དམིགས་མིན། །མི་འགལ་བ་དང་འགལ་བ་དང༌། །ཡོད་དང་མེད་པའང་དེ་ཉིད་མིན། །རིམ་དང་རིམ་པ་མེད་པ་ཡང༌། །དེས་ནི་དངོས་པོ་མི་དམིགས་སོ། །དངོས་པོ་མེད་པས་དུས་གསུམ་ལ། །ཐ་དད་སྲིད་པ་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་ཡང༌། །དུས་གསུམ་དུ་ནི་རིགས་མ་ཡིན། །བདག་གི་དེ་ཉིད་དོར་ནས་ནི། །གཞན་ལས་རིགས་པ་མ་ཡིན་ནོ། །བདག་གི་དེ་ཉིད་གཞན་ལས་དང༌། །རང་ལས་ཀྱང་ནི་མི་རིགས་སོ། །འགལ་བ་སྣ་ཚོགས་ཀྱང་དེ་ནི། །ཕན་པ་འགའ་ཡང་ཡོད་མ་ཡིན། །དེ་ཉིད་གཞན་ཉིད་ཡོངས་བོར་བའི། །ཐ་སྙད་ལ་ནི་འཇུག་པ་མེད། །དངོས་མེད་དངོས་པོར་ཡོད་མིན་ཏེ། །དངོས་པོ་བདག་ཉིད་ཉམས་ཕྱིར་རོ། །ཕྲ་མོའི་ཡོད་ཉིད་གང་ལ་ནི། །ནག་མོས་གནོད་པ་གང་ཡང་མེད། །ཁྲ་མོ་ཡང་ནི་མེད་ཅེས་ཏེ། །ནག་མོ་ལ་ནི་བརྟག་བྱ་མིན། །དངོས་མེད། གལ་ཏེ་དངོས་ཡིན་ན། །དེ་ལ་དཔྱད་པ་འདིར་འགྱུར་ཏེ། །དེ་ཡང་དེ་ཚེ་དངོས་པོ་ཡང༌། །ཡང་ནི་དཔྱད་པ་འདིར་འགྱུར་ཏེ། །དངོས་མེད་ཕྱིར་ན་འདས་པ་ནི། །གང་ཕྱིར་ཐ་སྙད་སྤྱོད་ཡུལ་ཕྱིར། །དེ་ལ་དངོས་དབང་ཐ་དད་ནི། །མ་ལུས་ཚིག་གིས་རིགས་པ་མིན། །རྟེན་མེད་དོན་གྱིས་བརྟེན་གནས་པ། །རྒྱུ་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པ་ཡང༌། །རྒྱུ་ལས་མཐོང་བ་ཡིན་ཞེ་ན། །དེ་ཡི་དང་པོའི་གནས་སྐབས་གང༌། །དངོས་པོ་འདི་ཡི་རྟེན་ཡིན་ཡང༌། །དང་པོའི་གནས་སྐབས་དངོས་མེད་ལ། །དེ་གཉིས་ཡོད་པ་མ་ཡིན་ནོ། །ཕྱི་མ་ཡོད་དང་མེད་ཅེས་


DTG174_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཚིག་ནི་བརྗོད་པ་དག་གི་རྒྱུ། །རྟེན་མེད་དོན་གྱི་གནས་འདི་ནས་མ་ཕྱི་ལ་ཆད། །འདི་ཡིས་ཚིག་ནི་རབ་ཏུ་བརྗོད། །ཤིན་ཏུ་ངོ་མཚར་ཆེ་བ་སྐྱེས། །གང་ཕྱིར་ཆ་མེད་གང་རིམ་མེད། །དངོས་རྣམས་དང་པོར་གྱུར་པ་ཡིས། །བདག་གི་དེ་ཉིད་རབ་ཏུ་བསྟན། །རྣམ་རྟོག་གིས་ནི་ཡོངས་གཞག་པའི། ། སྒོ་ནས་རྫས་རྣམས་ཀུན་གྱི་ནི། །ཐ་སྙད་རྣམ་པར་བརྗོད་པ་ཡིན། །དེ་ཕྱིར་ནུས་པར་འདོད་སེམས་པ། །འདི་ཡང་རྟག་པར་སྨྲ་བ་ན། །དངོས་ཉིད་རིམ་པར་སྨྲས་པ་ཡིན། །དངོས་ལས་རིམ་པ་གཞན་མ་ཡིན། །ཇི་ལྟར་དངོས་དང་དངོས་མེད་པ། །གཞན་དུ་ཅུང་ཟད་རྟོག་མེད་ལྟར། །རིམ་དང་ཅིག་ཅར་ཅུང་ཟད་ནི། །དེ་ཉིད་དུ་ནི་ཐ་དད་མེད། །དེ་ཕྱིར་ནུས་པའི་རྣམ་པའི་ཆས། །རྟག་པ་ཡོད་པ་མེད་པ་བདག །དོན་གཅིག་རྗོད་པར་བྱེད་པའི་སྒྲ། །རང་བཞིན་དུ་མ་རབ་ཏུ་བསྟན། །ཇི་ལྟར་ནམ་མཁའ་རྣམ་དག་ལ། །རབ་རིབ་ཀྱིས་ནི་བསླད་པའི་མིག །སྐྲ་ཤད་ཀྱིས་ནི་ཀུན་གང་ལྟར། །སྣ་ཚོགས་སུ་ནི་མངོན་པར་རྟོགས། །དེ་ལྟར་འདིར་ཡང་རྣམ་ཤེས་ནི། །རྣམ་པར་མི་འགྱུར་མ་རིག་པས། །ཆུ་རྙོག་བཞིན་དུ་ཞུགས་པ་ནི། །ཐ་དད་གཟུགས་སུ་རྣམ་པར་འཇུག །དུས་གསུམ་བརྟག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུ་པ་ཏའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །

ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ།
ཕྱོགས་ཀྱི་གླང་པོ།


DTG174_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་སྐད་དུ། གཡེན་མིང་གཞཻའ་ཅིང་ལིའི་ལུན། བོད་སྐད་དུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྒྲུབ་ནུས་པ་དང་སུན་འབྱིན་ནུས། །ལྟར་སྣང་བཅས་པས་གཞན་གོ་བྱེད། །མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པས་བདག་རིག་བྱེད། །འདིར་འདི་སྐད་ཅེས་པ་བསྟན་བཅོས་རྣམས་ཀྱི་དོན་ཀུན་ལས་བཏུས་པ་ཡིན་ལ། དེ་ལ་རྣམ་གཞག་ལ་སོགས་པ་ཚིག་རྣམས་སྒྲུབ་པར་བྱེད་དེ། ཕྱོགས་དང༌། གཏན་ཚིགས་དང༌། དེ་རྣམས་དུ་མར་དབྱེ་ཡང་ཕྱིར་རྒོལ་རྣམས་འདྲིས་པའི་དོན་མ་རྟོགས་པའི་ཕྱིར་མངོན་པར་སྟོན་ཏོ། །འདིར་བསྒྲུབ་བྱའི་མཚན་


DTG174_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་སྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་སྒྲུབ་པར་བྱེད་པ་སྟེ། རང་གིས་བསྒྲུབ་པར་བྱ་བར་འདོད་པ་འདི་ནི་བསྒྲུབ་བྱ་ཡིན་ནོ། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའོ། །གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་ཚང་བའོ། །ཚུལ་གསུམ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཀྱི་ལྟོས་བཞི་ལ་ཡོད་པ་དང༌། མཐུན་ཕྱོགས་ལ་ཡོད་པ་དང༌། མི་མཐུན་ཕྱོགས་ལ་མེད་པའོ། །མཐུན་ཕྱོགས་མི་མཐུན་ཕྱོགས་གང་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་ཕྱོགས་སུ་བརྗོད་དོ། །དཔེར་ན་མི་རྟག་པ་སྒྲུབ་པ་ལ་བུམ་པ་ལ་སོགས་པའང་མི་རྟག་པ་ཡིན་པས་མཐུན་ཕྱོགས་ཡིན་ནོ། །མི་མཐུན་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ནི་མ་ཡིན་ནོ། །དཔེར་ན་གང་རྟག་པ་ཡིན་པ་དེ་བྱས་པ་མ་ཡིན་པས་ཁྱབ་ནམ་མཁའ་ལ་སོགས་པ་བཞིན་ནོ། །འདི་དག་བྱས་པ་ཉིད་དམ་བརྩལ་མ་ཐག་ཏུ་བྱུང་བ་དང༌། ཕྱོགས་ཆོས་ཡིན་ལ་མཐུན་ཕྱོགས་ལ་ཡོད་པར་ངེས་པ་ཡིན་ནོ། །མི་མཐུན་ཕྱོགས་ལ་མེད་པ་ཡིན་ཏེ། མི་རྟག་པའི་གཏན་ཚིགས་ཡིན་ནོ། །དཔེ་ཡང་གཉིས་སུ་ཡོད་དེ། དང་པོ་ཆོས་མཐུན་པའི་དཔེ་དང༌། གཉིས་པ་ཆོས་མི་མཐུན་པའི་དཔེའོ། །ཆོས་མཐུན་པའི་དཔེ་ནི་དོན་གང་ཡིན་པ་དེ་ལ་གཏན་ཚིགས་སུ་མཐུན་ཕྱོགས་ལ་ཡོད་པ་སྟེ། དཔེར་ན་བྱས་པ་དེ་མི་རྟག་པར་མཐོང་སྟེ་བུམ་པ་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པའི་དཔེ་ནི་བསྒྲུབ་བྱའི་དོན་མེད་པ་གང་ཡིན་པ་དེ་ལ་གཏན་ཚིགས་ཡོད་པ་ནི་མ་ཡིན་ཏེ་ཞེས་བསྟན་པའོ། ། དཔེར་ན་གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་སྟེ་ནམ་མཁའ་ལ་སོགས་པ་བཞིན་ནོ། །འདིར་ཐ་སྙད་དུ་མི་རྟག་པའི་སྒྲ་ནི་རྟག་པ་མ་ཡིན་པར་མཚོན་རུང་ཡིན་པ་དང༌། བྱས་པའི་སྒྲ་ནི་མ་བྱས་པ་མ་ཡིན་པར་མཚོན་རུང་ཡིན་ལ། མེད་པ་ཞེས་བརྗོད་པའི་སྒྲས་ཡོད་པ་མ་ཡིན་པར་བསྟན་ཏོ། །འདི་སྐད་དུ་དུ་མར་བརྗོད་པ་དེ་དག་ཕྱིར་རྒོལ་རྣམས་གོ་བར་སྟོན་ལ་སྒྲུབ་པར་བྱེད་པ་ཞེས་བརྗོད་དོ། །དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ནི་དམ་བཅའ་བའི་ཚིག་ཡིན་ནོ། །བྱས་པའི་ཕྱིར་ནི་གཏན་ཚིགས་ཡིན་ནོ། །གང་བྱས་པ་དེ་མི་རྟག་པར་མཐོང་སྟེ་


DTG174_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་སོགས་པ་བཞིན་ནོ། །མཐུན་ཕྱོགས་སུ་བརྗོད་ལ་ཡོད་པའི་རྗེས་འགྲོ་ཡིན་ནོ། །གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་སྟེ་ནམ་མཁའ་བཞིན་ནོ། །ལྡོག་པར་བརྗོད་ལ་ཡ་གྱལ་གསུམ་པོ་ནི་ཞེས་སྒྲུབ་པར་བྱེད་པ་ཡང་དག་གོ །བསྒྲུབ་པར་བྱ་བར་འདོད་ཀྱང་མངོན་སུམ་ལ་སོགས་པ་བསལ་བའི་ཕྱིར་བསྒྲུབ་བྱ་ལྟར་སྣང་ངོ༌། །མངོན་སུམ་གྱིས་བསལ་བ་དང༌། རྗེས་དཔག་གིས་བསལ་བ་དང༌། ཡིད་ཆེས་པས་བསལ་བ་དང༌། གྲགས་པས་བསལ་བ་དང༌། རང་ཚིག་གིས་བསལ་བ་དང༌། བསྒྲུབ་བྱའི་ཆོས་མ་གྲུབ་པ་དང༌། བསྒྲུབ་བྱའི་ཆོས་ཅན་མ་གྲུབ་པ་དང༌། གཉིས་ཀ་མ་གྲུབ་པ་དང༌། ཕན་ཚུན་གྲུབ་པའོ། །དེ་ལ་མངོན་སུམ་གྱིས་བསལ་བ་ནི། དཔེར་ན་སྒྲ་མཉན་བྱ་མ་ཡིན་པར་བརྗོད་པ་ལྟ་བུའོ། །རྗེས་དཔག་གིས་བསལ་བ་ནི་དཔེར་ན་བུམ་པ་ལ་སོགས་པ་རྟག་པར་བརྗོད་པ་ལྟ་བུའོ། །ཡིད་ཆེས་པས་བསལ་བ་ནི་དཔེར་ན་བྱེ་བྲག་པ་སྒྲ་རྟག་པར་བསྒྲུབ་པ་ལྟ་བུའོ། །གྲགས་པས་བསལ་བ་ནི་དཔེར་ན་རི་བོང་ཅན་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་པའམ། གཞན་ཡང་མིའི་ཐོད་པ་གཙང་བ་ཡིན་ཏེ་སེམས་ཅན་གྱི་ཆ་ཤས་ཡིན་པའི་ཕྱིར་དུང་ཆོས་བཞིན་ཞེས་བརྗོད་པ་ལྟ་བུའོ། །རང་ཚིག་གིས་བསལ་བ་ནི་དཔེར་ན་བདག་གི་མ་མོ་གཤམ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །ཆོས་མ་གྲུབ་པ་ནི་དཔེར་ན་སངས་རྒྱས་པ་རྣམ་གྲངས་ཅན་པ་ལ་སྒྲ་འཇིག་ཡོད་སྒྲུབ་པ་ལྟ་བུའོ། །ཆོས་ཅན་མ་གྲུབ་པ་ནི་དཔེར་ན་གྲངས་ཅན་པས་སངས་རྒྱས་པ་ལ་བདག་ནི་སེམས་པ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །གཉིས་ཀ་མ་གྲུབ་པ་ནི་དཔེར་ན་བྱེ་བྲག་པས་སངས་རྒྱས་པ་ལས་བདག་ནི་རྒྱུ་རྐྱེན་འདུས་ཤིང་རྟེན་ཅིང་འབྲེལ་པར་སྦྱོར་བའི་བྱེད་པ་པོ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །ཕན་ཚུན་གྲུབ་པ་ནི་དཔེར་ན་སྒྲ་ནི་མཉན་བྱ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །འདི་སྐད་དུ་དུ་མར་བརྗོད་པ་དག་ངོ་བོ་གསལ་བའི་ཕྱིར་དང༌། བསྒྲུབ་མི་དགོས་པའི་ཕྱིར་དང༌། བསྒྲུབ་པར་ནུས་ཀྱང་འབྲས་བུ་མེད་པའི་ཕྱིར་བསྒྲུབ་བྱའི་སྐྱོན་ཡིན་པས་ལྟར་སྣང་ངོ༌། །བསྒྲུབ་བྱ་ལྟར་སྣང་བསྟན་ཟིན་ཏོ། །ད་ནི་གཏན་ཚིགས་ལྟར་སྣང་བཤད་པར་བྱའོ། །


DTG174_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་དང༌། མ་ངེས་པ་དང༌། འགལ་བ་འདི་རྣམས་གཏན་ཚིགས་ལྟར་སྣང་ངོ༌། །མ་གྲུབ་པའང་བཞི་ཡོད་དེ། གཉིས་ཀ་ལ་མ་གྲུབ་པ་དང༌། གང་རུང་གཅིག་ལ་མ་གྲུབ་པ་དང༌། ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། །གཞི་མ་གྲུབ་པའོ། །གཉིས་ཀ་ལ་མ་གྲུབ་པ་ནི་དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་མིང་གི་གཟུང་བྱ་ཉིད་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །གང་རུང་གཅིག་ལ་མ་གྲུབ་པ་ནི་སྒྲ་མངོན་པར་གསལ་བར་འདོད་པའི་བསྟན་བཅོས་ལ་ལྟོས་ནས་བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུའོ། །ཐེ་ཚོམ་ཟ་ནས་མ་གྲུབ་པ་ནི་ཐེ་ཚོམ་ཟ་པའི་རླངས་པ་ལ་སོགས་པ་སྐྱ་བོའི་རྫས་ཀྱི་རྟགས་མཐོང་བའི་ཚེ་འབྱུང་བ་ཆེན་པོ་འདུས་པའི་མེ་ཡོད་ཅེས་སྒྲུབ་པ་ལྟ་བུའོ། །གཞི་མ་གྲུབ་པ་ནི་ནམ་མཁའ་དངོས་པོར་ཡོད་དེ་ཡོན་ཏན་རྟེན་པའི་ཕྱིར་ཞེས་བརྗོད་ན། །ནམ་མཁའ་མེད་པར་འདོད་པའི་བསྟན་བཅོས་ལ་ལྟོས་ནས་གཞི་མ་གྲུབ་པའོ། །མ་ངེས་པ་ལ་དྲུག་ཡོད་དེ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དང༌། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ་མི་མཐུན་ཕྱོགས་ལ་ཁྱབ་པར་འཇུག་པ་དང༌། མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ་མཐུན་ཕྱོགས་ལ་ཁྱབ་པར་འཇུག་པ་དང༌། གཉིས་ཀའི་ཕྱོགས་རེ་ལ་འཇུག་པ་དང༌། འགལ་བ་ལ་མི་འཁྲུལ་བའོ། །ད་ནི་ཐུན་མོང་བ་ནི་དཔེར་ན་སྒྲ་རྟག་པ་ཡིན་ཏེ་གཞལ་བྱ་ཡིན་པའི་ཕྱིར་རྟག་མི་རྟག་གི་ཕྱོགས་དག་ལ་ཐུན་མོང་དུ་འཇུག་པའི་ཕྱིར་ཏེ། མ་ངེས་པའི་གཏན་ཚིགས་ཡིན་ནོ། །འདི་ལྟར་གཞལ་བྱ་ཉིད་ཡིན་པའི་རྟགས་ནི་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་མི་རྟག་པ་ཉིད་དམ་གཞལ་བྱ་ཉིད་ཡིན་པའི་རྟགས་ནི་ནམ་མཁའ་ལ་སོགས་པ་བཞིན་སྒྲ་རྟག་པ་ཉིད་དུ་དོགས་པས་སོ། །ཐུན་མོང་མ་ཡིན་པར་བརྗོད་པ་ནི་དཔེར་ན་སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཏེ་ཞེས་བརྗོད་པའི་ཚེ་རྟག་མི་རྟག་ཕྱོགས་དག་ལ་རྟག་མི་རྟག་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་འདིས་ཐེ་ཚོམ་ཟ་བར་འགྱུར་རོ། །མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ་མི་མཐུན་ཕྱོགས་ལ་ཁྱབ་པར་འཇུག་པ་ནི་དཔེར་ན་སྒྲ་བརྩལ་མ་ཐག་ཏུ་བྱུང་བ་ན་མི་ཡིན་ཏེ་མི་རྟག་པ་ཉིད་ཡིན་


DTG174_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། འདིར་བསྒྲུབ་བྱའི་ཆོས་བརྩལ་མ་ཐག་ཏུ་འབྱུང་བ་ནི་མ་ཡིན་ཏེ། འདི་མཐུན་ཕྱོགས་གློག་དང༌། ནམ་མཁའ་ལ་སོགས་པ་ཡིན་ཏེ། མི་རྟག་པ་དེ་ཉིད་ནི་གློག་ལ་སོགས་པ་ལ་ཡོད་ལ་ནམ་མཁའ་ལ་སོགས་པ་ལ་མེད་དོ། །བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་པ་བསྒྲུབ་བྱའི་ཆོས་དེ་ནི་མི་མཐུན་ཕྱོགས་བུམ་པ་ལ་སོགས་པ་ལ་གཏན་ཚིགས་ཁྱབ་པར་ཡོད་ལ་གློག་དང་བུམ་པ་ལ་སོགས་པ་མཐུན་ཆོས་བྱས་ན་མ་ངེས་པ་སྟེ། མི་རྟག་པ་ཉིད་ནི་བུམ་པ་ལ་སོགས་པ་བཞིན་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དམ། མི་རྟག་པ་ནི་གློག་ལ་སོགས་པ་བཞིན་བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་པ་ཉིད་དུ་དོགས་པས་སོ། །མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ་མཐུན་ཕྱོགས་ལ་ཁྱབ་པར་འཇུག་པ་ནི་དཔེར་ན་སྒྲ་བརྩལ་མ་ཐག་ཏུ་བྱུང་བར་བསྒྲུབ་པ་ལ་མི་རྟག་པའི་ཕྱིར་ཏེ་བརྗོད་པའི་ཚེ་བསྒྲུབ་བྱའི་ཆོས་བརྩལ་མ་ཐག་ཏུ་འབྱུང་བ་འདི་མཐུན་ཕྱོགས་བུམ་པ་ལ་སོགས་པ་ལ་མི་རྟག་པ་ཉིད་ཁྱབ་པར་ཡོད་ལ་གློག་དང་ནམ་མཁའ་ལ་སོགས་པ་ནི་མི་མཐུན་ཕྱོགས་ཡིན་ཏེ། ཕྱོགས་གཅིག་གློག་ལ་སོགས་པ་ལ་ཡོད་ལ་ནམ་མཁའ་ལ་སོགས་པ་ཕྱོགས་གཅིག་ལ་མེད་པས་དེ་ཡང་སྔར་བཞིན་མ་ངེས་པ་ཡིན་ནོ། །གཉིས་ཀའི་ཕྱོགས་རེ་ལ་འཇུག་པ་ནི་དཔེར་ན་སྒྲ་རྟག་སྟེ་ཐོགས་པ་མེད་པའི་ཕྱིར་ཏེ། འདིར་རྟག་པར་སྒྲུབ་པ་ན་མཐུན་ཕྱོགས་ནམ་མཁའ་དང་རྡུལ་ཕྲན་ལ་སོགས་པ་ཡིན་ཏེ། གཏན་ཚིགས་ཐོགས་པ་མེད་པ་དེ་ནམ་མཁའ་ལ་སོགས་པ་ལ་འཇུག་ལ་རྡུལ་ཕྲན་ལ་མི་འཇུག་གོ །མི་མཐུན་ཕྱོགས་བུམ་པ་དང་བདེ་བ་ལ་སོགས་པ་ཡིན་ཏེ། བདེ་བ་ལ་སོགས་པ་ལ་ཡོད་ལ་བུམ་པ་ལ་སོགས་པ་ལ་ཡོད་པ་ནི་མ་ཡིན་ནོ། དེའི་ཕྱིར་བདེ་བ་དང་ནམ་མཁའ་ལ་དཔེ་མཐུན་པར་བྱས་པ་དེའང་མ་ངེས་པ་ཡིན་ནོ། །འགལ་བ་ལ་མི་འཁྲུལ་བ་ནི་དཔེར་ན་སྒྲ་ནི་མི་རྟག་པ་ཡིན་ཏེ་བསྒྲུབ་བྱ་ནི་བྱས་པའི་ཕྱིར་ཏེ་དཔེར་ན་བུམ་པ་ལ་སོགས་པ་བཞིན། སྒྲ་སྒྲུབ་པ་དེ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཏེ་སྒྲ་ཉིད་བཞིན་ནོ། །དེ་གཉིས་ཀ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་མ་ངེས་པ་ཡིན་ནོ། །འགལ་བ་ལ་བཞི་སྟེ། ཆོས་ཀྱི་ངོ་བོ་དང༌།


DTG174_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་གཏན་ཚིགས་དང༌། ཆོས་ཀྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་དང༌། ཆོས་ཅན་རང་ལྡོག་དང་འགལ་བའི་གཏན་ཚིགས་དང༌། ཆོས་ཅན་གྱི་འཁྲུལ་པ་དང་འགལ་བའི་གཏན་ཚིགས་སོ། །འདིར་ཆོས་ཀྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ་བྱས་པའི་ཕྱིར་དང༌། ཡང་ན་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བརྗོད་ན་གཏན་ཚིགས་འདི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡིན་ནོ། །ཆོས་ཀྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་མིག་ལ་སོགས་པ་གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་ཤིང་བསགས་པའི་ཕྱིར་ཏེ་མལ་ཆ་ལ་སོགས་པ་བཞིན་ཞེས་བརྗོད་ན། གཏན་ཚིགས་འདིས་མིག་ལ་སོགས་པ་གཞན་གྱི་དོན་བྱེད་པར་སྒྲུབ་པའམ། གཞན་དུ་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་དང་འགལ་བ་སྒྲུབ་པར་བྱེད་པར་འགྱུར་ཏེ། མལ་ཆ་ལ་སོགས་པ་ཡང་འདུས་ཤིང་བསགས་པ་ཡིན་ཏེ་གཞན་གྱི་ལོངས་སྤྱོད་པའི་ཕྱིར་རོ། །ཆོས་ཅན་གྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་ཡོད་པ་ཉིད་ནི་རྫས་དང་ཡོན་ཏན་ལས་མ་ཡིན་ཏེ། རྫས་གཅིག་ཡོད་པའི་ཕྱིར་དང༌། ཡོན་ཏན་དང་ལས་ཡོད་པའི་ཕྱིར་བྱེ་བྲག་བཞིན་ཞེས་བརྗོད་ན། གཏན་ཚིགས་འདི་རྫས་མ་ཡིན་པ་སྒྲུབ་པར་བྱེད་པའམ། གཞན་དུ་ན་ཡོད་པ་མ་ཡིན་པ་སྒྲུབ་པར་བྱེད་པར་འགྱུར་ཏེ། དེ་གཉིས་ཀ་ངེས་པའི་ཕྱིར་རོ། །ཆོས་ཅན་གྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་སྔར་གྱི་གཏན་ཚིགས་དེ་ཉིད་བསྒྲུབ་བྱའི་ཆོས་ཅན་ཁྱད་པར་ཡོད་པ་ཉིད་སྒྲུབ་པར་བྱེད་པ་དང༌། གཞན་དུ་ན་འདི་དང་འགལ་བའི་སྒྲུབ་པར་བྱེད་པ་ཡོད་པ་ཉིད་མ་ཡིན་པར་སྒྲུབ་པར་བྱེད་པར་འགྱུར་ཏེ། རྫས་ལ་སོགས་པ་འགོག་བཞིན་དུ་གཉིས་ཀ་ངེས་པའི་ཕྱིར་རོ། །གཏན་ཚིགས་ལྟར་སྣང་བཤད་ཟིན་ཏོ། །ད་ནི་དཔེ་ལྟར་སྣང་བརྗོད་པར་བྱ་སྟེ། ཆོས་མཐུན་པའི་དཔེ་ལྟར་སྣང་ལའང་ལྔ་ཡོད་དེ། སྒྲུབ་བྱེད་ཆོས་མ་གྲུབ་པ་དང༌། བསྒྲུབ་བྱ་ཆོས་མ་གྲུབ་པ་དང༌། གཉིས་ཀ་མ་གྲུབ་པ་དང༌། མ་སྦྱར་བ་དང༌། ཕྱིན་ཅི་ལོག་ཏུ་སྦྱོར་བའོ། །ཆོས་མི་


DTG174_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དཔེ་ལྟར་སྣང་ལ་ཡང་ལྔ་ཡོད་དེ། བསྒྲུབ་པར་བྱ་བ་ལྡོག་པ་མེད་པ་དང༌། སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་དང༌། གཉིས་ཀ་ལྡོག་པ་མེད་པ་དང༌། ལྡོག་པ་མ་བསྟན་པ་དང༌། ལྡོག་པ་ཕྱིན་ཅི་ལོག་ཏུ་སྦྱར་བའོ། །སྒྲུབ་བྱེད་ཆོས་མ་གྲུབ་པ་ནི་དཔེར་ན་སྒྲ་རྟག་སྟེ་ཐོགས་པ་མེད་པའི་ཕྱིར། གང་ཐོགས་པ་མེད་པ་སྟེ་རྟག་པར་མཐོང་སྟེ། རྡུལ་ཕྲ་རབ་བཞིན་ཞེས་བརྗོད་ན། ཅིའི་ཕྱིར་རྡུལ་ཕྲ་རབ་ལ་བསྒྲུབ་པར་བྱ་བ་རྟག་པ་ཉིད་ཡིན་ལ་སྒྲུབ་བྱེད་ཀྱི་ཆོས་ཐོགས་པ་མེད་པ་མ་གྲུབ་པ་སྟེ། རྡུལ་ཕྲ་རབ་རྣམས་ཐོགས་པ་ཉིད་ཡིན་པའི་ཕྱིར་རོ། །བསྒྲུབ་བྱའི་ཆོས་མ་གྲུབ་པ་ནི་དཔེར་ན་ཚོར་བ་བཞིན་ཞེས་བརྗོད་ན། སྒྲུབ་པར་བྱེད་པའི་ཆོས་ཐོགས་པ་མེད་པ་ཡོད་ཀྱང་བསྒྲུབ་བྱའི་ཆོས་རྟག་པ་ཉིད་མེད་དེ། ཚོར་བ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །གཉིས་ཀ་མ་གྲུབ་པ་ནི་དེ་ལའང་གཉིས་ཡོད་དེ། ཡོད་པ་དང༌། མེད་པའོ། །གལ་ཏེ་བུམ་པ་བཞིན་ཞེས་བརྗོད་ན། ཡོད་པ་ལ་གཉིས་ཀ་མ་གྲུབ་པའོ། །གལ་ཏེ་ནམ་མཁའ་བཞིན་ཞེས་བརྗོད་ན། ནམ་མཁའ་མེད་པར་འདོད་པའི་བསྟན་བཅོས་ལ་ལྟོས་ནས་མེད་པ་ལ་གཉིས་ཀ་མ་གྲུབ་པའོ། །མ་སྦྱར་བ་ནི་དོན་དེ་ལ་དཔེ་སྦྱོར་བ་གཏན་མེད་པས་བུམ་པ་ལ་སོགས་པ་ལ་སྒྲུབ་བྱེད་དང་བསྒྲུབ་བྱའི་ཆོས་གཉིས་འབའ་ཞིག་ཁོ་ན་སྟོན་པ་སྟེ་དཔེར་ན་བུམ་པ་ལ་བྱས་པ་ཉིད་དང་མི་རྟག་པ་ཉིད་བརྗོད་པ་ལྟ་བུའོ། །ཕྱིན་ཅི་ལོག་ཏུ་སྦྱར་བ་ནི་གང་བྱས་པ་ཐམས་ཅད་མི་རྟག་པ་ཉིད་ཡིན་ཏེ་ཞེས་བརྗོད་པར་བྱ་བ་ལས་མི་རྟག་པ་ཐམས་ཅད་བྱས་པ་ཡིན་ཞེས་བརྗོད་པའོ། །དེ་རྣམས་ནི་མཐུན་དཔེ་ལྟར་སྣང་ངོ༌། །ཆོས་མི་མཐུན་པའི་དཔེ་ལྟར་སྣང་ནི་བསྒྲུབ་པར་བྱ་བའི་ཆོས་ལྡོག་པ་མེད་པ་ཡིན་ཏེ། རེ་ཞིག་དཔེར་ན་མི་རྟག་པ་རྣམས་ནི་ཐོགས་བཅས་མཐོང་བ་མིན་ཏེ་རྡུལ་ཕྲ་རབ་བཞིན་ནོ། །རྡུལ་ཕྲ་རབ་ནི་བསྒྲུབ་བྱའི་ཆོས་རྟག་པ་ཉིད་མི་ལྡོག་པ་ཡིན་ཏེ། དེ་མ་ཡིན་པའི་རྡུལ་ཕྲ་རབ་རྟག་པ་ཉིད་ཡིན་པའི་ཕྱིར། སྒྲུབ་བྱེད་དེའི་ཆོས་ནི་ཐོགས་པ་མེད་དོ། །དཔེར་ན་གཞན་གྱི་ལས་བཞིན་ཞེས་བསྒྲུབ་བྱ་ལྡོག་པ་ལ་སྒྲུབ་བྱེད་མི་ལྡོག་པ་


DTG174_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕ་རོལ་གྱི་ལས་རྣམས་ནི་ཐོགས་པ་མེད་པའི་ཕྱིར་རོ། །གཉིས་ཀ་ལྡོག་པ་མེད་པ་ནི་ཡོད་པའི་བསྟན་བཅོས་ལ་ལྟོས་ནས་ནམ་མཁའ་བཞིན་ཞེས་བརྗོད་ན། ནམ་མཁའ་ནི་རྟག་པ་ཉིད་དང༌། ཐོགས་པ་མེད་པ་ཉིད་མི་ལྡོག་པ་སྟེ་ཞེས་ནམ་མཁའ་རྟག་པ་ཉིད་ཡིན་པའི་ཕྱིར་ཏེ། ཐོགས་པ་མེད་པའི་ཕྱིར་རོ། །ལྡོག་པ་བསྟན་པ་ནི་དཔེར་ན་བུམ་པ་བཞིན་ཞེས་བརྗོད་ན། མི་རྟག་པ་མཐོང་བ་ཉིད་དང༌། ཐོགས་བཅས་སུ་མཐོང་བའི་ཕྱིར་རོ། །ལྡོག་པ་ཕྱིན་ཅི་ལོག་ཏུ་སྦྱར་བ་ནི་ཐོགས་བཅས་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་བསྒྲུབ་བྱ་དང༌། གཏན་ཚིགས་དང་དཔེར་བརྗོད་པ་རྣམས་ནི་ལྟར་སྣང་བ་ཡིན་ཏེ། སྒྲུབ་བྱེད་ཡང་དག་པ་ནི་མ་ཡིན་ནོ། །དེས་ན་རང་གིས་མངོན་པར་རིག་པར་བྱ་སྟེ། མངོན་སུམ་དང༌། རྗེས་སུ་དཔག་པའི་ཚད་མ་གཉིས་ཁོ་ནར་རིག་པར་བྱའོ། །འདིར་མངོན་སུམ་ཚད་མ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་སྟེ། གཟུགས་ལ་སོགས་པའི་དོན་ལ་ཐ་སྙད་ལ་སོགས་པའི་རྟོག་པ་དང་བྲལ་བ་སོ་སོར་མངོན་གྱུར་མཐོང་བས་མངོན་སུམ་ཚད་མར་བརྗོད་དོ། །རྗེས་སུ་དཔག་པའི་ཚད་མ་ནི་རྟགས་རྣམས་ལ་ལྟོས་ནས་དོན་མཐོང་བ་ཡིན་ཏེ། གཏན་ཚིགས་ནི་ཚུལ་གསུམ་པའི་སྔར་བསྟན་ཟིན་ཏོ། །དེ་དག་རྟགས་ལ་བརྟེན་ནས་དོན་རྣམས་དཔོག་པ་ཡིན་ལ། ཡང་དག་པའི་ངེས་པའི་ཤེས་པ་དང་ལྡན་པ་དང༌། མེ་ཡོད་ཤེས་པའམ་མི་རྟག་པར་ཤེས་པ་ལ་སོགས་པ་སྟེ་རྗེས་སུ་དཔག་པའི་ཚད་མར་བརྗོད་དོ། །ཚད་མ་གཉིས་པོ་དེ་ལ་ཡང་དག་པའི་ཤེས་པ་ཚད་མའི་འབྲས་བུ་ཡིན་ཏེ། རང་གི་མཚན་ཉིད་རྟོགས་པའི་ཕྱིར་རོ། །དོན་བྱེད་ནུས་པའི་དངོས་སུ་གཞལ་བའི་ཕྱིར་ཏེ་ཚད་མའང་ཡིན་ནོ། །རྟོག་པར་ཤེས་པའང་མངོན་སུམ་ལྟར་སྣང་ངོ༌། །ཤེས་པ་རྣམས་ཀྱི་བུམ་པ་ལ་སོགས་པ་རྟོག་པ་སྐྱེས་པ་དེ་མངོན་སུམ་ལྟར་སྣང་ཡིན་ཏེ། ཤེས་པ་དེ་ལ་དོན་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ལྟར་སྣང་སྔོན་དུ་སོང་བ་ལ་སོགས་པ་དེའི་རྗེས་སུ་དོན་ལྟ་བུར་སྣང་བའི་ཤེས་པ་སྐྱེས་པ་དེ་རྗེས་དཔག་ཚད་མའི་


DTG174_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་སྟེ། སྔར་བཤད་པ་བཞིན་དུ་གཏན་ཚིགས་ལྟར་སྣང་དུ་མ་རྟགས་སུ་བཟུང་ནས་དོན་ལྟ་བུར་སྣང་བ་དཔག་པ་ལས་སྐྱེས་པའི་ཤེས་པ་དེ་རྣམས་རྗེས་དཔག་ཚད་མའི་ལྟར་སྣང་སྟེ། ཡང་དག་པར་རྟོགས་པའི་ཕྱིར་རོ། །དེ་ནས་གལ་ཏེ་སྒྲུབ་པར་བྱེད་པ་པོའི་སྐྱོན་རྣམས་ཡང་དག་རྗོད་པར་བྱེད་པ་ནི་སུན་འབྱིན་ཡང་དག་པའོ། །སྒྲུབ་པར་བྱེད་པའི་ཡན་ལག་མ་ཚང་བ་ཉིད་དང༌། བསྒྲུབ་བྱའི་སྐྱོན་ཉིད་དང༌། མ་གྲུབ་པའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་དང༌། འགལ་བའི་གཏན་ཚིགས་དང༌། དཔེ་རྣམས་ཀྱི་གཏན་ཚིགས་གསལ་བར་བསྟན་ཏེ། ཕྱིར་རྒོལ་གྱི་འདྲི་བ་རྣམས་ལ་ལེགས་པར་ཁོང་དུ་ཆུད་པར་བྱེད་པས་སུན་འབྱིན་ཡང་དག་གོ །གལ་ཏེ་སྒྲུབ་བྱེད་ཀྱི་སྐྱོན་རྣམས་གསལ་བར་མི་བརྗོད་པའམ། སྐྱོན་མ་ཡིན་པ་ནི་སུན་འབྱིན་ལྟར་སྣང་སྟེ། སྒྲུབ་བྱེད་ཡན་ལག་ཚང་བ་ལ་མ་ཚང་བར་བརྗོད་པ་ཉིད་དང༌། བསྒྲུབ་བྱ་སྐྱོན་མེད་པ་ལ་སྐྱོན་ཅན་ཡིན་པར་བརྗོད་པ་དང༌། གཏན་ཚིགས་སྒྲུབ་པ་ལ་དཔེ་གྲུབ་པ་ནི་མ་ཡིན་པར་བརྗོད་པ་དང༌། གཏན་ཚིགས་ངེས་པ་ལ་མ་ངེས་པར་བརྗོད་པ་དང༌། གཏན་ཚིགས་མ་འགལ་བ་ལ་འགལ་བར་བརྗོད་པ་དང༌། དཔེ་སྐྱོན་ཅན་མ་ཡིན་པ་ལ་དཔེ་སྐྱོན་ཅན་ཡིན་པར་བརྗོད་པ་དང༌། འདི་ལྟར་ཐམས་ཅད་སུན་འབྱིན་ལྟར་སྣང་ངོ༌། །དེ་དག་གཞན་གྱི་གྲུབ་མཐའ་ལ་སྐྱོན་རྣམས་གསལ་བར་བསྟན་མི་ནུས་པའི་ཕྱིར་སྐྱོན་མ་ཡིན་པར་བརྗོད་པ་ཉིད་དོ། །དོན་འདི་རེ་ཞིག་གཞག་གོ །ཚིག་དོན་ཅུང་ཟད་བཤད་པ་འདི། །ཐོག་མར་སྒྲུབ་པའི་ཕྱོགས་ཙམ་ཡིན། །དེ་དག་ཚུལ་དང་ཚུལ་མིན་ཡང༌། །མཆོག་གི་གཞན་དུ་ཤེས་པར་བྱ། །ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་བསྒྱུར་ཅིང་སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང༌། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྟའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ།། །།


DTG174_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང༌། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། །

གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ།
ཕྱོགས་ཀྱི་གླང་པོ།


DTG174_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་ཏུ་ཙཀྲ་ཧ་མཱརྠ། བོད་སྐད་དུ། གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁྲུལ་པའི་དྲ་བ་འཇོམས་མཛད་པའི། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །གཏན་ཚིགས་ཚུལ་གསུམ་འཁོར་ལོ་ཡི། །གཏན་ལ་དབབ་པ་བཤད་པར་བྱ། །རྗེས་སུ་དཔག་པར་བྱ་བ་ལ། །ཡོད་དང་མེད་དང་གཉིས་ཀ་ཡི། །ཡོད་པ་ལ་ནི་ཡང་དག་སྟེ། །མེད་དང་གཉིས་ཀ་མ་གྲུབ་ཡིན། །ཐེ་ཚོམ་གཉིས་ཏེ་མ་གྲུབ་བཞིན། །མ་གྲུབ་སྦྱར་བ་དེ་བཞིན་དུ། །མཐུན་པའི་ཕྱོགས་ལ་ཡོད་པ་དང༌། །མེད་པ་དེ་བཞིན་གཉིས་ཀ་དང༌། །མི་མཐུན་ཕྱོགས་ལ་དེ་བཞིན་ནོ། །གསུམ་ལ་རྣམ་པ་གསུམ་གསུམ་སྟེ། །སྟེང་འོག་གཉིས་ལ་ཡང་དག་གོ །ལོགས་ལ་འགལ་བ་གཉིས་ཡིན་ཏེ། །ཟུར་བཞི་ཐུན་མོང་མ་ངེས་བཞིན། །དབུས་ན་ཐུན་མོང་མ་ཡིན་པའོ། །གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་བྱུང་དང༌། །མི་རྟག་རྩོལ་བྱུང་ལུས་ཅན་མིན། །རྟག་དང་མི་རྟག་རྩོལ་བྱུང་དང༌། །རྟག་དང་རྟག་དང་རྟག་པ་དང༌། །རྩོལ་བྱུང་མིན་དང་མི་རྟག་དང༌། །རྟག་པ་ལ་ནི་སྒྲུབ་པ་བཀོད། །སྟེང་འོག་མི་མཐུན་ལོགས་དང་སྦྱར། །ཡང་དག་གཏན་ཚིགས་གཉིས་ཡིན་ནོ། །ལོགས་དང་མི་མཐུན་སྟེང་འོག་སྦྱར། །འགལ་བའི་གཏན་ཚིགས་གཉིས་ཡིན་ནོ། །ཟུར་བཞི་ཐ་དད་སྣོལ་མར་སྦྱར། །ཐུན་མོང་མ་ངེས་རྣམ་པ་བཞི། །ལོགས་གཉིས་ཐད་ཀར་སྦྱར་བས་ནི། །ཐུན་མོང་མ་ཡིན་མ་ངེས་པའོ། །གཏན་ཚིགས་འཁྲུལ་འཁོར་རྣམ་དགུ་ཡིས། །དཔེ་ཡི་རྣམ་པ་འདི་ལྟ་སྟེ། །ནམ་མཁའ་བུམ་དང་བུམ་མཁའ་དང༌། །བུམ་པ་གློག་དང་ནམ་མཁའ་བཞིན། །མཁའ་དང་བུམ་པ་གློག་བཞིན་དང༌། །གློག་དང་ནམ་མཁའ་བུམ་བཞིན་དང༌། །བུམ་དང་གློག་དང་མཁའ་བཞིན་དང༌། །ནམ་མཁའ་རྡུལ་ཕྲན་ལས་བུམ་བཞིན། །དེ་ནི་ངེས་པའི་དབང་བྱས་ཡིན། །ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཡོད་དང་མེད་དང་ཡོད་མེད་དང༌། །ཕྱོགས་གཅིག་མཐའ་དག་སྦྱོར་བས་སོ། །ཕྱོགས་ཆོས་དགུའི་འཁོར་ལོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།ཟ་ཧོར་གྱི་མཁས་པ་བོ་དྷི་སཏྭ་དང༌། དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །

ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བཞུགས་སོ། །


DTG174_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་མཱ་ཎ་བཱར་ཏི་ཀཱ་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། ༈ །སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། ༈ །ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། ༈ །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས་རང་བཞིན་ཡོད་ཙམ་དང། །འབྲེལ་པ་ཅན་གྱི་ངོ་བོ་ཡང༌། །ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་


DTG174_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་བལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །དེ་དང་འགལ་བ་ཡི་ནི་རྒྱུ། །དམིགས་པའི་སྦྱོར་བ་གང་ཡིན་དེ། །རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་པ་ཅན་ཡིན་ནོ། ༈ །འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། ༈ །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། ༈ ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། ༈ །ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། ༈ །ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། ༈ །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། ༈ །རྒྱུ་མ་ཚོགས་པས་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་དེ། །ལྷག་མ་དང་ལྡན་ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། ༈ །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང༌། །ཚིག་ལས་ཆགས་ཅན་ལ་སོགས་བཞིན། །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན། །འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། ༈ །གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། ༈ །གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །


DTG174_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །མ་གྲུབ་སྦྱོར་བ་བརྗོད་བྱ་མིན། །ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། །ད་ནི་མ་མཐོང་ལས་མེད་མིན། །དེ་བཞིན་དུ་ནི་གཞན་ལ་ཡང༌། །ཚད་མ་གཞན་གྱིས་གནོད་པ་སྲིད། །མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་པ་མེད་པ་ཅན། །ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང༌། །དེ་ལ་གཅིག་མཐོང་གཞན་ལ་དེ། །ཡོད་པར་ངེས་པ་རིགས་མ་ཡིན། །བདག་དང་ས་ལ་ཤེས་ཡོད་སོགས། །མེད་པར་རབ་སྒྲུབ་བྱེད་མིན་པའི། །མ་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །ཇི་ལྟ་གཞན་ནི་ཉེ་བར་འགྱུར། །མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི། །དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འགའ་ཞིག་བརྗོད་པར་ཟད། །དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་བསྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ་དམིགས་པར་ནི། །རིགས་ལྡན་དེ་མི་དམིགས་པ་ཡང༌། །དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །དེ་དང་དེ་འགལ་ལ་


DTG174_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནག་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ། །ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་བཞིན་ཉིད། །ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས། །མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུས་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིང༌། །འབྱུང་བ་ལྟོས་པ་ལས་ཡིན་ནོ། །གལ་ཏེ་བརྒྱ་བྱིན་སྤྱི་བོའི་མེའི། །རང་བཞིན་ཡིན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡིན་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང། །དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །བསྡུ་བའི་ཚིགས་སུ་བཅད་པའོ། ། ༈། །རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆག་གཞན་ཅི་ཞིག་ཡོད། །གཟུགས་ཆོས་


DTG174_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །བསྡུ་བའི་ཚིགས་སུ་བཅད་པའོ། ། ༈། །རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་སེལ་བ་ལ། །ཉེས་པ་འདི་ནི་ཐལ་མི་འགྱུར། །དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །གཞན་དུ་ཆོས་ཅན་གྲུབ་གྱུར་ན། །དེ་ལས་མ་གྲུབ་གཞན་ཅི་ཡོད། །མཐོང་བ་འགའ་ལའང་ཤེས་པ་གང༌། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །གཞན་དུ་དངོས་པོ་གཅིག་པུ་པ། །སྒྲའམ་བློ་གཅིག་གིས་ཁྱབ་ན། །གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་པ་ནི་ཉིད་དུ་འགྱུར། །གང་གི་ལྟར་ན་བློས་ཁྱད་པར། །སྣ་ཚོགས་ཅན་དོན་ཐ་དད་འཛིན། །ཁྱད་པར་སྣ་ཚོགས་ལ་ཕན་པའི། །ཡན་ལག་ནུས་ལས་དབྱེར་མེད་པའི། །བདག་ཉིད་བདག་ཉིད་ཀུན་བཟུང་ན། །ཕན་བྱའི་བྱེ་བྲག་གང་མ་ངེས། ༈།དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉིས་ཀ་བཟུང༌། ༈།ཆོས་ཕན་ནུས་རྣམས་ཐ་དད་ན། །དེ་དག་དེའི་ཅི་ཡིན་གལ་ཏེ། །དེ་ཡིས་དེ་དག་ལ་ཕན་མེད། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། ༈།གཅིག་ལ་ཕན་བྱེད་བཟུང་ན་ནི། །དེ་ལ་མཐོང་ན་མ་མཐོང་བ། །ཕན་པ་གཞན་མིན་དེ་ཡི་ཕྱིར། །དེ་བཟུང་ན་ནི་ཐམས་ཅད་བཟུང༌། ༈།གལ་ཏེ་འཁྲུལ་པ་བཟློག་པའི་ཕྱིར། །བཟུང་བ་ལ་ཡང་གཞན་འདོད་ན། ༈།དེ་ནི་རྣམ་གཅོད་ཡུལ་ཅན་གྲུབ། །དེ་ལས་གཞན་པའང་དེ་དང་འདྲ། །


DTG174_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདོགས་མེད་པའི་ཡུལ་ལ་ནི། །འཇུག་ཕྱིར་གཞན་ཡང་ངོ་བོ་གང༌། །ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། ༈།ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལའང༌། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །དེ་ལའང་གཞན་ལས་ལྡོག་པ་དང༌། །གཞན་ལས་ལོག་པ་ཞེས་བྱ་བའི། ༈།སྒྲ་དང་ངེས་པ་ཉིད་དག་ནི། །བརྡ་ཡི་རྗེས་སུ་བྱེད་པ་ཡིན། ༈།གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །བརྗོད་བྱའི་གཞན་གྱི་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། ༈།ཁྱད་པར་གཞན་ནི་སྤོང་བ་དང༌། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། ༈།ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དོ། །དེ་ཕྱིར་དེ་དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། ༈།དོན་དེ་ཤེས་པར་བྱེད་འདོད་པས། །དེ་ལ་ཕན་པའམ་བྱེད་ལྡན་ནམ། །གལ་ཏེ་གཞན་གྱིས་བརྗོད་ཀྱང་རུང༌། །དེ་ལས་ཁྱད་པར་གཞན་མེད་དོ། ༈ །དེ་ཕྱིར་གཞན་སེལ་ཡུལ་ལ་ནི། །དེ་ལྡན་ཕྱོགས་ལ་བརྗོད་པ་བསལ། །རིགས་དང་དེ་དང་ལྡན་པ་དག །ཐ་དད་ཉིད་ན་ཉེས་པར་འགྱུར། །གང་དག་གི་ཚིག་དངོས་པོའི་དབང༌། །ལྷུར་བརྗོད་བརྗོད་འདོད་མི་བརྟེན་པ། །དེ་དག་ལ་ནི་དྲུག་པ་དང༌། །ཚིགས་དབྱེ་ལ་སོགས་ཀླན་ཀ་རིགས། །ཕྱི་རོལ་དོན་ལ་མི་ལྟོས་པའི། །ཚིག་གང་སྨྲ་པོས་ཇི་ལྟ་བུར། །རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། ༈ །བཙུན་མོ་རྣམས་གྲོང་དྲུག་ལ་སོགས། །ཐ་དད་དངོས་མིན་བཞག་པའམ། །ནམ་མཁའི་རང་བཞིན་མཁའ་ཉིད་ཅེས། །བྱ་བ་འདི་ལ་རྒྱུ་ཅི་ཡོད། ༈ །ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེས་བདག་ཐ་དད་ཀྱང༌། །ཐ་དད་པ་ཉིད་བསྒྲིབས་པ་ཡིས། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། ༈ །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་


DTG174_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་རབ་ཏུ་བསྒྲགས། །དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། ༈ །ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །དེས་ན་དོན་ལ་བདག་གཅིག་ཏུ། །འཛིན་པའི་རྣམ་རྟོག་འདི་ལོག་པ། །མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་སྒྲུབ་ལ་འགའ་ཞིག་ནི། །ཐ་དད་ཡིན་ཡང་རྣག་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །དཔེར་སྨན་ཁ་ཅིག་ཐ་དད་ཀྱང༌། །ལྷན་ཅིག་པའམ་སོ་སོ་ཡིས། །རིམས་ལ་སོགས་པ་ཞི་བྱེད་པར། །མཐོང་གི་གཞན་གྱིས་མ་ཡིན་བཞིན། ༈།ཁྱད་པར་མེད་ཕྱིར་སྤྱིས་མ་ཡིན། །དེ་དག་ཞིང་སོགས་ཐ་དད་ཀྱང༌། །ཁྱད་པར་མེད་པར་ཐལ་འགྱུར་ཕྱིར། །བརྟན་པས་ཕན་འདོགས་མེད་ཕྱིར་ཡང༌། ༈ །རང་བཞིན་དེ་འཛིན་རྣམ་རྟོག་བློ། །དོན་མེད་ཀྱང་དེ་དོན་ཅན་འདྲ། །དེ་ཡི་འབྲས་ཅན་མིན་དོན་ལས། ༈ །ཐ་དད་མཐར་ཐུག་སྐྱེ་བ་གང༌། །དེ་ལ་ངོ་བོ་ཕྱི་རོལ་དང༌། །གཅིག་ལྟ་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། ༈ །ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུར། ༈ །དེ་ཉིད་གཞན་ལས་ལོག་པར་ཡང༌། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི །ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད། ༈ ། དངོས་པོ་རྣམས་ཀྱི་དེ་ཀུན་ཡང༌། །ཕན་ཚུན་མེད་ལ་བརྟེན་པ་སྟེ། །དེས་ན་གཞན་སེལ་ཡུལ་ཅན་དང༌། །གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །རྗེས་དཔག་ཇི་སྐད་བཤད་ཇི་བཞིན། ༈ །འཁྲུལ་པར་འདྲ་ཡང་གཞན་ལས་མིན། །མར་མེའི་འོད་ལས་ནོར་བུར་བཞིན། ༈ །དེ་ལ་དུ་མའང་འབྲས་གཅིག་ཅན། །དེ་འབྲས་ཅན་མིན་གཞན་རྟེན་ཅན། །བརྗོད་དང་ཤེས་པས་གཅིག་ཉིད་དུ། །ཐ་སྙད་རབ་ཏུ་འཇུག་པར་བྱེད། །དེ་བཞིན་གཅིག་ཀྱང་དུ་མ་བྱེད། །དེ་དངོས་ཡོངས་སུ་བསྟན་པའི་ཕྱིར། །དེ་འབྲས་ཅན་མིན་དོན་ལས་ནི། །


DTG174_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པས་ཆོས་སྣ་ཚོགས་ཤེས། །སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། ༈ །ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་གཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། ༈ །དམ་པའི་དོན་གྱི་དོན་རྣམས་ནི། །རང་གིས་འདྲེ་དང་ཐ་དད་མེད། །དེ་ལ་ངོ་བོ་གཅིག་པ་དང༌། །དུ་མ་བློ་ཡིས་བསླད་པ་ཡིན། ༈ །དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། ༈།དེ་ཉིད་ལ་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག་༈།བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ། །དངོས་པོ་མཐོང་བ་ཉམས་པའི་ཕྱིར། ༈ །ཁྱད་པར་སྤྱི་དང་འདྲེས་པ་འདིར། །རང་གི་མཚན་ཉིད་གཟུང་བྱ་མིན། །དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་གཟུང་བྱ་མིན། །བྱེ་བྲག་ཁྱད་པར་མང་པོ་རྣམས། །དེ་གཅིག་ལ་ནི་མི་རུང་ཕྱིར། ༈ །དེ་ཡི་ངོ་བོ་ཀུན་ལས་ལོག །དེ་དེ་བཞིན་རྟོགས་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོག་པ་ཡང་སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། ༈ །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཅི་ནས་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར། །འཇུག་པར་འགྱུར་ཞེས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད། ༈ །དེ་ལ་རིགས་དོན་བྱེད་རུང་མིན། ༈ །དེ་ལྡན་ནུས་པ་དེ་ཡང་ནི། །ཅི་ཕྱིར་དངོས་སུ་སྦྱོར་མི་བྱེད། །གལ་ཏེ་མཐའ་ཡས་ཕྱིར་འདི་མཚུངས། །དེ་བྱེད་དེ་བྱེད་མ་ཡིན་ལས། །ལོག་པར་མཚུངས་ལ་ཅིས་མ་བྱས། །དེ་ལྡན་ཉེས་མཚུངས་ཕྱིར་ཞེ་ན། །བླ་སྟེ་རིགས་གཞན་མི་དགོས་སོ། ༈།དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ། ༈ །དེ་ཡིས་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར། ༈ །གལ་ཏེ་འདི་ལ་རྣམ་གཅོད་ཡོད། །སྒྲ་རྣམས་དགོས་པ་


DTG174_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་དུ། །ཟད་པ་མིན་ནམ་ཁྱེད་ལ་དེར། །སྤྱི་གཞན་གྱིས་ནི་ཅི་ཞིག་བྱ། །གསལ་བ་རྣམས་ནི་ཐ་དད་ཀྱང༌། །བྱ་བ་དེ་དང་བྱེད་པའི། །དོན་རྣམས་མཐོང་ནས་གཞན་མཐོང་ཡང༌། །དེ་ལས་གཞན་དང་བྲལ་བ་ཡི། །ཡུལ་ཅན་གྱི་ནི་སྒྲ་རྣམས་ཀྱིས། །ལྷན་ཅིག་སྦྱར་ནས་ངོ་ཤེས་བྱེད། ༈ །གཞན་གྱི་ལྟར་ནའང་བློ་དེ་ནི། །སྤྱི་ནི་འབའ་ཞིག་ཉིད་ལས་མིན། ༈ །རྟག་ཏུ་དེ་ཙམ་རྣམ་ཤེས་ན། །གསལ་བ་མི་ཤེས་ཐལ་འགྱུར་ཕྱིར། །དེ་ཡི་ཚེ་ན་ནམ་ཡང་ནི། །དེ་ལྡན་འབྲེལ་པ་མ་བཟུང་ཕྱིར། །དེ་དང་ལྡན་ངེས་མི་འགྱུར་བས། །དེ་ལ་ཇི་ལྟར་ཐ་སྙད་འདོགས།༈། གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །གསལ་རྣམས་ཤེས་པའི་རྒྱུ་ཞེ་ན། ༈ །དངོས་པོ་གཅིག་ངེས་དེ་རྣམས་ཀྱི། །ཐ་དད་པ་ཉིད་སེལ་ཏམ་ཅི། །ཐ་དད་ཕྱིར་ཡང་དེ་རྣམས་ལ། །གཅིག་གི་རྣམ་ཤེས་རྒྱུར་མི་འདོད། ༈ །གལ་ཏེ་དུ་མའང་གཅིག་ལྟོས་ནས། །ཐ་དད་མིན་བློ་སྐྱེད་ཅེ་ན། ༈ །དེ་དག་སོ་སོ་མེད་པར་ཡང༌། །དེ་གཅིག་གིས་ཀྱང་བསྐྱེད་བྱ་བའི། །བློ་ལ་དེ་རྣམས་ནུས་མེད་ཕྱིར། །བློ་ཡིས་འཛིན་པ་མེད་པ་ཡིན། ༈ །སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཚོགས་ལའང་ནུས་གྲུབ་གསལ་བ་ལ། །ཇི་ལྟར་ཡང་ནི་དེ་ལྟར་མིན་། ༈ །གལ་ཏེ་དེ་དག་གང་རུང་ལ། །ལྟོས་ནས་དེས་ནུས་འབའ་ཞིག་མིན། ༈ །དེ་དག་དེ་གཅིག་ལ་ཕན་ན། །ཇི་ལྟར་བློ་གཅིག་ཉིད་ལ་མིན། ༈ །འདི་དེ་རྣམས་ཀྱི་འབྲས་བུར་འགྱུར། །ཕན་འདོགས་གང་ཡིན་སྐྱེད་པ་ཡིན། །གལ་ཏེ་ཐ་དད་མིན་སྣང་བློ། །ཐ་དད་རྣམས་ལ་མི་འདོད་ན། ༈ །བློ་ཡི་སྣང་བ་ཐ་དད་དེ། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། ༈ །གལ་ཏེ་དེ་དག་མཚུངས་ན་ནི། །ཇི་ལྟར་ཐ་དད་བློས་གཟུང་བྱ། ༈ །འབྲས་བུ་གཅིག་འདྲ་དེ་དག་གི །འབྲས་བློ་དེ་ཡང་ཐ་དད་དོ། །ཞེ་ན་གཅིག་ཏུ་རྟོགས་རྒྱུའི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིས། །བློ་གཅིག་རྒྱུ་ཡིད་དངོས་པོ་ཡིས། །གསལ་བ་རྣམས་ཀྱང་ཐ་མི་དད། ༈ །དེ་ཡང་དེ་འབྲས་ཅན་མིན་བྲལ། ༈ །དེ་ལས་གཞན་པ་རྗེས་འགྲོ་བའི། །དངོས་མ་མཐོང་ཕྱིར་བཀག་ཕྱིར་ཡང༌། ༈ །བརྡ་ནི་དེ་རིག་དོན་ཅན་ཡིན། ༈ །དེ་བྱེད་མིན་ལ་དེ་བྱེད་དང༌། །འདྲ་བའི་ངོ་བོར་སྣང་བ་ཅན། །


DTG174_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཐ་དད་དངོས་ཙམ་གྱི། །ས་བོན་ཅན་དོན་མེད་པའི་བློ། །སྐྱེད་པར་བྱེད་པའང་དེ་མི་བྱེད། །ཡོངས་སྤངས་ཡན་ལག་ངོ་བོའི་ཕྱིར། །དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་སླུ་ཡོད་པར་འདོད། ༈ །དེ་ཕྱིར་གཞན་སེལ་ཡུལ་ཅན་ཏེ། །དེ་བྱེད་བརྟེན་པའི་ངོ་བོའི་ཕྱིར། །ཤིང་མ་ཡིན་ལས་ལྡོག་པ་ཡིས། །ཤིང་དོན་འཛིན་ན་གཉིས་པོ་དག །ཕན་ཚུན་བརྟེན་པས་གཅིག་འཛིན་པ། །མེད་ན་གཉིས་ཀ་མི་འཛིན་འགྱུར། །དེ་ཡི་ཕྱིར་ན་བརྡར་བཏགས་པ། །མི་སྲིད་དོ་ཞེས་ཁ་ཅིག་སྨྲ། ༈ །དེ་དག་གི་ནི་བརྡར་འདོགས་ལ། །ཤིང་མིན་རྣམ་པར་གཅོད་དམ་མིན། །གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མེད་ན་ཇི་ལྟར་ཤེས། །བརྡ་ལས་དེ་དག་མི་སེལ་ན། །ཐ་སྙད་འདོགས་པར་བྱེད་པ་རྣམས། །དེ་ཡོངས་སྤངས་ནས་འཇུག་པར་ནི། །མི་འགྱུར་ཤིང་གི་ཁྱད་པར་བཞིན། ༈ །གལ་ཏེ་གཞན་བཀག་མི་སྒྲུབ་པར། །མདུན་གནས་གཅིག་གཅིག་རབ་བསྟན་ནས། །འདི་ཤིང་ཡིན་ཞེས་བརྡ་བྱེད་ལ། །ཐ་སྙད་འདོགས་པའི་ཚེ་ན་ཡང༌། །དེ་རྟོགས་འགྱུར་ལ་དེ་ཡི་ཕྱིར། །ཉེས་པ་འདི་ནི་མེད་སྙམ་ན། །འདི་ཡང་ཤིང་ཡིན་འདི་ཁོ་ན་། །ཞེས་བྱའི་ཐལ་བ་ལྡོག་པ་མེད། ༈ །གཅིག་རྟོགས་ཞེས་བྱའི་ཤེས་པ་ནི། །གཅིག་ལ་གནས་པའི་རྟོགས་པ་པོས། །དེ་དང་དེ་མིན་རྒྱུ་དོན་རྣམས། །བདག་ཉིད་རྣམ་པར་འབྱེད་པར་བྱེད། ༈ །བློ་དེ་ལ་ནི་ཡོད་པའི་དངོས། །བློ་རྒྱུ་ཉིད་དུ་སྣང་བ་དང༌། །རྒྱུ་མིན་ངོ་བོ་བྲལ་བ་དང༌། །ངོ་བོ་གཅིག་འདྲར་བདག་ཉིད་ཀྱིས། །ཐ་དད་པར་ནི་ཤེས་འགྱུར་བས། །ཐ་དད་པ་ལ་སྐད་སྦྱོར་ཏེ། །དེ་ལས་དེ་རྟོགས་འགྱུར་བའི་བློ། །འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། ༈ །བློ་དོན་འགའ་ལས་རྣམ་བཟློག་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་གཟུང་ཕྱིར་རོ། །གཞན་དུ་སྦྱོར་བ་དོན་མེད་འགྱུར། ༈ །དེས་ན་ཤེས་བྱ་ལ་སོགས་ཚིག །༈།ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། ༈ །གང་ཞིག་གང་ལས་ཐ་དད་པ། །དེ་རྣམ་བཟློག་ནས་དེ་དག་ལས། །ཐ་དད་ཁྱད་པར་མཚུངས་པའི་རྒྱུ། །རྣམ་པ་སྣང་བ་ཅན་ལ་འགོད། །


DTG174_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་པས་རབ་ཏུ་བཤད། །འདི་ལའང་ངོ་བོ་ཅུང་ཟད་མེད། །སྒྲ་རྣམས་ལས་དེ་རྟོགས་ཉིད་ཀྱིས། །གཞན་བཟློག་རྟོགས་འགྱུར་དེ་ལ་ནི། །འགའ་ཡིས་ཁྱད་པར་དུ་བྱས་པ། །རྟོགས་པར་འགྱུར་བ་གཞན་འགའ་མེད། ༈ །སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མིན་ཕྱིར་འདི། །དངོས་མེད་དངོས་པོ་ལྡན་ཉིད་དུ། །མཐོང་བ་བློ་ཡིས་བསླད་པ་ཡིན། །དེ་ཉིད་ཕྱིར་འདི་དོན་དམ་མིན། ༈ །གཞན་དུ་དངོས་པོ་ལས་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། ༈ །འདྲེས་པའི་དོན་གཅིག་གཅོད་པ་ན། །སྒྲའམ་རྟགས་ནི་གཅིག་པུ་ཡིས། །བྱ་བྱེད་དེ་ལ་བཅད་པ་ཡི། །དངོས་པོའི་བརྗོད་བྱ་ཅི་ཡང་མེད། །གང་གིས་རྗོད་པར་བྱེད་པ་ལས། །མ་ལུས་པར་ནི་རྟོགས་འགྱུར་བ། །དངོས་པོའི་ནུས་པ་ཡིན་ངེས་ན། །འབྲས་བུ་དུ་མ་རྟེན་གཅིག་འགྱུར། ༈ །རྣམ་གཅོད་གཅིག་གཅིག་སྟོན་པ་ན། །གང་ཚེ་གཞན་མི་སྤོང་བར་གནས། །དེས་ནི་དེ་ཁྱབ་གཅིག་པུའང་སྣང༌། །དེ་ཚེ་བློ་ཡི་ངོར་བྱས་ནས། །གཞི་མཐུན་པ་ནི་ཉིད་དུ་འགྱུར། ༈ །སྒྲ་ནི་རྣམ་གཅོད་བྱེད་པ་ན། །དངོས་པོའི་ཆོས་ལ་རེག་འགྱུར་བ། །དེ་ནི་དེ་ལ་ཡོད་ཅེས་བྱའོ། ༈།དངོས་པོ་གཅིག་ནི་རྗོད་བྱེད་མིན། །བློ་ལ་སྣང་མིན་སྣང་རུང་ལ། །དངོས་པོ་མེད་པས་ངེས་ཕྱིར་རོ། ༈ །དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི། །སྒྲ་རྣམས་དང་ནི་བློ་ཉིད་ཀྱང༌། །སྤྱི་ཡི་ཡུལ་ཅན་དུ་བསྟན་ཏེ། །དངོས་ལ་དེ་དག་མི་སྲིད་ཕྱིར། ༈ །དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །གཅིག་ནི་རྗེས་སུ་འགྲོ་ལྡོག་གི །དོན་གཅིག་སྤྱོད་ཡུལ་ཅན་མ་ཡིན། ༈ །ཐ་དད་གྱུར་ན་དབྱེར་མེད་པའི། །ཐ་སྙད་དག་ཀྱང་རྒྱུ་མེད་འགྱུར། ༈ །ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཐལ་འགྱུར་ཉེས་པ་དེ་དག་མེད། །དེ་ཡི་འབྲས་བུ་ཡོངས་བསྟན་ཕྱིར། །ཐ་དད་འབྲས་བུ་གཅིག་དག་ལ། །རྒན་པོས་སྒྲ་གཅིག་བརྡར་བྱས་པ། །དེ་ཡི་འབྲས་བུ་མེད་པ་ཅན། །ལྡོག་པ་ཡི་ནི་རྒྱུ་ཅན་ཡིན། ༈ །ཐ་དད་པ་དག་བསྟན་པ་ནི། །དཀའ་དང་མི་ནུས་


DTG174_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་མེད་ཕྱིར། །དངོས་པོ་ལ་མིན་དངོས་པོ་ཀུན། །རང་རང་ངོ་བོ་ལ་གནས་ཕྱིར། །ཁྲ་བོ་ཡི་ནི་ངོ་བོ་གང༌། །དེ་ནི་སེར་སྐྱ་ལ་ཡོད་མིན། ༈ །དེ་འབྲས་ཡིན་མིན་ལས་བཟློག་པ། །གཉིས་ཀ་ལ་ཡང་ཡོད་པ་མིན། ༈ །དོན་ལ་ཐ་དད་མེད་པར་ཡང༌། ། སྒྲ་ཡི་ཐ་དད་མི་རིགས་སོ། ༈ །དེ་ཕྱིར་དེ་འབྲས་འདོད་ན་ཡང༌། །དེ་འབྲས་མེད་ལས་ཐ་དད་ཉིད། ༈ །དཔེར་ན་མིག་ལ་སོགས་པས་གཟུགས། །རྣམ་ཤེས་གཅིག་གི་འབྲས་བུ་ཅན། །གང་ཕྱིར་ཁྱད་པར་མེད་འབྲས་དེ། །སྟོན་པ་དག་ནི་སྲིད་པར་འགྱུར། ༈ །འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །དེ་ཡི་ངོ་བོ་སྤྱི་ལས་ནི། །ཐ་དད་མེད་དུ་ཟིན་ན་ཡང༌། །བརྡ་ལས་བྱུང་བ་སྙད་པར་བྱ། །གལ་ཏེ་གཅིག་གནས་པ་ཡི་ཕྱིར། །མང་པོ་དག་ལའང་མཉན་པ་གཅིག །གནས་པ་རྟེན་ནམ་གསལ་བ་ཡིན། །དེ་ལྟར་དེ་ལ་མི་རིགས་སོ། །རྟགས་ལ་ཕན་འདོགས་མེད་པའི་ཕྱིར། །རྟེན་མིན་ལྟུང་བའི་ཚུལ་ཅན་གྱི། །གྱ་ཤུག་སོགས་ལའང་དེ་ཡི་ཡུལ། །སྐྱེད་པ་འཁར་གཞོང་སོགས་པས་ནུས། །དེ་ཡང་དེ་ལ་མི་སྲིད་དོ། །དེ་མེད་ན་ཡང་གནས་པའི་ཕྱིར། །གནས་མིན་དེ་ཡང་མི་རིགས་ཏེ། ༈ །ཐ་དད་ཐ་དད་མིན་པ་ཡི། །རྣམ་པར་དཔྱོད་པས་མི་རིགས་ཉིད། །བདག་ལ་རྣམ་ཤེས་སྐྱེད་རུང་བའི། །དོན་དུ་གཞན་གྱི་ངོར་བྱེད་གང༌། །གསལ་བྱ་ཡིན་ལ་རུང་ཉིད་ཀྱི། །བྱེད་པ་པོ་ཡང་རྒྱུ་རུ་འདོད། །འདི་ནི་སྔ་ནས་རུང་ཉིད་ན། །དེ་ལ་ལྟོས་པ་མི་རུང་སྟེ། །འགྱུར་བ་མེད་པའི་ཕྱིར་དེ་ནི། །སྤྱི་ལྡན་པ་ལས་གང་ལས་ཡིན། །མིག་སྨན་སོགས་བཞིན་གསལ་བ་ལས། །དབང་པོའང་འདུ་བྱེད་མ་ཡིན་ཏེ། །དེ་ནི་ཡོད་མེད་དུས་དག་ལ། །རྟོགས་པ་ཐ་དད་མེད་ཕྱིར་རོ། ༈ །རིགས་རྣམས་ཀྱི་ནི་གསལ་བྱེད་ཀྱང༌། །གལ་ཏེ་རིགས་དང་ལྡན་འདོད་ན། །སྒྲོན་མེ་ལ་སོགས་གསལ་བྱེད་ནི། །བ་ལང་ཉིད་སོགས་དེ་ལྡན་འཐོབ། ༈ །གང་དག་རིགས་ནི་གསལ་བ་ལས། །གཞན་ནམ་གཞན་མིན་ཡོད་ཉིད་དེའི། །སྔོན་མེད་གསལ་བ་རྣམས་ལ་ནི། །སྤྱི་ཡི་བློ་གྲོས་ཇི་ལྟར་ཡིན། །གཅིག་ལ་ཡོད་པ་མཐོང་བ་ནི། །གཞན་ལ་མཐོང་བ་མི་སྲིད་ཕྱིར། ༈ །


DTG174_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཉིད་མིན་ན་རྗེས་འགྲོ་མེད། །གཞན་ཉིད་ན་ཡང་རྟེན་མིན་ཕྱིར། ༈ །མི་འགྲོ་དེ་ན་ཡོད་པའང་མིན། །ཕྱིས་ཡོད་ཆ་དང་ལྡན་པའང་མིན། །རྟེན་སྔ་མ་ནི་ཡོངས་མི་འདོར། །ཀྱེ་མ་ཕོངས་པའི་རྒྱུ་ཉིད་ཡིན། ༈ །གཞན་ལ་གནས་པར་འགྱུར་པ་ནི། །རང་གི་གནས་ལས་མི་གཡོ་ཞིང༌། ། དེ་ལས་གནས་གཞན་སྐྱེ་བ་ལ། །གནས་ན་ཤིན་ཏུ་རིགས་པར་ལྡན། །གང་ན་དངོས་དེ་གནས་གྱུར་པ། །དེར་ནི་འབྲེལ་པའང་མ་ཡིན་ལ། །དེ་དག་ཡུལ་ཅན་ལ་ཁྱབ་པ། །ཅིག་དེ་ནི་ངོ་མཚར་ཆེ། ༈ །གལ་ཏེ་ཀུན་ན་རིགས་ཡོད་ན། །གཅིག་ཏུ་གསལ་བས་དེ་གསལ་ཉིད། །ཐ་དད་མེད་ཕྱིར་ཀུན་དུ་མཐོང༌། ༈ །དེ་ཡང་གསལ་བ་ལ་ལྟོས་མིན། །གསལ་བྱེད་རྟོགས་པ་མ་ཡིན་ན། །གསལ་བྱ་ཡང་དག་རྟོགས་པ་མིན། །སྤྱི་དང་དེ་དང་ལྡན་པ་དག །ཅི་ཡི་ཕྱིར་ན་བཟློག་པར་འདོད། ༈།ཐ་དད་མེད་དོན་མེད་པར་ཡང༌། །འཚེད་པ་པོ་སོགས་བརྗོད་པ་ཡིན། ༈ །ཐ་དད་ཕྱིར་ན་ལས་རྒྱུ་མིན། ༈ །འདི་ཡི་རིགས་མིན་ལས་འབྲེལ་ཕྱིར། ༈ །མཉན་པ་གཞན་གྱི་རྒྱུ་མཚན་ཕྱིར། ༈ །ལས་ཀྱང་གནས་པ་ཡོད་མ་ཡིན། ༈ །འབྲེལ་པ་མེད་ཕྱིར་སྒྲ་ཡི་རྒྱུ། །སྤྱི་ཡིན་མི་རིགས་མིན་པ་མིན། །ཧ་ཅང་ཐལ་ཕྱིར་ལས་མེད་ནའང༌། །ཤེས་རྗོད་དག་གི་མ་ཡིན་ཏེ། །རྒྱུ་མཚན་ཅན་མིན་ཐོབ་ཕྱིར་རོ། ༈ །རྗེས་འགྲོ་མེད་ཕྱིར་ནུས་པའང་མིན། །གལ་ཏེ་འཚེད་པོ་ཉིད་སོགས་སྤྱི། །དང་པོ་ཉིད་དུ་དེ་ཡོད་སོགས། །བཞིན་དུ་གསལ་འགྱུར་མིན་ན་ནི། །ཁྱད་པར་མེད་ཕྱིར་ཕྱིས་མི་འགྱུར། ༈ །བྱ་བས་ཕན་འདོགས་ལྟོས་གསལ་བྱེད། །ཡིན་ན་འགྱུར་མེད་ལྟོས་པ་མེད། །འདི་ནི་ཕུལ་བྱུང་ཡོད་ན་ཡང༌། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས། ༈ །ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་འགའ་ཞིག་ལ། །རབ་འཇུག་གཞན་ལ་མིན་དེ་ཉིད། །སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། ༈ །གལ་ཏེ་ལྡོག་པ་སྤངས་པ་ཡིས། །དངོས་པོའི་རྗེས་འགྲོ་གཞན་མེད་ན། །གཅིག་གི་འབྲས་བུ་གཞན་གྱི་ར་མིན། །ཤིན་ཏུ་ཐ་དད་ཕྱིར་ཞེ་ན། ༈ །གལ་ཏེ་བདག་ཉིད་གཅིག་པ་ཡིས། །དུ་མ་འབྲས་བུ་གཅིག་བྱེད་ན། །བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ལྷན་ཅིག་བྱེད་པ་ཡོད་མེད་འགྱུར། །ཐ་དད་མེད་པའི་ངོ་


DTG174_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དེ། །མི་འགྲོ་ཁྱད་པར་རྣམ་ངེས་བྲལ། ༈ །གཅིག་དང་བྲལ་ན་འབྲས་མེད་ཕྱིར། ༈ །བྱེ་བྲག་རྣམས་ལས་དེ་དག་འབྱུང༌། །དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡོད་པ་ཡིན། །དེ་ཡང་རྗེས་འགྲོ་མེད་གང་ཞིག །རྗེས་འགྲོ་དེ་ལས་འབྲས་མི་འབྱུང། ༈ །དེ་ན་བདག་ཉིད་ཐ་དད་ཀྱང༌། །འགའ་ཞིག་རྒྱུ་ཡིན་གཞན་པ་མིན། །རང་བཞིན་འདི་ཡིན་ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། ༈ །དེ་ལས་ཐ་དད་པས་དེ་ལྟར། །མི་འགྱུར་ཞེ་ན་གཅིག་འཇིག་ཚེ། །བདག་གནས་ན་ནི་དེ་ཡི་མིན། །དེས་ན་སྤྱི་ཁྱད་བློར་མི་འགྱུར། །ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། ༈ །དེ་ཡི་སྐྱེད་བྱེད་ངོ་བོ་གང༌། །དེ་ལས་གཞན་པས་ཇི་ལྟར་སྐྱེད། ༈ །ཐ་དད་ཁྱད་པར་ཉིད་སྐྱེད་བྱེད། ༈།དེ་ལ་ཐ་དད་མིན་པའང་ཡོད། །ཅེ་ན་དེས་དེ་སྐྱེད་མིན་བརྗོད། ༈ །སྣང་བའང་གཞན་ལ་མི་བརྟེན་པས། །ཐ་དད་བྱེད་ཡིན་དེ་ཉིད་དོན། །དེ་ནི་གཞན་ལས་ལོག་པ་ཡིན། །དེ་ནི་རྒྱུ་དང་འབྲས་བུར་བཤད། །དེ་ནི་རང་གི་མཚན་ཉིད་འདོད། །དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། ༈ །ཇི་ལྟར་ཐ་དད་མེད་ཁྱད་མེད། །ན་ཡང་ཐམས་ཅད་ཀུན་སྒྲུབ་མིན། །དེ་བཞིན་ཐ་དད་ཁྱད་མེད་ནའང༌། །ཐམས་ཅད་ཀུན་གྱི་སྒྲུབ་བྱེད་མིན། ༈ །ཐ་དད་ན་ཡང་དངོས་པོ་ཡི། །ཆོས་ཉིད་ཀྱིས་འགའ་བྱེད་པོར་འགྱུར། ༈ །ཐ་དད་མེད་ནའང་གཅིག་ཉིད་ཀྱི། །བྱེད་དང་མི་བྱེད་འགལ་བར་འགྱུར། །ཐ་དད་ཡོད་དེའི་ཕྱིར་བྱ་མེད། །ཅེ་ན་ལྷན་ཅིག་བྱེད་མི་བྱེད། །འོན་ཏེ་རིམ་བཞིན་བྱེད་པོ་ཉིད། །དེ་ཅི་དངོས་དེ་ཉིད་ཀྱིའམ། ༈ །དེ་ལྡན་དངོས་པོ་ཤིན་ཏུ་ནི། །ཐ་དད་ཐ་དད་མེད་འགྱུར་བའམ། །འདྲ་དང་མི་འདྲའི་བདག་ཉིད་ཅན། །རྣམ་གྲངས་ཕན་ཚུན་ཐ་དད་འགྱུར། ༈ །དེ་ཡང་ཐ་དད་འགྱུར་ཞེ་ན། །བདག་ཉིད་གང་གིས་དེ་དག་གི །ཁྱད་པར་སྤྱི་ཞེས་བྱ་བ་དེ། །གལ་ཏེ་དེ་དག་ཐ་དད་ན། །ཐ་དད་ཉིད་འགྱུར་དེ་ལྟ་ནའང༌། །ཇི་ལྟར་བུམ་སོགས་ཕན་ཚུན་བཞིན། །སྤྱི་དང་ཁྱད་པར་


DTG174_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་པའང༌། །སྤྱི་དང་ཁྱད་པར་ཅན་མི་འགྱུར། །གང་གི་བདག་ཉིད་མདུན་བྱས་ནས། །བསྒྲུབ་བྱ་དེ་འབྲས་འདོད་པ་ཅན། །སྐྱེས་བུ་འདི་ནི་འཇུག་པར་འགྱུར། །དེ་རྟེན་ཐ་དད་ཐ་དད་མེད། །དཔྱད་བྱ་རང་བདག་ཉིད་ཐ་དད། །ལྡོག་པ་མཚུངས་པ་འདི་དག་ནི། །ཡོད་ཉིད་དངོས་པོ་རྗེས་འགྲོ་མེད། །འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། ༈ །དེ་ཉིད་ཀྱིས་ནི་འཛེམ་མེད་པ། །མུན་སྤྲུལ་གང་ཅིའང་རུང་སྨྲ་བ། །དེ་དག་ཀྱང་ནི་བསལ་བ་ཡིན། །མཐའ་གཅིག་པ་ནི་སྲིད་ཕྱིར་རོ། །ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །དེ་ཡི་ཁྱད་པར་བསལ་བའི་ཕྱིར། །ཞོ་འཐུང་ཞེས་ནི་བསྐུལ་བ་ན། །ཅི་ཕྱིར་རྔ་མོ་ལ་མི་རྒྱུག །འོན་ཏེ་ཕུལ་བྱུང་འགའ་ཞིག་ཡོད། །གང་གིས་ཁྱད་པར་འཇུག་འགྱུར་ན། །དེ་ཉིད་ཞོ་ཡིན་དེ་གཞན་ལ། །མེད་ཕྱིར་གཉིས་ཀ་མིན་གཞན་མིན། །ཐམས་ཅད་ཀུན་བདག་ཉིད་ཡིན་ན། ༈ །བློ་སྒྲ་ཐ་དད་པར་མི་འགྱུར། །ཐ་དད་བསྡུས་པར་སྨྲ་བ་ལ། །དེ་མེད་ཕྱིར་ན་མི་སྲིད་འགྱུར། ༈ །དངོས་མེད་ངོ་བོ་མེད་པའི་ཕྱིར། །ངོ་བོ་བརྗོད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅོད་རྗོད་པར་བྱེད་པར་གྲུབ། །རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། ། བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན། །ཁྱད་པར་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་ལས་ཉམས། །ཡོད་པའི་ཁྱད་པར་ཙམ་དུ་ནི། །བསྒྲུབ་བྱ་སྤྱི་ཡི་ཆོས་ཅན་ལ། །དོན་འགའ་ཞིག་ཡང་འགྲུབ་མི་འགྱུར། །འདི་འདྲ་བ་ཡང་བཀག་པ་མེད། ༈ །ཁྱད་པར་བསྒྲུབ་བྱར་བཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །ཡོད་པ་བསྒྲུབ་བྱ་ཡིན་ན་དེས། །ཁྱད་པར་དག་ནི་བསྒྲུབ་བྱར་འགྱུར། ༈ །དེ་ཡི་ཁྱད་པར་གཟུང་མེད་པར། །དངོས་པོ་ཙམ་ན་སྒྲུབ་པ་ན། །དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ཡི། །རྗེས་སུ་འགྲོ་བ་ཉམས་པ་མེད། །མ་གྲུབ་པ་ལ་ཡོད་ཆོས་མེད། །གཉིས་ཀ་ལ་བརྟེན་འཁྲུལ་པ་ཅན། །མེད་པའི་ཆོས་ནི་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར། །རང་


DTG174_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྒྲུབ་པ་གོ་བྱེད་ཡིན། །དེ་ལ་ཁྱབ་བྱེད་ངེས་པ་ཡིན། །རང་བཞིན་ངེས་པ་གོ་བྱ་ཡིན། །འདི་ལྡོག་པ་ན་དེ་ལྡོག་བྱེད། །དཔེར་ན་མི་རྟག་ཉིད་བྱས་པའམ། །མ་བྱས་པས་ན་མི་འཇིག་བཞིན། ༈ །རྒྱུ་མེད་ཕྱིར་ན་འཇིག་པ་ན། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །དེ་རྒྱུ་མང་པོ་ཡོད་ན་ཡང༌། །འགའ་ཞིག་ལ་ནི་མི་སྲིད་འགྱུར། ༈ །དེས་ན་འབྲས་གནས་མེད་པའི་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། ༈ །དེ་རྒྱུ་ནུས་པ་མེད་ཕྱིར་ཡང༌། །འདི་ནི་ངོ་བོ་ཉིད་ཀྱིས་འགྱུར། །གང་ལ་འགྱུར་ཞེས་བྱ་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །དེས་ན་དངོས་པོའི་ཡུལ་ཅན་གྱི། །རྗེས་སུ་དཔོག་གང་རྣམ་གཉིས་ཏེ། །འབྲས་དང་ངོ་བོ་དེ་དག་ལས། །རང་བསྒྲུབ་བྱ་ལ་འབྲེལ་དེས་ཕྱིར། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །དེ་ཡི་ངོ་བོ་མི་དམིགས་ན། །འཇུག་པར་མི་བྱེད་ཅེས་བྱ་བས། །མི་དམིགས་པ་ནི་ཚད་མར་བཤད། །བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དོན་རྣམས་དབང་པོ་ལས་འདས་པ། །རྟགས་མེད་པ་ཅན་དེ་རྣམས་ནི། །མི་དམིགས་ཕྱིར་ན་ཇི་ལྟར་མེད། །ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ལ་ལ་ཚད་མ་དག་ཏུ་འགྱུར། །རང་བཞིན་ཤེས་བྱེད་མི་ཤེས་ལ། །རིགས་པ་འདི་ནི་བརྗོད་པ་ཡིན། ༈ །རྒྱུ་མི་ཤེས་ན་འབྲས་བུ་ནི། །མེད་པ་ཉིད་དུ་སྒྲུབ་པར་བྱེད། །དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་ཡིན། །གལ་ཏེ་གཏན་ཚིགས་འགའ་ཞིག་གིས། །དེ་མེད་པར་ནི་རྟོགས་པར་འགྱུར། །སྣང་རུང་མཐོང་བ་མེད་པའི་རྒྱུ། ། མི་སྲིད་པར་ནི་གྱུར་པ་ན། །སྣང་རུང་དངོས་པོ་མ་དམིགས་པའི། །དངོས་པོ་མེད་པ་རྟོགས་པར་འགྱུར། ༈ །འགལ་བའི་དངོས་པོ་ཡོད་ན་ཡང༌། །དེ་ཡོད་པ་ལ་གནོད་བྱེད་ཕྱིར། །དེ་དང་འགལ་བ་དམིགས་པ་ནི། །མེད་པ་ཉིད་དུ་ངེས་པར་འགྱུར། ༈ །ཐོག་མེད་


DTG174_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ། །ཡོད་མེད་གཉིས་ཀ་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། ༈ །དེ་དངོས་ཉེར་ལེན་མེད་པ་ཅན། །སྒྲུབ་ལ་དེ་མི་དམིགས་པ་ནི། །དེ་ལྟར་གཏན་ཚིགས་དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། ༈ །དོན་དམ་གཅིག་ཏུ་འཇུག་ཉིད་ཅན། །མཐོང་བའི་བྱེ་བྲག་ཐ་དད་པའི། །དོན་རྣམས་ལ་ནི་སྒྲ་རྣམས་ནི། །རྒྱུ་མེད་ཅན་འཇུག་མི་འགྱུར་དང༌། །འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡི། །དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །དེ་དག་བློ་དོན་ཡུལ་ཅན་འདོད། ༈ །སྒྲ་དོན་བསྙོན་པ་སྒྲུབ་པ་ལ། །ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། །ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཡན་གར་ཆོས་ནི་གྲུབ་པ་ཡིན། །སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལས་འབྲས་འབྱུང་རག་ལས་ཕྱིར། ༈ །དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། ༈ །རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བརྟགས་པ་ཡིན། །དངོས་རྟེན་མ་གྲུབ་འདི་ཆོས་སུ། །རིག་པ་སྨྲ་བས་གསུངས་པ་ཡིན། ༈ །སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །དེ་ལས་དོན་གྲུབ་མིན་དེ་དག །སྨྲ་བོའི་བསམ་པ་སྟོན་པར་བྱེད། ༈ །ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། ། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡི་མི་སླུ་བའོ། ༈ །ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི་།རྗེས་སུ་དཔག་པ་ཉིད་དུ་གསུངས། ༈ །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་


DTG174_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་དཔག་པ་ཡིན། ༈ །སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ། །ཇི་བཞིན་དོན་དུ་གཞན་གྱིས་ཤེས། ༈ །གལ་ཏེ་ཕུལ་དུ་བྱུང་བ་དེ། །ཤེས་པར་ནུས་ན་དོན་འདི་འདོད། ༈ །འདི་ནི་འདི་ལྟའམ་མིན་ནོ་ཞེས། །གཞན་ལ་སྐྱོན་ལྡན་སྐྱོན་མེད་པའམ། །ཚད་མ་རྣམས་ནི་རྙེད་དཀའི་ཕྱིར། །རྟོགས་དཀའ་ཞེས་ནི་གཞན་གྱིས་ཤེས། །འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལ་ཟག་པ་ཟད་པར་འགྱུར། ༈།འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། ། འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། ། གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ། ། ༈ ། །ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་རྗོད་པར་བྱེད། །ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར། ། སྐྱེས་བུས་མ་བྱས་ལོག་པའི་དོན། །ཅིས་མིན་ཞེས་ནི་གཞན་དག་བརྗོད། ༈ །དོན་ཤེས་བྱེད་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པས། །ཚིག་རྣམས་སྐྱེས་བུས་བྱས་མིན་ཡང༌། །དེ་ཕྱིར་ལོག་པ་ཉིད་དུ་སྲིད། ༈ །འབྲེལ་པ་སྐྱེས་བུས་བྱས་མིན་ན། །བརྡ་རིག་མེད་པར་རྟོགས་པར་འགྱུར། །བརྡ་ལས་དེ་ནི་གསལ་ཡིན་ན། །བརྟགས་པ་གཞན་དག་ནུས་མེད་འགྱུར། ༈ །ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ། ༈ །དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་ཡིན། །སྐྱེས་བུས་མ་བྱས་པ་ཉིད་ཀྱང༌། །ཀུན་དུ་བརྟགས་པ་དོན་མེད་འགྱུར། །ཐ་དད་རྣམས་ལ་འབྲེལ་པ་ཡང༌། །རྣམ་པར་གཞག་ཕྱིར་གཏན་ཚིགས་བརྗོད། ༈ །སྐྱེས་བུས་ལེགས་པར་མ་བྱས་པ། །རྣམ་པ་ཀུན་དུ་དོན་མེད་འགྱུར། །ལེགས་བྱས་ཁས་ལེན་ན་འདི་ནི། །དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། ༈ །


DTG174_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་པ་ལ་རྟག་ཡོད་མ་ཡིན། ༈ །དེ་ཕྱིར་དོན་དང་སྒྲ་ཡི་དེ། །སྐྱེས་བུའི་བློ་ཡིས་ལེགས་པར་བྱས། ༈ །དོན་དང་ལྷན་ཅིག་སྐྱེས་ན་ནི། །སྒྲ་རྣམས་ལ་ནི་རང་བཞིན་དག །རྣམ་པར་བཟློག་པར་མི་རིགས་སོ། ༈ །རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །གལ་ཏེ་རྟེན་འདི་འཇིག་ན་ཡང༌། །འཇིག་མིན་རྟག་ཕྱིར་རིགས་དང་འདྲ། །རྟག་རྣམས་ལ་བརྟེན་ནུས་པ་གང༌། །གང་གིས་དེ་རྟེན་འདོད་པ་ཡིན། །ཤེས་པ་སྐྱེད་པར་བྱེད་པ་ཡིས། །ལྷན་ཅིག་བྱེད་རྒྱུ་རྣམས་ཚོགས་ན། །དེ་སྐྱེད་པར་ནི་རུང་ཉིད་ཕྱིར། །རིག་པ་ཤེས་པས་བུམ་སོགས་ཀྱང༌། །སྐྱེ་བ་ལ་ནི་གསལ་བར་འདོད། །འགྱུར་བ་མེད་རྣམས་ཁྱད་མེད་པས། །གསལ་བྱེད་རང་གིས་དོན་ཅི་བྱས། །གང་ཕྱིར་དེས་དེ་གསལ་འདོད་པ། །འབྲེལ་པ་དངོས་པོ་ཉིད་གྱུར་མོད། །ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར། ༈ །དེ་ལས་ཐ་དད་མིན་དེ་ཉིད། །འདི་ལས་གཞན་དངོས་ཡོད་མ་ཡིན། །དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་པ་རྟོག་པས་བྱས་པ་ཡིན། །ཡོད་རྫས་གཞན་ལ་རག་ལུས་པའམ། །གཞན་གྱི་འབྲེལ་པར་ཇི་ལྟར་འགྱུར། །ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཚིག་སོགས་ཀུན་བརྟགས་དངོས་མེད་ལ། །དངོས་པོ་ཡི་ནི་འབྲེལ་པ་འདི། །ཇི་ལྟ་བུར་ནི་འཇུག་པར་འགྱུར། ༈ །བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཇི་ལྟར་སྐྱེས་བུ་འདི་གཞན་ལས། །མ་ཐོས་པར་ནི་ཡི་གེ་དང༌། །ཚིག་བཀོད་པ་ནི་བརྗོད་ནུས་མེད། །དེ་ལྟར་གཞན་ལའང་འགའ་ཞིག་སྨྲ། ༈ །སྤེལ་བ་ཡི་ནི་གཞུང་གཞན་ཡང༌། །མན་ངག་ལས་གཞན་གཞན་དག་གིས། །འདོན་པ་གང་མཐོང་གང་གིས་ན། །དེ་ཡང་དེ་ལྟར་རྗེས་མི་དཔོག་༈ །རིགས་གང་གང་ལས་གྲུབ་པ་དེ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །རྒྱུ་མ་མཐོང་བ་ཅན་གཞན་ཡང༌། །དེ་ལས་འགྱུར་བར་ཡང་དག་ཤེས། །དེ་ལ་འབྲས་མཚུངས་མཐོང་བའི་ཕྱིར། །ཁྱད་པར་དག་ནི་མ་བསྟན་པར། །གཏན་ཚིགས་རབ་ཏུ་སྤྲོས་པ་གང༌། །དེ་དག་ཐམས་ཅད་འཁྲུལ་པ་


DTG174_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རྣམ་ཀུན་ཐོག་མེད་གྲུབ་གྱུར་མོད། །དེ་ལྟར་སྐྱེས་མིན་རྟེན་ཅན་མིན། །དེ་ཕྱིར་སྐྱེས་བུས་མ་བྱས་ཉིད། །གཞན་ཡང་མི་ལ་མི་བརྟེན་འགྱུར། ༈ །ཀླ་ཀློ་ལ་སོགས་ཐ་སྙད་དང༌། །མེད་པར་སྨྲ་བའི་ཚིག་རྣམས་ཀྱང༌། །ཐོག་མེད་ཕྱིར་ན་དེ་བཞིན་འགྱུར། །སྔོན་འདུས་བྱས་པའི་རྒྱུ་ཡིན་ཕྱིར། །དེ་འདྲའི་སྐྱེས་བུས་མ་བྱས་ཉིད། །གྲུབ་ནའང་ཡོན་ཏན་ཅི་ཞིག་ཡོད། །དོན་གྱི་འདུ་བྱེད་ཁྱད་པར་རྣམས། །མཐོང་ཕྱིར་ཐེ་ཚོམ་དག་ཀྱང་ཡིན། ༈ །ཡིག་རྣམས་གཞན་དང་ཁྱད་མེད་ཕྱིར། །སྒྲུབ་པར་བྱེད་ན་འབྲས་ཅིར་འགྱུར། །ངག་ནི་ཡི་གེ་ལས་ཐ་དད། །ཡོད་པ་མིན་ཏེ་མ་དམིགས་ཕྱིར། །ཡན་ལག་དུ་མའི་བདག་ཉིད་ཡིན། །དེ་རྣམས་ཐ་དད་དོན་མེད་ཉིད། །དེ་དངོས་ཅན་མིན་དེ་དངོས་ཅན། །བརྟགས་པ་སེང་གེ་ཉིད་སོགས་བཞིན། །རེ་རེ་དོན་བཅས་ཉིད་ཡིན་ནམ། །དུ་མ་ཉིད་བཏགས་ལོག་པ་ཡིན། །ཡན་ལག་གཅིག་ནི་རྟོགས་པས་ཀྱང༌། །དག་གི་དོན་དག་རྟོགས་པར་འགྱུར། ༈།ཐམས་ཅད་ཅིག་ཅར་རྟོགས་པ་ནའང༌། །དུས་ཀྱི་ཁྱད་པར་མི་རུང་ངོ༌། ༈ །གཅིག་ཉིད་ན་ཡང་ཐ་དད་མེད། །རིམ་གྱིས་རྟོགས་པ་མི་སྲིད་ཕྱིར། ༈ །མི་རྟག་ན་ནི་རྩོལ་བྱུང་ཕྱིར། །དེ་ཅི་སྐྱེས་བུས་བྱས་པ་མིན། །རྟག་ཉིད་ཡིན་ཡང་རྟག་པར་ནི། །དམིགས་འགྱུར་སྒྲིབ་གཡོགས་མེད་ཕྱིར་རོ། ༈ །གལ་ཏེ་ལྷན་ཅིག་བྱེད་འགའ་ཞིག །མ་ཚང་ཐོས་པ་མིན་ཞེ་ན། ༈ །ཅིས་ཀྱང་གཞན་ལྟོས་ཡིན་སླ་སྟེ། །ངེས་པ་དག་ནི་འགལ་བ་ཡིན། །གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་དུ་ནི་དམིགས་མི་འགྱུར། ༈ །གལ་ཏེ་ཁྱབ་ན་ཐམས་ཅད་ཀྱིས། །ཅིག་ཅར་དམིགས་པ་དག་ཏུ་འགྱུར། ༈ །འདུས་བྱས་དམིགས་པ་ཡིན་ན་ཡང༌། །འགྱུར་མེད་གང་གིས་འདུ་བྱེད་འགྱུར། ༈ །དབང་པོ་ལེགས་པར་བྱས་གྱུར་ན། །དེས་ཀྱང་མ་ལུས་ཐོས་པར་འགྱུར། །གལ་ཏེ་ལེགས་བྱས་ཁྱད་པར་ལས། །ཐ་དད་ཕྱིར་དོན་གཅིག་ངེས་ཡིན། ༈།སྒྲ་ཡི་ཚོགས་པ་དུ་མ་ཡི། །ཅ་ཅོ་ཇི་ལྟར་ཐོས་པར་འགྱུར། ༈ །དེ་ལ་གལ་ཏེ་སྒྲ་ཡན་གར། །ཐོས་འགྱུར་རྗོད་བྱེད་མ་ཡིན་ན། ༈ །སྒྲ་ལས་ཐ་དད་ཡོད་དོ་ཞེས། །འདི་ལ་ཤིན་ཏུ་ཆེས་དད་བྱ། ༈ །སྒྲ་གཞན་དག་ནི་གནས་


DTG174_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། །རྗོད་བྱེད་ཇི་ལྟར་ཐོས་པ་ཡིན། ༈ །ཡང་ན་ནུས་པ་ངེས་པའི་ཕྱིར། །ཇི་ལྟར་ཐ་དད་སྒྲ་རྟོགས་འགྱུར། ༈ །ཉེས་པ་གང་དང་གང་གིས་ཀྱང༌། །སྒྲ་ཙམ་རྗོད་བྱེད་མི་འདོད་པ། །སྒྲ་ཙམ་དག་གིས་གསལ་བ་ནི། །ཇི་ལྟར་རྗོད་བྱེད་ལ་དེ་མེད། ༈ །གལ་ཏེ་ཡི་གེ་རིམ་པ་དག །ཡིག་རྣམས་ཐ་དད་མེད་ཕྱིར་མིན། །དེ་དག་རྣམ་པར་གཞག་པའང་མེད། །གོ་རིམས་གཞན་ནི་འགལ་ཕྱིར་རོ། ༈ །ཁྱབ་དང་རྟག་པར་བརྗོད་པའི་ཕྱིར། །ཡུལ་དང་དུས་ཀྱི་གོ་རིམས་མེད། ༈།མི་རྟག་ཁྱབ་བྱེད་མ་ཡིན་པའི། །སྐྱོན་ཡང་སྔར་ནི་བརྗོད་པ་ཡིན། ༈ །གསལ་བའི་རིམ་པའང་དག་མིན་ཏེ། །རྟག་ལ་གསལ་བ་གསལ་ཕྱིར་རོ། ༈ །བྱེད་པ་རྣམས་ཀྱི་བྱ་ཉིད་ལས། །དེ་གྲུབ་ཕྱིར་ན་འབྲས་ཉིད་ཡིན། ༈ །གྲུབ་པའི་དོན་ལ་རབ་ཤེས་པས། །གཞན་བློའི་རྒྱུ་ནི་གསལ་བྱེད་འདོད། །དཔེར་ན་སྒྲོན་བཞིན་གཞན་དུ་ནའང༌། །བྱེད་པོ་ལས་འདི་ཁྱད་པར་ཅི། བྱེད་པ་རྣམས་ཀྱི་ཚོགས་པ་ཡི། །བྱ་བ་ལས་ནི་ངེས་པར་ཡང༌། །དམིགས་ཕྱིར་འབྲས་བུ་ཉིད་ཡིན་ཏེ། །གསལ་བྱེད་ལ་དེ་མི་སྲིད་ཕྱིར། །གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི། །སྒྲིབ་བྱེད་བྲལ་བ་གསལ་ཡིན་ན། །ཅི་ཕྱིར་མེད་པ་ལ་བྱེད་པའི། །ཚོགས་ཀྱི་ནུས་པ་དེ་རུང་འགྱུར། །སྒྲ་དང་ཁྱད་པར་མེད་པའི་ཕྱིར། །གཞན་དག་ཀྱང་གསལ་ཐོབ་པར་འགྱུར། །དེ་བཞིན་དུ་ནི་ཁས་ལེན་ན། །རྒྱུ་རྣམས་ཀུན་ནི་དོན་མེད་ཉིད། ༈ །ངོ་ཤེས་པ་དང་ཡོད་སྦྱོར་སོགས། །གང་ཡིན་སྒྲུབ་བྱེད་འདོད་ན་ནི། །དཔེ་མེད་ཅན་ཡིན་དངོས་རྣམས་ནི། །སྐད་ཅིག་གིས་ནི་འཇིག་ཕྱིར་རོ། །རྟགས་ངན་གཞན་ཡང་སུན་དབྱུང་བྱ། །བློ་ནི་སྐྱེས་བུའི་རྟེན་ཅན་མིན། །ཁས་བླངས་མངོན་སུམ་གྲགས་པ་དང༌། །རྗེས་སུ་དཔག་པས་ཅིག་ཅར་གནོད། ༈ །ཡི་གེ་རྣམས་ལས་ཐ་དད་པའི། །རིམ་པའང་གསལ་བར་དཔྱད་ཟིན་ཏོ། ༈ །དེ་ནི་རྟོག་པས་སྒྲོ་བཏགས་ན། །ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན། ༈ །འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། ༈ །མེ་ལས་དོན་གཞན་གྱུར་པ་དག་༈ །སྐྱེ་ན་འཇིག་པ་མེད་པའི་ཕྱིར། །ཤིང་ནི་མཐོང་བ་ཉིད་དུ་འགྱུར། ༈ །དེ་ཉིད་འདི་ཡིས་འཇིག་ཅེ་ན། །ཇི་ལྟར་གཞན་ནི་གཞན་འཇིག་


DTG174_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བླ་སྟེ་ཅི་ཕྱིར་ཤིང་མི་སྣང༌། །དེས་གཟུང་ཕྱིར་མིན་ཞེ་ན་མིན། །གང་ཕྱིར་དེ་ཡིས་མི་སྒྲིབ་སྟེ། །སྐྱེ་ཕྱིར་འཇིག་པ་འཇིག་ཅན་འགྱུར། །དེ་ལྟ་ན་ཡང་ཤིང་མཐོང་འགྱུར། །གལ་ཏེ་གསོད་བྱེད་བསད་པ་ན། །ནག་པ་སླར་འབྱུང་མིན་ཇི་བཞིན། །འདི་ལའང་དེ་བཞིན་ཡིན་ཞེ་ན། །གསོད་བྱེད་བསད་པ་ཉིད་མ་ཡིན། ༈།འཇིག་པ་གཞན་ཉིད་མ་ཡིན་ན། །ཤིང་ཉིད་འཇིག་པ་ཉིད་དུ་འགྱུར། །དེ་མེད་ཕྱིར་ན་རྒྱུ་མིན་ཉིད། །འདི་ལས་གཞན་པའི་རྣམ་པའང་མེད། །འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། །རྟག་ཕྱིར་དངོས་པོ་འཇིག་པ་དག །ལྷན་ཅིག་ཡོད་པར་འགྱུར་ཞེ་ན། །མེད་པ་རྟག་ཉིད་གང་ལས་ཡིན། །མེད་ལ་དངོས་འཇིག་མེད་ཉིད་ཀྱི། །ཐལ་བར་འགྱུར་བ་མི་རུང་སྟེ། །གང་ཕྱིར་དངོས་པོ་འཇིག་པ་ཡིས། །འཇིག་པ་དག་ནི་མི་འདོད་དོ། །དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །དེ་ཤེས་དོན་དུ་སེམས་ཀྱིས་ནི། །དེ་ཡི་ཐ་དད་སྒྲོ་བཏགས་ནས། །གནས་སྐབས་དེ་རྒྱུ་མེད་ཅན་བཤད། ༈ །མེད་པ་རང་ཉིད་ལས་ཡོད་ནའང༌། །རྣམ་རྟོག་འདི་ནི་མཚུངས་ཤེ་ན། །དེ་ཡི་ཅུང་ཟད་འགྱུར་མེད་དེ། །མེད་པར་གྱུར་པ་ཙམ་ཞིག་ཡིན། ༈ །ཡོད་ལ་རྣམ་རྟོག་འདི་འགྱུར་ཏེ། །བསྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ། ༈ །མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །གལ་ཏེ་བྱ་བ་ཅུང་ཟད་ཅིག །ཡོད་ན་གཞན་ལ་ལྟོས་འགྱུར་གྱི། །དངོས་གང་ཅུང་ཟད་མི་བྱེད་ལ། །ཅི་སྟེ་འགའ་ཞིག་གིས་ལྟོས་འགྱུར། ༈ །དེས་ནི་རྒྱུ་མེད་ཅན་ཡིན་ནའང། །མ་སྐྱེས་པ་ལས་འཇིག་འགྱུར་ཕྱིར། །ཡོད་པ་ཉིད་དང་འཇིག་ཡིན་སྐྱོན། །ཧ་ཅང་ཐལ་བ་བསལ་བ་ཡིན། །ཇི་ལྟར་སྐྱེ་ལྡན་འགའ་ཞིག་ཉིད། །ཐོགས་བཅས་ཉིད་འདོད་དེ་བཞིན་དུ། །ཡོད་རྣམས་འཇིག་པའི་རང་བཞིན་ཡིན། །སྐྱེ་ལྡན་མིན་པ་མིན་ཅེ་ན། ༈ ། རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་པ་སྟེ། ༈ །ཐ་དད་རྒྱུ་རྣམས་མེད་ཉིད་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད། ༈ །དེ་ཕྱིར་དེ་རྣམས་འབྲེལ་པ་ཡང༌། །རྟག་པ་ཉིད་ནི་བསལ་བ་ཡིན། ༈ །སྒྲ་ཡི་ནུས་པའང་སྔར་བཤད་པའི། །འབྲེལ་པའི་སྐྱོན་གྱིས་བསལ་བ་ཡིན།༈ །


DTG174_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུས་མ་བྱས་ཞེས་བྱ་ཉིད། །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན། །སྐྱེས་བུའི་ཉེས་པས་སྐྱོན་མེད་པའི། །མེ་སོགས་རྣམ་པ་གཞན་དུ་མཐོང༌། ༈ །དེ་ནི་མ་བྱས་པར་འདོད་ན། །ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར། །རྟག་པ་དག་ལ་དངོས་ནུས་པ། །འགའ་ཡང་སྐྱེ་བ་ཡོད་མ་ཡིན། ༈ །རྣམ་རྟོག་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་དག །འགའ་ཞིག་དེ་ལས་སྐྱེ་འགྱུར་གྱི། །དོན་གྱི་སྤྱོད་ཡུལ་ཅན་མ་ཡིན། ༈ །གལ་ཏེ་བྱས་དག་ལོག་ཉིད་དུ། །མཐོང་ཉིད་ཕྱིར་ན་མ་བྱས་པའི། །ཚིག་ནི་བདེན་དོན་ཅན་ཡིན་ཏེ། །བཟློག་པས་འགལ་བ་ཁྱབ་ཕྱིར་རོ། ༈ །མེད་ཕྱིར་གཏན་ཚིགས་མ་བསྟན་ནའང༌། །དེ་ནི་ཡོད་པར་དོགས་འགྱུར་ཏེ། །དངོས་པོ་འགལ་བ་དག་ལ་ཡང༌། །ཁྱབ་པར་བྱེད་པ་མཐོང་ཕྱིར་རོ། ༈ །ཀུན་ལ་མེད་པ་དམིགས་པས། །མི་འགྲུབ་ཅེས་ནི་བཤད་ཟིན་ཏོ། །མེད་པ་ཉིད་ནི་མ་གྲུབ་ན། །ལྡོག་པ་ཉིད་ལ་ཐེ་ཚོམ་ཟ། །གལ་ཏེ་རྗེས་འགྲོ་ལྡོག་པ་དང༌། །བསྒྲུབ་བྱའི་ཆོས་ཅན་ལ་ཡོད་ཉིད། །དེ་དེས་འབྲས་ཅན་ཤེས་པ་ཡིས། །གྲུབ་པར་གྱུར་ན་སྒྲུབ་བྱེད་ཡིན། ༈ །གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི། །འདི་ཡི་ཆོས་མཐུན་འགྱུར་དེས་ན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། ༈ །འགའ་ཡིས་བརྡ་བྱས་ཉིད་ཡིན་ན། །སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན། ༈ །ཅི་སྟེ་དངོས་པོའི་ནུས་ཡིན་ན། ༈ །ཁྱད་པར་མེད་ཕྱིར་གཞན་ལའང་འགྱུར། །དོན་གཞན་ཉིད་དུ་གྱུར་པ་ཡི། །བཀོད་པའང་སྔར་ནི་བསལ་བ་ཡིན། ༈ །དེ་དོན་རྟག་ཏུ་འགྲུབ་འགྱུར་ཏེ། །ལྟོས་པ་ཡིན་ན་ནུས་མེད་འགྱུར། །གལ་ཏེ་དངོས་ནུས་དེ་འདྲ་ན། །དེ་ནི་ཀུན་གྱི་སྒྲུབ་བྱེད་འགྱུར། ༈ །ལེགས་བྱས་མིན་ཕྱིར་བྱེད་པ་པོའི། །ཁྱད་པར་ལ་ཡང་ལྟོས་མི་རུང༌། །དངོས་པོ་འདུས་བྱས་པ་ཡི་ཡང། །དངོས་པོའི་ཐ་དད་ཐ་དད་བྱེད། །བྱེད་པོའི་ཁྱད་པར་ལས་ནུས་པ། །ངེས་པ་མ་ཡིན་བརྡ་ལས་འགྱུར། །ཁྱད་པར་བྱར་མེད་ཅན་ཡིན་ན། །ཅི་ཞིག་བྱེད་ནས་བྱེད་པོར་འགྱུར། ༈།གལ་ཏེ་མངོན་གསལ་སྦྱོར་ཡིན་ན། །དེ་ནི་གོང་དུ་བསལ་ཟིན་ཏོ།༈།


DTG174_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་བློ་དེ་གསལ་ཡིན་ལ། །དེ་ནི་འབྲས་བུར་གལ་ཏེ་སྦྱོར། ༈ །སྨྲ་བ་པོ་གསལ་རྒྱུ་ཡིན་པས། །ཉན་པ་པོ་ཡང་འབྲས་འབྲེལ་འགྱུར། ༈ །མངོན་པར་གསལ་མིན་སྒྲ་དག་གི །བྱེད་པ་རྣམས་ཀྱི་སྦྱོར་བའམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན། ༈ །བརྒྱུད་པས་དེ་ལས་བསྐྱེད་ཉིད་ཕྱིར། །བློ་དེའང་གསལ་བ་ཡིན་ཞེ་ན། །གལ་ཏེ་དོན་ཅན་ཡིན་མི་འགྲུབ། །རྟོག་པའི་རྗེས་སུ་འགྲོ་ཕྱིར་རོ། །རང་དང་སྤྱི་ཡི་རང་བཞིན་རྣམས། །ངོ་བོ་གཅིག་ཏུ་བརྗོད་འདོད་ནས། །བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར། །མི་འགལ་དངོས་པོ་ལ་མ་ཡིན། ༈ །གལ་ཏེ་གོ་རིམས་མེད་ན་ནི། །རོ་དང་མཚོ་ཞེས་ཐོས་པ་ལས། །འབྲས་ཐ་དད་མེད་འགྱུར་ཞེ་ན། ༈ །དེ་ནི་སྐྱེས་བུའི་རྟེན་ཅན་ཡོད། །ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེས་ལ་ཤེས་ལས་སྒྲ་སྐྱེའོ། ༈ །དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཤེས་ངེས་སྐྱེད་པའི་ཤེས་པ་ཅན། ༈ །དེ་ཐོས་མྱུར་མིན་ཐོས་པ་ཅན། །དེ་དྲན་པ་ལ་ལྟོས་ནས་ནི། །ཕྱིས་ནི་བདག་ཉིད་ལ་དྲན་བྱེད། །དེ་ནི་རྒྱུ་དང་འཛིན་སེམས་ཀྱི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཡི། །གོ་རིམས་དག་ནི་ཡིན་ཞེས་བརྗོད། །དེ་དག་སྐྱེས་བུས་བྱས་པ་ཉིད། ༈ །དེ་ཕྱིར་ཡི་གེའི་ངོ་བོ་དེ། །ཚིག་དང་ཚིག་ལས་གཞན་ཉིད་དེ། །བྱེད་པོའི་འདུ་བྱེད་ལས་ཐ་དད། །ལྷན་ཅིག་འབྲས་བུས་ཁྱད་པར་བྱེད། ༈།ཡི་གེ་རྣམས་ཀྱི་གོ་རིམས་དེའང༌། །སྤེལ་བར་བྱེད་ལ་འཇུག་ཡིན་ཏེ། །འདོད་དང་མི་འགལ་གྲུབ་ཅན་གྱི། །གོ་རིམས་གནས་པ་འགལ་ཕྱིར་རོ།༈། སྐྱེས་བུ་དད་ནི་ཡི་གེ་རྣམས། །རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར། །ཡི་གེའི་རིམ་ཀུན་སྐྱེས་བུ་ལས། །མེ་དང་ཤིང་གི་རིགས་པ་བཞིན། ༈།ཤེས་མཐུ་དག་གིས་སྔགས་ཞེས་པའི། །གོ་རིམས་བྱེད་ཚུལ་ཅན་སྐྱེས་བུ། །ཐུན་མོང་མིན་པ་ཉིད་གྲུབ་སྟེ། །གཞན་ལ་དེ་དག་མེད་ཕྱིར་རོ། ༈ ། གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །དེ་དག་གིས་དེ་གཙོ་བོའི་མཐུ། །དེ་བཤད་རིགས་པ་འཇུག་ཕྱིར་རོ། །འབྲས་བུ་འདོད་པས་སྔགས་རྣམས་ནི། །བྱས་དང་སྐྱེས་བུས་བྱས་བརྗོད་བྱ། ༈ །སྐྱེས་བུ་ནུས་མེད་སྒྲུབ་བྱེད་ནི། །འདི་ཉིད་ཀྱིས་


DTG174_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསལ་བ་ཡིན། །བློ་དབང་སྨྲ་དང་སྐྱེས་བུ་ཉིད། །ལ་སོགས་སྒྲུབ་བྱེད་གང་བརྗོད་པ། །ཚད་ལྟར་སྣང་ཡིན་ལྷག་ལྡན་པས། །ཇི་བཞིན་དོན་རྟོགས་ཡོད་མ་ཡིན། །སྒྲ་ནི་ངོ་བོ་འདི་དོན་དང༌། །འདི་དོན་མིན་ཞེས་རྗོད་མི་བྱེད། ༈ །སྐྱེས་བུས་དོན་འདི་བརྟགས་པ་སྟེ། །དེ་ཡང་འདོད་ཆགས་ལ་སོགས་ལྡན། ༈ །དེ་གཅིག་དེ་ཉིད་རིག་གཞན་མིན། །ཁྱད་པར་ཡང་ནི་སུ་ཡིས་བྱས། །དེ་བཞིན་སྐྱེས་ཉིད་རྣམ་འགས་ཀྱང༌། །ཁྱེད་ཅི་ཤེས་ལྡན་འགའ་མི་འདོད། ༈ །གལ་ཏེ་གང་ཚིག་ཚད་མ་ཡིས། །མི་སླུ་དེ་དོན་རིག་ཡིན་ན། །ཤིན་ཏུ་ལྐོག་ཏུ་གྱུར་རྣམས་ལ། །ཚད་མ་ཡོད་པ་སྲིད་མ་ཡིན། ༈ །གང་གི་ཚིག་ནི་ཚད་མ་ཡི། །མི་སླུ་དེ་ཡིས་བྱས་པའི་ཚིག །དེ་ལུང་ཞེས་ཐོབ་དེ་ཡི་ཕྱིར། །སྐྱེས་བུས་བྱས་མིན་དོན་མེད་ཡིན། །གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །ལུང་མེད་པར་ནི་ཤེས་སྲིད་ན། །དབང་པོ་ལས་འདས་དོན་རིག་འགའ། །ཡོད་དོ་ཞེས་ནི་མངོན་འདོད་འགྱུར། ༈ །བདག་ཉིད་འདོད་ཆགས་སོགས་ལྡན་པའམ། །གཞན་ལས་རིག་བྱེད་དོན་རིག་མིན། །རིག་བྱེད་རིག་པར་བྱེད་མིན་ན། །རིག་བྱེད་དོན་ནི་གང་ལས་རྟོགས། །དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས། །ཁྱི་ཤ་ཟ་ཞེས་བྱ་བ་དེ། །དོན་མིན་ཞེས་འདི་ཚད་མ་གང༌། །འཇིག་རྟེན་ཚིག་རབ་གྲགས་ཤེ་ན། །དེ་ལ་སྣ་ཚོགས་དོན་ཅན་སྒྲའི། །གང་གི་དོན་འདི་རྣམ་དབྱེ་བ། །དབང་པོ་ལས་འདས་དོན་མཐོང་གང༌། །གྲགས་མིན་དོན་བརྗོད་མཐོ་རིས་གང༌། །ལྷ་མོ་ལ་སོགས་སྒྲ་མཐོང་ངོ༌། །དེ་འདྲའི་སྒྲ་གཞན་དག་ལ་ནི། །དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར། ༈ །གྲགས་པ་དག་ཀྱང་མི་རྣམས་ཚིག །དེ་ཡང་ཚད་མར་མི་འདོད་ན། །སླར་ཡང་དེ་ལས་དོན་རྟོགས་པ། །སྡང་འདོད་འདི་ནི་ཅི་ཞིག་ཡིན། ༈ །གལ་ཏེ་གྲགས་པ་ལས་འགལ་བའི། །རྟོག་ལ་རྒྱུ་ཅི་ཡོད་ཅེ་ན། །རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེར་འཛིན་པ་ལ་རྒྱུ་ཅི་ཡོད། །གྲེགས་པ་ཉིད་ཀྱི་སྒྲ་དོན་གྱི། །ངེས་ལ་དོགས་པ་བསྐྱེད་པ་ནི། །གང་ཕྱིར་དེ་ལ་སྒྲ་རྣམས་དོན། །སྣ་ཚོགས་འཇུག་པ་ཅན་ཉིད་མཐོང༌། །ངེས་བྱེད་མ་མཐོང་བ་དག་གིས། །སྣ་ཚོགས་ནུས་ཅན་སྒྲ་རང་ཉིད།


DTG174_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་དོགས་པ་འགྱུར་བ་སྟེ། །གཞན་དུ་མི་སྲིད་མེད་ཕྱིར་རོ། ༈ །འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོང་དུམ་འདི་ནི་སྨྲ་འགྱུར་ཞེས། །གཞན་ནི་བདག་ཉིད་སྨྲ་དེ་ལྟར། །དེ་དག་བྱེ་བྲག་བརྟག་པར་གྱིས། ༈ །ཐམས་ཅད་ལ་རུང་དོན་གཅིག་གི ། གསལ་བྱེད་ངེས་པ་གང་ལས་ཡིན། ༈ །བརྗོད་འདོད་ངེས་པ་མ་གཏོགས་པ། །གང་གིས་དབང་པོ་ལས་འདས་ཤེས། ༈ །བརྗོད་འདོད་ངེས་པའི་རྒྱུ་ཡིན་ཞིང༌། །བརྡ་ནི་དེ་ཡི་གསལ་བྱེད་ཡིན། ༈ །དེ་ནི་སྐྱེས་མིན་ལ་མེད་ན། །དེ་དོན་གཅིག་ཅན་དེ་གང་ལས། ༈ །རང་བཞིན་གྱིས་ནི་ངེས་ཡིན་ན། །གཞན་ལ་དེས་ཀྱང་མི་རུང་ངོ༌། །བརྡ་ཡང་དོན་མེད་ཅན་ཉིད་འགྱུར། །བརྡ་ལས་རང་བཞིན་ཁྱད་པར་གྱི། །གསལ་བའི་ངེས་པ་གང་ལས་ཡིན། ༈ །གང་ལ་འདོད་པ་རང་རྒྱུད་པ། །དེ་ལ་ངེས་པ་ཞེས་བྱ་གང༌། །དེས་ན་བརྡ་ནི་རུང་བ་ཉིད། །འདོད་པ་ཁོ་ན་གསལ་མི་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །གཞན་ཡང་དེ་འདྲ་ཡིན་ཏེ་དཔེར། །མེས་གྲང་བཟློག་དག་བདེན་པ་བཞིན། །དེ་སྐད་གཞན་དག་ཟེར་རོ་ལོ། །རོ་འདྲ་ངོ་བོ་མཚུངས་ཉིད་ཕྱིར། །སྣོད་གཅིག་ལ་ཡང་ཚོས་པ་བཞིན། །ལྷག་ལྡན་འཁྲུལ་པ་ཅན་ཉིད་ཕྱིར། །རིག་པ་ཤེས་པས་འདི་འདྲ་བཀག །སྐྱེས་བུ་རྟག་པ་བྱེད་པོ་ཉིད། །དངོས་རྣམས་རྟག་དང་དབང་པོ་འདས། །དབང་པོས་གཟུང་བྱ་དང་དངོས་རྣམས། །རྒྱུ་དང་གནས་འཇིག་མི་མཉམ་དང༌། །གཞན་ཡང་ཚད་མ་རྣམས་གཉིས་ཀྱིས། །རྣམ་པར་གསལ་བའི་སྤྱོད་ཡུལ་ལམ། །ལུང་ལ་ལྟོས་པ་རྗེས་དཔག་དང༌། །འགལ་བ་དག་ནི་རྗོད་བྱེད་པ། །འགལ་བ་ཀུན་ཏུ་མ་བསལ་ཞིང༌། །བསྟན་བཅོས་སྟོན་ཡང་མ་བསྟན་ལ། །དེ་བདེན་དོན་བཅས་ཁས་ལེན་པ། །གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ། ༈ །གལ་ཏེ་དེ་ལྟར་ཚད་གྲུབ་ན། །འོ་ན་འདི་ལ་ཚད་མིན་ཅི། །སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །རྗོད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་ནམ་འབྲས་མིན། །འདི་ལས་རྣམ་པར་བཟློག་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན། །


DTG174_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྗོད་བྱེད་རྣམས་ཀྱིས་འཇུག་པ་ནི། །བརྗོད་བྱ་མཐོང་བས་བྱེད་ཅེ་ན། །ཕན་ཚུན་དག་ནི་འགལ་བའི་དོན། །དེ་ནི་གཅིག་ལ་ཇི་ལྟར་འགྱུར། ༈ །དེས་ན་ལུང་དང་དངོས་པོ་རྣམས། །རྟོགས་པ་པོ་ཡི་རྣམ་འགའ་ཡང༌། །མེད་ན་མི་འབྱུང་མི་འགྲུབ་ན། །དེ་ལས་དོན་གང་ངེས་པ་ཡིན། །དེ་ཕྱིར་དེ་ནི་ལོག་ན་ཡང༌། །དངོས་པོ་མེད་པར་འགྲུབ་མི་འགྱུར། ༈།དེས་ན་མེད་ངེས་འབྲས་བུ་ཅན། མི་དམིགས་པས་ནི་མི་འགྲུབ་བོ། ༈།རིག་བྱེད་ཚད་མ་དང་ནི་འགལ་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲས་དྲེགས། ༈ །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའོ།། །།ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་སྒྲ་ལས་བྱུང་བ་ཡང༌། །མངོན་པར་འདོད་པ་སྟོན་ཕྱིར་རོ། ༈ །སྨྲ་བ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། ༈ །གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་བློ་ནི་ཚད་མ་ཉིད། །བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང༌། །ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །དེ་ཡོད་ན་འདི་ཡོད་ཕྱིར་རོ། ༈ །རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། ༈།མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། ༈ །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། ༈ །མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚང་ཡིན་རིགས། ༈ ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར། ༈ །རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །མི་རྟག་


DTG174_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་ཚད་མེད་ཉིད། ༈ །སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང༌། །དོན་བྱེད་པ་ལ་སོགས་པ་དག །འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། ༈ །བྱིན་རླབས་ཡོད་མེད་རྗེས་འཇུག་ཅན། །དབྱིབས་སོགས་ཅི་འདྲ་རབ་གྲུབ་པ། །དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་ཐ་དད་མེད་པའི་ཕྱིར། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱེ་བོའི་རྫས་ལས་མེ་བཞིན་ནོ། ༈།དེ་ལྟ་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི། །རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར། ༈ །བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ། །འབྲེལ་པ་ཅན་ཉིད་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། ༈ །རིགས་ཀྱི་ཁྱད་པར་ལ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཕྱིར་ན་རབ་ཅན་བཞིན། ༈ །རྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ། ༈ །འདིས་ནི་སེར་སྐྱ་ལ་སོགས་ཀྱི། །མི་རྟག་སོགས་ཕྱིར་ཡང་སེམས་མེད། །སོགས་དང་ཤུན་པ་བཤུས་ན་ནི། །འཆི་ཕྱིར་སེམས་ལྡན་དཔྱད་པ་ཡིན། ༈།དངོས་པོའི་ངོ་བོ་མ་གྲུབ་ན། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང༌། །ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ཡི་ནམ་མཁའ་ལ་བརྟེན་བཞིན། །སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང༌། །སྒྲུབ་བྱེད་སྐྱེད་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །འགྲོ་བའི་ཕྱིར་དང་ལག་ལྡན་ཕྱིར། །རྭ་ཅན་གླང་པོ་ཞེས་སྒྲུབ་བྱེད། །འདི་ཡི་སྒྲ་ཡི་བརྗོད་བྱ་ནི། །གྲགས་པ་ཡིན་གྱིས་བརྗོད་འདོད་མིན། ༈ །ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟ་དེ་ཉིད་གང་གི་ཚེ། །རྒྱུ་མིན་གང་གིས་དེ་ནི་རྒྱུར། །འདོད་ལ་རྒྱུ་མ་ཡིན་མི་འདོད། ༈ །མཚོན་དང་སྨན་


DTG174_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྲེལ་བ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོག་མི་བྱེད། །རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པར་ཡང་ནི་མི་རུང་ངོ༌། ༈།རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། ༈ །གང་དག་ཡོད་ན་གང་འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུ། །རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། ༈ །མྱུ་གུ་སྐྱེད་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་གྱུར་ནས་ནི། །རྒྱུ་ཡིན་དེ་ལེགས་བྱས་པ་ན། །དེ་ཡི་ཁྱད་པར་མཐོང་ཕྱིར་རོ། ༈ །གལ་ཏེ་ཇི་ལྟར་ཡུལ་དབང་པོ། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །དེ་ལྟར་འདི་ཡིན་ཞེ་ན་མིན། །དེ་ལས་ཁྱད་པར་ཡོད་ཕྱིར་རོ། །སོ་སོ་སོ་སོར་ནུས་མེད་རྣམས། །རང་བཞིན་ཁྱད་པར་མེད་པས་ན། །ཚོགས་ཀྱང་ནུས་པ་མེད་འགྱུར་བས། །དེ་ཕྱིར་ཁྱད་པར་གྲུབ་པ་ཡིན། །དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། མ་ཡིན་ཁྱད་པར་མེད་ཕྱིར་རོ། ༈ །ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་བ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །དེ་ཕྱིར་དེ་ཡིན་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། ༈ ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིགས་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིགས་མཛད་མ་ཡིན་ནོ། །རིང་པོ་མཐོང་བའམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། ༈ །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། ༈ །སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ། ༈ །བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། ༈ །མ་ཡིན་རྟེན་ནི་བཀག་ཕྱིར་རོ། །སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་


DTG174_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཧ་ཅད་ཐལ་ཕྱིར་མཚམས་སྦྱོར་པར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། ༈ །གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །དེ་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་པ་མེད་པར་འབྱུང་ཡིན་ན། །ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། ༈ །དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་བསྒྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། ༈ །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན། །དེ་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན། །དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །གལ་ཏེ་དབང་པོ་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར། །དེ་ལྟའང་ཕན་ཚུན་རྒྱུ་ཉིད་པས། །དེ་ཕྱིར་ཕན་ཚུན་རྒྱུ་ཅན་ཡིན། ༈ །རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད། ༈ །ལུས་ལས་རིམ་གྱིས་བློ་འགྱུར་ན། ༈ །དེའི་ཡང་རིམ་པ་གསལ་བར་བྱེད། ༈ །སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། ༈ །ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། ༈།ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །དེ་ཉིད་འདིར་ནི་ཅིས་མ་བརྗོད། །དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ། །དོན་གྱི་སྒོ་ནས་འགྱུར་བ་ཡིན། ༈ །རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་


DTG174_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང༌། །སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་པའང་ཡིན་སླ་སྟེ། །བུམ་སོགས་ལ་ནི་མེ་སོགས་བཞིན། །དེ་ཙམ་གྱིས་ནི་ལྡོག་པ་མིན། ༈ །ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། ༈ །དེ་ཡོད་ཡོད་དང་དབང་གྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། །རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། ༈ །དེ་དག་ཡུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །དེ་དག་ལ་ཡང་ཐལ་བ་མཚུངས། །སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང༌། །གང་ཕྱིར་རྒྱུ་ནི་ཡིན་པར་འདོད། ༈ །གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། ༈ །ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། ༈ །གལ་ཏེ་མེ་ནི་ལྡོག་ན་ཡང༌། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། ༈ །མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། ༈ །སླར་མི་འབྱུང་བར་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །དང་པོ་ཆུང་ཡང་ལྡོག་པ་མིན། །སླར་ལྡོག་རུང་བར་འགྱུར་བྱས་གང༌། །དེ་ནི་སླར་ཡང་འབྱུང་འགྱུར་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ། །ཅུང་ཟད་གསོ་བྱ་མིན་བརྗོད་པ། ༈ །འཆོས་བྱེད་རྙེད་པར་དཀའ་ཕྱིར་རམ། །ཚེ་ཟད་ཕྱིར་རོ་ཉེས་འབའ་ཞིག །ཡིན་ན་གསོ་མིན་མེད་པ་གཉིས། །ཤི་བའི་དུག་སོགས་ལྡོག་ཕྱིར་རམ། །དེ་ཡི་སོས་ཟིན་བཅད་ལས་ཀྱང༌། །འགྱུར་བའི་རྒྱུ་དང་བྲལ་བས་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར། །ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ་འགྱུར་བ་མེད་པར་བུམ་སོགས་བཞིན། ༈ །དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེ་དེའི་ཉར་ལེན་མི་རིགས་ཏེ། །བ་གླང་བ་མེན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། ༈ །དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་


DTG174_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །མེ་དང་ཟངས་མའི་ཞུ་ཉིད་བཞིན། ༈ །ཡོད་མེད་དག་ལ་རྟེན་མེད་ཕྱིར། །མ་ཡིན་ཡོད་པའི་གནས་རྒྱུ་ནི། །རྟེན་ཡིན་ཞེས་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར། །གཞན་ཡིན་ན་ཡང་དེ་རྒྱུ་ཉིད། །དེས་ནི་དངོས་པོ་ཅི་ཞིག་བྱས། ༈ ། འཇིགས་པ་མེད་པར་ཐལ་བར་འགྱུར། ༈ །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །དེ་ལའང་ཐལ་བ་མཚུངས་པ་ཡིན། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱས། །གལ་ཏེ་འཇིག་རྒྱུ་ཕྲད་པར་དུ། །དེས་གནས་འཇིག་པ་དངོས་ཆོས་ཉིད། །ཡོད་པ་འདི་གནོད་མེད་ཕྱིར་དང༌། །གནས་པའི་རྒྱུས་ནི་ཅི་ཞིག་བྱ། །གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །རྟེན་བཞིན་ཞེ་ན་འདི་ལའང་མཚུངས། །དངོས་རྣམས་སྐད་ཅིག་རེ་རེར་ནི། །འཇིག་ན་དངོས་རྒྱུན་དེ་ལྟ་བུར། །སྐྱེ་རྒྱུ་ཡིན་ཕྱིར་དེ་རྟེན་ཡིན། །དེ་ལྟ་མིན་ན་རིགས་མ་ཡིན། ༈ །འབོ་བ་ཡིས་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་ནི་རྟེན་ཅི་དགོས། །འདིས་ནི་འཕྲོད་པ་འདུ་བ་དང༌། །འཕྲོད་པ་འདུ་བ་ཅན་རྒྱུ་དང༌། །རིགས་ལ་སོགས་པ་རྣམ་གནས་ཉིད། །རྟེན་མེད་ཕྱིར་ན་གསལ་བ་ཡིན། ༈ །གལ་ཏེ་གཞན་ལས་དངོས་འཇིག་ན། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ། །དེ་གཞན་མེད་པར་འཇིག་ན་ཡང༌། །གནས་པའི་རྒྱུ་རྣམས་ནུས་མེད་ཡིན། ༈།རྟེན་བཅས་ཐམས་ཅད་གནས་ལྡན་དང༌། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །འགའ་ཞིག་ཚེ་ནའང་འཇིག་མི་འགྱུར། ༈ །གལ་ཏེ་རང་འཇིག་དང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང༌། །གལ་ཏེ་རང་འཇིག་དང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང༌། ༈ །ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ཁ་སོགས་ཕུལ་ཕྱུང་དང༌། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། ༈ །འདི་ནི་མར་མེའི་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན། ༈ །དེ་ལས་ཀྱང་འདི་ཁྱད་འགྱུར་ཏེ། །སེམས་ལ་ཕན་འདོགས་མེད་པར་མིན། །འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་


DTG174_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། །འདིས་ནི་འདུས་པ་ལ་སོགས་པ། །དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། ༈ །དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན། ༈ །དེ་ཕྱིར་ངེས་པར་གང་ཉིད་ཀྱི། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པའི། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། ༈ །ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལ་ཡོན་ཏན་འགྱུར། །བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དེར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། ༈ །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲེད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། ༈ །གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་པོ་མི་གསལ་ཕྱིར་མ་མཐོང༌། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་ངུ་མི་མཐོང་བཞིན། ༈ །ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། ༈ །ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། ༈ །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། ༈ །གཅིག་བསྒྲིབས་པ་ན་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། ༈ །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། ༈ །དུ་མ་ཉིད་ན་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། ༈ །


DTG174_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་ཆུ་གསེར་དང་འདྲེས་པའམ། །རྡོ་ཚོན་ལ་སོགས་ཇི་ལྟར་སྣང༌། ༈ །དབང་སོགས་སོ་སོར་ནུས་མེད་རྣམས། །རྟོགས་པ་དག་ནི་ཇི་ལྟར་ཡིན། །ལྡན་ལས་ཞེ་ན་འདིར་ཐལ་མཚུངས། །གལ་ཏེ་གསེར་དང་དངུལ་ཆུ་ནི། །ལྡན་པས་སྣང་བ་ཡིན་ཞེ་ན། །རྟེན་མཐོང་མེད་པར་གང་ལས་རྟོགས། །རོ་གཟུགས་ལ་སོགས་ལྡན་པར་འགལ། །གལ་ཏེ་ཉེ་བར་བཏགས་པ་ལས། །འདོད་ན་བློ་ཐ་དད་པར་འགྱུར། །ཇི་ལྟར་འཕྲེང་རིང་ཞེས་བྱར་འགྱུར། །དེ་ལྡན་རང་གི་ངོ་བོ་དང༌། །བརྗོད་པ་དག་ལས་ཐ་དད་པར། །གྲངས་ལྡན་ལས་ལ་སོགས་པ་ཡི། །ངོ་བོ་བློ་ལ་མི་སྣང་ངོ༌། ༈ །སྒྲ་ཤེས་དངོས་པོ་ཐ་དད་པའི། །རྗེས་འབྲང་རྣམ་རྟོག་བཏགས་དོན་ཅན། །དཔེར་ན་ཡོན་ཏན་ལ་སོགས་པ། །ཞིག་དང་མ་སྐྱེས་དག་ལ་བཞིན། །གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ། །དེ་ནི་དངོས་པོ་ཐམས་ཅད་ལ། །དེ་དག་གི་རྒྱུས་ཅིས་མི་འདོད། ༈ །གལ་ཏེ་ཀུན་ལ་ཉེར་བཏགས་མིན། །ཐ་དད་ཁྱད་པར་གཙོ་བོ་ཞེས། །བྱ་ཉིད་གང་ལས་ཐ་དད་པ། །མེད་ལ་ཐ་དད་དོན་མེད་ན། །དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། །དཀར་ལ་སོགས་པ་གྲངས་སོགས་དང༌། །ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། ༈ །དོན་གཞན་མིན་ཡང་ལྡོག་པ་ཡི། །དབྱེ་བས་ཐ་དད་པ་ཡིན་ཏེ། །ལས་རྫས་མིན་པའི་སྒྲ་བཞིན་ནོ། ༈ །དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །གྲངས་སོགས་དེ་དང་ལྡན་པ་ལས། ། ཐ་དད་བཞིན་དུ་བསྟན་གང་དེའང༌། །ཆོས་གཞན་ཁྱད་པར་བྱེད་པ་ཡིན། ༈ །དེ་ཙམ་ཤེས་པར་འདོད་པ་ལ། །གཞན་ཀུན་འཕངས་བ་མེད་པར་ནི། །ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་རྗོད་པར་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། །དེ་ལྟར་བརྡར་ནི་བྱས་པ་ཡིན། །གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དེས་ན་བུམ་པ་གཟུགས་སོ་ཞེས། །གཞི་


DTG174_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ཅན་སྒྲ་མ་ཡིན། ༈ །དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །དེ་སྤྱི་ཡན་ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོགས་ཞེས། །དེ་ནུས་ཁྱད་པར་སྟོན་པར་བྱེད། ༈།ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། ༈ །མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན། །རེ་རེ་ནུས་པ་ཉིད་ཡིན་ནའང༌། །ཅིག་ཅར་མང་པོ་འབྱུང་བར་འགྱུར། ༈ །དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན། ༈ །གཅིག་ཉིད་ན་ཡང་མང་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། ༈ །གལ་ཏེ་དུ་མའི་རྒྱུ་མིན་ན། །རིམ་གྱིས་ཀྱང་མིན་ཁྱད་མེད་ཕྱིར། ༈ །དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན། །དུ་མ་བློ་གཅིག་གིས་ཤེས་ན། །དེ་ནི་ཅིག་ཅར་ཉིད་འགྱུར་ཏེ། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང༌། །མི་འགྱུར་ཁྱད་པར་མེད་ཕྱིར་རོ། ༈ །རང་རིགས་མིན་པའི་དུས་ཅན་གྱི། །དབུགས་ཀྱི་སྐད་ཅིག་མང་པོ་དག །གལ་ཏེ་དེ་འདྲའི་སེམས་ཉིད་ཀྱི། །རྒྱུ་ཡིན་པར་ནི་རྟོགས་བྱེད་ན། །གོ་རིམས་ལྡན་པའི་རྒྱུ་མེད་པར། །དེ་དག་རིམ་ལྡན་ཇི་ལྟར་འགྱུར། ༈ །རང་རིགས་སྔ་མ་རྒྱུ་ཉིད་ན། ༈ །དང་པོ་འབྱུང་བར་མི་འགྱུར་ཏེ། །དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དབུགས་འབྱུང་ཐ་དང་ཡུལ་ཅན་ཕྱིར། །ཡོད་ཀྱང་དུ་མ་ཉིད་དུ་ངེས། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། ༈ །གལ་ཏེ་དུ་མའང་གཅིག་དུས་ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན། ༈ །དབུགས་རྒྱུ་ཞན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར། །ཅི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །ཤེས་པ་ལ་ཡང་ཁྱད་ཡོད་འགྱུར། །གང་ཞིག་གང་གི་ཐ་དད་ལས། །ཐ་དད་མིན་དེ་དེ་འབྲས་མིན། ༈ །རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིག་ལས། །ངེས་ན་ལུས་ཀྱིས་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །གལ་ཏེ་ལུས་ནི་སྡོག་པ་ན། །རྟེན་མིན་ཕྱིར་ན་སེམས་འབའ་ཞིག །གནས་འགྱུར་ཞེ་ན་གལ་ཏེ་དེའི། །རྒྱུ་འཇུག་ཐོབ་ཕྱིར་སེམས་ཀྱི་རྒྱུན། །གནས་


DTG174_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡན་ལག་མི་འགྱུར་ན། ༈ །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། ༈ །དེ་ཡི་ཡན་ལག་དངོས་པོ་དང༌། །རྒྱུ་ཉིད་འགོག་ལ་མི་དམིགས་པ། །ངེས་འབྱེད་མིན་པར་རབ་ཏུ་བཤད། །དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །དབང་པོ་སྔ་མ་རང་རིགས་ལས། །ནུས་པ་དག་ནི་མཐོང་བ་ཡིན། ༈།འགྱུར་བ་མཐོང་ཕྱིར་གཞན་དང་གཞན། །སྐྱེ་བ་དག་ཀྱང་འགྲུབ་པ་ཉིད། ༈ །གལ་ཏེ་ལུས་ལས་དེ་སྐྱེ་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། ༈ །སེམས་ལས་ཞེ་ན་ལུས་གཞན་ཡང༌། །འདི་ཉིད་ལས་ནི་སྐྱེ་བར་འགྱུར། །དེས་ན་རྒྱུ་དང་བྲལ་པའི་ཕྱིར། །ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། ༈ །གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲའང་མ་ཡིན་ཏེ། ༈ །དེ་ལ་ཕན་འདོགས་ནུས་པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །སྒྲུབ་པའི་ནུས་པ་མེད་ཕྱིར་དང༌། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར། །ཁྱད་པར་འཕེལ་ཡང་རང་བཞིན་ཉིད། །མིན་ཕྱིར་གང་ཚེ་བྱས་གྱུར་པ། །ཡང་རྩོལ་ལ་ལྟོས་མི་འགྱུར་ན། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། ༈ །སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་འགྱུར་ཏེ། ། མེ་ལ་སོགས་པས་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། ༈ །དེ་ཕྱིར་དེ་དག་ལས་སྐྱེས་ཏེ། །ངོ་བོ་ཉིད་སྐྱེས་ཡོན་ཏན་མིན། ༈ །དེས་ན་རྩོལ་བ་ཕྱི་མ་དང༌། །ཕྱི་མ་ཁྱད་པར་བྱེད་པ་ཡིན། །གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་གྱུར་ན་གང་ལ་གནས། ༈ །དེ་ལྟར་མཆོངས་ཉིད་ལ་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་རྩོལ་དག །ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་ཉིད་ཡིན། ༈ །དེ་ནི་དང་པོ་ཕྱིས་ཉིད་དུ། །མཆོངས་མིན་ལུས་མི་མཐུན་


DTG174_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། ༈ །བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །འདི་ལྟར་གོམས་པ་སྔ་མ་དང༌། །སྔ་མའི་སེམས་ཆོས་བརྩེ་བ་དང༌། །ཆགས་བྲལ་བློ་སོགས་གཞན་དག་གི །གསལ་བ་ཡི་ནི་རྩ་བ་ཡིན། ༈ །གོམས་ལས་བརྩེ་བའི་བདག་ཉིད་དེ། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། ༈ །བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ༈།ལུང་དང་རིག་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པར་མཛད། །གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལྡོག་གཟིགས་པ་མེད་ཕྱིར་རོ། ༈ །དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པ་མཛད། །རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། །བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། ༈ །རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། ༈ །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། ༈ །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། ༈ །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། ༈ །རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་ཀྱིས། ༈ །ལུས་ངག་སེམས་


DTG174_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང༌། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་པ་ཉིད། ༈ །ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་འདི་ལྡོག་ལ། །ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། ༈།རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང༌། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། ༈ །སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །གལ་ཏེ་རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས། །དེ་ལས་གཞན་ཡང་ཅིས་མ་མཐོང༌། །ཐམས་ཅད་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན། །གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན། །དེར་ཡང་རྩོད་པ་མཚུངས་པ་ཡིན། །ཆགས་སོགས་རང་བཞིན་ཐམས་ཅད་ཀྱི། །ཆོས་ཡིན་པར་ཡང་འདོད་ན་གོ །ནུས་མེད་རང་བཞིན་མེད་པས་ན། །འབྲས་བུ་མི་མཚུངས་གང་ལས་ཡིན། །སྐྱོན་རྣམས་ཁྱད་པར་ཡོད་ན་ཡང༌། །ཁྱད་པར་མེད་ཕྱིར་མ་གྲུབ་ཉིད། །མ་ཡིན་ཐམས་ཅད་འགྱུར་བ་ཡིས། །འགྱུར་ཕྱིར་ཀུན་ལས་སྐྱེ་བའང་མིན། །རྒྱུ་ནི་འཕེལ་བར་གྱུར་བ་ན། །འབྲས་བུ་འགྲིབ་བར་མི་རུང་སྟེ། །ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན། །ཆ་མི་མཉམ་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། ༈ །ཅིས་སྐྱེད་སྨྲོས་ཤིག་ཆ་མཉམ་ལས། །ཁུ་འཕེལ་དེ་ལས་འདོད་ཆགས་ཡིན། ༈ །ཆ་མིན་


DTG174_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ལ་ཆགས་ཅན་མཐོང༌། །གཞན་ནི་ཆ་མཉམ་ན་ཡང་ཡིན། །གཞན་ནི་ཟད་ནས་ཁྲག་འཛག་ཀྱང༌། ༈ །བུད་མེད་གཅིག་ལ་ཁུ་ངེས་མེད། །དེ་གཅིག་ལ་ཆགས་དྲག་མི་འགྱུར། །གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་མ་ངེས་ཕྱིར་རོ། །ངེས་པ་མེད་པར་འབྱུང་བའང་མིན། །ཡོན་ཏན་མི་འཛིན་པ་ལའང་འགྱུར། །གལ་ཏེ་ཡོན་ཏན་འཛིན་དེ་ཡང༌། །ཡན་ལག་ཡིན་ན་ཐམས་ཅད་ཀྱིས། །ཡོན་ཏན་འཛིན་པ་ཅན་འགྱུར་ཏེ། །རྒྱུ་ལ་ཁྱད་པར་མེད་ཕྱིར་རོ། ༈ །གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར། །དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །འདི་ལ་ངེས་པར་མཐོང་བའང་མེད། །གང་གི་འདོད་ཆགས་ལ་སོགས་པ། །རིགས་མཐུན་བག་ཆགས་ཁྱད་པར་ལ། །རག་ལས་པས་ནི་འཇུག་འགྱུར་བ། །དེ་ལ་སྐྱོན་འདིར་ཐལ་བ་མེད། ༈ །འདིས་ནི་འབྱུང་བའི་ཆོས་ཉིད་བཀག་༈ །རྟེན་ཡང་བཀག་པ་ཉིད་ཕྱིར་རོ། །དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ། ༈ །དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་རང་གི་རྟེན་དག་དང༌། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །གལ་ཏེ་མྱོས་སོགས་ནུས་པ་བཞིན། །དབྱེར་ཡོད་ཅེ་ན་དངོས་པོ་ལས། །ནུས་པ་དོན་གཞན་ཉིད་མ་ཡིན། །དངོས་པོ་འཇིག་འགྱུར་རྟེན་ཆད་པར། །གནས་ན་རྟེན་པ་འཇིག་པ་ཡིན། །གལ་ཏེ་དེ་མཚུངས་ཞེ་ན་མིན། །སྣང་བ་ཐ་དད་ཅན་རྟོགས་པས། །འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །ཇི་སྲིད་ལུས་ནི་འགྱུར་བར་དུ། ། གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་འགྱུར་རྣམ་པར་རྟོག་པ་ནི། །དོན་གྱི་གཞན་དབང་ཅན་ཉིད་གང༌། །གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གིས། །བག་ཆགས་སད་པའི་རྒྱུར་འགྱུར་བ། །དེས་ན་འགའ་ཞིག་ལས་འགའ་ཡིན། །རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། ༈ །གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན། ༈ །རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་


DTG174_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྗོད་རྩོལ། ༈ །རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང༌། །ངོ་བོ་གང་ཞིག་སྣང་གྱུར་པའི། །ངོ་བོ་དེ་ནི་སྔར་མི་སྣང༌། །ཇི་ལྟར་དེ་ནི་ཡོད་པར་འགྱུར། །སྔ་ན་མེད་པ་འབྱུང་བ་ལས། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། ༈ །འབྱུང་བའི་བདག་ལས་མ་འདས་ཕྱིར། །གལ་ཏེ་ཀུན་ཆགས་སོགས་ལྡན་ན། ༈ །ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར། ༈ །གལ་ཏེ་འབྱུང་ཁྱད་ལས་ཡིན་ན། །འབྱུང་རྣམས་སྲོག་ཆགས་ཁྱད་མེད་ཀྱང༌། ༈ །ཁྱད་པར་འདི་རྟེན་གང་ཡིན་པ། །དེ་ནི་ཕུལ་བྱུང་འགྲིབ་པ་བཞིན། །དེ་ཡོད་པ་ལས་དེ་མེད་འགྱུར། ༈ །གལ་ཏེ་ཆགས་སོགས་ཐ་དད་ཀྱང༌། །རྒྱུ་མཚུངས་བདག་ཉིད་མི་ལྡོག་ཕྱིར། །མིན་ན་བདག་ཉིད་འདྲ་རྒྱུའི་ཕྱིར། །ཀུན་ལ་འདོད་ཆགས་འདྲ་བར་འགྱུར། ༈ །མཚུངས་བདག་ལས་བྱུང་བ་གླང་གི །ཤེས་པའང་འདིར་ཡང་ས་སོགས་ལ། །སྲོག་ཆགས་ཉིད་སོགས་ཁྱད་པར་གྱི། །རིམ་པ་ལ་ལར་ཡོད་མ་ཡིན། ༈།དྲོ་རིམ་ཁྱད་པར་ཡོད་ན་ཡང༌། །དྲོ་མེད་མེ་འགའ་ཡོད་མིན་པ། །དེ་བཞིན་འདིར་ཡང་ཞེ་ན་མིན། །དྲོ་ལས་མེ་གཞན་བཀག་ཕྱིར་རོ། ༈།གང་ཞིག་གཞན་ཡོད་ཡོན་ཏན་ནི། །ཁྱད་པར་རིམ་པ་དང་ལྡན་པ། །དེ་དག་དེ་ཡི་ཁྱད་པར་ནི། །ལ་ལར་འཆད་འགྱུར་དཀར་སོགས་བཞིན། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར། ༈ །གལ་ཏེ་དེ་མཚུངས་ཤེ་ན་མིན། །ཆགས་སོགས་ལྷན་ཅིག་སྐྱེས་ཐལ་ཕྱིར། ༈ །རྣམ་པར་བརྟགས་པ་ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ། །སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། །ཆགས་སོགས་ངེས་པ་མེད་པའམ། ༈ །རྒྱུ་ནི་ཉེ་ཕྱིར་བློ་རྣམས་ཀུན། །ཐམས་ཅད་ཀུན་ཚེ་སྐྱེ་བར་འགྱུར། ༈ །དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། ༈ །རྟག་པ་ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལས་དུ་མ་ནི། །དུས་ཐ་དད་པར་སྐྱེ་མི་འགྱུར། ༈ །རྒྱུ་གཞན་དག་ནི་ཚོགས་ན་ཡང༌། །འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་


DTG174_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །དེ་ནི་རྟག་རྣམས་ལ་ཡོད་མིན། །རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་ཉིད་རྒྱུ་བཅས་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། ༈ །ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །གང་ཡོད་ཉིད་ནའང་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར། །མཐོང་བ་ལ་ནི་རྒྱུ་མཚན་ཡིན། །རྟག་རྣམས་བཀག་ཅིང་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། །ནུས་མེད་ཕྱིར་རོ་དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། ༈ །དེ་ནི་སྲིད་འདོད་གང་ཕྱིར་ཡང༌། །སྲོག་ཆགས་བདེ་སྡུག་ཐོབ་པ་དང༌། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད། །བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། ། ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས། །ལུས་མེད་ཆགས་པ་མ་མཐོང་ཕྱིར། །ལུས་ལས་ཀྱང་ནི་འདོད་ཆགས་འབྱུང༌། ༈ །རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། ༈ །ཉེར་ལེན་ཉིད་ནི་བསལ་བ་ཡིན། ༈ །རིགས་འདི་རྗེས་སུ་འདོད་ན་ནི། །རང་ཉིད་རང་འདོད་ལ་གནོད་འགྱུར། ། གལ་ཏེ་སྐྱེ་ལ་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་འབྱུང་ཞེ་ན། །སྐལ་མཉམ་སྐྱེ་ཕྱིར་སྔར་གྲུབ་ཡིན། ༈ །མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲིད་པ་ཉིད་བཤད་པ། །རྒྱུན་ནི་འཕེན་པ་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །དེ་ཡོད་ན་ཡོད་མེད་ཕྱིར་རོ། ༈ ། དེ་ནི་གཏན་དུ་བ་ཡིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །ཇི་སྲིད་བདག་ཆགས་མ་བཅོམ་ཞིང༌། །དེ་ནི་ཡོངས་སུ་གདུང་འགྱུར་བ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་


DTG174_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད། །གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན། ༈ །འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །འཕངས་ལས་ལྡོག་མེད་འདོད་ཕྱིར་རོ། །སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། ༈།སྡུག་བསྔལ་ཤེས་ལ་འགལ་མེད་པས། །འདུ་བྱེད་སྔ་མ་འཇུག་པ་ཅན། །དངོས་ཆོས་བརྩེ་བ་སྐྱེ་བ་དེ། །སེམས་ཅན་རྗེས་འབྲེལ་ཅན་མ་ཡིན། ༈ །དེ་བདག་མིན་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་པ་ལས་ཆགས། །སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེ་བར་འགྱུར་བ་ཡིན། ༈ །གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །དེ་མེད་ཉེས་རྒྱུ་ལས་ཁྲོ་མིན། །དེས་ན་བརྩེ་བ་ཉེས་མེད་འདོད། ༈ །གྲོལ་མེད་མ་ཡིན་མངོན་འདུ་བྱེད། །ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར། ༈ །འདུ་བྱེད་ནུས་པ་མ་ཟད་ན། །གང་དེ་གནས་པ་ཉེས་མེད་ཉིད། ༈ །སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོར་ནི་སྲིད་མེད་འགྱུར། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ནའང་སྲིད་པ་ག་ལ་ཡོད། །བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་བལྟ་ལྷན་ཅིག་སྐྱེས། ༈ །ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་མ་ཡིན། །བདག་ལ་སྲེད་པ་མེད་པར་ཡང༌། །བདེ་བ་འདོད་པས་མངོན་རྒྱུག་མིན། ༈ །སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེ་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། ༈ ། མི་རྟག་ཉིད་དུ་བརྗོད་མེད་གང༌། །དེ་ནི་འགའ་ཡིའང་རྒྱུ་མ་ཡིན། ༈།བརྗོད་བྱ་མིན་ལའང་བཅིངས་དང་ཐར། །ཇི་ལྟ་བུར་ཡང་ཡོད་མ་ཡིན། །གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས། ༈


DTG174_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་གལ་ཏེ་གནས་གྱུར་ཀྱང༌། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། ༈ །རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང༌། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡིས་སྐྱེད་པར་བྱེད་པའང་ཡིན། །རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌། ༈ །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །མི་བརྟན་སྦྲུལ་གྱི་བློ་བཞིན་ནོ། །སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། ༈ །ནུས་ཡོད་ན་ཡང་གནོད་པ་ཅན། །སྐྱེད་ནུས་སྙིང་པོ་ཅན་དངོས་ལ། །ཡུན་དུ་གནས་ནུས་ཡོད་མིན་ཏེ། ས་རློན་ལ་ནི་མེ་བཞིན་ནོ། །འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། ། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དུ། །ཐ་དད་ན་ཡང་གནོད་མ་ཡིན། །བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། ༈ ། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། ༈ །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར། །གཉེན་པོའི་ཕྱོགས་དང་འབྲེལ་པ་ན། །ལྡོག་པ་དག་ཀྱང་མཐོང་ཕྱིར་རོ། ༈ །ཉེས་པ་རྣམ་པར་འགགས་པ་ནི། །སྲ་ཞིང་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱིས་འབྲལ་མེད་དང༌། །ཐལ་བ་བཞིན་དུ་མ་ངེས་ཕྱིར། ༈ །གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །


DTG174_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། ༈ །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། ༈ །ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང༌། ༈ །ཉེས་མེད་བདག་ལ་ཆགས་པ་དང༌། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། ༈ །གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅིར་འགྱུར་དེ་སྤོང་འགྱུར། །འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། ༈ །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་གིས་མིན། ༈ ། ཆགས་ཡོན་ཏན་གྱིས་ཆགས་མིན་གྱི། །དོན་གྱི་ཡོན་ཏན་མཐོང་བས་ཡིན། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། ༈ །ཆགས་ལ་སྐྱོན་ཡང་གང་ཞིག་མཐོང༌། ༈ །གལ་ཏེ་སྡུག་བསྔལ་རྟེན་ཞེ་ན། །དེ་ལྟའང་འདི་ལ་ཆགས་བྲལ་མིན། །བདག་གིར་མཐོང་ཕྱིར་དཔེར་བདག་བཞིན། ༈ །གལ་ཏེ་དེ་མེད་བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་འདྲ། ༈ །དེ་ལྟར་གཉིས་ཀའང་སྐྱོན་མེད་པ། །དེ་ཕྱིར་གཉིས་ལ་ཆགས་བྲལ་མིན། ༈ །གལ་ཏེ་སྦྲུལ་བཟུང་ཡན་ལག་བཞིན། །སྡུག་བསྔལ་བསྒོམས་པས་སྤོང་འགྱུར་ན། །བདག་གི་བ་བློ་བཅོམ་པས་འདི། །འདོར་བ་ཡིན་གྱི་བཟློག་ལ་མིན། ༈ །དབང་པོ་ལ་སོགས་ལོངས་སྤྱོད་ཀྱི། །རྟེན་ཉིད་དུ་ནི་བཟུང་བ་ལ། །རང་བློ་གང་གིས་བཟློག་འགྱུར་ཏེ། །དེ་ལ་ཆགས་བྲལ་དེ་གང་ལས། ༈།ལུས་ལས་བོག་པའི་སྒྲ་སོགས་ལ། །ཡིད་བྱུང་བློ་ནི་སྐྱེ་འགྱུར་ཞིང༌། །གཞན་ལ་ཞེན་བཅས་སྐྱེ་འགྱུར་བ། །ཐམས་ཅད་ཀྱི་ནི་མངོན་སུམ་ཡིན། ༈ །དེ་ལ་འདུ་སོགས་འབྲེལ་པ་ལས། །རང་གི་བློ་ནི་སྐྱེ་འགྱུར་བའི། །འབྲེལ་ཏེ་དེ་བཞིན་ཉིད་གནས་ཕྱིར། །མཐོང་དུ་ཟིན་ཀྱང་སྤོང་མི་འགྱུར། ༈ །འདུ་བ་ལ་སོགས་མེད་ན་ཡང༌། །ཕན་


DTG174_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཉིད་ནི་ཀུན་ལ་ཡོད། ༈ །སྡུག་བསྔལ་བསྐྱེད་ཕྱིར་སོར་མོ་བཞིན། །རང་གི་བློ་ནི་མི་འགྱུར་ན། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། ༈ །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཁྱད་པར་ཅན་བདེ་ལ་ཆགས་པས། །དེ་འགལ་བ་ལ་ཆགས་བྲལ་འགྱུར། ༈ །ཁྱད་པར་ཅན་བདེ་ལ་སྲེད་པས། །བདེ་བ་ཅུང་ཟད་ཡོངས་སུ་སྤོང༌། ༈ །བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ལ་འཇུག་སྟེ། །བུད་མེད་དག་ནི་མ་རྙེད་པར། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། ༈།བདག་ནི་འདོད་པ་གང་ཡིན་ཏེ། །ཇི་ལྟར་དེ་ནི་འཇིག་པར་འདོད། ༈ ། མྱོང་བ་དང་ནི་ཐ་སྙད་དང༌། །ཡོན་ཏན་ཀུན་གྱི་རྟེན་ལོག་པ། །ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་འདྲ་མིན། ༈ །རྣམ་པ་ཀུན་ཏུ་བདག་འཛིན་ནི། །བདག་ལ་ཆགས་པ་བསྟན་པར་བྱེད། །དེ་ནི་བདག་གིར་ཞེན་པ་ཡི། །ས་བོན་གནས་སྐབས་དེ་ཉིད་གནས། ༈ །བརྩོན་ཡང་ཡོན་ཏན་ཆ་བརྟེན་ནས། །འཇུག་ལྡན་བདག་གི་བ་ལ་ནི། །ཆགས་བྲལ་གེགས་བྱེད་པ་ཉིད་དང༌། །དེ་ཡི་སྐྱོན་ཡང་སྒྲིབ་པ་ཡིན། ༈ །གལ་ཏེ་བདག་ལའང་ཆགས་བྲལ་ན། །ད་ནི་ཆགས་བྲལ་གང་ཡིན་མེད། །དེ་ནི་ཇི་ལྟར་བདག་འདོད་པ། །སྡུག་བསྔལ་བསྒོམ་པ་དོན་མེད་འགྱུར། ༈ །དེ་དག་སྡུག་བསྔལ་བསྒོམས་པས་ཀྱང༌། །སྡུག་བསྔལ་ཉིད་ནི་རྣམ་ཤེས་བྱེད། །དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་ན་ཡང་ཆགས་བྲལ་མེད། །གལ་ཏེ་དེ་ལ་ཉེས་པ་ཡིས། །སྐད་ཅིག་དེ་ཡི་བློ་ལྡོག་ཀྱང། །དེ་ལ་ཆགས་བྲལ་མི་འགྱུར་ཏེ། །འདོད་ལྡན་བུད་མེད་གཞན་ལ་བཞིན། ༈ །བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལས་བྱུང་བའི་ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །སྐྱོན་མེད་ཡུལ་ཅན་ཆགས་པ་དང༌། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན། །འགྲོ་བའང་དེ་ཙམ་ཉིད་ཡིན་ན། །ད་ནི་གང་ལ་ཆགས་བྲལ་འགྱུར། །དེར་དེ་སྐྱོན་བཅས་ཀྱང་ཡིན་ན། །དེ་ནི་བདག་ལའང་མཚུངས་པ་ཡིན། །དེར་དེའི་སྐྱོན་ལ་ཆགས་བྲལ་མེད། །ད་ནི་གང་ལ་དེ་ཆགས་


DTG174_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། ༈ །ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེན་པ་ཉེས་པ་མཐོང་བས་འཇིག་༈ །དེ་ལྟར་དབང་སོགས་ལ་དེ་མིན། །བྱིས་སོགས་ལ་ཡང་མཐོང་ཕྱིར་དང༌། །སྐྱོན་ལྡན་ལ་ཡང་ཡོད་ཕྱིར་དང༌། །ཡོན་ཏན་ལྡན་ཡང་གཞན་དག་ལ། །མེད་ཕྱིར་འདས་པ་ལ་སོགས་པ། །བདག་གི་བ་ལ་མེད་ཕྱིར་རོ། ༈ །དེ་ཉིད་ཕྱིར་ན་བདག་གི་བའི། །བློ་རྒྱུའང་ཡོན་ཏན་མཐོང་བས་མིན། །དེ་ཕྱིར་ཡོན་ཏན་མིན་མཐོང་བས། །དེ་ཡང་སྤོང་བ་མ་ཡིན་ནོ། ༈ །གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཆགས་པས་དེར་ཡང་མཐོང༌། ༈ །དེས་ན་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལ་ཇི་ལྟར་གནོད། ༈ །མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་པར་ཤེས། ༈ །དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང༌། །ཆགས་མིན་བདག་ལ་ཆགས་པ་དེ། །དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར། ༈ །གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །ཆགས་བྲལ་མ་ཡིན་དེ་ཚེ་ཡང༌། །ཆགས་ཡོད་སྐབས་གཞན་ཚོལ་ཕྱིར་རོ། ༈ །ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །དེ་ནི་དེ་སྲིད་ཙམ་དུ་གནས། །དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཉིད་ལ་སླར་བརྟེན་འགྱུར། ༈ །བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙནྡན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། ༈ །འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། ༈ །ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་བརྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། ༈ །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཆགས་བྲལ་མིན་དང་སྲེད་ལྡན་དང༌། །རྩོམ་པ་ཀུན་ལ་བརྟེན་པ་དེ། ༈།ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེའང་འཁོར་བ་པ་ཞེས་བྱ། ༈།བདག་གི་ཉིད་ནི་མི་འདོད་ན། །དེ་ཡི་ཟ་བ་པོ་ཡང་མེད། །བྱ་དང་ལོངས་སྤྱོད་མཚན་ཉིད་ཅན། །དེ་ཚེ་དེ་ཡི་བདག་ཀྱང་མེད། ༈ །དེ་ཕྱིར་གྲོལ་འདོད་


DTG174_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། ༈ །ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མ་མཐོང་བ་རྣམས་ལ་ནི། །ལུང་ཙམ་གྱིས་ནི་གྲོལ་བར་ཡང༌། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། ༈ ། ས་བོན་སོགས་གྲུབ་ཆོ་ག་ནི། །སྐྱེས་བུ་མི་སྐྱེད་པར་ནུས་མིན། །ཏིལ་མར་བསྐུས་དང་མེས་བསྲེགས་སོགས། །བདག་ཀྱང་གྲོལ་བར་ཐལ་ཕྱིར་རོ། ༈ །སྔར་ལྕི་བ་དག་ཕྱིས་ཡང་ཕྱིར། །སྡིག་པ་བཅོམ་པར་བྱས་པ་མིན། །འདི་ཡི་ལྕི་ཉིད་མེད་འགྱུར་གྱི། །ལུས་ཅན་མིན་ཕྱིར་སྡིག་ལྕི་མིན། ༈ །ལོག་ཤེས་དང་ནི་དེ་ལས་བྱུང༌། །སྲེད་པ་སེམས་པའི་དབང་དག་གིས། །དམན་གནས་འགྲོ་བ་སྐྱེ་བ་ཡིན། །དེ་ཕྱིར་དེ་བཅད་འགྲོ་མི་འགྱུར། །དེ་ཙམ་ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ཉིད་ནུས་ཡིན། ༈ །སེམས་པ་དེ་དག་རང་ཉིད་ལས། །ཡིན་ཕྱིར་སྐྱེ་རྒྱུ་ཉམས་པ་མེད། །འགྲོ་དང་རྟོགས་རྟེན་བྱེད་པ་ཡིན། །དེ་ནི་མ་མཐོང་བ་ལས་འགྱུར། །མ་མཐོང་ཞིག་ཕྱིར་འགྲོ་བ་མེད། །དེས་ན་འདུ་བྱེད་སེམས་པ་མིན། ༈ །ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །བྱེད་པ་སྐྱེད་ལ་བློ་ཡི་ནི། །ནུས་མཐོང་གཞན་གྱིས་མ་ཡིན་ན། །དེ་ཡོད་དེ་དག་ཅིས་མི་འགྲོ། ༈ །གལ་ཏེ་དེ་དག་ནུས་མེད་ན། །དབང་སོགས་བྱས་མ་ཐག་དེ་དག །སེམས་པའི་དབང་གིས་འཛིན་དང་འཇུག །གཡེང་དང་འགོག་པ་མེད་པར་འགྱུར། ༈ །ཅི་སྟེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱི་བློ། །མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ནའང་ནུས་མེད་འགྱུར། ༈ །གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་འགྲིབ་དང་འཕེལ་བའི་ཕྱིར། །ཉེས་རྒྱུན་རང་གི་ས་བོན་ཅན། །དབང་བསྐུར་བ་ལས་ལྡོག་པ་མེད། །རྟག་པ་ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་པ་དང༌། ༈ །བྱེད་དང་མི་བྱེད་པ་དག་ནི། །འདྲ་བའི་བདག་ཉིད་བྱེད་པ་འགལ། ༈ །རྒྱུ་དང་འབྲས་བུའང་གཅིག་པར་འགྱུར། །དེ་དག་དེ་ལས་ཐ་དད་ན། །བྱེད་པོ་ཟ་བོ་ཉམས་པར་འགྱུར། ༈ །ནུས་པ་ཡང་ནི་འགྲུབ་མ་ཡིན། ༈ །གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་


DTG174_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བ་གནོད་བྱེད་མ་ཡིན་ཏེ། །འགའི་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌། ༈ །བདེན་པ་བཞི་ལ་བརྟེན་པ་དང༌། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། ༈ །དེ་ཉིད་ལས་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད། ༈ །ལས་དང་ལུས་དག་གནས་ན་ཡང༌། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། ༈ །ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང༌། །ནུས་མེད་ཕྱིར་རོ་སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། ༈ །གཉིས་ཟད་དོན་དུ་འབད་ན་ཡང༌། །ལས་ཟད་དུབ་པ་དོན་མེད་ཡིན། །འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ལས་རྣམས་ནུས་པ་ཐ་དད་དུ། །རྗེས་དཔོག་དེས་ན་དཀའ་ཐུབ་ཀྱི། །ཉོན་མོངས་དངོས་གཅིག་གིས་མི་མཛད། ༈ །རྣམ་འགས་དེ་བསྐྱེད་འབྲས་བུ་ནི། །ཆུང་འགྱུར་རིགས་མི་མཐུན་ཅན་མིན། ༈ །འབྲས་བུ་ཉམས་སུ་མྱོང་བ་ནི། །ཅི་སྟེ་དཀའ་ཐུབ་ནུས་པ་ཡིས། །ནུས་པ་འདྲེས་པ་ཟད་པ་ན། །ཉོན་མོངས་ཆ་འགའ་སྤོང་བའམ། །ཉོན་མོངས་མེད་པར་ཀུན་སྤང་འགྱུར། །གལ་ཏེ་དཀའ་ཐུབ་ཉོན་མོངས་ལས། །གཞན་འདོད་ཉོན་མོངས་ཉིད་ཅེ་ན། །དེ་ནི་ལས་འབྲས་ཡིན་ཕྱིར་འདིས། །ནུས་པ་འདྲེས་སོགས་འགྱུར་མ་ཡིན། ༈།སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་སྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། ༈ །ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་བྱེད་འགྱུར་བཟློག་ལས་མིན། ༈ །ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། ༈ །སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། ༈ །དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། ༈ །བརྩེ་བས་ལེགས་


DTG174_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། ༈ །དེ་ལྟའི་དངོས་དོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་དེ། །རྗེས་སུ་དཔག་པ་མ་བཟློག་ཕྱིར། ༈ ། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན། །ཞེས་སོགས་རྣམ་པ་དུ་མར་ནི། །འདི་ཡི་སྦྱོར་བའང་མཐོང་ཕྱིར་རོ། །མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའོ།། །།གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །འདྲ་དང་མི་འདྲ་ཉིད་ཕྱིར་དང༌། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། ༈ །དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། ༈ །གལ་ཏེ་ཐམས་ཅད་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། ༈ །གལ་ཏེ་ཀུན་ལ་དེ་ཡོད་ན། །སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །བློ་ལ་མ་མཐོང་ཕྱིར་མིན་ཏེ། །མིག་དང་གཟུགས་སོགས་བློ་བཞིན་ནོ། ༈ །དེས་ནི་བརྡ་དང་རྩོལ་བ་སོགས། །ནང་གི་ཡན་ལག་རྗེས་འཇུག་ཕྱིར། །བུམ་པ་འདེགས་དང་སྤྱི་དང་ནི། །གྲངས་སོགས་བློ་ནི་བཤད་པ་ཡིན། ༈ །སྐྲ་ཤད་སོགས་ནི་སྤྱི་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་རོ། ༈ །ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། ༈ །དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། ༈ །སྐྲ་སོགས་ཞེས་བྱའི་བློ་དག་ནི། །སྤྱི་ཡི་སྤྱོད་ཡུལ་ཅན་ཡིན་ལ། །སྐྲར་སྣང་དོན་མེད་ཅན་ཡིན་ནོ། ༈ །གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་


DTG174_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན།༈།དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང༌། །དེ་ལྡོག་པ་ལ་བརྟེན་ཕྱིར་རོ། ༈ །བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན།༈།དབང་སོགས་འབྲས་བཅས་ཉིད་ཕྱིར་རོ།༈ །མིང་སོགས་བརྗོད་ན་འཆད་པོ་དང༌། །ཉན་པོ་བརྗོད་བྱ་རྗེས་འབྲེལ་ཅན། །མིང་སོགས་འབྲེལ་པ་མེད་པ་ཅན། །དོན་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་གྱུར་ན་དུས་ཀུན་དང༌། །ཡུལ་ལ་འཁྲུལ་མིན་ཤེས་པ་ལ། །མཚུངས་མིན་རྣམ་པ་དེ་འདྲའི་བློ། །སྐྱེ་ཕྱིར་གཞན་ལ་དེ་མེད་དེ། །ཕྱི་རོལ་དོན་དུ་སྣང་བ་ཡི། །བློ་ནི་ཁས་ལེན་མེད་ཕྱིར་རོ། ༈ །ཁྱེས་ལེན་ན་ཡང་རྣམ་ཤེས་ལས། །ཐ་དད་པ་ན་ཚད་ཅན་མིན། །ལྡོག་པ་གྲུབ་པ་མེད་ཕྱིར་རོ། ༈ །ཤེས་ཀུན་དོན་ལྡན་ཕྱིར་ཞེ་ན། །འཐད་མིན་རྨི་སོགས་རྣམ་གཞན་དུ། །མཐོང་ཕྱིར་འདུ་བྱེད་ལས་ཀྱང་མིན། །སྔོ་ལ་སོགས་པར་སྣང་ཕྱིར་རོ། ༈ །ཐོགས་མེད་ཕྱིར་ན་སྔོ་སོགས་མིན། ༈།རུང་ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །དེས་ནི་མིང་སོགས་བརྗོད་པ་ཡིན། ༈ །མིག་ལ་སོགས་པའི་བློ་འདོད་པ། ། །དེ་ཉིད་དོན་ལྡན་གང་གིས་འདོད། །གལ་ཏེ་དོན་ནུས་མཐོང་ཕྱིར་ན། །གཞན་པ་དོན་མེད་ཅན་ཐོབ་འགྱུར། ༈ །འབྲེལ་མེད་ན་ཡང་འཇུག་མི་འགྱུར། །གལ་ཏེ་དོན་དང་འབྲེལ་ལྡན་ན། །འདས་དང་མ་འོངས་བརྗོད་བྱ་མིན། །དོན་དང་དེ་ནི་ཟད་ཕྱིར་རོ། ༈ །སྒྲ་ཡིས་སྤྱི་ནི་བརྗོད་པའི་ཕྱིར། ༈ །གལ་ཏེ་ཐལ་བར་མི་འདོད་ན། །དེ་མིན་སྤྱི་ནི་ཡན་གར་བ། །བརྗོད་མེད་ཕྱིར་རོ་བརྗོད་ན་ཡང༌། །དེ་མཚུངས་མིན་དང་གསལ་བ་མིན། །དེས་ན་རྟག་ཏུ་དམིགས་འགྱུར་ཏེ། །རྟག་ཉིད་ཕྱིར་རོ་གལ་ཏེ་ཡང༌། །གསལ་ལས་མངོན་སུམ་ལ་གསལ་ཡིན། །བདག་ལ་ཤེས་པ་སྐྱེད་པ་ན། །ནུས་པ་གང་དེ་ནུས་ཉིད་ཡིན། །གལ་ཏེ་འགའ་ཚེ་ནུས་མེད་ན། །དེ་ནི་ཀུན་ཚེ་ནུས་མེད་འགྱུར། ༈།དེ་ཡིས་ནུས་པའམ་ནུས་མེད་པ། །ངོ་བོ་ཉིད་ཀྱིས་གང་གནས་པ། །རྟག་ཕྱིར་བཅོས་སུ་ཡོད་མིན་ན། །དེ་ཟད་བྱ་ཕྱིར་ནུས་པ་གང༌། ༈།སྤྱི་ཡི་རྣམ་


DTG174_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་དེ་དང༌། །རྗེས་འབྲེལ་སྔོན་པོ་ལ་སོགས་པའི། །རྣམ་པའི་ཆ་ནི་རྣམ་ངེས་གང༌། །དེ་ནི་དེ་ལ་གང་གིས་སྤྲུལ། །གལ་ཏེ་མངོན་སུམ་ཤེས་དོན་ཉིད། །ཕྱིར་ན་དབང་པོ་དོན་མེད་མིན། །དེ་དངོས་གཅིག་ཕྱིར་སྒྲ་སོགས་ལས། །ཐ་དད་སྣང་བློ་གང་ལས་ཡིན། ༈ །རིགས་ལྡན་རིགས་མིན་གང་གི་ཕྱིར། །གསལ་བའི་ངོ་བོ་གཞན་རྟེན་མེད། །གལ་ཏེ་ཐ་དད་གྲུབ་ཅེ་ན། །ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུ་རག་ལས་མེད་པར་ཡང༌། །རྟོག་པ་ཡིས་ནི་འབྲེལ་པར་བྱེད། །འབྲས་མིན་ཇི་ལྟར་ཡང་ཅི་ཞིག །གཞན་ཉིད་ཡིན་ན་དེ་འབྲེལ་མེད། །དེ་ཕྱིར་རང་བཞིན་མེད་པར་གྲུབ། ༈ །མེད་པའི་རིགས་སུ་ཐལ་མི་འགྱུར། །དེ་ལ་ལྟོས་པ་མེད་པའི་ཕྱིར། ༈ །དེ་ཕྱིར་ངོ་བོ་ལ་བརྟེན་ནས། །ངོ་བོ་མེད་པའི་རིགས་བརྟགས་པ། །ཁྱད་པར་དེ་ལ་འཇུག་དོན་ཅན། །སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན། །དེ་ལ་ངོ་བོར་སྣང་བའམ། །དོན་ལ་དེ་ཉིད་དུ་འཛིན་པ། །གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། ༈ །དོན་རྣམས་ཀྱི་ནི་སྤྱི་གང་ཡིན། །གཞན་ལས་ལོག་པའི་མཚན་ཉིད་ཅན། །སྒྲ་འདི་དག་གིས་གང་བརྗོད་པ། །དེ་ལ་ངོ་བོ་ཅུང་ཟད་མེད། ༈ །ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་དང༌། །དོན་ལ་འཁྲུལ་བའམ་མེད་པ་ནི། །སྤྱིར་འདོད་དེ་ཡང་བསླད་ཕྱིར་དང༌། །དེ་ཉིད་དུ་ན་དོན་དངོས་སུ། །མེད་ཕྱིར་ངོ་བོ་ཅན་མ་ཡིན། །ངོ་བོ་མེད་པས་བརྗོད་བྱ་མིན། །གལ་ཏེ་བརྗོད་བྱ་འགའ་ཞིག་ལས། །དངོས་འདོད་དངོས་རྣམས་ཇི་ལྟར་ཡང༌། །བརྗོད་བྱ་མིན་པ་ཉིད་མ་ཡིན། །ཉེར་ལེན་ཐ་དད་ཕྱིར་གཞན་དུ། །བརྗོད་པར་བྱ་མིན་ཉེར་བརྟགས་ཕྱིར། །འདས་པ་དང་ནི་མ་འོངས་པའི། །དོན་ལའང་སྤྱི་ཡི་རྒྱུ་ཅན་གྱི། །མཉན་པ་དག་ནི་འཇུག་འགྱུར་ན། །ཡོད་པ་མེད་ཆོས་ཇི་ལྟར་འགྱུར། ༈ །གལ་ཏེ་ཉེར་བརྟགས་ལས་དེ་འདོད། །གང་ཞིག་སྣམ་སོགས་ལ་མེད་ལ། །ད་ལྟར་བ་ཡི་བུམ་པ་ཡི། །དངོས་མེད་དང་ནི་ཉེ་བ་གང༌། ༈ །བློ་ནི་འཁྲུལ་པ་མེད་འཇུག་པ། །རྟག་ཏུ་དངོས་དང་སྒྲོ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པའང་


DTG174_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཡོད། ༈ །དོན་མེད་ན་ཡང་འགྲོ་བ་ཡིས། །གང་ལ་གྲགས་པས་སྒྲ་བཀོད་པ། །དེ་ལ་དེ་དངོས་དེ་མཚུངས་ཕྱིར། །འཁྲུལ་རྟོག་ཅན་གཞན་ཕལ་པ་ཡིན། ༈ །ཇི་ལྟར་དངོས་པོ་ནུས་མེད་ལ། །མེད་ཅེའམ་རྟོག་པ་ཇི་བཞིན་དུ། །ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པ་སྐྱེ་བོས་བྱས་པ་ཡིན། ༈ །ཞིག་ལ་སྒྲ་ལས་བློ་ཇི་འདྲ། །སྣང་བ་དེ་འདྲ་མ་ཞིག་ལའང༌། ༈ །རྣ་བ་ལ་སོགས་རྣམ་པར་ཤེས། །དོན་ཡོད་ཅན་ལ་དེ་དག་མེད། ༈ །སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་དག་ནི་མཚུངས་པ་ཡིན། །དེ་འབའ་ཞིག་ནི་འཛིན་བྱེད་པ། །སྔར་ནི་རྣམ་པར་བཟློག་ཟིན་ཏོ། ༈།ཕན་ཚུན་ཁྱད་པར་ཅན་རྣམས་ནི། །ཁྱད་མེད་ངོ་བོ་ཇི་ལྟར་འགྱུར། །ངོ་བོ་ཉིད་གཉིས་ཡོད་ན་ཡང༌། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །གལ་ཏེ་དེ་དག་མཚུངས་པ་ཡི། །དངོས་དེ་དེ་དག་ལས་གཞན་ཉིད། །དེ་དག་གི་ཞེས་འབྲེལ་མེད་འགྱུར། །ལྡོག་པ་ལ་ནི་སུན་དབྱུང་མེད། །དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཡིན། །དེ་འབྲས་ཤེ་ན་དུ་མ་དང༌། །འཇིག་འགྱུར་དེ་ཡང་འདོད་མ་ཡིན། །འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན་རྟག་ཉིད་མིན། །རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་པ་དང་དངོས་མེད་འགྱུར། ༈ །དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡིན། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་ལྟར་སྣང་བ་མེད། ༈ །དངོས་གཉིས་མཐོང་ལ་བློ་འགའ་ཞིག །བརྡ་མེད་ན་ཡང་ཐ་དད་མེད། །རྗེས་སུ་འཇུག་པ་གང་ཡིན་དེ། །དོན་ཉེ་བ་དང་འབྲེལ་བ་ཡིན། །ཇི་ལྟར་རིགས་མེད་ཤེས་པ་ཡི། །འབྲས་ཅན་མིག་སོགས་ཉེ་འདོད་བཞིན། ༈ །གང་གིས་རྣམ་པར་ཕྱེ་བ་ཡིས། །རིགས་ཀྱང་རྗེས་སུ་འགྲོ་བ་ཡིན། ༈ །རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་སྣང་བ་མེད་ཕྱིར་རོ། །གཟུགས་ཅན་ཡིན་ཕྱིར་དབང་རྣམས་ལ། །གལ་ཏེ་ལྟ་བ་པོ་ཡོད་ན། །དེ་ལུས་སྣང་འགྱུར་རིགས་རྣམས་ནི། །མ་ཡིན་ཡན་གར་མཐོང་མིན་ཕྱིར། །གསལ་འཛིན་ཚེ་ནའང་དེ་སྒྲ་དང༌། །ངོ་བོ་ལས་གཞན་


DTG174_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མེད། ༈ །དེ་ཕྱིར་དེ་ནི་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་རུང་ངོ༌།༈།དེ་མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། ༈ །ཇི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། ༈ །དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། ༈ །གལ་ཏེ་དངོས་བརྟེན་དངོས་འབྲེལ་ཕྱིར། །དངོས་པོ་ཤེས་འགྱུར་ཞེ་ན་མིན། །ལན་བཏབ་ཕྱིར་དང་འདས་སོགས་ལ། །རྣམ་པ་གཞན་དུ་མཐོང་ཕྱིར་རོ། ༈ །གལ་ཏེ་དངོས་ཆོས་ཉིད་ཉམས་ན། །དངོས་པོར་འཛིན་པ་སྔོན་འགྲོ་ཅན། །དེ་ཤེས་ཡིན་ཕྱིར་ཉེས་འདི་མེད། ༈ །རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱི། །དོན་བྱ་དེ་ལས་གྲུབ་ཕྱིར་རོ། །དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །གཉིས་པ་འཁྲུལ་པ་ཡིན་པར་བཞེད། །གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་འཁྲུལ་པ་ཚད་མ་མིན། ༈ །བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང༌། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། ༈ ། ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། ༈ །དེ་ལྟར་ཇི་བཞིན་དོན་མེད་ནའང༌། །རྗེས་དཔག་དང་ནི་དེར་སྣང་དག །དོན་བྱེད་པ་དང་རྗེས་འབྲེལ་བས། །ཚད་མ་ཉིད་དུ་རྣམ་པར་གཞག་༈ །གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། ༈ །དེ་ལས་གཞན་དངོས་དབང་པོ་འདས། །མ་མཐོང་བདག་ཉིད་ངོ་བོ་དེ། །རྟོག་པའི་རྟེན་ནི་དོན་གཞན་ཡིན། །གལ་ཏེ་དེ་རྟེན་དང་འབྲེལ་ཅན། །ཡིན་ན་དེ་ཚེ་གོ་བྱེད་ཉིད། ༈ །དེ་ཚེ་གོ་བྱེད་རྗེས་འགྲོ་བ། ༈ །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །འབྲེལ་བ་ཅན་གྱི་ཆོས་ལས་ནི། །ཆོས་ཅན་ལ་རྟོགས་སྐྱེ་བ་གང༌། །དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །སྒྲུབ་


DTG174_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཅིག་ཏུ་ངེས་པ་ཡིན། ༈ །མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། ༈ །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་བཞེད་པ་དང༌།༈།གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ནི་གསལ་བ་ཡིན། ༈ །མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། ༈ །མེད་པའང་ངེས་ཕྱིར་གཞལ་བྱ་ནི། །མིན་ལ་མ་ངེས་པ་ཉིད་དམ། ༈ །དེ་ངེས་ཚད་མ་གཉིས་པ་ཉིད། ༈ །མེད་ལ་དབང་སྐྱེས་བློ་མིན་ཏེ། །དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། །དོན་གྱི་ནུས་ལ་ལྟོས་མེད་ན། །བར་ཆོད་ལ་སོགས་ཡོད་ན་ཡང༌། །དབང་སྐྱེས་བློ་ནི་སྐྱེ་བར་འགྱུར། །གལ་ཏེ་མངོན་སུམ་ཉིད་ལྡོག་ལས། །མེད་པར་ངེས་པ་ཡིན་ཞེ་ན། །འགལ་བའམ་དེ་ཉིད་ལྡོག་པ་དང༌། །རྗེས་འགྲོ་ཅན་གྱི་རྟགས་ཡིན་ན། །གཞན་སེམས་དག་ནི་རྟོགས་ཕྱིར་ཡང༌། །ཚད་མ་གཉིས་ནི་གྲུབ་པ་ཡིན། །སྨྲ་སོགས་ལ་ནི་འཇུག་པའི་ཕྱིར། །དེ་ཡི་ངོ་བོ་ངེས་པར་གྲུབ། །བསླུ་མེད་ཕྱིར་དེ་ཚད་མ་ཉིད།༈།གལ་ཏེ་ལ་ལ་དག་ཏུ་ནི། །འཁྲུལ་ཕྱིར་ཡིད་བརྟན་མེད་ཅེ་ན། ༈།རྟགས་ལོག་མཐོང་ཕྱིར་དེ་དེ་འདྲ།༈།གང་ལས་འགའ་ཚེ་དངོས་འགའ་ལ། ། དེ་ཡི་རྟོགས་པ་གྲུབ་གྱུར་པ། །དེ་ནི་དེ་ལས་སྐྱེས་པའམ། །དེ་ཡི་ངོ་བོར་གདོན་མི་ཟ། །རང་གི་རྒྱུའམ་ངོ་བོ་དག །མེད་པར་དོན་ནི་སྲིད་མིན་པ། །དེ་དག་རང་བཞིན་མཐོང་གང་ཡིན། །དེ་ཉིད་གཞན་དུའང་མཚན་ཉིད་ཡིན། ༈ །ལྟར་རུང་རང་གི་ངོ་བོའམ། །རང་རྒྱུ་མཐོང་བའི་རྒྱུ་གཞན་དག་༈ །ཡོད་པར་སྣང་བ་མེད་ན་ནི། །དེ་དང་ལྡན་པའང་ཅི་ལྟར་ཡོད། ༈ །སྤྱི་ཡི་བློ་ནི་ཚད་མིན་ན། །མེད་པ་ཐོབ་འགྱུར་ཕ་རོལ་གྱི། །དངོས་བཞིན་གལ་ཏེ་དབང་རྣམས་ཀྱིས། །དུས་གཞན་དུ་ནི་རྟོགས་ཤེ་ན། །དེ་མིན་དབང་དང་ནུས་སོགས་ལ། །དབང་སྐྱེས་བློ་ནི་མི་སྲིད་ཕྱིར། །མེད་པ་རྟོགས་པ་ཡིན་ན་ནི། ༈ །བློ་དང་སྐྱེ་བ་རྒྱུ་མེད་འགྱུར། ༈ །རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་མངོན་སུམ། །རྣམ་རྟོག་མེད་པར་སྤྱི་འཛིན་མིན། །དེ་ཕྱིར་དེ་ལ་རྗེས་དཔག་ཉིད།༈།གཞལ་བྱ་ངེས་ན་ཁ་དོག་ནི། །མི་རྟག་ཉིད་དུ་རྟོགས་


DTG174_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །དེ་བློ་ཚད་མ་གཞན་འགྱུར་ཏེ། །རྟགས་མེད་པར་ནི་ཡོད་ཕྱིར་རོ། ༈ །ཁྱད་པར་མཐོང་ལ་རྟགས་དང་ནི། །འབྲེལ་པ་རྟོགས་པ་མེད་པའི་ཕྱིར། །དེ་ནི་ཚད་མ་གཞན་ཡིན་ནོ། །གཞལ་བྱ་མེད་ཕྱིར་ཚད་མ་རྣམས། །མང་པོ་ཉིད་དམ་གཅིག་ལ་ཡང༌། །དུ་མ་ཉིད་ནི་འཇུག་ཕྱིར་ཏེ། །གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར། །དཔེར་ན་ཁྱད་པར་མཐོང་བ་བཞིན། །ཡུལ་ངེས་པ་ནི་མེད་ཕྱིར་དང༌། །གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། ༈ །སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །དངོས་མེད་ངོ་བོ་མིན་དེ་ཉིད། །དེ་ལྟར་གྲུབ་པས་བསྒྲུབ་ཕྱིར་རོ། །གཞན་ལས་གཞན་གྲུབ་མིན་ཞེ་ན། ༈ །མིན་ཏེ་དེ་ཉིད་གྲུབ་ཕྱིར་རོ། ༈ །དངོས་གང་ཅི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལ་དེས་བསྐྱེད་རྟགས་ཅན་བློ། །དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། ༈ །དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། །དེ་དངོས་སླུ་བྱེད་ཉིད་མིན་ཡང༌། །འཁྲུལ་པར་རྣམ་གཞག་བྱས་པ་ཡིན། །དེ་ཕྱིར་དངོས་པོ་རྟོགས་བྱ་ལ། །ཁྱབ་བྱེད་དེ་ཡི་ངོ་བོའམ། །རྒྱུ་དག་ཁྱབ་པར་བྱ་སེམས་ཀྱི། །རྒྱུ་མཚན་དེ་ཡང་དེ་བློའི་ཡིན། ༈ །དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱི་བཟློག་པ་ཉིད་ལས་ཡིན། ༈ །དགག་ལ་དེའམ་དེ་རྒྱུ་དང༌། །འགལ་བར་བརྗོད་པ་མཐོང་གང་ཡིན། །དེ་ཡང་དེ་ཡི་ཚད་མ་ཉིད། །མེད་པ་འཕེན་པར་བྱེད་པ་ཡིན། ༈ །གཞན་དུ་དངོས་གཅིག་ཡོད་བརྗོད་པས། །གཞན་མེད་དེ་ནི་གང་ལས་རྟོགས། ༈།འགལ་ཕྱིར་ཞེ་ན་དེ་ཉིད་ཀྱང༌། །ཅིས་འགྲུབ་ལྷན་ཅིག་མི་གནས་ཕྱིར། ཞེ་ན་དེ་ཡང་གང་ལས་འདོད། །སྣང་བ་མཐོང་མེད་ཕྱིར་ཞེ་ན། །དེ་ནི་ཚད་མ་ཉིད་མ་ཡིན། །དེ་ཕྱིར་རང་སྒྲས་བརྗོད་ན་ཡང༌། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །གང་ལ་དེ་ནི་ཚད་མིན་དེས། །དགག་པ་རྣམ་ཀུན་བརྗོད་བྱ་མིན།༈།དེས་ན་དེ་དང་འགལ་དོན་གྱི། །འབྲས་བུ་


DTG174_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་བཤད་པ་ཡིན། །ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། ༈ །འགལ་དང་དེ་ནི་ཐབས་བཅས་པ། །གྲུབ་དང་བཀག་པ་མེད་པར་ནི། །དགག་ལ་ཚད་སྨྲ་གང་ཡིན་དེ། །རིག་པའི་རྗེས་འབྲང་ཅན་མིན་དེ། ༈ །སྨྲ་ལ་སོགས་པས་ཀུན་མཁྱེན་དང༌། །འཇིག་རྟེན་གཞན་སོགས་མེད་སྒྲུབ་བཞིན། ༈ །དབང་པོ་ལས་འདས་དོན་རྣམས་དང༌། །འགལ་བ་གྲུབ་པ་མེད་ཕྱིར་རོ། །གལ་ཏེ་སྨྲ་པོ་རིག་ཡིན་ན། །གནོད་བྱ་གནོད་བྱེད་ངོ་བོ་གང༌། ༈ །དེ་འདྲ་མི་དམིགས་ཕྱིར་ཞེ་ན། །དེ་ཉིད་སྒྲུབ་བྱེད་ཡིན་པར་བརྗོད། མི་དམིགས་པ་ནི་དེ་ལྟ་བུ། །ངེས་བྱེད་མིན་པར་རབ་ཏུ་བརྗོད། །དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ངེས་པ་ཡོད་མ་ཡིན། ༈ །འགལ་དེ་ཆོས་ནི་ཐ་དད་དམ། །ཐ་དད་མེད་ལ་རབ་སྦྱོར་ཏེ། །ཁ་ལ་མེད་པར་སྒྲུབ་པ་ལ། །མེ་དང་སྐྱེ་ལ་ཡོད་གནོད་བཞིན། །ཇི་ལྟར་དངོས་ཉིད་སྒྲུབ་པ་ལ། །དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད། །དེ་བཞིན་དངོས་ཉིད་རང་ལྡོག་ན། །དངོས་རྣམས་ལྡོག་པར་བྱེད་པ་ཡིན། ༈།དེས་ནི་རྟོག་པས་སྦྱར་བའི་ཆོས། །ཕྱོགས་དང་མཐུན་པའི་ཕྱོགས་དག་ལས། །གང་རུང་ཉིད་སོགས་བསལ་ཡིན་ཏེ། །ཅི་ཡང་རུང་ལ་སྲིད་ཕྱིར་རོ། ༈ །དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །གལ་ཏེ་རང་གི་ལྡོག་པ་ནི། །རྣམ་འགར་ཡོངས་སུ་བཅད་ནའོ།༈།མེད་པ་ལ་ནི་དེ་ཉིད་ཀྱི། །ཚད་མེད་རྟགས་སུ་བརྗོད་གང་ཡིན། །དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་པར་གྲགས་ཕྱིར་རོ། ༈ །མི་དམིགས་པ་ནི་འདི་ཙམ་ཞིག །མེད་ལ་ངེས་པའི་འབྲས་ཅན་ཡིན། །དེ་ཡང་སྣང་བར་འདོད་པ་ཡི། །རྒྱུའམ་རང་བཞིན་སྣང་མེད་ཉིད། ༈ །རྗེས་སུ་དཔག་པས་མི་རྟག་སོགས། །འཛིན་པ་ལ་ནི་ཚུལ་འདིར་འདོད། །གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་འདོད་མ་ཡིན། །དངོས་ལས་མི་རྟག་གཞན་དུ་མེད། །དེ་ཡང་དབང་པོ་ལས་སྔར་གྲུབ། ༈ །དུ་མའི་དངོས་དེ་བརྗོད་བྱ་མིན། །རྟོག་པས་བསྐྱེད་ཆོས་བརྗོད་བྱ་ཡིན། ༈ །སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། ༈ །དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་


DTG174_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དཔོག་ཡིན། ༈ །འདྲ་བ་གཞན་ནི་ཡོད་པའི་ཕྱིར། །ལ་ལར་ཡོངས་སུ་མི་ཤེས་ཏེ། །འཁྲུལ་ཕྱིར་སྒོང་གི་ཐ་དད་བཞིན། །ཐ་དད་མཐོང་བ་མེད་ཕྱིར་རོ། ༈ །འདི་ལྟར་རྟགས་མེད་བྱིས་པར་གྱི། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། ༈ །ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །འབྲས་བུ་མཐོང་བ་མེད་པའི་ཕྱིར། །རྨོངས་གྱུར་ངེས་གསལ་མེད་ཕྱིར་རོ། ༈ །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། ༈ །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། ༈ །ཐམས་ཅད་ལས་ནི་ལྡོག་པ་ཡིས། །ཐ་དད་མེད་དོན་དེ་ལ་ནི། །ལྡོག་པའི་རྒྱུ་མཚན་ཅན་བློ་དང༌། །ཇི་ལྟར་བརྡར་བཏགས་པ་ཡི་སྒྲ། །ཐ་དད་རྟེན་ཅན་བཞིན་འཇུག་འགྱུར། ༈ །འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། ༈ །ཡང་ན་འདིར་ནི་མི་དམིགས་པའི། །རྟགས་ལས་འཇིག་པ་གྲུབ་པ་ཡིན། ༈ །སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། ༈ །གང་གི་མཐའ་གཉིས་ཚོད་ཡོད་པའམ། །འབྲེལ་པ་བརྗོད་པའི་ངང་ཚུལ་ཅན། །མི་རྟག་ཉིད་ཀྱི་སྒྲ་ཡིན་པ། ༈།དེ་མཐའ་དེ་དག་གང་ལ་བརྗོད། །གལ་ཏེ་སྔ་ཕྱིར་མེད་ཡིན་ན། །དེ་ཉིད་མི་རྟག་ཅིས་མ་ཡིན། །དྲུག་པ་སོགས་སྦྱོར་མི་རུང་ཕྱིར། །ཞེ་ན་མཐའ་ལ་དེ་ཅི་ལྟར། །ཡོད་ཉིད་དང་འབྲེལ་རྟག་པའི་ཕྱིར། །མཐའ་ཡིས་ཁྱད་པར་འགྱུར་བ་མིན། ༈ །གལ་ཏེ་རྒྱུ་འབྲས་མཐའ་ཡིན་ན། །ཁྱད་པར་མེད་པ་ཉིད་འགྱུར་ཏེ། །འབྲེལ་མེད་ཕྱིར་རོ་དེ་ཡིས་ནི། །དངོས་པོ་སྔར་མེད་འདོད་མིན་པས། །དེ་ལ་དེ་ཡི་ཁྱད་པར་ཅན། །བརྗོད་པ་དེ་ཡང་མི་འགྲུབ་ཕྱིར། ༈ །ཡོད་པ་ཉིད་དང་རང་རྒྱུ་དང༌། །འབྲེལ་བྱེད་ཕྱིར་ན་རྒྱུ་ཞེས་གྲག །ཡོད་ཉིད་དེ་དང་འབྲེལ་དེ་ཡང༌། །རྟག་ན་འོ་ན་འདི་འབྲས་གང༌། ༈ །གང་ཞིག་མེད་པ་དེ་བྱེད་ནི། །དངོས་པོ་སྔར་མེད་ལྡན་མིན་ཏེ། །འབྲེལ་པ་ཁས་ལེན་མེད་ཕྱིར་རོ། ༈ །དེ་ཕྱིར་རིལ་འདི་རྟག་པར་འགྱུར། །དེ་ཕྱིར་མེད་དོན་སྒྲོ་འདོགས་པ། །


DTG174_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་ཐ་དད་ཅན་བློ་ནི། །ཐ་དད་མེད་དོན་མངོན་འདོད་ཅན། །སྒྲ་ལའང་ལྡོག་བའི་རྟེན་ཡིན་ནོ། ༈ །སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཁྱད་པར་ངོ་ཤེས་མ་ཡིན་ནོ། །མཐོང་དང་མཚུངས་པར་དེ་འཛིན་ཕྱིར། །ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། ༈ ། གལ་ཏེ་དེ་ཉིད་དཔེ་ཡིན་པའི། །ཕྱིར་ན་སྤྱི་འཛིན་མིན་ཞེ་ན། །དཔེ་ཉིད་ཡིན་ཕྱིར་གྲུབ་དེ་ལ། །ཚད་མ་གཞན་གྱིས་ཅི་ཞིག་བྱ། །གལ་ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །༈།གལ་ཏེ་མཐོང་ལ་དེ་དངོས་ནི། །ཚད་མས་གྲུབ་ན་དངོས་གཞན་ལ། །དེ་ཉིད་སྒྲོ་འདོགས་ཕྱིན་ཅི་ལོག །དེས་གྲུབ་ཚད་ཅན་ཉིད་མ་ཡིན། །མངོན་སུམ་ཅིག་ཤོས་གཅིག་ཡིན་ཕྱིར། །གཅིག་གྲུབ་པ་ན་གཉིས་ཀ་གྲུབ། །གཞན་དང་མཚམས་ནི་སྦྱོར་བ་ཡི། །ཞེན་པ་མཁས་པས་དྲན་པར་ཤེས།༈།གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར། །དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ།༈།མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཡིན། །ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། ༈ །སླར་ཡང་ཅུང་ཟད་རྣམ་རྟོག་ན། །ཁོ་བོའི་རྣམ་རྟོག་འདི་འདྲར་གྱུར། །ཅེས་རིག་སྔར་བཤད་གནས་སྐབས་ཀྱི། །དབང་པོའི་རྟོགས་པ་ལ་མེད་དོ། ༈།གཅིག་ཏུ་མཐོང་བའི་ཁྱད་པར་ནི། །གཞན་འགའ་ཞིག་ཏུ་མཐོང་མི་འགྱུར། །དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་དད་བློ་མེད་ཕྱིར། ༈།དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། ༈ །ཁྱད་པར་རྣམས་ལ་སྒྲ་དག་ནི། །འཇུག་པ་སྲིད་པ་ཡོད་མིན་ཏེ། །ཁྱད་པར་རྗེས་འགྲོ་མེད་པས་ན། ༈ །བརྡ་འཇུག་པ་ནི་མེད་ཕྱིར་རོ། །སྒྲ་རྣམས་ཡུལ་ཡང་གང་དེ་ཉིད། །དེ་རྣམས་ཉིད་ནི་སྦྱོར་བར་བྱེད། ༈།དེའི་འདི་ཞེས་ནི་འབྲེལ་པ་ལ། །དོན་སྣང་བ་ནི་གང་ཡིན་པ། །དེ་དག་ཉིད་ནི་འབྲེལ་ཡིན་ན། །དེ་ནི་དབང་པོའི་སྤྱོད་ཡུལ་མིན། །དེ་ཚེ་གསལ་བར་སྣང་བ་ཡི། །དོན་སྣང་བ་ནི་མེད་ཕྱིར་རོ། །ཤེས་སྣང་ཐ་དད་པ་


DTG174_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ནི། །དོན་རྣམས་ཁྱད་པར་བྱེད་པ་ཡིན། །མིག་ལ་དོན་སྣང་བ་ན་ཡང༌། །འདི་ཞེས་གཞན་གྱིས་བསྟན་པ་གང༌། །དེ་ཉིད་སྒྲ་ཡིས་སྦྱོར་བྱེད་ཀྱི། །དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །དབང་པོའི་བྱ་བ་མེད་པ་ལ། །གཞན་དག་ཙམ་གྱིས་སྣང་མེད་ཕྱིར། །འབྲེལ་བ་མ་བྱས་ཅན་མིན་ཏེ། །རང་ཉིད་ཤེས་པར་ཐལ་ཕྱིར་རོ། ༈ །རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །གལ་ཏེ་རྣམ་རྟོག་གིས་བཅད་པས། །མཐོང་བ་རྒྱུན་ཆད་འགྱུར་ཞེ་ན། གཞན་གྱིའང་རིགས་ནི་ཐ་དད་པའི། །རྣམ་པར་རྟོག་ཚེ་ཇི་ལྟར་མིན། ༈ །གལ་ཏེ་མ་གལ་མེ་མཐོང་བ་བཞིན། །དངོས་ཕྱོགས་སྟོབས་དང་ལྡན་འདོད་ན། ༈ །དེ་ནི་གཞན་ལའང་མཚུངས་པ་ཡིན། ༈ །ཡི་གེའང་ཅིག་ཅར་ཐོས་པར་འགྱུར། ༈ །འདིར་དོན་ཀུན་དང་ཅིག་ཅར་དུ། །འདུས་ཅན་དབང་རྣམས་ཡོད་པ་ན། །ལྔ་པོ་རྣམས་ཀྱིས་ཆོད་ན་ཡང༌། །ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་མིང་གི་མཐར་ཐུག་པའི། །ཤེས་པ་སྐད་ཅིག་དང་འདྲེས་ཕྱིར། །ཆོད་པར་སྣང་བ་དེ་ངོ་མཚར། །དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། ༈ །སྣང་བ་ལ་ཡང་ཁྱད་མེད་ན། །བར་བཅས་བར་མེད་ཇི་ལྟར་ཡིན། ༈ །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང༌། །ལམ་དུ་འཛིན་པར་མི་འགྱུར་རོ། ༈།ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལའང་འཛིན་མེད་གང༌། །ཆགས་པས་གཞན་སྐྱེས་ནུས་ཉམས་ཕྱིར། །གཉིས་ཀ་ལ་ཡང་རྩོད་འདི་ཡོད། ༈ །མགལ་མེ་ལ་སོགས་མྱུར་འཇུག་པའི། །རྗེས་སུ་འགྲོ་བས་གནོད་པ་ཅན། །མིག་ལས་འཁོར་ལོར་འཁྲུལ་སྐྱེ་ཡི། །དེ་མཐོང་མཚམས་སྦྱོར་ལས་མ་ཡིན། ༈ །ལ་ལ་དབང་སྐྱེས་ལ་སོགས་ཕྱིར། །བྱིས་པའི་བློ་བཞིན་རྟོག་མེད་དང༌། །བྱིས་པའི་རྟོག་མེད་ཉིད་ཀྱི་རྒྱུ། །བརྡ་ཉམས་པ་ཉིད་ཡིན་སྨྲ་བ། །དེ་དག་གི་ནི་རྟོག་མེད་ཕྱིར། །བྱིས་པའི་མངོན་སུམ་ཉིད་དུ་འགྱུར། ༈ །བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་ཕྱིས་ཀྱང་མི་འགྱུར་རོ། ༈ །གལ་ཏེ་བརྡ་ལ་མ་བྱང་བའི། །ཡིད་ཡོད་དེས་ན་དེ་འདོད་ན། ༈ །


DTG174_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །འདི་འདྲ་འདི་ཡང་ལྷག་ལྡན་ཡིན། ༈ །བྱིས་ལ་སྒྲུབ་པར་བྱེད་གང་ཡིན། །དེ་ཉིད་འདིར་ཡང་བརྗོད་བྱ་སྟེ། །དབང་པོའི་བློ་ནི་མཚུངས་ཕྱིར་རོ། ༈ །འདིས་ནི་མྱོང་སོགས་བཤད་པ་ཡིན། ༈ །ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །བཟུང་ནས་དེ་དག་སྡོམ་བྱས་ཏེ། །དེ་ལྟར་རྟོགས་ཀྱི་གཞན་དུ་མིན། །དཔེར་དབྱུག་ཅན་བཞིན་རིགས་སོགས་ཀྱི། །བྱེ་བྲག་རྟོགས་པ་མེད་པའི་ཕྱིར། །དེ་ལྡན་སྦྱོར་བ་ཡོད་མིན་པ། །དེས་ན་འདི་ལ་རྟོག་པའང་མེད། ༈ །རྗེས་འགྲོ་ཅན་གྱི་རྣམ་ཤེས་གང༌། །དེ་ཡང་སྒྲ་དང་གསལ་བར་སྣང༌། །ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། ༈ །དེ་ཉིད་མཚུངས་པ་ཉིད་ཡིན་ཀྱང༌། །མིག་གི་ཡུལ་ལ་མཐོང་མེད་དེ། །སྣང་བ་གཉིས་ནི་མེད་ཕྱིར་རོ། །བློ་ཐ་དད་པའང་རྙེད་པར་དཀའ། །དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། ༈ །སྣལ་མ་འདི་ལ་སྣམ་བུ་ཞེས། །སྒྲ་འདི་དག་ཀྱང་རང་གིས་བྱས། །བ་ལང་ལ་རྭ་ཞེས་འཇིག་རྟེན། །རྭ་ལ་བ་ལང་འཇིག་རྟེན་མིན། །བ་ལང་ཞེས་བྱ་ཡན་ལག་ནི། །ལྷག་མ་རྣམ་བཅད་དམིགས་མེད་ཕྱིར། །སྣལ་མ་དེ་རྣམས་ཀྱི་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་ལས། །ཕྱིས་འབྱུང་འབྲས་བུར་བརྗོད་ཡིན་གྱི། །ཇི་ལྟ་བུར་ཡང་དུས་གཅིག་མིན། ༈ །འགའ་ཡིས་རྒྱུ་སྒྲོ་བཏགས་པའམ། །སྒྲ་མི་རྟེན་ནི་སྟོན་པ་ན། །སྣལ་མ་གཅིག་ནི་བཀར་བྱས་ལ། །འབྲས་ལ་སྣལ་མ་ཞེས་འཇུག་འགྱུར། ༈ །ཕན་གདགས་ཕན་འདོགས་བྱེད་ཉིད་དམ། །རྣམ་པར་ཆད་མེད་སྣང་བ་ཉིད། །འཁྲུལ་མེད་ཅན་ཤེས་དང་པོ་ཡི། །བརྡ་ལ་སྤྱོད་ཡུལ་གང་ཡིན་དངོས། ༈ །དངོས་པོ་ལས་ནི་ཐ་དད་ཅན། །རིགས་སོགས་ལ་ནི་རྗེས་དཔག་མེད། །དབྱུག་པ་ཅན་སོགས་ཐམས་ཅད་ལའང༌། །ཀུན་རྫོབ་པ་ལས་ཐ་སྙད་འདོགས། ༈ །དངོས་པོ་ཁང་བཟང་འཕྲེང་སོགས་ཀྱི། །སྒྲ་ཡང་གཞན་ལ་ལྟོས་པ་མིན། ༈ །གལ་ཏེ་ཁང་པ་ལྡན་ཡིན་ན། །དེ་འཕྲེང་དེ་ནི་ཅི་ཞིག་ཡིན། ༈ །གལ་ཏེ་རིགས་


DTG174_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཁང་གཅིག་ཀྱང༌། །ཤིང་བཞིན་འཕྲེང་ཞེས་བརྗོད་པར་འགྱུར། །འཕྲེང་མང་པོ་ལ་དེ་ཡི་སྒྲ། །ཅི་ལྟར་རིགས་ལ་རིགས་མེད་ཕྱིར། །འཕྲེང་སོགས་ལ་ནི་ཆེན་པོ་སོགས། །ཉེར་བརྟགས་ལས་འདོད་གང་ཡིན་པ། །དངོས་དང་ཁྱད་མེད་རྣམ་ཤེས་ཀྱི། །གཟུང་བྱ་ཉིད་ཕྱིར་ཉེར་བརྟགས་མིན། ༈ །དངོས་སུ་མངོན་པར་འདོད་པ་ལའང༌། །རྒྱུ་གཞན་མིན་པ་ཉིད་དེ་མཚུངས། །དྲུག་རྣམས་ལ་ནི་ཚིག་དོན་སྒྲ། །རྒྱུ་གཞན་གང་ལ་ལྟོས་པར་མཐོང༌། ༈ །ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །དངོས་ལ་དངོས་མེད་བཏགས་ཕྱིར་རོ། ༈།གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན།༈ ། ཐ་དད་ཀྱང་གང་དངོས་ཆོས་ཀྱིས། །དེ་འདྲའི་རྣམ་ཤེས་རྒྱུ་ཡི་ནི། །དོན་དེ་དག་ལ་ཤེས་པ་དེས། །དེ་ལྟར་རྟོགས་པར་འགྱུར་བ་ཡིན།༈ །ཐ་དད་ཐ་དད་མིན་པར་ནི། །རྟོགས་ལ་ཤེས་པའང་དེ་བཞིན་ནོ། །དེ་ཕྱིར་དེ་འབྲས་མེད་བྲལ་བ། །རྗེས་འགྲོ་དངོས་གཅིག་ཡོད་མ་ཡིན། །དངོས་རྣམས་ལ་ཡོད་དེ་ཡི་ཕྱིར། །དངོས་ལ་མཉན་པ་དེ་མཐའ་ཅན། ༈ །ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ཀྱང་སྒྲ་དེ་ནི། །རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །དེས་ན་གཞན་སེལ་མཐར་ཐུག་ཕྱིར། །མཉན་པ་གཞན་སེལ་བྱེད་པར་བརྗོད། ༈ །ལྡོག་བ་བཞིན་དུ་སྒྲ་དག་ལས། །ཤེས་ལ་གཞན་གྱི་གཟུགས་བརྙན་སྣང༌། །གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་ཡིན། ༈ །དེ་ནི་མཉན་པས་བརྗོད་པ་ན། །དོན་གྱི་ཆ་གང་རྟོགས་པར་འགྱུར། །དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །སྒྲས་དོན་ཆ་ནི་ཅི་བརྗོད་ཅེས། །དེ་ལ་གཞན་སེལ་བརྗོད་པར་བྱ། །རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཅི་ལྟར་དོན་བརྟེན་ཡིན། ༈ །རྗེས་འགྲོ་ཅན་སྒྲས་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྤྲུལ་དེའང་རྗེས་འགྲོ་མེད་པ་


DTG174_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། ༈ །དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །གཞན་ལས་བཟློག་པ་རྟོགས་ཕྱིར་ཡང༌། །སྒྲ་དོན་གང་ཡིན་དེ་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད། ༈ །ཤེས་པ་སྒྲ་ཡིས་ངེས་སྤྲུལ་པ། །དེ་དག་ལོག་པར་སྣང་བ་ཉིད། །དོན་གྱི་ཆ་ལ་འདི་རྗེས་འགྲོ། ༈ །དེ་ལྟར་མཉན་པ་གཞན་སེལ་བྱེད། ༈ །དེ་ཕྱིར་བརྡ་ཡི་དུས་ན་ཡང༌། །རང་ཉིད་མཐོང་བའི་འབྲས་བུ་ཅན། །བསྟན་པའི་དོན་དང་འབྲེལ་པའི་ཕྱིར། །གཞན་སེལ་སྒྲ་དང་འབྲེལ་པར་འགྱུར། ༈ །གཞན་དུ་མ་མཐོང་ལ་ལྟོས་དང༌། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །གཞན་སེལ་སྒྲ་དང་འབྲེལ་འགྱུར་གྱི། །དེ་ནི་དངོས་ལ་མི་རུང་ངོ༌། །དེ་ཕྱིར་རིགས་སོགས་དེ་ལྡན་ནི། །ཡོད་མིན་དོན་དང་དེ་དག་ལ། །མཉན་པ་འབྲེལ་མིན་གཞན་ལས་ནི། །ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །མཐོང་པ་སྲེ་བྱེད་བདག་ཉིད་ཅན། །སྔ་ཕྱི་འཛིན་པས་སྟོང་པ་ཡི། །མིག་ཤེས་ལ་ནི་དེ་ཅི་ལྟར། ༈ དེ་ཅི་ལྟར། ༈ །གཞན་ལ་འཇུག་སེམས་ཅན་གྱི་ཡང༌། །མིག་གིས་གཟུགས་དག་མཐོང་གྱུར་པ། །དེར་ནི་གསལ་བར་དེ་ཡི་བརྡ། །མི་འཛིན་དེས་བསྐྱེད་རྟོག་པའང་མེད། ༈ །གང་ལ་སྒྲ་ནི་ངེས་འགོད་པ། །དེ་ལ་རྟོག་པ་སྐྱེ་བར་འགྱུར། །དེས་ན་དབང་སྐྱེས་འདོད་པ་ཡིས། །འཇུག་འགྱུར་ཕྱི་རོལ་མཐོང་མི་འགྱུར། །གཟུགས་ལ་གཟུགས་ཞེས་མཐོང་བ་ན། །དེ་བློ་ཞེས་ནི་ཇི་ལྟར་མཐོང༌། །དེ་ཡིས་ཉམས་སུ་མྱོང་བའང་ཡོད། །དེ་ནི་རྟོག་མེད་ཅི་ལྟར་ཡིན། །དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །རྟོག་གཉིས་ཅིག་ཅར་མཐོང་བ་མེད། །དེས་ནི་དུས་མཚུངས་རྣམ་པར་ཤེས། །གཞན་གྱིས་མྱོང་བ་བསྟན་པ་ཡིན། ༈ །འདས་པ་ལ་ནི་དྲན་པར་འགྱུར། །མྱོང་བ་མེད་ལ་དེ་ཅི་ལྟར། ༈ །རང་བློའི་བློ་དང་གཞན་གྱི་བློ། །ཡོངས་གཅོད་ངོ་བོ་གཅིག་པར་འགྱུར། ༈ །དོན་རིག་འདས་པ་དཔེ་དག་དང༌། །ཕྲལ་ཞིང་རྟགས་ནི་ཡོད་མིན་ཏེ། །ཅིས་གྲུབ་གང་ཕྱིར་དེ་ལ་ནི། །མངོན་སུམ་མ་ཡིན་རྟགས་ཅན་མིན། ༈ །གལ་ཏེ་དེ་ཡི་ངོ་བོར་ནི། །སྣང་ཅན་དེ་མ་ཐག་པའི་བློས། །གཟུགས་སོགས་བཞིན་དུ་འཛིན་འགྱུར་ན། །སྔ་བློ་དེ་ནི་འཛིན་མི་འགྱུར། །


DTG174_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རང་གི་ཡུལ་ཅན་གྱི། །རྣམ་ཤེས་ཉམས་མྱོང་དེ་རྟོག་མེད། །དེ་བཞིན་བརྡ་བྱ་མི་ནུས་པ། །གཞན་ཡང་རྟོག་པ་མེད་པར་འགྱུར། ༈ །སྤྱི་བརྗོད་དང་ཚུལ་ཅན་སྒྲ་དང༌། །རྟོག་པའང་དེ་དང་དོན་གཅིག་ན། །རྟོག་པ་མེད་པ་མེད་ན་ནི། །ཁྱད་པར་གང་གིས་རྟོགས་པར་འགྱུར། །གལ་ཏེ་རྟོག་མེད་འགའ་ཞིག་ཀྱང༌། །ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཐམས་ཅད་དེ་བཞིན་འབྲས་བདག་ཉིད། །ཐ་དད་རྒྱུ་ཐ་དད་ལས་ཡིན། ༈ །ཕྱི་རོལ་དོན་ལ་ལྟོས་མེད་པར། །བརྡ་དྲན་པ་ལས་སྦྱོར་བ་ཡིན། །དེ་བཞིན་བརྡ་ལ་ལྟོས་མེད་པར། །དངོས་ནུས་ཉིད་ལས་མིག་བློར་འགྱུར། །གལ་ཏེ་གཟུགས་ནི་བརྡ་དྲན་ལ། །ལྟོས་ནས་དབང་པོའི་བློ་དག་ལ། །ནུས་འགྱུར་ལྟོས་མེད་མ་ཡིན་ན། །རྟགས་བཞིན་དྲན་པ་ཉིད་ལ་འགྱུར། ༈ །དེ་ནི་དེ་འབྲེལ་སྐྱེ་བའི་ཕྱིར། །དྲན་ལས་དབང་བློ་འགྱུར་བའམ་མིན། །དེ་ལས་དུས་གཞན་དུས་ཡང་འགྱུར། །ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། ༈ །གལ་ཏེ་རིམ་གྱིས་གཉིས་རྒྱུ་ཡིན། །ཐ་དད་མེད་ཕྱིར་སྔར་ཉིད་འགྱུར། ༈ །དབང་པོའི་བློ་རྒྱུ་གཞན་ཡིན་ན། །དེ་ལ་དྲན་པ་དོན་མེད་འགྱུར། །བརྡ་དྲན་ཇི་ལྟར་བརྡར་བཏགས་པ། །གྲུབ་པའི་དོན་དུ་འདོད་པ་དང༌། །ཁྱད་པར་བརྡར་བཏགས་མེད་འཛིན་ན། །དེ་ལ་དྲན་པ་དོན་ཅི་ཡོད། །སྤྱི་ཙམ་འཛིན་པ་ཡིན་ན་ནི། །ཁྱད་པར་ལ་ལྟོས་མི་རུང་ངོ༌། ༈ །དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། ༈ །གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །འོ་ན་ཅི་ཕྱིར་གཉིས་རག་ལས། །སྐྱེ་བ་དེ་ནི་ངེས་མི་བརྗོད། ༈ །གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། ༈།དབང་པོའི་ཐ་སྙད་ལ་དེ་ཡོད། །སྦྱར་བར་བྱ་བའང་དེ་ཆོས་ཡིན། ༈ །དེ་ཕྱིར་ཐ་སྙད་འདི་ལ་ནི། །སྦྱར་བྱ་རང་བཞིན་རྟགས་ཡིན་ཏེ། །ཁྱབ་པར་བྱེད་པའི་རང་བཞིན་ནི། །ལོག་པའི་ཕྱིར་ནི་ལྡོག་པར་འགྱུར། །བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང༌། །རྣམ་པར་རྟོག་དང་རྗེས་སུ་འབྲེལ། ༈ །དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་


DTG174_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། ༈ །རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་དེ་གཅིག་ལ་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། ༈ །གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང༌། །ཅིག་ཅར་དུ་མ་འཛིན་མ་ཡིན། ༈ །ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཅིག་ཅར་འཛིན་པར་སྣང་བ་ཡིན། ༈ །འདི་ལ་མགྱོགས་པ་བཤད་ཟིན་ཏོ། ༈ །རིམ་བཞིན་འབབ་པ་དེ་ཉིད་ལ། །ཇི་ལྟར་རིམ་མིན་འཛིན་མི་འགྱུར། ༈ །བློ་རྣམས་དག་ནི་ཐམས་ཅད་ཀྱང༌། །དུས་མཚུངས་ཅི་ལྟར་དེ་དག་ལ། །འགའ་ཞིག་རིམ་མིན་སྣང་བ་དང༌། །གཞན་ནི་རིམ་ལྡན་སྣང་བར་འགྱུར། །དེ་ཕྱིར་དོན་ཀུན་འཛིན་པ་ལ། །འདི་ནི་རིམ་མིན་ཐལ་བར་འགྱུར། ༈ །ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཅི་ཡང་སྣང་བར་འགྱུར། །གལ་ཏེ་སྣ་ཚོགས་དེ་གཅིག་ན། །དེ་བས་ཆོས་འདི་ངོ་མཚར་ཆེ། ༈ །སྣ་ཚོགས་གཅིག་པའི་རང་བཞིན་མིན། །དཔེར་ན་ནོར་བུའི་གཟུགས་དེ་བཞིན། ༈ །སྔོ་སོགས་རྣམ་པར་དབྱེ་བ་ནི། །སྣམ་ཁྲ་ལ་སོགས་དག་ལའང་མཚུངས། ༈ །གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་མཐོང་ཞེ་ན། །གལ་ཏེ་སྔོ་སོགས་སྤངས་པ་ཡི། །ཁྲ་བོ་གཞན་མཐོང་ངོ་མཚར་རོ། ༈ །དུས་དང་དོན་གྱི་རྣམ་པ་ནི། །མཚུངས་པར་རྟོགས་པའི་བློ་དག་ལས། །གཅིག་ནི་རིམ་ལྡན་དོན་མང་དང༌། །གཅིག་ནི་རིམ་མིན་དོན་གཅིག་གིས། ༈ །བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། ༈ །གལ་ཏེ་དེ་རྒྱུ་མིན་ཞེ་ན། །ཐ་དད་བཞག་འདི་གང་གིས་འགྲུབ། ༈ །རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །རི་མོ་སོགས་བློ་སྣ་ཚོགས་མིན། །གཟུགས་མེད་ཕྱིར་ལྡན་སྣ་ཚོགས་མིན། །ཉེ་བར་བརྟགས་ལ་བརྟེན་པའང་མིན། །རེ་རེ་སྣ་ཚོགས་མིན་ཕྱིར་རོ། ༈ །རིམ་བཞིན་དུ་ནི་བཟུང་བ་ལ། །སྣ་ཚོགས་བློ་ཡིས་བསྲེས་མིན་ཏེ། །གཅིག་གིས་དུ་མ་མི་འཛིན་ཕྱིར། ༈ །དེ་ཕྱིར་གཅིག་དོན་དུ་མ་ཅན། །གང་ཕྱིར་དོན་གཅིག་རྟོག་པ་ནའང༌། །གཞན་དག་མཐོང་བ་དེ་ཕྱིར་ཡང༌། །རྟོག་པ་མེད་པར་གྲུབ་པ་ཡིན། ༈ །


DTG174_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཅི་ལྟར་སྣང༌། ༈ །ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་འབྲེལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། ༈ །གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། ༈ །བློ་དེ་ལ་ཡང་མི་འགྱུར་རོ། །གལ་ཏེ་དོན་རྣམས་བདག་ཉིད་འདིར། །འདོད་ན་དེ་ལ་ངས་ཅི་བྱ། །དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་དེ་བདག་ཉིད། །གཅིག་ལ་བཀག་པ་ཉིད་ཕྱིར་དང༌། །མང་པོ་ལ་ཡང་ཡོད་མ་ཡིན། ༈ །ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། ༈ །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཉིད། །དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། ༈ །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །དངོས་རྣམས་ཐ་དད་གནས་པ་འདི། །དེ་ཐ་དད་ལ་བརྟེན་པ་ཡིན། །དེ་ནི་བསླད་པ་ཉིད་ཡིན་ན། །དེ་དག་ཐ་དད་ཀྱང་བསླད་འགྱུར། ༈ །གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། ༈ །ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། ༈།མ་རིག་གིས་བསླད་བདག་ཉིད་ལ། །ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། ༈ །ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །དེ་ཉིད་དེ་ནི་རིག་མ་ཡིན། །གཟུང་དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། ༈ །དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འགའ་ཞིག་གིས། །ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཤེས་པ་སྔོ་སོགས་སྣ་ཚོགས་པ། །ཤེས་པའི་ཁྱད་པར་གཞན་རྟེན་མེད། །མཐོང་ནུས་མ་ཡིན་དེ་ཡི་ཚེ། །རྣམ་དབྱེ་དོན་ལ་འཇུག་པར་འགྱུར། །


DTG174_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གང་ཇི་ལྟར་སྣང་བ་དེ། །དེ་ལྟ་ཉིད་དུ་མྱོང་བ་ཡིན། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། ༈ །རས་སོགས་གཟུགས་ནི་གཅིག་ཡིན་ན། །དེ་བཞིན་རྣམ་དབྱེ་མེད་པར་འགྱུར། །ཐ་དད་ཅན་ནི་རྣམ་བསལ་བ། །ཐ་དད་མེད་པ་གཞན་མཐོང་མེད། ༈ །གལ་ཏེ་དབང་པོ་ལ་སོགས་བཞིན། །ཁྱད་པར་སྐྱེས་གྱུར་མང་པོ་དག །ཅིག་ཅར་བློ་ཡི་རྒྱུར་འགྱུར་ཡང༌། །འགལ་བ་དག་ནི་ཅི་ཞིག་ཡོད། ༈ །རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །དེ་ལ་བློ་ནི་གང་དུ་སྣང༌། །དེ་ནི་དེ་ཡི་གཟུང་བར་བརྗོད། ༈ །ཇི་ལྟར་རང་གི་ཡན་ལག་བཅས། །ཅིག་ཅར་ཡན་ལག་ཅན་བཟུང་ཡིན། ༈ །ལྐོག་ཤལ་སོགས་མཐོང་མེད་པར་ནི། །བ་གླང་ཤེས་པ་མཐོང་བ་མེད། ༈ །གལ་ཏེ་ཡོན་ཏན་གཙོ་བོ་དག །ཅིག་ཅར་རྟོགས་པར་འདོད་ན་ཡང༌། །ཅིག་ཅར་ཡན་ལག་རྫོགས་འཛིན་མིན། །ཡོན་ཏན་ལ་སོགས་ལྡན་པའང་མིན། ༈ །ཁྱད་པར་དང་ནི་ཁྱད་པར་ཅན། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཡན་ལག་ཉིད་དུ་ཉེར་བཟུང་གང༌། །དེ་ཉིད་ཀྱིས་ནི་དེ་འཛིན་འགྱུར། ༈ །རང་གིས་དངོས་པོ་གཞན་དག་ལས། །ཐ་དད་མེད་ཕྱིར་ཡོན་ཏན་སོགས། །ཐ་དད་བྱེད་པའང་མ་བཟུང་ཕྱིར། །གཞན་གཞན་མཐོང་ཡང་བློ་གཅིག་འགྱུར། ༈ །ཡོན་ཏན་ལ་སོགས་ཁྱད་པར་ནི། །གཟུང་ཕྱིར་དུ་མ་རྟོགས་འགྱུར་ན། །འགྱུར་མོད་དེ་ལྟ་ཡིན་ན་ཡང༌། །འདི་དག་གི་འབྲེལ་འཚོལ་བར་འགྱུར། ༈ །སྒྲ་སོགས་དུ་མ་ཉིད་ཡིན་ཕྱིར། །ཅིག་ཅར་དུ་མ་འཛིན་པར་གྲུབ། །བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཕྱིར། ༈ །ཆོས་ཅན་ཐམས་ཅད་ལས་ལྡོག་པ། །གང་དང་གང་ལས་ལོག་དེ་ལས། །ཐ་དད་བརྟགས་པའི་ཐ་དད་ཅན། །དེ་ནི་དུ་མའི་ངོ་བོ་ཉིད། །བརྟགས་པའི་རང་བཞིན་ཐ་དད་པ། །སྣ་ཚོགས་སྣང་བ་དེ་དག་ནི། །རྟོག་པ་མེད་སེམས་སྣ་ཚོགས་མིན། །རེས་འགའ་པ་ཡི་སྤྱོད་ཡུལ་མིན། །གལ་ཏེ་དཀར་སོགས་ཡོད་གྱུར་ཀྱང༌། །དབང་པོའི་སྤྱོད་ཡུལ་ཅི་འདྲ་བ། །དེ་ནི་སྒྲ་ཡིས་བརྗོད་མིན་ཏེ། །ཤེས་པའི་རང་


DTG174_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཐ་དད་ཕྱིར། ༈ །བློ་རྣམས་དོན་གཅིག་ཉིད་ཡིན་ཡང༌། །རྟེན་སྣ་ཚོགས་པས་དེར་འགྱུར་ན། །ད་ནི་རྣ་བ་ལ་སོགས་སེམས། །ཐ་དད་དོན་ཅན་དེ་གང་ལས། །སེམས་ཀྱི་རྟེན་ནི་གཞན་དང་གཞན། །སྐྱེས་སུ་ཆུག་ཀྱང་གཅིག་ཉིད་ཀྱི། །དངོས་དེ་རང་བཞིན་སྣ་ཚོགས་སུ། །སྣང་བ་དེ་ནི་གང་ལས་ཡིན། ༈ །མཐོང་བ་རྟགས་པ་མེད་པར་ནི། །བརྗོད་དང་རྣམ་རྟོག་འཇུག་པའི་ཕྱིར། །མཐོང་ལས་བ་གླང་ལ་སོགས་པའི། །ངོ་ཤེས་པ་ནི་བཟློག་པ་ཡིན། ༈ །བ་ལང་ལ་སོགས་མཐོང་བ་ལ། །རིགས་སོགས་བརྗོད་དང་རྣམ་རྟོག་དག །རྗེས་སུ་འགྲོ་ལས་རྗེས་དཔོག་གང། །དེ་ཡང་འདི་ཡིས་སུན་ཕྱུང་ངོ། ༈།མཐོང་བ་ཐ་དད་ཉིད་ཡིན་ཡང༌། །ངོ་ཤེས་པ་ཞེས་བྱ་བ་ཡི། །རྣམ་རྟོག་གཅིག་ནི་རང་བཞིན་གྱིས། །བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། ༈ །སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །མ་མཐོང་འཛིན་ན་ལོང་བ་ལ། །སོགས་པ་ཡིས་ཀྱང་དོན་མཐོང་འགྱུར། ༈ །སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང༌། །སྐད་ཅིག་མིན་ན་མཚན་ཉིད་ནི། །ཁྱད་པར་བཅས་པ་བརྗོད་བྱར་འགྱུར། ༈།བྱ་བ་བསྒྲུབས་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་ལ། །དབང་པོ་ཅན་ནམ་གཞན་དག་ནི། །སྒྲུབ་པར་བྱེད་པ་ཇི་ལྟར་འདོད། ༈ །དངོས་པོ་དེ་ལས་སྐྱེ་བའི་བློའང༌། །ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར། །གཞན་གྱིས་ཁྱད་པར་བྱ་མིན་ན། །དེ་ལ་ལྟོས་པ་འགལ་ཕྱིར་རོ། །དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། ༈ །རང་དོན་རྗེས་འགྲོའི་དོན་ལྟོས་ཅན། །དབང་སྐྱེས་བློ་ནི་རྒྱུ་ཡིན་ནོ། །དེ་ཕྱིར་འདི་གཞན་འཛིན་ན་ཡང༌། །ངེས་པ་འཛིན་པར་འདོད་པ་ཡིན། །དེ་དང་བྱེད་དུས་མཚུངས་མེད་ཅན། །རང་ཤེས་དུས་ཅན་དོན་དག་ནི། །ཅི་ལྟར་དབང་པོའི་ཤེས་པ་ཡི། །ལྷན་ཅིག་བྱེད་པ་ཡིན་ཞེ་ན། །མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། ༈ །དུས་ཐ་དད་པས་


DTG174_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འཛིན། །ཞེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། ༈ །རྒྱུ་དུ་མ་ཉིད་ཡོད་ན་ཡང༌། །འབྲས་བུ་རྗེས་བྱེད་སྐྱེ་བ་གང༌། །དེ་ནི་དེ་ཡི་ངོ་བོ་དེ། །བཞག་དང་གཟུང་ཞེས་བརྗོད་པ་ཡིན། ༈ ། བདེ་སོགས་བདག་ཉིད་གཞན་མི་བསྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན། ༈ །དེ་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། ༈ །གཞན་ཡང་རིག་བྱེད་མིན་དེ་དག །རང་གི་ངོ་བོ་ཅི་ལྟར་རིག །དོན་གཅིག་ལ་བརྟེན་རྣམ་ཤེས་ཀྱི། །རིག་བྱ་ཡིན་ཞེས་འགའ་ཞིག་ཟེར། ༈ །དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། ༈།རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །བདེ་སོགས་དེ་ཅིས་ཤེས་མ་ཡིན། ༈ །དོན་བཅས་དབང་པོ་རུང་བ་དང༌། །བདག་ཉིད་ཇི་ལྟའི་སེམས་ཡོད་ན། །བདེ་བ་ལ་སོགས་སྐྱེ་བར་མཐོང༌། །ཡིད་ཀྱང་དེ་དང་མཚུངས་པ་ཡིན། །དེ་དག་མེད་དང་ཡོད་པ་ན། །འགའ་ལ་བདེ་ལ་སོགས་དང་བློ། །སྐྱེ་དང་མི་སྐྱེ་མཐོང་དེའི་ཕྱིར། །དེ་ལས་དེ་སྐྱེ་གཞན་ལས་མིན། ༈ །དེ་དག་ཉིད་ཀྱི་ཁྱད་པར་ལས། །བདེ་སྡུག་ལ་སོགས་ཐ་དད་ཡིན། །དཔེར་ན་བློ་དེ་ཉིད་ཀྱིས་ནི། །གསལ་དང་མི་གསལ་ཐེ་ཚོམ་བཞིན། ༈ །དོན་གང་ཉེ་བས་བློ་དང་ནི། །བདེ་སོགས་དེ་དག་སྐྱེ་འགྱུར་བ། །དེ་བོར་ནས་ནི་བདེ་སོགས་ཉིད། །དེས་ནི་ཅི་ལྟར་རྟོགས་པར་འགྱུར། ༈ །རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། །མགྱོགས་ཕྱིར་ཞེ་ན་དེ་མཚུངས་ཕྱིར། །མྱོང་བ་མེད་པར་ཅིས་མ་ཡིན། ༈ །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང༌། ༈ །བདེ་སོགས་མེད་ཀྱང་དོན་དག་ལས། །སྐྱེ་ཕྱིར་དེ་ནུས་གྲུབ་མེད་ཕྱིར། ༈ ། གཉིས་ཀྱིས་སོ་སོ་སོ་སོར་ཡང༌། །ནུས་པ་ཡིན་ན་སྔོ་སོགས་བཞིན། །བདེ་སོགས་འབའ་ཞིག་འཛིན་པར་འགྱུར། །དེ་རྒྱུའི་དོན་ནི་མ་བཟུང་བར། །དེ་མྱོང་བར་ནི་མི་རིགས་སོ། ༈ །དོན་དང་ལྷན་ཅིག་ཉིད་འཛིན་ན། །བདེ་སོགས་ཀྱི་ནི་ནུས་པ་ཅི། །གང་ཕྱིར་དེས་བསྐྱེད་བློ་མི་འདོད། ༈ །དོན་མེད་པར་ནི་བདེ་ལ་སོགས། །མིག་སོགས་རྣམས་ཀྱིས་མྱོང་ན་ནི། །གཟུགས་སོགས་བུད་མེད་སོགས་ཁྱད་པར། །ནམ་ཡང་མིག་གིས་འཛིན་མི་འགྱུར། །ནང་གི་


DTG174_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ནུས་པའི་དོན། །ཡོད་ན་ཕྱི་རོལ་མཐོང་མི་འགྱུར། །དོན་འཛིན་ན་ནི་དེ་ལས་སྐྱེས། །བདེ་བ་ལ་སོགས་མྱོང་མི་འགྱུར། ༈།ཡུལ་དེ་དང་ནི་དེ་ཡོད་ལས། །བློ་ནི་ཅིག་ཅར་སྐྱེ་ན་ནི། །ཅིག་ཅར་དོན་ནི་ཡོད་པ་ན། །བདེ་སྡུག་དག་ནི་རིག་པར་འགྱུར། ༈ །ནང་གི་ཉེར་ལེན་ཤེས་པ་ཡང། །ཡོད་ན་སྡུག་བསྔལ་ལ་སོགས་འབྱུང༌། །གཅིག་པོ་དེ་ནི་འགལ་བ་ཡི། །ཉེར་ལེན་མིན་པར་འདོད་ཅེ་ན། །གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། ༈ །བདག་པོ་ཉིད་དུ་འགྱུར་ཡིན་ན། །དེ་ནི་འགལ་བ་དག་ལའང་མཐོང༌། །དཔེར་ན་སྣང་གཅིག་མཚན་རྒྱུ་དང༌། །དེ་ལས་གཞན་པའི་དབང་པོ་དག །གཟུགས་མཐོང་བ་དང་མི་མཐུན་དང༌། །མཐུན་པ་ཅིག་ཅར་བྱེད་པ་བཞིན། ༈ །དེ་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང༌། །དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། ༈ །ཕྱི་རོལ་དོན་ནི་དངོས་སུ་མིན། །རང་བདག་རིག་བྱེད་འདི་དག་ནི། །དོན་ལས་སྐྱེས་པ་ཙམ་དུ་ཟད། །དོན་གྱི་བདག་ཉིད་དེ་དག་གི །རང་གི་བདག་གྱུར་དེས་མྱོང་ཡིན། །དེས་ན་དོན་མྱོང་བར་བཤད་དེ། །དམིགས་པ་ཉིད་ནི་དེར་སྣང་བའོ། ༈ །འགའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང༌། །གཟུང་བར་སྨྲ་སྟེ་དེ་ཡི་ཡང༌། །ཅིག་ཅར་གཉིས་འཛིན་མི་རིགས་སོ། །སྔོ་སོགས་རང་བཞིན་བདེ་སོགས་དང༌། །གཅིག་ཕྱིར་ཅིག་ཅར་འཛིན་ཞེ་ན། ༈ །ཐ་དད་སྣང་ཅན་སེམས་ཀྱིས་ནི། །གཟུང་དེ་ཅི་ལྟར་ཐ་མི་དད། །ཕྱི་དེར་ཁྱད་པར་ཡོད་མིན་ཡང༌། །གོམས་པ་ཡི་ནི་ཁྱད་པར་ལས། །བློ་ལ་དགའ་དང་ཡོངས་སུ་གདུང༌། །ཁྱད་པར་དུ་ནི་མི་འགྱུར་རོ། །གལ་ཏེ་བློ་ཡང་བདེ་སོགས་ཀྱི། །བདག་ཉིད་ཡིན་པས་མི་འགལ་ན། །ད་ནི་ཕྱི་དེ་བདེ་སོགས་ཀྱི། །བདག་ཉིད་ཡིན་ཞེས་ཅི་ལྟར་རྟོགས། ༈།གལ་ཏེ་རིགས་ནི་ཐ་དད་དག །གཟུང་འཛིན་མིན་ན་སྐྱེས་བུ་ནི། ཀུན་གྱི་འཛིན་བྱེད་མི་འགྱུར་ཏེ། །དེས་ན་ཟ་བ་པོ་ཉིད་ཉམས། ༈ །འདིས་ནི་རྒྱུ་དང་འབྲས་བུ་བསལ། །རྒྱུ་དང་འབྲས་བུ་མ་ཡིན་ཏེ། །གཟུང་དང་འཛིན་པ་ཉིད་མེད་ཕྱིར། །ཡོད་ན་དེ་ནི་གཞན་ལའང་འགྱུར། །དེ་ཕྱིར་དེ་ནི་ནང་ཉིད་དང༌། ༈ །མྱོང་བྱ་ཉིད་ཕྱིར་སེམས་


DTG174_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། ༈ །གང་གི་རང་བཞིན་མྱོང་བ་ཡིན། །དེ་ནི་དེ་ཡིས་མྱོང་མ་ཡིན། ༈ །གལ་ཏེ་དེ་རང་བཞིན་མིན་པ། །མྱོང་བས་བློ་གནས་དེ་རིག་ན། །མངོན་སུམ་དྲན་པའི་རྣམ་པ་ཅན། །མྱོང་བ་མ་གཏོགས་འདི་བློ་གང༌། །དེ་དང་དེ་དོན་ལ་བརྟེན་ནས། །བདེ་དང་སྡུག་བསྔལ་སོགས་མྱོང་བ། །གཅིག་ཉིད་འབྱུང་བར་འགྱུར་མཐོང་གི །བར་དུ་གཞན་ནི་མ་མཐོང་ངོ༌། ༈ །ལྕགས་གོང་དང་ནི་མེ་བཞིན་དུ། །འདྲེས་པས་རྣམ་དབྱེར་མེད་ཅེ་ན། ༈ །དེ་ལྟ་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མིན་བཞག་ཉམས། ༈ །ཐ་དད་མེད་མྱོང་གཅིག་ཡིན་ན། །དེ་ལྟར་གང་མིན་དེ་ཐ་དད། །ཅན་གྲུབ་འདི་སྒྲུབ་བྱེད་མིན་ན། །ཐ་དད་སྒྲུབ་བྱེད་འགྲུབ་མ་ཡིན། ༈ །སྡུག་བསྔལ་དཀར་སོགས་ཐ་དད་སྣང༌། །ཐ་དད་མ་ཡིན་བློ་མྱོང་ནི། །ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དད་མེད་རྟེན་ཅི། ༈།གཅིག་ཚེ་གསལ་བས་བསྒྲིབས་ན་ཡང༌། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། ༈ །རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་བསྒོམས་བྱུང་ཡིན། །རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། ༈ །འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། །རྐུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པ་མཐོང་བར་འགྱུར། །རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན་༈ ། རྨི་ལམ་ན་ཡང་དྲན་པ་དེ། །དེ་འདྲའི་དོན་ལྡན་མིན་པར་དྲན། ༈།མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམས་པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང༌། །གསལ་བར་སྣང་བ་ཅན་དུ་མཐོང༌། ༈ །དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །དེ་ལ་སྔར་བཤད་དངོས་པོ་བཞིན། །བསླུ་བ་མེད་ཅན་གང་ཡིན་དེ། །བསྒོམས་བྱུང་མངོན་སུམ་ཚད་མར་འདོད། །ལྷག་མ་ཉེ་བར་


DTG174_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསླད་པ་ཡིན། ༈ །ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། ༈ །མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང༌། །རྟེན་བསླང་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་མཐོང་ཕྱིར་རོ། ༈།རྗེས་དཔག་སོགས་གྲུབ་བརྗོད་པ་ནི། །སྔ་མ་གཉིས་ཉིད་བསྒྲུབ་ཕྱིར་རོ། ༈ །བརྡ་རྟེན་ཅན་དང་དོན་གཞན་ལ། །སྒྲོ་འདོགས་རྣམ་པར་རྟོག་པ་དག །མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །འགའ་ཚེ་འཁྲུལ་པའི་རྒྱུ་ཡིན་ནོ། ༈ །ཇི་ལྟར་ལྐོག་ཏུ་གྱུར་དོན་ཅན། །དྲན་པ་ལ་སོགས་རྟོག་པ་འདི། །བརྡ་ལ་ལྟོས་པའི་ངང་ཚུལ་ཅན། །མངོན་སུམ་དོན་ལ་འཛིན་མི་བྱེད། །དེ་ལྟར་ཉམས་མྱོང་དྲན་མེད་བར། །བུམ་པ་ལ་སོགས་པ་དག་ལ། །ཤེས་ཡོད་མིན་པས་དེ་ཡང་ནི། །མངོན་སུམ་ལས་ནི་ཡོངས་ཉམས་འགྱུར། ༈ །འདིར་ནི་བཞི་པ་དམིགས་བསལ་ཏེ། །དེར་ནི་ཉེར་གནོད་ལས་སྐྱེས་བརྗོད། །དེ་ལ་རབ་རིབ་འབའ་ཞིག་ནི། །ཉེར་གནོད་མཚོན་པར་བྱེད་པ་ཡིན། ༈ །དེ་ཡང་ཡིད་ཀྱི་ཞེས་ཁ་ཅིག །སྔོ་དང་ཟླ་གཉིས་ལ་སོགས་བློའི། །དབང་པོའང་རྒྱུ་ཡིན་ཞེས་བྱ་བའི། །གཞུང་འདི་དང་ནི་དེ་དག་འགལ། ༈ །གལ་ཏེ་བརྒྱུད་པས་རྒྱུ་ཡིན་ན། །དབང་པོའི་ཤེས་པའི་སྤྱོད་ཡུལ་དག །དཔྱད་པ་འདི་ལ་ཡིད་ཀྱི་ནི། །སྐབས་སུ་ཅི་ལྟར་འགྱུར་བ་ཡིན། ༈ །དབང་རྟེན་གང་ཡིན་གལ་ཏེ་གང༌། །དབང་པོ་ཡོད་མེད་རྗེས་འཇུག་ཅན། །དེ་མཚུངས་གལ་ཏེ་འགྱུར་ལྡན་ན། །དེ་འདི་ཉིད་ན་ཅི་ཕྱིར་འགོག་༈ །འདིར་ཡང་སྦྲུལ་སོགས་འཁྲུལ་པ་བཞིན། །དབང་པོའི་འགྱུར་བ་ཡོད་ན་ཡང༌། །ལྡོག་འགྱུར་དབང་པོའི་བསླད་པ་ནི། །ལོག་ཀྱང་ལྡོག་པར་མི་འགྱུར་ཞིང༌། །དེ་བཞིན་གཞན་གྱི་རྒྱུད་ལ་ནི། །བརྗོད་པ་དག་གིས་འགའ་ཚེ་འཇོག །མཐོང་བ་དྲན་ལ་ལྟོས་འགྱུར་ཞིང༌། །ཡོངས་སུ་གསལ་བར་སྣང་མི་འགྱུར།


DTG174_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་རྟོག་མེད་གཉི་གར་ཡང༌། །དེ་ལྟ་མིན་ན་རྟོག་པ་ཡིན། །དེ་ཕྱིར་དེ་རྟོག་མེད་ན་ཡང༌། །ཚད་མ་ཉིད་ནི་བཀག་པ་སྟེ། །བསླུ་བའི་ཕྱིར་རོ་དེ་དོན་དུའང༌། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། ༈ །བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་དེ་སྒྲུབ་བྱེད། །དེ་ལ་ཉམས་མྱོང་ཙམ་དུ་ནི། །འདྲ་བའི་བདག་ཅན་ཤེས་པ་ནི། །གང་གི་ལས་ནི་སོ་སོ་ལ། །རྣམ་འབྱེད་དེ་བདག་འགྱུར་བ་ཡིན། ༈ །བདག་ཉིད་འགྱུར་མིན་རྒྱུ་དག་ལ། །ཐ་དད་ཡོད་ཀྱང་ཐ་དད་ཀྱི། །ལས་ལ་ཐ་དད་མེད་པ་འདི། །ཐ་དད་པར་ནི་ངེས་བྱེད་མིན། ༈ །དེ་ཕྱིར་འདི་བདག་ཐ་དད་པ། །གང་ལས་འདི་འདིའི་རྟོགས་པ་ཞེས། །བྱེད་པ་ཡི་ནི་ལས་ངེས་ཏེ། །དེ་ཡི་སྒྲུབ་བྱེད་ཅན་དུ་གྲུབ། ༈ །རྣམ་འགས་ཤེས་པའི་རང་བཞིན་ནི། །ཐ་དད་པར་ནི་བྱེད་ན་ཡང༌། །འདི་ནི་དོན་དང་འབྲེལ་བྱེད་པ། ༈ །དོན་གྱི་ངོ་བོ་ལས་གཞན་མིན། ༈ །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །སྒྲུབ་བྱེད་གཞན་ཡིན་ན་དེ་ནི། །དེ་ལས་དང་འབྲེལ་མི་འགྲུབ་པོ། ༈ །དེ་ཡང་དེ་ཡི་བདག་ཉིད་ཡིན། །དེས་ན་འབྲས་བུ་དོན་གཞན་མིན། ༈ །དེ་ཡི་བདག་ཉིད་འཛིན་པ་དེ། །དོན་རྟོགས་པ་ཡི་བདག་ཉིད་ཀྱི། །བྱེད་པས་རང་གི་ལས་ལ་ནི། །བྱེད་དང་བཅས་པ་ལྟ་བུར་སྣང༌། །བདག་ཉིད་བྱེད་པོ་མིན་ན་ཡང༌། །དེ་ཡི་དབང་གིས་དེར་བཞག་ཕྱིར། །དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི། །བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། །བྱ་བ་བདག་ཉིད་མ་ཡིན་ཡང༌། །འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། ༈ །དེ་ཕྱིར་མཐོང་དང་དབང་འབྲེལ་དང༌། །ཁྱད་པར་གྱི་ནི་བློ་དེ་དག །བྱ་བ་ལ་ནི་ཆོད་པའི་ཕྱིར། །ཚད་མ་ཉིད་དུ་མི་འདོད་དོ། །བྱ་བ་ལ་ནི་བྱེད་པ་རྣམས། །ཐམས་ཅད་ཉེ་བར་སྦྱོར་ན་ཡང༌། །ཐ་མའི་ཐ་དད་བྱེད་གང་དེ། །དེ་ཡི་སྒྲུབ་བྱེད་དམ་པར་འདོད། ༈ །


DTG174_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །འདི་འདྲ་དབང་པོ་ལ་ཡོད་མིན། །དེ་ཐ་དད་ཀྱང་ཐ་དད་མེད། །འདི་འདི་ཞེས་བྱ་དེ་གང་ལས། །འདིས་ནི་ལྷག་མ་བཤད་པ་ཡིན། ༈ །དེ་དངོས་མེད་ན་ཁྱད་པར་གྱི། །བློ་ཡང་ཐ་དད་མེད་འགྱུར་ཏེ། །བློ་གཞན་དག་ཀྱང་དེ་བཞིན་ནོ། ༈ །བྱ་བ་དང་ནི་སྒྲུབ་བྱེད་གཉིས། །ཡུལ་ཐ་དད་པའང་མི་འདོད་དོ། །དོན་གཅིག་ཡིན་ན་གཉིས་དོན་མེད། །རིམ་བཞིན་འབྱུང་བ་མེད་པར་འགྱུར། །བློ་ནི་ཅིག་ཅར་འབྱུང་འགྱུར་ན། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། །དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་གཞག །༈ །བདག་ཉིད་ཀུན་གྱིས་འབྲེལ་ན་ཡང༌། །ཆོས་འགའ་ཞིག་ནི་རྟོགས་འགྱུར་བའི། །ངེས་པ་དེར་ནི་མི་འགྱུར་ཏེ། །འབྲེལ་པ་བྱེ་བྲག་མེད་ཕྱིར་རོ། ༈ །དེ་ཐ་དད་མེད་ཀྱང་གང་ལས། །ཐ་དད་དེ་འདིའི་ཚད་མ་ཉིད། ༈ ། འདུས་བྱས་ལས་ནི་མིན་དེའི་དངོས། །མིད་ན་དེ་ཡང་གཞག་མེད་ཕྱིར། ༈ །གལ་ཏེ་བྱ་བྱེད་གཅིག་ཡིན་པར། ༈ །འགལ་ལོ་ཞེ་ན་མི་བདེན་ཏེ། །ཆོས་ཐ་དད་པ་ཁས་ལེན་ཕྱིར། །དངོས་སུ་ཐ་དད་མེད་པར་འདོད། །བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། ༈ ། ཐ་དད་འདོད་པའི་དངོས་རྣམས་ལ། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། ༈།འོན་ཏེ་འདི་མྱོང་དེ་གང་ལས། །འདི་ནི་དེ་ཉིད་རྣམ་དཔྱོད་ཡིན། །རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །དེ་ཕྱིར་དེ་ནི་དོན་དངོས་མིན། ༈ །ཡིན་ཡང་འཁྲུལ་པ་ཅན་ཡིན་པས། །དེ་མྱོང་བ་ཡི་ངོ་བོ་ཉིད། །སྒྲུབ་པར་བྱེད་པར་ནུས་མ་ཡིན། །དེ་འདྲ་བ་དང་དེ་ལས་བྱུང༌། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། ། དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། ༈ །འདི་མཐོང་འདི་ཐོས་ཞེས་བྱ་བར། །གང་ལ་བློ་ནི་ངེས་པ་དེ། །དེས་མྱོང་ཡིན་ན་གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ། །སྣང་དང་མཐོང་བ་དེ་དག་གི །ཉེ་བ་དེ་ཉིད་དཔྱད་བྱ་ཡིན། །དེ་དག་


DTG174_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་ལ་བརྟེན་ནས། །ལྟ་བ་པོ་ཡི་དེས་དེ་ཡིན། ༈ །དེ་ཡི་མྱོང་དེ་བདག་ཉིད་དེ། །དེ་ཡང་གཞན་འགའ་ཞིག་གི་མིན། །མངོན་སུམ་སོ་སོ་རིག་བྱ་ཡིན། །དེ་ཡི་དེ་ནི་བདག་ཉིད་ཡིན། ༈ །དེས་ན་ཉམས་མྱོང་བྱ་གཞན་མེད། །དེ་ལའང་མྱོང་བ་གཞན་ཡོད་མིན། །དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེ་ནི་རང་ཉིད་གསལ་བ་ཡིན། །དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །རང་བཞིན་ཉམས་སུ་མྱོང་བའང་དེ། །རང་གི་ངོ་བོ་མྱོང་གྱུར་ཀྱང༌། །སྔོ་སོགས་མྱོང་བར་སྣང་བ་ཡིན། ༈ །ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །དེ་ཡི་རིག་བྱ་དོན་གཞན་ན། །ཚོར་བྱ་ཚོར་བྱེད་འཐད་པར་དཀའ། ༈ །རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་གཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། ༈ །དེས་ན་གཞན་རིག་མེད་པའི་ཕྱིར། །རང་གི་འབྲས་བུ་ཡིན་པར་འདོད། ༈ །གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད་ཅི་ཡང་མེད། །ཕྱི་རོལ་དོན་ནི་མྱོང་གྱུར་བ། །འདི་ཉིད་ཀྱིས་ནི་ཅི་བརྗོད་འགྱུར། །གལ་ཏེ་བློ་ནི་དེ་རྣམ་ཅན། །རྣམ་པ་རྗེས་ཞུགས་ཅན་དེ་ཡོད། །དེ་ནི་ཕྱིའམ་གཞན་ལས་ཞེས། །འདི་ནི་དཔྱད་པར་རིགས་པ་ཡིན། ༈ །མཐོང་བའི་ཁྱད་པར་དང་བྲལ་བ། །མི་འཛིན་དེ་འཛིན་ན་འཛིན་ཕྱིར། །སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། ༈ །འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །གང་ཕྱིར་དེ་ལྟར་མྱོང་བ་དང༌། །དྲན་པས་འདི་ཡི་རྣམ་པ་གཉིས། །མྱོང་བ་ཉིད་ནི་འབྲས་བུ་ཡིན། ༈།གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །གཞན་འདོད་པའམ་མི་


DTG174_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ། །དེ་ཡི་དངོས་པོར་མ་གྲུབ་པ། །དེ་ནི་དེ་ལྟར་མྱོང་བ་ཡིན། ༈ །གང་ཚེ་ཤེས་ཆ་དོན་དུ་ནི། །གཞག་ཕྱིར་ཤེས་པ་ཡུལ་བཅས་པ། །དེ་ཚེ་བདག་ཉིད་ཉམས་མྱོང་གང༌། །དེ་ཉིད་དོན་དུ་རྣམ་པར་ངེས། ༈ །གལ་ཏེ་འདི་བདག་འདོད་རྣམ་དང༌། །རྣམ་པ་གཞན་དུ་མྱོང་གྱུར་ན། །འདོད་པའམ་མི་འདོད་པ་དེས་ཀྱང༌། །དོན་རིག་པར་ནི་འགྱུར་བ་མིན། །ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ཤེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཁས་བླངས་ན་ཡང་གཉིས་པོ་དག །ཐ་དད་པར་ནི་མྱོང་མི་འགྱུར། ༈ །མ་མཐོང་བསྒྲིབས་ཕྱིར་མིན་ཞེ་ན། །དོན་གྱི་དབང་གིས་རྟོགས་མི་འགྱུར། །དུ་མའི་བདག་ཉིད་དངོས་དེ་ལ། །གཅིག་གི་བདག་ཏུ་མཐོང་བྱེད་པ། །མ་མཐོང་བ་དེ་ཅི་ལྟར་ན། །དོན་མཐོང་བྱེད་པར་འགྱུར་བ་ཡིན། ༈ །གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། ། དེ་ལའང་འཆི་ལྟས་ལ་སོགས་པར། །མཚམས་སྦྱོར་མེད་སེམས་མཐོང་བ་ཡིན། ༈ །དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །གང་ཕྱིར་ཇི་ལྟར་འདི་རང་བཞིན། །དེ་ལྟར་དོན་ནི་རྣམ་པར་ངེས། ༈ །དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཡོད་དུ་ཟིན་ཀྱང་ནི། །དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། ༈ །གང་ཕྱིར་ཇི་ལྟར་དོན་བདག་དེ། །ཤེས་ལ་གནས་པ་དེ་ལྟ་བུར། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །དེ་ཕྱིར་དེ་ཉིད་དོན་རིག་འདོད། །འདི་ལྟར་དོན་བདག་སྣང་མ་ཡིན། །དེ་ཡི་སྒྲུབ་བྱེད་བློ་ལ་ནི། །གནས་དོན་དེ་ཡི་བྱ་བ་དེ། །གང་ཕྱིར་ཇི་ལྟར་དོན་དེ་ནི། །གནས་པ་དེ་ལྟར་དེ་རབ་གསལ། ༈ །དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །དེ་ཕྱིར་ཡུལ་ཐ་དད་པའང་མིན། །རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །དོན་རིག་དེ་བདག་ཉིད་ཕྱིར་རོ། ༈ །དེ་དང་འདྲ་བའམ་གཞན་འདྲའང་རུང༌། །ཤེས་པ་དེ་ལྟར་སྣང་བ་ཡིན། །རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། ༈།ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །དོན་དངོས་མེད་པར་སྣང་ཅན་དེ། །ཇི་ལྟར་དོན་འཛིན་ཞེ་ན་བདེན། །དེ་འདྲ་ངས་ཀྱང་མི་ཤེས་སོ། །


DTG174_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། ༈ །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་བ་ཡང༌། །རྣམ་པ་གཞན་དུ་སྣང་བཞིན་ན། །དེ་དག་མ་བསླད་མིག་ཅན་གྱིས། །དེ་ལྟར་མཐོང་བ་མེད་ཕྱིར་རོ། །དཔེར་ན་ཐག་རིང་མྱ་ངམ་ན། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། ༈ །དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་རོ། །གཞན་ལ་གཞན་ཉིད་ཉམས་ཕྱིར་དང༌། ༈ །རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །བློ་དངོས་ཐ་དད་མེད་མཐོང་ཕྱིར། །ཐ་དད་མེད་པར་ངེས་པར་འགྱུར། །གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཆོས་མཐུན་པ་ཉིད་མཐོང་བ་ལས། །དེ་བདག་མིན་ལ་དེ་བདག་ཏུ། །ཞེན་པས་འཇིག་རྟེན་པ་དག་གི །འཁྲུལ་སྐྱེ་འདི་ལ་དེ་མེད་དེ། །འགྲོ་བ་འདི་ལ་དེ་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །ནང་གི་བསླད་པ་ལས་བྱུང་གང༌། །དེ་ནི་ཉེས་པ་ལས་བྱུང་བས། །རང་བཞིན་གྱིས་ནི་ཕྱིན་ལོག་ཏུ། །སྣང་བ་ཅན་འདིའང་ཡོད་པ་ཡིན། །ཆོས་མཐུན་མཐོང་སོགས་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་དེ། །དེ་ཡི་བདག་ཉིད་ཕྱིར་བདག་རིག །དེ་ཕྱིར་དེ་ཡི་སྒྲུབ་བྱེད་ཡིན། ༈ ། དཔེར་ན་འདོད་ཆགས་སོགས་མྱོང་བཞིན། །རང་བདག་ཡུལ་དུ་བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་རུང༌། །དེ་ལྟར་རུང་ཉིད་དེ་ཆད་བདག །གཞལ་བྱ་


DTG174_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་འབྲས་བུ་ཡིན། ༈ །བདག་ལ་འཛིན་པའི་རྣམ་པ་ཞེས། །ཡོངས་སུ་གཅོད་པའི་བདག་ཉིད་དེ། །རུང་ཉིད་ཅེས་བྱ་ཚད་མ་དང༌། །རང་རིག་ཅེས་ནི་རབ་ཏུ་བཤད། །ཡུལ་རྣམས་ལས་ནི་བྱུང་བ་ཡི། །རྣམ་པར་ཤེས་པ་ཐམས་ཅད་དག །དེ་ལས་གཞན་རྒྱུ་ཡིན་ན་ཡང༌། །རྣམ་འགས་ཡུལ་གྱི་རྣམ་པར་འགྱུར། ༈ །དཔེར་ན་ཟས་དང་དུས་ལ་སོགས། །བུ་སྐྱེ་བ་ཡི་རྒྱུ་ཡིན་ཡང༌། །དེ་ནི་ཕ་མ་གཅིག་གི་གཟུགས། །འཛིན་འགྱུར་གཞན་འགའི་མ་ཡིན་བཞིན། །དེ་ལས་གཞན་དང་ཡུལ་དག་ནི། །དེ་རྒྱུ་ཉིད་དུ་མཚུངས་ན་ཡང༌། །དེ་ཆས་ཡུལ་ཉིད་ཡིན་འདོད་དེ། །དེ་མེད་པར་ནི་དེར་མི་འགྱུར། ༈ །དོན་དང་ལྡན་པའི་སེམས་ལ་ནི། །དོན་རྣམས་མེད་པར་དོགས་ན་ཡང༌། །འདས་པའི་དོན་ནི་འཛིན་པ་ལ། །ཚུལ་གཉིས་རང་རིག་གྲུབ་པ་ཡིན། ༈ །སྔོ་སོགས་ཐ་དད་ཅན་སྣང་ཕྱིར། །དེ་ལྡན་མིན་རིགས་དོན་མ་ཡིན། །རིགས་དེའང་མི་རྟག་མི་འགྱུར་ཞིང༌། །རྟག་ནའང་ཇི་ལྟར་སྐྱེད་བྱེད་ཡིན། ༈ །མིང་སོགས་སྔར་ནི་བཀག་ཟིན་ཏོ། ༈ །ཚུལ་འདི་དོན་ལྡན་མ་ཡིན་ཏེ། །འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། །དོན་གྱི་ནུས་པ་གྲུབ་མ་ཡིན། །རྣམ་པ་འདི་འདྲའི་ཤེས་པ་ནི། །དྲན་ཡིན་དེ་ཡང་མྱོང་ལས་བྱུང༌། །དེ་ཡང་དོན་རྣམས་སྟོང་ན་དེ། །དེ་ནི་ཅི་ལྟར་དེ་ལྡན་འགྱུར། ༈ །དེ་ཚེ་མེད་ཕྱིར་དོན་ལས་མིན། །དེ་ལྟར་མྱོང་ལའང་དེར་འགྱུར་རོ། །རྣམ་པ་དེ་ནི་དོན་གྱི་མིན། །གསལ་བའི་རྣམ་པས་དབེན་ཕྱིར་རོ། ༈ ། རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་དེ་བཞིན་རྟོགས་པར་འགྱུར། ༈།བདག་ལ་རྟག་ཏུ་འབྲེལ་ཡིན་ན། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། ༈ །རེ་རེ་དག་དང་འབྲེལ་ན་ནི། །མཚམས་སྦྱོར་བར་ནི་མི་འགྱུར་རོ། །དོན་གཅིག་མངོན་ཞེན་བདག་ཉིད་ཅན། །འཆད་པོ་ཉན་པོའི་སེམས་དག་གི །གལ་ཏེ་འདྲ་ལས་དེ་གཅིག་པར། །ཐ་སྙད་ཡོད་ན་དེར་སྣང་མིན། །ཐ་དད་བདག་ཉིད་ཇི་ལྟར་གཟུང༌། །དེ་ཚེ་བློ་དོན་མེད་ཅན་འགྱུར། །ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཆ་གཉིས་ལ་ནི་བརྟེན་གྱུར་པ། །རྣམ་པ་གཅིག་


DTG174_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱད་པར་ཅན། །དེ་ཤེས་པ་ཡིས་དམིགས་པར་འགྱུར། ༈།གཞན་དུ་དེ་རྣམས་ཅན་མིན་ན། །ཅི་ལྟར་ཤེས་ལ་གནས་པར་འགྱུར། ༈།འདི་ལྟར་ཕྱི་མ་ཕྱི་མ་ཡི། །ཤེས་པ་རྣམ་གཅིག་ལྷག་པ་ཉིད། །དོན་གྱི་ངོ་བོས་རྣམ་གཉིས་དང༌། །བདག་གི་རྣམ་པ་འགའ་ཞིག་ཏུ། །གཉིས་པ་དེ་ནི་གསུམ་པ་ཡི། །ཤེས་པ་ཡིས་ནི་རྟོགས་པར་འགྱུར། ༈ །དོན་འབྲས་ཉིད་ཀྱིས་ཤེས་དྲན་ན། །དོན་དྲན་ཕྱིར་ན་འཁྲུལ་པ་ཡིས། །གལ་ཏེ་སྲེ་ན་སྣང་བ་དང༌། །ཡིད་བྱེད་ལ་ཡང་དེར་འགྱུར་རོ། །དེ་བཞིན་འབྲས་བུ་ཐམས་ཅད་ཀྱང༌། །རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར། །དེ་ཕྱིར་རྫ་མཁན་ལ་སོགས་པ། །མེད་པར་བུམ་པ་དྲན་མི་འགྱུར། ༈ །ཁྱད་པར་གང་ལས་ཤེས་པ་ནི། །དོན་དང་འདྲེ་བ་བསྟེན་པ་དེ། །འདྲ་བ་ལས་གཞན་ཅིར་འགྱུར་ཏེ། མཚེ་མ་སོགས་ལ་མཐོང་ཕྱིར་ཕྱིར་རོ། ༈ ། དང་པོའི་རང་བཞིན་གཉིས་མིན་ན། །གཉིས་པའི་རང་བཞིན་གཅིག་ལ་ནི། །རྣམ་གནས་ངེས་པར་འཛིན་པ་ཡི། །སེམས་ཀྱིས་འབྱེད་པར་འགྱུར་མ་ཡིན། ༈ །དེ་ཕྱིར་སྔོ་སོགས་ངོ་བོ་རུ། །མདུན་ན་གནས་པར་འགྱུར་བའི་བློ། །དོན་སྲེ་བ་དང་འབྲེལ་བ་ཅན། །བློ་གཉིས་པས་ནི་དམིགས་པར་འགྱུར། ༈ །གཞན་དུ་དང་པོ་གཅིག་པུ་ཉིད། །དོན་ལས་བྱུང་ཕྱིར་འབྲེལ་འགྱུར་གྱི། །སྔ་མའི་དོན་དང་འབྲེལ་མཐོང་མེད། །ཤེས་པ་ཕྱི་མ་ཕྱི་མ་མིན། ༈ །ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ན་འགྲུབ་པར་འགྱུར། །རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །སྔོ་སེར་ཐ་དད་དག་ལ་ནི། །མྱོང་བའི་ངེས་པ་ཡོད་མ་ཡིན། ༈།མྱོང་བ་མེད་པར་དོན་འགའམ། །དོན་མེད་པ་ཡི་མྱོང་བ་ཡང༌། །མྱོང་བར་འགྱུར་བ་མ་མཐོང་བ། །དེས་ན་དེ་དག་ཐ་དད་མིན། ༈ །དེ་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི་ཤེས་ལས་གཞན་མིན་པ། །བཟློག་པར་རབ་ཏུ་དཀའ་བ་ཉིད། ༈ །རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་


DTG174_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྗེས་དཔོག་འགྱུར། །གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ས་བོན་ལས་ནི་མྱུག་སྐྱེ་དང༌། །དུ་བ་ལས་མེ་གྲུབ་པ་ཞེས། །དེ་འདྲ་ཕྱི་རོལ་དོན་རྟེན་ཅན། །བྱེད་པོ་ཤེས་བྱེད་གནས་པ་གང༌། ༈ །དེ་ཡང་གལ་ཏེ་དེའི་ངོ་བོར། །སྣང་བ་དེ་ལྟར་ངེས་འབྲེལ་བའི། །བློ་ལ་བརྟེན་ནས་རྟོག་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། ༈ །དུ་བ་མེས་བསྐྱེད་འགྱུར་བ་མིན། །དེ་ཕྱིར་འབྲས་ལས་རྒྱུ་རྟོགས་མིན། །དེ་རྒྱུ་དག་ནི་ཡིན་ན་ཡང༌། །གང་ལས་ངེས་པར་རྟོགས་པར་འགྱུར། ༈ །དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། ༈ །སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་དག་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །མཁས་པ་རྣམས་ལ་བརྗོད་འདི་ཡོད། །ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། ༈ །དབང་པོའི་ཁྱད་པར་གྱིས་གསལ་དང༌། །མི་གསལ་འདྲེན་མ་ལ་སོགས་པ། །སྣང་བ་ཐ་དད་འཛིན་པ་ཡི། །ཤེས་པ་དོན་གཅིག་ལ་དམིགས་སོ། ༈ །དེ་དོན་ལ་དེར་སྣང་མིན་ན། །དོན་གྱི་རང་བཞིན་གཅིག་པའི་ཕྱིར། །དེ་ཡི་དོན་ཅན་ཡིད་ཀུན་ནི། །རང་བཞིན་གཅིག་པ་ཉིད་དུ་འགྱུར། ༈ །དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང༌། །དེ་ཡི་ངོ་བོའི་རྗེས་བྱེད་པ། །དེ་ནི་གཞན་འགའ་ཞིག་ལས་ཀྱང༌། །ཆ་འགའ་ཡིས་ནི་ཐ་དད་འགྱུར། །འདི་ལྟར་ཕ་ལ་བརྟེན་ནས་བུ། །ཕ་དེ་ཡི་ནི་གཟུགས་ཡིན་ཡང༌། །འགའ་ཞིག་ལས་ནི་ཆ་འགའ་ཡིས། །ཐ་དད་པར་ནི་དམིགས་པ་ཡིན། ༈ །མར་མེ་ལ་སོགས་དཀྱིལ་འཁོར་ནི། །རྨ་བྱའི་མདོངས་ཀྱི་རྣམ་པ་ཅན། །སྔོ་དང་དམར་དང་མདངས་གསལ་བར། །མིག་མི་གསལ་བས་མཐོང་བར་འགྱུར། ༈ །དེ་དེ་ཕྱི་རོལ་དངོས་ཡིན་ན། །དབང་པོ་གསལ་ལ་ཅི་ནུས་མེད། ༈ །ཡང་དག་མཐོང་ན་དེ་མཐོང་བ། །དབང་པོ་ཉམས་པའང་ཇི་ལྟར་ཡིན། །རབ་རིབ་ཀྱིས་སྦྱངས་གསལ་བའི་མིག །


DTG174_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལས་འདས་མཐོང་དེ་ལ། །གཞན་གྱིས་མཐོང་བའི་དོན་དེ་ཡང༌། །ཇི་ལྟ་བུར་ན་གསལ་མ་ཡིན། ༈ །སྣང་དབང་ཡིད་ལ་བྱེད་པ་ལས། །གཞན་ནི་གཅིག་གི་ནུས་རྟོགས་པ། །དེས་ན་གཞན་ནི་རྒྱུ་མ་ཡིན། །རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། ༈ །གལ་ཏེ་དེ་ཉིད་བློ་རྒྱུ་ཡིན། །ཇི་ལྟར་མར་མེ་ལ་ལྟོས་འགྱུར། ༈ །མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཉེ་རིང་ལ་སོགས་ཁྱད་པར་གྱིས། །གསལ་དང་མི་གསལ་མི་རུང་ངོ༌། ༈།གལ་ཏེ་སྣང་ཁྱད་ལས་དེར་འགྱུར། །དེ་ནི་ཆོད་དང་མ་ཆོད་དག །མཐོང་ངམ་མི་མཐོང་མཚུངས་པར་འགྱུར། ༈ །གལ་ཏེ་སྣང་བ་མི་གསལ་བས། །དེ་ཆ་ཕྲ་མོ་འགའ་ཞིག་ནི། །མ་མཐོང་དེ་ཕྱིར་ཐ་དད་ན། །ཕྱི་རོལ་དོན་གཅིག་མཐོང་བ་དང༌། །མི་མཐོང་ཐ་དད་གང་ལས་ཡིན། །ཕྲ་རྡུལ་དུ་མ་ཐ་དད་མཐོང༌། །མི་མཐོང་ཐ་དད་གང་ལས་ཡིན། ༈།གལ་ཏེ་སྣང་བ་གསལ་མི་གསལ། །ཁྱད་པར་གྱིས་བློ་ཐ་དད་ན། །གཞན་ཐ་དད་པས་ཐ་དད་མེད། །གང་ལས་ཐ་དད་པར་སྣང་འགྱུར། །སྣང་བ་དེ་ཡང་ཅིས་མི་གསལ། །སྒྲིབ་ཕྱིར་དེ་འདིར་ཅིས་མ་ཡིན། །སྲབ་ཕྱིར་སྣང་བའང་དེ་ལྟ་ཉིད། །གཞན་དུ་སྲབ་མིན་ཡོད་པ་ཉིད། །ཤིན་ཏུ་ཉེ་ལ་སྣང་བ་ནི། །ཆེར་གསལ་དེ་ཡང་སྣང་བར་འགྱུར། ༈ །གལ་ཏེ་དེར་ཡང་མཐོང་མེད་ལ། །བརྟེན་ནས་གཟུགས་གཞན་འབྱུང་འགྱུར་ན། །དེ་དག་རྣམས་ནི་ཕན་ཚུན་དུ། །བསྒྲིབ་འགྱུར་དེ་ཕྱིར་སྣང་བ་ནི། །སྒྲིབ་བྱེད་དེ་ལ་གཅིག་སྣང་འགྱུར། །དེ་མ་བསྒྲིབས་ན་ཅིག་ཅར་ནི། །གསལ་དང་མི་གསལ་རང་བཞིན་དག །མཐོང་འགྱུར་མཐོང་མེད་ཀྱིས་གཅིག་བསྒྲིབས། །གང་གིས་དོན་དང་དོན་མིན་མེད། །དེ་ལ་མ་མཐོང་བས་ཅི་བྱེད། །དེ་ཕྱིར་དོན་བརྟེན་སྐྱེས་གྱུར་པའི། །མྱོང་བ་ཇི་ལྟའི་རྒྱུ་བཞིན་དུ། །རྣམ་པ་ཐ་དད་འཛིན་བྱེད་དེ། །ལྷག་མ་བློ་ངན་ལུགས་ངན་ཡིན། ༈ ། ཤེས་པ་སྒྲ་དང་མར་མེ་རྣམས། །མངོན་སུམ་དང་ནི་ཅིག་ཤོས་ཀྱི། །སྐྱེད་བྱེད་ཉིད་ཀྱིས་སྔ་མ་ཡི། །སྐད་ཅིག་རྣམས་ནི་ཞིག་པའི་ཕྱིར། །གང་གིས་ཤེས་ལ་མེད་གསལ་འགྱུར། །ཕན་འདོགས་བྱེད་པ་མ་ཡིན་གཞན། །གསལ་ན་དོན་ཀུན་གསལ་བར་འགྱུར། ༈ །གལ་ཏེ་


DTG174_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱུ་ལས་ངེས་ན། །ཤེས་ལ་རྟོག་པ་འདི་ཡང་མེད། །ངེས་བྱས་ཤེས་ལ་དེ་མེད་ཀྱང༌། །དོན་དུ་སྣང་བ་ཉིད་ཀྱི་ཕྱིར། །དེ་གསལ་བ་ཞེས་བརྗོད་པ་ཡིན། །ལྷན་ཅིག་སྐྱེས་པའི་དོན་གཞན་ནི། །ཕན་འདོགས་མིན་ཕྱིར་རྣམ་མི་བྱེད། །ཤེས་ལ་རང་གི་རྣམ་པ་ཡིས། །རྣམ་འབྱེད་མིན་གསལ་ཇི་ལྟར་འགྱུར། ༈ །བརྟན་གང་རྡོ་རྗེ་རྡོ་སོགས་ཀྱི། །དོན་ཡང་གཞན་ལ་ལྟོས་མེད་ཕྱིར། །འགྲོ་བ་ཀུན་གྱི་ཤེས་པ་ནི། །ཅིག་ཅར་རང་ཉིད་སྐྱེད་པར་འགྱུར། ༈ །ལྷན་ཅིག་བྱེད་པས་ཕན་འདོགས་ཕྱིར། །འདི་ཡི་དེ་དག་རིམ་འབྱུང་ན། །སྐད་ཅིག་སོ་སོར་གཞན་ཡིན་བརྗོད། །འདིར་ཡང་སྐྱོན་ནི་སྔར་བཞིན་ནོ། །དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། ༈ །དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །རང་སྤྱོད་ཡུལ་གྱིས་ཕྱེ་མེད་ཅིང༌། །ཐ་དད་པར་མྱོང་མེད་དེ་ལ། །འདི་ནི་འདི་ལྟའམ་འདི་ལྟར་ནི། །མིན་ཞེས་ཐ་དད་འདི་མེད་འགྱུར། །ཉམས་སུ་མྱོང་བ་ཙམ་གྱིས་ནི། །ཐ་དད་འགའ་ཞིག་རྣམ་འབྱེད་མིན། །ཐ་དད་གསལ་བ་མེད་པ་ལ། །རྣམ་འབྱེད་བློ་མེད་ཚེ་སོགས་བཞིན། ༈ །ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་མྱོང་བར་གྲུབ་ཕྱིར་རོ། ༈ །དེ་དངོས་ཅན་གྱི་བློ་ཡིས་ནི། །ཤེས་འགགས་ཇི་ལྟར་མྱོང་བ་ཡིན། ༈ །དེས་རང་ངོ་བོའང་མྱོང་མེད་ཕྱིར། །ཉམས་མྱོང་མ་ལུས་ལྡོག་པར་འགྱུར། །དོན་དུ་སྣང་བ་དང་ལྡན་ཤེས། །དེ་ནི་ཕྱི་རོལ་མངོན་ཕྱོགས་སྣང༌། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཡུལ་གང་གི་ནི་སྣང་བ་གང༌། །དེས་དེ་མྱོང་མིན་ཞེས་པའང་འཐོབ། །གལ་ཏེ་དེ་དང་འདྲ་བ་ལས། །མྱོང་གཞན་ཅི་ཡོད་ཅེས་འདོད་ན། །འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། ༈ །གལ་ཏེ་བློ་འདྲ་དེ་མྱོང་ན། །ད་ནི་འདྲ་ལས་མྱོང་མ་ཡིན། །དེ་ཡི་མྱོང་དེ་རང་ཉིད་དེ། །དེ་ནི་འདྲ་བའི་རྒྱུ་ཅན་མིན། ༈ །བྱ་བ་ལས་ཀྱི་རྣམ་གཞག་གི །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །རང་གི་ངོ་བོའི་རང་བཞིན་དེའི། །མྱོང་བ་སྒྲོ་འདོགས་འཁྲུལ་པ་ལས། །སྔོ་སོགས་མྱོང་བར་གྲགས་ཡིན་གྱི། །གཞན་གྱི་བདག་ཉིད་


DTG174_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ལས་མིན། ༈ །བློ་ནི་སྔོ་སོགས་དངོས་ཡིན་ན། །ཕྱི་རོལ་དོན་ལ་ཚད་མ་གང༌། །བློ་ནི་སྔོ་སོགས་དངོས་མིན་ན། །དེ་ནི་ཇི་ལྟར་དོན་མྱོང་ཡིན། ༈ །གང་ཚེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་ཅན་མ་ཡིན་ན། །འདི་དེ་རང་ཉིད་གྲུབ་པས་ན། །དོན་གྱིས་ཅི་ཞིག་ཉེ་བར་སྒྲུབ། ༈ །བདག་ཉིད་ཀུན་གྱིས་འདྲ་ན་ནི། །ཤེས་པ་ཤེས་པ་ཉིད་མིན་འགྱུར། །ཆ་འགའ་ཞིག་གིས་མཚུངས་ན་ནི། །ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །ཇི་ལྟར་སྔོ་སོགས་ངོ་བོའི་ཕྱིར། །སྔོ་སོགས་ཉམས་སུ་མྱོང་བར་འདོད། །དེ་བཞིན་ཉམས་མྱོང་ངོ་བོའི་ཕྱིར། །དེ་ཡང་ཉམས་སུ་མྱོང་བར་འགྱུར། །ཉམས་མྱོང་ཉམས་སུ་མྱོང་ངོ་ཞེས། །དོན་བཞིན་དུ་ནི་ངེས་མིན་པ། །དེ་ཕྱིར་ཉེས་པ་མེད་ཅེ་ན། །དོན་ལའང་དེ་ནི་རྟག་ཏུ་མེད། །ཡོད་པ་ཉིད་ཀྱི་རྒྱུ་ཡོད་ན། །མྱོང་ལ་མེད་པའང་ཅི་ཡི་ཕྱིར། ༈།གཞན་ཡང་དཀར་སོགས་མཐོང་བ་ན། །དཀར་སོགས་མངོན་པར་གསལ་བ་ཡི། །རང་བཞིན་རིག་པ་གསལ་བ་ནི། །སྐྱེས་པའི་སྣང་བ་འདི་གང་ཡིན། །དེ་ཅི་དཀར་སོགས་མངོན་གསལ་ལས། །གཞན་དངོས་འོན་ཏེ་བདག་གྱུར་ཡིན། ༈།གཞན་དངོས་ཡིན་ན་གསལ་བ་ནི། །གསལ་མིན་ཅི་ལྟར་དཀར་གསལ་འགྱུར། ༈ །ཤེས་པ་གསལ་ཡིན་དེ་གསལ་མིན། །འགྲོ་བ་མ་ལུས་གསལ་མ་ཡིན། །གསལ་བ་གསལ་གཞན་གྱིས་གསལ་ནའང༌། །ཐུག་པ་མེད་པར་ཐལ་འགྱུར་ཕྱིར། །མཐོང་དང་འབྲེལ་པ་ཤེས་མེད་པ། །ཅི་ལྟར་དེ་ཡིས་ཁྱད་པར་འགྱུར། ༈ །གང་ཕྱིར་གཉིས་ལས་གཅིག་རྟོགས་ཚེ། །གཉིས་པ་མཐོང་བ་ཡོད་མ་ཡིན། །གཉིས་དག་འབྲེལ་པར་མཐོང་བ་ན། །མཐོང་ཞེས་བྱ་བར་ངེས་པར་འགྱུར། །གང་གིས་མཐོང་བ་འདྲ་བ་ནི། །སེམས་གཞན་གྱིས་ནི་མཐོང་གྱུར་པ། །དེ་ལ་མཐོང་ཞེས་བརྗོད་ཅེ་ན། །འདི་འདྲ་བས་ན་རང་རིག་གྲུབ། །ཅི་སྟེ་རང་དངོས་མི་རིག་ན། །ཅི་ལྟར་གཞན་གྱི་ངོ་བོ་རིག །འདྲ་བ་ལས་ནི་མྱོང་ཞེས་པའང༌། །སྔར་ཉིད་རྣམ་པར་གསལ་བ་ཡིན། །མཐོང་བ་དག་ནི་འདྲར་འཛིན་ན། །དོན་ནི་སྔར་མཐོང་ཡོད་མིན་པས། །ཅི་ལྟར་དེ་ནི་མཐོང་བ་དང༌། །འདྲ་བ་ཡིན་པར་


DTG174_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ངེས་འགྱུར། །འདྲ་བ་ཉིད་ཀྱང་མི་འདོད་པ། །གང་ཡིན་དེ་ལ་གཉིས་མཐོང་མེད། །དེ་ཚེ་དོན་དང་ཤེས་པ་ཞེས། །དེ་དག་སྨོས་སུ་ག་ལ་ཡོད། ༈ །ཅི་སྟེ་རབ་དངོས་འོ་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། ༈ །གང་ཕྱིར་དེ་མི་གསལ་ན་ནི། །དོན་མི་གསལ་བ་ཉིད་དུ་འགྱུར། །བདག་རིག་མིན་པའི་ཕྱོགས་དག་ལ། །དོན་ཀུན་མཐོང་མེད་འདི་ཡིས་ནི། །བློ་ནི་མངོན་སུམ་མིན་སྨྲ་བ། །གང་ཡིན་དེ་ལའང་ལན་བཏབ་པོ། ༈ །རྟེན་དམིགས་གོམས་པའི་ཁྱད་པར་ལས། །ཐ་དད་པར་ནི་འཇུག་པ་ཅན། །བདེ་སྡུག་འདོད་པ་ལ་སོགས་པའི། །ཁྱད་པར་མངོན་སུམ་དེ་དག་ནི། །བློ་ཉིད་དེ་ལས་ཐ་དད་གཞན། །དེ་ཤེས་གང་ཡིན་ཅུང་ཟད་ཀྱང༌། །རྟོགས་མེད་གཞན་གྱིས་རིག་ཡིན་ན། །གཞན་གྱིས་ཀྱང་ནི་དེ་སྦྱོང་འགྱུར། །གལ་ཏེ་དེས་བསྐྱེད་པ་དང་དེར། །སྣང་བའི་བློ་རིགས་གཞན་མིན་ན། །དམིགས་པར་བྱེད་པ་གཞན་ལ་ཡང། །གཉིས་འདི་གདོན་མི་ཟ་བར་ཡོད། །ཅི་སྟེ་དེ་ལས་སྐྱེས་མིན་ཞིང༌། །དེར་སྣང་ཅན་ཡང་མ་ཡིན་ན། །བློ་དེ་ཡུལ་མེད་ཅན་དུ་འགྱུར། །དེ་མ་བཟུང་ན་སྤྱི་དག་ཀྱང༌། །མི་འཛིན་དེ་ནི་ཅུང་ཟད་ཀྱང༌། །དངོས་མིན་ཞེས་ཀྱང་སྔར་བཤད་དོ། ༈ །དེ་ཕྱིར་དོན་སྣང་བ་དེ་ནི། ། བློ་དེ་ལས་གཞན་མིན་དེས་ན། །མངོན་སུམ་དང་ནི་བདག་རིག་གྲུབ། ༈།གལ་ཏེ་དེ་ལ་འཛིན་བྱེད་ཀྱང༌། །མངོན་སུམ་ཉིད་ནི་མིན་ཞེ་ན། །དོན་མཚུངས་ཐ་དད་དེ་གང་ལས། ༈ །མ་མཐོང་དོན་གཅིག་ལྡན་སོགས་ཀྱིས། །གལ་ཏེ་མྱོང་བ་དེས་ཡིན་ན། །གཞན་ནི་རྣམ་ཀུན་འཛིན་མི་འགྱུར། །མྱོང་བའི་དབྱེ་བའང་གསལ་ཟིན་ཏོ། ༈ །གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་པ། །མྱོང་ལ་ཉམས་མྱོང་མཚུངས་པས་ན། །དེ་ཡང་དེ་བཞིན་གདུང་བར་འགྱུར། ༈ །གལ་ཏེ་ཡུལ་དབང་འདུས་མེད་པས། །དེ་ལས་བྱུང་བའི་སྡུག་བསྔལ་ནི། །དེ་དག་ལ་ནི་སྐྱེ་མིན་ན། །སྡུག་བསྔལ་སྐྱེས་པར་གྱུར་ཉིད་ནི། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་སྐྱེས་པ་ཡིན། ༈ །སྡུག་བསྔལ་ལ་སོགས་མྱོང་མིན་པར། །གདུང་དང་ཕན་འདོགས་རྒྱུ་མ་ཡིན། །གང་ཚེ་རང་ཉིད་


DTG174_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི། །རང་གི་ངོ་བོར་སྣང་བ་ནི། །གདུང་ཡིན་དེ་དམིགས་ཤེས་མིན་པ། །དེ་ཚེ་དེ་ལྟར་ཐལ་མི་འགྱུར། ༈ །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། ༈ །གཞན་ཡང་མངོན་སུམ་མེད་པས་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། ༈ །དེ་ཡང་དབང་པོ་དོན་ནམ་བློ། །ཡང་ན་ཡིད་བྱེད་སྔ་མར་འགྱུར། །རྒྱུ་འབྲས་ཚོགས་པ་འདི་དག་ལས། །འབྲེལ་པ་ཅན་གཞན་ཡོད་མིན་ཏེ། །ནུས་པ་མཐོང་བ་མེད་ཕྱིར་རོ། ༈ །དེ་ལ་འཁྲུལ་ཕྱིར་དབང་པོ་མིན། །དོན་ཡང་དེ་བཞིན་བློ་ཡིད་བྱེད། །ཤེས་ཡིན་དེ་ཡང་མ་གྲུབ་ཉིད། །མ་གྲུབ་པ་ནི་རྟགས་ཉིད་མིན། ༈ །གལ་ཏེ་དོན་གསལ་རྟགས་ཡིན་པར། །འདོད་ན་དེ་ཉིད་ཤེས་མིན་ནམ། །འདིས་ནི་གསལ་གྱུར་དོན་གསལ་ཏེ། །གསལ་བ་ཉམས་སུ་མྱོང་མིན་ན། །དེ་ཡིས་གསལ་འགྱུར་མི་ངེས་ཕྱིར། །འོན་ཏེ་གསལ་ཏེ་དོན་ཉིད་ཀྱི། །ཁྱད་པར་འགའ་ཞིག་ཡིན་འདོད་ན། །སྐྱེ་བ་དང་ནི་འཇིག་མེད་པའི། །དོན་ལ་ཁྱད་པར་འགའ་ཡང་མེད། །དེ་འདོད་ན་ཡང་ཤེས་སོ་སོར། །སྐད་ཅིག་འཇིག་པར་ཐལ་བར་འགྱུར། ༈ །དེའང་དེས་པའམ་ཤེས་མ་གྱུར། །གལ་ཏེ་ཤེས་པ་རྟགས་ཡིན་ན། །ཤེས་པར་ཡོངས་སུ་བཅད་མེད་པར། །དེས་ཤེས་ཞེས་བྱ་དེ་གང་ལས། ༈ །ཤེས་གྱུར་ཉིད་དུ་བཅད་མེད་ཀྱང༌། །དེ་ནི་ཅི་ལྟར་གོ་བྱེད་ཡིན། ༈ །མཐོང་བ་མཐོང་གྱུར་མིན་གཞན་གྱུར། །མཐོང་གྱུར་འགར་ཡང་མཐོང་འགྱུར་མེད། །ཁྱད་པར་དེ་གཞན་མཐོང་བ་ལའང༌། །ཡོད་ཕྱིར་རང་བློ་རྟོགས་པར་འགྱུར། །དེ་ཕྱིར་རང་ཆོས་ལྟོས་མེད་ཅན། །དོན་ཆོས་ཡན་གར་བ་ལས་ནི། །བློ་ནི་རྗེས་སུ་དཔོག་མ་ཡིན། ༈ །བློ་རྟགས་མངོན་སུམ་གང་ཡིན་པ། །རང་ཆོས་རང་བློ་ལས་གཞན་ཅི། །རྒྱུ་མཚུངས་པ་ལས་སྐྱེས་པ་དེ། །བློ་ལས་ཐ་དད་གང་ལས་ཡིན། །གཞན་


DTG174_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དེ་ཡང་འཁྲུལ་པ་ཅན། ༈ །གཟུགས་སོགས་ཡུལ་ནི་ལྔ་པོ་དང༌། །དབང་པོ་དང་ནི་དམིགས་པ་དག །མ་གཏོགས་དེ་ཡི་འབྲས་བུ་གཞན། །ཉེ་བར་མཚོན་པ་མ་ཡིན་ནོ། ༈ །དེ་ལ་གཉིས་ནི་དབང་པོ་འདས། །དོན་ལྔ་དག་ལ་གཟུགས་མཐོང་ལས། །སྐྱེས་པ་གཞན་དུ་སྲིད་བྲལ་བ། །གང་ཡིན་གཅིག་ཀྱང་རྟོགས་པ་མེད། །དེ་ལྟར་ཤེས་མེད་གང་ཡིན་ཏེ། །རྟགས་ཞེས་བྱ་བ་བབ་ཆོལ་ཡིན། །རྟགས་ཡོད་ན་ཡང་དེ་དང་ནི། །ལྷན་ཅིག་འབྲེལ་པ་མཐོང་མེད་པར། །ཅི་ལྟར་རྟོགས་འགྱུར་རྟགས་དག་ནི། །མ་མཐོང་བ་ཡི་གསལ་བྱེད་མིན། ༈ །རྟགས་དེ་ཉིད་ལས་སྔར་དེ་ནི། །གྲུབ་པ་ཉིད་དུ་བརྗོད་ན་ནི། །དེ་ལ་ཡང་ནི་དཔེ་གཞན་ཞིག །བསྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། ༈ །དེ་ཕྱིར་བློ་ལས་དོན་གྲུབ་ཀྱི། །དོན་ལས་ཇི་ལྟར་ཡང་དེ་མིན། དེ་མ་གྲུབ་པར་དོན་རང་ཉིད། །རབ་ཏུ་གྲུབ་པ་མེད་ཕྱིར་རོ། ༈།མངོན་སུམ་བློ་དང་དེ་ལས་ནི། །བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་པ་མཐོང་མེད་ཕྱིར། ༈ །ཡིད་ཀྱི་བློ་ལ་དོན་གྱི་རྟགས། །རབ་ཏུ་གྲུབ་པ་ཡོད་མིན་ཕྱིར། ༈ །ཁྱོད་ཀྱི་བློ་ནི་བློ་གཞན་གྱིས། །ཅི་ལྟར་རབ་ཏུ་གསལ་བར་འགྱུར། །གསལ་མིན་བདག་ཏུ་མཚུངས་པའི་ཕྱིར། །གསལ་བྱ་གསལ་བྱེད་གང་ལས་ཡིན། ༈ །ཡུལ་ནི་ཅི་ལྟར་གསལ་བ་ཡིན། །གསལ་ལ་ངོ་བོ་འཕོ་ཕྱིར་རོ། །གསལ་དེའང་དེ་ཡི་ངོ་བོ་ཉིད། །རང་ཉིད་རབ་ཏུ་གསལ་བ་ཡིན། ༈།དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །དེ་ལྟ་མིན་ན་ཡུལ་ཡང་ནི། །བློ་དང་ལྷན་ཅིག་ཆོས་མཚུངས་ཉིད། ༈།དེའི་ཕྱིར་དེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོས་རབ་གསལ་ཞིང༌། །གཞན་དེར་ངོ་བོ་འཕོ་བ་ཡིས། །གསལ་བ་ན་ནི་རབ་གསལ་ཉིད། ༈ །འདྲ་བ་ཡིན་ཡང་དེ་ཡིས་ནི། །བློ་གཞན་རབ་ཏུ་གསལ་མི་འདོད། །རང་ཉིད་རབ་ཏུ་གསལ་ཕྱིར་དོན། །དེ་ཡི་ངོ་བོས་རབ་གསལ་ཡིན། ༈ །དཔེར་སྒྲོན་གཉིས་བཞིན་མར་


DTG174_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང༌། །བུམ་པ་དག་ཀྱང་དེར་བརྟེན་ནས། །གསལ་བྱ་གསལ་བྱེད་ངོ་བོ་ཡིས། །ཐ་སྙད་རབ་ཏུ་རྒྱས་པར་བྱེད། ༈ །ཡུལ་དང་དབང་པོ་ཙམ་གྱིས་ནི། །མཐོང་ཞེས་བྱ་བར་ངེས་མ་ཡིན། །དེས་ན་གང་ལས་འདིར་འགྱུར་བ། །གཞན་དེའང་མཐོང་བར་གདོན་མི་ཟ། ༈ །དྲན་པ་ལས་ཀྱང་བདག་རིག་གྲུབ། །ཤེས་པ་གཞན་གྱིས་རིག་ན་ནི། ༈ །རིང་སོགས་འཛིན་པར་མི་འགྱུར་ཏེ། །ཡུན་རིང་གནས་པ་མེད་ཕྱིར་རོ། །གནས་ན་གོ་རིམས་མེད་པས་ན། །བློ་ལ་ཅིག་ཅར་སྣང་བའི་ཕྱིར། །ཡི་གེ་རིམ་མེད་རིང་མི་འགྱུར། །ཕན་ཚུན་འདྲེ་བ་མེད་པ་ཡི། །ཡིག་ཆ་རིམ་ལྡན་ཅི་ལྟར་ན། །རིམ་མེད་པ་ནི་སྐྱེད་པར་བྱེད། ༈ །སྔ་མ་མཐའ་ཡི་བར་གནས་ན། །འོག་ཏུ་སྒྲ་ནི་འཕེལ་བར་འགྱུར། །རིམ་མིན་འཛིན་ཕྱིར་ཐ་མར་ནི། །རིམ་ལྡན་བློ་ཡང་མེད་པར་འགྱུར། །དེ་འོག་ཡུལ་ནི་གནས་མེད་ཕྱིར། །བློ་ནི་རང་ཉིད་གནས་མ་ཡིན། །རང་ཉིད་གནས་ན་ཕྱིས་ཀྱང་དེ། །མི་འཇིག་ཁྱད་པར་མེད་ཕྱིར་རོ། །ཡི་གེ་རིམ་མེད་ཅིག་ཅར་ནི། །སྐྱེས་པ་ལ་ཡང་སྐྱོན་འདི་ཡོད། །ལན་ཅིག་བརྩལ་སྐྱེས་ཕྱིར་རྩོལ་བ། །ཕྱི་མ་ཕྱི་མ་དོན་མེད་འགྱུར། །ཡི་གེ་རྣམས་ནི་གསལ་བ་ལའང༌། །སྐྱོན་འདི་རྗེས་སུ་གནས་པ་ཉིད། །དུ་མ་ཡིས་ནི་དེ་འཛིན་ན། །ཐ་མའི་བློ་གང་དེ་མྱོང་ལ། །དེ་ཡང་རིང་པོར་འཛིན་མིན་པ། །དེས་ན་རིང་བློ་དྲན་མི་འགྱུར། །བློ་རྣམས་སོ་སོ་ཐ་དད་དུ། །མྱོང་ན་དེ་སྒྲ་ཐོས་པ་ནི། ། ཆོད་པ་མེད་པར་སྣང་མི་འགྱུར། ༈ །སྦྱོར་བར་བྱེད་པའང་གསལ་བ་ཡིན། །གལ་ཏེ་ཆོད་པ་མཐོང་ཡང་འདི། །རྣམ་ཆད་མེད་པར་འཁྲུལ་འགྱུར་ན། །ཐུང་ངུ་གཉིས་ནི་བརྗོད་ན་ཡང༌། །རྣམ་ཆད་མེད་པར་འཁྲུལ་པར་འགྱུར། ༈ །དབང་པོས་རྣམ་བཅད་མཐོང་ན་ཡང༌། །དབང་པོ་ལས་ཆད་མེད་སྒྲོ་འདོགས། །མི་རུང་དབང་པོའི་བློ་རྣམས་ཀུན། །ཕྱིན་ཅི་ལོག་ཏུ་ཐལ་ཕྱིར་རོ། ༈ །ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམས་ཚད་དུ་གནས་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། ༈ །རྡུལ་


DTG174_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྒྲེས་དུས་ཆུད་པ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། ༈ །བློ་ཡང་སྐད་ཅིག་དེ་ཡི་ཕྱིར། །ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །དེ་ཕྱིར་ཡི་གེ་གཟུགས་སོགས་ལ། །བློ་གཞན་གྱིས་ནི་ཆོད་ན་ཡང༌། །ཆོད་པ་མེད་པར་སྣང་བ་ཅན། །ཐམས་ཅད་ལོག་པའི་དོན་ཅན་འགྱུར། །དབང་པོའི་འཁྲུལ་པ་ལས་གཞན་དུ། །དངོས་པོ་རྣམས་ནི་སྦྱོར་བྱེད་པ། །ཐ་དད་མཚོན་མེད་འཁྲུལ་པ་ཅན། །དྲན་ཡིན་དེ་ནི་རྣམ་རྟོག་ཅན། །བརྗོད་དང་རྗེས་འབྲེལ་དེ་ལ་ནི། །གསལ་བར་སྣང་ཉིད་ག་ལ་ཞིག །དབང་པོས་བཟུང་ལ་སྒྲ་སྦྱོར་བ། །ཡོད་པ་མིན་ཞེས་བཤད་ཟིན་ཏོ། ༈ །དབང་པོས་ཆོད་པ་མཐོང་ན་ཡང༌། །གལ་ཏེ་རྟོག་པས་སྦྱོར་བྱེད་ན། །དོན་དང་དེ་ཡི་མྱོང་བ་ནི། །རྒྱུན་མི་འཆད་པར་སྣང་བ་དག །རིགས་དམ་གནོད་པ་ཅན་མེད་ན། །ཆོད་པ་ཞེས་བྱ་དེ་གང་ལས། །གལ་ཏེ་བློ་ནུས་ངེས་པའི་ཕྱིར། །ཞེ་ན་དེ་ནི་གང་ལས་འདོད། །ཅིག་ཅར་བློ་མཐོང་མེད་ཕྱིར་ན། །དེ་ཉིད་འདི་ལྟར་དཔྱད་བྱ་ཡིན། །དེ་རྣམས་རིགས་མཐུན་པ་ཉིད་ལ། །ནུས་པ་ངེས་པར་གྱུར་པ་ཡིན། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། ༈ །འདིས་ནི་གང་ཞིག་མཐོང་དོན་ལ། །ངོ་ཤེས་བྱེད་པའི་རྟོག་པ་དག །གསལ་བར་སྣང་བས་མངོན་སུམ་དུ། །རྟོག་པ་དེ་ཡང་བསལ་བ་ཡིན། །སྐྲ་དང་སྒོང་དང་མར་མེ་སོགས། །ཐ་དད་རྟོགས་པ་དག་ལ་ཡང༌། །གསལ་སྣང་ཡོད་ཕྱིར་དེ་འདྲའི་བློ། །ཅི་ལྟར་མངོན་སུམ་ཡིན་པར་འགྱུར། །དེ་ཕྱིར་ངོ་ཤེས་པ་ལས་ནི། །ཡིག་སོགས་གཅིག་ཏུ་ངེས་པ་མེད། ༈།སྔོན་མྱོང་དྲན་ལས་དེ་ཡི་ཆོས། །སྒྲོ་འདོགས་མེད་པར་དེ་ཉིད་ནི། །འདི་ཞེས་བྱ་བར་ཤེས་པ་མེད། །དེ་ཡང་ཇི་ལྟར་དབང་སྐྱེས་ཡིན། །དོན་དང་ཤེས་པ་མྱོང་བ་དག །ཅིག་ཅར་འབྱུང་བར་འདོད་མིན་ཞིང༌། །དོན་དང་ཤེས་པའི་སྣང་བ་དག །སོ་སོར་རྟོགས་པའང་ཡོད་མ་ཡིན། །དོན་དུ་སྣང་བའི་རྣམ་ཤེས་དང༌། །ཕྱི་རོལ་གྱི་ནི་དོན་འབའ་ཞིག །བློ་རྣམས་གཅིག་གིས་གཟུང་


DTG174_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། །ཐ་དད་མེད་པར་ཐལ་ཕྱིར་རོ། །ལེགས་པར་རྟོགས་པའི་ཁྱད་པར་གྱིས། །མྱོང་བ་ལེགས་པར་རྟོགས་མེད་པའི། །དོན་དང་དོན་ཤེས་གང་དེ་དག །ཕྱི་ནས་ཇི་ལྟར་སོ་སོར་དྲན། །དོན་དང་དོན་གྱི་ཡིད་དག་གི ། མྱོང་བ་རིམ་བཞིན་སྐྱེ་བ་ལའང༌། །སྣང་བ་སྣ་ཚོགས་པ་ཉིད་ཀྱི། །བརྩད་པའི་སྐྱོན་འདི་གདོན་པར་དཀའ། །འདི་ལྟར་སྔོན་པོ་ལ་སོགས་པའི། །རྣམ་གཅིག་ཉིད་དམ་མྱོང་བ་གཅིག །རྟོགས་ཀྱི་སྔོན་པོར་སྣང་བ་ནི། །མྱོང་ལ་མྱོང་བ་གཞན་མ་ཡིན། ༈ ། ཤེས་པ་གཞན་གྱིས་རྗེས་མྱོང་བར། །འགྱུར་བ་དེ་ལའང་དྲན་པ་མཐོང༌། །དེ་ནི་གང་གིས་མྱོང་བ་ཡིན། །གལ་ཏེ་དེ་ཡང་གཞན་གྱིས་ན། ༈ །ཤེས་རིག་འཕྲེང་བ་རྗེས་འབྲེལ་ཅན། །འདི་སྐྱེད་དེ་ནི་གང་ཞིག་ཡིན། །གལ་ཏེ་སྔ་བློ་དེ་ཉིད་ན། །ཡུལ་གཞན་ལ་ནི་འཕོ་མི་འགྱུར། ༈ །གཟུང་བའི་མཚན་ཉིད་ཀྱིར་གྱུར་པ། །ཉེ་བར་སྐྱེད་བྱེད་བློ་དེ་དག །མི་འཛིན་པར་ནི་ཤེས་ཕྱི་མ། །ཅི་ལྟར་གཞན་ནི་འཛིན་པར་འགྱུར། ༈ །བདག་ལ་ཤེས་བསྐྱེད་རང་བཞིན་དུ། །ངེས་པའི་ནང་གི་ཡན་ལག་ནི། །དེ་དག་ལ་གཞན་ཕྱི་ཡི་ནི། །ཡན་ལག་གང་གིས་གེགས་བྱེད་འགྱུར། ༈ །ཕྱི་རོལ་དོན་ནི་ཉེ་བས་ཀྱང༌། །དེ་ལ་གེགས་བྱེད་ནུས་མ་ཡིན། །གཞན་དུ་ཡུལ་ནི་ཉེ་བ་ན། །འགས་ཀྱང་བློ་མྱོང་མི་འགྱུར་རོ། ༈ །དོན་དེ་མིན་པའི་གནས་སྐབས་འགའ། །ཡོད་མིན་དེས་ན་རྩ་བ་ནི། །མེད་ན་བློ་ཡི་དྲན་པ་ཡང༌། །མེད་ཕྱིར་འདོད་པ་ཨ་རེ་མཛེས། ༈ །འདས་སོགས་རྣམ་རྟོག་གང་དག་ལ། །དོན་ཉེ་བ་ནི་ཡོད་མིན་ལ། །འཕོ་བའི་རྒྱུ་ནི་མེད་པའི་ཕྱིར། །དོན་ལ་སྤྱོད་པ་མི་སྲིད་འགྱུར། །གལ་ཏེ་བདག་ལ་ཤེས་བསྐྱེད་པའི། ། ནུས་པ་རིམ་གྱིས་ཟད་པ་ན། །ཡུལ་གཞན་ལ་ནི་འཕོ་འགྱུར་ན། ༈ །དོན་བློ་དེ་ནི་གང་ལས་ཡིན། །སྔར་གྱི་བློ་ནི་ནུས་ཟད་ན། །དོན་ལ་འཕོ་བར་མི་འགྱུར་ཏེ། །བློ་སྔོན་མེད་པར་བློ་མ་ཡིན། །དོན་གཞན་ཆགས་ཞེས་ནུས་ཉམས་ན། །ཤེས་པ་སྐྱེ་བ་


DTG174_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་ཕྱིར། །ཅིག་ཅར་རིགས་མི་མཐུན་སྐྱེ་ཡང༌། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །དེ་ལྟ་མིན་ན་ཡིད་འཇུག་ནི། །མཚུངས་ལ་ཡིད་གཞན་ལྟོས་མི་འགྱུར། །ཡེ་ཤེས་རིམ་བཞིན་སྐྱེ་བས་ཀྱང༌། །ལྟོས་པ་རབ་ཏུ་གྲུབ་པ་ཡིན། ༈ །ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །བདག་ཡིད་ལྡན་པ་ཙམ་ལས་ནི། །སྐྱེ་ནའང་ཅིག་ཅར་སྐྱེ་བར་འགྱུར། །གཅིག་ལས་བྱ་བ་གཅིག་ཡིན་ནའང༌། །ཅི་ལྟར་མར་མེ་དུ་མས་མཐོང༌། ༈ །རིམ་གྱིས་ཀྱང་ནུས་མེད་འགྱུར་ཏེ། །ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །འདིས་ལུས་སྐྱེས་བུ་བཤད་པ་ཡིན། ༈ །གལ་ཏེ་འདུ་བྱེད་ལས་དེས་ན། །དེ་ཕྱིས་གང་ལས་བློ་ཉིད་ལས། །ཞེ་ན་ཡིན་མོད་འདོད་པ་ཉིད། ༈ །གཟུང་ལ་གཟུང་ཉིད་སྐྱེད་བྱེད་ལ། །གཞན་མིན་སྐྱེད་བྱེད་ཉིན་མཚན་ཉིད། །སྣང་བ་གཟུང་བ་མ་ཡིན་མེད། །ཆ་མེད་པ་ལ་ཕྲ་སོགས་མེད། ༈ །གཟུང་བའི་ནུས་པ་ཉམས་འགྱུར་གྱི། །སྐྱེད་བྱེད་བདག་ཉིད་གཞན་མིན་ན། །གཟུང་བའི་མཚན་ཉིད་ཅན་ལ་ནི། །གཟུང་ལས་སྐྱེད་བྱེད་གཞན་མེད་དེ། །གཟུགས་སོགས་དེ་ལྟ་མིན་པར་ནི། །བློ་ལ་དངོས་སུ་ཕན་འདོགས་མེད། ༈ །གཟུང་བའི་མཚན་ཉིད་ལས་འདི་ཡི། །དེ་དངོས་ངེས་པ་གཞན་ཅི་ཡོད། །བློ་ལའང་དེ་ཡོད་དེ་ཡི་ཕྱིར། །དེ་ཡང་དེ་ཉིད་དུ་རྣམ་གནས། །འཛིན་པ་ཡི་ནི་ཉེར་ལེན་དང༌། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། ༈ །གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །དེ་ལ་ཕྲ་སོགས་ངོ་བོ་ཡིས། །གཟུང་བ་གཟུང་མིན་ཉིད་འགྱུར་ན། །གཟུགས་སོགས་བློ་ལ་སྔར་མེད་གང༌། །


DTG174_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་སྐྱེས་པ་ནི་ཅི་ཞིག་ཡོད། ༈ །དེ་ཕྱིར་རང་བློ་འཛིན་འགྱུར་ན། །དེ་མ་ཐག་པའི་རྒྱུ་ཡི་སེམས། །གང་ཡིན་དེ་ཉིད་འཛིན་འགྱུར་བ། །དེས་ན་དོན་གཞན་རྟོགས་མི་འགྱུར། ༈ །ནུས་པ་དུ་མ་གཅིག་མེད་ཀྱང༌། །དངོས་རྣམས་ངོ་བོ་ཉིད་ཀྱི་འབྲས། །གཅིག་དང་དུ་མ་བྱེད་ཅེས་བརྗོད། ༈ །གལ་ཏེ་གཅིག་ལས་དུ་མ་མིན། །མ་ཡིན་འགའ་ཞིག་གཅིག་ལས་གཅིག །འབྲས་བུ་ཚོགས་པ་དག་ལས་བྱུང༌། །གཅིག་ཀྱང་ཚོགས་པ་གཉིས་འགྱུར་ཕྱིར། །དེ་ནི་དུ་མ་བྱེད་ཅེས་བརྗོད། ༈ །གལ་ཏེ་བློ་གཞན་དོན་དང་ནི། རྣམ་ཤེས་སྔ་མ་འཛིན་འགྱུར་ན། །སྔ་ཕྱིར་སྣང་བ་ཅན་ཉིད་ཕྱིར། །དཔྱོད་པ་ལ་སོགས་དོན་གཅིག་ལ། །རྟག་ཏུ་རིམ་གྱིས་མཐོང་བ་ཡི། །བརྗོད་ཉིད་རིམ་མིན་ཉིད་འགྱུར་ཞིང༌། །གཅིག་ཀྱང་གཉིས་གཉིས་སྣང་བར་འགྱུར། །བདག་དང་དེ་རིག་སྣང་བའི་ཕྱིར། ༈ །གལ་ཏེ་ཡུལ་གཞན་འཕོ་བ་ན། །ཐ་མ་ཉམས་སུ་མྱོང་མིན་ན། །གཞན་གྱིས་ཉམས་སུ་མྱོང་བ་བཞིན། །ཐམས་ཅད་མྱོང་མེད་ཐལ་བར་འགྱུར། ༈ །གལ་ཏེ་བདག་མྱོང་མངོན་སུམ་ཡིན། །གཞན་གྱིས་མྱོང་འགྱུར་མ་ཡིན་ན། །གང་གིས་དེ་སྐད་བརྗོད་འགྱུར་བ། །བདག་གིས་མྱོང་དེ་གང་ལས་གྲུབ། ༈ །གསལ་རྒྱུ་མ་གྲུབ་པར་འགྱུར་གྱི། །གསལ་བར་འདོད་པའི་གསལ་བ་མིན། །གལ་ཏེ་གསལ་པར་མ་གྲུབ་ཀྱང༌། །གསལ་ན་འགྲོ་འདི་གསལ་བར་འགྱུར། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།། །།གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །དེ་སྤང་ཕྱིར་བདག་མཐོང་བའི་ཚིག །༈ །ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་འདོད་མ་ཡིན། །དེར་ནི་རྗེས་དཔག་འཇུག་མི་འགྱུར། །ལུང་ལ་གནོད་ཕྱིར་གཞན་ལ་ནི། །སྒྲུབ་བྱེད་བརྗོད་ཕྱིར་དེ་ཡི་ཚེ། །དེ་ནི་


DTG174_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མིན་དེ་བས་ན། །དེས་གྲུབ་མ་ལུས་གྲུབ་མ་ཡིན། ༈ །གལ་ཏེ་ལུང་དེ་ལྡན་ལ་གྲུབ། །ཅེ་ན་གང་གི་ལུང་གང་ཡིན། ༈ །ཚད་མས་གནོད་པར་གྱུར་པ་ཡི། །ལུང་དེ་ཇི་ལྟར་གྲུབ་པ་ཡིན། ༈ །དེ་དང་འགལ་བ་ཁས་ལེན་པ། །དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། །དེ་ལས་གཞན་པ་ཁས་ལེན་ན། །དེ་དོར་ཡན་ལག་ཚད་མ་མིན། ༈ །རང་རྟོགས་གང་ལས་བྱུང་གྱུར་པ། །སྒྲུབ་བྱེད་དེས་ནི་ཅིས་མ་བརྗོད། །རིག་པ་གང་གིས་ལུང་འཛིན་པ། །དེ་ནི་འདིས་ཀྱང་ཅིས་མི་འཛིན། །སྔར་ནི་སྒྲུབ་བྱེད་གང་དག་གིས། །ཐ་མལ་པར་གྱུར་རྟོགས་པ་དང༌། །དབང་པོ་འབྱུང་བའི་སྒྲུབ་དེ་དག །དེའི་དོན་ནུས་ཤེས་ལ་ནུས་ཡིན། ༈ །གང་ཡང་འབྲེལ་པ་རྣམ་ཆད་ཅན། །སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི། །དོན་དེ་དག་ལ་བསྒྲུབ་བྱ་དང༌། །སྒྲུབ་བྱེད་དཔྱོད་པ་ཅུང་ཟད་མེད། །སྐྱེས་བུའི་བསམ་པའི་དབང་གིས་ནི། །དེ་ཉིད་དེ་ཉིད་མིན་འཇོག་ན། །གཏན་ཚིགས་དེར་སྣང་མེད་འགྱུར་ཏེ། །དེ་ནི་དངོས་རྟེན་མིན་ཕྱིར་རོ། །དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །མེད་པ་ཤེས་པས་སྒྲུབ་བྱེད་མིན། ༈ །ཡོད་ཀྱང་དངོས་དང་འབྲེལ་མེད་པའི། །རྟོགས་པ་རྟོགས་པ་མེད་དང་མཚུངས། ༈ །རང་བཞིན་དང་ནི་འབྲས་བུའམ། ༈ །སྣང་བ་མཐོང་བ་མེད་ཉིད་རྟགས། ༈ །འབྲེལ་དེ་དངོས་ལ་གྲུབ་ཡིན་ན། །རང་ལ་ཅི་ཡི་ཕྱིར་མ་གྲུབ། །གཞན་གྱིས་ཀྱང་གཞན་ལས་རྟོགས་པར། །མི་རིགས་གཞན་གྱིས་བརྟགས་པ་ཡིས། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། ༈ །དོན་སྨོས་དེ་ནི་སྒྲ་དག་དང༌། །རྟོག་པས་སྒྲོ་བཏགས་བདག་ཉིད་ཅན། །རྟགས་ཉིད་མིན་པར་སྒྲུབ་དོན་ཏེ། །དོན་ལས་དོན་ནི་གྲུབ་ཕྱིར་རོ། །རྟོག་དང་ལུང་དག་བྱེད་པ་པོའི། །འདོད་པ་ཙམ་དང་རྗེས་འབྲེལ་དང། །དངོས་ལས་གཞན་དུ་སྲིད་པའི་ཕྱིར། །བཏགས་པ་དག་ནི་འཁྲུལ་པ་ཡིན། ༈ །དོན་གྱིས་དོན་རྟོགས་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལས། །སྒྲུབ་པར་བྱེད་པར་གནས་མ་ཡིན། ༈ །ཕྱོགས་ཀྱི་ཚིག་དེ་སྨྲ་


DTG174_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོའི། །བསམ་པ་སྟོན་པར་བྱེད་པ་ན། །ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། ༈ །གཏན་ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ནུས་མེད་དེ་ནི་བརྗོད་པར་བཤད། ༈ །གལ་ཏེ་དེ་ལའང་ནུས་ཡོད་དེ། །གཏན་ཚིགས་ཚིག་ནི་འཇུག་ཕྱིར་ན། །དེ་ནི་ཐེ་ཚོམ་གྱིས་ཤེས་པར། །འདོད་པས་སྐབས་ལ་བརྟེན་པ་ཡིན། །མི་མཐུན་ཕྱོགས་ཁས་ལེན་ན་ཡང༌། །དེ་མཚུངས་ཕྱིར་ན་ཐུག་མེད་འགྱུར། །ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །གལ་ཏེ་ཡུལ་བསྟན་མེད་པར་ནི། །གཏན་ཚིགས་འཇུག་པ་མེད་པའི་ཕྱིར། །ཡུལ་བསྟན་པ་དག་ཉིད་ལས་ནི། །ནུས་པ་སྒྲུབ་པར་འདོད་ཅེ་ན། ༈ །ཁྱབ་སྔོན་ཅན་ལ་དེ་མེད་ཀྱང༌། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང༌། །དོན་གྱིས་དེ་ནི་འཇིག་བློར་འགྱུར། ༈ །ཕྱོགས་བསྟན་པ་ནི་མེད་ན་ཡང༌། །འགྲུབ་པ་ལ་ནི་གེགས་མེད་ཕྱིར། །གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། ༈།བསྒྲུབ་བྱ་བརྗོད་པར་དམ་བཅས་ནའང༌། །སྨྲ་དེ་ལ་སྐྱོན་འཐད་མིན་ཏེ། །སྒྲུབ་བྱེད་དབང་དུ་བྱས་ཉིད་ཀྱིས། །གཏན་ཚིགས་ལྟར་སྣང་ཐལ་མིན་ཕྱིར། །ཁྱད་པར་མེད་པར་བརྗོད་ན་ཡང༌། །རིགས་གཅིག་ཐེ་ཚོམ་སྐྱེ་འགྱུར་ཏེ། །གཞན་དུ་བསྒྲུབ་བྱ་བརྗོད་པ་ཀུན། །དམ་བཅའ་བར་ནི་ཐལ་བར་འགྱུར། །གལ་ཏེ་གྲུབ་བརྗོད་སྒྲུབ་བྱེད་ཕྱིར། །གཞན་དག་ལ་ཡང་སྐྱོན་མེད་ན། །ད་ནི་བསྒྲུབ་བྱ་བསྟན་པ་དག །ཅི་ལྟར་སྒྲུབ་བྱེད་ཡན་ལག་ཡིན། ༈།ལྟར་སྣང་བཅས་སོགས་བཀོད་པ་དང༌། །གཞན་ནི་འབྲེལ་མེད་བཞད་གད་དེ། །འདི་ལྟར་དེ་ནི་རིགས་པ་ཉིད། །མ་ཡིན་ནོ་ཞེས་བཤད་ཟིན་ཏོ། ༈།སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་


DTG174_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱིར་མཚན་ཉིད། །ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡི་མཚན་ཉིད་བཞི། །མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ༌། །མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །འགྲེལ་པར་བདག་ཉིད་སྒྲ་བཤད་པ། །དོགས་པའི་གནས་ནི་བཟློག་པ་སྟེ། །འདི་ནི་དེ་དོན་བྱས་པ་ཡིན། །དེ་ནི་ལྟོས་ནས་ཆོས་དག་དང༌། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །དེ་དཔེར་རྗེས་འགྲོ་མེད་པ་ཡི། །སྐྱོན་ཡང་ཇི་སྐད་བདག་གཞན་ན། །དེ་མ་གྲུབ་ཅེས་བཤད་བཞིན་ཏེ། །དེར་ནི་འདོད་ལ་གནོད་བྱེད་ཡིན། ༈ །གལ་ཏེ་གང་ལ་རྩོད་པ་ཡིན། །སྒྲུབ་བཀོད་དེ་བསྒྲུབ་བྱ་མིན་ན། །བསྒྲུབ་བྱ་ཅི་ཡིན་གཞན་དུ་ན། །མི་འདོད་པའམ་འབྲས་མེད་འགྱུར། ༈ །འདིས་ནི་གཉིས་བཅས་སྦྱོར་བ་ལ། །རྗེས་འགྲོ་མེད་དང་འགལ་བ་དག །བསྟན་པ་ཡིན་ནོ་ཅི་སྟེ་ཡང༌། །བསྒྲུབ་པར་བྱ་བ་སྤྱིར་འདོད་ན། །དེ་ཉིད་དོན་གཞན་མེད་པའི་ཕྱིར། །ལུས་མི་འགྱུར་ན་གྲུབ་མ་ཡིན། །བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། ༈ །སྒྲ་དང་བུམ་པའི་ཁྱད་པར་གྱིས། །རྟོག་ན་འཇིག་ལའང་མཚུངས་ཤེ་ན། །མ་ཡིན་འཇིག་པ་སྒྲུབ་པ་ཡིས། །སྒྲ་ནི་དེ་ལྟར་གྲུབ་ཕྱིར་རོ། །དེ་བཞིན་དོན་གཞན་ཡོད་གྱུར་ན། །བུམ་པའང་དེ་དང་ལྡན་པར་འགྱུར། ། ༈ ། །མི་རྟག་སྒྲ་ཡི་ཁྱད་པར་ཅན། །རྗེས་འགྲོ་མེད་ན་མ་འབྲེལ་བ། །བཟློག་ཕྱིར་མ་ཡིན་མི་ལྡན་དང༌། །གཞན་ལྡན་རྣམ་གཅོད་རྣམ་པ་གཉིས། །མི་ལྡན་གཅོད་ཕྱིར་གཞན་དང་ནི། །རྗེས་འགྲོ་མེད་པར་འགྱུར་མ་ཡིན། ༈ །དེ་སྤྱི་བསྒྲུབ་པར་བྱ་ཡིན་པས། །གྲུབ་པ་སྒྲུབ་པ་ཉིད་མ་ཡིན། ༈ །ཆོས་ཅན་ཁྱད་པར་ཅན་དེ་ནི། །རྗེས་འགྲོ་མེད་པའི་སྐྱོན་ལྡན་མིན། །འདིས་ནི་ཆོས་ཅན་ཆོས་དག་གིས། །ཆོས་དང་ཆོས་ཅན་ཁྱད་པར་ཅན། །འགོག་པ་དག་ནི་བསལ་ཡིན་ཏེ། །ཆོས་ཅན་དེ་ལྟར་མི་བསྒྲུབ་ཕྱིར། །


DTG174_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ལ་ནི་ཚོགས་པ་དག །བསལ་བ་འགལ་བ་མ་ཡིན་ཏེ། །གང་ཕྱིར་དེ་ལྟར་སྒྲུབ་འདོད་མིན། །འདིར་ཆོས་འབའ་ཞིག་བསྒྲུབ་བྱ་ཡིན། །ཆོས་ཅན་གཅིག་ལ་བསྟན་བཅོས་ལས། །ཆོས་རྣམས་དུ་མ་རྣམ་གཞག་ཀྱང༌། །བདག་ཉིད་འདོད་པ་བསྒྲུབ་བྱ་ཞེས། །བདག་ཉིད་ཀྱི་ནི་སྒྲ་སྨོས་སོ། ༈ །གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཐམས་ཅད་བཟུང་བས་དེ་གཅིག་ལ། །རབ་ཏུ་གནོད་ནའང་གཏན་ཚིགས་དང༌། །དམ་བཅའ་བ་དག་སྐྱོན་འགྱུར་ན། །སྒྲ་མི་རྟག་པར་སྒྲུབ་པ་ན། །དྲི་ཟའི་ཡོན་ཏན་བཟློག་པའི་ཕྱིར། །གཏན་ཚིགས་འགལ་འགྱུར་སྐབས་མིན་ཕྱིར། །མིན་ན་དེ་ནི་གཞན་ལའང་མཚུངས། །ཅི་སྟེ་ཆོས་ཅན་འདིར་སྐབས་ཡིན། །དེ་ལ་བསྟན་བཅོས་དོན་གནོད་ཉིད། ༈ །ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱིས། །ཅི་སྟེ་རྒོལ་འདོད་ཡིན་བརྗོད་ན། ༈ །གནས་སྐབས་འགའ་ཡིས་འདོད་འགྱུར་ཞིང༌། །དེ་རྟོགས་པ་ཡང་དེ་དག་གིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །འབྲས་བུའི་རྟགས་ཅན་མིན་བརྗོད་དེ། །འཁྲུལ་བ་ཡིས་ནི་གནོད་པར་འགྱུར། ༈ །མེད་ན་མི་འབྱུང་མིན་དོན་ལ། །གནོད་ཀྱང་གཞན་ལ་ཅི་ཞིག་གནོད། ༈ །རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །དེས་གྲུབ་དེ་ནི་ལེགས་པར་གྲུབ། །དེ་ཚེ་བསྟན་བཅོས་ལྟོས་མ་ཡིན། ༈ །དེ་ཚེ་རྩོད་ངོར་འགྱུར་ཞེ་ན། །དེ་ཚེ་ཁས་བླངས་མེད་ཕྱིར་མིན། །འདི་ནི་ཁས་ལེན་ཐབས་ཡིན་ཏེ། །དེ་ཚེ་ཡོད་ཀྱང་ཡན་ལག་མིན། ༈ །དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །དེས་གྲུབ་དོན་ལ་དེ་དང་ནི། །འགལ་བར་སེམས་པ་མི་རུང་ཕྱིར། ༈ །གནས་གསུམ་པར་ནི་འཕོ་བ་ནི། །བསྟན་བཅོས་ལེན་པར་རིགས་ལྡན་ཡིན། ༈ །དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། །མེད་ན་མི་འབྱུང་ལ་གནོད་ཉིད། །སྤང་བར་བྱ་ཡི་གཞན་མིན་ཏེ། །ཐུག་པ་མེད་པར་ཐལ་ཕྱིར་རོ། ༈ །དཔྱད་


DTG174_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ལ་བསྟན་བཅོས་དག །གཟུང་ཞེས་ལུགས་འདི་གང་གིས་བྱས། །དེ་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །སྐྱེ་བོ་རིང་པོར་སྐྱེས་གྱུར་ཞིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །གྲུབ་མཐའ་མི་ཟད་གདོན་འདི་ནི། །ཀྱེ་མ་སུ་ཡིས་བསྒོས་པ་ཡིན། ༈ །གལ་ཏེ་དཔེ་ལ་བསྟན་བཅོས་ཀུན། །སྒྲུབ་པར་བྱེད་པ་གཅིག་ཉིད་ལ། །བསྟན་པ་སྒྲུབ་བྱེད་འགྱུར་ཞེ་ན། ༈ །འདི་ནི་འཇིག་རྟེན་འདས་ལུགས་ཡིན། ༈ །འབྲེལ་མེད་ཆོས་ནི་མ་གྲུབ་པས། །མ་གྲུབ་པར་ནི་ཇི་ལྟར་འགྱུར། །དེ་གྲུབ་ཡིན་ན་དེ་སྒྲུབ་བརྗོད། །གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན། ༈ །ཆོས་ཅན་ཆོས་ནི་མ་ལུས་པ། །དཔེར་བླངས་མེད་པ་ཁོ་ནར་ནི། །སྐྱེ་བོས་ཚིག་དང་དུང་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔོག་བྱེད། ༈ །མི་འཁྲུལ་པས་ན་རང་བཞིན་དང༌། །རྒྱུ་དག་སྒྲུབ་པར་བྱེད་པའི་དོན། །འགའ་ཡི་སྨྲ་བ་ལ་གནོད་པས། །ངོ་བོ་ཉིད་ལས་ལྡོག་མ་ཡིན། །དེ་ནི་འདོད་པའི་བསྒྲུབ་བྱ་ཡི། །དོན་དང་མེད་ན་མི་།འབྱུང་བར། །རྟོགས་པ་གཞན་དག་གཏན་ཚིགས་ངེས། །ཅི་ལྟར་རྟོགས་པར་འགྱུར་མ་ཡིན། ༈ །གཏན་ཚིག་བརྗོད་དམ་མ་བརྗོད་ཀྱང༌། །འགལ་ན་རྒོལ་བས་འདིར་ཅི་བྱས། །ངེས་བརྗོད་ཉེས་པས་བསྟན་བཅོས་ལ། །གནོད་བྱེད་དུ་ནི་དེ་སྐྱེས་མིན། །གནོད་བྱེད་བརྗོད་ཕྱིར་སྐྱོན་ཞེ་ན། །གལ་ཏེ་མ་བརྗོད་ན་དེ་ཅི། །གནོད་པ་མིན་ནམ་མི་རིགས་བྱེད། །མིན་ཏེ་ཅིས་ན་སྐྱོན་ཅན་ཡིན། །གཏན་ཚིགས་ལྟར་སྣང་གཞན་དག་ལ། །རང་འདོད་ཉིད་ནི་སྒྲུབ་བྱེད་ཕྱིར། །དོན་མེད་བརྗོད་པས་སྐྱོན་འགྱུར་ན། །དེ་སྒྲུབ་ཕྱིར་ན་འདིར་མ་ཡིན། ༈ །གལ་ཏེ་བསྟན་བཅོས་ལ་ལར་འགའ། །རིགས་མིན་པས་ན་རིགས་སྨྲ་བ། །གཞན་པ་དག་ཀྱང་འགོག་བྱེད་ཅེས། །བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །དོན་ཀུན་མཚུངས་པར་བྱས་ནས་ནི། །སྒྲུབ་བྱེད་བརྗོད་པར་ནུས་མ་ཡིན། །དེས་ན་ཀུན་ཏུ་བསྒྲུབ་བྱ་དང༌། །སྒྲུབ་བྱེད་རྣམ་གཞག་འདི་ཉམས་འགྱུར། ༈ །ཆོས་ཅན་གཅིག་ལ་འགལ་བ་དག །མི་རུང་ཕྱིར་ན་འགལ་ངེས་ལ། །གནོད་


DTG174_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་འདིར་ནི་དེ་འདྲ་བའི། །འགལ་བ་ཡོད་པ་མ་ཡིན་ནོ། ༈ །དེ་དག་གནོད་བྱ་གནོད་བྱེད་ནི། །མིན་ཡང་བསྟན་བཅོས་དོན་སླད་ཕྱིར། །འབྲེལ་བ་མེད་ཀྱང་གནོད་ཅེ་ན། ༈ །ཐམས་ཅད་ཐམས་ཅད་ཀྱིས་གནོད་འགྱུར། ༈ །འབྲེལ་ཡོད་དེས་ན་དེ་ཉིད་ལ། །གནོད་འགྱུར་ཞེ་ན་མ་ཡིན་ཏེ། །རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །སྐྱོན་དང་ཡོན་ཏན་དཔྱད་ཕྱིར་རོ། ༈ །མེད་ན་བསྒྲུབ་བྱ་མི་འབྱུང་བའི། །འབྲེལ་བ་དེ་ནི་འདིར་རྟོགས་མེད། །འདིར་ནི་བསྟན་བཅོས་གནོད་འབའ་ཞིག །སྐྱོན་ཡིན་དེ་གཞན་བྱས་ལའང་མཚུངས། ༈ །གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །བསྟན་བཅོས་མཐོང་བ་མ་ལུས་བསྒྲུབ། །དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། ༈ །གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ། །མ་ཡིན་འདོད་པ་སྨོས་ཕྱིར་ན། །བསྒྲུབ་བྱ་རིག་པས་ཐོབ་པ་ནི། །ཚིག་ལས་ལྡོག་པ་མ་ཡིན་ནོ། །མི་འདོད་བསྒྲུབ་བྱ་མིན་ཞེ་ན། །རྒོལ་བ་མི་འདོད་ཆོས་གཞན་ཡང༌། །བསྒྲུབ་མིན་དེ་ཚེ་བསྒྲུབ་བྱ་བ། །མིན་ལ་གནོད་པས་ཅི་ཞིག་འགལ། ༈ །ཕྱོགས་མཚན་ཕྱི་རོལ་དོན་ཅན་ཡིན། །རང་ཉིད་སྒྲ་ཡང་དོན་མེད་འགྱུར། ༈ ། བསྟན་བཅོས་འདོད་འཇུག་དོན་ཞེ་ན། །འོ་ན་དོགས་འདི་གང་ལས་ཡིན། ༈།དེ་ནི་ཚད་མས་བཀག་མེད་ན། །འཛིན་པ་གང་གིས་བཟློག་པར་ནུས། །གལ་ཏེ་ཚད་མས་བཀག་ན་ཡང༌། །ཚིག་ལས་གང་གིས་འཇུག་པར་འགྱུར། །དེ་དག་སྔར་ཡང་གྲུབ་མཐའ་ནི། །རང་གི་འདོད་པ་ཉིད་ཀྱིས་འཛིན། །དེ་ནི་ཕྱིས་ཀྱང་ཇི་ཞིག་ལྟར། །གཞན་འཛིན་པ་ནི་ཅིས་མི་ཐོབ། །འདོད་གནོད་མེད་དང་བསྒྲུབ་བྱ་མིན། །ཐུག་པ་མེད་པར་བསྟན་པས་ན། །ལོག་པར་རྟོགས་པ་བསལ་བའི་ཕྱིར། །འདིར་ནི་རང་ཉིད་སྒྲ་མཛད་དོ། ༈ །གཞུང་ལུགས་ཀྱིས་བྱས་ཁྱད་པར་དག །ཡོངས་སུ་སྤངས་ནས་རབ་གྲགས་པའི། །ཆོས་ཅན་དག་ནི་གཟུང་དོན་དུ། །གཞན་ནི་རང་ཉིད་སྒྲ་བརྗོད་ཟེར། ༈ །དཔྱད་པ་ཉིད་ཀྱི་སྐབས་ཀྱིས་ནི། །རབ་གྲགས་རྟེན་ནི་གྲུབ་གྱུར་ཏེ། །རང་འདོད་བརྟགས་པའི་ཁྱད་པར་ཅན། །དངོས་པོ་རྣམས་


DTG174_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་མེད་ཕྱིར་རོ། ༈ །ཅི་སྟེ་གྲུབ་པར་བསྟན་པ་ཡིས། །ཆོས་ཅན་བསྒྲུབ་བྱ་མིན་བརྗོད་ན། །རང་གི་ངོ་བོ་ཉིད་བསྟན་པ། །ཞེས་བྱ་འདི་ཉིད་ཀྱིས་དེ་རྟོགས། ༈ །གྲུབ་དང་སྒྲུབ་པའི་ངོ་བོར་ནི། །བསྟན་པ་དག་ནི་ཡོད་ཡིན་ན། །བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས། །བྱ་བ་འདི་ནི་འབྲས་ལྡན་འགྱུར། །རྗེས་སུ་དཔག་པ་སྤྱི་ཡི་ནི། །ཡུལ་ཅན་ཉིད་དུ་བཤད་པ་ཡིན། །འདིར་ནི་དེ་སྐད་མ་བསྟན་ཀྱང༌། །ཕྱོགས་ལ་འགལ་བ་ཅུང་ཟད་མེད། །གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་བརྟགས་རྗེས་འགྲོ་མེད་ཕྱིར། །འདི་དེ་དག་གི་སྐྱོན་མིན་ནམ། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་སྐྱོན་འདོད་མིན་དེ་ལྟ་ནའང༌། །གཏན་ཚིགས་ལ་སོགས་ཉེས་པ་ཡང༌། །ཕྱོགས་ཀྱི་སྐྱོན་དུ་ཐལ་འགྱུར་ཏེ། །ཐམས་ཅད་ཕྱོགས་ལ་གནོད་ཕྱིར་རོ། ༈ །དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཕྱོགས་ཀྱི་སྐྱོན་འདོད་གཞན་མིན་ཏེ། །མངོན་སུམ་ལ་སོགས་འགལ་བ་བཞིན། ༈ །རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན། །རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དག །ལྡོག་པ་སེལ་བར་བྱེད་པ་ཡིན། །འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་བཟུང་དོན་ནི་རྟོགས་ན་ཡང༌། ༈ །བྱེད་པའི་མཐའ་དང་འབྲེལ་པའི་ཕྱིར། །དུས་གཞན་གཅད་ཕྱིར་བཤད་པ་ཡིན། ༈ །འདོད་རྐྱེན་འདིར་ནི་ཡན་ལག་མིན། །འདོད་པར་གྱུར་པའི་ཚིག་དག་ལ། །ཡན་ལག་ཉིད་ཡིན་དེ་ཡིས་ནི། །གཏན་ཚིགས་མ་གྲུབ་ལ་སོགས་འགོག་༈ །རྗོད་བྱེད་མིན་ཕྱིར་ཡང་མི་རིགས། །དེས་ན་རང་ཉིད་བདག་ཉིད་འདོད། །བསྟན་བཅོས་ཀུན་ལ་ལྟོས་མེད་པར། །དེ་འདོད་པ་ནི་བསྒྲུབ་བྱ་ཉིད། །དེས་ན་མི་འདོད་དང་འབྲེལ་བའི། །འདོད་པ་ལ་ཡང་གནོད་པ་ན། །ཇི་ལྟར་སྒྲུབ་ལ་གནོད་


DTG174_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱིར། །ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཉིད། ༈།ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་བཀག་མེད་ཡིན་པར་འདོད། །གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམ་བཞིར་བཤད། །དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། ༈ །ཡང་དག་ངེས་ལྡན་བརྗོད་འདོད་པ། །བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཕྱིར་ན་རང་གི་ཚིག་དང་ནི། །བསྟན་བཅོས་གཅིག་ཏུ་བཤད་པ་ཡིན། །ཇི་ལྟར་བདག་ནི་ཚད་མིན་ན། །ཚིག་ནི་འཇུག་པར་མི་འགྱུར་བ། །དེ་བཞིན་བསྟན་བཅོས་མི་བརྟེན་ན། །དེར་གྲགས་དོན་ལ་དཔྱོད་པ་ཡང༌། །མཚུངས་པར་བསྟན་ཕྱིར་བསྟན་བཅོས་དེའི། །སྐབས་རྟེན་ཉིད་ལ་གནོད་བྱེད་ཅེས། །དོན་འདི་བསྟན་པའི་ཆེད་དུ་འདི། །རང་གི་ཚིག་དང་ལྷན་ཅིག་བཤད། །དེས་ན་འདི་ལ་དཔེ་དག་ཀྱང༌། །མཚུངས་པ་ཉིད་དུ་བསྟན་པ་ཡིན། །ཚད་མ་རྣམས་ནི་ཡོད་མིན་ན། །བསྟན་བཅོས་ཚིག་མི་རུང་ཕྱིར་རོ། །རང་ཚིག་འགལ་ལ་གསལ་བའི་དཔེ། །ལུང་ལ་ཕྱོགས་ཙམ་བསྟན་པ་ཡིན། ༈ །དེ་ལ་མ་འོངས་པ་ན་ཆོས། །བདེ་བ་མི་འགྲུབ་ཅེས་བྱ་ཡིན། ༈ །དེ་ལ་རྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང༌། །གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །དཔེར་ན་རང་གི་ཚིག་བཞིན་ཏེ། །དེ་ཡང་དེ་ཚེ་རང་ཚིག་བདག་༈ །དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །དེ་ལྟ་མིན་ན་རིགས་བྲལ་གྱི། །དམ་བཅའ་ནུས་པ་མཚུངས་པ་ཡི། །དམ་བཅའ་ཇི་བཞིན་དོན་ཅན་གྱི། །རྗེས་དཔག་ལ་ནི་ཇི་ལྟར་གནོད། །ལུང་རྣམས་ཚད་མ་ཡིན་པ་ནི། །སྔར་ཉིད་རྣམ་པར་བཟློག་པ་ཡིན། ༈ ། དེ་ཡི་ཕྱིར་ན་ཁས་བླངས་ནས། །དཔྱོད་པ་དག་ལ་སྐྱོན་འདི་འདོད། ༈ །དེས་ན་གནོད་ཕྱིར་རྗེས་དཔག་ལས། །ཁས་བླངས་ཕྱིར་རོལ་གྱུར་མིན་ཡང༌། །ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །དེ་ལྟ་མིན་ན་ཐལ་ཆེས་པའམ། །ལོགས་ཤིག་བྱས་པ་


DTG174_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་འགྱུར། ༈ །རང་གི་ཚིག་ཀྱང་ཐ་དད་པ། །ཚིག་ཙམ་བརྗོད་ལ་གེགས་བྱེད་ཡིན། ༈ །དེ་ཡིས་བསྟན་བཅོས་ཚད་མར་ནི། །ཁས་བླངས་ཕྱིར་ན་དངོས་ཀུན་ལ། །གནོད་བྱེད་ཅེ་ན་གལ་ཏེ་དེ། །མི་འདོད་གནོད་བྱེད་ཡིན་ནམ་ཅི། །རང་ཚིག་འགལ་ན་རང་ཚིག་དང༌། །བསྟན་བཅོས་འགལ་ཐ་དད་མེད་འགྱུར། །སྐྱེས་བུའི་འདོད་པས་བྱས་ན་འདི། །ཡོངས་སུ་རྫོགས་པའི་ཚད་མ་ཉིད། ༈ །དེས་ན་རབ་གྲགས་དོན་དག་ལ། །བསྟན་བཅོས་དོར་ནའང་ཉེས་པ་མེད། །ལྐོག་གྱུར་དག་ལ་བསྟན་བཅོས་ནི། །མི་འདོད་དཔྱོད་པ་ཉིད་མི་འཇུག །༈ །འདི་ལ་བརྟག་པ་ཕལ་ཆེར་ནི། །འགལ་བ་བརྗོད་ཡིན་འདི་ལྟ་སྟེ། །ཆགས་སོགས་ཆོས་མིན་རྩ་བ་དང༌། །ཁྲུས་ཀྱིས་ཆོས་དག་འགྱུར་བའོ། ༈།མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། ༈ །སྐྱེས་བུའི་འདོད་དང་རྗེས་འབྲེལ་བ། །འདོད་སྒྲའི་བརྗོད་བྱ་ཉིད་དོན་ལ། །བཀག་མེད་ཕྱིར་ན་གནོད་མེད་དག །སྐྱེ་བོ་རྣམས་འདོད་ཡིད་ཆེས་ཡིན། ༈ །ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱི་གཞལ་བྱ་ཡང། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། ༈ །དེ་ལ་བརྟེན་ནས་འབྱུང་བ་ཅན། །འདོད་པས་འཇུག་ཕྱིར་དགག་མེད་པ། །བྱས་དང་མ་བྱས་པ་རྣམས་སུ། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང༌། ༈ །དོན་ཙམ་དང་ནི་རྗེས་འབྲེལ་ཅན། །བྱུང་བའམ་ནི་འབྱུང་འགྱུར་བ། །སྒྲ་ཡི་རུང་བ་ཉིད་དེ་ཡིས། །མི་མཐུན་པ་དག་གནོད་པར་འགྱུར། །གྲགས་པ་མེད་ཀྱང་དངོས་པོ་ལ། །རུང་ཉིད་དེ་ཡི་སྟོབས་ཉིད་ལས། །དེ་ལ་སྒྲ་ཀུན་འབྲེལ་དེས་ན། །དེ་ལ་དེ་ནི་གྲུབ་པ་ཡིན། །གཞན་དུ་འདིར་ནི་གནོད་པ་ཡི། །གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། ༈ ། དེ་འགོག་རྗེས་དཔག་ལས་འགྱུར་ཏེ། །སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །གང་ལ་ཡོད་རྗེས་འགྲོ་མེད་དེ། །རྟགས་རྣམས་ཐུན་མོང་མིན་ཉིད་ཅེས། །དེ་ལྟར་གཏན་ཚིགས་དཔེར་བརྗོད་པ། །འབྲས་བུ་དང་ནི་ལྡན་པར་འདོད། ༈ །སྒྲ་ནི་བརྡ་ལ་བརྟེན་པ་ཅན། །དེ་ཡང་འདོད་


DTG174_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བརྟེན་པ་ཡིན། །སྒྲ་ཡིས་གྲུབ་པ་མི་འགྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པ་གསུངས། ༈ །རྗེས་སུ་དཔག་པས་བསྒྲུབ་རྣམས་ལ། །འགལ་བ་འཁྲུལ་བ་མེད་པ་ཅན། །མེད་པར་སྟོན་ཡིན་དེ་ལྟ་བུའི། །གྲགས་པའི་རྗེས་དཔོག་ཡིན་ཕྱིར་རོ། ༈ ། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །དེས་ན་རྗེས་སུ་དཔག་པ་ལས། །གྲགས་པ་ཐ་དད་ཡུལ་ཅན་ཉིད། །དེས་ན་དངོས་རྣམས་ཡོད་མེད་པའི། །རྗེས་སུ་འཇུག་ཅན་རྗེས་དཔག་ལས། །ཐ་དད་དེ་དབང་མི་འཇུག་པ། །དེ་འདོད་ལས་སྐྱེས་ཡིན་ཞེས་བསྟན། ༈ །རི་བོང་ཅན་ཟླར་མི་འདོད་པ། །དེ་གྲགས་གང་ཞིག་འདོད་པར་འགྱུར། །དེ་ཕྱིར་དེ་ལ་དཔེ་མེད་ཅན། །དེ་ནི་ཐུན་མོང་མ་ཡིན་འདོད། ༈ །དཔེ་འདི་ཉིད་དབང་བྱས་ནས་ནི། །དེ་སྐད་བཤད་མིན་མཚན་ཉིད་ཕྱིར། །དེ་བཞིན་ད་ཏྲིག་ཤིང་མིན་ཞེས། །བརྗོད་པ་ལ་ཡང་གནོད་ཕྱིར་རོ། །འདིར་ཡང་ག་བུར་དངུལ་སོགས་ལ། །འཇིག་རྟེན་ན་ནི་མཐོང་བའི་ཕྱིར། །བརྡ་ལས་འཇུག་པར་འགྱུར་བ་ལ། །ཐུན་མོང་མིན་པ་ཉིད་ཀྱང་ཅི། །གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་གྲུབ་ཁས་ལེན་རི་བོང་ཅན། །མ་ཡིན་པ་ལའང་བཟློག་མེད་ཕྱིར། །དངོས་པོ་ལ་ནི་གྲུབ་པ་དེ། །རི་བོང་ཅན་ལའང་བཟློག་པ་མེད། །དངོས་དེ་མེད་ན་རི་ཅན་ལ། །བཟློག་ཀྱང་ཉེས་པ་ཡོད་མ་ཡིན། ༈ །དེའི་ཕྱིར་དངོས་དེས་མེད་བརྡ་ཅན། །སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱི། །རུང་བ་དོན་རྣམས་ཉིད་ཡིན་ཏེ། །འདོད་ལ་གེགས་བྱེད་མེད་ཕྱིར་རོ། ༈ །གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་པས་གྲུབ་པར་ཁས་ལེན་ན། །རི་བོང་ཅན་ལའང་བཟློག་མེད་ཕྱིར། ༈ །རུང་བ་ཉིད་དེ་འགོག་པ་ལ། །བརྡ་འགོག་མེད་ལས་སྐྱེས་པ་ཡི། །གྲགས་པ་ཞེས་བྱའི་རྗེས་སུ་དཔག །རུང་བ་ཡུལ་ཅན་གྱིས་གནོད་བྱེད། ༈ །འདིས་ནི་བརྡ་རྗེས་འཇུག་པ་ཡི། །སྒྲ་རྣམས་ལ་ནི་དོན་ངེས་པ། །ཡོད་མིན་ཅེས་བརྗོད་དེ་དག་རྣམས། །དེར་འགོག་པ་ནི་འགལ་བ་ཡིན། ༈།དེས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་རྣམ་སྒྲ་རྣམས་


DTG174_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི་དོན། །དོན་དམ་པ་ཉིད་འགོག་པ་ལ། །གནོད་པ་མེད་པར་བསྟན་པ་ཡིན། །དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང༌། །ཐ་དད་བྱས་ཡིན་སྔ་མ་བཞིན། ༈ །གྲུབ་པ་ཐ་དད་བཤད་པ་ལ། །དགོས་པ་བསྟན་ཕྱིར་འདི་གཉིས་ནི། །རྒྱུ་དང་བཅས་པར་རབ་བརྗོད་དེ། །མངོན་སུམ་རྗེས་དཔག་གནོད་ལ་མིན། །མངོན་སུམ་གྱིས་གནོད་འདི་ལ་ཡང༌། །སྒྲ་ནི་དུ་མའི་དངོས་ཉིད་དུ། །གྲགས་པའི་ངོ་བོ་ཉིད་གང་ཞིག །སྣ་ཚོགས་སུ་ནི་སྣང་བ་ཡི། །བློ་ནི་སྐྱེ་བ་མེད་པའི་ཕྱིར། །ཉན་ལ་གཉིས་མེད་སྣང་གྱུར་པ། །དེ་དོན་དོན་བཤད་འདི་ཉིད་ནི། །སྤོང་ན་མངོན་སུམ་གྱིས་གནོད་འགྱུར། ༈ །ངོ་བོ་དེ་ཉིད་དེ་ལ་དོན། །ལྷག་མ་ལྡོག་པའི་མཚན་ཉིད་ཅན། །སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། ༈ །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །སྤོང་ཡང་གནོད་པ་ཡོད་མིན་ཞེས། །མཉན་བྱ་སྨོས་པས་བསྟན་པ་ཡིན། ༈ །རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །གྲུབ་པས་དེ་ལ་བརྟེན་ཕྱིར་དང༌། །དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །མཉན་བྱས་དབང་པོའི་སྤྱོད་ཡུལ་བཤད། ༈ ། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་དེ་ལྡན་ལ་གནོད་འགྱུར་གྱི། །ཆོས་གཞན་གྱི་ནི་ཆོས་ཅན་མིན། །གཞན་དུ་ཆོས་ཅན་གཞན་ལ་ནི། །གནོད་ཀྱང་འདི་ལ་ཅི་ཞིག་བཀག །དོན་འདི་མཚན་ཉིད་ཀྱིས་རྟོགས་ཀྱང༌། །རང་གི་ཆོས་ཅན་སྨོས་པས་ནི། །ཆོས་ཅན་ལ་ནི་གནོད་པས་ཀྱང༌། །གནོད་འགྱུར་ཞེས་ནི་གྲུབ་དོན་ཏེ། །རྟེན་ནི་འགལ་བར་གྱུར་པ་ཡིས། །དེ་བརྟེན་པ་ནི་འགལ་བའི་ཕྱིར། ༈ །གཞན་དུ་དེ་ལྟའི་རྣམ་ཅན་ཆོས། །བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། །དེ་གནོད་ཉིད་ཡིན་པར་སེམས་པ། །དེས་ན་རང་གི་ཆོས་ཅན་སྨོས། ༈ །འདི་ཡང་དོན་གྱིས་གྲུབ་མིན་ནམ། །བདེན་དེ་འགའ་ཞིག་ཆོས་ཅན་ནི། །འབའ་ཞིག་བཀག་པ་ལ་ཡང་ནི། །སྐྱོན་དང་ལྡན་པར་ཁས་ལེན་ཏོ། །དཔེར་ན་མཁའ་སོགས་གཞན་དག་གིས། །སྔོན་མེད་རང་བཞིན་སྐྱེད་མེད་མིན། །ཅིག་


DTG174_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བཤད་པ་ལ་སུན་འབྱིན་པ། །དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །ངོ་བོའང་དངོས་མེད་ཅེས་བརྗོད་བཞིན། །དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། ༈ །འདིས་ནི་གཉིས་ཀ་བསྒྲུབ་བྱ་ཉིད། །ཡིན་ན་ཆོས་ཅན་ལ་གནོད་གང༌། །བསྒྲུབ་པར་བྱ་བའི་ཆོས་འགོག་པས། །དེ་ལ་གནོད་ཅེས་བསྟན་པ་ཡིན། །དེ་ལྟ་ཉིད་དུ་ཆོས་ཅན་ཡང༌། །བསྒྲུབ་བྱ་ཉིད་ཕྱིར་འབའ་ཞིག་མིན། ༈།གལ་ཏེ་དེ་ལྟ་ན་འདིར་གནོད། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །བདེ་སོགས་གཞན་གྱིས་བསྐྱེད་ནུས་མིན། །མ་ཡིན་ཞེས་བྱ་སྔ་མ་བཞིན། ༈ །གལ་ཏེ་འདི་ལ་གཏན་ཚིགས་ནི། །དེས་ན་འགལ་བར་འགྱུར་བ་ཉིད། །རིམ་བཞིན་བྱེད་དང་མི་རྟག་ཉིད། །འགལ་བ་མེད་ཕྱིར་མི་མཐུན་ཕྱོགས། །ལྡོག་ལ་ཐེ་ཚོམ་ཟ་བས་ན། །འདི་ནི་ལྷག་ལྡན་ཁྱད་པར་འདོད། ༈ །གང་ཕྱིར་རང་ཉིད་འདོད་པའི་ཆོས། །བསྒྲུབ་བྱ་དེ་ཕྱིར་དེ་རྟེན་ནི། །གནོད་ཡིན་འབའ་ཞིག་པ་ཉིད་དམ། །གཞན་རྟེན་ལ་མིན་ཞེས་བསྟན་ཏོ། ༈ །རང་ཉིད་སྒྲ་ཡིས་ཆོས་གཞན་ལ། །གནོད་པས་གནོད་མིན་ཞེས་བསྟན་པ། །དེ་བཞིན་རང་གི་ཆོས་ཅན་གྱིས། །ཆོས་ཅན་གཞན་ལ་ཡང་ཞེས་བརྗོད། ༈ །སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱིས། །ཕྱོགས་ཉིད་ལ་ནི་གནོད་འགྱུར་བ། །དེ་ལྟ་ན་ཡང་དམ་བཅའ་བ། །ཙམ་དང་འབྲེལ་བ་ཕྱོགས་སྐྱོན་ཡིན། །ཡན་ལག་ཕྱི་མ་ལ་ལྟོས་སྐྱོན། །གང་ཡིན་དེ་ནི་དེ་ཉིད་དང༌། །རྗེས་འབྲེལ་ཞེས་བཤད་དེ་ཡི་ཕྱིར། །རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། ༈ །འདིས་སྒྲུབ་ཡན་ལག་གྱུར་པ་ཡི། །ཆོས་ཅན་ཆོས་ཀྱི་ཁྱད་པར་དང༌། །ཆོས་ཅན་རང་གི་ངོ་བོ་ལ། །གནོད་པ་དག་ནི་བསྟན་པ་ཡིན། །དེ་ལ་དོན་ནི་བསྟན་པ་ཡི། །དོན་དུ་དཔེ་ནི་ཕྱོགས་ཙམ་བརྗོད། ༈ །ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །མཐོང་བ་ལ་བརྟེན་གཞན་ཡོད་མིན། །མ་མཐོང་ཁྱད་པར་ཅན་མིན་ལ། །དམ་བཅའ་བ་ལ་དགོས་པ་མེད། ༈ །མ་མཐོང་བ་ལ་འབྲས་མེད་པ། །མཐོང་ན་ཡན་ལག་ཅན་སྒྲུབ་འདོད། །ཁྱད་པར་ཅན་མིན་གཞན་ཡོད་


DTG174_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྒྲུབ་ན་གྲུབ་པ་སྒྲུབ་པ་ཉིད། ༈ །གལ་ཏེ་འདི་ལྕི་འོག་འགྲོར་འགྱུར། །སྲང་ནི་དམའ་བ་དག་ཏུ་འགྱུར། །དེས་ན་ཡོན་ཏན་བྱ་མེད་པ། །དེ་ཕྱིར་འདུ་བ་ཅན་རྒྱུ་མིན། ༈ །དེ་ཕྱིར་འབྲས་བུ་ངོ་བོ་དག །མཐོང་བ་མེད་ཕྱིར་དེ་མཐོང་མིན། །དེས་ན་མེད་ན་མི་འབྱུང་བ། །ཁྱད་པར་གཞན་ལ་གནོད་བྱེད་ཡིན། ༈ །ཕྲ་མོ་ནས་བརྩམས་རྫས་འཕྲེང་དག །གཅལ་ཉིད་ཕྱིར་ན་རྫས་གཞན་གྱི། །ལྕི་ཉིད་མི་རྟོགས་རས་བལ་གྱི། །འདབ་བཞག་བཞིན་ཞེས་གཞན་དག་ཟེར། ༈ །དེ་ཡི་ཅིག་ཅར་ལྡན་པ་དང༌། །སོ་སོར་ལྡན་པའི་རྡུལ་ཚོགས་དག །སོ་སོར་ལྷན་ཅིག་གཅལ་བ་ན། །དེ་ཕྱིར་ལྕིད་ནི་ཐ་དད་འགྱུར། །མ་ཤ་ལ་སོགས་རིམ་པ་ཡིས། །གྲངས་མཚུངས་པ་ནི་མི་རུང་ངོ༌། ༈།གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ། །ཚོགས་ཆེན་གོང་ནས་གོང་དུ་ནི། །འཕེལ་ལྡན་འབྲས་བུའི་འཕྲེང་བ་ཡི། །ལྕི་བ་རྟོགས་པ་མ་ཡིན་ན། །ཡུངས་ཀར་བར་གྱི་ལྕིད་དག་ཀྱང༌། །ཆུང་ངུ་ཤིན་ཏུ་རྟོགས་དཀའ་བས། །འབྲས་བུའི་ལྕིད་ནི་མི་རྟོགས་ཕྱིར། །དེ་ཡི་རྒྱུ་ཉིད་གཞལ་བྱར་འགྱུར། ༈ །དོན་དེ་མཐོང་མེད་རས་འདབ་བཞིན། །དེ་ཡི་འབྲས་བུའང་རྟོགས་པ་མེད། ༈ །ལྕིད་ཉིད་རྟོགས་མེད་བཞིན་དུ་དེའི། །ཡོན་ཏན་ཐམས་ཅད་རྟོགས་མེད་ཕྱིར། །མ་ཤ་ལ་སོགས་ལྷག་ཡོད་མིན། །དམའ་མེད་དེ་ནི་ཉེར་མཚོན་ཏེ། །གཟུགས་སོགས་ལྷག་དང་ལྷག་ཅི་བཞིན། །རང་གི་དབང་པོས་མཐོང་མེད་ཕྱིར། །ཁས་བླངས་རང་གི་ཚིག་སོགས་ཀྱིས། །གནོད་པ་དག་ནི་སྲིད་པས་ན། །ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི། །དཔེར་བརྗོད་གཞན་ཡང་རྟོགས་པར་བྱ། །བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །དེ་ལྟའི་བདག་མིན་གཞན་དག་ལ། །དེ་ལྟར་བཀོད་དེ་དེ་ཡི་ཚེ། །མི་འདོད་ན་ཡང་བསྒྲུབ་བྱར་འགྱུར། ༈ །ཤེས་བྱེད་སྐབས་ཀྱིས་མ་གྲུབ་པ། །ཐམས་ཅད་རྟོགས་པར་བྱེད་པ་ཡིན། །དེ་ཕྱིར་བསྒྲུབ་པར་བྱ་བའི་སྒྲ། །འདོད་པའི་ཁྱད་པར་ལ་བརྟེན་མིན། ༈ །དེས་ན་དཔེ་དང་གཏན་ཚིགས་དག །མ་གྲུབ་དཔེར་ནི་བྱས་པ་ཡིན། །གཞན་དུ་རི་བོང་རྭ་ལ་སོགས།


DTG174_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་ཀུན་ཀྱང་བསྒྲུབ་བྱར་འགྱུར། །ཐམས་ཅད་རྣམ་འགས་མ་གྲུབ་ཕྱིར། །དེས་ན་ལས་ལ་སོགས་པ་ཡི། །ཁྱད་པར་ཉེ་བར་བཀོད་པ་ཡི། །ལན་གྱིས་རྣམ་འབྱེད་ནུས་མ་ཡིན། ༈ །སྔར་མ་གྲུབ་པའི་རང་བཞིན་ཕྱིར། །བསྒྲུབ་བྱའི་ཡན་ལག་ཅེས་རུང་མིན། ༈ །གང་གིས་ཁས་བླངས་མཚན་ཉིད་འགྱུར། །དེ་ཡང་བསྒྲུབ་བྱ་ཉིད་དུ་མཚུངས། ༈ །ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང༌། །གཉིས་པོ་ཕན་ཚུན་ཁྱད་པར་ཅན། །བསྒྲུབ་བྱ་དེ་ཚེ་གཏན་ཚིགས་དང༌། །དཔེ་ཡི་མཚན་ཉིད་མ་གྲུབ་འགྱུར། ༈ །མི་སྲིད་ཕྱིར་ནི་བསྒྲུབ་བྱའི་སྒྲ། །གལ་ཏེ་ཆོས་ཅན་ལ་འཇུག་འདོད། །བསྟན་བཅོས་ཅི་བྱ་ཅི་རིགས་པར། །རང་ཉིད་འཇུག་པར་འགྱུར་བ་མིན། ༈ །སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། ༈ །གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །སྒྲུབ་པར་བྱེད་ལ་དོགས་པའང་མེད། །སྔར་དེས་བཟུང་ན་དེ་ཡིས་ནི། །དམ་བཅའི་མཚན་ཉིད་བརྗོད་དོན་མེད། །དེ་ཕྱིར་ཤུགས་ཀྱིས་དེར་བརྗོད་པས། །ཁྱབ་པའི་འབྲས་ཅན་ཡིན་པར་རྟོགས། ༈ །འགལ་བ་འདོད་དང་འབྲེལ་མེད་དེ། །ཕན་མེད་ལྷན་ཅིག་མི་གནས་པ། ༈ །དེ་ལྟ་ན་ནི་རྟགས་ཀྱི་སྐྱོན། །ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར། །ཕྱོགས་སྐྱོན་གཞན་ལ་ལྟོས་པ་ནི། །མ་ཡིན་ཞེས་ཀྱང་བསྟན་ཟིན་ཏོ། ༈ །འདོད་པ་མེད་ན་མ་གྲུབ་ཡིན། །མི་རྟགས་གཏན་ཚིགས་དང་ལྡན་པས། །སྒྲ་ལ་དེ་ལྟར་རྗོད་བྱེད་ན། །དེ་ལྟར་དེ་ནི་བཟློག་པར་འགྱུར། ༈ །འདི་ལ་དཔེ་བསྟན་པ་ཉིད་ལས། །དོན་གཞན་ཅི་ཞིག་མཐོང་བ་ཡོད། ༈ །ཁྱད་པར་ལ་ནི་གཞན་བརྗོད་ནས། །སྤྱི་ཡི་རྗེས་སུ་འཇུག་པས་ན། །དེ་ཁྱབ་མ་ཡིན་སྤྱི་རྗེས་སུ། །འཇུག་ལ་འབྲས་བུའང་ཅི་ཞིག་ཡོད། ༈ །དེ་ཕྱིར་སྒྲ་ལ་གནས་པ་ཡི། །མི་རྟག་ཉིད་ཀྱིས་སེལ་ཞེས་གསུངས། ༈ །ཡུལ་གཞན་ལ་ནི་འགལ་སྨྲ་བས། །སྒྲ་ནི་གཞན་དུ་བརྗོད་པ་ཡིན། །སྤྱི་ནི་ཁྱད་པར་མི་སྤོང་ཕྱིར། །དེ་ཡང་འཐད་པ་མ་ཡིན་ནོ། ༈ །དཔེར་ན་


DTG174_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགར་ཤིང་ཤ་པ། །ཉིད་ནི་ཤིང་མིན་ཞེས་པ་བཞིན། །ཐམས་ཅད་མཉན་པ་གཅིག་ཉིད་ལ། །འཇུག་པ་འགོག་འགྱུར་དེ་ཙམ་གྱིས། །ཐམས་ཅད་མིན་མིན་ཁྱད་པར་ཀུན། །དེ་མེད་ན་དེ་མེད་འགྱུར་ཕྱིར། །ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཆོས་ཅན་རང་སྒྲུབ་བྱེད་མ་གྲུབ། །དངོས་པོ་ཀུན་ལ་ཆོས་དང་ནི། །ཆོས་ཅན་རྣམ་དབྱེ་མེད་པའི་ཕྱིར། །ཀུན་ལ་ཉེས་མཚུངས་ཤེ་ན་མིན། །ལྡོག་པ་ཁྱད་པར་ཡོད་ཕྱིར་རོ། །དོན་དམ་པར་ནི་རྣམ་དཔྱད་ནི། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། ༈ །དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། ༈ །བདག་ཉིད་ཅི་ལྟའི་ཐ་དད་ཀྱི། །མཐར་ཐུག་ཤེས་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་གྱུར་པ། །དེ་ནི་ཐ་སྙད་རྟེན་ཡིན་ནོ། ༈ །འདི་ནི་ཐ་སྙད་ཀྱིས་བཞག་པ། །ཐ་དད་བློ་དང་འབྲེལ་མེད་ཅན། །ཆོས་ཅན་དེ་ཉིད་སྒྲུབ་བྱེད་དུ། །བྱས་པ་དེས་ན་མ་གྲུབ་བསྟན། ༈ །དེས་ན་བྱེ་བྲག་སྤྱི་ཆོས་ཐ། །དད་ཕྱིར་རྟགས་དང་རྟགས་ཅན་ཉིད། །དཔེར་ན་རྩོལ་བྱུང་ཉིད་ཀྱི་ཕྱིར། །རྩོལ་བྱུང་སྒྲ་ནི་མི་རྟག་བཞིན། །ཕྱོགས་ཡན་ལག་ནའང་གནོད་མེད་ཕྱིར། །ཆོས་ཅན་ཐ་དད་མ་གྲུབ་མིན། །དཔེར་ན་གོང་བུ་རྭ་ཅན་འདི། །རྭ་ཅན་ཉིད་ཕྱིར་རྟ་མིན་བཞིན། །ཡང་ན་དེ་རྟོགས་ནས་ལྡོག་ཕྱིར། །བསྒྲུབ་བྱའི་དུས་སུ་ཡན་ལག་མིན། །ཆོས་ཐ་དད་ཕྱིར་ཁྱད་པར་ཡང༌། །དམ་བཅའི་དོན་དུ་འཐད་མ་ཡིན། ༈ །གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །བདེ་བར་བཟུང་བ་གྲུབ་བྱའི་ཕྱིར། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །མདོར་བསྡུས་པ་ནི་གསུངས་པ་ཡིན། ༈ །ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཁྱད་པར་


DTG174_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་བརྗོད། ༈ །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །གང་ཕྱིར་དག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །དེར་ཡང་ཟླ་བོ་རྣམ་གཅོད་པ། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །དེ་ལྟར་གྲགས་དང་ནུས་པ་དང༌། །སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། ༈ །དེས་ན་མི་ལྡན་རྣམ་གཅོད་པས། །ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན། །དེ་ཡི་ཁྱད་པར་ཅན་གྱི་ཆོས། །རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། ༈ །རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་ལྡོག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། ༈ ། རང་བཞིན་ཉིད་ལས་གཞན་གྱིས་ནི། །གོ་བྱ་ལ་ཁྱབ་ཡོད་མིན་ཏེ། །རྒྱུ་ནི་འཁྲུལ་པ་སྲིད་ཕྱིར་རོ། །དེ་ཕྱིར་འབྲས་རྣམས་གཉིས་སུ་འཇུག་༈ །སྔར་ཡོད་པ་ཡི་ཤེས་པ་ནི། །རྩལ་མ་ཐག་བྱུང་ངེས་མིན་ཏེ། །སྒྲིབ་བྱེད་དབང་པོ་སྒྲ་ལ་དེ། །རྣམ་ཀུན་ཉེར་སྦྱོར་མིན་ཕྱིར་རོ། ༈ །ལྟོས་པ་མེད་པར་འགའ་ཞིག་ཚེ། །འབྲས་མི་བྱེད་པ་འགལ་བའི་ཕྱིར། །ཤེས་པ་འདི་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པས་དེ་རྟགས་ཡིན། ༈ །འདི་ཉིད་ཀྱིས་ནི་རང་བཞིན་ཉིད། །གྲུབ་ཀྱང་ཐ་དད་བྱས་པ་ནི། །འབྲས་དང་ལྷན་ཅིག་བསྟན་པ་ན། །ཐམས་ཅད་དེ་འདྲར་ཤེས་མི་འགྱུར། །རྗེས་སུ་དཔག་པར་བཤད་ཟིན་ཏོ། །གཏན་ཚིགས་བརྗོད་བྱས་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །མཚན་ཉིད་ལ་ནི་ཐ་དད་མེད། ༈ །དེས་འདིས་འབྲས་བུའི་རྟགས་ཀྱིས་ནི། །རང་བཞིན་ཕྱོགས་གཅིག་བརྟེན་པའི་བཤད། །དེས་ན་རྩོལ་ལས་གསལ་བ་དང༌། །སྐྱེ་བ་འདྲ་བར་དཔེར་བརྗོད་དོ། ༈ །ཡོད་པ་གང་མེད་མི་འབྱུང་བའམ། །རང་བདག་རྣམ་དབྱེར་མེད་ཅན་གང༌། །དེ་ནི་དེ་དང་འཁྲུལ་མི་འགྱུར། །ཞེས་བྱའི་དོན་དུ་


DTG174_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རབ་ཕྱེ། །ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་པ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །འབྲེལ་པ་ཡོད་པ་ཡིན་ན་ཡང༌། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ངེས་པ་མེད་ན་མི་འབྱུང་ཡིན། །ངེས་པ་མེད་པ་སྒྲུབ་བྱེད་མིན། ༈ །ལྡོག་པ་ཉིད་ནི་ངེས་པ་ཉིད། །མེད་ན་མི་འབྱུང་ཡིན་པར་བརྗོད། །དེ་ཡང་འབྲེལ་པ་མེད་ལ་མེད། །དེ་ཉིད་ཕྱིར་ན་རྗེས་འགྲོ་གནས། །རང་གི་བདག་གམ་རྒྱུ་དངོས་ནི། །གྲུབ་ན་ལྡོག་པ་གྲུབ་འགྱུར་བ། །དེ་ཡི་ཕྱིར་ན་ཁྱད་པར་ནི། །ལྡོག་མེད་རྗེས་འགྲོའང་ཡོད་མ་ཡིན། །མ་མཐོང་བ་ཙམ་ལ་བརྟེན་ནས། །ལྡོག་པའང་འབའ་ཞིག་ཅན་དུ་བཤད། །དེ་ཡི་ཕྱིར་ན་མ་ངེས་པ། །གཞན་དུ་གོ་བར་བྱེད་པར་འགྱུར། ༈ །གལ་ཏེ་བདག་ནི་ལྡོག་པ་ཡིས། །སྲོག་སོགས་དག་ནི་ལྡོག་འགྱུར་ན། །སྲོག་སོགས་མེད་པས་བདག་མེད་ལ། །ཁྱབ་འགྱུར་དེ་ཡང་ཡོད་མ་ཡིན། །གཞན་ལྡོག་པར་ནི་གྱུར་པ་ཡིས། །གཞན་ལྡོག་པར་ནི་མི་རུང་ཕྱིར། ༈ །དེ་བདག་དེ་ལས་བྱུང་ཞེ་ན། །གལ་ཏེ་བདག་ནི་དམིགས་པས་ན། །དེ་དམིགས་རྟོགས་པ་མེད་པར་ཡང༌། །མ་རྟོགས་ན་འདི་གྲུབ་པར་འགྱུར། །ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། །མཐོང་དང་མ་མཐོང་དེ་གྲུབ་མེད། ༈ །གཞན་ལ་མཐོང་མེད་ངོ་བོ་ཅན། །བུམ་སོགས་ལ་མེད་ཅེས་གང་ལས། །ལྡོག་པ་ཤེས་པ་མེད་པ་ཡི། །ལྡོག་པའི་ཁྱབ་པའང་ཅི་ལྟར་ཡིན། །སྲོག་སོགས་ལ་ལར་མཐོང་བ་ཡིས། །གལ་ཏེ་དེ་ལྟར་བདག་མཐོང་ན། །ཡོད་མེད་ཉིད་ནི་རྟོགས་པར་འགྱུར། ༈ །རྒྱུ་གང་ཞིག་ནི་མེད་པ་ཡིས། །བུམ་པ་ལ་སོགས་མཐོང་མེད་པ། །ལུས་ལའང་གལ་ཏེ་དེ་མེད་ན། །ལུས་ལ་མེད་པར་རིགས་པ་ཡིན། ༈ །གལ་ཏེ་ཅུང་ཟད་ཆོས་མཐུན་ཕྱིར། །ཐ་དད་པར་ཡང་དེར་རྟོག་ན། །གཞལ་བྱ་ཉིད་ཕྱིར་བུམ་སོགས་རྣམས། །བདག་དང་བཅས་པར་ཅིས་མི་དཔོག །


DTG174_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་ཅེ་ན་ཚད་མ་ཉིད། །འདོད་པ་ཀུན་གྱི་རྒྱུ་ཡིན་ཏེ། །དེ་མེད་པར་ནི་དངོས་པོ་དང༌། །དངོས་མེད་རྣམ་གཞག་གང་གིས་ནུས། ༈ །སྲོག་དང་མིག་འབྱེད་ལ་སོགས་ནི། །དྲན་འདོད་རྩོལ་བ་ལས་སྐྱེས་ཡིན། །དེ་དག་ཡུལ་དབང་བློ་ལས་བྱུང༌། །དེ་ཡང་ཕན་ཚུན་རྐྱེན་ལ་ནི། །ལྟོས་པ་རང་གི་རིགས་ལས་བྱུང༌། །དེ་ཙམ་ལས་འདི་བདག་དངོས་འདི། །རྗེས་འགྲོ་ལྡོག་པ་ལ་བརྟེན་ཡིན། །གཞན་དུ་རྟོག་ན་ཐུག་པ་མེད། །འཁྲུལ་པ་ཉིད་ཀྱིས་མཉན་བྱ་དང༌། །སྲོག་སོགས་འདི་ནི་མཚུངས་པར་འགྱུར། ༈ །མ་ཡིན་ལྡོག་པ་ཅན་ཡིན་ཡང༌། །འདི་ནི་འཁྲུལ་པའི་ཕྱིར་ཞེ་ན། །ཅི་ལྟར་སྒྲུབ་མིན་ཉིད་ལས་དེ། །ལྡོག་མིན་འོ་ན་དོན་གྱིས་དེ། །བསྒྲུབ་བྱའི་རྗེས་འཇུག་མིན་དེ་ལྟར། །བརྗོད་འགྱུར་དེ་ནི་གཞན་ལའང་མཚུངས། ༈ །སྒྲུབ་མིན་ཉིད་ལས་རྣམ་བཅད་ཅེས། །བསྒྲུབ་བྱ་ལ་གནས་བརྗོད་པ་ཡིན། །དེ་ཉིད་ཕྱིར་ན་དོན་གོ་བས། །གཅིག་གིས་གཉིས་ཀ་བསྟན་པར་བརྗོད། །དེ་ཕྱིར་རྗེས་འགྲོ་མེད་པ་ལས། །འདི་འདྲའི་མི་འཁྲུལ་གྲུབ་མ་ཡིན། །བཀག་པ་འགོག་པར་བྱེད་པ་ནི། །སྒྲུབ་པ་ལས་གཞན་ཅི་འདྲ་ཞིག་༈ །བསྒྲུབ་བྱ་མེད་ལས་ལྡོག་མེད་པ། །དེས་ན་སྒྲུབ་མིན་ཉིད་ལ་མེད། ༈ །མེད་ཅེས་ལྡོག་པ་དེ་ཉིད་ནི། །ཅི་ལྟར་མེད་ལས་ལྡོག་པར་འདོད། །ལྡོག་པ་མེད་པ་སྒྲུབ་པ་ཡིན། །དངོས་ཡོད་མེད་ནའང་ཡོད་ཡིན་ལ། །དངོས་པོ་མེད་པའང་ཡོད་མིན་ཞེས། །བླུན་པོ་ཡི་ནི་དཔྱོད་ལ་ལྟོས། །གལ་ཏེ་དེ་ལས་ལྡོག་མེད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །དེ་ཡང་མིན་ན་ལྡོག་བཀག་ནི། །འདི་ཉིད་ཡིན་ན་ཅི་སྟེ་འགོག་༈ །སྒྲུབ་དང་དགག་པ་མ་གཏོགས་པར། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་དེ་ཡང་མེད་པ་ལས། །མེད་ཕྱིར་འདིར་ནི་མི་སྨྲ་ཐོབ། ༈ །ཡོད་པ་རྣམས་ལ་དགག་པ་མེད། །དེ་ནི་མེད་ལའང་ཡོད་མ་ཡིན། །རིག་པ་འདི་ཡིས་འགྲོ་བ་ལ། །དགག་པའི་དོན་


DTG174_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་པར་འགྱུར། ༈ །གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཅི་ལྟར་དེ་ཡོད་དེ་ལྟར་ནི། །མི་འགོག་ཅི་ལྟར་དེ་མེད་པ། །དེ་ལྟར་ཡང་ནི་འགོག་མི་འགྱུར། ༈ །དེ་ཕྱིར་དངོས་དངོས་མེད་རྟེན་ཅན། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་འདྲ་མེད་ནའང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་བར་སྣང༌། །དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་རྟེན་པར་འདོད། ༈ །དེ་ལྟ་མིན་ན་དོན་རྣམས་ཀྱི། །ཆོས་གཅིག་བསྒྲུབས་སམ་བཀག་པ་ན། །བདག་ཉིད་ཐམས་ཅད་བསྒྲུབས་པ་དང༌། །བཀག་འགྱུར་བདག་ཐ་དད་མེད་ཕྱིར། །ཐ་དད་ཡིན་ན་གཞན་དང་གཞན། །བཀག་པ་དང་ནི་བསྒྲུབས་པ་བཞིན། །བསྒྲུབ་པ་དང་ནི་དགག་པ་དག །ཆོས་ཅན་གཅིག་ལ་འདུ་མི་འགྱུར། ༈ །སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གི་དབང་བྱས་ཏེ། །གཅིག་སྒྲུབ་པ་ན་དེ་བརྟེན་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །འགོག་ན་དེ་ཡིས་དབེན་པ་དང༌། །དེ་ལས་གཞན་ལ་ལྟོས་ལྟ་བུར། ༈།མེད་པ་ཡི་ནི་དོན་ཅན་གྱི། །ཐ་སྙད་ཇི་ལྟར་བློས་བསྟན་པ། །དེ་བཞིན་ཉིད་དེ་མ་བརྟགས་པར། །ཐ་དད་དོན་རྟེན་ཁས་ལེན་པ། །ཐོག་མེད་བག་ཆགས་ལས་བྱུང་བའི། །འཇིག་རྟེན་དོན་ལ་གནོད་མི་འགྱུར། །དེ་འབྲས་ཅན་དང་དེ་འབྲས་མེད། ༈ །དེ་དེ་ལས་ཐ་དད་དོན་གཅིག །ཐ་དད་རྟེན་ཅན་འཕེལ་བ་དང༌། །འགྲིབ་པ་ལྟ་བུར་བྱེད་པ་ཡི། །བསླད་པ་དེ་དང་དེ་དག་གིས། །འབྲེལ་པ་འགལ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བས་སྦྱོར་དེས་ན། །དེ་དག་བསླད་པའང་ཤེས་མ་ཡིན། །ཡོད་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར། །དེ་མེད་མ་ཡིན་ཐེ་ཚོམ་འགྱུར། །ཁས་བླངས་ཚད་མ་མིན་པ་ལས། །མེད་པ་ཉིད་ཀྱང་རིགས་མ་ཡིན། །མེད་ལས་ལྡོག་པ་མེད་ན་ཡང༌། །མཐུན་ཕྱོགས་ལས་ལྡོག་ཐེ་ཚོམ་ཟ། །དེ་ལ་ཐེ་ཚོམ་ཟ་ཕྱིར་ཏེ། །མི་མཐུན་ཕྱོགས་ལས་ལྡོག་པར་ཡང༌། །ཕུང་པོ་གཉིས་


DTG174_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཅིག་ལ་ནི། །ངེས་པར་གྲུབ་ན་གཞན་ལས་ནི། །ལྡོག་གྲུབ་མ་མཐོང་བ་ཡིན་ཡང༌། །མཐོང་མེད་དག་ལ་ཐེ་ཚོམ་ཟ། །གསལ་ལ་ཁྱབ་བྱེད་མ་ཡིན་ཡང༌། །དེ་ཡི་རིགས་གྱུར་དོན་ཡོད་པས། །མ་མཐོང་བས་འགར་ངེས་མེད་དེ། །མཁྲེགས་པ་མཚོན་གྱིས་མི་ཆོད་བཞིན། ༈ །ཡོད་ལ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །དེ་ཡང་ལ་ལར་དེ་འབྲས་དང༌། །བདག་ཏུ་ངེས་ལས་གཞན་ཅི་ཡོད། །དེས་ན་བདག་མེད་པ་ལས་ཀྱང༌། །འདི་ནི་ལྡོག་པར་ཐེ་ཚོམ་ཟ། ༈ །ལྡོག་ཏུ་ཆུག་པ་དེ་ལྟ་ནའང༌། །བདག་མེད་མེད་ལས་བདག་མི་འགྱུར། །གང་གིས་དེ་ནི་ལྡོག་མེད་ལ། །ངེས་པར་དངོས་པོར་འདོད་མ་ཡིན། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལ། །ལྡོག་པ་མེད་ཀྱང་ཡོད་མིན་བཞིན། །གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུས་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མིན་ན། །བདག་མེད་མ་ཡིན་བདག་བཅས་མིན། ༈ །འཇུག་ལ་གང་གི་རང་བདག་ཉིད། །གང་མེད་མི་འབྱུང་ཅན་གྲུབ་པ། །དེ་ཕྱིར་དེ་ཉིད་ལྡོག་བྱེད་དེ། །འཇུག་པ་ན་ཡང་འཇུག་བྱེད་ཡིན། ༈ །མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྟོས་པ་ཡིན། ༈ །འབྲས་བུ་མཐོང་དང་མ་མཐོང་བ། །དེ་དག་རྒྱུ་དང་འབྲས་བུ་ཉིད། །དེ་ཡོད་ན་ཡོད་ངེས་མེད་ཕྱིར། །དོན་གཞན་རྟོགས་པ་ཡོད་མ་ཡིན། །རྟག་ཏུ་ཡོད་པའམ་མེད་པ་ན། །དེ་དག་མེད་པར་མི་སྲིད་ཕྱིར། །འབྲས་བུའི་རང་བཞིན་ཐ་དད་རྣམས། །རྒྱུ་རྣམས་ལས་ནི་བྱུང་བའི་ཕྱིར། །དེ་དག་མེད་པར་གཞན་ལས་བྱུང༌། །ཅི་ལྟར་དེས་བསྐྱེད་རང་བཞིན་ཡིན། །ཚོགས་པའི་ནུས་པ་ཐ་དད་ཕྱིར། །དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་ཐ་དད་བྱེད་མིན་ན། །འགྲོ་འདི་ངོ་བོ་གཅིག་ཏུ་འགྱུར། ༈ །འདི་ཐ་དད་བྱེད་ཐ་དད་བྱེད། །མིན་ན་རང་བཞིན་གཅིག་ཉིད་ཉམས། ༈ །གཅིག་ནི་རང་བཞིན་དུ་མ་ན། ༈།མེ་དང་མེ་མིན་རང་བཞིན་གཉིས། ༈ །དེས་ན་གཞན་ནི་དེས་བསྐྱེད་པའི། །རང་བཞིན་ཡིན་ན་དེ་དེ་ཉིད། །དེས་བསྐྱེད་རང་


DTG174_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཡིན་ན། །དེ་ནི་དེ་ལས་ཅི་ལྟར་འབྱུང༌། ༈ །དེ་ལྟར་རྒྱུ་དང་འབྲས་བུ་དག །ཕན་ཚུན་རང་བཞིན་ངེས་པ་ཉིད། །དེས་ན་རང་བཞིན་མཐོང་བ་བཞིན། །འབྲས་མཐོང་ན་ཡང་དེ་རྟོགས་འགྱུར། ༈ །ཆུ་དང་འོ་མ་རུལ་འགྱུར་བཞིན། །དུ་མ་ལས་གཅིག་ཇི་ལྟར་འགྱུར། ༈ །གཤེར་ནུས་གང་ལས་རུལ་འགྱུར་ཏེ། །གཉི་གའང་གཅིག་ཉིད་ཅི་འདི་ནི། །ཐ་དད་གཅིག་པའི་བདག་ཉིད་དམ། །ཐ་དད་གཤེར་ཉིད་ཇི་ལྟར་ཡིན། །རང་རང་ངོ་བོ་ལ་གནས་ཕྱིར། །དེ་ཡི་རང་བཞིན་ཅན་གྱི་བློ། །ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། ༈ །དེ་བཞིན་མེ་ནི་ཐ་དད་ཀྱང༌། །ཆ་གང་གིས་ནི་མེར་རྟོགས་པའི། །རྟེན་ཡིན་དེས་ནི་དུ་བསྐྱེད་པ། །དེས་ནི་དེ་ལྟར་རྟོགས་པ་ཡིན། །མེར་ཤེས་ཡན་ལག་གཞན་ལས་ནི། །ལྟོས་པ་ཉིད་ལས་བྱུང་བའི་ཕྱིར། །དུ་བ་དེ་ལ་འཁྲུལ་མེད་ཅན། ། དེ་ལྟར་འབྲས་གཞན་དེ་བཞིན་འགྲུབ། ༈ །དུ་བ་བུད་ཤིང་འགྱུར་བ་ཡི། །ཡན་ལག་རྟེན་ལ་མེར་འཇོག་ཕྱིར། །གལ་ཏེ་མེ་མིན་དེ་དུ་མིན། །གལ་ཏེ་དེ་དུ་མེ་དེ་ཉིད། ༈ །ཅི་ལྟར་རང་རྒྱུ་ལ་ལྟོས་ནས། །རང་བཞིན་མེད་ན་མི་འབྱུང་བར། །ཤེས་བྱ་འཇིག་དང་བྱས་པ་ཉིད། །གོང་དུ་ཇི་སྐད་བཤད་བཞིན་ནོ། ༈ །ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། །མཉན་བྱ་ཉིད་ནི་བརྗོད་མཛད་ལས། །གཏན་ཚིགས་མིན་ཉིད་རྟོགས་པ་ཡི། །ཚུལ་འདིས་ཐམས་ཅད་དཔག་པར་བྱ། ༈ །རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །དོན་ལྡོག་པར་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་གྲུབ་པའི་ཕྱིར། །ཐ་དད་པར་ནི་མ་བཤད་དོ། ༈ །དེ་ལའང་སྐྱེས་བུ་མཐོང་མེད་ལས། །སྲོག་སོགས་ལྡོག་པ་མེད་པའི་ཕྱིར། །གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། །བལྟར་རུང་དོན་ལ་དེ་ཞེས་བསྟན། ༈ །འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། ༈ །དེ་ལ་དམིགས་རུང་རྣམས་ཀྱི་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །དེ་ཕྱིར་མི་ཤེས་ཤེས་བྱའི་ཕྱིར། །མི་དམིགས་དཔེ་གཅིག་བཞེད་


DTG174_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ༈ །ཡུལ་མེད་ཕྱིར་དེར་ཡུལ་ཅན་ནི། །ཤེས་བརྗོད་ཐེ་ཚོམ་འགོག་འགྱུར་ཏེ། །དཔེར་ན་སྲེག་པར་བྱེད་མིན་ཕྱིར། །མེ་མ་ཡིན་ཞེས་བྱ་བ་བཞིན། །དམིགས་སུ་རུང་བའི་མེད་པ་ནི། །མི་དམིགས་པ་ལས་གཞན་མ་ཡིན། །དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། ༈ །སྣང་བ་མ་མཐོང་ན་མེད་ཅེས། །བྱ་བའི་ཐ་སྙད་འདི་གྲུབ་པས། །དེ་འབྲས་ཡིན་ཡང་དེ་ལས་ནི། །བློ་སྒྲ་ཐེ་ཚོམ་མེད་པར་འགྲུབ། །ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཅི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་ཉིད་སྒྲུབ་བཞིན་ཏེ། །དེ་གཉིས་ལ་ནི་འབྲས་སོགས་སྒྲ། །ཐ་སྙད་དོན་དུ་བཀོད་པ་ཡིན། ༈ །རྒྱུ་ལས་འབྲས་བུ་བསྒྲུབས་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །གཏན་ཚིགས་རབ་དབྱེ་བཤད་པ་ལས། །ཐ་དད་པར་ནི་དཔེར་མ་བསྟན། །གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱའམ། །མ་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། ༈ །མྱོང་བ་ཁྱད་པར་ཅན་ཉིད་ལས། །དོན་རྣམས་ཁྱད་པར་ཅན་དུ་རྟོགས། །དེ་ལྟའི་བདག་ཉིད་ཅན་མྱོང་ནི། །འདི་ནི་ཐ་དད་བློ་རྒྱུ་ཡིན། ༈ །དེ་ཕྱིར་བློ་དབྱེ་རང་ཉིད་ལས། །གྲུབ་འགྱུར་དེ་དག་གིས་དེའི་དོན། །དེ་ལྟ་མིན་ན་ཐུག་མེད་ཕྱིར། །འགའ་ཡང་ཐ་དད་གྲུབ་མི་འགྱུར། ༈ །རང་བཞིན་ཁྱད་པར་ཅན་མྱོང་ལས། །གཞན་བསལ་བ་ནི་གཞན་མ་ཡིན། །དེ་ཕྱིར་དེ་མི་དམིགས་པ་ཡང༌། །དེ་ལས་ཁྱད་པར་ཅན་དམིགས་ཉིད། །དེས་ན་མི་དམིགས་པ་འདི་ནི། །རང་ཉིད་མངོན་སུམ་ལས་རྟོགས་པས། །རང་ཉིད་ཙམ་གྱིས་འཇུག་པ་ཅན། །དེ་མེད་རྣམ་གཞག་གོ་བྱེད་ཡིན། ༈ །གཞན་དུ་དོན་གྱི་མེད་པ་ཉིད། །མི་དམིགས་པ་ལས་རྟོགས་པར་འགྱུར། །གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། ༈ །མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་གཞག་པ་འགོག་


DTG174_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དཔེར། །སེམས་ཅན་གཞན་ལ་རྟགས་མེད་པའི། །རྣམ་རྟོག་ལ་སོགས་མི་འགྲུབ་བཞིན། །འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ངེས་པ་བསྒྲུབ་ཕྱིར་གཏན་ཚིགས་ལ། །དང་པོའི་དབང་དུ་བྱས་པ་ཡིན། །རང་གི་སྦྱོར་བ་དག་ལ་དེའི། །རང་གི་ངོ་བོའི་སྦྱོར་བའམ། །དོན་ལ་གནོད་བྱེད་ངོ་བོ་སྟེ། །ཡོད་ན་ཡོད་པས་མེད་ཕྱིར་རམ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བརྟན་དངོས་དང་ནི་འཇིག་པ་བཞིན། །ཚད་མ་གཞན་གྱིས་གནོད་ཕྱིར་ཡང༌། །དེས་གྱུར་དང་ནི་ལྟོས་བཅས་བཞིན། །རྒྱུ་གཞན་ལས་སྐྱེ་ཉེ་བར་ནི། །གདོན་མི་ཟ་བར་ག་ལ་ཡོད། །དངོས་པོའི་རྒྱུ་ལས་བྱུང་ཡིན་ན། །བརྒྱུད་པའི་དུབ་པས་ཅི་ཞིག་བྱ། །གལ་ཏེ་རྒྱུ་དེས་འཇིག་པ་གཞན། །བསྐྱེད་པས་དེ་ནི་འཇིག་འགྱུར་ན། །དངོས་པོ་དེ་ཉིད་འཇིག་པ་ཡི། །ངང་དུ་བསྐྱེད་ན་ཅི་ཞིག་འགྱུར། །དེ་ནི་བདག་ཉིད་གྲུབ་གྱུར་ན། །བདག་ལ་ཕན་འདོགས་བྱེད་པ་གང༌། །བདག་ལ་ཕན་འདོགས་བྱེད་མིན་ན། །དེ་ཡིས་ལྟོས་བྱ་གང་ཅི་ཞིག །ལྟོས་མེད་དངོས་པོ་ནམ་ཡང་ནི། །དེ་ལྟ་མིན་པར་ཅི་ལྟར་འགྱུར། །དཔེར་ན་དེ་ཉིད་འཇིག་ཀ་མར། །སྡོད་ལ་བརྟེན་པར་མི་འདོད་བཞིན། །ལྟོས་པ་མེད་ན་སྐད་ཅིག་ཀྱང༌། །དངོས་པོ་ཡོད་མིན་འགྱུར་ཞེ་ན། །དེ་ལྟར་གྱུར་ཏེ་དངོས་ཉིད་ཡིན། །དངོས་མེད་དེ་ལྟར་ཅི་ལྟར་འགྱུར། །གང་དག་དེ་ཡོད་གཞན་ལྟོས་མེད། །དེ་དག་དེ་ཡོད་ལ་དེས་ཡིན། །འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། ། ༈ ། །བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང༌། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ལྟ་བ་ངན་པའི་ཚང་ཚིང་བསྲེག །འཕགས་པ་ཉིད་ཀྱིས་རྗེས་སུ་བཟུང་བས་ཡང་དག་རིག་པའི་ལམ་སྟོན་པ། །གཞུང་ལུགས་ཉིན་བྱེད་ཡོན་ཏན་བརྒྱ་ལྡན་བློ་ངན་ཉིད་སྤོང་འཇིགས་པ་སྤངས།


DTG174_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མོད་ཀྱི་བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན། །ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པ་སྟེ་ལེའུ་བཞི་པའོ། ། ༈ ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་ངེས་པ་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀས་བསྐུལ་ནས། །བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང༌། །ཉན་པོ་རྒོལ་དང་ཕྱིར་རྒོལ་དོན་ངེས་དང༌། །འབྲེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང༌། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ། །ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིག་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །སྒྲ་དོན་གཉི་ག་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །དཔལ་ལྡན་ཁ་ཆེའི་རིག་པ་བའི། །གཙུག་གི་ནོར་བུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ། །གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང༌། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཚད་མ་རྣམ་པར་ངེས་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་རྣམ་པར་ངེས་པ་བཞུགས་སོ། །


DTG174_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནི་ཤྩ་ཡ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ལ་འཕགས་པ་ཉིད་བྱོན་རྗེས་གཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་བ་གསལ་བར་མི་ཤེས་པས། །ཉེར་བསྟེན་འཇིག་རྟེན་རྒྱལ་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་མངོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ། །ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་བྱ་བའོ། །འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །གལ་ཏེ་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་ལ་སོགས་པ་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཚད་མ་ཡིན་ན་ནི་འདི་གཉིས་ཁོ་ནར་འདུས་པའི་ཕྱིར། །ཚད་མ་རྣམ་གཉིས་ཁོ་ན་སྟེ། །འབྲེལ་བ་ནི། གཞན་ལས་མངོན་སུམ་མ་ཡིན་པ། །འདྲ་བའི་བདག་ཏུ་རྟོགས་ཕྱིར་རོ། །དོན་ནི་རྣམ་པ་གཉིས་ཉིད་དེ་མངོན་སུམ་དང༌། ལྐོག་ཏུ་གྱུར་བའོ། །དེ་ལ་གང་ཞིག་ཤེས་པའི་སྣང་བ་བདག་


DTG174_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མཐུན་པར་བྱེད་པ་དེ་ནི་མངོན་སུམ་སྟེ། དེ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་ཏེ་རང་གི་མཚན་ཉིད་དོ། །གཞན་ནི་བློ་ལ་དངོས་སུ་རང་གི་ངོ་བོ་འཇོག་པའི་ནུས་པས་སྟོང་པའི་ཕྱིར་རྟོགས་པར་མི་འཐད་པ་ཉིད་དོ། །གཞན་མཐོང་བ་ན་གཞན་རྟོགས་པ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་མེད་ན་མི་འབྱུང་བ་ཉིད་ཡིན་ན་ནི་འགྱུར་རོ། །དེ་ནི་ཇི་ལྟ་བུའི་རྣམ་པ་དང་རང་བཞིན་འབྲེལ་བ་གྲུབ་པ་དེ་ལྟ་བུའི་རྣམ་པ་ཉེ་བ་ཉིད་དུ་གོ་བར་བྱེད་ལ་འབྲེལ་བ་ལས་སྤྱིའི་ཚུལ་དུ་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཚད་མ་གཉིས་ཁོ་ན་སྟེ། གཞན་དུ་ན་རྟོགས་པར་མི་འཐད་པའི་ཕྱིར་རོ། །དེའི་འབྲེལ་བ་ཁོ་ན་ནི་རྟགས་ཀྱི་མཚན་ཉིད་མ་ཡིན་གྱི། །འོན་ཀྱང་གཟུང་བའི་ཆོས་དང་ལྡན་པའི་ཆོས་ཅན་ལ་མཐོང་བ་ཡང་ཡིན་ལ། དེ་ནི་སྒྲ་ལ་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཚད་མ་གཞན་མ་ཡིན་ཞེ་ན། དེ་དག་དེ་ལ་མཐོང་ན་འོ་ན་དོན་ཅི་ཞིག་སྒྲུབ་པའམ་འགོག་པར་བྱེད། གང་སྔར་མཐོང་བ་དེ་ལ་དྲན་པར་བྱེད་དོ་ཞེ་ན། སྒྲ་དང་རྟགས་མེད་པར་དེ་རང་ཉིད་ཇི་ཞིག་ལྟར་ཡང་དྲན་པར་མི་འགྱུར་རམ་ཅི། གནས་སྐབས་འདི་ཉིད་ལ་བྱེ་བྲག་ཀྱང་ཡོད་དམ། དེའི་ཕྱིར་འདི་དག་འགའ་ཞིག་ཏུ་མ་གྲུབ་པ་འགའ་ཞིག་ཏུ་སྒྲུབ་པའམ་འགོག་པར་མི་བྱེད་པའི་ཕྱིར། ཇི་ལྟར་འགའ་ཞིག་སྒྲུབ་པར་བྱེད་པ་ཡིན། དེ་དག་ལས་དོན་འགྲུབ་པ་ཡང་མ་ཡིན་ཏེ། དེ་དག་དེར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །སྨྲ་བ་པོའི་མངོན་པར་འདོད་པའི་དོན་གོ་བར་རུང་བའི་ཕྱིར་ཏེ། དེ་ལྟར་རྟོགས་པར་བྱ་བའི་གཞི་ནི་དེ་ཉིད་ཡིན་ནོ། །འོ་ན་དེ་ཡོད་ན་ཡོད་པ་དང༌། མི་དམིགས་པ་ལས་རབ་ཏུ་སྐྱེ་བ་དང་མེད་པ་སྒྲུབ་པ་ལ་རྗེས་སུ་དཔག་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འདི་ལ་དཔེ་ཡོད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་དང༌། དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེ་ན་མ་ཡིན་ཏེ། དེ་ལ་ཡུལ་བསྟན་པས་ཞུགས་པའི་ཡུལ་ཅན་གྱི་འབྲེལ་བ་དྲན་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་དག་གི་ངོ་བོ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་ནོ། །དེ་བཞིན་དུ་དམིགས་པར་རིགས་པ་མི་


DTG174_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ན་ཡང་མེད་དོ་ཞེས་བརྗོད་དེ། དེའི་ཕྱིར་མི་དམིགས་ན་མེད་དོ་ཞེས་རྒྱུ་མཚན་ཉེ་བར་བསྟན་པས་རྨོངས་པ་ལ་ཐ་སྙད་སྒྲུབ་པར་བྱེད་དོ། སྐྱེད་པར་བྱེད་པ་བརྗོད་པ་ལ་ཕ་ཉིད་བཞིན་ནོ། །མི་སྣང་བ་མི་དམིགས་པ་ཡང་རྒྱུ་མཚན་གཞན་མེད་པའི་ཕྱིར་ཡོད་པའི་ཐ་སྙད་འགོག་པ་ཡིན་ཏེ། སྐྱེད་པར་བྱེད་པ་མ་ཡིན་པར་བརྗོད་པ་ལ་ཕ་ཉིད་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་རང་གི་གྲུབ་པ་མ་ཡིན་པ་ཐམས་ཅད་ནི་བདག་ཉིད་དང་འབྲེལ་བའི་གྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར་མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མ་ཡིན་ནོ། །གཞན་དག་མངོན་སུམ་མ་ཡིན་པའི་ཚད་མ་ནི་མེད་དོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཚད་དང་ཅིག་ཤོས་སྤྱི་གཞག་དང༌། །གཞན་བློ་རྟོགས་པར་བྱེད་ཕྱིར་དང༌། །འགའ་ཞིག་འགོག་པར་བྱེད་ཕྱིར་ཡང༌། །ཚད་མ་གཞན་ནི་སྲིད་པ་ཉིད། །དེ་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་སླུ་བ་དང་མི་སླུ་བ་དག་དམིགས་ནས་ཇི་ལྟར་ཉེ་བར་བསྟན་པ་ལ་འཇུག་པ་མི་འཁྲུལ་བར་བྱ་བའི་ཕྱིར་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་དེའི་མཚན་ཉིད་ལ་ཁྱད་པར་སྨྲ་བ་ན་ཆོས་མཐོང་བ་ལས་ཅི་ལྟ་བ་དེ་ལྟར་རབ་ཏུ་བསྒྲུབ་པ་དེ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་སོ། །དེ་ཡང་མ་གྲུབ་པའི་ཕྱིར་ཡུལ་ཉམས་སུ་མྱོང་བ་བསྟན་དུ་མེད་པའི་ཤེས་པའི་གསལ་བ་རྣམས་ལས་མ་གཏོགས་པར་ཅུང་ཟད་ཀྱང་ཚད་མའམ་ཚད་མ་མ་ཡིན་པར་མི་འགྱུར་ལ། རང་གི་རྒྱུད་ལ་ཡོད་པ་མཚོན་པར་བྱ་བ་མ་ཡིན་པ་དེ་དག་གིས་ཀྱང་འདི་གཞན་ལ་ཐ་སྙད་དུ་བྱེད་པར་མི་དབང་བའི་ཕྱིར་བསྟན་བཅོས་བྱ་བ་མ་ཡིན་པ་ཉིད་དོ། །བྱེད་ན་ཡང་རང་གི་འཇུག་པ་ལ་རང་གི་ཚིག་གིས་ཅོ་འདྲི་བར་བྱེད་པ་ཡིན་ནོ། །གཞན་ཁོང་དུ་ཆུད་པར་བྱ་བའི་དོན་དུ་བསྟན་བཅོས་ཀྱང་བྱེད་ལ། རྗེས་སུ་དཔག་པ་ཡང་འདོར་རོ་ཞེས་བྱ་བ་ནི་མི་རིགས་ཏེ། རྗེས་སུ་དཔག་པ་དེ་སྤངས་ན་འཇུག་པ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ། །ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་བརྟགས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་གཞན་དང་འབྲེལ་བ་ནི་སྐྱེས་བུ་ཙམ་གྱིས་མངོན་སུམ་དུ་མི་རྟོགས་སོ། །འདི་འགའ་ཞིག་ཏུ་དགག་པ་བྱེད་པ་ཡང་མངོན་སུམ་གྱིས་ནི་


DTG174_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་འོས་པ་མ་ཡིན་ཏེ། དོན་གྱིས་ནུས་པ་ལ་ལྟོས་པ་མེད་པས་དེའི་ཡུལ་ཉིད་དུ་འགལ་བའི་ཕྱིར་རོ། །མི་ལྟོས་ན་ནི་ཆོས་པ་ལ་སོགས་པའི་དངོས་པོ་ལ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །ལོག་པ་ལས་མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་མེད་པ་ཡང་ཡིན་ལ་དེས་རྟོགས་སོ། །ཞེས་ཀྱང་བྱ་བ་འདི་ནི་ཉམས་སོ། །དེ་ལོག་ན་ནི་གང་ལས་མེད་དོ་ཞེས་བྱ་བར་འགྱུར་ཏེ། ངེས་པ་མེད་པའི་ཕྱིར་རོ། །ཡོད་ན་ཡང་དེ་ཉིད་མི་འཁྲུལ་བའི་དམིགས་པ་ཡིན་པའི་ཕྱིར། དེ་ནི་དེས་དངོས་པོ་མེད་པའི་རྟགས་ཉིད་དོ། །འགའ་ཞིག་མི་སླུ་ཡང་དེའི་རང་བཞིན་ཅན་ལ་འཁྲུལ་བ་མཐོང་བའི་ཕྱིར་ཡིད་བརྟན་དུ་མེད་དོ་ཞེ་ན་མ་ཡིན་ཏེ་དེའི་རང་བཞིན་མ་མཚོན་པའི་ཕྱིར་ཏེ། རང་བཞིན་འབྲེལ་བ་ནི་རྟགས་ཀྱི་མཚན་ཉིད་ཡིན་ལ། དེ་ལ་ནི་འཁྲུལ་བ་ཡོད་པ་མ་ཡིན་ཏེ་དེ་མེད་ན་རང་གི་ངོ་བོ་མེད་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་མངོན་སུམ་ཡང་ནི་དོན་མེད་ན། མི་འབྱུང་བ་ལས་ཚད་མ་ཉིད། །འབྲེལ་བ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །མངོན་སུམ་ཡང་དོན་ལ་མི་སླུ་བ་ཉིད་ལས་ཚད་མ་ཡིན་ནོ། །མི་སླུ་བ་ཡང་དེ་ལས་བདག་ཉིད་ཐོབ་པའི་ཕྱིར་ཏེ། གཞན་ལས་བྱུང་བའམ་མ་བྱུང་བའི་ཡོད་པ་དེ་ནི་དེ་ལ་ངེས་པར་མི་སླུ་བ་མི་རིགས་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱི་དོན་ལ་མི་སླུ་བ་ནི་དོན་མེད་ན་མི་འབྱུང་བ་ལས་མ་ཡིན་གྱི། འོན་ཀྱང་དོན་མཐོང་བ་ལས་ཡིན་ནོ་ཞེ་ན། དོན་མཐོང་བ་དེ་ཡང་དོན་ཡིན་ནམ་ཤེས་པ་ཡིན། དོན་ཡིན་ནོ་ཞེ་ན་དོན་ཐམས་ཅད་མངོན་སུམ་ཡིན་པའི་ཕྱིར་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །ཤེས་པ་ཡིན་ནོ་ཞེ་ན་ཇི་ལྟར་གཞན་ཡོད་ན་འབྲེལ་བ་མེད་པ་གཞན་ངེས་པར་ཡོད་པར་འགྱུར་བ་མཐོང་བའི་ཕྱིར་ཡོད་པར་འགྲུབ་བོ་ཞེ་ན། མཐོང་བ་ཞེས་བྱ་བ་འདི་ཅི་ཞིག་ཅེས་དེ་ཉིད་བརྒལ་ཞིང་བརྟག་པ་བྱེད་པ་མ་ཡིན་ནམ། དེའི་ཕྱིར་ཤེས་པ་ཡོད་པ་ལས་དོན་ཡོད་པར་འདོད་པས་ཤེས་པ་དེ་དང་འབྲེལ་བར་བརྗོད་པར་བྱ་བ་ཡིན་ལ། དེ་ནི་འབྲས་བུ་དང་རང་བཞིན་གྱི་རྟགས་དག་ལས་རྗེས་སུ་དཔག་པ་ལ་ཡང་མཚུངས་པའི་ཕྱིར་རྗེས་སུ་དཔག་པ་ཚད་མའི་མཚན་ཉིད་དང་མི་ལྡན་པ་མ་ཡིན་ནོ། །དེ་ལ་མངོན་སུམ་རྟོག་


DTG174_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མ་འཁྲུལ་བ། །རབ་རིབ་དང་མྱུར་དུ་བསྐོར་བ་དང༌། གྲུར་ཞུགས་པའི་འཁྲུག་པ་ལ་སོགས་པས་འཁྲུལ་བ་མ་བསྐྱེད་ཅིང་རྣམ་པར་རྟོག་པ་མེད་པའི་ཤེས་པ་ནི་མངོན་སུམ་མོ། །རྟོག་པ་དེ་ཡང་གང་ཞེ་ན། རྟོག་པ་མངོན་པར་བརྗོད་ཅན་གྱི། །ཤེས་པ་རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བ་སྣང་བའི་ཤེས་པ་སྟེ། དེ་དང་བྲལ་བའོ། །དབང་པོའི་ཤེས་པ་ལ་ནི་དེ་སྲིད་པ་མ་ཡིན་ཏེ། དོན་གྱི་མཐུ་ཡིས་ནི། ཡང་དག་སྐྱེ་བ་ཡིན་ཕྱིར་རོ། །གང་གི་ཕྱིར་དེ་དོན་གྱི་ནུས་པ་ལས་སྐྱེས་པ་ན་དེའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་པའི་ཕྱིར་རོ། །གང་གིས་དེ་སྣང་བ་ན་དེ་ཡང་སྣང་བར་འགྱུར་བ་དོན་ལ་སྒྲ་ཡོད་པའམ། དེའི་བདག་ཉིད་ནི་མ་ཡིན་ནོ། །རིག་པའི་ཆོས་འདི་ནི་དོན་ལ་རེག་པ་དང་མི་ལྡན་པ་ཡང་མ་ཡིན་ཏེ། དེ་དོན་རྟག་ཏུ་སྦྱོར་བའི་ཕྱིར་དང༌། དེ་ལས་ཀྱང་དོན་རྣམས་མི་རྟོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདི་ཉེ་བར་གྱུར་པས་རྣམ་པར་ཤེས་པ་བསྐྱེད་པ་ན་བདག་ཉིད་མ་ཡིན་པ་མེད་ན་མི་འབྱུང་བ་ནི་མདུན་དུ་བྱེད་པར་རིག་པ་མ་ཡིན་ཏེ། རོ་ལ་སོགས་པ་ཕན་ཚུན་བཞིན་ནོ། །དེའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་ཤེས་པ་ཡང་དོན་གཞན་གྱི་རྗེས་སུ་འབྲང་བ་མ་ཡིན་ཏེ། རོ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེའི་བདག་ཉིད་ཡིན་དུ་ཆུག་ཀྱང་དབང་པོ་གཞན་གྱི་ཤེས་པ་བསྐྱེད་པར་མི་ནུས་པའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །རྣམ་པར་རྟོག་པ་ཅན་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དོན་གྱི་ནུས་པ་ཉེ་བ་ལ་ལྟོས་པ་མེད་པར་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཀུན་ནས་བསླངས་པ་ལས། དབང་པོའི་དོན་མ་ངེས་པར་འཛིན་པ་ཅན། ཉམས་སུ་མྱོང་བ་འགའ་ཞིག་དང་འབྲེལ་བ་ལས་ལྷན་ཅིག་གམ། སོ་སོར་འཛིན་པར་བྱེད་དོ། །གཞན་ཡང༌། དོན་ནི་ཉེ་བར་སྦྱོར་བ་ནའང༌། །གཞན་ཡང་སྒྲ་སྦྱོར་དྲན་པ་ལ། །གལ་ཏེ་དབང་པོའི་བློ་ལྟོས་ན། །དོན་དེ་ཆོད་པར་འགྱུར་བ་ཡིན། །གང་གི་ཕྱིར་བརྡའི་དུས་ན་གོམས་པའི་བརྗོད་པའི་སྤྱི་མ་དྲན་པ་ནི་དེ་སྦྱོར་བ་མི་སྲིད་དེ་སྒྲ་གཞན་བཞིན་ནོ། །དོན་གྱིས་ཉེ་བར་སྦྱོར་བས་བྱས་པའི་ནང་གི་འདུ་བྱེད་སད་པ་མེད་པར་ཡང་སྒྲའི་ཁྱད་པར་དྲན་པར་མི་རིགས་ཏེ། དེ་དེས་མ་བྱས་ན་དེའི་མིང་མི་འཛིན་པར་ཐལ་བའི་ཕྱིར་རོ། །དེས་


DTG174_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲན་པས་བར་དུ་ཆོད་པའི་ཕྱིར་དོན་གྱི་ཉེ་བར་སྦྱོར་པའི་དེ་མ་ཐག་པའི་བྱེད་པའི་འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་གང་སྔོན་བློ་ཡི་སྐྱེད་བྱེད་མིན། །ཉེར་སྦྱོར་ཁྱད་པར་བྱེད་པའི་ཕྱིར། །དེ་ནི་ཕྱིས་ཀྱང་འགྱུར། བདག་ཉིད་ཐ་དད་པ་མེད་པས་ནུས་པ་ཁྱད་པར་མེད་པའི་ཕྱིར་གཅིག་ཉིད་གཅིག་ལ་བྱེད་པ་དང་མི་བྱེད་པར་ནི་མི་འགྱུར་རོ། །དེས་ན། དོན་མེད་ན་ཡང་མིག་བློར་འགྱུར། །དོན་བློ་ལ་དངོས་སུ་མི་སྦྱོར་བའི་ཕྱིར་དང༌། དྲན་པས་སད་པར་བྱེད་པ་ལ་སྦྱོར་བའི་ཕྱིར་བློ་ནི་ཕན་པ་མེད་པ་དེ་ཡོད་པ་ལ་མི་ལྟོས་པ་ཉིད་དོ། །དོན་གྱི་ཉེ་བར་སྦྱོར་བས་བློ་སྐྱེད་པར་བྱེད་ན་ནི་བརྗོད་པ་དྲན་པའི་བར་ཆད་མེད་པའི་ཕྱིར་མངོན་སུམ་རྟོགས་པ་མེད་པར་གྲུབ་པ་ཡིན་ནོ། །གཞན་ཡང༌། ཁྱད་པར་དང་ནི་ཁྱད་པར་ཅན། །འབྲེལ་དང་འཇིག་རྟེན་ཆོས་ལུགས་ནི། །གཟུང་སྟེ་དེ་ལྟར་བསྡོམས་བྱས་ན། །དེ་ལྟར་རྟོགས་ཀྱིས་གཞན་དུ་མིན། །ཁྱད་པར་དང་ཁྱད་པར་ཅན་དང་དེའི་འབྲེལ་བ་དང་འཇིག་རྟེན་པའི་རྣམ་པར་གཞག་པ་ཤེས་ན་ནི་དེ་བསྡོམས་ནས་འཛིན་པས་འགའ་ཞིག་གིས་ཁྱད་པར་ཅན་དུ་འཛིན་པ་ཡིན་ཏེ། དབྱིག་པ་ཅན་ལ་སོགས་པ་བཞིན་ནོ། །དོན་དང་འབྲེལ་བ་དང་རྗོད་པར་བྱེད་པའི་གཙུག་ལག་རྣམས་མི་ཤེས་ན་མི་འགྱུར་བའི་ཕྱིར་གཞན་དུ་ནི་མ་ཡིན་ནོ། །རིགས་དང་ཡོན་ཏན་དང་བྱ་བ་དང་ལྡན་པ་དག་ནི་འདི་ལ་མི་སྲིད་པ་ཉིད་ནི། རང་བཞིན་ཐ་དད་པ་དང་འབྲེལ་པ་དག་མི་སྣང་བས་སྦྱོར་བ་མི་རིགས་པའི་ཕྱིར་དང༌། དེ་ལྟར་རྟོགས་པ་མེད་པའི་ཕྱིར་ཆུ་དང་འོ་མ་དག་བཞིན་ནོ། །གང་ལ་ཐ་དད་པར་རྟོགས་པ་ཡོད་པ་དེ་ལ་ཡང་འཛིན་པ་ནི། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །མཐོང་བ་སྡུད་པའི་བདག་ཅན་དེ། །སྔ་ཕྱི་འཛིན་པས་སྟོང་པ་ཡི། །མིག་ཤེས་ལ་ནི་ཇི་ལྟར་འགྱུར། །གང་གི་ཕྱིར་འདི་ལ་འདི་ཙམ་བྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། ཡུལ་གྱི་དོན་ཉེ་བའི་སྟོབས་ལས་སྐྱེས་པས་དཔྱོད་པ་མེད་པའི་ཕྱིར་རོ། །དཔྱོད་པར་བྱེད་པ་ཉིད་ཡིན་ན་ནི་ཡིད་ཀྱི་ཤེས་པ་དང་དབང་པོའི་ཤེས་པ་དག་ཐ་དད་པ་མེད་པར་ཐལ་བའི་ཕྱིར་རོ། །ཐ་དད་པ་མེད་པ་ཉིད་ཡིན་ན་ནི་འདས་པ་དང་མ་འོངས་པ་དང་དངོས་པོའི་རབ་ཏུ་དབྱེ་བ་འཛིན་པ་དང་མི་འཛིན་པ་དང་དཔོག་


DTG174_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་དཔོག་པ་དང་དོན་ཡོད་པ་ལ་ལྟོས་པ་དང་མི་ལྟོས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པས་མངོན་པར་འདུས་བྱས་པ་ལ་དབང་པོའི་ཤེས་པར་འཛིན་པར་བྱེད་དོ་ཞེ་ན་མ་ཡིན་ཏེ། ཇི་སྐད་བཤད་པ་མི་འཛིན་པས་དེ་ལྟར་རྟོགས་པ་མི་རིགས་པའི་ཕྱིར་རོ། །ཡུལ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་ཏེ། རིགས་ལ་སོགས་པ་དང༌། འབྲེལ་བ་དང༌། འདས་པ་དང༌། སྒྲའི་ཐ་སྙད་ལས་སོགས་པ་རྣམས་ནི་དབང་པོའི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དབང་པོའི་ཤེས་པ་ནི་དོན་སྦྱོར་བར་བྱེད་པའི་རྟོག་པ་རྣམས་ཀྱི་ནང་དུ་གཏོགས་པ་མ་ཡིན་ནོ། །དེ་ནི་རྟོགས་པས་བླངས་ན་ཡང༌། །འདོད་པས་ལྡོག་དང་ཉེ་བ་ཡི། །དོན་ལ་བློ་ནི་ལྟོས་མེད་འགྱུར། །གཞན་ཡང་འདི་ཁྱད་པར་ལ་སོགས་པའི་རྟོགས་པས་བསླང་བ་ཡིན་ན་ཚོགས་པ་ཚང་བ་ཅན་གྱི་འཇུག་པ་ཡང་འདོད་པས་ལྡོག་པར་འགྱུར་ཏེ། དེ་ལས་གཞན་པའི་རྣམ་པར་རྟོགས་པ་བཞིན་ནོ། །རྣམ་པར་རྟོགས་པ་རྣམས་ནི་སོ་སོར་བརྟགས་པས་བཟློག་པར་ནུས་པ་ཡིན་གྱི། དབང་པོའི་བློ་ནི་མ་ཡིན་ཏེ། ཚོགས་པ་ཚང་བ་ལ་བ་ལང་གི་བློ་བཟློག་ཅིང་རྟར་རྣམ་པར་བརྟགས་ཀྱང་བ་ལང་དུ་མཐོང་བའི་ཕྱིར་རོ། །འདི་དོན་ཉེ་བ་ལས་མི་ལྟོས་པར་ཡང་འགྱུར་ཏེ། གང་གི་ཕྱིར་པ་ལང་ལ་སོགས་པའི་རྣམ་པར་རྟོག་པ་ནི་དོན་ཉེ་བ་ཉིད་ལས་འགྱུར་བ་མ་ཡིན་ནོ། །འདི་ཉིད་ཀྱིས་གཞན་མིན་ཞེ་ན། གང་གི་ཕྱིར་འདི་བ་ལང་ངོ་ཞེས་བྱ་བ་ནི་ཉེ་བ་མ་ཡིན་པ་ལ་མི་འགྱུར་ལ། ཁོ་བོ་ཅག་གི་མངོན་སུམ་ཡང་འདི་ཉིད་ཡིན་ཏེ། དོན་ཉེ་བ་ངེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར། དེ་དབང་སྤྱོད་ཡུལ་མ་ཡིན་ཕྱིར། །མེད་དང་ཐ་དད་མེད་པ་ལའང༌། །རིག་པ་ལས་ཀྱང་བློ་དེར་འགྱུར། །དབང་པོའི་སྤྱོད་ཡུལ་མ་ཡིན་པའི་དོན་ཡིན་པའི་ཕྱིར་དེ་དབང་པོའི་ཤེས་པ་སྐྱེད་པར་བྱེད་པ་ལ་མེད་པ་ལས་ཐ་དད་པ་ཅི་ཡོད། དེའི་ནུས་པ་ནི་དེ་ལས་དངོས་སུ་ཐམས་ཅད་དུ་ལོགས་པ་ཡིན་ལ། བརྒྱུད་པ་ཉེ་བར་སྦྱོར་ན་ནི་འདས་པ་ལས་ཀྱང་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་མ་ཡིན་པ་ཉིད་ཀྱིས་མེད་པ་དང་ཁྱད་པར་མེད་པ་ལ་ཡང་རེག་པ་ལས་འདི་བུམ་པ་ཞེས་རྟོགས་པས་ནི་འདི་མངོན་སུམ་དང་ལྡན་


DTG174_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིགས་པ་མ་ཡིན་ནོ། །གལ་ཏེ་རེག་དེ་རྫས་ཡིན་ན། དེ་ནི་མ་ཡིན་ཏེ། རྫས་ནི་རེག་པ་ཡང་ཡིན་པས་རེག་ནས་འཛིན་ཏོ་ཞེ་ན། མ་ཡིན་འདི་ནི་བུམ་པ་ཞེས། །ཤེས་ལ་ཁ་དོག་སྣང་ཕྱིར་རོ། །འདི་བུམ་པའོ་སྙམ་པའི་ཤེས་པ་ནི་རེག་པའི་དབང་པོ་ལས་སྐྱེས་པར་མི་རིགས་ཏེ། དེ་ལྟར་སེམས་པ་ན་ཁ་དོག་སྣང་བའི་ཕྱིར་རོ། །དེས་ན་དྲན་པའི་རྣམ་པར་རྟོག་པ་འདི་ནི་གཟུགས་དང་རེག་པའི་རྣམ་པར་ཤེས་པ་དག་གི་རྒྱུ་ཅན་གྱི་ཡིད་ཡིན་ནོ། །གཞན་ཡང༌། གང་ཞིག་ཡོད་ལ་གང་མཐོང་བ། །དེ་མཐོང་བ་ལས་དེ་ཡི་སྒྲ། །དྲན་རིགས་དེ་རྟོགས་མེད་ན་ནི། །སྒྲ་ཡི་ཁྱད་པར་ཇི་ལྟར་དྲན། །དེ་མ་དྲན་ན་དེ་དང་དོན། །བསྲེས་ནས་རིག་པ་དེ་ཇི་ལྟར། །གལ་ཏེ་རང་གི་རྗོད་པར་བྱེད་པའི་ཁྱད་པར་ལ་ལྟོས་པའི་དོན་ཉིད་ཤེས་པས་ངེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ངེས་པ་ཡིན་ན། ད་ནི་དབང་པོའི་ཤེས་པའི་བརྗོད་པ་ཡང་རྟོགས་པར་འགྱུར་ཏེ། རྗོད་པར་བྱེད་པའི་ཁྱད་པར་དྲན་པར་མི་རིགས་པའི་ཕྱིར་རོ། །གང་གི་ཕྱིར་དོན་མཐོང་བ་ཡོད་ན་ནི་དེ་ལས་དོན་གྱི་ཁྱད་པར་ཉེ་བ་ལ། མཐོང་བའི་སྒྲ་དྲན་པར་འགྱུར་བ་ཡིན་ཏེ་མེ་དང་དུ་བ་བཞིན་ནོ། །འདིས་སྒྲ་མེད་པར་དོན་མི་མཐོང་ཞིང་མ་མཐོང་ན་ཡང་སྒྲའི་ཁྱད་པར་མི་དྲན་ལ་མ་དྲན་ན་སྦྱོར་བར་མི་བྱེད་དོ། །མ་སྦྱར་ན་རྟོགས་པར་མི་འགྱུར་བའི་ཕྱིར་འགྲོ་བ་མ་ལུས་པ་ལོང་བ་ཉིད་དུ་འགྱུར་རོ། །དོན་ཉེ་བ་ཉིད་ཀྱི་ནང་གི་འདུ་བྱེད་སད་པར་བྱས་པ་དེས་དྲན་པར་འགྱུར་གྱི་དོན་མཐོང་བས་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྡ་མ་མཐོང་བ་ལ་མེད་པས་དེའི་འབྲེལ་པ་ནི་རང་གི་ངོ་བོ་མེད་པའི་ཕྱིར་རོ། །སྐྱེས་བུའི་འདོད་པས་ནི་དོན་རྣམས་ཡོངས་སུ་འགྱུར་བ་མ་ཡིན་པའི་ཕྱིར། བརྡའི་དུས་སུ་སྐྱེས་པའི་རང་གི་ངོ་བོ་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་འགྱུར་ན་ནི་དེ་དེའི་བདག་ཉིད་ཡིན་པའི་ཕྱིར་གཞན་བརྡ་མ་མཐོང་བ་རྣམས་ལ་ཡང་འགྱུར་རོ། །སྐྱེས་བུ་སོ་སོ་ལ་དོན་རྣམས་བདག་ཉིད་ཐ་དད་པ་ནི་མ་ཡིན་ཏེ། བདག་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། བདག་ཉིད་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བས་ན་འདི་སྒྲ་མ་སྦྱར་བའི་དོན་ཉིད་མཐོང་བ་ཡིན་ནོ། །ཡང་ན་དབང་པོའི་བློ་རྟོག་


DTG174_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བར་སྒྲུབ་པར་བྱེད་པ་ནི་མངོན་སུམ་ཉིད་དོ། །གང་གི་ཕྱིར། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །བརྗོད་པའི་སྣང་བ་མེད་པའི་སྣང་བ་ནི་སྲོག་ཆགས་ཐམས་ཅད་ཀྱི་མངོན་སུམ་ཉིད་ཡིན་པའི་ཕྱིར་འདི་ལ་སྒྲུབ་པར་བྱེད་པ་གཞན་གྱིས་ཅི་ཞིག་བྱ། གང་གིས་ཡོད་ཀྱང་མི་རྟོགས་པར་འགྱུར་བ་རྣམ་པར་རྟོག་པ་འདི་དག་གི་སྐྱེ་བ་དང་འགག་པར་རིག་པར་མི་འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར་སླར་ཡང་ཅུང་ཟད་རྣམ་རྟོག་ན། །ཁོ་བོའི་རྣམ་རྟོག་འདི་འདྲར་འགྱུར། །ཞེས་རིག་སྔར་བཤད་རང་བཞིན་གྱིས། །དབང་པོ་ལས་རྟོགས་ལ་མིན་ནོ། །ཡང་དེ་བསྡུས་པ་ལས་སེམས་ལངས་ཏེ། །ཅུང་ཟད་རྣམ་པར་རྟོག་པ་ན། །ཁོ་བོའི་རྣམ་པར་རྟོག་པ་འདི་དང་འདི་འདྲ་བར་གྱུར་ཏོ་ཞེས་རང་གི་སེམས་ཀྱི་རྒྱུན་སྡོམ་པར་བྱེད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་འདི་དག་མངོན་སུམ་ཡིན་ན་ཇི་ལྟར་རྣམ་པར་རྟོག་པ་བསྡུས་པའི་མཐོང་བ་ལ་རྟོགས་པར་མི་འགྱུར་ཞེས་བྱ། དེས་ན་མཐོང་བའི་བདག་ཉིད་རྟོག་པ་དང་མ་འདྲེས་པ་ནི་མངོན་སུམ་ཡིན་པའམ། མཐོང་བ་ལ་སྣང་བའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་མི་སྣང་བས་ནི་དབང་པོའི་ཤེས་པ་ལ་རྣམ་པར་རྟོག་པ་སྤངས་པ་ཡིན་ནོ། །གང་གིས་དབང་པོའི་ཤེས་པ་རྣམ་པར་རྟོག་པར་ཁས་བླངས་པ་ལ་གནོད་པར་འགྱུར་བའི་བློ་མངོན་སུམ་དུ་གྱུར་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་རེ་ཞིག་སྐྱེ་བ་དང་འགག་པར་རིག་པའི་རྣམ་པར་རྟོག་པ་འདི་དོན་ནམ། བློ་གང་གི་ནང་དུ་འདུ། དོན་ནི་མ་ཡིན་ཏེ། ནང་དུ་ཡོངས་སུ་གསལ་བའི་ཕྱིར་དང༌། འདོད་པའི་དབང་གིས་སྐྱེ་བ་དང་འགག་པར་རིགས་པ་མ་ཡིན་པའི་ཕྱིར་རོ། །བློ་ནི་འདིར་འགྱུར་བ་ཡིན་ན་མངོན་སུམ་མ་ཡིན་པ་དེ་ནི་འཇུག་ཏུ་ཟིན་ཀྱང་གསལ་བ་མ་ཡིན་ལ། གསལ་བའི་དོན་ཀྱང་དེ་ལྟར་འགྱུར་བ་མ་ཡིན་ཞིང༌། འདི་གཞན་འགའ་ཞིག་དང་རྗེས་སུ་འབྲེལ་པ་ཡང་མ་ཡིན་པའི་ཕྱིར་དོན་དང་བརྗོད་པའི་རྗེས་སུ་བྱེད་པ་ཉམས་སུ་མྱོང་བའི་བདག་


DTG174_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྣམ་པར་རྟོག་པ་ནི་མེད་པར་འགྱུར་རོ། །བདེ་བ་ལ་སོགས་པ་མྱོང་བ་ཡང་བློ་ཡིན་ལ། དེ་ཡང་ལྐོག་ཏུ་འགྱུར་བའི་ཕྱིར་དེ་ལས་ཕན་པ་དང་གནོད་པར་མི་འགྱུར་ཏེ། སྐྱེས་བུ་གཞན་གྱིས་མྱོང་བ་བཞིན་ནོ། །འདི་དག་མངོན་སུམ་གྱིས་ཤེས་པ་མ་ཡིན་ན་བདག་ཉིད་ལ་རྟོགས་པར་ཡང་ཇི་ལྟར་འགྱུར། དོན་མ་ཤེས་པར་བློ་མི་འགྲུབ་པས་ན་དེ་ཤེས་པ་ནི་རྗེས་སུ་དཔག་པ་ལས་ཁོང་དུ་ཆུད་པ་ཡིན་ནོ་ཞེ་ན། གང་གིས་འདི་སྐད་སྨྲ་བའི་ཚིག་ལ་ཡང་འཇིག་རྟེན་ན་རྣ་གཏོད་པར་བྱེད་པ་ནི་རྒྱལ་བའི་སྒྲ་བསྒྲགས་པས་བླུན་པོ་རྒྱལ་བ་ཡིན་ནོ། །དོན་ཤེས་པ་ཞེས་བྱ་བ་བློའི་སྒྲུབ་པར་བྱེད་པ་ནི་རྟོགས་པ་ཡིན་ལ་བློ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་བསྔགས་པར་འོས་པའི་ཤེས་རབ་ཅན་ལྷ་རྣམས་དགའ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དོན་ཤེས་པ་ནི་བློའི་རྟགས་མ་ཡིན་གྱི་འོན་ཀྱང་དབང་པོ་དང་དོན་དག་ཡིན་ནོ་ཞེ་ན། མི་འཁྲུལ་ན་གཏན་ཚིགས་ཡིན་ནོ། །ཡིད་ཡིན་ནོ་ཞེ་ན། དེ་ཡང་བར་དུ་མ་ཆོད་པའི་ཤེས་པའི་རྒྱུར་གྱུར་པ་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་པར་རིག་སྟེ། དེ་ཡུལ་གཞན་ལ་སེམས་གཏད་ཅིང་ནུས་པ་ཉམས་པར་གྱུར་ན་གཞན་ལ་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་མ་གྲུབ་པོ། །ཡུལ་གསལ་བ་ཡིན་ནོ་ཞེ་ན། གསལ་བ་དེ་ཉིད་བློ་མ་ཡིན་ནམ། དེའི་ཁྱད་པར་ཅན་དེ་ཡང་མ་གྲུབ་པོ། །གསལ་བ་ནི་བློ་མ་ཡིན་ཏེ། དོན་གྱི་བདག་ཉིད་ཡིན་ནོ་ཞེ་ན། བློས་མ་བསྐྱེད་ན་ཇི་ལྟར་བློའི་གོ་པར་བྱེད་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དོན་གྱི་བདག་ཉིད་ཀྱང་ཐུན་མོང་བ་ཡིན་པའི་ཕྱིར་གཞན་གྱི་བློ་ཡང་རྗེས་སུ་དཔག་པར་ཐལ་ལོ། །རྟགས་གྲུབ་ཀྱང་མ་གྲུབ་པས་ནི་བློ་དང་འབྲེལ་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །དེའི་ཕྱིར་འདིའི་བརྗོད་པ་མེད་པ་ཡང་མངོན་སུམ་དུ་སྣང་བ་ཡིན་ནོ། །དབང་པོའི་བྱ་བ་མེད་པ་ལ། །སྒྲ་ཡིས་དོན་ནི་མཐོང་བ་བཞིན། །བློ་ལ་སྣང་བ་མེད་པའི་ཕྱིར། །དེ་ནི་བརྗོད་མེད་རྟོགས་བྱེད་ཡིན། །ཡང་མངོན་སུམ་དེ་ནི་རྗོད་དུ་མེད་པའི་ཡུལ་ཅན་ཡིན་ཏེ། དབང་པོའི་བྱ་བ་མེད་པ་ལ་མཐོང་བ་བཞིན་དུ་སྒྲས་བློ་ལ་སྣང་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྒྲ་ལས་བྱུང་བའི་ཤེས་


DTG174_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་དོན་མ་ཡིན་ནོ། །སྒྲའི་ཡུལ་ཉིད་ནི་དངོས་པོ་མ་ཡིན་ཏེ། མཐོང་བ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ཉིད་མ་ཡིན་པའི་རྒྱུ་མཚན་འདི་ཙམ་དུ་ཟད་པའི་ཕྱིར་རོ། །དངོས་པོ་མེད་ཀྱང་སྒྲ་ལས་བྱུང་བའི་སྣང་བ་མི་ཉམས་པས་མེད་པའི་དོན་སྣང་བ་དང་ཁྱད་པར་མེད་པའི་ཕྱིར། ཡོད་ཀྱང་ཤེས་པ་དེ་ནི་དེའི་བདག་ཉིད་འཛིན་པ་མ་ཡིན་ཏེ། དེ་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་པའི་ཕྱིར། དྲི་ལ་རོའི་བློ་བཞིན་དང༌། གཟུགས་ལ་མིག་གི་བློ་བཞིན་ནོ། །རྣམ་པར་གཏོད་པར་ནུས་པའི་ཕྱིར་ཤེས་པའི་ཡུལ་ནི་རྒྱུ་ཡིན་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ནི་རྒྱུ་མ་ཡིན་ནོ། །རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །སྒྲ་སྦྱར་བ་ཡང་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ན། གང་ལ་སྒྲ་དང་འབྲེལ་པར་མཐོང་བ་ཐ་སྙད་ཀྱི་ཚེ་རྟོགས་པར་འགྱུར་བ་དབང་པོའི་དོན་ནི་རྗེས་སུ་འགྲོ་བ་དང་ལྡན་པ་ཡང་མ་ཡིན་ཏེ། འདི་ལྟར་གཅིག་ཏུ་མཐོང་བའི་ཁྱད་པར་ནི། གཞན་འགའ་ཞིག་ཏུ་མ་མཐོང་བའི་ཕྱིར། གང་གི་ཕྱིར་གསལ་བའི་བདག་ཉིད་རྣམས་ནི་ཕན་ཚུན་རྗེས་སུ་འགྲོ་བ་མ་ཡིན་ཏེ། ནུས་པ་དང་སྣང་བ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེ་ལས་སྤྱི་གཞན་ཐ་དད་ནི། །ཡོད་མིན་ཐ་དད་བློ་མེད་ཕྱིར། །གང་ལས་སྒྲ་འཇུག་པར་འགྱུར་བ་གསལ་བའི་བདག་ཉིད་རྣམས་ལས་ཐ་དད་པའི་རྗེས་སུ་འགྲོ་བའི་དོན་ནི་མ་མཐོང་བའི་ཕྱིར་རོ། །དོན་ཐ་དད་པ་ཉིད་ལ་ནི་བློ་ཐ་དད་པ་མཐོང་སྟེ། འབྱུང་པོ་དང་མགུལ་ཆིངས་བཞིན་ནོ། །དེ་ལ་ཐ་དད་པ་མེད་ཀྱང་དོན་ཐ་དད་པར་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱི་བདག་ཉིད་ལ་གཅིག་ངེས་པ་མེད་པའི་ཕྱིར་ཐ་དད་པ་མ་རྟོགས་པས་འགྲོ་བ་གཅིག་དང་དུ་མ་ར་མི་འགྱུར་རོ། །དེ་ལྟ་མོད་ཀྱི་སྤྱི་སྣང་དུ་ཟིན་ཀྱང་མ་རྟོགས་པའི་ཕྱིར་ཐ་དད་པར་ངེས་པར་མི་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར། དེ་ལ་གཞན་ལ་བློ་དང་ནི། །སྒྲ་འཇུག་ཕྱིར་ན་མི་རྟོགས་མིན། །བློ་དང་སྒྲ་རྗེས་སུ་འགྲོ་བའི་མི་རྟེན་པའི་ཁྱད་པར་འདི་སྤྱི་མཐོང་བའི་སྟོབས་


DTG174_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྗེས་སུ་འགྲོ་བ་ནི་ཅི་ལྟར་མི་རྟོགས་ཞེས་བྱ། གང་ལས་གང་ལ་སྒྲ་དང་བློ་འཇུག་པ་དེ་མ་རྟོགས་པར་ནི་དེ་དེ་ལྟར་རྟོགས་པར་མི་འགྱུར་ཏེ། དབྱུག་པ་ཅན་ལ་སོགས་པ་བཞིན་བདག་ཉིད་ལས་ཇི་ལྟར་ཐ་སྙད་དུ་འགྱུར། ཡུལ་ཅན་ཉིད། །དེ་ལ་སྤྱི་མི་སྣང་བའི་ཕྱིར་དང༌། གསལ་བ་རྣམས་ཀྱང་རྗེས་སུ་མི་འགྲོ་བའི་ཕྱིར་དབང་པོའི་བློ་ནི་བརྗོད་དུ་མེད་པའི་དངོས་པོའི་རང་བཞིན་ཁྱད་པར་ཅན་ཉིད་མངོན་སུམ་དུ་བྱེད་པ་ཡིན་ནོ། །འོ་ན་ད་ནི་མངོན་སུམ་མ་ཡིན་མ་ངེས་པའི་བདག་ཉིད་ལས་ཇི་ལྟར་ཐ་སྙད་དུ་འགྱུར། འདིའོ་ཞེས་བྱ་བར་ངེས་ན་ནི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་དག་ཐོབ་པ་དང་སྤོང་བའི་དོན་དུ་འཇུག་པའི་ཕྱིར་རོ་ཞེ་ན། སྐྱོན་ནི་མེད་དེ། གང་གི་ཕྱིར། དོན་མཐོང་བ་ཉིད་མཐོང་རྣམས་ལ། །མྱོང་བའི་མཐུ་ལས་བྱུང་བ་ཡི། །དྲན་པས་མངོན་པར་འདོད་པ་ཡིས། །ཐ་སྙད་རབ་ཏུ་འཇུག་པ་ཡིན། །མངོན་སུམ་དོན་ལ་ལྟ་བ་ཙམ་ཡིན་ཡང་ཉམས་སུ་མྱོང་བའི་མཐུ་ལས་བྱུང་བ་མྱོང་བ་མཚམས་སྦྱོར་བའི་དྲན་པ་ལས། དེ་མཐོང་བ་ཉིད་ན་མཐོང་བ་རྣམས་ལ་མངོན་པར་འདོད་པ་དང་ཅིག་ཤོས་དག་གིས་ཐ་སྙད་དུ་འགྱུར་བ་ཡིན་ནོ། །གསལ་བར་ཉམས་སུ་མྱོང་བ་ལས་དྲན་པའི་ས་བོན་འཇོག་པ་གང་ཡིན་པ་འདི་ནི་དངོས་པོའི་ཆོས་ཉིད་ཡིན་ལ། དེ་དང་འདྲ་བ་མཐོང་བ་ལས་འདི་སད་པས་མངོན་པར་འདོད་པའི་བག་ཆགས་འཇུག་ཅིང་དེ་ལས་ཀྱང་འཇུག་པ་ཡིན་ནོ། །དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པའི་ཡིད་ཀྱང་ངོ༌། །མངོན་སུམ་ཞེས་བྱ་བར་སྦྱར་རོ། །རང་གི་ཡུལ་གྱི་དེ་མ་ཐག་པའི་སྐད་ཅིག་མ་ལྷན་ཅིག་བྱེད་པ་ཙམ་གྱི་དབང་པོའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱང་མངོན་སུམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དབང་པོ་མེད་པར་མཐོང་བ་མ་ཡིན་ཞིང༌། ཡུལ་གཞན་པ་ཉིད་ཀྱང་མ་ཡིན་ནོ། །རང་གི་ཤེས་པའི་དུས་ན་ཡོད་པ་དེ་དང་བྱེད་པའི་དུས་མཚུངས་པ་ཡིན་པའི་དོན་ནི་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། གཉིས་ཀ་ཡང་དུས་མཚུངས་པའི་ཕྱིར་རོ། །མེད་པས་ལྔར་ནུས་པ་མེད་པའི་ཕྱིར་དང༌། ནུས་པའི་དུས་ན་ཡང་


DTG174_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྫོགས་ཟིན་པས་ཉེ་བར་སྦྱོར་བ་མེད་པའི་ཕྱིར་ཤེས་པའི་རྒྱུ་ཡུལ་ནི་ལྷན་ཅིག་འབྱུང་བར་འགལ་ལོ། །དུས་ཐ་དད་པ་ཇི་ལྟར་གཟུང༌། །ཞེ་ན་ཤེས་ལ་རྣམ་པ་ནི། །འཇོག་པར་ནུས་པའི་རྒྱུ་ཉིད་ལ། །གཟུང་བར་འཐད་པ་ཤེས་པས་རིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདི་ཚད་མ་སྔ་མའི་ཡུལ་འཛིན་པ་ཡང་མ་ཡིན་ཏེ། ཚད་མ་ནི་མ་རྟོགས་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གཞན་དུ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །མཐོང་བའི་འདུ་བྱེད་མ་ཉམས་པའི་གཟུང་བ་འཛིན་པ་ནི་དྲན་པ་ལས་ཁྱད་པར་མེད་པའི་ཕྱིར་རོ། །བྱ་བ་རྫོགས་པའི་ལས་ལ་ཁྱད་པར་དུ་བྱེད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ཡང་སྒྲུབ་པར་བྱེད་པའི་ཚུལ་ལས་འདས་པ་ཡིན་ནོ། །དོན་དེ་རྒྱུར་གྱུར་པ་ཅན་གྱི་བློ་རྣམས་རིམ་གྱིས་འབྱུང་བ་འགལ་བ་ཡང་ཡིན་ནོ། །གཞན་གྱི་ཁྱད་པར་དུ་བྱ་བ་མེད་པ་ནི་ལྟོས་པར་མི་འཐད་པའི་ཕྱིར་དང༌། མི་ལྟོས་ན་ཡང་རིམ་གྱིས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཁྱད་པར་དུ་བྱ་བ་ཉིད་ཡིན་ན་ནི་གཞན་ཉིད་ཡིན་ནོ། །དོན་རྣམས་སྐད་ཅིག་མ་ཉིད་ཀྱིས་འདས་པའི་ཕྱིར་མེད་པ་ནི་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་རྐྱེན་གྱིས་བསྐྱེད་པའི་ཕྱིར་དོན་གཞན་ཉིད་ཡིད་ཀྱིས་རྟོགས་པ་ཡིན་ནོ། །བདེ་བ་ལ་སོགས་རང་རིག་རྣམས། །བདེ་བ་ལ་སོགས་པ་རང་རིག་པ་རྣམས་ཀྱང་མངོན་སུམ་མོ། །བདེ་བ་ལ་སོགས་པ་སྨོས་པ་ནི་ཉམས་སུ་མྱོང་བ་གསལ་བ་བསྟན་པའི་དོན་ཏེ། ཤེས་པ་ཐམས་ཅད་ཀྱི་བདག་ཉིད་རིག་པ་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་རྣམས་ཀྱི་བདག་ཉིད་རིག་པ་ལ་ནི་རྣམ་པར་རྟོག་པ་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར། གཞན་ལ་བརྟེན་མིན་བདག་ཉིད་ཕྱིར། །བདེ་སོགས་རྣམས་ལ་བརྡ་ནུས་མིན། །བདེ་བ་ལ་སོགས་པ་སོ་སོར་ངེས་པའི་བདག་ཉིད་མ་སྐྱེས་པ་རྣམས་མ་རིག་པས་ཡུལ་དུ་བྱེད་པ་མ་ཡིན་ཏེ། དེ་ནི་དེའི་བདག་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་དག་ལ་འདི་རྗོད་པར་བྱེད་པ་སྦྱོར་བ་ནི་མ་ཡིན་ཏེ། བདག་ཉིད་ལ་དེ་ལྟར་འཇུག་པ་འགལ་བའི་ཕྱིར་རོ། །དེའི་རང་བཞིན་སྔོན་མ་མཐོང་བའི་ཕྱིར་དང༌། བརྗོད་པར་གཟོ་བ་ན་ཡུལ་


DTG174_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ཐ་དད་པ་མེད་པས་ན་རིག་པ་ཡང་འགགས་པའི་ཕྱིར་གཟུང་བ་དང་འཛིན་པ་མེད་པའི་བརྡ་མེད་པའི་ཡང་ཕྱིར་རོ། །གཞན་གྱིས་ཀྱང་འདས་པའི་རང་བཞིན་རིག་པ་མ་ཡིན་པའི་ཕྱིར་རོ། །ཡང་འབྱུང་བ་མ་ཡིན་པ་ནི་བརྡ་དོན་མེད་པའི་ཡང་ཕྱིར་རོ། །དེ་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །བརྡ་མི་ནུས་པའི་ཕྱིར་ན་བདེ་བ་ལ་སོགས་པ་རྣམས་ཀྱི་བདག་ཉིད་རིག་པ་བརྗོད་པ་དང་མ་འབྲེལ་པ་དེ་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཁ་ཅིག་ན་རེ། བདེ་བ་ལ་སོགས་པ་རྣམས་ནི་རིག་པའི་རང་བཞིན་ཉིད་མ་ཡིན་གྱི། འོན་ཀྱང་དོན་གཅིག་ལ་འདུ་བ་ཅན་གྱི་ཤེས་པས་རིག་པར་བྱ་བ་ཡིན་ནོ། །ཞེས་ཟེར་བ་དེ་དག་གི་ཡང༌། །དེ་དང་དེ་མིན་རང་བཞིན་ཅན། །དེ་དེ་མིན་དངོས་རྒྱུ་ལས་སྐྱེས། །དེས་ཤེས་ཐ་དད་མེད་རྒྱུས་བསྐྱེད། །བདེ་སོགས་ཅི་ཕྱིར་ཤེས་མ་ཡིན། །དེ་དག་ཀྱང་དེ་དང་དེ་མ་ཡིན་པའི་རང་གི་ངོ་བོ་ཅན་གྱི་དངོས་པོ་རྣམས་ཀྱི་དེའི་རང་བཞིན་ཅན་དང་དེ་མ་ཡིན་པའི་རང་བཞིན་ཅན་ལ་བརྒལ་ཞིང་བརྟགས་པ་ན། དེའི་རང་བཞིན་གྱི་རྒྱུ་ལས་སྐྱེས་པ་ནི་དེའི་རང་བཞིན་དང་དེའི་རང་བཞིན་མ་ཡིན་པའི་རྒྱུ་ལས་སྐྱེས་པ་ནི་དེའི་རང་བཞིན་མ་ཡིན་པ་ཞེས་རྒྱུའི་རང་བཞིན་ལ་བརྟེན་ཏེ། དཔེར་ན་སཱ་ལུའི་ས་བོན་ལ་སོགས་པ་དག་ལས་ནི་དེ་བསྐྱེད་པ་ཡིན་ལ། དེ་ལས་གཞན་པ་དག་ལས་ནི་གཞན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའོ། །གློ་བུར་བ་ཉིད་ལ་ནི་ཡུལ་དང་དུས་དང་རང་བཞིན་ངེས་པ་མི་འཐད་པའི་ཕྱིར་རོ། །དེ་ལ་བདེ་བ་ལ་སོགས་པ་ཡུལ་མེད་པར་ནི་སྐྱེ་བ་མ་ཡིན་ཏེ། བདག་ཉིད་ཇི་ལྟ་བའི་ཡུལ་དང་རྗེས་སུ་འབྲེལ་བའི་བདེ་བ་ལ་སོགས་པ་རྣམས་དེ་ཚོགས་པ་མེད་པར་མི་འབྱུང་བའི་ཕྱིར་རོ། །དབང་པོ་མེད་པར་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་རྗེས་སུ་འབྲེལ་བ་ཅན་རྣམས་དེའི་ཡུལ་ཅན་གྱི་དབང་པོ་དང་བྲལ་བ་ལ་མ་མཐོང་བའི་ཕྱིར་ལ། དབང་པོ་ཉམས་པ་མེད་པ་ཉེ་བར་གནས་པ་ན་ཡང་འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པ་མེད་པར་ཡང་མ་ཡིན་ཏེ། གཉིས་ཀ་ཚོགས་ཀྱང་གཉིད་ལ་སོགས་པས་བསླད་པའི་བློ་ཅན་ལ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྐྱེ་བ་ལ་ཡང་རྒྱུའི་ཚོགས་པ་འདི་དག་ཙམ་ཁོ་ནར་ཟད་དོ། །


DTG174_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རང་གི་ངོ་བོས་དེའི་འབྲས་བུའི་རང་གི་ངོ་བོ་ངེས་པ་ན་བདེ་བ་ལ་སོགས་པ་དམིགས་པ་མེད་པའི་བདག་ཉིད་མ་ཡིན་ནོ། །འདུས་བྱས་པ་ལ་ངེས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་ཙམ་ལས་བྱུང་བ་ལ་གཞན་རྒྱུར་བརྟགས་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །འདུས་བྱས་པ་ཞེས་བྱ་བ་ཡང་རྣམ་པར་ཤེས་པའི་རྒྱུར་རུང་བའི་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་པར་ཁོ་བོས་རྟོགས་ཏེ། ནང་གི་བྱེད་པ་ཉིད་ལས་བྱུང་བའི་བདེ་བ་ལ་སོགས་པ་རྣམས་རྣམ་པར་ཤེས་པ་གོམས་པ་གཡེར་བ་དང་གཞན་པ་ཉིད་ལ་སོགས་པའི་ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །རྒྱུ་མཚུངས་པའི་ཕྱིར་བདེ་བ་ལ་སོགས་པའི་ཁྱད་པར་མེད་པར་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་ཚོགས་པ་ཉིད་ཀྱི་ནང་གི་ཁྱད་པར་གྱིས་བྱས་པ་ཉིད་ཀྱི་ཕྱིར་ཐེ་ཚོམ་དང་གཏན་ལ་ཕེབས་པ་ལ་སོགས་པ་བཞིན་ནོ། །གཞན་དག་བདེ་བ་ལ་སོགས་པ་ནི་ནང་མ་ཡིན་ལ། སེམས་པ་ཅན་ཡང་མ་ཡིན་གྱི། དེའི་བདག་ཉིད་དུ་གྱུར་པའི་སྒྲ་ལ་སོགས་པ་ཉམས་སུ་མྱོང་བ་ལས་དེ་ཉམས་སུ་མྱོང་བར་རྟོགས་པ་ཡིན་ནོ། །ཞེས་ཟེར་བ་དེའི་ལྟར་ན་ཡང༌། །ཕྱི་རོལ་ཁྱད་པར་མེད་ན་ཡང༌། །དགའ་དང་ཡོངས་སུ་གདུང་བ་དང༌། །གོམས་པས་ཁྱད་པར་འགྱུར་བའི་ཕྱིར། །བདེ་སོགས་དོན་གྱི་རང་བཞིན་མིན། །གང་གི་ཕྱིར་གལ་ཏེ་བདེ་བ་ལ་སོགས་པ་སྒྲ་ལ་སོགས་པའི་བདག་ཉིད་ཡིན་ན་ཁྱད་པར་མེད་པ་ལ་གོམས་པའི་ཁྱད་པར་ལས་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་དུ་མི་འགྱུར་ཏེ། སྔོན་པོ་ལ་སོགས་པའི་སྣང་བའི་ཁྱད་པར་བཞིན་ནོ། །དེའི་ཁྱད་པར་ལ་མི་ལྟོས་པར་གོམས་པའི་ཁྱད་པར་དང་རྗེས་སུ་འབྲེལ་བ་དེ་དག་ནི་བློ་ཉིད་ཡིན་ཏེ། ཤེས་རབ་ལ་སོགས་པ་བཞིན་ནོ། །མྱོང་ཕྱིར་སེམས་པ་དེའི་རང་བཞིན། །མ་ཡིན་མྱོང་བ་མིན་ཕྱིར་རོ། །བདེ་བ་ལ་སོགས་པ་འདི་དག་ནི་སེམས་པ་ཅན་ཡང་ཡིན་ཏེ། མྱོང་བར་བྱ་བ་ཡང་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གང་ཞིག་ཡུལ་གང་གི་རྣམ་པ་མྱོང་བ་


DTG174_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དེ་ནི་དེའི་མྱོང་བར་བྱེད་པ་མ་ཡིན་ཏེ། ཕན་ཚུན་རང་བཞིན་མེད་པའི་བདེ་བ་ལ་སོགས་པ་མྱོང་བ་མེད་པ་བཞིན་ནོ། །འདི་འདིའི་མྱོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་འབྲེལ་པའི་རྒྱུ་མཚན་ནི་མངོན་པར་གསལ་བ་ཡིན་པའི་ཕྱིར་རོ། །དབང་པོ་ལ་སོགས་པ་ཡང་ཐལ་བར་འགྱུར་བས་དེ་མྱོང་བའི་མཚན་ཉིད་ནི་འདྲ་བ་ཉིད་ཡིན་ནོ། །སྔར་དེའི་བདག་ཉིད་མ་ཡིན་ན་ནི་དེ་ཕྱིས་ཀྱང་དེའི་བདག་ཉིད་ཉམས་པ་མེད་པའི་ཕྱིར་དེ་དང་འདྲ་བ་ཡང་སེམས་ལ་ཅི་ལྟར་འགྱུར་ཞེ་ན། འདི་ནི་འདིའི་ཉེས་པ་གཞན་ཡིན་ཏེ། འདྲ་བ་མེད་པར་ནི་མྱོང་བ་མ་ཡིན་ནོ། །གང་གི་ཕྱིར་རིག་པ་ཡོད་པ་ཉིད་ནི་དེའི་མྱོང་བར་རིགས་པ་མ་ཡིན་ཏེ། ཐམས་ཅད་ལ་ཁྱད་པར་མེད་པས་ན་ཐམས་ཅད་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་འདྲ་བ་ཡོད་ན་ནི་འདྲ་བར་བྱེད་པ་ལ་སྦྱོར་བ་ཡིན་ནོ། །སིམ་པར་མྱོང་བ་གང་ཡིན་པ་འདི་ཉིད་ཀྱང་ཁོ་བོ་ཅག་གི་བདེ་བ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་ནི་སེམས་པ་ཅན་ཡིན་པར་གྲུབ་བོ། །ཡུལ་དང་འདྲ་བ་ཡིན་པའི་ཕྱིར་མྱོང་བ་དེའི་བདག་ཉིད་ཡིན་ན་བདེ་བ་ལ་སོགས་པ་མྱོང་བ་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཁྱེད་ཀྱི་ཕྱོགས་ལ་ཡང་བདེ་བ་ལ་སོགས་པ་མྱོང་བ་ནི་ཡོད་པ་དེ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བཀོད་པ་ཡིན་ནོ། །དེ་ལ་ཡང་དགའ་བ་དང་ཡོངས་སུ་གདུང་བར་གཅིག་ཏུ་ནང་ན་ཉམས་སུ་མྱོང་བ་ཉིད་དུ་མཐོང་ངོ༌། །འདིའི་བདག་ཉིད་འདི་འཇོག་པར་བྱེད་པ་གཞན་ཡིན་པར་ནི་རིགས་པ་མ་ཡིན་ཏེ། དེ་ཁྱད་པར་མེད་ཁྱད་པར་དུ་གྲུབ་པའི་ཕྱིར་རོ། །ཁྱད་པར་དང་ལྡན་པ་ནི་ཁྱད་པར་དུ་གྲུབ་པའི་ཕྱིར་རོ། །ཁྱད་པར་དང་ལྡན་པ་ནི་བློ་ཡིན་གྱི་མྱོང་བ་ནི་མ་ཡིན་ནོ་ཞེ་ན། བློ་ཞེས་བྱ་བ་འདི་ཅི་ཞིག །ཞེ་ན་པའོ། །མྱོང་བ་ཞེས་བྱ་བ་འདི་ཅི་ཞིག །ཉམས་སུ་མྱོང་བའོ། །འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། ཡུལ་གྱི་རྣམ་པ་ཅན་གྱི་དོན་ནི་མྱོང་བ་མེད་པ་ཡིན་ལ། གཞན་ནི་མྱོང་བ་ཡིན་ནོ། །མྱོང་བ་མེད་པའི་འདྲ་བ་བློའོ་མཚན་ཉིད་ཡིན་ན་ནི་འདྲ་བ་


DTG174_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དེར་འགྱུར་རོ། །ཁྱད་པར་ཡོད་ན་ཡང་བརྗོད་དགོས་སོ། །ནང་གི་བྱེད་པ་ཉིད་ལ་སོགས་པ་ཡང་དེའི་རྒྱུ་མཚན་ཅན་ཡིན་པའམ། རྟོགས་པའི་ཡན་ལག་མ་ཡིན་པའི་ཕྱིར་བསྒྲགས་པར་བྱ་བ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་ཤིན་ཏུ་དང་བ་ལ་སོགས་པའི་ཁྱད་པར་གཞན་ལ་ཡོད་པའི་ཕྱིར་རོ། །ཡུལ་རྣམ་པར་འཇོག་པ་ཡང་མྱོང་བར་མཐར་ཐུག་པའི་ཕྱིར་སེམས་པ་མེད་པ་དེས་དོན་རྣམ་པར་འཇོག་པར་ཇི་ལྟར་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་ལ་སོགས་པའི་བདེ་བ་ཁྱད་པར་མེད་ཀྱང། བློའི་བདེ་བ་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བ་ཡང་ཚིག་ཙམ་ཡིན་ཏེ། འདི་དག་གཅིག་ལ་ཅིག་ཅར་འགལ་བའི་ཕྱིར་རོ། །དེའི་ཕྱིར་སེམས་པ་ཡོད་པ་ལས་གཞན་ཁྱད་པར་ཅན་གྱི་བློ་ནི་ཡོད་པ་མ་ཡིན་ནོ། །དེ་ཡི་རང་བཞིན་ལས་ལྡོག་པའི། །བློ་ནི་རྟོགས་པ་མེད་ཕྱིར་རོ། །འདི་ནི་དགའ་བ་དང་ཞུམ་པ་ལ་སོགས་པ་རྣམ་པར་འགྱུར། རྣམ་པ་དུ་མར་གཅིག་ཏུ་མྱོང་བ་ཉིད་ཡིན་པར་མཐོང་སྟེ། དེ་ལ་མིང་ནི་ཇི་ལྟར་འདོད་པར་བྱེད་ལ་རག་གོ །མྱོང་བ་ནི་མངོན་སུམ་མ་ཡིན་ལ་བློའི་རྣམ་པར་འགྱུར་བ་ནི་མངོན་སུམ་ཡིན་ནོ་ཞེ་ན། ཡུལ་ལ་ལོངས་སྤྱོད་པ་ནི་མངོན་སུམ་ཡིན་ཏེ། དེ་མངོན་སུམ་མ་ཡིན་ན་གཞན་གྱི་མངོན་སུམ་བཞིན་དུ་ཐམས་ཅད་མངོན་སུམ་ཡིན་པར་ཐལ་བར་འགྱུར་རོ། །ཡུལ་ཡོད་པ་ལས་ཡུལ་ལ་ལོངས་སྤྱོད་པར་ཡང་འགྱུར་རོ། །དེའི་ལོངས་སྤྱོད་པ་ནི་མངོན་སུམ་མ་ཡིན་པས་ཁྱད་པར་མ་གྲུབ་པའི་ཕྱིར། ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །རྟགས་ཅན་གྱི་ཉེ་བར་ལོངས་སྤྱོད་པ་ཡང་ཉེ་བར་ལོངས་སྤྱོད་པ་མ་ཡིན་པའི་ཕྱིར་ཏེ། གཞན་གྱིས་ལོངས་སྤྱོད་པ་བཞིན་ནོ། །རྟགས་མ་གྲུབ་པའི་ཕྱིར་དེ་ལས་ཀྱང་མི་འགྲུབ་པ་ཉིད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་ལྟ་ན་ཡང་ཡུལ་དམིགས་པ་མངོན་སུམ་ཡིན་པ་ན་ཐ་སྙད་རྫོགས་པའི་ཕྱིར་ཞེས་པ་ཡོད་པ་གཞན་ནི་དོན་མེད་དོ། །དེ་ཡང་རང་བཞིན་གཅིག་ཉིད་དུ་མཐོང་བའི་ཕྱིར་


DTG174_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གཞན་ལ་ཉམས་སུ་མྱོང་བ་ཡང་གཞན་པ་ནི་མ་ཡིན་ནོ། །ལྕགས་གོང་དང་ནི་མེ་བཞིན་དུ། །འདྲེས་པས་རྣམ་དབྱེར་མེད་ཅེ་ན། །སེམས་པ་དང་ནི་ཞེན་པ་དག་ཐ་དད་ཀྱང་འདྲེས་པས་རྣམ་པར་བསླད་པ་ལ་བྱེ་བྲག་ཏུ་རྟོགས་པར་མི་འགྱུར་ཏེ། ལྕགས་ཀྱི་གོང་བུ་དང་མེ་བཞིན་ཏེ། དེའི་གཟུགས་དང་རེག་པ་ནི་ངེས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མེད་གཞག་ཉམས། །དོན་དམིགས་པ་ཐམས་ཅད་ལ་འདྲེས་པར་དོགས་པར་གཅིག་ཏུ་ངེས་པ་མེད་པའི་ཕྱིར་དང༌། བདེ་བ་དང་སྔོན་པོ་ལ་སོགས་པ་རྣམ་པ་ཐ་དད་པར་དམིགས་པ་དག་ཀྱང་ཐ་དད་པ་མ་ཡིན་པའི་ཕྱིར། ཨེ་མའོ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དེ་དག་རྒྱུ་ཅི་ལ་བརྟེན་ནས་རྣམ་པར་འཇོག །ཐ་དད་མེད་རིག་གཅིག་ཡིན་ན། །དེ་ལྟར་གང་ཡིན་དེ་ཐ་དད། །འགྲུབ་པར་འགྱུར་དེ་སྒྲུབ་བྱེད་མིན། །ཐ་དད་སྒྲུབ་བྱེད་འགྲུབ་མི་འགྱུར། །དཀར་སྡུག་ལ་སོགས་ཐ་དད་སྣང༌། །ཐ་དད་མ་ཡིན་བློ་མྱོང་ནི། །ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དད་མེད་རྟེན་ཅིང༌། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །ལྕགས་ཀྱི་གོང་བུ་ལ་ཡང་མེ་དང་འབྲེལ་བ་ལས་དེ་ལྟར་སྐྱེས་པའི་དོན་གཅིག་ཉིད་མཐོང་བ་ཡིན་གྱི། རང་བཞིན་ཐ་དད་པའི་རྫས་དག་འདྲེས་པའི་ཕྱིར་རྣམ་པར་མ་ཕྱེད་པ་ནི་མ་ཡིན་ནོ། །ཡང་རྫས་དེའི་རྒྱུན་རྣམ་པར་གནས་པའི་རྒྱུ་རྒྱུན་ཆད་པའི་ཕྱིར་དེ་ལྡོག་ཅིང་དེའི་ཉེ་བར་ལེན་པ་ལ་ལྟོས་པ་ཅན་གྱི་གྲང་བའི་རེག་པ་ལ་སོགས་པ་རྣམས་ལས་ཀྱང་རྫས་གཞན་སྐྱེ་བ་ཡིན་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་ནང་ཡིན་ཞིང་མྱོང་བ་ཡང་ཡིན་ནོ། །འཇིགས་སོགས་བཞིན་དུ་བསྒོམས་པ་ཡི། །སྟོབས་ཀྱིས་གསལ་བར་སྣང་གྱུར་པའི། །ཤེས་གང་སླུ་བ་ཅན་མིན་པ། །རྟོག་མེད་དེ་ནི་མངོན་སུམ་མོ། །ཐོས་པ་ལས་བྱུང་བའི་ཤེས་པས་གཟུང་བ་ངེས་པའི་དོན་རིགས་པ་སེམས་ལས་བྱུང་བས་རྣམ་པར་གཞག་ནས་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་རྫོགས་པ་ན། འཇིགས་པ་ལ་སོགས་


DTG174_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་གསལ་བར་སྣང་ཞིང་རྣམ་པར་རྟོག་པ་མེད་པ་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་གང་ཡིན་པ་དེ་ཡང་མངོན་སུམ་གྱི་ཚད་མ་ཡིན་ནོ། །འཕགས་པའི་བདེན་པ་མཐོང་བ་བཞིན་ཏེ། ཇི་ལྟར་ཁོ་བོས་ཚད་མ་རྣམ་འགྲེལ་དུ་གཏན་ལ་ཕབ་པ་བཞིན་ནོ། །འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། །ཆོམ་རྐུན་རྨི་སོགས་ཀྱིས་བསླད་པས། །ཡང་དག་མིན་པའང་མདུན་ན་ནི། །གནས་པ་བཞིན་དུ་མཐོང་འགྱུར་ཏེ། །བསླད་པ་ཇི་བཞིན་གུས་པ་ནི། །སྒྲུབ་པ་རབ་ཏུ་མཐོང་ཕྱིར་རོ། །ལྐོག་གྱུར་རྟོགས་པའི་འདུ་ཤེས་ལ། །དེ་ལྟའི་འཇུག་པ་མ་མཐོང་ཕྱིར། །དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོགས་བློ་འབྲས་བུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདི་ལྟར་མི་སྡུག་པ་དང་ཟད་པར་ས་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཡུལ་ཅན་ལ་ཡང་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་དང་རྣམ་པར་རྟོག་པ་མེད་པར་གྲུབ་པར་འདོད་པ་ཡིན་ནོ། །བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་ཡིན་དུ་ཟིན་ཀྱང་རྟོག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། གང་གི་ཕྱིར། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། །རྣམ་པར་བསླད་པའི་བློ་ཡང་རུང་སྟེ་བརྗོད་པ་དང་འདྲེས་པའི་ཤེས་པ་ཐམས་ཅད་ལ་ནི་དོན་གསལ་བ་ཉིད་ལྡོག་པའི་ཕྱིར་རོ། །དེས་ན་རྣམ་པར་རྟོག་པ་ཅན་འདི་ནི་གསལ་བར་སྣང་བར་འོས་པ་མ་ཡིན་ནོ། །འདི་ལྟར། རྨི་ལམ་ན་ཡང་དྲན་པ་སྟེ། །དེ་འདྲའི་དོན་ལྡན་མི་དྲན་པར། །གཉིད་ཀྱིས་བསླད་པ་རྣམས་ལ་ཡང་ཉམས་སུ་མྱོང་བ་དྲན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ནི་འབྱུང་ལ། དེ་དག་དེ་ལྟར་སྣང་བ་ཅན་དུ་ནི་དྲན་པ་མེད་དོ། །དེའི་ཕྱིར་བསླད་པའམ་གཞན་གྱིས་ཀྱང་རྣམ་པར་རྟོག་པ་ནི་གསལ་བར་བྱེད་པ་མ་ཡིན་གྱི། གསལ་


DTG174_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་བ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ནོ། །འོ་ན་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་གསལ་བར་སྣང་བའི་རྨི་ལམ་གྱི་ཤེས་པ་མངོན་སུམ་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འཁྲུལ་བ་ཞེས་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རྣམ་རྟོག་དངོས་མི་སྣང་ཕྱིར་དང༌། །ཉེ་བར་བསླད་པ་སླུ་བའི་ཕྱིར། མངོན་སུམ་ལྟར་སྣང༌། རྣམ་པར་གཉིས་སུ་བརྗོད་དོ། །གང་གི་ཕྱིར་མངོན་སུམ་ནི་དངོས་པོ་སྣང་བ་ཡིན་ཏེ། དེ་མེད་ན་དེའི་སྣང་བ་ཉམས་པའི་ཕྱིར་རོ། །ཞེས་ཀྱང་བརྗོད་ཟིན་ཏོ། །རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། དེའི་སྣང་བ་དངོས་པོ་དང་མཐུན་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །ཉེ་བར་བསླད་པ་ཡང་སྟེ། དབང་སྐྱེས་ཀྱང༌། གཞན་ལས་དེས་ཁྱད་མེད་ཕྱིར་རོ། །ཉེ་བར་བསླད་པ་གང་ཡིན་པ་འགའ་ཞིག་ནི་དབང་པོ་ལས་སྐྱེས་པ་ཡང་ཡིན་ཏེ། དེ་ལས་གཞན་པའི་དབང་པོ་ལས་སྐྱེས་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་ཡང་སླུ་བའི་ཕྱིར་དངོས་པོ་དང་མཐུན་པར་སྣང་བ་མ་ཡིན་པས་མངོན་སུམ་ལྟར་སྣང་བའོ། །འདིས་ནི་ཡིད་ཀྱི་རྣམ་པར་བསླད་པ་ཡང་བཤད་པ་ཡིན་ནོ། །ཁ་ཅིག་ཟླ་བ་གཉིས་ལ་སོགས་པར་འཁྲུལ་བ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དབང་པོ་ལས་བྱུང་བ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ཉིད་ཀྱི་མཚན་ཉིད་དུ་གནས་པའི་ཕྱིར་ལ། དེ་ནི་འདི་ལ་ཡང་མཚུངས་པའི་ཕྱིར་དང༌། དབང་པོ་གྱུར་ན་འགྱུར་བའི་ཡང་ཕྱིར་ཏེ། རྟེན་དུ་འཇོག་པའི་རྒྱུ་མཚན་ནི་འདི་ཙམ་ཡིན་པའི་ཕྱིར་རོ། །ཡིད་ལས་སྐྱེས་པའི་འཁྲུལ་བ་ཡིན་ན་སྤྲུལ་ལ་སོགས་པའི་འཁྲུལ་བ་ལྟར་དབང་པོའི་རྣམ་པར་འགྱུར་བ་ཡོད་ཀྱང་ལྡོག་པར་ཐལ་བའི་ཕྱིར་དང༌། དེ་བཞིན་དུ་དབང་པོའི་རྣམ་པར་འགྱུར་བ་ཡོད་ཀྱང་ལྡོག་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པ་འདི་ནི་དབང་པོ་ལས་སྐྱེས་


DTG174_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མངོན་སུམ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དམིགས་ཀྱིས་བསལ་བ་དང་བཅས་པར་བསྟན་པའི་དོན་དུའོ་ཞེས་བྱ་བས་རྣམ་པར་རྟོག་པའི་སྡེ་ཚན་ལས་ལོགས་ཤིག་ཏུ་རྣམ་པར་བཅད་དེ། རབ་རིབ་ཀྱིས་མཚོན་པའི་བསླད་པ་མངོན་སུམ་ལྟར་སྣང་བར་གསུངས་སོ། །གཞན་དུ་ཡང་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཟླ་བ་གཉིས་དང་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་གསུངས་པའི་ཕྱིར་རོ། །ཡང་ཚད་མ་འདིའི་འབྲས་བུ་གང་ཡིན། གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་པ་དེ་ཡང་འབྲས་བུ་ཡིན་པའི་ཕྱིར། ད་ནི་ཚད་མ་གང་ཞིག་ཡིན། །གང་ལས་བར་ཆད་མེད་པར་གཞལ་བྱ་རྟོགས་པ་འདིའི་དེ་ཉིད་འགྲུབ་པའོ། །དེ་ལ་འདིའི་དོན་དང་འབྲེལ་བྱེད་པ། །དོན་གྱི་རང་བཞིན་མིན་པ་མེད། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡིས། །ཚད་མ་གཞལ་བྱའི་རང་བཞིན་ཉིད། །གང་གི་ཕྱིར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཐམས་ཅད་བྱ་བ་ཐམས་ཅད་ཀྱི་སྒྲུབ་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་གང་ལས་གང་འགྲུབ་པའོ། །དེ་ལ་ཉམས་སུ་མྱོང་བ་ཙམ་དུ་ལས་ཐམས་ཅད་ལ་འདྲ་བའི་བདག་ཉིད་ཀྱི་ཤེས་པ་ནི་གང་གིས་འདི་ནི་འདིའོ་ཞེས་ལས་སོ་སོ་ལས་རྣམ་པར་འབྱེད་པའི་དེའི་བདག་ཉིད་དུ་འགྱུར་བར་བྱ་དགོས་སོ། །དེའི་བདག་ཉིད་མ་ཡིན་པ་ཡང་དབང་པོ་དང་དོན་དང་ཕྲད་པ་ལ་སོགས་པ་རྒྱུ་རྣམས་ལ་བྱེ་བྲག་ཡོད་དུ་ཟིན་ཀྱང་ལས་ཀྱི་བྱེ་བྲག་ལ་བདག་ཉིད་ཐ་དད་པ་མེད་པའི་ཤེས་པ་བྱེ་བྲག་ཏུ་ངེས་པར་བྱེད་པ་པོ་ནི་མ་ཡིན་ཏེ། བྱེད་པའི་དེ་ཉིད་ནི་བསྒྲུབ་པར་བྱ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ཁྱད་པར་མེད་ན་ཡང་དེའི་ཁྱད་པར་ཡང་མི་འགྲུབ་བོ། །ཡོད་ཀྱང་དེའི་ཡན་ལག་མ་ཡིན་པས་དེའི་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིའི་བདག་ཉིད་ཀྱི་བྱེ་བྲག་གང་ལས་འདིའི་རྟོགས་པ་ནི་འདི་ཡིན་ནོ་ཞེས་འདིའི་ལས་ལ་ངེས་པ་འདིར་འགྱུར་བ་དེ་ནི་སྒྲུབ་པར་བྱེད་པ་


DTG174_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཤེས་པའི་དོན་དང་འབྲེལ་བ་འདི་དོན་དང་འདྲ་བ་ལས་གཞན་ལ་ནི་སྲིད་པ་མ་ཡིན་ནོ། །དབང་པོ་ལ་སོགས་པ་གསལ་བ་དང་མི་གསལ་བ་ཉིད་ལ་སོགས་པའི་རང་གི་བྱེ་བྲག་གིས་བྱེ་བྲག་ཏུ་བྱེད་པ་པོ་ཡིན་ཡང་དེ་ལྟར་དོན་དང་འབྲེལ་བར་བྱེད་པ་ནི་མ་ཡིན་པའི་ཕྱིར་ཏེ། དེ་ལ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དོན་གྱིས་བྱས་པའི་ཉམས་སུ་མྱོང་བའི་བྱེ་བྲག་གང་ལས་རྟོགས་པ་འདིར་འགྱུར་བ་ཡིན་གྱི། དོན་དང་འདྲ་བ་ལས་ནི་མ་ཡིན་ནོ་ཞེ་ན། ད་ནི་ཡོད་པའི་རང་བཞིན་ཇི་ལྟར་མི་སྟོན། དེ་ནི་འདིའོ་ཞེས་བསྟན་པར་ནུས་པ་མ་ཡིན་ནོ་ཞེ་ན། འདིའི་བདག་ཉིད་ངེས་པར་རྟོགས་པ་མེད་པས་འདི་ནི་འདིའི་ཡིན་གྱི་འདིའི་མ་ཡིན་ནོ་ཞེས་དངོས་པོ་རྣམ་པར་འཇོག་པར་བྱེད་པ་ནི་ལེགས་པར་རྣམ་པར་གཞག་པ་ཡིན་ནོ། །དེའི་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །སྒྲུབ་པར་བྱེད་པ་གཞན་ཡིན་ན། །དེ་ཡི་ལས་དང་འབྲེལ་མི་འགྲུབ། །དེ་ཡང་དེ་ཡི་བདག་ཉིད་ཡིན། །དེས་ན་འབྲས་བུ་དོན་གཞན་མིན། །དེ་ཡི་བདག་ཉིད་འཛིན་དེ་ནི། །དོན་རྟོགས་པ་ཡི་བདག་ཉིད་ཀྱི། །བྱེད་པས་རང་གི་ལས་ལ་ནི། །བྱེད་དང་བཅས་པ་ལྟ་བུར་སྣང༌། །རང་ཉིད་བྱེད་པོ་མིན་ན་ཡང༌། །དེ་ཡི་དབང་གིས་དེར་གཞག་ཕྱིར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདིས་ནི་དབང་པོ་དང་ཕྲད་པ་དང༌། དོན་ལ་ལྟ་བ་དང༌། ཁྱད་པར་གྱི་ཤེས་པ་ཡང་སྤངས་པ་ཡིན་ནོ། །དེ་ལས་ལས་དང་འབྲེལ་བ་མི་འགྲུབ་པའི་ཕྱིར་རོ། །བར་དུ་མ་ཆོད་པ་མ་ཡིན་པའི་ཕྱིར། བྱེད་པ་པོ་ཁྱད་པར་ཅན་དུ་མ་གྲུབ་པའི་ཕྱིར་རོ། །བྱེད་པ་པོ་ཐམས་ཅད་བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་ཡང་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་འདི་ཉིད་སྒྲུབ་པར་བྱེད་པ་དམ་པ་ཡིན་པའི་ཕྱིར་རོ། །དབང་པོ་ལ་སོགས་པ་ཡོད་ཀྱང་ཡུལ་སོ་སོ་ལ་བྱེ་བྲག་མེད་པ་ན་


DTG174_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བྱེ་བྲག་ཏུ་བྱེད་པ་པོ་ནི་བྱེད་པ་པོ་ཡིན་ནོ། །དབང་པོ་ནི་བྱེ་བྲག་ཏུ་བྱེད་པ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དོན་ལ་ལྟ་བ་ཡང་མ་ཡིན་ཏེ། དེའི་རང་བཞིན་མ་ཡིན་ཏེ་དེའི་དོན་ལ་ལྟ་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་ཁྱད་པར་གྱི་ཤེས་པ་ཡང་ཡུལ་གྱི་ཁྱད་པར་དུ་མ་བྱས་ན་ཁྱད་པར་གྱི་ཤེས་པ་དང་ཁྱད་པར་མེད་པའི་ཕྱིར་རྣམ་པར་གཞག་པ་མི་འགྲུབ་པའི་ཕྱིར་དང༌། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཡུལ་ཐ་དད་པ་འགལ་བའི་ཡང་ཕྱིར་རོ། །ཡུལ་ཐ་དད་པ་མེད་པ་ཉིད་ཡིན་ན་ནི་གཉིས་དག་དོན་མེད་དོ། །རྒྱུ་ཐ་དད་པ་མེད་པ་དག་ནི་རིམ་གྱིས་འབྱུང་བ་བཀག་པ་ཡང་ཡིན་ནོ། །ཅིག་ཅར་འབྱུང་བ་ལ་ནི། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །ཤེས་པའི་ཆ་དག་ནི་རྣམ་པར་གཞག་པ་ལ་བརྟེན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡིན་ནོ། །དངོས་པོ་ཐ་དད་པ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གཅིག་པས་འགལ་ལོ་ཞེ་ན། མ་ཡིན་ཏེ་ཆོས་ཐ་དད་པ་ཁས་བླངས་པའི་ཕྱིར་རོ། །ཐ་སྙད་འདི་དངོས་པོ་ལ་གནས་པ་མ་ཡིན་ཏེ། དངོས་པོ་ཐ་དད་པ་མེད་ཀྱང་ནུས་པའི་བྱེ་བྲག་གིས་རྣམ་པར་གཞག་པ་ཐ་དད་མཐོང་བའི་ཕྱིར་རོ། །ཕྲད་པ་ཡང་ཚད་མ་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་ཕྲད་ཀྱང་ཆོས་འགའ་ཞིག་ཁོ་ན་རྟོགས་པའི་ཕྱིར་རོ། །དེ་ཁྱད་པར་མེད་ན་ཡང་ཁྱད་པར་འདི་ནི་བློའི་སྣང་བས་བྱས་པའི་ཕྱིར་དེ་ཁོ་ན་ཚད་མར་རིགས་སོ། །དེ་ནས་གང་ཚད་མའི་འབྲས་བུ་དོན་རིག་པ་འདི་གང་ཞིག །མངོན་སུམ་དུ་གྱུར་པའི་རིག་པ་གང་ཡིན་པ་འདི་ཉིད་དོ། །མྱོང་བ་ཡོད་པ་འདིའི་དོན་དེ་རིག་པ་ཡིན་པར་གང་གིས་སྐྱེས་པ་དང་འདྲ་བ་དག་གིས་སོ། །འོ་ན་ནི་ཡུལ་མཚུངས་པའི་ཤེས་པ་དེ་མ་ཐག་ཡུལ་དུ་འགྱུར་རོ། །འོ་ན་ད་འདིས་གང་ཞིག་ཉམས་སུ་མྱོང༌། ཁོ་བོ་ཅག་ཀྱང་ཚུལ་འདི་ཉིད་རྗེས་སུ་རྟོགས་པར་འདོད་


DTG174_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནམ། འདི་བལྟས་པའམ་མཉན་ནོ་ཞེས་མཐོང་བའམ་ཐོས་པ་དག་ལས་གང་ལ་ངེས་པའི་ཤེས་པར་འགྱུར་བ་དེ་དག་ནི་དེའི་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། ཇི་ལྟར་དེ་དེའི་མཐོང་བ་ཡིན་ཞེས་དེ་དག་གི་ཉེ་བ་དེ་ཉིད་དཔྱོད་པ་མ་ཡིན་ནམ། ལྟ་བ་པོའི་ངེས་པ་འདི་ནི་དེ་དག་གི་འབྲེལ་བ་ལ་བརྟེན་ནས་འགྱུར་བ་ཡིན་ཏེ། དེ་མེད་ན་ནི་དེར་མི་འགྱུར་རོ། །རྣམ་པར་ཤེས་པ་ཡུལ་དང་འདྲ་བ་ཡང་མ་ཡིན་ཏེ། དེ་ལ་སྣང་བ་རགས་པའི་རྣམ་པར་ནི་རྡུལ་ཕྲ་རབ་སོ་སོ་བ་རྣམས་ལ་མེད་པའི་ཕྱིར་རོ། །ཤེས་པ་ལ་གནས་པ་འདི་ཡང་གཅིག་ཡིན་པའི་ཕྱིར། རང་བཞིན་མང་པོའི་ཚོགས་པ་རྣམས་ལ་ཡང་དེ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། རང་བཞིན་གཅིག་ནི་དུ་མ་དང་འགལ་བའི་ཕྱིར་རོ། །མང་པོ་རྣམས་ལ་ཡང་རྣམ་པ་དེ་ལྟ་བུ་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་འདྲ་བ་མ་ཡིན་ནོ། །ཡུལ་རགས་པ་གཅིག་དེ་ལྟར་སྣང་བ་ཡང་མ་ཡིན་ཏེ། ལག་པ་ལ་སོགས་པ་གཅིག་གཡོ་ན་ཐམས་ཅད་གཡོ་བར་འགྱུར་རོ། །མི་གཡོ་ན་ཡང་གཡོ་བ་དང་མི་གཡོ་བ་དག་སོ་སོར་གྲུབ་པར་ཐལ་བར་འགྱུར་ཏེ། རས་དང་ཆུ་བཞིན་ནོ། །གཅིག་བསྒྲིབས་ན་ཡང་ཐམས་ཅད་བསྒྲིབས་པར་ཐལ་ཏེ། ཐ་དད་མེད་པའི་ཕྱིར་རོ། །ཡང་ན་ནི་འགའ་ཡང་མ་བསྒྲིབས་པའི་ཕྱིར་མ་ཚང་བ་མེད་པར་མཐོང་བར་འགྱུར་རོ། །ཡན་ལག་བསྒྲིབས་ཀྱི་ཡན་ལག་ཅན་ནི་མ་ཡིན་ནོ་ཞེ་ན། ཕྱེད་བསྒྲིབས་ཀྱང་མ་བསྒྲིབས་པའི་ཕྱིར་འདི་སྔ་མ་ཁོ་ན་བཞིན་དུ་མཐོང་བར་ཐལ་ལོ། །ཡན་ལག་གི་སྒོ་ནས་དེ་མཐོང་བའི་ཕྱིར་ཡན་ལག་མ་མཐོང་བ་ལ་དེ་རྟོགས་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་མེད་པས་རྣམ་པ་ཐམས་ཅད་དུ་མི་རྟོགས་པར་ཐལ་བའི་ཕྱིར་རོ། །ཡན་ལག་ཐམས་ཅད་ཀྱང་ཅིག་ཅར་མཐོང་བར་མི་ནུས་པའི་ཕྱིར་ཐམས་ཅད་ཀྱི་ཚེ་འདི་མི་མཐོང་བར་ཐལ་ལོ། །ཡན་ལག་ཅུང་ཟད་གཅིག་མཐོང་བ་ཡིན་ན་ནི་ཡན་ལག་ཅུང་ཟད་གཅིག་མཐོང་


DTG174_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་དེ་བཞིན་དུ་རངས་པ་མཐོང་བར་འགྱུར་རོ། །གཅིག་ཁ་བསྒྱུར་ན་ཡང་ཐམས་ཅད་ཁ་བསྒྱུར་བའམ་མ་བསྒྱུར་བར་རྟོགས་པར་འགྱུར་རོ། །ཡན་ལག་ཁ་བསྒྱུར་ན་ཡང་ཡན་ལག་ཅན་ཁ་མ་བསྒྱུར་བའི་ཕྱིར། བསྒྱུར་བ་དང་མ་བསྒྱུར་བར་སྣང་བར་འགྱུར་རོ། །དེའི་ཕྱིར་གང་ཞིག་ཤེས་པ་ལ་འདྲ་བར་བྱེད་པའི་དོན་གཅིག་པུ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་བསལ། །ཡུལ་གྱི་མཚན་ཉིད་བཀག་པའི་ཕྱིར། །འགའ་ཞིག་ཀྱང་ཉམས་སུ་མྱོང་བ་མ་ཡིན་ལ། འདིའི་ཡང་འགའ་ཞིག་མ་ཡིན་ཏེ། དེ་ལ་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཉམས་སུ་མྱོང་བ་ནི་བློའི་བདག་ཉིད་ཁོ་ན་ཡིན་ལ། དེ་ཡང་གཞན་འགའ་ཞིག་ནི་མ་ཡིན་ནོ། །འདིའི་མངོན་སུམ་དུ་སོ་སོར་རིག་པར་བྱ་བ་ཉིད་ཀྱང་དེའི་བདག་ཉིད་ཁོ་ནའོ། །དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར། རང་ཉིད་རབ་ཏུ་གསལ་བ་ཡིན་པ་དེས་ན་བདག་ཉིད་གསལ་བར་བྱེད་པ་ཞེས་ཀྱང་བརྗོད་དེ། གསལ་བ་བཞིན་ནོ། །སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཞེས་བྱ་བ་ཡང་དེའི་རང་གི་ངོ་བོ་ཉིད་ཉམས་སུ་མྱོང་བ་ཉིད་ཡིན་ནོ། །རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དང་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་ནི་གཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ཅན་ལ་བརྩད་བྱ་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཚེ་གཞན་རིག་མེད་པའི་ཕྱིར། །རང་ཉིད་རིག་པ་འབྲས་བུར་འདོད། །གང་དག་གི་བློ་ཉིད་གཟུང་བ་དང་འཛིན་པའི་རྣམ་པ་ཉེ་བར་སྟོན་པར་སྐྱེ་བ་དེ་དག་ལ་ནི་རིག་པར་བྱ་བ་གཞན་མེད་པའི་ཕྱིར། རང་


DTG174_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འབྲས་བུ་ཡིན་ཏེ། དེའི་རྟོགས་པ་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གལ་ཏེ་ཉམས་སུ་མྱོང་བ་དེ་འདོད་པའི་རྣམ་པའམ་མི་འདོད་པའི་རྣམ་པར་གྱུར་ན། འདོད་པ་དང་མི་འདོད་པའི་ཡུལ་སོ་སོར་རིག་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་གྱི་དོན་ཡོད་ཀྱང་རང་རིག་པ་ཇི་ལྟ་བ་བཞིན་དོན་འགྲུབ་པའི་ཕྱིར་དེ་ཉིད་འབྲས་བུར་རིགས་སོ། །དོན་གྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་ནི་མ་ཡིན་ཏེ། ཤེས་པ་ཐམས་ཅད་རྣམ་པ་གཅིག་ཏུ་ཐལ་བའི་ཕྱིར་རོ། །རྣམ་པ་ནི་དུ་མར་རྣམ་པར་རིག་པ་སྟེ། གང་གི་ཕྱིར་རང་བཞིན་གཅིག་ཉིད་གཅིག་གི་ཡིད་དུ་འོང་ལ་གཞན་གྱི་ནི་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ། །འདོད་པ་དང་མི་འདོད་པར་སྣང་བ་ནི་རྟོག་པ་ཡིན་གྱི་དབང་པོའི་བློ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་འཆི་ལྟས་ལ་སོགས་ཚེ་མཚམས་སྦྱོར་བ་མེད་པར་མཐོང་བའི་ཕྱིར་དང༌། གཞན་ལ་ཡང་ཐ་དད་པ་མེད་པའི་སྒྲ་དང་དྲི་དང་རོ་ལ་སོགས་པའི་ཁྱད་པར་གྱིས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱིས་དབང་པོ་ཉིད་ཀྱི་བདེ་བ་དང་མི་བདེ་བ་བསྐྱེད་པའི་ཕྱིར་རོ། །དེའི་ཕྱིར་དོན་རྟོགས་པ་ནི་རང་རིག་པ་ཁོ་ནའི་རང་བཞིན་ནོ། །འདིའི་སྒྲུབ་པར་བྱེད་པ་ནི་ཡུལ་གྱི་རྣམ་པ་ཉིད་ཡིན་ཏེ། རྣམ་པ་ཇི་ལྟ་བ་བཞིན་དུ་འདི་སྣང་བའི་ཕྱིར་རོ། །དོན་གནས་པ་ནི་རང་རིག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རང་རིག་པ་ཡིན་ཡང་འབྲས་བུ་ལས་འདི་ནི་དོན་རིག་པ་ཡིན་པར་བལྟའོ། །དེ་ཉིད་ཀྱི་ཕྱིར་ཚད་མ་དང་འབྲས་བུ་དང༌། ཡུལ་ཐ་དད་པ་ཡང་མ་ཡིན་ནོ། །རང་བཞིན་སེམས་པ་ཡིན་ན་ནི། །དོན་རིག་དེ་ཡི་བདག་ཉིད་ཕྱིར། །རང་ཉིད་རིག་པ་འབྲས་བུར་བཤད། །དེ་དང་འདྲ་པའམ་གཞན་འདྲའང་རུང༌། །ཤེས་པ་དེ་ལྟར་སྣང་བ་ཡི། །རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །དོན་དངོས་མེད་པར་སྣང་ཅན་དེ། །ཇི་ལྟར་དོན་འཛིན་ཞེ་ན་བདེན། །ངས་ཀྱང་དེ་འདྲ་


DTG174_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་སོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཕྱི་རོལ་གྱི་དོན་མེད་ན་འོ་ན་ཇི་ལྟར་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྣམ་པར་གནས་ཤེ་ན། འདི་ལ་རྣམ་པར་གཞག་པ་འདི་ནི་ཇི་ལྟར་སྣང་བ་བཞིན་ཡིན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །ཡུལ་གྱི་རྣམ་པ་འགའ་ཞིག་དང་ནང་དུ་ཡོངས་སུ་གཅོད་པ་ནི་རང་རིག་པའི་རང་བཞིན་དུ་སྐྱེ་བ་ན་མཚོན་པར་འགྱུར་རོ། །དེ་ལ་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྣམ་པར་གཞག་པ་འདི་ནི་ཇི་ལྟར་མཚོན་པ་ཁོ་ན་ལྟར་ཡིན་ནོ། །བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་བ་འཛིན་པ་རིག་པ་རྣམས། །ཐ་དད་བཅས་བཞིན་རྟོགས་འགྱུར་ཏེ། །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་ན་ཡང༌། །རྣམ་པ་གཞན་དུ་སྣང་བ་བཞིན། །མིག་མ་བསླད་པ་རྣམས་ཀྱིས་ནི། །དེ་དག་དེ་ལྟར་མ་མཐོང་ཕྱིར། །ཇི་ལྟར་ཐག་རིང་མྱ་ངམ་ན། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །གཟུང་བ་འཛིན་པ་རིག་པ་རྣམས། །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །གཞན་དུ་གཅིག་གི་ངོ་བོ་ལ། །རང་བཞིན་དུ་མར་སྣང་བ་ཡི། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་དང༌། །གཞན་གྱིས་གཞན་ཉིད་ཉམས་ཕྱིར་རོ། །དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །བློ་དངོས་ཐ་དད་མི་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཆོས་མཐུན་པ་ནི་མཐོང་བ་ལས། །དེ་བདག་མིན་ལ་དེ་བདག་ཏུ། །ཞེན་པ་ཡིས་ནི་འཇིག་རྟེན་ན། །འཁྲུལ་སྐྱེ་འདིར་ནི་དེ་མེད་དེ། །འགྲོ་བ་འདི་ལ་དེའི་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །དེ་ཡང་ཡོད་ན་ནང་གི་ནི། །བསླད་པ་


DTG174_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་གང་ཡིན་དེ། །ཉེས་པས་བསྐྱེད་ཕྱིར་རང་བཞིན་གྱིས། །ཕྱིན་ཅི་ལོག་ཏུ་སྣང་འགྱུར་ཏེ། །ཆོས་མཐུན་མཐོང་སོགས་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདི་རྣམ་པར་རིག་པ་ཙམ་ཉིད་ཡིན་ན་ནི་ཚད་མ་ལ་སོགས་པའི་རྣམ་པར་གཞག་པ་ཅི་ལྟར་སྣང་བ་བཞིན་དུ་འགྱུར་ན་དེ་ཉིད་ཅི་ལྟར་གྲུབ་ཅེ་ན། འདི་ལ་གཟུང་བ་དང་འཛིན་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཞན་ཡང༌། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །གང་གི་ཕྱིར་ཐ་དད་པར་སྣང་བ་ཉིད་ཡིན་ཡང་སྔོན་པོ་ནི་ཉམས་སུ་མྱོང་བ་ལས་དོན་གཞན་པའི་རང་བཞིན་ཉིད་མ་ཡིན་ཏེ། དེ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །འདི་དག་ལས་རྣམ་པ་གཅིག་མ་དམིགས་ན་གཞན་དམིགས་པ་མེད་དོ། །རང་བཞིན་ཐ་དད་པ་ལ་ནི་འདི་འཐད་པ་མ་ཡིན་ཏེ། འབྲེལ་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཟུགས་དང་སྣང་བ་དག་ལ་ནི་དེའི་ཤེས་པ་བསྐྱེད་པར་རུང་བའི་མཚན་ཉིད་དམ། དབང་པོ་རུང་བར་བསྐྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་སྣང་བ་མེད་པར་གཟུགས་དམིགས་པར་མི་འགྱུར་ཏེ། འབྲས་བུ་རྒྱུ་ལས་འཁྲུལ་པ་མེད་པའི་ཕྱིར་རོ། །སྣང་བ་བར་ཆད་མེད་པའི་གཟུགས་དང་ལྷན་ཅིག་གཟུང་བའི་མཚན་ཉིད་ཡིན་པའི་ཕྱིར་གཟུང་བར་འགྱུར་རོ། །ཡང་ན་སྣང་བ་འགའ་ཞིག་ཀྱང་མཐོང་བའི་ཕྱིར་དང༌། སྣང་བ་མེད་པའི་གཟུགས་ཀྱང་སྲོག་ཆགས་ཀྱི་བྱེ་བྲག་འགའ་ཞིག་གིས་མཐོང་བ་ཡིན་པའི་ཕྱིར་དེ་དག་ལ་ནི་ལྷན་ཅིག་དམིགས་པ་ངེས་པ་ཡོད་པ་མ་ཡིན་གྱི་སྔོན་པོའི་རྣམ་པ་དང་རིག་པ་དག་ངེས་པ་ཉིད་དོ། །ཐ་དད་པ་ལ་ནི་དེ་རིག་པ་མ་ཡིན་ཏེ། སྔོན་པོ་དང་སེར་པོ་བཞིན་ནོ། །ཡུལ་ནི་རྣམ་པར་ཤེས་པའི་རྒྱུར་ཉེ་བར་གནས་པའི་ཕྱིར། སྔར་དམིགས་ལ་རིགས་པ་ནི་ཕྱིས་ཡིན་ནོ་ཞེ་ན། དམིགས་པ་མངོན་སུམ་མ་ཡིན་ན། །དེ་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཡུལ་ཡོད་པས་ནི་ཡུལ་དམིགས་པ་མ་ཡིན་གྱི། འོན་ཀྱང་དེའི་དམིགས་པ་ཡོད་པས་སོ། །དེ་ཡང་ཚད་མ་དང་མི་ལྡན་པས་ཡོད་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་འཇུག་པར་


DTG174_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །དེ་རབ་ཏུ་མ་གྲུབ་ན་དོན་རབ་ཏུ་མི་འགྲུབ་པའི་ཕྱིར། ཐམས་ཅད་ནུབ་པར་འགྱུར་རོ། །ཡོད་ཀྱང་མ་གྲུབ་པ་ལ་ཡོད་པའི་ཐ་སྙད་མི་དམིགས་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་འགའ་ཡང་མི་དམིགས་ན་རིག་པར་བྱད་པ་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །རིག་པ་གཞན་གྱི་དམིགས་སོ་ཞེ་ན། རེ་ཞིག་ཡུལ་དེ་རང་དམིགས་པའི་ཚེ་ན་ནི་སྒྲུབ་པར་མ་གྲུབ་པས་མ་གྲུབ་ལ། གཞན་དམིགས་པའི་དུས་སུ་ནི་གྲུབ་པའི་ཕྱིར་དམིགས་ཀྱང་དེའི་ཚེ་ནི་མ་གྲུབ་ལ། ཕྱིན་ཅི་ལོག་ཏུ་གཞན་གྱི་ཚེ་ན་ནི་གྲུབ་པོ་ཞེས་ལེགས་པར་ཐ་སྙད་དུ་བྱས་སོ། །རིག་པ་ཡང་གཞན་གྱིས་དམིགས་ལ་དེ་ཡང་མ་གྲུབ་ན་ནི་རིག་པའི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་དམིགས་པ་གཞན་གྱི་རྗེས་སུ་འབྲང་ངོ༌། །དེའི་ཕྱིར་རེ་ཞིག་དམིགས་པ་མཐར་ཐུག་པ་ལ་སྡོད་པ་ནི་སྐྱེས་བུ་འདིས་དོན་འགའ་ཡང་རྟོགས་པར་མི་འགྱུར་ཏེ། གཅིག་མ་གྲུབ་ན་ཐམས་ཅད་མི་འགྲུབ་པའི་ཕྱིར་རོ། །དམིགས་པ་ཐམས་ཅད་ཀྱི་སྐྱེ་བ་ལ་ཡང་མཐར་ཐུག་པ་མེད་པའི་ཕྱིར་འགྲོ་བ་ལོང་བ་དང་ལྐུགས་པར་འགྱུར་རོ། །འགའ་ཞིག་ཏུ་མཐར་ཐུག་པ་ཡིན་ན་ནི་དེ་རང་གི་བདག་ཉིད་དང་ཡུལ་གྱི་རྣམ་པ་ཅིག་ཅར་དམིགས་པའི་ཕྱིར་གཞན་ཡང་དེ་བཞིན་དུ་འགྱུར་ཏེ། བྱེ་བྲག་གི་རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལྷན་ཅིག་དམིགས་པ་ངེས་པ་འགྲུབ་སྟེ། གཅིག་གི་བྱ་བ་ལ་རིག་པ་མི་རིགས་པའི་ཕྱིར་ཏེ། དེ་ནི་ཁྱད་པར་མེད་པའི་ཕྱིར་རོ། །རིག་པ་ཞེས་བྱ་བ་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ལྟར་གསལ་བའོ། །དེ་གཞན་འགའ་ཞིག་ནི་མ་ཡིན་ཏེ། བདག་ཉིད་རིག་པ་བཞིན་ནོ། །དེའི་ཕྱིར་ཡང་དེ་ནི་དོན་གཞན་དུ་རིག་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་མྱོང་བ་ལས་དོན་གཞན་མ་ཡིན་ན་ནི་དེའི་བདག་ཉིད་དུ་གྱུར་པ་དེ་ལྟར་གསལ་བའི་ཕྱིར་སྔོན་པོ་ལ་སོགས་པ་མྱོང་བར་འགྱུར་རོ། །དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ལྟར་སྣང་བ་ན་ཡང་རང་དང་གཞན་གསལ་བར་བྱེད་པར་འགྱུར་ཏེ། གསལ་བ་བཞིན་ནོ། །དེའི་ཕྱིར་འཛིན་པའི་རྣམ་པ་རང་རིག་པའི་སྒྲུབ་པར་བྱེད་པ་འདོད་དེ། དེ་ལས་དེའི་དངོས་པོ་རྣམ་པར་འཇོག་པའི་ཕྱིར་རོ། །དཔེར་ན་འདོད་ཆགས་སོགས་ཚོར་བཞིན། །དེར་བདག་ཡུལ་དུ་


DTG174_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་རུང༌། །དེ་ཕྱིར་རུང་ཉིད་དེ་ཚད་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །འཛིན་པ་ཡི་ནི་རྣམ་པ་དང༌། །བདག་ལ་རུང་བར་བརྗོད་པ་ཡིས། །ཡོངས་སུ་གཅོད་པའི་བདག་ཉིད་དེ། །ཚང་མ་རང་བདག་རིག་པར་བརྗོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཕྱིར་སྣང་དོན་བློ་དེ་དག །ཕྱི་དོན་ཡོད་ཀྱང་ཐ་དད་མིན། །ལྷན་ཅིག་དམིགས་པ་དང་རིག་པ་དག་གིས་ཕྱི་རོལ་གྱི་དོན་ཡོད་ཀྱང་སྔོན་པོ་ལ་སོགས་པ་སྣང་བ་དང་དེ་རིག་པ་དག་ཐ་དད་མེད་པར་གྲུབ་པོ། །དེས་ན་བློ་ནི་ཚུལ་གཉིས་པ། དེའི་ཕྱིར་ཡུལ་དང་ཤེས་པའི་རང་བཞིན་དག་གིས་བློ་ཚུལ་གཉིས་སུ་གྲུབ་པ་ཡིན་ནོ། །གལ་ཏེ་སྣང་བའི་ཡུལ་གྱིས་རྣམ་པ་བློ་ལ་ཐ་མི་དད་ན། དེ་ལས་ཐ་དད་པ་ཡོད་དོ་ཞེས་བྱ་བ་གང་ལས་ཤེས་ཤེ་ན། ཕྱི་རོལ་ལྡོག་པ་ལས་གྲུབ་འགྱུར། །ནུས་པའི་རྒྱུ་གཞན་ཡོད་ཀྱང་འབྲས་བུ་ཤེས་པ་མི་སྐྱེ་ན་རྒྱུ་གཞན་མ་ཚང་བར་སྟོན་པ་ཡིན་ལ་དེ་ཡང་ཕྱིའི་དོན་ཡིན་ནོ། །གལ་ཏེ་འདིར་འགའ་ཞིག་ཉེ་བར་ལེན་པའི་ཁྱད་པར་མེད་པས་འབྲས་བུ་ལྡོག་པར་མི་སྨྲ་ན་ནི་འགྱུར་རོ། །དེ་ཡང་ཤེས་པ་ཐམས་ཅད་ཀྱི་ཡུལ་བཟློག་པ་ན་བསླད་པ་དང་ཅིག་ཤོས་སུ་ཇི་ལྟར་སྨྲ་སྟེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཉེ་བར་བསླད་པའི་བག་ཆགས་མཚམས་སྦྱོར་བ་མེད་པའི་སྐྱོན་གྱིས་མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བས་གཅིག་ནི་ཚད་མ་མ་ཡིན་པར་བརྗོད་ལ། གཞན་ནི་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་པ་ནི་ཐ་སྙད་ལ་མི་སླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ནོ། །འདི་ལ་ཡང་ཕ་རོལ་རྨོངས་པས་འཇིག་རྟེན་སླུ་བར་བྱེད་པའི་ཕྱིར་རོ། །བསམས་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་ལྡོག་པ་མེད་པའི་དོན་དམ་པའི་ཚད་མ་མངོན་སུམ་དུ་བྱེད་དོ། །


DTG174_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཆ་ཙམ་བསྟན་པ་ཡིན་ནོ། །མངོན་སུམ་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་དང་པོའོ།། །།རྗེས་དཔག་རྣམ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ནོ། །ཤེས་པ་དང་བརྗོད་པའི་རང་བཞིན་ཡིན་པའི་ཕྱིར་གཞན་མ་ཡིན་པའི་རྟོགས་པའི་རྒྱུ་མ་ཡིན་ནོ། །ཁྱད་པར་མེད་པའི་ཕྱིར་སྒྲ་ལོགས་ཤིག་ཏུ་མི་བརྗོད་དོ་ཞེ་ན། མ་ཡིན་ཏེ་འཇུག་པ་ཐ་དད་པའི་ཕྱིར་རོ། །དོན་ནི་རྟགས་ཅན་གོ་བར་བྱེད་པ་ཡིན་ལ། དེའི་རྟགས་འདི་སྒྲས་ཡིན་ནོ། །མ་ཡིན་ཏེ་མཚན་ཉིད་གཞན་བརྗོད་པར་བྱར་མེད་པའི་ཕྱིར་ཏེ། གང་འགའ་ཞིག་ཏུ་མཐོང་བ་དེ་གང་དང་འབྲེལ་བ་དེ་ཤེས་པ་ལ་དེ་དེས་དེ་ཉིད་དུ་གོ་བར་བྱེད་པ་ཡིན་ནོ། །ཞེས་དངོས་པོ་རྟོགས་པ་ཡིན་ནོ། །དེ་ལྟར་གོ་བར་བྱེད་པའི་མཚན་ཉིད་བརྗོད་པས་རྟོགས་པར་འདོད་པའི་ངག་གི་ཚུལ་བསྟན་པར་བྱས་པ་ཉིད་དེ། གཞན་དུ་བརྗོད་ན་གོ་བར་བྱེད་པའི་ཆོས་མ་བསྟན་པར་འགྱུར་བའི་ཕྱིར་རོ། །དོན་གང་ཇི་ལྟར་ཤེས་པའི་ཚིག་ཤེས་པ་དེ་དག་ནི་རྟོགས་པར་བྱ་བའི་ཕྱིར་ཡང་ཉེ་བར་བསྟན་པ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་བདེན་མོད་ཀྱི་འོན་ཀྱང་འདི་ནི་བྱིས་པས་རྟོགས་པའི་རྒྱུར་བརྩམས་པ་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་རྟོགས་ཀྱང་ཆོས་མ་ཁྱབ་པ་དང་ལྡོག་པ་དག་གིས་སྨྲ་བ་མཐོང་སྟེ། མེད་ན་མི་འབྱུང་བ་མི་བརྗོད་པའི་ཕྱིར་དང༌། ཉེ་བར་རྟོགས་པ་དང༌། བསྒྲུབ་པར་བྱ་བ་དང༌། དེ་ཟློས་པའི་ཚིག་དག་སྦྱོར་བའི་ཕྱིར་རོ། །དེ་ལ། རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། མཚན་ཉིད་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་གང་ཡིན་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །འདིའི་འབྲས་བུའི་རྣམ་པར་རྟོག་པ་ནི་མངོན་སུམ་བཞིན་དུ་ཤེས་པར་བྱའོ། །དེ་ནི་དེ་མ་ཡིན་ལ་དེར་འཛིན་ཕྱིར། །འཁྲུལ་ཀྱང་འབྲེལ་ཕྱིར་ཚད་མ་ཉིད། །རང་གི་སྣང་བ་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་ནས་འཇུག་པའི་ཕྱིར་འཁྲུལ་པ་ཡིན་ཡང་དོན་དང་འབྲེལ་པ་དེ་ལ་


DTG174_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་བའི་ཕྱིར་ཚད་མ་ཡིན་ནོ། །འདིར་ལྟར་རང་བཞིན་ནམ་འབྲས་བུ་ནི་ངོ་བོ་རྒྱུ་མེད་ན་མེད་པ་ཡིན་ཏེ། ཐ་མི་དད་པའི་ཕྱིར་དང༌། བདག་ཉིད་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་དག་མེད་ན་དེ་ལས་སྐྱེས་པའི་ཤེས་པའམ། དེ་ལས་བྱུང་བའི་ངོ་བོ་དང་རྒྱུ་རྟོགས་པ་མེད་དོ། །དེ་བཞིན་དུ་སྣང་བའི་དངོས་པོ་ཡོད་ན། དེ་ལས་གཞན་པའི་རྒྱུ་མ་ཚང་བ་མེད་པ་ཅན་གྱི་མཐོང་བ་ལྡོག་པ་མི་སྲིད་དོ། །སྣང་བ་དེ་ཉིད་ནི་དོན་དང་ལྡན་པ་མ་ཡིན་ཏེ། དེ་ནི་མངོན་སུམ་གྱིས་གཞན་དུ་མཐོང་བའི་ཕྱིར་རོ། །འདི་ལྟར་དངོས་གང་ཇི་ལྟ་བ། །དེ་ནི་དེ་འདྲའི་རྟགས་སེམས་ཀྱིས། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལས་ངེས་བསྐྱེད་རྟགས་ཅན་བློ། །དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་དང༌། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །དེ་དངོས་སླུ་བྱེད་ཉིད་མིན་ཡང༌། །དེ་ཡི་ངོ་བོས་སྟོང་དེ་ལ། །དེ་ཡི་ངོ་བོ་ཞེན་པའི་ཕྱིར། །འཁྲུལ་པར་རྣམ་གཞག་བྱས་པ་ཡིན། །ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུ་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །དེ་བཞིན་རྗེས་དཔག་དེར་སྣང་དག །ཇི་བཞིན་དོན་ཅན་མ་ཡིན་ཡང༌། །དོན་བྱེད་པ་དང་རྗེས་འབྲེལ་པས། །ཚད་མ་ཉིད་དུ་རྣམ་པར་གཞག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཉིད་ཀྱི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པའི། །ཚད་མ་གཉི་ག་དངོས་པོ་ཡི། །ཡུལ་ཅན་ཡིན་ཏེ། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྟོག་པ་སྔོན་དུ་གཏོང་བ་ཅུང་ཟད་ཡོངས་སུ་རྟོག་པ་ནི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཤེས་ནས་ཇི་ལྟར་འོས་པ་སྒྲུབ་པར་འདོད་པས་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །རྗེས་སུ་དཔག་པའི་སྣང་བ་དེ་ཉིད་ནི་དོན་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དོན་སྒྲུབ་པར་བྱེད་པའི་དངོས་པོ་འགགས་ཀྱང་དེ་མ་འགགས་པའི་ཕྱིར་དང༌། དེ་ལས་ཀྱང་དོན་ཅུང་ཟད་འགྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡོད་ཀྱང་སྤྱི་ནི་དོན་མ་ཡིན་


DTG174_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལས་དངོས་པོའི་རང་བཞིན་ལ་མི་སླུ་བ་ཉིད་ནི་འདིའི་ཡང་ཚད་མ་ཡིན་ནོ། །དེ་དང་འབྲེལ་བའི་དངོས་པོའི་རྟགས་ལ་ལྟོས་པའི་ཡང་ཕྱིར་རོ། །སློབ་དཔོན་གྱི་ནི་སྣང་བ་ཐ་དད་པས། །གཅིག་ལ་དེ་མི་འཐད་པའི་ཕྱིར། །དོན་གྱི་དབྱེ་བ་བཤད་པ་ཡིན། །ཕན་ཚུན་རྣམ་པ་མི་མཐུན་པ་དེ་དག་ནི་གཅིག་པར་འཐད་པ་ཡིན་ནོ། །དེའི་ཕྱིར་དམིགས་པའི་ཡུལ་ཐ་དད་པར་ཚད་མའི་ཡུལ་ཐ་དད་དུ་བཤད་ཀྱི་ཚད་མའི་བྱ་བའི་ཡུལ་ཐ་དད་པ་ལས་ནི་མ་ཡིན་ནོ། །ཐ་དད་ཅེས་བྱ་བ་ཡང་འདིར་ཐ་མི་དད་པ་ཡིན་པ་བཀག་པ་ཉིད་དུ་བལྟའི། ཡུལ་དུ་མ་ཉིད་ནི་མ་ཡིན་ཏེ། མངོན་སུམ་བཞིན་དུ་དེའི་སྣང་བ་རང་གི་ཡུལ་དུ་འདོད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་དང༌། སྤྱི་ཡང་དངས་པོ་ལས་གཞན་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ནི་ཡུལ་མེད་པ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་གཉིས་ཀའི་ཚད་མའི་ཡུལ་དངོས་པོ་ཡིན་ན། ད་ནི་ཇི་ལྟར་རྟགས་ལས་སྤྱི་རྟོགས་ལ། །གཞན་ལས་ནི་རང་གི་མཚན་ཉིད་ཡིན་ཞེ་ན། བཤད་པ། དེ་བཞིན་རང་བཞིན་ལ་ལྡོག་པའི། །དངོས་པོ་ཙམ་ཞིག་རབ་སྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བཤད་དེ། །ཁྱད་པར་གནས་པ་མེད་ཕྱིར་རོ། །དགོས་པ་གང་དང་ལྡན་པའི་དོན་ཤེས་པར་འདོད་པས་དེ་ལས་ལྡོག་པ་ལས་ཐ་དད་པའི་དོན་ཙམ་རྟགས་ཀྱིས་ཉེ་བར་འཇོག་པའི་ཕྱིར་སྤྱིའི་ཡུལ་ཅན་དུ་བཤད་དེ། དེ་ལས་ཐ་དད་པ་གནས་པ་མེད་པའི་ཕྱིར་ཡིན་གྱི། དངོས་པོ་ཡོད་པ་བསྐལ་པའི་ཕྱིར་ནི་མ་ཡིན་ནོ། །རྟགས་རྟོགས་པ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་དང༌། རྗེས་སུ་འགྲོ་བ་ལ་ལྟོས་པའི་ཕྱིར་རོ། །ཅིག་ཤོས་ནི་ཁྱད་པར་གཞན་འཛིན་པས་དབེན་པས་ན་སོ་སོར་གནས་པའི་རང་བཞིན་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཏེ། རང་ལས་དོན་རྟོགས་པ་ཡིན་པའི་ཕྱིར་རོ། །ཡང་ལག་གཞན་ལ་རྟོགས་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་ནུས་པ་མེད་པའི་ཕྱིར་རོ། །དོན་ལ་མི་སླུ་བར་ནི་གཉི་ག་ཡང་མཚུངས་པའི་ཕྱིར་ཚད་མ་ནི་དངོས་པོའི་ཡུལ་ཅན་ཉིད་དོ། །ཚུལ་གསུམ་པ་ནི། རྗེས་དཔག་བྱ་དང་དེ་མཚུངས་པ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ།


DTG174_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་བའོ། །དེ་བཞིན་དུ་དེ་དང་མཐུན་པ་ཉིད་ལ་ཡང་ངོ༌། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་གཞན་ན་ཡོད་པར་འགལ་ལ། ཁྱད་པར་དུ་མི་བྱེད་ན་ཡང་རྗེས་སུ་དཔག་པར་བྱ་བའི་ཆོས་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་པ་དང་ནི། །གཞན་པ་དག་དང་ལྡན་པ་དང༌། །གཏམ་མི་ལྡན་ཉིད་རྣམ་གཅོད་བྱེད། །ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དང་ནི་ལྷན་ཅིག་བརྗོད། །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་ཡི་དོན་ནི་རྟོགས་པར་འགྱུར། །གང་ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་བྱའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཉིད་བཞིན། །དེར་ཡང་ཟླ་པོ་རྣམ་གཅོད་པའི། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །དེ་ལྟར་གྲགས་དང་ནུས་པ་དང༌། །སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །དེས་ན་མི་ལྡན་རྣམ་གཅོད་པ། །ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན། །དེ་ཡི་ཁྱད་པར་ཅན་གྱི་ཆོས། །རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་ཡིན་ན་གཅིག་དེར་འགྱུར་ན། གཞན་དེ་ཉིད་མ་ཡིན་པར་འགྱུར་ལ། ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་པའི་ཚིག་ཕྲད་དང་ཡང་ཁྱད་པར་མེད་པར་འགྱུར་རོ། །འདིས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ངེས་པར་བྱའོ། །དེས་ན་ཁྱད་པར་ཡོད་ཀྱང་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་སྤྱི་བསྒྲུབ་པར་བྱ་བ་ཡིན་ཡང་གྲུབ་པ་ལ་སྒྲུབ་པ་ཉིད་ནི་མ་ཡིན་ཏེ། དེ་དང་མི་ལྡན་པ་རྣམ་པར་བཅད་པ་གྲུབ་པའི་ཕྱིར་རོ། །དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་གཟུང་བའི་ཕྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་གཟུང་བས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ།


DTG174_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། དང་པོ་རང་ལ་བུ་གཉིས་སྐྱེས་འགྱུར་ཏེ། ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བྱ་བ་ལྟ་བུའོ། །བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ལ་ཡོད་པའི་གཏན་ཚིགས་དེའི་མེད་པ་ལ་མེད་པ་ལ་མེད་པ་ཉིད་ནི་ཚུལ་གཟུང་པ་སྟེ། དེ་ཡང་ངེས་པ་ཡིན་ནོ་།ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ག་ལ་བལྟའོ། །དོན་གཞན་དང་རང་བཞིན་དག་རབ་ཏུ་སྐྱེ་བ་དང་དེ་ཙམ་དང་རྗེས་སུ་འབྲེལ་བ་གྲུབ་ན་བལྟར་རུང་བའི་ཡུལ་ཅན་རྒྱུ་དང་ཁྱབ་པར་བྱེད་པའི་ངོ་བོ་མི་དམིགས་པས་འགྲུབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །མི་དམིགས་པ་ཡང་བཟློག་པ་ལ་མངོན་སུམ་འཇུག་པ་ལྡོག་པ་ངེས་པ་ཡིན་ནོ། །དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བས་ལྡོག་པ་འགྲུབ་མོད་ཀྱི། མེད་པ་ལ་མེད་པ་ཉིད་བརྗོད་པ་ནི་མེད་པ་ཁོ་ན་ལ་མེད་པ་ཉིད་ཡིན་གྱི། གཞན་པ་ལ་ཡང་མ་ཡིན་ལ། འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་ཟེར་རོ། །དེ་ལ་མི་སྲིད་པ་ཉིད་ཀྱི་ཕྱིར་ཆོས་གཞན་ལ་ཡོད་པ་འགོག་པར་དོགས་པ་ནི་མེད་དོ། །འགལ་བ་ལ་འགོག་པ་ཡང་དེ་ཁོ་ན་ལ་འགོག་ན་ནི་སྐྱོན་དུ་འགྱུར་ན། གང་གིས་དེ་ཁོ་ན་ལས་ལྡོག་པའི་ཕྱིར་མེས་དྲོ་བ་རྟོགས་པར་མི་འགྱུར་བ་དེ་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་འགལ་བ་ཁོ་ན་དེ་དང་མཐུན་པ་མ་ཡིན་པར་ནི་མི་འགྱུར་ཏེ། འོན་ཀྱང་དེ་དང་མཐུན་པ་ལས་ལྡོག་པ་ཡིན་ནོ། །དེས་ན་འདི་ལ་སྐྱོན་མེད་པའི་ཕྱིར་ཚུལ་གསུམ་པ་འདི་མི་བརྗོད་པ་ཉིད་དུ་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱབ་པ་ངེས་པ་དང་ལྡན་པའི་ཚུལ་གྱིས་སྦྱར་བས་ཀྱང་དོན་གྱིས་གོ་བ་གཉིས་པ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་སྦྱོར་བ་བསྟན་པའི་དོན་དུ་ཡིན་པའི་ཕྱིར་ན་སྐྱོན་མེད་དོ། །དེའི་ཕྱིར་གཅིག་ཀྱང་སྦྱོར་བར་འགྱུར་བ་ཡིན་ནོ། །གལ་ཏེ་མཉན་པར་བྱེད་པ་ཉིད་ལྡོག་པ་ཡིན་ཡང་གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ལྡོག་པ་མེད་པའི་ཕྱིར་རོ། །མཉན་པར་བྱ་བ་ཉིད་ནི་འགའ་ལས་ཀྱང་ལྡོག་པ་མ་ཡིན་ཏེ། ཐེ་ཚོམ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ལྡོག་པ་དང་ལྡན་པ་ལ་ནི་ཐེ་ཚོམ་མེད་པའི་


DTG174_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། བྱས་པ་ཉིད་ལས་མི་རྟག་པ་ཉིད་བཞིན་ནོ། །དངོས་པོའི་ཆོས་དང་དངོས་པོ་ཐམས་ཅད་ལས་ལྡོག་པ་ནི་འགལ་བའི་ཕྱིར་རོ། །དེས་ན་ཡོད་པར་དོགས་པ་ཉིད་ཀྱིས་ཐེ་ཚོམ་དུ་འགྱུར་རོ། །རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར་ལྡོག་པ་དང་ལྡན་པར་བཤད་པ་ཡིན་ནོ། །ལྡོག་པའི་རྣམ་པ་འདི་ལྟ་བུ་ནི་གོ་བར་བྱེད་པ་མ་ཡིན་ཏེ། གོ་བར་བྱེད་པ་གང་ཡིན་པ་དེ་ནི་བརྗོད་ཟིན་ཏོ། །དེ་ཡང་རྗེས་སུ་འགྲོ་བ་མེད་པ་བསྟན་པར་མི་ནུས་ཏེ། དེའི་ངོ་བོ་དང་རྒྱུའི་དངོས་པོ་མཐོང་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར་སྦྱོར་བ་བསྡུས་ཏེ་བརྗོད་ཀྱི། ཚུལ་བསྡུས་པ་ནི་མ་ཡིན་ནོ། །དེ་སྐད་དུ། ཡང་ན་དོན་གྱིས་གོ་བས་གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་དག་མེད་པ་ལ་མེད་པ་ཉིད་ནི་མི་འགྲུབ་སྟེ། མེད་པ་ནི་གཞི་ལ་སོགས་པར་མི་འཐད་པའི་ཕྱིར་རོ། །ཞེའོ། །རེ་ཞིག་ཕྱུགས་དག་ཀྱང་གང་མི་རིག་པ་མཐོང་བ་དེའི་ཚེ་དེ་ལ་མི་སྤྱོད་ན་འདི་ནི་ཕྱུགས་པས་ཀྱང་ཕྱུགས་ཡིན་ནོ། །ཆེན་པོའི་ཆེན་པོ་ལ་སྨོད་པའི་ཕྱིར་ན་བདག་ཉིད་མི་ཤེས་པ་གཞན་ཅི་ཡོད། འདི་ལྡོག་པའི་དོན་སྟོན་པར་བྱེད་པའི་ཚིག་འདི་ཉིད་ཀྱིས་མེད་པ་ལ་ཐ་སྙད་མི་འཐད་པར་སྟོན་ཅིང་གཞན་དག་འགོག་པར་བྱེད་པའི་ཕྱིར་འདི་ནི་གསལ་བར་རྒྱལ་པོའི་ཆོས་ལུགས་ཡིན་ནོ། །བདག་ཉིད་མི་སྨྲ་ན་ནི་གཞན་རྟོགས་པར་མི་ནུས་ལ། སྨྲ་ན་ཡང་སྐྱོན་འདི་སྤང་བར་མི་ནུས་སོ། །མེད་པ་ལ་གཏན་ཚིགས་མི་འགོག་ན་སྒྲུབ་པ་ཐོབ་པར་འགྱུར་ཏེ། དེའི་མཚན་ཉིད་ནི་དངོས་པོ་མེད་པ་ལས་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །མེད་པ་ལས་ལྡོག་པ་མེད་དོ་ཞེས་ལྡོག་པ་དེ་ཉིད་རེ་ཞིག་ཇི་ལྟར་འདོད། དངོས་ཡོད་མེད་ལའང་ཡོད་ཡིན་ལ། །དངོས་པོ་མེད་པ་ཡོད་མིན་ཞེས། །བླུན་པོ་ཡི་ནི་སྤྱོད་ལ་ལྟོས། །གལ་ཏེ་དེ་ལས་ལྡོག་མེད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །དེ་ཡང་མིན་ན་འདི་ཉིད་ནི། །དགག་ཡིན་ལྡོག་པ་ཅི་སྟེ་འགོག །སྒྲུབ་


DTG174_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགག་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་དེ་ཡང་མེད་པ་ལ། །མེད་ཕྱིར་འདི་ལ་མི་སྨྲ་འཐོབ། །ཡོད་པ་རྣམས་ལ་དགག་པ་མེད། །དེ་ནི་མེད་པ་ལའང་ཡོད་པ་མིན། །རིགས་པ་འདི་ཡིས་འགྲོ་བ་ལ། །དགག་པའི་དོན་ནི་མེད་པར་འགྱུར། །གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཇི་ལྟར་དེ་ཡོད་དེ་ལྟར་ནི། །མི་འགོག་ཇི་ལྟར་དེ་མེད་པ། །དེ་ལྟར་ཡང་ནི་འགོག་མི་འགྱུར། །དེ་ཕྱིར་དངོས་དངོས་མེད་བརྟེན་པ། །ཕྱི་རོལ་རྟེན་མིན་སྒྲ་སོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་འདྲ་མེད་ཀྱང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་བར་སྣང༌། །དེ་ཡང་སྒྲ་འཇུག་པ་ཉིད་ཕྱིར། །ཡོད་ཅེས་ཐ་སྙད་བརྟེན་པར་འདོད། །དེ་ལྟ་མིན་ན་དོན་རྣམས་ཀྱིས། །ཆོས་གཅིག་སྒྲུབ་དང་འགོག་པ་ན། །བདག་ཉིད་ཐམས་ཅད་བསྒྲུབས་པ་དང༌། །བཀག་འགྱུར་བདག་ཐ་དད་མེད་ཕྱིར། །ཐ་དད་མིན་ན་གཞན་དང་གཞན། །བཀག་པ་དང་ནི་བསྒྲུབས་པ་བཞིན། །བསྒྲུབས་པ་དང་ནི་བཀག་པ་དག །ཆོས་ཅན་གཅིག་ལ་འདུ་མི་འགྱུར། །སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གིས་དབང་བྱས་ཏེ། །གཅིག་བསྒྲུབ་པ་ན་དེ་རྟེན་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །འགོག་ན་དེ་ཡིད་དབེན་པ་དང༌། །དེ་ལས་གཞན་ལ་ལྟོས་ལྟ་བུར། །མེད་པ་ཡི་ནི་དོན་ཅན་གྱི། །ཐ་སྙད་ཇི་ལྟར་བློས་བསྟན་པ། །དེ་བཞིན་ཉིད་དེ་མ་བརྟགས་པར། །ཐ་དད་དོན་བརྟེན་ཁས་ལེན་པས། །ཐོག་མེད་བག་ཆགས་ལས་བྱུང་བ། །འཇིག་རྟེན་དོན་ལ་གནོད་པ་མེད། །དེ་འབྲས་ཅན་དང་དེ་འབྲས་མེད། །དེ་དེ་ལས་ཐ་དད་དོན་གཅིག །ཐ་དད་རྟེན་ཅན་འཕེལ་བ་དང༌། །འགྲིབ་པ་ལྟ་བུར་བྱེད་པ་ཡི། །བསླད་པ་དེ་དང་དེ་དག་གི །འབྲེལ་པ་འགའ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བར་སྦྱོར་དེས་ན། །དེ་དག་བསླད་པའང་ཤེས་མ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །མཚན་ཉིད་དེ་དང་ལྡན་པ་པའི། །གཏན་ཚིགས་དེ་ནི་མི་དམིགས་དང༌། །བདག་དང་འབྲས་བུ་ཞེས་བྱ་གསུམ། །ཁོ་ནའོ། །རྟགས་ནི་གསུམ་


DTG174_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །མི་དམིགས་པ་དང་རང་བཞིན་དང་འབྲས་བུའོ། །དཔེར་ན། ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱི་གྱུར་པ་མི་དམིགས་པའི་ཕྱིར་རོ། །གལ་ཏེ་ཡོད་ན་དམིགས་པའི་ཡོད་པ་ཅན་ཉིད་དུ་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །ཤིང་ཤ་པ་ཡིན་པའི་ཕྱིར་འདི་ནི་ཤིང་ངོ༌། །དུ་བ་ལས་ནི་འདི་ན་མེ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ། །རང་བཞིན་འབྲེལ་པ་ཡོད་ན་ནི་དོན་གྱི་འཁྲུལ་པ་མེད་དེ། དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་ཡིན་ན་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཆོས་ཀྱི་བྱེ་བྲག་ཀུན་བརྟགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྗེས་སུ་དཔག་པ་དང༌། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན་ནོ་ཞེས་བཤད་དོ། །ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་བློས་ཀུན་བརྟགས་པ་ཡིན་གྱི་དོན་ཀྱང་ནི་མ་ཡིན་ཏེ། བློའི་བྱེ་བྲག་རང་དགའ་བ་རྣམས་ནི་དོན་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་དག་གིས་བརྟགས་པའི་ཡུལ་གྱི་དོན་གོ་ན་ནི་མི་འཐོབ་པ་ཁོ་ནར་འགྱུར་རོ། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་ཕྱོགས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་ནི། །རྟོགས་གྱུར་བ་དག་རབ་ཏུ་དབྱེ། །དེས་ན་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་གྱུར་པ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །འབྲས་བུ་ཡང་རང་བཞིན་འབྲེལ་པ་ཡིན་ཏེ། དེའི་རང་བཞིན་དེ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བ་ཤེས་པ་འདི་གཉིས་ནི་དངོས་ལས་མ་སྐྱེས་པའི་ཕྱིར་དེར་སྣང་བ་ཉིད་མ་ཡིན་ཡང་དེ་ལས་སྐྱེས་པའི་ཕྱིར་དེར་འཁྲུལ་པ་མེད་པ་དག་ཡིན་ཏེ། དེས་ན་ཚད་མ་ཡིན་ཏེ་མངོན་སུམ་བཞིན་ནོ། །མེད་པར་ངེས་


DTG174_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ཅན་མ་དམིགས་མེད་པའི་ཐ་སྙད་འཇུག་པའི་འབྲས་བུ་ཅན་གྱི་མི་དམིགས་པ་ནི་དེ་ལ་མི་འཁྲུལ་པ་ཡིན་ཏེ། ཐ་སྙད་གྲུབ་པ་ལ་ཡུལ་ཡོད་པ་འཁྲུལ་པ་མེད་པའི་ཕྱིར་རོ། །མི་དམིགས་པའི་རྟགས་ཀྱིས་མེད་པ་བསྒྲུབ་པར་བྱ་བ་ཡིན་ན། དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱ་དགོས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར། མི་རྟོགས་པར་འགྱུར་རོ། །ཅི་སྟེ་དམིགས་པ་མེད་པ་མི་དམིགས་པ་མེད་པར་འགྱུར་ན་ནི། དེ་བཞིན་དུ་ཡོད་པ་མེད་པར་ཡང་འགྱུར་བས་མི་དམིགས་པ་དོན་མེད་དོ། །ཅི་སྟེ་གཞན་དམིགས་པས་མི་དམིགས་པ་འགྲུབ་པའི་ཕྱིར། མངོན་སུམ་གྱིས་གྲུབ་པ་ཡིན་གྱིས་མི་དམིགས་པ་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་གཞན་ཡོད་པས་མེད་པ་ཅི་སྟེ་མི་འགྲུབ། གང་གི་ཚེ་རྣམ་པ་འདི་ལྟ་བུ་མི་དམིགས་པ་ཉིད་མེད་པ་རྣམས་ཀྱི་མེད་པ་ཡིན་པ་དེའི་ཚེ་ཡུལ་གྲུབ་པས་ཡུལ་ཅན་ཤེས་པ་དང༌། སྒྲ་དང་ཐ་སྙད་དག་རྟོགས་པའམ་སྒྲུབ་པར་བྱེད་པ་ཡིན་ཏེ། ཡུལ་རབ་ཏུ་བསྟན་པས་བརྡ་ལ་འཇུག་པའི་ཕྱིར་རོ། །དཔེར་ན་འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་ཡིན་དང་དཔེ་མ་གྲུབ་པར་རྒོལ་བ་ཡང་བསལ་བ་ཡིན་ཏེ། ཡུལ་རྟོགས་ཀྱང་ཡུལ་ཅན་མ་རྟོགས་པ་དག་སྣང་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ལོག་པ་ནི་དངོས་པོ་མེད་པ་ཡིན་ལ། མི་དམིགས་པ་ནི་དམིགས་པ་ལོག་པ་ཡིན་ན་ཇི་ལྟར་དངོས་པོ་མེད་པ་ཡིན་དམིགས་པ་ལོག་པས་དངོས་པོ་མེད་པར་ཡང་ཇི་ལྟར་འགྱུར་ཏེ། འབྲས་བུ་ལོག་ཀྱང་རྒྱུ་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་འདྲ་བའི་ཡོད་པ་རྣམ་པར་གཞག་པ་ནི་དམིགས་པའི་རྒྱུ་མཚན་ཅན་ཡིན་པ་དང༌། རྒྱུ་གཞན་ཚང་བ་ན་དམིགས་པར་རུང་བའི་རང་བཞིན་ཡོད་པ་ནི་དེ་ལ་མི་འཁྲུལ་བའི་ཕྱིར་དམིགས་པ་ནི་ཡོད་པ་ཡིན་པར་བརྗོད་དོ། །ཚོགས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར་འཁྲུལ་པར་འགྱུར་ཞེ་ན། མ་ཡིན་ཏེ། འབྲས་བུའི་དུས་ན་མེད་པར་རྟོགས་པའི་ཕྱིར་ཏེ། གཞན་


DTG174_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ན་དེ་མི་དམིགས་པར་གྲུབ་པའི་ཕྱིར་རོ། །མཐུ་དང་ལྡན་པས་བྱིན་གྱིས་བརླབས་པའི་ཕྱིར་ཡོད་ཀྱང་དམིགས་པར་མི་འགྱུར་རོ་ཞེ་ན། །མ་ཡིན་ཏེ། ཡུལ་དང་དབང་པོ་དག་ལས་གང་ཡང་རུང་བ་ཞིག་གམ། གཉི་ག་གཞན་དུ་འགྱུར་བ་མེད་པར་བྱིན་གྱིས་བརླབས་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་འདུས་བྱས་ན་ནི་མི་དམིགས་པར་འགྱུར་ཏེ། དེའི་ཚེ་ཡང་རྣམ་པ་དེ་ལྟ་བུའི་དབང་པོས་གཟུང་བར་བྱ་བའི་མེད་པ་ནི་ཡོད་པ་ཉིད་དོ། །དེའི་ཕྱིར་ཤེས་པ་དང་འདྲེར་རུང་བ་ཉིད་ནི་འདིའི་ཡོད་པ་ཡིན་ལ། དེ་ལས་བཟློག་པའི་མི་དམིགས་པ་ནི་མེད་པ་ཡིན་ཏེ། །དེས་ཀྱང་ཡུལ་ཅན་སྒྲུབ་པར་བྱེད་དོ། །འདིས་ནི་འདིར་རྒྱུ་འབྲས་བུ་ལ་འཁྲུལ་པ་ཡང་བསལ་བ་ཡིན་ནོ། །དེ་ལ་ཡང་ཐ་སྙད་དེའི་མཚན་ཅན་ཡིན་པར་གྲུབ་ཀྱང་དེའི་རྒྱུ་ཡོད་པའི་སྒོ་ནས་ཀྱང་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུ་མཚན་ཅན་གཞན་བཞིན་ནོ། །རེ་ཞིག་མི་དམིགས་པ་དེ་ཉིད་ཇི་ལྟར་འགྲུབ་ཅེ་ན། འདི་ནི་འོག་ཏུ་འཆད་པར་འགྱུར་རོ། །མི་དམིགས་པ་དེ་ཡང༌། འཇུག་པའི་བྱེ་བྲག་གིས་རྣམ་བཞི་དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་དམིགས་པ་ལས་ཡིན་ནོ། །དེ་ལྟར་དེ་ནི་རྣམ་པ་གཉིས་ཀྱིས་བྱེད་དེ། འགའ་ཞིག་བསྒྲུབ་པས་སམ་འགག་པས་སོ། །སྒྲུབ་ན་ཡང་འགལ་བའམ་མི་འགལ་བ་ཞིག་སྒྲུབ་གྲང་ན། མི་འགལ་བ་ནི་ལྷན་ཅིག་ཡོད་པར་འགལ་བ་མེད་པས་འགོག་པ་མ་ཡིན་ནོ། །འགལ་བ་ཡང་མི་དམིགས་པ་མེད་པར་འགལ་བ་མི་རྟོགས་ཏེ། འདི་ལྟར་རྒྱུ་མ་གཏུགས་པ་ཅན་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་ལ། དེ་ཡང་མི་དམིགས་པ་ལས་ཡིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱང་འགལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་ཉིད་བཞིན་ནོ། །དེ་ལ་ཡང་གཅིག་དམིགས་པས་གཞན་མི་དམིགས་པར་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་དམིགས་པ་མ་བཀག་པ་ཅན་མེད་པར་མི་འགྲུབ་པའི་ཕྱིར་རོ། །གཅིག་བཀག་པས་གཞན་མེད་པར་བསྒྲུབ་པ་ལ་མི་དམིགས་པ་གྲུབ་ཉིད་དེ་དགག་པ་ནི་མི་དམིགས་པའི་ངོ་བོ་ཡིན་པའི་


DTG174_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དོན་གཞན་དགག་པ་བསྒྲུབ་པར་བྱ་བ་དེ་ལ་ཡང་རྒྱུ་དང་འབྲས་བུ་དག་གམ། གཉི་ག་མ་ཡིན་པ་བཀག་པ་གཏན་ཚིགས་ཡིན་གྲང་ན། དེ་ལ་གཉི་ག་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར་དེ་མེད་པའི་ཕྱིར་མེད་པས་གཞན་མེད་པར་མི་རིགས་སོ། །འབྲས་བུ་མི་དམིགས་ཀྱང་རྒྱུ་ནི་གདོན་མི་ཟ་བར་དེ་དང་ལྡན་པ་ཡིན་པའི་ཕྱིར་དེ་མེད་པར་ག་ལ་འགྱུར། ནུས་པ་རྒྱུ་ཡིན་གྱི་མི་ནུས་པ་ནི་རྒྱུ་མ་ཡིན་ནོ། །ནུས་པ་ལས་ནི་གེགས་བྱ་བར་ཡང་མི་གནས་ཏེ། ཐ་མའི་གནས་སྐབས་ན་ཡོངས་སུ་འགྱུར་བ་མེད་པའི་ཕྱིར་ཏེ། སྐད་ཅིག་ལ་ཆ་ཤས་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེ་བ་དང་མི་མཐུན་པ་བསྐྱེད་པ་ནི་གེགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཅུང་ཟད་མི་བྱེད་པ་ནི་གེགས་མ་ཡིན་པའི་ཕྱིར་རོ། །དེ་འདྲ་བའི་རྒྱུ་ནི་འབྲས་བུ་མེད་པ་ལས་མེད་པར་རྟོགས་པར་འགྱུར་བ་ཉིད་དེ། དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་དེ་ནི་རྒྱུ་ལས་ཁྱབ་པ་དང་ལྡོག་པ་མེད་པ་ཡིན་པའི་ཕྱིར་དེའི་རང་བཞིན་གྱི་ངོ་བོ་དང་ཁྱད་པར་མེད་པས་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པར་བཤད་དོ། །དེ་བཞིན་དུ་དེ་དང་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུའི་རྫས་སྤྱི་ལ་བསམས་ནས་འབྲས་བུ་མི་དམིགས་པ་གོ་བར་བྱེད་པ་མ་ཡིན་པར་བརྗོད་དེ། དཔེར་ན་འདི་ན་མེ་མེད་དེ། དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མི་དམིགས་པ་ནི་དངོས་པོ་མེད་པ་གོ་བར་བྱེད་པ་ཡིན་ལ། རང་བཞིན་མི་དམིགས་པ་ནི་རང་ཉིད་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ནི་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །དེའི་ངོ་བོ་ཁྱབ་པའི་འབྲས་བུ་མེད་པས་ནི་མེད་པར་ཡང་ཡིན་ནོ། །གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་མི་དམིགས་པས་ཁྱབ་པར་བྱ་བའི་མེད་པར་སྨྲ་བ་དེའི་ཚེ་ཡང་དངོས་པོ་མེད་པར་ཡང་ཡིན་པ་ཉིད་དོ། །དེས་ན་དེ་ལྟར་སྒྲུབ་པ་དང་དགག་པའི་སྒོ་ནས་འགའ་ཞིག་འགོག་པ་ལ་ནི་གོ་བར་བྱེད་


DTG174_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་མི་དམིགས་པའི་རང་བཞིན་ཡིན་གྱི། དགག་པའི་གཏན་ཚིགས་གཞན་ནི་མེད་དོ། །དགག་པའི་ཡུལ་ཅན་གྱི་མི་དམིགས་པ་དེ་ནི་སྦྱོར་བའི་བྱེ་བྲག་གི་རྣམ་པ་བཞིར་འགྱུར་ཏེ། འགལ་བ་གྲུབ་པ་ནི་དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པ་འགལ་བ་གྲུབ་པ་ཡང་བཤད་པར་རིག་པར་བྱ་སྟེ། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འགལ་བའི་འབྲས་བུ་གྲུབ་པ་ནི་དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མ་གྲུབ་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རང་བཞིན་མ་གྲུབ་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ། དམིགས་པའི་རིག་བྱར་གྱུར་བ་ལས་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པའི་རང་བཞིན་མ་གྲུབ་པར་ཡང་བཤད་པ་ཡིན་ཏེ། དཔེར་ན་འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །མེད་པ་དང་ཐ་སྙད་སྒྲུབ་པའི་མ་དམིགས་པ་འདི་ཐམས་ཅད་ལ་ཡང་བལྟར་རུང་བའི་བདག་ཉིད་ཁོ་ནའི་དེ་དག་དང་དེ་འགལ་བ་དག་དམིགས་པའི་རྒྱུ་གཞན་ཉེ་བ་ལས་མ་གྲུབ་པ་དང་གྲུབ་པ་ཡིན་པར་རིག་པར་བྱ་སྟེ། གཞན་དག་ལ་ནི་རྒྱུ་དང་འབྲས་བུ་ཡོད་པ་དང་མེད་པ་དང་འགལ་བ་དག་མི་འགྲུབ་པའི་ཕྱིར་རོ། །སྣང་བ་མཐོང་བ་མེད་པ་དང༌། །དངོས་པོ་མི་དམིགས་པ་ལ་ནི། །རྒྱུ་མི་སྲིད་པར་གྱུར་པ་ན། །དངོས་པོ་མེད་པར་རྟོགས་པར་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གལ་ཏེ་འགལ་བའི་འབྲས་བུ་དམིགས་པས་ཀྱང་མེད་པར་གྲུབ་ན། དེའི་རྒྱུ་དམིགས་པས་ཅི་སྟེ་མི་འགྲུབ་ཅེ་ན། མ་ཡིན་ཏེ། དེ་ནི་འཁྲུལ་པའི་ཕྱིར་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གང་ལས་དེ་མེད་པར་གོ་བར་འགྱུར་བ་རྒྱུ་རྣམས་ནི་འབྲས་བུ་རྩོམ་པར་མ་ངེས་པས་ན་གྲང་བ་བཟློག་པའི་མེ་གདོན་མི་ཟ་བར་འགྱུར་


DTG174_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མ་ཡིན་ནོ། །ཐ་མའི་གནས་སྐབས་ཀྱི་ཁྱད་པར་ལ་འཁྲུལ་བ་མེད་དོ་ཞེ་ན་མ་ཡིན་ཏེ། དེ་ལས་འབྲས་བུ་སྐྱེ་བ་ནི། གདོད་མ་མེད་པའི་ཕྱིར་རོ། །མཐའི་སྐད་ཅིག་གི་བར་དུ་ནི་སྐྱེ་བ་ལ་གེགས་སྲིད་ཀྱི། མཐའི་སྐད་ཅིག་ལ་གེགས་མེད་པས་རྟགས་དེ་མཐོང་བ་ལས་འབྲས་བུ་དྲན་པ་ལ་ལྟོས་ཏེ། རྗེས་སུ་དཔག་པར་བྱ་བ་རྟོགས་པ་ན་མཐའི་སྐད་ཅིག་བར་ཆད་མེད་པའི་ཕྱིར། དེའི་སྔོན་རོལ་དུ་འབྲས་བུ་སྐྱེས་པ་ཉིད་མངོན་སུམ་དུ་འགྱུར་རོ། །གང་གིས་རྒྱུ་ལས་དེ་རྟོགས་པར་འགྱུར་བ་འབྲས་བུ་མངོན་སུམ་མ་ཡིན་པ་ལ་ནི་རྒྱུའི་དངོས་པོ་རྟོགས་པ་མེད་དེ། དེའི་ཕྱིར་རྒྱུ་ལས་འབྲས་བུ་མི་འགྲུབ་བོ། །རྒྱུ་མཚན་དག་འགལ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་འདི་ན་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་ཉེ་བའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་འགལ་བ་ཡོངས་སུ་གདུང་བའི་རྒྱུ་མེ་ནི་གྲང་བ་དང་འགལ་བའི་ཕྱིར་གྲང་བ་རྒྱུན་ཆད་ན་དེའི་འབྲས་བུ་ཡང་མེད་པའི་ཕྱིར་རོ། །འདིས་ནི་དེའི་འབྲས་བུ་ལས་ཀྱང་དེ་དང་འགལ་བའི་འབྲས་བུ་མེད་པར་རྟོགས་པར་བཤད་པར་རིག་པར་བྱ་སྟེ། དཔེར་ན་ཕྱོགས་ཀྱི་བྱེ་བྲག་འདི་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མེ་དང་ལྡན་པ་མ་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་དང་འགལ་བ་གྲུབ་པ་འདི་ཡང་སྔར་བསྟན་པའི་རྒྱུ་མ་གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བསྐལ་པ་རྣམས་ལ་ནི། མེད་པར་ངེས་པ་ཡོད་མ་ཡིན། །ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པས་ན་བསྐལ་པ་ནི་རྣམ་པ་གསུམ་སྟེ། དེ་དག་ལ་ནི་མི་དམིགས་པའི་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ནི་གདོན་མི་ཟ་བར་འགའ་ཞིག་གིས་དམིགས་པའམ།


DTG174_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའམ་འོངས་པ་ནི་དམིགས་པ་ཡིན་ན། དེ་ཇི་ལྟར་མ་དམིགས་པའི་ཕྱིར་མེད་པ་ལ་མ་ཡིན་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཀྱི་དམིགས་པ་ལོག་པ་ནི་འདི་རྟགས་མ་ཡིན་པའི་ཕྱིར་ཏེ། བདག་དང་གཞན་ལ་མ་གྲུབ་པའི་ཕྱིར་རོ། ། དེའི་ཕྱིར་འདི་དག་ཉིད་ཀྱི་དམིགས་པ་ལོག་པ་ཉིད་ཚད་མར་བྱེད་པ་ན་སྤོང་བ་ཡིན་ནོ། །དེ་ནི་བསྐལ་པ་བདག་ལས་ཡང་ཡོད་ན་དེ་དག་མེད་པ་ཉིད་ནི་མ་ཡིན་ནོ། །དེ་ཡང་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ལས་གཅིག་ཏུ་འཇུག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འགའ་ཞིག་ལ་བསྟན་བཅོས་ཀྱི་དབང་དུ་བྱས་པ་མེད་པའི་ཕྱིར་རོ། །བསྟན་བཅོས་འཇུག་པ་ནི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཐབས་འགའ་ཞིག་ལ་བརྟེན་ནས་འཇུག་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་བརྗོད་པ་ནི་ཚད་མར་མི་འགྱུར་བའི་ཕྱིར་རོ། །སྐབས་དེར་ཡང་དོན་མང་པོ་དག་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ཏེ། དཔེར་ན་བདག་ཉིད་སོ་སོ་ལ་ངེས་པ་སྐྱེས་བུ་རྣམས་ཀྱིས་སེམས་ཀྱི་འཇུག་པ་རྒྱུ་མཚན་ངེས་པ་ལས་བྱུང་བ་མ་ཡིན་ཅན་འགའ་ཞིག་གམ། ཡུལ་དང་དུས་ཀྱིས་ཆོད་པ་སྐབས་སུ་ཉེ་བར་མཁོ་བ་མེད་པའི་རྫས་ཀྱི་ཁྱད་པར་ལྟ་བུ་སྟེ། དེ་དག་ནི་བསྟན་བཅོས་ཀྱི་ཡུལ་དུ་བྱེད་པ་མ་ཡིན་ནོ། །དེ་ལྟར་བསྐལ་པ་དག་ལ་ནི་རང་གི་མཐུས་ཉེ་བར་གནས་པའི་ཤེས་པ་བསྐྱེད་པའི་ནུས་པ་ཡང་ཡོད་པ་མ་ཡིན་ལ། གང་གིས་རྗེས་སུ་དཔག་པར་བྱ་བར་འགྱུར་བ་དེ་དག་གི་འབྲས་བུ་གདོན་མི་ཟ་བར་དམིགས་པ་ཡང་མ་ཡིན་ནོ། །དེ་དག་ནི་ཚད་མ་གསུམ་ལོག་ཏུ་ཟིན་ཀྱང་མེད་དོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །གང་ཡང་ཤེས་པར་བྱེད་པ་མེད་པའི་ཕྱིར་དབང་པོ་ལས་འདས་པའི་དོན་ནམ། རང་བཞིན་གྱི་ཁྱད་པར་དག་སྤོང་བར་བྱེད་པ་དཔེར་ན་སེམས་འདོད་ཆགས་དང་བྲལ་བའམ། ལྷའི་ཁྱད་པར་དག་མེད་པའམ། སྦྱིན་པ་དང་འཚེ་བ་ལ་སོགས་པ་སྤོང་བའི་སེམས་ནི་མངོན་པར་མཐོ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །མངོན་སུམ་གྱི་དོན་ལ་ཡང་འབྲས་བུ་དེ་མ་ཐག་པ་ཉིད་མེད་པའི་ཕྱིར་འབྲས་བུ་དེ་དང་ལྡན་པ་མ་ཡིན་


DTG174_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཆོས་མཚུངས་པས་ན་དེ་ཕྱིན་ཅི་ལོག་པ་ཡིན་ནོ། །རྒྱུ་ལས་འབྲས་བུ་ཆོད་པ་དག་ཀྱང་སྐྱེ་བ་མཐོང་བའི་ཕྱིར་ཏེ། བྱི་བ་དང་ཁྱི་སྨྱོན་པའི་དུག་གི་འགྱུར་བ་བཞིན་ནོ། །དེ་འབྱུང་བ་ལ་འགལ་བ་མེད་པའི་ཕྱིར་འདི་ལ་མི་དམིགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །དེ་འབྱུང་བ་ལ་ཚད་མ་ཅི་ཡོད་ཅེ་ན། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བར་འགྱུར་བའམ། ཡང་ན་ཚད་མ་སྲིད་པས་མི་སྤོང་ངོ༌། །དེའི་ཕྱིར་འདི་ལ་རང་བཞིན་ནམ་དོན་འགའ་ཞིག་མཐོང་བ་གསལ་བ་མེད་པའི་ཕྱིར་དང༌། རྒྱུ་རྣམས་ནི་འབྲས་བུ་བསྐྱེད་པའི་ངེས་པ་མེད་པའི་ཕྱིར་ཤེས་པར་བྱེད་པ་མ་གྲུབ་པ་ཡིན་ཡང་དེ་ཙམ་གྱིས་དེ་མེད་པར་ངེས་པ་ནི་མ་ཡིན་ཏེ། ཡང་རིམ་གྱིས་འགའ་ཞིག་གསལ་བར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ལས་དོན་གྱི་རང་བཞིན་ངེས་པར་འགྱུར་བ་སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་ཡང་མ་ཡིན་ཏེ། དེ་དག་ནི་སྨྲ་བ་པོའི་བརྗོད་པར་འདོད་པས་འཇུག་པའི་ཕྱིར་དེ་ལ་འཁྲུལ་པ་མེད་པས་དེ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ནོ། །སྐྱེས་བུའི་འདོད་པ་ཐམས་ཅད་ནི་དངོས་པོ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་དང་འབྲེལ་བའི་རང་བཞིན་གྱི་དངོས་པོས་ནི་གཞན་གོ་བར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་ནི་ཡིད་ཆེས་པ་ཡིན་ལ། །དེས་བསྟན་པའི་ལུང་ནི་མི་སླུ་བ་ཡིན་ནོ་ཞེ་ན། གལ་ཏེ་ཁྱད་པར་ཅན་དེ་ཉིད། །ཤེས་པར་ནུས་ན་དོན་འདི་འདོད། །རྟོག་པ་སྔོན་དུ་གཏོང་བ་ཅན་ལུང་ངམ་ལུང་མ་ཡིན་པ་ཚོལ་བ་ཐམས་ཅད་ནི་འཇུག་པར་འདོད་པས་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །དེ་སྐྱེས་བུ་བརྟགས་ནས་འཇུག་ན་ནི་འཇུག་པར་མི་འགྱུར་ཏེ། དེ་ལྟ་བུ་ནི་ཤེས་པར་མི་ནུས་པའི་ཕྱིར། མི་འདོད་པ་ནི་མ་ཡིན་ཏེ། དེ་འདྲ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་བརྗོད་པའི་ཕྱིར་རོ། །འདི་ལྟར་གཞན་གྱི་སྐྱོན་དང་ཡོན་ཏན་ངེས་པའི་རྟགས་ནི་མེད་དེ་དེ་དག་ནི་སེམས་ཀྱི་ཆོས་ཡིན་པས་དབང་པོ་ལས་འདས་པའི་ཕྱིར་རང་ལས་སྐྱེས་པའི་ལུས་དང་ངག་གི་ཐ་སྙད་ལས་རྗེས་སུ་དཔོག་གྲང་ན། ཐ་སྙད་ཀྱང་ཕལ་ཆེར་བློ་སྔོན་དུ་བཏང་ནས་གཞན་དུ་བྱ་བར་ནུས་ཏེ། །སྐྱེས་བུའི་འདོད་པས་འཇུག་པའི་ཕྱིར་


DTG174_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་དག་ཀྱང་བསམ་པ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་འདི་རྟགས་འཚོལ་བའི་ཕྱིར་ཇི་ལྟར་ངེས་པ་མེད་པར་རྟོགས་པར་བྱེད། གལ་ཏེ་བྱེད་པ་པོ་ཤེས་པར་དཀའ་བའི་ཕྱིར་སྐྱེས་བུ་ལ་བརྟེན་པའི་ཚིག་ནི་ལུང་མ་ཡིན་གྱི། སྐྱེས་བུས་མ་བྱས་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ནི་མི་འཐད་པའི་ཕྱིར་དང༌། དོན་བརྗོད་པ་ནི་སྐྱེས་བུའི་ཉེ་བར་བསྟན་པ་ལ་ལྟོས་པའི་ཡང་ཕྱིར་རོ། །དམིགས་པར་རུང་བ་དང་མི་རུང་པ་བཞིན་ནོ། །དེ་ལས་བྱུང་བ་ཡིན་པས་ནི་དེ་རྟོགས་པ་སྐྱེ་བ་དང་ཉམས་པ་མེད་ན་མེད་པའི་ཕྱིར་རོ། །རྟག་ཏུ་དེའི་བདག་ཡིན་ནི་རེས་འགའ་དམིགས་པ་དང་མི་དམིགས་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ལ་ལྟོས་པ་ཡང་མ་ཡིན་ཏེ། དེས་དེ་ལ་ཅུང་ཟད་ཀྱང་མ་བྱས་པའི་ཕྱིར་རོ། གཞན་བྱེད་ན་ནི་དེའི་ཞེས་འབྲེལ་པ་མི་འཐད་པའི་ཕྱིར་རོ། །ཕན་པ་དེ་དང་འབྲེལ་པ་ཡིན་ན་ཕན་གདགས་བྱ་འདོགས་བྱེད་མ་ཡིན་པ་དག་ཅི་ཞིག་འབྲེལ། གལ་ཏེ་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེ་ན། དེའི་བདག་ཉིད་ཀྱིས་ཕན་པ་མེད་ན་དེ་ཡང་མི་འགྲུབ་བོ། །བདག་ཉིད་གཞན་ཡིན་ན་ནི་བརྒལ་ཞིང་བརྟགས་པ་མཚུངས་པ་དང་ཐུག་པ་མེད་པར་ཡང་འགྱུར་རོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡིན་ན་ནི་ལྟོས་པ་མེད་པའི་ཕྱིར་དེ་རྟག་ཏུ་འགྱུར་རོ། །ལྟོས་ན་ནི་ཐལ་སྔ་མར་འགྱུར་རོ། །དེའི་ཕྱིར་སྒྲ་དང་དམིགས་སུ་རུང་བའི་བདག་ཉིད་རེས་འགའ་བ་སྐྱེས་བུའི་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་དེ་ནི་སྐྱེས་བུས་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མེད་ན་མི་འབྱུང་བ་མེད་པའི་ཕྱིར་དོན་གཞན་རྟོགས་པར་ཡང་མི་འགྱུར་རོ། །སྒྲའི་ཡོད་པ་ཉིད་ནི་དོན་གྱི་ཁྱད་པར་རང་འབྲེལ་པ་མ་ཡིན་ཏེ། དེ་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དབང་དང་ཡུལ་བཞིན་དུ་ཕན་ཚུན་རུང་བ་ཉིད་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ལ་ཡང་གཅིག་ལ་སོ་སོར་ངེས་པ་ནི་དེས་བསྐྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེས་ཕན་བཏགས་པའི་དབང་པོས་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཕན་མི་འདོགས་པ་ནི་ལྟོས་པར་བྱ་བར་མི་འགྱུར་ཏེ། ཡུལ་གཞན་བཞིན་ནོ། །གལ་ཏེ་ཅིའི་ཕྱིར་དེ་ཁོ་ནས་ཕན་འདོགས་པར་


DTG174_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེ་ན། དེ་ལ་གང་དེ་ལྟ་བུར་གྱུར་པའི་དངོས་པོའི་རང་བཞིན་ཉིད་ལན་འདེབས་པར་བྱེད་པ་ཡིན་ནོ། །འདི་ལྟར་སཱ་ལུའི་ས་བོན་ལས་ནི་ནས་ཀྱི་མྱུ་གུ་མི་འབྱུང་གི །འོན་ཀྱང་ནས་ས་བོན་ལ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་སྒྲ་རྣམས་ཀྱང་དོན་ལས་སྐྱེ་བ་ཡིན་ན་ནི་རུང་བ་ངེས་པར་འགྱུར་བ་ཡིན་ནོ། །དེ་མེད་ན་འདིའོ་ཞེས་བྱ་བའི་འབྲེལ་བ་མི་འགྲུབ་བོ། །དོན་དང་ལྡན་པར་ཡང་མི་འགྱུར་ཏེ། དོན་ལས་ནི་ཤེས་པར་འདོད་པ་ཡིན་ལ། དེས་ནི་དོན་ཤེས་པའི་ཕྱིར་རབ་ཏུ་སྦྱར་བས་ན་དེས་དེ་དང་ལྡན་པར་འགྱུར་བ་ཡིན་ཏེ། ལུས་ཀྱི་རིག་བྱེད་ལ་སོགས་པ་བཞིན་ནོ། །དེ་ལས་བྱུང་བ་ཡིན་པས་ནི་དེ་རྟོགས་པར་བྱེད་པ་མ་ཡིན་ཏེ། ནམ་མཁས་བུམ་པ་ལ་སོགས་པ་བཞིན་ནོ། །གལ་ཏེ་གང་གི་ཕྱིར་དེ་ལས་སྐྱེ་བར་འགྱུར་བ་སྒྲའི་རང་བཞིན་ནི་དོན་རྣམས་ལ་ངེས་པ་ནི་མ་ཡིན་ནོ། །འོན་ཀྱང་འདི་ནི་འདི་ཁོ་ན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་ཤེས་བྱེད་ནུས་པའི་ངེས་པ་ཡིན་ནོ་ཞེ་ན། ཡོད་པ་དང་མེད་པ་དག་གིས་དེར་འབྲེལ་པ་ཡང་འབྲས་བུ་ཉིད་ལས་མ་འདས་ཏེ། གཞན་དག་ལ་ཡང་དེའི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལས་འདས་ནས་ནི་ངེས་པ་ཉིད་མི་འཐད་པའི་ཕྱིར་རོ། །ནུས་པ་ཡང་དོན་གཞན་མ་ཡིན་པའི་ཕྱིར་དེ་ཉིད་རང་གི་ངོ་བོས་ངེས་པ་ཡིན་ནོ། །དོན་གཞན་ཉིད་ཡིན་ན་ནི་དེ་ལས་དོན་རྣམས་ལ་ཤེས་པ་སྐྱེ་བའི་ཕྱིར་སྒྲ་ནི་རྗོད་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། དེའི་ཞེས་འབྲེལ་པ་ཡང་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་འགའ་ཞིག་ཏུ་ངེས་པའི་རང་བཞིན་དེ་ཐམས་ཅད་ནི་རང་གི་རྒྱུའི་ངོ་བོ་ཉིད་ལས་བྱུང་བ་ཡིན་པས་ངེས་པར་བྱེད་པ་བསྐྱེད་པ་ཉིད་དུ་གསལ་བར་བྱེད་དོ། །གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་སྒྲ་ལས་དོན་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲོན་མས་གཟུགས་བཞིན་དུ་རུང་བ་ཉིད་ཀྱིས་ཡིན་ཏེ། དེས་ན་འབྲེལ་པ་མེད་པའི་ཕྱིར་རྟོགས་པར་མི་འགྱུར་རོ། །ཞེས་བྱ་བའི་སྐྱོན་འདི་མེད་དོ་ཞེ་ན། མ་ཡིན་ཏེ། གཟུགས་ལ་སྒྲོན་མ་བཞིན་དུ་རང་གི་ངོ་བོ་རྟོགས་པར་བྱེད་པ་མ་ཡིན་


DTG174_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སྒྲ་དང་རྟགས་དག་ནི་དེ་ཡོད་པ་དང་མེད་པ་ལ་མཐོང་བ་དང་མ་མཐོང་བ་དྲན་པ་ལ་ལྟོས་ནས་རང་གི་ཡུལ་རྟོགས་པར་བྱེད་པ་ཡིན་ཏེ། མ་མཐོང་བ་དང་རྗེད་པ་དག་གིས་རྟོགས་པ་མེད་པའི་ཕྱིར་དང༌། ཐེ་ཚོམ་ཟ་བ་དང་མང་པོ་དག་ལ་མཐོང་བ་ལ་ནི་ཐེ་ཚོམ་དུ་འགྱུར་བའི་ཕྱིར་དང༌། གཅིག་ལ་མཐོང་བ་ལ་མེད་པའི་ཕྱིར་དང༌། ཡང་མཐོང་ན་འགྱུར་བའི་ཕྱིར་རོ། །ཁྱད་པར་གཞན་ལ་མཐོང་ན་རྣམ་པ་གཞན་དུ་སྦྱར་ཡང་ལོག་པར་འགྱུར་བའི་ཕྱིར་དང༌། མཐོང་བ་གཞན་དུ་གྱུར་ན་དོན་གཞན་ཡོངས་སུ་འཛིན་པའི་ཕྱིར་ན་མཐོང་བ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཏེ། ཀ་ལི་དང་མ་རི་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ལ་འགྲོ་ལྡིང་བ་དང༌། ཡུལ་དབུས་པ་དག་གིས་བསྙོ་བ་དང༌། དུས་ཀྱི་ཁྱད་པར་དང༌། ཆར་འབབ་པ་དང༌། གསོད་པ་ལ་སོགས་དག་ཏུ་རྟོགས་པ་བཞིན་ནོ། །དེའི་ཕྱིར་འདི་དག་མཐོང་བ་དང་མ་མཐོང་བ་ལ་ལྟོས་པ་ན། རྟགས་བཞིན་དུ་དེའི་སྒྲུབ་པར་བྱེད་པ་ཅན་མི་འཁྲུལ་བ་ཉིད་རྟོགས་པ་ལ་བརྟེན་པ་ཡིན་ནོ། །ཉེ་བར་བསྟན་པ་མེད་ན་ནི་མི་རྟོགས་པའི་ཕྱིར་དང༌། ཉེ་བར་བསྟན་ན་ནི་སྒྲ་རྣམས་དོན་ལ་བཀག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐྱེས་བུའི་འདོད་པའི་རང་དབང་ཉིད་ཀྱིས་རྣམ་པར་གནས་པ་སེལ་བ་ཡིན་ནོ། །རྩོད་པ་འདི་རྒྱས་པར་ནི་ཁོ་བོས་ཚད་མ་རྣམ་འགྲེལ་དུ་བཀག་པའི་ཕྱིར་འདིར་མི་སྤྲོའོ། །བདག་ཉིད་ཆགས་སོགས་ལྡན་པའམ། །གཞན་ལས་རིག་བྱེད་དོན་རིག་མིན། །རིག་བྱེད་རིག་པར་བྱེད་མིན་ན། །རིག་བྱེད་དོན་ནི་གང་ལས་རྟོགས། །དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ན། །ཁྱི་ཤ་ཟོ་ཞེས་བྱ་བ་འདི། །དོན་མིན་ཞེས་འདིར་ཚད་མ་གང༌། །འཇིག་རྟེན་ཚིག་གྲགས་ཞེ་ན་འདིར། །དབང་པོ་ལས་འདས་དོན་མཐོང་གང༌། །སྣ་ཚོགས་དོན་ཅན་སྒྲ་རྣམས་ལ། །གང་གིས་དོན་འདི་རྣམ་འབྱེད་ནུས། །མཐོ་རིས་ལྷ་མོ་ལ་སོགས་སྒྲ། །གྲགས་པ་མ་ཡིན་དོན་བརྗོད་མཐོང༌། །དེ་འདྲའི་སྒྲ་གཞན་དག་ལ་ནི། །དེ་འདྲའི་རྣམ་རྟོག་ཉིད་


DTG174_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར། །དོན་དང་ལྡན་བར་མ་གྲུབ་པ། །དེ་རབ་འགྲུབ་པའི་སྒྲུབ་བྱེད་ལ། །རང་དོན་མ་གྲུབ་ནུས་མེད་དེ། །བརྒལ་ཞིང་བརྟགས་པ་མཚུངས་ཕྱིར་རོ། །གྲགས་པའང་མི་ཡི་བརྗོད་པ་ཡིན། །དེ་ནི་ཚད་མར་མི་འདོད་དང༌། །དེ་ལས་དོན་ཡང་རྟོགས་བྱེད་པའི། །སྡང་འདོད་འདི་ནི་ཅི་ཞིག་ཡིན། །གལ་ཏེ་གྲགས་པ་ལས་བརྒལ་བར། །རྟོག་ལ་རྒྱུ་ཅི་ཡོད་ཅེ་ན། །རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེར་འཛིན་པ་ལ་རྒྱུ་ཅི་ཡོད། །གྲགས་པ་ཉིད་ཀྱི་སྒྲ་དོན་ནི། །ངེས་ལ་དོགས་སྐྱེད་བྱེད་པ་དེ། །གང་ཕྱིར་དེ་ལ་སྣ་ཚོགས་ཀྱི། །དོན་ལ་སྒྲ་འཇུག་མཐོང་ཕྱིར་རོ། །གལ་ཏེ་འཇིག་རྟེན་པ་གང་ལ། །རིགས་པས་གནོད་མེད་དེ་བཟུང་ན། །རིགས་ལས་གནོད་པ་ཡོད་མིན་པའི། །རླུང་གི་བུ་དེ་ཅིས་མི་འཛིན། །དབང་པོ་འདས་ལ་ལུང་དོན་གྱི། །རྟེན་ཅན་ལས་གཞན་རིགས་པ་མེད། །དེ་ཡི་དོན་ཡང་གནས་མེད་ཕྱིར། །འདི་ལ་རིགས་པ་སྲིད་མ་ཡིན། །རྣམ་གཞན་མི་སྲིད་མེད་པའི་ཕྱིར། །རང་ཉིད་སྣ་ཚོགས་ནུས་ཅན་སྒྲས། །ངེས་བྱེད་མཐོང་བ་མེད་པ་རྣམས། །གདོན་མི་ཟ་བར་ཐེ་ཚོམ་འགྱུར། །འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོམ་དུམ་འདི་སྨྲ་ཞེས་ཟེར་དང༌། །གཞན་དག་བདག་ཉིད་སྨྲ་དེ་ལྟར། །དེ་གཉིས་བྱེ་བྲག་བརྟགས་པར་གྱིས། །ཐམས་ཅད་ལ་རུང་དོན་གཅིག་གི །གསལ་བྱེད་ངེས་པ་གང་ལ་ཡིན། །བརྗོད་འདོད་རྗོད་བྱེད་མ་གཏོགས་པས། །གང་གིས་དབང་པོ་ལས་འདས་ཤེས། །བརྗོད་འདོད་ངེས་པའི་རྒྱུ་ཡིན་ཞིང༌། །བརྡ་ནི་དེ་ཡི་གསལ་བྱེད་ཡིན། །དེ་ནི་སྐྱེ་མིན་ལ་མེད་ན། །དེ་དོན་གཅིག་ཅན་དེ་གང་ལས། །ངོ་བོ་ཉིད་ཀྱིས་ངེས་ན་དེས། །གཞན་དུ་སྦྱོར་བའང་མེད་འགྱུར་ཞིང༌། །བརྡ་ཡང་དོན་མེད་འགྱུར་བ་ཡིན། །གསལ་ནའང་ངེས་པ་གང་ལས་ཡིན། །གང་ལ་འདོད་པས་རང་རྒྱུད་པ། །དེ་ལས་ངེས་པ་ཞེས་བྱ་གང༌། །དེས་ན་འདི་ལ་མི་འདོད་པའི། །རུང་བ་ཉིད་ཀྱང་གསལ་བྱེད་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཕྱོགས་གཅིག་ལ་མི་སླུ་བས་ཀྱང་ལུང་གི་མཚན་ཉིད་སྨྲའོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མི་འཁྲུལ་བ་མི་འགྲུབ་པའི་ཕྱིར་དེའི་དོན་ནི་མ་ངེས་པ་ཉིད་དོ། །གལ་ཏེ་སྦྱོང་བའི་


DTG174_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཉིད་སྒྲ་ཐམས་ཅད་ནི་དོན་དང་འབྲེལ་པར་གྲུབ་པ་ཡིན་ཏེ། ཡུལ་མེད་ན་མི་སྦྱོར་བའི་ཕྱིར་རོ་ཞེ་ན། དེ་ལྟར་རིགས་མོད་ཀྱི། འོན་ཀྱང་དེ་ལྟ་བུ་ཉིད་རབ་ཏུ་འགྲུབ་ཀྱང་འདོད་པ་འདོགས་པ་མེད་པས་འཇིག་རྟེན་ན་གཞན་དུ་ཐ་སྙད་བྱེད་པ་མཐོང་བའི་ཕྱིར་ཐེ་ཚོམ་ཟ་བ་ཉིད་དོ། །དེའི་ཕྱིར་ལུང་ལོག་ཀྱང་དོན་མེད་པར་རྟོགས་པ་མ་ཡིན་ནོ། །མངོན་སུམ་ལོག་པའི་མི་དམིགས་པ་ཉིད་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ཏེ། དོན་ཡོད་ན་རྒྱུ་མ་ཚང་བ་མེད་པ་དེ་མེད་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ཚུ་རོལ་མཐོང་བ་བདག་ཉིད་ཀྱི་མངོན་སུམ་ལོག་པ་ཚད་མར་བྱེད་པ་ནི། དེས་གཟུང་བར་འོས་པ་ཉིད་དགག་པར་རིགས་ཀྱི་ཐམས་ཅད་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཐམས་ཅད་འགོག་པ་མ་ཡིན་ནོ། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །དེ་ནི་མེ་འཇུག་འབྲས་ཅན་འདོད། །བསྐལ་བའི་ཡུལ་ལ་མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་དེ་ནི་ཡོད་པའི་ཤེས་པ་དང༌། སྒྲ་དང༌། ཐ་སྙད་འགོག་པའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །གཞན་ནི་འཇུག་པའི་འབྲས་ཅན་ཏེ། །དེ་ནི་རྒྱུ་མཚན་མཐོང་ཕྱིར་རོ། །མི་དམིགས་པ་སྔ་མ་ནི་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འཇུག་པའི་འབྲས་བུ་ཅན་ཡང་ཡིན་ཏེ། ཡུལ་རབ་ཏུ་བསྟན་པས་རབ་ཏུ་གྲུབ་པའི་ཐ་སྙད་བསྒྲུབ་པའི་ཕྱིར་རོ། །མི་དམིགས་པ་འདི་གཉིས་ནི། རང་ལྡོག་པའི་རྒྱུ་མེད་པ་དང༌། ཡོད་པ་དག་གིས་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་ནི་འདྲ་སྟེ། གཅིག་ལ་ཐེ་ཚོམ་ཟ་བའི་ཕྱིར་ལ། གཞན་ལ་ནི་ལོག་པའི་ཕྱིར་རོ། །དེ་ལ་གཉིས་པ་ནི་ཡོད་པའི་ཐ་སྙད་དགག་པ་ལ་ཉེ་བར་མཁོ་བའི་ཕྱིར་ཚད་མར་བཤད་ཀྱི། ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། །ཐེ་ཚོམ་ཟ་བའི་ཕྱིར་ཏེ། ཤེས་པར་བྱེད་པའི་ཡན་ལག་མ་ངེས་པ་ལས་ནི་མ་རྟོགས་པའི་ཕྱིར་རོ། །དང་པོ་ནི་དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེ་ཡོད་ཙམ་དང་རྗེས་འབྲེལ་ཅན། །བདག་ཉིད་གཏན་ཚིགས་རང་བཞིན་ཡིན། །


DTG174_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་དོན་གྱི་དེའི་བདག་ཉིད་ནི་དེ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཁོ་ན་ཡིན་གྱི། གཞན་ལ་རག་ལས་པ་ནི་མ་ཡིན་ཏེ། དེ་ཡོད་ན་ཡོད་པར་མ་གྱུར་པ་ཕྱིས་འབྱུང་བ་ནི་དེའི་བདག་ཉིད་དུ་འགལ་བའི་ཕྱིར་རོ། །རྒྱུ་རྣམས་ཀྱང་འབྲས་བུ་ལ་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཉིད་ཀྱི་རང་བཞིན་ནི་དྲོ་བར་བྱེད་པ་ཡིན་ནོ། །དེ་ཡང་གཏན་ཚིགས་ཉིད་དུ་ཉེ་བར་འགོད་པ་ན། ཁྱད་པར་ལྟོས་དང་དག་པ་སྟེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཉེ་བར་འགོད་པ་ཡིན་ནོ། །རང་གི་ངོ་བོ་འགྲུབ་པར་བྱ་བའི་ཕྱིར་གཞན་གྱི་བྱེད་པ་ལ་ཉེ་བར་ལྟོས་པའི་དངོས་པོ་ནི་བྱས་པ་ཡིན་ནོ། །དེས་ན་བྱས་པའི་སྒྲ་འདི་ནི་རང་གི་ངོ་བོ་བརྗོད་པ་ཡིན་ཡང་ཁྱད་པར་གཞན་དེ་དག་འཕེན་པར་བྱེད་པ་ཡིན་ནོ། །འདིས་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཅན་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །དེ་ལྟར་ཁ་ཅིག་ཏུ་ནི་ཁྱད་པར་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་བརྗོད་ལ། ཁ་ཅིག་ཏུ་ནི་མ་ལྟོས་པར་ཏེ། དཔེར་ན་མི་རྟག་པ་ཉིད་ལ་ཡོད་པ་བཞིན་ནོ། །ཁ་ཅིག་ཏུ་ནི་རང་བཞིན་དུ་གྱུར་པའི་ཆོས་ཡོངས་སུ་བཟུང་ནས་ཏེ། དཔེར་ན་དེ་ཉིད་ལས་སྐྱེས་པ་བཞིན་ནོ། །ཕྱོགས་འདིས་གཞན་དུ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་དབྱེ་བ་བལྟ་བར་བྱའོ། །རང་བཞིན་དེ་ཡང་གལ་ཏེ་རང་གི་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པ་ཚད་མས་ངེས་པ་ནི་དེའི་ཚེ་གོ་བར་བྱེད་པ་ཡིན་ནོ། །ཁྱབ་པའམ་ཆོས་ཅན་ལ་བརྟེན་པ་མ་ངེས་ན་དེའི་རང་བཞིན་གྱིས་གོ་བར་བྱ་བ། གོ་བར་བྱེད་པ་མ་ཡིན་པར་འགྱུར་ཏེ། གསལ་བ་ཉིད་ཀྱིས་གསལ་བར་བྱེད་པའི་སྒྲོན་མ་ནི་དེའི་རང་བཞིན་མ་རྟོགས་ན་རང་གི་དོན་བྱ་བ་མི་བྱེད་དོ། །དེའི་ཕྱིར་ངེས་པ་ཉིད་ཀྱིས་ཁྱབ་པར་བྱ་བ་ནི་གོ་བར་བྱེད་པ་ཡིན་ལ། ཁྱབ་པར་བྱེད་པ་ནི་གོ་བར་བྱ་བ་ཡིན་ནོ། །ཁྱབ་པར་བྱེད་པའི་ཆོས་དེ་ནི་རང་ལོག་པ་ན་ཁྱབ་པར་བྱ་བ་དེ་ལྡོག་པར་བྱེད་པ་ཡིན་ནོ། །གལ་ཏེ་འདི་མེད་ན་བྱེད་པ་ཡིན་ན་དེ་ལྟ་ན་འདི་དེའི་ཁྱབ་པར་བྱེད་པ་གྲུབ་པ་ཡིན་ནོ། །དེའི་ཕྱིར་འདིས་ནི་གཏན་


DTG174_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་རྣམ་པ་གཉིས་ཀྱིས་གོ་བར་བྱ་བ་དང༌། གོ་བར་བྱེད་པ་ཉིད་ཀྱི་མཚན་ཉིད་ཀྱང་བཤད་པར་རིག་པར་བྱའོ། །སྦྱོར་བའི་དབང་གིས་གཏན་ཚིགས་ནི་རྣམ་པ་གཉིས་ཏེ། ཆོས་མཐུན་པ་ཉིད་ཅན་དང༌། ཆོས་མི་མཐུན་པ་ཉིད་ཅན་ནོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་འདི་གཉིས་དོན་དུ་ནི་བྱེ་བྲག་ཅི་ཡང་མེད་དོ། །དེ་མཐོང་བ་ལས་རང་ཉིད་རྟོགས་པ་ན་ཡང་དེ་ལྟར་འགྱུར་བའི་ཕྱིར། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་དབྱེ་བ་བསྟན་ཏོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་དོན་གྱིས་ཆོས་མི་མཐུན་པ་ཉིད་རྟོགས་ཏེ། དེ་མེད་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མི་མཐུན་པ་ལ་ཡང་རྗེས་སུ་འགྲོ་བ་རྟོགས་ཏེ། དེ་མེད་ན་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །གཏན་ཚིགས་དེ་དག་ཀྱང་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་ནོ། །འདིར་ཤུགས་ཀྱིས་སྒྲ་མི་རྟག་པའོ་ཞེས་འགྱུར་བ་ཡིན་ཏེ། དེས་ན་ཕྱོགས་ནི་གདོན་མི་ཟ་བར་བསྟན་པར་མི་བྱའོ། །ལྡོག་པ་ཅན་ཡང་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་དུ་འགྱུར་བ་ཡིན་ན་སྒྲ་ནི་བྱས་པ་ཡིན་ནོ་ཞེས་བྱའོ། །དེའི་ངོ་བོར་གྱུར་པ་ཉིད་ཀྱིས་ན་བྱས་པ་དེ་མེད་ན་མེད་པ་ཉིད་དང༌། སྒྲ་ལ་ཡང་ཡོད་པར་བསྟན་པ་ན་དངོས་པོ་དེའི་བདག་ཉིད་དུ་ཡོད་པ་ཡིན་ནོ་ཞེས་ཤུགས་ཀྱིས་འགྲུབ་པའི་ཕྱིར་རྗེས་སུ་དཔག་པར་བྱ་བ་མ་བརྗོད་དོ། །རྗེས་སུ་འགྲོ་བ་ཡང་དོན་གྱིས་གོ་བས་འགྲུབ་སྟེ། འདི་ལྟར་དེའི་བདག་ཉིད་དུ་མ་ངེས་པ་ནི་དེ་ལོག་པས་ལྡོག་པར་མི་འགྱུར་རོ། །དེས་ན་ངེས་པ་རབ་ཏུ་བསྒྲུབས་ནས་ལྡོག་པ་བརྗོད་པར་བྱའོ། །ད་ནི་གང་གིས་དེ་སྐད་དུ་བརྗོད་པར་འགྱུར་བ་བྱས་པ་གདོན་མི་ཟ་བར་མི་རྟག་པའོ་ཞེས་ཇི་ལྟར་བཤད་པར་བྱ་ཞེ་ན། འདི་ལྟར་རྒྱུ་མེད་ཕྱིར་ན་འཇིག་པ་ནི། རང་གི་ངོ་བོས་རྗེས་དངོས་པོ་འཇིག་པ་དེའི་ངོ་བོ་རྒྱུ་ལས་ལྟོས་པ་མ་ཡིན་ཏེ། རང་གི་རྒྱུ་ཁོ་ན་


DTG174_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཇིག་པའི་དང་ཅན་དུ་འབྱུང་བའི་ཕྱིར་རོ། །དེ་བས་ན་གང་ཅུང་ཟད་བྱས་པ་དེ་ནི་རང་བཞིན་གྱིས་འཇིག་པའི་ངང་ཅན་ཡིན་ནོ། །ཇི་ལྟར། ལྟོས་དང་བཅས་པའི་ཆོས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །དངོས་པོ་འཇིག་པ་ནི་ལྟོས་པ་མེད་པ་ཡིན་ཏེ། ལྟོས་པ་དང་བཅས་པ་ཉིད་ཡིན་ན་བུམ་པ་ལ་སོགས་པ་འགའ་ཞིག་རྟག་པར་ཡང་འགྱུར་རོ། །གལ་ཏེ་འཇིག་པ་རྒྱུ་མང་པོ་ཡོད་ཀྱང་དེ་དག་ཀྱང་རང་གི་རྐྱེན་ལ་རག་ལས་ནས་ཉེ་བ་ཡིན་པའི་ཕྱིར། གདོན་མི་ཟ་བར་ཉེ་བ་མ་ཡིན་པས་འགའ་ཞིག་མི་འཇིག་པར་ཡང་འགྱུར་རོ། །རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། མ་ཚང་བ་དང་གེགས་བྱེད་པ་སྲིད་པའི་ཕྱིར་རོ། །དེས་ན་འབྲས་བུ་གནས་མེད་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེའི་ཕྱིར་དངོས་པོ་དེའི་ངོ་བོར་འགྱུར་བ་གཞན་ལ་ལྟོས་པ་མེད་པ་དེ་ནི་དེའི་ངོ་བོར་ངེས་པ་ཡིན་ཏེ། རྒྱུ་ཚོགས་པ་ཐ་མས་རང་གི་འབྲེས་བུ་བསྐྱེད་པ་ལ་གེགས་བྱེད་པ་མི་སྲིད་པ་བཞིན་ནོ། །གལ་ཏེ་འགའ་ཞིག་འགའ་ཞིག་ཏུ་འགྱུར་བ་ལ་ལྟོས་པ་མེད་དུ་ཟིན་ཀྱང༌། དེའི་ངོ་བོར་མ་ངེས་པ་མ་ཡིན་ནམ། ས་དང་ས་བོན་དང་ཆུའི་ཚོགས་པ་དག་ཀྱང་རེས་འགའ་མྱུ་གུ་བསྐྱེད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེར་ཡང་རྒྱུ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ནི་འགའ་ལ་ཡང་ལྟོས་པ་མ་ཡིན་ནོ། །དེ་ལ་ཡང་རྒྱུ་ཚོགས་པ་ཐ་མས་འབྲས་བུ་བསྐྱེད་པ་ལ་བར་དུ་ཆོད་པ་མེད་པ་གང་ཡིན་པ་དེ་ནི་འབྲས་བུ་དང་ལྡན་པ་ཉིད་དོ། །དེ་ལ་མྱུ་གུའི་རྒྱུ་ནི་དེ་ཉིད་ཡིན་ལ། ཡོངས་སུ་འགྱུར་བ་སྔ་མ་དག་ནི་དེའི་དོན་དུ་ཡིན་ནོ། །དེར་ནི་དེ་ལ་གེགས་བྱེད་པར་ནུས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་མང་དུ་བཤད་ཟིན་ཏོ། །གལ་ཏེ་ནས་ཀྱི་ས་བོན་ལ་སོགས་པ་ཡང་སཱ་ལུའི་མྱུ་གུ་བསྐྱེད་པར་བྱ་བ་ལ་ལྟོས་པ་མེད་པ་མ་ཡིན་ནམ། དེ་སྐྱེད་པའི་རྐྱེན་དག་ནི་རེས་འགའ་དེ་ལ་ཡང་ཉེ་བའི་ཕྱིར་རོ་ཞེ་ན།


DTG174_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ལྟོས་པ་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་ནི་སཱ་ལུའི་ས་བོན་གྱི་དེ་སྐྱེད་པར་བྱེད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་མེད་པའི་རང་གི་ངོ་བོ་ལ་ལྟོས་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་བྱས་པའམ་ཡོད་པ་འགའ་ཞིག་ལ་ཡང་འཇིག་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་མེད་པས་དེའི་རང་གི་ངོ་བོ་ལ་ལྟོས་པའི་ཕྱིར་ན། འཇིག་པ་མ་ཡིན་ནོ་ཞེ་ན། སཱ་ལུའི་ས་བོན་ལ་སོགས་པའི་རང་གི་ངོ་བོ་ཡང་རང་རང་གི་རྒྱུ་ལས་ཡིན་པའི་ཕྱིར། གང་ཞིག་དེའི་རྒྱུ་ཅན་མ་ཡིན་པ་དེ་ནི་དེའི་རང་བཞིན་དུ་མི་འགྱུར་རོ། །རྒྱུའི་ནུས་པ་ངེས་པ་དེ་ཡང་རང་གི་ངོ་བོས་རྟོག་པ་ཉིད་དོ། །དོན་རྣམས་ཀྱི་རང་བཞིན་ངེས་པ་ཡང་གློ་བུར་བར་ནི་མི་རིགས་ཏེ། ལྟོས་པ་མེད་པ་ནི་ཡུལ་དང་དུས་དང་རྫས་ངེས་པར་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལ་ཡང་གང་གིས་འདི་དག་འགའ་ཞིག་འཇིག་པའི་བདག་ཉིད་དུ་སྐྱེ་བར་འགྱུར་བ་ངེས་པའི་རྒྱུ་འགའ་ཞིག་བརྗོད་དགོས་སོ། །འདིར་ངེས་པར་བྱེད་པའི་རང་བཞིན་ནི་འགའ་ཡང་མེད་དོ། །སྐྱེ་བ་ཅན་ཐམས་ཅད་ནི་འཇིག་པ་དང་ལྡན་པར་གྲུབ་པའི་ཕྱིར་རོ། །གལ་ཏེ་སྐྱེ་བ་ཅན་གྱི་རང་བཞིན་འཇིག་པ་དང་ལྡན་པ་ཡིན་ནོ་ཞེ་ན། དེའི་སྐྱེ་བ་ནི་འཇིག་པ་དང་ལྡན་པའི་རང་བཞིན་གྱི་རྒྱུ་མ་ཡིན་ལ། རྒྱུ་མེད་པ་ལ་ཡང་རང་བཞིན་ངེས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ལ་རྒྱུའི་རང་བཞིན་གྱི་རྣམ་པར་དབྱེ་བ་འགའ་ཡང་མེད་ལ་དེ་མེད་པའི་ཕྱིར་འབྲས་བུ་ལ་ཡང་མེད་པས་མི་མཚུངས་སོ། །གལ་ཏེ་ཚོགས་པ་ལས་སྐྱེ་བ་ཐམས་ཅད་ནི་འཇིག་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ངེས་པ་མེད་པ་ཡིན་ཏེ། དེ་དག་ལ་ནི་མ་ལུས་པར་མཐོང་བ་མེད་པའི་ཕྱིར་རོ། །འདི་ལྟར་དངོས་པོ་རྣམས་ཀྱི་ཚོགས་པ་ནི་ནུས་པ་སྣ་ཚོགས་པར་མཐོང་སྟེ། དེ་ལ་འགའ་ཞིག་མི་འཇིག་པའི་བདག་ཉིད་དུ་བསྐྱེད་པ་གང་ཡིན་པར་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཏེ། ནུས་པ་བརྗོད་པ་ཐམས་ཅད་དང་བྲལ་བ་ནི་ཉེ་བར་བརྗོད་པ་མེད་པའི་མཚན་ཉིད་ཡིན་ནོ། །འོ་ན་ནི་མཐའི་སྐད་ཅིག་ཉེ་བར་བརྗོད་པ་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། སེམས་ཅན་དུ་བགྲང་བའི་སྐད་ཅིག་གཞན་


DTG174_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པ་མེད་པ་ནི་མཐའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཐ་ན་ཤེས་བྱ་ལ་ཁྱབ་པའི་ཡེ་ཤེས་ལ་ནི་གཟུགས་མེད་པའི་ཁམས་སུ་ཡང་ནུས་པ་ཉིད་ཡིན་ནོ། །ཁམས་གཞན་དུ་ནི་དུ་མ་ལ་ཕན་འདོགས་པར་འགྱུར་རོ། །སྒྲིམ་པ་མེད་ན་མི་ནུས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྒྲིམ་པ་མེད་པ་མི་སྲིད་པའི་ཕྱིར་རོ། །ཆོས་གཅིག་ཡོངས་སུ་མ་ཤེས་ན་གཞན་གྱི་དོན་ལ་འཇུག་པ་ན་བྱ་བ་དང་བྱ་བ་མ་ཡིན་པ་མི་རྟོགས་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་ཏེ། འགའ་ཞིག་ཏུ་ཇི་ཞིག་ལྟར་ཉེ་བར་མཁོ་བའི་ཕྱིར་རོ། །དེ་མ་ཤེས་ན་དེའི་ཡན་ལག་མ་ཚང་བས་ན་སྒྲུབ་པར་བྱེད་པ་མ་ཚང་བ་མེད་པ་མི་འཐད་པའི་ཕྱིར་རོ། །ཐ་མ་ནུས་པ་མེད་པ་ཉིད་ཀྱང་མ་ཡིན་ཏེ། འགའ་ཞིག་བྱེད་པའི་ཕྱིར་རོ། །མི་བྱེད་ཀྱང་རྐྱེན་དང་བྲལ་བས་ཡིན་གྱི། མ་བྲལ་ན་ནི་བྱེད་པ་ཉིད་དོ། །སྐད་ཅིག་མ་མ་ཡིན་པ་ནི་དེ་ལྟར་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མི་སྲིད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་དེ་ནི་དོན་བྱེད་པར་སྲིད་པ་མ་ཡིན་ཏེ། རིམ་དང་ཅིག་ཅར་འགལ་བའི་ཕྱིར་རོ། །རིམ་གྱིས་ནི་མ་ཡིན་ཏེ། ལྟོས་པ་མེད་པར་རང་ཡོད་ཙམ་གྱིས་བྱེད་པ་པོར་གྱུར་པ་ནི་སྡོད་པར་མི་རིགས་པའི་ཕྱིར་རོ། །སྔར་བྱེད་པ་པོ་མ་ཡིན་པ་ནི་ཕྱིས་ཀྱང་མི་འགྱུར་ཏེ། རང་གི་ངོ་བོ་འགྱུར་བ་མེད་པའི་ཕྱིར་རོ། །ལྟོས་པ་ཡིན་ན་ཡང་བཤད་ཟིན་ཏོ། །ཅིག་ཅར་བྱེད་པ་ཡང་མ་ཡིན་ཏེ། དེའི་རང་གི་ངོ་བོ་ནི་ཕྱིས་ཀྱང་མི་བྱེད་པར་མི་འཐད་པའི་ཕྱིར་རོ། །དེས་ན་ནུས་པ་ཐམས་ཅད་ལྡོག་པ་དེ་ནི་ཡོད་པའི་མཚན་ཉིད་ལས་འདས་པ་ཡིན་ནོ། །དོན་བྱེད་ནུས་པ་གང་ཡིན་པ་དེ་འདིར་དོན་དམ་ཡོད་པ་ཡིན། དེ་ལ་རིམ་དང་རིམ་མ་ཡིན། །འགལ་ཕྱིར་སྐད་ཅིག་མ་ཡིན་མེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་བྱས་པ་མི་རྟག་པ་ཉིད་དུ་སྒྲུབ་པའི་ཕྱིར་སྐྱོན་མེད་དོ། །དེའི་རང་བཞིན་མ་ཡིན་པ་ལ་ནི་ཚད་མ་མེད་པས་མི་འགྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་སྒྲུབ་པ་མི་འཐད་པའི་ཕྱིར་རོ། །ཁོ་བོ་ཅག་གིས་བྱས་པ་ནི་དེ་ཉིད་ཡིན་ཏེ། ཇི་སྐད་དུ་ཆོས་མངོན་པ་ལས་འདུས་བྱས་གང་ཞེ་ན། ཕུང་པོ་ལྔའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དབང་པོ་ལྔ་ནི་འཕོ་བའི་རང་བཞིན་ཅན་ཡིན་ཏེ། དེའི་འབྲས་བུ་རྣམ་པར་ཤེས་པ་རྣམ་


DTG174_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་པ་དང་རྣམ་པར་འགྱུར་བ་མཐོང་བའི་ཕྱིར་རོ། །དེ་དག་གི་རང་བཞིན་དེ་ཉིད་ཡིན་ན་ནི་དེ་མི་འཐད་པའི་ཕྱིར་དང༌། ལྟོས་པ་ཡང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཡུལ་དང༌། བདེ་བ་དང་སྡུག་བསྔལ་བ་དང༌། མཚན་མ་ཉེ་བར་རྟོགས་པ་དང༌། འདོད་ཆགས་ལ་སོགས་པ་དང༌། ཡུལ་ལ་ཉེ་བར་དམིགས་པ་ནི་སྐྱེ་བ་དང་འགག་པར་སོ་སོར་རིག་པ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་ཅན་དེ་དག་ནི་རང་གི་རྒྱུའི་རང་བཞིན་དེ་ལྟ་བུའི་ངོ་བོར་སྒྲུབ་པར་བྱེད་པ་ཡིན་ལ། རྣམ་པ་དེ་ལྟ་བུའི་སྐྱེ་བ་ཅན་གཞན་དག་ཀྱང་རང་གི་ངོ་བོ་དེ་ལ་སྦྱོར་བ་བྱེད་པ་ཡིན་ནོ། །འདིས་ནི་ཁམས་དང་སྐྱེ་མཆེད་ཀྱང་བཤད་པ་ཡིན་ཏེ། ཆོས་ཀྱི་སྐྱེ་མཆེད་དང༌། ཁམས་ཀྱང་ཕུང་པོ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་འགལ་བ་མེད་དོ། །འདིས་ནི་ཡོད་པ་ཡང་བཤད་པ་ཡིན་ནོ། །འོ་ན་ད་ནི་འཇིག་པ་ལྟོས་པ་མེད་པ་ལ་ནུས་པ་ཅི་ཞིག་ཡོད་དེ། གང་གི་ཕྱིར་ཕུང་པོ་ལ་སོགས་པ་དག་ནི་གཏན་ཚིགས་པ་གཞན་ཁོ་ནས་མི་རྟག་པར་གྲུབ་པའི་ཕྱིར་རོ་ཞེ་ན། འགའ་ཞིག་མི་རྟག་པར་གྲུབ་ཀྱང་རྣམ་པ་དེ་ལྟ་བུ་དག་དེས་ཁྱབ་པ་ནི་ལྟོས་པ་མེད་པ་ལས་ཡིན་ནོ། །འཇིག་པ་ལ་རྒྱུ་ཡོད་པ་ཉིད་ཡིན་ན་ནི་འགའ་ཞིག་པ་ནི་གཞན་ལ་ལྟོས་པ་མེད་པར་རྒྱུ་པ་རྒྱུ་ལྟར་འགྱུར་ཞེ་ན། སྐྱེས་པ་དེའི་ངོ་བོ་གཞན་ལ་མ་ཚང་བས་མི་འཇིག་པར་པ་མེད་པ་ཉིད་འདིས་ནི་འཇིག་པ་འགའ་ཞིག་ལ་འགའ་ཞིག་གི་ཚེ་འགྱུར་བ་འགལ་བས་ན་དེ་མེད་པའི་རང་གི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་དོ། །ལྟོས་པ་མེད་པའི་རང་བཞིན་གང་ཡིན་པ་དེ་ནི་གལ་ཏེ་རེས་འགའམ་འགའ་ཞིག་ལ་འགྱུར་ན་ནི་དུས་དང་རྫས་དེ་ལ་ལྟོས་པའི་ཕྱིར་ལྟོས་པ་མེད་པ་ཉིད་དུ་མི་འགྱུར་རོ། །འོ་ན་ནི་འཇིག་པའི་རང་གི་ངོ་བོ་དེ་ལྟོས་པ་མེད་པའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེ་ན། རྒྱུ་མེད་པ་ཅན་དུ་མི་འགྱུར་རོ། །ཡོད་པའི་རྒྱུའི་དངོས་པོ་ཉིད་ལས་དེ་ལྟར་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཡོད་པ་ནི་གདོན་མི་ཟ་བར་འགའ་ཞིག་ལས་འབྱུང་བ་མ་གྱིན་ནོ་ཞེ་ན། འོ་ན་ནི་ཡོད་པ་གློ་བུར་བ་ཡིན་པའི་ཕྱིར་འདི་འགའ་ཞིག་གི་ཚེ་ལྡོག་པར་མི་འགྱུར་རོ། །གང་འགའ་ཞིག་ལ་ཉེ་བར་བརྟེན་པའམ་མ་ཡིན་པ་དེ་གང་ལ་ཅུང་ཟད་འབྲེལ་པའམ་མ་ཡིན་ཏེ། གལ་ཏེ་ཡོད་པ་འདི་འབྲེལ་པ་མ་ཡིན་ན་ནི། ངེས་པ་དང་ལྡན་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་


DTG174_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་གློ་བུར་བ་མ་ཡིན་ནོ། །འོ་ན་ད་ནི་འཇིག་པ་རྒྱུ་མེད་པར་ཇི་ལྟར་འགྱུར་ཞེ་ན། སྐྱེས་པ་དེའི་ངོ་བོ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གཞན་ཡང་འཇིག་པ་ཞེས་བྱ་བ་དངོས་པོ་ལས་གཞན་དུ་གྱུར་པ་ནི་འགའ་ཡང་མེད་ཀྱི། དངོས་པོ་ཉིད་འཇིག་པ་ཡིན་ཏེ། དེ་ཉིད་སྐད་ཅིག་མར་གནས་པར་སྐྱེས་པའི་ཕྱིར་རོ། །གཞན་པ་རྣམས་ཀྱིས་འདིའི་རང་བཞིན་དེ་ཕྱིས་ངེས་པར་འགྱུར་གྱི་སྔར་ནི་མ་ཡིན་ཏེ། མཐོང་ཡང་གསལ་བ་མེད་པའི་ཕྱིར་རོ། །དེས་ན་ཕྱིས་དེའི་དབང་གིས་རྣམ་པར་འཇོག་སྟེ། མི་ཤེས་པ་རྣམ་པར་འགྱུར་བ་མཐོང་བས་དུག་ཏུ་རྣམ་པར་འཇོག་པ་བཞིན་ནོ། །དེ་བས་ན་འཇིག་པ་འདི་ནི་ཡོད་པ་མ་གཏོགས་པར་གཞན་འགའ་ཞིག་ལ་ལྟོས་པ་མེད་པའི་ཕྱིར་དེ་ལ་ཁྱབ་པ་ཡིན་ནོ། །ཡང་ཇི་ལྟར་ན་འཇིག་པ་ལྟོས་པ་མེད་པ་ཞེས་བྱ་བ་འདི་རྟོགས་པར་བྱ་ཞེ་ན། དེ་རྒྱུ་ནུས་པ་མེད་པའི་ཕྱིར་ཡང༌། ཡང་གི་སྒྲས་ནི་དངོས་པོ་མེད་པ་བྱེད་པའི་བྱ་བ་བཀག་པའི་ཡང་ཕྱིར་རོ་ཞེས་བྱ་བའོ། །ཇི་ལྟར་ནུས་པ་མེད་ཅེ་ན། དངོས་པོ་གྲུབ་ན་ནི་དེ་རྒྱུས་བྱེད་པ་མ་ཡིན་ནོ། །གཞན་བྱེད་ན་དེ་ལ་ཅུང་ཟད་ཀྱང་བྱས་པ་མེད་དོ། །དེས་ན་འཇིག་པར་བྱེད་པས་གཞན་བྱེད་པ་ནི་མ་ཡིན་ནོ། །དེས་ན་འདི་དེ་དང་དེ་མ་ཡིན་པའི་རང་བཞིན་མི་བྱེད་པས་ན་ཅུང་ཟད་ཀྱང་མི་བྱེད་པ་ནི་ལྟོས་པར་བྱ་བ་མ་ཡིན་ནོ། །ཇི་ལྟར་བྱ་བ་འགོག་ཅེ་ན། འདི་ལྟར་འཇིག་པ་ཞེས་བྱ་བ་ནི་དངོས་པོ་མེད་པར་གྱུར་པ་ཡིན་པར་སེམས་ཏེ། དེས་ན་འཇིག་པའི་རྒྱུ་འདི་ནི་མེད་པར་བྱེད་དོ། །ཞེས་བྱ་བར་འགྱུར་རོ། །དེ་ལ་གལ་ཏེ་མེད་པ་ཞེས་བྱ་བའི་ངོ་བོ་འགའ་ཞིག་འབྲས་བུར་འགྱུར་ན་ནི་དེ་ཉིད་དངོས་པོ་ཡིན་པས་དངོས་པོ་མེད་པ་མ་ཡིན་ནོ། །དེ་བས་ན་མེད་པ་བྱེད་དོ་ཞེས་པ་ནི་དངོས་པོ་མི་བྱེད་དོ་ཞེས་བྱ་བ་ཡིན་པས་བྱ་བ་དགག་པར་བྱས་པར་འགྱུར་རོ། །དེ་ལྟ་ན་ཡང་ཅུང་ཟད་མི་བྱེད་པ་འདི་ལྟོས་པར་བྱ་བར་ཇི་ལྟར་འགྱུར་ཏེ། དེས་ན་དངོས་པོ་འཇིག་པ་ནི་གཞན་ལ་ལྟོས་པ་མེད་པར་གྲུབ་བོ། །དེའི་ཕྱིར། གང་ལ་འགྱུར་བ་གྲུབ་པ་དེ། །ངོ་བོ་ཉིད་ཀྱིས་འགྱུར་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །འགའ་ཞིག་ལ་འགྱུར་བ་མཐོང་བ་འདི་ནི་ངོ་བོ་ཉིད་ཀྱིས་འགྱུར་བ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ངོ་བོ་ཉིད་ཀྱིས་འགྱུར་བ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་གཞན་དག་ཀྱང་བདག་ཉིད་ཇི་ལྟ་བའི་ཚད་མ་དག་གིས་


DTG174_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་དང་རྗེས་སུ་འབྲེལ་པ་གྲུབ་པ་ཁོ་ནའི་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་པར་རིག་པར་བྱའོ། །དངོས་པོའི་དེ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་གང་ཡིན་པ་ནི་དེ་ཉིད་ལ་མེད་ན་མི་འབྱུང་བ་ངེས་པ་ཡིན་ཏེ། དངོས་པོ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་ཞེས་བྱ་བ་ནི་དེ་ཉིད་རང་གི་དངོས་སུ་ཡོད་པ་ཡིན་ན། དེས་ཡང་བདག་ཉིད་བོར་ནས་ཇི་ལྟར་ཡོད་པར་འགྱུར། དོན་གཞན་རྟོགས་པར་བྱ་བ་ལ་ནི་འབྲས་བུ་གཏན་ཚིགས་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ལས་སྐྱེས་པ་མ་ཡིན་པ་ནི་མི་འཁྲུལ་པ་མ་ཡིན་ཏེ། རག་མ་ལས་པའི་ངོ་བོ་རྣམས་ནི་ལྷན་ཅིག་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་དོན་གཞན་གཏན་ཚིགས་ཡིན་ན་འོ་ན་དེ་དེའི་ཆོས་སུ་ཇི་ལྟར་འགྱུར་ཞེ་ན། དེ་ལ་བརྟེན་པའི་ཕྱིར་རོ། །ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་རྟེན་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་དུ་བའི་རྟེན་ནི་ས་ཕྱོགས་ཡིན་ལ། རྒྱུ་ནི་མེ་མ་ཡིན་ནམ་ཞེ་ན། དེ་ཡང་དུ་བའམ། དེའི་རྒྱུ་རྣམས་ཀྱི་གཞི་ཡིན་པའི་ཕྱིར་རྒྱུ་ཉིད་དོ། །གལ་ཏེ་དེ་ལས་སྐྱེས་པའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱེད་པའི་དངོས་པོ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་མེད་པར་འབྱུང་བ་ནི་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །དེ་དག་ནི། གཏན་ཚིགས་ཡིན་ཏེ། དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །གང་དག་དེ་དག་མེད་ན་མི་འབྱུང་བའི་ཆོས་དེ་དག་ཁོ་ནས་ཡིན་ནོ། །གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་དང་རྟགས་ཀྱི་བྱེ་བྲག་གི་ཁྱད་པར་ཅན་གྱི་སྤྱི་རྣམས་བཟུང་ན་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པ་རྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །གལ་ཏེ་དུ་བ་མེ་ལ་མི་འཁྲུལ་ལོ། །ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ལ་འཁྲུལ་ན་འདི། རྒྱུ་དང་ལྡན་པ་ལས་འདས་འགྱུར། །དེའི་མཚན་ཉིད་དུ་གྱུར་པའི་མི་དམིགས་པ་ལས་གང་ཞིག་གང་དག་དམིགས་ན་དམིགས་ལ། དེ་ལས་གཅིག་མ་ཚང་ན་མི་དམིགས་པ་དེ་ནི་དེའི་འབྲས་བུ་ཡིན་ཏེ། དེ་ཡང་དུ་བ་ལ་ཡོད་དོ། །


DTG174_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་དེ་ལྟར་མཐོང་བ་ལས་ཀྱང་དེ་དེའི་འབྲས་བུར་འགྲུབ་སྟེ། འབྲས་བུ་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་གཙུབ་ཤིང་གཙུབས་པ་ལ་སོགས་པ་དག་ལ་མེ་མེད་ཀྱང་འབྱུང་བས་འབྲས་བུ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་བུད་ཤིང་འགྱུར་བའི་རྒྱུ་དྲོ་བའི་རེག་པའི་ཁྱད་པར་ནི་མེ་ཡིན་པའི་ཕྱིར་རོ། །འབྲས་བུ་ཡང་རྒྱུ་མེད་པར་འབྱུང་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ། །གང་ཞིག་གང་མེད་པར་འབྱུང་བ་དེ་ནི་དེའི་རྒྱུ་ཅན་མ་ཡིན་ནོ། །དུ་བ་ཡང་མེ་མེད་པར་འབྱུང་སྟེ། དེས་ནི་དེའི་རྒྱུ་ཅན་དུ་མི་འགྱུར་རོ། །གལ་ཏེ་གཞན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་མཚུངས་པའི་ཕྱིར་ཏེ། དེ་མེད་ཀྱང་མེ་ཡོད་ན་འབྱུང་བའི་ཕྱིར་རོ། །ཡང་ན་དེའམ་གཞན་ཡང་རུང་སྟེ། དེ་སྐྱེད་པའི་རང་བཞིན་མ་ཡིན་པ་ལས་ཇི་ལྟར་འབྱུང་བར་འགྱུར་ཏེ། རང་གིས་དེའི་རང་བཞིན་མ་ཡིན་པ་ནི་དེ་བསྐྱེད་པ་མ་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་རོ། །གལ་ཏེ་དེ་ཉིད་འབྱུང་བ་ནི་མ་ཡིན་གྱི། དེ་དང་འདྲ་བ་འབྱུང་བའི་ཕྱིར་རོ་ཞེ་ན། མི་འདྲ་བ་ལས་འབྱུང་བ་ཇི་ལྟར་དེ་དང་འདྲ་བ་ཡིན་ནོ། །དེ་དང་འདྲ་བ་ལས་བྱུང་བའི་ཕྱིར་དེ་དང་འདྲ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མི་འདྲ་བ་ལས་ཀྱང་དེ་དང་འདྲ་བ་འབྱུང་ན་ནི་དེ་དག་གི་ནུས་པ་མ་ངེས་པས་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པའི་ཕྱིར་མཐའ་དག་གི་སྣ་ཚོགས་ཀྱི་རང་བཞིན་རྒྱུ་མེད་པར་འགྱུར་རོ། །དེ་ལ་ཡང་ཉེས་པ་བཤད་ཟིན་ཏོ། །ཐམས་ཅད་ཐམས་ཅད་ལས་སྐྱེ་བར་ཡང་འགྱུར་རོ། །དེའི་ཕྱིར་རྒྱུ་ཐ་དད་པ་དང༌། ཐ་དད་པ་མིན་པ་ལས་འབྲས་བུ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་དུ་བ་ནི་མཐོང་བའི་རྣམ་པ་དང་རིགས་མི་མཐུན་པའི་དོན་ལས་མི་འབྱུང་སྟེ། རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །དུ་བ་དེ་རྒྱུ་མེད་པ་ལས་འབྱུང་ན་ནི། ལྟོས་པ་མེད་པའི་ཕྱིར་ནམ་ཡང་མི་འབྱུང་བར་མི་འགྱུར་ཏེ། དེ་འབྱུང་བ་ལ་མ་ཚང་བ་མེད་པའི་ཕྱིར་འདོད་པའི་དུས་བཞིན་ནོ། །ཡང་ན་ནི་དེའི་ཚེ་ཡང་འབྱུང་བར་མི་འགྱུར་ཏེ། མེད་པའི་དུས་དང་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་ལྟོས་པ་དང་


DTG174_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས་ནི་རེས་འགའ་བར་འགྱུར་ཏེ། ཡོད་པ་དང་མེད་པའི་དུས་དག་ན་དེ་འབྱུང་བ་རུང་བ་ཉིད་དང་ལྡན་པའི་ཕྱིར་རོ། །ཡུལ་དང་དུས་རུང་བ་དང་མི་རུང་བ་ཉིད་འདྲ་བ་ཅན་དག་ནི་དེ་དང་ལྡན་པ་དང་ཡང་ཅིག་ཤོས་དག་ཏུ་ངེས་པ་མི་རུང་བའི་ཕྱིར་རོ། །རུང་བ་ཉིད་དེ་ཡང་རྒྱུའི་དངོས་པོ་ལས་གཞན་ནམ་ཅི། དེའི་ཕྱིར་ཡུལ་དང་དུས་འགའ་ཞིག་སྤངས་ནས་ཡུལ་དང་དུས་གཞན་དག་ན་ཡོད་པའི་དངོས་པོ་ནི་དེ་དག་ལ་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་དེ་ལྟར་ཡོད་པ་ཉིད་ལྟོས་པ་ཡིན་ནོ། །དེ་དག་གིས་བྱས་པའི་ཕན་པ་ལ་མི་ལྟོས་པ་ནི་དེར་ངེས་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་ཡུལ་དང་དུས་ངེས་པའི་ཕྱིར་གང་ན་དུ་བ་དེ་ལན་ཅིག་མཐོང་ལ། མ་ཚང་ན་མ་མཐོང་བ་ནི་འདིའི་དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་ཏེ། གཞན་དུ་ན་ལན་འགའ་ཡང་མེད་པའི་ཕྱིར་རོ། །དེ་དེར་ངེས་པ་ཡིན་ན་ཇི་ལྟར་གཞན་ལས་འབྱུང་བར་འགྱུར། འབྱུང་ན་ནི་དུ་བ་མ་ཡིན་པར་འགྱུར་ཏེ། དུ་བ་ནི་དེས་བསྐྱེད་པའི་རང་བཞིན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་ཡང་འབྲས་བུ་དེ་ལྟ་བུ་བསྐྱེད་པའི་རང་བཞིན་ཡིན་ནོ། །དེ་གཞན་ལས་ཀྱང་འབྱུང་ན་ནི་དེ་དེའི་རང་བཞིན་མ་ཡིན་པས་ལན་འགའ་ཡང་བསྐྱེད་པར་མི་འགྱུར་རོ། །ཡང་ན་དེ་དུ་བ་མ་ཡིན་ཏེ་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་བྱུང་བའི་ཕྱིར་རོ། །དེའི་རང་བཞིན་ཉིད་ཡིན་ན་ནི་དེ་ཉིད་མེ་ཡིན་པས་འཁྲུལ་པ་མེད་དོ། །གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །འོ་ན་ད་ནི་ཇི་ལྟར་ལྷན་ཅིག་བྱེད་པ་ཐ་དད་པ་ལས་འབྲས་བུ་འབྱུང་སྟེ། དཔེར་ན་མིག་དང་གཟུགས་ལ་སོགས་པ་ལས་རྣམ་པར་ཤེས་པ་ལྟ་བུའོ་ཞེ་ན། གཅིག་པུ་སྐྱེད་པར་བྱེད་པའམ། དེའི་རང་བཞིན་ཡིན་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་ཚོགས་སྐྱེད་པར་བྱེད་པ་དང་དེའི་རང་བཞིན་ཡིན་ཏེ། དེ་ཁོ་ན་རྗེས་སུ་དཔག་གོ །ཚོགས་པ་དེ་ཉིད་འབྲས་བུའི་རང་གི་ངོ་བོ་གནས་པའི་རྟེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ཀྱང་རྣམ་གྲངས་མེད་པར་སྐྱེད་པར་བྱེད་པ་ཡིན་ནོ། །གང་ཡང་ཅུང་ཟད་ལྕི་བ་ལ་སོགས་པའི་རིགས་མི་མཐུན་པ་ལས་ཨུཏྤལ་ལ་སོགས་པ་འབྱུང་


DTG174_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་བ་ལ་དེ་ལ་ཡང་དེ་སྐད་དུ་བརྗོད་ཀྱང་རང་གི་ས་བོན་ལས་རབ་ཏུ་སྐྱེ་བ་ཅན་ལས་རང་གི་ངོ་བོ་ཐ་དད་པ་ཡོད་པ་ཁོ་ན་སྟེ། རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་དཔེར་ན་ས་བོན་དང་སྡོང་བུ་ལས་སྐྱེ་བའི་ཆུ་ཤིང་ལྟ་བུའོ། །དེ་ལྟ་བུ་ནི་འཇིག་རྟེན་ན་གསལ་བ་ཁོ་ནར་རྣམ་པ་ཐ་དད་པའི་སྒོ་ནས་རྣམ་པར་འབྱེད་དོ། །འབྲས་བུ་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་ཡང་དེ་མ་ཐག་པ་ཡིན་ནོ། །དེ་ནི་འབྲས་བུའི་རྫས་རང་བཞིན་མཚུངས་པ་རྣམས་ལ་འདྲ་བ་ཡིན་ཏེ། དཔེར་ན་རྗེས་སུ་འབྲེལ་པའི་ཆུ་ཤིང་སྡོང་བུ་ལས་སྐྱེ་བ་དག་བཞིན་ནོ། །གང་ལ་དངོས་ཀྱི་རྒྱུ་ཐ་དད་པ་དེ་ལ་ནི་རང་བཞིན་ཐ་དད་པ་ཡང་ཡོད་པ་ཡིན་ཏེ། དཔེར་ན་ས་བོན་དང་སྡོང་བུ་ལས་སྐྱེ་བ་ཅན་དེ་དག་ཉིད་བཞིན་ནོ། །དེས་ན་གང་ལ་ཅི་འདྲ་བ་མཐོང་བ་དེ་ལས་ནི་དེ་འདྲ་བ་རྗེས་སུ་དཔོག་པ་ཡིན་ནོ། །བར་དུ་ཆུད་པའི་རྒྱུ་བརྒྱུད་པ་དག་ནི་རྗེས་སུ་དཔོག་པ་མ་ཡིན་པ་ཉིད་པས་འཁྲུལ་པ་མེད་དོ། །རྣམ་པ་ཐ་དད་པ་འབའ་ཞིག་ནི་དེ་དང་དེ་མ་ཡིན་པའི་རྒྱུ་མཚན་ཡང་མ་ཡིན་ནོ། །འོན་ཀྱང་རང་བཞིན་གཞན་ཡང་ཡིན་ཏེ། བཅོས་མ་དང་བཅོས་མ་མ་ཡིན་པའི་ནོར་བུ་དང་མུ་ཏིག་དང་བྱི་རུ་ལ་སོགས་པ་བཞིན་ནོ། །ཁ་ཅིག་ཏུ་ནི་མེ་ཏོག་ཐ་དད་པ་སྟེ། སྔོན་པོ་དང་ཅིག་ཤོས་ཀྱི་མེ་ཏོག་ཅན་གྱི་ཤུར་པ་ཀ་བཞིན་ནོ། །ཁ་ཅིག་ཏུ་ནི་འབྲས་བུ་སྟེ། །འབྲས་བུ་མེད་པ་དང་ཅིག་ཤོས་ཀྱི་ཀར་གོ་ཏ་བཞིན་ནོ། །ཁ་ཅིག་ཏུ་ནི་རོ་ལས་ཏེ། །ནགས་དང་ཅིག་ཤོས་ཀྱི་རྒྱལ་མོ་ག་གོན་བཞིན་ནོ། །ཁ་ཅིག་ཏུ་ནི་ནུས་པ་སྟེ། །རེག་པ་དང་མྱངས་པས་འཁྲུ་བའི་ཨ་རུ་ར་བཞིན་ནོ། །དེའི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དོ། །རྒྱུ་ཁྱད་པར་ཡོད་ཀྱང་འབྲས་བུ་ཁྱད་པར་མེད་ན་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། །དེ་ཡི་རང་བཞིན་དུ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །རྒྱུ་དང་འབྲས་བུ་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནི་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་ཡང༌། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་གཞན་ཉིད། །དེ་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་ཐ་དད་པའམ། རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བར་


DTG174_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའམ་རྒྱུ་ཐ་དད་པའོ། །དེས་ཀྱང་ཐ་དད་པར་མི་འགྲུབ་ན་ནི་འགའ་ཡང་གང་ལས་ཀྱང་ཐ་དད་པ་མེད་པས་རིལ་རྫས་གཅིག་ཏུ་འགྱུར་རོ། །དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་དང༌། ཐམས་ཅད་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། ། དེ་ལྟར་མ་ཡིན་ན་ཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ། མིང་ཐ་དད་པར་ཟད་དེ། དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་དངོས་པོའི་དུས་ན་མི་རྟག་ཉིད་མ་གྲུབ་པའི་ཕྱིར་དེའི་རང་བཞིན་མ་ཡིན་པར་མཚུངས་པ་མ་ཡིན་ནམ་ཞེ་ན། མི་རྟག་པ་ཉིད་ཅེས་བྱ་བ་གང་ཕྱིས་འགྲུབ་བར་འགྱུར་བ་གཞན་ནི་འགའ་ཡང་མེད་དེ། དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་དེ་ཁོ་ན་མི་རྟག་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །ཆོས་དང་ཆོས་ཅན་གྱི་ཚིག་ཐ་དད་པ་ལ་ཡང་རྒྱུ་མཚན་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཞེས་བྱ་བ་ལ་སོགས་པའི་སྐབས་ནི་ཚད་མ་རྣམ་འགྲེལ་དུ་བསྟན་ཟིན་ཏོ། །འདིའི་རང་བཞིན་དེ་ནི་མཐོང་བཞིན་དུ་ཡང་བློ་ཞན་པ་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་པའམ། འདྲ་བ་གཞན་འབྱུང་བས་བསླུས་པས་མི་རྟོགས་སོ། །སྐད་ཅིག་མ་ཐ་མ་མཐོང་བ་རྣམས་ལ་ངེས་པའི་ཕྱིར་འདི་མི་དམིགས་པས་མི་གནས་པར་རྟོགས་པའི་ཕྱིར་དེའི་ཚེ་ངེས་པའི་དུས་ཡིན་པས་མི་རྟག་པ་ཉིད་དུ་རྣམ་པར་གཞག་གོ་ཞེས་ཀྱང་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་ན་གཞན་གྱི་རྒྱུ་མཚན་ཅན་ཡིན་ནམ། རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ཡང་རུང་སྟེ་མི་རྟག་པ་ཉིད་དོན་གཞན་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་ན་ནི་དངོས་པོ་དེ་དང་ལྡན་པར་མི་འགྱུར་ཏེ། དེ་ལ་མི་དགོས་པའི་ཕྱིར་རོ། །དགོས་ན་ནི་དེ་ཉིད་འདིའི་རང་གི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཡིན་པས་གཞན་གྱིས་ཅི་ཞིག་བྱ། རང་བཞིན་གྱིས་མི་གཡོ་ན་ནི་དོན་གཞན་དང་ལྡན་ཡང་དེའི་ངོ་བོར་མི་འཐད་པའི་ཕྱིར་རོ། །མི་རྟག་པ་ཉིད་དམ་ཆོས་གཞན་དེ་ཡང་དོན་གཞན་ལས་བྱུང་བ་ན་རྒྱུ་ཡིན་པའམ་འབྲས་བུ་ཡིན་པ་ཞིག་ཏུ་འགྱུར་གྲང༌། རྒྱུ་དང་འབྲས་བུ་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར། དེ་


DTG174_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པར་རྗེས་སུ་དཔག་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས། །དེ་དངོས་པོ་གྲུབ་ནས་ཕྱིས་དོན་གཞན་ལས་འབྱུང་ན་ཇི་ལྟར་དེའི་རྒྱུ་ཡིན། གཞན་གྱི་ཕན་པ་ལ་ལྟོས་པའི་འབྲས་བུ་ཡང་རྒྱུ་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་པའི་ཕྱིར་དེ་ཡོད་པའི་གཏན་ཚིགས་མ་ངེས་པ་ཉིད་དོ། །དངོས་པོ་ཙམ་ལས་བྱུང་བ་ཡིན་ན་ཡང་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྒྱུ་མེད་པ་དང་དེ་ཙམ་གྱིས་རྗེས་སུ་འབྲེལ་པར་གྲུབ་པོ། དེ་ལས་འགའ་ཞིག་བྱུང་ཡང་དེ་ལ་མི་དགོས་པས་ཉམས་པ་མེད་པའི་ཕྱིར་ཐལ་བ་སྔ་མ་བཞིན་ནོ། །དེས་ན་མི་འཇིགས་པའི་རང་བཞིན་གྱི་དངོས་པོ་ལ་རྗེས་སུ་དཔོག་པ་མ་ཡིན་ནོ། །ཇི་ལྟར་རྗེས་སུ་མི་དཔོག །འདི་ལྟར་མི་རྟག་པ་མ་ཡིན་པའི་དངོས་པོ་ལ་ནི་འགར་ཡང་སྐྱེ་བ་མ་མཐོང་ལ། མ་མཐོང་བ་ལས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དེས་ན་འཁྲུལ་པ་མེད་པ་ཡིན་ནོ་ཞེ་ན། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན། །འཁྲུལ་པ་སྲིད་པ་ཙམ་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །མང་པོ་ཞིག་ཚོས་པར་མཐོང༌། ཡང་ཕྲུ་བའི་ནང་དུ་ཆུད་པ་ཙམ་གྱིས་ནི་ཚོས་པར་མི་འགྲུབ་སྟེ། འཁྲུལ་པ་མཐོང་བའི་ཕྱིར་རོ། །འདི་ལྟར་འདི་ལྟ་བུའི་རང་བཞིན་ཡིན་ལ་འདི་དང་ཚོས་པའི་རྒྱུ་འདྲ་བ་དག་ཚོས་སོ་ཞེས་བྱ་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་དེ་ལྷག་མ་དང་ལྡན་པའི་འཁྲུལ་པ་ཅན་ཡིན་ནོ། །ཡང་ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེའི་ལྡོག་པ་དེ་ནི་མ་ངེས་པ་མི་མཐུན་པའི་ཕྱོགས་ལ་འཇུག་པར་ཐེ་ཚོམ་ཟ་བར་འགྱུར་ཏེ། ལྡོག་པ་སྒྲུབ་པ་མ་མཐོང་ཙམ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །མི་དམིགས་པ་ཐམས་ཅད་ནི་མེད་པ་རྟོགས་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པས་ནི་དེ་གཉིས་རང་བཞིན་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་


DTG174_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་ལྡོག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ནི་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་ངེས་པ་བཤད་པ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ལོ། །ལྡོག་པ་ངེས་པས་ནི་མ་ངེས་པའོ། །གཉིས་ཀ་ལ་ཞེས་བྱ་བས་ནི་གཅིག་ལ་གྲུབ་པ་འགོག་པའོ། །རབ་ཏུ་གྲུབ་པ་ཞེས་བྱ་བས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཐེ་ཚོམ་ཟ་བ་ལྷག་མ་དང་ལྡན་པ་དང༌། ཐུན་མོང་མ་ཡིན་པ་དག་གོ །འབྲེལ་པ་མེད་པར་མ་མཐོང་བ་ཙམ་གྱིས་ལྡོག་ན་ནི་རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་རིགས་སོ་ཞེས་བཤད་པ་གང་ཡིན་པ་སྟེ། ཆོས་མི་མཐུན་པ་སྨོས་པ་ནི་མ་ངེས་པའི་གཉེན་པོར་རོ། །གལ་ཏེ་དེས་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་སྟོན་པར་བྱེད་ན་ནི་དེ་མ་སྨོས་ཀྱང་རྟོགས་པར་འགྱུར་རོ། །དེ་ལ་སྔར་བརྗོད་པས་ལྡོག་པར་འགྱུར་བ་མཐོང་བའི་འཁྲུལ་པ་གང་ཡིན་པ་ནི་མེད་དོ། །གལ་ཏེ་ཚིག་གིས་མ་མཐོང་བ་ལ་དྲན་པར་བྱེད་དོ་ཞེ་ན། མཐོང་བ་མ་རྟོགས་པར་ནི་ཡན་ལག་མ་ཡིན་པས་དེ་ལ་ནི་དྲན་པའི་དོན་དུ་བརྗོད་པར་རིགས་ན། མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་ཏེ། དེ་ལ་ནི་མཐོང་བས་གནོད་པར་འགྱུར་རོ། །དེ་མེད་ན་གྲུབ་པ་ཁོ་ན་ཡིན་པས་དེ་གྲུབ་པར་བྱ་བའི་ཕྱིར་བརྗོད་པ་དོན་མེད་དོ། །གལ་ཏེ་མ་དམིགས་པ་དེ་ཙམ་གྱིས་མེད་དོ་ཞེས་བྱ་བ་མ་ཡིན་པ་ཉིད་པས་དེའི་དོན་དུ་བརྗོད་དོ་ཞེ་ན། གལ་ཏེ་མ་དམིགས་ཀྱང་མེད་དོ་ཞེས་བྱ་བར་མི་རྟོགས་ན་བརྗོད་པས་ཀྱང་མི་རྟོགས་པར་འགྱུར་ཏེ། དེ་ཡང་མི་དམིགས་པ་ཁོ་ན་རྗོད་པར་བྱེད་པའི་ཕྱིར་རོ། །གཅིག་མི་དམིགས་པ་ནི་གཞན་མེད་པ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་སྒྲུབ་


DTG174_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་ཏེ། འོན་ཀྱང་རང་ཉིད་མ་དམིགས་པས་ཡིན་ནོ་ཞེ་ན། སྣང་བ་མ་མཐོང་ན་ནི་མེད་པར་རིགས་ཀྱི། དེ་མེད་ན་ནི་མི་རིགས་ཏེ། ལ་ལར་འདོད་རྒྱལ་དུ་དེ་ལྟར་གྱུར་ཀྱང་དེ་དག་འབྲེལ་པ་མེད་པས་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དེས་མེད་དོ་ཞེས་བརྗོད་པས་ཀྱང་དེ་ལྟར་འགྱུར་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ལྡོག་པར་འདོད་པས་དེ་ལ་གང་གིས་ན་འདི་ལྡོག་པ་ཞེས་བྱ་བར་འགྱུར་བའི་རིགས་པ་བརྗོད་དགོས་སོ། །མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་མེད་པ་ལ་མི་དམིགས་པས་ལྡོག་པ་གྲུབ་པ་མ་ཡིན་ནམ་ཞེ་ན། འདི་ལ་ཅུང་ཟད་བརྗོད་ཟིན་ཏོ། །གཞན་ཡང༌། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཇི་ལྟར་ལྷག་ལྡན་འཁྲུལ་ཅན་ཡིན། །དཔེར་ན་འབྲས་བུ་འདི་དག་ནི་སྨིན་པའམ་རོ་འདི་བྲོ་བ་ཡིན་ཏེ། གཟུགས་ཁྱད་པར་མེད་པའི་ཕྱིར་དང༌། གཅིག་ལས་སྐྱེས་པའི་ཕྱིར་ཟོས་པ་དང་འདྲ་བའོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་ཡང་ཟོས་པས་ལས་གཞན་ཕྱོགས་སུ་བྱས་ནས་བསྒྲུབ་པར་བྱ་བ་མེད་པ་ལས་གཏན་ཚིགས་མི་དམིགས་པ་ཡོད་པའི་ཕྱིར་ཇི་ལྟར་འཁྲུལ་པ་ཡིན། ཁ་ཅིག་ན་རེ་མངོན་སུམ་གྱི་གནོད་པར་དོགས་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །མ་ཡིན་ཏེ། ཕྱོགས་སུ་བྱས་པའི་ཡུལ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ན་འགྱུར་རོ་ཞེ་ན། དེ་ལྟ་བུར་དོགས་མེད་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། གཞན་ལ་ཡང་མེད་པར་ངེས་པ་མེད་པའི་ཕྱིར་རོ། །ཚད་མ་ཞུགས་པས་གནོད་པར་བྱེད་པ་ཡིན་གྱི། མ་ཞུགས་པར་གནོད་ན་ནི་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །ལྡོག་པ་ནི་གྲུབ་པ་ཁོ་ན་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ལྟ་བུའི་ངོ་བོ་ནི་ངེས་པ་ལ་ལྟོས་སོ། །མི་དམིགས་པས་འགའ་ཞིག་ལ་མེད་པར་གྲུབ་ཀྱང་འབྲེལ་པ་མེད་པ་ནི་དེ་མེད་པ་ཐམས་ཅད་ལ་མེད་པར་མི་འགྲུབ་པས་ཐེ་ཚོམ་ཟ་བའི་ཕྱིར་ལྡོག་པ་མེད་པ་ནི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ། །གཞན་ཡང༌། ལྡོག་པ་ཅན་ཡང་གཏན་


DTG174_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་འགྱུར། །གསོན་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་མེད་པ་བུམ་པ་ལ་སོགས་པ་མཐོང་བ་དག་ལ་སོགས་པ་མེད་པས་ཁྱབ་པའི་ཕྱིར་ཏེ། དེ་ལོག་ན་ཁྱབ་པར་བྱ་བ་ལྡོག་པས། བདག་ཡོད་པར་རྟོགས་པར་འགྱུར་རོ། །བལྟར་མི་རུང་བ་མི་དམིགས་པས་མེད་པ་མ་གྲུབ་ན་བུམ་པ་ལ་སོགས་པ་བདག་མེད་པར་གྲུབ་པའི་ཕྱིར་སྲོག་ལ་སོགས་ལྡོག་པ་མེད་དོ། །གལ་ཏེ་ཁས་བླངས་པའི་ཕྱིར་འགྲུབ་པོ་ཞེ་ན། དེ་ནི་ཇི་ལྟར་བདག་འགྲུབ་གཞན་བདག་མེད་པ་ཚད་མ་ཅན་མ་ཡིན་པ་ཡང་ཇི་ལྟར་འགྲུབ་པ་ཡིན། ཁས་བླངས་པས་བདག་དང་བཅས་པ་དང་བདག་མེད་པ་དག་རྣམ་པར་ཕྱེ་ནས་དེ་ལ་མེད་པས་རྟོགས་པར་བྱེད་པ་ཉིད་དུ་རྗོད་པར་བྱེད་པས་ནི། བདག་ལུང་ལས་གྲུབ་པར་ཁས་བླང་བར་འགྱུར་གྱི། རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །གང་ཡང༌། མ་གྲུབ་སྦྱར་བ། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་དེ་ཡང༌། བརྗོད་བྱ་མ་ཡིན། མི་དམིགས་པ་ཁོ་ནར་ཟད་ན་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དམིགས་ན་དེ་མེད་པའི་ཕྱིར་རོ། །ལྡོག་པ་ཡང་མི་དམིགས་པ་ཉིད་ལས་ཡིན་ཏེ། དེས་ན་ཐེ་ཚོམ་དུ་གྱུར་པ་ཡང་མ་བཟློག་པར་འགྱུར་རོ། །གལ་ཏེ་ཅི་རིགས་པར་ཞེས་སྨོས་པའི་ཕྱིར་མ་བཟློག་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། གང་ཞིག་གཉིས་ཀ་ལ་ངེས་པ་བརྗོད་པ་དེ་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མི་དམིགས་ཀྱང་ཐེ་ཚོམ་ཟ་བས་ལྡོག་པ་མེད་པར་དགོངས་ཏེ། དེ་དགག་པར་བཤད་པ་ཡིན་ནོ། །མཉན་པར་བྱ་བ་ཉིད་ཀྱང་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་དེ་ལས་ཟློག་པས་དེ་དག་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་རོ། །དེ་རྣམ་པར་གཅོད་པ་ནི་དེ་དག་ལས་ཟློག་པ་ལས་གཞན་མ་ཡིན་ནོ། །རྣམ་པར་གཅོད་པ་མ་ཡིན་པ་ནི་གང་ལས་ཀྱང་ལྡོག་པ་ཉིད་དུ་མ་ངེས་པའི་ཕྱིར་རོ། །གང་ཞིག་གང་ལ་མེད་དོ་ཞེས་བྱ་བར་ངེས་པ་དེ་ཡོད་ན་ཇི་


DTG174_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེ་མེད་པར་རྟོགས་པར་མི་བྱེད། གལ་ཏེ་གཉི་ག་རྣམ་པར་གཅོད་པ་ནི་མ་ཡིན་ཏེ། ཚད་མ་གཞན་གྱིས་གནོད་པའི་ཕྱིར་རོ། །ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་རྣམས་ནི་གཅིག་རྣམ་པར་བཅད་པས་གཞན་སྒྲུབ་པའི་ཕྱིར་དགག་བ་མ་ཡིན་ཏེ། སྒྲུབ་པ་དང་དགག་པ་དག་ནི་འགལ་བའི་ཕྱིར་རོ་ཞེ་ན། ད་ནི་མ་མཐོང་བ་ཚད་མ་ཡིན་ཏེ། གནོད་པ་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ཚད་མ་གཞན་གྱིས་གནོད་པ་སྲིད་དེ། མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་བས་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །རྗེས་སུ་དཔག་པའི་ཡུལ་ལ་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་མཐོང་བས་ཡིད་བརྟན་དུ་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། ཇི་སྐད་བཤད་པ་ལྟ་བུ་ལ་མི་སྲིད་པའི་ཕྱིར་རོ། །འགལ་བ་འཁྲུལ་པ་མེད་པ་ཅན་མི་བརྗོད་པར་འགྱུར་རོ་ཞེ་ན། རྗེས་སུ་དཔག་པའི་ཡུལ་ལ་མ་བརྗོད་པའི་ཕྱིར་འདོད་པ་ཡིན་ནོ། །འདིའི་ཡུལ་ནི་བསྟན་པར་བྱའོ། །གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བཤད་པ་ཇི་ལྟར་རིགས་པ་མ་ཡིན་ཏེ། མི་དམིགས་པས་མེད་པར་གྲུབ་པའི་ཕྱིར་རོ། །རེག་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཕྱིར་དགག་པར་རིགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། རིགས་པ་མ་ཡིན་ཏེ། སྣང་བ་དང་དེའི་རང་བཞིན་གྱི་ཡུལ་ལ་ཡོད་པ་ཙམ་ནི་འགོག་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ས་ལ་སོགས་པ་སྤྱིར་བཟུང་ནས་དགག་པ་སྨྲས་སོ། །དེ་ལ་ཡང་ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པ་ལ་དེ་ཡོད་ཀྱང་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །ཁྱད་པར་འགའ་ཞིག་ལ་སྲིད་པར་དོགས་པར་འགྱུར་བའི་ཕྱིར་ཐམས་ཅད་ལ་མ་མཐོང་བ་ཙམ་གྱིས་དགག་པར་རིགས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་ཅི་ཞིག་ལྟར་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འབྲེལ་པ་མེད་པ་ཡང་དེ་འཁྲུལ་པ་མེད་དོ་ཞེ་ན། ཡུལ་འགའ་ཞིག་ན་རྫས་ཁ་ཅིག་ཇི་ལྟར་མཐོང་བ་གཞན་ན་གཞན་དུ་ཡང་སྣང་ངོ༌། །དཔེར་ན་སྨན་ཁ་ཅིག་ཞིང་ཁྱད་པར་ཅན་ལས་ནི་རོ་དང་ནུས་པ་དང་སྨིན་པར་བྱེད་པ་


DTG174_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་དུ་འགྱུར་ལ། གཞན་ལས་ནི་མ་ཡིན་པ་ལྟ་བུའོ། །དུས་དང་ལེགས་པར་བྱ་བའི་ཁྱད་པར་ལས་ཀྱང་དེ་དང་འདྲའོ། །ཡུལ་དེ་བ་རྣམས་ཀྱིས་དེ་ལྟར་མཐོང་ཞེས་ཏེ། དེ་ཉིད་ཀྱིས་དེ་ལྟ་བུ་ཡིན་པར་ནི་མི་འགྱུར་ཏེ། རྒྱུ་ཁྱད་པར་སྲིད་པ་རྣམས་ལ་ཡོན་ཏན་གཞན་དུ་སྲིད་པའི་ཕྱིར་རོ། །རྒྱུ་ཁྱད་པར་མེད་ན་ནི་རྗེས་སུ་དཔག་ཏུ་རུང་སྟེ། དཔེར་ན་བྱེད་པ་པོ་མཐོང་བ་ཅན་གྱི་ཚིག་ཀྱང་སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཚིག་ལ་ཁྱད་པར་མེད་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་སྐྱེས་བུ་དག་གིས་བྱེད་པར་མཐོང་བའི་ཕྱིར་རོ། །གང་གིས་ན་ཚིག་ལ་སོགས་པ་ཅུང་ཟད་ཙམ་ཆོས་མཐུན་པས་རྣམ་པ་ཐམས་ཅད་མཐུན་པར་རྗེས་སུ་དཔོག་པར་འགྱུར་བ་དེ་ལྟར་སྐྱེས་བུ་དག་ནི་རྒྱུ་ཁྱད་པར་མེད་པ་ཅན་མ་ཡིན་ཏེ། ཡོན་ཏན་ཐམས་ཅད་ལ་ཁྱད་པར་མཐོང་བའི་ཕྱིར་རོ། །ལེགས་པར་བྱ་བའི་བྱེ་བྲག་ལས་ཁྱད་པར་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དུ་ཡང་སྲིད་པའི་ཕྱིར་རོ། །མི་སྲིད་པ་རྗེས་སུ་དཔག་པ་ལས་ཡང་གནོད་པར་བྱེད་པའི་གཏན་ཚིགས་མེད་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་མ་མཐོང་བའི་ཕྱིར་ལ། མ་མཐོང་བ་དང་ནི་གནོད་པར་བྱ་བ་དང༌། གནོད་པར་བྱེད་པ་མི་བྱེད་འགྲུབ་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་འབྲས་བུ་འཁྲུལ་བ་མེད་པ་ཅན་མེད་པའི་ཕྱིར་རོ། །སྲིད་ཀྱང་ཁྱབ་པ་རྣམས་བལྟར་མི་རུང་བའི་ཕྱིར་རོ། །དེ་ལྟ་བུ་དག་ནི་སྤང་བར་འོས་པ་ཡང་མ་ཡིན་ནོ། །ཚིག་རྣམས་ནི་དེ་ལྟ་བུ་མ་ཡིན་ཏེ། ཁྱད་པར་བ་ལྟར་རུང་བའི་ཕྱིར་རོ། །བལྟར་མི་རུང་བ་ཉིད་གཅིག་ཡིན་ན་ཡང་ཁྱད་པར་མ་མཐོང་བ་རྣམས་རིགས་མི་མཐུན་པ་ཉིད་དུ་ཁས་ལེན་པ་འགལ་བའི་ཕྱིར་རོ། །དེའི་ཁྱད་པར་རྣམས་ནི་གཞན་ལ་ཡང་བྱ་བར་ནུས་པའི་ཕྱིར་རོ། །སྒྲ་མངོན་སུམ་པ་རྣམས་ལ་མངོན་སུམ་མ་ཡིན་པའི་ངོ་བོ་མེད་པའི་ཕྱིར་རོ། །འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། གནོད་པར་བྱེད་པ་མེད་པས་འཁྲུལ་པ་མི་འགྲུབ་པའི་ཕྱིར་རོ། །སྐྱེས་བུ་དག་ལ་ནི་ཁྱད་པར་མཐོང་བ་གནོད་པར་བྱེད་པ་


DTG174_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། མཚུངས་པ་མ་ཡིན་ནོ། །ཚིག་གི་ཁྱད་པར་གཞན་གྱི་ངོ་བོར་གྱུར་པ་ནི་དེའི་ངོ་བོ་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མེད་པའི་རང་བཞིན་ཐམས་ཅད་སྐྱེས་བུས་བྱེད་དོ། །ཡང་ན་ནི་འགའ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་བྱེད་པའམ། དཔེར་ན་ཤིང་གིས་ཤིང་ཤ་བ་ལྟ་བུའོ། །ཡལ་ག་ལ་སོགས་པ་དང་ལྡན་པའི་ཁྱད་པར་འགའ་ཞིག་ཁོ་ན་ལ་དེ་སྐད་དུ་གྲགས་པའི་ཕྱིར། དེ་ནི་དེའི་རང་གི་ངོ་བོ་ཡིན་ན་རང་གི་ངོ་བོ་ཡོངས་སུ་བོར་ནས་ཀྱང་ཇི་ལྟར་ཡོད་པར་འགྱུར་རོ། །རང་བཞིན་འབྲེལ་བའི་ཕྱིར་དེ་ལ་ནི་འཁྲུལ་པ་མེད་དོ། །རྒྱུ་ཡིས་ཀྱང༌། འབྲས་བུ་ལྡོག་པར་བྱེད་པ་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །རྒྱུ་ལོག་པ་ན་ཡང་འབྲས་བུ་ལྡོག་པར་བྱེད་དོ། །གཞན་དུ་ན་དེ་དེའི་འབྲས་བུ་ཉིད་དུ་མི་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་ཡང་རང་བཞིན་ངེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་གཉི་གར་ཡང་རང་བཞིན་འབྲེལ་བ་ཁོ་ནས་ལྡོག་གོ །དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །ཇི་ལྟར་གཞན་ནི་ཉེ་བར་འགྱུར། །མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེའི་ཕྱིར་རང་བཞིན་འབྲེལ་བ་ཁོ་ནས་གཏན་ཚིགས་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་ཡིན་ནོ། །དེ་ཡང་དེའི་ཚེ་ངོ་བོའི་མཚན་ཉིད་དམ་དེ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །མེད་ན་མི་འབྱུང་བ་དེ་ཉིད་དཔེ་དག་གིས་རབ་ཏུ་སྟོན་ཏོ། །དེའི་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལས་གཞི་མི་འདོད། །དཔེ་ལ་ནི་བསྒྲུབ་པར་བྱ་བའི་ཆོས་དེའི་ངོ་བོར་དེ་ཙམ་དང་འབྲེལ་བས་སྟོན་ཏེ། བྱས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མི་རྟག་པའི་ངོ་བོར་གྱུར་བར་བསྐྱེད་པ་ཡིན་ནོ། །ཞེས་བྱ་བའི་ཚད་མ་དཔེས་རབ་ཏུ་སྟོན་ཏོ། །ཚད་མ་དེས་ཀྱང་བསྒྲུབ་པར་བྱ་


DTG174_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་དེ་ཙམ་དང་རྗེས་སུ་འབྲེལ་བར་རྟོགས་པར་འགྱུར་རོ། །ཡང་ན་རྒྱུ་ཡི་དངོས་པོར་ཏེ། །དེ་ཡོད་པ་ཉིད་ན་ཡོད་པའི་ཕྱིར་རོ་ཞེས་དོན་གཞན་རབ་ཏུ་སྟོན་ཏོ། །དེ་ལྟར་དེའི་ངོ་བོ་དང་རྒྱུའི་དངོས་པོ་རབ་ཏུ་གྲུབ་ན་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་ལ། མེ་མེད་ན་ཡང་དུ་བ་སྟེ། འདི་ལྟར་དེ་ནི་རང་གི་ངོ་བོ་དང་རྒྱུ་ཡིན་ན་ཇི་ལྟར་རང་གི་ངོ་བོ་རྒྱུ་མེད་པར་ཡོད་པར་འགྱུར་ཞེས་གཞི་མེད་པར་ཡང་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པ་རབ་ཏུ་འགྲུབ་བོ། །དེའི་ཕྱིར་རྒྱུ་དང་རང་བཞིན་དང༌། །མེད་པ་འགའ་ཞིག་དགག་པའི་ཡང། །གཏན་ཚིགས་ཡིན་ཏེ། དེ་དག་ཁོ་ན་ལྡོག་པ་ན་རང་དང་འབྲེལ་བ་ལྡོག་པར་བྱེད་དོ། །དེའི་ཕྱིར་དོན་འགའ་ཞིག་དགག་པ་སྒྲུབ་པར་འདོད་པས་ཀྱང་རྒྱུའམ་རང་བཞིན་ཁྱབ་པར་བྱེད་པ་ལྡོག་པ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ན་འབྲེལ་བ་མེད་པ་ལོག་པས་གཞན་ལོ་ག་བར་མི་འགྲུབ་པའི་ཕྱིར་རོ། །དམིགས་པར་ནི་རིགས་ལྡན་དེ་མི་དམིགས་པར་ཡང་དགག་པའི་གཏན་ཚིགས་ཡིན་ནོ། །དགག་པའི་ཡུལ་ཅན་ཐ་སྙད་ཀྱི་གཏན་ཚིགས་ལ་དེའི་གཏན་ཚིགས་ཞེས་བཤད་དེ། དེ་ལྟ་བུའི་མི་དམིགས་པ་ནི་རང་ཉིད་དགག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྒྱུ་དང་ཁྱད་པར་བྱེད་པ་མི་དམིགས་པ་ནི་གཉི་གའི་ཡང་གཏན་ཚིགས་ཡིན་ནོ། །དགག་པའི་གཏན་ཚིགས་འདི་ནི་རྣམ་པ་གསུམ་ཁོ་ན་སྟེ། དམིགས་སུ་ཡོད་པའི་རྒྱུ་དང༌། ཁྱབ་པར་བྱེད་པ་དང་རང་གི་བདག་ཉིད་དེ་ལྟར་ངེས་པར་མི་དམིགས་པའི་དེ་ནི་འགལ་བ་ལ་སོགས་པ་མ་རྟོགས་པ་དང་རྟོགས་པའི་སྦྱོར་བ་དབྱེ་བ་དེ་དང་དེ་དག་གིས་རྣམ་པ་དུ་མར་བཤད་དོ། །རང་གི་དོན་གྱི་རྗེས་སུ་དཔག་པ་རྣམ་པར་ངེས་པ་སྟེ་ལེའུ་གཉིས་པའོ།། །།གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཇི་ལྟར་རང་ཉིད་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་ལ་ཤེས་པ་སྐྱེས་པ་ཁོ་ན་ལྟར་གཞན་ལ་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་པས་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་ནི་གཞན་གྱི་དོན་གྱི་རྗེས་


DTG174_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །འདིར་རང་གིས་མཐོང་དོན། ཞེས་སྨོས་པ་ནི། ལུང་ལས་གཞན་གྱིས་མཐོང་བ་ནི། །སྒྲུབ་མིན་དོན་མེད་ལས་ཀྱང་འགྲུབ་པ་མིན། །ཞེས་ཤེས་པར་བྱེད་པའི་ཕྱིར། ཇི་ལྟར་ཁ་ཅིག་ན་རེ། གཞན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རང་གིས་མཐོང་བ་མ་ཡིན་ཡང༌། །གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ་ཞེས་ཟེར་བ་དེ་ནི་མི་རིགས་ཏེ། རྗེས་སུ་དཔག་པའི་ཡུལ་ལ་ཚིག་གི་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚད་མ་ཡིན་ན་ནི་རྗེས་སུ་དཔག་པ་མི་འཇུག་པར་འགྱུར་ཏེ། ཚིག་ཙམ་གྱིས་དོན་གྲུབ་པས་གཏན་ཚིགས་ལ་སོགས་པ་དོན་མེད་པའི་ཕྱིར་རོ། །ཚིག་གི་ཁྱད་པར་ཚད་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འདི་ལ་ལུང་གི་ཚད་མ་བསམ་པར་བཤད་ཟིན་ཏོ། །འདི་ལ་མི་སླུ་བའི་ཚད་མ་མེད་ན་ཁྱད་པར་འགའ་ཞིག་ཡོད་པར་ཡང་མི་འགྱུར་རོ། །མི་སླུ་བ་ཡོད་ན་ནི་དེས་གྲུབ་པ་ཕ་རོལ་འགའ་ཞིག་ལ་གྲུབ་པ་མ་ཡིན་ནོ། །དེས་ན་ཁས་བླངས་ནས་བརྟག་པ་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་བརྟགས་ནས་ཁས་ལེན་པ་ཡིན་ཏེ། དེའི་ཕྱིར་གཞན་གྱིས་ཁས་བླངས་པས་ནི་འགྲུབ་པ་ཡིན་ནོ། །ལུང་དེ་ལ་གནོད་པར་བྱ་བའི་ཕྱིར་གཞན་ལ་སྒྲུབ་པར་བྱེད་པ་བརྗོད་པའི་ཕྱིར་དེའི་ཚེ་འདི་ཚད་མ་མ་ཡིན་པས་དེ་གྲུབ་པ་ནི་གྲུབ་པ་མ་ཡིན་པའི་ཕྱིར་དེ་ལས་འགྲུབ་པ་ཇི་ལྟར་འགྱུར། ལུང་དེ་དང་ལྡན་པ་ལ་དེས་འགྲུབ་པ་ཡིན་ནོ་ཞེ་ན། གང་གི་ལུང་གང་ཡིན། ཚད་མས་གནོད་པ་ལུང་ཉིད་དུ་ཡང་ཇི་ལྟར་འགྱུར། སྐྱེ་བོ་རེང་བུར་སྐྱེས་གྱུར་ཅིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །ཀྱེ་མ་གྲུབ་མཐའ་མི་བཟད་པའི། །གདོན་དེ་སུ་ཡིས་དགོས་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལུང་དེ་ཉིད་ཀྱིས་དེ་དང་འགལ་བ་ཁས་ལེན་པར་ཡང་ཇི་ལྟར་འགྱུར་ཏེ། དེ་


DTG174_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་ནས་སྤང་བའི་ཡན་ལག་གི་ལུང་ཚད་མ་མ་ཡིན་པས་ན་རྟོགས་པར་མི་རུང་བའི་ཕྱིར་རོ། །དེས་ཁས་བླངས་པ་ལུང་ཡིན་ལ། དེ་ལས་ཀྱང་སྒྲུབ་པར་བྱེད་པའི་ཆོས་ཡིན་ཞིང༌། དེ་ལས་ནི་དངོས་པོ་འཇོག་པའི་ཕྱིར་ན། དངོས་པོ་ལེགས་པར་རྣམ་པར་གནས་པ་ཡིན་ནོ། །སྐྱེས་བུས་འདོད་པས་གཏན་ཚིགས་དང་དེར་སྣང་བ་དག་གིས་དེ་ཉིད་རྣམ་པར་འཇོག་པ་ན། ད་ནི་དངོས་པོ་ལ་གཏན་ཚིགས་དང་གཏན་ཚིགས་མ་ཡིན་པ་ཡང་ཅི་ཡོད་དེ། དེ་ནི་དངོས་པོ་ལ་འཇུག་པར་ཡང་མ་ངེས་པའི་ཕྱིར་རོ། །ཡོད་པའི་དོན་ནི་རྟོགས་པ་ལ་ལྟོས་ནས་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་གྱི། གང་ལས་གཞན་གྱིས་ཁས་བླངས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་མེད་པར་རྟོགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཡོད་ཀྱང་དངོས་པོས་མ་བྱས་པའི་རྟོགས་པ་ནི་མེད་པར་རྟོགས་པ་དང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡིད་ཆེས་པ་མེད་པའི་ཕྱིར་རོ། །འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་ཁྱད་པར་དག་ལས་རྟོགས་པའི་ཡན་ལག་གཞན་ནི་མེད་དོ་ཞེས་བཤད་ཟིན་ཏོ། །དེ་དངོས་པོ་ལ་གྲུབ་པའི་མཚན་ཉིད་ཡིན་ན་ཇི་ལྟར་བདག་ཉིད་ལམ་གྲུབ་པར་འགྱུར། གཞན་གྱིས་ནི་ཕ་རོལ་ཡང་རྟོགས་པར་མི་འཐད་པ་ཉིད་དོ། །གཞན་གྱིས་ཀུན་བརྟགས་པས་ཐལ་བ་བསྒྲུབ་པ་དཔེར་ན་དུ་མ་ལ་ཡོད་པའི་གཅིག་པོ་ནི་ཡུལ་ལ་སོགས་པའི་ཁྱད་པར་གཞན་དང་ལྡན་པ་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་ངེས་པའི་གསལ་བ་གཅིག་དང་འདྲེས་པས་རྣམ་པར་མ་བཅད་པ་རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་ཏེ། དེ་ལྟ་བུའི་རང་བཞིན་ནི་ཡུལ་ལ་སོགས་པ་ཐ་དད་པ་ཅན་དང་ལྡན་པར་འགལ་བའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི་ཆོས་གཅིག་ཁས་བླངས་ན་ཆོས་གཞན་ཁས་བླངས་པར་བསྟན་པའི་ཕྱིར་ཡིན་ཏེ། དེ་ཁས་མི་ལེན་ན་ནི་ཆོས་གཉི་ག་ལྡོག་པར་འགྱུར་རོ། །རྣམ་པར་དབྱེ་བར་བྱ་བ་མི་ནུས་པའི་ཕྱིར་ཏེ། དེ་ནི་གཞན་དུ་དེ་ལྟ་ཡང་དངོས་སུ་འབྲེལ་པའི་ཕྱིར་རོ། །ད་ནི་ཇི་ལྟར་མི་སྲིད་པའི་དོན་གྲུབ་པར་འགྱུར་ཞེ་ན། གང་ཞིག་


DTG174_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པས་ཁྱབ་པ་དེ་ཡང་དེ་ལ་མི་སྲིད་པའི་ཕྱིར་རོ། །དེ་ཁས་ལེན་ན་གཞན་གདོན་མི་ཟ་བར་འགྱུར་བའི་ཕྱིར་བཟློག་པར་དཀའོ། །དེ་ལྟ་ན་ཡང་རང་གིས་ཁས་བླངས་པ་གཞན་དུ་གནས་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་དང༌། དམ་བཅས་པ་ལ་ཁས་བླངས་པ་ལ་སོགས་པས་གནོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བརྟག་པའི་དུས་ན་འགའ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །དོན་གང་རྟོགས་པར་བྱེད་པ་དེས་ནི་དེ་རྟོགས་པའི་ཤུགས་ཀྱིས་འོངས་བའི་དོན་གཞན་ཡང་ཁས་བླངས་པ་ཡིན་ཏེ། འོད་ཁས་བླངས་ན་སྒྲོན་མ་ཁས་བླངས་པ་བཞིན་ནོ། །དེའི་ཕྱིར་དེ་ནི་རྟོགས་པ་ཉིད་ཡིན་གྱི། ལྟ་བ་གཞན་དུ་གནས་པས་སྐྱོན་བརྗོད་པ་ནི་མ་ཡིན་ནོ། །དེ་ནི་དེའི་ཁས་ལེན་པའི་དུས་ཡིན་པས་དེར་དོན་ཇི་སྙེད་རིགས་པའི་སྟོབས་ཀྱིས་ཉེ་བར་གནས་པ་དེ་མཐའ་དག་ཁས་བླང་པར་བྱ་བའམ། ཡང་ན་ནི་འགའ་ཡང་མ་ཡིན་ནོ། །དེ་མ་གྲུབ་པ་ལ་སོགས་པར་འགྱུར་བ་ཡང་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་འདི་ཡང་འགྱུར་བའམ། མ་ཡིན་ན་ནི་གཉི་ག་ཡང་མི་འགྱུར་རོ་ཞེས་ཆོས་གཉིས་འབྲེལ་བ་ཉེ་བར་སྟོན་པ་ཡིན་པའི་ཕྱིར་རོ། །ངེས་པ་ཉིད་དུ་ཡོངས་སུ་འཛིན་པ་སྐྱོན་འདིར་འགྱུར་བའམ། གཏན་ཚིགས་ཡོད་ན་ནི་མ་ཡིན་ནོ། །རིགས་པས་ཐོབ་པ་ནི་གདོན་མི་ཟ་བར་ཁས་བླང་བར་འོས་པའི་ཕྱིར་རོ། །ཁས་བླངས་པས་རིགས་པ་ལ་གནོད་པར་མི་ནུས་སོ་ཞེས་བཤད་པར་བྱའོ། །ཆོས་གཅིག་ཁས་ལེན་པས་གདོན་མི་ཟ་བར་གཞན་ཁས་བླངས་པ་ནི་རིགས་པས་བྱས་པའི་ཕྱིར་རོ། །གཏན་ཚིགས་མེད་ཀྱང་འདི་ནི་རྩ་བའི་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་རྣམ་པ་ཡིན་གྱི། བཟློག་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། གཏན་ཚིགས་ལ་ཚད་མ་མེད་པའི་ཕྱིར་རོ། །གལ་ཏེ་འདིར་ཡང་བཟློག་པ་ཉིད་ཀྱིས་མི་རྟག་པ་ཉིད་དང་སྐྱེ་བ་དང་ལྡན་པ་འགོག་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་བྱེད་པ་ནི་སུ་ཡང་མེད་དོ། །དེ་ལྟར་བྱེད་པར་ནུས་པ་ཉིད་ཀྱང་མ་ཡིན་ཏེ། སེམས་པ་ཅན་དང་དེ་གཉིས་འགལ་བ་མ་


DTG174_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ཐལ་བ་དང་བཟློག་པའི་སྒྲུབ་པར་བྱེད་པ་དག་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སྔར་རྒྱུ་མ་ཚང་བ་མེད་པ་ཅན་འབྱུང་བ་ལས་གཅིག་ཡོད་པས་མེད་པའི་ཕྱིར་རམ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བར་རྟོགས་པ་ཡིན་ན། སྐྱེ་བ་ཅན་དང་མི་རྟག་པ་དག་དང་སེམས་པ་ཡོད་པ་ལ་ནི་དེ་གྲུབ་པ་མ་ཡིན་ནོ། །གཅིག་ལ་ནི་ཇི་སྐད་བཤད་པའི་རང་བཞིན་གཞན་དང་བྲལ་བར་ཁས་བླངས་པ་ཁོ་ནའི་ཕྱིར་ཡུལ་ལ་སོགས་པ་ཐ་དད་པ་ཅན་དང་ལྡན་པ་ཡོད་པ་མ་ཡིན་ཏེ། དེ་མེད་པ་དང་དེ་ཡོད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར་རོ། །སློབ་དཔོན་དག་གིས་ཀྱང་ཡན་ལག་ཅན་དགག་པ་ལ་སོགས་པ་རྣམས་སུ་དོན་འདི་ཉིད་རྣམ་པ་དུ་མའི་སྒོ་ནས་ཉེ་བར་བཀོད་པས་རྣམ་པ་དེ་ལྟ་བུའི་རང་བཞིན་འགོག་པར་མཛད་པ་ཡིན་ཏེ། གཅིག་ཉིད་དང་དུ་མ་ཡོད་པ་ནི་འགལ་བའི་ཕྱིར་རོ། །གཞན་དག་ནི་གཅིག་ཁས་བླངས་པ་བཏང་བ་མེད་ན་མེད་པའི་ཕྱིར་ཆོས་གཉིས་ཀ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གྲུབ་པའི་མཐའ་ཁས་ལེན་པའི་རྒྱུ་མཚན་དཔྱད་པའི་སྐབས་སུ་བབ་པའི་ཚེ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ཁས་བླངས་ནས་རྣམ་པར་དཔྱོད་པ་མི་འཐད་པའི་ཕྱིར་རོ། །དོན་མེད་པར་རྟོག་པ་སྒྲོ་བཏགས་པ་ཡང་རྟག་པ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པའམ་མི་རྟག་པ་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིར་དངོས་པོ་ལ་ནི་སྒྲ་དང་བུམ་པ་གཉིས་སམ། སྒྲ་དང་ནམ་མཁའ་གཉིས་ཉེ་བར་ཡོད་པ་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོའི་བརྗོད་པར་འདོད་པས་བྱས་པ་ཡིན་ཏེ། དེ་མེད་ན་བརྗོད་པར་འདོད་པ་དང་ཅིག་ཤོས་དག་གིས་ཉེ་བ་དང་བསྐལ་པ་ཉིད་མེད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཡིན་ན་ནི་ཡང་གཞན་དུ་བརྗོད་པར་འདོད་པས། གཞན་དུ་འགྱུར་བ་མི་རིགས་པའི་ཕྱིར་དང༌། གཅིག་ལ་ཅིག་ཅར་ཡོན་ཏན་འགལ་བ་བསྡུ་བ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་འདི་དག་ནི་བྱེད་པ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་


DTG174_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་ནི་མ་ཡིན་ཏེ། དེ་ནི་དེ་ལྟར་མི་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་ལས་ནི་དོན་མི་འགྲུབ་སྟེ། དངོས་པོའི་རང་བཞིན་དག་ཉེ་བ་དང་བསྐལ་པར་མ་གྲུབ་པའི་ཕྱིར་རོ། །གྲུབ་ན་ནི་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་དེ་འདྲ་བའི་རང་བཞིན་གྱི་ཆོས་མཐུན་པ་མཐོང་ནས་གོང་བུ་འདི་ནི་རྭ་ཅན་ཡིན་ཏེ། བ་ལང་དང་བ་མིན་གང་ཡང་རུང་བ་ཞིག་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་བཞིན་ནོ། །ཅི་སྟེ་ཡང་ངས་དེ་ལྟར་བརྗོད་པར་འདོད་པ་ཡིན་པའི་ཕྱིར་རོ། །ཞེས་སྨྲས་པ་དེའི་ཚེ་དོན་གྱིས་སྟོང་པའི་བརྗོད་པར་འདོད་པ་ཙམ་ཞིག་འགྲུབ་ཀྱི། དེ་ལས་དོན་འགྲུབ་པ་ནི་མ་ཡིན་ནོ། །དེའི་འདོད་པ་ནི་དངོས་པོ་ལ་འཇུག་པར་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟར་གང་ལ་དེའི་འདོད་པ་ཡོད་པ་དེར་དངོས་པོ་ཡོད་པ་ཡིན་ནོ་ཞེས་དེ་ལྟར་ནི་བལྟ་བར་ནུས་པ་མ་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར་འཁྲུལ་པར་འགྱུར་རོ། །འདིས་ནི་ངས་བླངས་པའི་ཕྱིར། ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་སྦྱོར་བ་དང༌། ལུང་ལས་གྲུབ་པ་ཡང་བཤད་པ་ཡིན་ནོ། །ཚིག་ནི་སྨྲ་བ་པོའི་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །རྟོག་དང་ལུང་དག་བྱེད་པ་པོའི། །འདོད་པ་ཙམ་དང་རྗེས་འབྲེལ་དང༌། །དངོས་པོ་ལ་ཡང་སྲིད་པའི་ཕྱིར། །དེས་བྱས་པ་ནི་འཁྲུལ་བ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚུལ་གསུམ་པའི་རྟགས་བསྟན་པར་བྱེད་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར། དོན་གྱིས་ན་ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་པར་རིག་པར་བྱའོ། །ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཞེ་ན། དངོས་སམ་བ་རྒྱུད་པས་དེ་ལ་གྲུབ་པ་མི་སྐྱེ་བའི་ཕྱིར་རོ། །རེ་ཞིག་དངོས་སུ་ནི་དོན་གྱི་དོན་རྟོག་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལས། །སྒྲུབ་པར་བྱེད་པ་གནས་མ་ཡིན། །དོན་ཉིད་ཀྱིས་དོན་གོ་བར་བྱེད་དེ། འཁྲུལ་པ་མེད་པའི་ཕྱིར་རོ། །བརྗོད་པ་ནི་མ་ཡིན་ནོ། །འབྲེལ་བ་ངེས་པ་མེད་ཕྱིར་རོ། །


DTG174_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕྱོགས་དང་གཏན་ཚིགས་ཀྱི་ཚིག་རང་ཉིད་ཀྱིས་དོན་གྲུབ་པའི་ཕྱིར་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཕྱོགས་ཀྱི་ཚིག་ལས་ནི་དོན་ལ་ཐེ་ཚོམ་ཟ་བར་མཐོང་གི །ངེས་པ་ནི་མ་ཡིན་པའི་ཕྱིར་རོ། །དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །བསྒྲུབ་བྱ་བརྗོད་ཕྱིར་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། །བརྒྱུད་པས་ཀྱང་མ་ཡིན་ཏེ། བསྒྲུབ་པར་བྱ་བ་བརྗོད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཚིག་ནི་རང་ཉིད་ནུས་པ་མེད་ཀྱང་ནུས་པ་བརྗོད་པར་བྱ་བ་ཡིན་ཕྱིར་ཉེ་བར་བཏགས་ནས་སྒྲུབ་པར་བྱེད་པ་འདོད་པ་ཡིན་ནོ། །དེ་ལས་གཏན་ཚིགས་ཀྱི་ཚིགས་སུ་འཇུག་པའི་ཕྱིར། །དེ་ཡང་ནུས་པ་ཉིད་དོ་ཞེ་ན། ཐེ་ཚོམ་ལས་ཤེས་པར་འདོད་པ་དང༌། སྐབས་འཇུག་པའི་ཕྱིར་དེ་དག་ལས་ཐལ་བར་འགྱུར་རོ། །མི་མཐུན་པའི་ཚིག་ཙམ་ལས་ཀྱང་ཐེ་ཚོམ་ཟ་བས་གཉེན་པོ་གཏན་ཚིགས་ཀྱི་ཚིག་འཇུག་པས་སྲིད་པའི་ཕྱིར་དེ་ཡང་དེ་དང་ལྷན་ཅིག་སྒྲུབ་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་ནང་གི་ཡན་ལག་གི་དོན་འགྲུབ་པའི་ནུས་པ་ནི་ཚུལ་གསུམ་ཉིད་ལ་གནས་པ་ཡིན་ལ། དེ་ལ་དྲན་པ་འཇོག་པར་བྱེད་པ་ནི་དེའི་ཚིག་ལ་གནས་པའི་ཕྱིར། དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །ཡུལ་མ་བསྟན་ན་གཏན་ཚིགས་འཇུག་པ་མི་སྲིད་པས་ཡུལ་སྟོན་པ་ཉིད་ཀྱིས་ནུས་པ་ཡིན་ནོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །གཞན་ཡང་དེ་མེད་ཀྱང་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ལ། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བརྗོད་པས་ཀྱང་སྒྲ་མི་རྟག་པའོ་ཞེས་དོན་གྱིས་གོ་བ་ཉིད་དོ། །དེའི་ཕྱིར་འདི་ནི་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ནོ། །དེས་ན་ཕྱོགས་ནི་མ་བརྗོད་ཀྱང་འགྲུབ་པ་ལ་གེགས་མེད་པའི་ཕྱིར། གསུམ་ལས་ཚུལ་གང་ཡང་རུང་བ་ཞིག་མ་སྨྲས་ན་སྒྲུབ་པ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་བཤད་པར་རིག་པར་བྱའོ། །འོ་ན་ད་ནི་སྒྲུབ་པར་བྱེད་པ་དེ་བསྟན་པ་མེད་ན་མེད་པ་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བརྗོད་པར་མི་བྱའོ་ཞེ་ན།


DTG174_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱ་བ་མ་ཡིན་པ་ལ་ཕྱིན་ཅི་ལོག་ཏུ་ལོག་པར་རྟོགས་པ་མཐོང་བའི་ཕྱིར། དེ་བཟློག་པའི་དོན་དུ་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་དེ་ཡང༌། ངོ་བོ་ཁོ་ནར་བསྟན་པར་བྱ། །རང་ཉིད་འདོད་དང་མ་བསལ་བའོ། །འདིར་རང་གི་ངོ་བོ་དང༌། ཚིག་ཕྲད་དང༌། འདོད་པ་དང༌། རང་ཉིད་ཀྱི་ཚིག་བཞིས། མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ༌། །ཞེས་རིག་པར་བྱའོ། །དེས་ན་གྲུབ་པ་དཔེར་ན་སྒྲ་ནི་མཉན་པར་བྱ་བའོ་ཞེས་བྱ་བ་ལྟ་བུ་དང༌། མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་དཔེར་ན་མ་གྲུབ་པའི་གཏན་ཚིགས་དང༌། དཔེ་དག་དང༌། སྐབས་ཀྱི་རྟེན་མ་ཡིན་པ་དང༌། བསྟན་བཅོས་ཁས་བླངས་ཀྱང་མེད་ན་མི་འབྱུང་བ་མ་ཡིན་པ་རྒོལ་བའི་ཁས་བླངས་པ་མ་ཡིན་པ་བསལ་བ་ཡིན་ནོ། །ད་ནི་ཇི་ལྟར་མ་ཐོས་ན་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་ནོ་ཞེས་རྟོགས་ཤེ་ན། སྐབས་ཀྱིས་སོ། །དཔེར་ན་འདུས་པ་རྣམས་གཞན་གྱི་དོན་ཡིན་པར་གྲུབ་པ་ན་བདག་གི་དོན་ཉིད་བཞིན་ནོ། །དེ་ནི་མ་སྨྲས་སུ་ཟིན་ཀྱང་འདོད་པས་ཁྱབ་པའི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདོད་པ་སྨོས་སོ། །དེ་ཉིད་ལྟོས་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བཤད་པ་ཡིན་ཏེ། འདི་དག་ནི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ཡིན་ནོ་ཞེས་བརྗོད་པས་ན། ཆོས་ཀྱི་ཁྱད་པར་དུ་ཉེ་བར་གཟུང་བའི་ཕྱིར་དེ་དེའི་ཁྱད་པར་ཡིན་ནོ། །མིག་ལ་སོགས་པ་འདུས་པ་མ་ཡིན་པའི་དོན་དག་ནི། །གཞན་གྱི་དོན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཅན་གྱིས་ཁྱད་པར་ཡིན་ནོ། །དེ་ལྟར་རྣམ་པར་གཞག་པ་ཙམ་ཞིག་ཐ་དད་པར་ཟད་ཀྱི་དོན་ནི་མ་ཡིན་ནོ། །ཁྱད་པར་དུ་གྱུར་པའི་བསྒྲུབ་བར་བྱ་བ་སྐབས་སུ་བབ་པ་ལས་དོན་གཞན་ཡིན། གང་གིས་དེ་ལྟར་སྨྲས་པའི་བསྒྲུབ་བྱའི་ཆོས་ཀྱིས་པན་པར་འགྱུར་བ་འབྲེལ་པ་ཅི་ཞིག་ཡོད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་གཏན་ཚིགས་འགལ་བ་དང་དཔེ་སྒྲུབ་པར་བྱེད་པས་སྟོང་


DTG174_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། ཆོས་ཀྱི་ཚོགས་དེ་ཉིད་ནི་འགར་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ལས་ཀྱང་རྟོགས་པར་མི་འགྱུར་རོ། །སྨྲས་པའི་ཆོས་རྗེས་སུ་འགྲོ་བ་མེད་ན་སྐྱོན་འདིར་འགྱུར་གྱི། གཞན་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་ཁྱབ་པར་མེད་པའི་ཕྱིར་རོ། །སྐྱོན་མེད་ན་ནི་འདོད་པ་ལ་གནོད་པ་བྱེད་པར་ཡང་མི་འགྱུར་ཏེ། དེ་ནི་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ཉིད་ལ་འཇུག་པས་དེ་ལས་བཟློག་པ་བསྒྲུབ་པ་མཚན་ཉིད་ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་ལ་ནི་རྗེས་སུ་འགྲོ་བ་མེད་པའི་སྐྱོན་འདོད་པ་ཉིད་དེ། ཇི་སྐད་དུ་བདག་གཞན་ཡིན་ནོ་ཞེ་ན་ནི་དེ་མ་གྲུབ་པོ་ཞེས་བཤད་པ་ཡིན་ནོ། །འགལ་བའི་ཆོས་ཀྱང་འདོད་པ་དེ་ཉིད་ལ་གནོད་པར་བྱས་པ་ཡིན་ནོ། །མ་བརྗོད་པའི་ཕྱིར་དེ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། གལ་ཏེ་གང་ལ་རྩོད་པས་སྒྲུབ་པར་བྱེད་པ་བཀོད་པ་དེ་བསྒྲུབ་པར་བྱ་བ་མ་ཡིན་ན་བསྒྲུབ་པར་བྱ་བ་ཅི་ཡིན། དེ་ལྟ་ཡིན་ན་ཕྱིན་ཅི་ལོག་ཏུ་གྲུབ་པའམ་དོན་མེད་པར་འགྱུར་ཏེ། དཔེར་ན་སྒྲའི་ངོ་བོ་ནི་མིང་ཅན་དང་འབྲེལ་པའི་སྔོན་རོལ་ནས་དོན་དང་ལྡན་པ་ཡིན་ཏེ། རྣམ་པར་དབྱེ་བ་དང་ལྡན་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་རང་གི་ངོ་བོ་ཙམ་གྱིས་དོན་དང་ལྡན་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་ལ། དོན་དང་ལྡན་པར་ཡང་མཐོང་བ་དེའི་ཕྱིར་ཕྱི་རོལ་གྱི་དོན་དང་ལྡན་པ་ཉིད་མི་འདོད་པ་གྲུབ་པར་འགྱུར་བའམ། དེ་བཞིན་དུ་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། གཞན་གྱི་དོན་ཙམ་ཁྱད་པར་མེད་པར་གྲུབ་ཀྱང་བདག་གི་དོན་ནི་མ་ཡིན་པ་བཞིན་ནོ། །དེ་དག་འདུས་པ་གཞན་གྱི་དོན་བྱེད་པར་ནི་ཁས་བླངས་པའི་ཕྱིར། སྒྲུབ་པར་བྱེད་པ་འབྲས་བུ་མེད་པ་ཡིན་ནོ། །དེ་ཕྱིར་མ་སྨྲས་ཀྱང་འདོད་པས་ཁྱབ་པ་ནི་བསྒྲུབ་པར་བྱ་བ་ཡིན་ཞིང༌། དེ་མ་ཚང་བ་ལ་སོགས་པ་ཡང་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ལ་སོགས་པའི་ཉེས་པ་ཡིན་ནོ། །འདིས་ནི་གཉིས་པ་དང་བཅས་པའི་སྦྱོར་བ་རྣམས་ལ་ཡང་


DTG174_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འགྲོ་བ་མེད་པའི་ཉེས་པ་བཤད་པ་ཡིན་ཏེ། དཔེར་ན་བུམ་པ་ནི་མངོན་པར་གསལ་བའི་སེམས་པ་ཅན་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས། གཉིས་པ་དང་བཅས་པས་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ནོ་ཞེས་བྱ་བ་ལ། རྩིག་པ་ནི་དེ་ལྟ་བུར་གྱུར་པའི་སྐྱེས་བུས་གཉིས་པ་དང་བཅས་པ་མ་གྲུབ་པ་བཞིན་ནོ། །འོན་ཏེ་སྤྱི་བསྒྲུབ་པར་བྱ་བ་འདོད་པའི་ཕྱིར་ཁྱད་པར་འཕེན་པ་མ་ཡིན་ནོ་ཞེ་ན། འདི་ལ་ནི་དེ་མི་འཕེན་ན་སྒྲུབ་པར་བྱེད་པའི་འབྲས་བུ་ཅི་ཡིན། ཡང་ན་ནི་མི་འདོད་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་སྒྲུབ་པར་བྱེད་པས་ཡུལ་དུ་བྱས་པ་མ་ཡིན་ན་ཇི་ལྟར་དེས་དེ་འགྲུབ། འགྲུབ་ན་ཡང་ཇི་ལྟར་ཡུལ་མ་ཡིན། ཡུལ་ཡིན་ནོ་ཞེ་ན་ནི་རང་ལ་བརྟེན་པའི་ཉེས་པའི་རྣམ་པས་ཇི་ལྟར་མ་རེག་པར་འགྱུར། དེས་དེ་ལ་བརྟེན་པའི་སྒྲུབ་པར་བྱེད་པ་ལས་རྙེད་པར་འགྱུར་ཞིང༌། གཞན་སུན་འབྱིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གསལ་བར་རྒྱལ་པོའི་གྲ་སའི་རྣམ་པར་གཞག་པ་ཡིན་ནོ། །དེས་ན་གྲུབ་པ་འཕེན་པའི་ཕྱིར་སྒྲུབ་པར་བྱེད་པའི་ནུས་པས་ཁྱབ་པའི་དོན་གྱིས་རྣམ་པ་ཇི་སྙེད་པ་དེ་ཐམས་ཅད་ནི་སུན་འབྱིན་པས་ཀྱང་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ལུས་བུམ་པ་ལས་དོན་གཞན་གྱི་ངོ་བོར་ཁས་མི་ལེན་ན་སྤྱི་སྒྲུབ་པ་ཡང་མི་སྲིད་དེ། གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་མེད་པའི་ཕྱིར་རོ། །གཉི་ག་དེ་ལྟ་བུའི་དངོས་པོར་སྲིད་ན་གང་ཡང་རུང་བ་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་གང་ཡང་རུང་བ་ཞིག་པའོ་ཞེས་བྱ་བ་ལྟ་བུ་ཡིན་གྱི། །གང་ཡང་རུང་བ་གཅིག་ཟ་མི་སྲིད་པའམ་འདོད་པ་མེད་ན་མ་ཡིན་ནོ། །འདི་ལས་ཀྱང་གང་ཡང་རུང་བ་དོན་གཞན་གྱི་ངོ་བོ་མེད་པ་ཡིན་ཏེ་བུམ་པ་རང་ཉིད་ཀྱིས་དོན་གཞན་གྱི་ངོ་བོར་ཁས་མ་བླངས་པའི་ཕྱིར་དང་འགལ་བའི་ཕྱིར་རོ། །ཤུགས་ཀྱིས་ལུས་ཉིད་ཀྱི་དོན་གཞན་དུ་གྱུར་བ་ཡིན་ནོ་ཞེས་ངག་གི་དོན་དུ་རྣམ་པར་གནས་པའི་ཕྱིར་གང་ཡང་རུང་བ་ཞེས་སྨོས་པ་ནི་དོན་མེད་དོ། །དེ་ལྟ་མ་ཡིན་ན་ཚིག་འདི་འགལ་


DTG174_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། བུམ་པ་བདག་ཉིད་ནི་དེ་མ་ཡིན་པ་དོན་གཞན་གྱི་ངོ་བོར་འགལ་བའི་ཕྱིར་རོ། །གལ་ཏེ་ལུས་ཉིད་ཀྱིས་དོན་གཞན་གྱི་ངོ་བོ་ཡིན་ན་ནི་དེ་ཉིད་དེ་སྐད་དུ་བརྗོད་པར་འགྱུར་ན། གང་ཡང་རུང་བ་སྨོས་པའི་ཤུགས་ཀྱིས་བུམ་པ་ཡང་དེ་ལྟར་འགྱུར་བའི་ཕྱིར་འགལ་བ་ཡིན་ནོ། །འདིའི་ཕྱིར་ཡང་སྤྱི་ལ་བརྟེན་པ་མ་ཡིན་ཏེ། གསལ་བ་ཐམས་ཅད་ཡོད་པར་མི་སྲིད་ན་དེའི་སྤྱི་མི་འཐད་པའི་ཕྱིར་རོ། །དཔེར་ན་བྲམ་ཟེ་ལ་སོགས་པ་མ་ཡིན་པ་ཉིད་ལ་རིག་ཉིད་དམ། རྟོག་པའི་ཤེས་པ་ལ་དབང་པོ་ལ་བརྟེན་པ་ཉིད་བཞིན་ནོ། །འདི་ལྟར་དེ་མིག་ལ་བརྟེན་པ་ནི་མ་ཡིན་ཏེ། དེའི་ཤེས་པ་བཞིན་དུ་དེའི་དོན་རྟོགས་པ་མེད་པའི་ཕྱིར་དང༌། དེ་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར་དང༌། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སྣང་བ་ལ་སོགས་པ་ལ་ལོག་པ་ལས་བྱུང་བ་ཡང་མ་ཡིན་པའི་དབང་པོ་ལ་བརྟེན་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་དེ་གཉིས་དེ་ལྟར་ཁས་ལེན་ན་བུམ་པ་དང་ལུས་དག་ལས་གང་ཡང་རུང་བའི་དོན་གཞན་དུ་གྱུར་པ་ཞེས་སྤྱིར་གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་འགྱུར་བ་ཡིན་ན། དེ་ལྟ་མ་ཡིན་ཏེ། ལུས་རྗེས་སུ་འགྲོ་བ་མེད་པར་དོགས་པ་བུམ་པ་དང་ཡང་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཡང་སྤྱི་སྲིད་པ་མ་ཡིན་ནོ། །ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་གཅིག་ལ་ཟས་སྦྱིན་པར་བྱ་བ་ཡིན་ཏེ། ལྷ་སྦྱིན་ལ་མ་ཡིན་ཞིང་མཆོད་སྦྱིན་ལ་མ་ཡིན་ནོ་ཞེས་བྱ་བ་འདི་ལྟ་བུ་ཡོད་པ་སྲིད་དམ། ལྷ་སྦྱིན་འབའ་ཞིག་ལ་མ་ཡིན་ནོ་སྙམ་དུ་བསམས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། མ་ཡིན་ཏེ། གང་ཡང་རུང་བ་སྨོས་པ་ཉིད་ཀྱིས་ཐལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཅིག་ཡོངས་སུ་གཟུང་ཡང་མི་འགལ་བ་ཡིན་ན་གང་ཡང་རུང་བ་སྨོས་པ་འདི་ནུས་པར་འགྱུར་ཏེ། དཔེར་ན་གཅིག་ཟ་ཡང་གང་ཡང་རུང་བ་ཟའོ་ཞེས་བརྗོད་པ་བཞིན་ནོ། །འདིའི་ཡུལ་ནི་རྣམ་པར་བརྟག་པ་ཡིན་པའི་ཕྱིར་རོ། །དེ་ལ་བུམ་པ་ཁོ་ནའམ་ལུས་ཁོ་ནས་གཉིས་པ་དང་བཅས་པར་ནི་མི་


DTG174_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །སྒྲུབ་པ་མི་འཐད་པའི་ཡང་ཕྱིར་ཏེ། གཉིས་གཅིག་ལ་བསྒྲུབ་པ་ལ་ཡང་རྣམ་པར་བརྟག་པ་དང་བསྡུ་བ་ཡང་མི་འཐད་པ་ཡིན་ན་ད་ཅི་ཞིག་སྒྲུབ་པར་ནུས་ཏེ། དེའི་ཕྱིར་ཚིག་གི་ཚུལ་ནི་གསོག་ཡིན་ནོ། །འདིས་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ཀྱང་གསལ་བ་ཡིན་ནོ། །གཞན་ཡང་གཉི་གར་ཡང་སྲིད་པ་མི་འགལ་ན་དེ་དེ་ལྟར་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་དེ་སྒྲ་ལ་མ་གྲུབ་པ་ཉིད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ནོ། །རྣམ་པར་བརྟག་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ། །དོན་རྣམས་ལ་ཡང་སྤྱིར་བརྗོད་ཀྱང་ཤུགས་ཀྱི་ཁྱད་པར་གནས་པའི་ཕྱིར་ཡང་ལུས་ཉིད་རྟོགས་པར་འགྱུར་གྱི་བུམ་པ་ནི་མ་ཡིན་ནོ། །དཔེར་ན་འགའ་ཞིག་འོངས་སོ་ཞེས་བྱ་བས་རིའམ་ཤིང་ལ་ནི་དོགས་པར་འགྱུར་བ་མ་ཡིན་པ་བཞིན་ནོ། །ཁྱད་པར་གྱི་སྒྲ་ཉེ་བར་བྱས་པ་ཉིད་ནི་སྤྱིའི་སྒྲ་རྣམས་ཀྱི་ཁྱད་པར་རྣམ་པར་འཇོག་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་སྐབས་དང་ཤུགས་ལ་སོགས་པ་གང་ཡང་ཡིན་ནོ། །དེའི་ཕྱིར་གང་ཡང་རུང་བའི་སྤྱི་དོན་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། དོན་གཞན་དུ་གྱུར་པ་གཉི་གའི་མི་འཐད་པའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། གཉིས་ལས་གཅིག་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོགས་ན་ནི་མི་རྟག་པ་ལ་ཡང་མཚུངས་སོ་ཞེ་ན། མ་ཡིན་ཏེ། མི་རྟག་པ་ཉིད་གྲུབ་པས་ན་སྒྲ་དེ་དང་ལྡན་པར་སྒྲུབ་པའི་ཕྱིར་རོ། །དེ་བཞིན་དུ་འགའ་ཞིག་དོན་གཞན་དུ་གྱུར་པས་ཁས་ལེན་ན་གང་ཡང་རུང་བ་དོན་གཞན་གྱི་ངོ་བོར་འགྱུར་བ་ཡིན་ནོ། །འདོད་པ་བསྒྲུབ་བྱར་བརྗོད་པ་འདིས་ནི་ཆོས་དང་ཆོས་ཅན་དག་གིས་ཁྱད་པར་དུ་བྱས་པའི་ཆོས་དང་ཆོས་ཅན་དག་འགོག་པ་ཡང་བསལ་བ་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་པའི་སྒྲ་དང་ལྡན་པ་མ་ཡིན་པའམ་སྒྲའི་མི་རྟག་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། ཆོས་ཅན་


DTG174_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱི་བཀག་པ་ནི་འགལ་བ་མེད་པའི་ཕྱིར་རོ། །སྒྲ་དེ་མི་རྟག་པ་ཡིན་གྱི། སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་མ་ཡིན་ནོ་དེ་ལྟར་གྱུར་པར་འདོད་ན་ནི་སྒྲ་ལ་མི་རྟག་པའི་སྒྲ་སྒྲུབ་པའི་ཕྱིར་སྒྲ་མི་རྟག་པར་མི་འགྱུར་གྱི། སྒྲ་མི་རྟག་པའི་སྒྲ་དང་ལྡན་པར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་ཏེ། དེའི་ཕྱིར་འདོད་པ་ལ་གནོད་པ་འགའ་ཡང་མེད་དོ། །དེའི་ཕྱིར་ཆོས་འབའ་ཞིག་ཁོ་ན་ཆོས་ཅན་ལ་སྒྲུབ་པའམ། ཕྱིན་ཅི་ལོག་ཏུ་བྱ་བ་ཡིན་ཏེ། དེ་ལྟར་ན་འདོད་པའི་སྤྱི་གྲུབ་བ་མ་གནོད་པར་བྱས་པ་ཡིན་ནོ། །འགལ་བ་ནི་ཐམས་ཅད་དུ་སྤྱི་དེ་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ནའི་ཕྱིར་རོ། །དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར་དེས་ཐ་སྙད་དུ་བྱེད་དོ། །རང་ཉིད་ཀྱི་སྒྲ་ནི་ཆོས་ཅན་གཅིག་ལ་བསྟན་བཅོས་ལས་ཆོས་དུ་མ་རྣམ་པར་གཞག་ཀྱང་རང་ཉིད་བདག་ཉིད་འདོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་ཁས་བླངས་སུ་ཟིན་ཀྱང་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེར་གཞན་གྱི་འདོད་པ་ཐམས་ཅད་བཟློག་ཏུ་ཟིན་ཀྱང་མདོ་མཛད་པས་རང་གི་འབྲེལ་པར་རང་ཉིད་ཅེས་བྱ་བ་ནི་བསྟན་བཅོས་ལ་མ་ལྟོས་པར་ཁས་བླངས་པས་སྟོན་པར་བྱེད་པའོ་ཞེས་རང་ཉིད་ཀྱི་སྒྲས་དགོས་པའི་གནས་བཟློག་པར་བཤད་དོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་དེ་ལ་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་དོགས་པ་སྲིད་པར་འགྱུར་རོ། །ལོག་པར་རྟོགས་པ་ཡང་མཐོང་བ་ཉིད་དེ། ཁ་ཅིག་ན་རེ་བསྟན་བཅོས་ལས་མཐོང་བ་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ལ། དེ་གནོད་ན་ཡང་གཏན་ཚིགས་དང་དམ་བཅའ་བ་དག་གི་སྐྱོན་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་བྱས་པ་ཉིད་ཀྱི། སྒྲ་མི་རྟག་པར་སྒྲུབ་པ་དྲི་ལ་སོགས་པའི་ཡོན་ཏན་བཟློག་པའི་ཕྱིར་གཏན་ཚིགས་འགལ་བར་འགྱུར་རོ། །སྐབས་མ་ཡིན་པའི་ཕྱིར་མ་ཡིན་ནོ་ཞེ་ན་དེ་ནི་གཞན་ལ་ཡང་མཚུངས་སོ། །མི་མཚུངས་ཏེ་འདིར་ཆོས་ཅན་གྱི་སྐབས་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཆོས་ཅན་གྱི་སྐབས་


DTG174_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བབ་པ་ཡིན་ཡང་དངོས་པོ་ལ་འབྲེལ་པ་མེད་པའི་ཕྱིར་རོ། །འོན་ཀྱང་འདི་དག་ནི་བསྟན་བཅོས་ཁས་བླངས་པའི་སྒོ་ཁོ་ན་ནས་འབྲེལ་པ་ཡིན་ན་དེ་ནི་ཐམས་ཅད་ལ་མཚུངས་པ་ཡིན་པའི་ཕྱིར་འདི་གཉིས་ལ་བྱེ་བྲག་མེད་དོ། །འོན་ཏེ་རྒོལ་བས་ཀྱང་འདོད་པས་སྒྲུབ་པར་བྱེད་དོ། །བསྒྲུབ་པར་བྱ་བ་སྤྱིའི་ཕྱོགས་གཅིག་ཏུ་གྱུར་བའི་ཁྱད་པར་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་བཞིན་ནོ་ཞེ་ན། སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཡིན་པ་ཞེས་བྱ་བ་ཙམ་གྱིས་ནི་སྐབས་མ་ཡིན་པ་འདོད་པར་མི་འགྱུར་ཏེ། དོན་ནི་དེའི་ངོ་བོ་མི་འདོར་བའི་ཕྱིར་འདོད་པ་དང་འཇུག་པ་དག་ལྡོག་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ན་འདི་ནི་སྐབས་འགའ་ཞིག་ལས་འགྱུར་བ་དང་དེ་ཉིད་ཀྱིས་ཤེས་པར་བྱ་བ་ཡིན་ནོ། །བཟློག་པ་ཉམས་སུ་མྱོང་བས་དགག་པ་འཇུག་ཀྱང་བླ་སྟེ། སྐབས་དང་མི་ལྡན་པ་དེ་ནན་གྱིས་ཡོད་དོ་ཞེས་བསྒྲུབ་པ་མངོན་སུམ་དང་འགལ་བར་སྤྱོད་དོ། །གནས་སྐབས་འགའ་ཡི་འདོད་འགྱུར་ཞིང༌། །དེ་རྟོགས་པ་ཡང་དེ་དག་གིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །འབྲས་བུའི་རྟགས་ཅན་མིང་བརྗོད་དེ། །འཁྲུལ་པ་ཡིས་ནི་གནོད་པར་འགྱུར། །མེད་ན་མི་འབྱུང་མིན་དོན་ལ། །གནོད་ཀྱང་གཞན་ལ་ཅི་ཞིག་གནོད། །རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །དེས་གྲུབ་དེ་ནི་ལེགས་པར་གྲུབ། །དེ་ཚེ་བསྟན་བཅོས་ལྟོས་མ་ཡིན། །དེ་ཚེ་གཅོད་དོར་འགྱུར་ཞེ་ན། །དེ་ཚེ་ཁས་བླངས་མེད་ཕྱིར་མིན། །འདི་ནི་ཁས་ལེན་ཐབས་ཡིན་པས། །དེ་ཚེ་ཡོད་ཀྱང་དེ་རྒྱུ་མིན། །དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ཚེ་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་མིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །དེས་གྲུབ་དོན་ལ་དེ་དང་ནི། །འགལ་བར་སེམས་པ་མི་རུང་ཕྱིར། །གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། །མེད་ན་མི་འབྱུང་ལ་གནོད་ཉིད། །སྤང་པར་བྱ་ཡི་གཞན་མིན་ཏེ། །


DTG174_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་མེད་པར་ཐལ་ཕྱིར་རོ། །དཔྱོད་པ་ཀུན་ལ་བསྟན་བཅོས་དག །གཟུང་ཞེས་ལུགས་འདི་གང་གིས་བྱས། །ད་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་འཛིན་མི་འགྱུར། །གལ་ཏེ་དཔེ་ལ་བསྟན་བཅོས་ཀུན། །སྒྲུབ་པར་བྱེད་པ་གཅིག་ཉིད་ལ། །བསྟན་པ་སྒྲུབ་བྱེད་འགྱུར་ཞེ་ན། །འདི་ནི་འཇིག་རྟེན་འདས་ལུགས་ཡིན། །འབྲེལ་མེད་ཆོས་ནི་མ་གྲུབ་པས། །མ་གྲུབ་པར་ནི་ཇི་ལྟར་འགྱུར། །དེ་སྒྲུབ་ཡིན་ན་དེ་སྒྲུབ་བརྗོད། །གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན། །ཆོས་ཅན་ཆོས་ནི་མ་ལུས་པ། །དཔེར་བསྟན་མེད་པ་ཁོ་ནར་ནི། །འགྲོ་བ་སོགས་དང་དུས་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དབོག་བྱེད། །མི་འཁྲུལ་བས་ན་ངོ་བོ་དང༌། །རྒྱུ་དག་སྒྲུབ་པར་བྱེད་པའི་དོན། །འགའ་ཡིས་སྨྲ་བ་ལ་གནོད་ཀྱང༌། །ངོ་བོ་ཉིད་ལ་ལྡོག་མི་འགྱུར། །དེ་ནི་འདོད་པའི་བསྒྲུབ་བྱ་ཡི། །དོན་དང་མེད་ན་མི་འབྱུང་བར། །རྟོགས་པ་གཞན་དག་གཏན་ཚིགས་དེས། །ཅི་སྟེ་རྟོགས་པར་འགྱུར་མ་ཡིན། །གལ་ཏེ་བསྟན་བཅོས་ལ་ལར་འགའ། །རིགས་མིན་པས་ན་རིགས་སྨྲ་བ། །གཞན་པ་དག་ཀྱང་དགག་བྱ་ཞེས། །བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །དོན་རྣམས་ཐམས་ཅད་མཚུངས་བྱས་ནས། །སྒྲུབ་བྱེད་བརྗོད་པ་ནུས་མ་ཡིན། །དེས་ན་ཀུན་ལ་བསྒྲུབ་བྱ་དང༌། །སྒྲུབ་བྱེད་གཞག་པ་འདི་ཉམས་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །གནོད་བྱ་གནོད་བྱེད་མ་ཡིན་པ་དག་གཅིག་ལས་གྲུབ་པ་འགལ་བ་མེད་ཀྱང༌། གལ་ཏེ་བསྟན་བཅོས་ལ་གནོད་པས་འགལ་བར་འདོད་ན། དེ་ནི་ཡུལ་གཞན་ལ་ཡང་མཚུངས་པའི་ཕྱིར་འགལ་བར་འགྱུར་རོ། །དེས་ན་དེ་ཉིད་ལ་གནོད་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་འགྱུར་རེ་ཞེ་ན། མ་ཡིན་ཏེ། གཏན་ཚིགས་ཐམས་ཅད་ཀྱིས་སྐྱོན་དང་ཡོན་ཏན་ནི་རང་གི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་རང་གི་སྒྲུབ་པར་བྱ་བ་འགོག་པ་མ་ཡིན་ཡང་བསྟན་བཅོས་ལ་གནོད་པའི་ཕྱིར་འགལ་བ་ཡིན་ན།


DTG174_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གཞན་གྱིས་བྱས་ན་ཡང་མཚུངས་པའི་ཕྱིར་འགལ་བར་འགྱུར་རོ། །གཞན་གྱིས་བྱས་ན་ཡང་དམ་བཅའ་བའི་སྐྱོན་དུ་འགྱུར་བ་ཁོ་ནའོ་ཞེ་ན། འགྱུར་མོད་ཡུལ་ལ་དེ་ཅི་སྟེ་མི་འགྱུར། གནོད་པར་བྱ་བའི་ཆོས་དང་ལྡན་པའི་ཆོས་ཅན་གྱི་རྗོད་པའི་ཕྱིར་འདི་ཉིད་ལ་གཞན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གནོད་པར་བྱ་བའི་དོན་ཅན་གྱི་བསྟན་བཅོས་ཁས་བླངས་པས་ན་གཞན་དུ་ཡང་འགྱུར་རོ། །དེས་ན་འདི་ནི་དམ་བཅའ་བའི་སྐྱོན་གྱི་མཚན་ཉིད་དུ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་ལ་མཐོང་བ་ཐམས་ཅད་བསྒྲུབ་བྱ་ཉིད་དུ་འདོད་པ་ཡིན་ནམ་གྲུབ་པའི་གཏན་ཚིགས་རྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །ཚིག་ཕྲད་སྨོས་པས་སྒྲུབ་བྱེད་དུ་འདོད་པ་སྤངས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། མ་ཡིན་ཏེ། རིགས་པས་ཐོབ་པ་ནི་ཚིག་གིས་བཟློག་པར་མི་མུས་པའི་ཕྱིར་རོ། །ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་ཅན་རང་ཉིད་ཀྱི་སྒྲས་ཀྱང་དོན་ཅུང་ཟད་རྒྱས་པར་མི་བྱེད་དོ། །གལ་ཏེ་བསྟན་བཅོས་ལ་འཇུག་པས་འདོད་དུ་ཡིན་ནོ། །གང་གིས་དེའི་དོན་དུ་འབད་པར་བྱེད་པར་དགོས་པས་འདི་ག་ལས་ཡིན། གལ་ཏེ་ཚད་མས་མ་བཟློག་ན་དེ་འཇུག་པ་སུས་བཟློག་ཅིང༌། ཚད་མས་བཟློག་ན་ཡང་སུས་ཚིག་གིས་འཇུག་པར་བྱེད་ནུས། གཞན་དག་ནི་རང་ཉིད་ཀྱི་སྒྲ་གཞུང་ལུགས་ཀྱི་མཚན་ཉིད་ཀྱིས་བསྐྱེད་པའི་ཁྱད་པར་གྱི་ཆོས་ཅན་ཡོངས་སུ་སྤངས་ནས་རབ་ཏུ་གྲགས་པའི་ཆོས་ཅན་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་འཛེར་ཏོ། །དེ་ལ་ཡང་རྣམ་པར་དཔྱོད་པའི་སྐབས་ཉིད་ཀྱིས་གཞི་རབ་ཏུ་གྲགས་པ་ཡིན་པར་གྲུབ་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །རང་གི་འདོད་པས་བརྟགས་པ་ཁྱད་པར་ཅན་དོན་ལ་གཙོར་ཉེ་བར་སྦྱོར་བ་མེད་པའི་དོན་དག་ལ་ཉེ་བར་བཀོད་པའི་རྣམ་པར་གཞག་པ་ནི་འགའ་ཡང་བཟློག་པར་བྱ་བ་མ་ཡིན་ནོ། །དེ་ལྟར་རབ་ཏུ་བཀོད་པའི་ངོ་བོ་མཚུངས་པར་མ་གྲུབ་ཅན་དག་ནི་ཁྱད་པར་གྱི་རྟེན་ཅན་གྱི་ཐ་སྙད་རྟེན་མ་ཡིན་པའི་


DTG174_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འོན་ཏེ་རབ་ཏུ་གྲགས་པ་ཉེ་བར་བསྟན་པའི་སྒོ་ནས་གྲུབ་པའི་ཆོས་ཅན་བསྒྲུབ་པར་བྱ་བ་མ་ཡིན་བཤད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ཁོ་ནར་བསྟན་པ་ཞེས་བྱ་བ་འདི་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །གྲུབ་པ་དང་སྒྲུབ་པར་བྱེད་པའི་ངོ་བོར་བསྟན་པ་ཡིན་པར་དགོས་ན་བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པར་བྱ་བ་ཞེས་བྱ་བ་འདི་འབྲས་བུ་བཅས་པར་འགྱུར་རོ། །རང་ཉིད་གྲུབ་པའི་ཆོས་ཅན་ཡོངས་སུ་བཟུང་བར་མ་བརྗོད་ན་ཆོས་ཅན་ཉིད་དུ་སྒྲུབ་བྱར་བྱེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་དོན་རྟོགས་པའི་ཕྱིར་རོ། །ཆོས་ཅན་ཡོད་པར་འགྱུར། བསྒྲུབ་པར་བྱ་བ་ཡིན་ན་རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་ན་དེ་ཡང་སྤངས་ཟིན་ཏོ། །དེའི་ཕྱིར་འདིར་དེ་སྐད་མ་བརྗོད་ཀྱང་ཕྱོགས་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཅི་སྟེ་ཆོས་ཅན་ཉིད་བསྒྲུབ་བྱར་བྱས་ན་དེ་ལས་ཅིར་འགྱུར། དེ་ནི་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་ནི་ཁྱད་པར་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་གཏན་ཚིགས་དང་དཔེ་དག་གི་སྐྱོན་ཡིན་གྱི། ཕྱོགས་ཀྱི་ནི་མ་ཡིན་ཏེ། ཡན་ལག་ཕྱི་མ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་ལ་སོགས་པའི་སྐྱོན་མཐའ་དག་ཕྱོགས་ཀྱི་སྐྱོན་ཡིན་པར་འགྱུར་ཏེ། ཐམས་ཅད་དུ་ཕྱོགས་ཉིད་ལ་གནོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ཙམ་དང་རྗེས་སུ་འབྲེལ་པ་ཁོ་ན་ཕྱོགས་ཀྱི་སྐྱོན་ཡིན་ཏེ། མངོན་སུམ་ལ་སོགས་པ་དང་འགལ་བ་བཞིན་ནོ། །རྒྱུ་སོགས་མཚན་ཉིད་གསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་རྗོད་པ་ཡིན། །བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་གསལ་བ་དང་བཅས་པ་རྣམས། །ལྡོག་པ་སེལ་བར་བྱེད་པ་ཡིན། །འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །བསྒྲུབ་བྱ་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ལོག་པར་


DTG174_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མཐོང་བའི་ཕྱིར། །འདིར་ནི་བདག་ཉིད་སྒྲ་མཛད་པ། །འདོད་གནོད་མེད་དང་བསྒྲུབ་བྱ་མིན། །ཐུག་པ་མེད་པ་སྟན་པ་ཡིན། །ཞེས་བྱ་བ་དག་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །འདིར་རང་ཉིད་དང་འདོད་པའི་སྒྲ་དག་གི་ངེས་པར་གཟུང་བའི་དོན་རྟོགས་ཀྱང༌། བྱེད་པ་དང་ལྡན་པའི་མཐའ་ཅན་དང་འབྲེལ་པའི་ཕྱིར་སྟོན་པར་འགྱུར་བ་ལ་ཡང་ཐལ་བར་འགྱུར་བས་དེ་བཅས་པའི་ཕྱིར་བཤད་པ་ཡིན་ནོ། །འདིར་ནི་འདོད་པའི་སྐད་ཀྱི་དབྱིངས་ལ་ནཥྚེ་ཡན་ལག་མ་ཡིན་ནོ། །འདོད་པའི་ཚིག་ལ་ཡན་ལག་ཉིད་ཡིན་པས་དེས་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་འགོག་པར་བྱེད་དོ། །རྒོལ་བ་བདག་ཉིད་ཀྱིས་འདོད་པ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་རྗོད་པ་འདིས་ནི་མི་འདོད་པ་དང་འདྲེས་པའི་འདོད་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ཞིང༌། དེ་ལ་གནོད་ན་ཡང་ཕྱོགས་དང་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བ་མེད་པར་རིག་བར་བྱ་སྟེ། ཇི་ལྟར་བསྒྲུབ་པར་བྱ་བ་ཡིན་པ་བཀག་པ་མེད་པའི་ཕྱིར་རོ། །དཔེར་ན་ནམ་མཁའི་ཡོན་ཏན་ཉིད་དང་དོན་གཅིག་ལ་འདུ་བ་ཅན་མི་རྟག་པ་ཉིད་མེད་པར་ཡང་སྒྲུབ་པར་བྱེད་པ་བཞིན་ནོ། །རྗེས་སུ་དཔག་པའི་དུས་སུ་བསྟན་བཅོས་ལ་མི་བརྟེན་པར་རྗོད་པ་འདི་ཉིད་ཀྱིས་སྐབས་སུ་གཏོགས་པ་མ་ཡིན་པ་ཕྱོགས་སུ་བྱེད་པ་ཡང་གསལ་བ་ཡིན་ལ། དཔེར་ན་སྒྲ་མི་རྟག་པའམ་རྟག་པ་ཡིན་ཞེས་བྱ་བའི་སྐབས་སུ་ཐ་དད་པ་དབང་པོས་གཟུང་བར་བྱ་བའི་སྤྱི་དང་དོན་གཅིག་ལ་འདུ་པ་ཅན་གྱི་མི་རྟག་པ་ཉིད་དང༌། སྒྲ་ལྡན་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །བསྟན་བཅོས་ལ་བརྟེན་པའམ་ཕྱིར་རྒོལ་བ་དེ་རྟོགས་པ་དོན་དུ་གཉེར་བ་ཡིན་ན་ནི་དོན་ཏེ་ཕྱོགས་སུ་བྱེད་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་འདི་མ་འབྲེལ་པ་བརྗོད་པ་ཉིད་ཡིན་པས་རྣ་གཏད་པར་མི་བྱ་བར་འགྱུར་རོ། །གཉི་ག་བསྟན་བཅོས་ལ་མི་བརྟེན་པར་འགའ་ཞིག་ཡོངས་སུ་རྟོག་པ་ན་སྐབས་མ་ཡིན་པ་ཕྱོགས་སུ་བྱེད་པའི་སྐབས་ཅི་ཞིག་ཡོད། གལ་ཏེ་ཁྱད་པར་གྱི་སྤྱི་འཕེན་པའི་ཕྱིར་དེ་གྲུབ་ན་འདོད་པ་ཉིད་འགྲུབ་


DTG174_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྟོགས་པ་པོ་འདོད་པ་ནི་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐབས་ཀྱིས་བསྒྲུབ་བྱའི་ཆོས་སུ་འདོད་པ་ལྡོག་པ་ཡིན་ནོ་ཞེས་བརྗོད་དོ། །སྤྱི་དོན་དུ་གཉེར་བ་ནི་གདོན་མི་ཟ་བར་སོ་སོར་ངེས་པའི་ཁྱད་པར་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ། །ཁྱད་པར་གཞན་ལ་རྩོད་པ་མེད་པ་ཡང་སྲིད་པའི་ཕྱིར་རོ། །བསྟན་བཅོས་ཀྱི་སྒོ་ནས་ནི་རྩོད་པ་ཡང་མ་ཡིན་ཏེ། དེའི་ཚེ་དེ་མེད་ན་མེད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་ཆོས་ནི་འགར་ཡང་གཞུང་ལུགས་ལས་མི་གནས་པ་ལ་རྗེས་སུ་འགྲོ་བ་གྲུབ་པ་མ་ཡིན་ཞིང་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་དང་བཅས་པའི་སྦྱོར་བ་དག་ཀྱང་བསལ་ཟིན་ཏོ། །བསྟན་བཅོས་ལ་བརྟེན་ཀྱང་སྐབས་ལས་འདས་ན་ཧ་ཅང་ཐལ་བ་བཤད་ཟིན་ཏོ། །དེའི་ཕྱིར་སྐབས་སུ་རྟོགས་པ་ཁྱད་མེད་པའི་ཆོས་ཙམ་ཉིད་བསྒྲུབ་པར་བྱ་བ་དང་སྣ་བསྟད་པར་འོས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་གཞན་དུ་འགྲོ་བའི་ཕྱིར་ཚར་གཅད་པར་འགྱུར་རོ། །ཁས་བླངས་པ་དེ་ཡང༌། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་མ་བསལ་བ། །བསྟན་པར་བྱ་བ་ཡིན་ནོ། །གལ་ཏེ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་མངོན་སུམ་གྱི་དོན་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པ་དག་དང༌། གྲགས་པས་མ་བསལ་བའི་ཁས་བླངས་པ་གཏན་ཚིགས་ལ་ལྟོས་པ་ཡིན་ནོ། །མངོན་སུམ་ལ་དོན་སྨོས་པ་ནི་དབང་པོའི་ཤེས་པ་ཁ་ཅིག་དོན་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དེ་སྤངས་ནས་ཚད་མའི་ཡུལ་ཡོངས་སུ་དག་པ་གཟུང་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་གསལ་བ་ཕྱོགས་མ་ཡིན་ཞེ་ན། གཏན་ཚིགས་ཐེ་ཚོམ་ལ་རྗོད་ཕྱིར། །གསལ་བ་གཏན་ཚིགས་རྟེན་མ་ཡིན། །གསལ་བ་ནི་ཚད་མ་དག་གིས་བཟློག་པ་ཡིན་པས་ཟླ་བོའི་ཚད་མའི་རྟེན་མ་ཡིན་ཏེ། བཟློག་པ་ལ་ཚད་མ་ཞུགས་པའི་ཕྱིར་རོ། །འགལ་བ་དག་ནི་གཅིག་ལ་ཡང་དག་པའི་ཤེས་པར་མི་འཐད་པའི་ཕྱིར་


DTG174_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡུལ་རབ་ཏུ་བསྟན་པའི་ཕྱིར་ཕྱོགས་རྗོད་པ་ཡིན་ན་གསལ་བ་ལ་ནི་ཡུལ་ཅན་མི་སྲིད་པའི་ཕྱིར་དེ་ཕྱོགས་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཐེ་ཚོམ་གྱི་ཡུལ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་ནོ། །རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམས་བཞིར་བཤད། །རྗེས་སུ་དཔག་པ་རྣམ་པ་གསུམ་དུ་ཕྱེ་བས་ན་ཕྱོགས་ཀྱི་གནོད་པ་དེ་བཞིར་བསྟན་ཏོ། །དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རང་རྟགས་ཡིད་ཆེས་པའི་ཚིག་ནི་འབྲས་བུའི་མཚན་ཉིད་ཅན་གྱི་རྟགས་ཡིན་ལ། གྲགས་པ་ནི་རང་བཞིན་གྱི་མཚན་ཉིད་ཡིན་ནོ། །བདག་གམ་གཞན་དོན་ཇི་ལྟ་བ་བཞིན་དུ་མཐོང་བའི་སྒོ་ནས་ངག་འཇུག་པར་འདོད་པ་ནི་ཡིད་ཆེས་པ་ཡིན་ཏེ། དེའི་ཚིག་ནི་དེ་ལྟ་བུའི་དོན་གྱི་དངོས་པོ་མེད་ན་མི་འཇུག་པའི་ཕྱིར་དེའི་འབྲས་བུ་ཡིན་ནོ། །རང་གི་འབྲས་བུ་ཡང་དག་པར་བསྟན་པ་དེ་ནི་རང་ལས་ཕྱིན་ཅི་ལོག་ཏུ་ཁས་བླངས་པའི་གེགས་བྱེད་དོ། །དེའི་ཕྱིར་དེ་ལྟ་མཚུངས་པས་ན་རང་གི་ཚིག་དང་བསྟན་བཅོས་བསྡུས་ཏེ་གཅིག་ཏུ་བརྗོད་དོ། །སྟོབས་ཀྱི་རྟེན་ཉིད་ལ་བསྟན་བཅོས་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པའི་དོན་དུ་ཇི་ལྟར་བདག་ཉིད་ཚད་མ་མ་ཡིན་ན་ཚིག་མི་འཇུག་པ་དེ་བཞིན་དུ་བསྟན་བཅོས་ལ་མ་བརྟེན་པར་དེས་གྲགས་པས་ལ་དཔྱོད་པ་མི་འཇུག་གོ་ཞེས་མཚུངས་པར་བསྟན་པའི་ཕྱིར་འདི་རང་གི་ཚིག་དང་ལྷན་ཅིག་ཏུ་བརྗོད་པར་མཛད་དོ། །དེ་ཉིད་ཀྱི་ཕྱིར་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་འདི་ལ་དཔེར་བརྗོད་པ་ཡང་འདྲ་བར་མཛད་དེ། ཚད་མ་རྣམས་མེད་ན་བསྟན་བཅོས་དང་ཚིག་དག་མི་རུང་བའི་ཕྱིར་རོ། །རང་གི་ཚིག་དང་འགལ་བ་ལ་གསལ་བའི་དཔེར་བརྗོད་པ་ཡིན་ལ། ལུང་ལ་ནི་འདི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །འདི་ལ་དཔེར་བརྗོད་པ་ནི་ཆོས་འཕོས་ནས་བདེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆོས་ཅན་རྣམ་


DTG174_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞག་པ་དེ་ལ་བརྟེན་པའི་ཕྱིར། དེ་ལ་གནོད་ན་གཞི་མེད་པས་ཁྱད་པར་ལ་དཔྱོད་པ་མི་འཇུག་པའི་ཕྱིར་རྣམ་པ་དེ་ལྟ་བུའི་ཡུལ་ལ་ནི་གདོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་དགོས་སོ། །ད་ནི་ཇི་ལྟར་འཇུག་ངོགས་སུ་ཁྲུས་བྱས་པ་ལ་སོགས་པ་ཆོས་མ་ཡིན་པ་དག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཁས་བླངས་པའི་གནོད་པ་མ་ཡིན་ནམ་ཞེ་ན། མ་མཐོང་བ་རྟོགས་པར་བྱེད་པའི་བསྟན་བཅོས་ཐམས་ཅད་དེ་སྐད་མ་བརྗོད་པའི་ཕྱིར་བཀག་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །རང་གི་ཁས་ལེན་པའི་རྟེན་གྱིས་བསྟན་བཅོས་དང་འགལ་བ་གནོད་པར་འགྱུར་གྱི། གཞན་ནི་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །ཁྲུས་ཀྱི་དག་པར་སྨྲ་བའི་བསྟན་བཅོས་དེའི་རང་གི་ཚིག་གིས་ཀྱང་དོན་དེ་ལ་གནོད་པའི་ཕྱིར་རོ། །ཆོས་མ་ཡིན་པ་ནི་བསྟན་བཅོས་ཐམས་ཅད་ལས་ཆགས་པ་ལ་སོགས་པའི་རྩ་བ་ཅན་དུ་རྣམ་པར་གཞག་པ་ཡིན་ཏེ། མ་ཆགས་པ་དང༌། སྡང་བ་མེད་པ་དང༌། མ་རྨོངས་པ་རྣམས་ལ་ནི་སྡིག་པར་ཁས་མི་ལེན་པའི་ཕྱིར་རོ། །རྣམ་པར་གཞག་པ་དེས་ནི་ཁྲུས་ལ་སོགས་པ་སྡིག་པ་དག་པར་བྱེད་པར་སྨ་བ་ལ་གནོད་པ་ཡིན་ནོ། །རྒྱུ་མ་ཟད་ན་འབྲས་བུ་མི་ཟློག་པའི་ཕྱིར་ཏེ། མངར་བ་དང༌། བསིལ་བ་དང༌། སྣུམ་པ་དག་གིས་བད་ཀན་ལས་གྱུར་པའི་ནང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལུང་གིས་མཐོང་བའི་དོན་དག་ལ་ནི་འགལ་བ་བརྗོད་པ་ཕལ་ཆེར་སེམས་པ་ཡིན་ཏེ། བསྟན་བཅོས་གང་ཞིག་མཐོང་བ་དང་མ་མཐོང་བའི་ཡུལ་དག་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མ་དང༌། རང་གི་ཚིག་གིས་མི་གནོད་པ་དེ་གཟུང་བར་བྱ་བ་ཡིན་ནོ། །དེ་ལ་མི་བརྟེན་པའི་དངོས་པོ་ལ་ནི་བསྟན་བཅོས་དང་ལྡན་པས་འགལ་བ་རྗོད་ཀྱང་གནོད་པ་མ་ཡིན་ཏེ། གེགས་བྱེད་པར་འགྱུར་རོ། །གཉི་ག་སྟོབས་མཚུངས་པའི་ཕྱིར་ཏེ། དཔེར་ན་རང་གི་ཚིག་བཞིན་ནོ། །དེའི་ཚེ་ནི་དེའི་རང་


DTG174_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚིག་དང་འགལ་བ་ཡིན་གྱི། བསྟན་བཅོས་དང་ནི་མ་ཡིན་ནོ། །དེ་དག་ལས་གང་ལ་ཚད་མ་ཡོད་པ་དེ་ནི་གཞན་ལ་གནོད་པར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམ་བཅའ་བ་སྟོབས་མཚུངས་པའམ། རྗེས་སུ་དཔག་པ་དང་ལྡན་པ་དོན་ཇི་ལྟ་བ་བཞིན་དུ་འཇུག་པ་ལ་རིགས་པ་མེད་པའི་དམ་བཅས་པས་ཇི་ལྟར་གནོད་པར་འགྱུར། ལུང་རྣམས་ཚད་མ་ཡིན་པ་ཡང་བཀག་ཟིན་ཏོ། །དེའི་ཕྱིར་ཁས་བླངས་ནས་གཅོད་པ་དག་ལ་སྐྱོན་འདིར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གནོད་པས་བྱེད་པས། ཁས་བླངས་པས་ན་རྗེས་སུ་དཔག་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཡང་ཁས་བླངས་པ་ལོགས་ཤིག་ཏུ་བྱས་པ་ནི་ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བའམ་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་ཏེ། རང་གི་ཚིག་ལོགས་ཤིག་ཏུ་བྱེད་པའི་རྒྱུ་མཚན་ཡང་ཚིག་ཙམ་རྗོད་པ་ལ་གེགས་བྱེད་པ་ཡིན་ནོ། །ཚད་མ་མ་ཡིན་པ་ཉིད་ནི་བསྟན་བཅོས་ལ་ཡང་མཚུངས་པའི་ཕྱིར་དེར་ཡང་གེགས་བྱེད་པར་འགྱུར་རོ་ཞེ་ན། གཞི་ཡོད་ན་གེགས་སུ་འགྱུར་བ་ཡིན་ཏེ། དཔེར་ན་གྲུབ་པའི་ཚིག་ལ་ཚད་མ་དང་ཅིག་ཤོས་དག་ཕན་ཚུན་དང༌། གྲུབ་པའི་བུད་མེད་ལ་ཆོས་ལ་བརྟེན་པ་བུ་སྐྱེད་པ་དང་ཅིག་ཤོས་ཀྱི་ཆོས་དག་བཞིན་ནོ། །གང་དུ་ཆོས་ཅན་ཉིད་མ་གྲུབ་པ་དེར་གང་ལ་གང་གིས་གེགས་བྱ་སྟེ། སྐབས་ཉིད་མེད་པའི་ཕྱིར་རོ། །དེས་ན་ཆོས་ཅན་རྣམ་པར་འཇོག་པས་ནི་བསྟན་བཅོས་ཚད་མར་བྱེད་པ་ཡིན་ལ། དེས་ན་དེ་ནི་གནོད་པར་བྱེད་པ་ཡིན་ནོ། །བསྟན་བཅོས་དེ་ཚད་མ་མ་ཡིན་ན་འོ་ན་ནི་ཇི་ལྟར་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡིན་ཞེ་ན། ཚད་མར་ཁས་བླངས་པའི་ཕྱིར་རོ། །འོ་ན་ནི་ཚད་མར་བྱེད་པའི་ཕྱིར་ཁས་བླངས་པ་ཉིད་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡིན་ལ། ཆོས་གཞན་ཡང་དེ་ཉིད་ཀྱིས་འཇོག་པའི་ཕྱིར། བསྟན་བཅོས་དང་འགལ་བ་རང་གི་ཚིག་དང་འགལ་བ་ལས་ཐ་མི་


DTG174_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དེས་ན་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ད་འདི་ལ་དབྱེ་བ་ཅི་ཡོད། ཅུང་ཟད་ཀྱང་མེད་དོ། །འོ་ན་ཇི་ལྟར་སོ་སོར་རྗོད་ཅེ་ན། །དག་གི་དབྱེ་བས་དེ་ལྟར་འགྱུར་རོ། །སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་ཁས་བླངས་པ་དང་འགལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔར་ཁས་བླངས་པ་དང་ཞེས་བཤད་དོ། །ངག་དེ་ཉིད་ཀྱིས་རང་གི་དོན་དང་འགལ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔོག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཚད་མ་མ་ཡིན་ན་གེགས་བྱེད་པར་ཡང་ཇི་ལྟར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་སྟོབས་མཚུངས་པས་སོ། །གལ་ཏེ་དེ་ལ་གཅིག་ཚད་མ་མ་ཡིན་ན་གྲུབ་པ་ཁོ་ནར་འགྱུར་གྱི་གེགས་བྱེད་པར་ནི་མི་འགྱུར་ཏེ། ཚད་མས་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །དེ་ཁས་བླངས་པའི་ཕྱིར་དངོས་པོ་ཐམས་ཅད་ལ་བསྟན་བཅོས་ཚད་མ་ཡིན་པས་གནོད་པར་བྱེད་པ་ཁོ་ནའོ་ཞེ་ན། ཁས་བླངས་པར་ཁྱད་པར་མེད་ཀྱང་ཇི་ལྟར་གཅིག་ནི་ཚད་མ་དང་གནོད་པར་བྱེད་པ་ཡིན་ལ། གཞན་ནི་མ་ཡིན་ཏེ། དེས་ནི་འདི་ན་གྱི་ནའོ། །འདི་ནི་ཚད་མ་ཉིད་སྐྱེས་བུའི་འདོད་པས་བྱས་པ་ཡང་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་རང་གི་ཚིག་དང་བསྟན་བཅོས་དང་འགལ་བ་ལ་གེགས་བྱེད་པའི་སྐྱོན་ཡོད་པ་དེ་ལྟ་ན་ཡང་དེ་ལས་དོན་ལ་ཐེ་ཚོམ་དུ་འགྱུར་བ་ཁོ་ནར་ཟད་ལ། དེ་ནི་ཕྱོགས་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ལ་ཡང་མཚུངས་པའི་ཕྱིར་ཇི་ལྟར་ཕྱོགས་ཀྱི་སྐྱོན་ཡིན་ཞེ་ན། དེའི་ཚིག་ལས་ངེས་པ་མི་སྐྱེ་བའི་ཕྱིར་ཚིག་སྐྱོན་ཡོན་ཆགས་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། གང་ཞིག་ཚིག་ཇི་ཙམ་གྱིས་བསྒྲུབ་པར་བྱ་བ་དེ་མི་འགྲུབ་པའི་ཕྱིར་རོ། །དམ་བཅའ་བའི་ཚིག་གིས་ནི་རང་གིས་བསམ་པ་སྲིད་པར་བསྟན་པར་བྱ་བ་ཡིན་ན། དེ་ནི་ཇི་ལྟར་ཚད་མས་གནོད་ན་མི་སྲིད་པ་བཞིན་དུ་གཅིག་ལ་འགལ་བ་ཉེ་བར་སྡུད་ན་ཡང་སྲིད་པ་མ་ཡིན་ནོ། །


DTG174_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་གཙོར་བྱེད་པ་ཡིན་གྱི་དོན་གྱི་ནི་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་པར་རྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་གི་ཚིག་དང་ཁས་བླངས་པ་དང་འགལ་བ་དག་ལ་བྱེ་བྲག་ཅི་ཡང་མེད་ན། འོ་ན་སྔར་ཁས་བླངས་པ་དང་འགལ་བའི་ཡུལ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། གཞུང་ལུགས་འགའ་ཞིག་ལ་མ་བརྟེན་པར་གང་ལ་སྤྱོད་པ་མི་འཇུག་པ་དེ་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན་ནོ། །དེས་ན་འདིའི་གེགས་བྱེད་པའི་ཡུལ་ནི་དེ་ཉིད་ཡིན་ལ། རང་གི་ཚིག་དང་འགལ་བའི་ཐམས་ཅད་དུ་བརྗོད་པ་ཡིན་ནོ། །འདི་ལ་ཡང་གཞན་ལ་གདོན་མི་ཟ་བར་བརྟེན་པ་ཅི་ཞིག་ཡོད་དེ། དེ་ཉིད་ཀྱིས་དོན་དེ་གཞན་གྱི་ཁ་ནས་རྣམ་པར་གཞག་ནས་ཡང་འགོག་པར་བྱེད་པའི་ཕྱིར་རོ། །གྲགས་པ་ཡང་འགལ་བའི་དོན་གྱི་དམ་བཅའ་བ་ལ་གནོད་པར་བྱེད་པ་ཡིན་ཏེ། སྐྱེས་བུའི་འདོད་པ་འདོད་པ་ཙམ་དང་རྗེས་སུ་འབྲེལ་པས་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་དོན་རྣམས་ལ་དགག་པར་མི་ནུས་པའི་ཕྱིར་རོ། །ཐ་སྙད་ལས་སྐྱེས་པའི་ཆོས་དེ་ནི་གྲགས་པའི་སྒྲས་བརྗོད་དོ། །འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་ཐམས་ཅད་ངོ་བོ་ཉིད་ཀྱིས་བྱས་པ་དང་མ་བྱས་པའི་སྒྲར་རུང་བ་ཡིན་ལ། བྱུང་བའམ་འབྱུང་བར་འགྱུར་བའི་སྒྲའི་རུང་བ་ཉིད་དོན་ཙམ་དང་རྗེས་སུ་འབྲེལ་པ་དེས་ནི་དེ་འགོག་པ་ལ་གནོད་པ་ཡིན་ནོ། །དེ་རུང་བའི་སྟོབས་ཉིད་ཀྱིས་དངོས་སུ་ན་སྒྲ་ཐམས་ཅད་དེ་ལ་འབྲེལ་པ་ཡིན་པའི་ཕྱིར་དེ་ལ་གྲགས་པ་མེད་ཀྱང་དེ་གྲུབ་པར་བཤད་དེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གནོད་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་པ་ཡིན་ཏེ། གང་ལ་ཡང་ཟླ་བོ་མ་ཡིན་པ་མ་གྲུབ་པའི་ཕྱིར་རོ། །དེ་


DTG174_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་རྗོད་པ་ནི་འདི་དགག་པར་མི་ནུས་པ་ཉིད་དམ། ཟླ་བོའི་ཚད་མ་མེད་པས་ངེས་པར་བསྟན་པའི་ཕྱིར་རོ། །དེ་འགོག་པ་ནི་རྗེས་སུ་དཔག་པ་ལས་འགྱུར་ཏེ། མངོན་སུམ་གྱིས་ནི་རུང་བ་ཉིད་མི་ངེས་པའི་ཕྱིར་རོ། །གང་ལ་ཡོད་པ་ཉིད་རྗེས་སུ་འགྲོ་བ་མེད་པ་དེ་ལ་ནི་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་དཔེར་བརྗོད་པའི་འབྲས་བུ་ཡིན་ནོ། །སྒྲ་ནི་བརྡ་ལ་བརྟེན་པ་ཡིན་ལ་དེ་ཡང་འདོད་པ་ཙམ་ལ་བརྟེན་པ་ཡིན་ཏེ། དེས་ན་སྒྲས་གྲུབ་པ་དག་ནི་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་གསུངས་སོ། །གེགས་ཡོད་པར་དོགས་པ་རྣམས་ནི་ཐེ་ཚོམ་ཟ་བས་མི་འགྲུབ་པའི་ཕྱིར་ཏེ། ཡུན་རིང་པོར་མ་མཐོང་བ་རྣམས་ལ་ཡང་ཕྱིས་སྣང་བ་སྐྱེ་བ་མཐོང་བའི་ཕྱིར་སྲིད་པ་ཡིན་ན་སྐྱེས་བུ་ཙམ་གྱིས་དེ་མེད་པ་མི་ངེས་པའི་ཕྱིར་རོ། །དེས་ན་ཚད་མས་ངེས་པར་བརྗོད་པའི་ཕྱིར། དོན་གྱིས་གོ་བས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མེད་པར་སྟོན་པ་ཡིན་ནོ། །འདིས་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་བཤད་པ་ཡིན་ཏེ། གཉི་ག་ཡང་ཚད་མར་ཁྱད་པར་མེད་པའི་ཕྱིར་རོ། །མཚན་ཉིད་དང་ལྡན་པ་གཅིག་ལ་འགྲན་ཟླ་མཐོང་བའི་ཕྱིར་མངོན་སུམ་ཡང་དེ་ལྟར་འགྱུར་རོ། །གང་ཞིག་ངེས་པར་སྒྲུབ་པར་བྱེད་པར་འཇོག་པ་ཚད་མའི་མཚན་ཉིད་ལས་ཐ་དད་པའི་ཁྱད་པར་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་དེ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་ཡིན་པར་འགྱུར་རོ། །རྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ཀྱིས་འགྲན་ཟླ་མ་བསྟན་པ་ཚད་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འདི་ལ་འགྲན་ཟླ་མེད་དོ་ཞེས་འདི་འདྲ་བའི་ངེས་པ་སྲིད་པ་ཡོད་དམ། མཚན་ཉིད་ཁྱད་པར་མེད་པ་ལ་མཐོང་བ་ནི་གཞན་ལ་ལྡོག་པ་ངེས་པར་བྱེད་མི་ནུས་


DTG174_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེས་བཤད་ཟིན་ཏོ། །སྐྱེས་བུའི་སྤོབས་པའི་དབང་གིས་ཚད་མ་དག་གི་མཚན་ཉིད་རྗོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་གནས་པས་ཡིན་ནོ། །དེ་ཡང་དེ་ལྟར་ངེས་པར་ནུས་པ་མ་ཡིན་ནོ། །དེས་ན་མཚན་ཉིད་ལ་ཐེ་ཚོམ་ཟ་བ་དེ་ནི་ཐ་སྙད་དུ་མི་རུང་སྟེ། ཕྱོགས་ཀྱི་ཆོས་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་བཞིན་ནོ། །མཚན་ཉིད་ལ་ཤེས་པ་སྨོས་པའི་ཡང་ཕྱིར་རོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱིས་རྗེས་སུ་དཔག་པ་ལ་ནི་དེའི་མཚན་ཉིད་ཅན་གྱི་འགྲན་ཟླ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་པ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པ་ཡིན་ནོ། །དེའི་ཕྱིར་རྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ཀྱང་ཡུལ་འདི་ལ་མི་འདོད་པ་ཉིད་དོ། །འདིའི་ཡུལ་ནི་བཤད་པར་བྱའོ། །དེའི་ཕྱིར་དེ་ལྟར་ཚད་མ་དག་གནོད་པར་བྱེད་པར་རྗོད་པ་ནི་དེ་ལས་ངས་པར་རྗོད་པ་ཡིན་ནོ། །དེས་ན་གཉེན་པོ་བཅས་པ་སྲིད་པ་སེལ་བར་བྱེད་དོ། །དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་སྟོན་པ་ཡིན་ནོ། །ཡང་ན་འཇིག་རྟེན་གྱི་རྗོད་པ་ལ་རྗེས་སུ་དཔག་པ་མེད་པར་རྗོད་པ་ཡིན་ནོ། །དེས་ནི་གྲགས་པ་རྗེས་སུ་དཔག་པ་ལས་ཡུལ་ཐ་དད་པ་ཡིན་ནོ་ཞེས་རྗོད་པར་འགྱུར་རོ། །དེས་ན་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་རྗེས་སུ་དཔག་པ་ལས་གྲགས་པ་ཡུལ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར། དེ་དངོས་པོའི་དབང་གིས་འཇུག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རི་བོང་ཅན་ཟླ་བར་མི་འདོད་པ་དེ་གྲགས་པ་གཞན་གང་ཞིག་འདོད་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་རྗེས་སུ་དཔག་པའི་དཔེ་མེད་པ་ཡིན་ནོ། །དེས་ན་ཐུན་མོང་མ་ཡིན་པར་བཤད་དོ། །གང་གི་ཕྱིར་དཔེ་གཅིག་པོ་དེ་ཉིད་ཀྱི་དབང་དུ་བྱས་ནས་དེ་སྐད་བཤད་པ་ནི་མ་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཤིང་ཤ་པ་ཤིང་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་གནོད་པའི་


DTG174_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འཇིག་རྟེན་ན་ག་པུར་དང་དངུལ་ལ་སོགས་པ་ལ་མཐོང་བའི་ཕྱིར་འདིར་ཡང་ཐུན་མོང་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །བརྡ་ལ་འཇུག་པ་ལ་ནི་ཐུན་མོང་མ་ཡིན་པ་འགའ་ཡང་མེད་དོ། །གལ་ཏེ་དེ་ལ་འགའ་ཞིག་ཏུ་གྲུབ་ན་དངོས་པོའི་དབང་གིས་གྲུབ་པ་ཡིན་ཏེ། གྲགས་པས་གྲུབ་པར་ཁས་ལེན་ན་ནི་རི་བོང་ཅན་ལ་ཡང་མི་བཟློག་པའི་ཕྱིར་རོ། །དངོས་པོ་ལ་དེ་གྲུབ་ན་རི་བོང་ཅན་ལ་ཡང་བཟློག་ཏུ་མེད་པ་ཡིན་ལ། དངོས་པོ་ལ་དེ་མེད་ན་རི་བོང་ཅན་ལ་བཟློག་ཀྱང་སྐྱོན་འགའ་ཡང་མེད་དོ། །དེའི་ཕྱིར་དངོས་པོ་ལ་ངེས་པ་མ་ཡིན་པའི་བརྡ་དང་ལྡན་པའི་སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱི་རུང་བ་ནི་དོན་ཐམས་ཅད་ཡིན་ཏེ། འདོད་པ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །འདིས་ནི་སྒྲ་རྣམས་ནི་བརྡའི་རྗེས་སུ་བྱེད་པས་དོན་ལ་ངེས་པ་འགའ་ཡང་མེད་ལ། འདི་དག་དེ་ལ་འགོག་ན་ཡང་འགལ་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་ནམ་སྒྲ་རྣམས་ཀྱི་ནི་དོན། །དོན་དམ་པ་ཉིད་འགོག་པ་ལ། །གནོད་པ་མེད་པར་རྗོད་པ་ཡིན། །དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང༌། །ཐ་དད་བྱས་ཡིན་སྔ་མ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །མངོན་སུམ་དང་འགལ་བ་ཡང་རང་བཞིན་སྣ་ཚོགས་ཅན་གྱིས་རང་བཞིན་གང་ཞིག་འདྲེས་པར་སྣང་བའི་བློ་མཐོང་བ་མེད་པའི་ཕྱིར་འབྲེལ་པ་ཅན་གཞན་མེད་པས་ཉན་པ་ལ་གཉིས་མེད་པར་སྣང་བ་དེ་ཉིད་སྤོང་ན་འགལ་བ་ཡིན་ཏེ། དཔེར་ན་སྒྲ་ནི་མཉན་པར་མི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཡང་དོན་ཞེས་བཤད་པ་ཡིན་ནོ། །རང་བཞིན་དེ་ཉིད་དེ་ལ་དོན། །ལྷག་མ་ལྡོག་པའི་མཚན་ཉིད་ཅན། །སྤྱི་ནི་དངོས་མེད་


DTG174_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡིན། །དེའི་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །སྤོང་ཡང་གནོད་པ་མེད་དོ་ཞེས། །མཉན་བྱ་སྨོས་པས་བསྟན་པ་ཡིན། །རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །དེ་ལ་བརྟེན་ནས་གྲུབ་པས་ན། །དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །མཉན་བྱས་དབང་པོའི་ཡུལ་དུ་བཤད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རྗེས་སུ་དཔག་པ་དང་འགལ་བ་ཡང་དཔེར་ན་བུམ་པ་རྟག་གོ་ཞེས་བྱ་བ་ལྟ་བུའོ། །བརྡེགས་པ་བཟོད་པར་མཐོང་བ་དག་ལས་འཁྲུལ་པས་དེ་ལྟར་འགྱུར་རོ། །དེ་ཡང་མཐོང་བས་འགགས་པའི་བུམ་པ་བཞིན་དུ་སྐྱེ་བ་དང་ལྡན་པ་ལ་སོགས་པའི་ཕྱིར་མི་སྲིད་དོ། །གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་དོ། །དེར་ཡང་གསལ་བ་བསྐལ་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་གནས་སྐབས་མ་ཡིན་པ་ནི་མི་རྟག་པ་ཡིན་པར་སྨྲ་ལ། དེའི་གནས་སྐབས་ནི་དེ་ཉིད་ཡིན་ནོ། །དེ་ནི་འགགས་པ་ལ་ཡོད་པ་མ་ཡིན་པས་ཞིག་པའི་ཕྱིར་རམ། བསྐལ་པའི་ཕྱིར་ཞེས་བྱ་བ་ལ་ནི་མངོན་པར་ཞེན་པ་མ་ཡིན་ནོ། །འདིའི་དམིགས་པར་བྱ་བ་དབུས་ཀྱི་རང་བཞིན་དེ་ཡང་སྔོན་དང་ཕྱི་མའི་མཐར་ཡང་ཡོད་དོ་ཞེས་བྱ་བས་ནི་ཚིག་གི་དོན་རྣམ་པར་བཞག་པ་ལ་གནོད་དོ། །དེ་ལྟ་ན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང་སེམས་པ་ཡོད་པ་དག་ཕན་ཚུན་རང་བཞིན་ཐ་དད་པ་རྣམ་པར་གཞག་པ་མི་ནུས་པའི་ཕྱིར་རོ། །དེ་ལ་ཡང་མི་དམིགས་པ་ལས་མ་གཏོགས་པ་རྣམ་པར་གཞག་པའི་རྟེན་གཞན་ནི་འགའ་ཡང་མེད་དོ། །དེའི་ཕྱིར་དོན་ལྟར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཞོ་ལ་སོགས་པ་འོ་མ་ལ་སོགས་པ་དག་ལ་མ་དམིགས་པ་ནི་མེད་ལ། འོ་མ་ཡང་དེ་ལ་མེད་དོ་ཞེས་བྱ་བ་འདི་ནི་རིགས་


DTG174_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཞོ་ལ་སོགས་པ་འོ་མ་ལ་སོགས་པ་དག་ལ་དམིགས་པའི་རྗེས་སུ་དཔག་པ་ཡོད་པ་ཉིད་དེ། མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རོ་ཞེ་ན། དེ་འདྲ་བའི་དངོས་པོ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ནོ། །དེ་ནི་ཡོད་ན་བལྟར་རུང་བ་ཉིད་ཡིན་ཏེ། གལ་ཏེ་ཡོད་ན་དབུས་ཀྱི་གནས་སྐབས་བཞིན་དུ་དམིགས་པར་འགྱུར་རོ། །དེའི་མཚན་ཉིད་བཏང་བ་ཉིད་དེའི་འཇིག་པ་ཡིན་ལ། མཚན་ཉིད་མི་མཐུན་པ་ཡང་གཞན་ཡིན་ཏེ། ཐ་དད་པ་ནི་འགལ་བའི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་ལས་སྐྱེས་པས་ནི་རྒྱུ་དེ་དེ་སྐྱེད་པའི་རང་བཞིན་ཡིན་པར་འགྲུབ་ཀྱི། དེའི་ངོ་བོར་ནི་མ་ཡིན་ནོ། །གལ་ཏེ་མེད་པ་ལས་སྐྱེ་ན། །ཅིའི་ཕྱིར་འོ་མ་ལས་རི་བོང་གི་རྭ་མ་ཡིན་ཏེ། མེད་པར་ཁྱད་པར་མེད་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། མ་ཡིན་ཏེ། རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །འོ་མ་དེའི་བདག་ཉིད་མ་ཡིན་ཡང་ཞོ་སྐྱེད་པར་བྱེད་ལ་རི་བོང་གི་རྭ་སྐྱེད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་ནོ། །དེའི་དེ་གང་ལས་ཤེ་ན། རང་གི་རྒྱུས་སྐྱེད་པ་ཡིན་ཏེ། དེ་ལྟར་རྒྱུའི་རང་བཞིན་ཐོག་མ་མེད་པ་བརྒྱུད་པ་ཡིན་ནོ། །དེའི་ཕྱིར་སྐྱེད་པར་བྱེད་པའི་རང་བཞིན་གྱི་རྒྱུ་ཉིད་མེད་པའི་ཕྱིར་རི་བོང་གི་རྭ་མི་སྐྱེ་ལ། གཞན་ལ་ནི་དེ་ཡོད་པའི་ཕྱིར་རོ། །ཅི་སྟེ་ཡང་ནུས་པ་ཞེས་བྱ་བ་འདི་ཅི་ཞིག །དངོས་པོ་དེ་ཉིད་ཡིན་ནམ། འོན་ཏེ་གཞན་ཅུང་ཟད་ཅིག་ཡིན། དེ་ཉིད་དོ་ཞེ་ན། དེ་ཁོ་ན་ལྟར་དམིགས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་བརྗོད་ཟིན་ཏོ། །གཞན་ཡིན་ནོ་ཞེ་ན། ཇི་ལྟར་གཞན་ཡོད་ན་དེ་ཡོད་པར་འགྱུར་ཏེ། ཉེ་བར་བཏགས་


DTG174_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་དུ་མི་འགྱུར་རོ། །འདིས་ནི་ཕྱི་མ་ལ་ཡོད་པ་ཡང་བསལ་བ་ཡིན་ནོ། །བདེ་བླག་ཏུ་གཟུང་བའི་ཕྱོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་བས་གཏན་ཚིགས་ཀྱི་སྐབས་ཀྱི་མདོར་བསྡུས་ནས་བརྗོད་པ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཕྱོགས་ནི་ཆོས་ཅན་ནོ། །དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་དགག་པའི་ཕྱིར་ཏེ། དེའི་ཕྱོགས་གཅིག་པས་དེར་གཅིག་ཡིན་པས་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མིག་གི་གཟུང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །གལ་ཏེ་ཆོས་ཞེས་རྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟ་འགྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་འགྲུབ་པོ་ཞེ་ན། མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་ཉེ་བའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་བསྒྲུབ་བྱའི་ཆོས་ཅན་ཡིན་པར་ཡོངས་སུ་བཟུང་ངོ་ཞེ་ན། དེ་ལྟར་བཤད་པར་བྱ་བ་ལ་འབད་པ་དེ་ནི་ཕྱོགས་ཞེས་བརྗོད་པས་སྤངས་པ་ཡིན་ནོ། །ཤུགས་ཀྱིས་དོན་གོ་ན་རྟོགས་པར་དཀའ་བ་ཡོངས་སུ་སྤང་བའི་ཡང་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་ལྟོས་པ་གཞན་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དོ་ཞེ་ན་ཡིན་ཏེ། དཔེར་ན་ནག་པ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུར་མ་འབྲེལ་པ་རྣམ་པར་གཅོད་པས་ཁྱད་


DTG174_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་བྱས་པའི་ཕྱིར་ཏེ། དཔེར་ན་སྲིད་སྒྲུབ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུར་གཞན་དང་ལྡན་པ་རྣམ་པར་གཅོད་པས་ནི་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །ཕྱོགས་ཀྱི་ཆོས་དེ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་དང་རྣམ་པ་གཉི་གའོ། །རྣམ་པ་གསུམ་པོ་དེ་ནི་རེ་རེ་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། །འདི་ལྟར་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉི་གའོ། །མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ། །ད་ནི་ཇི་ལྟར་མེད་པ་ལ་ཡོད་དོ་ཞེས་བརྗོད་ཅེ་ན། དེ་བཀག་པ་ཙམ་ནི་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཟློག་པ་མེད་པ་དང་མ་ཡིན་པ་ཐམས་ཅད་དེ། མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བརྗོད་པར་འདོད་པའི་བཟློག་པ་ཐམས་ཅད་ལ་མཚུངས་པ་ཡིན་ཏེ། དངོས་སམ་ཤུགས་ཀྱིས་ལྡོག་པར་རྟོགས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་འདིའི་དེ་ཁོ་ན་ཉིད་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ནི་གཏན་ཚིགས་ལ་སོགས་པ་དག་ལ་ཇི་ལྟར་རིགས་པར་རང་ཉིད་རྟོགས་པར་བྱེད་པའི་སྒྲུབ་པར་བྱེད་པ་ཇི་ལྟ་བ་དག་གིས་ངེས་པར་གཟུང་སྟེ། ཐེ་ཚོམ་དང་ཕྱིན་ཅི་ལོག་གི་རང་བཞིན་འདོད་པ་དང་མི་འདོད་པ་གསལ་བར་བྱེད་པ་དག་ནི་རྟོགས་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། ཕྱིན་ཅི་ལོག་དང་ཐེ་ཚོམ་གྱི་རྟོགས་པ་ཅན་གྱི་སྒྲ་བཞིན་ནོ། །མ་ངེས་པ་ནི་ཕྱོགས་ཀྱི་ཆོས་ཉིད་དེ། མ་འབྲེལ་པ་ལས་རྟོགས་པར་མི་རུང་བའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པའམ་མེད་པ་ཉིད་དུ་ངེས་པ་ལ་ལྟོས་པ་ནི་མ་ཡིན་ཏེ། ངེས་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་སྒོ་ནས་སྐྱོན་དུ་འགྱུར་ལ། དེ་ནི་མ་ངེས་པ་ལ་ཡང་མཚུངས་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་བརྗོད་པ་ཡང་འདིར་སུན་འབྱིན་པ་ཡིན་ནོ། །གཞན་དུ་ནི་གཉི་གའམ་གཅིག་ལ་ཐེ་ཚོམ་ཟ་བའམ། གཅིག་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་སྒྲུབ་པ་མ་ཡིན་ཞིང༌། སུན་འབྱིན་པ་ཡང་མ་ཡིན་ཏེ། སྒྲུབ་པའི་ཡན་


DTG174_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དེ་ལྟ་བུ་ནི་ནུས་པ་མེད་པ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཡང་གཉི་ག་ལས་ཕྱི་རོལ་དུ་གྱུར་པའི་མི་སྲིད་པས་གཉི་ག་ལས་ལྡོག་པ་དེས་མི་འཐད་པའི་ཕྱིར་དང༌། གཉིས་ལས་གཅིག་ལ་ཡང་ཡོད་པར་རྟོགས་པའི་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་ན་འཇུག་པ་དང་ལྡོག་པ་དག་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དེ། སྐྱེས་བུ་རྣམས་ལས་གཞན་ལས་མ་བྱུང་བར་ངེས་ཤིང་ཡོན་ཏན་མཚུངས་བའི་སྐྱེས་བུ་དག་ལས་སྲིད་པའི་བུད་མེད་ཀྱི་མངལ་བཞིན་ནོ། །ཇི་སྐད་བསྒྲུབ་པར་བྱ་བའི་ཆོས་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཁྱད་པར་ཇི་སྙེད་ཀྱིས་ཐམས་ཅད་བསྡུས་པ་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཏེ། དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་དང༌། གཅིག་ཏུ་ངེས་པ་ལྡོག་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་ཞེས་བྱ་བས་ནི་གསུམ་པ་གང་ལ་དངོས་པོ་ཆོས་འདི་གནས་པར་འགྱུར་བ་རྣམ་པའི་ཁྱད་པར་ལས་ཕྱི་རོལ་དུ་གྱུར་པ་མེད་པར་བཤད་པ་ཡིན་ལ། གཅིག་ཏུ་ངེས་པ་ལྡོག་པས་ནི་གཅིག་གི་དངོས་པོར་རྟོགས་པའི་སྒྲུབ་པར་བྱེད་པ་མེད་པར་བཤད་པ་ཡིན་ནོ། །གཏན་ཚིགས་གཉིས་པོ་འདི་གཅིག་ལས་བསྡུས་པས་ནི་རྣམ་པའི་ཁྱད་པར་ཐམས་ཅད་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ལྡོག་པ་ངེས་ན་ཁྱད་པར་གཅོད་པའི་གཏན་ཚིགས་ཉིད་ཡིན་པ་གང་གིས་བཟློག་ཅེས་བཤད་ཟིན་ཏོ། །ངེས་པའི་གཏན་ཚིགས་ལ་ཡང་སྤོབས་པ་མེད་པའི་ཕྱིར་ཐེ་ཚོམ་དུ་འགྱུར་ན། དེ་ཡང་གཅིག་ཏུ་ངེས་པར་མ་ངེས་པ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་ངོ་བོ་ངེས་པ་ནི་བསྟན་པའི་ཡོན་ཏན་ངེས་པ་ཉིད་ལས་ཡིན་པའི་ཕྱིར་ངེས་པ་མེད་པ་ནི་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་དངོས་པོའི་ཆོས་ཉིད་ལ་བརྟེན་ནས་སྒྲུབ་པའི་སྐྱོན་བརྗོད་པར་ནི་མ་ཟད་དེ། འོན་ཀྱང་སྨྲ་བ་པོའི་སྐྱོན་ཡང་ཡིན་ཏེ། མ་ཚང་བ་དང་རྗེས་སུ་འགྲོ་བ་མེད་པ་དང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ་བཞིན་ནོ། །དེས་ངེས་པར་བརྗོད་པར་བྱ་བའི་ཡོན་ཏན་གཞན་དུ་བརྗོད་པའི་ཕྱིར་ན་སྐྱོན་ཉིད་དོ། །འོ་ན་ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་དང༌། གང་ཡང་རུང་བ་ལ་མ་གྲུབ་པ་ཡང་སུན་འབྱིན་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་ཏེ། འདོད་པ་མ་


DTG174_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྲུབ་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། ཕྱིན་ཅི་ལོག་ཏུ་གྲུབ་པས་ནི་སུན་འབྱིན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲུབ་པར་བྱེད་པའི་ནུས་པ་བཅོམ་པའི་ཕྱིར་རོ། །འདི་ལྟར་གཞལ་བྱ་ཉིད་ལ་སོགས་པ་དག་ལ་ཡང་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡོད་པ་མ་ཡིན་ལ། མིག་གིས་གཟུང་བ་ཉིད་ལ་ཡང་ཕྱིན་ཅི་ལོག་ཏུ་གྲུབ་པ་ཅི་ཞིག་ཡོད། གཉི་ག་ལ་གྲུབ་པར་བསྟན་པར་བྱ་བ་གཉི་ག་ལ་མ་གྲུབ་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། འོ་ན་ནི་འདིར་ཡང་ངེས་པར་བསྟན་པར་བྱ་བ་མ་ངེས་པ་ཕྱིན་ཅི་ལོག་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་དང་འགལ་བ་ཁོ་ན་ངེས་པ་ལས་སྒྲུབ་པ་དང་སུན་འབྱིན་པར་འགྱུར་བ་ཡིན་ནོ། །ཕྱོགས་ཀྱི་ཆོས་དགུ་བསྟན་པ་དེ་དག་ནི་གཞལ་བྱ་ཡིན་པའི་ཕྱིར་རྟག་གོ །བྱས་པའི་ཕྱིར་མི་རྟག་གོ །མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བའོ། །བྱས་བའི་ཕྱིར་རྟག་གོ །གསོན་པའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བའི་ཕྱིར་རྟག་གོ །མི་རྟག་པའི་ཕྱིར་རྩོལ་བ་ལས་མ་བྱུང་བའོ། །མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་རོ། །རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དབྱེ་བ་ལ་ནི་མི་མཐུན་པའི་ཕྱོགས་ལ་ལྟོས་ནས་ཡོད་པའམ་མེད་པར་ཇི་ལྟར་འགྱུར་ཏེ། མེད་པ་ནི་གཞི་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་མེད་པ་ལ་ཇི་ལྟར་འགོག་པ་དང༌། མི་མཐུན་པའི་ཕྱོགས་ནི་དེ་མ་ཡིན་པའི་མཚན་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། །གལ་ཏེ་འདི་མི་མཐུན་པའི་ཕྱོགས་ཡིན་ན་གཏན་ཚིགས་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་ཆོས་གཞན་དང་ལྡན་པའི་ཕྱིར་རོ་ཞེ་ན། མི་འགྱུར་ཏེ། བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་བཞིན་ནོ། །དེའི་རིགས་དང་ལྡན་པའི་ཕྱིར་དེ་ཉིད་བྲམ་ཟེ་ཡིན་ལ། ཆོས་གཞན་དང་འབྲེལ་པའི་ཕྱིར་དེ་ཉིད་བྲམ་ཟེ་མ་ཡིན་པ་ཡང་ཡིན་པར་ནི་འཇིག་རྟེན་ན་རྟོགས་པ་མེད་དོ། །འོ་ན་ཅི་ཞེ་ན། བརྗོད་པར་འདོད་པའི་ཆོས་མི་རྟེན་པའི་དངོས་པོ་ཡིན་ནོ། །དགག་པའི་ཡུལ་གཞན་ཡིན་ཡང་སྦྱོར་བ་ནི་རྣམ་པར་ཕྱེ་ནས་འཇུག་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ཀྱི་མཚན་


DTG174_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འགལ་བའི་ཕྱིར་ཡང་དེ་ལྟར་རྟོགས་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཚུངས་པ་ཞེས་བྱ་བ་འདི་ལ། གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་ཞེས་བྱ་བ་ཡིན་ན་མཐུན་པའི་ཕྱོགས་འགའ་ཡང་མེད་པར་འགྱུར་ཏེ། རྣམ་པ་དེ་ལྟ་བུ་ནི་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་གཞན་མ་སྤངས་པ་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དང་འབྲེལ་པའི་བུམ་པ་ལ་སོགས་པ་ནི་མཐུན་པའི་ཕྱོགས་སུ་བྱེད་དོ། །དེས་མི་མཐུན་པའི་ཕྱོགས་ཞེས་བྱ་བས་ནི་ཆོས་གཞན་དང་ལྡན་པ་ཐམས་ཅད་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཆོས་དེས་སྟོང་པ་ཡིན་པའི་ཕྱིར་གཞན་གཟུང་ཡང་སྐྱོན་མེད་དོ། །ཡང་རྒྱུ་ཅིའི་ཕྱིར་དེ་ལྟར་ཕྱོགས་ཀྱི་ཆོས་རྣམས་དགུར་ཕྱེ་ཞེ་ན། རང་བཞིན་འབྲས་བུ་བསྒྲུབ་དོན་དུ། །གཏན་ཚིགས་གཉིས་གཉིས་བཟློག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་བའི་སྒྲུབ་བྱེད་ཡིན། །རང་བཞིན་དང་འབྲས་བུ་དག་ཁོ་ན་བདག་ཉིད་འབྲེལ་པའི་ཕྱིར་གོ་བར་བྱེད་པ་དང༌། བཟློག་ན་ཕྱིན་ཅི་ལོག་ཏུ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་རྟག་སྟེ་བྱས་པའི་ཕྱིར་དང༌། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་གཉིས་དང༌། རྟག་སྟེ་བྱས་པའི་ཕྱིར་དང་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་རོ་ཞེས་འགལ་བ་གཉིས་བསྟན་ཏོ། །རང་བཞིན་ལས་གཞན་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་པ་མི་སྲིད་དེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །མི་རྟག་པ་ཡིན་ཙམ་གྱིས་ནི་ཐམས་ཅད་འབྲས་བུ་བརྩལ་མ་ཐག་ཏུ་འབྱུང་བ་ཅན་གྱི་ཤེས་པ་རྩོམ་པ་མ་ཡིན་ཏེ། དེས་ན་དེ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་གནས་སོ། །བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་སྒྲ་མི་རྟག་པའི་འབྲས་བུ་ཡིན་ནོ། །ཞེས་བྱ་བ་འདི་ཇི་ལྟར་རྟོགས་ཤེ་ན། སྔར་ཡོད་པའི་ཤས་པ་ནི་དེས་པར་བརྩལ་མ་ཐག་ཏུ་འབྱུང་བར་རིགས་པ་མ་ཡིན་པའི་ཕྱིར་ཏེ། སྒྲིབ་བྱེད་དང་དབང་པོ་དང་སྒྲ་དག་ལ་རྩོལ་བ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་སྒྲིབ་པ་ནི་སྲིད་པ་མ་ཡིན་ནོ། །འགའ་ཞིག་ཡོད་དུ་ཆུག་ཀྱང་དེའི་བདག་ཉིད་ཉམས་པར་མ་


DTG174_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་ནུས་པ་བཟློག་པར་མི་རུང་བའི་ཕྱིར་རོ། །དེ་ལ་ཁྱད་པར་སྐྱེ་བ་མེད་པར་ནི་ཅུང་ཟད་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །ཅུང་ཟད་མི་བྱེད་པ་ཡང་ཇི་ལྟར་གང་གི་སྒྲིབ་པར་བྱེད་པའམ་གཞན་ཡིན། གང་གིས་སྒྲིབ་པར་བྱེད་པར་འདོད་པ་རྩིག་པ་ལ་སོགས་པས་བུམ་པ་ལ་སོགས་པ་དག་ལ་ཁྱད་པར་ཅི་ཞིག་བསྐྱེད་པའམ་ཉམས་པར་བྱས་ཤེ་ན། དེ་དག་ཁྱད་པར་ཅུང་ཟད་བྱེད་པར་ནི་མི་སྨྲའི། འོན་ཀྱང་བུམ་པའི་སྐད་ཅིག་ཐམས་ཅད་ནི་ཐམས་ཅད་ཀྱི་དབང་པོའི་ཤེས་པའི་རྒྱུ་མ་ཡིན་ནོ། །ཕན་ཚུན་ལྷན་ཅིག་ཏུ་གྱུར་པའི་ཡུལ་དང་དབང་པོ་དང་སྣང་བ་དག་ཕན་ཚུན་ཁྱད་པར་ཅན་གྱི་སྐད་ཅིག་གཞན་སྐྱེད་པར་བྱེད་པའི་ཕྱིར་རྣམ་པར་ཤེས་པའི་རྒྱུ་ཡིན་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པ་ལྟོས་པར་མི་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་ནུས་པའི་རང་བཞིན་རྟག་ཏུ་སྐྱེད་པའམ་མི་སྐྱེད་པར་འགྱུར་རོ། དེ་དག་ཀྱང་ཐོགས་པ་བྱེད་པ་གཞན་གྱིས་བར་དུ་མཆོད་ན་ཕན་ཚུན་ཕན་འདོགས་པ་ཡིན་ཏེ། བར་དུ་མཆོད་པའི་ཡུལ་རུང་བ་དེ་དག་གི་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རོ། །བར་ཆད་ཡོད་ན་རྒྱུ་མེད་པས་ནུས་པའི་སྐད་ཅིག་གཞན་མི་སྐྱེ་བའི་ཕྱིར་ཡུལ་དེའི་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་རྣམ། བར་ཆོད་ཞུགས་ན་སྔར་སྐྱེས་པའི་ནུས་པ་འགགས་པའི་ཕྱིར་དང༌། རྒྱུ་མེད་པས་སྐྱེ་བར་འདོད་པ་གཞན་ཡང་མ་སྐྱེས་པའི་ཕྱིར་ན་རྒྱུ་མ་ཚང་བས་ཤེས་པ་མི་སྐྱེ་བའི་ཕྱིར་རྩིག་པ་ལ་སོགས་པ་སྒྲིབ་པར་བརྗོད་ཀྱི། རུང་བའི་གེགས་བྱེད་པའི་ཕྱིར་ནི་མ་ཡིན་ཏེ། དེ་ནི་རང་གི་ངོ་བོ་ལས་མི་འཕོ་བའི་ཕྱིར་རོ། །ཡང་ན་དངོས་པོ་སྐད་ཅིག་མ་རྣམས་ནི་ཕན་ཚུན་འདོགས་པར་སྲིད་པ་ཡང་ཡིན་ཏེ། རྒྱུ་དང་རྐྱེན་གྱི་ནུས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་གལ་ཏེ་དབང་པོ་དང་ཡུལ་གྱི་བར་ན་གནས་པའི་སྒྲིབ་པས་དེ་གཉིས་ལ་རྣམ་པར་ཤེས་པ་བསྐྱེད་པ་དང་མི་མཐུན་པའི་ཁྱད་པར་ཆེས་ཆེར་བྱེད་པ་ཡང་ཡིན་ཏེ། སྒྲིབ་པའི་བྱེ་བྲག་གི་སྒྲ་ལ་སོགས་པ་གསལ་བ་དང་མི་གསལ་བར་ཐོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གང་ལ་ཡང་ཅུང་ཟད་ཀྱང་མི་བྱེད་པ་ནི་ཡོད་ཀྱང་མེད་པ་དང་མཚུངས་པའི་ཕྱིར། འདིའི་འདི་ཞེས་


DTG174_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བསྡུ་བ་ནི་རྣམ་པར་རྟོག་པས་སྤྲུལ་པ་ཉིད་དུ་འགྱུར་གྱི། དངོས་པོ་ལ་བརྟེན་པ་ནི་མ་ཡིན་ནོ། །སྒྲོ་བཏགས་པའི་རྗེས་སུ་བྱེད་པ་ཅན་གྱི་དོན་བྱེད་པ་ཡང་ཡོད་པ་མ་ཡིན་ནོ། །མེར་ཉེ་བར་བཏགས་པས་ནི་བྲམ་ཟེའི་ཁྱེའུ་མཚེད་པ་སྒྲུབ་པར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་རྟོག་པ་དེ་ཡོད་ཀྱང་དེས་དངོས་པོ་འགྱུར་བ་མ་ཡིན་གྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་གནས་པ་ཉིད་དོ། །དེས་ན་སྒྲིབ་པ་ཡོད་ཀྱང་དབང་པོ་ལ་སོགས་པ་ཤེས་པ་བསྐྱེད་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་དེས་ཁྱད་པར་བྱས་པར་རྟོགས་པ་ཡིན་ནོ། །དེ་ལྟར་སྒྲ་རྟག་པ་རྣམས་ནི་འགའ་ཞིག་ཡོད་ན་ཁྱད་པར་ཉམས་པའམ་སྐྱེ་བ་མ་ཡིན་ནོ། །དེས་ན་གལ་ཏེ་དེ་དག་སྐྱེད་པའི་རང་བཞིན་ཡིན་ན་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་རང་གི་ཡུལ་ཅན་ཤེས་པ་ཐམས་ཅད་སྐྱེད་པའམ། དེ་ལྟ་མ་ཡིན་ན་ནམ་ཡང་གང་ལ་ཡང་འགའ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །འདི་སྙམ་དུ་སྒྲིབ་པས་རྟག་ཏུ་སྒྲ་ཐམས་ཅད་མ་ཐོས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དག་རྟོགས་པ་ལ་དབང་པོ་ལ་ཕན་འདོགས་པའམ་གཞན་ཡང་རུང་ལྷན་ཅིག་བྱེད་པ་སོ་སོར་ངེས་པ་ཅུང་ཟད་ཡོད་པ་ཡིན་ལ། དེ་རེས་འགའ་འགའ་ཞིག་ལ་འགྱུར་པའི་ཕྱིར། འདི་དག་གི་རེས་འགའ་འགའ་ཞིག་ཏུ་ཐོས་པ་ནི་དེས་བྱས་པ་ཡིན་ནོ་སྙམ་ན། ཁོ་བོ་ཅག་རྒྱུ་རྣམས་ཀྱི་ལྷན་ཅིག་བྱེད་པ་སྤོང་བ་ནི་མ་ཡིན་ཏེ། འོན་ཀྱང་རྒྱུ་རྣམས་ནི་དེའི་གནས་སྐབས་ཀྱི་ཕན་འདོགས་པའི་དོན་ལ་ལྟོས་པ་ཉིད་དེ། དེ་ལས་ཁྱད་པར་ཐོབ་པ་དག་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་སྒྲ་ཡང་འགའ་ཞིག་ལ་ལྟོས་ནས་འབྲས་བུ་བྱེད་ན་ནི་བྱེད་ལ་རག་སྟེ། སྔར་གྱི་རང་བཞིན་ལ་ངེས་པ་ཞེས་བྱ་བ་དེ་ལྟར་ནི་མི་འགྱུར་རོ། །དེ་ནི་ཉམས་པའི་ཕྱིར་ཏེ། ལྟོས་པར་བྱ་བའི་རྩོལ་བའམ། རྩོལ་བའི་ལེགས་པར་བྱས་པའི་དབང་པོའམ། གཞན་ལས་རང་བཞིན་གཞན་ཐོབ་པའི་ཕྱིར་རོ། །ཕན་འདོགས་པ་མ་ཡིན་པ་ནི་ལྟོས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དང༌། དེའི་ཕན་པ་དོན་གཞན་ཉིད་ཡིན་ན་དེའི་ཞེས་འབྲེལ་པ་མེད་པ་ལ་སོགས་པ་ཡང་བཤད་ཟིན་ཏོ། །དེ་ཤེས་བྱ་མ་ཡིན་པར་ཡང་འགྱུར་


DTG174_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཕན་པ་ཉིད་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་སྒྲ་འདི་ནི་དབང་པོའམ་ཕྲད་པའམ་བདག་གམ་གཞན་ཡང་རུང་སྟེ་རང་གི་ཤེས་པ་བསྐྱེད་པ་ལ་ཤེས་པ་བསྐྱེད་པའི་རྐྱེན་འགའ་ཞིག་ལ་ལྟོས་པ་ནི་མ་ཡིན་ཏེ། ཐམས་ཅད་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །འདིས་ནི་དབང་པོ་དང་སྒྲ་ལ་ཉེ་བར་སྦྱོར་བའི་ཕྱིར་རྩོལ་བ་དང་འབྲས་བུ་དང་བཅས་པ་ཡང་བསལ་བ་ཡིན་ནོ། །དབང་པོ་ལ་ཕན་བཏགས་པས་ཀྱང་སྒྲའི་ལྷན་ཅིག་བྱེད་པར་འགྱུར་ན་ལྟོས་པ་མེད་པའི་ཕྱིར་དེ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་དམིགས་པར་བྱ་བའི་རང་བཞིན་དེ་རང་གི་རང་བཞིན་ལས་མ་འཕོས་པའི་ཕྱིར་རྟག་ཏུ་དམིགས་པར་འགྱུར་རོ། །གལ་ཏེ་འགའ་ཞིག་ལ་ནུས་པ་འཐོབ་པའམ་ཉམས་པར་མི་འགྱུར་བ་དེ་ལྟ་ན་དེ་རྟག་པར་འགྱུར་བ་ཡིན་ཏེ། ཤེས་པ་སྐྱེད་པའི་ནུས་པ་དེ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །དོན་གཞན་ཡིན་ན་ཡང་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འདི་རྩོལ་བ་མ་བརྩམས་པ་དང་ཆད་པ་ན་ནི་ནམ་ཡང་མ་དམིགས་ཏེ། དེས་ན་དེའི་བདག་ཉིད་ལ་འདི་ཅུང་ཟད་བྱེད་པར་རྟོགས་པ་ཡིན་ཏེ། བྱེད་པ་པོའི་ཆོས་མཐོང་བའི་ཕྱིར་རོ། །དེའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་རྒྱུ་མི་རྟག་པའི་རང་བཞིན་ཅན་གྱི་འབྲས་བུར་འགྲུབ་བོ། །སྔར་ཡོད་པ་ཡི་ཤེས་པ་ནི། །བརྩལ་མ་ཐག་འབྱུང་ངེས་མིན་ཏེ། །སྒྲིབ་བྱེད་དབང་པོ་སྒྲ་ལ་དེ། །རྣམ་ཀུན་ཉེར་སྦྱོར་མེད་ཕྱིར་རོ། །ལྟོས་པ་མེད་པ་རེས་འགའི་ཚེ། །འབྲས་བུ་མི་བྱེད་འགལ་བའི་ཕྱིར། །ཤེས་པ་འདི་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པས་དེ་རྟགས་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །དཔེར་བརྗོད་པ་འདི་ཉིད་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་བསྟན་པ་ཡིན་ཡང་འབྲས་བུའི་དཔེར་བརྗོད་པ་ལས་རང་བཞིན་ལོགས་ཤིག་ཏུ་བྱས་པ་ནི་ཐམས་ཅད་དེའི་བདག་ཉིད་དུ་རྟོགས་པར་མི་འགྱུར་བར་བྱས་པའི་ཕྱིར་རོ། །དོན་བཤད་ཀྱང་རྗེས་སུ་དཔག་པར་གཏན་ཚིགས་བརྗོད་པའི་དབང་དུ་བྱ་བ་ནི་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །དེས་ན་འདིར་དབྱེ་བ་ཙམ་ཞིག་བཤད་དེ། མཚན་ཉིད་ནི་འདི་ཉིད་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱི་དཔེར་


DTG174_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་འདིས་ནི་ཕྱོགས་གཅིག་ལ་བརྟན་པའི་རང་བཞིན་ཡང་བཤད་པར་རིག་པར་བྱའོ། །དེ་ཉིད་ཀྱིས་ནི་དཔེར་བརྗོད་པ་འདྲ་བར་གསུངས་ཏེ། བརྩལ་མ་ཐག་ཏུ་བྱུང་བའི་གསལ་བ་དང་སྐྱེ་བ་དག་ལ་དེ་ལྟར་བརྗོད་པའི་ཕྱིར་རོ། །ཡོད་པ་གང་མེད་མི་འབྱུང་བའམ། །རང་བདག་རྣམ་དབྱེར་མེད་ཅན་གང༌། །དེས་ནི་དེ་དང་འཁྲུལ་མི་འགྱུར། །ཞེས་བྱའི་དོན་དུ་དེ་རབ་ཕྱེ། །ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་པ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །འབྲེལ་པ་ཡོད་པ་ཡིན་ན་ཡང༌། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ངེས་པ་མེད་ན་མི་འབྱུང་ཡིན། །ངེས་པ་མེད་ན་སྒྲུབ་བྱེད་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གལ་ཏེ་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་མི་དམིགས་པ་འགའ་ཞིག་ཀྱང་གཏན་ཚིགས་གསུམ་པ་མ་ཡིན་ནམ་དེ་ཅིའི་ཕྱིར་དཔེར་མ་བརྗོད་ཅེ་ན། དེ་ཡང་རང་བཞིན་གྱིས་གཏན་ཚིགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དཔེར་བརྗོད་པ་ཁོ་ན་སྟེ། འདི་ལྟར། དམིགས་རུང་མེད་པ་དག་ལ་ནི། །མི་དམིགས་པ་ལས་གཞན་མེད་ཉིད། །དེས་ན་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་བསྒྲུབ། །བལྟར་རུང་བའི་རང་བཞིན་མེད་པ་ནི་མི་དམིགས་པ་ལས་གཞན་མ་ཡིན་ལ། དེ་གྲུབ་པས་ནི་དེའི་རྒྱུ་མཚན་ཅན་མེད་པའི་ཤེས་པ་དང་སྒྲ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏོ། །རྒྱུ་མཚན་ཡོད་ཀྱང་རྒྱུ་མཚན་ཅན་ཡོད་པར་ངས་པ་མེད་པའི་ཕྱིར། དེ་ལྟར་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། བལྟར་རུང་མ་མཐོང་ལ་མེད་ཅེས། །བྱ་བའི་ཐ་སྙད་འདི་གྲུབ་པས། །དེ་འབྲས་ཡིན་ཡང་དེ་ལས་ནི། །བློ་སྒྲ་ཐེ་ཚོམ་མེད་པར་འགྱུར། །གང་གིས་ངེས་པ་མེད་པར་འགྲུབ་བ་ཐ་སྙད་ལ་གདོད་གཞུག་པར་བྱ་བ་ནི་མ་ཡིན་ནོ། །འོན་ཀྱང་བལྟར་རུང་བའི་དངོས་པོ་མ་མཐོང་བ་ལ་མེད་དོ་ཞེས་བྱ་བར་གྲུབ་ཟིན་པ་ཉིད་དོ། །ཉེ་བར་བརྗོད་པ་མེད་པར་གྲུབ་པ་དག་ལ་ཐ་སྙད་དེ་རྟོགས་ཀྱང་རྣམ་པ་ཇི་ཞིག་ལྟར་ཡུལ་ཡོད་ན་ཡང་ཡུལ་ཅན་མི་བརྟན་པར་བྱེད་དོ། །མེད་པའི་ཐ་སྙད་ལ་གང་དུ་ཡང་རྒྱུ་མཚན་


DTG174_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡང་འདིས་སྔར་ལན་ཅིག་མ་ཡིན་པར་སྤྱད་ཟིན་པའི་ཕྱིར་རོ། །འདི་དག་གི་འབྲེལ་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་བལྟར་རུང་བ་མ་མཐོང་བར་གྲུབ་ན་དེའི་རྒྱུ་མཚན་ཅན་མེད་པའི་ཤེས་པ་དང་སྒྲ་དག་གི་རུང་བ་དེ་ཉིད་ལ་ཡང་ཐེ་ཚོམ་མེད་པ་ཉིད་དེ། ལྐོག་ཤལ་ལ་སོགས་པ་གྲུབ་ན་བ་ལང་གི་ཐ་སྙད་བཞིན་ནོ། །ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་པས། །བརྡ་བསྟན་བྱེད་པ་འབའ་ཞིག་གོ །ཇི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་ཉིད་སྒྲུབ་པ་བཞིན། །དེ་གཉིས་ལ་ནི་འབྲས་སོགས་སྒྲ། །ཐ་སྙད་དོན་དུ་བཀོད་པ་ཡིན། །རྒྱུ་ལས་འབྲས་བུ་རབ་བསྒྲུབ་པ། །འདི་ནི་རང་བཞིན་ནང་འདུས་ཕྱིར། །གཏན་ཚིགས་རབ་དབྱེ་བཤད་པ་ལས། །ཐ་དད་པར་ནི་དཔེར་མ་བརྗོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །མི་དམིགས་པ་ལས་ནི་ཁྱད་པར་བྱེད་པའི་རང་བཞིན་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་བོ། །ཁྱབ་པ་ཡང་གཞན་དུ་ཐ་སྙད་དེ་ཙམ་ལས་གྲུབ་པ་སྟེ་ཁྱད་པར་མེད་པའི་ཕྱིར་རོ། །མི་དམིགས་པའི་བདག་ཉིད་དུ་གྱུར་པའི་མེད་པ་གྲུབ་པས་མེད་པའི་ཐ་སྙད་དུ་བསྒྲུབ་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །མི་དམིགས་པ་དེ་ཉིད་ཇི་ལྟ་བུ་གྲུབ་ཅིང་མེད་དེ་འགའ་ཞིག་གི་རྒྱུད་ཡང་ཇི་ལྟར་འགྱུར་ཞེ་ན། ཉེས་པ་དེ་ནི་མེད་དེ་འདི་ལྟར། གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱའམ། །མི་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། །གང་ལས་མེད་པའི་ཐ་སྙད་དུ་འགྱུར་བ་དངོས་པོ་རྣམས་ཀྱི་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པ་ཙམ་གྱིས་ནི་འདི་མི་དམིགས་སོ་ཞེས་བྱ་བ་དེ་ལྟར་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་ལས་ཁྱད་པར་ཅན་གྱི་ཤེས་པ་ཡོད་པ་ལས་ཏེ། འགའ་ཞིག་ཏུ་ཐམས་ཅད་མ་རྟོགས་ན་དངོས་པོ་མེད་པར་མི་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་འགའ་ཞིག་མངོན་སུམ་དུ་གྱུར་ན་དེའི་ཚད་མའི་སྟོབས་ཀྱིས་འདི་ནི་དམིགས་སོ་ཞེའམ། གཞན་དམིགས་སོ་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་འབྱུང་བར་འགྱུར་རོ། །གང་གི་ཕྱིར་དོན་གྱི་


DTG174_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྟོགས་པ་ནི་མྱོང་བའི་ཁྱད་པར་ལས་ཡིན་ལ། མྱོང་བའི་ཁྱད་པར་རྟོགས་པ་ནི་རྣམ་པ་དེ་ལྟ་བུའི་བདག་ཉིད་ཉམས་སུ་མྱོང་བ་ལས་ཡིན་ནོ། །དེས་ན་རང་ཉིད་གྲུབ་པའི་ཁྱད་པར་ནི་དོན་གྱི་དོན་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མྱོང་བའི་ཁྱད་པར་ཡང་མྱོང་བ་གཞན་གྱི་ཁྱད་པར་ལས་ཡིན། དེའི་ཡང་གཞན་ལས་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་བས་ཁྱད་པར་འགའ་ཡང་འགྲུབ་པར་མི་འགྱུར་རོ། །དོན་ནི་རང་གི་ཡོད་པ་དང་ཁྱད་པར་དག་གི་དེ་བསྒྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ཤེས་པའི་ཡོད་པ་དང་ཁྱད་པར་དག་གིས་ཏེ། དེས་ན་རང་དབང་དུ་གྲུབ་པ་མ་ཡིན་ནོ། །ད་བཞིན་དུ་མྱོང་བ་ན་མྱོང་བ་གཞན་གྱི་ཡོད་པ་དང་ཁྱད་པར་དག་ལས་དེ་གྲུབ་པ་མ་ཡིན་ཏེ། ཐམས་ཅད་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། རང་བཞིན་ཁྱད་པར་ཅན་མྱོང་ལས། །གཞན་གསལ་བ་ནི་གཞན་མ་ཡིན། །དེ་ཕྱིར་དེ་མི་དམིགས་པ་ཡང༌། །དེ་ལས་ཁྱད་པར་ཅན་དམིགས་ཉིད། །དེས་ན་མི་དམིགས་པ་འདི་ནི། །མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན། །གང་གི་ཕྱིར་མ་འབྲེལ་པ་ཉམས་སུ་མྱོང་བ་རྣམ་པ་གཅིག་ཏུ་སོ་སོར་ངེས་པ་ལས་གཞན་གསལ་བ་ནི་གཞན་མ་ཡིན་ནོ། །དེ་ཉིད་ནི་ངེས་པ་ཡིན་པའི་ཕྱིར་དེ་ཉིད་ཡོད་དོ། །ཞེས་ངེས་པར་བྱེད་པ་ཤུགས་ཀྱིས་གཞན་ནམ་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་དོ། །དེའི་ཕྱིར་གཅིག་ཏུ་ངེས་པ་དམིགས་པ་ནི་གཞན་མི་དམིགས་པ་དང་དེ་མེད་པའི་ཐ་སྙད་འགྲུབ་པའི་རྒྱུ་ཡིན་ལ། དེ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །གལ་ཏེ་རང་ལས་ཁྱད་པར་ཅན་གྱི་ཤེས་པ་མེད་ཀྱང་མེད་པའི་བློར་འགྱུར་བ་མ་ཡིན་ནམ། དཔེར་ན་མུན་ཁུང་དུ་ལག་པ་བྱུག་པ་བཞིན་ནོ་ཞེ་ན་མ་ཡིན་ཏེ། དེར་ཡང་དེ་ལྟར་བྱུག་པའི་ལག་པའི་ནང་གི་རེག་པའི་ཁྱད་པར་དམིགས་པ་ལས་གཞན་མེད་པར་རྟོགས་པའི་ཕྱིར་རོ། །ནང་གི་རེག་པའི་ཁྱད་པར་དམིགས་པ་གང་ལས་རྩོལ་བ་ཡོད་དམ་མེད་ཀྱང་བླ་སྟེ། ངའི་ལག་པ་བྱུགས་སོ་ཞེས་བྱ་བར་འགྱུར་བ་དེ་ཉིད་ལས་མེད་པར་རྟོགས་པ་ཡིན་ཏེ། དེ་མེད་ན་མེད་པར་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་དམིགས་པའི་


DTG174_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་ཡོད་པ་ན་དམིགས་སུ་རུང་བ་མ་དམིགས་པས་མེད་པར་འགྲུབ་བོ། །དེའི་ཕྱིར་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་སུ་འགའ་ཞིག་མེད་པར་རྟོགས་པར་མི་འགྱུར་ཏེ། དེ་ན་དབང་པོ་ནུས་པ་མ་ཉམས་པ་ལ་སོགས་པ་དམིགས་པའི་རྐྱེན་ཉིད་མེད་པའི་ཕྱིར་རོ། །དེས་ན་ཁྱད་པར་ཅན་གྱི་དམིགས་པ་མེད་པའི་ཕྱིར་ན་དེར་འགའ་ཡང་མེད་པར་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་འདྲ་བའི་མི་དམིགས་པ་ཉིད་མེད་པའི་ཕྱིར་རོ་ཞེ་ན། འདིར་ཡང་དམིགས་པའི་རྒྱུ་ཡོད་པ་ན། ཞེས་བྱ་བས་དབང་པོ་ལ་སོགས་པ་དེ་དག་ཤེས་པ་ལ་ནུས་པ་ཉམས་པ་མེད་པས་དམིགས་པའི་འཇུག་པ་བསྟན་པར་བྱེད་པ་ཡིན་ཏེ། གང་གི་ཚེ་དེ་དག་གི་འབྲས་བུ་འཇུག་པ་དེའི་ཚེ་དེ་དག་ནུས་པ་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་དམིགས་པ་ཉིད་ཡིན་ནོ། །དམིགས་སུ་རུང་བ་མ་དམིགས་པས་ཀྱང་ཁྱད་པར་ཅན་དམིགས་པ་དེ་ཉིད་ཀྱི་རྣམ་པ་གཅིག་ཏུ་ངེས་པ་ཡིན་ཏེ། དེའི་ཕྱིར་ཁྱད་པར་ཅན་དམིགས་པ་དེ་ཉིད་གཞན་མི་དམིགས་པ་ཡིན་ནོ། །གཞན་དུ་དོན་མེད་པ་ཉིད་ནི། །མི་དམིགས་པ་ལས་རྟོགས་པར་འགྱུར། །གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། །དེ་ལྟ་མ་ཡིན་ཏེ། གལ་ཏེ་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་དངོས་པོ་མེད་པར་འགྲུབ་ན་དེ་མེད་པར་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་བས་དངོས་པོ་མེད་པ་མི་རྟོགས་པ་ཉིད་དུ་འགྱུར་རོ། །མྱོང་བ་མེད་པ་ནི་རང་ཉིད་འགྲུབ་པ་མ་ཡིན་ཏེ། དེ་དང་ཁྱད་པར་མེད་པས་ཡུལ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །མྱོང་བ་ནི་བདག་ཉིད་ཀྱི་ཁྱད་པར་ལ་སྒྲུབ་པར་བྱེད་པ་གཞན་མེད་པ་ཡིན་གྱི། མེད་པ་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་གང་ལས་སྐྱོན་འདིར་འགྱུར་བ་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་དངོས་པོ་མེད་པ་གྲུབ་པ་ཡིན་ལ། རང་ལས་ཁྱད་པར་ཅན་གྱི་ཤེས་པ་ཡོད་པ་ལས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ་པ་དམིགས་པ་མེད་པ་ཞེས་བྱ་བ་དངོས་པོ་མེད་པ་ལ་དམིགས་པ་གང་ཡིན་པ་དེ་ཉིད་ལས་ཡིན་ལ་དེ་ཡང་ཚད་མ་རང་རྒྱུད་པ་ཡིན་ནོ་


DTG174_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་ལྟ་ན་འོ་ན་དངོས་པོ་མེད་པ་རྟོགས་པ་དེ་གང་ལས་འགྱུར་ཏེ་དངོས་པོ་མེད་པ་འགའི་ཡང་རྒྱུ་མ་ཡིན་ནོ། །ནུས་པ་མེད་པའི་ཕྱིར་ཏེ། །ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་དང༌། དེ་ཉམས་པ་མེད་པས་དེ་དེ་ལས་སྐྱེ་བ་རྟག་ཏུ་འབྱུང་བར་ཐལ་བའི་ཕྱིར་རོ། །ལྟོས་པ་མེད་པའི་ཕྱིར་ཏེ། ལྟོས་པ་ནི་ཁྱད་པར་ཐོབ་པའི་མཚན་ཉིད་ཡིན་པའི་ཕྱིར་དང༌། དེ་ཡང་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པར་མི་འགྱུར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ཡང་དངོས་པོ་བཀག་པ་ཡིན་ཏེ། དེས་ན་དངོས་པོ་མེད་པ་ལས་སྐྱེའོ་ཞེས་བྱ་བས་ནི་དངོས་པོ་ལས་མི་སྐྱེའོ་ཞེས་རྒྱུ་བཀག་པ་བྱས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་དངོས་པོ་མེད་པ་ཞེས་དངོས་པོ་མེད་པ་ཞེས་དངོས་པོ་ཉིད་འགའ་ཞིག་མིང་གཞན་གྱིས་བརྗོད་པར་འགྱུར་རོ། །དེའི་ཕྱིར་རྟོགས་པ་དེ་ནི་སྲིད་པ་མ་ཡིན་ནོ། །མཐོང་བའི་དེ་མ་ཐག་པ་ཡང་རང་རྒྱུད་པར་མི་འགྱུར་རོ། །དེའི་སྟོབས་ལས་སྐྱེས་པ་ཡིན་ན་ནི་དེ་ཉིད་དེ་ལ་ནུབ་པ་ཡིན་པའི་ཕྱིར་དེ་ཉིད་ཚད་མར་འགྱུར་རོ། །དེའི་རྣམ་པ་ངེས་པའི་ཤུགས་ཀྱིས་གཞན་སྤོང་བའི་ཕྱིར་ཏེ་རྣམ་པ་གཞན་དང་འདྲེས་ན་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་གཞན་གྱི་སྟོབས་ལས་སྐྱེས་པ་དབང་པོ་དང་རྟགས་ལ་མི་བརྟེན་པའི་མི་དམིགས་པའི་རྣམ་པར་རྟོག་པ་འདི་ནི་ཚད་མ་མ་ཡིན་ནོ། །གང་གི་དེ་མ་ཐག་པར་སྒྲུབ་པ་དང༌། དགག་པ་རྣམ་པར་རྟོག་པར་འགྱུར་བ་དེ་ལྟར་སྐྱེས་པ་དེ་ནི་མཐོང་བ་ཉིད་ཡིན་ནོ། །དཔེར་ན་སྔོན་པོ་མཐོང་བ་ནི་འདི་ནི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་དེ་དག་ནི་ཚད་མ་མ་ཡིན་ནོ། །མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་གཞག་པ་འགོག་འགྱུར་དཔེར། །སེམས་ཅན་གཞན་ལ་རྟགས་མེད་ཀྱི། །རྣམ་རྟོག་ལ་སོགས་མི་འགྲུབ་བཞིན། །འབྲས་བུ་ངེས་མེད་ཅན་དེ་དག །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ངེས་པ་བསྒྲུབ་ཕྱིར་གཏན་ཚིགས་ལ། །དང་པོ་དབང་དུ་བྱས་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རང་གི་སྦྱོར་བ་དག་ལ་དེའི། །རང་གི་ངོ་བོ་སྦྱོར་བའམ། །དོན་ལ་གནོད་བྱེད་ངོ་བོ་སྟེ། །ཡོད་ན་ཡོད་ལས་མེད་ཕྱིར་རམ། །གང་གི་ཚེ་མེད་པར་ངེས་


DTG174_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ཅན་ལྡོག་པ་བསྒྲུབ་པའི་མི་དམིགས་པ་དེ་རང་ཉིད་མེད་པ་བསྒྲུབ་པའི་ཕྱིར་རབ་ཏུ་སྦྱོར་བ་དེའི་ཚེ་རང་གི་ངོ་བོས་སྦྱོར་ཏེ། དཔེར་ན་འདི་ན་དུ་བ་མེད་དེ་མ་དམིགས་པའི་ཕྱིར་རོ། །འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ། །འདི་ན་དུ་བ་མེད་དེ་མེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའམ། ཡང་ན་དགག་པར་བྱ་བའི་དོན་ལ་གནོད་པར་བྱེད་པའི་ངོ་བོ་ཉེ་བར་བཀོད་པའི་སྒོ་ནས་རབ་ཏུ་སྦྱོར་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། སྟར་དཔེར་བརྗོད་པ་བཞིན་ནོ། །འགལ་བ་དེ་ཡང་ཇི་ལྟར་རྟོགས་ཤེ་ན། འགའ་ཞིག་ཏུ་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལས་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་ཏེ། དཔེར་ན་གྲང་བ་དང་དྲོ་བའི་རེག་པ་བཞིན་ནོ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བརྟན་དངོས་དང་ནི་འཇིག་པ་བཞིན། །ཡང་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །ཚད་མས་གནོད་པའི་ཕྱིར་ཡང་སྟེ། །ལྟོས་བཅས་དང་ནི་ངེས་དངོས་བཞིན། །ཡང་ན་གལ་ཏེ་དེ་ཉིད་ལ་ཚད་མས་གནོད་པར་བྱེད་པ་ཡིན་ན་དེའི་རྟགས་དང་འགལ་བར་འགྱུར་ཏེ། དཔེར་ན་ལྟོས་པ་དང་ངེས་པའི་དངོས་པོ་བཞིན་ནོ། །ཚད་མ་ཡང་དེའི་རྒྱུ་སྨྲ་བ་རྣམས་ཀྱི་སྐྱེ་བ་དང་ལྡན་པར་ཁས་བླངས་པ་དག་ནི་འཇིག་པར་ངེས་པ་མེད་དོ། །དེའི་ངོ་བོར་འགྱུར་བ་གཞན་ལ་ལྟོས་པར་ཁས་བླངས་པའི་ཕྱིར་རོ། །གང་ཞིག་གང་ངོ་བོར་འགྱུར་བ་གཞན་ལ་ལྟོས་པར་ཁས་བླངས་པ་དེ་ནི་དེའི་ངོ་བོར་ངེས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་གོས་ལ་ཚོན་བཞིན་ནོ། །དེའི་རྒྱུ་རྣམས་ཀྱང་དེར་ངེས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་མ་ཡིན་ཏེ། དེ་དག་ཚང་བ་དང་གེགས་མེད་པར་མ་ངེས་པའི་ཕྱིར། དེ་ཡོད་ན་རང་གི་རྒྱུའི་ཚོགས་པ་ལ་རག་ལས་པ་དེ་ལ་མངོན་དུ་ཕྱོགས་པ་གཞན་དག་ཀྱང་ཡོད་པར་འགྱུར་བ་ནི་མ་ཡིན་ཏེ། རག་མ་ལས་པའི་ཕྱིར་རོ། །དེའི་ཆོས་མ་ཡིན་ན་ཡང་དེ་ཉིད་ལས་དེ་སྐད་ཅིག་མ་ཉིད་དུ་འདོད་པར་འགྱུར་རོ། །དེ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་སྔར་མེད་པ་ནི་ཕྱིས་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །དེའམ་དེའི་རྒྱུ་མི་


DTG174_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་ཀྱི་རྒྱུ་ངེས་པར་བྱེད་པའི་རང་བཞིན་ཡིན་ན་དེའི་ངོ་བོའམ་དེ་སྐྱེད་པར་བྱེད་པར་ཅི་སྟེ་མི་འདོད། བརྒྱུད་པས་ཅི་ཞིག་བྱ་སྟེ། མཐར་དེའི་རང་གི་ངོ་བོ་ཉིད་དེའི་ངོ་བོར་ནུས་པའི་ཕྱིར་རོ། །འདིས་ནི་རེས་འགའ་བའི་ངོ་བོ་ཉིད་ལྟོས་པ་མེད་པ་དང་འགལ་བ་ཡང་བཤད་པ་ཡིན་ནོ། །གལ་ཏེ་འགལ་བ་དེ་ལྟ་བུ་དག་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ནས་འགལ་བ་ཡིན་ཏེ། ངེས་པ་མེད་པས་ངེས་པ་ལ་གནོད་པའི་ཕྱིར་རོ། །ཚད་མས་ནི་འགལ་ཟླ་སྒྲུབ་པར་བྱེད་པ་ཡིན་ལ། གནོད་པ་ནི་དེ་ཉིད་ཀྱིས་ཡིན་ཏེ། དེའི་ཕྱིར་ཚད་མས་གནོད་པས་འགལ་བ་ནི་མ་ཡིན་ནོ་ཞེ་ན་བདེན་ཏེ། འགལ་བས་ཁྱད་པའི་རང་བཞིན་གྱིས་ཀྱང་དོན་དུ་འགལ་བ་ཡིན་པའི་ཕྱིར། དེ་ཉེ་བར་བཀོད་པས་མི་དམིགས་པའི་སྦྱོར་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་སྐད་བརྗོད་དེ། དཔེར་ན་དཔེར་བརྗོད་མ་ཐག་པའི་སྦྱོར་བ་དེ་ཉིད་བཞིན་ནོ། །ཅི་སྟེ་གཙོ་བོ་ལ་སོགས་པ་དེ་དག་ནི་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་ཇི་ལྟར་མེད་པའི་ཐ་སྙད་བསྒྲུབ་པའམ་ཡོད་པའི་ཐ་སྙད་བཀག་པར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། དོན་དེ་དགག་པ་ལ་ཆོས་ཅན་བརྗོད་པའི་ཚིག་སྦྱར་བ་མེད་པའི་ཕྱིར་ཏེ། དེ་མ་བཀག་པའི་ཕྱིར་ཡུལ་མེད་པའི་བཀག་པ་མི་རུང་བའི་ཕྱིར་རོ་ཞེ་ན། སྐྱོན་འདི་ནི་མེད་དེ། འདི་ལྟར། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབ་པ། །ཡོད་མེད་གཉི་ག་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དེ་དངོས་ཉེར་ལེན་ཅན་མིན་པར། །སྒྲུབ་ལ་དེ་ནི་དེ་ལྟ་བུར། །མི་དམིགས་གཏན་ཚིགས་དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །སྒྲ་འདི་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་ཉིད་དུ་བདག་གིར་བྱེད་དོ། །དེ་ནི་འཆད་པ་པོ་དང་ཉན་པ་པོའི་རྣམ་པར་རྟོག་པ་བསྟན་པ་ཡིན་ཏེ། ཇི་ལྟར་སྣང་བའི་དངོས་པོ་བསྟན་པར་འདོད་པས་སྦྱོར་བའི་ཕྱིར་དང༌། དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་རོ། །ཉེ་བར་ལེན་པ་དང་འབྲས་བུའི་ཤེས་པ་ལ་སྣང་བ་མ་ཡིན་


DTG174_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ནི་དེའི་ཡུལ་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་དེ་ནི་ཡོད་པ་དང་མེད་པ་དང་གཉི་གའི་ཤེས་པས་བསྐྱེད་པའི་བག་ཆགས་ལས་བྱུང་བའི་ཕྱིར་དེ་ལ་སྣང་བའི་རྣམ་པར་ཞེན་པའི་དབང་གིས་དངོས་པོ་དང་དངོས་པོ་མེད་པ་དང་གཉི་གའི་ཆོས་ཞེས་བརྗོད་དོ། །དེའི་ཕྱིར་ཆོས་ཅན་དེ་ལ་གནས་པ་རྣམས་ཀྱི་གཙོ་བོའི་སྒྲ་ལས་སྣང་བའི་དོན་འདི་དངོས་པོའི་ཉེ་བར་ལེན་པ་ཅན་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཡོད་པ་དང་མེད་པ་ཉིད་དུ་སེམས་པར་བྱེད་དོ། །དེ་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པར་སྒྲུབ་པ་ལ་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་སྤང་བར་འོས་པ་མ་ཡིན་པའི་དོན་དེ་ནི་ཆོས་ཅན་ཡིན་ནོ། །དོན་དེ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ། མ་ཐོབ་པ་དང་འགགས་པའི་དོན་དག་ལ་ཡང་དེ་མི་ལྡོག་པའི་ཕྱིར་དང༌། དངོས་པོ་ལ་ཕྱིན་ཅི་ལོག་གི་རྣམ་པར་མངོན་པར་ཞེན་པ་མུ་སྟེགས་བྱེད་གཞན་གྱི་ཤེས་པ་ལ་ཡང་སྣང་བའི་ཕྱིར་རོ། །གཅིག་ཏུ་དོན་དམ་ལ་འཇུག་ན། །ལྟ་བའི་བྱེ་བྲག་གཞན་དག་གི །དོན་རྣམས་ལ་ནི་སྒྲ་རྣམས་དག །རྒྱུ་མེད་ཅན་འཇུག་མི་འགྱུར་ཞིང༌། །འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡི། །དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །འདི་དག་བློ་དོན་ཡུལ་ཅན་འདོད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །དེ་ལ་ཇི་ལྟར་འདོད་པའི་རང་བཞིན་གྱི་ཉེ་བར་ལེན་པ་ཅན་མ་ཡིན་པར་བསྒྲུབ་པར་བྱ་བ་ལ་དེ་ལྟར་མི་དམིགས་པའི་ཆོས་ཡོད་པའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་མ་གྲུབ་པ་མ་ཡིན་ནོ། །འདིར་སྒྲའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་དེ་ཉིད་ལ་བསྙེན་པ་ཡང་མ་ཡིན་ཏེ། དེ་བློ་ལ་བཞག་པའི་དོན་དུ་སྒྲ་སྦྱར་བའི་ཕྱིར་དང༌། དེ་མེད་ན་དེ་མི་རུང་བའི་ཕྱིར་རོ། །གཞན་ཡང༌། སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །དེ་ལ་འབྲས་འབྱུང་རག་ལས་ཕྱིར། །སྒྲའི་དོན་ནི་ཡོད་དམ་མེད་ཀྱང་རུང་སྐྱེས་བུའི་དོན་ཅུང་ཟད་ཉམས་པའམ་འགྲུབ་པ་མ་ཡིན་ཏེ། ཇི་ལྟར་མངོན་པར་ཞེན་པ་བཞིན་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་དང༌། དེ་ཁོ་


DTG174_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་ཇི་ལྟ་བ་བཞིན་འདོད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱི་ཚེ་འདི་ཡོད་པ་དང་མེད་པར་སྤྱོད་པ་འཇུག་པ་ན་རྣམ་པར་རྟོག་པའི་སྣང་བ་སྤངས་ཏེ་གང་ལ་སྐྱེས་བུའི་དོན་འདི་འབྲེལ་པ་དངོས་པོ་ཉིད་ལ་གནས་པར་བྱེད་དེ། ཇི་ལྟར་གྲང་བ་སེལ་བ་ལ་སོགས་པ་ལ་མེ་བཞིན་ནོ། །དེ་ལ་སྒྲའི་དོན་ནི་ནུས་པ་མ་ཡིན་ཏེ། དེ་ཉམས་སུ་མྱོང་བར་གྱུར་ཀྱང་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་དོན་བྱ་བ་དོན་དུ་གཉེར་བ་འདི་དེ་མི་ནུས་པ་ལ་ཆེད་དུ་གཉེར་བར་རིགས་པ་མ་ཡིན་ཏེ། འདོད་པ་དང་ལྡན་པ་དག་མ་ནིང་གཟུགས་བཟང་བ་དང་ངན་པ་བརྟགས་པ་ལ་ལྷུར་གཉེར་བ་ནི་མ་ཡིན་ནོ། །གང་ཡང་དེ་སྐད་དུ་བརྟགས་པའི་ཆོས་མི་དམིགས་པ་ཞེས་བཤད་པའི་དོན་ཅི་ཡིན་ཞེ་ན། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས་སྒྲའི་དོན་ཉིད་བརྟགས་པ་ཡིན་ལ། དངོས་པོ་ལ་བརྟེན་པར་མི་དམིགས་པ་ཉིད་ནི་དེའི་ཆོས་ཡིན་ནོ་ཞེས་དགོངས་པ་ནི་འདི་ཡིན་ནོ། །རང་བཞིན་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གནས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་དཔེར་བརྗོད་པ་ཉིད་ཀྱི་དཔེར་བརྗོད་པ་ཡིན་ནོ། །དེ་ཡང་འཇིགས་པ་ལ་བྱས་པ་དང་ཡོད་པ་ཉིད་བཞིན་དུ་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པའམ་འབའ་ཞིག་བསྟན་པར་བྱ་བ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །དེ་ལ། གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན། །བྱེ་བྲག་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་འགལ་ཉིད། །གལ་ཏེ་ཡོད་པའི་མི་རྟག་པ་ཉིད་དམ་གཞན་ལ་གཏན་ཚིགས་ཡིན་ན་བསྒྲུབ་པར་བྱ་བར་ཡང་ཅི་སྟེ་མི་འདོད། དེ་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་ན་ཁྱད་པར་ཅན་དུ་འགྱུར་ན། ཁྱད་པར་ནི་བསྒྲུབ་པར་ནུས་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཞེས་གྲགས་ཏེ། ཇི་སྐད་དུ་ཚད་མའི་ཡུལ་མི་ཤེས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཁྱད་པར་དེ་བསྒྲུབ་པར་བྱ་བ་ཉིད་དུ་འགལ་བར་ནི་མ་ཟད་དོ། །འོ་ན་ཅི་ཞེ་ན། གཏན་ཚིགས་སུ་ཡང་སྐྱོན་མཚུངས་པའི་ཕྱིར་རོ། །གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ནི་གྲུབ་པའི་ཡན་ལག་མ་ཡིན་ཏེ། དེ་ལས་ཐེ་ཚོམ་ཟ་


DTG174_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་ཞེ་ན་སྐྱོན་འདི་ནི་མེད་དེ། འདི་ལྟར། དངོས་པོའི་ཁྱད་པར་ཙམ་ཞིག་ནི། །སྤྱི་ཡི་ཆོས་ཅན་ལ་བསྒྲུབས་ན། །དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །དེ་འདྲ་བ་ནི་བཀག་པ་མེད། །ཐམས་ཅད་དུ་ཡོད་པ་བསྒྲུབས་ན་ཁྱད་པར་བསྒྲུབ་པར་གྱུར་བ་ནི་མ་ཡིན་ནོ། །ཆོས་འགའ་ཞིག་ཡོད་དོ་ཞེས་དངོས་པོ་ཙམ་གྱི་ཁྱད་པར་སྒྲུབ་པའི་རང་བཞིན་གྱི་ཁྱད་པར་མ་བསྟན་པར་འགའ་ཞིག་ཡོད་པ་ཙམ་ལ་འགལ་བ་མེད་པའི་ཕྱིར། འདིར་རེ་ཞིག་ཡོད་པའི་སྒྲུབ་བྱེད་འགོག་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟར་འགའ་ཞིག་ཡོད་དོ་ཞེས་འདིའི་ཁྱད་པར་འགལ་བ་ཡང་མ་རེག་པར་སྨྲ་བས་རང་གི་དོན་ཅི་ཟིག་རྒྱས་པར་འགྱུར། དེའི་ཕྱིར་ཁྱད་པར་གྱིས་ཟིན་པ་ཉིད་འདིས་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྱད་པར་གྱིས་ཟིན་བསྒྲུབ་བྱ་འདིར། །གཏན་ཚིགས་རྗེས་འགྲོ་མེད་པར་འགྱུར། །དེས་ན་ཡོད་པ་བསྒྲུབ་བྱ་ན། །ཁྱད་པར་བསྒྲུབ་བྱར་འགྱུར་བ་ཡིན། །ཆོས་ཅན་གཙོ་བོའི་མཚན་ཉིད་དེ་གཅིག་པུ་དང་རྟག་པ་དང་བདེ་བ་ལ་སོགས་པའི་བདག་ཉིད་དམ་གཞན་ཡང་རུང་སྟེ། དེའི་རང་གི་ངོ་བོ་ཉིད་རྣམ་པ་ཇི་ལྟར་ཡང་རུང་བས་ཁྱད་པར་དུ་གྱུར་པ་བསྒྲུབ་པར་འགྱུར་ན་དེ་ནི་ད་ལྟར་རྗེས་སུ་འགྲོ་བ་མེད་དོ། །གང་ཡང་ཡོད་པ་ཙམ་རྗེས་སུ་འགྲོ་བ་གྲུབ་པས་ནི་ཅུང་ཟད་ཀྱང་བྱར་མེད་དོ། །གལ་ཏེ་དེ་བཞིན་དུ་མེ་ལ་སོགས་པ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ། དེ་ལ་ཡང་མེ་ཡོད་པ་ལ་ནི་རྩོད་པ་འགའ་ཡང་མེད་དེ། མངོན་པར་འདོད་པའི་ཁྱད་པར་ཅན་གྱི་གཞིའི་ཁྱད་པར་དང་ལྡན་པ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མི་འགྲུབ་བོ་ཞེ་ན། གཞི་དེས་དེ་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཞེས་བཤད་ཟིན་ཏོ། །དེའི་ཕྱིར་དེར་ནི་དེ་དང་མི་ལྡན་པ་རྣམ་པར་གཅད་པས་སྤྱི་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འགའ་ཞིག་ལ་ཡོད་པ་བསྒྲུབ་པ་ནི་མ་ཡིན་ཏེ། གཙོ་བོ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བའི་དེན་ཉིད་འགའ་ཡང་མེད་པའི་ཕྱིར། དེ་ནི་ཁྱད་པར་མེད་པ་ཁོ་ན་ཡིན་ནོ། །ཇི་ལྟར་མེད་དེ་དེ་ཡང་ཤེས་


DTG174_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་གཞལ་བྱ་དང་བརྗོད་བྱ་ཉིད་དུ་གྲུབ་པ་ཁོ་ན་ཡིན་ནོ་ཞེ་ན། ཅི་ད་ནི་ཤེས་བྱ་ཡོད་དོ་ཞེས་ཏེ་དེ་བསྒྲུབ་པར་འགྱུར་རམ། དེ་ལྟ་ན་ཡང་ཅི་ཞིག་འགྲུབ་པར་འགྱུར། གལ་ཏེ་བློས་བསྐྱེད་པ་རྣམ་པར་རྟོག་པ་ལ་སྣང་བ་ནི་སྒྲའི་དོན་ཡིན་ལ། དེ་ནི་རང་གི་མཚན་ཉིད་ཀྱི་ཉེ་བར་ལེན་པ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། བསྒྲུབ་པར་བྱ་བ་ཡིན་དུ་ཟད་མོད། འོན་ཀྱང་གཙོ་བོ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་པས་ན་དེ་ཡང་སྒྲའི་དོན་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །དེ་ལྟ་ཡིན་དང་སྔ་མ་བཞིན་དུ་བརྗོད་པར་བྱ་བ་འགའ་ཞིག་ཡོད་དོ་ཞེས་བསྒྲུབ་པར་བྱ་བར་འགྱུར་རོ། །སྒྲའི་དོན་རང་ཉིད་ནི་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ལ་བརྟེན་པ་མ་ཡིན་ཏེ། ཉེ་བར་ལེན་པའི་ཆོས་དེ་དག་ལ་འདོགས་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་ལེན་པ་མ་གྲུབ་པ་དག་ལ་མི་སྲིད་དོ། །དེས་ན་འདི་དག་ནི་ཁྱད་པར་མེད་པ་ཡིན་པས་དེ་དག་ལ་དོན་གྱི་ཉེ་བར་ལེན་པ་ཅན་ཉིད་སྒྲུབ་པ་ནི་དོན་ཡོད་པ་ཙམ་ཉིད་བསྒྲུབ་པ་ཡིན། ཁྱད་པར་སྒྲུབ་པ་ནི་མ་ཡིན་པའི་ཕྱིར་དོན་མེད་དོ། །གཞན་དུ་ནི་མེའི་སྤྱི་དེ་ཉིད་དེར་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །གལ་ཏེ་དེར་ཡང་དེ་དང་མི་ལྡན་པ་མ་ཡིན་པའི་སྤྱི་དང་རྗེས་སུ་འགྲོ་བ་མ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ལྟ་བུས་ནི་འགའ་ཡང་རྗེས་སུ་འགྲོ་བ་བྱེད་པ་མེད་དོ། །གཞན་ལ་སྒྲུབ་པར་བྱེད་པས་ནི་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་དུ་བ་མེ་མེད་ན་མི་འབྱུང་བར་བསྟན་པར་བྱ་བ་ཡིན་ལ། དེ་ལྟར་མེ་ཙམ་གྱིས་ཁྱབ་པ་གྲུབ་པ་དེ་ནི་གང་དུ་རང་ཉིད་སྣང་བ་དེ་ཉིད་དུ་མེའི་བློ་སྐྱེད་པར་བྱེད་དོ། །དེ་ལ་བསྒྲུབ་པར་བྱ་བ་བསྟན་པས་ནི་ཅི་ཡང་མི་དགོས་ཏེ། དེ་ལ་མཐོང་བ་དང་འབྲེལ་པ་བསྟན་པ་ཙམ་གྱིས་འདོད་པ་འགྲུབ་པའི་ཕྱིར་རོ། །དེ་ལ་མ་བསྟན་ན་ཡང་ཇི་ལྟར་དེའི་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བ་ཡིན། དེའི་ཕྱིར་འདི་མེ་མེད་ན་མི་འབྱུང་བར་གྲུབ་པའི་ཤུགས་ཉིད་ཀྱི་མེ་ཕྱོགས་དེ་དང་མི་ལྡན་པ་རྣམ་པར་གཅོད་པའི་ཕྱིར་དེ་དེ་ལྟར་བསྒྲུབ་བྱ་ཡིན་པར་བརྗོད་དོ། །འདིའི་ཁྱབ་པ་ནི་དེ་ལྟར་ཉེ་བར་བཀོད་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། བསྒྲུབ་བྱ་བརྗོད་པ་འདི་ལ་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་སྔོན་


DTG174_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བ་ཅན་ཡིན་ན་ཡང་དམ་བཅའ་བ་སྒྲུབ་པར་བྱེད་པ་ལས་སུས་ཟློག་པར་བྱེད། དེ་སྐད་དུ་ཡང༌། རྟགས་ནི་ཆོས་དང་མི་འཁྲུལ་བར། །གཞན་དུ་བསྟན་པར་བྱ་བ་སྟེ། །དེ་ལ་རབ་གྲུབ་དེ་ལྡན་པར། །ཆོས་ཅན་རྟོགས་པར་འགྱུར་བ་ཡིན། །ཞེས་བཤད་དོ། །དེའི་ཕྱིར་མེ་ལ་སོགས་པ་བསྒྲུབ་པ་བཞིན་དུ་ཡོད་པ་བསྒྲུབ་པ་ཡང་ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིན་ནོ། །དེ་ཡི་ཁྱད་པར་གཟུང་མེད་པར། །དངོས་པོ་ཙམ་ཞིག་སྒྲུབ་བྱེད་ལ། །དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ཡི། །རྗེས་སུ་འགྲོ་བ་ཉམས་པ་མེད། །རང་བཞིན་གྱི་ཁྱབ་པར་ཡོངས་སུ་མ་གཟུང་བར་དངོས་པོ་ཙམ་ཁྱབ་པ་བསྒྲུབ་པར་བྱ་བའི་ཆོས་ལ་ཡོད་པ་སྒྲུབ་པར་བྱེད་པ་ཉིད་ལ་ནི་རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །དེ་ལ་གདོན་མི་ཟ་བར་ཡོངས་སུ་གཟུང་བར་བྱ་བ་ནི་མ་ཡིན་ཏེ། ཡོད་པ་ཙམ་ལ་བརྟེན་ན་ཡང་སྒྲུབ་པར་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཉིད་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །གཞན་ཡང༌། མ་གྲུབ་པ་ལ་ཡོད་ཆོས་མེད། །གཉི་ག་ལ་བརྟེན་འཁྲུལ་པ་དང༌། །མེད་པའི་ཆོས་ནི་འགལ་འགྱུར་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱ་ཡིན། །ཡོད་པ་བསྒྲུབ་པར་བྱ་བ་ལ་དེའི་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ་ལས་མི་འདའ་སྟེ། མ་གྲུབ་པ་དང༌། འཁྲུལ་པ་དང༌། འགལ་བའོ། །དེ་ལ་གལ་ཏེ་དངོས་པོའི་ཆོས་གཏན་ཚིགས་སུ་འདོད་པ་དེ་དེ་ཇི་ལྟར་དང་དངོས་པོར་མི་འདོད་དེ། འགའ་ཞིག་ལ་ལྟོས་ནས་རང་གི་ངོ་དང་དངོས་པོར་མི་འདོད་དེ། འགའ་ཞིག་ལ་ལྟོས་ནས་རང་གི་ངོ་ལས་ཐ་དད་པ་ལྟ་བུར་བསྟན་པ་ཡིན་ནོ། །ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་གིས་བརྗོད་པར་བྱ་བ་ལ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་འདི་ནི་ཚད་མ་རྣམ་འགྲེལ་དུ་བསྟན་ཟིན་ཏོ། །ཅི་སྟེ་གཉི་གའི་ཆོས་བརྗོད་དོ་ཞེ་ན་ཡང་མ་ཡིན་པ་མ་ཡིན་པས་ན་དངོས་པོ་ལ་མི་བརྟེན་པའི་ལྡོག་པ་ཙམ་ནི་མེད་པ་ལ་ཡང་མི་འགལ་བའི་ཕྱིར་ཏེ། དཔེར་ན་ལུས་ཅན་མ་ཡིན་པ་ཞེས་བྱ་བའི་ལུས་མེད་པ་ཉིད་ནི་ཉེ་བར་བརྗོད་པ་མེད་པ་ལ་ཡང་འགྱུར་བ་བཞིན་ནོ། །ཉེ་བར་བརྗོད་པ་མེད་པ་ནི་མེད་པའི་ཕྱིར་དགག་པའི་ཡུལ་མ་ཡིན་ནོ་ཞེ་ན། ཅི་ད་ནི་དེ་སྒྲུབ་པའི་


DTG174_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡིན་ནམ། དེ་ཡང་མ་ཡིན་ནོ་ཞེ་ན། ད་ནི་ཇི་ལྟར་དགག་པའི་ཡུལ་མ་ཡིན་ཏེ། དགག་པ་ནི་སྒྲུབ་པ་ལོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དགག་པ་ནི་ཡོངས་སུ་ཆད་པ་ཁོ་ན་ལ་གནས་པར་འདོད་པ་དེའི་ཕྱིར་ཉེ་བར་བརྗོད་པ་མེད་པ་ལ་ནི་ལུས་ཅན་ཉིད་མ་ཡིན་པ་ལ་སོགས་པ་མ་ཡིན་ནོ་ཞེ་ན། ཀྱེ་མ་བརྡ་ལས་བྱུང་པ་འདོད་པ་ཙམ་གྱི་རྗེས་སུ་བྱེད་པའི་དོན་ངེས་པར་འདོད་པའི་ཉོན་མོངས་པ་འདི་ནི་དཀའ་བས་འཚོ་སྟེ། དེའི་བྲང་བརྡུངས་ཤིང་ཆོ་ངེས་བཏབ་ཀྱང་འཇིག་རྟེན་མི་ལྡོག་པའི་ཕྱིར་རོ། །བརྡ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་དང༌། སྒྲ་སྦྱར་བའི་དགོངས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་རོ། །འདོད་པ་དང་ཁྱད་པར་མེད་པའི་ཕྱིར་གཉི་གར་ཡང་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་རྟོགས་པ་ཡང་བརྡ་ལ་བརྟེན་པའི་ཕྱིར་ཡིན་ལ། དེ་ནི་གཞན་དུ་ཡང་མཚུངས་པའི་ཕྱིར་རོ། །དེས་ན་དེ་རྣམ་པར་བཅད་པ་ཙམ་དེ་ནི་གཉི་ག་ལ་ཡང་ཡོད། སྲིད་པས་མི་མཐུན་པའི་ཕྱོགས་ལ་འཇུག་པ་སྲིད་པའི་དགོས་པ་རྣམ་པར་ཆད་པས་ཐོབ་པའི་གོ་བར་བྱེད་པ་ཉིད་བདག་གིར་བྱེད་པར་ཇི་ལྟར་འགྱུར། ཤེས་བྱ་ཉིད་ལ་སོགས་པའི་ཆོས་རྣམ་པར་བཅད་པའི་རང་བཞིན་མ་ཡིན་པ་དག་ཀྱང་ཅི་ཞིག་ལྟར་དངོས་པོ་མེད་པ་དག་ལ་ཡང་བློས་རྣམ་པར་འཇོག་པའི་ཕྱིར་ཐུན་མོང་མ་ཡིན་པས་དེ་དག་ཀྱང་འདིས་བཤད་པ་ཡིན་ནོ། །དེ་རང་གི་ཚིག་གིས་གཉི་གའི་ཆོས་སུ་སྨྲས་པས་འདི་ཡོད་པ་ལས་གཞན་ལ་ཡང་འཇུག་པ་དང༌། ཡོད་པ་ལ་ཡང་མི་འཁྲུལ་པའི་ཕྱིར་ཇི་ལྟར་བསྙོན་པ་མ་ཡིན། འཁྲུལ་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པས་ཡིན་ཏེ། དེས་ན་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ལ་སོགས་པ་དག་ནི་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་གཉི་གའི་ཆོས་ཡིན་ཡང་སྐྱོན་མེད་དོ། །ཕྱོགས་ཉིད་ནི་འཁྲུལ་པའི་ཡུལ་མ་ཡིན་ནོ་ཞེ་ན། འདིར་གང་ཞིག་མི་མཐུན་པའི་ཕྱོགས་སུ་གཏོགས། བསྒྲུབ་པར་བྱ་བ་མེད་པའོ། །འོ་ན་ད་ཇི་ལྟར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མི་འཇུག་པ་གཉི་གའི་ཆོས་སུ་འགྱུར། གཏན་ཚིགས་ཀྱི་མི་འཁྲུལ་པ་ཕྱོགས་དང་མཐུན་པའི་


DTG174_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ལྟོས་པ་ནི་མ་ཡིན་ཏེ། དངོས་པོར་གནས་པ་ཡིན་པའི་ཕྱིར་རོ། །ཕྱོགས་མ་གཏོགས་པའི་བྱས་པ་མི་རྟག་པ་ཡིན་ནོ་ཞེས་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་རྣམ་པར་གཞག་པས་བསྟན་པར་བྱ་བ་ནི་མ་ཡིན་གྱི། འོན་ཅི་ཞེ་ན། བྱས་པ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་དངོས་པོའི་སྟོབས་ཀྱིས་འོངས་པའི་ཁྱབ་པ་ཉིད་ཚད་མས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་གྲུབ་ན་ཚོས་དེའི་གོ་བར་བྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གང་ཞིག་སྐྱེས་བུས་བསྒྲུབ་པར་འདོད་པ་དེ་ཕྱོགས་ཡིན་པས་ན་གང་འཁྲུལ་པའི་ཡུལ་དུ་མཐོང་བ་དེ་ཉིད་ངེས་ཕྱོགས་སུ་བྱེད་པར་འགྱུར་ཏེ། སྐྱེས་བུའི་འཇུག་པ་ནི་དངོས་པོ་གཞན་གྱི་དབང་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་ཡུལ་ལ་ནི་མངོན་སུམ་ལ་སོགས་པས་གནོད་པ་ཡོད་པ་མ་ཡིན་ཏེ། ཚད་མ་ལ་ཚད་མ་གཞན་གྱིས་གནོད་ན་དེ་ཚད་མ་མ་ཡིན་པར་ཐལ་བའི་ཕྱིར་རོ། །མཚན་ཉིད་དང་ལྡན་པ་ལ་གནོད་ན་དེའི་མཚན་ཉིད་སུན་ཕྱུང་བར་འགྱུར་རོ། །ཞེས་བཤད་ཟིན་ཏོ། །གནོད་པ་མེད་པ་ཡང་མཚན་ཉིད་ཡིན་ན་དེའི་མཚན་ཉིད་མི་ངེས་པ་ཅན་ཉིད་ཡིན་ལ། དེ་ལྟན་ཡང་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་གང་གི་དོན་དུ་མི་འཁྲུལ། བསམ་པ་གང་ཞིག་གང་གིས་སྒྲུབ་པར་བྱེད་པ་ཡིན། དེའི་ཕྱིར་དངོས་པོ་ལ་གང་ཞིག་གང་གས་ཁྱབ་པའམ་མ་ཁྱབ་པ་དེའི་གོ་བར་བྱ་བའམ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་སྐྱེས་བུའི་འདོད་པས་དངོས་པོའི་ཆོས་རྣམ་པར་གནས་པ་མ་ཡིན་ནོ། །གང་གི་ཚེ་འདི་ཕྱོགས་སུ་བྱེད་པ་དེའི་ཚེ་མི་འཁྲུལ་ལ་གཞན་གྱི་ཚེ་དེས་འཁྲུལ་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་ཚད་མ་ཡིན་ནོ། །དངོས་པོ་ཙམ་ཁྱབ་པའི་དོན་རྣམ་པར་བཅད་པ་མེད་པའི་ཆོས་ཡོད་པ་ལ་གཏན་ཚིགས་སུ་བརྗོད་ན་ནི་དེའི་གཏན་ཚིགས་འགལ་བར་འགྱུར་ཏེ། རྣམ་པར་བཅད་པ་དེ་ནི་དངོས་པོ་འགའ་ལ་ཡང་མི་སྲིད་པའི་ཕྱིར་དང༌། དངོས་པོ་མེད་པ་མཐའ་དག་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་རྣམ་པ་འདི་གསུམ་ཀ་ཡང་ཡོད་པ་བསྒྲུབ་པ་ལ་གཏན་ཚིགས་ཀྱི་མཚན་ཉིད་བསྟེན་པ་མ་ཡིན་ལ་རྣམ་པ་གཞན་ཡང་མི་སྲིད་དོ། །དེས་ན་ཡོད་ན་


DTG174_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ཙམ་ཁྱབ་པའི་དངོས་པོའི་ཆོས་ལ་འདི་སྒྲུབ་པར་བྱེད་པ་ཉིད་ཡིན་པ་ལ་ནི་ཡོད་པར་གྲུབ་པའི་ཆོས་ཅན་ལ་སྤྱི་མ་གྲུབ་པ་མ་ཡིན་ལ། གལ་ཏེ་རྣམ་པ་ཇི་ཞིག་ལྟར་བསྒྲུབ་པར་བྱ་བའི་ཆོས་དེས་ཁྱབ་པ་དེས་ན་འགལ་བ་དང་མ་ངེས་པ་ཡང་མ་ཡིན་པའི་ཕྱིར་ཐལ་བ་དེར་མི་འགྱུར་རོ། །དེ་ལྟར་རང་བཞིན་གྱི་མཚན་ཉིད་རྣམ་པ་འདི་གཉིས་ནི་གཏན་ཚིགས་ཡིན་ལ། དེ་ཉིད་རང་གི་ཁྱབ་པར་བྱེད་པ་ལས་བཟློག་པ་བསྒྲུབ་པར་བྱ་བ་ལ་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་བཞི་བཤད་དོ། །ཁྱད་པར་དད་སྦྱིན་མ་ངེས་པ་དག་ཀྱང་ངེས་པར་སྨྲ་བ་བསལ་བའི་བའི་ཕྱིར་གཉིས་ཏེ། དེ་ཡང་གཏན་ཚིགས་ལྟར་སྣང་བའི་སྐབས་སུ་བབ་པ་ན་བཤད་པར་བྱའོ། །གཏན་ཚིགས་ཀྱིས་ལྡོག་པ་གཙོར་བསྒྲུབ་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་བཤད་དོ། །འདི་ལྟར་རྗེས་སུ་འགྲོ་བའི་སྒོ་ནས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ལས་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་མི་རྟོགས་པའི་ཕྱིར་རོ། །འདི་ལས་ནི་རྟོགས་པར་མི་འགྱུར་ཏེ་ལྡོག་པ་མེད་པས་རྗེས་སུ་འགྲོ་བ་འབའ་ཞིག་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རྟག་གོ་ཞེས་བྱ་བ་འདི་ལ་འགྱུར་རོ། །མ་ཡིན་ཏེ་དེ་ལ་ཡང་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པའི་ཕྱིར་རོ་ཞེ་ན། མཐུན་པའི་ཕྱོགས་ལ་ཁྱབ་པའི་ཕྱིར་དང༌། མི་མཐུན་པའི་ཕྱོགས་འགའ་ལ་མེད་པའི་ཕྱིར་ན་འདིར་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང་ལྡོག་པ་སྟོབས་ཆུང་བ་ཡིན་ཏེ། དཔེར་ན་བརྩལ་མ་ཐག་ཏུ་འབྱུང་བ་ཡིན་ཏེ། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མི་མཐུན་པའི་ཕྱོགས་མཐའ་དག་ལས་མ་ལོག་པའི་ཕྱིར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན་ནི་གང་བས་བདེ་ནི་མི་རྟག་པ་ཉིད་དོ་ཞེས་རྟག་པ་རྣམ་པར་བཅད་པས་གོ་བར་བྱེད་པ་ཡིན་པར་འདོད་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པར་བསྟན་པར་མི་ནུས་པའི་ཕྱིར་རོ། །དེས་ན་འདི་ཡོད་པ་ཙམ་དང་མཉམ་པ་དང་གཙོ་ཆེ་བས་རྟོགས་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཡང་བཟློག་པས་ཁྱབ་ན་ཡོད་པ་ཡིན་ཏེ་དཔེར་ན་སྒྲ་མི་རྟག་


DTG174_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་གང་རྩོལ་བ་ལས་བྱུང་བ་དེ་ནི་མི་རྟག་པ་ཉིད་དོ་ཞེས་དེ་ལྟར་རྟག་པ་རྣམ་པར་བཅད་པ་ཉིད་ཀྱིས་གཏན་ཚིགས་གོ་བར་བྱེད་པ་ཡིན་ཏེ། སྒྲ་དང་ས་ཕྱོགས་ལ་སོགས་པར་རྟོགས་པ་དང་མེ་མེད་ལ་སོགས་པ་རྣམ་པར་བཅད་པས་ལྡོག་པ་རྟོགས་ན་ངག་འདིའི་ནུས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་དག་ལས་ཐ་དད་པ་ཙམ་ནི་གོ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་འདི་ལ་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྤྱི་དེ་ཉིད་མི་མཐུན་པ་དང་མ་འདྲེས་པར་གོ་བར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་དག་གདོན་མི་ཟ་བར་གཞན་དང་མ་འདྲེས་པར་གོ་བར་བྱ་བ་ཡིན་ན་དེ་ཙམ་གྱིས་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་དེ་དག་གི་གཞན་དང་མ་འདྲེས་པ་དེ་ཉིད་གོ་བར་བྱ་བར་འགྱུར་མོད། བར་གྱི་སྤྱིས་ཅི་ཞིག་བྱ་ཞེས་ལྡོག་པ་བསྒྲུབས་པས་སྟོན་པར་བྱེད་དོ། །འོ་ན་རྒྱུ་ནུས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེ་ན། ནུས་པའི་རྒྱུ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །འདི་ཡང་ཇི་ལྟར་ཉེ་བ་ལས་གཞན་ལ་མི་ལྟོས་པས་ནི་ངོ་བོ་དེ་ཙམ་དང་འབྲེལ་པའི་རང་བཞིན་ཡིན་ནོ། །དེ་ལ་ནི་རྒྱུ་ཚོགས་པ་རྣམས་ཀྱི་འབྲས་བུ་བསྐྱེད་པར་རུང་བ་ཉིད་འགའ་ཞིག་རྗེས་སུ་དཔོག་ལ། རུང་བ་ཉིད་ཀྱང་ཚོགས་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པས་ན་རང་བཞིན་དུ་གྱུར་པ་ཁོ་ན་ཡིན་ནོ། །ཡང་ཅིའི་ཕྱིར་རྒྱུ་ཚོགས་པ་ལས་འབྲས་བུ་ཁོ་ན་རྗེས་སུ་དཔོག་པར་མི་བྱེད་ཅེ་ན། གང་གི་ཕྱིར་རྒྱུའི་རྫས་ཚོགས་པ་དག་ཁོ་ནས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །བར་འདིར་གེགས་བྱེད་པ་སྲིད་པའི་ཕྱིར་འབྲས་བུ་རྗེས་སུ་དཔོག་པ་མ་ཡིན་ནོ། །རུང་བ་ཉིད་ནི་རྫས་གཞན་ལ་མི་ལྟོས་པའི་ཕྱིར་རྗེས་སུ་དཔོག་པ་ལ་འགལ་བ་མེད་དོ། །རྒྱུ་ཚོགས་པ་འདི་ནུས་པ་ཕྱི་མ་ཕྱི་མར་འགྱུར་བས་འབྲས་བུ་སྐྱེད་པར་ནུས་པ་ཡིན་ཏེ། ནུས་པ་


DTG174_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་རྐྱེན་ལྟོས་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །ནུས་པ་སྐྱེ་བ་ནི་རང་གི་རིགས་སྔ་མ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་ཚོགས་པའི་རུང་བ་ཉིད་ནི་གཞན་ལ་མི་ལྟོས་པ་ཞེས་བྱའོ། །རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་རྗེས་སུ་དཔོག་པར་བྱེད་དེ། མ་ཚོགས་པ་ལ་ནི་ཤིན་ཏུ་ནུས་པ་མེད་པའི་ཕྱིར་དེ་ལས་འབྲས་བུ་དཔོག་པ་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་ཡང་ལྷག་མ་དང་ལྡན་པ་ཡིན་ཏེ། དཔེར་ན་ལུས་དང་དབང་པོ་དང་བློ་དག་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ང་དང་ངའི་ཞེས་མ་མཐོང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པར་ཉེས་པ་རྣམས་མི་སྐྱེ་བའི་ཕྱིར་རོ། །ལུས་ལ་སོགས་པ་རྒྱུ་ཉིད་ཡིན་ཡང་འབའ་ཞིག་པ་རྣམས་ལ་ནུས་པ་མེད་པས་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་རྟགས་འདི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ། །འོ་ན་རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་ཞེ་ན། དེ་ཡང༌། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །དེ་ཡང་རྒྱུ་དེ་ལྟ་བུ་ཁོ་ན་རྗེས་སུ་དཔོག་པར་བྱེད་དོ། །རོའི་རྒྱུ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་ནུས་པ་ཞུགས་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་རོ་སྐྱེད་པར་བྱེད་དེ། མེ་བུད་ཤིང་འགྱུར་བའི་ཁྱད་པར་གྱི་ཉེ་བར་ལེན་པའི་རྒྱུ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་དུ་བ་བསྐྱེད་པ་བཞིན་ནོ། །འདི་ལྟར་རང་གི་རྒྱུ་འབྲས་བུ་བསྐྱེད་པར་བྱ་བ་ལ་མངོན་དུ་ཕྱོགས་པ་མེད་ན་རོ་མེད་པ་ཉིད་གཟུགས་ཀྱི་ཉེ་བར་ལེན་པ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ནོ། །རོའི་ཉེ་བར་ལེན་པའི་རྒྱུ་འཇུག་པ་དེ་ཡང་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་འཇུག་པའི་ལྷན་ཅིག་བྱེད་པ་ཅན་ཡིན་ཏེ། དེའི་ཕྱིར་རྒྱུ་ཇི་ལྟ་བུ་ལས་བྱུང་བའི་རོས་དེ་ལྟ་བུ་རྗེས་སུ་དཔོག་པར་བྱེད་པ་ན་གཟུགས་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །དེ་ལ་


DTG174_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདས་པ་དང་དུས་གཅིག་པ་རྣམས་རྟོགས་ཀྱི། མ་འོངས་པ་རྣམས་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །འདིས་ནི་གྲོག་མ་མཐོང་བ་དང་ཉ་འཕར་བ་ལ་སོགས་པ་ལས་ཆར་བ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་བཤད་པ་ཡིན་ཏེ། དེ་ལ་ཡང་ཆར་པའི་རྒྱུ་འབྱུང་བ་འགའ་ཞིག་གི་ནི་གྲོག་མ་ལ་སོགས་འཁྲུག་པ་ལ་སོགས་པའི་རྒྱུ་ཡིན་ནོ། །གཟུགས་ལས་རེག་པ་རྗེས་སུ་དཔོག་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ཏེ། གཟུགས་ལ་སོགས་པ་ནི་འབྱུང་བ་ལ་བརྟེན་པའི་ཕྱིར་རོ། །འོ་ན་བ་ལང་ཡིན་པའི་ཕྱིར་རྭ་ཅན་ཡིན་ནོ། །ཞེས་བྱ་བ་གང་ཡིན་པ་དེ་ཇི་ལྟར་ཞེ་ན། དེ་ལ་ཡང༌། ཚོགས་པ་རྣམ་པར་གཞག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །དེ་དག་མེད་ན་དེ་མེད་ཕྱིར། །བ་ལང་ཉིད་ལས་རྭ་ཅན་ཡིན། །ལྐོག་ཤལ་དང་རྭ་ལ་སོགས་པའི་ཚོགས་པ་ནི་བ་ལང་ཡིན་ནོ། །དེའི་ཕྱིར་ཚོགས་པ་རྣམ་པར་གཞག་པ་འདི་ནི་ཚོགས་པ་ཅན་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་དེ་མེད་ན་མི་འབྱུང་ལ། ཡོད་ན་རང་གི་རྒྱུ་མཚན་ཉེ་བར་སྟོན་པར་བྱེད་པའི་ཕྱིར་བ་ལང་ཉིད་ལས་རྭ་ཅན་ལ་སོགས་པ་རྟོགས་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །ཆུ་ཡི་བདག་ཉིད་དེ་འདྲ་བ། །གཞི་ལས་མངོན་པར་གྲུབ་པའི་ཕྱིར། །དེའི་འབྲས་ཡིན། ཆུ་བརྟན་པ་མཐོང་ནས་གཏིང་མ་མཐོང་ཡང་གཞི་ཡོད་པར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཉིད་དེ། ཆུའི་བདག་ཉིད་དེ་འདྲ་བ་ནི་གཞི་དེ་ལས་གྲུབ་པའི་ཕྱིར་རོ། །དེ་ལས་ཕན་པ་ཉམས་སུ་མྱོང་བ་མེད་པར་ནི་དེ་ལས་གནས་སྐབས་ཀྱི་ཁྱད་པར་ཐོབ་པར་མི་འཐད་པའི་ཕྱིར་རོ། །ཕན་པ་དོན་གཞན་ཉིད་ཡིན་པ་ལ་ཡང་བཤད་ཟིན་ཏོ། །གལ་ཏེ་དེ་ལས་བདག་ཉིད་ཀྱི་ཁྱད་པར་སྐྱེས་པའི་ཕྱིར་ཆུ་དེ་ལྟར་གནས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྡན་པ་ལས་ཡིན་ནོ་ཞེ་ན། ཇི་ལྟར་དེ་དེ་དག་གི་ལྡན་པ་ཡིན། དེ་དག་ལས་སྐྱེས་པའམ་འཕྲོད་པ་འདུ་བའི་ཕྱིར་ཡིན་གྲང་ན། དེ་ཇི་ལྟར་གཅིག་ཉིད་ལ་འཕྲོད་པ་འདུའམ་སྐྱེ་བར་མི་འགྱུར། དེ་ལ་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། དེ་


DTG174_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོ་སོར་ནུས་པ་མེད་པ་དེ་ནི་ཚོགས་ཀྱང་དེ་འདྲ་བ་ཁོ་ན་ཡིན་པའི་ཕྱིར་ལྡན་པས་དེ་དང་ལྡན་པར་མི་འགྱུར་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་པ་ནི་དེ་ལས་གཞན་པའི་ཕན་འདོགས་པར་བྱེད་པ་ལས་ཁྱད་པར་སྐྱེ་བའི་ཕྱིར་ནུས་པ་ཡིན་ནོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མ་ཡིན་པ་རྣམས་ཀྱི་ཕན་པ་དེ་གང་ཞིག་ཡིན་ཏེ། གང་གི་ངོ་བོ་གྲུབ་ཟིན་པས་བྱ་བ་མ་ཡིན་པའི་ཕྱིར་རོ། །གཞན་གྱི་ངོ་བོ་བྱེད་ན་ཡང་དེ་ལ་ཕན་བཏགས་པ་མེད་པའི་ཕྱིར་རོ། །གཉི་ག་ལྟར་བྱེད་པ་པོ་མ་ཡིན་པ་ནི་ཅུང་ཟད་མི་བྱེད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །དེའི་ཕྱིར་དངོས་པོའི་འབྲེལ་པ་ཐམས་ཅད་ནི་སྐྱེད་པར་བྱེད་པ་ཉིད་ཀྱི་ཉེ་བར་སྦྱོར་བའི་ཁྱད་པར་གྱི་དབང་གིས་རྣམ་པར་དབྱེ་བས་རྒྱུ་དང་འབྲས་བུའི་དངོས་པོ་ལས་རྣམ་པར་གཞག་པ་ཡིན་ནོ། །དེས་ན་མཁར་གཞོང་དང་ས་གཞི་ལ་སོགས་པ་རྣམས་ཀྱི་གཞིའི་དངོས་པོ་འདི་ཡང་རྒྱ་ཤུག་དང་ཆུ་ལ་སོགས་པ་སྐྱེད་པར་བྱེད་པའི་ནུས་པ་ཉིད་དོ། །དེའི་ཕྱིར་འདི་དག་ལ་དེའི་བདག་ཉིད་ཀྱིས་ཐ་སྙད་ལ་སོགས་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཉིད་ཀྱིས་བྱས་པ་ཡིན་ཏེ། ལྡན་པ་ཡོད་ཀྱང་དེ་དག་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར་དང༌། བརྒྱུད་པས་རྟོག་པ་དོན་མེད་པའི་ཕྱིར་རོ། །གནས་པར་བྱེད་པའི་ཕྱིར་གཞི་ཡིན་གྱི་སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གནས་པ་དོན་གཞན་དང་གཞན་མ་ཡིན་པ་ཉིད་ནི་ཕན་པས་བཤད་པ་ཡིན་ནོ། །ལྟུང་བའི་གེགས་བྱེད་པའི་ཕྱིར་གནས་པར་བྱེད་པ་ཡིན་ནོ་ཞེ་ན། གེགས་ཞེས་བྱ་བ་ཅི་ཞིག་གནས་པར་བྱེད་པ་པོས་དེའི་ལྟུང་བའི་གེགས་བྱས་པ་གང་ཡིན་པ་དེ་ནི་དོན་གཞན་མ་ཡིན་པ་ཉིད་དོ། །དོན་གཞན་ཉིད་ཡིན་ན་ནི་དེ་ཉིད་ལ་ཉེ་པར་སྦྱོར་བའི་ཕྱིར་ཇི་ལྟར་ལྟུང་བའི་གེགས་ཡིན་ནོ། །གེགས་ཀྱི་མི་ལྟུང་བ་ལ་ཡང་དེས་གེགས་ཤེས་བྱ་བའི་དངོས་པོ་བྱས་སུ་ཟིན་ཀྱང་དངོས་པོ་འགྲོ་བའི་ཆོས་ཅན་བདག་ཉིད་དུ་གྱུར་པའི་ཁྱད་པར་ཉམས་པ་དང་སྐྱེས་པ་མེད་པ་དེ་གོ་ཅི་སྟེ་མི་ལྟུང་ཞེས་བརྒལ་ཞིང་བརྟག་པ་མཚུངས་སོ། །གེགས་ལས་ཁྱད་པར་གྲུབ་ན་དེ་ཡང་བདག་ཉིད་


DTG174_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་པའི་ཕྱིར་དངོས་པོ་དེའི་ཁོ་ན་ཡིན་པས་ལྟུང་བའམ་ཐུག་པ་མེད་པར་འགྱུར་རོ། །གཞན་དག་དེ་ལྟ་བུར་གྱུར་པའི་བདག་ཉིད་བྱས་པ་ལ་ནི་གེགས་སུ་ཁས་མི་ལེན་ཏོ། །དེའི་ཕྱིར་ལྟུང་བ་མེད་པ་གེགས་ཡིན་ན་དེ་ཇི་ལྟར་འགའ་ཞིག་གིས་བྱེད། དེ་རྣམ་པ་འགའ་ཞིག་ལྟར་བྱ་བ་ཡིན་ན་དངོས་པོ་མེད་པར་མི་འཐད་པའི་ཕྱིར་དང༌། སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་མེད་པ་ཞེས་བྱ་བ་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་མེད་པ་བྱེད་དོ་ཞེས་བྱ་བ་འདི་ནི་དངོས་པོའི་བྱ་བ་འགོག་པ་ཡིན་ཏེ། དངོས་པོ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་ལྟུང་བར་བྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་བརྗོད་པར་བྱ་བར་འགྱུར་ལ། དེ་ཡང་འདོད་པ་ཉིད་དོ། །དེའི་ལྟུང་བ་དེས་བྱས་པ་ནི་མ་ཡིན་ཏེ། ལྟུང་བའི་ཆོས་ཅན་ཉིད་ཡིན་པས་རང་ཉིད་ལྟུང་བའི་ཕྱིར་ཏེ། གནམ་དུ་འཕངས་པ་བཞིན་ནོ། །དེ་ལྟ་ཡིན་དང་དེ་ལ་ཅུང་ཟད་མི་བྱེད་པ་དེ་ཇི་ལྟར་དེའི་གནས་པར་བྱེད་པ་ཡིན། དེའི་ཕྱིར་འདི་གང་གིས་ཀྱང་གེགས་བྱས་པ་མེད་པའི་ཕྱིར་ནམ་ཡང་གནས་པར་མི་འགྱུར་རོ། །དེའི་ཕྱིར་ལྟུང་བའི་གེགས་ཞེས་བྱ་བས་ཀྱང་དངོས་པོ་སྐད་ཅིག་མ་རྣམས་ཀྱི་ཉེ་བར་ལེན་པ་དང་ཡུལ་མཚུངས་པར་སྐྱེ་བར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཆུའི་དེ་འདྲ་བ་ནི་གཞི་ལས་སྐྱེ་བར་གྲུབ་པོ། །ཆུ་སྐྱར་ཡང་གནས་པ་ཆུ་ལ་བརྟེན་པའི་ཕྱིར་རོ། །དེའི་འབྲས་བུ་ཞེས་རྗེས་སུ་འཇུག་གོ །ཆུ་སྐྱར་གྱི་གནས་པ་ནི་ཆུ་ལ་བརྟེན་པ་ཡིན་ཏེ། དེ་ལས་ལུས་གནས་པ་ཐོབ་པས་དེའི་འབྲས་བུ་ཉིད་དུ་འབྲེལ་པའི་ཕྱིར་རོ། །ཡུལ་ལ་སོགས་པ་ལ་ལྟོས་ནས་ཆུ་གོ་བར་བྱེད་པ་ཡིན་ནོ། །ཕྱོགས་འདིས་གོ་བར་བྱེད་པ་གཞན་ལ་ཡང་འབྲེལ་པ་བསྒྲུབ་པར་བྱའོ། །དེའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ལས་གཞན་པའི་གོ་བར་བྱེད་པ་ནི་མེད་དེ། འབྲེལ་པ་མེད་པའི་རང་བཞིན་ནི་མེད་ན་མི་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །ཤེས་བྱེད་ཡན་ལག་མ་གྲུབ་ལ། །ཤེས་བྱེད་ནུས་པ་ཡོད་མིན་ཕྱིར། །ཚུལ་གསུམ་མ་གྲུབ་ཐེ་ཚོམ་ཟ། །རྟོགས་པ་པོ་ཡི་སྒྲུབ་བྱེད་མིན། །ཤེས་པར་བྱེད་པའི་གཏན་ཚིགས་བདག་ཉིད་གང་གིས་ཤེས་པར་བྱེད་པ་ཡིན་པ་དེ་མ་གྲུབ་པའམ་ཐེ་


DTG174_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཟ་ན་ཤེས་པར་བྱེད་པ་མ་ཡིན་ཏེ་སྒྲ་བཞིན་ནོ། །གཏན་ཚིགས་ནི་ཚུལ་གསུམ་གྱི་དོན་གོ་བར་བྱེད་པ་ཡིན་ཏེ། ཚང་བང་དུ་མཐོང་བའི་དུ་བ་ལས་རྒྱ་མཚོར་མེ་བཞིན་དུ་མ་འབྲེལ་བ་ལས་མི་རྟོགས་པའི་ཕྱིར་དང༌། ཐམས་ཅད་ལས་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་ན་འབྲེལ་པ་མེད་པ་ལས་ཀྱང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་དང་འབྲེལ་པ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་དང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བའི་ཆོས་ནི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེ་ལ། གཅིག་རབ་མ་གྲུབ་ཐེ་ཚོམ་ན། །མ་གྲུབ་པ་དང་འཁྲུལ་པ་ཅན། །གཉིས་མ་གྲུབ་བམ་ཐེ་ཚོམ་ན། །འགལ་བ་དང་ནི་འཁྲུལ་པ་ཅན། །ཚུལ་རེ་རེ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པ་དང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །ཆོས་ཅན་དང་འབྲེལ་པ་མ་གྲུབ་ནམ་གྲུབ་པ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཤིང་རྣམས་ནི་སེམས་པ་ཅན་ཡིན་ཏེ། ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་རོ། །ཞེས་བྱ་བ་ནི་ཕྱིར་རྒོལ་བས་ཁས་མ་བླངས་ཏེ། རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགགས་པ་འཆི་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཆི་བ་ཁས་ལེན་ན་སེམས་པ་ཅན་དུ་ཇི་ལྟར་ཁས་མི་ལེན། འཆི་བའི་སྒྲ་འཇུག་པ་གྲུབ་པ་ཉིད་དོ་ཞེ་ན། སྒྲ་ནི་འདོད་པས་འཇུག་པས་དེའི་དབང་གིས་དངོས་པོ་རྣམས་པར་གནས་པ་མ་ཡིན་ཏེ། ཧ་ཅང་ཐལ་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདི་སྐམས་ལ་འཆི་བར་བརྗོད་པ་བཞིན་ནོ། །སྲོག་ཆགས་ཀྱི་འཆི་བ་ནི་དེ་ལྟ་བུ་མ་ཡིན་ཏེ། དེས་ན་འདི་ནི་ཤིང་དག་ལ་མ་གྲུབ་བོ། །དངོས་པོ་ལ་ལྟོས་པ་མེད་པ་འདོད་པས་འཇུག་པའི་སྒྲ་ཙམ་ཡོད་པའི་ཕྱིར་དངོས་པོས་གོ་བར་བྱ་བའི་དངོས་པོ་འགྲུབ་པ་ནི་མ་ཡིན་ནོ། །འདིས་ནི་བློ་དང་གནས་ལ་སོགས་པ་རྣམས་སེམས་པ་མེད་པ་དང་ཁྱད་པར་དུ་འཕགས་པའི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ལ་སོགས་པར་སྒྲུབ་པར་བྱེད་པ་མི་རྟག་པ་ཉིད་དང༌། དབྱིབས་ཀྱི་ཁྱད་པར་ལ་སོགས་པ་དག་ཀྱང་བཤད་པ་ཡིན་ནོ། །དེར་ཡང་སྒྲ་ཙམ་འབའ་


DTG174_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གྲུབ་ཀྱི་དོན་ནི་མ་ཡིན་ནོ། །ཉམས་པ་མེད་པའི་བདག་ཉིད་ཉེ་བར་ཞི་བ་ནི་མི་རྟག་པ་ཉིད་དུ་གཞན་དག་མི་འདོད་དོ། །གལ་ཏེ་ཁྱད་པར་བརྗོད་པར་འདོད་པ་མེད་པའི་སྤྱི་གྲུབ་པ་ཉིད་མ་ཡིན་ནམ། དེ་གྲུབ་ན་ཁྱད་པར་རྣམ་པར་རྟོག་པའི་སྒོ་ནས་མ་གྲུབ་པར་རྩོད་པ་ནི་ལན་ལོག་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་བྱས་པ་ཉིད་ལ་སོགས་པ་ལྟར་མི་རྟག་པའི་སྒྲ་འདི་གང་དང་འབྲེལ་པའི་དངོས་པོ་ཅུང་ཟད་གཅིག་གཉི་གས་ཀྱང་སྤྱིར་འདོད་པ་ཡིན་ན་ལན་ལོག་པར་འགྱུར་བ་ཉིད་དོ། །བསྐལ་བ་ཉིད་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ནི་གཞན་དག་མི་རྟག་པར་མི་བརྗོད་དོ། །འོ་ན་ཅི་ཞེ་ན། འཇིག་པ་ལའོ། །གལ་ཏེ་ཞིག་པ་དང་བསྐལ་བ་དག་མི་གསལ་བ་ཉིད་དུ་འདྲ་བའི་ཕྱིར་གཉི་ག་ལ་ཡང་སྤྱི་ཡོད་པ་ཉིད་མ་ཡིན་ནམ་ཞེ་ན། ཅི་སྟེ་མི་གསལ་བ་ཞེས་བྱ་བ་འདི་ཅི་ཞིག །མི་མཐོང་བའི་བདག་ཉིད་དོ་ཞེ་ན། མཚན་ཉིད་འདིས་གཙོ་བོ་དང་སྐྱེས་བུ་ལ་སོགས་པ་ཡང་མི་རྟག་པར་ཡང་ཐལ་བར་འགྱུར་རོ། །སྔར་ཆོས་གཞན་ཡིན་པ་མི་གསལ་བ་མི་རྟག་པ་ཡིན་ནོ་ཞེ་ན། སྔར་ཆོས་གཞན་ཡང་ཡིན་ལ་ཉམས་པ་མེད་པའི་བདག་ཉིད་ཀྱང་ཡིན་ནོ། །ཞེས་ལེགས་པར་ཐ་སྙད་བྱས་སོ། །འདིས་ནི་དེའི་གནས་སྐབས་ལྡོག་པ་ཡང་བཤད་པ་ཡིན་ནོ། །གང་ཞིག་གནས་སྐབས་ལྡོག་པ་བསྐལ་པ་དང་འདྲ་བ་སྒྲའི་དོན་དུ་སྨྲ་བ་དེ་ལ་ཡང་ཡིན་ལ་ཉམས་པ་མེད་པ་ཡང་ཡིན། གནས་སྐབས་ལྡོག་གི་གནས་སྐབས་ཅན་ནི་མ་ཡིན་ནོ་ཞེ་ན། གནས་སྐབས་ཞེས་བྱ་བ་འདི་ཅི་ཞིག །ཆུ་འཛིན་པ་ལ་སོགས་དོན་བྱེད་པ་ཉེ་བར་བསྒྲུབ་པ་གང་ཡིན་པ་སྟེ། འདི་བུམ་པའོ་ཞེས་འཇིག་རྟེན་པ་འདི་གང་ལ་མངོན་སུམ་དུ་ལྷག་པར་ཞེན་པ་འདི་ཡིན་ཏེ། དེ་ལོག་ན་གཞན་མ་ལོག་ཀྱང་འདི་ཐམས་ཅད་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་གནས་སྐབས་དེ་ཉིད་བུམ་པ་ཡིན་ཏེ། དེ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ལོག་པའི་ཕྱིར་གནས་སྐབས་ཅན་མ་ལོག་པར་གནས་པ་ནི་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ། །ཡོད་ཀྱང་བུམ་པའི་དངོས་པོར་ནི་མི་འགྱུར་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ། །དངོས་པོ་གཅིག་ཉིད་གནས་སྐབས་གཞན་དང་འབྲེལ་པའི་


DTG174_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཐ་དད་པར་མངོན་པ་ཡིན་ནོ་ཞེ་ན། གནས་སྐབས་ཐ་དད་པ་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་དུ་ཅི་སྟེ་མི་འདོད། དེ་ལྟ་ཡིན་དང་བདེ་བ་ལ་སོགས་པ་རྣམ་པ་ཐ་དད་པར་འགྱུར་བར་གདོན་མི་ཟའོ། །རང་བཞིན་འགའ་ཞིག་རྗེས་སུ་བྱེད་པའི་ཕྱིར། གནས་སྐབས་ཐ་དད་ཀྱང་ཐ་མི་དད་དོ་ཞེ་ན། འདི་ནི་བདེ་བ་ལ་སོགས་པ་རྣམས་དང་སྐྱེས་བུ་རྣམས་ལ་ཡང་མཚུངས་པ་མ་ཡིན་ནམ། ཐ་དད་ན་རིམ་གྱིས་མངོན་པར་གསལ་བ་འགལ་བའི་ཕྱིར་གཅིག་ཡིན་ནོ་ཞེ་ན། དེ་ཅི་ད་ནི་རིམ་མ་ཡིན་པར་མངོན་པར་གསལ་བས་བུམ་པ་དང་ཞོ་ལ་སོགས་པ་དུ་མ་ཡིན་ནམ་ཅི། རིམ་གྱིས་མངོན་པར་གསལ་བ་ལ་ཐ་མི་དད་པས་ཁྱབ་པ་མ་གྲུབ་ན་འགལ་བ་ཡང་ཅི་ཡིན། རིམ་པ་དེ་ནི་དེའི་འབྲས་བུ་ཡིན་པས་དེ་མ་གྲུབ་པར་དེ་མི་འགྲུབ་པའི་ཕྱིར་རོ། །ཐ་དད་པ་མེད་པ་ཉིད་ནི་ཆེར་རིམ་པ་མེད་པར་ཐལ་བ་ཡིན་ཏེ། གཅིག་གི་བདག་ཉིད་བཞིན་ནོ། །འབྲས་བུ་ཉིད་ཀྱི་ཕྱིར་ཐ་མི་དད་པ་བཞིན་ནོ་ཞེ་ན། གལ་ཏེ་འབྲེལ་པ་གྲུབ་ན་རིགས་པ་ཡིན་ན་དེ་ནི་རྗེས་སུ་འགྲོ་བ་མེད་པ་ལ་མི་འགྲུབ་པ་ཞེས་བཤད་པར་བྱའོ། །ཇི་ལྟར་འབྲེལ་པའི་ཁྱད་པར་སྤངས་ཀྱང་རྒྱུ་དག་ལས་སྐྱེས་པ་ལ་བྱས་པའི་སྒྲ་ཡིན་པ་ལྟར་གང་ལ་མི་རྟག་པའི་སྒྲ་འདི་འཇུག་པར་འགྱུར་བ་ཐ་དད་པར་རྟོག་པ་མེད་ཀྱང་ཞིག་པ་དང་ཅིག་ཤོས་དག་ལ་ཐུན་མོང་གི་ཆོས་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །ཤིང་དང་སྐྱེས་བུ་དག་ལ་འཆི་བའི་སྤྱི་ཡང་དེ་བཞིན་ཏེ། གལ་ཏེ་གང་ཞིག་མཐོང་བས་སྲོག་ཆགས་གཞན་ལས་ཤི་བར་རྟོག་པ་དེ་འདྲ་བར་ཤིང་དག་ལ་དམིགས་ནས་དེ་ལྟར་འགྱུར་རོ། །ཅི་སྟེ་སྐམ་པ་ལ་སོགས་པ་ཉིད་འཆི་བའི་སྒྲར་བརྗོད་ན་དེ་ལ་ཡང་གང་ལས་འགྲུབ་པར་འགྱུར་བ་སེམས་པ་ཅན་ལ་སོགས་པ་མེད་པར་བརྟག་པར་འགྱུར་རོ། །དེ་བཞིན་དུ་དབྱིབས་ཀྱང་གལ་ཏེ་ཅི་འདྲ་བ་ཞིག་བློ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་ཁང་བཟངས་ལ་སོགས་པའི་བྱེ་བྲག་ཏུ་འཇུག་པ་ཅན་གང་ཞིག་མཐོང་ན་བྱེད་པ་པོ་མ་མཐོང་བ་རྣམས་ལ་ཡང་བྱས་པའི་བློར་འགྱུར་བ་དེ་འདྲ་བ་ཡིན་ན་ཡང་གཏན་ཚིགས་ཐམས་ཅད་དེ་ལྟར་འགྱུར་རོ། །གཞན་ཡང༌། དབྱིབས་སོགས་ཅི་འདྲ་བྱིན་རློབ་བོ། །ཡོད་


DTG174_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྗེས་འཇུག་ཅན་གྲུབ་པ། །དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིག་པ་ཅན་ཡིན་ནོ། །དངོས་ཐ་དད་ལས་རབ་གྲུབ་པ། །སྒྲ་ཐ་དད་ལས་མ་གྲུབ་བོ། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱེ་བོའི་རྫས་ལ་མེ་བཞིན་ནོ། །དེ་ལྟར་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི། །རྣམ་འགྱུར་གཞན་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་བོ། །བསྒྲུབ་བྱ་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་བསྒྲུབ་པར་བྱས་ཡིན་ན། །འབྲེལ་པ་ཅན་ནི་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། །རིགས་གཞན་ལ་ནི་རབ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་དག་ལ་སོགས། །གོ་ཉིད་ཉིད་ན་རྭ་ཅན་བཞིན། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་འགྲུབ། །དངོས་པོའི་རང་བཞིན་མ་གྲུབ་ན། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང༌། །ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ཡི་ནམ་མཁའ་ལ་བརྟེན་བཞིན། །སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་པ་ལ་སངས་རྒྱས་པ། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དཔེར་ན་མངོན་པར་གསལ་བར་སྨྲ་བ་ལ་བྱས་པ་ཉིད་མ་གྲུབ་བོ། །ཞེས་བསྟན་བཅོས་ལ་བརྟེན་ནས་གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཐམས་ཅད་ལ་མ་ཡིན་ཏེ། ཚད་མས་མཐོང་བ་ལ་ཁས་བླངས་པས་མ་གྲུབ་པར་རྩོད་པ་མི་འཐད་པའི་ཕྱིར་དང་རྗེས་སུ་དཔག་པ་ལ་བསྟན་བཅོས་སྐབས་མ་ཡིན་པའི་ཕྱིར་རོ། །ཚད་མ་ཉིད་ཀྱིས་གནོད་པའམ་དེའི་ངོ་བོ་ཚད་མས་མ་རྟོགས་ན་མངོན་པར་གསལ་བར་སྨྲ་བ་ཅི་ཞིག་བྱ། དེའི་ཕྱིར་བསྟན་བཅོས་ལ་བརྟེན་པའི་རྗེས་སུ་དཔག་པ་ཉིད་ལ་བསྟན་བཅོས་ཀྱི་སྒོ་ནས་གང་ཡང་རུང་བ་ལ་མ་གྲུབ་པར་འགྱུར་རོ། །གཞན་ལ་ནི་མ་ཤེས་པའི་ཕྱིར་ཏེ། དེས་ན་དཔེར་བརྗོད་པ་མ་སྨྲས་སོ། །སློབ་དཔོན་གྱིས་ནི་དཔེར་བརྗོད་པའི་ཕྱོགས་ཙམ་ཞིག་བཤད་དོ། །


DTG174_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་དཔེར་ན་སྒྲས་མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་གྲུབ་བ་ཡིན་པར་བརྗོད་པ་དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ནི་ཐ་དད་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཅན་རང་ཉིད་བསྒྲུབ་པ་ལ་སྒྲུབ་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་ངོ་བོར་མ་གྲུབ་པར་བརྗོད་དོ། །དེ་ཉིད་དེའི་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། དེའི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ན་ཡང་དེ་བསྟན་པ་དོན་མེད་པའི་ཕྱིར་རོ། །དེ་ལ་ཁྱད་པར་གཞན་བསྟེན་པ་ནི་མེད་དོ། །དེ་སྒྲ་ཉིད་ཀྱིས་དེ་ལྟར་འགྱུར་ན་ཕྱོགས་བསྟན་པ་ཉིད་ན་དེ་ལྟར་འགྲུབ་པར་འགྱུར་ཏེ། ཕྱིས་ཀྱང་རང་ཉིད་ཁོ་ནས་དེ་ལྟར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་རང་ཉིད་ཀྱི་གཏན་ཚིགས་སུ་མ་གྲུབ་བོ། །སྒྲ་ཅི་ལྟར་མ་གྲུབ་ཅེ་ན་སྒྲ་གྲུབ་སྟེ་དེ་བདག་ཉིད་ཀྱི་གཏན་ཚིགས་ཀྱི་རང་བཞིན་དུ་མ་གྲུབ་པའི་ཕྱིར་མ་གྲུབ་པར་བརྗོད་དོ། །སྒྲ་དེ་ནི་ཕྱོགས་སུ་བྱས་པ་གང་ཞིག་གཏན་ཚིགས་སུ་འགྱུར་བའི་སྒྲ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་གཏན་ཚིགས་ཡིན་ན་ཡང་བསྟན་པར་མི་བྱའོ་ཞེས་བརྗོད་ཟིན་ཏོ། །རྟག་ཏུ་དེའི་ངོ་བོ་གྲུབ་པའི་ཕྱིར་རྩོད་པ་མེད་པར་ཡང་འགྱུར་རོ། །རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར་མི་འགྲུབ་པོ་ཞེ་ན་དེ་ད་ཅི་ཆོས་ཅན་གཞན་ལ་རྗེས་སུ་འགྲོའམ། སྒྲོན་མ་ལ་སོགས་པ་ནི་རང་གི་ངོ་བོར་རུང་བ་ཉིད་ཀྱིས་བདག་ཉིད་ཀྱི་རྣམ་པར་ཤེས་པ་བསྐྱེད་ན་དེ་ལྟར་གསལ་བས་རང་གི་བདག་ཉིད་གསལ་བར་བྱེད་པས་ཞེས་བརྗོད་དོ། །རྟགས་དང་རྟགས་ཅན་ནི་དེ་ལྟར་མ་ཡིན་ཏེ། དེའི་དངོས་པོ་ལ་ཐ་དད་པ་བརྟེན་པའི་ཕྱིར་རོ། །རྟགས་རང་ཉིད་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པས་ནི་རྟགས་ཅན་རྟོག་པར་བྱེད་པ་ཡིན་ནོ། །ཆོས་ཅན་གྱི་རང་གི་སྒྲུབ་པར་བྱེད་པ་ཡིན་ན་ནི་ཐལ་བ་འདིར་འགྱུར་རོ། །དངོས་པོ་ཐམས་ཅད་ལ་ཆོས་དང་ཆོས་ཅན་གྱི་དབྱེ་བ་མ་གྲུབ་པའི་ཕྱིར་སྐྱོན་འདི་ཐམས་ཅད་ལ་མཚུངས་སོ་ཞེ་ན། འདི་ལ་དངོས་པོ་རྣམས་ཀྱི་ལྡོག་པ་ལ་བརྟེན་པའི་ཐ་སྙད་ཐ་དད་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་དེ་བཤད་ཟིན་ཏོ། །དོན་དམ་པ་རྣམ་པར་དཔྱད་ན་ནི་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར། ཀུན་རྫོབ་པའི་དོན་


DTG174_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དེ་ཉིད་དང་གཞན་ཉིད་འགོག་པ་ཡིན་ནོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་ཤེས་པ་ལ་གྲུབ་པའི་ཐ་དད་པ་ལ་བརྟེན་ནས་འཇོག་པ་ཡིན་ནོ། །བདག་ཉིད་ཇི་ལྟའི་ཐ་དད་ཀྱི། །མཐར་ཐུག་ཤེས་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་གྱུར་པ། །དེ་ནི་ཐ་སྙད་རྟེན་ཡིན་ནོ། །འདི་ནི་ཐ་སྙད་ཀྱིས་གཞག་པ། །ཐ་དད་བློ་དང་འབྲེལ་མེད་ཅན། །བསྒྲུབ་བྱ་དེ་ཉིད་སྒྲུབ་བྱེད་དུ། །གཞག་པ་དེས་ན་མ་གྲུབ་བསྟན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །དེའི་ཕྱིར་ཆོས་ཅན་ནི་གཏན་ཚིགས་སུ་གཉི་ག་ལ་མ་གྲུབ་བོ། །འདིས་ནི་ཆོས་ཀྱང་བཤད་པ་ཡིན་ནོ། །དེ་ཡང་གལ་ཏེ་དེ་ཉིད་ལས་གྲུབ་ན། དེ་ནི་སྔ་མ་ཁོ་ནར་བསྟན་པའི་ཕྱིར་སྔ་མ་བཞིན་དུ་ཐལ་བར་འགྱུར་བར་བརྗོད་དོ། །རྗེས་སུ་འགྲོ་བ་མ་གྲུབ་པར་བརྗོད་པ་ཡང་འབྲེལ་པ་མེད་དོ། །དེ་ཉིད་བདག་ཉིད་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འོ་ན་གང་གི་ཚེ་མི་མཐུན་པའི་ཕྱོགས་ལས་གཞན་པ་གཏན་ཚིགས་སུ་བརྗོད་པ་དེའི་ཚེ་ཇི་ལྟར་ཞེ་ན། དེ་ལ་ཡང་བསྒྲུབ་པར་བྱ་བ་མེད་པ་ནི་མི་མཐུན་པའི་ཕྱོགས་ཡིན་པས་དེ་ལས་གཞན་པ་ནི་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར་མ་གྲུབ་བོ། །གལ་ཏེ་ཕྱོགས་ལ་སོགས་བ་རྣམས་ཕན་ཚུན་ཐ་དད་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཕྱོགས་ལ་ཡོད་པ་ཁོ་ན་མ་ཡིན་ཞེ་ན། ཕྱོགས་གང་ཞིག་ཡིན་ལ་མི་མཐུན་པའི་ཕྱོགས་ཀྱང་གང་ཞིག་བསྒྲུབ་པར་འདོད་པ་དེ་ནི་ཕྱོགས་ཡིན་ལ་དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ། །འོ་ན་ནི་དེ་འདོད་པས་གཞག་པའི་མཚན་ཉིད་ཡིན་པས་དངོས་པོའི་དབང་གི་རྣམ་བར་གནས་པའི་མི་མཐུན་པའི་ཕྱོགས་སེལ་བ་ཇི་ལྟར་འགྱུར། དེ་ལྟ་ན་ནི་གཏན་ཚིགས་འགའ་ཡང་མ་ངེས་པར་མི་འགྱུར་རོ། །མི་མཐུན་པའི་ཕྱོགས་ཀྱང་འདོད་པས་བྱས་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་པ་ནི་མཐུན་པའི་ཕྱོགས་ཡིན་ལ་དེ་ལས་གཞན་པ་ཡང་ཆོས་ཅན་ལ་གྲུབ་ན་གང་གི་དོན་དུ་གཏན་ཚིགས་བརྗོད་པ་མ་གྲུབ་པ་ཅི་ཞིག་ཡོད། བསྒྲུབ་པར་བྱ་བ་མ་གྲུབ་ཙམ་གྱིས་ནི་ཐམས་ཅད་དུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་མེད་པར་གཉི་ག་ལ་ངེས་པ་


DTG174_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །མ་ངེས་པའི་ཆོས་ཅན་ལ་ནི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་གྲུབ་བོ་ཞེ་ན། དེ་ལྟ་ན་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་ཏེ། དེས་ན་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པར་མ་ངེས་པའི་རང་བཞིན་འདི་ཇི་ལྟར་སྒྲུབ་པར་བྱེད་པར་འགྱུར་ཏེ། དེའི་མཚན་ཉིད་མ་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ངེས་པར་བྱེད་དོ་ཞེ་ན་ཇི་ལྟར་མ་ངེས་པ་ལ་ངེས་པར་འགྱུར། མི་མཐུན་པའི་ཕྱོགས་ལ་ཡིན་པའི་སྒྲ་ནི་ལྡོག་པ་མ་ངེས་པར་བརྗོད་པའི་ཕྱིར། ཇི་ལྟར་དེ་ཉིད་ཀྱིས་བསྒྲུབ་བྱ་མེད་པ་ལ་ལྡོག་པར་ངེས་གང་གི་ཕྱིར་འདི་འདིར་ཐེ་ཚོམ་ཟ་བའི་ཕྱིར་འདི་ན་མེད་དོ། །ཞེས་བྱ་བ་ཡང་ལེགས་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་ཀྱི་འཇུག་པ་དང་ལྡོག་པར་ཕྱོགས་རྣམ་པར་གཞག་པ་ལ་མི་ལྟོས་པ་དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་ལྡོག་པར་བྱེད་པ་མ་ཡིན་ནོ། །དེ་དག་ལས་གཅིག་ལྡོག་པ་ནི་གཞན་འཇུག་པ་ཡིན་པའི་ཕྱིར་ཇི་ལྟར་མི་རྟག་པ་མེད་པ་ལ་ལྡོག་མི་རྟག་པར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གྲུབ། དེ་ཅི་ད་ནི་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་རམ་ཞེ་ན་རྣམ་གྲངས་ཀྱིས་ནི་འགྱུར་བ་ཡང་ཡིན་ནོ། །མཚན་ཉིད་ཀྱི་དབྱེ་བ་ནི་བརྗོད་ཟིན་པ་ཉིད་དོ། །མི་མཐུན་པའི་ཕྱོགས་སུ་ཐེ་ཚོམ་མི་ཟ་ན་ནི་བསྒྲུབ་བྱ་མེད་པ་རྣམ་པར་གཅད་པའི་དོན་དུ་གཏན་ཚིགས་བརྗོད་པ་མ་ཡིན་ནོ། །གང་ལས་སྐྱོན་འདིར་འགྱུར་བ་གཏན་ཚིགས་ཀྱིས་འབྲེལ་པ་སྟོན་པའི་དུས་ན་ཕྱོགས་ལ་སོགས་པའི་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །འདི་འབའ་ཞིག་ཉིད་འགའ་ཞིག་ཡོད་པ་དང་མེད་པ་དག་ཏུ་འཇུག་པ་དང་ལྡོག་པ་དག་ཏུ་བསྟན་ན་རང་ཉིད་ཡོད་པ་དང་ཤུགས་ཀྱིས་དེ་དེ་ལྟ་བུར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་དེའི་ཤུགས་ཀྱི་ཡུལ་རྗེས་ཐོགས་པ་དེ་ནི་ཕྱོགས་ཞེས་བརྗོད་དོ། །དེས་ན་དེའི་མཚན་ཉིད་ཀྱི་སྒོ་ནས་འོངས་པའི་ཆོས་ནི་སྟོན་པར་བྱེད་པའི་དུས་ན་མེད་པའི་ཕྱིར་ཡན་ལག་མ་ཡིན་ནོ། །འོ་ན་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་གང་ཡིན་པ་དེ་འདི་ཡིན་ནོ། །དེ་ལ་ནི་སྐྱོན་འདི་མེད་དེ། གཞན་སྨོས་པའི་ཕྱིར་རོ། །དེ་


DTG174_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟློག་པ་དང་བྲལ་བ་འབའ་ཞིག་ནི་བསྒྲུབ་པར་བྱ་བའི་ཆོས་སུ་འགྱུར་གྱི་མེད་པ་འབའ་ཞིག་དང་བྲལ་བ་ནི་མ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཁྱད་པར་ཡོད་དོ་ཞེ་ན། འདི་ལ་ཡང་ཁྱད་པར་ཉེ་བར་གཟུང་བ་ནི་འདོད་པ་ཉིད་ལ་གནོད་པར་བྱེད་དོ། །དེ་མེད་པར་ཁས་ལེན་ན་ནི་གཞན་སྨོས་པར་ནུས་པ་མ་ཡིན་ཏེ། དཔེར་ན་མ་ཐ་རའི་བུ་ལས་གཞན་པའི་བྲམ་ཟེ་ལ་ཟན་བྱིན་ཅིག་ཅེས་བྱ་བ་ལྟ་བུའོ། །མ་ཐ་རའི་བུ་བྲམ་ཟེ་མ་ཡིན་ན་ནི་བྲམ་ཟེ་ལ་ཟན་བྱིན་ཅིག་ཅེས་བྱ་བ་ཉིད་བརྗོད་པར་འགྱུར་རོ། །མེད་པ་ཅེས་བྱ་བ་འདི་ནི་ཕ་རོལ་པོའི་བསམ་པ་ཡིན་ཏེ། དེའི་བསམ་པའི་དབང་གིས་དེ་སྐད་བརྗོད་དོ། །དེས་ན་མེད་པ་གཞན་དང་བྲལ་བར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཞེ་ན། དེ་ལ་ཡང་དོན་དམ་པར་མེད་པ་ལ་ཕན་ཚུན་རྣམ་པར་དབྱེ་བ་ཅི་ཞིག་ཡོད། གཅིག་གི་རང་བཞིན་གཞན་ལ་མ་མཐོང་བས་འདི་ལ་ཐ་དད་པ་ཡིན་ནོ་ཞེས་བློས་རྟོགས་པ་ཡིན་ན་དངོས་པོ་མེད་པ་དེ་དག་ལ་ཡོད་ཡོད་ན་ཡང་མེད་པར་མི་འགྱུར་ཏེ་དེ་ནི་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པས་བཀོད་པ་འདི་དག་བདག་ཉིད་མེད་པ་ཡིན་ཡང་སྨྲ་བ་པོ་དག་བརྗོད་པ་གཞན་དང་གཞན་གྱི་རྣམ་པར་དབྱེ་བ་དང་ལྡན་པ་ལྟ་བུར་སྟོན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེས་བྱས་པའི་རྣམ་པར་དབྱེ་བ་ནི་དངོས་པོ་རྣམ་པར་འཇོག་པའི་རྟེན་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཅིག་ལ་གཅིག་ཐ་དད་པ་ཡོད་པ་དང་རྗེས་སུ་འབྲེལ་པར་སྟོན་པ་འདིས་ནི་ཐམས་ཅད་མེད་པ་འཇིག་པར་འགྱུར་རོ། །དེ་ལྟ་ན་ཡང་མེད་པ་གཞན་དང་བྲལ་བའི་ཕྱིར་ཞེས་བྱ་བ་འདི་མ་གྲུབ་པ་ཉིད་དམ་འཁྲུལ་པར་འགྱུར་རོ། །ཅི་སྟེ་ཡང་དེའི་མངོན་པར་འདོད་པ་འགའ་ཞིག་ལ་ཐ་དད་པ་ཡིན་ན་དེ་ལྟར་འགྱུར་ན་འོ་ན་ནི་དེ་ལས་ཐ་དད་པ་ཡིན་པའི་ཕྱིར་དེ་ཉིད་འདོད་པ་ལས་ཡིན་ཏེ། ཡང་འདོད་པ་གཞན་དུ་འགྱུར་ན་གཞན་ལ་ཡང་དེ་ལྟ་བུ་ཡིན་པར་འདོད་པའི་ཕྱིར་རོ། །དེའི་ཕྱིར་འདིར་འདོད་པ་ཉིད་ལ་ནུས་པ་རྣམ་པར་གནས་པའི་ཕྱིར་དེ་ཉིད་འདོད་པའི་དངོས་པོའི་རང་


DTG174_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་སྒྲུབ་བྱེད་དུ་བརྗོད་པར་འགྱུར་རོ། །དེའི་ཕྱིར་འདི་དག་གི་ཕན་ཚུན་དབེན་པས་ཅི་ཞིག་བྱ་སྟེ། དེ་ཉིད་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །དེ་ལ་དངོས་པོ་དང་འབྲེལ་པ་བརྗོད་པར་བྱ་སྟེ། དེ་ལྟ་མ་ཡིན་ན་མི་འགྲུབ་པའི་ཕྱིར་རོ། །འདིས་ནི་བདག་དང་གཞན་གྱིས་ཁས་བླངས་པ་ལ་སོགས་པ་དང༌། སྐྱེས་བུས་རྣམ་པར་གཞག་པ་ལ་བརྟེན་པའི་གཏན་ཚིགས་ཐམས་ཅད་བརྗོད་པ་ཡིན་ཏེ། དཔེར་ན་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །སྤྱི་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕྱོགས་དེའི་འདིས་སྦྱོར་བ་ཐམས་ཅད་ལ་བརྗོད་པ་ཡོངས་སུ་འགྱུར་བས་བྱས་པའི་འཁྲུལ་པ་སྤངས་ཏེ། དོན་རྣམ་པར་གནས་པའི་ཚུལ་གྱི་རྗེས་སུ་འབྲང་བར་བྱའོ། །རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ལྟར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་ཞེ་ན། ལྡོག་པ་ལས་ཐ་དད་པ་བརྟེན་པའི་ཕྱིར་བློ་ཐ་མི་དད་པའི་ཡུལ་ཐ་སྙད་ཀྱིས་ཉེ་བར་གཞག་པའི་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་དམ་བཅས་པའི་དོན་གྱིས་ཕྱོགས་གཅིག་ཉིད་ཡིན་པར་བརྗོད་དོ། །ཁྱད་པར་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་བྱས་ཏེ་གཏན་ཚིགས་སུ་བརྗོད་པ་ལ་ནི་ཆོས་ཐ་དད་པའི་ཕྱིར་རྟགས་དང་རྟགས་ཅན་མི་འགལ་ལོ། །ཁྱད་པར་སྤྱི་ཆོས་ཐ་དད་ཕྱིར། །རྟགས་དང་རྟགས་ཅན་ཡིན་པར་འདོད། །དཔེར་ན་རྩོལ་བ་ལས་བྱུང་སྒྲ། །རྩོལ་བྱུང་ཉིད་ཕྱིར་མི་ཐ་དད་ཕྱིར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་ལག་ནའང་གནོད་མེད་ཕྱིར། །ཆོས་ཅན་ཐ་དད་མ་གྲུབ་མིན། །དཔེར་ན་གོང་བུ་རྭ་ཅན་བཞིན། །རྭ་ཅན་ཉིད་ཕྱིར་རྟ་མིན་བཞིན། །ཡང་ན་དེས་མཚོན་ནས་ལྡོག་ཕྱིར། །བསྒྲུབ་བྱའི་དུས་སུ་ཡན་ལག་མིན། །དེ་ཕྱིར་ཁྱད་པར་དམ་བཅའ་ཡི། །དོན་མིན་ཆོས་ཐ་དད་ཕྱིར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་བཞིན་དུ་རང་ཉིད་དམ་དེའི་གཞི་ལས་ཐེ་ཚོམ་ཟ་ན་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་བསྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང༌། ཡང་དཔེར་ན་རི་སུལ་འདི་ན་


DTG174_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱའི་སྒྲ་གྲག་པའི་ཕྱིར་རོ་ཞེས་བྱ་བ་ལ་དེ་གྲག་པའི་ཡུལ་ཅན་མི་རྟོག་པ་ལྟ་བུའོ། །ཆོས་ཅན་མ་གྲུབ་ན་ཡང་སྟེ། །དཔེར་ན་བདག་ནི་ཁྱབ་པ་ཡིན་ཏེ། །བདེ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །དེ་ལྟར་གཏན་ཚིགས་ཀྱི་ཚུལ་གཅིག་ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེ་བཞིན་དུ་གཅིག་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་ངེས་པ་ཡིན་ནོ། །གཅིག་པོ་གང་ཞེ་ན་ལྡོག་པའོ། །མ་གྲུབ་པ་ནི་དཔེར་ན་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བར་བསྟན་པ་ཐུན་མོང་གི་མ་ངེས་པ་རྣམ་པ་བཞི་ལྟ་བུའོ། །དེ་བཞིན་ཏུ་ཐེ་ཚོམ་ཟ་ན་ནི་དཔེར་ན་བརྗོད་པར་འདོད་པའི་སྐྱེས་བུ་འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་ནམ། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་སྨྲ་བ་ལ་སོགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བ་མི་དམིགས་པའི་རྣམ་པ་འདི་ལྟ་བུ་ནི་ཡུལ་བལྟར་མི་རུང་བའི་བདག་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་སྨྲ་བའང་ཡིན་ལ་ཐམས་ཅད་མཁྱེན་པ་ཡང་འགྱུར་མོད། འདི་ལ་འགལ་བ་ཅི་ཞིག་ཡོད། གལ་ཏེ་འདིར་བློ་དང་མི་གཞན་པ་ཁྱེད་ཀྱིས་མ་དམིགས་པའི་དོན་སྤང་ན་འོ་ན་ཕའི་ཐ་སྙད་ཀྱི་རྒྱུ་མཚན་ལྡོག་པར་ཐལ་བའི་ཕྱིར་ཁྱོད་ཉམས་པར་འགྱུར་རོ། །སྨྲ་བ་དང་ཐམས་ཅད་མཁྱེན་པ་གཉིས་ལ་འགལ་བ་རྣམ་པ་གཉི་ག་གང་ཡང་མེད་པའི་ཕྱིར་རོ། །མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་སྨྲ་བ་མ་ཡིན་ནོ་ཞེས་བྱ་བའི་ལྡོག་པ་ནི་མི་འགྲུབ་སྟེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གནོད་པར་བྱེད་པ་ཡོད་ན་ནི་གཞན་མེད་པར་ངེས་པར་བྱེད་དོ། །མཚན་ཉིད་མི་འགལ་བ་དབང་པོ་ལས་འདས་པའི་རྣམ་པ་ནི་ཤེས་པར་སླ་བ་མ་ཡིན་ཏེ། དེའི་ཕྱིར་སྨྲ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཁྱབ་པ་མ་གྲུབ་བོ། །སྨྲ་བ་པོ་ཐམས་ཅད་ཀྱི་ཆོས་ཉིད་དང་ཡོངས་སུ་བཅད་པར་ཡང་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་མཁྱེན་པར་འགྱུར་བས་


DTG174_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་མ་ཡིན་ནོ། །བདག་ཉིད་ལ་རང་གིས་རིག་པ་དེས་གཞན་ལ་ཡོངས་སུ་བཅད་དོ་ཞེ་ན། གལ་ཏེ་དེ་ལྟར་བདག་ལ་མཐོང་བ་གཞན་ལ་བསྒྲུབས་ན་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནམ། མཐོང་བ་དང་འགལ་བ་ནི་མི་བསྒྲུབ་བོ་ཞེ་ན། རིགས་པ་མཚུངས་ན་ཅི་སྟེ་མི་སྒྲུབ། །ཡང་ན་དེ་རིགས་པ་མ་ཡིན་ཏེ། མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་པའི་ཕྱིར་རོ། །མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ལྡོག་པ་ལས་ཀྱང་ཡིན་ཏེ། དེ་མེད་པའི་ཕྱིར་གཞན་མི་བསྒྲུབ་པོ་ཞེ་ན། ཞུགས་པ་དང་དེར་ཐེ་ཚོམ་ཟ་བ་དག་གིས་མེད་པར་མ་གྲུབ་པའི་ཕྱིར་སྒྲུབ་པ་མ་ཡིན་ནོ། །དེ་དག་ནི་བདག་ཉིད་བལྟར་རུང་བ་ཉིད་ཀྱིས་འགལ་བར་དམིགས་པའི་ཕྱིར་བསྒྲུབ་པར་བྱ་བ་མ་ཡིན་གྱི། གང་གི་མི་མཐུན་པའི་ཕྱོགས་བསལ་ནས་གཅིག་ཏུ་ངེས་པར་བྱེད་པ་བལྟར་མི་རུང་བ་རྣམས་ནི་རང་གི་མི་མཐུན་པའི་ཕྱོགས་དག་དང་ཡང་འགལ་བར་ཡང་མི་འགྱུར་རོ། །བདག་ཉིད་ནང་གི་ཆོས་གཞན་གྱིས་རིག་པར་བྱ་བ་མ་ཡིན་ནོ། །འགའ་ཞིག་དང་ལྡན་པར་རིགས་པས་ཐམས་ཅད་དུ་དེ་ཉེ་བར་བསྒྲུབས་པས་ཐ་སྙད་བྱེད་པའི་བུམ་པ་འདི། བུད་མེད་དང་དམངས་རིགས་རྣམས་དང་ཐུན་མོང་བའི་ཁྱད་པར་ཡང་མི་རྟོགས་པ་ནི་རིག་པ་ངལ་པའི་འབྲས་བུ་ཡོངས་སུ་རྫོགས་པ་གྲུབ་བོ། །དེའི་ཕྱིར་བདག་ལ་མཐོང་བ་ཙམ་གྱིས་ནི་ཉེ་བར་འགྲུབ་པ་མ་ཡིན་ཏེ། དེ་ཙམ་གྱིས་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །སྔར་བཤད་པའི་མི་དམིགས་པའི་མཚན་ཉིད་ལས་ཀྱང་འདི་འདྲ་བའི་སྤྱོད་པ་རྣམས་ཐེ་ཚོམ་གྱི་རྒྱུ་ཡིན་པར་རྟོགས་པར་བྱའོ། །རྗེས་སུ་དཔག་པའི་མཚན་ཉིད་ཀྱི་འདོད་ཆགས་དང་ལྡན་པ་ཡང་དོན་གཞན་ཡིན་པའི་ཕྱིར། ཚིག་ལས་མི་རྟོགས་པ་རྟོགས་པར་བྱ་སྟེ། འབྲེལ་པ་མེད་པའི་ཕྱིར་རོ། །འདོད་ཆགས་མེད་ན་ཚིག་མེད་དོ་ཞེས་ལྡོག་པ་ངེས་པ་ནི་མེད་དོ། །གཡོ་བ་དང་ཚིག་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་ཉིད་ཀྱི་འབྲས་བུ་མ་ཡིན་ཏེ། བརྗོད་པར་འདོད་པ་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེ་འདོད་ཆགས་ཡིན་ནོ་ཞེ་ན། འདོད་པའི་ཕྱིར་སྐྱོན་མེད་དོ། །རྟག་པ་དང་བདེ་བ་དང་


DTG174_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གིར་ལྟ་བས་འཕངས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡང་དག་པ་མ་ཡིན་པའི་ཡོན་ཏན་ལ་མངོན་པར་དགའ་བ་ནི་འདོད་ཆགས་ཞེས་བརྗོད་དོ། །དགའ་བ་དེའི་ཡུལ་ཅན་མི་མཐུན་པ་ལ་དེས་བྱས་པའི་སེམས་ཀྱིས་འཁྲུག་པ་ནི་ཞེ་སྡང་ངོ༌། །གཉི་གའི་སྔོན་དུ་འགྲོ་བ་ཅན་གྱི་རྟེན་ཕྱིན་ཅི་ལོག་དེ་ཉིད་ནི་གཏི་མུག་གོ །སྙིང་རྗེ་ལ་སོགས་དེ་ལྟ་བུ་ནི་མ་ཡིན་ཏེ། གཞན་དུ་སྲིད་པའི་ཕྱིར་རོ་ཞེས་རྣམ་འགྲེལ་བཤད་ཟིན་ཏོ། །དེ་ལ་ཇི་ལྟར་འདོད་ཆགས་དང་བཅས་པ་སྨྲ་བ་ལྟར་ཞེས་འདོད་ཆགས་དང་བྲལ་བ་ཡང་སྨྲ་བས་ཚིག་ཙམ་ལས་ནི་མི་རྟོགས་སོ། །ཁྱད་པར་ལས་ཀྱང་མ་ཡིན་ཏེ། བསམ་པ་རྟོགས་པར་དཀའ་བའི་ཕྱིར་ཐ་སྙད་འཆོལ་བས་ཐམས་ཅད་འཁྲུལ་པའི་ཕྱིར་རོ། །དོགས་པ་མེད་པའི་ཕྱིར་མི་སྨྲའོ་ཞེ་ན་མ་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་མི་འཐད་དོ་ཞེ་ན་མ་ཡིན་ཏེ། སྙིང་རྗེས་ཀྱང་འཇུག་པའི་ཕྱིར་རོ། །དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། མིང་དུ་འདོད་པ་མི་དགག་གོ །རང་བཞིན་ནི་ཐ་མི་དད་དོ། །མི་སྡུག་པ་ལ་མངོན་པར་དགའ་བ་ཉིད་མཚམས་འབྲེལ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལས་བྱུང་བ་དེ་ནི་སྐྱོན་མེད་དོ། །སྙིང་རྗེ་ནི་བདག་ཏུ་འཛིན་པ་མེད་ཀྱང་སྡུག་བསྔལ་གྱི་ཁྱད་པར་མཐོང་བ་ཙམ་གྱི་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་ཏེ། འདི་ལྟར་མདོ་ལས། བྱམས་པ་ལ་སོགས་པ་ནི་སེམས་ཅན་ལ་དམིགས་པ་ལ་སོགས་པ་བསྟན་ཏོ། །དེ་དག་ཀྱང་རིགས་མཐུན་པ་གོམས་པ་ལས་འཇུག་པ་ཅན་ཡིན་ནོ། །འདོད་ཆགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །སྙིང་རྗེ་ཅན་གྱི་རྩོམ་པ་འབྲས་བུ་མེད་པ་ཡང་ཕྱིན་ཅི་ལོག་ལས་ཡིན་ནོ་ཞེ་ན་མ་ཡིན་ཏེ། གཞན་གྱི་དོན་ཉིད་འབྲས་བུ་ཉིད་དུ་འདོད་པའི་ཕྱིར་ཏེ་འབྲས་བུའི་མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །སྨྲ་བ་པོ་བདག་ཉིད་ལ་འདོད་ཆགས་ལ་སོགས་པ་མཐོང་བས་གཞན་ལ་དེ་རྗེས་སུ་དཔོག་ན་ཧ་ཅང་ཐལ་བར་འགྱུར་བ་བཤད་ཟིན་ཏོ། །འཁྲུལ་པའི་ཕྱིར་གཞན་རྗེས་སུ་མི་དཔོག་ན་


DTG174_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མི་འཁྲུལ་ལོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། མ་མཐོང་བ་ལ་ནི་བརྗོད་ཟིན་ཏོ། །ཚུ་རོལ་མཐོང་བ་འདི་ལྟར་རུང་བའི་བདག་ཉིད་ནི་ལྷན་ཅིག་ཏུ་འགྱུར་བའམ་དེ་ལྟ་མ་ཡིན་པར་མཐོང་གི་གཅིག་ཏུ་ངེས་པར་ལྐོག་ཏུ་གྱུར་པའི་དོན་ནི་མེད་པར་ངེས་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་གིས་ནི་བྱེད་པའི་ཡོན་ཏན་དང་རྗེས་སུ་དཔོག་པར་བྱེད་དོ། །འདིར་ཡང་བདག་ལས་མཐོང་བས་རྗེས་སུ་དཔོག་པ་མ་ཡིན་པ་ཞེས་བྱ་བའི་ཐལ་བ་འདི་མཚུངས་སོ་ཞེ་ན་མ་ཡིན་ཏེ། དེ་དག་འདིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་གྲུབ་པས་གཞན་ལ་རྗེས་སུ་དཔོག་པའི་ཕྱིར་རོ། །མི་སྡུག་པ་ལ་མངོན་པར་དགའ་བ་དང༌། ཕྱིན་ཅི་ལོག་དང་ཚིག་ནི་དེ་ལྟར་དེ་གྲུབ་པ་མ་ཡིན་ཏེ། བདག་ཉིད་ལ་གཞན་དུ་མཐོང་བའི་ཕྱིར་རོ། །འདོད་ཆགས་སྐྱེས་པར་རུང་བ་ཉིད་དང་བྲལ་བ་ལ་ཚིག་མ་མཐོང་བའི་ཕྱིར་དེ་རྗེས་སུ་དཔོག་ན་ལྡོག་པ་མ་གྲུབ་པའི་ཕྱིར་རྒྱུ་དང་འབྲས་བུ་ཉིད་དུ་མ་གྲུབ་བོ། །སེམས་པ་མེད་པ་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། རྣམ་པ་འདི་ལྟ་བུའི་ལྡོག་པས་ནི་རྒྱུའི་ནུས་པ་མི་གྲུབ་བོ། །དེ་ལས་གཞན་པའི་ནུས་པ་དག་ཡོད་པ་ན་འབྲས་བུ་མི་སྐྱེ་བས་རྒྱུ་གཞན་རྗེས་སུ་དཔོག་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་ལྡོག་པ་ནི་སེམས་པ་མེད་པ་དག་ལ་མི་སྲིད་དེ། དེ་དག་ལ་ནི་སེམས་པ་དང་བྱེད་པའི་ཡོན་ཏན་ལ་སོགས་པ་ནུས་པ་མཐོང་བའི་རྒྱུ་ཉིད་མེད་པའི་ཕྱིར་ཐེ་ཚོམ་ཟའོ། །འདོད་ཆགས་ཀྱིས་ཕན་མི་འདོགས་ན་ཇི་ལྟར་དེའི་ནུས་པས་ཕན་འདོགས་པར་འགྱུར་ཏེ། རང་གི་ངོ་བོའི་ཡོན་ཏན་ནུས་པ་ལ་ཉེ་བར་བཏགས་པའི་ཕྱིར་རོ། །གང་ལ་དེས་མི་ནུས་པ་དེ་ལ་ནུས་པས་ནུས་པ་མ་ཡིན་ནོ། །དེ་མེད་ན་དེ་མི་འབྱུང་བའི་འབྲས་བུ་ཁོ་ནས་རྒྱུ་རྗེས་སུ་དཔོག་པར་བྱེད་དེ་དེར་འབྲེལ་པའི་ཕྱིར་རོ། །གཞན་ནི་མི་མཐུན་པའི་ཕྱོགས་ལ་མ་མཐོང་ཡང་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི་ཐམས་ཅད་ན་མེད་པ་གོ་བར་བྱེད་དོ། །ལ་ལ་ན་དེ་ལྟར་མཐོང་བ་རྣམས་ཀྱང་ཡུལ་དང་དུས་དང་འདུ་བྱ་བའི་ཁྱད་པར་ལས་


DTG174_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སྣང་བའི་ཕྱིར་ཏེ། དཔེར་ན་སྐྱུ་རུ་རའི་ཤིང་དག་འོ་མས་བཅུས་ན་འབྲས་བུ་མངར་པོ་ཆགས་ལ་ཕལ་ཆེར་ནི་དེ་ལྟར་མི་སྣང་བ་ལྟ་བུའི། །དེས་ན་འདི་སྐད་དུ་བདག་ལྟ་བུའི་སྨྲ་བ་པོ་ནི་འདོད་ཆགས་ཅན་ཡིན་ནོ་ཞེས་བརྗོད་པར་རིགས་པ་ཡིན་ཏེ། འདོད་ཆགས་སྐྱེ་བའི་རྐྱེན་གྱི་ཁྱད་པར་བདག་ཏུ་ལྟ་བ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེའི་ཚེ་ཡང་སྨྲ་བ་པོ་དཔེར་བརྗོད་པ་ནི་མེད་དོ། །དེའི་ཕྱིར་འདི་ཡང་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་ཚུལ་གཉིས་མ་གྲུབ་པ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་འདི་དག་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡིན་ནོ། །འདོད་པ་ལ་གནོད་པར་བྱེད་པ་འགལ་བ་གསུམ་པ་ཡང་ཡོད་པ་མ་ཡིན་ནམ། དཔེར་ན་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་འདོད་པ་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ། །དེ་ཅིའི་ཕྱིར་མ་སྨོས་ཤེས་ན། བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་ལས་འདི་བསྒྲུབ་པར་བྱ་བའི་ཆོས་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཉིད་དུ་ནི་བྱེ་བྲག་ཡོད་པ་མ་ཡིན་ནོ། །འདོད་པ་དང་སྨྲས་པ་དག་བསྒྲུབ་པར་བྱ་བ་ཉིད་དུ་ནི་ཁྱད་པར་འགའ་ཡང་མེད་དོ་ཞེས་བཤད་ཟིན་ཏོ། །ཁྱད་པར་ཡོད་ན་ནི་འགལ་བ་བཞིན་དུ་འདོད་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །གཅིག་ཉིད་ཀྱི་ཚིག་གིས་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཡང་གཅིག་ཉིད་དོ། །དེའི་ཐ་དད་མ་ནི་སྦྱོར་བའི་བྱེ་བྲག་ལས་ཏེ་ལ་ལར་ནི་བརྗོད་པ་དང་ཤུགས་དག་གིས། ལ་ལར་ནི་བརྗོད་པར་འདོད་པས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་ཉེ་བར་གཞག་པས་ཡིན་ལ། འགལ་བ་བཞིན་དུ་གཏན་ཚིགས་ཀྱང་ཅི་སྟེ་ཐ་མི་དད་ཅེ་ན། རྣམ་པར་འབྱེད་པ་ལ་སུ་འགོག །དོན་གྱིས་འཕངས་པའི་འདོད་པ་མ་


DTG174_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཕ་རོལ་པོའི་འདོད་པ་ཡིན་པའི་ཕྱིར་དེའི་བསམ་པའི་དབང་གིས་འདོད་པ་ལ་གནོད་པར་བྱད་པ་ཞེས་བརྗོད་ཀྱི། མཚན་ཉིད་ཐ་དད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལོགས་ཤིག་ཏུ་བསྟན་པར་བྱ་བ་མ་ཡིན་པར་བཤད་དོ། །གལ་ཏེ་འདུས་པ་རྣམས་འདུས་པ་མ་ཡིན་པར་གཞན་ལ་ཕན་འདོགས་པར་ངེས་པ་མེད་པའི་ཕྱིར་འགལ་བ་མ་ཡིན་ནམ། འདུས་པ་གཞན་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཞིག་ཡོད། གལ་ཏེ་ཡང་འབྲས་བུ་འགའ་ཞིག་ལ་མངོན་དུ་ཕྱོགས་པའི་དོན་རྣམས་ཚོགས་པ་འདུས་པ་ཡིན་པ་དེ་ལྟ་ན་ཡང་གགས་བྱེད་པ་ལོགས་པ་སྲིད་པའི་ཕྱིར། རྒྱུ་རྣམས་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་འཁྲུལ་པ་ཉིད་དོ། །ཐོགས་པ་མེད་པའི་ཕན་འདོགས་པའི་མིག་ལ་སོགས་པ་གཞན་ལ་ཕན་འདོགས་པ་ཡིན་ནོ་ཞེ་ན། དེ་ལ་ཡང་འདུས་པ་གཞན་ལ་ཕན་འདོགས་པ་ཉིད་དོ་ཞེས་འབྲེལ་པ་ངེས་པ་ཅི་ཞིག་ཡོད་ཅེ་ན། དེ་དག་ལས་ཉེ་བར་སྦྱོར་བ་རྣམས་རང་བཞིན་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་འདི་ཡིན་གྱི། དུས་གཅིག་ཏུ་དུ་མའི་རང་བཞིན་མ་ཡིན་ནོ། །ཕན་པ་དོན་གཞན་ཉིད་ཡིན་ན་དེའི་ཕན་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །གཉི་ག་མ་ཡིན་པའི་བྱེད་པ་ནི་དོན་མེད་པ་ཡིན་པའི་ཕྱིར། དེའི་དོན་དུ་སྒྲུབ་པར་བྱེད་པ་འགལ་བ་ཡིན་ནོ། །དེའི་ཕྱིར་མིག་ལ་སོགས་པ་ཕན་འདོགས་པ་ནི་ཁྱད་པར་སྐྱེད་པ་ཉིད་ཀྱི་ཕན་འདོགས་པ་ཡིན་ནོ། །དེ་བས་ན་དེ་རང་བཞིན་གཅིག་ཏུ་མི་འགྱུར་བའི་ཕྱིར་འགལ་བ་ཡིན་ནོ། །ངང་གི་སྒྲས་ནི་གཉིས་ལས་གཅིག་མ་གྲུབ་ན་གཞན་ལ་ཐེ་ཚོམ་ཟ་ན་འཁྲུལ་པ་ཅན་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཏེ། དཔེར་ན་འདོད་ཆགས་དང་བྲལ་བའམ། ཐམས་ཅད་མཁྱེན་པ་ཡིན་ཏེ། སྨྲ་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་ལྡོག་པ་མ་གྲུབ་པ་ལ་རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་འདོད་ཆགས་དང་བྲལ་བ་དག་བསྐལ་པའི་


DTG174_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ལ་ཚིག་ལ་སོགས་པ་ཡོད་པའམ་མེད་པ་ཉིད་དུ་ཐེ་ཚོམ་ཟའོ། །ཐེ་ཚོམ་ཟ་ན་འཁྲུལ་པ་ཅན་གཉིས་ཞེས་སྙེགས་སོ། །གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་སྟེ། དཔེར་ན་གསོན་པའི་དུས་ན་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གང་ལ་སྲོག་ལ་སོགས་པ་གནས་པར་འགྱུར་བ་བདག་དང་བཅས་པ་དང༌། བདག་མེད་པ་ལས་ཕུང་པོ་བཞིན་ནི་མེད་དེ་བདག་རྣམ་པར་གནས་པ་དང༌། རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །འདི་གཉིས་ལས་གཅིག་ལ་རྣམ་པར་གནས་པ་ངེས་པ་མེད་དེ་དེའི་བདག་ཉིད་ལས་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་གསོན་པོའི་ལུས་དང་འབྲེལ་པ་ཅན་གྱི་སྲོག་ལ་སོགས་པ་ནི་གཉིས་ཀྱི་བདག་ཉིད་ལས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་དེ་དག་ལས་ལྡོག་པ་མ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཐེ་ཚོམ་ཟ་བའི་ཕྱིར་མ་ངེས་པ་ཡིན་ཏེ། དེ་ལས་བསྒྲུབ་པར་བྱ་བ་དང་ཅིག་ཤོས་དག་ཏུ་ངེས་པ་མེད་པའི་ཕྱིར་རོ། །མི་རྟོགས་པ་ཡང་མ་ཡིན་ཏེ། འགའ་ཞིག་དང་འབྲེལ་པའི་ཕྱིར་རོ། །མ་འབྲེལ་པ་ལས་ནི་དཔྱོད་པ་མི་སྐྱེ་སྟེ། དཔེར་ན་སྒྲ་ལ་མིག་གིས་གཟུང་བྱ་བཞིན་ནོ། །འབྲེལ་པ་ལས་ནི་འདི་ཅི་ཞིག་དང་འབྲེལ་ཞེས་ཅི་ཞིག་དཔྱོད། དཔེར་ན་མ་འབྲེལ་པར་མི་རུང་བའི་ཕྱིར། འབྲེལ་པ་ཡོངས་སུ་ཤེས་པ་མེད་པར་མངལ་ཆགས་པ་ལས་སྐྱེས་བུའི་ཁྱད་པར་དང་འབྲེལ་པར་ཐེ་ཚོམ་ཟ་བ་དེ་བཞིན་དུ་འདིར་ཡང་ཐམས་ཅད་ནང་དུ་འདུས་པར་མི་རུང་བའི་ཕྱིར་ཐེ་ཚོམ་ཟའོ། །མི་རྟོགས་པ་གཉི་གར་རྟོགས་པ་དང་ཐེ་ཚོམ་མེད་པའི་རང་བཞིན་དེ་ནི་གཉིས་ལས་ཕྱི་རོལ་དུ་འགྱུར་བ་ཡོད་ན་འགྱུར་གྱི། ནང་དུ་འདུས་ན་ཇི་ལྟར་མི་རྟོགས་པར་འགྱུར། དེ་ལྟ་ནི་ཁོ་ན་མིག་གིས་གཟུང་བ་ཉིད་ལས་ཀྱང་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འབྲེལ་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཐུན་མོང་མ་ཡིན་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །སྲོག་


DTG174_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་ཁྱད་པར་དུ་ཡིན་ཏེ། བདག་བསྐལ་པས་འཇུག་པ་དང་ལྡོག་པ་མི་འགྲུབ་པའི་ཕྱིར་སྲོག་ལ་སོགས་པ་ཡང་དེ་ལ་འཇུག་པ་དང་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །དོན་གཞན་འབྲས་བུ་མ་ཡིན་པ་ལས་མི་འགྲུབ་པའི་ཡང་ཕྱིར་རོ། །སྲོག་ལ་སོགས་པ་དང་བདག་ནི་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྲུབ་སྟེ། དེ་ནི་དམིགས་པ་དང་མི་དམིགས་པ་ལ་བརྟེན་པའི་ཕྱིར་རོ། །འབྲེལ་པ་མེད་པ་ཡོད་ན་ཡོད་པ་ཡང་མ་ཡིན་པའི་ཕྱིར་ཐེ་ཆོམ་ཟའོ། །གཞན་དག་སྲོག་ལ་སོགས་པ་ནི་བདག་གོ་བར་བྱེད་པ་ཉིད་ཡིན་ཏེ། དེའི་ལྡོག་པ་ནི་གཅིག་ཏུ་ངེས་པའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཁོ་ན་ལྡོག་པ་ཡིན་གྱི། མཐུན་པའི་ཕྱོགས་ལས་ནི་མ་ཡིན་ཏེ། མེད་པ་ལས་ལྡོག་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་རྗེས་སུ་འགྲོ་བ་གཅིག་ཏུ་ངེས་པ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ཡང་གོ་བར་བྱེད་དོ། །མཉན་བྱ་ཉིད་ནི་དེ་ལྟ་མ་ཡིན་ཏེ། གཉི་ག་ལས་ལྡོག་པའི་ཕྱིར་རོ་ཞེའོ། །ལྡོག་པའི་རྣམ་པ་དེ་ལྟ་བུའི་སྨྲ་བ་དེས་ནི་མེད་ན་མི་འབྱུང་བ་ཉིད་བརྗོད་པར་འགྱུར་རོ། །འདི་ལྟར་བདག་མེད་པ་ཉིད་ལ་མེད་པ་ཉིད་དོ་ཞེས་དོན་གྱིས་བདག་ལ་གནས་པ་གཞན་དང་མ་འབྲེལ་པར་བསྟན་པར་འགྱུར་རོ། །དེ་ཉིད་ཀྱིས་ནི་རྗེས་སུ་འགྲོ་བ་གྲུབ་པའི་ཕྱིར་ལྡོག་པ་ཅན་ཞེས་བརྗོད་པ་ཅན་ཡང་མ་ཡིན་ནོ། །མེད་ན་མི་འབྱུང་བ་ཡང་འབྲེལ་པ་ཡིན་ན་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་གཞན་མེད་དོ་ཞེས་བཤད་ཟིན་ཏོ། །དེ་དག་ཀྱང་མཐོང་བ་མེད་པར་མི་འགྲུབ་པའི་ཕྱིར་སྲོག་ལ་སོགས་པ་མེད་ན་མི་འབྱུང་བ་མ་ཡིན་ནོ། །དེ་ཉིད་ཀྱིས་གང་ལས་ལྡོག་པ་ཅན་ཞེས་བརྗོད་པ་ཡང་བདག་མ་ལོགས་ཀྱང་འབྲེལ་པར་ལྡོག་པ་ཡང་མ་ཡིན་ནོ། །དེ་བས་ན་ཁྱད་པར་ནི་ལྡོག་པ་མེད་པ་དང་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །མ་མཐོང་བ་ཙམ་ལ་བརྟེན་ནས་སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ལྡོག་པ་ཅན་དུ་བཤད་དོ། །དེ་ཙམ་གྱིས་མེད་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མི་འགྱུར་ཏེ། གང་ཞིག་


DTG174_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་མི་སྲིད་པ་དེ་དམིགས་པས་དེ་ལ་ཐེ་ཚོམ་ཟ་བར་ནི་མི་རིགས་སོ། །སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་ཕྱིར་བདག་ལོག་ན་སྲོག་ལ་སོགས་པ་ལྡོག་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ་མ་འབྲེལ་པ་མེད་པས་ཉེ་བར་མི་སྦྱོར་བ་མེད་པ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་སྲོག་ལ་སོགས་པ་དེའི་བདག་ཉིད་དམ། དེ་ལས་བྱུང་བ་བདག་དང་འབྲེལ་པ་ཡིན་ན། དེ་དག་དེ་ལོག་ན་ལྡོག་པར་འགྱུར་བས་དེའི་ཚེ་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལས་ཁྱབ་པར་འགྱུར་རོ། །དེ་མེད་ན་མེད་པར་གྲུབ་པས་ཁྱབ་པ་གྲུབ་པའི་ཕྱིར་དེ་ཡང་མི་འགྲུབ་སྟེ། བཟློག་པ་ལ་འབྲེལ་པ་མེད་པའི་ཕྱིར་རོ། །དེ་དག་གི་འབྲེལ་པ་ནི་དམིགས་པ་དང་མི་དམིགས་པ་དག་ལས་ཤེས་པ་ཡིན་ན་དེ་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་འགྲུབ་བོ། །སྲོག་ལ་སོགས་པ་མེད་པས་ཁྱབ་པའི་བདག་མེད་པ་ཡང་གང་ཡིན། བུམ་པ་ལ་སོགས་པའོ་ཞེ་ན། གཞན་དུ་མཐོང་བ་མེད་པས་བུམ་པ་ལ་སོགས་པ་ལ་མེད་དོ་ཞེས་གང་ལས་ཡིན། དེས་ན་ལྡོག་པ་ཤེས་པ་མེད་པའི་ལྡོག་པས་ཁྱབ་པ་ཡང་མི་འགྲུབ་བོ། །སྲོག་ལ་སོགས་པ་ཡང་མཐོང་བ་ཉིད་ལས་ལ་ལར་ཡོད་པ་དང་མེད་པར་རྟོགས་པ་ཡིན་ནོ། །བདག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དེ་ཡོད་པ་དང་མེད་པར་མི་རྟོགས་སོ། །གང་ཡང་གལ་ཏེ་གསོན་པོའི་ལུས་བདག་དང་བཅས་པ་མ་ཡིན་ན་སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་ཏེ་བདག་མེད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བརྗོད་པ་དེ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་མི་འགྲུབ་བོ། །རྒྱུ་དང་འབྲས་བུ་མ་ཡིན་པ་བཀག་པ་ནི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་མི་དམིགས་པར་བཤད་ཟིན་ཏོ། །རྒྱུ་ཡི་དངོས་པོ་དེ་ཡང་བདག་མཐོང་བ་མེད་པའི་ཕྱིར་མི་འགྲུབ་པོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །མཐོང་ཡང་ལྡོག་པ་མ་འགྲུབ་པའི་ཕྱིར་མི་འགྲུབ་བོ། །བུམ་པ་ལ་སོགས་པ་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། རྣམ་པ་དེ་ལྟ་བུའི་ལྡོག་པ་ལས་ནི་རྒྱུ་ཡི་ནུས་པ་མི་འགྲུབ་ཀྱི་ནུས་པ་


DTG174_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཡོད་ཀྱང་འབྲས་བུ་མི་སྐྱེ་བས་རྒྱུ་གཞན་ཡོད་པར་རྟོགས་པར་བྱེད་དོ། །ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །སྲོག་ལ་སོགས་པར་རྒྱུ་བློ་ལ་སོགས་པ་ཡང་བུམ་པ་ལ་སོགས་པར་མི་སྲིད་དོ། །དེ་བས་ན་བདག་ལྡོག་པ་ནི་ནུས་པར་ཐེ་ཚོམ་ཟ་བ་ཡིན་ནོ། །བློ་ལ་སོགས་པ་དེ་དག་ཀྱང་བདག་མེད་པ་ལ་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ལ་གཞན་ཉིད་ཀྱི་ནུས་པ་མཐོང་བའི་ཕྱིར་རོ། །རེ་ཞིག་མིག་ལ་སོགས་པའི་རྒྱུ་བློ་ལ་སོགས་པ་བདག་ཉིད་ཇི་ལྟ་བའི་དབང་པོ་དང་ཡུལ་དང༌། ནུས་པ་ཉམས་པ་མེད་པའི་བདག་ཉིད་སྔ་མ་ཡང་ཡིན་ཏེ། ཡུལ་གཞན་ལ་ཡེངས་སམ་འཁྲུག་པ་ལ་སོགས་པར་གྱུར་ན་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བ་དང༌། འཆོལ་པ་ལ་སོགས་པ་མཐོང་བའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ནི་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཡིན་ནོ། །དབང་པོ་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུ་ཡང་སྐལ་བ་མཉམ་པའི་གནས་སྐབས་ཀྱི་ཁྱད་པར་སྔ་མ་སྔ་མ་ཡིན་ལ་བློ་ནི་རྐྱེན་ཡིན་ནོ། །དེ་ལྟར་འདིའི་བདག་ཉིད་འགྲུབ་པ་ནི་དེ་ཙམ་དང་རྗེས་སུ་འགྲོ་བ་ལྡོག་པ་ལ་བརྟེན་པ་ཡིན་པའི་ཕྱིར་དེ་ཉིད་རྒྱུ་ཡིན་པའི་ཕྱིར་གཞན་རྟག་ན་ཐུག་པ་མེད་པར་འགྱུར་རོ། །གང་ཡིན་ཏེ་དེ་ནི་ལྡོག་པ་འཁྲུལ་པའི་ཕྱིར་རོ་ཞེ་ན་ཇི་ལྟར་།རྟོགས་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྲོག་ལ་སོགས་པ་མཉན་བྱ་ཉིད་དང་འཁྲུལ་པར་ཡང་མཚུངས་སོ། །མ་ཡིན་ཏེ་དེ་ནི་ལྡོག་པ་འཁྲུལ་པའི་ཕྱིར་རོ་ཞེ་ན་ཇི་ལྟར་འཁྲུལ། དེ་ནི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཁོ་ན་ལས་ལྡོག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེས་ནི་འདི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པར་བརྗོད་པ་མ་ཡིན་ནམ། དེ་ནི་གཞན་ལ་ཡང་མཚུངས་པའི་ཕྱིར། ཇི་ལྟར་སྲོག་ལ་སོགས་པ་དང་མི་མཚུངས། མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་དོ་ཞེས་བྱ་བས་འདི་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཡིན་ཏེ། དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ཕྱིར་རོ། །


DTG174_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མ་ཡིན་རྣམ་པར་གཅད་པར་བྱ་བ་མ་ཡིན་པའི་ཕྱིར་ངེས་པར་གཟུང་བའི་འབྲས་བུ་ཅིར་འགྱུར། གཅིག་ལ་ངེས་པར་གཟུང་བ་མེད་ན་ནི། ལྡོག་པ་མི་འཁྲུལ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་པ་ཞེས་དོན་གོ་བས་དེ་གཉིས་ལས་གང་ཡང་རུང་བ་གཉི་ག་བསྟན་པར་བརྗོད་དོ། །དེའི་ཕྱིར་ལྡོག་པ་མི་འཁྲུལ་བ་འདི་འདྲ་བ་ནི་རྗེས་སུ་འགྲོ་བ་མེད་པར་མི་འགྲུབ་བོ། །གྲུབ་ན་ནི་ནན་གྱིས་རྗེས་སུ་འགྲོ་བ་འགུག་པར་བྱེད་དོ། །དེ་དགག་པ་བཀག་པའི་ངོ་བོ་ནི་སྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མཐུན་པའི་ཕྱོགས་མེད་པ་ལས་ལྡོག་པའི་ཕྱིར་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་པ་ཡིན་ནོ་ཞེ་ན། མེད་ཅེས་ལྡོག་པ་དེ་ཉིད་མེད་པ་ལས་ལྡོག་པ་ཇི་ལྟར་འདོད། མེད་པ་བཀག་པ་དངོས་པོ་ནི་མེད་པ་ཡང་ཡོད་ལ་དངོས་པོ་བཀག་པ་ནི་མི་སྲིད་དོ་ཞེས་བྱ་བ་ནི་ལྷ་རྣམས་དགའ་བ་ཤེས་རབ་འཁྲུལ་པ་མེད་པ་ཡིན་ཏེ། ཡུལ་དེ་ལ་དགག་པ་མི་འདོད་པ་དང་ཡོད་པ་མ་ཡིན་པ་དང་དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐ་སྙད་བྱེད་པ་གང་ཡིན་པའོ། །དོན་འདི་ནི་མེད་པ་ལ་མེད་ཅེས་བྱ་བ་དེའི་ནང་དུ་བསལ་ཟིན་པ་དེས་ན་འདིར་མི་སྤྲོའོ། །ཡོད་པའི་སྒྲུབ་བྱེད་འཇུག་པའི་ཕྱིར་བདག་མེད་པ་ནི་མ་ཡིན་གྱི་ཐེ་ཚོམ་དུ་འགྱུར་རོ། །གཞན་གྱི་དེ་ལྟར་ཁས་བླངས་པའི་ཕྱིར་རོ་ཞེས་ན། ཁས་བླངས་པ་ཚད་མ་མ་ཡིན་པ་ལས་དེ་ལྟར་བ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ལྷས་བླངས་པའི་སྟོབས་ཀྱིས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་རྣམ་པར་གཞག་ནས་ཆེད་མ་འཇུག་པར་ནི་མི་རིགས་ཏེ། དེ་ལྟ་ན་ནི་བདག་ལུང་གིས་གྲུབ་པར་འགྱུར་གྱི། རྗེས་སུ་དཔག་པས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་བདག་ཐེ་ཚོམ་ཟ་བས་མཐུན་པའི་ཕྱོགས་མེད་པ་ལས་ལྡོག་པ་མེད་ཀྱང་སྲོག་ལ་སོགས་པ་ལྡོག་པར་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་ཀྱང་ལྡོག་པ་ཐེ་ཚོམ་ཟ་སྟེ། གཅིག་ལ་ངེས་པར་གྲུབ་ན་གཞན་ལ་ལྡོག་པར་འགྲུབ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མཐོང་བ་འགའ་ཞིག་ལ་མེད་པར་གྲུབ་ཀྱང་མ་མཐོང་བ་རྣམས་ལ་ཐེ་


DTG174_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་དུ་འགྱུར་རོ། །འདི་ལྟར་གསལ་བའི་བྱེ་བྲག་མཐའ་དག་ལ་ཁྱབ་པ་མ་ཡིན་པའི་དོན་ཡང་དེའི་རིགས་པ་ཅན་འགའ་ཞིག་ལ་སྲིད་པ་མཐོང་སྟེ། །དཔེར་ན་སྲ་བ་ལ་མཚོན་གྱིས་མི་ཆོད་པ་བཞིན་ནོ། །འགལ་བ་མཐོང་བ་མེད་པའི་ཕྱིར་ཡང་ཐེ་ཚོམ་ཉིད་དོ། །བདག་མེད་པ་དང་སྲོག་ལ་སོགས་པ་བཤད་ཟིན་པའི་མཚན་ཉིད་ཀྱི་འགལ་བ་མ་གྲུབ་པའི་ཕྱིར་བདག་མེད་པ་ལས་ལྡོག་པར་ཐེ་ཚོམ་ཟའོ། །སྲོག་ལ་སོགས་པ་དེའི་འབྲས་བུའམ་བདག་ཉིད་ཀྱིས་བདག་ལ་ངེས་པ་ཡིན་ན་བདག་མེད་པ་དང་ལྷན་ཅིག་འགལ་བར་འགྱུར་ན་དེ་ནི་མ་གྲུབ་པོ་ཞེས་བཤད་ཟིན་ཏོ། །སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་དང༌། དེ་ཡོད་པ་བདག་མེད་པར་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང་བདག་མེད་པ་མེད་པས་གསོན་པོའི་ལུས་བདག་དང་བཅས་པར་མི་འགྲུབ་པོ། །གང་གིས་ན་བདག་མེད་པ་མེད་པས་བདག་ཡོད་པར་འགྱུར་བས་འདི་ལྡོག་པ་མེད་པ་དངོས་པོར་འདོད་པ་ནི་མ་ཡིན་ཏེ། དཔེར་ན་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་མི་འདོད་པ་བཞིན་ནོ། །གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་ཕྱིར་རྗེས་འགྲོ་ཅན། །གལ་ཏེ་ལྡོག་མེད་རྗེས་འགྲོ་མིན། །བདག་མེད་མ་ཡིན་བདག་བཅས་མིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གལ་ཏེ་སྲོག་ལ་སོགས་པ་ཡོད་པས་བདག་མེད་པས་ལྡོག་པའི་ཕྱིར་བདག་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲོག་ལ་སོགས་པ་ནི་བསྒྲུབ་པའི་སྒོ་ཁོ་ན་ནས་བདག་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་བདག་མེད་པ་ལས་ལྡོག་པ་ལ་འབྲས་བུ་ཅི་ཡོད། དེ་དེ་ལ་མི་སྲིད་པས་རང་ཡོད་ན་དེ་མེད་པར་སྒྲུབ་པར་བྱེད་པའི་ཕྱིར་དེ་ལས་ལྡོག་པ་ཅན་དུ་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བདག་མེད་པ་ལས་ལྡོག་པ་བདག་འགྲུབ་པ་ལ་ཅི་ཕན། ཡང་ན་བདག་ཉིད་ངེས་པར་མ་གྲུབ་པའི་སྲོག་ལ་སོགས་པས་བདག་ཇི་ལྟར་སྒྲུབ་ཅེས་བརྗོད་པར་བྱའོ། །དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་སྲོག་ལ་སོགས་པ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཉིད་དོ། །གཞལ་བྱ་ཉིད་ཐུན་


DTG174_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བ་ཡང་འདུས་མ་བྱས་ལ་སྐུར་པའི་མེད་པ་ལ་རྗེས་སུ་འགྲོ་བ་མི་རུང་བའི་ཕྱིར་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་པས་རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་ཀྱིས་གཏན་ཚིགས་སུ་སྨྲའོ། །དེ་ལ་ཡང་ཇི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའམ། ཇི་ལྟར་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན། གལ་ཏེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་བཅད་པ་མ་ཡིན་ན་ངེས་པར་གཟུང་བ་འདིའི་འབྲས་བུ་ཅི་ཡིན། རྣམ་པར་གཅོད་ན་ཡང་ཇི་ལྟར་མི་ལྡོག་སྟེ། ལྡོག་པ་ནི་ཡོད་པ་རྣམ་པར་བཅད་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཡང་མ་ཡིན་ལ་ལྡོག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡང་ཡིན་ཏེ། མེད་དོ་ཞེས་རྗེས་སུ་འགྲོ་བ་དགག་པ་གང་ཡིན་པ་དེ་ཉིད་ལྡོག་པ་ཡིན་པའི་ཕྱིར་རོ། །དེ་ནི་མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་ཞེས་བྱ་བ་འདི་ཉིད་ཡང་འོངས་པ་ཡིན་པས་ཇི་ལྟར་མེད་པ་ལ་རྗེས་སུ་འགྲོ་བ་དགག་ཅེས་འདིར་ཡང་དེ་ཉིད་བརྗོད་པར་བྱ་བ་ཡིན་ནོ། །དངོས་པོའི་རང་བཞིན་འཕེན་པའི་དགག་པ་མེད་པ་ལ་མི་སྲིད་ཀྱང་མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མེད་པར་དགག་པ་ཡང་ཡིན་ལ་དེ་ནི་མེད་པ་ལའང་མི་འགལ་ལོ། །གཞི་ལ་སོགས་པའི་དོན་ཅན་དགག་པའི་ཡུལ་སྟོན་པའི་རྣམ་པར་དབྱེ་བ་རྣམས་དང་མི་ལྡན་པའི་ཕྱིར་དེ་ཡང་མི་སྲིད་དོ་ཞེ་ན། འདི་ལ་ལེན་བཏབ་ཟིན་ཏོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བའི་གཏན་ཚིགས་ནི་འགའ་ཡང་མེད་དོ། །གཞལ་བྱ་ཉིད་ནི་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང་ལྡན་པ་ཡང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་ལ་བརྟེན་པའི་ཆོས་རྣམ་པ་གསུམ་ཞེས་བཤད་ཟིན་ཏོ། །མེད་པ་ལ་ནི་ཆོས་འགའ་ཡང་མེད་དོ་ཞེ་ན། ཆོས་དང་བྲལ་བ་དེ་ཉིད་དེའི་ཆོས་མ་ཡིན་ན། དངོས་པོའི་རང་བཞིན་ཉིད་ནི་ཆོས་མ་ཡིན་ཏེ། མེད་དུ་ཟིན་ཀྱང་རྣམ་པ་འགའ་ཞིག་གིས་དེའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་ལྟ་མ་


DTG174_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནི་དེ་ལ་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ། །དོན་དམ་པར་ནི་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། །འབྲེལ་པ་བློས་བྱས་པ་ནི་མེད་པ་ལ་ཡང་གང་གིས་བཟློག །དེ་དང་དེ་མ་ཡིན་པའི་བརྡ་ཅན་རྣམས་ཀྱིས་ཡོད་པ་དང་མེད་པ་དང་གཉི་ག་མ་ཡིན་པའི་རྣམ་པར་གནས་པ་སྒྲུབ་པར་བྱེད་པ་མ་ངེས་པས་གཅིག་ཏུ་ངེས་པར་འཛིན་པར་ཡང་མི་འགྱུར་རོ། །དེའི་ཕྱིར་མེད་པ་ངེས་པར་བྱེད་པ་དེས་དེ་ཇི་ལྟར་ཡང་རུང་སྟེ། གཞལ་བྱར་བརྗོད་པར་བྱ་བ་ཡིན་ནོ། །དངོས་པོའི་ཡུལ་ཅན་ཉིད་ནི་ཚད་མ་མ་ཡིན་ཏེ། ཚད་མའི་མཚན་ཉིད་ནི་མི་སླུ་བ་ཡིན་པའི་ཕྱིར་རོ། །དེ་ནི་གལ་ཏེ་རང་གི་ཡུལ་ལ་གནོད་པ་མེད་ན་ཡོད་པ་དང་མེད་པ་དེའི་ངོ་བོར་འཇོག་པ་ཡིན་ནོ། །དེ་བས་ན་འདི་ལ་ཚད་མའི་མཚན་ཉིད་ཡོད་པས་མེད་པ་གཞལ་བྱ་ཡིན་ནོ། །གལ་ཏེ་ཐམས་ཅད་རྣམ་པ་འགའ་ཞིག་ལྟར་ཡོད་པའི་ཕྱིར་འགའ་ཡང་དངོས་པོ་མེད་པ་མ་ཡིན་ནོ་ཞེ་ན། དེ་དག་གིས་ཇི་ལྟར་མེད་པའི་རྣམ་པ་དེ་དངོས་པོ་མེད་པ་ཡིན་ནོ། །རི་བོང་དང་རྭ་དག་ཡོད་པའི་ཕྱིར་རི་བོང་གི་རྭ་མེད་པར་སྨྲ་བ་ལ་བཞད་གད་བྱེད་པ་དེ་ནི་བདག་ཉིད་ལ་བཞད་གད་བྱེད་པ་ཡིན་ནོ། །རི་བོང་གི་ཡན་ལག་ཏུ་གྱུར་པའི་རྭ་མེད་དོ་ཞེས་བརྗོད་པ་ལ་རི་བོང་དང་རྭ་ཡང་ཡོད་དོ་ཞེས་བྱ་བའི་ལན་གྱི་སྐབས་ཅི་ཞིག་ཡོད། གང་གིས་གནོད་པར་འགྱུར་བ་དེ་རྭ་ཙམ་ལ་བསྙོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རི་བོང་དང་འབྲེལ་པ་ཅན་ནོ། །གལ་ཏེ་དེ་ལྟ་ན་འབྲེལ་པ་མེད་ཅེས་བརྗོད་པར་བྱ་བའི་རྭ་ནི་མ་ཡིན་ནོ་ཞེ་ན། ཅི་རྭ་ཅན་རྣམས་ཀྱིས་རྭ་ལ་འབྲེལ་པ་ཙམ་ཁྱད་པར་ཡོད་ཀྱི་རྫས་ཀྱི་རང་བཞིན་མ་ཡིན་ནམ། རང་བཞིན་ཡང་ཐ་དད་དེ་འབྲས་བུ་སོ་སོ་ལ་རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་འབྲེལ་པ་མེད་ཅེས་བརྗོད་པར་བྱའོ་ཞེས་བྱ་བའི་ཀླན་ཀ་འདི་


DTG174_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ཡོད། གལ་ཏེ་རྭ་ཅན་རྣམས་ཀྱི་རྭ་རང་བཞིན་ཐ་དད་པ་དེ་བཞིན་དུ་རི་བོང་གི་རྭ་རང་བཞིན་ཐ་དད་པ་ནི་མེད་དོ་ཞེ་ན། ཁོ་བོ་ཡང་དེ་ཉིད་སྨྲའོ། །ཡང་ན་མེད་པའི་ཕྱིར་དགག་པར་བྱ་བའི་འབྲེལ་པ་གང་ཡིན་པ་དེ་ཉིད་དངོས་པོ་མེད་པ་ཡིན་ནོ། །འབྲེལ་པ་ཅན་ཡོད་པ་ལ་འབྲེལ་པ་མེད་དོ་ཞེས་བྱ་བའི་ཚིག་གི་ཚུལ་ཡང་བརྟགས་པ་ཡིན་ནོ། །ཁས་བླངས་པའི་འབྲེལ་པ་ཅན་གྱི་རྫས་ཀྱང་མེད་དོ་ཞེ་ན། འདོད་པ་བསྒྲུབས་ཏེ། གལ་ཏེ་འདི་ཉིད་དང་པོར་བརྗོད་ན་ཉོན་མོངས་པར་མི་བྱ་བ་ཞིག་གོ །འགལ་བ་མི་འཁྲུལ་བ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་ན་དེ་འདིར་མ་བཤད་དེ་རྗེས་སུ་དཔག་པའི་ཡུལ་མི་སྲིད་པའི་ཕྱིར་རོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་རང་བཞིན་དང་འབྲས་བུ་དག་གམ། མི་དམིགས་པ་ལ་ནི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་ལ། མི་འཁྲུལ་བ་ཅན་གཞན་ནི་མེད་དོ། །དེའི་ཕྱིར་དངོས་པོ་མ་མཐོང་བའི་སྟོབས་ཀྱིས་ཞུགས་པ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བརྟེན་ཏེ་དེའི་དོན་དཔྱོད་པ་ན་འགལ་བ་མི་འཁྲུལ་བ་ཅན་བསྒྲུབ་པའི་སྐྱོན་དུ་བཤད་དེ། བསྟན་བཅོས་བྱེད་པ་རྣམས་ནི་འཁྲུལ་བས་དོན་རྣམས་ལ་རང་བཞིན་ལོག་པར་སྟོན་པ་སྲིད་པའི་ཕྱིར་རོ། །དངོས་པོ་ཇི་ལྟར་གནས་པ་བཞིན་དུ་འདུག་པ་བདག་དང་འབྲས་བུ་དང་མི་དམིགས་པ་རྣམས་ལ་མི་སྲིད་དོ། །འདི་ལ་དཔེར་བརྗོད་པ་ནི་སྤྱི་ནི་ཐམས་ཅད་ན་ཡོད་པ་ཡིན་ཏེ། ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་དག་དང་ཅིག་ཅར་མངོན་པར་འབྲེལ་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བ་འདི་དང་འབྲེལ་པ་ཅན་གྱི་རང་བཞིན་ཙམ་དང་རྗེས་སུ་འབྲེལ་པ་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་དོ། །གང་ཞིག་གང་ན་མེད་པ་དེ་ནི་དེའི་ཡུལ་ཅན་བདག་ཉིད་ཁྱབ་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་ནམ་མཁའ་ལ་མེད་ཀྱང་དེའི་ཡུལ་ཅན་གྱི་བུམ་པ་ལ་སོགས་པ་ཁྱབ་པར་བྱེད་པ་མ་ཡིན་ནམ་ཞེ་ན། ལྡན་པ་དང་འདུ་བ་དག་ལས་


DTG174_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་ཡུལ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ནི་རེ་ཞིག་གཞག་སྟེ། རྣམ་པར་ཆད་པ་དང་རྣམ་པར་མ་ཆད་པར་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པར་རུང་བའི་མཚན་ཉིད་འཇིག་རྟེན་པའི་ཡུལ་ལ་བརྟེན་ནས་བརྗོད་དོ། །སོ་སོ་བ་དང་སོ་སོ་བ་མ་ཡིན་པར་གྲུབ་པ་དག་ལ་ནི་ལྡན་པ་དང་འདུ་བའི་འབྲེལ་པ་དག་གོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཡང་རྣམ་པར་གཞག་པ་ཡིན་ནོ། །དེའི་ཕྱིར་རང་ཡོད་པ་ཙམ་དང་འབྲེལ་པ་ཅན་དེའི་ཡུལ་ལ་གནས་པ་བསྒྲུབ་པར་བྱ་བ་ལ། དེ་དང་འབྲེལ་པ་ཉིད་འདི་ནི་གཏན་ཚིགས་ཡིན་ནོ། །གལ་ཏེ་རང་གི་རྟེན་ལ་ཁྱབ་པར་སྨྲ་བས་ཀྱང་དེའི་ཡུལ་ལ་གནས་པར་འདོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་མི་འདོད་པ་ཅི་ཡོད་ཅེ་ན། བྱ་བ་མེད་པ་གཅིག་དང་འབྲེལ་པ་ཅན་སྔོན་དེ་ན་མེད་པ་ན། ཡུལ་གཞན་དུ་སྔ་ན་མེད་པ་ནི་གསལ་བ་སྐྱེས་པ་ན་དེ་དང་འབྲེལ་པར་མི་རུང་བ་དེའི་ཕྱིར། ཡུལ་ཐ་དད་པ་དག་དང་ཅིག་ཅར་འབྲེལ་པ་ནི་ཐམས་ཅད་དུ་ཁྱབ་པ་མ་ཡིན་པར་མི་འགྲུབ་བོ། །དེས་ན་གཅིག་དང་འབྲེལ་པ་གཅིག་གི་ཡུལ་གཞན་དུ་མ་སོང་བར་དེའི་ཡུལ་ཅན་མ་ཡིན་པ་སྔ་མ་ནི་མེད་པ་དག་དང་མངོན་པར་འབྲེལ་པ་ནི་དེའི་བར་ཁྱབ་པ་མེད་ན་མེད་པ་ཡིན་ཏེ། བུམ་པ་ལ་སོགས་པ་དག་དང་ཉི་མ་ལ་སོགས་པ་བཞིན་ནོ། །སྦྱོར་བ་གཉིས་པ་ཡང་སྤྱི་ནི་ཐམས་ཅད་དུ་སོང་བ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་གསལ་བའི་བར་དག་ཏུ་མ་དམིགས་པའི་ཕྱིར་རོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་མངོན་པར་གསལ་བ་སྟེ། ཐ་དད་པ་མེད་པའི་ཕྱིར་གཅིག་ལ་གསལ་བས་ཐམས་ཅད་གསལ་བའི་ཕྱིར། མི་གསལ་བའི་རང་བཞིན་དང་བྲལ་བའོ། །མཆོད་པ་དང༌། ཐག་རིང་པོར་གནས་པ་མ་ཡིན་པ་དང༌། བལྟར་རུང་བའི་བདག་ཉིད་དང༌། རང་གི་རྟེན་དང་དབང་པོ་འབྲེལ་བ་དང༌། རྟེན་དང་འདུ་བ་མེད་པའི་རང་བཞིན་དང་བྲལ་བ་ཡང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡུལ་མཚུངས་པའི་རྟེན་དབང་


DTG174_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་སྦྱོར་བ་ལ་ལྟོས་པ་ཡིན་ན་ནི་རྟེན་དང་ཡུལ་མཚུངས་པ་དང༌། མཚུངས་པ་མ་ཡིན་པའི་རང་བཞིན་ནི་ཐ་དད་མེད་པར་འགལ་ལོ། །བལྟར་རུང་བ་དང་མི་རུང་བའི་བདག་ཉིད་ལ་སོགས་པའི་འགལ་བ་ཡང་བརྗོད་པར་བྱའོ། །དེ་བས་ན་མི་དམིགས་པ་འདི་དང་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་བསྒྲུབས་པས་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །བསྟན་བཅོས་བྱེད་པས་ནི་གཉིས་པོ་དག་གི་འགལ་བའི་ཆོས་མེད་ན་མི་འབྱུང་བ་མ་མཐོང་བས། དེ་དག་མི་འགལ་བར་མཐོང་ནས་བཤད་པའི་ཕྱིར། འགལ་བ་མི་འཁྲུལ་བ་ཅན་སྲིད་པ་ཡིན་ནོ། །དངོས་པོ་དང་རྗེས་སུ་འབྲེལ་པའི་རྗེས་སུ་དཔག་པ་ལ་ནི་ཇི་ལྟར་འགལ་བ་དག་གཅིག་ལ་མི་སྲིད་པ་དེ་བཞིན་དུ། དེས་ཁྱབ་པ་དག་ཀྱང་ཡིན་པའི་ཕྱིར། དེ་དག་གཅིག་ལ་ཡོད་པ་མ་ཡིན་ཏེ། དེས་ན་དེ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་དོ། །དེ་བས་ན་འདི་ནི་ཁས་བླངས་པའི་སྟོབས་ཀྱིས་འཇུག་པ་ཡིན་ནོ། །སློབ་དཔོན་གྱིས་ནི་ཕྱོགས་ཙམ་བསྟན་པའི་ཕྱིར། དཔེར་བརྗོད་པ་འདི་གསུངས་ཏེ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ། །རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའོ། །འདི་ལ་ནི་ཚད་མ་ཅན་མ་ཡིན་པ་གསུམ་ཁས་བླང་བར་བྱ་བ་ཡིན་ཏེ། སྒྲའི་སྤྱི་ཉིད་ཐ་དད་པ་དང༌། དབང་པོས་རྟོགས་པར་བྱ་བ་དང༌། རྟག་པ་སྟེ་དེ་ལ་ཚད་མ་འདི་ལ་འཇུག་པ་ཡིན་ནོ། །དེ་བས་ན་འདི་ནི་དངོས་པོའི་སྟོབས་ཀྱིས་འོངས་པའི་བྱས་པ་ཉིད་ཀྱི་གེགས་བྱེད་པ་མ་ཡིན་ནོ། །བྱས་པ་ཉིད་ཀྱི་སྐབས་སུ་ནི་ལུང་ཉེ་བར་དགོད་པ་མ་ཡིན་ཏེ། ལུང་ལ་བརྟེན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་ན་མཉན་བྱ་དེ་ནི་རྟག་པ་ཡིན་ནོ། །ཞེས་བསྒྲུབ་བྱ་དང་འབྲེལ་པ་མི་འཁྲུལ་པ་ཡང་མ་གྲུབ་པོ། །གཏན་ཚིགས་མཚན་ཉིད་གསུམ་ཡིན་ཕྱིར། །དཔེ་ནི་ལོགས་ཤིག་བརྗོད་བྱ་མིན། །གཏན་ཚིགས་ཀྱི་མཚན་ཉིད་ནི་གསུམ་བཤད་པ་དེ་ཙམ་གྱིས་དོན་རྟོགས་པས་


DTG174_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་འདིའི་མཚན་ཉིད་ལོགས་ཤིག་ཏུ་མ་བཤད་དེ། དེས་དོན་གོ་བའི་ཕྱིར་རོ། །གཏན་ཚིགས་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་ལ། ཡང་བྱེ་བྲག་ཏུ་ནི་འབྲས་བུ་དང༌། རང་བཞིན་དག་སྐྱེ་བ་དང༌། དེ་ཙམ་གྱིས་རྗེས་སུ་འབྲེལ་བར་བཤད་དོ། །དེ་ཡང་སྟོན་པར་བྱེད་པས་གང་ན་དུ་བ་ཡོད་པ་དེ་ནི་མེ་ཡོད་ལ། མེ་མེད་ན་ནི་གང་ན་ཡང་དུ་བ་ཡོད་པ་མ་ཡིན་ཏེ། དཔེར་ན་ཚང་བང་དང་གཞན་པ་དག་བཞིན་ནོ། །གང་བྱས་པ་དེ་ནི་མི་རྟག་པ་ཉིད་ལ་མི་རྟོག་པ་ཉིད་མེད་ན་ནི་བྱས་པ་མི་སྲིད་དེ། དཔེར་ན་བུམ་པ་དང་ནམ་མཁའ་བཞིན་ནོ། །ཞེས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཇི་སྐད་བཤད་པའི་རྣམ་པ་དག་གམ། དེའི་འབྲས་བུ་ཉིད་དུ་ངེས་པ་དང༌། རང་གི་ངོ་བོའི་ཁྱབ་པ་བསྟན་པར་མི་ནུས་སོ། །དོན་འདི་བསྟན་ན་ཡང་དཔེ་བསྟན་པ་ཉིད་དུ་འགྱུར་བ་ཡིན་ཏེ། དེའི་ཚུལ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །འདིས་ནི་དཔེའི་ཉེས་པ་རྣམས་ཀྱང་བསལ་བ་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ལས་བཞིན་དང༌། རྡུལ་ཕྲ་རབ་བཞིན་དང༌། བུམ་པ་བཞིན་ནོ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པས་སྟོང་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཡིན་ཏེ། སྨྲ་བའི་ཕྱིར་ལམ་པོ་ཆེའི་མི་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་དང༌། རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ནི་དཔེར་ན། གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ། འདོད་པའི་མི་བཞིན་ནོ། །ཞེས་བྱ་བ་དང༌། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར། །བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་


DTG174_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་ནི་གང་མི་རྟག་པ་དེ་ནི་བྱས་པ་སྟེ། བུམ་པ་བཞིན་ནོ། །ཞེས་བྱ་བ་ལྟ་བུ་སྟེ། ཆོས་མཐུན་པས་ཡིན་ནོ། །ཆོས་མི་མཐུན་པས་ཀྱང་རྡུལ་ཕྲ་རབ་བཞིན་དང༌། ལས་བཞིན་དང༌། ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལྡོག་པ་མེད་པའོ། །དེ་བཞིན་དུ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང༌། ལྡོག་པ་རབ་ཏུ་མ་བསྟན་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །འདི་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དོན་གྱི་གོ་བས་འདི་དག་གསལ་བར་རིག་པར་བྱའོ། །གལ་ཏེ་གཏན་ཚིགས་ཀྱི་ཚུལ་ལ་མ་རིག་པར་རང་རྒྱུད་ཉིད་དུ་དཔེ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ན་ནི་དེའི་ཚེ། དེའི་ཚུལ་ལ་མ་རེག་ནའང༌། །མ་འབྲེལ་ཕྱིར་ན་དོན་མེད་འགྱུར། །གལ་ཏེ་དཔེས་གཏན་ཚིགས་ཀྱི་མི་འཁྲུལ་པ་ཉིད་སྟོན་པ་མ་ཡིན་ན་བསྒྲུབ་བྱ་གྲུབ་པ་ལ་དེ་ཉེ་བར་མཁོ་བ་ཅི་ཞིག་ཡོད་དེ། འབྲེལ་པ་མེད་པའི་ཕྱིར་རོ། །གང་གིས་ན་ཉེ་པར་འཇལ་བ་ལས་སྒྲུབ་བྱེད་དུ་འགྱུར་བ་དོན་འགའ་ཞིག་དང་རྣམ་པ་འགས་འདྲ་བ་ཙམ་གྱིས་ནི། བདག་ཉིད་གཞན་དུ་ངེས་པ་མ་ཡིན་ནོ། །འགའ་ཞིག་དང་རྣམ་པ་འགས་མི་མཚུངས་པའི་དོན་ནི་མེད་དེ། དེས་ན་དེའི་བདག་ཉིད་ཡིན་ན་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་ན་དེ་ལྟར་ནི་མི་རིགས་སོ། །དེའི་ཕྱིར་དེས་ཁྱབ་པའི་ཆོས་དང་ལྡན་པ་ཉིད་ལ་དངོས་པོ་དང༌། དེ་དང་ལྡན་པར་འགྱུར་བའི་ཕྱིར། འདིའི་ཁྱབ་པ་དེས་བསྟན་པར་བྱ་བ་ཡིན་ནོ། །དེས་ན་འདི་རང་རྒྱུད་པ་མ་ཡིན་ནོ། །དེ་དང་མ་འབྲེལ་བའི་ཕྱིར། དོན་མེད་པ་ནི་དེ་ཉིད་ཀྱིས་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །མ་ཚང་སོགས་བརྗོད་སུན་འབྱིན་ཡིན། །མ་ཚང་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་ཉེས་པ་སྔར་བཤད་པ་གང་ཡིན་པ་དེ་དག་བརྗོད་པ་ནི་སུན་འབྱིན་པ་སྟེ། དེས་ཕ་རོལ་པོའི་འདོད་པའི་དོན་གྲུབ་པའི་གེགས་བྱེད་པའི་ཕྱིར་རོ། །གལ་


DTG174_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྐྱོན་མ་བརྗོད་ཀྱང་དོན་ཉིད་ནུས་པ་མེད་པས་འགྲུབ་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟར་ཡིན་མོད་ཀྱི། །འོན་ཀྱང་དོན་རྣམས་ཀྱི་གྲུབ་པ་དང་མ་གྲུབ་པ་བསྒྲུབ་པ་དང༌། སུན་འབྱིན་པ་དག་གིས་བྱེད་པ་ནི་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་དུ་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱེས་བུའི་ནུས་པ་བསྒྲུབ་པ་ཡིན་ནོ། །དེ་ནི་ཚིག་མེད་པར་མི་འགྲུབ་པའི་ཕྱིར། དེ་ལྟ་བུ་ཉིད་དུ་གྱུར་པ་དེ་རྣམ་པར་འཇོག་པ་ན། དེའི་བྱེད་པ་པོར་བརྗོད་དོ། །གལ་ཏེ་ཉེས་པ་བརྗོད་པ་ན་ཡང་མ་ཚང་བ་མེད་པ་ལ་སོགས་པའི་ཚིག་གིས་ཡང་ལན་བཏབ་པ་དེ་ནི་འདོད་པའི་གེགས་མ་ཡིན་པས། སུན་འབྱིན་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ནི་སྒྲུབ་པར་བྱེད་པ་གཞན་ཡིན་པའི་ཕྱིར་རོ། །གལ་ཏེ་ངག་མ་རྫོགས་པ་ཉིད་ཀྱིས་ཕྱོགས་སྔ་མ་སྨྲས་པ་ལྟོས་པ་དང་བཅས་པ་ཡིན་ན། སུན་འབྱིན་པའི་སྐབས་མ་ཡིན་ནོ། །རྫོགས་པ་ན་དེ་ལ་སྐྱོན་རྗོད་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་དེ་སུན་འབྱིན་པར་བྱེད་པ་ཉིད་དོ། །དེར་སྣང་བ་ནི་ལྟག་ཆོད་དོ། །སུན་འབྱིན་པར་སྣང་བ་ནི་ལྟག་ཆོད་དོ། །ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ལན་ལོག་པ་ནི་ལྟག་ཆོད་ཡིན་ལ། དེ་དག་ནི་མཐའ་མེད་དེ། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་གནས་པ་མེད་པའི་ཕྱིར་རོ། །དཔེར་ན་བདག་མེད་དོ་ཞེས་བྱ་བ་ནི། དམ་བཅས་པ་དང་འགལ་བ་ཞེས་བྱ་བ་དམ་བཅའ་བའི་སྐྱོན་ཡིན་ཏེ། དོན་ལ་སྐུར་པ་འདེབས་པ་ན་སྒྲ་སྦྱོར་མི་སྲིད་པའི་ཕྱིར། སྦྱོར་བས་ནི་དོན་ཉེ་བར་འཇོག་པ་ཡིན་ལ། སྐུར་པ་ཡང་ཡིན་པའི་ཕྱིར་དམ་བཅས་པའི་ཚིག་དག་འགལ་བས། དམ་བཅའ་བའི་སྐྱོན་ཡིན་ནོ་ཞེས་བརྗོད་པ་དང༌། དཔེར་ན་རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་བྱ་བ་ནི་དམ་བཅའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། ཆོས་ཅན་གྱི་ཁྱད་པར་ཉིད་དུ་ཉེ་བར་བཀོད་པའི་ཕྱིར་རོ། །ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བུ་ལ་


DTG174_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་ནི། ཇི་སྐད་བརྗོད་པའི་མཚན་ཉིད་ཀྱི་ལྟག་ཆོད་ཀྱི་ནང་དུ་འདུ་བ་མ་ཡིན་ནོ། །སུན་འབྱིན་པ་ཡང་མ་ཡིན་ཏེ། སྒྲའི་དོན་ལ་མི་བསྙོན་པར་རང་གི་མཚན་ཉིད་འགོག་པའི་ཕྱིར་དང༌། བསྒྲུབ་བྱའི་ཆོས་ཅན་ལས་ཕྱི་རོལ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ཞེས་བཤད་ཟིན་ཏོ། །གལ་ཏེ་དེ་དག་ཀྱང་ཆ་འགས་འདི་དག་ཉིད་ཀྱི་ནང་དུ་འདུའོ་ཞེ་ན། འདི་དག་ཀྱང་ཕན་ཚུན་དེ་ལྟར་ཐལ་བར་འགྱུར་རོ། །དེའི་ཕྱིར་སྤྱིའི་མཚན་ཉིད་གཅིག་ཉིད་ཅུང་ཟད་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་ཡིན་ན་ནང་དུ་མི་འདུ་བའི་ཕྱིར་རོ། །སྤྱིའི་མཚན་ཉིད་དེ་ནི་སུན་འབྱིན་པར་སྣང་བ་ནི་ལྟག་ཆོད་དོ། །ཞེས་བརྗོད་ཟིན་པ་ཉིད་དོ། །དེ་ནི་སྒྲུབ་པ་དང་སུན་འབྱིན་པའི་མཚན་ཉིད་ཤེས་པ་ཉིད་ལས་འགྱུར་ཏེ། ཡུལ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་དང༌། རྟོགས་པའི་གེགས་མ་ཡིན་པ་དང༌། གེགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར། ལན་ལྟར་སྣང་བ་བདེ་བླག་ཏུ་ཤེས་སོ། །རབ་ཏུ་དབྱེ་བ་ནི་བསྟན་པར་མི་ནུས་པའི་ཕྱིར་མ་བསྟན་ཏོ། །དོན་ཡོད་ལུགས་གཟིགས་མདོ་དོན་འདི་རིགས་ཤེས། །ལུང་ཡང་དོར་ནས་ངས་བཤད་ངེས་པར་ནི། །རྣམ་དག་ཐུགས་དེའི་དགོངས་པའང་འདི་ཉིད་དེ། །མི་གསལ་བློ་ཅན་སྐྱེ་བོས་རྟོགས་མ་ཡིན། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ། ལེའུ་གསུམ་པའོ།། །།ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །

རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཉཱ་ཡ་བིན་དུ་ན་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡང་དག་པའི་ཤེས་པ་ནི། སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །རྟོག་པ་ནི། ཤེས་པ་ལ་བརྗོད་པ་དང་འདྲེར་རུང་བ་སྣང་བ་སྟེ་དེ་དང་བྲལ་བའོ། །རབ་རིབ་དང༌། མྱུར་དུ་བསྐོར་བ་དང༌། གྲུར་ཞུགས་པ་དང༌། འཁྲུག་པ་ལ་སོགས་པས་འཁྲུལ་པ་མ་སྐྱེས་པའི་ཤེས་པ་ནི་མངོན་སུམ་མོ། །དེ་ནི་རྣམ་པ་བཞི་སྟེ། དབང་པོའི་ཤེས་པ་དང༌། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན། དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་དང༌། ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོར་པའི་ཤེས་པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དེ། དོན་གང་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ། །དེ་ཉིད་དོན་དམ་པར་ཡོད་པ་སྟེ་དངོས་པོའི་མཚན་ཉིད་ནི་དོན་བྱེད་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་ནི་སྤྱིའི་མཚན་ཉིད་དེ། དེ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ། དོན་རྟོགས་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་རོ། །དོན་དང་འདྲ་བ་ཉིད་དེའི་ཚད་མ་སྟེ། དེའི་དབང་གིས་དོན་རྟོགས་པ་འགྲུབ་པའི་ཕྱིར་རོ། །རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལས། མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ནོ། །དེ་ལ་རང་གི་དོན་གྱི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པའོ། །འདིར་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་དང་འདྲའོ། །ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌།


DTG174_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ། དེ་ལས་གཞན་པ་དང༌། དེ་དང་འགལ་བ་དང༌། དེ་མེད་པའོ། །ཚུལ་གསུམ་པོ་དག་ནི་རྟགས་གསུམ་ཁོ་ན་དང་ལྡན་པ་སྟེ། མི་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའོ། །དེ་ལ་མི་དམིགས་པ་ནི་དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དམིགས་པའི་རིག་བྱར་གྱུར་པ་ནི་དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དང་རང་བཞིན་ཁྱད་པར་ཅན་ཏེ། རང་བཞིན་གང་ཡོད་ལ་དམིགས་པའི་རྐྱེན་གཞན་དག་ཀྱང་ཡོད་ན་མངོན་སུམ་ཁོ་ནར་འགྱུར་བའོ། །རང་བཞིན་ནི་རང་ཡོད་པ་ཙམ་དུ་གྱུར་པ། བསྒྲུབ་པར་བྱ་བའི་ཆོས་ཀྱི་གཏན་ཚིགས་ཏེ། དཔེར་ན་ཤིང་ཤ་པ་ཡིན་པའི་ཕྱིར། འདི་ནི་ཤིང་ངོ་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་ནི་དཔེར་ན་དུ་བ་ཡོད་པའི་ཕྱིར། དེ་ན་མེ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་གཉིས་ནི་དངོས་པོ་སྒྲུབ་པའོ། །གཅིག་ནི་དགག་པའི་གཏན་ཚིགས་སོ། །རང་བཞིན་འབྲེལ་པ་ཡོད་ན། དོན་གྱིས་དོན་གོ་བར་བྱེད་དེ། དེ་དང་མ་འབྲེལ་ན་དེར་མི་འཁྲུལ་བར་ངེས་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་དོན་ལ་རྟགས་འབྲེལ་པ་དེ་ཡང༌། དངོས་སུ་ན་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར་དང༌། བསྒྲུབ་པར་བྱ་བའི་དོན་ལས་འབྱུང་བའི་ཕྱིར་ཏེ། དེའི་རང་བཞིན་མ་ཡིན་པ་དང༌། དེ་ལས་བྱུང་བ་མ་ཡིན་པ་ནི་དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་གཉིས་ཀྱང༌། རང་བཞིན་དང་འབྲས་བུ་ཁོ་ན་ཡིན་ཏེ། དེ་གཉིས་ཁོ་ནས་དངོས་པོ་གྲུབ་པོ། །དགག་པ་སྒྲུབ་ཀྱང་མི་དམིགས་པ་ཇི་སྐད་སྨོས་པ་ཁོ་ན་ལས་འགྱུར་ཏེ། དངོས་པོ་ཡོད་ན་ནི་དེ་མི་སྲིད་པའི་ཕྱིར་རོ། །གཞན་དུ་ནི་ཡུལ་དང༌། དུས་དང༌། རང་བཞིན་གྱིས་བསྐལ་པའི་དོན་དམིགས་པའི་རིག་བྱར་མ་


DTG174_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས་ལ། རང་གི་མངོན་སུམ་ལོག་ཀྱང་དངོས་པོ་མེད་པར་ངེས་པ་མེད་པའི་ཕྱིར་རོ། །མི་རྨོངས་པར་དྲན་པའི་འདུ་བྱེད་སྒྲུབ་པ་པོའི་མངོན་སུམ་འདས་པ་དང༌། ད་ལྟར་གྱི་ལོག་ན་དངོས་པོ་མེད་པའི་ཐ་སྙད་འཇུག་སྟེ། དེ་ཉིད་ཀྱི་དངོས་པོ་མེད་པར་ངེས་པའི་ཕྱིར་རོ། །དེ་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་སྟེ། རང་བཞིན་མི་དམིགས་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །འབྲས་བུ་མི་དམིགས་པ་ནི། དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི། དཔེར་ན་འདི་ན་ཤིང་མེད་པའི་ཕྱིར་ཤིང་ཤ་པ་མེད་དོ། །ཞེས་བྱ་བ་ལྟ་བུའོ། །རང་བཞིན་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རེག་པ་མེད་དོ་ཞེས་པ་ལྟ་བུའོ། །འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན་འདི་ན་དུ་བ་ཡོད་པའི་ཕྱིར། གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །འགལ་བ་ཁྱབ་པ་དམིགས་པ་ནི་དཔེར་ན་དངོས་པོ་བྱུང་བ་ཡང་འཇིག་པར་ངེས་པར་འགྱུར་བ་མེད་དེ། རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རྒྱུའི་ནུས་པ་ཐོགས་པ་མེད་པ་དག་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་བ་མོའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མི་དམིགས་པ་ནི་དཔེར་ན་འདི་ན་མེ་མེད་པའི་ཕྱིར་དུ་བ་མེད་དོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་སྤུ་ལོང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན་ཕྱོགས་འདི་ན་དུ་བ་ཡོད་པའི་ཕྱིར། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དོན་གཞན་ཡོད་པ་དང་དགག་པ་དག་གིས་སྦྱོར་བ་ཐ་དད་ཀྱང༌། བརྒྱུད་པའི་སྒོ་ནས་འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པའི་སྦྱོར་བ་བཅུ་པོ་དེ་དག་ཐམས་ཅད་ནི་རང་བཞིན་མི་


DTG174_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ནང་དུ་བསྡུ་བར་འགྱུར་རོ། །སྦྱོར་བ་མཐོང་བ་གོམས་པ་ལས་བདག་ཉིད་ཀྱང་དེ་བཞིན་དུ་རྣམ་པར་གཅོད་པ་རྟོགས་པར་འགྱུར་བས། བདག་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་བྱེ་བྲག་བསྟན་ཏོ། །མེད་པའི་ཐ་སྙད་སྒྲུབ་པའི་མི་དམིགས་པ་དེ་དག་ཐམས་ཅད་ལ་ཡང་རང་བཞིན་འགལ་བ་ལ་སོགས་པ་དམིགས་པ་དང༌། རྒྱུ་ལ་སོགས་པ་མི་དམིགས་པས། དགག་པ་བཤད་པ་གང་ཡིན་པ་དེ་དག་ནི་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་དག་ལས་དམིགས་པ་དང༌། མི་དམིགས་པར་ཡང་རིག་པར་བྱའོ། །གཞན་དག་ལ་ནི་འགལ་བ་དང༌། །རྒྱུ་དང་འབྲས་བུ་ཡོད་པ་དང༌། མེད་པ་མི་འགྲུབ་པའི་ཕྱིར་རོ། །བསྐལ་པའི་ཡུལ་མི་དམིགས་པའི་མངོན་སུམ་དང་རྗེས་སུ་དཔག་པའི་མཚན་ཉིད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུབ་པའི་ཕྱིར་རོ། །རིགས་པའི་ཐིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལས། བདག་གི་དོན་རྗེས་སུ་དཔག་པའི་ལེའུ་སྟེ་གཉིས་པའོ།། །།གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །སྦྱོར་བའི་བྱེ་བྲག་གིས་དེ་ནི་རྣམ་པ་གཉིས་ཏེ། ཆོས་མཐུན་པ་ཉིད་ཅན་དང༌། ཆོས་མི་མཐུན་པ་ཉིད་ཅན་ནོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་འདི་གཉིས་དོན་དུ་ནི་བྱེ་བྲག་ཅི་ཡང་མེད་དོ། །དེ་ལ་ཆོས་མཐུན་པ་ཉིད་ཅན་ནི་དམིགས་པའི་རིག་བྱར་གྱུར་པ་གང་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྲུབ་སྟེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་གཞན་འགའ་ཞིག་མཐོང་བ་བཞིན་ཏེ། ཕྱོགས་ཀྱི་བྱེ་བྲག་གང་ན་དམིགས་པའི་རིག་བྱར་གྱུར་པ་བུམ་པ་མི་དམིགས་སོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ནི་གང་ཡོད་པ་དེ་ཐམས་ཅད་ནི་མི་རྟག་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་རང་བཞིན་དག་པའི་སྦྱོར་བའོ། །གང་སྐྱེ་བ་དང་ལྡན་པ་དེ་ནི་མི་རྟག་པའོ་ཞེས་བྱ་བ་ནི་རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་གིས་རང་བཞིན་གྱི་སྦྱོར་བའོ། །གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བ་དེ་ནི་ཁྱད་པར་གྱི་བྱེ་བྲག་གིས་ཏེ། རང་གི་ངོ་བོ་འགྲུབ་པར་བྱ་བའི་ཕྱིར་གཞན་གྱི་བྱེད་པ་ལ་ལྟོས་པའི་


DTG174_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ནི་བྱས་པའོ་ཞེས་བྱའོ། །བརྩལ་མ་ཐག་ཏུ་བྱུང་བ་དང༌། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ལ་སོགས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཡོད་པའམ་སྐྱེ་བ་དང་ལྡན་པ་འམ་བྱས་པ་ཞེས་བྱ་བའི་སྒྲ་ནི་ཕྱོགས་ཀྱི་ཆོས་ཉེ་བར་སྟོན་པའོ། །སྒྲུབ་པའི་ཆོས་དེ་དག་ཐམས་ཅད་ནི་རང་གི་ངོ་བོ་སྒྲུབ་པ་ཅི་ལྟ་བུ་དག་གིས་སྒྲུབ་པའི་ཆོས་ཙམ་དང་བསྒྲུབ་པར་བྱ་བའི་ཆོས་རྗེས་སུ་འབྲེལ་པར་གྲུབ་པ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ། དངོས་སུ་ན་དེ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་དང༌། རང་བཞིན་ཡང་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་གྲུབ་ལ་དེ་མ་གྲུབ་ན་ནི་དེའི་རང་བཞིན་ཉིད་མེད་པའི་ཕྱིར་དང༌། འཁྲུལ་པ་ཡང་སྲིད་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་ནི་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ། དཔེར་ན་ཚང་བང་ལ་སོགས་པ་བཞིན་ཏེ། འདི་ན་ཡང་དུ་བ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །འདིར་ཡང་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཁོ་ན་ལ་རྒྱུ་བསྒྲུབ་པར་བྱ་བ་ལ་འབྲས་བུའི་གཏན་ཚིགས་སུ་བརྗོད་པར་བྱའོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས་པ་ཁོ་ནར་འགྱུར་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་བྱེ་བྲག་ལྟ་བུ་ཡིན་ན་འདི་ན་ནི་དམིགས་པའི་རིག་བྱར་གྱུར་པ་བུམ་པ་དེ་ལྟར་མི་དམིགས་སོ་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བའོ། །མི་རྟག་པ་ཉིད་མེད་ན་ཡོད་པའམ་སྐྱེ་བ་དང་ལྡན་པའམ་བྱས་པ་མེད་པ་ཉིད་ཡིན་ན། སྒྲ་ནི་ཡོད་པའམ་སྐྱེ་བ་དང་ལྡན་པའམ། བྱས་པའོ། །ཞེས་བྱ་བ་ནི་རང་བཞིན་གྱིས་སྦྱོར་བའོ། །མེ་མེད་ན་དུ་བ་མི་འབྱུང་བ་ཉིད་ལ། འདི་ན་ནི་དུ་བ་ཡོད་དོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བའོ། །དོན་གྱིས་ན་ཆོས་མཐུན་པས་ཀྱང་སྦྱོར་བ་ལ་ཆོས་མི་མཐུན་པ་ཉིད་རྟོགས་ཏེ། དེ་མེད་ན་ནི་བསྒྲུབ་པར་བྱ་བ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མི་མཐུན་པས་ཀྱང་རྗེས་སུ་འགྲོ་བ་རྟོགས་ཏེ། དེ་མེད་ན་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར་རོ། །རང་བཞིན་འབྲེལ་པ་མེད་ན་ནི་ཅིག་ལོག་པས་གཞན་ངེས་པར་ལྡོག་པ་མ་ཡིན་ནོ། །དེ་ཡང་ཐམས་ཅད་ཀྱི་རྣམ་པ་གཉིས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ཞེས་སྨོས་པ་


DTG174_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེས་ན་ལྡོག་པ་བརྗོད་པས་འབྲེལ་པ་བསྟན་པར་བྱའོ། །དེ་ལྟ་བས་ན་ལྡོག་པའི་ཚིག་གིས་ནི་འབྲེལ་པ་བསྡུས་པ་ཁོ་ན་ཡིན་ལ། འབྲེལ་པ་བསྟན་པ་གང་ཡིན་པ་དེ་ཡང་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། དེ་ལྟ་བས་ན་རྗེས་སུ་འགྲོ་བའི་སྒོ་ཡང་རུང་ལྡོག་པའི་སྒོ་ཡང་རུང་སྟེ། ཚིག་གཅིག་བརྗོད་པས་ཀྱང༌། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་རྟགས་ཡོད་པ་དང་མེད་པ་བསྟན་པར་འགྱུར་བས་དེ་ལྟར་ན་ཚིག་གཉིས་ཀྱིས་སྦྱོར་བ་བསྟན་པར་ངེས་པ་མེད་དོ། །མི་དམིགས་པ་ལ་ཡང་གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི། དམིགས་པ་ཁོ་ནར་འགྱུར་རོ་ཞེས་བསྟན་པར་མི་དམིགས་ན། དེ་ལྟ་བུ་མེད་དོ་ཞེས་བྱ་བར་རྟོགས་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པོ། །སྦྱོར་བ་འདི་གཉི་ག་ལ་ཡང་ཕྱོགས་བསྟན་པར་ངེས་པ་མེད་དེ། འདིར་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་དམིགས་པའི་རིག་བྱར་གྱུར་པ་གང་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ལ། འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པ་བུམ་པ་མི་དམིགས་སོ་ཞེས་བསྟན་པར་ཤུགས་ཀྱིས་འདི་ན་བུམ་པ་མེད་དོ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ཡོད་པའི་ཐ་སྙད་ཀྱི་ཡུལ་གང་ཡོད་ལ། དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས་པ་ཁོ་ནར་འགྱུར་ན། འདི་ན་དེ་འདྲ་བའི་བུམ་པ་དེ་ནི་མི་དམིགས་སོ་ཞེས་བསྟན་པས་ཤུགས་ཉིད་ཀྱིས་འདིར་ཡོད་པའི་ཐ་སྙད་ཀྱི་ཡུལ་མེད་དོ་ཞེས་བྱ་བར་འགྱུར་རོ། །ཕྱོགས་ཇི་ལྟ་བུ་ཞིག་བསྟན་པར་བྱ་ཞེ་ན། རང་གི་ངོ་བོ་ཁོ་ན་དང༌། བདག་ཉིད་དང༌། འདོད་པ་དང༌། མ་བསྩལ་བར་བསྟན་པར་བྱ་བ་ནི་ཕྱོགས་སོ་ཞེས་བསྟན་པར་བྱ་བ་ཡིན་ཏེ། རང་གི་ངོ་བོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པའོ། །རང་གི་ངོ་བོ་ཁོ་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ན་འདོད་པ་ཡིན་གྱི་སྒྲུབ་པ་ཉིད་ཡིན་ཡང་རུང་བ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མིག་གིས་གཟུང་བ་ཉིད་ནི་སྒྲ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ན། དེ་འདིར་ནི་སྒྲུབ་པ་ཁོ་ནར་བརྗོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་ནི་མི་འདོད་དོ། །བདག་ཉིད་ཅེས་བྱ་བ་ནི་དེའི་ཚེ་རྒོལ་བས་བསྒྲུབ་པ་སྨྲས་པ་གང་ཡིན་པའོ། །


DTG174_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་གལ་ཏེ་བསྟན་བཅོས་འགའ་ཞིག་ལ་བརྟེན་ཏེ་སྒྲུབ་པ་སྨྲས་ན་ཡང༌། བསྟན་བཅོས་དེ་བྱེད་པས་ཆོས་ཅན་དེ་ལ་ཆོས་མང་ཞིག་ཁས་ལེན་དུ་ཟིན་ཀྱང་དེའི་ཚེ་རྒོལ་བ་དེས་ཆོས་གང་སྒྲུབ་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། ཅིག་ཤོས་ན་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པ་ཞེས་བྱ་བ་དོན་གང་ལ་རྩོད་པས་སྒྲུབ་པ་བཀོད་པ་དེ་སྒྲུབ་པར་འདོད་པའོ། །དེ་ནི་ཚིག་ཏུ་མ་སྨྲས་ཀྱང་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ནི་རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །དཔེར་ན་འདུས་པ་ཡིན་པའི་ཕྱིར། མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་བདག་གི་དོན་ཞེས་མ་བརྗོད་ཀྱང་བདག་གི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་སྨྲས་པ་ཙམ་ཁོ་ན་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མ་བསལ་བ་ཞེས་བྱ་བ་ནི་མཚན་ཉིད་དེ་དག་དང་ལྡན་དུ་ཟིན་ཀྱང་སྒྲུབ་པར་འདོད་པའི་དོན་གང་ཞིག་ལ་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། གྲགས་པ་དང༌། རང་གི་ཚིག་རྣམས་ཀྱིས་བསལ་བ་གང་ཡིན་པ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། དེ་ལ་མངོན་སུམ་གྱིས་བསལ་བ་ནི། དཔེར་ན་སྒྲ་ནི་མཉན་དུ་མི་རུང་ངོ་ཞེས་བྱ་བ་ལྟ་བུའོ། །རྗེས་སུ་དཔག་པས་བསལ་བ་ནི་དཔེར་ན་བུམ་པ་ནི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །གྲགས་པས་བསལ་བ་ནི། དཔེར་ན་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །རང་གི་ཚིག་གིས་བསལ་བ་ནི། དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། ཕྱོགས་ལྟར་སྣང་བ་བཞི་བསལ་བ་ཡིན་ནོ། །དེ་ལྟར་ན་གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་པ་ཉིད་དུ་འདོད་པ་དང༌། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་སྒྲུབ་པར་མི་འདོད་པ་དང༌། སྨྲས་པ་ཙམ་དང་བསལ་བ་ལས་བཟློག་པ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ངོ་བོ་དང༌། རྒོལ་བའི་འདོད་པ་དང༌། མ་བསལ་བ་ནི་ཕྱོགས་ཡིན་ཏེ། དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ་ཞེས་སྨྲས་པ་དེ་ལས། ཚུལ་གསུམ་ལས་གཅིག་མ་སྨྲས་ན་ཡང་སྒྲུབ་པ་ལྟར་སྣང་བ་ཡིན་ནོ། །སྨྲས་ཀྱང་གོ་བར་བྱ་བ་


DTG174_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོ་བར་བྱེད་པ་གཉིས་ལས་མ་གྲུབ་པའམ། ཐེ་ཚོམ་ཟ་ན་ཡང་ངོ༌། །ཆོས་ཅན་དང་འབྲེལ་པའི་ཚུལ་གཅིག་མ་གྲུབ་པའམ། ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པའོ་ཞེས་སྒྲུབ་པ་ལ། མིག་གིས་གཟུང་བ་ཉིད་ནི་གཉི་ག་ལ་མ་གྲུབ་པ་ལྟ་བུའོ། །ཤིང་རྣམས་ལ་སེམས་ཡོད་པར་སྒྲུབ་པ་ལ། ཤུན་པ་ཐམས་ཅད་བཤུས་ནས་འཆི་བ་ནི་ཕྱིར་རྒོལ་བ་ལ་མ་གྲུབ་སྟེ། དེ་ནི་རྣམ་པར་ཤེས་པ་དང༌། དབང་པོ་དང༌། ཚེ་འགགས་པའི་མཚན་ཉིད་ལ་འཆི་བ་ཡིན་པར་ཁས་ལེན་པའི་ཕྱིར་རོ། །དེ་ཡང་ཤིང་དག་ལ་མི་སྲིད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པ་ལ་སྐྱེ་བ་ཅན་ནམ། མི་རྟག་པ་ཉིད་ནི་གྲངས་ཅན་རྒོལ་བ་བདག་ཉིད་ལ་མ་གྲུབ་པའོ། །དེ་བཞིན་དུ་བདག་ཉིད་དང་དེའི་གཞི་ལ་ཐེ་ཚོམ་ཟ་ན་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་བསྒྲུབ་པར་བྱ་བ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང༌། དཔེར་ན་རྨ་བྱའི་སྒྲ་གྲག་པའི་ཕྱིར་རི་སུལ་འདི་ན་རྨ་བྱ་ཡོད་དོ་ཞེས་བྱ་བ་ལ། དེ་གྲག་པའི་ཡུལ་མི་རྟོགས་པ་ལྟ་བུའོ། །ཆོས་ཅན་མ་གྲུབ་ན་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་བདག་ཐམས་ཅད་ན་གནས་པར་སྒྲུབ་པ་ལ་ཐམས་ཅད་ན་དམིགས་པའི་ཡོན་ཏན་ཉིད་ལྟ་བུའོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་མེད་པའི་ཚུལ་གཅིག་མ་གྲུབ་ན་ཡང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། དཔེར་ན་སྒྲ་རྟག་པ་ཉིད་ལ་སོགས་པའི་ཆོས་སུ་སྒྲུབ་པ་ལ། གཞལ་བྱ་ཉིད་ལ་སོགས་པའི་ཆོས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལའམ། ཕྱོགས་གཅིག་ལ་ཡོད་པ་ལྟ་བུའོ། །དེ་བཞིན་དུ་ཚུལ་དེ་ཉིད་ལ་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཁོ་ན་སྟེ། དཔེར་ན་བརྗོད་པར་འདོད་པའི་མི་ལ་ལ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པའམ། འདོད་ཆགས་ལ་སོགས་པ་དང་ལྡན་པ་སྒྲུབ་པ་ལ་སྨྲ་བ་ལ་སོགས་པའི་ཆོས་ལྟ་བུ་སྟེ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་སྨྲ་བ་མ་དམིགས་སོ་ཞེས་བྱ་བའི་མི་དམིགས་པའི་རྣམ་པ་དེ་ལྟ་བུ་ནི་ཡུལ་ལྟར་མི་སྣང་བ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་


DTG174_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ལས་ལྡོག་པ་ལ་སྨྲ་བ་ལ་སོགས་པ་ལྡོག་པ་ནི་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ། སྨྲ་བ་ཉིད་དང༌། ཐམས་ཅད་མཁྱེན་པ་ཉིད་གཉིས་ལ་འགལ་བ་མེད་པའི་ཕྱིར་རོ། །མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་སྨྲ་བ་མ་ཡིན་ནོ་ཞེས་བྱ་བའི་ལྡོག་པ་ནི་མི་འགྲུབ་སྟེ། ཐེ་ཚོམ་ཟ་བའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཏེ། རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བ་སྟེ། གྲང་བ་དང་ཚ་བའི་རེག་པ་ལྟ་བུའོ། །གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་སྟེ་ཡོད་པ་དང་མེད་པ་ལྟ་བུའོ། །འགལ་བ་རྣམ་པ་དེ་གཉི་ག་ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྲིད་པའི་ཕྱིར་མི་འགལ་བ་ཡོད་པའི་ཕྱིར་དམིགས་ཀྱང་མེད་པར་རྟོགས་པ་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ཚིགས་ལ་སོགས་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་པའི་ཕྱིར། དོན་གཞན་རྒྱུ་མ་ཡིན་པ་ལོག་པས་ཚིག་ལ་སོགས་པ་ལྡོག་པ་ནི་མ་ཡིན་ཏེ། དེ་ལྟར་ཚིག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ལྡན་པའི་མ་ངེས་པ་ཡིན་ནོ། །ཚུལ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་ནི་འགལ་བ་ཡིན་ནོ། །གཉིས་པོ་གང་ཞེ་ན། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པའོ། །བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་རྟག་པ་ཉིད་སྒྲུབ་པ་ལ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། འདི་གཉིས་ཀྱི་མཐུན་པའི་ཕྱོགས་ལ་མེད་པ་དང༌། མི་མཐུན་པའི་ཕྱོགས་ལ་ཡོད་པས་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ལ། དེ་གཉིས་ནི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་དག་ཡིན་ནོ། །འདོད་པ་ལ་གནོད་པ་བྱེད་པའི་ཕྱིར་འགལ་བ་གསུམ་པ་ཡང་བ་མ་ཡིན་ནམ། དཔེར་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་པ་ཉིད་དེ་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་པ་ལྟ་བུའོ། །དེ་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པར་འདོད་དེ། ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བའོ། །དེ་ཅིའི་ཕྱིར་མ་སྨྲས་ཤེ་ན། འདི་གཉིས་ཁོ་ནའི་ནང་དུ་འདུས་པའི་ཕྱིར། དེ་ནི་བསྒྲུབ་པར་བྱ་བ་ལོག་པར་


DTG174_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས་འདི་གཉིས་དང་ཐ་དད་པ་མ་ཡིན་ནོ། །འདོད་པ་དང་སྨྲས་པ་གཉིས་ལ་བསྒྲུབ་པར་བྱ་བ་ཉིད་དུ་ནི་བྱེ་བྲག་ཅི་ཡང་མེད་དོ། །ཚུལ་གཉིས་ལས་གཅིག་ནི་མ་གྲུབ་ལ། ཅིག་ཤོས་ལ་ནི་ཐེ་ཚོམ་ཟ་བ་ཡང་མ་ངེས་པ་ཡིན་ཏེ། དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བའམ། ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལ་ལྡོག་པ་ནི་མ་གྲུབ་ལ། རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་ནི་བསྐལ་པ་ཡིན་པའི་ཕྱིར། དེ་ལ་ཚིག་ལ་སོགས་པ་ཡོད་དམ་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཚུལ་དེ་ཉིད་ལ་ཐེ་ཚོམ་ཟ་ན་མ་ངེས་པ་ཡིན་ཏེ། དཔེར་ན་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། བདག་དང་བཅས་པ་དང་བདག་མེད་པ་ལས་གང་ལ་སྲོག་ལ་སོགས་པ་གནས་པར་འགྱུར་བའི་ཕུང་པོ་གཞན་ནི་མེད་དེ། བདག་གནས་པ་དང་རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །འདི་གཉིས་ལས་གཅིག་ལ་གནས་པར་ཡང་ངེས་པ་མེད་དེ། བདག་དང་བཅས་པའམ་བདག་མེད་པར་སྒྲུབ་པ་ལ་སྲོག་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་གསོན་པོའི་ལུས་དང་འབྲེལ་བ་ཅན་གྱི་སྲོག་ལ་སོགས་པ་ནི་བདག་དང་བཅས་པ་དང་བདག་མེད་པ་ཐམས་ཅད་ལས་ལྡོག་པ་ཉིད་དུ་མ་གྲུབ་པའི་ཕྱིར་དེ་གཉིས་དང་མ་བྲལ་བའོ། །བདག་གཅིག་ལ་ཡང་མ་གྲུབ་པའི་ཕྱིར་དེ་ལ་རྗེས་སུ་འགྲོ་བ་མེད་དོ། །བདག་དང་བཅས་པ་དང་བདག་མེད་པ་དེའི་རྗེས་སུ་འགྲོ་བ་དང༌། ལྡོག་པ་གཉིས་མེད་པར་ངེས་པ་མེད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་གཅོད་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་རོ། །གཅིག་མེད་པར་ངེས་པ་ནི་ཅིག་ཤོས་ཡོད་པར་གདོན་མི་ཟ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་ཅིག་ཤོས་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཚུལ་གསུམ་པོ་དེ་དག་ལས་ཚུལ་རེ་རེ་ཡང་གཉིས་གཉིས་ལ་མ་གྲུབ་པའམ། ཐེ་ཚོམ་ཟ་བ་ཡིན་ཏེ། ཅི་རིགས་པར་གཏན་ཚིགས་ལྟར་སྣང་བ་གསུམ་པོ་མ་


DTG174_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དང་འགལ་བ་དང༌། མ་ངེས་པ་དག་ཡིན་ནོ། །འགལ་བ་མི་འཁྲུལ་པ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་ན། དེ་འདིར་མ་སྨོས་ཏེ། རྗེས་སུ་དཔག་པའི་ཡུལ་ལ་མི་སྲིད་པའི་ཕྱིར་རོ། །འབྲས་བུའམ་རང་བཞིན་ནམ་མི་དམིགས་པའི་མཚན་ཉིད་སྨོས་པ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་ལ། མི་འཁྲུལ་པ་ཅན་གཞན་ནི་མེད་དོ། །དེ་ལྟ་བས་ན་དངོས་པོ་མ་མཐོང་པའི་སྟོབས་ཀྱིས་ཞུགས་པ་ཡིན་པས་ན་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བརྟེན་ཏེ། དེའི་དོན་དཔྱད་པ་དག་ལ་འགལ་བ་མི་འཁྲུལ་པ་ཅན་ནི་སྒྲུབ་པའི་སྐྱོན་དུ་བཤད་དོ། །བསྟན་བཅོས་བྱེད་པ་རྣམས་ནི་དོན་རྣམས་ལ་འཁྲུལ་པས་རང་བཞིན་ལོག་པར་སྟོན་པ་སྲིད་པའི་ཕྱིར་རོ། །དངོས་པོ་ཅི་ལྟ་བ་བཞིན་དུ་གནས་པར་འདུག་པ་བདག་དང་འབྲས་བུ་དང་མི་དམིགས་པ་དག་ལ་མི་སྲིད་པའི་ཕྱིར་རོ། །འདིར་དཔེ་ནི་གང་ཞིག་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་བ་ཅན་དག་དང༌། གཅིག་པུར་མངོན་པར་འབྲེལ་བ་དེ་ནི་ཐམས་ཅད་ལ་གནས་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །སྤྱི་ཡང་ཡུལ་ཐམས་ཅད་པ་རང་དང་འབྲེལ་བ་ཅན་དག་དང་ཅིག་ཅར་དུ་མངོན་པར་འབྲེལ་ཏོ། །དེ་དང་འབྲེལ་བ་ཅན་གྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་པའི་རང་བཞིན་ཅན་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཡིན་ནོ། །གང་ན་གང་མེད་པ་དེ་ནི་དེའི་ཡུལ་བདག་ཉིད་ཁྱབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ནོ། །སྦྱོར་བ་གཉིས་པ་ཡང་དམིགས་པའི་རིག་བྱར་གྱུར་པ་གང་ཞིག་གང་ན་མི་དམིགས་པ་དེ་ནི་དེ་ན་མེད་དེ། དཔེར་ན་འགའ་ཞིག་ན་བུམ་པ་མེད་དོ་ཞེས་བྱ་བ་ལྟ་བུ་ཡིན་ལ་གསལ་བའི་བར་རྣམས་ལ་ཡང་དམིགས་པའི་རིག་བྱར་གྱུར་པ་སྤྱི་མི་དམིགས་སོ་ཞེས་བྱ་བའོ། །མི་དམིགས་པ་འདི་དང་རང་བཞིན་དེ་ནི་ཕན་ཚུན་འགལ་བའི་དོན་དུ་བསྒྲུབས་པ་ཡིན་པས་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་དེ་ཙམ་གྱིས་དོན་རྟོགས་པས་དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ནི་ལོགས་ཤིག་ཏུ་ཅི་ཡང་མེད་དོ། །དེས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་དེ་དོན་གོ་བའི་ཕྱིར་རོ། །གཏན་ཚིགས་ནི་མཐུན་པའི་ཕྱོགས་


DTG174_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལྡོག་པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་པ་ལ། ཡང་བྱེ་བྲག་ཏུ་ནི་འབྲས་བུ་དང་རང་བཞིན་གཉིས་ཀྱི་སྐྱེ་བ་དང་དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པ་ཤེས་པར་བྱ་བར་བཤད་དེ། དེ་ཡང་སྟོན་པར་བྱེད་པས་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ། མེ་མེད་ན་དུ་བ་ཡང་མེད་དེ། དཔེར་ན་ཚང་བང་དང་གཞན་པ་ལྟ་བུའོ། །གང་ན་བྱས་པ་ཉིད་ཡོད་པ་དེ་ན་མི་རྟག་པ་ཉིད་ཡོད་ལ། མི་རྟག་པ་ཉིད་མེད་ན་བྱས་པ་ཡང་མི་སྲིད་དེ། དཔེར་ན་བུམ་པ་དང་ནམ་མཁའ་དག་ལྟ་བུའོ་ཞེས་བཤད་པར་བྱའོ། །གཞན་དུ་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཇི་སྐད་སྨོས་པའི་རྣམ་པ་དག་བསྟན་པར་མི་ནུས་སོ། །འབྲས་བུའི་རྟགས་ནི་དེའི་འབྲས་བུ་ཉིད་དུ་ངེས་པའམ་རང་བཞིན་གྱི་རྟགས་ནི་རང་བཞིན་གྱིས་ཁྱབ་པ་ཡིན་ལ། དེའི་ཚུལ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །འདིས་ནི་དཔེའི་ཉེས་པ་རྣམས་ཀྱང་བསལ་བ་ཡིན་ཏེ། དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ་ལུས་ཅན་མ་ཡིན་པའི་ཕྱིར། ལས་དང་རྡུལ་ཕྲ་རབ་དང༌། བུམ་པ་བཞིན་ནོ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པའི་ཆོས་དག་གཉིས་ཀ་མེད་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ཡང༌། དཔེར་ན་སྨྲ་བའི་ཕྱིར་ན། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་དང༌། མི་འདི་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར། འཆི་བའི་ཆོས་ཅན་ཡིན་ཏེ་ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་དང༌། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ། །ཞེས་བྱ་བ་ལྟ་བུའོ། །རྗེས་སུ་འགྲོ་བ་མེད་པ་དང༌། རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ནི་དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ། འདོད་པའི་མི་བཞིན་ནོ་ཞེས་བྱ་བ་དང༌། བྱས་པའི་ཕྱིར་སྒྲ་ནི་མི་རྟག་པ་སྟེ། བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི་གང་མི་རྟག་པ་དེ་ནི་བྱས་པའོ་ཞེས་བྱ་བ་ལྟ་བུ་སྟེ། ཆོས་


DTG174_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པས་ཡིན་ནོ། །ཆོས་མི་མཐུན་པས་ཀྱང་རྡུལ་ཕྲ་རབ་དང་ལས་དང་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་ཅན་དག་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བ་ལས། ལྡོག་པ་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ནི། དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའམ་ཡིད་ཆེས་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བའི་རྟགས་སུ་གྱུར་པ་ཚད་མ་ཕུལ་དུ་ཕྱིན་པ་བསྟན་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་གང་ཞིག་ཐམས་ཅད་མཁྱེན་པའམ། འདོད་ཆགས་དང་བྲལ་བ་ཡིན་པ་དེས་ནི་སྐར་མའི་ཤེས་པ་ལ་སོགས་པ་བསྟན་ཏེ། དཔེར་ན་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ལྟ་བུའོ། །ཆོས་མི་མཐུན་པའི་དཔེ་ལས་བསྒྲུབ་པར་བྱ་བའི་ཆོས་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་དང༌། ཡིད་ཆེས་པ་མ་ཡིན་པ་གཉིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །བསྒྲུབ་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི། དཔེར་ན་གསུམ་རིག་པའི་བྲམ་ཟེས་ནི་མི་འགའ་ཞིག་གི་བརྗོད་པར་འདོད་པའི་ཚིག་གཟུང་བར་མི་བྱ་སྟེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་ཚིག་གཟུང་བར་བྱ་བ་གང་དག་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པ་དང་མི་ལྡན་པ་སྟེ། དཔེར་ན་གོ་ཏ་མ་ལ་སོགས་པ་ཆོས་ཀྱི་བསྟན་བཅོས་རྣམས་བྱེད་པ་ལྟ་བུ་སྟེ། གོ་ཏ་མ་ལ་སོགས་པ་ལས་སྒྲུབ་པའི་ཆོས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གཉིས་ཀ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི། དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཡོངས་སུ་འཛིན་པ་དང་ཀུན་ཏུ་འཛིན་པ་དང་ལྡན་པའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་ཆོས་མི་མཐུན་པའི་དཔེ་ནི། གང་ཞིག་འདོད་ཆགས་དང་བྲལ་བ་དེ་ལ་ནི། ཡོངས་སུ་འཛིན་པ་དང༌། ཀུན་དུ་འཛིན་པ་མེད་དེ། དཔེར་ན་ཁྱུ་མཆོག་ལ་སོགས་པ་ལྟ་བུ་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་འདོད་ཆགས་དང་བྲལ་བ་ཉིད་དང༌། ཡོངས་སུ་འཛིན་པ་དང་ཀུན་དུ་འཛིན་པ་ཁྱུ་མཆོག་ལ་སོགས་པ་ལས་ལྡོག་


DTG174_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ལྡོག་པ་མེད་པ་ནི་དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གང་ལ་འདོད་ཆགས་དང་མ་བྲལ་བ་ཉིད་མེད་པ་དེ་ནི་སྨྲ་བ་མ་ཡིན་ཏེ། དཔེར་ན་རྡོའི་དུམ་བུ་བཞིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། གལ་ཏེ་རྡོའི་དུམ་བུ་ལས་གཉི་ག་ལྡོག་པ་ཡོད་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་ཁྱབ་པར་ལྡོག་པ་མ་གྲུབ་པའི་ཕྱིར་ལྡོག་པ་མེད་པ་ཡིན་ནོ། །ལྡོག་པ་རབ་ཏུ་མ་བསྟན་པ་ནི། ཆོས་མི་མཐུན་པ་དཔེར་ན་སྒྲ་ནི་བྱས་པའི་མི་རྟག་པ་སྟེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །ལྡོག་པ་ཕྱིན་ཅི་ལོག་ནི། དཔེར་ན་གང་མ་བྱས་པ་དེ་ནི་རྟག་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དཔེ་ལྟར་སྣང་བ་དེ་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པ་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དོན་གྱི་དབང་གིས་དེ་དག་བསལ་བར་རིག་པར་བྱའོ། །མ་ཚང་བ་ཉིད་ལ་སོགས་པ་སྨྲས་པ་ནི། སུན་འབྱིན་པ་དག་ཡིན་ནོ། །སྔར་སྒྲུབ་པའི་རྐྱེན་མ་ཚང་བ་ལ་སོགས་པ་སྨོས་པ་གང་ཡིན་པ་དེ་དག་བརྗོད་པ་ནི་སུན་འབྱིན་པ་ཡིན་ཏེ། དེས་ཕ་རོལ་པོ་འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །སུན་འབྱིན་པ་ལྟར་སྣང་བདག་ནི་ལྟག་ཆོད་རྣམས་ཏེ། ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་དག་ནི་ལྟག་ཆོད་རྣམས་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གསུམ་པའོ།། །།རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་ཏུ་བིན་དུ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་ནི། རྗེས་སུ་དཔག་པ་ཉིད་ཡིན་པས། དེ་བྱེ་བྲག་ཏུ་རྟོགས་པར་


DTG174_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར། མདོར་བསྡུས་ནས་འདི་བརྩམ་མོ། །ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཕྱོགས་ནི་ཆོས་ཅན་ཏེ། ཡན་ལག་ལ་སྤྱི་ཉེ་བར་བརྟགས་པའི་ཕྱིར་རོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ་ཉེ་བར་གདགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་དགག་པའི་ཕྱིར་ཏེ། དེ་ལྟར་ན་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་ནོ། །གལ་ཏེ་ཆོས་ནི་གཞན་ལ་བརྟེན་པ་ཡིན་པས་ཀྱང༌། རྟེན་ཆོས་ཅན་འགྲུབ་ལ། ཆོས་ཅན་སྨོས་པས་ཀྱང་ཉེ་བ་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་འགྲུབ་པོ་ཞེ་ན། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །དེའི་ཆོས་ཁྱབ་པས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པའི་ཕྱིར། ཆོས་ཅན་གྱི་ཆོས་སྨོས་པས་ནི། བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བསྡུས་སོ། །བསྒྲུབ་ཀྱང་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སུ་དོགས་པར་འགྱུར་ཏེ། མཐུན་པ་ལ་ཡོད་པ་ཁོ་ནས་ལྡོག་པ་ལ་དེ་མེད་པར་གྲུབ་མོད་ཀྱི། བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་ཞེས་སྨོས་པ་བཞིན་དུ། དེའི་ཆོས་ཁྱབ་པ་སྨོས་པས། དཔེའི་ཆོས་ཅན་ལ་ཡང་ཡོད་པར་གྲུབ་མོད་ཀྱི། དེ་ཉིད་ལ་ཡོད་པར་ངེས་པར་བྱ་བའི་ཕྱིར། ཆོས་ཅན་སྨོས་སུ་དོགས་པར་འགྱུར་རོ། །དེ་བས་ན་ཤུགས་ཀྱིས་དོན་གོ་ཡང་ཉེ་བར་བརྟགས་པ་ཙམ་ཡི་གེ་མཉམ་པས་སྒྲུབ་དཀའ་བ་ཡང་ཡོངས་སུ་སྤངས་པ་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན། དེའི་ཁྱད་པར་ལ་ལྟོས་པ་གཞན་དུ་མི་འཇུག་གོ་ཞེ་ན། མ་ཡིན་ཏེ་མ་འབྲེལ་བ་རྣམ་པར་བཅད་པས་བྱེ་བྲག་ཏུ་བྱས་པའི་ཕྱིར་དཔེར་ན་ནག་པ་གཞུ་ཐོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་གྱི། དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ལྟ་བུའོ། ཞེས་གཞན་དང་འབྲེལ་བ་རྣམ་པར་བཅད་པས་ནི་མ་ཡིན་ནོ། །དེའི་ཆ་ནི་དེའི་ཆོས་སོ། །ཁྱབ་པ་ནི་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པའོ། །འདིས་རྗེས་སུ་འགྲོ་བའམ། ལྡོག་པ་དང་ཕྱོགས་ཀྱི་ཆོས་རང་གི་ཚད་མ་ཇི་ལྟ་བདག་གིས་ངེས་པར་བཤད་


DTG174_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། གཏན་ཚིགས་ཐམས་ཅད་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ན། ཁྱབ་པ་མི་འགྲུབ་པའི་ཕྱིར་རམ། ཡང་ན་ཁྱབ་པར་བྱེད་པ་ལོག་ན་ལྡོག་པ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང༌། ལྡོག་པ་ངེས་པ་དག་གིས་ནི། དེའི་ཆོས་ཁྱབ་པ་ངེས་པ་ཡིན་ནོ། །དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ། ཕྱོགས་ཀྱི་ཆོས་མངོན་སུམ་མམ། རྗེས་སུ་དཔག་པའི་སྒོ་ནས་རབ་ཏུ་གྲུབ་པ་ནི་ངེས་པ་སྟེ། དཔེར་ན་ཕྱོགས་ན་དུ་བའམ། སྒྲ་ལ་བྱས་པ་ཉིད་ལྟ་བུའོ། །དུ་བ་དང་བཅས་པའི་ཕྱོགས་དོན་གཞན་གྱིས་དཔེ་ན་པའི་ངོ་བོ་ཅན་ཐུན་མོང་མ་ཡིན་པའི་བདག་ཉིད་དུ་མངོན་སུམ་གྱིས་མཐོང་བ་ལ། ཇི་ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་དྲན་པ་རྟགས་ཤེས་པ་སྐྱེའོ། །དེ་ལ་དང་པོ་ཡུལ་ཐུན་མོང་མ་ཡིན་པ་མཐོང་བ་གང་ཡིན་པ་དེ་ཁོ་ན་ཚད་མ་ཡིན་ནོ། །དེ་དེ་ལྟར་མཐོང་ནས་མངོན་སུམ་གྱི་སྟོབས་ཀྱིས་དེ་དང་དང་གང་གིས་ཐུན་མོང་མ་ཡིན་པ་དེའི་ཐུན་མོང་མ་ཡིན་པ་ཉིད་དེ་ལས་ཐ་དད་པ་མངོན་པར་བརྗོད་པ་དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་གྱི་དྲན་པ་སྐྱེས་པ་ནི། ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ཏེ། སྔར་ཐུན་མོང་མ་ཡིན་པ་མཐོང་ནས། ཐུན་མོང་མ་ཡིན་པའོ་ཞེས་མངོན་པར་བརྗོད་པས་ནི། སྔོན་མ་རྟོགས་པའི་དོན་རྟོགས་པ་མེད་པའི་ཕྱིར་རོ། །དོན་བྱེད་པ་སྒྲུབ་པ་མཐོང་ཟིན་པའི་ཕྱིར། རྣམ་པར་རྟོག་པས་ནི་རྗེས་སུ་དཔག་པ་ནི་དེ་སྒྲུབ་པའི་རང་གི་ངོ་བོ་མ་མཐོང་བ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །དོན་བྱེད་པ་དོན་དུ་གཉེར་བ་རྟོགས་པ་དང་ལྡན་པ་ཐམས་ཅད་ནི་ཚད་མའམ། ཚད་མ་མ་ཡིན་པ་ཚོལ་ན། སྤྱི་ནི་དོན་བྱེད་ཅུང་ཟད་ཀྱང་མི་ནུས་ཏེ། རང་གི་མཚན་ཉིད་རྟོགས་པའི་འོག་ཏུ་དེའི་མཐུ་ལས་སྐྱེས་པ་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པའི་གཟུང་བ་ཡིན་པས། དཔེར་ན་སྔོན་པོ་མཐོང་ནས་སྔོན་པོའོ་མཐོང་ནས་སྔོན་པོའོ་སྙམ་པའི་རྣམ་པར་ཤེས་པ་ལ་སྣང་བ་བཞིན་ཏེ། སྔོན་པོའི་རང་གི་མཚན་ཉིད་དེ་ཉིད་དེ་ལྟ་བུས་བསྒྲུབ་པར་བྱ་བ། དོན་བྱ་བ་བྱེད་པ་ཡིན་ལ། དེ་ཡང་དེའི་བདག་ཉིད་དུ་མངོན་སུམ་གྱིས་མཐོང་བ་ཁོ་ན་ཡིན་ནོ། །དེའི་རང་གི་མཚན་ཉིད་གཟུང་བའི་འོག་ཏུ་འབྱུང་བ་སྔོན་པོ་རྣམ་པར་རྟོག་པའི་ཡུལ་


DTG174_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། སྔོན་པོ་དོན་གྱིས་བསྒྲུབ་པར་བྱ་བའི་དོན་བྱ་བ་སྒྲུབ་པར་མི་བྱེད་དེ། དེ་ལྟ་བས་ན་དོན་མ་རྟོགས་པའི་ཡུལ་ཅན་ཚད་མ་ཡིན་ཞེས་བྱ་བ་ཡང་རང་གི་མཚན་ཉིད་མ་རྟོགས་པ་ཞེས་ཁྱད་པར་དུ་བྱའོ། །རང་གི་མཚན་ཉིད་རྟོགས་ནས་དེའི་མཐུ་ལས་སྐྱེས་པ་ཅན་རྣམ་པར་རྟོག་པ་དེ་དང་མཐུན་པར་བྱེད་པ་ནི་བྱ་བའི་སྒོ་ནས་དེའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་གྱི། ཚད་མ་ནི་མ་ཡིན་ཏེ། དངོས་པོའི་ངོ་བོ་མ་རྟོགས་པ་མེད་པའི་ཕྱིར་རོ། །ཚད་མ་རྣམ་པར་གཞག་པ་ནི་དངོས་པོ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་དོན་དུ་འཇུག་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དངོས་པོ་ནི་དོན་བྱེད་པར་རུང་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དེ་ལས་ཀྱང་དེ་ལ་ལྷག་པར་ཆགས་པས། དངོས་པོ་ཁོ་ན་ལ་འཇུག་པའི་ཕྱིར་རོ། །ཞུགས་ནས་མངོན་དང་རྣམ་པར་རྟོག་པ་གྲུབ་པ་དང་བདེ་བ་མི་དད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་ཐ་མི་དད་པའི་ཕྱིར་རོ། །ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང༌། བདེ་བ་ཐ་དད་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ཟམ་གྱི་བསྒྲུབ་པར་བྱ་བའི་དོན་ལ་དུ་བ་གཞན་དང་གཞན་གྱིས་གཞལ་བའི་མེ་ཉེ་བ་བཞིན་ནོ། །འདིས་ནི་ཆོས་དང་ཆོས་ཅན་དང་རྟགས་ལ་སོགས་པའི་རྣམ་པར་རྟོག་པ་ཚད་མའི་རྗེས་ལ་འབྱུང་བ་ཚད་མ་ཉིད་དུ་བསལ་བ་ཡིན་ནོ། །རྗེས་སུ་འགྲོ་བ་ངེས་པ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་ནི་བསྒྲུབ་པར་བྱ་བའི་ཆོས་དངོས་སུ་ན་དེའི་ངོ་བོ་ཅན་ཉིད་ཡིན་པས། སྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་པར་གྲུབ་པ་ཡིན་ནོ། །དེ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་ཀྱི་གནོད་པ་ཅན་གྱི་ཚད་མ་འཇུག་པ་ཡིན་ཏེ་དཔེར་ན་གང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ། །སྐད་ཅིག་མ་ཉིད་མ་ཡིན་ན་དོན་བྱེད་པ་དང་འགལ་བའི་ཕྱིར་དེའི་མཚན་ཉིད་དངོས་པོ་ཉིད་ཉམས་པར་འགྱུར་བལྟ་བུའོ། །འབྲས་བུའི་ཚིགས་ཀྱི་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཡིན་ཏེ། འདི་ལྟ་སྟེ་འདི་དམིགས་ན་དམིགས་པའི་


DTG174_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱར་གྱུར་པ་སྔོན་པོ་མི་དམིགས་པ་འདི་དམིགས་པ་ཡིན་ནོ། །རྒྱུ་གཞན་དག་ཡོད་ཀྱང་འདི་མེད་ན་མེད་པའི་ཕྱིར། དེ་ཡོད་ན་ནི་ཡོད་མེད་ན་ནི་མེད་བས། རྒྱུ་དང་འབྲས་བུའི་ངོ་བོ་ནི་མངོན་སུམ་དང་མི་དམིགས་པའི་གྲུབ་པ་ཅན་ཡིན་ཏེ། དེ་གྲུབ་པའོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་ངོ་བོ་ནི་དོན་ཐ་དད་པ་ཁོ་ནར་འགྱུར་ལ། གང་ན་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་མེ་ཡོད་དེ། མེ་ཡོད་ན་ཡོད་པ་ཁོ་ན་དེའི་འབྲས་བུ་ཉིད་དུ་བ་ཡིན་པའི་ཕྱིར་རོ། །མི་དམིགས་པའི་རྗེས་སུ་འགྲོ་བ་ངེས་པ་ཡང་མེད་པའི་ཐ་སྙད་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཙམ་འཇིག་པའི་སྒྲུབ་པ་ཅན་ཡིན་ཏེ། རྒྱུ་མཚན་གཞན་མེད་པར་མཐོང་བའི་ཕྱིར་རོ། །ལྡོག་པ་ངེས་པ་ཡང་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་གིས་ནི་རྒྱུ་དང་འབྲས་བུ་དང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་ངོ་བོ་གྲུབ་ན་ཡུལ་བལྟར་རུང་བ་རྒྱུ་དང་ཁྱབ་པར་བྱེད་པ་དག་མི་དམིགས་པས། བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་འགྲུབ་པའོ། །ཡུལ་བསྟན་པ་ཅན་མེད་པར་ཉེ་བར་སྟོན་པ་ལ། དེ་ལྟ་མ་ཡིན་ན་དམིགས་པའི་རིག་བྱར་མ་གྱུར་པ་གང་དུ་ཡང་མེད་པར་མི་འགྲུབ་པའི་ཕྱིར་རོ། །ཡུལ་མ་བསྟན་པ་ཅན་ནི་བསྒྲུབ་པར་བྱ་བ་མེད་ན་མེད་པར་སྟོན་པ་ཡིན་ཏེ། འབྲེལ་པ་ཙམ་གྲུབ་ན་འགྲུབ་པས་དེ་ལས་ནི་ལྡོག་པ་བསྒྲུབ་པར་བྱ་བ་མི་དམིགས་པ་ཡུལ་ལྟར་རུང་བ་ལྟོས་པ་མ་ཡིན་ནོ། །མི་དམིགས་པའི་ལོག་པ་ངེས་པ་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་མེད་པ་ཉེ་བར་སྟོན་པའོ། །མཚན་ཉིད་དེ་ལྟ་བུ་ཅན་དེ་ནི་རྣམ་པ་གསུམ། གཏན་ཚིགས་ནི་རྣམ་པ་གསུམ་ཁོ་ན་སྟེ། རང་བཞིན་དང་འབྲས་བུ་དང༌། མི་དམིགས་པ་ཡིན་ཏེ། དཔེར་ན་འགའ་ཞིག་མི་རྟག་པ་བསྒྲུབ་པར་བྱ་བ་ལ་ཡོད་པ་ལྟ་བུ་དང༌། མེ་དང་ལྡན་པའི་ཕྱོགས་ལ་དུ་བ་ལྟ་བུ་དང༌། མེད་པ་ལ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཞེས་བྱ་བ་ལྟ་བུའོ། །རྣམ་པ་གསུམ་པོ་འདི་ཁོ་ནར། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཕྱོགས་ཀྱི་ཆོས་ཀྱི་ཁྱབ་པ་ཇི་སྐད་དུ། བཤད་པ་ནི་མེད་ན་མི་འབྱུང་བ་ཡིན་ཏེ། དེ་ནི་གཏན་ཚིགས་རྣམ་པ་གསུམ་ལས་མེད་པས་འདི་ཉིད་དུ་ངེས་པ་ཞེས་བྱའོ། །དེ་ལ་སྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་དང་ལྡན་


DTG174_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཕན་ཚུན་ལྡོག་པའི་བྱེ་བྲག་གིས་ཆོས་ཐ་དད་པ་ཡིན་ཡང༌། དངོས་སུ་ན་གཏན་ཚིགས་ནི་རྟགས་ཅན་གྱི་རང་བཞིན་ཁོ་ན་ཡིན་ནོ། །རང་བཞིན་ལ་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་ལས་མཚན་ཉིད་ལ་གཞན་གྱི་ལུགས་ལ་ལྟོས་ནས། དེ་ཙམ་དང་ལྡན་པ་ཅན་གྱིས་ཁྱད་པར་དུ་བྱས་སོ། །གཞན་དག་ནི་དོན་གཞན་གྱི་རྒྱུ་མཚན་ཅན་དེའི་ངོ་བོ་ཙམ་དང་ལྡན་པ་མ་ཡིན་པའི་ཆོས་ཀྱང་རང་བཞིན་དུ་འདོད་པས། ཁྱད་པར་གྱིས་དེ་ལྟ་བུ་རང་བཞིན་མ་ཡིན་པ་ཉིད་དང༌། བསྒྲུབ་པར་བྱ་བ་དེ་ལ་གཏན་ཚིགས་འཁྲུལ་པར་བསྟན་དེ། དཔེར་ན་འཇིག་པ་རྒྱུ་དང་ལྡན་པ་ལ་བྱས་པ་ལྟ་བུའོ། །དེའི་སྦྱོར་བ་ནི་རྣམ་པར་གཉིས་ཏེ། ཆོས་མཐུན་པ་ཉིད་ཅན་དང༌། །ཆོས་མི་མཐུན་པ་ཅན་གཉིས་ཀྱིས་སོ། །དཔེར་ན་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་ཡོད་པ་ཡིན་པས་ཞེས་བྱ་བ་དང༌། དེ་བཞིན་དུ་སྐད་ཅིག་མ་ཉིད་མེད་ན་ཡོད་པ་ཡང་མེད་པ་ཡིན་ན། སྒྲ་ནི་ཡོད་པས་ཞེས་བྱ་བ་ལྟ་བུ་སྟེ། རྗེས་སུ་འགྲོ་བའམ། ལྡོག་པས་ཐམས་ཅད་ཉེ་བར་བསྡུས་ནས། ཁྱབ་པ་རབ་ཏུ་སྟོན་པའི་མཚན་ཉིད་ཅན་གྱིས་ཆོས་མཐུན་པ་ཅན་དང༌། ཆོས་མི་མཐུན་པ་ཅན་གྱི་སྦྱོར་བ་དག་ཡིན་ནོ། །འདིར་ནི་ཤུགས་ཁོ་ནས་དམ་བཅས་པའི་དོན་རྟོགས་པའི་ཕྱིར་དམ་བཅས་པའི་སྦྱོར་བ་མི་བྱའོ། །གལ་ཏེ་གཞལ་བྱའི་དོན་རབ་ཏུ་མ་བསྟན་ན། དེ་ཅི་ལྟར་རྟོགས་ཤེ་ན། བདག་ཉིད་ཀྱིས་རྟོགས་པ་ལ་གཞན་བྱ་ཉེ་བར་སྟོན་པར་བྱེད་པ་སུ་ཞིག་ཡོད་དེ། ཕྱོགས་ན་ཡོད་པའི་དུ་བ་ཉེ་བར་དམིགས་པས་དེ་ལ་མེས་ཁྱབ་པ་དྲན་ན། དེའི་མཐུ་ཁོ་ནས་འདི་ན་མེ་ཡོད་དོ་སྙམ་དུ་ཤེས་སོ། །དེ་ན་འདི་ལ་འགའ་ཡང་འདི་ན་མེ་ཡོད་དོ་ཞེས་སྟོན་པར་ཡང་མི་བྱེད་ལ། བདག་ཉིད་ཀྱིས་ཀྱང་ཅུང་ཟད་ཀྱང་མི་རྟོགས་ཏེ། ཚད་མ་མ་རྟོགས་པར་དེ་ལྟར་རྟོགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །རྟོགས་ན་ནི་རྟོགས་དོན་མེད་པ་ཉིད་དུ་འགྱུར་རོ། །བདག་ཉིད་ཀྱིས་བབ་ཅོལ་དུ་འདི་ན་མེ་ཡོད་དོ་སྙམ་དུ་


DTG174_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱ་རྣམ་པར་བཞག་ནས། ཕྱིས་དེ་རབ་ཏུ་སྒྲུབ་པའི་ཡན་ལག་གི་རྗེས་སུ་འབྲང་ངོ་སྙམ་ན། རྟོགས་པའི་རིམ་པ་འདི་ནི་ཅི་ཞིག་ཡིན། དེ་གཞན་གྱིས་བརྗོད་ན་ཡང་དགོས་པ་མེད་པའི་ཕྱིར་ཆ་ཆུང་ངོ༌། །གལ་ཏེ་དགོས་པ་ཡུལ་བསྟན་པ་ཡིན་ནོ་ཞེ་ན། རེ་ཞིག་བསྟན་པ་དེ་ཉིད་ཀྱིས་ཅི་ཞིག་ཕན། གལ་ཏེ་གཞན་དུ་ན་རྟོགས་པར་མི་འགྱུར་ན་ནི། ཐམས་ཅད་ལེགས་པར་འགྱུར་རོ། །དེ་ལྟ་བས་ན་འདིས་བདག་ཉིད་ཀྱིས་རྟོགས་པ་ན། ཡུལ་ཉེ་བར་འགོད་པ་འགའ་ཡང་མེད་པར་རྟོགས་ལ། ཁོ་བོ་དོན་དུ་གཉེར་བ་མཐོང་ནས། དུས་སྟོན་གྱི་བྲམ་ཟེ་བཞིན་དུ། གསལ་བར་རྔན་པ་སྒུགས་པར་བྱེད་པ་ཡིན་ནོ། །ཁོ་བོས་བརྗོད་ཀྱང་བདག་ཉིད་གྲུབ་ཟིན་པའི་རྟགས་ཁོ་ནའི་རྗེས་སུ་འབྲངས་ན་རྟོགས་པར་འགྱུར་བས་གནས་སྐབས་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། དམ་བཅའ་བ་སྨོས་པ་མེད་པར་ཡང་ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་ཙམ་གྱིས་རྟོགས་པ་ཡང་མཐོང་བའི་ཕྱིར་དེ་དགོས་པ་ཅི་ཞིག་ཡོད། རང་ལ་ངེས་པ་བཞིན་དུ་གཞན་དག་ལ་ངེས་པ་བསྐྱེད་པར་འདོད་པའི་ཕྱིར་སྒྲུབ་པ་ཞེས་བྱའོ། །དེ་ལ་འདི་དག་ཉིད་ཀྱིས་གཞལ་བྱ་ཉེ་བར་བསྟན་པ་མེད་པར་ཡང་རྟོགས་ལ། གཞན་ཁོང་དུ་ཆུད་པར་བྱེད་པ་ན། དོན་གྱི་རིམ་པ་སྔོན་མ་བྱུང་བ་མ་བསྟན་ཏོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་ལྟ་བས་ན་གཞན་དུ་ན་ཡང་རྟོགས་པ་སྐྱེ་བའི་ཕྱིར། གཞལ་བྱ་སྨོས་པ་ནི་ཅུང་ཟད་ཀྱང་ཀྱང་མི་དགོས་སོ། །འདིས་ནི་ཉེ་བར་གཏོད་པ་དང༌། མཇུག་སྡུད་པ་ལ་སོགས་པ་ཡང་སྤངས་པ་ཡིན་ཏེ། སྦྱོར་བ་འདི་ཙམ་ཁོ་ནས་རྟོགས་པར་བཏུབ་པའི་ཕྱིར་རོ། །རེ་ཞིག་ཁ་བྱའི་ཆགས་པ་ཡོངས་སུ་བོར་ལ་མིག་ཚུམས་ཏེ། ཅི་འདི་ཙམ་གྱིས་རྟོགས་པར་བཏུབ་བམ། འོན་ཏེ་མི་བཏུབ་ཅེས་སོམས་ཤིག །བཏུབ་པ་ལྟར་ན་ནི་སྤྲོས་པའི་ཕྲེང་པས་ཅི་ཞིག་བྱ། སྒྲུབ་པའི་ཚིག་ལ་སྦྱོར་བ་འདི་ཙམ་ཁོ་ན་ཞིག་སྦྱར་བར་བྱའོ། །འདི་ལ་ཡང་ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་དག་གི་རིམ་པ་ངེས་པ་ནི་འགའ་ཡང་མེད་དེ་ཇི་ལྟར་ཡང་རྟོགས་པར་བྱེད་པའི་ཕྱིར་རོ། །


DTG174_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་སྨོས་པ་ལ་ཡང་སྦྱོར་བ་འབའ་ཞིག་ཐ་དད་པར་ཟད་དེ། གཉི་ག་ལྟར་ཡང་ཆོས་ཐ་དད་ཀྱང་དེའི་ངོ་བོ་ཁོ་ན་སྟོན་པའི་ཕྱིར་རོ། །དེའི་རང་བཞིན་མ་ཡིན་པ་ཡོད་ན་གཞན་ཡོད་པར་ངེས་པ་མེད་དེ། བྱས་པ་ཉིད་ཡོད་ན་བརྩལ་ནས་འབྱུང་བའི་ཆོས་ཉིད་བཞིན་ནོ། །དེའི་རང་བཞིན་མ་ཡིན་པ་ལོག་ན་ཡང་འབྲས་བུ་མ་ཡིན་པ་དེ་ལྡོག་པ་མེད་དེ། དཔེར་ན་ཆོས་འདི་གཉིས་ཁོ་ན་བཟློག་པ་བཞིན་ནོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་མཚན་ཉིད་ཇི་ལྟ་བ་གཅིག་རབ་ཏུ་སྦྱར་བས་ཀྱང་གཉིས་པ་འཕེན་པས་སྒྲུབ་པའི་ཚིག་གཅིག་ལ་གཉི་ག་སྦྱོར་བར་མི་འདོད་དེ། དོན་མེད་པའི་ཕྱིར་རོ། །དེའི་རང་བཞིན་ཡིན་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་གྲུབ་ན། དེ་མེད་ན་མེད་པ་འགྲུབ་པའི་ཕྱིར་ལ། དེ་མེད་ན་མེད་པ་གྲུབ་ན་དེའི་རྗེས་སུ་འགྲོ་བ་གྲུབ་པའི་ཕྱིར་རོ། །ལྡོག་པ་སྦྱོར་བ་ནི། ཇི་ལྟར་ན་དེ་མེད་པ་ཁོ་ན་ལ་མེད་པ་ཡིན་པར་སྟོན་པར་འགྱུར་བ་སྟེ། གཞན་ལ་ཡང་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ངེས་པར་བསྟན་པའི་དོན་དུ་ཡང་ངེས་པ་མ་ཡིན་ཏེ། གཞན་དང་འགལ་བ་དག་ཀྱང་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གང་གིས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་འགྱུར་བ་ཡོད་པ་གདོན་མི་ཟ་བར་འཇིག་པའི་རང་བཞིན་ཡིན་ན་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། འཇིག་པའི་རྒྱུ་མི་རུང་བའི་ཕྱིར་རོ། །དངོས་པོ་རྣམས་ནི་རང་གི་ངོ་བོ་ཁོ་ནས་འཇིག་པ་ཡིན་གྱི་གྲུབ་པ་རྣམས་གཞན་ལས་འཇིག་པ་འབྱུང་བ་འདི་ནི་མེད་དེ། དེ་ལ་ནུས་པ་མེད་པའི་ཕྱིར་རོ། །འཇིག་པའི་རྒྱུས་དངོས་པོའི་རང་གི་ངོ་བོ་ཁོ་ན་བྱེད་པ་ནི་མ་ཡིན་ཏེ། དེ་གྲུབ་ཟིན་པའི་ཕྱིར་རོ། །ངོ་བོ་ཉིད་གཞན་ཞིག་བྱེད་ན་ཡང་དངོས་པོ་དེའི་སོ་ན་འདུག་པ་ལ་ཅུང་ཟད་ཀྱང་མི་བྱེད་པས། དེ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །ངོ་བོ་ཉིད་གཞན་ནི་འདིའི་སྒྲིབ་པ་ཡིན་ཏེ། དེའི་སོ་ན་འདུག་ན་དེ་ལ་སྒྲིབ་པར་ཡང་མི་རུང་བའི་ཕྱིར་རོ། །འཇིག་པའི་རྒྱུས་དངོས་པོ་མེད་པར་བྱེད་པར་ཡང་མ་ཡིན་ཏེ། མེད་པའི་ཚུལ་དུ་ཁས་ལེན་ན་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པར་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །དངོས་པོ་དགག་པའི་ངོ་བོ་ཉིད་གཅིག་ཡིན་ན་ནི། དངོས་པོ་མི་བྱེད་ཅེས་བྱ་བར་


DTG174_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟ་ན་བྱེད་པ་པོ་མ་ཡིན་པ་ནི་རྒྱུ་ཉིད་མ་ཡིན་པས་འཇིག་པའི་རྒྱུ་འགའ་ཡང་མེད་དོ། །དོན་མེད་པའི་ཡང་ཕྱིར་ཏེ། གལ་ཏེ་དངོས་པོ་རང་གི་ངོ་བོས་འཇིག་པ་ཡིན་ན། དེ་ལ་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་དགོས་ཏེ། དེའི་ངོ་བོ་ཉིད་ཡིན་པ་ཁོ་ནས་བདག་ཉིད་འཇིག་པའི་ཕྱིར་རོ། །གང་ཞིག་གང་གི་ངོ་བོ་ཉིད་ཡིན་པ་དེ་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ན་དེ་ལྟ་བུར་འགྱུར་གྱི། དེ་ངོ་བོར་བྱ་བ་ལ་རྒྱུ་གཞན་ལ་ནི་མི་ལྟོས་ཏེ། གསལ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། སྲ་བ་ལ་སོགས་པའི་རྫས་དང་འདྲའོ། །གསལ་བ་ལ་སོགས་པ་དེ་དག་གི་བདག་ཉིད་དུ་བྱུང་བ་རྣམས་ནི་ཡང་གསལ་བ་ལས་ངོ་བོར་བྱ་བའི་ཕྱིར། རྒྱུ་གཞན་ལ་མི་ལྟོས་ཏེ། དེའི་བདག་ཉིད་ལ་དེའི་བདག་ཉིད་མེད་ན་བདག་ཉིད་མེད་པར་ཐལ་བར་འགྱུར་རོ། །དེ་དང་འདྲ་བར་གལ་ཏེ་མི་གནས་པའི་ཆོས་ཅན་ཞིག་ཡིན་ན་ནི། ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་དེའི་བདག་ཉིད་དུ་བྱ་བའི་ཕྱིར་རྒྱུ་གཞན་ལ་མི་ལྟོས་སོ། །གལ་ཏེ་ས་བོན་ལ་སོགས་པ་བཞིན་དུ་མ་ངེས་པ་ཡིན་ནོ་སྙམ་སྟེ། འདི་སྙམ་དུ་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་བསྐྱེད་པའི་རང་བཞིན་ཡང༌། ཆུ་ལ་སོགས་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་འབའ་ཞིག་གིས་ནི་སྐྱེད་པར་མི་བྱེད་དོ། །དངོས་པོ་འཇིག་པ་ཡང་དེ་དང་འདྲ་བར་འགྱུར་རོ་སྙམ་དུ་སེམས་ན་མ་ཡིན་ཏེ། དེའི་ངོ་བོ་ཉིད་སྐྱེ་བའི་ཕྱིར་ལ། སྐྱེད་པར་བྱེད་པ་མ་ཡིན་པ་ཡང་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་དེ་གཉིས་པོ་ཐ་དད་པར་ངེས་ཏེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གཞན་དུ་འགྱུར་བ་ཉིད་མེད་པས། དེའི་ངོ་བོ་ཉིད་ནི་ཕྱིས་བཞིན་དུ་སྔོན་པོ་ཡང་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གནས་སྐབས་ཀྱི་བྱེ་བྲག་ཐ་མ་གང་ཡིན་པ་དེ་ཉིད་མྱུ་གུ་ལ་སོགས་པ་སྐྱེད་པའི་ངོ་བོ་ཉིད་ཡིན་ནོ། །སྔོན་གྱི་གནས་སྐབས་ན་ཡོད་པའི་བྱེ་བྲག་རྣམས་ནི་རྒྱུའི་རྒྱུད་ཉིད་ཡིན་པས་མ་ངེས་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་སྐད་ཅིག་མ་རྣམས་ལ་གཞན་དང་གཞན་སྐྱེ་བས་གཅིག་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཐ་མ་དག་ནུས་པ་ཡིན་ན་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེ་ན། སྐྱེད་པར་བྱེད་པ་ཁོ་ནའོ། །


DTG174_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཞན་དུ་འགྱུར་བ་མེད་དེ་ངོ་བོ་ཉིད་བཟློག་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་པ་དེ་དག་ཐམས་ཅད་ནུས་པའི་ངོ་བོ་ཉིད་ཡིན་པ་ལ། གཞན་གྱི་ཉེ་བར་སྦྱོར་བ་ཅི་ཞིག་དགོས་ཤེ་ན། དངོས་པོ་རྣམས་ལ་ནི་གང་གིས་ན་འདི་གཅིག་པུས་ཀྱང་ནུས་ན་བདག་གིས་ཅི་ཞིག་བྱ་ཞེས་གཞན་དག་ལྡོག་པར་འགྱུར་བ་རྟོག་པ་སྔོན་དུ་གཏོང་ཞིང་བྱེད་པ་ཅན་དག་ནི་འགའ་ཡང་མེད་པ་ཁོ་ན་སྟེ། སེམས་པ་མེད་པར་བྱེད་པ་ཅན་རང་གི་རྒྱུ་ཡོངས་སུ་གྱུར་པས་འདུ་བའི་ཆོས་ཅན་དག་ཡིན་ལ། དེའི་རང་བཞིན་ལས་དེ་ལྟ་བུར་འགྱུར་བ་ལ་ཀླན་ཀ་བཙལ་བར་འོས་པ་མ་ཡིན་ནོ། །གལ་ཏེ་ནུས་པ་དག་ཅིའི་ཕྱིར་གཞན་དང་གཞན་སྐྱེད་པར་མི་བྱེད་ཅེ་ན། མ་ཡིན་ཏེ་དེ་ཁོ་ན་ལ་ནུས་པའི་ཕྱིར་རོ། །གཅིག་པུ་དེ་ཉིད་བསྐྱེད་པར་བྱ་བར་ནུས་ཀྱི། གཞན་ལ་ནི་མ་ཡིན་པས། གཞན་དང་གཞན་སྐྱེད་པ་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་ལྷན་ཅིག་བྱེད་པ་ངོ་བོ་ཉིད་ཐ་དད་པ་དག་ལས་འབྲས་བུ་གཅིག་སྐྱེ་ན་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་ཏུ་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་བདག་ཉིད་ཇི་ལྟ་བའི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་དེའི་ཁྱད་པར་ལ་ཉེ་བར་སྦྱོར་བའི་ཕྱིར། དེའི་ཉེ་བར་སྦྱོར་བས་བྱ་བའི་ཁྱད་པར་འཆོལ་བ་མེད་པའི་ཕྱིར་རོ། །དཔེར་ན་འཇི་བའི་གོང་བུ་དང༌། རྫ་མཁན་དང་སྐུད་པ་ལ་སོགས་པ་དག་ལས་བུམ་པར་འགྱུར་བ་ལ། འཇི་བའི་གོང་བུ་ལས་ནི་འཇི་བའི་ངོ་བོ་ཉིད་མ་ཡིན་པ་ཤིང་ལ་སོགས་པ་ལས་གཞན་པའི་ངོ་བོ་ཉིད། རྫ་མཁན་ལས་ནི་འཇི་བའི་བདག་ཉིད་ཡིན་པ་དེ་ཉིད་དབྱིབས་ཀྱི་བྱེ་བྲག་གི་བདག་ཉིད་ཀྱིས་དེ་ལས་གཞན་པ་དག་ལས་ཐ་དད་པ། སྐུད་པ་ལས་ནི་འཇི་བ་དང་དབྱིབས་ཀྱི་བྱེ་བྲག་གི་བདག་ཉིད་ཅན་དེ་ཉིད་འཁོར་ལོ་ལ་སོགས་པ་ལས་རྣམ་པར་ཕྱེ་བའི་ངོ་བོ་ཉིད་དུ་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རྫ་མཁན་ལས་ནི་འཇི་བའི་ངོ་བོ་ཉིད་མ་ཡིན་ལ། འཇི་བ་ལས་ཀྱང་དབྱིབས་ཀྱི་བྱེ་བྲག་མ་ཡིན་ནོ། །དེ་གཉིས་ཀྱི་ནུས་པའི་བྱེ་བྲག་གི་ཡུལ་ཐ་དད་ཀྱང་དེས་བསྐྱེད་པའི་ཁྱད་པར་གྱི་བྱེ་བྲག་གི་འབྲས་བུའི་ངོ་བོ་ཉིད་དི་ཐ་དད་པ་མ་ཡིན་ཏེ། འཇི་བ་དང་དབྱིབས་དག་ཕན་ཚུན་གྱི་བདག་ཉིད་ཅན་མ་ཡིན་པ་ཉིད་ཀྱིས། དེ་གཉིས་དབྱིབས་དང་འཇི་བའི་ངོ་བོ་དག་ཏུ་མི་སྣང་བར་


DTG174_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡོན་ཏན་དབྱིབས་ནི་རྫས་ལས་གཞན་པ་ཁོ་ན་ཡིན་ཏེ། དེས་ན་རྫ་མཁན་དང༌། འཇི་བའི་ཉེ་བར་སྦྱོར་བའི་ཡུལ་ངོ་བོ་ཉིད་ཐ་དད་པ་ཡིན་ནོ་ཞེ་ན་འདི་ལས་བཤད་ཟིན་ཏོ། །གཞན་ཡང་འཇི་བ་ལ་དབྱིབས་ཐ་དད་པ་ཞིག་ཡིན་ན། རྫ་མཁན་གྱིས་ཅིའི་ཕྱིར་ལོགས་ཤིག་ཏུ་མི་བྱེད། གལ་ཏེ་ཡོན་ཏན་ནི་རྫས་ཀྱིས་གཞན་གྱི་དབང་ཡིན་པས་ལོགས་ཤིག་ཏུ་མི་བྱེད་དོ། །གལ་ཏེ་རང་བཞིན་གྱི་རྫས་དེ་དབྱིབས་དེའི་རྟེན་གྱི་བདག་ཉིད་ཅན་ཡིན་པའམ། དབྱིབས་དེ་དེ་ལ་རག་ལས་པའི་བདག་ཉིད་ཅན་ཞིག་ཡིན་ན། རྫ་མཁན་ལ་ལྟོས་ཅི་དགོས་ཤེ་ན་མ་ཡིན་ཏེ། དེ་ལས་ཕན་ཚུན་འབྲེལ་དུ་རུང་པ་ཉིད་ཐོབ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་དངོས་པོའི་ཆོས་ཉིད་རུང་བ་ཁོ་ནས། སྔོན་ཡང་འཇི་བའི་གོང་བུ་དབྱིབས་ཀྱི་ཁྱད་པར་དང་འབྲེལ་དུ་རུང་བ་ཉིད་གཅིག་ཡིན་ན་ནི་དབྱིབས་ཀྱི་ཁྱབ་པ་དང་འབྲེལ་པའི་ཁྱད་པར་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་ན་ནི་འོ་ན་རྫས་འཇི་བའི་རུང་བ་དེ་རྫ་མཁན་ལས་འགྱུར་བས་འདི་གཉིས་ངོ་བོ་ཉིད་ཐ་དད་པ་ཡང་མ་ཡིན་ནོ། །ཐ་དད་པ་ཡིན་ན་ནི། སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རེ་ཞིག་ངོ་བོ་ཉིད་གཅིག་པ་ཉིད་ལ་ཡང་རྐྱེན་དུ་མས་པར་དུ་བྱ་བ་འགའ་ཡོད་པས། འཇི་བ་དང་དབྱིབས་དག་ངོ་བོ་ཉིད་གཅིག་ཏུ་བསྒྲུབ་པར་མི་འདོད་དོ། །དེས་ན་དངོས་སུ་འབྲས་སུ་ངོ་བོ་ཉིད་གཅིག་པ་ཉིད་ཡིན་ཡང༌། ལྷན་ཅིག་བྱེད་པའི་རྐྱེན་དག་ཉེ་བར་སྦྱོར་བའི་ཡུལ་གཅིག་པ་ཅན་མ་ཡིན་ན། ཇི་ལྟར་འདིར་རྒྱུ་ཐ་དད་པའི་ཉེ་བར་སྦྱོར་བའི་ཡུལ་གཅིག་པ་ཅན་མ་ཡིན་ནོ། །ཇི་ལྟར་འདིར་རྒྱུ་ཐ་དད་པའི་ཉེ་བར་སྦྱོར་བའི་ཡུལ་ཐ་དད་པའི་ཕྱིར་འབྲས་བུ་གཅིག་པ་མ་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པ་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་ཡང་རིག་པར་བྱ་སྟེ། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ནི་མིག་གི་རྣམ་པར་ཤེས་པ་དམིགས་པའི་བདག་ཉིད་ཡིན་ལ་དམིགས་པའི་བདག་ཉིད་མིག་གི་དབང་པོ་ལས་ནི་གཟུགས་འཛིན་དུ་རུང་བ་ཉིད་དུ་སོ་སོར་ངེས་པ་ཡིན། ཡུལ་ལས་ནི་དེ་དང་འདྲ་བའི་ངོ་བོ་ཅན་ཉིད་ཅེས་བྱ་བ་ཡིན་ནོ། །དངོས་སུ་འབྲས་བུ་ཐ་དད་པའི་ངོ་བོ་ཉིད་མ་ཡིན་ཡང༌། རྒྱུའི་ངོ་བོ་ཉིད་ཐ་


DTG174_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དག་ལས་ཁྱད་པར་ཐ་དད་པ་ཁོ་ན་དག་ཏུ་འགྱུར་བས། རྒྱུ་ཐ་དད་པ་ཡིན་ཡང་དེས་བྱ་བའི་ཁྱད་པར་ཐ་མི་དད་པ་ཡིན་ནོ། །རྒྱུའི་ནུས་པ་ཐ་དད་པ་དེ་དག་ཁོ་ན་སྐད་ཅིག་པ་ཡིན་པའི་ཕྱིར། བདག་ཉིད་ཇི་ལྟ་བ་བཞིན་སོ་སོའི་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་ནུས་པ་ཆོད་པ་མེད་པ་ཉིད་དུ་ཉེ་བར་གནས་པ་ནི་ཚོགས་པའི་འབྲས་བུའི་ངོ་བོ་ཉིད་གནས་པའི་གཞི་དག་ཡིན་ཞེས་བྱ་སྟེ། འདི་ལྟར་དེ་ནི་དེ་མཐའ་དག་ལས་དམིགས་པའི་བདག་ཉིད་དང༌། གཟུགས་འཛིན་པར་སོ་སོར་ངེས་པ་དང༌། ཡུལ་དང་ངོ་བོ་ཅན་ཞེས་བྱ་བ་སོ་སོའི་ཁྱད་པར་ཅན་གྱི་ངོ་བོ་ཉིད་གཅིག་སྐྱེས་སོ། །གལ་ཏེ་ནུས་པ་འགོག་པ་མེད་པ་འབྲས་བུ་མཇུག་ཐོགས་པ་སྐད་ཅིག་པ་ཁྱད་པར་དུ་བོགས་དབྱུང་དུ་མེད་པ་དག་གི་རྐྱེན་རྣམས་ལ། ཕན་ཚུན་ལྷན་ཅིག་བྱེད་པའི་དོན་ཅི་ཞིག་ཡིན་ཞེ་ན། ལྷན་ཅིག་བྱེད་པ་ནི་ཐམས་ཅད་དུ་བོགས་འབྱིན་པ་སྐྱེད་པ་འབའ་ཞིག་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མང་པོ་དག་དོན་གཅིག་བྱེད་པ་གང་ཡིན་པ་ཡིན་ཏེ། དཔེར་ན་ཚོགས་ཐ་མ་ལྟ་བུའོ། །འདི་ཉིད་དངོས་སུ་ལྷན་ཅིག་བྱེད་པ་རྣམས་ཀྱི་ལྷན་ཅིག་བྱེད་པ་ཡིན་ཏེ། ཐ་མ་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་དེ་ལ་ངོ་བོ་ཉིད་གཅིག་ལ་དབྱེ་བ་མེད་པས་ཁྱད་པར་དུ་བྱ་བར་མི་ནུས་པའི་ཕྱིར་ཏེ། ཁྱད་པར་འབྱུང་བའི་མཚན་ཉིད་ནི། ངོ་བོ་ཉིད་གཞན་འབྱུང་བའི་ཕྱིར་རོ། །ངོ་བོ་ཉིད་གཞན་འབྱུང་ན་ནི་ཐ་མར་མི་འགྱུར་ཏེ། དེའི་ཕྱིར་མངོན་སུམ་གྱི་རྒྱུར་མི་འགྱུར་རོ། །དེ་ལྟ་བས་ན་ལྷན་ཅིག་བྱེད་པ་རྣམས་ལས་རྒྱུའི་ཁྱད་པར་འབྱུང་བ་མ་ཡིན་ནོ། །གང་དག་ལ་སྔོན་དང་ཕྱིས་དང་ཐ་དད་པའི་ངོ་བོ་མེད་པ། གང་གི་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་རྐྱེན་ཐ་མ་ངོ་བོ་ཉིད་ཀྱིས་ནུས་པར་སྐད་ཅིག་པ་དེ་དག་ལྷན་ཅིག་སྐྱེ་སྟེ། དེ་ལ་བྱ་བ་གཅིག་པ་ཁོ་ན་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ནུས་པ་དེ་དག་ག་ལས་བྱུང་ཞེ་ན། རང་གི་ངག་ལས་སོ། །གལ་ཏེ་དེ་དག་གིས་འདི་རྐྱེན་གཞན་དང་ཉེ་བ་མེད་པ་ཁོ་ནར་ཅི་སྟེ་མི་སྐྱེད་དེ་རེས་འགའ་གཞན་དུ་ཡང་འགྱུར་རོ། །དེའི་ཕྱིར་ལ་ལར་གཅིག་པུས་ཀྱང་སྐྱེ་བར་འགྱུར་རོ་ཞེ་ན། འདུ་བྱེད་རྒྱུ་མ་གཞན་དང་གཞན་གྱི་རྐྱེན་དང་ལྡན་པས། སྐད་ཅིག་མ་རེ་རེ་ལ་ནུས་པ་ཐ་དད་པ་ཅན་དག་འགའ་ཞིག་གིས་མཚུངས་པས་ངོ་བོ་འདྲ་བར་ཤེས་མོད་ཀྱི། དེ་


DTG174_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་དག་གི་ངོ་བོ་ཉིད་ཐ་དད་པ་ཁོ་ན་ཡིན་ཏེ། དེས་ན་འགའ་ཞིག་ཁོ་ན་འགའ་ཞིག་གི་རྒྱུ་ཡིན་ནོ། །དེ་ལ་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་ལྡན་པ་ཅན་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཡིན་ནོ། །དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་རྐྱེན་གྱི་ཁྱད་པར་གང་ཡིན་པ་དེ་ནི་དེའི་རྒྱུ་སྐྱེད་པར་ནུས་པ་ཡིན་ནོ། །དེ་དག་ཀྱང་སྔོན་ཡང་མེད། ཕྱིས་ཀྱང་མེད། སོ་སོ་ན་ཡང་མེད་པས་ནུས་ཀྱང་སྔོན་དང་ཕྱིས་ཀྱང་སོ་སོ་ན་ཡོད་པ་ལས་འབྱུང་བའི་ཉེས་པ་དག་གིས་མི་གོས་སོ། །དེ་དག་ན་འདི་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེ་ནུས་པའི་རྒྱུ་ཡིན་པས། དེ་ལ་ནམ་ཡང་གཞན་དུ་འགྱུར་བ་མེད་དོ། །ཚུལ་འདིས་ཐམས་ཅད་ལ་རྒྱུ་དང་འབྲས་བུའི་ངོ་བོ་སོ་སོར་ངེས་པ་ཁོང་དུ་ཆུད་པར་བྱའོ། །དངོས་པོའི་ནུས་པ་སྐད་ཅིག་མ་རེ་རེ་ལ་ངོ་བོ་ཉིད་ཀྱི་བྱེ་བྲག་གཞན་དང་གཞན་གྱི་རྗེས་སུ་འགྲོ་བ་ཅན་དག་ལ་ཡིན་གྱི་དངོས་པོ་བསྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་དག་ལ་ནི་མ་ཡིན་ཏེ། ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པས་ནུས་པ་དང་མི་ནུས་པའི་ངོ་བོ་ཉིད་དག་ལ་བྱེད་པ་དང་མི་བྱེད་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་ཀྱི་འགའ་ཞིག་ནི་མ་ཡིན་ནོ་ཞེ་ན། ཅི་འབའ་ཞིག་གིས་འབྲས་བུ་བསྐྱེད་པར་ནུས་སམ། མི་ནུས་སོ། །ཅིའི་ཕྱིར་མི་བསྐྱེད། མི་བསྐྱེད་ན་ཇི་ལྟར་ནུས། གལ་ཏེ་ཐ་ག་ལ་སོགས་པ་རས་ཡུག་ལ་སོགས་པ་བྱ་བར་ནུས་མོད་ཀྱི། ཐམས་ཅད་དུ་ནི་མི་བྱེད་དོ་ཞེ་ན། བརྩེ་བའི་དང་ཚུལ་ཅན་བླུན་པོ་རྣམས་དགའ་བ་སྐྱེད་དེ་བར་བསྐྱེད་པ་ནི་བྱས་ཤིང་བྱས་པ་ལ་ཡང་དང་ཡང་བྱེད་དུ་གཞུག་སྟེ། འདི་ལྟར་འདི་ནི་ས་བོན་ལ་སོགས་པ་ཉེ་བར་འགོད་པར་དཔྱད་ཟིན་ཏོ། །དེ་ལྟ་བས་ན་ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཆོས་ཅན་གྱི་ངོ་བོ་ཉིད་དེ་ལྟ་བུ་ནི་ཐ་མའི་གནས་སྐབས་བཞིན་དུ་བཟློག་ཏུ་མི་རུང་ངོ༌། །ཐ་མའི་གནས་སྐབས་ན་སྔོན་ནུས་པ་མེད་པ་ལས་ནུས་པ་སྐྱེ་ན། ནུས་པ་དེའི་ངོ་བོ་ཉིད་ཡིན་ན་ནི། སྔོན་མེད་པ་སྐྱེ་བ་ཁོ་ན་ཡིན་ནོ། །དེའི་ངོ་བོ་ཉིད་མ་ཡིན་ན་ནི་བྱེད་པ་པོ་མ་ཡིན་པ་ཉིད་དེ། ནུས་པ་ཞེས་བྱ་བའི་དངོས་པོ་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་དེ་ཉིད་ལྷན་ཅིག་བྱེད་པ་མཐའ་


DTG174_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་ལྡན་པ་འབྲས་བུ་ཇི་སྟེ་སྐྱེད། བསྐྱེད་པ་མཐོང་སྟེ། དེས་ན་བསྐྱེད་དོ་ཞེས་སྨྲའོ། །མཐུ་ཆེན་པོ་ཅན་གྱི་མཐོང་བ་དངོས་པོ་དེའི་ངོ་བོ་ཉིད་མ་ཡིན་པ་དག་ཀྱང༌། རང་གི་ངོ་བོ་ཙམ་གྱིས་བྱ་བ་སྣ་ཚོགས་པ་རྣམས་ལ་སྦྱོར་བ་ནི་ནུས་པ་ཆེན་པོ་ཅན་ཡིན་ནོ། །བརྒྱ་ཞིག་ལ་འགའ་ཞིག་ཇི་ཞིག་ལྟར་འདིར་ཁྱོད་ཀྱི་མཐོང་བའི་ལམ་ལས་འདས་ན། ཀྱེ་མ་མི་སྐྱེད་པའི་ཆོས་ཅན་ཡིན་ཏེ། རྒྱུ་མེད་པ་ཅན་དུ་འགྱུར་བས་བསམ་པ་འདི་ནི་སེམས་ལ་གདུང་ངོ༌། །ཁོ་བོ་ནི་དེའི་ངོ་བོ་ཉིད་མ་ཡིན་པ་ལས་བདག་གིས་མཐོང་བས་འབྲས་བུ་བསྐྱེད་དོ་ཞེས་མི་ཟེར་རོ། །འོ་ན་ཅི་ཞེ་ན་དེ་དག་ནི་ངོ་བོ་ཉིད་ཀྱིས་དེ་སྐྱེད་པའི་ཆོས་ཅན་ཡིན་ལ། དེ་དག་མཐོང་ན་འདི་དག་ནི་སྐྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ཤེས་པར་ཟད་དོ། །འདི་ཡང་ཡོད་པར་བདེན་ན་དེ་དག་འབྲས་བུ་བསྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པ་དེས་ན། རྐྱེན་མཐའ་དག་དང་ལྡན་པ་རྣམས་མ་བསྐྱེད་པར་བཏང་སྙོམས་སུ་འཁོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཅི་དེ་དག་གི་མི་སྡོད་པར་བསྐྱེད་པའི་ཆོས་ཅན་གྱི་ངོ་བོ་ཉིད་དེ། ཐ་མའི་གནས་སྐབས་དེ་ཁོ་ནའི་ཚེ་འབྱུང་ངམ། འོན་ཏེ་སྔོན་ཡང་ཡོད་དེ་མ་ཉམས་མ་བྱུང་བ་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་རྣམས་ལ་ངོ་བོ་ཉིད་འགའ་མེད་བ་འགལ་བའི་ཕྱིར་རོ། །དེ་ནི་ཅི་དེ་མ་ཡང་ཡིན་མོ་གཤམ་ཡང་ཡིན་ནམ། མི་སྡོད་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ། མི་སྐྱེད་པ་ཡང་ཡིན་ནོ་ཞེས་སྨྲས་པ་འདིའི་དོན་ཅི་ཡིན། གལ་ཏེ་དེའི་ངོ་བོ་ནི་ལྷན་ཅིག་པ་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེ་ན། འོ་ན་ནི་འབའ་ཞིག་ཀྱང་གཞན་ལ་ལྷན་ཅིག་པ་ཡང་གཞན་ཡིན་ཏེ། དངོས་པོ་ཐ་དད་པའི་མཚན་ཉིད་ནི། ངོ་བོ་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །ལྷན་ཅིག་པ་ཉིད་ཡིན་ཡང་གཞན་གྱི་ངོ་བོས་བྱེད་པ་པོ་ནི་མ་ཡིན་ལ། འདིའི་རང་གི་ངོ་བོ་ནི་སྔོན་ཡང་དེ་ཁོ་ནར་ཟད་ན། ཇི་ལྟར་རེས་འགའ་སྐྱེད་པ་དང་འབྲལ། གང་གི་དངོས་པོ་སྐད་ཅིག་པ་ཡིན་པ་དེའི་ལྟར་ན་ཡང་ཇི་སྟེ་འབའ་ཞིག་གིས་མི་སྐྱེད། གལ་ཏེ་ཡིན་ན་ནི་སྐྱེད་པ་ཁོ་ནའོ། །མ་ཡིན་ན་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞིག་བསྐྱེད་པ་ནི་བཤད་ཟིན་ཏེ། སྐད་ཅིག་མ་འབྱུང་བ་ཅན་དེ་ཇི་ལྟར་གཞན་དུ་འགྱུར། གང་ཞིག་འགྱུར་བ་དེ་ནི་དེ་ཉིད་


DTG174_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པས་ཐལ་བ་འདིར་མི་འགྱུར་ཏེ། བྱེད་པ་པོ་དང༌། བྱེད་པ་པོ་མ་ཡིན་པ་དག་གི་ངོ་བོ་ཉིད་དང་དེའི་རྒྱུ་དག་འགལ་བའི་ཕྱིར་རོ། །གང་ཞིག་དེའི་ངོ་བོ་ཉིད་དེ་ནི་མི་སྡོད་པར་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་པས། དེ་ནི་ལྷན་ཅིག་པ་ཉིད་ལ་མི་ལྟོས་སོ། །འབྲས་བུ་ནི་རྐྱེན་གཞན་ལ་ལྟོས་པས། ལྷན་ཅིག་པ་ཁོ་ན་ལས་སྤྱིའི་འབའ་ཞིག་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་ན་ཡང་ཅི་ལྟར་དེ་འབའ་ཞིག་གིས་ཀྱང་སྐྱེད་པ་ཁོ་ན་ཡིན་ལ་འབྲས་བུ་ཡང་དེ་ལས་མི་སྐྱེ་ཞེས་བྱ་སྟེ། གནས་སྐབས་དེ་ནི་འགལ་ལོ། །གལ་ཏེ་འབའ་ཞིག་གིས་སྐྱེད་པ་ཁོ་ནི་མ་ཡིན་ནོ་ཞེ་ན། ད་ནི་ཇི་ལྟར་ན་མི་འདོད་པར་སྐྱེད་པའི་ངོ་བོ་ཉིད་ཡིན་ཏེ། འདི་སྐད་དུ་སྐྱེད་པ་ཁོ་ནའོ་ཞེས་ཡོངས་སུ་བསྟན་པ་མ་ཡིན་ནམ། འདི་འབའ་ཞིག་ཀྱང་ནུས་པ་ཡིན་ན། འབྲས་བུ་གཞན་ལ་ལྟོས་ན་ཡང་ཇི་ལྟར་བཏང་སྙོམས་སུ་འཇོག་སྟེ། གཞན་ལ་མི་འཆོལ་བར་འདི་གསལ་བར་སྐྱེད་པར་འགྱུར་རོ། །དེ་ལྟ་ན་འདིས་བདག་ཉིད་ཀྱི་ནུས་པ་བསྟན་པ་ཡིན་ནོ། །འབྲས་བུ་གཞན་ལ་ལྟོས་སོ་ཞེས་བྱ་བ་ནི་དེ་འབའ་ཞིག་ལས་མི་སྐྱེ་བར་སྨྲ་བ་ཡིན་ལ། དེ་འབའ་ཞིག་ཀྱང་ནུས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དེ་ལས་སྐྱེ་བར་སྨྲས་པ་ཡིན་ན། འདི་དག་གཅིག་ལ་ཇི་ལྟར་འགྱུར་ཏེ། དེ་ལྟ་བས་ན་ཕྲག་དོག་གི་ཟུག་རྡུས་གནད་དུ་བརྒྱབ་པ་ཅན་འདི་འཆལ་ཞིང་འཁང་བར་ཟད་པས། བཏང་སྙོམས་སུ་དོར་བར་འོས་སོ། །དེ་ལྟ་བས་ན་གཅིག་སྐྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ནི། དངོས་པོ་སྐད་ཅིག་པ་རྣམས་ཁོ་ནའི་ཡིན་གྱི་སྐད་ཅིག་པ་མ་ཡིན་པ་སོ་སོ་ན་ཡོད་པ་སྲིད་པ་ཅན་རྣམས་ཀྱི་ནི་མ་ཡིན་ཏེ། སོ་སོར་སྐྱེད་པར་སྲིད་པས་ལྷན་ཅིག་བྱེད་པ་ཉིད་དུ་ངེས་པ་མི་རུང་པའི་ཕྱིར་རོ། །གང་དུ་རྒྱུན་གྱིས་ཕན་འདོགས་པས་དངོས་པོ་རྣམས་རྐྱེན་ཉིད་དུ་སྟོན་པ་དཔེར་ན་འབྲས་ཐུག་པོ་ཆེ་དང་ས་བོན་ལ་སོགས་པ་ལས་འབྲས་ཆན་དང་མྱུ་གུ་ལ་སོགས་པ་འབྱུང་པ་ལས། མེ་དང་ཆུ་དང་ས་ལ་སོགས་པ་ལྟ་བུ་དེ་ལ་ནི། རྒྱུ་ལ་བརྟེན་ནས་ཁྱད་པར་འབྱུང་བ་ལ། རྐྱེན་རྣམས་ཀྱི་ལྷན་ཅིག་བྱེད་པར་བཤད་ཀྱི། རྫས་ལ་བརྟེན་ནས་ནི་མ་ཡིན་ཏེ། རྫས་སྐད་ཅིག་པ་ལ་ཁྱད་པར་འབྱུང་བ་མེད་པའི་ཕྱིར་རོ། །འབྲས་ཐུག་པོ་ཆེ་ལ་སོགས་པ་མེ་ལ་སོགས་པ་ལ་རིམ་གྱིས་ངོ་བོ་ཉིད་ཁྱད་པར་གྱུར་པ་མི་འབྱུང་


DTG174_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ན། འབྲས་ཆན་ལ་སོགས་པ་འགྲུབ་པའམ། སྣང་བ་ནས་མུན་ཁང་དུ་ཞུགས་པའི་དབང་པོ་ལ་རང་གིས་ཕན་འདོགས་པ་དག་ལས་རྒྱུན་གྱི་ཁྱད་པར་མི་འབྱུང་ན་དོན་རྟོགས་པ་སྐྱེ་བ་མེད་དོ། །ཐོགས་པ་མེད་པར་སྐྱེད་པའི་དབང་པོ་ལ་སོགས་པ་ནི། ཕན་ཚུན་ལས་ཁྱད་པར་འབྱུང་བ་མེད་དེ། དེར་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་བདག་ཉིད་ཇི་ལྟ་བའི་རྐྱེན་རྣམས་ཀྱིས་རུང་བའི་ཡུལ་ལ་སོགས་པར་གནས་པ་ཅན་སྐྱེད་པ་དེ་དག་ལྷན་ཅིག་ངོ་བོ་ཉིད་གྲུབ་པས། །ཤེས་པའི་རྐྱེན་ཉིད་དུ་ཤེས་པས་དོན་གཅིག་བྱེད་པ་ཁོ་ན་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །གང་དུ་ཁྱད་པར་བསྐྱེད་པས་ལྷན་ཅིག་བྱེད་པ་རྣམས་རྐྱེན་ཉིད་པ་དེར་ནི། རྒྱུའི་རྒྱུན་རྐྱེན་ལ་ལྟོས་པ་ཡིན་པས། དེ་ལས་ངོ་བོ་ཉིད་གཞན་ཐོབ་བོ་ཞེས་བྱའོ། །དེ་ལ་རྒྱུ་དང་རྐྱེན་རྣམས་ཀྱི་སྐད་ཅིག་མ་སྔ་མ་རང་གི་ངང་གིས་ལོག་ན། དེ་དག་ཁོ་ན་ལས་སྐད་ཅིག་མ་ཁྱད་པར་ཅན་འབྱུང་བའི་ཕྱིར། རིམ་གྱིས་ཁྱད་པར་དུ་གྱུར་པ་དང་ལྡན་པ་རྒྱུའི་ཚོགས་ཐ་མ་ལས་འབྲས་བུའི་བར་དུ་འབྱུང་ངོ༌། །ལྷན་ཅིག་བྱེད་པ་ལས་ཡང་དག་པར་བྱུང་བའི་རྒྱུ་ལས་འབྲས་བུ་སྐྱེན་ནི། ཁྱད་པར་ཉིད་དུ་འབྱུང་བར་མི་རུང་ངོ༌། །ཁྱད་པར་ཅན་མ་ཡིན་པ་ལས་ཁྱད་པར་སྐྱེ་ན་ནི། འབྲས་བུ་ཡང་འགྱུར་ཏེ། ལྷན་ཅིག་བྱེད་པ་ཁྱད་པར་ཕན་ཚུན་འབྱུང་པ་ལ་མི་ལྟོས་པས་ཀྱང་འབྲས་བུ་སྐྱེད་པར་འགྱུར་རོ། །དེས་ན་སྐད་ཅིག་པ་མ་ཡིན་པ་ལྷན་ཅིག་བྱེད་པ་ལ་མི་ལྟོས་པ་རྣམས་ཀྱང་རྒྱུ་ཉིད་དུ་འགྱུར་ལ། ལྟོས་པར་བྱ་བ་རྣམས་ལས་ངོ་བོ་ཉིད་ཁྱད་པར་དུ་གྱུར་པ་འབྱུང་བ་ནི་མེད་དོ། །འོན་ཏེ་ཁྱད་པར་འབྱུང་ན་ཡང་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ཁོ་ན་ཉེ་བར་གནས་པར་འགྱུར་ཏེ། དེ་ལྟ་ན། ཐུག་པ་མེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་རྣམས་ནི་གང་གིས་ན་འདི་དག་ཕན་ཚུན་བྱས་པའི་ཁྱད་པར་དང་རྟག་ཏུ་རྗེས་སུ་འབྲེལ་བར་འགྱུར་བ་ཕན་ཚུན་ནས་འབྲས་བུ་སྐྱེ་བ་དང༌། མཐུན་པའི་ཁྱད་པར་སྐྱེད་པར་རུང་བར་རྟག་ཏུ་གནས་པ་ཅན་ཡང་མ་ཡིན་ཏེ། དེ་ཡོད་པ་དང་མེད་པ་དག་གི་འབྲས་བུ་གསལ་བ་དང༌། བྲལ་བ་མཐོང་བའི་ཕྱིར་རོ། །དེས་ན་ཁྱད་པར་དང་པོ་ནི་ལྷན་ཅིག་ཅིག་བྱེད་པ་དག་གིས་ཕན་མ་བཏགས་པ་ཡིན་པར་མི་འཐད་དོ་ཞེ་ན། ཁོ་བོ་ནི་ཡང་དང་ཡང་དུ་སྨྲ་བ་ལ་སྐྱོ་བ་འགའ་ཡང་མེད་དེ། གལ་ཏེ་དེ་ལྟ་ན་ཡང་འཇིག་རྟེན་


DTG174_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རིགས་པ་གོ་བར་འགྱུར་བ་ལྟར་ན་ད་དུང་ཡང་སྨྲ་བར་བྱའོ། །ལྷན་ཅིག་བྱེད་པ་རྣམས་ནི་གང་གིས་ན་དེ་མེད་པའི་ཕྱིར། ཁྱད་པར་སྐྱེད་པ་ལ་ལྷན་ཅིག་བྱེད་པ་དག་ཏུ་མི་འགྱུར་བ་ཁྱད་པར་སྐྱེད་པ་ཁོ་ནས་ལྷན་ཅིག་སྐྱེད་པ་ཉིད་ཡིན་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དོན་གཅིག་བྱེད་པས་ཀྱང་ཡིན་ནོ། །གལ་ཏེ་ཕན་ཚུན་ནས་ཁྱད་པར་མེད་པ་རྣམས་ལ་དེ་ཡང་མེད་དོ། །འོན་ཏེ་ཡོད་ན་ནི་སོ་སོ་ལ་ཡང་འགྱུར་རོ། །དེ་ལྟ་ན་ནི་ཁྱད་པར་དེ་ལས་འབྱུང་བ་ཅན་གྱི་འབྲས་བུ་ཡང་འབའ་ཞིག་ལས་འབྱུང་བར་འགྱུར་རོ་ཞེ་ན། སྐད་ཅིག་རེ་རེ་ལ་རྐྱེན་གཞན་དང་གཞན་དག་གིས་ཇི་ལྟར་དངོས་པོའི་རྒྱུ་ན་ལ་ཁྱད་པར་སྐྱེ་བ་དང༌། ཡུལ་རུང་བ་ཅན་ཉིད་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་པ་དག་འབྲས་བུ་སྐྱེད་པ་དང༌། དེ་དག་ཀྱང་གང་ལས་སྐྱེ་བ་དང༌། སོ་སོར་ནུས་ཀྱང་ཇི་ལྟར་འབའ་ཞིག་གིས་མི་སྐྱེད་དེ། བྱེད་པ་པོའི་ཁྱད་པར་སོ་སོ་ན་ཡོད་པ་མེད་པའི་ཕྱིར་དང༌། འབྲས་བུ་རྣམ་པ་གཉིས་པོ་ལྷན་ཅིག་བྱེད་པས་སྐྱེད་པའི་ཁྱད་པར་བརྒྱུད་པ་ལས་བྱུང་བའི་ཆོས་ཅན་དང༌། གཞན་ཏེ་མྱུ་གུ་ལ་སོགས་པ་ལྟ་བུ་དང༌། མི་སྡོད་པར་སྐྱེད་པའི་དབང་པོའི་རྣམ་པར་ཤེས་པ་ལྟ་བུ་སྟེ། འབྲས་བུ་དང༌། རྒྱུའི་ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ཐམས་ཅད་བཤད་ཟིན་ཏོ། །དེ་ལ་ལྷན་ཅིག་བྱེད་པ་དག་ལས་རྒྱུན་གྱིས་ཕན་འདོགས་པ་ལ་ལྟོས་པའི་འབྲས་བུའི་རྒྱུ་སྐྱེ་བ་ལ་ལྷན་ཅིག་བྱེད་པའི་ཁྱད་པར་དང་པོ་ནི་ལྷན་ཅིག་བྱེད་པས་ཁྱབ་པའི་ཁྱད་པར་ལས་སྐྱེ་བ་ཅན་མ་ཡིན་ཏེ། འབྲས་བུ་མཇུག་ཐོགས་ཅན་ལྟ་བུའོ། །དེ་ཕན་ཆད་ཀྱི་ཁྱད་པར་གང་ཡིན་པ་དེ་དག་ནི་དེ་ལས་སྐྱེ་བ་ཅན་ཡིན་ཏེ། དེ་དང་དེ་དག་ནི་དེའི་རང་བཞིན་ཅན་ཡིན་པའི་ཕྱིར། ཐུག་པ་མེད་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་དང་པོའི་རྒྱུ་བཞིན་དུ་སྐད་ཅིག་པ་མ་ཡིན་པའི་དངོས་པོ་ཁྱད་པར་དུ་གྱུར་པ་མ་བསྐྱེད་པས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེ་ན། བསྐྱེད་ལ་ནི་རག་སྟེ། གལ་ཏེ་འདིའི་ངོ་བོ་ཉིད་དེ་མི་སྡོད་པར་སྐྱེད་པར་བྱེད་པའི་ཆོས་ཅན་ཞིག་ཡིན་ན་ནི། སོ་སོ་ན་ཡོད་པ་སྲིད་པས་འབའ་ཞིག་གིས་ཀྱང་དེ་ལྟར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེའི་ངོ་བོ་ཉིད་མ་ཡིན་ན་ནི་དེའི་ཚེ་ཡང་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་སྐད་ཅིག་པ་མ་ཡིན་པའི་རྒྱུ་དག་ལས། དོན་གཅིག་བྱེད་པས་འགའ་ཡང་ལྷན་


DTG174_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱེད་པ་ཉིད་དུ་ངེས་པ་མེད་དོ། །རྒྱུན་གྱིས་ཕན་འདོགས་པས་ཀྱང་མ་ཡིན་པས། དེའི་ལྷན་ཅིག་བྱེད་པ་འགའ་ཡང་མེད་དེ། དེའི་ཕྱིར་འབའ་ཞིག་གིས་ཀྱང་བསྐྱེད་པར་འགྱུར་རོ། །དངོས་པོའི་རྒྱུན་ཚོགས་པ་ལ་གནས་པ་ཅན་ནི། ཕལ་ཆེར་ལྷན་ཅིག་བྱེད་པའི་རྐྱེན་གྱི་ཁྱད་བར་བསྐྱེད་པས་རང་གི་འབྲས་བུ་སྐྱེད་པ་མཐོང་སྟེ། ས་བོན་ལ་སོགས་པ་བཞིན་ནོ། །རྒྱུ་རྟག་པར་སྨྲ་པའི་ལྟར་ན་རྐྱེན་ལ་ལྟོས་པ་ཡིན་ན་ནི། སྐྱེད་པར་བྱེད་པའི་ངོ་བོ་ཉིད་གཞན་ཞིག་འབྱུང་ངོ་ཞེས་བྱ་བར་གསལ་བ་ཡིན་ཏེ། འབྲས་བུ་ལ་ལྟོས་པ་ཞེས་བྱའོ། །སྐྱེད་པར་བྱེད་པའི་ངོ་བོ་ཉིད་སྔོན་ཡང་ཡོད་ན་ནི། མི་བསྐྱེད་པ་མི་རུང་ངོ༌། །དེ་ལྟ་བས་ན་གང་གི་བདག་ཉིད་གང་ཡིན་པ་དེ་ནི། ཡོད་པ་ཙམ་གྱིས་དེ་ལྟ་བུར་འགྱུར་གྱི། གྱུར་ནས་ཡང་དེའི་དངོས་པོར་བྱ་བའི་ཕྱིར་གཞན་གྱིས་མངོན་པར་འདུ་བྱ་བ་ལ་ལྟོས་པ་ནི་མ་ཡིན་ནོ། །དངོས་པོ་ངོ་བོ་ཉིད་ཀྱིས་མི་གནས་པའི་ཆོས་ཅན་ལ་ནི། འཇིག་པའི་རྒྱུ་དག་ཅུང་ཟད་ཀྱང་མི་དགོས་སོ། །དངོས་པོ་གནས་པའི་ཆོས་ཅན་ལ་ཡང་སུས་ཀྱང་ངོ་བོ་ཉིད་གཞན་དུ་བྱ་བར་མི་ནུས་པའི་ཕྱིར། འཇིག་པའི་རྒྱུ་དག་གིས་ཅི་ཞིག་བྱ། འོན་ཏེ་གཞན་ཉིད་དུ་འགྱུར་ན་ནི་དེའི་ངོ་བོ་ཉིད་ཁོ་ནར་མི་འགྱུར་བས་བརྟག་པ་སྔ་མར་ཟད་དེ་དེ་ལ་ཡང་བཤད་ཟིན་ཏོ། །ཕ་རོལ་ལས་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི། གཞན་གྱི་ངོ་བོ་ཉིད་ཡིན་ལ། གང་ཞིག་གཞན་ཡིན་པ་དེ་ཇི་ལྟར་དེའི་ཡིན་ཏེ། དངོས་པོ་ཐ་དད་པ་ནི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ན་དངོས་པོ་སྔ་མ་འཕོ་བ་མེད་པའི་ཆོས་ལ་གནས་པས་དེས་གཞན་དུ་འགྱུར་བ་མེད་དོ། །འདིས་ནི་ཟངས་ལ་སོགས་པའི་སྲ་བ་ལ་སོགས་པ་མེ་ལ་སོགས་པ་ལས་སྙི་བ་ལ་སོགས་པའི་ངོ་བོ་ཉིད་གཞན་དུ་འགྱུར་བ་བསལ་བ་ཡིན་ཏེ། དེ་ལ་ཡང་སྔ་མ་རང་གི་ངང་གིས་འཇིག་པ་ཅན་ཡིན་པའི་ཕྱིར་ཞིག་ན། མེ་ལ་སོགས་པ་དང༌། ཉེ་བར་ལེན་པ་ལས་སྙི་བ་ལ་སོགས་པའི་ངོ་བོ་ཉིད་གཞན་ཁོ་ན་ཞིག་འབྱུང་བ་ཡིན་ནོ། །དེ་ནི་རང་གིས་གནས་པའི་ཆོས་ཅན་ཁོ་ན་ཡིན་ཏེ། འཇིག་པའི་རྒྱུ་མི་སྲིད་ན་གནས་པའི་ཕྱིར་རོ། །དེ་ནི་གཞན་གྱིས་འཇིག་ལ་འཇིག་པ་ཞེས་བྱ་བ་ངོ་བོ་ཉིད་གཞན་ཡང་མེད་དེ། དངོས་པོ་འཕོ་བ་ཁོ་ན་འཇིག་པ་ཡིན་ནོ་ཞེ་ན། ལན་འདི་ནི་རྣམ་པར་བརྟག་པ་གཉིས་


DTG174_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའོ། །ཅི་དངོས་པོ་ངོ་བོ་ཉིད་ཀྱིས་བརྟག་པ་ཞིག་གམ་མི་རྟག་པ་ཞིག་ཅེས་བརྟག་པར་བྱ་བ་ལ། སྔར་རྟག་པར་གྱུར་ནས་ཕྱིས་མི་རྟག་པར་འགྱུར་རོ་ཞེས་སྨྲ་ན་ནི། རྟག་པར་འདོད་པ་སྔ་མ་ཐམས་ཅད་དུ་རྟག་པ་དང་མི་རྟག་པའི་ངོ་བོ་ཉིད་ཐ་དད་པ་ཅན་གྱི་དངོས་པོ་གཉིས་དང༌། རང་གིས་འཇིག་པ་དང༌། མི་འཇིག་པར་རབ་ཏུ་སྨྲ་བ་ཡིན་ཏེ། དེ་ལྟར་ན་སྔ་མ་ལ་འཇིག་པའི་རྒྱུ་ནུས་པ་མེད་དོ། །སྔར་རྟག་པར་གྱུར་ནས་ཕྱིས་མི་རྟག་པར་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྱིས་ཀྱང་རྟག་པ་ཁོ་ན་ཡིན་ཏེ། ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །འོ་ན་དངོས་པོ་དེ་ངོ་བོ་ཉིད་ཀྱིས་འཇིག་པ་དང་མ་འབྲེལ་ན་འཇིག་པ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཏེ། དེའི་ངོ་བོ་ཉིད་དང་འཇིག་པ་དག་ནི་ཕན་ཚུན་གྱི་ངོ་བོ་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་འཇིག་པ་ཡོད་པ་དང༌། འདི་འཇིག་པའི་ངོ་བོ་ཉིད་དུ་འགྱུར་དགོས་ཏེ། དེ་ལྟ་ན་ཡང་འཇིག་པའི་རྒྱུ་དོན་མེད་དོ་ཞེས་བཤད་ཟིན་ཏོ། །དེས་ན་དངོས་པོའི་ངོ་བོ་ཉིད་ཀྱིས་འཇིག་པ་ཡིན་ཡང་རུང༌། མི་འཇིག་པ་ཡིན་ཡང་རུང་སྟེ། འཇིག་པའི་རྒྱུ་དགོས་པ་མེད་དོ། །དེ་ལྟ་བས་ན་དངོས་པོ་འཇིག་པ་ལ་ལྟོས་པ་མེད་པས་དེའི་ངོ་བོར་ངེས་པ་ཡིན་ནོ། །ཡོད་པ་གང་ཡིན་པ་དེ་ནི་འཇིག་པ་ཡིན་ལ། འཇིག་པ་ལོག་ན་ཡོད་པ་ལྡོག་པས་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པའོ། །གལ་ཏེ་ངོ་བོ་ཉིད་ཀྱིས་འཇིག་པ་ཉིད་ཡིན་ན་ཡང༌། ལ་ལ་དེའི་ངོ་བོ་ཉིད་མ་ཡིན་པར་ཡང་འགྱུར་ཏེ། ཐམས་ཅད་ཀྱི་ངོ་བོ་ཉིད་ཐམས་ཅད་ཡིན་པ་ནི་མེད་པས་རྗེས་སུ་འགྲོ་བ་དང༌། ལྡོག་པ་མ་གྲུབ་པོ་ཞེ་ན། མ་ཡིན་ཏེ། སྐད་ཅིག་པ་ཉིད་མ་ཡིན་ན་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོའི་མཚན་ཉིད་ནི་ནུས་པ་ཡིན་ནོ། །ནུས་པ་ཐམས་ཅད་བྲལ་བ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ། །སྐད་ཅིག་པ་མ་ཡིན་པ་ནི་འགའ་ཡང་གང་དུ་ནུས་པ་མེད་དེ་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་གང་ཡོད་པ་དེ་ནི་སྐད་ཅིག་པ་ཁོ་ན་ཡིན་པས་ཁྱབ་པ་གྲུབ་བོ། །དོན་གཞན་ཤེས་པར་བྱ་བ་ལ་འབྲས་བུ་གཏན་ཚིགས་ཡིན་ཏེ་འཁྲུལ་པ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་རྟགས་ཤེས་པར་བྱེད་པ་ཉིད་ཡིན་ན། རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་


DTG174_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཤེས་པར་བྱེད་པའི་དངོས་པོ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་མེད་པར་འབྱུང་བ་ནི་དེ་ལས་འབྱུང་བ་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུའི་ངོ་བོ་ཉིད་ཇི་སྙེད་གཅིག་མེད་པར་འབྲས་བུ་མི་འབྱུང་བ་དེ་དག་རྒྱུ་ཡིན་ཏེ། དེའི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །གང་དག་དེ་དག་མེད་ན་མི་འབྱུང་བའི་ཆོས་དེ་དག་ཉིད་ཀྱིས་སོ། །གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེས་བསྐྱེད་པར་བྱ་བའི་ཁྱད་པར་དང༌། རྟགས་ཀྱི་ཁྱད་པར་གྱི་བྱེ་བྲག་ཅན་གྱི་སྤྱི་རྣམས་འཛིན་ན། འདོད་པའི་ཕྱིར་རོ། །ཁྱད་པར་ཅན་མ་ཡིན་པའི་སྤྱིའི་བརྗོད་པར་འདོད་ན། འཁྲུལ་པའི་ཕྱིར་མི་འདོད་དོ། །གལ་ཏེ་འགའ་ཞིག་རེས་འགའ་ཞིག་ལས་འབྱུང་ཡང་དེ་དང་འདྲ་བ་ཐམས་ཅད་དེ་ལས་སྐྱེའོ་ཞེས་བྱ་བ་གོ་ག་ལས། དེ་ལྟ་ན་རྗེས་སུ་འགྲོ་བ་དང༌། ལྡོག་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལས་འབྱུང་བ་ཅན་མ་ཡིན་པ་དེ་ནི། ལན་འགའ་ཡང་དེ་ལས་མི་འབྱུང་བའི་ཕྱིར་ཏེ། ཕན་ཚུན་ལྟོས་པས་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲས་བུ་དག་ཡིན་ནོ། །དེ་ལ་གལ་ཏེ་དུ་བ་མེ་ལ་སོགས་པའི་ཚོགས་པ་ལས་གཞན་པ་ལས་ཀྱང་འབྱུང་བར་འགྱུར་ན། དེ་ནི་དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པས། ལན་འགའ་ཡང་འབྱུང་བར་མི་འགྱུར་ཏེ། དོན་གཞན་བཞིན་ནོ། །ཚོགས་པས་ཀྱང་དེ་སྐྱེད་པར་མི་འགྱུར་ཏེ། དེ་སྐྱེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཚོགས་པ་གཞན་བཞིན་ནོ། །དུ་བ་ནི་དེ་དང་དེ་མ་ཡིན་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ། ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །དུ་བ་དང་དུ་བ་མ་ཡིན་པ་བསྐྱེད་པའི་ངོ་བོ་ཉིད་ལས་འབྱུང་ན་ནི། དུ་བ་དང་དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་འགྱུར་ཏེ། འབྲས་བུའི་ངོ་བོ་ཉིད་རྣམས་ནི་རྒྱུའི་ངོ་བོ་ཉིད་ཀྱིས་བྱས་པའི་ཕྱིར་རོ། །རྒྱུ་ལ་མི་ལྟོས་ན་ཡང་རྒྱུ་མེད་པ་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དུ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི། མེ་ལ་སོགས་པའི་ཚོགས་པའི་ཁྱད་པར་ཡིན་ལ་མེ་ལ་སོགས་པའི་ཚོགས་པའི་ཁྱད་པར་གྱིས་བསྐྱེད་པ་གང་ཡིན་པ་དེ་ནི་དུ་བ་ཡིན་ཏེ། དེ་ལྟར་ན་རྒྱུ་དང་འབྲས་བུ་དག་གི་ངོ་བོ་ཉིད་ངེས་པའི་ཕྱིར་རིགས་མི་མཐུན་པ་ལས་བྱུང་བ་མ་ཡིན་ནོ། དེ་ལྟ་


DTG174_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་འབྲས་བུས་རྒྱུ་འཁྲུལ་པ་མེད་དོ། །དེས་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ན་འབྲས་བུ་ལ་རྒྱུས་ཁྱབ་པར་གྲུབ་པ་ཡིན་ནོ། །རིགས་མི་མཐུན་པ་ལས་ཀྱང་ཅུང་ཟད་འབྱུང་བ་མཐོང་སྟེ། དཔེར་ན་པ་ལང་གི་ལྕི་བ་ལ་སོགས་པ་ལས་ཤ་ལའུ་ཀ་ལ་སོགས་པ་ལྟ་བུ་མ་ཡིན་ནམ་ཞེ་ན། རིགས་མི་མཐུན་པ་ལས་འབྱུང་བ་ནི་མ་ཡིན་ཏེ། དེ་ལྟ་བུ་ཁོ་ན་དེ་འདྲ་བའི་དང་པོའི་རྒྱུ་མཚན་ཡིན་པས། རྒྱུ་ཐ་དད་པ་མ་ཡིན་ནོ། །རྒྱུན་གྱིས་འབྱུང་ན་ནི། འདམ་བུ་ལས་འབྱུང་ངོ༌། །ཡང་ན་བ་ལང་གི་ལྕི་བ་དང༌། ཅིག་ཤོས་སྐྱེ་བ་ཅན་དག་གཟུགས་ཐ་མི་དད་ཀྱང་ངོ་བོ་ཐ་དད་པ་ཡོད་དོ། །དངོས་པོ་རྣམས་ཀྱི་རྣམ་པ་མཚུངས་པ་ཁོ་ན་ནི་དེ་ཉིད་ཀྱི་རྒྱུ་མ་ཡིན་ཏེ། རྣམ་པ་ཐ་དད་པ་མ་ཡིན་པ་རྣམས་ཀྱང་ཁ་ཅིག་ཁྱད་པར་གཞན་གྱི་སྒོ་ནས་རིགས་ཐ་དད་པ་མཐོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། ཚོགས་པ་མཚན་ཉིད་མི་འདྲ་བ་ལས་ཀྱང་མཚན་ཉིད་མི་འདྲ་བ་མ་ཡིན་པ་འབྱུང་ན་ནི། རྒྱུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ལས་འབྲས་བུའི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་དག་མ་ཡིན་པས། ཐམས་ཅད་ཀྱི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་དག་རྒྱུ་མེད་པར་འགྱུར་ཏེ། འདི་ལྟར་ཐ་དད་པ་ལས་ཐ་དད་པ་མ་ཡིན་པ་ལས་ཀྱང་ཐ་དད་པ་མ་ཡིན་ནོ། །དེ་མ་གཏོགས་པའི་དངོས་པོའི་ངོ་བོ་ཉིད་ཀྱང་འགའ་ཡང་མེད་པས། དངོས་པོ་རྣམས་རྒྱུ་མེད་པ་ཅན་མ་ཡིན་པའི་ཕྱིར་རྟག་ཏུ་ཡོད་པའམ། མེད་པ་ཞིག་ཏུ་འགྱུར་ཏེ། ལྟོས་པར་བྱ་བ་མེད་པའི་ཕྱིར་རོ། །དངོས་པོ་རྣམས་ནི་ལྟོས་པའི་ཕྱིར་རེས་འགའ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དག་ལ་སྒྲུབ་པ་ཉེ་བར་སྦྱོར་བ་རྣམ་པར་གནས་པ་དང་ལྡན་པར་ཡང་མི་འགྱུར་ཏེ། རྒྱུའི་ནུས་པ་སོ་སོར་ངེས་ན་འགའ་ཞིག་འགའ་སྒྲུབ་པར་བྱེད་པར་གཟུང་གི་གཞན་ནི་མ་ཡིན་ནོ། །དེ་ཁོ་ན་དེ་ལ་ནུས་པའི་ཕྱིར་ལ། གཞན་ནི་མི་ནུས་པའི་ཕྱིར་ཏེ། དེ་གཉིས་ནི་བསྐྱེད་པ་དང་ཅིག་ཤོས་ཀྱི་ངོ་བོ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །དེ་བསྐྱེད་པའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་ལས་ཀྱང་དེ་འབྱུང་ན་ནི་དེ་བསྐྱེད་པར་ནུས་ན་ངེས་པ་མེད་པས་ཅི་ཡང་རུང་སྟེ། གང་ཡང་རུང་བ་ལས་འབྱུང་བར་འགྱུར་རོ། །དེ་བསྐྱེད་ནུས་པར་མཚུངས་ན་ནི་དེ་ཉིད་ཡིན་པས་འབྲས་བུ་རྒྱུ་འཁྲུལ་པ་མ་མཐོང་ངོ༌། །དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ནི། དངོས་པོ་མེད་


DTG174_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐ་སྙད་གདགས་པའི་གཏན་ཚིགས་ཡིན་ནོ། །དེ་ལ་དམིགས་པ་དམིགས་པར་བྱེད་པའི་ཆོས་ཉིན་ན་ནི། དེའི་ཤེས་པ་དམིགས་པ་ཡིན་ནོ། །བརྗོད་པར་འདོད་པའི་དམིགས་པ་ལས་གཞན་ཡིན་པའི་ཕྱིར། དེ་ལས་གཞན་པའི་དམིགས་པ་ནི་མི་དམིགས་པ་ཡིན་ཏེ། མ་ཡིན་པར་འཇུག་པས་བཟར་མི་རུང་བ་དང་རེག་ཏུ་མི་རུང་བ་བཞིན་ནོ། །དམིགས་པར་བྱ་བའི་ཆོས་ཉིད་ཡིན་ན་ནི། དམིགས་པ་ཡུལ་གྱི་ངོ་བོ་ཉིད་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་རུང་བ་ཉིད་ཀྱི་མཚན་ཉིད་ཅན་ཡིན་ཏེ། རུང་བ་ཉིད་ནི་དངོས་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པའི་དམིགས་པར་རུང་པ་ཁོ་ན་ཉིད་མི་དམིགས་པ་སྟེ། སྔ་མ་བཞིན་ནོ། །རུང་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། གང་དུ་གང་ཞིག་དམིགས་ན། གང་ཞིག་ངེས་པར་དམིགས་པར་འགྱུར་བ་དེ་ནི་དེ་དང་འབྲེལ་པ་ཡིན་ཏེ། ཤེས་པ་གཅིག་དང་འབྲེལ་པའི་ཕྱིར་རོ། །དེ་གཉིས་ཡོད་ན་ངོ་བོ་གཅིག་ངེས་པར་གཏོགས་པ་མ་ཡིན་ཏེ། མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་འདིར་གཞན་ཉིད་ནི་རུང་བ་ཉིད་ཀྱི་ངོ་བོ་ཁྱད་པར་མེད་པ་ཅན་ཤེས་པ་དང་འབྲེལ་པ་ཅན་དག་ཕན་ཚུན་ལྟོས་པ་ཁོ་ན་ཡིན་པར་འདོད་དོ། །དེ་འབའ་ཞིག་དེ་ལ་ལྟོས་ནས་གཞན་ཡིན་པས། དེའི་ངོ་བོ་ཉིད་དེ་ཤེས་པར་བྱེད་པའམ། ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ནི་མི་དམིགས་པ་ཡིན་ཏེ། དེ་ནི་ཟླ་བོ་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པར་སྒྲུབ་པ་ཡིན་ནོ། །ཇི་ལྟར་ན་གཞན་ཡོད་པ་དེ་མེད་པ་ཡིན། གང་གིས་ན་དངོས་པོ་མེད་པའི་ངོ་བོའི་མི་དམིགས་པས་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ཅེ་ན། འདིར་ཅི་ལྟར་མ་ཡིན་པར་འཇུག་པ་ལ་ལྟོས་པའི་སྒོ་ནས་དངོས་པོ་མེད་པ་དང་མི་དམིགས་པ་དག་མི་དམིགས་པ་ཡིན་པར་བཤད་ཟིན་ཏེ། །དེ་སྒྲུབ་པར་མ་གྲུབ་པའི་ཕྱིར་རོ། །དངོས་པོ་མེད་པར་ཐ་སྙད་གདགས་པ་མི་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་མེད་པའི་ངོ་བོ་དེ་ཡོད་པར་གྲུབ་པ་ཉིད་གཞན་མེད་པར་གྲུབ་པ་ཡིན་པས། གཞན་ཡོད་པ་ཡང་དེ་མེད་པ་མ་ཡིན་ནོ་ཞེས་ཐ་སྙད་གདགས་སོ། །གཞན་ཡོད་པའི་མཚན་ཉིད་ཀྱི་དངོས་པོ་མེད་པར་རང་གི་ཚད་མས་འགྲུབ་པའམ། དེ་གྲུབ་པས་དེ་མེད་པར་གྲུབ་པ་དེ་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ལ་ཁྱད་པར་འགའ་ཡང་མེད་ན་གང་གིས་ན་མི་དམིགས་པས་དངོས་པོ་མེད་


DTG174_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐ་སྙད་གདགས་པར་འགྲུབ་པ་འགལ་བར་འགྱུར། གཞན་ཡོད་པ་དེ་ཉིད་དང་དེའི་ཡུལ་ཅན་གྱི་ཤས་པ་དངོས་པོ་མེད་པའི་སྒྲུབ་པ་ཅི་སྟེ་མ་ཡིན། ཅིའི་ཕྱིར་གཞན་ཡོད་པར་གྲུབ་པ་ཉིད་དེ་མེད་པར་གྲུབ་པ་ཡིན་ཞེས་བྱ་ཞེ་ན། སོ་སོར་མ་གྲུབ་པའི་ཕྱིར་དང༌། འབྲེལ་པ་མེད་པའི་ཕྱིར་ཏེ། རེ་ཞིག་གཞན་ཡོད་པ་ནི་སྒྲུབ་པ་མ་ཡིན་ནོ། །གང་ཞིག་གྲུབ་པ་ན་གང་མི་འགྲུབ་པ་ནི་དེའི་རྟགས་ཡིན་ཏེ། མེ་དང་དུ་བ་ལྟ་བུ་ཡིན་ནོ། །གཞན་ཡོད་པར་གྲུབ་པ་ཉིད་ཀྱིས། དེ་མེད་པར་གྲུབ་སྟེ་དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཅན་དེའི་དེ་ཉིད་རྣམ་པར་འཇོག་པར་བྱེད་པའི་ཚད་མ་ཁོ་ནས་གཞན་རྣམ་པར་བཅད་པ་འགྲུབ་པའི་ཕྱིར་རོ། །འབྲེལ་པ་མེད་པའི་ཕྱིར་དང༌། དེ་དེའི་རྟགས་ཡིན་ན་དེ་དང་དེར་འབྲེལ་པ་འགའ་ཞིག་ཏུ་འགྱུར་ཏེ། དཔེར་ན་བྱས་པ་ཉིད་དང༌། མི་རྟག་པ་ཉིད་དག་དོན་གཅིག་ལ་འདུ་བ་དང་རྟགས་དོན་གཅིག་ལ་འདུ་བའམ། རྟེན་དང་བརྟེན་པའི་དངོས་པོའམ་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོ་ལྟ་བུ་ཞིག་ཡིན་གྲང་ན། དངོས་པོ་ཡོད་པ་དང༌། མེད་པ་དག་ལ་ནི་གང་གིས་ན་འདིའི་བསྒྲུབ་པར་འགྱུར་བའི་འབྲེལ་པ་དེ་ལྟ་བུ་འགའ་ཡང་མེད་དོ། །གལ་ཏེ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡོད་དེ། སྒྲ་དང་དོན་འབྲེལ་པ་བཞིན་ནོ་ཞེ་ན། སྒྲ་དང་དོན་དག་ནི་དེ་སྟོན་ན་སྦྱོར་བས་དེ་དང་ལྷན་ཅིག་གི་རྒྱུ་དང་འབྲས་བུའི་མཚན་ཉིད་དམ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་བར་འགྱུར་ན། རྣམ་པ་འདི་ཡང་འདི་ལ་མེད་པས་ཇི་ལྟར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡིན། དེ་གཉིས་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་དངོས་པོར་གྲུབ་ན་ནི། དེའི་སྒོ་ནས་ཡུལ་དང་ཡུལ་ཅན་གྱི་དངོས་པོར་འགྱུར་ན། དེ་ཉིད་ནི་འབྲེལ་པ་མེད་ན་མི་འགྲུབ་པོ། །དེ་མ་གྲུབ་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡང་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདི་གཅིག་ལ་གཅིག་བརྟེན་པ་ཡིན་པར་འགྱུར་རོ། །གཞན་ཡོད་པ་ལས་མེད་པ་གྲུབ་ན་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་དེ་ལས་གཞན་པ་ཡོད་པའི་ཕྱིར་བུམ་པ་མེད་དོ་ཞེས་བྱ་བ་ལས་བུམ་པ་ཐམས་ཅད་ན་ཐམས་ཅད་དུ་མེད་པར་འགྱུར་རོ། །གལ་ཏེ་མ་ཡིན་ཏེ་ཕྱོགས་ལ་སོགས་པ་ཆོས་ཅན་མེད་པར་སྒྲུབ་པར་བྱེད་པའི་ཕྱིར་རོ་སྙམ་སྟེ། འདི་སྙམ་དུ་ཕྱོགས་ལ་སོགས་པ་ཆོས་ཅན་ཁྱད་པར་དུ་གྱུར་པའི་མེད་པ་སྒྲུབ་པར་བྱེད་


DTG174_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། འབའ་ཞིག་ནི་མ་ཡིན་ནོ། །དེས་ན་སྤྱི་མི་སྒྲུབ་པ་ཡང་མ་ཡིན་ལ། ཡོད་པ་དང་ཕྱོགས་ལ་སོགས་པ་ཆོས་ཅན་དུ་འབྲེལ་པའི་ཕྱིར་རྟགས་དང་རྟགས་ཅན་འབྲེལ་པ་མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་ན་མ་ཡིན་ཏེ། ཕྱོགས་ལ་སོགས་པ་ཉིད་དེ་གཞན་པ་ཡོད་པའི་ཕྱིར་རོ། །ཕྱོགས་གང་ཁོ་ན་ན་གང་ཞིག་མེད་དོ་ཞེས་བྱ་བ་དེ་ཉིད་དེ་དང་འབྲེལ་པ་མེད་པའི་གཞན་ཡོད་པ་ཡིན་ཏེ། དེ་མཐོང་བ་ཁོ་ནས་འདི་བུམ་པ་མེད་དོ་སྙམ་དུ་སེམས་ན། ཇི་ལྟར་དེ་ཁོ་ན་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡིན། འདིར་གང་གིས་ན་སྤྱི་ནི་གཏན་ཚིགས་སུ་འགྱུར་ལ་ཁྱད་པར་ནི་ཆོས་ཅན་དུ་འགྱུར་ཞེས་བྱ་བ་སྤྱི་དང་ཁྱད་པར་གྱི་དངོས་པོ་རྣམ་པར་བརྟག་པ་ཡང་མི་སྲིད་དེ། དེའི་ཁྱད་པར་རྟོགས་པ་ཁོ་ནས་དེ་མེད་པར་རྟོགས་པའི་ཕྱིར་ལ། དེ་ལ་རྗེས་སུ་འགྲོ་བ་ཡང་མེད་པའི་ཕྱིར་རོ། །དམ་བཅས་པའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཡང་རྟགས་ཉིད་མ་ཡིན་ནོ། །གང་ན་ཕྱོགས་ཙམ་ཡོད་པ་དེ་ན་བུམ་པ་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་ཕྱོགས་འབའ་ཞིག་ཡིན་པ་དེ་ལྟ་བུ་ནི་མེད་པ་ཁོ་ན་ཡིན་ནོ་ཞེ་ན། དེ་འབའ་ཞིག་ཅེས་བྱ་བ་བུམ་པ་དང་བྲལ་བ་ཞེས་བྱ་བ་མ་ཡིན་ནམ། འདིར་རྟགས་སུ་གྱུར་པ་དེ་ཡང་ཕྱོགས་རྟོགས་པ་ཁོ་ནར་གྲུབ་པ་ཡིན་ན། དེ་དེ་གང་གི་རྟགས་ཡིན། རྗེས་སུ་འགྲོ་བ་སྨོས་པ་ཡང་དོན་མེད་པ་ཡིན་ནོ། །དེ་ལྟ་བས་ན་གཞན་ཡོད་པ་ནི་དངོས་པོ་མེད་པའི་སྒྲུབ་པ་མ་ཡིན་ནོ། །གལ་ཏེ་འགལ་བའི་འབྲེལ་པ་ཡོད་དེ་དེའི་ཕྱིར་གཞན་ཡོད་པ་ལས་དངོས་པོ་མེད་པ་འགྲུབ་པོ་ཞེ་ན། གང་ཞིག་གང་དང་འགལ། གཞན་ཡོད་པ་དང་ཟློ་བོར་རོ། །ཅི་གང་གིས་རྟགས་དང་རྟགས་ཅན་འགལ་བའི་འབྲེལ་པར་འགྱུར་བ་ཟློ་བོ་གཞལ་བར་འདོད་དམ། དངོས་པོ་མེད་པ་ནི་ཟླ་བོ་བུམ་པ་ཡོད་པ་དང་འགལ་བ་མེད་དེ། ལྷན་ཅིག་གནས་པའི་ཕྱིར་རོ། །གཞལ་བྱ་དེ་ལ་རྟགས་དང་རྟགས་ཅན་དག་ཇི་ལྟར་འགལ་། དེ་བས་ན་འབྲེལ་པ་མེད་དོ། །འདི་ལ་ཡང་སྤྱི་བསྒྲུབ་པར་བྱ་བ་ཉིད་མ་ཡིན་བདེའི་སོ་ན་འདུག་གོ །དེ་མེད་པ་དང༌། གཞན་ཡོད་པ་དག་འབྲེལ་པ་མེད་ན། གཞན་ཡོད་པར་རྟོགས་ཀྱང་དེ་རྟོགས་པར་མི་འགྱུར་བ་ཡིན་ནམ་ཞེ་ན། འབྲེལ་པ་གང་ལས་ཀྱང་གཞན་ཡོད་པ་དེ་མེད་པའི་ཤེས་པར་བྱེད་པ་ཡིན་པར་མི་འདོད་ཀྱི། འོན་ཀྱང་གཞན་ཡོད་པ་ཉིད་དེ་མེད་པ་ཡིན་ཏེ། ཇི་སྐད་སྔར་བཤད་པ་ཡིན་


DTG174_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གཞན་དང་འབྲེལ་པ་མེད་པའི་ངོ་བོ་འབའ་ཞིག་པ་བདག་ཉིད་གཅིག་པུ་རྣམ་པར་གནས་པ་དེ། དེའི་བདག་ཉིད་དུ་ཡོངས་སུ་གཅོད་པ་ཉིད་གཞན་རྣམ་པར་གཅོད་པ་ཡིན་པའི་ཕྱིར། འབའ་ཞིག་ཉིད་གཞན་དང་བྲལ་བ་ཡིན་པས། དེ་ལས་གཞན་པ་ཡོད་པ་ཉིད་དེ་མེད་པ་ཡིན་ལ། དེ་ལས་གཞན་པ་རྟོགས་པ་ཉིད་དེ་མེད་པར་རྟོགས་པ་ཞེས་བྱའོ། །དེ་ལྟ་མ་ཡིན་ཏེ་ཡོངས་སུ་བཅད་པས་དེ་ལས་གཞན་རྣམས་མི་གཅོད་ན། དེ་ཡོངས་སུ་བཅད་པ་ཉིད་དུ་མི་འགྱུར་ཏེ། དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་མ་ཕྱེ་བའི་ཕྱིར་རོ། །ལ་ལར་འགའ་ཞིག་མཐོང་ནས་ཐོབ་པ་དང༌། ཡོངས་སུ་སྤང་བར་བྱ་བའི་དོན་གྱི་ཐ་སྙད་གང་ཡིན་པ་དེར་མི་འགྱུར་ཏེ། མེ་མཐོང་ཡང་གང་གིས་ན་ཆུ་དོན་དུ་གཉེར་བ་འཇུག་པར་འགྱུར་བ་མེ་འབའ་ཞིག་ཁོ་ན་ནི་མ་ཡིན་ནོ། །གལ་ཏེ་མི་དམིགས་པས་ཆུ་མེད་པར་རྟོགས་པར་འགྱུར་རོ་ཞེ་ན། མི་དམིགས་པ་ཞེས་བྱ་བ་འདི་ཅི་ཡིན། །གལ་ཏེ་ཆུ་དམིགས་པ་མེད་པ་ཡིན་ནོ་ཞེ་ན་ནི། མེད་པ་དེ་ཇི་ལྟར་འགའ་ཞིག་རྟོགས་པའམ། རྟོགས་པའི་རྒྱུ་ཡིན། དེ་ཡང་ཇི་ལྟར་རྟོགས། དེའམ་དེ་ལས་གཞན་པ་ཡང་རུང་འགའ་ཡང་མ་རྟོགས་པར་ཡང་ཡིན་ན་ནི། གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་དང༌། ཆོས་པ་དང༌། རྒྱབ་ཀྱིས་ཕྱོགས་པ་ལ་སོགས་པའི་གནས་སྐབས་དག་ཏུ་ཡང་ཅི་སྟེ། དངོས་པོ་མེད་པ་མ་རྟོགས། གཞན་ཡང་ཚད་མ་རྣམ་པར་གཏན་ལ་དབབ་པར་དཔྱད་ཟིན་ཏོ། །དེ་ལྟ་བས་ན་འདིས་མི་མཐོང་ཡང་འདི་ནི་མེ་ཡིན་གྱི། ཆུ་མ་ཡིན་ནོ་ཞེས་བྱ་བར་མི་ཤེས་པས། འདུག་པར་ཡང་མི་བྱ། འགྲོ་བར་ཡང་མི་བྱ་བའི་ཕྱིར། བརྒལ་དཀའ་བའི་སྐབས་སུ་ཆུད་པར་གྱུར་ཏོ། །གལ་ཏེ་གཅིག་མཐོང་བ་དེ་ཁོ་ནས་གཞན་མེད་པར་རྟོགས་པར་འགྱུར་རོ་ཞེ་ན། ཇི་ལྟར་གཅིག་མཐོང་བས་གཞན་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར། གལ་ཏེ་འབའ་ཞིག་མཐོང་བའི་ཕྱིར་རོ་ཞེ་ན། འདི་ཉིད་ཁོ་བོས་བཤད་པ་ན། ཅི་སྟེ་ཁྱོད་འདི་ལ་མ་རངས་པ་ལྟར་སྟོན། དེ་ལྟ་བས་ན་འགྲམ་མ་མཐོང་བའི་བྱ་བཞིན་དུ་རིང་དུ་སོང་ཡང་ཕྱིར་འོང་དགོས་པས། གཏིང་མི་ཚུགས་པ་ཅན་གྱི་ཕྱོགས་སྒྲུབ་པས་ནི་ཆོག་གོ །གལ་ཏེ་དེ་ལྟར་གཅིག་ཡོངས་སུ་བཅད་པ་ཁོ་ནས་གཞན་རྣམ་པར་བཅད་པ་འགྲུབ་ན། དེ་ན་ཁྱད་པར་མེད་པར་


DTG174_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཐམས་ཅད་མེད་པར་འགྲུབ་པར་འགྱུར་བས། དམིགས་པའི་རིག་བྱར་གྱུར་པ་རུང་བར་མཚུངས་པར་གནས་པ་ཁོ་ན་མི་དམིགས་པ་དངོས་པོ་མེད་པའི་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ཡང་བརྗོད་མི་དགོས་ཏེ། དེར་དམིགས་པའི་རིག་བྱར་མ་གྲུབ་པ་རྣམས་ཀྱང་རྣམ་པར་བཅད་པའི་ཕྱིར་རོ། །དེའི་བདག་ཉིད་གཅིག་ཡོངས་སུ་བཅད་པས་དེ་ལས་གཞན་པའི་བདག་ཉིད་རྣམ་པར་བཅད་པ་ཡིན་ཏེ། དེའི་བདག་ཉིད་དུ་ངེས་པར་སྣང་བ་ཤེས་པའི་ཕྱིར་རོ། །དེའི་བདག་ཉིད་ནི་དེ་ལས་གཞན་པའི་བདག་ཉིད་མ་ཡིན་ནོ། །གཞན་གྱི་བདག་ཉིད་རྣམ་པར་མ་བཅད་ན། འཇུག་པ་དང་ལྡོག་པ་དག་མེད་པས་ཐལ་བ་སྔ་མར་འགྱུར་རོ། །ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་སུ་ངེས་པ་དེ་བློས་དེའི་བདག་ཉིད་དུ་དམིགས་པ་ན་འདིའི་དེ་ཁོ་ན་ཉིད་མེད་པ་རྣམ་པར་གཅོད་དོ། །གལ་ཏེ་གཞན་གྱི་དངོས་པོ་རྣམ་པར་བཅད་པར་གྱུར་ན། དེ་ལྟར་ན་གདོང་དེ་དེས་ཡོངས་སུ་བཅད་པ་དང༌། དེ་ཁོ་ན་ཉིད་ཀྱང་དེ་དེ་ཁོ་ནའི་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། གཞན་དུ་གྱུར་པ་རྣམ་པར་གཅོད་པ་ཉིད་དེ་ཡོངས་སུ་གཅོད་པ་ཡིན་ནོ། །དེ་བས་ན་ཚད་མ་གཅིག་འཇུག་པ་ནི་དངོས་པོ་ཐམས་ཅད་ཕུང་པོ་གཉིས་སུ་རྣམ་པར་འཇོག་པར་བྱེད་དེ། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་བློའི་རྒྱུ་ཉིད་ཁོ་ནས་འབྲས་བུ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་མ་གཏོགས་པ་མ་ལུས་པ་རྣམ་པར་བཅད་པས་ཁྱབ་པ་སྒྲུབ་པ་ཁོ་ནས་རྣམ་པ་གཞན་མེད་པར་གྲུབ་པོ། །དེ་དེ་ལས་གཞན་པ་ཉིད་ཀྱིས་མ་ཁྱབ་པར། དེས་དོན་དེ་རྣམ་པར་མ་བཅད་པའི་ཕྱིར་ཡང་དངོས་པོ་ཡོངས་སུ་མ་བཅད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན། ཚད་མའི་བྱེད་པ་ནི་འགའ་ཞིག་ལ་ཚད་མ་འཇུག་པ་དེ་ནི། ཡོངས་སུ་གཅོད་ཅིང་དེ་ལས་གཞན་པ་ནི་རྣམ་པར་གཅོད་ལ། རྣམ་པ་གསུམ་པ་གཞན་ནི་མེད་པར་སྒྲུབ་པར་བྱེད་པ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལྟར་འགའ་ཞིག་ལ་ཚད་མར་འཇུག་པ་ནི། དེ་ལས་གཞན་པ་ལས་རྣམ་པར་གཅོད་དེ། དེ་ཉིད་ཡོངས་སུ་གཅོད་པ་དང་དེ་ལས་གཞན་པ་ཉིད་དེ་ལས་རྣམ་པར་གཅོད་པ་དང་དེ་ལས་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་དེ་ཉིད་རྣམ་པ་གཞན་མེད་པར་སྒྲུབ་པར་བྱེད་དེ། དེ་སྣང་ན་མི་སྣང་པ་ཐམས་ཅད་ནི་དེ་


DTG174_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་ལ། དེ་ལས་གཞན་པ་མ་ཡིན་པ་ཉིད་ནི་དེ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །འདིས་ནི་རིམ་དང་རིམ་མ་ཡིན་པ་ལ་སོགས་པ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་དག་ཀྱང་རྣམ་པར་བཅད་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་གཅིག་དམིགས་པས་དེའི་དེ་ལས་གཞན་པའི་བདག་ཉིད་རྣམ་པར་གཅོད་པ་ཡིན་གྱི། དེའི་ཡུལ་དང་དུས་དག་ཏུ་གཞན་ཡོད་པ་ཐམས་ཅད་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེའི་བདག་ཉིད་མ་ཡིན་པར་ཡང་འགྱུར་ལ། དེའི་ཡུལ་དང་དུས་དག་ཏུའང་འགྱུར་ཏེ། རོ་དང་གཟུགས་ལ་སོགས་པ་བཞིན་ནོ། །དེ་ལྟ་བས་ན་ཇི་སྐད་བཤད་པའི་མི་དམིགས་པ་ཁོ་ན་ལས་རེས་འགའ་ལ་ལ་ཞིག་ཏུ་འགའ་ཞིག་དངོས་པོ་མེད་པར་འགྲུབ་བོ། །གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པ་ཡང་དེ་མེད་པའི་སྒྲུབ་པར་བྱེད་པར་འདོད་པ་ཁོ་ན་ཡིན་གྱི་རྟགས་ཉིད་དུ་ནི་མ་ཡིན་ཏེ། དེར་ཡང་དངོས་པོ་མེད་པ་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པ་ཉིད་ཡིན་ལ། འབྲེལ་པ་མེད་པར་མཚུངས་པའི་ཕྱིར་རོ། །རྟགས་འབྱུང་བའི་དུས་སུ་ཁོ་ན་ན་དེ་མེད་པར་འགྲུབ་པའི་ཕྱིར་ཏེ། གཞན་ཡོད་པ་རྟོགས་ནས་འདོད་དེ་རྟོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རབ་ཏུ་བསྒྲུབས་ནས་དེ་མེད་པར་རྟོགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ལས་གཞན་པ་རྟོགས་པ་ཁོ་ན་ནི་དེ་མེད་པ་རྟོགས་ཏེ། མཐོང་མ་ཐག་ཏུ་ཆོད་པ་མེད་པར་འདི་ནི་ཡོད་དོ། །འདི་ནི་མེད་དོ་ཞེས་བྱ་བར་ཤེས་པའི་ཕྱིར་རོ། །དེ་ནི་གང་ཞིག་གང་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་དེའི་རྟགས་ཡིན་པའི་དཔེ་མ་གྲུབ་པའི་ཕྱིར་རོ། །འདི་སྐད་དུ། གང་ན་གཞན་ཡོད་པའི་དམིགས་པ་ཡོད་པ་དེ་ན་དེ་མེད་དོ་ཞེས་བསྟན་པར་ནི་མི་ནུས་ཏེ། དམིགས་པ་གཅིག་པུ་དེ་ནི་གང་ན་ཡང་མེད་པའི་ཕྱིར་རོ། །སྤྱིར་རབ་ཏུ་བསྟན་པའི་དཔེ་ལ་ཡང་ཚད་མ་གཞན་མེད་པའི་ཕྱིར་དེ་ལས་གཞན་པ་ཡོད་པ་དམིགས་པ་དེ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྒྲུབ་པར་བྱེད་པ་ཡིན་པས། དཔེ་ཐུག་པ་མེད་པ་ཉིད་ཀྱི་ཕྱིར་རྟོགས་པ་མ་ཡིན་ནོ། །དེ་ལྟ་བས་ན་རྟགས་གང་ལས་ཀྱང་དངོས་པོ་མེད་པ་མི་འགྲུབ་བོ། །མངོན་སུམ་གྱི་མཚན་ཉིད་ཀྱི་མི་དམིགས་པས་གྲུབ་པ་གཞན་ཡོད་པ་དེ་ནི་རྟོགས་པ་ལ་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ཡིན་པས་ཞར་ལ་འོངས་པས་ཆོ་ག་


DTG174_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གོ །མི་དམིགས་པ་དེ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ལ། དངོས་པོ་མེད་པར་གྲུབ་པའི་རྒྱུ་མི་དམིགས་པ་དང༌། ཁྱད་པར་བྱ་བ་དང༌། ཁྱད་པར་བྱེད་པ་གྲུབ་ལ། དངོས་པོ་མེད་པར་གྲུབ་པའི་ཁྱད་པར་བྱེད་པའི་མི་དམིགས་པ་དང༌། རང་བཞིན་མི་དམིགས་པའོ། །དེ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་གི་ངོ་བོ་ཉིད་དངོས་པོ་མེད་པར་ཐ་སྙད་གདགས་པ་འགྲུབ་པ་ཡང་གཞན་ཡོད་པ་གྲུབ་པ་ཁོ་ན་ལས་ཡིན་ནོ། །དེ་ལྟར་གྲུབ་པ་དེ་ནི་འབྲས་བུ་དང༌། ཁྱབ་པར་བྱ་བ་དག་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་གྲུབ་པར་བྱེད་པ་ཡིན་ནོ། །རང་བཞིན་མི་དམིགས་པ་ལ་ནི་མི་དམིགས་པ་རྟགས་སུ་གྱུར་པས་ཐ་སྙད་གདགས་པ་ཁོ་ན་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་རྒྱུ་དང་ཁྱབ་པར་བྱེད་པ་དེ་ལས་གཞན་ཡོད་པར་གྲུབ་པའི་ངོ་བོ་མི་དམིགས་པས་གྲུབ་པ་དག །གཞན་དངོས་པོ་མེད་པའམ་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ལ། དེ་ཡང་མི་དམིགས་པའི་རིག་བྱར་གྱུར་པ་དེ་གཉིས་ཁོ་ནའི་མེད་པར་ཐ་སྙད་གདགས་པའི་སྒྲུབ་པར་བྱེད་པ་ཡིན་ན། དེ་གཉིས་ཇི་ལྟར་ལྐོག་ཏུ་སྦྱོར་བ་ཡིན། རྟགས་མ་ངེས་པའི་ཕྱིར་ཚད་མ་ཉིད་ཀྱིས་ནི། སྦྱོར་བ་མ་ཡིན་པ་ཁོ་ནའི་རྒྱུ་དང་ཁྱབ་པར་བྱེད་པ་འབྲེལ་པ་གྲུབ་པ་དག་གལ་ཏེ་མེད་ན་གཞན་གདོན་མི་ཟ་བར་མེད་པར་ངེས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་འདི་དག་སྦྱོར་བ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་བས་ན་ཕྱོགས་ཀྱི་ཆོས་འདི་རྗེས་སུ་འགྲོ་བ་དང༌། ལྡོག་པ་དང་ལྡན་པ་ཡིན་པས། དེའི་ཆས་ཁྱབ་པ་མཚན་ཉིད་གསུམ་པའི་གཏན་ཚིགས་རྣམ་པ་གསུམ་ཁོ་ན་ཤེས་པར་བྱེད་པ་ཡིན་ཏེ། རང་གི་བསྒྲུབ་པར་བྱ་བའི་ཆོས་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །གཞན་དག་ནི་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་ཟེར་ཏེ། གསུམ་པོ་དེ་དག་དང༌། གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་དང༌། གྲངས་གཅིག་པ་བརྗོད་པར་འདོད་པ་ཅན་ཉིད་དང༌། ཤེས་པ་ཉིད་ཅེས་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ནི་མཚན་ཉིད་ཐ་དད་པ་ཉིད་མ་ཡིན་ཏེ། གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བའི་ཕྱིར་རོ། །མེད་ན་མི་འབྱུང་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ན་གཏན་ཚིགས་ཡོད་པ་ཡིན་ནོ། ཇི་ལྟར་ཆོས་ཅན་ལ་


DTG174_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་མཚན་ཉིད་ཀྱི་གཏན་ཚིགས་ཀྱང་ཡོད་པར་འགྱུར་ལ། འདི་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་མེད་པར་འགྱུར། མངོན་སུམ་དང༌། རྗེས་སུ་དཔག་པ་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པར་ཞུགས་པ་དག་ནི། དེ་ཆོས་ཅན་དེ་ལས་ཟློག་པར་བྱེད་ལ། དེ་ཡོད་པ་ཁོ་ནས་གཏན་ཚིགས་ཡོད་པ་ནི། དེ་ཆོས་ཅན་དེ་ལ་འཇུག་པར་བྱེད་པས། ཀྱེ་མ་དངོས་པོ་རྣམས་རབ་ཏུ་ཉམ་ང་བར་གྱུར་ཏོ། །གལ་ཏེ་གཞན་ལ་གཏན་ཚིགས་བསྒྲུབ་པར་བྱ་བའི་ཆོས་མེད་ན་ནི་མི་འབྱུང་བ་ཡིན་གྱི། ཆོས་ཅན་ཁོ་ན་ལ་ནི་མ་ཡིན་ནོ་ཞེ་ན། དེ་ཅི་སྟེ་ཉོན་མོངས་འདི་མ་ནིང་བཅིབས་ནས་དུ་ཚོལ་བར་བྱེད་དམ། གང་ཞིག་ཆོས་ཅན་ལ་བསྒྲུབ་པར་བྱ་བ་མེད་ཀྱང་ཡོད་པ་དེ་ཉེ་བར་བསྟན་ནས། ཆོས་ཅན་དེ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཞེས་ཇི་སྐད་དུ་བྱ། གལ་ཏེ་དེ་ཉིད་ཀྱི་ཕྱིར་གནོད་པ་མེད་པ་སྨོས་ཏེ། འདི་སྙམ་དུ་གང་གི་ཕྱིར། ཁོ་ནར་གཏན་ཚིགས་གཞན་དུ་ཡང་ཡོད་པར་འགྱུར་བ་དེ་ཁོ་ནའི་ཕྱིར་ཚད་མ་དག་གིས་གནོད་པར་མ་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་ཞེས་བྱའོ་སྙམ་དུ་སེམས་ན། དེ་དག་གནོད་པ་མེད་པ་ཁོ་ནས་བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་གཏན་ཚིགས་ལ་ནུས་པ་ཅི་ཞིག་ཡོད། བསྒྲུབ་པར་བྱ་བ་མེད་པས་གནོད་པར་བྱེད་པའི་ཚད་མ་འཇུག་པར་ངེས་པ་ཞིག་ཡིན་ན་ནི་གནོད་པ་མེད་ན་བསྒྲུབ་པར་བྱ་བ་འགྲུབ་པས་གཏན་ཚིགས་དོན་མེད་དོ། །གནོད་པ་ཡོད་ན་ཡང་སྒྲུབ་པ་ནུས་པ་མེད་པའི་ཕྱིར་རོ། །མ་ངེས་པ་ཞིག་ཡིན་ན་ནི། གནོད་པར་བྱེད་པའི་ཚད་མ་ཡང་མེད་པར་འགྱུར་ལ། བསྒྲུབ་པར་བྱ་བ་མེད་པ་ཡང་སྲིད་པས་གནོད་པ་མེད་པ་ལ་ནུས་པ་མེད་པ་ཡིན་ནོ། །གནོད་པ་མེད་པ་ནི་གནོད་པ་མེད་པ་ཡིན་ནོ། །འོ་ན་ཅི་ཞེ་ན། གནོད་པ་མི་དམིགས་པ་ཡིན་ཏེ། དེ་ཡང་ལ་ལར་གནོད་པ་སྲིད་ཀྱང་སྐྱེས་བུ་ལ་ཡོད་པར་འགྱུར་བས། དེ་ནི་གཏན་ཚིགས་སྦྱོར་བའི་ཡུལ་ཡིན་ནོ། །གཏན་ཚིགས་གནོད་པ་དམིགས་པ་ལའང་འཇིགས་ཀྱི། གནོད་པ་ལ་མི་འཇིགས་སམ་ཅི་ན་གང་གིས་ན་གནོད་པ་ཚོད་ཡོད་པར་བྱས་ཏེ་མི་དམིགས་པ་ལའང་སྦྱོར་བར་འདོད། གཏན་ཚིགས་དེ་ནི་དོན་དམ་པར་གནོད་པ་ཡོད་དམ་མེད་ཀྱང་རུང་སྟེ། མི་ལྟོས་པར་གནོད་པ་མི་དམིགས་པ་ལ་སྦྱར་བར་བྱ་བའམ། ཅིའི་ཕྱིར་སྦྱར་བར་བྱ། བསྒྲུབ་པར་


DTG174_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བསྒྲུབ་པར་བྱ་བའི་ཕྱིར་རོ། །དེས་ལ་ལར་གནོད་པ་ཡིན་བཞིན་དུ་ཡང་བསྒྲུབ་པར་བྱ་བསྒྲུབ་པར་བྱེད་དམ་ཅི་གང་གིས་ན་འདི་མེད་པར་ངེས་པར་བྱ་བ་ལ་འབད་པར་ཡང་མི་བྱེད་ལ། གཏན་ཚིགས་ཀྱང་སྦྱོར། དེ་ལྟ་ན་ཡང་གནོད་པར་བྱས་པའི་ཡུལ་ཅན་ཉིད། གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་ཏེ། གནོད་པ་ཡོད་བཞིན་དུ་ཡང་འདིས་ནུས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཐེ་ཚོམ་ཅན་ལ་ཁས་མ་བླངས་ན། འཇུག་པ་མི་རུང་བའི་ཕྱིར། ཇི་ལྟར་མི་དམིགས་པ་ལ་གནོད་པ་ཡོད་པ་སྲིད་ན་ཡང་ཁས་བླངས་ནས། སྦྱོར་བ་དེ་བཞིན་དུ། གནོད་པ་མི་དམིགས་པ་ལ་ཡང་སྦྱོར་བར་འགྱུར་རོ། །ཁས་ལེན་ན་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་གནོད་པ་ཡོད་ན་མི་ནུས་སོ་ཞེ་ན། །གལ་ཏེ་དེ་ལྟ་ན་སྦྱར་ཀྱང་མི་ནུས་པར་འགྱུར་དུ་འོང་བས། གནོད་པ་མི་སྲིད་པར་གཏན་ལ་མ་བབ་པར་སྦྱོར་བར་འོས་པ་མ་ཡིན་ནོ། །གལ་ཏེ་གནོད་པ་མི་དམིགས་ན། ནུས་སོ་སྙམ་ན། དམིགས་པས་གནོད་པ་ལ་ཁྱབ་བམ་ཅི་ན། གང་གིས་ན་འདི་ལྟར་གཏན་ཚིགས་གནོད་པ་སྲིད་པས་བྱས་པའི་ནུས་པ་མེད་པར་མི་འགྱུར་བ་དེ་ལོག་ན། གནོད་པ་ལྡོག །དེ་ལྟ་ན་ཡང་གནོད་པ་མི་དམིགས་པ་ཁོ་ན་ལས་བསྒྲུབ་པར་བྱ་བ་འགྲུབ་པའི་ཕྱིར། གཏན་ཚིགས་དོན་མེད་པ་ཡིན་ཏེ། མི་དམིགས་ན་གནོད་པ་མི་སྲིད་པའི་ཕྱིར་རོ། །དམིགས་པ་ལོག་ཀྱང་གནོད་པ་མི་ལྡོག་ན་ནི། གཏན་ཚིགས་ནུས་པ་མེད་པ་དེའི་སོན་འདུག་པས་སྦྱོར་བ་མ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཅན་ལ་རང་གིས་བསྒྲུབ་པར་བྱ་བ་ཡོད་པ་དང༌། མེད་པ་དག་ལས་གཞན་དུ་ཡང་ཡོད་པ་ནི་ཅུང་ཟད་ཀྱང་སྒྲུབ་པར་མི་བྱེད་འཇིག་པར་ཡང་མི་བྱེད་པས། དེ་ཉེ་བར་བཀོད་པ་ནི་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་གནོད་པ་དང་མེད་ན་མི་འབྱུང་བ་དག་ནི་ལྷན་ཅིག་ཡོད་པ་མ་ཡིན་ཏེ། དེས་ན་གནོད་པ་མེད་པའི་ངོ་བོ་གཞན་མ་ཡིན་ནོ། །དེ་དེ་ལས་ཁྱད་པར་གཞན་ནམ་མཚན་ཉིད་གཅིག་ཏུ་སྨོས་པར་འོས་པར་འགྱུར་ན། གང་ཞིག་ཡོད་བཞིན་དུ་ཡང་གང་ཞིག་གཞན་དུ་འགྱུར་བ་སྟེ། དཔེར་ན་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་བྱ་བ་ལྟ་བུ་ཞིག་ཡིན་གྲང་ན། མེད་ན་མི་འབྱུང་བ་ཡོད་བཞིན་དུ་གནོད་པ་སྲིད་པ་འདི་ནི་མེད་པས་བསྒྲུབ་པར་བྱ་བ་དང༌། བཟློག་པ་མེད་ན་མི་འབྱུང་བ་གཏན་ཚིགས་


DTG174_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགལ་བ་དག་གི་ཡུལ་ལ་གནོད་པ་མི་སྲིད་པའི་ཕྱིར། དེ་མེད་པ་ནི། ལོགས་ཤིག་ཏུ་འདི་གཉིས་ཀྱི་མཚན་ཉིད་ཉིད་དུ་བརྗོད་པར་བྱའོ། །དེ་ལྟ་བས་ན་གཏན་ཚིགས་སྦྱོར་བ་ལ་དམ་བཅས་པའི་ཉེས་པ་རྣམས་མི་སྲིད་དོ། །དམ་བཅས་པ་འབའ་ཞིག་སྦྱོར་བ་ཡང་མེད་པས་དམ་བཅས་པའི་ཉེས་པ་བརྗོད་པར་མི་བྱའོ། །འདིས་ནི་གྲངས་གཅིག་བརྗོད་པར་འདོད་པ་ཅན་ཡང་བསལ་བ་ཡིན་ནོ། །ཅི་ལྟ་བུ་གཅིག་ནི་རང་གིས་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ནས་ཡོད་པའི་ཕྱིར། དེར་འཁྲུལ་པ་མེད་པ་ཅན་ཡིན་ནོ། །དེ་ཉིད་ལ་དེ་ལས་གཞན་པ་དེ་གནོད་པར་བྱེད་པ་ཁོ་ན་ཡང་ཡོད་པའི་ཕྱིར་དེ་དང་འགལ་བས་འདིར་གནོད་པ་དང་མཚུངས་སོ། །གཞན་ཡང་ཅི་དངོས་སུ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པ་དེ་ཡང་དག་པའི་ཤེས་པའམ། བཟློག་པའི་རྒྱུ་ཡིན་ནམ། འོན་ཏེ་གཏན་ཚིགས་ཀྱི་ཟླ་བོ་རབ་ཏུ་མ་བསྟན་པ་ཞིག་ཡིན། ཅིར་འགྱུར། གལ་ཏེ་གཏན་ཚིགས་ཀྱི་ཟླ་བོ་མ་བསྟན་པ་ཞིག་ཡིན་ནོ་ཞེ་ན་ནི། ངེས་པར་བྱ་བར་མི་ནུས་པའི་ཕྱིར། འདི་མཚན་ཉིད་མ་ཡིན་ནོ། །གཏན་ཚིགས་མེད་པ་ཡང་མ་ཡིན་ཏེ། སྒྲུབ་བར་བྱེད་པའི་ཆོས་མ་ངེས་པའི་བདག་ཉིད་ནི། དེའི་མཚན་ཉིད་མ་ཡིན་ཏེ། ཕྱོགས་ཀྱི་ཆོས་ཐེ་ཚོམ་ཅན་བཞིན་ནོ། །ཐེ་ཚོམ་ཅན་གྱི་མཚན་ཉིད་ནི། གཏན་ཚིགས་ཀྱང་མ་ཡིན་པས། འགའ་ཡང་གཏན་ཚིགས་སུ་མི་འགྱུར་ཏེ། མཚན་ཉིད་མཚུངས་པ་ལ་ཟླ་བོ་སྲིད་པ་མཐོང་ན། ཟླ་བོ་མ་མཐོང་བ་ལ་ཡང་དོགས་པ་སྐྱེད་པར་བྱེད་དེ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ནི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཏེ། དེས་གཉེན་པོ་གཅིག་ཏུ་བསལ་བའི་གཏན་ཚིགས་ཀྱིས་རང་གི་བསྒྲུབ་པར་བྱ་བ་ངེས་པར་བྱེད་པས་དེའི་མཚན་ཉིད་ཅན་མ་ཡིན་པ་གཏན་ཚིགས་སུ་མི་འགྱུར་རོ། །དེ་ལྟ་ན་གྲངས་གཅིག་བརྗོད་པར་འདོད་པ་ཅན་དོན་མེད་པ་ཡིན་ནོ། །འདིའི་ཕྱིར་འགལ་བར་འཁྲུལ་པ་མེད་པའི་མཚན་ཉིད་ཉམས་པར་འགྱུར་ཏེ། རང་གི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་དག་ཆོས་ཅན་གཅིག་ལ་འགལ་བར་འདུ་ན་འགལ་བ་འཁྲུལ་པ་མེད་པ་ཞེས་བྱའོ། །གང་ཞིག་རྟོགས་ནས་ཟླ་བོ་སྲིད་དམ་མི་སྲིད་པ་དག་བལྟ་བར་བྱ་བ་ཁྱད་པར་དེའི་ངོ་བོ་ཡང་མི་སྟོན་ཏམ། དེ་ལྟ་བས་ན་ཁྱད་


DTG174_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་པ་ཁོ་ན་ཡིན་པས། ཐམས་ཅད་དུ་དོགས་པར་འགྱུར་རོ། །ཟླ་བོའི་གཏན་ཚིགས་མཐོང་བའི་གཏན་ཚིགས་ཀྱང༌། དང་པོར་ཅིག་ཤོས་དང༌། ཁྱད་པར་ཅུང་ཟད་ཀྱང་མི་དམིགས་སོ། །ཟླ་བོའི་གཏན་ཚིགས་སྲིད་པ་རྣམས་ཀྱི་ཡང་དེ་ཐམས་ཅད་དུ་མི་དམིགས་པ་ནི་མ་ཡིན་ནོ། །ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་བརྟགས་ན་མཐོང་སྟེ། དེས་ན་སྲིད་པ་དང་མི་སྲིད་པ་དག་མ་ངེས་པས་མཚན་ཉིད་མ་ངེས་པའི་ཕྱིར། འགའ་ཡང་གཏན་ཚིགས་སུ་འགྱུར་རོ། །འོན་ཏེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ཞིག་ཡིན་ཏེ། ཇི་སྐད་དུ་འོ་ན་ནི་གང་གི་ཚེ་སྒྲ་ཉིད་རྟག་པར་ཁས་ལེན་པ་དེའི་ཚེ་འདིའི་གཏན་ཚིགས་ཁོ་ནར་འགྱུར་རོ། །གལ་ཏེ་འདི་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་བྱས་པ་ཉིད་ལ་སོགས་པ་འགའ་ཞིག་ཀྱང་བསྟན་པར་མ་གྱུར་ནའོ་ཞེས་བཤད་པ་ལྟ་བུའོ་ཞེ་ན། འདི་ནི་བསྒྲགས་སུ་ཡང་མི་རུང་ལ། བཅབ་ཏུ་ཡང་མི་རུང་བས་མི་བཟད་པའི་སྐབས་སུ་ཆུད་པ་ཡིན་ན། ཇི་ལྟ་ཞིག་ཏུ་བརྒལ་བར་ནུས། གཏན་ཚིགས་འདིས་ཇེ་དངོས་པོ་རྣམས་ཀྱང་རང་གིས་བསྒྲུབ་པར་བྱ་བའི་དེ་ཉིད་ཀྱི་རང་བཞིན་དུ་བྱས་ཤིང༌། དེའི་ཚད་མ་ཅན་གྱི་སྐྱེས་བུ་རྣམས་ཀྱང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་དག་ལ་ཡང་དག་པར་སྦྱར་ནས། ཡང་ཕྱིར་ཁྱོད་ཀྱིས་སྐྱེས་བུས་གཏན་ཚིགས་གཞན་བསྟན་པས་སྒྲུབ་པར་བྱེད་པའི་ནུས་པ་མེད་པར་བྱས་ཏེ། དངོས་པོ་དེ་དག་དང༌། སྐྱེས་བུ་དེ་དག་ཀྱང་དེའི་དངོས་པོ་དང་ཕུན་སུམ་ཚོགས་པ་ལས་ཉམས་པར་བྱས་ནས། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བས་འདིར་ཇི་སྐད་སྨྲ་བར་བྱ། སྒྲུབ་པ་ཉིད་སྐྱེས་བུའི་སྤོབས་པས་བྱས་པ་ཡང་ཡིན་ཏེ། དེ་ནི་དངོས་སུ་སྨྲ་བའམ། སྒྲུབ་པ་མ་ཡིན་པ་ཅི་ཞིག་ཡོད། གཏན་ཚིགས་ཀྱི་ངོ་བོ་ཉིད་ཀྱིས་ཆོས་དེ་ཡོད་པ་ཅན་ཞིག་ཡིན་ན་ནི། ཇི་ལྟར་གཞན་དུ་བྱེད་པར་འགྱུར་ཏེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གཞན་དུ་འགྱུར་བ་དང༌། ངོ་བོ་ཉིད་འགལ་བ་གཉིས་ཀྱང་མེད་པའི་ཕྱིར་རོ། །ཆོས་དེའི་ཡོད་པ་ཅན་མ་ཡིན་པ་ཞིག་ཡིན་ན་ཡང་གཞན་དུ་ཡང་ཇི་ལྟར་འགའ་ཞིག་གིས་སྒྲུབ་པ་ཡིན། དེ་ལྟ་བས་ན་ངོ་བོ་ཉིད་ཀྱིས་རང་གིས་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བར་བཤད་པའི་མཚན་ཉིད་ཅན་འབྲས་བུ་དང་རང་བཞིན་དག་གི་དེའི་མཚན་ཉིད་ལ་ཟླ་


DTG174_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གཏན་ཚིགས་མི་སྲིད་པའི་ཕྱིར་རོ། །གྲངས་གཅིག་བརྗོད་པར་འདོད་པ་ཅན་ནི་མཚན་ཉིད་མ་ཡིན་ཏེ། རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ། །ཤེས་པ་ཉིད་ནི་རྟགས་ཀྱི་ཆོས་མ་ཡིན་ན་ཇི་ལྟར་རྟགས་ཀྱི་མཚན་ཉིད་དུ་འགྱུར། རྟགས་ངོ་བོ་ཇི་ལྟ་བུ་ཞིག་ལས་དོན་རྟོགས་པར་བྱ་ཞེས་བསམ་པར་བྱ་བ་ལ། རྟོགས་པར་བྱེད་པ་ལ་སླུ་བར་མི་བྱེད་པའི་ངོ་བོ་ལ་བྱ་སྟེ། གང་ཞིག་མཐོང་ནས་འདིས་སྒྲུབ་པ་དང༌། སྒྲུབ་པ་མ་ཡིན་པ་དག་རྣམ་པར་ཕྱེ་ནས། དེ་ལ་འདོད་པའི་དོན་ཉེ་བར་འཇོག་པར་བྱེད་པ་ལ་ཡིད་ཆེས་ནས་འཇུག་པར་འགྱུར་བ་ཡིན་ནོ། །དེ་ལ་འདིའི་བདག་གི་ངོ་བོ་གང་ཡིན་པ་དེ་ནི་མཚན་ཉིད་ཡིན་གྱི་གཞན་གྱི་ངོ་བོ་ནི་མ་ཡིན་ནོ། །རྟོགས་པ་སྐྱེ་བ་ལ་ཉེ་བར་སྦྱོར་བ་ཙམ་གྱིས་དེའི་མཚན་ཉིད་ཡིན་ན་ནི། ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་གཞལ་བྱ་དང་སྐྱེས་བུ་ལ་སོགས་པ་ཡང་དེའི་མཚན་ཉིད་དུ་འགྱུར་ཏེ། དེ་དག་མེད་པར་ནི་རྟགས་ཅན་ལ་ཤེས་པ་མི་སྐྱེའོ། །འོ་ན་ནི་ངེས་པ་སྨོས་པར་མི་བྱའོ་ཞེ་ན། མི་བྱ་བ་མ་ཡིན་ཏེ། དེ་ནི་གཞན་གྱི་དོན་དུ་ཡིན་པའི་ཕྱིར་རོ། །མཐོང་བ་དང་མ་མཐོང་བ་དག་གིས་གཏན་ཚིགས་ཤེས་པ་བྱེད་པ་ཡིན་པར་འདོད་པ་དག་གིས་གཏན་ཚིགས་ནུས་པར་མི་འགྱུར་བ་ཁོ་ན་སྟེ། མཐོང་བ་དང༌། མ་མཐོང་བ་དག་ཡོད་བཞིན་དུ་ཡང་ཤེས་པར་བྱེད་པ་ཉིད་མ་ཡིན་པ་མཐོང་བའི་ཕྱིར་རོ། །དེས་ན་ཡོད་པ་དང་མེད་པ་དག་གིས་ཤེས་པར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ངེས་པ་སྨོས་སོ། །དེས་ན་གཞན་གྱི་ངོ་བོ་ནི་མཚན་ཉིད་མ་ཡིན་ཏེ། དེས་རྟགས་ཀྱི་ངོ་བོའི་ཁྱད་པར་མི་སྟོན་པའི་ཕྱིར་རོ། །ཡོད་པ་དང་མེད་པ་དེ་དག་ནི་དེའི་ངོ་བོ་སྒྲུབ་པ་འཇུག་པས་ཁོང་དུ་ཆུད་པར་བྱ་སྟེ། ཐབས་གཞན་མེད་པའི་ཕྱིར་རོ། །དེས་ན་ཡོད་པ་དང༌། མེད་པ་སྨོས་པ་ཙམ་གྱིས་ཀྱང་དེ་བསྒྲུབ་པའི་ཚད་མ་འཕེན་མོད་ཀྱི། འདི་གཉིས་གསལ་བར་བྱ་བའི་ཕྱིར། མཚན་ཉིད་ལ་ལས་ངེས་པ་ཞེས་བྱ་བའི་སྒྲ་རབ་ཏུ་སྦྱོར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཤེས་བྱ་ཡོད་པར་རྣམ་པར་གཞག་པ་ནི་ཤེས་པ་ཡོད་པའི་རྒྱུ་རྐྱེན་ཡིན་པའི་ཕྱིར། དེ་གཉིས་ཉིད་ཡོད་པར་རབ་ཏུ་མི་འགྲུབ་པས་ཐམས་ཅད་ལ་ཡོད་པ་རྣམ་པར་གཞག་པ་ཉིད་དེ་སྒྲུབ་པ་དང་ལྡན་པའི་ཚད་མ་འདྲེན་པ་ཡིན་ནོ། །


DTG174_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་བྱེད་པ་ནི་གཞན་གྱི་དོན་ཡིན་པའི་ཡང་ཕྱིར་ཏེ། ཚུལ་གསུམ་པའི་རྟགས་ཡོད་པ་ནི། དོན་འདོམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། གང་དག་ཚུལ་དེ་མི་ཤེས་པ་དེ་དག་ནི། དེས་མི་འཇུག་པས་གཞན་ཤས་པར་བྱེད་པ་ཡིན་པའི་ཕྱིར་ཤེས་པ་གྲུབ་མོད་ཀྱི། འོན་ཀྱང་ཁ་ཅིག་ཡོད་པ་དང༌། མེད་པ་དེ་དག་ཁོ་ན་མཐོང་བ་དང༌། མ་མཐོང་བ་ཙམ་གྱིས་རྣམ་པར་འཇོག་པར་བྱེད་པས། དེ་དགག་པའི་ཕྱིར་ངེས་པའི་སྒྲ་སྨོས་སོ། །ཡོད་པ་དང་མེད་པ་དག་ཡོད་ཀྱང་རྗེས་སུ་འགྲོ་བ་དང༌། ལྡོག་པ་དག་ཡོད་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། ཡོད་པར་རབ་ཏུ་འགྲུབ་པ་ནི་ཚད་མ་གང་ལས་འདི་གཉིས་ངེས་པ་དེ་ལ་རག་ལུས་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། ཁོ་བོས་སྨོས་པར་བྱས་པ་ཡིན་ནོ། །གང་གི་ཕྱིར་ཡོད་པ་དང་མེད་པ་སྨོས་པ་ཙམ་གྱིས་དེ་སྒྲུབ་པའི་ཚད་མ་འཕེན་པར་འགྲུབ་པ་དེའི་ཕྱིར་ཡང་ཤེས་པ་ནི་མཚན་ཉིད་ཐ་དད་པར་གྱུར་པ་མ་ཡིན་ཏེ། དེ་ཉིད་ཀྱི་དོན་རྟོགས་པའི་ཕྱིར། ཕྱོགས་ཀྱི་ཆོས་ཉིད་ལས་ཉེ་བར་གཏོད་པའི་དོན་བཞིན་ནོ། །འོ་ན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་སོ་སོ་ཉིད་མ་ཡིན་ཏེ། གཅིག་སྦྱར་བས་གཉི་ག་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་གཏན་ཚིགས་ཡོད་པ་དང༌། མེད་པ་དག་ནི་ཕན་ཚུན་ལྟོས་ནས་ཚིག་གཅིག་གིས་གཉི་ག་གོ་བར་བྱེད་དོ་ཞེས་བྱའི། གཉིས་པ་དང་དོན་གཅིག་པ་ནི་མ་ཡིན་ནོ། །དེ་ཁོ་ན་ལ་ཡོད་པ་དང་མེད་པ་ལ་མེད་པ་ཞེས་བྱ་བའི་ཚིག་ཕན་ཚུན་འཕེན་པ་མ་ཡིན་ནམ་ཞེ་ན། ངེས་པ་སྟོན་པ་གཅིག་ཀྱང་འཕེན་པ་གཉིས་པ་མེད་ན་མེད་པའི་ཕྱིར་ཚིག་འདིས་ནི་ཤུགས་ཀྱིས་གཉི་ག་འཕེན་པར་བྱེད་ཀྱི། ཡོད་པ་དང་མེད་པ་འབའ་ཞིག་འཕེན་པར་བྱེད་པ་ནི་མ་ཡིན་ནོ། །ངེས་པ་དང་ལྡན་པ་དག་ནི་འབའ་ཞིག་པ་དག་མ་ཡིན་ཏེ། ངེས་པ་ནི་གཉི་གའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གིས་ན་ཡོད་པའམ། མེད་པ་གཉིས་པ་འཕེན་པར་འགྱུར་བ་དེ་ལ་ཡོད་པ་ཉིད་ཅེས་བྱ་བ་ཡང་ཡོད་པ་འབའ་ཞིག་ལ་མི་བྱ་ལ། ཅིག་ཤོས་ཀྱིས་ཀྱང་མེད་པ་འབའ་ཞིག་མ་ཡིན་ནོ། །ཤེས་པ་ནི་དེ་ལྟར་གཞན་ཤེས་པར་བྱེད་པའི་མཚན་ཉིད་གསུམ་པ་ལས་ཐ་དད་པ་མ་ཡིན་པས། མཚན་ཉིད་གཞན་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་


DTG174_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཚན་ཉིད་དྲུག་པ་མ་ཡིན་ནོ། །གཏན་ཚིགས་ཀྱི་ཐིགས་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་ར་མ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵྀ་པྲ་ཀ་ར་ཎ། བོད་སྐད་དུ། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་པ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ངོ་བོ་འདྲེས་པ་འབྲེལ་ཡིན་དུ། །གཉིས་ཉིད་ཡིན་ན་ཇི་ལྟར་འགྱུར། །དེ་ཕྱིར་རང་བཞིན་ཐ་དད་པ། །འབྲེལ་པ་ཡང་དག་ཉིད་དུ་མེད། །གཞན་ལྟོས་པ་ནི་འབྲེལ་པར་ཡང༌། །མེད་ན་དེ་ནི་ཇི་ལྟར་ལྟོས། །ཡོད་ནའང་ཀུན་ལ་རག་མ་ལས། །དངོས་པོ་ཇི་ལྟར་ལྟོས་པ་ཡིན། །གཉིས་ནི་འབྲེལ་པ་གཅིག་པུ་ཡིས། །ཅི་སྟེ་འབྲེལ་ན་དེ་དང་གཉིས། །འབྲེལ་པ་གང་ཡིན་ཐུག་པ་མེད། །དེ་བཞིན་འབྲེལ་མེད་ཤེས་པར་བྱ། །དངོས་པོ་དེ་གཉིས་དེ་ལས་གཞན། །དེ་དག་ཐམས་ཅད་བདག་ཉིད་གནས། །དེ་བས་རང་དངོས་མ་འདྲེས་ལ། །དེ་དག་རྟོགས་པས་འདྲེས་པར་བྱེད། །དངོས་པོ་ཐ་དད་རྟོགས་བྱའི་ཕྱིར། །དེ་ཡི་རྗེས་སུ་འབྲང་བ་ཡིས། །བྱ་དང་བྱེད་པ་པོ་ཡི་ཚིག །སྨྲ་བ་པོ་དག་འགོད་པར་བྱེད། །རྒྱུ་དང་འབྲས་བུའི་འབྲེལ་པ་ཡང༌། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པ་ཇི་ལྟར་གྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །རིམ་ལས་དངོས་པོ་གཅིག་ལ་གནས། །གཞན་ལ་རེ་བ་མེད་པ་ཡིན། །དེ་མེད་པར་ཡང་ཡོད་པའི་ཕྱིར། །གཅིག་ལ་གནས་པ་འབྲེལ་པ་མེད། །གཞན་དུ་འདི་ནི་འདུག་པ་ན། །ཅི་སྟེ་དེ་ནི་གཅིག་ལ་ལྟོས། །ལྟོས་པ་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅི་སྟེ་དོན་གཅིག་འབྲེལ་པའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་པའི་ཕྱིར། །གཡས་གཡོན་རྭ་ཡང་དེ་ཉིད་འཐོབ། །འགའ་ཞིག་གཉིས་གནས་འབྲེལ་པ་ཡིན། །དེ་མཚན་དེ་ལས་གཞན་དུ་མིན། །ཡོད་དང་མེད་པའི་བྱེ་བྲག་ཅན། །སྦྱོར་བ་ཅི་སྟེ་རྒྱུ་འབྲས་


DTG174_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྦྱོར་བའི་བྱེ་བྲག་ཅན་དེ་ཉིད། །འདིར་ནི་རྒྱུ་འབྲས་ཅི་ཕྱིར་མིན། །ཐ་དད་ཅེས་བྱའི་སྒྲ་འདི་ནི། །སྨྲ་བྱེད་ལ་བརྟེན་མ་ཡིན་ནམ། །གང་ཞིག་མཐོང་ན་མ་མཐོང་མཐོང༌། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་པར་ཤེས། །མཐོང་དང་མ་མཐོང་མ་གཏོགས་པར། །འབྲས་བུའི་བློ་ནི་མི་སྲིད་ཕྱིར། །འདི་ལ་འབྲས་བུ་ལ་སོགས་སྒྲ། །ཐ་སྙད་སླ་བའི་ཕྱིར་བཀོད་དོ། །དེ་ཡོད་ཡོད་ཕྱིར་དེ་འབྲས་རྟོགས། །གང་ཡང་རྗེས་སུ་སྨྲ་བ་ཡི། །བརྡ་ཡི་ཡུལ་དུ་དེ་བརྗོད་དེ། །ལྐོག་ཤལ་ལ་སོགས་གླང་རྟོགས་བཞིན། །ཡོད་འགྱུར་ཡོད་ན་དེ་ཡོད་ཅིང༌། །ཡོད་པ་ཉིད་ནའང་ཡོད་འགྱུར་བ། །ངོན་སུམ་མི་དམིགས་པ་དག་ལས། །རྒྱུ་འབྲས་ཁོ་ནར་རབ་ཏུ་གྲུབ། །རེ་ཞིག་དེ་ཙམ་ཡང་དག་དོན། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །རྣམ་པར་རྟོག་པས་སྟོན་པ་ནི། །དོན་ལོག་པ་ཡི་དོན་བཞིན་སྟོན། །ཐ་དད་ཡིན་ན་ཅི་ཞིག་འབྲེལ། །ཐ་དད་མིན་ན་རྒྱུ་འབྲས་གང༌། །གཞན་ཞིག་ཡོད་ན་མ་འབྲེལ་གཉིས། །དེ་གཉིས་འབྲེལ་པ་ཇི་ལྟར་བྱེད། །སྦྱོར་དང་འདུ་བ་ལ་སོགས་པ། །ཐམས་ཅད་དེས་ཀྱང་དཔྱད་པ་ཡིན། །ཕན་ཚུན་ཕན་པ་མི་བྱེད་ཕྱིར། །དེ་འདྲ་བ་ལ་འབྲེལ་པ་མེད། །འདུ་བ་ཅན་ནི་འགའ་ཞིག་གིས། །འབྲས་བུ་སྐྱེད་པར་བྱེད་ན་ཡང༌། །དེ་ཚེ་འདུ་བ་ཅན་འདི་མེད། །ཤིན་ཏུ་ཐལ་ཕྱིར་དེ་གཉིས་མིན། །དེ་གཉིས་དང་ནི་འདུ་བ་དང༌། །གཞན་ཡང་ཕན་པ་མི་བྱེད་པར། །ཅི་སྟེ་འབྲེལ་ན་མཐའ་དག་ཀྱང༌། །ཕན་ཚུན་འབྲེལ་པ་ཅན་དུ་འགྱུར། །ལ་སོགས་སྦྱོར་བ་ཅན་གྲུབ་ཕྱིར། །སྦྱོར་བ་སྐྱེད་ཀྱང་དེས་དེ་གཉིས། །སྦྱོར་བ་ཅན་དུ་མི་འདོད་དེ། །གནས་པར་བྱེད་པའང་རབ་ཏུ་བརྗོད། །སྦྱོར་བ་ལ་སོགས་པ་ཡི་གནས། །རུང་བའི་དངོས་པོ་དེ་འགྱུར་ན། །རུང་བའི་དངོས་པོ་རྟག་ན་ནི། །དེ་དང་བྲལ་བར་འགལ་ཕྱིར་རོ། །དེ་བས་བྲལ་དང་ལྡན་པ་དང༌། །འགྲོ་སོགས་རུང་བ་བརྗོད་པ་ན། །ངོ་བོ་འདི་ལ་ངེས་པར་བརྗོད། །འགྲོ་སོགས་གཞན་རྟགས་ཅི་ཞིག་བྱ། །དེ་དག་རྣམས་ལ་ཡོད་ན་ཡང༌། །འདིའི་ཞེས་འབྲེལ་པ་མི་འགྲུབ་ཕྱིར། །སྐད་ཅིག་སོ་སོར་སྐྱེ་བ་ཡི། །དངོས་པོ་ཐ་དད་འདི་ཡིན་རིགས།


DTG174_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ། སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་བནྡེ་ནམ་མཁས་བསྒྱུར། སླད་ཀྱི་པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པ། །

འབྲེལ་པ་བརྟག་པའི་འགྲེལ་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵྀ་པྲྀ་ཏྟི། བོད་སྐད་དུ། འབྲེལ་པ་བརྟག་པའི་འགྲེལ་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འབྲེལ་པ་དངོས་པོར་གྱུར་པ་བསལ་བར་འདོད་ནས། གཞན་དབང་ཁོ་ནར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཞན་དབང་ནི་གཞན་ལ་རག་ལས་པ་སྟེ། དེ་འབྲེལ་པ་ཡིན་ན། འབྲེལ་པ་ཅན་གྲུབ་པའམ་མ་གྲུབ་པ་གཅིག་གི་ཡིན། མ་གྲུབ་པ་ནི་མེད་པའི་ངོ་བོ་ཡིན་པའི་ཕྱིར་འབྲེལ་པ་དངོས་པོར་ཡོད་པ་མ་ཡིན་ནོ། །འབྲེལ་པ་ཅན་གྲུབ་ན་གཞན་དབང་ཅི་ཞིག་ཡོད་མེད་པ་ཉིད་དེ་དེ་བས་ན་འབྲེལ་པ་མེད་པ་ཉིད་དོ། །གྲུབ་ཏུ་ཟིན་ཀྱང་ཅུང་ཟད་མ་གྲུབ་པ་ཉིད་དོ་ཞེ་ན། དེ་གྲུབ་པར་བྱ་བའི་ཆེད་དུ་གཞན་གྱི་དབང་ཁོ་ནར་ཡང་མི་འགྱུར་ཏེ། གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པའི་རྣམ་པར་རྟོག་པ་ལས་མི་འདའ་བའི་ཕྱིར་རོ། །དངོས་པོ་གཅིག་ལ་གྲུབ་པ་དང་མ་གྲུབ་པའི་ངོ་བོ་གཉི་ག་མེད་དོ། །གང་གི་ཕྱིར་དེ་ལྟར་གྲུབ་པའམ་ཅིག་ཤོས་ཀྱི་གཞན་གྱི་དབང་ཁོ་ན་མེད་པ་དེ་བས་དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ཡང་དག་པ་ཉིད་དུ་དངོས་པོ་མེད། དངོས་པོ་མེད་པའི་ཕྱིར་རྣམ་པར་རྟོག་པ་བཀོད་པ་ནི་མི་དགག་གོ །ངོ་བོ་འདྲེས་པ་འབྲེལ་ཡིན་གྱི་གཞན་དབང་ཁོ་ན་མ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། གཉིས་ཉིད་ཡིན་ཏེ་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་ཡིན་ན། ངོ་བོ་འདྲེས་པ་རང་གི་ངོ་བོ་གཅིག་པའི་མཚན་ཉིད་དེར་ཡང་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཉིད་དོ། །གཅིག་པུ་གྱུར་ན་ཡང་འབྲེལ་པ་ཅན་གཉིས་མེད་པའི་ཕྱིར་འབྲེལ་པ་གང་ཞིག་ཡིན་ཏེ། འདི་ནི་གཉིས་ལས་གནས་པའི་ཕྱིར་རོ། །འོན་ཏེ་འདི་སྙམ་དུ་འདྲེས་པ་ནི་ངོ་བོ་གཅིག་ཏུ་འགྱུར་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་བར་ཆད་མེད་པ་ཡིན་ནོ་ཞེ་ན། ཡིན་དུ་ཟད་མོད་ཅི་ཞིག་དགག་སྟེ། བར་ཆད་མེད་པ་པ་ནི་བར་ཆད་མེད་པ་ཙམ་དུ་ཟད་པས་འབྲེལ་པ་དངོས་པོར་གྱུར་པ་


DTG174_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་མི་འགྱུར་རོ། །ཅི་སྟེ་བར་ཆད་མེད་པར་འབྲེལ་པ་ཡིན་ན། བར་དང་བཅས་པ་ན་ཡང་འབྲེལ་པར་ཅི་སྟེ་མི་འདོད་དེ། གཉིས་ཀར་ཡང་འབྲེལ་པ་ཅན་གཉིས་རང་གི་ངོ་བོ་ལ་གནས་པར་བྱེ་བྲག་མེད་པའི་ཕྱིར་རོ། །ཕྲད་པ་ལ་སོགས་པ་ཡང་བར་ཆད་མེད་པའི་དོན་དུ་འདུས་པ་ཁོ་ན་ཡིན་པར་བརྗོད་པར་མ་བྱེད་ཅིག །གང་གི་ཕྱིར་དེ་ལྟར་ངོ་བོ་འདྲེས་པའི་མཚན་ཉིད་ཀྱང་འབྲེལ་པ་མ་ཡིན་པ་དེའི་ཕྱིར་ཡང་རང་བཞིན་ཐ་དད་དེ། དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་ཐ་དད་པ་ལ་རྟོག་པས་སྒྲོ་བཏགས་པ་མ་གཏོགས་པར། འབྲེལ་པ་ཡང་དག་པ་ཉིད་དུ་མེད་པའོ། །འོན་ཏེ་གཞན་ལ་ལྟོས་པ་འབྲེལ་པ་ཡིན་གྱི་ངོ་བོ་འདྲེས་པ་མ་ཡིན་ནོ་ཞེ་ན། འདིར་ཡང་གཞན་ལ་ལྟོས་པ་ན་ལྟོས་པས་འབྲེལ་པ་ཅན་དུ་འགྱུར་ཏེ། ལྟོས་ནས་ཡོད་པ་ཞིག་ལྟོས་སམ། མེད་པ་ཞིག་ལྟོས། ཇི་སྟེ་མེད་ན་དེ་ནི་ཇི་ལྟར་ལྟོས། རང་གི་ངོ་བོ་མ་གྲུབ་པའི་དངོས་པོ་ལ་ལྟོས་པའི་ཆོས་མེད་པས་གང་ཞིག་གི་གང་གི་འབྲེལ་པ་ཡིན། ཡོད་ན་ཡང་ཀུན་ལ་རག་མ་ལས་ཏེ། རང་གི་ངོ་བོ་ཐམས་ཅད་སྐྱེས་པ་ལྟོས་པ་མེད་པའི་དངོས་པོ་ལྟོས་པ་གང་གིས་ན། འབྲེལ་པར་འགྱུར་བར་ཇི་ལྟར་ལྟོས་པ་ཡིན། ལྷག་མ་རྣམས་ནི་གཞན་གྱི་དབང་བཞིན་དུ་བརྗོད་པར་བྱའོ། །ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་གཉིས་ཏེ། འབྲེལ་པ་ཅན་གཉིས་ནི་འབྲེལ་པ་གཅིག་པུས་ཡོན་ཏན་དུ་བརྗོད་པའི་སྦྱོར་བ་དོན་ཐ་དད་པ་གཅིག་པུའམ། ཐ་དད་པ་མེད་པའི་ཆོས་སམ། བརྗོད་དུ་མེད་པའི་དངོས་པོར་གྱུར་པ་དང་འབྲེལ་པ་རྒྱུས་ཅི་སྟེ་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་པ་དོན་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ནི་འབྲེལ་པ་ཅན་གཉིས་བཏགས་པ་ཁོ་ནར་འགྱུར་བས་འབྲེལ་པ་གང་ཡང་མེད་དོ། །དེ་ལྟ་ན་ཡང་འབྲེལ་པ་ལས་འབྲེལ་པ་ཅན་གཞན་མ་ཡིན་པས་གཅིག་ཏུ་གྱུར་པའི་ཡང་ཕྱིར་རོ། །བརྗོད་དུ་མེད་པའི་དངོས་པོར་གྱུར་པ་ཡང་རིགས་པའི་ཚུལ་གྱིས་ན་དོན་ཐ་དད་པ་ཐ་དད་མ་ཡིན་པའི་རྣམ་པར་རྟོག་པ་ལས་མི་འདའ་པའི་ཕྱིར་རོ། །དོན་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ནི་འབྲེལ་པ་དང་འབྲེལ་པ་ཅན་གྱི་གང་ཡང་མེད་དོ། །ཐ་དད་པའམ་ཅིག་ཤོས་ཀྱི་འབྲེལ་པ་ཡོད་དུ་ཆུག་ཀྱང༌།


DTG174_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དེ་དང་གཉིས་འབྲེལ་པ་གང་ཡིན། གཅིག་པ་དེ་དང་འབྲེལ་པ་ཅན་གཉིས་སུ་འབྲེལ་པ་གང་ཡིན་ཏེ་མེད་པ་ཉིད་དོ། །ཇི་སྐད་དུ་སྨོས་པའི་སྐྱོན་ཡོད་པའི་ཕྱིར་ཇི་ལྟར་འབྲེལ་བ་ཅན་གཉིས་འབྲེལ་པ་མེད་པ་དེ་བཞིན་དུ། དེ་དང་ཡང་འབྲེལ་པ་ཅན་གཉིས་འབྲེལ་པ་མེད་དོ། །གཞན་དུ་ན་འབྲེལ་པ་ཅན་གཉིས་ཉི་ཚེ་འབྲེལ་པ་ཡང་ཅི་ཞིག་ཞེ་སྡང་དུ་ཡོད། གཞན་ཡང་ཅི་སྟེ་འབྲེལ་པའི་དོན་གཅིག་དང་འབྲེལ་པའི་ཕྱིར་འབྲེལ་པར་འདོད་ན། དེའི་ཚེ་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལ་ཡང་འབྲེལ་པ་ཞིག་འདོད་པར་བྱ་དགོས་ཏེ། དེ་ལྟ་བུར་འབྲེལ་པ་ཁས་ལེན་པའི་ཕྱིར་རོ། །དེ་ལ་ཡང་འབྲེལ་པའི་དོན་གཅིག་པུ་ཞིག་ཡོད་པས་ཐུག་པའམ་མེད་པར་འགྱུར་རོ། །དེ་སྟེ་འགའ་ཞིག་ཏུ་འབྲེལ་པ་གཅིག་པུའི་དོན་མ་གྲུབ་སྟེ། འབྲེལ་པ་མེད་ན་ནི་ཐམས་ཅད་དུ། དེ་བཞིན་འབྲེལ་མེད་ཤེས་པར་བྱ། །ཐུག་པ་མེད་པར་འགྱུར་བས་ན་འབྲེལ་པའི་བློ་ནི་དངོས་པོའི་རྗེས་སུ་ཞུགས་པ་མ་ཡིན་ནོ། །ཁ་ཅིག་ཏུ་འབྲེལ་པ་གཅིག་པུའི་དོན་མེད་པར་ཡང་འབྲེལ་པ་རྟོགས་ན་ནི། འབྲེལ་པ་ཅན་དང་པོ་གཉིས་ལ་ཡང་དོན་གཅིག་པུ་དང་འབྲེལ་པའི་ཕྱིར་འབྲེལ་པར་མི་འགྱུར་རོ། །ཉི་ཚེ་ཞིག་འབྲེལ་པ་ཡིན་ཡང་ཉེས་པ་སྨྲས་ཟིན་ཏོ། །དེས་ནི་བར་ཆད་མེད་པ་ལ་སོགས་པའི་ཆོས་ཐ་དད་པར་རྟོགས་པའི་ལན་ཀྱང་བཏབ་ཟིན་ཏོ། །གང་གི་ཕྱིར་དེ་ལྟར་འབྲེལ་པར་རྣམ་པར་རྟོག་པ་རུང་བ་མ་ཡིན་པ་དེ་བས་ན་འབྲེལ་པ་ཅན་དུ་མངོན་པར་འདོད་པའི་དངོས་པོ་དེ་གཉིས་དང༌། དེ་ལས་གཞན་པ་འབྲེལ་པ་ཞེས་བྱ་བ་ཇི་སྐད་དུ་སྨོས་པ། དེ་དག་ཐམས་ཅད་བདག་ཉིད་གནས། །རང་གི་ངོ་བོ་ལ་གནས་པ་ཡིན་ནོ། །དེ་བས་ན་དེའི་ཕྱིར་བདག་ཉིད་ཀྱི་རང་དངོས་མ་འབྲེལ་པས་ཏེ་འབྲེལ་པ་མེད་པའོ། །འོ་ན་ཇི་ལྟར་རག་ལས་པའི་ངོ་བོ་དེ་དང་དེས་འབྲེལ་པ་ཡིན་པར་བརྗོད་ཅེ་ན། འབྲེལ་པ་ཡང་དག་པ་ནི་འགའ་ཡང་མེད་ཀྱི། དངོས་པོ་དེ་དག་འདྲེས་པ་མེད་ཀྱང་རྟོགས་པས་འདྲེས་པར་བྱེད། གཞན་ལ་རག་ལས་པའི་ངོ་བོ་ལྟ་བུར་མཚན་མ་འགའ་ཞིག་སྟོན་པ་སྐྱེའོ། །དངོས་པོ་ཐ་དད་རྟོགས་བྱའི་ཕྱིར། །དངོས་པོ་ཐ་དད་པ་ནི་གཞན་གསལ་བའོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རྟོག་པ་དེའི་རྗེས་སུ་འབྲང་བའི་


DTG174_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུས། བྱ་བ་བྱེད་པ་པོ་ཡི་ཚིག །སྨྲ་བ་པོ་དག་འགོད་པར་བྱེད། །འདི་ནི་བྱེད་པ་པོ་བརྗོད་པའོ་ཞེས་ཚིག་འགོད་པར་བྱེད་ཀྱི། བྱ་བ་དང་བྱེད་པའི་འབྲེལ་པ་དངོས་སུ་ནི་ཡོད་པ་མ་ཡིན་ནོ། །འོ་ན་རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་པ་འགྲུབ་བོ་ཞེ་ན་མི་རུང་སྟེ། འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོའི་འབྲེལ་པ་ཡང་ཇི་ལྟ་བུ་ཞིག་ཅེ་ན། གཉིས་ལ་གནས་པར་ཇི་ལྟར་འགྲུབ། །མི་འགྲུབ་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་དེ་གཉིས་ལྷན་ཅིག་མི་གནས་པའི་ཕྱིར་ཏེ། འདི་ལྟ་སྟེ། གང་གི་ཚེ་རྒྱུ་ཡོད་པ་དེའི་ཚེ་འབྲས་བུ་མེད་དོ། །འབྲས་བུ་ཡོད་པ་དེའི་ཚེ་རྒྱུ་མེད་དེ་རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པའང་དངོས་པོ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ལྷན་ཅིག་ཏུ་གནས་པ་མ་ཡིན་པ་ཉིད་པས། སྐད་ཅིག་མ་མ་ཡིན་པར་སྨྲ་བས་བརྗོད་པ་ཡང་རིགས་པ་མ་ཡིན་པའི་ཕྱིར་གང་གིས་ན་གཉིས་ལ་འབྲེལ་པ་གནས་པར་འགྲུབ་པར་འགྱུར་བའི་འབྲེལ་པ་ཅན་གཉིས་དངོས་སུ་ལྷན་ཅིག་ཏུ་གནས་པ་མེད་དོ། །དངོས་པོ་གཉིས་ལ་མི་གནས་ན་ཡང་ཇི་ལྟར་འབྲེལ་པ་མ་ཡིན་པ་ཉིད་དོ། །བློས་སྦྲེལ་ཏེ་འབྲེལ་ན་ནི། རྣམ་པར་རྟོག་པས་བསྐྱེད་པར་འགྱུར་རོ། །རྒྱུའམ་འབྲས་བུ་ལ་རིམ་གྱིས་འབྲེལ་བ་གནས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར་རིམ་ལས་ཀྱང་དངོས་པོ་གཅིག་ལས་རྒྱུའམ་འབྲས་བུ་གཅིག་ལ་འབྲེལ་པ་ཞེས་བྱ་བ་གནས་ན། གཞན་ལ་རེ་བ་མེད་དེ། རྒྱུ་གནས་པ་ན་འབྲས་བུ་ལ་ལྟོས་པ་མེད་དོ། །འབྲས་བུ་གནས་པ་ན་རྒྱུ་ལ་ལྟོས་པ་མེད་པས་གཉིས་ལ་རིམ་གྱིས་འདུག་ན་ནི་འབྲེལ་བར་མི་རུང་སྟེ། དེ་མེད་པར་ཡང་ཡོད་པའི་ཕྱིར། རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་མེད་པར་འབྲེལ་པ་ཞེས་བྱ་བའི་དོན་ཡོད་པའི་གཏན་ཚིགས་ཀྱིས་ན། གཅིག་ལ་གནས་པ་ཅན། རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པ་འདི་དང་གང་ལ་རེ་བ་མེད་པ་དེ་དང་འབྲེལ་པ་མེད་དོ། །ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་གཞན་དུ་རྒྱུའམ་འབྲས་བུ་ལ་རིམ་གྱིས་འབྲེལ་པ་འདི་འདུག་པ་ན། ཇི་སྟེ་རྒྱུ་དང་འབྲས་བུ་དེ་གཉིས་ལས་རྒྱུའམ་འབྲས་བུ་གཅིག་ལ་ལྟོས་པས་རེ་བ་དང་བཅས་པ་ཉིད་ཀྱིས་གཉིས་ལ་གནས་པ་ཁོ་ནར་འདོད་དོ་ཞེ་ན། དེས་ན་ཡང་ལྟོས་པ་


DTG174_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཕན་པ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ལྟོས་པ་ཕན་པ་བྱེད་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །ལྟོས་པ་ན་ཕན་པ་བྱེད་པ་ཡིན་མོད་ཅེ་ན། དེ་མེད་ན་ཇི་ལྟར་ཕན་པ་བྱེད། རྒྱུའི་ཚེ་ན་འབྲས་བུ་ཞེས་བྱ་བའི་དོན་མེད་དོ། །འབྲས་བུའི་ཚེ་ན་ཡང་རྒྱུ་ཞེས་བྱ་བའི་དོན་མེད་དེ། མཐུ་མེད་པས་ཕན་པ་བྱེད་པ་མ་ཡིན་ནོ། །གཞན་ཡང༌། ཅི་སྟེ་དོན་གཅིག་འབྲེལ་པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཀྱིས་རྒྱུ་དང་འབྲས་བུ་མངོན་པར་འདོད་པ་དེ་གཉིས་རྒྱུ་དང་འབྲས་བུ་ཉིད་ཡིན་པར་འདོད་ན་དེའི་ཚེ་གྲངས་སུ་བརྗོད་པ། གཉིས་ཉིད་ལ་སོགས་འབྲེལ་པའི་ཕྱིར། །དེ་ཞེས་བྱ་བའི་གཏན་ཚིགས་ཀྱིས་བ་ལང་གི་རྭ་གཡས་གཡོན་རྭ་ཡང་རྒྱུ་དང་འབྲས་བུ་ཁོ་ན་འཐོབ་སྟེ། དེ་ལྟར་མི་འདོད་ན་ནི། དེ་ལས་གཞན་ཡང་འགྱུར་རེ་སྐན། སོགས་པ་སྨོས་པ་ནི། ཕ་རོལ་པོ་ཉིད་དང༌། ཚུ་རོལ་ཉིད་དང༌། རྭ་ལ་སོགས་པ་དང་འབྲེལ་པའི་ཕྱིར་ཞེས་བསྡུའོ། །གང་ཡང་རུང་བ་གཅིག་དང་འབྲེལ་པའི་ཕྱིར་མ་འབྲེལ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་པའི་མཚན་ཉིད་དང་ངོ་ཞེ་ན། དེ་མི་རུང་སྟེ། དངོས་པོའི་དོན་འགའ་ཞིག་གཉིས་ལ་གནས་པ་ནི་འབྲེལ་པ་ཡིན་གྱི། དོན་གཉིས་དང་མངོན་པར་འབྲེལ་པ་ཅན་དེ་ལས་གཞན་དུ་འབྲེལ་པ་དེའི་མཚན་ཉིད་མི་འཐད་ན། གང་གིས་ན་གྲངས་ལ་སོགས་པ་ལས་དེའི་ཁྱད་པར་རྣམ་པར་གཞག་པར་བྱ། གང་ཞིག་ཡོད་ན་ཡོད་པར་འགྱུར་ལ་མེད་ན་མེད་པར་འགྱུར་ཏེ། ཡོད་པར་གྱུར་པ་དང་མེད་པར་གྱུར་པ་དེ་གཉིས་ཀྱི་དོན་ཡོད་པ་དང་མེད་པ་གང་ཡིན་པ་དེའི་བྱེ་བྲག་ཅན་ཁྱད་པར་ཅན་གྱི་སྦྱོར་བ་གང་ཡིན་པ་དེ་ནི་འབྲེལ་པ་ཞེས་བྱ་སྟེ། ཡོད་པ་དང་མེད་པའི་བྱེ་བྲག་ཅན་གྱི་སྦྱོར་བ་འདི་ཅི་སྟེ་རྒྱུ་འབྲས་ཁོ་ན་ཡིན་གྱི་ཐམས་ཅད་མ་ཡིན་ནོ་ཞེ་ན། དེའི་ཚེ་སྦྱོར་བའི་བྱེ་བྲག་ཅན་གང་ཡིན་པ་ཡོད་པ་དང་མེད་པ་དེ་ཉིད། འདིར་ནི་རྒྱུ་འབྲས་ཅིའི་ཕྱིར་མིན་ཏེ། གང་གིས་ན་ཡོད་པ་མ་ཡིན་ཞིང༌། དོན་མེད་པའི་འབྲེལ་པ་རྟོགས་པར་བྱེད། ཐ་དད་ཅེས་བྱ་བ་ནི་འདི་སྙམ་དུ་ཡོད་ན་ཡོད་པ་ལ་མེད་ན་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྗོད་པར་


DTG174_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མང་པོ་ཡིན་ནོ། །དོན་གཅིག་རྗོད་པར་བྱེད་པ་རྒྱུ་དང་འབྲས་བུ་ཁོ་ན་ཞེས་བརྗོད་པའི་ཡུལ་དུ་དེ་མི་རིགས་པས་ཡོད་པ་དང་མེད་པ་ནི་རྒྱུ་དང་འབྲས་བུ་ཁོ་ནར་མི་འདོད་དོ་ཞེ་ན། སྒྲ་ཞེས་འདི་ནི་སྨྲ་བར་བྱེད་པའི་སྐྱེས་བུ་ལ་བརྟེན་པ་མ་ཡིན་ནམ་ཞེས་བྱ་བ་ནི་སྒྲ་གང་ཡིན་པ་འདི་ནི་སྨྲ་བར་བྱེད་པ་ལ་བརྟེན་པའི་ཕྱིར། ཇི་ལྟར་སྦྱར་བ་དེ་དེ་བཞིན་སྨྲ་བ་ཡིན་ཏེ། དུ་མ་ལ་ཡང་སྒྲ་གཅིག་ཡོད་པས་ལན་དུ་མི་རུང་བ་ཉིད་དོ། །དེ་བས་ན་ཡོད་པ་དང་མེད་པ་དེ་ཉིད་རྒྱུ་དང་འབྲས་བུར་རིགས་ཏེ། ཇི་ལྟར་རྒྱུར་མངོན་པར་འདོད་པ་འབའ་ཞིག་མཐོང་ན། རིག་བྱའི་མཚན་ཉིད་དུ་གྲུབ་པ་འབྲས་བུ་ཞེས་བྱ་བ་མཐོང་བ་ན། གང་མཐོང་ན་མཐོང་བ་ཡིན་ནོ། །དེ་མ་མཐོང་ན་འབྲས་བུར་མངོན་པར་འདོད་པ་མ་མཐོང་བ་ནི། འབྲས་བུ་ཡིན་པ་ཉིད་དུ་ཤེས་ཏེ། འདི་ལས་འདི་འབྱུང་ངོ་ཞེས་རྟོགས་པའོ། །སྟོན་པའི་སྐྱེ་བོ་ཡང་མེད་པ་ནི་འདི་ལས་འདི་འབྱུང་ངོ་ཞེས་བྱ་བ་འདི་ནི་འཆད་པ་མེད་པར་རོ། །བརྡ་སྤྲད་ནས་ཤེས་སོ་ཞེས་བྱ་བ་ཚིག་ཙམ་དུ་ཟད་དེ། འདི་ལྟར་བརྡ་སྤྲད་དུ་ཟིན་ཀྱང་ཡོད་པ་དང་མེད་པ་དག་ལས་གཞན་དུ་ནི་རྟོགས་པར་མི་འགྱུར་ཏེ། དེ་བས་ན་གང་རྟོགས་ན་གང་ཁོང་དུ་ཆུད་པ་དེ་ནི་དེའི་དོན་ཏེ། འདི་ལྟ་སྟེ་སྣམ་བུ་དཀར་པོ་ཁོང་དུ་ཆུད་པས་དཀང་པོ་ཁོ་ན་རྟོགས་པ་བཞིན་དུ། ཡོད་པ་དང་མེད་པ་ཁོང་དུ་ཆུད་པ་ན། རྒྱུ་དང་འབྲས་བུ་ཁོ་ན་རྟོགས་པས་ན། ཡོད་པ་དང་མེད་པ་ནི་རྒྱུ་དང་འབྲས་བུ་ཁོང་དུ་ཆུད་པ་ལས་དོན་གཞན་མ་ཡིན་ནོ། །འདི་སྙམ་དུ་ཡོད་པ་དང་མེད་པ་ནི་སྒྲུབ་པར་བྱེད་པ་ཡིན། རྒྱུ་དང་འབྲས་བུ་ཉིད་ནི་སྒྲུབ་པར་བྱེད་པ་ཡིན་པས་གཞན་ནོ་ཞེ་ན། གཞན་ཡིན་ན་ཡང་དེའི་ངོ་བོ་ཅིའི་ཕྱིར་མི་བསྟན། འོན་ཏེ་སྐྱེད་པར་བྱེད་པ་དང༌། བསྐྱེད་པར་བྱ་བའི་ངོ་བོ་ཡིན་ནོ་ཞེ་ན། གང་དེ་སྐད་དུ་སྨྲ་བ་དེ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་དོན་ཐ་དད་པར་འགྱུར་རམ་ཅི། འདི་ལྟར་སྐྱེད་པར་བྱེད་པ་དང༌། བསྐྱེད་པར་བྱ་བའི་ངོ་བོ་དང༌། སྐྱེ་བ་དང་བསྐྱེད་པའི་ངོ་བོ་དང༌། རྒྱུ་དང་འབྲས་བུའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པ་ཡིན་ནོ། །དེ་བས་ན་མཐོང་བ་དང་མ་མཐོང་བ་ཡུལ་ཅན་གྱིས་ཡུལ་བསྟན་པའི་ཕྱིར། ཡོད་པ་དང་མེད་པ་མ་གཏོགས་པར་འབྲས་བུའི་བློ་ནི་མི་སྲིད་པའི་གཏན་ཚིགས་ཀྱི་ཕྱིར་


DTG174_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡོད་པ་དང་མེད་པ་གཉིས་འདི་ལ་འབྲས་བུ་ལ་སོགས་སྒྲ་ཡང་ཚིག་སོ་སོའི་ཕྲེང་བ་འདི་སྙེད་འཇིག་རྟེན་པ་རྣམས་མ་བརྗོད་ཀྱང་རུང་སྙམ་ནས། ཐ་སྙད་སླ་བའི་ཕྱིར་བཀོད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྒྱུ་དང་འབྲས་བུ་གཞན་མ་ཡིན་ཡང་ཇི་ལྟར་ཡོད་པ་དང་མེད་པ་གཉིས་ཀྱིས་བསྒྲུབ་པར་བྱ་ཞེ་ན། དེ་ཡོད་ན་ཡོད་པའི་རྟགས་ཀྱིས་དེའི་འབྲས་བུ་རྟོགས་ཏེ། གང་ཡོད་ན་ཡོད་པ་དེ་ནི་འབྲས་བུ་རྟོགས་སོ། །རྒྱུ་འདིའི་འབྲས་བུ་འདིའོ་ཞེས་གང་ཡང་རྗེས་སུ་སྨྲ་བའི་བརྡའི་ཡུལ་དུ་བརྗོད་དེ་དེ་ཡོད་ན་ཡོད་པ་ཉིད་ཀྱིས་གང་ཡང་འདི་སྐད་དུ་རྗེས་སུ་སྨྲ་བའི་རྒྱུ་དང་འབྲས་བུའི་ཐ་སྙད་ཀྱི་ཡུལ་དུ་དེ་བསྟན་གྱི་དོན་ཐ་དད་པ་ནི་མེད་དོ། །ཅི་འདྲ་ཞེ་ན། ལྐོག་ཤལ་ལ་སོགས་གླང་རྟོགས་བཞིན་ཏེ། ཇི་ལྟར་འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདིས་བ་ལང་གི་ཐ་སྙད་ཀྱི་ཡུལ་དུ་བསྟན་ཏོ། ། ཇི་སྟེ་ཡོད་པ་དང་མེད་པ་གཉིས་ཉིད་རྒྱུ་དང་འབྲས་བུ་ཡིན་ན། རྒྱུ་ཉིད་འབའ་ཞིག་གམ་འབྲས་བུ་འབའ་ཞིག་ཀྱང་ཡོད་པ་དང་མེད་པ་ལ་ལྟོས་ཤིང་གཉི་གར་རྟོགས་པར་འགྱུར་རོ། །གཞན་དུ་ན་ཡོད་པ་ཙམ་རྒྱུ་དང་འབྲས་བུ་ཇི་ལྟར་ཡིན། ཡོད་པ་དང་མེད་པ་ཡང་རྒྱུའམ་འབྲས་བུ་ནི། ཡོད་པ་དང་མེད་པ་གཉི་གར་རྟོགས་པ་མ་ཡིན་གྱི། རྒྱུ་དང་འབྲས་བུ་ཁོ་ན་ཡིན་ན་ནི་རུང་ངོ་ཞེ་ན། དེ་མི་རུང་སྟེ། གཉི་གར་རྟོགས་སུ་ཟིན་ཀྱང༌། ཕྱི་མ་ཡོད་པ་དང་མེད་པའི་བྱེ་བྲག་གིས་རྒྱུ་སྔ་མ་ཡོད་པ་དང་མེད་པ་ཡིན་ལ། །སྔ་མ་ཡོད་པ་དང་མེད་པའི་བྱེ་བྲག་གིས་འབྲས་བུ་ཕྱི་མ་ཡོད་པ་དང་མེད་པ་ཡིན་ཏེ། འདི་ལྟར་ཡོད་གྱུར་ཡོད་དེ། ཡོད་པར་འགྱུར་བའི་ཆོས་ཅན། ཡོད་ན་དེ་ཡོད་པ་ནི་རྒྱུར་མངོན་པར་འདོད་པ་ཡོད་པ་ཉིད་དོ་ཞེས་འདིར་ཡང་ངེས་པར་གཟུང་བར་བྱའོ། །འདིས་ནི་བཟློག་པའང་དོན་གྱིས་འདྲེན་ཏོ། །རྒྱུར་མངོན་པར་འདོད་པ་ཡོད་ཉིད་ནའང་ཡོད་པར་འགྱུར་བ་ནི། འབྲས་བུར་མངོན་པར་འདོད་པའི་འབྲས་བུ་ཉིད་དེ། མངོན་སུམ་མི་དམིགས་པ་དག་ལས་རྒྱུ་འབྲས་ཁོ་ན་རབ་ཏུ་གྲུབ་སྟེ། དེ་ལྟར་ན་དོན་ཡོད་པ་དང༌། མེད་པ་ཉིད་རྒྱུ་


DTG174_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་བུ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེས་ན་རེ་ཞིག་དེ་ཙམ་ཡང་དོན་ཡིན་ཏེ། རེ་ཞིག་དེ་ཙམ་ཉིད་ནི་ཡོད་པ་དང་མེད་པའོ། །དེ་དག་ཉིད་ཡང་དག་པ་བདེན་པ་སྟེ། འདི་གང་གི་དོན་ཡིན་པ་དེ་དག་ཉིད་ཡང་དག་པའོ། །དོན་དེ་ནི་གང་དག་རྣམ་པར་རྟོག་པ་རྣམས་ཀྱིས་ཏེ། རེ་ཞིག་དེ་ཙམ་ཡང་དག་དོན་ནི་རེ་ཞིག་དེ་ཙམ་ས་བོན་ནོ། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས་སྟོན་པ་དེ་ཡང་འབྲེལ་པའི་དོན་བཞིན་སྟོན་ཏེ། མ་འབྲེལ་པའི་དོན་ལ་ཡང་འབྲེལ་པ་ཡོད་པ་དེ་བཞིན་དུ་བྱའོ། །དེ་ལྟར་བྱེད་པས་ལོག་པའི་དོན་ཡིན་ནོ། །འབྲེལ་པ་ཡང་དག་པ་མ་ཡིན་པའི་དོན་གཅིག་དེ་དག་གིས་བསྟན་ཏམ་ཅི། གང་གིས་ལོག་པའི་དོན་ཡིན་ཞེ་ན། དེ་དེ་བཞིན་ཏེ། འདི་ལྟར་འདིར་བརྟག་པར་བྱ་བ་གཉིས་ཏེ། རྒྱུ་དང་འབྲས་བུ་ཡང་དག་པར་དོན་ཐ་དད་པའམ། ཐ་དད་པ་མ་ཡིན་པ་ཞིག་འབྲེལ། ཇི་སྟེ་ཐ་དད་ན། ཐ་དད་ཡིན་ན་ཅི་ཞིག་འབྲེལ། མ་ཡིན་པ་ཉིད་དེ། རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་མ་ཡིན་ན་ནི། ཐ་དད་མིན་ན་རྒྱུ་འབྲས་གང༌། །མ་ཡིན་པ་ཉིད་དེ། བསྐྱེད་པར་བྱ་བ་མ་སྐྱེས་པ་ལ་བྱེད་པའི་ཕྱིར་ལ། ཐ་དད་པ་མེད་པའི་ཕྱིར་གཉིས་འབྲེལ་པ་ག་ལ་ཡོད། ཅི་སྟེ་དེ་ཉིད་ཉི་ཚེ་ཐ་དད་པའམ་ཐ་དད་པ་མ་ཡིན་པ་འབྲེལ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྲེལ་པ་ཞེས་བྱ་བ་གཅིག་དང་འབྲེལ་པའི་ཕྱིར་རོ་ཞེ་ན། འདིར་ཡང་འབྲེལ་པ་ཞེས་བྱ་བ་གཞན་ཞིག་ཡོད་དེ། ཡོད་པ་མ་ཡིན་ན་ཡང་རྒྱུ་དང་འབྲས་བུར་མངོན་པར་འདོད་པ་མ་འབྲེལ་པ་གཉིས། དེ་གཉིས་འབྲེལ་པར་ཇི་ལྟར་བྱེད་པ་ཉིད་དེ། འབྲེལ་པ་བྱ་བའི་ངོ་བོ་དེ་ཉིད་གཞན་ཞིག་ཡོད་པར་ཟད་པའི་ཕྱིར། གཞན་དེ་ཡོད་པས་དངོས་པོ་གང་ཡང་འདྲེས་པར་གྱུར་པ་མེད་པའི་ཕྱིར་ཡང་དག་པར་ཇི་ལྟར་འབྲེལ་པ་ཡོད། སྦྱོར་བ་ཅན་དང་འདུ་ཅན་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། རྗེ་ཁོལ་ལ་སོགས་པའོ། །བཤད་མ་ཐག་པའི་ཕྱིར་འབྲེལ་པ་འགོག་པའི་གཞུང་དེས་ཀྱང་ཐམས་ཅད་དཔྱད་པ་ཡིན་ཏེ། སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་དངོས་སུ་མེད་དོ། །རེ་ཞིག་འདུ་བ་ཅན་ཡང་འབྲེལ་པ་མ་ཡིན་ཏེ་ཇི་ལྟར་ཡོན་ཏན་དཀར་པོ་སྣམ་བུ་ལ་འདུ་བ་དེ་


DTG174_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕན་ཚུན་ཕན་པ་མི་བྱེད་དེ། གཅིག་ལ་གཅིག་བསྐྱེད་པར་བྱ་བ་དང་བསྐྱེད་པར་བྱེད་པའི་དངོས་པོ་མེད་པའི་གཏན་ཚིགས་ཀྱི་ཕྱིར། འདུ་བ་ཅན་གྱི་མཚན་ཉིད་ཕན་གདགས་པ་དང༌། ཕན་པར་བྱེད་པར་གྱུར་པ་མེད་པ་དེ་འདྲ་བ་ལ་འབྲེལ་པ་མེད་དོ། །འདི་ལྟར་གང་ཞིག་གང་གིས་ཕན་གདགས་པར་བྱ་བ་དེ་ནི་དེ་ལ་ལྟོས་པ་ཡིན་ནོ། །གང་ལྟོས་པ་དེ་ནི་དེ་དང་འབྲེལ་པ་ཡིན་ན། དཀར་པོ་དང་སྣམ་བུ་གཉིས་ནི་དེ་ལྟ་བུ་མ་ཡིན་ཏེ། རང་གི་ངོ་བོ་གྲུབ་པའི་ཕྱིར་རོ། །གཞི་དང་གནས་པའི་དངོས་པོ་ཡང་རྒྱུ་དང་འབྲས་བུར་མ་གྱུར་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཡིན་ན་ནི་དེ་ལ་ཡོད་པའི་ཉེས་པར་འགྱུར་རོ། །དཀར་པོ་དང་སྣམ་བུ་གཉིས་རྒྱུ་དང་འབྲས་བུ་ཡིན་ན་གཞི་དང་གནས་པར་གྱུར་པའི་ཕྱིར་རོ། །འབྲེལ་པ་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ། འདི་ལྟར་དེ་གཉིས་ལ་ནི་འཇིག་རྟེན་པའི་གཞི་དང་གནས་པའི་དངོས་པོ་ཡང་མེད་དོ། །སྐྱེ་བ་དང་སྐྱེད་པར་བྱེད་པའི་དངོས་པོའི་མཚན་ཉིད་ཀྱི་གཞི་དང༌། གནས་པའི་དངོས་པོ་ཡང༌། སྤྱི་དང་དེ་དང་ལྡན་པ་ཕན་ཚུན་ཕན་པ་མི་བྱེད་པ་གཉིས་འདུ་བའི་མཚན་ཉིད་ཀྱི་འབྲེལ་པར་མི་རུང་ངོ༌། །འོན་ཏེ་འདི་སྐད་དུ་ཡན་ལག་ཅན་གྱི་ངོ་བོ་འབྲས་བུར་བརྗོད་པ་སྐྱེད་པར་བྱེད། འདུ་བ་ཅན་འགའ་ཞིག་ཡོད་དོ། །དེས་ན་ཕན་པ་བྱེད་པའི་ཕྱིར་འབྲེལ་པ་མེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་འདུ་བ་ཅན་ནི་འགའ་ཞིག་གིས་འབྲས་བུ་སྐྱེད་པར་བྱེད་པར་ཁས་ལེན། དེའི་ཚེ་འདུ་བ་ཅན་འདི་མི་སྐྱེད་པའི་དུས་ན། བསྐྱེད་པར་བྱ་བ་མ་སྐྱེས་པས་གཉིས་ཚོགས་པ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེད་པ་ན་ཡང་རྒྱུ་འགགས་པའི་ཕྱིར་རོ། །མ་འགགས་ན་ཡང་ལྷན་ཅིག་ཏུ་འདུག་པ་གཉིས་ཕན་པར་བྱེད་པ་དང༌། ཕན་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་རོ། །འདུ་བ་ཅན་འགའ་ཞིག་ཡོད་ན་ཡང་སྐྱེད་པར་བྱེད་པའི་གཏན་ཚིགས་དེ་ལས་མིན། ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཐལ་བའི་ཕྱིར་ཏེ། རྫ་མཁན་ཡང་བུམ་པ་སྐྱེད་པའི་ཕྱིར་དེ་དང་འབྲེལ་པ་ཅན་དུ་འགྱུར་རོ། །སྐྱོན་འདིར་མི་འགྱུར་བར་བྱ་བའི་ཕྱིར་འདུ་བ་ཅན་དེ་གཉིས་ཀྱང་གཅིག་ལ་གཅིག་ཕན་པ་མི་བྱེད་འབྲེལ་པ་ཅན་དེ་གཉིས་ཀྱང་འདུ་བ་ལ་ཕན་པ་མི་བྱེད་དེ། དེ་རྟག་པའི་ཕྱིར་རོ། །དེ་གཉིས་དང་འདུ་བ་དང༌།


DTG174_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གང་ཕན་པ་མི་བྱེད་པར་འབྲེལ་པ་ཅི་སྟེ་འདོད་ན། དེའི་ཚེ་མཐའ་དག་ཕན་ཚུན་མ་འབྲེལ་པའི་འགྲོ་བ་ཐམས་ཅད་ཕན་ཚུན་འབྲེལ་པ་ཅན་དུ་འགྱུར། དེ་ལྟ་ཡང་མ་ཡིན་ན་དེ་བས་ན་ཕན་པ་བྱེད་པ་དང་ཕན་པ་མི་བྱེད་པའི་ཕྱོགས་ལ་འདུ་བ་མེད་པ་ལ་རྣམ་པ་གཞན་ཡང་མི་སྲིད་དོ། །འདིས་སྦྱོར་བ་ཅན་གྱི་ལན་ཀྱང་བཏབ་བོ། །གཞན་ཡང་སྦྱོར་བ་ནི་འབྲས་བུ་ཡིན་པའི་ཕྱིར་དེ་གཉིས་ཀྱིས་དེ་བསྐྱེད་པས་ན་ཅི་སྟེ་དེ་གཉིས་སྦྱོར་བ་ཅན་ཡིན་ན། དེའི་ཚེ་དེ་ལྟར་སྦྱོར་བ་སྐྱེད་ཀྱང་སྦྱོར་བ་སྐྱེད་པའི་གཏན་ཚིགས་དེས་དེ་གཉིས་སྦྱོར་བ་ཅན་མི་འདོད། ཅིའི་ཕྱིར་ཞེ་ན་ལས་ལ་སོགས་པའི་སྦྱོར་བ་ཅན་འགྲུབ་པའི་ཕྱིར་ཏེ། ཅི་སྟེ་སྦྱོར་བ་སྐྱེད་པའི་ཕྱིར་སྦྱོར་བ་ཅན་ཡིན་ན། ལས་ཀྱང་སྦྱོར་བ་ཅན་དུ་འགྱུར་ཏེ། འདི་ལྟ་སྟེ། འགའ་ཞིག་གི་ལས་ཀྱིས་སྐྱེས་པ་དང༌། གཉི་གའི་ལས་ཀྱིས་སྐྱེས་པས་ནི་སྦྱོར་བར་འདོད་དོ། །སོགས་པ་སྨོས་པས་ནི་སྦྱོར་བ་ཡང་སྦྱོར་བ་ཅན་དུ་འགྱུར་བར་བསྡུས་ཏེ། འདི་ལྟར་དེ་ནི་སྦྱོར་བ་ལས་སྐྱེས་པར་ཡང་འདོད་དོ། །སྦྱོར་བ་སྐྱེད་པའི་ཕྱིར་སྦྱོར་བ་ཅན་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཇོག་པར་བྱེད་དོ་ཞེ་ན་ཡང་དེ་མི་རུང་སྟེ། གནས་པར་བྱེད་པའང་རབ་ཏུ་བརྗོད། །གཞག་པ་དང་འཇོག་པར་བྱེད་པ་གཉིས་ནི་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། གནས་པ་གཞན་མེད་དོ་ཞེས་ཚད་མ་རྣམ་འགྲེལ་ལས་སོ་སོར་སྤྲོས་ཟིན་ཏོ། །ཅི་སྟེ་སྦྱོར་བ་ལ་སོགས་པ་མེད་པར་སྦྱོར་བ་ལ་སོགས་པའི་བློ་ཡོད་ན་ནི་བྲལ་བའི་ངོ་བོ་གང་ཡིན་པ་དེ་ལྡན་པའི་ངོ་བོ་ཡང་ཡིན་པར་འགྱུར། དེ་བཞིན་དུ་ལྡན་པའི་ངོ་བོ་གང་ཡིན་པ་བྲལ་བའི་ངོ་བོ་ཡང་ཡིན། གནས་པ་གང་ཡིན་པ་མི་གནས་པ་ཡང་ཡིན་པས་ན། སྦྱོར་བ་ལ་སོགས་པའི་བློ་ཅི་སྟེ་མི་འབྱུང༌། དེ་ལྟ་ཡང་མ་ཡིན་པ་དེ་བས་ན་སྦྱོར་བ་དང་བྲལ་བ་ན་སྦྱོར་བ་དང་བྲལ་བའི་ལས་ནི་སྦྱོར་བ་ལ་སོགས་པའི་བློའི་རྒྱུ་མཚན་ཡིན་ནོ་ཞེ་ན། དེ་མི་རུང་བ་སྟེ། དྲི་བ་མཚུངས་པའི་ཕྱིར་རོ། །ཁྱེད་ཀྱི་ཡང་ངོ་བོ་འདྲ་བ་ཡིན་ན་བྲལ་བ་ལ་སོགས་པ་ལ་སྦྱོར་བ་ལ་སོགས་པ་ཇི་ལྟར་མི་འདུ། དེ་སྐྱེད་པར་བྱེད་པའི་ལས་མེད་པའི་ཕྱིར་བྲལ་བ་ནི་སྦྱོར་བ་མ་ཡིན་ནོ་ཞེ་ན། དེ་ལྟར་ལས་ཀྱང་ཅི་སྟེ་མེད། དེའི་རྒྱུ་ཡང་ཅི་སྟེ་མེད་ཅེས་བྱ་བའི་ལན་གདབ་དཀའོ། །དེ་བས་ན་ཁྱེད་ཉིད་ཀྱིས་ཀྱང་སྔར་བྲལ་བ་ལ་སོགས་


DTG174_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོར་མི་རུང་བའི་ཕྱིར་སྦྱོར་བ་ལ་སོགས་པའི་གནས་རུང་བའི་དངོས་པོ་དེ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱོར་བ་ལ་སོགས་པ་དང་ལྡན་པར་རུང་བའི་དངོས་པོ་རྟག་ན་ནི། དེ་དང་བྲལ་བ་འགལ་ཕྱིར་ཏེ། སྦྱོར་བ་ལ་སོགས་པ་དང་ལྡན་པ་ནི་བྲལ་བར་འགལ་ལོ་ཞེས་དེ་སྐད་བརྗོད་པར་བྱ་དགོས་སོ། །ངེད་ཀྱིས་ཀྱང་སྦྱོར་བ་ལ་སོགས་པ་དང་བྲལ་བ་ཡིན་ནོ་ཞེས་དེ་སྐད་བརྗོད་པར་བྱའོ། །དེ་བས་ན། བྲལ་དང་ལྡན་དང་གྲོལ་སོགས་པས། །ཞེས་བྱ་བ་སྦྱོར་བ་དང་བྲལ་བ་ལས་ཀྱི་ཚིག་གིས་རུང་བའི་ཚིག་བརྗོད་པ་ན་དོན་གྱི་ངོ་བོ་འདི་ལ་ངེས་པར་བརྗོད། དེའི་ཚེ་དོན་མེད་པའི་འགྲོ་བ་ལ་སོགས་པ་གཞན་བརྟགས་པས་ཅི་ཞིག་བྱ་སྟེ་ཅུང་ཟད་ཀྱང་མི་བྱའོ། །སོགས་པའི་ནང་དུ་སྦྱོར་བ་དང་བྲལ་བ་དང་གཞན་དང་གཞན་མ་ཡིན་པ་ལ་སོགས་པ་གཟུང་ངོ༌། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འགྲོ་བ་ལ་སོགས་པ་དེ་དག་རྣམས་ལ་བརྟགས་ཏེ་ཡོད་ན་ཡང་འདིའི་ཞེས་འབྲེལ་པ་མི་འགྲུབ་པའི་ཕྱིར་ཏེ། གཞན་གྱི་དབང་ཅན་ཞེས་པ་ལ་སོགས་པས་འབྲེལ་པ་རྣམ་པ་ཐམས་ཅད་དུ་བཀག་པས་འདིའི་ལས་དང་སྦྱོར་བ་དང་བྲལ་བ་ཞེས་བྱ་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་དེའི་རྒྱུ་མཚན་ཅན་གྱི་བརྗོད་པ་ག་ལ་ཡོད། ཇི་ལྟར་གཞན་དུ་རྟོགས་པའི་ལས་ལ་སོགས་པ་ན། དེ་གཞན་དང་འབྲེལ་པ་མ་ཡིན་ཏེ་མ་འབྲེལ་པའི་ཕྱིར་རོ། །མངོན་པར་འདོད་པ་ཡང་དེ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་ལས་ལ་སོགས་པ་དང་འབྲེལ་པའི་ཕྱིར་འགྲོ་བ་ལ་སོགས་པ་མ་ཡིན་པ་དེ་བས་ན། རྒྱུན་མི་འཆད་པར་སྐྱེ་བའི་གཞི་རྐྱེན་གཞན་དང་གཞན་གྱིས་སྐད་ཅིག་མ་སོ་སོར་སྐྱེ་བའི་དངོས་པོ་རྣམས་ནི་དངོས་པོ་ཐ་དད་པ་འདི་ཡིན་པར་རིགས་ཏེ། ལྡན་པ་དང་བྲལ་བ་དང་འགྲོ་བ་ལ་སོགས་པར་རིགས་ཀྱི། བརྟེན་པ་གཅིག་པུའི་ངོ་བོ་ནི་སྦྱོར་བ་ལ་སོགས་པའི་འབྲེལ་པ་མ་ཡིན་པས། སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་དག་པར་གང་ཡང་མེད་དོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་འབྲེལ་པ་མེད་དེ་ཞི་བ་ཡིན་ནོ། །འབྲེལ་པ་བརྟག་པ་ཞེས་བྱ་བའི་འགྲེལ་པ། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།

ཚད་མ་རྣམ་འགྲེལ་གྱི་འགྲེལ་པ།
ཆོས་ཀྱི་གྲགས་པ་དཔལ།


DTG174_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་མཱ་ཎཱ་བ་ཏཱ་ར་ཏི་ཀ་བྲྀ་ཏྟི། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་བར་ཕྱག་འཚལ་ལོ། །སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོགས་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ། ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་སྟེ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཕྱོགས་ནི་ཆོས་ཅན་ནོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པ་དགག་པའི་ཕྱིར་ཏེ། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། དེ་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གྲུབ་པོ་ཞེ་ན། མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །དེའི་ཆས་ཁྱབ་པ་ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པ་གྲུབ་པས་ཆོས་ཅན་གྱི་ཆོས་ཞེས་སྨོས་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་ཡང་དགོས་པར་འགྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་མི་མཐུན་པ་


DTG174_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་པ་གྲུབ་མོད་ཀྱི། བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་བཞིན་ནོ། །ཤུགས་ཀྱིས་དོན་གོ་ན་རྟོགས་པར་དཀའ་བ་ཡོངས་སུ་སྤང་བའི་ཕྱིར་ཡང་ཕྱོགས་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་ལྟོས་པ་གཞན་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། དཔེར་ན་ནག་པ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུར་མི་ལྡན་པ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པའི་ཕྱིར་ཡིན་གྱི། དཔེར་ན་སྲིད་སྒྲུབ་འཕོང་སྐྱེན་ནོ། །ཞེས་བྱ་བ་ལྟ་བུར་གཞན་དང་ལྡན་པ་རྣམ་པར་བཅད་པས་ནི་མ་ཡིན་ནོ། །བཤད་པར་བྱའོ། །དེའི་ཆ་ནི་སྨྲ་བ་པོའི་བསམ་པའི་དབང་གིས་དེའི་ཆོས་ཡིན་གྱི། དེའི་ཕྱོགས་གཅིག་ནི་མ་ཡིན་ཏེ། ཕྱོགས་ཞེས་བྱ་བའི་སྒྲ་སྤྱི་ལ་མི་བྱ་བའི་ཕྱིར་རོ། །ཁྱབ་པ་ནི་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཡང་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་ནོ། །འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་ཀྱང་བདག་ཉིད་ཇི་ལྟ་བའི་ཚད་མས་བཤད་ལ། ཕྱོགས་ཀྱི་ཆོས་ཀྱང་བཤད་པ་ཡིན་ནོ། །དེ་དག་ནི་འབྲས་བུ་དང༌། རང་བཞིན་དང༌། མི་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན་དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཤིང་ཤ་པ་ཡིན་པའི་ཕྱིར་འདི་ནི་ཤིང་ཡིན་ནོ། །ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །གལ་ཏེ་ཡོད་ན་དམིགས་པར་རུང་བའི་ཡོད་པ་ཅན་ཁོ་ནར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེས་ན་དམིགས་པའི་མཚན་ཉིད་ཀྱིར་འགྱུར་བའི་ཡོད་པ་ཅན་ཞེས་བཤད་པ་ཡིན་ནོ། །དེ་ལས་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཡིན་ཏེ། རང་བཞིན་དང་འབྲེལ་པ་ཡོད་པ་དོན་གྱིས་དོན་འཁྲུལ་པ་མེད་དེ། དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་བདག་ཉིད་ཡིན་ན་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་བྱེ་བྲག་མེད་དོ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་བྱེ་བྲག་ཀུན་བརྟགས་པའི་ཕྱིར་རོ། །ཞེས་བཤད་པར་བྱའོ། །དེ་སྐད་དུ་རྗེས་སུ་དཔག་པ་དང༌།


DTG174_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན་ནོ་ཞེས་བཤད་དོ། །ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་བློའི་རྣམ་པས་བྱས་ཀྱི་དོན་ཀྱང་ནི་མ་ཡིན་ཏེ། བློའི་བྱེ་བྲག་རང་དགའ་བ་རྣམས་ནི་དོན་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་དག་གིས་བརྟགས་པའི་ཡུལ་གྱིས་དོན་གོ་ན་ནི་དོན་མི་འཐོབ་པ་ཁོ་ནར་འགྱུར་རོ། །འབྲས་བུ་ཡང་རང་བཞིན་དང་འབྲེལ་པ་ཡིན་ཏེ། དེའི་རང་བཞིན་དེ་ལས་བྱུང་བའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བ་ཤེས་པ་འདི་གཉིས་ནི་དངོས་ལས་མ་སྐྱེས་པའི་ཕྱིར་དེར་སྣང་བ་ཉིད་མ་ཡིན་ཡང༌། དེ་ལས་སྐྱེས་པའི་ཕྱིར་དེར་འཁྲུལ་པ་མེད་པ་དག་ཡིན་ཏེ། དེས་ན་མཚན་མ་ཡིན་ཏེ་མངོན་སུམ་བཞིན་ནོ། །མངོན་སུམ་གྱི་ཚད་མ་ཉིད་ཀྱང་དོན་འཁྲུལ་པ་མེད་པ་ཁོ་ན་ཡིན་ཏེ། དེ་མེད་པར་འབྱུང་བ་ནི་དེར་འཁྲུལ་པའི་ཕྱིར་རོ། །གཞན་གྱི་མི་འཁྲུལ་པ་ཡང་དེ་ལས་སྐྱེས་པ་ལས་གཞན་ཅི་ཞིག་ཡོད་དེ། རག་མ་ལས་པའི་ངོ་བོ་རྣམས་ནི་ལྷན་ཅིག་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལས་སྐྱེ་བའི་ཕྱིར། འབྲས་བུ་གོ་བར་བྱེད་པ་ཡིན་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པའི་ངོ་བོ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་མེད་པར་འབྱུང་བ་ནི་དེ་ལས་སྐྱེ་བ་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །དེ་དག་གི་གཏན་ཚིགས་ཡིན་ཏེ། དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །གང་དག་དེ་དག་མེད་ན་མི་འབྱུང་བ་དེ་དག་ཁོ་ནས་ཡིན་ནོ། །གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང༌། སྐྱེད་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་དང༌། རྟགས་ཀྱི་བྱེ་བྲག་གི་ཁྱད་པར་ཅན་གྱི་སྤྱི་རྣམས་གཟུང་ན་ཡིན་པར་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པ་བརྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །རང་བཞིན་ཡོད་ཙམ་དང༌། འབྲེལ་པ་ཅན་གྱི་ངོ་བོ་ཡང་གཏན་ཚིགས་ཡིན་ཞེས་བྱ་བར་སྦྱར་ཏེ། གཏན་ཚིགས་ཀྱི་དེའི་བདག་ཉིད་ནི་དེ་ཙམ་དང་འབྲེལ་པ་


DTG174_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁོ་ནའི་ཕྱིར་རོ། །གཞན་ལ་རག་ལས་པའི་ནི་མ་ཡིན་ཏེ། དེ་ཡོད་ན་ཡོད་པར་མ་གྱུར་པའི་ཕྱིས་འབྱུང་བ་ནི་ངེས་པ་མེད་པའི་ཕྱིར་རོ། །རྒྱུ་རྣམས་ནི་འབྲས་བུ་ལ་འཁྲུལ་པ་ཡོད་པའི་ཕྱིར་རོ། །ཚད་མ་རྣམས་ནི་མི་འཇུག་པ་མི་དམིགས་པ་ཡིན་ཏེ། མེད་ལ་མི་འཇུག་འབྲས་བུ་ཅན། ཡོད་པའི་ཤེས་པ་དང༌། སྒྲ་དང་ཐ་སྙད་དགག་པའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ནི་ཡོད་པ་དང་མེད་པ་དགག་པ་དང་སྒྲུབ་པའི་གཏན་ཚིགས་དག་གི་འདྲ་བའི་ངོ་བོ་ཡིན་ཏེ། འདི་ལྟར་དམིགས་པ་ཉིད་ཡོད་པ་མ་ཡིན་ཏེ། དངོས་པོ་རུང་བའི་མཚན་ཉིད་ཡིན་པའམ། ཡང་ན་དེའི་རྟེན་ཅན་གྱི་ཤེས་པ་འཇུག་པ་ཡིན་ཏེ། དེ་ལས་ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འཇུག་པའི་ཕྱིར་རོ། །མི་དམིགས་པ་ནི་མེད་པ་རྣམས་ཀྱི་མེད་པ་ཡིན་ནོ། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །ལ་ལ་མེད་ཤེས་འབྲས་བུ་ཅན། །གཏན་ཚིགས་ནི་མི་དམིགས་པའོ། །དེའི་བྱེ་བྲག་ནི་ཁྱད་པར་ཏེ། དམིགས་པའི་མཚན་ཉིད་ཀྱིར་འགྱུར་བའི་ཡོད་པ་ཅན་ཡིན་ནོ། །འདིར་མི་དམིགས་པའི་རྟགས་ཀྱིས་མེད་པ་བསྒྲུབ་པར་བྱ་བ་ཡིན་ན། དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱ་དགོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་དམིགས་པ་མེད་པར་ཡང་མི་དམིགས་པར་འགྱུར་ན་ནི། དེ་བཞིན་དུ་ཡོད་པ་མེད་པར་ཡང་འགྱུར་ཏེ། མི་དམིགས་པ་དོན་མེད་པ་ཡིན་ནོ། །ཅི་སྟེ་གཞན་དམིགས་པས་མི་དམིགས་པ་འགྲུབ་པས་མི་དམིགས་པ་མངོན་སུམ་གྱིས་གྲུབ་པོ་ཞེ་ན། དེ་བཞིན་དུ་གཞན་ཡོད་པས་ཀྱང་མེད་པ་ཅི་སྟེ་མི་འགྲུབ། གང་གི་ཚེ་མེད་པ་དག་གི་མེད་པ་དེ་ལྟ་བུའི་མི་དམིགས་པ་ཁོ་ན་ཡིན་པ་དེའི་ཚེ་ནི་ཡུལ་གྲུབ་ཏུ་ཟིན་ཀྱང་རྨོངས་པས་ཡུལ་ཅན་ཤེས་པ་དང༌། སྒྲ་དང་ཐ་སྙད་དག་ཁོང་དུ་མི་ཆུད་པ་ཡུལ་རབ་ཏུ་བསྟན་པས་བརྡ་ལ་འཇུག་པར་བྱེད་དེ། དཔེར་ན་འདི་ནི་བ་ལང་ཡིན་ཏེ་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་ཡིན་དང་དཔེ་མ་གྲུབ་


DTG174_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒོལ་བ་ཡང་བསལ་བ་ཡིན་ནོ། །ཡུལ་རྟོགས་སུ་ཟིན་ཀྱང་ཡུལ་ཅན་མ་རྟོགས་པ་དག་སྣང་བའི་ཕྱིར་རོ། །དེ་ལྟར་མི་དམིགས་པ་འདི་གཉིས་ནི་རང་དང་བཟློག་པའི་རྒྱུ་མེད་པ་དང༌། ཡོད་པ་དག་གི་ཕྱིར་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲ་སྟེ། གཅིག་ལ་ནི་ཐེ་ཚོམ་ཡོད་པའི་ཕྱིར་ལ། གཞན་ལ་ནི་བཟློག་པའི་ཕྱིར་རོ། །དེ་ལ་དང་པོ་ནི་ཡོད་པའི་ཐ་སྙད་དགག་པར་དགོངས་པའི་ཕྱིར་ཚད་མར་བཤད་ཀྱི། ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། ཐེ་ཚོམ་ཡོད་པའི་ཕྱིར་རོ། །གཉིས་པ་ནི་དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་སྦྱོར་བའི་བྱེ་བྲག་གིས། །འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་ངོ་བོར་བལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པའི། །མེད་དོན་ཅན་མི་དམིགས་རྣམ་བཞི། །དགག་པ་གང་ཇི་སྙེད་པ་ཐམས་ཅད་ནི་མི་དམིགས་པས་ཡིན་ནོ། །འདི་ལྟར་དེ་ནི་རྣམ་པ་གཉིས་ཀྱིས་བྱེད་དེ། འགའ་ཞིག་སྒྲུབ་པས་སམ། དགག་པས་སོ། །བསྒྲུབས་ན་ནི་འགལ་བའམ། མི་འགལ་བ་བསྒྲུབ་པར་འགྱུར་ཏེ། མི་འགའ་བ་བསྒྲུབས་ན་ནི་ལྷན་ཅིག་ཡོད་པར་འགལ་བ་མེད་པའི་ཕྱིར་བཀག་པ་མ་ཡིན་ནོ། །འགལ་བ་ཡང་མི་དམིགས་པ་མེད་པར་འགལ་བ་མི་རྟོགས་ཏེ། འདི་ལྟར་རྒྱུ་མ་གཏུགས་པ་ཅན་འབྱུང་བ་གཞན་ཡོད་ན་མེད་པའི་འགལ་བར་རྟོགས་ལ། དེ་ཡང་མི་དམིགས་པ་ལས་ཡིན་ནོ། །ཕན་ཚུན་དམིགས་པ་སྤངས་ཏེ། དམིགས་པའི་མཚན་ཉིད་ཀྱང་འགལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །དེ་ལ་ཡང་གཅིག་དམིགས་པས་གཞན་མི་དམིགས་པ་ཁོ་ནར་བརྗོད་དོ། །དེ་ལྟ་མ་ཡིན་ན་དམིགས་པ་མ་བཀག་པ་ཅན་མེད་པ་མི་འགྲུབ་པའི་ཕྱིར་རོ། །གཅིག་བཀག་པས་གཞན་མེད་པར་གྲུབ་པ་ལ་ནི་མི་དམིགས་པ་གྲུབ་པ་ཁོ་ན་ཡིན་ཏེ། དགག་པ་ནི་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དོན་གཞན་དགག་པ་དེ་ལ་ཡང་རྒྱུ་དང་འབྲས་བུ་དག་གམ། གཉི་ག་མ་ཡིན་པ་ཞིག་ཡིན་ཏེ། དེ་ལ་གཉིས་ཀ་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར་ཏེ། དེ་མེད་ན་གཞན་མེད་པར་འགྱུར་རོ། །ཞེས་བྱ་བ་དེར་ལྟ་ག་ལ་འགྱུར། འབྲས་བུ་


DTG174_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་ཀྱང༌། རྒྱུ་ནི་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་པས་དེ་མེད་པར་ལྟ་ག་ལ་འགྱུར། དེའི་ཕྱིར་རྒྱུ་མི་དམིགས་པ་ཁོ་ན་མེད་པ་གོ་བར་བྱེད་པ་ཡིན་ནོ། །རང་བཞིན་མི་དམིགས་པ་ནི་རང་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ནི་ཡུལ་ཅན་སྒྲུབ་པར་བྱེད་པ་འབའ་ཞིག་ཏུ་ཟད་དེ། འདི་ལ་ཡང་གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་མི་དམིགས་པས་ཁྱབ་པར་བྱ་བ་མེད་པར་སྟོན་པ་དེའི་ཚེ་ནི་མེད་པ་ཡང་ཡིན་ནོ། །དགག་པའི་ཡུལ་ཅན་གྱི་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཞི་ཡིན་ཏེ། འགལ་བ་གྲུབ་པས་ནི་དཔེར་ན་འདི་ནི་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པ་འགལ་བ་གྲུབ་པ་ཡང་བཤད་པར་རིག་པར་བྱ་སྟེ། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འགལ་བའི་འབྲས་བུ་གྲུབ་པས་ནི། དཔེར་ན་འདི་ན་གྲང་བའི་རིག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མ་གྲུབ་པས་ནི་དཔེར་ན་འདི་ན་དུ་བ་མེད་དེ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །རང་བཞིན་མ་གྲུབ་པས་ནི་དཔེར་ན། འདི་ན་དུ་བ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པའི་རང་བཞིན་མ་གྲུབ་པ་ཡང་བཤད་དེ། དཔེར་ན་འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མེད་པ་སྒྲུབ་པའི་མི་དམིགས་པ་འདི་ཐམས་ཅད་ལ་ཡང་བལྟར་རུང་བའི་བདག་ཉིད་དག་ཁོ་ན་དེ་དག་དང༌། འགལ་པ་གྲུབ་པ་དང་མ་གྲུབ་པར་རིག་པར་བྱ་སྟེ། གཞན་དག་ལ་ནི་མེད་པ་དང་འགལ་བ་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་འགལ་བའི་འབྲས་བུ་དམིགས་པས་ཀྱང་མེད་པ་འགྲུབ་ན། དེའི་རྒྱུ་དམིགས་པས་ཅི་སྟེ་འགྲུབ་པར་མི་འགྱུར་ཞེ་ན། དེ་དང་འགལ་བའི་རྒྱུ་མཚན་ནི། །དམིགས་པ་སྦྱོར་བ་གང་ཡིན་ཏེ། །རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་པ་ཅན་ཡིན་ཏེ། །དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་ཤིང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མཚན་དག་འགལ་བ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་འདི་ན་བ་སྤུ་ལངས་པ་ལ་སོགས་པའི་


DTG174_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་དེ། མེའི་ཁྱད་པར་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་དེའི་འབྲས་བུ་ལས་ཀྱང་དེ་དང་འགལ་བའི་འབྲས་བུ་མེད་པར་རྟོགས་པར་བཤད་པ་ཡིན་ཏེ། དཔེར་ན་ཕྱོགས་འདི་ན་བ་སྤུ་ལངས་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་ཅན་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་དང་འགལ་བ་གྲུབ་པ་དེ་ཡང་གོང་དུ་རྒྱུ་མ་གྲུབ་པ་ཁོ་ནས་བསྟན་པ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དོ། །དེ་ལ་འགལ་བའི་འབྲས་བུ་དམིགས་པ་བཤད་པ་གང་ཡིན་པ་དེ་ལ། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །འོ་ན་རྒྱུ་ཚོགས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེ་ན། རྒྱུ་ཚོགས་པ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །འདི་ཡང་ཇི་ལྟར་ཉེ་བ་ལས་གཞན་ལ་མི་ལྟོས་ཏེ། དེས་ན་ངོ་བོའི་དེ་ཙམ་དང་འབྲེལ་པའི་རང་བཞིན་ཡིན་ནོ། །དེ་ལ་ནི་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་སྲིད་པ་རྗེས་སུ་དཔོག་པ་འབའ་ཞིག་ཏུ་ཟད་དེ། ཚོགས་པ་རྣམས་ཀྱི་འབྲས་བུ་བསྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་པའི་ཕྱིར་རོ། །རུང་བ་ཉིད་ཀྱང་ཚོགས་པ་ཙམ་དང་འབྲེལ་པས་རང་བཞིན་དུ་འགྱུར་བ་ཁོ་ན་རྗེས་སུ་དཔོག་པ་ཡིན་ནོ། །ཡང་ཅིའི་ཕྱིར་ཚོགས་པ་ལས་འབྲས་བུ་ཁོ་ན་རྗེས་སུ་དཔོག་པར་མི་བྱེད་ཅེ་ན། ཚོགས་པའི་འབྲས་བུ་ནུས་པ་ན། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གགས་བྱེད་པ་དག་སྲིད་ཕྱིར་རོ། །རྒྱུའི་རྗེས་ཚོགས་པ་དག་ཁོ་ནས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །བར་འདིར་གགས་བྱེད་པ་སྲིད་པའི་ཕྱིར་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ནོ། །རུང་བ་ཉིད་ནི་རྫས་གཞན་ལ་མི་ལྟོས་པའི་ཕྱིར། རྗེས་སུ་དཔག་པ་ལ་འགལ་བ་མེད་དོ། །ནུས་པ་ཕྱི་མ་ཕྱི་མ་འགྱུར་བས་རྒྱུ་


DTG174_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་འདི་འབྲས་བུ་བསྐྱེད་པར་ནུས་པ་ཡིན་ཏེ། ནུས་པ་འགྱུར་བའི་རྐྱེན་གཞན་ལ་ལྟོས་པར་བྱ་བ་མེད་པའི་ཕྱིར་རོ། །ནུས་པ་སྐྱེ་བ་ནི་རང་གི་རིགས་སྔ་མ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར། ཚོགས་པའི་རུང་བ་ཉིད་ནི་གཞན་ལ་མི་ལྟོས་པ་ཞེས་བྱའོ། །འོ་ན་རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་ཞེ་ན། དེ་ཡང༌། །ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུའི་ཆོས་རྗེས་སུ་དཔག་པས་ཏེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །དེ་ལ་ནི་རྒྱུ་དེ་ལྟ་བུ་ཁོ་ན་རྗེས་སུ་དཔོག་པར་བྱེད་དོ། །རོའི་རྒྱུ་དེ་ལྟ་བུ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་ལ་ཞུགས་པ་ཅན་གྱི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་རོ་སྐྱེད་པར་བྱེད་དེ། མེ་བུད་ཤིང་འགྱུར་བའི་ཁྱད་པར་གྱི་ཉེ་བར་ལེན་པའི་རྒྱུའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་དུ་བ་བསྐྱེད་པ་དང་འདྲའོ། །འདི་ལྟར་ནུས་པ་འཇུག་པ་སྟེ། རང་གི་རྒྱུའི་འབྲས་བུ་བསྐྱེད་པར་བྱ་བ་ལ་མངོན་དུ་ཕྱོགས་པ་མེད་པར་ནི། རོ་མེད་དེ་ཉིད་གཞན་གྱི་རྒྱུ། །གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ནོ། །རོའི་ཉེ་བར་ལེན་པའི་རྒྱུ་འཇུག་པ་དེ་ཡང་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་འཇུག་པའི་ལྷན་ཅིག་བྱེད་པ་ཅན་ཡིན་ཏེ། དེའི་ཕྱིར་རྒྱུ་ཇི་ལྟ་བུ་ལས་བྱུང་བའི་རོས་དེ་ལྟ་བུ་རྗེས་སུ་དཔོག་པར་བྱེད་པ་ན་གཟུགས་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །དེ་ལ་ཡང༌། དེ་ལྟར་འདས་དུས་གཅིག་རྣམས་རྟོགས་ཀྱི་མ་འོངས་པ་རྣམས་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །དེ་ལྟ་བས་ན། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །དེའི་ཕྱིར་གོ་བར་བྱེད་པའི་གཏན་ཚིགས་གཞན་ནི་མེད་དེ་རང་བཞིན་མ་འབྲེལ་པ་ནི་མེད་ན་མི་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །འདིས་ནི་གྲོག་མ་འཕོ་བ་དང༌། ཉ་འཕར་བ་ལ་སོགས་པ་ལས་ཆར་པ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་བཤད་པ་ཡིན་ཏེ། དེ་ལ་ཡང་ཆར་པའི་རྒྱུ་འབྱུང་བར་འགྱུར་བ་ཁོ་ན་གྲོག་མ་ལ་སོགས་པ་འཁྲུག་པ་ལ་སོགས་པའི་རྒྱུ་ཡིན་ནོ། །རྒྱུ་མ་ཚོགས་པས་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་དེ། །ལྷག་མ་དང་ལྡན་


DTG174_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། །རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་རྗེས་སུ་དཔོག་པར་བྱེད་དེ། མ་ཚོགས་པ་ལ་ཤིན་ཏུ་ནུས་པ་མེད་པའི་ཕྱིར། དཔེར་ན་ལུས་དབང་པོ་དང་བློ་དག་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ནི་བདག་དང་བདག་གིར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ཉེས་པ་ཐམས་ཅད་སྐྱེ་བའི་སྔོན་དུ་འགྲོ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རོ། །ལུས་ལ་སོགས་པ་རྒྱུ་ཉིད་ནི་ཡིན་མོད་ཀྱི་འབའ་ཞིག་པ་རྣམས་ལ་ནི་ནུས་པ་མེད་པས་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པའི་ཕྱིར། ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱི་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང༌། །ཚིག་ལས་ཆགས་ཅན་ལ་སོགས་བཞིན། །གཡོ་བ་དང་ཚིག་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་ཁོ་ནའི་འབྲས་བུ་མ་ཡིན་ཏེ། བརྗོད་པར་འདོད་པ་སྤྱིའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། འདོད་པ་ཡིན་པའི་ཕྱིར་ཅུང་ཟད་ཀྱང་གནོད་པར་མི་འགྱུར་རོ། །འདོད་ཆགས་ནི་སེམས་ཀྱི་མངོན་པར་ཞེན་པ་རྟག་པ་དང་བདེ་བ་དང་བདག་དང་བདག་གིར་ལྟ་བས་འཕངས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡིན་པར་སྨྲའོ། །སྙིང་རྗེ་ལ་སོགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། གཞན་དུ་ཡང་སྲིད་པའི་ཕྱིར་རོ་ཞེས་བསྟན་པར་བྱའོ། །ཇི་ལྟར་ཆགས་པ་སྨྲ་བ་ལྟར་འདོད་ཆགས་དང་བྲལ་བ་ཡང་དེ་དང་འདྲ་བས་ཚིག་ཙམ་ལས་མི་རྟོགས་སོ། །ཁྱད་པར་ལས་ཀྱང་མ་ཡིན་ཏེ། བསམ་པ་ནི་རྟོགས་པར་དཀའ་བའི་ཕྱིར། ཐ་སྙད་འཆོལ་བས་ཐམས་ཅད་འཁྲུལ་པའི་ཕྱིར་རོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་མི་སྨྲའོ་ཞེ་ན། མ་ཡིན་ཏེ། གཞན་གྱི་ཡོད་ཡིན་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བའི་ཕྱིར་རིགས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྙིང་རྗེས་ཀྱང་འཇུག་པའི་ཕྱིར་རོ། །ཅི་སྟེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། འདོད་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ལས་བྱུང་བའི་ཕྱིར་ཉེས་པ་མེད་དོ། །


DTG174_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ནི་བདག་ཏུ་འཛིན་པ་མེད་ཀྱང་སྡུག་བསྔལ་གྱི་ཁྱད་པར་མཐོང་ཙམ་གྱིས་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་ཏེ། འདི་ལྟར་བྱམས་པ་ལ་སོགས་པ་ནི་སེམས་ཅན་དང་ཆོས་ལ་སོགས་པ་ལ་དམིགས་པ་ཡིན་པར་འདོད་དོ། །དེ་དག་ཀྱང་རིགས་མཐུན་པ་ལ་གོམས་པས་འབྱུང་བ་ཅན་ཡིན་གྱི། འདོད་ཆགས་ལ་ལྟོས་པ་ཅན་ནི་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །གལ་ཏེ་སྙིང་རྗེ་ཅན་གྱི་རྩོམ་པ་འབྲས་བུ་མེད་པ་ཡང་ཕྱིན་ཅི་ལོག་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། གཞན་གྱི་དོན་ཁོ་ན་འབྲས་བུ་ཉིད་དུ་འདོད་པའི་ཕྱིར་རོ། །འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེ་ལས་གཞན་པས་ཉེས་པ་དང་ལྡན་པ་ཉིད་དུ་བསྒྲུབས་ན་ནི་མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །སྨྲ་བ་པོ་བདག་ལ་འདོད་ཆགས་ལ་སོགས་པ་མཐོང་བས་གཞན་ལ་དེ་རྗེས་སུ་དཔོག་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །འཁྲུལ་པའི་ཕྱིར་གཞན་རྗེས་སུ་མི་དཔོག་ན་ནི་འདི་ལ་མི་འཁྲུལ་ལོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། ཚིག་གིས་ནི་བྱེད་པའི་ཡོན་ཏན་དང་བརྗོད་པས་འདོད་པ་ཉིད་དག་རྗེས་སུ་དཔོག་པར་བྱེད་དོ། །འདོད་ཆགས་བསྐྱེད་པར་རུང་བ་ཉིད་དང་བྲལ་བ་ལ་སྨྲ་བ་མ་མཐོང་བའི་ཕྱིར། དེ་རྗེས་སུ་དཔོག་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འདོད་ཆགས་ཀྱིས་ཕན་མི་འདོགས་ན་ནི། ཇི་ལྟར་དེའི་ནུས་པས་ཕན་འདོགས་པར་འགྱུར། ནུས་པས་ཕན་འདོགས་ན་ནི། དེ་ཉིད་ཀྱིས་ཕན་བཏགས་པར་འགྱུར་བ་ཞིག་ན། དེ་ནི་མེད་དོ་ཞེས་བཤད་ཟིན་ཏོ། །དེ་ལྟ་བས་ན་མེད་ན་མི་འབྱུང་བའི་འབྲས་བུ་ཁོ་ནས་རྒྱུ་རྗེས་སུ་དཔོག་པར་བྱེད་དོ། །དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །གཞན་ནི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡང་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི། ཐམས་ཅད་ན་མེད་པ་གོ་བར་བྱེད་དོ། །ལ་ལ་ན་དེ་ལྟར་མཐོང་བ་རྣམས་ཀྱང་དུས་དང་འདུ་བྱ་བའི་ཁྱད་པར་ལས་གཞན་དུ་སྣང་པའི་ཕྱིར་ཏེ། དཔེར་ན་སྒྱུ་རུ་རའི་ཤིང་དག་


DTG174_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མས་བཅུས་ན་འབྲས་བུ་མངར་པོ་ཆགས་ལ། ཕལ་ཆེར་ནི་དེ་ལྟར་མི་སྣང་བ་ལྟ་བུའོ། །དེས་ན་འདི་སྐད་དུ་བདག་ལྟ་བུའི་སྨྲ་བ་པོ་ནི་འདོད་ཆགས་ཅན་ཡིན་ནོ་ཞེས་བརྗོད་པར་རིགས་པར་འགྱུར་ཏེ། འདོད་ཆགས་སྐྱེ་བའི་རྐྱེན་གྱི་ཁྱད་པར་བདག་ཏུ་ལྟ་བ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེའི་ཚེ་ཡང་སྨྲ་བ་དཔེ་བརྗོད་པ་ནི་དོན་མེད་དེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ནི་གཏན་ཚིགས་སུ་མི་རུང་ངོ༌། །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན། །འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །མང་པོ་ཞིག་ཚོས་པ་མཐོང་དུ་ཟིན་ཀྱང་ཕྲུ་བའི་ནང་དུ་འདུག་པ་ཙམ་གྱིས་ཚོས་པར་མི་འགྲུབ་སྟེ། འཁྲུལ་པ་མཐོང་བའི་ཕྱིར་རོ། །འདི་ལྟར་འདི་ལྟ་བུའི་རང་བཞིན་ལ། འདི་དང་ཚོགས་པའི་རྒྱུ་འདྲ་བ་ཅན་དག་ནི་ཚོས་སོ་ཞེས་བྱ་བར་ནི་རུང་ངོ༌། །དེ་ལྟ་མ་ཡིན་ན་ནི་རྗེས་སུ་དཔག་པ་དེ་ལྷག་མ་དང་ལྡན་པའི་འཁྲུལ་པ་ཅན་ཡིན་ནོ། །ཡང་ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །དེའི་ལྡོག་པ་དེ་ནི་མ་ངེས་པས་མི་མཐུན་པའི་ཕྱོགས་ལ་འཇུག་པར་ཐེ་ཚོམ་ཟ་བར་འགྱུར་ཏེ། ལྡོག་པ་སྒྲུབ་པ་མ་མཐོང་བ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཐམས་ཅད་ནི་རྟོགས་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པས་ནི་དེ་གཉིས་རང་བཞིན་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ནི་ངེས་པ་བཤད་པ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་


DTG174_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ལྡོག་པས་ནི་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་མ་དང་ལྡན་པ་ལ་སོགས་པའོ། །གཉི་ག་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་དགག་པ་ཡིན་ནོ། །རབ་ཏུ་གྲུབ་པ་ཞེས་སྨོས་པས་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་དག་ལ་ལྷག་མ་དང་ལྡན་པ་དང༌། ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་ངོ༌། །དེ་ལྟ་མ་ཡིན་ཏེ་འབྲེལ་པ་མེད་པར་མ་མཐོང་བ་ཙམ་གྱིས་ལྡོག་ན་ནི། འཁྲུལ་པ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་རིགས་སོ་ཞེས་བཤད་པ་གང་ཡིན་པ་སྟེ། ཆོས་མི་མཐུན་པ་སྨོས་པ་ནི་མ་ངེས་པའི་གཉེན་པོར་རོ། །གལ་ཏེ་མ་མཐོང་འབྲས་ཅན་ཏེ། གལ་ཏེ་དེས་མི་མཐུན་པའི་ཆོས་ལ་མ་མཐོང་བ་སྟོན་པར་བྱེད་ན། དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །དེ་ལ་སྔོན་བརྗོད་པས་ལོག་པར་འགྱུར་བ་མཐོང་བའི་འཁྲུལ་པ་གང་ཡིན་པ་ནི་མེད་དོ། །གལ་ཏེ་ཚིག་གིས་མ་མཐོང་བ་ལ་དྲན་པར་བྱེད་དོ་ཞེ་ན། མཐོང་བ་མ་རྟོགས་པ་ནི་ཡན་ལག་མ་ཡིན་པས་དེ་ལ་ནི་དྲན་པ་གཞག་པར་རིགས་ན། མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་ཏེ། དེ་ལ་ནི་མཐོང་བས་གནོད་པར་འགྱུར་རོ། །དེ་མེད་ན་གྲུབ་པ་ཁོ་ན་ཡིན་པས་དེ་གྲུབ་པར་བྱ་བའི་ཕྱིར་བརྗོད་པ་དོན་མེད་དོ། །གལ་ཏེ་མི་དམིགས་པའི་ཚེ་དེ་ཙམ་གྱིས་མེད་དོ་ཞེས་བྱ་བ་མ་ཡིན་པས་དེའི་ཕྱིར་བརྗོད་དོ་ཞེ་ན། མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་མ་དམིགས་པས་མེད་དོ་ཅེས་བྱ་བར་མི་རྟོགས་ན་བརྗོད་པས་ཀྱང་མི་རྟོགས་པ་ཁོ་ནར་འགྱུར་ཏེ། དེ་ཡང་མི་དམིགས་པ་ཁོ་ན་རྗོད་པར་བྱེད་པ་ཡིན་ནོ། །གཅིག་མ་དམིགས་པས་ནི་གཞན་མེད་པ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་མེད་དོ་ཞེས་བརྗོད་པས་ཀྱང་དེ་ལྟར་འགྱུར་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ཆོས་མི་མཐུན་པ་སྨོས་པས་མ་ངེས་པ་སྤངས་པ་ཡིན། དེ་ལྟ་བས་ན་ལྡོག་པར་འདོད་


DTG174_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལ་གང་གིས་ན་འདི་ལ་ལྡོག་པ་ཞེས་བྱ་བར་འགྱུར་བའི་རིགས་པ་བརྗོད་དགོས་སོ། །དེ་མེད་པ་ལ་མི་དམིགས་པས་ལྡོག་པ་གྲུབ་པ་མ་ཡིན་ནམ་ཞེ་ན། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །དཔེར་ན་འབྲས་བུ་འདི་དག་ནི་སྨིན་པའམ་རོ་འདི་བྲོ་བ་ཡིན་ཏེ། གཟུགས་ཁྱད་པར་མེད་པའི་ཕྱིར་རམ། གཅིག་ལས་སྐྱེས་པའི་ཕྱིར། ཟོས་པ་དང་འདྲའོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་ཡང་བརྗོད་པར་འདོད་པ་མ་ལུས་པ་ཕྱོགས་སུ་བྱས་ན་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མི་དམིགས་པ་ཡོད་པས་ཇི་ལྟར་འཁྲུལ་པ་ཡིན་ཁ་ཅིག་ན་རེ་མངོན་སུམ་གྱིས་གནོད་པར་དོགས་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །མ་ཡིན་ཏེ་ཕྱོགས་སུ་བྱས་པའི་ཡུལ་ལ་མེད་པའི་ཕྱིར་རོ། །ཅི་སྟེ་གལ་ཏེ་ན་འགྱུར་རོ་ཞེ་ན། དེ་ལྟ་བུས་དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། གཞན་ལ་ཡང་མེད་བར་ངེས་པ་མེད་པའི་ཕྱིར་རོ། །ཚད་མ་ཞུགས་པ་གནོད་པར་བྱེད་པ་ཡིན་གྱི། མ་ཞུགས་པར་གནོད་ན་ནི་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །ལྡོག་པ་ནི་གྲུབ་པ་ཁོ་ན་བསྒྲུབ་པ་ཡིན་ཏེ། དེའི་ཕྱིར་དེ་ལྟ་བུའི་ངོ་བོ་ནི་ངེས་པ་ལ་ལྟོས་སོ། །མི་དམིགས་པའི་སྒོ་ནས་ནི་འགའ་ཞིག་ལ་མེད་པ་གྲུབ་ཏུ་ཟིན་ཀྱང་འབྲེལ་པ་མེད་པ་ནི་དེ་མེད་ཀྱང་ཐམས་ཅད་ལ་མེད་པ་མི་གྲུབ་པས། ཐེ་ཚོམ་ཟ་བའི་ཕྱིར་ལྡོག་པ་མེད་པ་ནི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ། །གཞན་ཡང༌། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །གསོན་པོའི་ལུས་འདི་ནི་བདག་མེད་པ་ན་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་མེད་པ་བུམ་པ་ལ་སོགས་པ་མཐོང་བ་དང་མ་མཐོང་བ་དག་ལ་སྲོག་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །དེ་ལས་ལྡོག་པས་བདག་ཡོད་པར་རྟོགས་པའི་ཕྱིར་རོ། །བལྟར་མི་རུང་བ་མི་དམིགས་པས་མེད་པ་མ་གྲུབ་ན། བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་ལྡོག་པ་མེད་དོ། །གལ་ཏེ་ཁས་བླངས་པའི་ཕྱིར་འགྲུབ་པོ་ཞེ་ན། ད་ནི་ཇི་ལྟར་ན་བདག་འགྲུབ། གཞན་བདག་མེད་པ་ཚད་མ་མ་ཡིན་པ་ཡང་ཇི་ལྟར་འགྲུབ་པར་


DTG174_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཁས་བླངས་པས་ནི་བདག་དང་བཅས་པ་དང༌། བདག་མེད་པ་དག་རྣམ་པར་ཕྱེ་ནས་དེ་ལ་མེད་པས་རྟོགས་པར་བྱེད་པ་ཉིད་ཡིན་པར་རྗོད་པར་བྱེད་པས་ཀྱང༌། བདག་ལུང་ལས་བྱུང་བ་ཉིད་དུ་ཁས་བླངས་པར་འགྱུར་གྱི། རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མ་མཐོང་དུ་ཟིན་ཀྱང་བདག་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །འགའ་ཞིག་ལ་དེ་ལོག་སྟེ། སྲོག་ལ་སོགས་པ་ལོག་ཀྱང་འབྲེལ་པ་མེད་པའི་ཕྱིར། ཐམས་ཅད་ལས་ལྡོག་པ་མི་འགྲུབ་པས་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དོ། །གང་ཡང་མ་གྲུབ་པའི་སྦྱོར་བ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ། མ་གྲུབ་སྦྱར་བ་དེ་ཡང་བརྗོད་བྱ་མིན། །མི་དམིགས་པ་ཁོ་ནར་ཟད་ན་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དམིགས་ན་དེ་མེད་པའི་ཕྱིར་རོ། །མི་དམིགས་པའི་ཕྱིར་ལྡོག་གོ་ཞེས་བྱས་ན་ཐེ་ཚོམ་དུ་གྱུར་པ་ཡང་མ་བཟློག་པར་འགྱུར་རོ། །གལ་ཏེ་ཅི་རིགས་པར་ཞེས་སྨོས་པ་ཕྱིར་མ་ལྡོག་པ་ཁོ་ན་ཡིན་ནོ། །ཞེ་ན། ཅི་ཡིན་ཏེ། བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་མི་དམིགས་ཀྱང་ཐེ་ཚོམ་ཟ་བས་ལྡོག་པ་མེད་པར་དགོས་ཏེ། དེ་དགག་པར་བཤད་པ་ཡིན་ནོ། །གཞན་ཡང༌། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །མཉམ་པར་བྱ་བ་ཉིད་ཀྱང་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་ལྡོག་པས། དེ་དག་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་འགྱུར་རོ། །རྣམ་པར་གཅོད་པ་ནི་དེ་དག་ལས་ལྡོག་པ་ལས་གཞན་པ་ཡིན་ནོ། །རྣམ་པར་གཅོད་པ་མ་ཡིན་པ་ནི་གང་ལས་ཀྱང་ལོག་པ་ཉིད་དུ་མ་ངེས་པའི་ཕྱིར་རོ། །གང་ཞིག་གང་ལ་མེད་དོ་ཞེས་བྱ་བར་ངེས་པ་དེ་ཡོད་ན་ཇི་ལྟར་དེ་མེད་པར་རྟོགས་པར་མི་བྱེད་དེ། གལ་ཏེ་ཚད་མ་གཞན་གྱིས་གནོད། །ཅི་སྟེ་གཉི་ག་རྣམ་པར་གཅོད་པ་ཡིན་ན་གནོད་པར་བྱེད་པའི་ཚད་མ་གཞན་ཡོད་དོ། །ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་རྣམས་ནི་གཅིག་རྣམ་


DTG174_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཅོད་པས་གཞན་སྒྲུབ་པའི་ཕྱིར་དགག་པ་མ་ཡིན་ཏེ། སྒྲུབ་པ་དང་དགག་པ་དག་ནི་འགལ་བའི་ཕྱིར་རོ་ཞེ་ན། ད་ནི་མ་མཐོང་ལས་མེད་མིན། །དེ་ལྟར་ན་མ་མཐོང་བ་ནི་ཚད་མ་མ་ཡིན་ཏེ། གནོད་པ་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ནི་གཞན་ལ་ཡང༌། །ཚད་མ་གཞན་གྱིས་གནོད་པ་སྲིད། །མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན། དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་བས་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ༌། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་མཐོང་བས་ཡིད་བརྟེན་དུ་མི་རུང་བར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཇི་སྐད་བཤད་པ་ལྟ་བུ་ལ་མི་སྲིད་པའི་ཕྱིར་རོ། །སྲིད་ན་ནི་དེའི་མཚན་ཉིད་ཀྱང་མ་ཡིན་པའི་ཕྱིར། གལ་ཏེ་འགལ་བ་འཁྲུལ་པ་མེད་པ་ཅན་གྱི་བརྗོད་པར་འགྱུར་རོ་ཞེ་ན། རྗེས་སུ་དཔག་པའི་ཡུལ་ལ་མ་བརྗོད་པའི་ཕྱིར་འདོད་པ་ཡིན་ཏེ། འདིའི་ཡུལ་ནི་བསྟན་པར་བྱའོ། །གཞན་ཡང༌། མ་མཐོང་ཕྱིར་རེག་མཐོང་བ་དང༌། །མི་ལྡན་འཁྲུལ་པ་མེད་པ་ཅན། །གལ་ཏེ་མི་དམིགས་པས་ལྡོག་པ་འགྲུབ་པར་འགྱུར་ན། གལ་ཏེ་མ་མཐོང་བ་ཙམ་གྱིས་མཆོད་པ་ལ་ལས་འགོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གང་བཤད་པ་ཇི་ལྟར་རིགས་པ་མ་ཡིན་ཏེ། མི་དམིགས་པས་མེད་པ་གྲུབ་པའི་ཕྱིར་རོ། །རེག་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དགག་པ་རིགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། རིགས་པ་མ་ཡིན་ཏེ། སྣང་བ་དང་དེའི་རང་བཞིན་གྱི་ཡུལ་ཙམ་ལ་འགོག་པ་མ་ཡིན་པའི་ཕྱིར་རོ། །དེས་ནི་ས་ལ་སོགས་པ་སྤྱིར་བཟུང་ནས་དགག་པ་སྨྲས་སོ། །དེ་ལ་ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པ་ལ་དེ་ཡོད་ཀྱང་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །འདི་ཡང་ཁྱད་པར་འགའ་ཞིག་ལ་སྲིད་པར་དགོས་པར་འགྱུར་བས་ཐམས་ཅད་ལ་ནི་མཐོང་བས་དགག་པར་རིགས་པ་མ་ཡིན་ནོ། །དེ་ལྟར་ན་སློབ་དཔོན་མི་དམིགས་པས་མེད་པ་སྨྲ་བ་འགའ་ཞིག་གིས་ཀླན་ཀ་བཙལ་བ་ཡིན་ནོ། །གཞན་ཡང༌། ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང༌། །དེ་ལ་གཅིག་མཐོང་


DTG174_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཞན་ན་དེ་ཡོད་པར་ངེས་པར་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཇི་ཞིག་ལྟར་མི་མཐུན་པའི་ཕྱོགས་ལ་མཐོང་བ་ཙམ་གྱིས་འབྲེལ་པ་མེད་པ་ཡང་དེ་འཁྲུལ་པ་མེད་དོ་ཞེ་ན། ཡུལ་འགའ་ཞིག་ན་རྫས་ཁ་ཅིག་ཅི་ཞིག་ལྟར་མཐོང་བ་གཞན་ན་གཞན་དུ་ཡང་སྣང་ངོ༌། །དཔེར་ན་སྨན་ཁ་ཅིག་ཞིང་ཁྱད་པར་ཅན་ལས་རོ་དང་ནུས་པ་དང་ཁྱད་པར་དུ་སྨིན་པར་བྱེད་པ་ཁྱད་པར་ཅན་དུ་འགྱུར་ལ། གཞན་ལ་ནི་མ་ཡིན་པ་ལྟ་བུ་སྟེ། དུས་དང་ལེགས་པར་བྱ་བའི་ཁྱད་པར་ལས་ཀྱང་དེ་དང་འདྲའོ། །ཡུལ་དེ་པ་རྣམས་ཀྱིས་དེ་ལྟར་མཐོང་ཞེས་ཏེ། ཐམས་ཅད་དེ་ཉིད་དུ་དེ་ལྟ་བུ་ཡིན་པར་ནི་འགྲུབ་པར་མི་འགྱུར་ཏེ། ཡོན་ཏན་གྱི་ཁྱད་པར་རྣམས་ནི་རྒྱུའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །རྒྱུའི་ཁྱད་པར་མེད་ན་ནི་རྗེས་སུ་དཔག་ཏུ་རུང་སྟེ། བྱེད་པ་པོ་མ་མཐོང་བ་ཅན་གྱི་ཚིག་ཀྱང་སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ཚིག་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྣམ་པ་ཐམས་ཅད་སྐྱེས་བུ་དག་གིས་བྱེད་པར་མཐོང་བའི་ཕྱིར་རོ། །ལེགས་པར་བྱ་བའི་བྱེ་བྲག་ལས་ཁྱད་པར་རྟོགས་པའི་ཕྱིར། ཡོན་ཏན་ཐམས་ཅད་ལ་ཁྱད་པར་མཐོང་བས་ན་གང་གིས་ནི་ཚིག་ལ་སོགས་པ་ཅུང་ཟད་ཙམ་ཆོས་མཐུན་པས་རྣམ་པ་ཐམས་ཅད་དུ་མཐུན་པར་རྗེས་སུ་དཔག་པར་འགྱུར་བ་དེ་ལྟ་བུར་སྐྱེས་བུ་དག་ནི་རྒྱུའི་ཁྱད་པར་མེད་པ་ཅན་མ་ཡིན་པ་ཉིད་དོ། །དེ་བཞིན་དུ་གཞན་ལ་ཡང་སྲིད་པའི་ཕྱིར་རོ། །མི་སྲིད་པར་རྗེས་སུ་དཔག་པ་ཡང་གནོད་པར་བྱེད་པའི་གཏན་ཚིགས་མེད་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་མ་མཐོང་བའི་ཕྱིར་ལ། མ་མཐོང་བར་ཡང་གནོད་པར་བྱ་བ་དང༌། གནོད་པར་བྱེད་པའི་དངོས་པོ་མི་འགྲུབ་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་འབྲས་བུ་འཁྲུལ་པ་མེད་པ་ཅན་མེད་པའི་ཕྱིར་རོ། །སྲིད་ཀྱང་ཁྱད་པར་རྣམས་བལྟ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བུ་དག་ནི་སྤང་བར་འོས་པ་ཡང་མ་ཡིན་ནོ། །ཚིག་རྣམས་ནི་དེ་ལྟ་བུ་མ་ཡིན་ཏེ། ཁྱད་པར་བལྟར་རུང་བའི་ཕྱིར་རོ། །བལྟར་མི་རུང་བ་ཞིག་ཡིན་ན་ཡང་ཁྱད་པར་མ་མཐོང་བ་རྣམས་རིགས་མི་མཐུན་པ་ཉིད་དུ་ཁས་ལེན་པ་


DTG174_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཕྱིར་རོ། །དེའི་ཁྱད་པར་རྣམས་ནི་གཞན་ལ་ཡང་བྱ་བར་ནུས་པའི་ཕྱིར་རོ། །སྒྲ་མངོན་སུམ་པ་རྣམས་ལ་མངོན་སུམ་མ་ཡིན་པའི་ངོ་བོ་ཉིད་མེད་པའི་ཡང་ཕྱིར་རོ། །འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། གནོད་པར་བྱེད་པ་མེད་པས་འཁྲུལ་པ་མི་འགྲུབ་པའི་ཕྱིར་རོ། །སྐྱེས་བུ་དག་ནི་ཁྱད་པར་མཐོང་བ་གནོད་པར་བྱེད་པ་ཡིན་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །ཚིག་གི་ཁྱད་པར་གཞན་གྱི་ངོ་བོར་གྱུར་པ་ནི་དེའི་ཁྱད་པར་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་མེད་པའི་རང་བཞིན་ཐམས་ཅད་སྐྱེས་བུས་བྱེད་དོ། །ཡང་ན་ནི་འགའ་ཡང་མ་ཡིན་ནོ། །གཞན་ཡང༌། །བདག་དང་ས་ལ་ཤེས་ཡོད་སོགས། །མེད་པ་རབ་སྒྲུབ་བྱེད་མིན་པའི། །མི་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །མི་དམིགས་པ་ཚད་མར་བྱེད་པ་འདིའི་བདག་དངོས་སུ་སྨྲ་བ་ཡང་དམིགས་པ་མེད་པར་འགྱུར་ཏེ། བདག་མངོན་སུམ་མ་ཡིན་པའི་ཕྱིར་དང༌། འབྲས་བུ་མ་གྲུབ་པའི་ཕྱིར་རོ། །དབང་པོ་ལ་སོགས་པ་ནི་འབྲས་བུ་རྣམ་པར་ཤེས་པ་རེས་འགག་པ་ཡིན་པའི་ཕྱིར་ལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པས་རབ་ཏུ་འགྲུབ་པར་བརྗོད་དེ། འདི་ལ་རྒྱུ་ཅི་ཞིག་ཡོད་དོ་ཞེས་བྱ་བ་ཡིན་གྱི་འདི་ལྟ་བུར་གྱུར་བ་ཞིག་གོ་ཞེས་བྱ་བ་ནི་མ་ཡིན་ནོ། །འབྲས་བུ་བདེ་བ་ལ་སོགས་པ་རབ་ཏུ་བསྒྲུབས་པ་ནི་དེ་ལྟར་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་དེ། གང་ཡང་རུང་བས་རྒྱུ་དང་ལྡན་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང༌། བདག་མི་དམིགས་པ་ཁོ་ནར་འགྱུར་ན། དེས་དེ་སེལ་བ་ན་ཅི་སྟེ་མི་དམིགས་པ་བསྒྲུབ་པ་མ་ཡིན་ནོ་ཞེས་བསལ། ལྡོག་པ་ཇི་ལྟར་སྒྲུབ་པར་བྱེད། །ཡང་ལ་ལ་ནི་ས་ལ་པ་ཡོད་པར་མི་དམིགས་པར་འདོད་བཞིན་དུ་ཡང་མ་མཐོང་བས་ཚིག་ལ་སོགས་པ་ལྡོག་པར་སྨྲའོ། །གཞན་ནི་འོ་མ་ལ་སོགས་པ་ཞོ་ལ་སོགས་པ་སྟེ། གཞན་གྱི་དོན་མ་ཡིན་པ་དག་ལ་འདུས་པ་ཉིད་མ་མཐོང་བས་ལྡོག་པའོ། །འདི་ལ་འདུས་པ་དག་ནི་གདོན་མི་ཟ་བར་གཞན་གྱི་དོན་ཡིན་པར་འགྱུར་རོ། །ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་དམིགས་པ་རྗེས་སུ་དཔག་པ་ཁོ་ན་སྟེ། མི་ནུས་པ་ལས་མི་འབྱུང་


DTG174_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །ཞེ་ན། ཡང་ནུས་པ་འདི་ཅི་ཡིན། ཅི་ཡོད་པ་དེ་ཉིད་ཡིན་ནམ། འོན་ཏེ་གཞན་ཉིད་ཅུང་ཟད་ཅིག་ཡིན། །གལ་ཏེ་དེ་ཉིད་ཡིན་ན་ནི། །དེ་ཁོ་ན་བཞིན་དུ་དམིགས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་གཞན་ཞིག་ཡིན་ནོ་ཞེ་ན། ཇི་ལྟར་གཞན་ཡོད་ན་དེ་ཡོད་དེ། ཉེ་བར་གདགས་པ་ཙམ་དུ་ནི་འགྱུར་རོ། །འདི་ནི་འདི་དག་གི་ཕན་ཚུན་འགལ་བ་ཡིན་ནོ། །དེ་ཕྱིར་དེ་ཙམ་དང་འབྲེལ་པའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །བཟློག་པར་འགྱུར་བའམ། དཔེར་ན་ཤིང་གིས་ཤིང་ཤ་པ་ལྟ་བུ་སྟེ། ཡལ་ག་ལ་སོགས་པ་དང་ལྡན་པའི་ཁྱད་པར་འགའ་ཁོ་ན་ཞིག་ལ་དེ་སྐད་དུ་གྲགས་པའི་ཕྱིར་དེ་ནི་དེའི་རང་གི་ངོ་བོ་ཡིན་ནོ། །རང་གི་ངོ་བོ་ཡོངས་སུ་བོར་ནས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། རང་གི་ངོ་བོ་ཁོ་ན་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་རང་བཞིན་འབྲེལ་པའི་ཕྱིར་འཁྲུལ་པ་མེད་དོ། །རྒྱུ་ཡིས་ནི། འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །རྒྱུ་ལྡོག་པ་ལས་འབྲས་བུ་ལྡོག་པར་བྱེད་དོ། །གཞན་དུ་ན་དེ་ནི་དེའི་འབྲས་བུ་ཉིད་མ་ཡིན་པར་འགྱུར་རོ། །རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ནི་ངོ་བོ་ཉིད་ངེས་པར་བྱེད་དེ། དེ་བས་ན་གཉི་ག་རང་བཞིན་འབྲེལ་པ་ཁོ་ནས་ལྡོག་གོ །དེ་ལྟ་ཡིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །དེ་བཞིན་གཅིག་ཅིག་ཉེ་བའི་ཕྱིར། །ཇི་ལྟར་གཞན་ནི་ཉེ་བར་འགྱུར། །མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི། །དེའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ནས་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ། །དེའི་ངོ་བོའི་མཚན་ཉིད་དམ། །དེ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །མེད་ན་མི་འབྱུང་བ་ཉིད་དཔེ་དེ་དག་གིས་རབ་ཏུ་སྟོན་ཏོ། །དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །འདི་ལྟར། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། དཔེ་ལ་ནི་བསྒྲུབ་པར་བྱ་བའི་ཆོས་ནི་དེའི་ངོ་བོར་དེ་ཙམ་དང་འབྲེལ་པས་དེའི་རང་གི་


DTG174_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་སྟོན་ཏོ། །བྱས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མི་རྟག་པའི་ངོ་བོ་ཉིད་མེད་ན་སྐྱེད་པར་བྱེད་དོ་ཞེས་ཚད་མ་དཔེས་རབ་ཏུ་སྟོན་ཏོ། །དེ་ལྟ་མ་ཡིན་ན་ཆོས་གཅིག་ཡོད་པའི་ཕྱིར་དེ་ལས་གཞན་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་འཁྲུལ་པར་དགོས་པར་འགྱུར་རོ། །ཚད་མ་ངེས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཀྱི་དེ་ཙམ་དང་འབྲེལ་པ་སྟོན་ཏེ། རང་གི་རྒྱུ་ཁོ་ན་ལས་བྱས་པ་འཇིག་པའི་ངང་ཚུལ་ཅན་སྐད་ཅིག་མར་གནས་པའི་ཆོས་གང་ཡིན་པ་དེ་ལྟ་བུ་སྐྱེས་ཏེ། གཞན་ལས་དེ་ཡོད་པ་བཀག་པའི་ཕྱིར་རོ། །ཡང་ན་རྒྱུའི་དངོས་པོར་ཏེ། ཡོད་པ་ཉིད་ཡིན་ན་ཡོད་པའི་ཕྱིར་རོ་ཞེས་དོན་གཞན་རབ་ཏུ་སྟོན་ཏོ། །དེ་ལྟར་དེའི་ངོ་བོ་དང་རྒྱུའི་དངོས་པོ་རབ་ཏུ་གྲུབ་ན་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་ལ་མེ་མེད་ན་ཡང་དུ་སྟེ། འདི་ལྟར་དེ་ནི་རང་གི་ངོ་བོ་དང་རྒྱུ་ཡིན་ན། ཇི་ལྟར་རང་གི་ངོ་བོ་དང་རྒྱུ་མེད་པར་ཡོད་པར་འགྱུར། དེ་བས་ན་གཞི་མེད་པ་ཡང་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པ་རབ་ཏུ་གྲུབ་པོ། །གང་དག་ལ་དེའི་ངོ་བོ་དང་རྒྱུའི་དངོས་པོ་དག་རབ་ཏུ་གྲུབ་པའི་མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། གང་གི་དོན་དུ་དཔེ་བརྗོད་པའི་དོན་དེ་གྲུབ་པ་ཁོ་ན་ཡིན་པས་དེའི་ཚེ་དེ་བརྗོད་པས་ཅི་ཞིག་བྱ། དེ་རབ་ཏུ་བསྟན་ན་ཡང་ཆོས་མི་མཐུན་པའི་དཔེའི་གཞིས་ཅི་ཞིག་བྱ་སྙམ་དུ་དགོངས་ཤིང་གཞི་སྤང་བར་མཛད་དོ། །དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལའང༌། དྲན་པ་ཡང་དག་སྐྱེ་བར་འགྱུར། །ཡང་ན་དོན་གྱིས་གོ་བས་གང་ཡང་རུང་བས་གཉི་ག་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བཤད་པ་གང་ཡིན་པ་སྟེ། དེར་ཡང་དཔེས་དེའི་ངོ་བོ་དང་རྒྱུའི་དངོས་པོ་རབ་ཏུ་སྟོན་པར་དགོངས་ཏེ། དོན་གྱིས་གོ་བས་གཅིག་བརྗོད་པས་ཅིག་ཤོས་འགྲུབ་པར་བཤད་དོ། །འདི་ལྟར་གང་བྱས་པ་དེ་ནི་མི་རྟོག་པའོ་ཞེས་སྨྲས་ན། དོན་ཐ་དད་པ་མེད་ན། གསལ་བར་འདི་ནི་འདིའི་ངོ་བོ་ཉིད་དེ་ཙམ་དང་འབྲེལ་པ་ཚད་མས་མཐོང་བ་ཡིན་ནོ་ཞེས་བྱ་བར་ངེས་པར་འགྱུར་ཏེ། དེ་ཡོད་པར་ངེས་པའི་ཕྱིར་རོ། །དེ་བས་ན་དེའི་ངོ་བོར་ཤེས་བས་ནི་དོན་གྱིས་གོ་


DTG174_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བས་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དོ། །ཞེས་བྱ་བར་འགྱུར་རོ། །རང་གི་ངོ་བོ་མེད་པར་ཡོད་པར་མི་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ཡོད་དོ་ཞེས་བྱ་བ་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་དེ་མེད་ན་མེད་དོ་ཞེས་སྨྲས་ན། དེའི་ངོ་བོ་ཉིད་དུ་རིག་པ་ལས་འདི་ལྟར་འདི་ནི་འདིའི་ངོ་བོ་ཉིད་ཡིན་ཏེ། དེས་ནི་དེ་མེད་ན་མེད་དོ། །དེ་ལྟ་མ་ཡིན་ན་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་དེའི་ངོ་བོ་ཉིད་དུ་རྟོགས་པས་རྗེས་སུ་འགྲོ་བ་དྲན་པ་འབྱུང་ངོ༌། །དེ་བཞིན་དུ་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་སྨྲས་ན། དུ་བ་ནི་མེའི་འབྲས་བུ་ཡིན་ནེ། །དེས་ན་དུ་བ་ཡོད་ན་གདོན་མི་ཟ་བར་མེ་ཡོད་དོ། །དེ་ལྟ་མ་ཡིན་ན་དོན་གཞན་དེ་དང་འབྲེལ་པར་ངེས་པ་མེད་པའི་ཕྱིར་ངོ་བོ་རང་དབང་ཅན་དུ་འགྱུར་རོ། །དེས་ན་དེ་མེད་ཀྱང་རང་གི་ངོ་བོ་མ་ཚང་བ་མེད་པའི་ཕྱིར་མེད་པར་མི་འགྱུར་རོ། །འབྲས་བུ་ཡིན་ན་ནི་གདོན་མི་ཟ་བར་རྒྱུ་ཡོད་དོ། །རྒྱུ་རྒྱུ་ཉིད་ཡིན་པ་ནི་དེ་ཁོ་ན་ཡིན་ཏེ། དོན་གཞན་ཡོད་ན་རང་གི་ངོ་བོ་ཉེ་བར་འཇོག་པ་གང་ཡིན་པའོ། །འབྲས་བུ་ཡང་དེ་ཡོད་པ་ཉིད་ན་ཡོད་པ་ཡིན་ནོ། །དེ་ཡང་དུ་བ་ལ་ཡོད་དོ། །དེ་ལྟ་བས་ན་དུ་བ་ནི་འབྲས་བུ་ཡིན་ནོ་ཞེས་རྗེས་སུ་འགྲོ་བས་དེའི་འབྲས་བུ་ཉིད་ཤེས་པས་མེ་མེད་ན་དུ་བ་མེད་དོ་ཞེས་དོན་གྱིས་གོ་བས་ལྡོག་པ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་མེ་མེད་ན་དུ་བ་མེད་དོ་ཞེས་སྨྲས་ན། མེ་ལས་དུ་བ་གདོན་མི་ཟ་བར་འབྱུང་ངོ་ཞེས་ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་སོ། །དེ་ལྟ་མ་ཡིན་ན་དེ་མེད་ན་ཅི་སྟེ་ཡོད་པར་མི་འགྱུར། རྟག་པ་དང་མི་རྟག་པའི་དོན་གྱི་འབྲས་བུ་ཉིད་མ་ཡིན་ཡང་དེ་དག་མེད་ན་ཉན་པའི་ཤེས་པ་མེད་པ་མ་ཡིན་ནམ་ཞེ་ན། མེད་པ་ཉིད་མ་ཡིན་ཏེ། དེ་ལས་དེ་དག་ཉིད་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མེད་པས་ངེས་པའི་ཕྱིར། ཇི་ལྟར་དེ་དག་གི་ངོ་བོ་ལ་ལྟོས་ནས་ཐེ་ཚོམ་དུ་འགྱུར། ཡོད་པར་ངེས་པ་མེད་པའི་ཕྱིར་མེད་དོ་ཞེས་བྱ་བ་འབའ་ཞིག་ཏུ་ཟད་དོ། །གང་གི་ཚེ་དཔེས་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོར་མི་སྟོན་པ་དེའི་ཚེ་ནི་འབྲེལ་པ་མེད་པའི་ཕྱིར། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་ན། མེ་མེད་ན་དུ་བ་མེད་དོ་ཞེས་


DTG174_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་ལྡོག་པ་འགྲུབ་པ་དང༌། དེ་བཞིན་དུ་ཆོས་མི་མཐུན་པས་མེད་པ་མི་འགྲུབ་པའི་ཕྱིར། །རྗེས་སུ་འགྲོ་བ་དྲན་པར་ལྟ་ག་ལ་འགྱུར། གང་གི་ཕྱིར་དེ་མེད་ནི་མི་སྲིད་པས་གཅིག་ཡོད་ན་གཞན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། དཔེས་ཇི་སྐད་བཤད་པའི་རང་བཞིན་འབྲེལ་པ་འདི་ཁོ་ན་རབ་ཏུ་སྟོན་པ། དེའི་ཕྱིར་རྒྱུ་དང་རང་བཞིན་དག །མེད་པ་འགའ་ཞིག་སྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ། དེ་དག་ཁོ་ན་ལྡོག་པ་ན་རང་གི་འབྲེལ་པ་ཟློག་པར་བྱེད་པས་དེའི་ཕྱིར་དོན་གཞན་འགའ་ཞིག་དགག་པ་དང་སྒྲུབ་པར་འདོད་པས། །རྒྱུའམ་རང་བཞིན་ཁྱབ་པར་བྱེད་པ་ལྡོག་པའི་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །མ་འབྲེལ་ན་ནི་ཇི་ལྟར་གཅིག་ལོག་པས་གཞན་ལྡོག་པ་སྒྲུབ་པར་བྱེད། དམིགས་པར་ནི། རིགས་ལྡན་དེ་མི་རིགས་པར་ཡང༌། །དགག་པའི་གཏན་ཚིགས་ཡིན་ནོ། །དགག་པའི་ཡུལ་ཅན་གྱི་ཐ་སྙད་ཀྱི་གཏན་ཚིགས་ལ་དེའི་གཏན་ཚིགས་ཞེས་བཤད་དེ། དེ་ལྟ་བུའི་མི་དམིགས་པ་ནི་རང་ཉིད་ཀྱིས་དགག་པའི་ངོ་བོ་ཡིན་པའི་ཕྱིར། རྒྱུ་དང་ཁྱད་པར་བྱེད་པ་མི་དམིགས་པ་ནི་གཉི་གའི་གཏན་ཚིགས་ཡིན་ནོ། །དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །དེ་དང་དེ་འགལ་ལ་སོགས་པ། །མི་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །དགག་པའི་གཏན་ཚིགས་ནི་རྣམ་པ་གསུམ་ཁོ་ན་སྟེ། རྒྱུ་དང་ཁྱབ་པར་བྱེད་པ་དེ་ལྟར་ངེས་པ་དང༌། རང་གི་བདག་ཉིད་དམིགས་སུ་ཡོད་པ་མི་དམིགས་པའོ། །དེ་ནི་སྦྱོར་བའི་དབང་གིས་དེ་དང་འགལ་བ་ལ་སོགས་པ་མ་རྟོགས་པ་དང༌། རྟོགས་པའི་དབྱེ་བའི་སྒོ་ནས་རྣམ་པ་དུ་མར་བཤད་དེ། དེ་མ་རྟོགས་པ་དང༌། དེ་དང་འགལ་བ་རྟོགས་པ་དང༌། འགལ་བའི་འབྲས་བུ་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་དབྱེ་བའི་སྦྱོར་བ་དག་གིས་སྔར་ཇི་སྐད་བཤད་པ་བཞིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་འབྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནི་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །


DTG174_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་གོས་ལ་ཚོན་བཞིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང༌། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་གཞན་ཉིད། །དེ་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་ཐ་དད་པའམ། རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བ་གནས་པའམ། །རྒྱུ་ཐ་དད་པ་ཡིན་ནོ། །གལ་ཏེ་དེ་དག་ཀྱང་ཐ་དད་པར་བྱེད་པ་ཡིན་ན་གང་ཡང་གང་ལས་ཀྱང་ཐ་དད་པར་བྱེད་པ་མེད་པས་རིལ་རྫས་གཅིག་ཏུ་འགྱུར་རོ། །དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་དང་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱར་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ། མིང་ཐ་དད་པར་ཟད་དེ། དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་དངོས་པོའི་དུས་ན། མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་དེའི་རང་བཞིན་མ་ཡིན་པར་མཚུངས་པ་མ་ཡིན་ནམ་ཞེ་ན། མི་རྟག་པ་ཉིད་ཅེས་བྱ་བ་གང་ཕྱིས་འགྲུབ་པར་འགྱུར་པ་གཞན་ནི་འགའ་ཡང་མེད་པ་ཡིན་ཏེ། དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཁོ་ན་མི་རྟག་པ་ཉིད་ཡིན་ནོ། །ཆོས་དང་ཆོས་ཅན་གྱི་ཚིག་ཐ་དད་པ་ལ་ཡང་རྒྱུ་མཚན་བཤད་པར་བྱའོ། །རང་གི་རྒྱུ་ཁོ་ན་ལས་དེ་ལྟར་སྐྱེ་བའི་ཕྱིར་འདིའི་རང་བཞིན་སྐད་ཅིག་མར་གནས་པའི་ཆོས་ཉིད་དེ་ནི་མཐོང་བཞིན་དུ་ཡང་བློ་གཞན་པ་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དགོས་པས་བསླུས་པའམ། འདྲ་གཞན་འབྱུང་པས་བསླུས་པས་མི་རྟོགས་སོ། །སྐད་ཅིག་མ་ཐ་མ་མཐོང་བ་རྣམས་ལ་ངེས་པའི་ཕྱིར། ཕྱིས་འདི་མི་དམིགས་པས་མི་གནས་པར་རྟོགས་པའི་ཕྱིར་དེའི་ཚེ་ངེས་པའི་དུས་ཡིན་པས་མི་རྟག་པ་ཉིད་དུ་རྣམ་པར་གཞག་གོ །འབྲས་བུ་བསྐྱེད་པའི་ནུས་པ་རྒྱུའི་དངོས་པོ་ཉིད་ཡིན་ཡང་འབྲས་བུ་མ་མཐོང་བ་རྒྱུ་མཐོང་དུ་ཟིན་ཀྱང་དེའི་ངོ་བོ་མ་རྟོགས་པས་འབྲས་བུ་མཐོང་བས་རྟོགས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་གཞན་གྱི་རྒྱུ་མཚན་ཉིད་ཡིན་ནམ། རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ཡང་རུང་སྟེ། མི་རྟག་པ་ཉིད་དོན་གཞན་ཁོ་ནར་འགྱུར་རོ། །དེ་ལྟ་ན་ནི་དངོས་


DTG174_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དང་ལྡན་པར་མི་འགྱུར་ཏེ། དེ་ལ་མི་དགོས་པའི་ཕྱིར་རོ། །འོན་ཏེ་དགོས་ན་ནི་དེ་ཉིད་འདིའི་རང་གི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཉིད་ཡིན་པས་གཞན་གྱིས་ཅི་ཞིག་བྱ། རང་བཞིན་གྱིས་མི་གཡོ་བ་ནི་དོན་གཞན་དང་ལྡན་ཡང་དེའི་ངོ་བོར་མི་འཐད་པའི་ཕྱིར་རོ། །མི་རྟག་པ་ཉིད་དམ་ཆོས་གཞན་དེ་ཡང་དོན་གཞན་ལས་འབྱུང་བ་ན་རྒྱུ་ཡིན་པའམ། འབྲས་བུ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། རྒྱུ་དང་འབྲས་བུ་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར། དེ་ལ་ཡོད་པར་རྗེས་སུ་དཔག་པར་མི་སྲིད་པའི་ཕྱིར་རོ། །དེ་ལ། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས། །དེ་དངོས་པོ་གྲུབ་ནས་ཕྱིས་དོན་གཞན་ལས་འབྱུང་ན་ཇི་ལྟར་དེའི་རྒྱུ་ཡིན། འབྲས་བུ་ཡང་རྒྱུ་ལ་གདོན་མི་ཟ་བ་མ་ཡིན་པས་དེའི་གོ་བར་བྱེད་པའི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །དེའི་ཕྱིར་དོན་གཞན་གྱི་རྒྱུ་མཚན་ཅན་གྱི་ཆོས་ནི་དངོས་པོ་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་པས་རྗེས་སུ་དཔག་ཏུ་མེད་དོ། །འོ་ན་གལ་ཏེ་མཐོང་བ་དང་མ་མཐོང་བ་དག་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པའི་རྟེན་མ་ཡིན་ན་ཇི་ལྟར་དུ་བས་མེར་འཁྲུལ་ལོ་ཞེས་བྱ་བར་རྟོགས་ཤེ་ན། །འདི་ལྟར། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །དེའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་ལས་གང་དག་དམིགས་ན་དམིགས་ལ། དེ་ལས་གཅིག་མེད་ན་ཡང་མི་དམིགས་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིན་ཏེ། དེ་ཡང་དུ་བ་ལས་ཡོད་དོ། །དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ལན་ཅིག་དེ་ལྟར་མཐོང་བས་ཀྱང་འབྲས་བུ་གྲུབ་སྟེ། འབྲས་བུ་ཉིད་མ་ཡིན་ན། རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་མི་འབྱུང་བའི་ཕྱིར་རོ། །འབྲས་བུ་ཡང་རང་གི་རྒྱུ་མེད་པར་ཡོད་ན་ནི་རྒྱུ་དང་མི་ལྡན་པ་ཁོ་ནར་འགྱུར་ཏེ། གང་ཞིག་གང་མེད་པར་ཡོད་པ་དེ་ནི་དེའི་རྒྱུ་མ་ཡིན་ནོ། །མེ་མེད་པར་ཡང་དུ་བ་ཡོད་དེ། དེས་ན་དེའི་རྒྱུ་མ་ཡིན་པར་འགྱུར་རོ། །གལ་ཏེ་གཞན་གྱི་རྒྱུ་ཅན་ཡིན་པའི་ཕྱིར། རྒྱུ་མེད་པ་ཅན་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ལ་ཡང་མཚུངས་པའི་ཕྱིར་ཏེ། དེ་མེད་ན་ཡང་མེ་ཡོད་ན་


DTG174_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་སོ། །ཡང་དེའམ་གཞན་ཡང་རུང༌། དེ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་ནི་ཇི་ལྟར་འབྱུང་བར་འགྱུར་ཏེ། དེའི་རང་གིས་དེའི་རང་བཞིན་མ་ཡིན་པས་མི་བསྐྱེད་པའི་ཕྱིར་རོ། །དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ཉིད་ནི་མ་ཡིན་པ་ཁོ་ན་སྟེ། དེ་དང་འདྲ་བ་འབྱུང་བའི་ཕྱིར་རོ་ཞེ་ན། མི་འདྲ་བ་ལས་འབྱུང་བ་ཇི་ལྟར་དེ་དང་འདྲ་བས་ཡིན་ཏེ། དེ་ནི་དེ་དང་འདྲ་བ་ལ་མ་བྱུང་བའི་ཕྱིར་དེ་དང་འདྲ་བར་འགྱུར་རོ། །མི་འདྲ་བ་ལས་དེ་དང་འདྲ་བ་འགྱུར་ན་ནི། དེ་དག་གི་ནུས་པ་མ་ངེས་པའི་ཕྱིར་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པས། མཐའ་དག་གི་སྣ་ཚོགས་ཉིད་རྒྱུ་མེད་པ་ཅན་དུ་འགྱུར་བའམ། ཐམས་ཅད་ལས་ཐམས་ཅད་སྐྱེ་པར་འགྱུར་རོ། །དེ་ལྟ་བས་ན་རྒྱུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་གིས་འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ཡིན་ནོ། །དེ་བས་ན་དུ་བ་ནི་མཐོང་པའི་རྣམ་པ་དང་རིགས་མི་མཐུན་པའི་དོན་ལས་མི་འབྱུང་སྟེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །དུ་བ་དེ་རྒྱུ་མེད་པ་ལས་འབྱུང་ན་ནི་ལྟོས་པ་མེད་པའི་ཕྱིར་ནམ་ཡང་མི་འབྱུང་བར་མི་འགྱུར་ཏེ། དེ་འབྱུང་བ་ལ་མ་ཚང་བ་མེད་པའི་ཕྱིར་འདོད་པའི་དུས་བཞིན་ནོ། །ཡང་ན་ནི་དེའི་ཚེ་ཡང་འབྱུང་བར་མི་འགྱུར་ཏེ། མེད་པའི་དུས་དང་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་ལྟོས་པ་རྣམས་ནི་རེས་འགའ་བར་འགྱུར་ཏེ། ཡོད་པ་དང་མེད་པའི་དུས་དག་ན་དེ་འབྱུང་བར་རུང་བ་དང་མི་རུང་བ་ཉིད་དང་ལྡན་པའི་ཕྱིར་རོ། །ཡུལ་དང་དུས་རུང་བ་དང་མི་རུང་བ་ཉིད་འདྲ་བ་ཅན་དག་ལ་ནི་དེ་དང་ལྡན་པ་དང༌། ཅིག་ཤོས་དག་ཏུ་ངེས་པར་མི་རུང་བའི་ཕྱིར་རོ། །རུང་བ་ཉིད་དེ་ཡང་རྒྱུའི་དངོས་པོ་ལས་གཞན་ཡིན་ནམ་ཅི། དེའི་ཕྱིར་ཡུལ་དང་དུས་འགའ་ཞིག་སྤངས་ནས་ཡུལ་དང་དུས་གཞན་དག་ན་ཡོད་པའི་དངོས་པོ་ནི་དེ་དག་ལ་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་དེ་ལྟར་ཡོད་པ་ཉིད་ལྟོས་པ་ཡིན་ནོ། །དེ་དག་གིས་བྱས་པའི་ཕན་པ་ལ་མི་


DTG174_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པ་ནི་དེར་ངེས་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་ཡུལ་དང་དུས་ངེས་པའི་ཕྱིར་གང་ན་དུ་བ་ལན་ཅིག་མཐོང་ལ་མ་ཚང་ན་མ་མཐོང་བ་ནི་འདིའི་དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་ཏེ། གཞན་དུ་ན་དོན་ལན་འགའ་ཡང་མེད་པའི་ཕྱིར་རོ། །དེ་དེར་ངེས་པ་ཡིན་ན་ཇི་ལྟར་གཞན་པ་ལས་འབྱུང་བར་འགྱུར། འབྱུང་བ་ན་ནི་དུ་བ་མ་ཡིན་པར་འགྱུར་ཏེ། དུ་བ་ནི་དེས་བསྐྱེད་པའི་རང་བཞིན་གྱི་ཁྱད་པར་ཡིན་ནོ། །དེ་བཞིན་དུ་རྒྱུ་ཡང་འབྲས་བུ་དེ་ལྟ་བུ་བསྐྱེད་པའི་རང་བཞིན་ཡིན་ནོ། །དེ་གཞན་ལས་ཀྱང་འབྱུང་ན་ནི་དེ་དེའི་རང་བཞིན་མ་ཡིན་པས་ལན་འགའ་ཡང་བསྐྱེད་པར་མི་འགྱུར་རོ། །ཡང་ན་དེ་དུ་བ་མ་ཡིན་ཏེ་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་བྱུང་བའི་ཕྱིར་རོ། །དེའི་རང་བཞིན་ཉིད་ཡིན་ན་ནི་དེ་ཉིད་མ་ཡིན་པས་འཁྲུལ་པ་མེད་དོ། །གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ། །འོ་ན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །འོ་ན་ད་ནི་ཇི་ལྟར་ལྷན་ཅིག་བྱེད་པ་ཐ་དད་པ་ལས་འབྲས་བུ་སྐྱེ་སྟེ། དཔེར་ན་མིག་དང་གཟུགས་ལ་སོགས་པ་ལས་རྣམ་པར་ཤེས་པ་ལྟ་བུའོ་ཞེ་ན། དེའི་རང་བཞིན་གཅིག་པུས་སྐྱེད་པར་བྱེད་པ་ནི་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་ཚོགས་པས་སྐྱེད་པར་བྱེད་པ་ནི་དེའི་རང་བཞིན་ཡིན་ཏེ། དེ་ཁོ་ན་རྗེས་སུ་དཔག་གོ །ཚོགས་པ་དེ་ཉིད་འབྲས་བུའི་རང་གི་ངོ་བོ་གནས་པའི་རྟེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ཀྱང་རྣམ་གྲངས་མེད་པར་སྐྱེད་པར་བྱེད་པ་ཡིན་ནོ། །གང་ཡང་ཅུང་ཟད་ལྕི་བ་ལ་སོགས་པ་རིགས་མི་མཐུན་པ་ལས་ཨུཏྤལ་ལ་སོགས་པ་འབྱུང་བར་མཐོང་བ་དེ་ལ་ཡང་དེ་སྐད་དུ་བརྗོད་ཀྱང་རང་གི་ས་བོན་ལས་རབ་ཏུ་བྱུང་བ་ཅན་ཡིན་པའི་ཕྱིར་རང་གི་ངོ་བོ་ཐ་དད་པ་ཡོད་པ་ཁོ་ན་སྟེ། རྒྱུའི་རང་གི་ངོ་བོ་ཐ་དད་པའི་ཕྱིར་དཔེར་ན་ཆུ་ཤིང་གི་ས་བོན་དང་སྡོང་བུ་ལས་སྐྱེ་བ་ཅན་ལྟ་བུའོ། །དེ་ལྟ་བུ་ནི་འཇིག་རྟེན་ན་གསལ་བ་ཁོ་ནར་རྣམ་པར་ཐ་དད་པའི་སྒོ་ནས་རྣམ་པར་འབྱེད་དོ། །དེ་ལྟ་


DTG174_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཅན་གྱི་འབྲས་བུས་ནི་རྒྱུ་འཁྲུལ་པ་མེད་དོ། །རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། །དེ་ཡི་རང་བཞིན་དེའི་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟ་བས་ན་ལན་ཅིག་མཐོང་བ་དང༌། མ་མཐོང་བ་དག་གིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པའི་ཕྱིར། དེས་དེ་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ལུས་པར་མཐོང་བ་དང༌། མ་མཐོང་བ་ལ་རག་ལུས་པའི་ཕྱིར་རོ། །ལུས་ཅན་མ་ཡིན་པ་ཉིད་འགའ་ཞིག་ལ་རྟག་པ་ཉིད་མཐོང་ཡང་གཞན་ལ་གཞན་དུ་མཐོང་བའི་ཕྱིར་དང༌། རྟག་པ་ཉིད་མེད་པ་འགའ་ཞིག་ལ་མ་མཐོང་བ་ཡང་མཐོང་བའི་ཕྱིར་རོ།། །།བམ་པོ་གཉིས་པ། འབྲས་བུ་ནི་དེ་ལས་སྐྱེ་བའི་ཕྱིར་རྒྱུ་མེད་ན་མི་འབྱུང་བ་ཡིན་ལ་རག་ན། ད་རང་བཞིན་ཇི་ལྟར་མེད་ན་མི་འབྱུང་བ་ཡིན་ནོ་ཞེ་ན། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་པ་ཡིན། །གང་ཞིག་ཡོད་པ་ཙམ་དང་འབྲེལ་པའི་རང་བཞིན་ཡིན་པ་དེ་ལ་ནི་ཡོད་པ་མེད་ན་མི་འབྱུང་བར་འདོད་དེ། དེ་མེད་པར་ནི་ཡོད་པ་དག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །ངོ་བོ་གང་ཁོ་ན་ཡོད་པ་ཙམ་ལ་རག་ལས་པའི་རང་བཞིན་ཡིན་པར་བརྗོད་པ་དེ་ཁོ་ན་རང་གིས་དངོས་སུ་ཡོད་པ་ཡིན་ནོ། །དེ་ཡང་བདག་ཉིད་བོར་ནས་ཇི་ལྟར་ཡོད་པར་འགྱུར། འོ་ན་ནི་ཐ་དད་པ་མེད་པའི་ཕྱིར་བྱས་པ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་པས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེ་ནི་ཉེས་པ་མེད་དོ། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན། །དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །


DTG174_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཐམས་ཅད་ནི་རང་གི་ངོ་བོ་ལ་གནས་པ་ཅན་ཁོ་ན་ཡིན་ནོ། །དེ་དག་ནི་རང་དང་གཞན་དུ་འདྲེ་བར་མི་བྱེད་དེ། །དེ་གཞན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་འདི་དག་གི་རང་བདག་ཉིད་དུ་གྱུར་པའི་ངོ་བོ་ཐ་མི་དད་པ་དེ་ནི་དེ་དག་གི་མ་ཡིན་ཏེ། དེའི་ཚེ་དེ་དག་མེད་པའི་ཕྱིར་རོ། །དེ་ཁོ་ན་ཡིན་པར་འགྱུར་ཏེ། ཐ་མི་དད་པ་ཡིན་པའི་ཕྱིར་དང༌། དེ་ལས་མ་གཏོགས་པ་ཐ་དད་པ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཐ་དད་པར་ནི་འགལ་བའི་ཕྱིར་རོ། །དེ་ཡང་བདག་ཉིད་ལ་རྣམ་པར་གནས་པས་མ་འདྲེས་པ་ཁོ་ན་ཡིན་ནོ། །དོན་གཞན་ཡང་དུ་མ་དང་འབྲེལ་དུ་ཟིན་ཀྱང་དེ་ནི་དེ་དག་གི་སྤྱི་མ་ཡིན་ཏེ། དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །གཉིས་ཉིད་ལ་སོགས་པ་དང་ལྡན་པ་དང༌། འབྲས་བུའི་རྫས་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་ཅན་གཞན་གྱིས་ཀྱང་གཞན་དག་མཚུངས་པ་ནི་མ་ཡིན་གྱི་དེ་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ། འབྱུང་པོའི་མགུལ་ཆིངས་ལྟ་བུའོ། །ཤེས་པ་ཐ་མི་དད་པའི་ཡུལ་ཡང་མ་ཡིན་ཏེ། འབྱུང་པོ་བཞིན་ནོ། །བློ་ནི་དེ་དག་གི་བདག་ཉིད་ཁོ་ན་བསྲེ་ཞིང་སྤྱིའི་ཡུལ་ཅན་དུ་སྣང་གི་གཅིག་དང་འབྲེལ་བ་ཅན་དག་གོ་ཞེས་བྱ་བ་ནི་མ་ཡིན་ཏེ། འབྱུང་པོ་ལྟ་བུའོ། །གལ་ཏེ་དེ་ནི་དེ་མཐོང་བའི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་མཐོང་ངོ་ཞེས་བྱ་བ་གང་ལས། གལ་ཏེ་འཁྲུལ་པ་ས་བོན་མེད་པ་ཅན་མི་རུང་བའི་ཕྱིར་རོ་ཞེ་ན། འབྲས་བུ་དེ་གཅིག་པ་ཅན་དེ་དག་ཁོ་ན་ས་བོན་ཡིན་ནོ། །གྲངས་དང་ལྡན་པ་དང༌། འབྲས་བུའི་རྗེས་ལ་སོགས་པ་དང་ལྡན་པ་དག་དང༌། འབྱུང་པོ་ལ་སོགས་པ་ལ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་དེ་ལྟར་སྤྱིའི་བློ་ལ་ཞེན་པ་མེད་པའི་ཕྱིར་སྤྱི་ནི་གཞན་མ་ཡིན་ནོ། །ཡོད་དུ་ཆུག་ན་ཡང་དེ་ཡང་རང་གི་བདག་ཉིད་ལ་རྣམ་པར་གནས་པའི་ཕྱིར་གཞན་དང་མ་འདྲེས་པ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་འདི་དག་ནི་རིགས་མི་མཐུན་པར་འདོད་པ་དང་གཞན་ལས་ལོག་པ་ཡིན་ཏེ། རང་གི་ངོ་བོས་ངོ་བོ་གཅིག་པའི་ཕྱིར་རོ། །གང་དང་གང་ལས་ཐ་དད་པ་དེའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར། ཐ་སྙད་དུ་བྱས་པའི་སྒྲ་དག་གིས་དེ་དང་དེ་ལས་ཐ་དད་པ་རྒྱུར་བྱས་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་ཆོས་དུ་མ་ཤེས་པ་མ་


DTG174_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །སྒྲ་དེ་དག་ཀྱང་ཐ་དད་པ་ཐམས་ཅད་མི་འཕེན་ཡང་ཐ་དད་པ་གཅིག་བརྗོད་པས་དེའི་རང་གི་མཚན་ཉིད་དབྱིས་ཕྱིན་པ་ཁོ་ནར་འགྱུར་ཏེ། དེ་གཅིག་དང་ཡང་དེ་ཐ་དད་པ་ཡང་བས་སོ། །དེ་ལྟ་བས་ན་དངོས་པོ་གཅིག་ལ་གཞན་གྱི་ངོ་བོ་ཇི་སྙེད་པ་དེ་ལ་ལྟོས་ནས་ལྡོག་པ་དེ་སྙིད་ཡོད་དེ། དེ་ལ་མེད་པའི་རྒྱུ་དང་འབྲས་བུ་ཅན་ནི་དེ་ལས་ཐ་དད་པའི་ཕྱིར་རོ། །ལྡོག་པ་ཇི་སྙེད་པ་དེའི་རྒྱུ་དང་འབྲས་བུ་ཅན་མ་ཡིན་པ་ཡོངས་སུ་སྤང་བར་ཐ་སྙད་ཀྱི་དོན་ཅན་གྱི་སྒྲ་དག་ཀྱང་དེ་སྙེད་དེ། དཔེར་ན་སྒྲ་ནི་སྩལ་མ་ཐག་ཏུ་འབྱུང་བ་ཅན་དང་ཉན་པ་ཅན་ཡིན་ནོ་ཞེས་བྱ་བ་དེའི་རྒྱུ་དང་འབྲས་བུ་ཅན་མ་ཡིན་པ་ཡོངས་སུ་སྤང་བའི་དོན་ཡིན་པ་ལྟ་བུའོ། །དེའི་ཕྱིར་ངོ་བོ་ཉིད་ཐ་མི་དད་ཀྱིས་ཀྱང་ཁྱད་པར་གྱི་བྱེ་བྲག་གང་ཞིག་མིང་གི་ཆོས་གང་གིས་གོ་བར་འགྱུར་བ་དེ་ནི་གཞན་གྱིས་གོ་བར་མི་ནུས་པས་སྒྲ་ཐམས་ཅད་ནི་དོན་གཅིག་པ་མ་ཡིན་ནོ། །དེ་བས་ན་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ནོ། །ཡང་སྒྲ་དང་རྟགས་དག་གིས་རྣམ་པར་བཅད་པ་རྟོགས་པར་བྱེད་ཀྱི། བསྒྲུབས་པས་དངོས་པོའི་རང་གི་ངོ་བོ་ཁོ་ན་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར་ཏེ། འདི་ལྟར། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །དོན་གྱི་བདག་ཉིད་གཅིག་པ་དེ་ནི་མངོན་སུམ་པ་ཡིན་ཏེ། ཆོས་ཅན་མ་གྲུབ་ན་སྒྲུབ་ན་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །དཔེར་ན་མི་རྟག་པ་བསྒྲུབ་པར་བྱ་བ་ལ་སྒྲ་ལྟ་བུ་སྟེ། དེའི་མངོན་སུམ་ཁོ་ནས་གྲུབ་པས་རྣམ་པ་ཐམས་ཅད་འགྲུབ་སྟེ། དེ་ལས་གཞན་པ་མ་གྲུབ་པ་མེད་པའི་ཕྱིར་རོ། །འོན་ཏེ་ཡོང་ན་ནི་དེའི་ངོ་བོ་ཉིད་མ་ཡིན་ནོ། །གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་ཅན་མ་ཡིན་པ་དེ་ནི་དེའི་ངོ་བོ་ཉིད་ཡིན་པར་རིགས་པ་མ་ཡིན་ཏེ། ཐ་དད་པའི་ཐ་སྙད་ཀྱི་རྒྱུ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མེད་པར་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཆོས་ཅན་མངོན་སུམ་པ་དེའི་ངོ་བོ་ཉིད་མཐའ་དག་ཡོངས་སུ་བཅད་པའི་ཕྱིར། དེ་ལ་ཚད་མ་གཞན་འཇུག་


DTG174_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་སྐབས་མེད་པར་འགྱུར་རོ། །གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །གལ་ཏེ་དངོས་པོ་དེ་ཁོ་ན་ཉིད་ཐམས་ཅད་མཐོང་བ་ཅན་ལ་ཡང་ཇི་ལྟར་ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟ་བུར་དེ་ལྟར་ངེས་པའི་གགས་སུ་གྱུར་པའི་ཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྦྱོར་བར་མི་བྱེད་ནའོ། །ཉ་ཕྱིས་ལ་ནི་མཚུངས་པ་དང༌། ཁྱད་པར་ཅན་དང་ངོ་བོས་གཉིས་ཡོད་པ་ནི་མ་ཡིན་ཏེ། དེ་ལྟར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱེ་བྲག་ཏུ་མི་རྟོགས་ན་ནི་གཉིས་ཉིད་དུ་རྟག་པ་མི་རུང་བའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཉ་ཕྱིས་ཀྱི་གཟུགས་མཐོང་བས་ཁྱད་པར་ཁོ་ན་མཐོང་ལ། ངེས་པའི་རྐྱེན་མ་ཚང་བའི་ཕྱིར་གཏན་ལ་མ་ཕེབས་པས་དེའི་སྤྱི་མཐོང་ངོ་སྙམ་དུ་རློམ་པར་བྱེད་དོ། །དེའི་ཕྱིར་འདི་དངུལ་དུ་སྒྲོ་འདོགས་ཤིང་དེ་ལྟར་འདྲ་བ་གཞན་སྐྱེ་བས་ཐ་དད་པ་ཉིད་དུ་མ་འཁྲིགས་པས་དེའི་ངོ་བོར་སྒྲོ་བཏགས་པའི་ཕྱིར་གནས་པར་འཁྲུལ་ལོ། །འདི་ལ་གཞན་གྱི་དངོས་པོ་ཇི་སྙེད་པ་རང་གི་རྒྱུ་མཚན་ཇི་ལྟ་བ་ལས་འབྱུང་བའི་སྒྲོ་འདོགས་པ་ཡང་དེ་སྙེད་ཁོ་ན་ཡིན་པས་དེ་རྣམ་པར་གཅོད་པའི་ཚད་མ་རྣམས་འབྱུང་བ་ནི་འབྲས་བུ་དང་བཅས་པར་འབྱུང་ངོ༌། །རྣམ་པར་གཅོད་པའི་འབྲས་བུ་ཅན་དེ་དག་ནི་དངོས་པོའི་ཆ་ཤས་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་འཇུག་པ་མ་ཡིན་ཏེ། ཆ་ཤས་མེད་པ་ལ་ཕྱོགས་གཅིག་མཐོང་བ་མི་རུང་བའི་ཕྱིར་དེ་ནི་མཐོང་ཟིན་པའི་ཕྱིར་རོ། །དེ་ཕྱིར་དངོས་པོ་མཐོང་བ་ཡི། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་བྱ་བ་ནི་བསྡུ་པའི་ཚིགས་སུ་བཅད་པའོ། །དེ་ལྟ་བས་ན་མཐོང་བ་ལ་མཐོང་བ་གཟུང་བའི་ཕྱིར། ཚད་མ་གཞན་འཇུག་པ་ནི་མ་ཡིན་ནོ། །རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཅན་འཛིན་ཏེ་སེལ་བ་ལ། །ཉེས་པ་འདིར་ནི་ཐལ་མི་འགྱུར། །གང་ཞིག་མངོན་སུམ་གྱིས་མཐོང་བ་ལ་ཚད་མ་གཞན་མི་འཇུག་པ་འབའ་ཞིག་ཏུ་མ་ཟད་ཀྱི།


DTG174_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་རྗེས་སུ་དཔག་པས་ཀྱང་བསྒྲུབས་པས་དངོས་པོ་རྟོགས་པར་བྱེད་ཀྱི་རྣམ་པར་གཅོད་པར་བྱེད་པ་ནི་མ་ཡིན་པ་དེའི་ཚེ། ཆོས་གཅིག་ངེས་ན་དེ་དང་ཐ་མི་དད་པའི་ཕྱིར་ཆོས་ཐམས་ཅད་ངེས་པས་ཚད་མ་གཞན་མི་འཇུག་སྟེ། དེ་ངེས་ན་དེའི་བདག་ཉིད་མ་ངེས་པ་ནི་རིགས་པ་མ་ཡིན་ནོ། །གང་གི་ཚེ་རྗེས་སུ་དཔག་པས་སྒྲོ་འདོགས་པ་རྣམ་པར་གཅོད་པར་བྱེད་པ་དེའི་ཚེ་ནི་གཅིག་གིས་སྒྲོ་འདོགས་པ་རྣམ་པར་བཅད་པས་གཞན་རྣམ་པར་བཅད་པ་བྱས་པ་མ་ཡིན་པའི་ཕྱིར་རོ། །དེའི་དོན་དུ་གཞན་འཇུག་པར་འགྱུར་རོ། །མ་རྟོགས་པ་ངེས་པར་འགྱུར་བ་ནི་ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པར་ངེས་པ་མ་ཡིན་ནམ། དཔེར་ན་དུ་བ་གློ་བུར་བ་ལས་མེ་རྟོགས་པ་ལྟ་བུ་སྟེ། དེ་ལ་ནི་མེ་མ་ཡིན་པར་སྒྲོ་འདོགས་པར་མི་སྲིད་དོ། །དེ་བས་ན་ཐམས་ཅད་ལ་རྣམ་པར་གཅོད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ལ་ཆོས་ཅན་རྟོགས་ན་ཐ་མི་དད་པའི་ཕྱིར་ཐམས་ཅད་རྟོགས་པར་འགྱུར་རོ། །འོན་ཏེ་ཐ་དད་ན་མ་འབྲེལ་པ་ནི་དེ་ལ་རྟོགས་པ་མེད་དོ། །ཞེས་བཤད་ཟིན་ཏོ། །དེའི་ཕྱིར་དེ་ལ་ཡང་དེ་མཐོང་བ་ལ་དེའི་རང་གི་ངོ་བོ་མ་ངེས་པ་ནི་ག་ལས་ཤེ་ན། ཕྱིན་ཅི་ལོག་ཁོ་ན་ལས་ཡིན་ནོ། །ད་ཡང་ཕྱོགས་དེ་བློ་མེ་དང་ལྡན་པར་འཛིན་པ་དང་བྲལ་བས། དེས་དབེན་པའི་ངོ་བོར་ངེས་པར་བྱེད་པ་ན་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན། དེའི་རྣམ་པར་སྒྲོ་འདོགས་པ་དང་ཐེ་ཚོམ་དང་བྲལ་བ་ནི་དེ་རྟོགས་པར་བྱ་བ་ལ་རྟོགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱེད། དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་གུས་པར་ཡང་མི་བྱེད་དོ། །དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །གཞན་དུ་ཆོས་ཅན་གྲུབ་གྱུར་ན། །དེ་ལས་མ་གྲུབ་གཞན་ཅི་ཡོད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །མཐོང་བ་འགའ་ལ་ཤེས་པ་གང༌། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །གཟུགས་ལ་སོགས་པ་མཐོང་བའི་མཇུག་ཐོགས་སུ་རྟགས་ཅན་མ་ཡིན་པའི་ངེས་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་སྒྲོ་འདོགས་པ་མེད་ན་ཇི་ལྟར་རྣམ་པར་གཅོད་པའི་ཡུལ་ཅན་དུ་


DTG174_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། སྒྲོ་མ་བཏགས་པའི་ཡུལ་ལ་ཡོད་པའི་ཕྱིར་རོ། །གང་ལ་འདིའི་སྒྲོ་འདོགས་པ་དཔེར་ན་བརྟེན་པའོ་ཞེས་པའམ། བདག་དང་བཅས་བའོ་སྙམ་པའི་ཁྱད་པར་དེ་ལ་ངེས་པར་མི་འགྱུར་ཏེ། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །དངོས་པོ་ཐམས་ཅད་ལས་ཐ་དད་པ་མཐོང་ཡང་དེ་ཁོ་ན་བཞིན་དུ་མངོན་པར་ཤེས་པ་ནི་མ་ཡིན་ཏེ། ཁྱད་པར་འགའ་ཞིག་ལ་བར་དུ་གཅོད་པ་སྲིད་པའི་ཕྱིར། དཔེར་ན་ཉ་ཕྱིས་ཀྱི་དཀར་པོ་ཉིད་ལྟ་བུའོ། །གང་ལ་རྟོགས་པ་པོའི་འཁྲུལ་པའི་རྒྱུ་མཚན་མེད་པ་དེ་ཁོ་ན་ལ་ནི་དེ་མཐོང་བ་ཁྱད་པར་མེད་ཀྱང་འདིའི་དྲན་པ་ངེས་པར་འགྱུར་ཏེ། སྒྲོ་འདོགས་པ་དང་ངེས་པ་དག་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ངེས་པ། འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །དེས་དབེན་བ་ཉིད་གཞན་སེལ་བ་ཡིན་ནོ། །དེ་ལྟ་བས་ན་དེ་ཡང་དེ་ཙམ་གྱིས་སེལ་བའི་སྤྱོད་ཡུལ་ཅན་ཡིན་གྱི་དངོས་པོའི་རང་གི་ངོ་བོ་ངེས་པར་བྱེད་བའི་བདག་ཉིད་ནི་མ་ཡིན་ཏེ། དེ་ལྟར་ངེས་པ་ལ་ཡང་གཞན་མ་རྟོགས་པ་མཐོང་བའི་ཕྱིར་རོ། །དེའི་རང་གི་ངོ་བོ་ངེས་པ་ལ་ནི་དེ་མི་རུང་བའི་ཕྱིར་རོ། །ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ནི་ངེས་པ་དང༌། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །གཞན་དུ་དངོས་པོ་གཅིག་པུ་ལ། །སྒྲའམ་བློ་གཅིག་གིས་ཁྱབ་ན། །གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་པ་ནི་ཉིད་དུ་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གང་གི་ལྟར་བློ་ཁྱད་པར་ནི། །སྣ་ཚོགས་ཅན་དོན་ཐ་དད་འཛིན། །གང་ཞིག་ཁྱད་པར་རྣམས་ནི་ཕན་ཚུན་དང་རྟེན་ལས་ཐ་དད་པ་ཁོ་ན་ཡིན་ལ། དེའི་རྒྱུ་ཅན་གྱི་གཉེན་པོ་དག་ནི་དེ་དག་གི་རྟེན་ནམ་དེ་དག་ཁོ་ན་ལ་འཇུག་གོ །དེ་བས་ན་ཐལ་པ་འདིར་མི་འགྱུར་རོ་སྙམ་དུ་སེམས་པ་དེའི་ལྟར་ན་ཡང༌། །ཁྱད་པར་སྣ་ཚོགས་ལ་ཕན་པའི། །ཡན་ལག་ནུས་ལས་མི་གཞན་པའི། །བདག་ཉིད་བདག་ཉིད་ཀུན་གཟུང་ན། །ཕན་བྱའི་བྱེ་བྲག་གང་མ་ངེས། །ཁྱད་པར་ཐ་དད་པ་དག་ཁོ་ན་དོན་ལ་སྒྲ་དང༌། ཤེས་པ་གཞན་དག་གི་རྒྱུ་མཚན་ཡིན་དུ་


DTG174_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཀྱང་དེ་དང་ལྡན་པ་གཅིག་པུ་ཉིད་དེ་ནི་དེ་དག་གིས་ཉེ་བར་ལེན་ཏོ། །ཁྱད་པར་སྣ་ཚོགས་པ་ལ་ཕན་པའི་རྟེན་ནུས་པའི་ངོ་བོ་ཉིད་དེ་ནི་བདག་ཉིད་ལ་ཐ་དད་པ་མེད་པའི་ཕྱིར། བདག་ཉིད་ཐམས་ཅད་དུ་གཟུང་ན་ཁྱད་པར་གྱི་བྱེ་བྲག་མ་ངེས་པ་གང་ཞིག་ཡོད་དེ། ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་གཟུང་བའི་ཕྱིར་རོ། །རང་གི་ངོ་བོ་གཟུང་བ་དེའི་ཕན་པར་བྱེད་པ་ཉིད་མ་བཟུང་བ་གཞན་ན་ནི་མེད་པ་ཁོ་ནའོ། །དེའི་ཕྱིར་འདིའི་རང་གི་ངོ་བོར་གཟུང་བ་གང་ཡིན་པ་དེ་ཉིད་ཕན་པར་བྱེད་པ་ཉིད་དུ་ཡང་ཡིན་ནོ། །དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉི་ག་གཟུང༌། །ཁྱད་པར་དེ་དང་ལྡན་པ་ཕན་པར་བྱ་བ་དང༌། ཕན་པར་བྱེད་པའི་ངོ་བོ་བདག་ཉིད་དུ་གྱུར་པ་གཟུང་བའི་ཕྱིར་གཅིག་ཤེས་ན་གཉི་ག་གཟུང་བས་དེ་ཁྱད་པར་དུ་བྱས་པ་གཟུང་ན་ཡང་ཁྱད་པར་ཐམས་ཅད་གཟུང་བ་ཡིན་ཏེ། ཁྱད་པར་དང་ལྡན་པ་འཛིན་པ་ནི་དེ་འཛིན་པ་མེད་ན་དེ་མེད་པའི་ཕྱིར་རོ། །གཞན་དུ་ན་དེ་ལྟར་ཡང་འཛིན་པར་མི་འགྱུར་རོ། །གཞན་ལ་ཕན་པར་བྱེད་པ་གང་ཞིག་མ་བཟུང་བར་གྱུར་པ་གཞན་ནི་མེད་པ་ཉིད་དོ། །ཕན་པར་བྱེད་པ་དེ་ལྟར་གཟུང་ན་ཕན་བར་བྱ་བ་མ་བཟུང་བ་ཡང་མེད་དེ། དེ་ལ་ཡང་མ་བཟུང་བར་ཐལ་བར་འགྱུར་བའི་ཕྱིར་རྗེ་ཁོལ་བཞིན་ནོ། །དེའི་ཕྱིར་ཁྱད་པར་དོན་གཞན་ཡིན་པར་སྨྲ་བ་ལ་ཡང་ཐལ་བར་འགྱུར་བར་མཚུངས་སོ། །འོན་ཏེ་གང་དག་གིས་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་དག་ནི་ཐ་དད་པ་ཁོ་ན་སྟེ། དེའི་ཕྱིར་ཐལ་བ་འདིར་མི་འགྱུར་རོ་སྙམ་དུ་སེམས་ན། ཆོས་ཕན་ནུས་རྣམས་ཐ་དད་ན། །དེ་དག་དེའི་ཅི་ཡིན་གལ་ཏེ། །དེ་ལས་དེ་དག་ལ་ཕན་མེད། །དེ་ལྟ་ཡིན་ནི་ཐུག་མེད་འགྱུར། །གལ་ཏེ་ཁྱད་པར་རེ་རེ་ལ་ཕན་པར་བྱེད་པ་ཉིད་དག་ཡིན་ན་ནི་དེའི་རང་གི་བདག་ཉིད་དུ་གྱུར་པ་ངག་མ་ཡིན་པ་ཁོ་ན་སྟེ། དེ་ལས་ཕན་པ་ཉམས་སུ་མྱོང་བ་ཡང་མེད་ན་ཅི་སྟེ་དེའི་དེ་དག་ཡིན་ཞེས་བྱ། འོན་ཏེ་ཕན་ན་འདི་གཅིག་པུས་རང་གི་བདག་ཉིད་དུ་གྱུར་པའི་ནུས་པ་དག་གིས་ནུས་པ་ལ་ཕན་པ་བྱེད་པ་ན་ཁྱད་པར་གཅིག་གིས་གཟུང་ན་ཡང་བདག་ཉིད་ཐམས་ཅད་དུ་གཟུང་བ་ཁོ་ན་ཡིན་ཏེ། འདི་ལྟར་


DTG174_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གཟུང་ན་དེ་ལ་ཕན་འདོགས་པའི་ནུས་པ་བཟུང་བ་ཡིན་ནོ། །དེ་གཟུང་ན་དེ་ལ་ཕན་པར་བྱེད་པའི་དངོས་པོ་ནུས་པ་ལ་ཕན་པ་རང་གི་བདག་ཉིད་དུ་གྱུར་པ་མཐའ་དག་དང་ལྡན་པ་གཟུང་བས་ཐམས་ཅད་ཀྱི་ནུས་པ་འཛིན་པར་བྱེད་ལ། དེ་དག་གིས་ཀྱང་ཁྱད་པར་རྣམ་པར་འཛིན་པར་བྱེད་པས་ཐལ་བར་འགྱུར་པ་སོ་ན་འདུག་པ་ཡིན་ནོ། །འོན་ཏེ་ནུས་པ་ལ་ཕན་འདོགས་པའི་ནུས་པ་དེ་དག་ཀྱང་དངོས་པོ་ལས་ཐ་དད་པ་ཁོ་ན་ཡིན་ན། དེ་ལྟར་ན་ཁྱད་པར་དང་དེའི་ནུས་པ་རྣམས་ནུས་པ་གཞན་དག་ཁོ་ན་ལ་མཐར་ཐུག་པ་མེད་པར་སྦྱོར་བའི་ཕྱིར། །དེ་ལ་ཕན་པའི་བདག་ཉིད་དེ་གཅིག་པུ་ནམ་ཡང་དེ་དག་དང་མ་བཟུང་བས་དེ་དང་ལྡན་པ་ཉིད་དུ་འཛིན་པར་མི་འགྱུར་རོ། །ཡང་གལ་ཏེ་སྒྲ་དང་ཤེས་པ་རྣམས་ཀྱི་ཁྱད་པར་བདག་ཉི་ཚེ་ལ་ཉེ་བར་སྦྱོར་བར་འགྱུར་ལ། དེའི་ཚེ་དེ་དང་མ་འབྲེལ་བའི་ཕྱིར་དེ་རྟོགས་པའི་སྒོ་ནས་ཐམས་ཅད་རྟོགས་པར་མི་འགྱུར་རོ་ཞེ་ན། དེའི་ཚེ་ཡང་སྒྲ་དག་གིས་དེ་མ་འཕངས་པའི་ཕྱིར། དེ་ལ་སྒྲ་མི་འཇུག་པས་སྒྲ་སྦྱོར་བ་དེ་མེད་པར་འགྱུར་ཏེ། སྒྲུབ་པ་དང་དགག་པ་དག་གིས་ཐ་སྙད་ཐམས་ཅད་ནི་དོན་བྱེད་པའི་རྟེན་ཅན་ཡིན་པས་སོ། །ཁྱད་པར་རྣམས་ཀྱིས་ནི་དེར་མི་ནུས་ལ་ནུས་པ་ནི་མི་བརྗོད་པས་སྒྲ་སྦྱོར་བ་དག་གིས་ཅི་ཞིག་བྱ། དེའི་ཕྱིར་ཁྱད་པར་རྣམས་ནི་ཁྱད་པར་ཡང་མ་ཡིན་པར་འགྱུར་ཏེ། འགའ་ཞིག་ལ་ཞུགས་ན་ནི་གཙོ་པོ་འགའི་ཡན་ལག་ཏུ་གྱུར་པའི་ཕྱིར། དེ་ལ་ལྟོས་ནས་དེ་སྐད་ཅེས་བརྗོད་དོ། །སྒྲ་དག་གིས་དེ་མི་འཕེན་ན་ནི་དེ་དག་གང་གི་ཡང་ཡན་ལག་ཏུ་གྱུར་པ་མ་ཡིན་པས་ཅི་སྟེ་ཁྱད་པར་དག་ཡིན། གལ་ཏེ་ཤེས་པར་བྱས་པས་མཚོན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། ཐལ་བར་འགྱུར་བར་མཚུངས་ཏེ། རེ་ཞིག་མེད་ན་མེད་པའི་ཕྱིར་ཁྱད་པར་དེ་དག་གིས་དེ་ཉེ་བར་མཚོན་པ་ན་གཅིག་གིས་ཉེ་བར་མཚོན་ན་ཡང་བདག་ཉིད་ཐམས་ཅད་ཉེ་བར་མཚོན་པ་ཡིན་པས་ཐལ་བར་འགྱུར་བ་སོན་འདུག་པ་ཡིན་ནོ། །འདི་སྒྲས་ཉེ་བར་མཚོན་པར་བྱེད་ཀྱང་རུང༌། དེས་ཉེ་བར་མཚོན་པའི་ཁྱད་པར་དག་གིས་ཉེ་བར་མཚོན་པར་བྱེད་ཀྱང་རུང་སྟེ། འདི་ལ་ཁྱད་པར་ཅི་ཞིག་ཡོད།


DTG174_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དེའི་ཚེ་དེ་ཐམས་ཅད་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱེད་པས་དེ་ནི་གྱི་ནའོ། །དེའི་ཕྱིར། གཅིག་ལ་ཕན་བྱེད་གཟུང་ན་ནི། །དེ་ལས་མཐོང་ལ་མ་མཐོང་བ། །ཕན་པ་གཞན་མིན་དེ་ཡི་ཕྱིར། །དེ་གཟུང་ན་ནི་ཐམས་ཅད་གཟུང༌། །ཞེས་བྱ་བ་ནི་བསྡུ་པའི་ཚིགས་སུ་བཅད་པའོ། །གལ་ཏེ་འཁྲུལ་པ་བཟློག་པའི་ཕྱིར། །གཟུང་བ་ལ་ཡང་གཞན་འདོད་ན། །གལ་ཏེ་འདི་སྙམ་དུ་དངོས་པོ་ཆ་མེད་པ་གཟུང་ན། དེའི་ཚེ་མ་བཟུང་བ་གཞན་ཅི་ཞིག་ཡོད་དེ། དེ་ནི་འཁྲུལ་པས་ངེས་པར་མི་འཛིན་པས་ཚད་མ་གཞན་འཇུག་གོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན། །དེ་རྣམ་གཅོད་པའི་ཡུལ་ཅན་གྲུབ། །དེ་ལས་གཞན་ལའང་དེ་དང་འདྲ། །སྒྲོ་འདོགས་མེད་པའི་ཡུལ་ལ་ནི། །འཇུག་ཕྱིར། འཁྲུལ་པ་བཟློག་པའི་ཕྱིར་ཞུགས་པའི་ཚད་མ་དེ་ནི་གཞན་སྒྲོ་འདོགས་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པས། གཞན་སེལ་པའི་ཡུལ་ཅན་དུ་གྲུབ་ལ། གཞན་ཡང་དེ་དག་འདྲ་སྟེ། སྒྲོ་འདོགས་པ་མེད་པའི་ཡུལ་ལ་འཇུག་པའི་ཕྱིར་རོ། །གང་ལ་འདིའི་སྒྲོ་འདོགས་པ་ཡོད་པ་དེ་ལ་ངེས་པ་མེད་པ་དེའི་ཕྱིར་སྒྲོ་འདོགས་པ་མེད་པ་ལ་འཇུག་པ་ནི་གཞན་སེལ་བའི་ཡུལ་ཅན་དུ་འགྲུབ་བོ། །གཞན་ཡང་ངོ་བོ་གང༌། །ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་དག་ཡུལ། །ངེས་པ་རྣམས་ཀྱིས་རང་གི་དོན་རྟོགས་པ་ནི་ངེས་པ་གང་ཡིན་པ་འདི་ཁོ་ན་ཡིན་ན། གལ་ཏེ་རྣམ་པ་གཞན་བཞིན་དུ་མ་ངེས་ན། ཇི་ལྟར་དེ་དག་གིས་གཟུང་བ་ཡིན། ད་ནི་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་གཟུང་བ་ཡིན་ཞེ་ན། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་བ་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་བས་སོ། །དེ་བས་ན་ངེས་པ་དང་མ་ངེས་བའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ནོ། །ངེས་པ་རྣམས་ཀྱིས་ནི་དེ་ལྟར་མ་ཡིན་ཏེ། འགའ་ཞིག་ངེས་ཀྱང་གཞན་ལ་མ་ངེས་པས་འཇུག་པ་ཐ་དད་པས་འཛིན་པ་དང་མི་འཛིན་པ་ཡིན་ནོ། །དེའི་ཕྱིར་ངེས་པ་གང་ཡིན་པ་དེ་ཉིད་འདི་འཛིན་པ་ཡིན་ནོ། །


DTG174_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མ་ཡིན་ན་རྣམ་པ་གཅིག་ལ་ཡང་དེར་མི་འགྱུར་རོ། །ཡང་ཅིའི་ཕྱིར་ཐམས་ཅད་པས་ཐ་དད་པའི་དངོས་པོའི་ངོ་བོ་ལ་ཉམས་སུ་མྱོང་བ་སྐྱེས་ཀྱང་དེ་ཁོ་ན་བཞིན་དུ་དྲན་པའི་ངེས་པ་མི་འབྱུང་ཞེ་ན། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་རོ། །དེ་བས་ན། །ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་གཟུང་བའམ། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཐམས་ཅད་ལས་ཐ་དད་པ་ཆ་ཤས་དང་བྲལ་བའི་ངོ་བོ་ཉིད་ཉམས་སུ་མྱོང་མོད་ཀྱི་འོན་ཀྱང་དེ་ཙམ་གྱིས་ཁྱད་པར་ཐམས་ཅད་ལ་ངེས་པར་མི་འགྱུར་ཏེ། རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །ཉམས་སུ་མྱོང་བའི་རྣམ་པར་རྟོག་པ་ལ་ཇི་ལྟར་གོམས་པ་བཞིན་ངེས་པའི་ཤེས་པ་སྐྱེད་པར་བྱེད་དོ། །དཔེར་ན་གཟུགས་མཐོང་བ་ལ་ཁྱད་པར་མེད་ཀྱང༌། རོ་མྱང་བ་དང༌། ཉལ་པོ་བྱ་བ་དང༌། བཟའ་བར་བྱ་བའི་རྣམ་པར་རྟོག་པ་དག་ལྟ་བུའོ། །དེ་ལ་ནི་བློ་གསལ་བ་དང༌། འདི་བག་ཆགས་གོམས་པ་དང༌། སྐབས་ཤེས་བྱ་བ་ལ་སོགས་པ་ཡང་ཉམས་སུ་མྱོང་བ་ལས་ཁྱད་པར་ངེས་པ་སྐྱེ་བའི་ལྷན་ཅིག་བྱེད་པ་དག་ཡིན་ནོ། །དེ་དག་ཁོ་ན་ཤིན་ཏུ་ཉེ་བ་དང༌། ཆེས་ཤིན་ཏུ་ཉེ་བ་ལ་སོགས་པའི་བྱེ་བྲག་གིས་སྔ་ཕྱི་ཉིད་དུ་འགྱུར་ཏེ། དཔེར་ན་སྐྱེད་པར་བྱེད་པ་དང༌། འདོན་དུ་འཇུག་པར་བྱེད་པ་ཉིད་དུ་ཁྱད་པར་མེད་ཀྱང་ཕ་འོང་བ་མཐོང་ནས་བདག་གི་ཕ་འོང་ངོ་སྙམ་གྱི་མཁན་པོ་འོང་ངོ་སྙམ་པ་ནི་མ་ཡིན་པ་ལྟ་བུའོ། །ངེས་པ་དེར་ཡང་འགྱུར་བ་ན་འཁྲུལ་པའི་རྒྱུ་མེད་ན་མི་འགྱུར་རོ། །དེའི་ཕྱིར་ཉམས་སུ་མྱོང་བ་ཁོ་ནས་ནི་རྣམ་པ་ཐམས་ཅད་ཅེས་པ་མ་ཡིན་ནོ། །དེ་ལའང་གཞན་ལས་ལྡོག་པ་དང༌། །གཞན་ལས་ལོག་པ་ཞེས་བྱ་ཡི། །སྒྲ་དང་ངེས་པ་ཉིད་དག་ནི། །བརྡ་ཡི་རྗེས་སུ་བྱེད་པ་ཡིན། །གཞན་སེལ་བ་དེ་ལ་ཡང་ལྡོག་པ་ཡང་གཞན་ལོག་པ་ཡང་རྒྱུ་གཞན་པ་ཉིད་མེད་དེ། དེ་ལས་ལྡོག་པ་ལས་ལོག་པ་ལ་དེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་ལྡོག་པ་ཡང་མེད་དོ། །དེའི་ཕྱིར་ལྡོག་པ་གང་ཡིན་པ་དེ་ཉིད་ལོག་པ་ཡིན་ནོ། །སྒྲ་དང་རྟོགས་པའི་ཐ་དད་པ་ནི་བརྡའི་བྱེ་བྲག་གིས་ཡིན་གྱི། བརྗོད་པར་བྱ་བ་ལ་ནི་ཐ་དད་པ་མེད་དོ། །བརྗོད་པར་


DTG174_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཐ་དད་པ་མེད་པའི་ཕྱིར་བརྡའི་བྱེ་བྲག་ཀྱང་མི་རུང་སྟེ། གཉི་གས་གཅིག་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་ཐ་དད་པར་འབྱེད་པའི་རྣམ་པ་དབྱེ་བ་ཡང་མི་སྦྱར་བར་འགྱུར་ཏེ། དེ་ནི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ་ཞེ་ན། གཉི་གས་གཅིག་ཅིག་བརྗོད་མོད་ཀྱི། །བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། །སྒྲ་རྣམས་ཀྱི་འཇུག་པ་ཡུལ་གྱི་རང་གི་ངོ་བོ་ལ་རག་ལས་པ་ནི་འགའ་ཡང་མེད་དེ། འདོད་པས་འཇུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ཐ་དད་པའམ་ཐ་དད་པ་མ་ཡིན་པ་ལ་ཇི་ལྟར་སྦྱར་བར་འདོད་པ་དེ་ལྟར་སྦྱར་བ་ནི་དོན་དེ་གེགས་བྱེད་པ་མེད་པར་རབ་ཏུ་སྟོན་པར་བྱེད་དོ། །དེའི་ཕྱིར་བ་ལང་དང་བ་ལང་ཉིད་ཅེས་བྱ་བས་དོན་གཅིག་བརྗོད་མོད་ཀྱི། ཁྱད་པར་འགའ་ཞིག་ཤེས་པར་བྱ་བའི་ཕྱིར། བརྡས་ཁྱད་པར་བྱས་ན་དོན་གཞན་མ་ཡིན་ཀྱང་ཐ་དད་པའི་དོན་ཅན་གྱི་རྣམ་པར་དབྱེ་བས་དོན་ཐ་དད་པ་ལྟ་བུར་སྟོན་པར་སྣང་སྟེ། དེ་ལྟར་སྦྱོར་བ་མཐོང་བ་ལ་གོམས་པའི་ཕྱིར་རོ། །དེ་ཙམ་གྱིས་ཐམས་ཅད་ལ་ཐ་དད་པ་ནི་མ་ཡིན་ཏེ། གཞན་ལ་ཡང་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པ་ལ་གགས་བྱེད་པ་མེད་པའི་ཕྱིར། དཔེར་ན་གཅིག་ལ་འགའ་ཞིག་ཏུ་གཅིག་གི་ཚིག་གིས་སྒྲོ་འདོགས་ལ། དེར་ཁྱད་པར་མེད་ཀྱང་གུས་པ་ལ་སོགས་པ་བརྗོད་བའི་ཕྱིར། མང་པོའི་ཚིག་གིས་སྒྲོ་འདོགས་པ་ལྟ་བུའོ། །དགོས་པ་མེད་པའི་ཕྱིར་བརྡ་ཐ་དད་པར་མི་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་ཁོ་ན་སྟེ་འདི་ལྟར། ཁྱད་པར་གཞན་ནི་སྤོང་བ་དང༌། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། །གང་གི་ཚེ་རྟོགས་པར་བྱེད་པ་འདི་དེ་ལས་གཞན་རྣམ་པར་བཅད་པ་ཡོད་པ་ལ་མི་ལྟོས་པར་གོང་དུ་ཁྱད་པར་ལ་རྟ་རྣམ་པར་བཅད་པ་ཙམ་ཤེས་པར་འདོད་པ་ན། དེ་ལྟ་བུ་ཤེས་པར་བྱ་བའི་ཕྱིར་དེ་ལྟར་བརྡར་བྱས་པའི་སྒྲས་འདི་ལ་རྟ་མ་ཡིན་པ་ཉིད་ཡོད་དོ་ཞེས་བྱ་བར་རབ་ཏུ་ཤེས་པར་བྱེད་དོ། །གང་གི་ཚེ་རྣམ་པར་བཅད་པ་གཞན་གྱིས་མི་འདོད་པ་མེད་པར་དེ་ཤེས་པར་འདོད་པ་དེའི་


DTG174_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནི་དེ་ལྟར་རབ་ཏུ་བསྟན་པའི་ཕྱིར། རྣམ་པ་གཞན་པ་གཞན་ཡོངས་སུ་མ་སྤངས་པ་ལ་འདི་ནི་རྟ་མ་ཡིན་པ་ཡིན་ནོ། །ཞེས་རབ་ཏུ་སྦྱོར་རོ། །དེ་ཉིད་ཀྱི་ཕྱིར་སྔ་མ་ལ་ནི་སྒྲ་འཇུག་པ་ཁྱད་པར་གཞན་སྤངས་པའི་ཕྱིར་གཞི་མཐུན་པ་ཉིད་དམ། ཁྱད་པར་དང་ཁྱད་པར་གྱི་གཞི་དངོས་པོ་མ་ཡིན་ཏེ། འདིའི་བ་ལང་ཉིད་དཀར་པོ་ཞེས་བྱ་བ་ལྟ་བུའོ། །དེ་ཙམ་གྱི་ཁྱད་པར་གྱིས་བློ་དེའི་རྟེན་དུ་གྱུར་པ་གཅིག་པ་ཉིད་དུ་མི་སྣང་བའི་ཕྱིར་དང༌། འདོད་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་ནི་ཡོད་དེ་དེ་ལྟ་བུའི་བརྡའི་རྗེས་སུ་འབྲང་བའི་ཕྱིར། རྣམ་པར་བཅད་པའི་ཆོས་མཐའ་དག་བསྡུས་པས་རྣམ་པར་དབྱེ་བ་དང་ལྡན་པ་གཅིག་ལྟ་བུར་སྟོན་པར་སྣང་བའི་ཕྱིར་དང༌། རྣམ་པར་བཅད་པ་གཞན་འདོད་པ་དང་བཅས་པའི་ཕྱིར་རོ། །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དེ། །དེའི་ཕྱིར་དེ་དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །དེ་ལྟ་བས་ན་ཐམས་ཅད་དུ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་གིས་བརྗོད་པར་བྱ་བའི་དོན་ལ་ངེས་པའི་ཤེས་པའི་ཡུལ་ཉིད་དུ་ཁྱད་པར་འགའ་ཡང་མེད་དེ། གཅིག་གིས་ནི་དེ་ཉིད་ཤེས་པར་བྱེད་པ་ལ་ཁྱད་པར་གཞན་སྤངས་ཏེ་ཤེས་པར་བྱེད་པ་ལ། གཞན་གྱིས་ནི་མ་སྤངས་ཏེ། ཤེས་པར་བྱེད་པས་ཁྱད་པར་ནི་དེ་ཡོད་དོ། །དོན་དེ་ཤེས་པར་བྱེད་འདོད་པས། །དེ་ལ་ཕན་པའམ་བྱེད་ལྡན་པའམ། །གལ་ཏེ་གཞན་གྱིས་བརྗོད་ཀྱང་རུང༌། །དེ་ལས་ཁྱད་པར་གཞན་མེད་དོ། །ཁྱད་པར་དེ་ཙམ་ཁོ་ན་སྟོན་པར་བྱེད་པ་ན་དེ་ལྟ་བུའི་ཤེས་པར་བྱ་བའི་ཕྱིར་རོ། །བརྩེད་པ་ཉིད་ཅེས་དེ་ལ་ཕན་པས་སྟོན་ཀྱང་རུང༌། བརྩེད་པ་ཞེས་བྱེད་པ་དང་ལྡན་པས་ཀྱང་རུང༌། རང་གིས་བྱས་པའི་གཞུང་ལུགས་གཞན་གྱིས་ཀྱང་རུང༌། དེ་སྐད་དུ་བརྗོད་པ་ཙམ་གྱིས་ནི་དེ་དོན་གཞན་པ་ཉིད་དུ་འགྱུར་ཏེ། དེ་ལྟ་བུ་ཁོ་ན་ཤེས་པར་བྱ་བའི་ཕྱིར་སྒྲ་བརྡར་བྱས་པའི་ཕྱིར་རོ། །བརྩེད་པ་ཉིད་ཅེས་བྱ་བ་འབྲེལ་པ་ལ་བྱ་བ་མ་ཡིན་ནམ། འཚེད་པ་ཉིད་ནི་མ་ཡིན་ནོ་ཞེ་ན། ཇི་སྐད་དུ་བརྗོད་པ་ལྟ་བུར་འཚེད་པ་དང༌། འཚེད་པ་པོ་གཞན་འགའ་ཁོ་ན་ཞིག་བརྗོད་པ་ནི་མ་ཡིན་ནོ། །འདིའི་


DTG174_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་བསྟན་ཟིན་ཏོ། །དེ་ཉིད་འཚེད་པས་ཀྱང་བརྗོད་དོ། །གཏིང་མི་ཚུགས་པ་ལོག་པའི་རྣམ་པར་རྟོག་པ་དག་གིས་ཆོག་གོ །ཇི་ལྟར་བྱ་བ་དོན་གཞན་དུ་གྱུར་པ་འམ། དེ་དག་གི་འདུ་བ་མ་ཡིན་པ་དེ་ནི་འོག་ནས་ཤེས་པར་བྱའོ། །དེ་ཕྱིར་གཞན་སེལ་ཡུལ་ལ་ནི། །དེ་ལྡན་ཕྱོགས་ལ་བརྗོད་པ་བསལ། །རིགས་དང་དེ་དང་ལྡན་པ་དག །ཐ་དད་ཉིད་ན་ཉེས་པར་འགྱུར། །སྒྲའི་དོན་གཞན་སེལ་བ་ཅན་ལ་ཡང་དེས་ཁྱད་པར་དུ་བྱས་པ་བརྗོད་པའི་ཕྱིར། དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པའི་ཐལ་བ་ཐམས་ཅད་མཚུངས་པར་འགྱུར་རོ། །ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འདིས་བསལ་ཏེ། དེ་ལ་ནི་དོན་གཞན་ལ་བརྟེན་ནས་འཇུག་པའི་སྒྲ་རང་དབང་མེད་པ་ལ་སོགས་པའི་ཉེས་པས་གནོད་པར་འགྱུར་རོ། །གཞན་ལས་ལྡོག་པ་ནི་ལོག་པ་ལས་དོན་གཞན་པ་ཡང་མ་ཡིན་ཏེ། གཉི་གས་གཅིག་བརྗོད་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །ད་ནི་ལོག་པ་གཞན་གྱི་རྗེས་སུ་མི་འགྲོ་བའི་ཕྱིར། ཇི་ལྟར་གཞན་ལས་ལྡོག་པ་སྤྱི་ཡིན་ཞེ་ན། དེའི་བློ་ལ་དེ་ལྟར་སྣང་བའི་ཕྱིར་རོ། །སྤྱི་ཞེས་བྱ་བ་ནི་འགའ་ཡང་མེད་ཀྱི། སྒྲའི་རྟེན་ཅན་གྱི་བློ་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུས་ཆོས་མ་འདྲེས་པ་དག་ཀྱང་བསྲེ་ཞིང་སྐྱེའོ། །དོན་མེད་བཞིན་དུ་ཡང་དེ་སྣང་བའི་དབང་གིས་སྤྱི་དང་གཞི་མཐུན་པ་ཉིད་དུ་རྣམ་པར་གཞག་སྟེ། དོན་རྣམས་ལ་འབྲེལ་པ་དང་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱི་རྟེན་ནི་དེའི་འབྲས་བུ་དང་རྒྱུ་ཅན་ཉིད་ཀྱིས་གཞན་དག་ལས་ཐ་དད་པའི་དོན་རྣམས་ཡིན་ལ། སྒྲས་ཀྱང་མི་འདོད་པ་སྤངས་ཏེ་འཇུག་པར་བྱེད་པ་གཞན་སེལ་བའི་ཡུལ་ཅན་དུ་བཤད་དེ། དེ་ལ་ཕྱི་རོལ་གྱི་དོན་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པ་བློ་སྣང་བའི་དབང་གིས་གཅིག་པུ་དུ་མ་ལས་ལོག་པ་སྒྲ་རྣམས་དང༌། དེ་ཉམས་སུ་མྱོང་བའི་བག་ཆགས་སད་པ་ལས་སྐྱེ་བ་ཅན་གྱི་རྣམ་པར་རྟོག་པ་དེའི་དངོས་པོ་ངེས་པའི་དོན་ཅན་རྣམས་ཀྱི་ཡུལ་དུ་བྱེད་ཅིང་དེ་ཉིད་ལ་ཆོས་དང་ཆོས་ཅན་གྱི་ཐ་སྙད་ཕན་ཚུན་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་འདི་


DTG174_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བར་བྱེད་དོ། །ཆོས་ནི་ཆོས་ཅན་ལས་གཞན་པ་ཡང་མ་ཡིན་ཏེ། དོན་གཞན་མི་བརྗོད་པའི་ཕྱིར་རོ། །དེ་ཉིད་ཀྱང་མ་ཡིན་ཏེ། དེ་བརྗོད་པ་དག་བཞིན་དུ་ཆོས་བརྗོད་པ་རྣམས་ཀྱིས་ཀྱང་རྣམ་པར་གཅོད་པ་གཞན་འཕེན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་འདོད་པའི་ཤེས་པར་མི་འགྱུར་བའི་ཕྱིར་བརྡའི་ཁྱད་པར་མི་བྱ་བར་མི་འགྱུར་རོ། །ཆོས་དང་ཆོས་ཅན་དག་བརྗོད་པར་བྱ་བ་མ་ཡིན་པ་ཉིད་འདི་ནི་སྒྲའི་དོན་ལ་ཡིན་ནོ། །དངོས་པོ་ལ་ནི་རང་གི་མཚན་ཉིད་ལས་སྤྱིའི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་དག་ཐ་དད་པ་མ་ཡིན་ན། ཐ་དད་པ་ལ་དྲུག་པ་ལ་སོགས་པར་རྣམ་པར་དབྱེ་བ་མཐོང་བ་དང༌། ཆོས་མང་བའི་ཕྱིར་དེ་ལ་མང་པོའི་ཚིག་གི་བྱེ་བྲག་མཐོང་བ་ཡང་ཆོས་ཅན་གཅིག་ལ་མི་རུང་བ་མ་ཡིན་ནམ་ཞེ་ན། འདི་ལ་སྒྲ་རྣམས་ལ་རང་དབང་ཅན་ཉིད་ནི་མེད་དོ་ཞེས་བཤད་ཟིན་ཏོ། །གཞན་ཡང༌། གང་དག་གི་ཚིག་དངོས་པོའི་དབང༌། །ལྷུར་བརྗོད་འདོད་ལ་མི་བརྟེན་པ། །དེ་དག་ལ་ནི་དྲུག་པ་དང༌། །ཚིག་དབྱེ་ལ་སོགས་ཀླན་ཀ་རིགས། །གལ་ཏེ་སྒྲ་འདི་དག་སྐྱེས་བུ་རྣམས་ཀྱིས་འགའ་ཞིག་ལ་བྱ་བར་འདོད་དུ་ཟིན་ཀྱང་དུ་བ་ལ་སོགས་པ་བཞིན་དུ་དངོས་པོ་དང་འབྲེལ་པའི་ཕྱིར་བྱ་བར་མི་ནུས་ན་དེའི་ཚེ་ཇི་ལྟར་དྲུག་པ་ལ་སོགས་པར་འགྱུར། ཞེས་བྱ་བའི་ཀླན་ཀ་འདིར་འགྱུར་གྱི། གང་གི་ཚེ། ཕྱི་རོལ་དོན་ལ་མི་ལྟོས་པའི། །ཚིག་གང་སྨྲ་བོས་ཇི་ལྟ་བུར། །རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། །ཐ་དད་པ་ལ་ནི་དྲུག་པའོ། །མང་པོ་ལ་ནི་བྱེད་པ་པོ་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་དེ་ཡང་སྐྱེས་བུའི་འདོད་པ་ལ་མི་ལྟོས་པ་ཉིད་དུ་དངོས་པོ་ཉེ་བ་ཙམ་གྱིས་རང་ཉིད་ཞུགས་པ་ནི་མ་ཡིན་ཏེ། དེ་དག་ནི་དེ་ལ་དེ་ལྟར་སྦྱོར་བས་དེ་ལྟར་གོ་པར་འགྱུར་རོ། །དེ་བཞིན་དུ་གཞན་ལ་ལ་ཡང་དེ་དག་གིས་ཇི་ལྟར་ཡང་རུང་རབ་ཏུ་སྦྱར་བ་དེ་ཁོ་ན་བཞིན་དུ་གོ་བའི་རྒྱུ་དག་ཏུ་འགྱུར་རོ། །དེ་ལ་ནི་བརྗོད་པར་བྱ་བ་དག་སྐྱེས་བུ་ལ་རག་ལས་ཏེ། འཇུག་པའི་སྒྲ་དངོས་པོ་ཡང་དག་པར་མི་སྟོན་པ་ཇི་ལྟར་གོམས་པ་བཞིན་རྣམ་པར་རྟོག་


DTG174_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་སད་པའི་རྒྱུར་གྱུར་པ་རྣམས་འཇུག་པ་སེམས་པ་དང༌། དེའི་དབང་གིས་དངོས་པོ་རྣམ་པར་འཇོག་པ་ནི་བླུན་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །ཆོས་དང་ཆོས་ཅན་ལ་སོགས་པ་ལ་སྒྲ་དག་དེ་ལྟར་རྣམ་པར་གཞག་པར་བྱས་ཀྱི། ལྡོག་པ་དང་དངོས་པོ་ཐ་དད་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེ་ལྟར་ན་ཐ་སྙད་མི་རུང་བའི་ཕྱིར་ཏེ། ཆོས་དང་ཆོས་ཅན་དག་ཐ་དད་པའམ། དེའི་ངོ་བོ་ཡིན་པའམ། སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་ནོ། །སྤྱི་དང་དེ་དག་གི་འབྲེལ་པ་དང༌། གཞི་མཐུན་པ་ཉིད་དང༌། ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་དག་མི་རུང་ངོ་ཞེས་འཆད་པར་འགྱུར་རོ། །གང་ཡང་སྒྲ་འཇུག་པའི་ཁྱད་པར་འདི་ནི་ཐམས་ཅད་དུ་དངོས་པོས་བྱས་པ་ཁོ་ནར་འདོད་པ་དེའི། བཙུན་མོ་རྣམས་གྲོང་དྲུག་ལ་སོགས། །ཐ་དད་ཐ་དད་མིན་གཞན་པའམ། །ནམ་མཁའི་རང་བཞིན་ནམ་མཁའ་ཉིད། །ཅེས་བྱ་བ་འདི་ལ་རྒྱུ་ཅི་ཡོད། གང་གི་ཚེ་བུད་མེད་གཅིག་ལ་ཡང་བཙུན་མོ་རྣམས་ཞེས་བྱ་བ་དང༌། བྱེ་མ་གཅིག་ལ་ཡང་བྱེ་མ་རྣམས་ཞེས་ཐ་སྙད་འདོགས་པ་དེ་ལ་གང་གིས་ན་དེ་ལྟ་བུར་འགྱུར་བའི་མང་པོ་ཉིད་ཅི་ཞིག་ཡོད། གལ་ཏེ་ནུས་པ་ཐ་དད་པ་ཡིན་ནོ་ཞེ་ན། དེ་ནི་ཐམས་ཅད་དུ་གཅིག་གིས་ཚིག་ཉམས་པ་ཡིན་ཏེ། ནུས་པ་གཅིག་པ་མེད་པའི་ཕྱིར་རོ། །འབད་པ་ཡང་དོན་མེད་དོ། །གལ་ཏེ་དངོས་པོ་ཐ་མི་དད་པའི་ཕྱིར་གཞན་ལ་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། འདི་ལ་ཡང་འགྱུར་རོ། །དེའི་ཕྱིར་ངེས་པ་དངོས་པོ་མ་ཡིན་པ་འདི་བྱེད་པ་ན། སྒྲ་སྦྱོར་བ་ལ་འདོད་པ་རང་དབང་ཅན་དུ་སྟོན་པ་ཡིན་ནོ། །གྲོང་ཁྱེར་དྲུག་ཅེས་བྱ་བ་ཡང་ཇི་ལྟར་མང་པོ་དག་ལ་གཅིག་གི་ཚིག་ཏུ་འགྱུར། གྲོང་ཁྱེར་ཉིད་ཀྱང་ཅུང་ཟད་ཀྱང་མེད་ན། དེ་རྣམས་ལ་སྡུད་པ་ལྟ་གལ་ཡོད། ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་རིགས་མི་མཐུན་པ་རྣམས་ཀྱིས་མི་རྩོམ་པའི་ཕྱིར། དེ་རྣམས་ཀྱི་སྤྱི་ལྟ་ཞིག་རྫས་གང་ལ་ཡིན་ཏེ། ལྡན་པ་མེད་པའི་ཡང་ཕྱིར་རོ། །ལྡན་པ་ནི་མ་ཡིན་ཏེ། ཁང་བཟངས་རང་ཉིད་ལྡན་པའི་བདག་ཉིད་


DTG174_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་གཞན་དང་མི་ལྡན་པའི་ཡང་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གྲངས་ཀྱང་མེད་དེ། གལ་ཏེ་གོང་ཁྱེར་ནི་ལྡན་པ་དེ་དང་སྐྱེས་བུས་ཁྱད་པར་དུ་བྱས་པའི་ཡོད་པ་ཡིན་ནོ་ཞེན། བོགས་དབྱུང་དུ་མེད་པ་འདི་ལ་ཁྱད་པར་ཅི་ཞིག་ཡོད། ཡོད་པ་ཡང་གཅིག་ཡིན་པའི་ཕྱིར། གྲོང་ཁྱེར་མང་པོ་ཉིད་ལ་ཡང་གྲོང་ཁྱེར་རྣམས་ཞེས་མང་པོའི་ཚིག་ཏུ་མི་འགྱུར་རོ། །གལ་ཏེ་གཉིས་ཕན་ཚུན་གྲོགས་བྱེད་པ་ཉིད་ཡིན་ནོ་ཞེ་ན། ཕན་པར་བྱ་བ་དང་ཕན་པར་བྱེད་པ་པོ་མ་ཡིན་པ་དག་ལ་གྲོགས་བྱེད་པའི་དངོས་པོ་ཅི་ཞིག་ཡོད། སྐྱེས་བུ་དང་ལྡན་པ་དང༌། ཡོད་པ་རྣམས་ཀྱང་མང་བའི་ཕྱིར། ཇི་ལྟར་གྲོང་ཁྱེར་ཞེས་གཅིག་གི་ཚིག་ཏུ་འགྱུར། གལ་ཏེ་དེ་ལྟ་བུ་རྣམས་དོན་འགའ་ཞིག་ལ་ནུས་པ་ཐ་མི་དད་པ་ཡོད་པས་དེ་རྒྱུ་མཚན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ནུས་པ་ནི་དངོས་པོའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །བམ་པོ་གསུམ་པ། འོན་ཏེ་ཐ་དད་ན་ནི་ཕན་པར་བྱ་བ་མ་ཡིན་པ་ལ་གཞན་གྱི་དབང་མི་རུང་བའི་ཕྱིར། །འོན་ཏེ་ཕན་ན་ནི་ནུས་པ་ལ་ཕན་འདོགས་པའི་ནུས་པས་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་དོ། །འོན་ཏེ་དེ་དང་ཐ་མི་དང་པོ་ལ་ཡང་ཐལ་བར་འགྱུར་བས་ད་ནི་གྱི་ནའོ། །ནམ་མཁའི་རང་བཞིན་ནམ་མཁའ་ཉིད་ཅེས་བྱ་བ་ཐ་དད་པའི་རྟེན་གྱི་དྲུག་པར་ཡང་མི་འགྱུར་ཏེ། དེ་ལ་སྤྱི་ནི་མེད་དོ། །ཁྱབ་པ་ཉིད་ལ་སོགས་པ་ཡོན་ཏན་རྣམས་ལ་དེ་སྐད་དུ་བརྗོད་པ་ཡང་མ་ཡིན་ཏེ། དོན་གཞན་པ་ནི་དེའི་རང་བཞིན་ཡིན་པ་ཉིད་དུ་མི་རུང་བའི་ཕྱིར་དང༌། དེ་དག་ཀྱང་རང་བཞིན་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་ཡང་རང་བཞིན་དོན་གཞན་པ་ཅན་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་རྟོགས་པ་མེད་དོ། །དེ་བཞིན་དུ་དངོས་པོ་དྲུག་གི་ཚོགས་ལ་སོགས་པ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལ་སྤྱི་དང་གྲངས་དང་ལྡན་པ་ནི་མི་སྲིད་དོ། །ད་ནི་ཁྱད་པར་མེད་ན་ཇི་ལྟར་ནམ་མཁའི་རང་བཞིན་ཞེས་བྱའི། ནམ་མཁའ་ཞེས་བྱ་བ་ཁོ་ན་ནི་མ་ཡིན་ཞེ་ན། ནམ་མཁའི་དོན་གཞན་དང་ཐུན་མོང་བའི་ངོ་བོ་ལ་མི་ལྟོས་པར་ནམ་མཁའ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུའི་ངོ་བོ་ལ་དེ་ལྟ་བུར་ཤེས་པར་འདོད་པ་དེ་སྐད་དུ་བརྗོད་དོ། །ཐམས་ཅད་


DTG174_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོག་པའི་རང་གི་ངོ་བོ་བརྗོད་པར་མི་སྲིད་བ་མ་ཡིན་ནམ་ཞེ་ན། ངོ་བོ་ཉིད་དེ་བློ་ལ་འཇོག་པ་ནི་མ་ཡིན་ཏེ། དབང་པོས་མི་སོད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། འདི་ནི་དེ་ལྟ་བུ་ཤེས་པར་བྱའོ་སྙམ་ནས་སྒྲས་ཉན་པ་པོ་ལ་རྣམ་པར་རྟོག་པའི་གཟུགས་བརྙན་དེའི་རང་གི་ངོ་བོ་དང་མ་འབྲེལ་པ་གཏོད་པར་བྱེད་པ་འབའ་ཞིག་ཏུ་ཟད་དེ། འདི་ལྟར་དོན་མ་མཐོང་བ་ལ་ནི་དོན་གྱི་རྣམ་པར་རྟོག་པ་ཙམ་མོ་ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ན་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པ་དག་གིས་རང་གི་མཚན་ཉིད་རྟོགས་པ་དང༌། བསྟན་པ་ནི་མ་ཡིན་ཏེ། མཐོ་རིས་ལ་སོགས་པ་ཐོས་པ་ལ་ཡང་དེ་ཉམས་སུ་མྱོང་བ་དག་དང་འདྲ་བར་སྣང་བ་ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདིས་དངོས་པོའི་རང་གི་ངོ་བོ་མ་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ལྟ་བུ་ཁོ་ན་ལ་དེར་ལྷག་པར་ཞེན་པས་མགུ་བར་འགྱུར་ཏེ། སྒྲའི་དོན་རྟོགས་པ་ནི་དེ་ལྟ་བུ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་རང་གི་མཚན་ཉིད་བསྟན་ཏོ་ཞེས་དེ་སྐད་དུ་བརྗོད་ཀྱི། རང་གི་ངོ་བོ་སྣང་བའི་རྣམ་པར་ཤེས་པ་ཁོ་ན་བསྐྱེད་པའི་ཕྱིར་ནི་མ་ཡིན་ནོ། །ད་ནི་འོ་ན་ཇི་ལྟར་གཅིག་ཏུ་ལོག་པའི་ངོ་བོ་ཅན་རྣམས་ལ་སྤྱི་ཞེས་བྱ་སྟེ། དེ་དག་མ་འབྲེལ་བའི་ཕྱིར་དང༌། གཞན་ཡང་མེད་པའི་ཕྱིར་རོ་ཞེ་ན། སྤྱི་ཇི་ལྟ་བུ་ཡིན་པ་ནི་བཤད་ཟིན་ཏེ། མ་འདྲེས་པ་རྣམས་ཀྱི་ཅིག་ཤོས་དང་མ་འབྲེལ་བ་དེ་ནི་དེ་ལས་ལྡོག་པ་ཅན་རྣམས་ཀྱི་འདྲ་བ་ཉིད་ཡིན་ནོ་ཞེས་བཤད་དོ། །གཞན་ཡང༌། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པའི། །ཀུན་རྫོབ་དེས་བདག་ཐ་དད་ཀྱང༌། །ཐ་དད་པ་ཉིད་བསྒྲིབས་པ་ཡི། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །རྣམ་པར་རྟོག་པ་ཅན་གྱི་བློ་ནི་དེ་དག་ལས་གཞན་པ་ལས་ལྡོག་པ་ཅན་གྱི་དངོས་པོ་རྣམས་ལ་བརྟེན་ནས་སྐྱེ་བ་ན། རང་


DTG174_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གི་བག་ཆགས་ཀྱི་རང་བཞིན་བྱེད་ཅིང་དེ་དག་གི་ངོ་བོ་ཐ་དད་པ་མི་སྣང་བར་བྱས་ནས། བདག་ཉིད་ཀྱི་རྣམ་པ་ཐ་དད་པ་མེད་པ་ཞེན་པར་བྱས་ཏེ། དེ་རྣམས་འདྲེས་པར་ཀུན་དུ་སྟོན་ཏོ། །བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་གཅིག་པ་ཅན་ཉིད་ཀྱིས་ན་གཞན་ལས་ཐ་དད་པའི་དངོས་པོ་རྣམས་དང༌། རྣམ་པར་རྟོག་པ་དེའི་བག་ཆགས་ཀྱི་རང་བཞིན་ན་དེ་དག་ལས་སྐྱེ་བ་ཅན་འདི་དེ་ལྟ་བུར་སྣང་བ་གང་ཡིན་པ་དེ་ཡིན་ནོ། །ད་ནི་ཀུན་རྫོབ་སྟེ་འདིས་རང་གི་ངོ་བོས་གཞན་གྱི་ངོ་བོ་སྒྲིབ་པའི་ཕྱིར་རོ། །དེ་དག་ནི་དེས་ཐ་དད་པ་བསྒྲིབས་པས་བདག་ཉིད་ཀྱིས་ཐ་དད་ཀྱང་ངོ་བོ་འགའ་ཞིག་གིས་ཐ་མི་དད་པ་བཞིན་དུ་སྣང་ངོ༌། །དེ་བས་ན་རྗེས་སུ་བྱེད་པ་རྣམས་ཀྱི་བློའི་སྣང་བ་ལ་བློ་ལ་སྣང་བའི་དངོས་པོ་ལ་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པས་ཕྱི་རོལ་ལྟ་བུར་ཀུན་ཏུ་འཕྲོ་བ་དེ་དག་ཁོ་ནའི་སྤྱི་ཡིན་བར་བརྗོད་དོ། །ད་ནི་ཇི་ལྟར་གཞན་སེལ་བའི་སྤྱི་ཡིན་ཞེ་ན། དེ་ཉིད་གཞན་སེལ་བ་ཡིན་ཏེ། དེ་ན་དེ་ཁོ་ན་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས་འཁྲུལ་པའི་ཕྱིར་དངོས་པོ་འཛིན་པ་ལྟ་བུར་སྣང་ངོ༌། །དེ་ནི་དེ་ལས་གཞན་པ་ལས་ཐ་དད་པའི་དངོས་པོ་རྣམས་ཁོ་ན་ལ་སྐྱེ་བ་ན་ཐ་དད་པའི་ཡུལ་ཅན་ཞེས་བྱ་བར་ཤེས་སོ། །ཕྱི་རོལ་པ་རྣམས་ཐ་དད་པ་ཡིན་ན་དེ་དག་ལ་ནི་རྣམ་པར་རྟོག་པ་མི་འཇུག་པ་ཡིན་ནམ། ཇི་ལྟར་དེ་དག་ལ་སྐྱེ་ཞེ་ན། འཆད་པར་བྱེད་པ་རྣམས་དེ་ལྟར་རྣམ་པར་འབྱེད་པར་བྱེད་ཀྱི། ཐ་སྙད་འདོགས་པར་བྱེད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་རང་གི་དམིགས་པ་ཁོ་ན་དོན་བྱེད་པར་རུང་བར་སེམས་ཤིང་སྣང་བ་དང༌། རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་གོ །དེ་དག་གི་བསམ་པའི་དབང་གིས་དེ་སྐད་ཅེས་བྱ་བ་དང༌། དེ་བཞིན་དུ་སྒྲས་དེ་བྱེད་པ་ཉིད་ཀྱིས་དེ་བྱེད་པ་མ་ཡིན་པ་དག་ལས་ལོག་པ་རྣམས་སྟོན་པར་བྱེད་དོ་ཞེས་བརྗོད་དོ། །དེ་ཁོ་ན་ཉིད་སེམས་པར་བྱེད་པ་རྣམས་ནི། སྣང་བ་ཐ་དད་པ་ལ་སོགས་པའི་སྒོ་ནས་ཐ་དད་པ་མེད་པར་མི་སེམས་སོ། །གལ་ཏེ་རྟོགས་པ་པའི་བསམ་པའི་རྗེས་སུ་བྱེད་ན་གཞན་སེལ་བ་ཡང་སྤྱི་ཡིན་པར་འགྱུར་ཏེ། དེ་ལྟར་རྟོགས་པ་ནི་མེད་དོ་ཞེ་ན། དེ་ལྟར་


DTG174_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་བསལ་བ་ལས་ཐ་དད་པ་དང་ཐ་མི་དད་པ་དང༌། གཅིག་པ་དང་ཁྱབ་པ་ཉིད་ལ་སོགས་པའི་རྣམ་པས་ཀྱང་མི་རྟོགས་པ་ཉིད་དོ། །བློ་རྣམ་པ་ཐ་མི་དད་པ་ཅན་སྐྱེ་བ་དེའི་རྟེན་གང་ཡིན་ཞེ་ན། གཞན་སེལ་བ་ཡིན་ནོ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་དེ། དེ་ནི་དངོས་པོ་རྣམས་ལ་ཡོད་པའི་ཕྱིར་དང༌། འགལ་བ་མེད་པའི་ཕྱིར་དང༌། སྒྲའི་རྟེན་ཅན་གྱི་ཐ་སྙད་ཀྱང་དེ་ལྟར་སྣང་བའི་ཕྱིར་རོ། །བློ་འདི་ཇི་ལྟར་སྣང་བ་ལྟ་བུར་སྤྱི་ཞེས་བྱ་བ་དངོས་པོར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དེ། འདི་ལྟར། བསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །བསལ་བ་འདི་དག་ནི་ཕན་ཚུན་རྗེས་སུ་འགྲོ་བ་མ་ཡིན་ཏེ། ཐ་དད་པ་མེད་པས་སྤྱི་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་རྣམས་ལས་གཞན་པ་ཐ་དད་པ་ཡང་ཅུང་ཟད་ཀྱང་དེ་ལྟ་བུའི་བློ་ལ་མི་སྣང་སྟེ། མི་སྣང་ན་ཇི་ལྟར་བདག་ཉིད་དུ་གཞན་འཛིན་པའམ་ཐ་སྙད་འདོགས་པར་བྱེད་དེ། དེ་དག་དང་འབྲེལ་པ་གཅིག་ཡོད་པའི་ཕྱིར་ཡང་སྤྱི་ཡིན་པར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཐ་མི་དད་པའི་བརྗོད་པ་དང༌། བློའི་རྒྱུ་མཚན་དུ་གྱུར་པ་གཅིག་སྤྱི་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་གྱི་སྒོ་ནས་གཞན་གྱི་ལ་ཤེས་པ་འཇུག །དེ་དང་འབྲེལ་པའི་ཕྱིར་རོ་ཞེ་ན། གྲངས་དང་འབྲས་བུའི་རྫས་ལ་སོགས་པ་ཡོད་ན་ཡང་ཐལ་བར་འགྱུར་རོ། །གལ་ཏེ་སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་རོ་ཞེ་ན། སྤྱིའི་བདག་ཉིད་འདི་གང་ཡིན་ཞེས་དེ་ཉིད་དཔྱོད་པ་མ་ཡིན་ནམ། དེ་ལ་འབྲེལ་པ་ཡོད་ན་ཤེས་པ་འཇུག་སྟེ། དེས་ན་སྤྱི་ཡིན་ནོ་ཞེས་སྨྲས་པ་དེ་ལ་བཤད་པ་རྒྱུ་མཚན་སྲིད་པའི་ཕྱིར་རྫས་ལ་སོགས་པ་དུ་མ་དང་འབྲེལ་པ་ཅན་དག་ལས་ཀྱང་ཤེས་པ་འཇུག་སྟེ། དེའི་ཕྱིར་སྤྱིའི་བདག་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་ལ་ཡང་མི་འཇུག་སྟེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་རྫས་དང་ཡོན་ཏན་དང་སྤྱི་རྣམས་ཀྱི་ངོ་བོ་འཆོལ་བ་ཡིན་ནོ། །དེ་ལྟ་ན་འོ་ན་ནི། བློའི་སྣང་བ་ཁོ་ན་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་ཡོད་པ་ཉིད་


DTG174_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྱི་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཤེས་དང་ཐ་དད་མ་ཡིན་པ། ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཤེས་པ་པོའི་ངོ་བོ་ཇི་ལྟར་དོན་གཞན་རྣམས་ཀྱི་སྤྱི་ཡིན་ཏེ། དེ་ནི་དེ་རྣམས་ལ་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ངོ་བོ་ཞེན་པའི་ཕྱིར། དེ་ལྟར་འཁྲུལ་པས་ཐ་སྙད་འདོགས་སོ་ཞེ་ན། དེ་ལ་དེ་ལྟར་ཤེས་པ་སྐྱེ་བའི་རྒྱུ་གང་ཞིག་ཡིན། རྟེན་མེད་པར་སྐྱེ་ན་ནི་ཐམས་ཅད་ལ་འགྱུར་རོ་རྣམ་པ་གཅིག་ཏུ་ན་ཤེས་པ་གཅིག་དང༌། ཐ་དད་པ་མ་ཡིན་པ་ཇི་ལྟར་ཤེས་པ་གཞན་བསལ་བ་གཞན་ལས་བྱུང་བའི་ངོ་བོ་ཡིན། དེའི་ཕྱིར་ཤེས་པ་གཞན་དང་བསལ་བ་གཞན་ལ་ཁྱད་པར་བྱེད་པ་མ་ཡིན་པ་ཇི་ལྟར་སྤྱི་ཡིན་པར་འགྱུར། དེ་ལྟས་དོན་ལ་གཅིག་བདག་ཏུ། །འཛིན་པའི་རྣམ་རྟོག་འདི་འཁྲུལ་པ། །དོན་རྣམས་ནི་ཐ་དད་པའམ་ཐ་དད་པ་མ་ཡིན་པས་ཀྱང་རུང་བདག་ཉིད་གང་གིས་ཀྱང་མཚུངས་པ་མ་ཡིན་པས་དེ་རྣམས་ལ་དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་ནི་འཁྲུལ་པ་ཡིན་ནོ། །མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་པ་འདིའི་ས་བོན་ཡིན། །བསྒྲུབ་པར་བྱ་བ་ཐ་མི་དད་པ་ཅན་གྱི་དངོས་པོ་རྣམས་དེའི་བསྒྲུབ་པར་བྱ་བ་ཅན་མ་ཡིན་པ་དག་ལས་ཤེས་པར་བྱ་སྟེ། དེ་དག་ཡོངས་སུ་སྤངས་ནས་འཇུག་པར་འགྱུར་བར་གང་ཞིག་ཤེས་པར་བྱ་བའི་ཕྱིར་བརྡར་བྱེད་པ་ཕན་ཚུན་ཐ་དད་པ་དེ་ནི་ནོར་བའི་རྣམ་པར་རྟོག་པ་གཅིག་གི་བདག་ཉིད་དུ་སྣང་བ་ཅན་དེའི་ས་བོན་ཏེ། རྣམ་པར་རྟོག་པ་འདི་ནི་དེ་ཁོ་ན་འཛིན་པ་ན་རང་གི་བག་ཆགས་ཀྱི་རང་བཞིན་ལས་དེ་ལྟར་སྣང་ངོ༌། །ཡང་ཇི་ལྟར་ན་གང་གིས་ན་དེ་མ་ཡིན་པ་དག་ལས་ལོག་པའི་ཕྱིར་ཐ་མི་དད་པ་ཞེས་བརྗོད་པ། ཐ་དད་པ་རྣམས་ཀྱི་འབྲས་བུ་ཐ་མི་དད་པ་ཡིན་ཞེ་ན། དངོས་པོ་རྣམས་ཀྱི་རང་བཞིན་ནི་འདི་ལྟ་བུ་ཡིན་ཏེ། །གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་བསྒྲུབ་ལ་ཁ་ཅིག་ནི། །ཐ་དད་ཡིན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །ཇི་ལྟར་དབང་པོ་དང་ཡུལ་དང་སྣང་བ་དང༌། ཡིད་ལ་བྱེད་པ་རྣམས་སམ། བདག་དང་དབང་པོ་དང་ཡིད་


DTG174_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་དང་དེ་རྣམས་ཕྲད་པས་དེའི་ངོ་བོར་ངེས་པའི་སྤྱི་མེད་ཀྱང༌། གཟུགས་ཀྱི་རྣམ་པར་ཤེས་པ་གཅིག་བསྐྱེད་པ་དེ་བཞིན་དུ། ཤིང་ཤ་པ་ལ་སོགས་པ་ཐ་དད་པ་དག་ཀྱང་ཕན་ཚུན་རྗེས་སུ་མི་འགྲོ་བ་ཡང་རང་བཞིན་ཁོ་ནས་རྣམ་པ་གཅིག་ཏུ་མངོན་པར་ཤེས་པའམ། གཞན་མེ་དང་ཁྱིམ་ལ་སོགས་པ་ཤིང་གིས་བསྒྲུབ་པར་བྱ་བའི་དོན་བྱ་བ་རྐྱེན་ཇི་ལྟ་བ་བཞིན་དུ་སྐྱེད་པར་བྱེད་དོ། །ཐ་དད་པ་ཁྱད་པར་མེད་ཀྱང་ཆུ་ལ་སོགས་པ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ལ་རྣ་བ་ལ་སོགས་པ་ལྟ་བུའོ། །དཔེར་སྨན་ཁ་གཅིག་ཐ་དད་ཀྱང༌། །ལྷན་ཅིག་པའམ་མ་སོ་སོ་ཡིས། །རིམས་ལ་སོགས་པ་ཞི་བྱེད་པ། །གཞན་གྱིས་མ་ཡིན་མཐོང་བ་བཞིན། །ཡང་ན་དཔེར་ན་སླེ་ཏྲེས་ཀྱིས་བསལ་བ་ལ་སོགས་པ་ལྷན་ཅིག་པའམ། སོ་སོར་རིམས་ལ་སོགས་པ་ཞི་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་བྱེད་པ་ལྟ་བུའོ། །དེ་ལ་སྤྱི་ལ་ལྟོས་པ་ནི་མེད་དོ། །ཐ་དད་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེར་ཁྱད་པར་མེད་ཀྱང་ཞོ་དང་ག་གོན་ལ་སོགས་པ་ལས་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་དེ་ལྟ་བུ་དེ་དག་ལ་སྤྱི་ཉིད་ཅུང་ཟད་ཅིག་ཡོད་དེ། དེ་ཁོ་ན་ལ་འབྲས་བུ་གཅིག་པ་དེར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། སྤྱི་ཁྱད་པར་མེད་ཕྱིར་སྤྱིས་འབྲས་བུ་དེ་བྱེད་པ་མ་ཡིན་ནོ། །དེ་དག་ཞིང་སོགས་ཐ་དད་ཀྱང༌། །ཁྱད་པར་མེད་པར་ཐལ་འགྱུར་ཞིང༌། །གལ་ཏེ་སྤྱི་ལས་རིམས་ལ་སོགས་པ་ཞི་བའི་འབྲས་བུར་འགྱུར་ན། དེ་ལ་ཁྱད་པར་མེད་པའི་ཕྱིར། །བསལ་བ་རྣམས་ཀྱི་ཞིང་ལ་སོགས་པ་ཐ་དད་ཀྱང༌། ཞི་བ་མྱུར་བ་དང༌། བུམ་པ་ལ་སོགས་པའི་ཁྱད་པར་དང༌། ཡོན་ཏན་མཆོག་དང༌། ཆེས་མཆོག་ཏུ་ཡང་མི་འགྱུར་རོ། །འོན་ཏེ་སྤྱི་ལ་ཁྱད་པར་ཡོད་ན་ནི་ངོ་བོ་ཉིད་ཐ་དད་པའི་ཕྱིར་རང་གི་ངོ་བོ་ཉམས་པ་ཡིན་ནོ། །སྤྱི་བརྟན་པས་ཕན་འདོགས་མེད་ཕྱིར་ཡང་གལ་ཏེ་འདིས་ཕན་འདོགས་པར་བྱེད་ན་ནི། བོགས་དབྱུང་དུ་མེད་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར། རང་གི་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེད་པར་འགྱུར་རོ། །ཡང་ན་ནི་བསྐྱེད་


DTG174_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་མ་ཡིན་ནོ། །བསལ་བ་དུས་དང༌། ཡུལ་དང་ལེགས་པར་བྱ་བའི་དབང་གིས་ཁྱད་པར་འབྱུང་བ་ཅན་རྣམས་ནི་འབྲས་བུ་ཁྱད་པར་ཅན་བྱེད་པ་ཞེས་བྱ་བ་ལ་འགལ་བ་མེད་དོ། །དེ་བཞིན་དུ་དོན་ཁ་ཅིག་ཀྱང་རང་གི་ངོ་བོ་ཐ་དད་ཀྱང༌། གཅིག་ཏུ་མངོན་པར་ཤེས་པ་ལ་སོགས་པའི་དོན་བྱ་བ་བྱེད་པ་ན། དེ་མི་བྱེད་པ་ཅན་དག་ལས་ཐ་དད་པའི་ཕྱིར་རམ། གཅིག་གིས་དུ་མ་བསྐྱེད་པ་ན་དེས་བསྐྱེད་པར་བྱ་བ་མ་ཡིན་པ་དག་ལས་ཐ་དད་པའི་ཕྱིར། ཐ་མི་དད་པ་ཞེས་བྱའོ། །ཡང་ཅི་མཚན་ཉིད་ཐ་དད་པ་ཅན་གྱི་སྤྱི་འདི་རང་གི་མཚན་ཉིད་དང་མཚུངས་སོ་ཞེས་བྱ་བར་ཤེས་པར་བྱའམ། འོན་ཏེ་གཞན་ཁོ་ན་དང་ཡིན་ཞེ་ན། དེ་ལས་ཅིར་འགྱུར། གལ་ཏེ་རང་གི་མཚན་ཉིད་ཡིན་ན་ནི་ཇི་ལྟར་རྣམ་པར་རྟོག་པའི་ཡུལ་ཡིན། ཡང་ན་ནི་གཞན་གྱི་ཇི་ལྟར་དོན་བྱེད། རང་གི་མཚན་ཉིད་ལ་མི་རྟག་པ་ཉིད་ལ་སོགས་པ་མི་རྟོགས་པའི་ཕྱིར་དེའི་ངོ་བོ་མ་ཡིན་ལ། དེ་དག་ཀྱང་དངོས་པོའི་ཆོས་ཉིད་མ་ཡིན་ནོ་ཞེ་ན། དེས་ནི་ཉེས་པ་མེད་དེ། ཤེས་པ་ལ་སྣང་བའི་དོན་ལ་སྤྱི་དང་གཞི་མཐུན་པ་དང༌། ཆོས་དང་ཆོས་ཅན་གྱི་ཐ་སྙད་རྣམས་འདོགས་ཏེ། དངོས་པོའི་རང་གི་ངོ་བོ་འཛིན་པས་ཉམས་སུ་མྱོང་བས་གཞག་པའི་བག་ཆགས་ལ་བརྟེན་ནས་རྣམ་པར་རྟོག་པའི་བག་ཆགས་སྐྱེ་བ་གང་ཡིན་པ་འདི་ནི་དེའི་ཡུལ་ཅན་མ་ཡིན་ཡང༌། དེའི་ཡུལ་ཅན་ལྟ་བུ་དེ་ཉམས་སུ་མྱོང་བས་གཞག་པའི་བག་ཆགས་ལས་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར། དེའི་དངོས་པོར་ལྷག་པར་ཞེན་པའི་རང་གི་ངོ་བོ་ཅན་འབྲས་བུ་ཐ་མི་དད་པའི་དངོས་པོ་ལས་སྐྱེ་བའི་ཕྱིར། དོན་ཐ་མི་དད་པ་འཛིན་པ་ལྟ་བུ་དོན་དམ་པར་ན་དེ་ལས་གཞན་པ་ལས་ཐ་དད་པ་དང༌། རྣམ་པ་མཚུངས་པ་ཅན་ཡིན་ཏེ། དེ་ལ་དོན་གྱི་རྣམ་པ་ཡོད་པ་ནི་ཐ་སྙད་འདོགས་པ་རྣམས་དེ་ལྟར་ལྷག་པར་ཞེན་ནས་འཇུག་པའི་ཕྱིར། ཕྱི་རོལ་ལྟ་བུ་དང༌། གཅིག་པ་ལྟ་བུ་དང༌། དོན་མི་བྱེད་ཀྱང་དེ་བྱེད་པ་ལྟ་བུར་སྣང་སྟེ། གཞན་དུ་ན་འཇུག་པ་མི་རུང་བའི་ཕྱིར་རོ། །དེ་ནི་དོན་བྱ་བ་བྱེད་པ་ཉིད་དུ་སྣང་བའི་ཕྱིར། དེ་ནི་བྱེད་པ་དག་ལ་ཐ་དད་པ་ལྟ་བུ་སྟེ། དེ་ཡང་བརྟག་པའི་ཡན་ལག་མ་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་བཤད་པར་བྱའོ། །བློ་ལ་གནས་པའི་དོན་དེ་


DTG174_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་དེ་དང་མཚུངས་སོ་ཞེས་བྱ་བར་འཛིན་ཏེ། འགའ་ཞིག་ལས་ལོག་པར་སྣང་བའི་ཕྱིར་རོ། །རང་གི་མཚན་ཉིད་ནི་མ་ཡིན་ཏེ། དེ་ལ་མི་སྣང་བའི་ཕྱིར་རོ། །དེ་དག་ཉིད་འགའ་ཞིག་ལས་ལོག་པ་ན་གཞན་ཡང་ལྡོག་པ་དང་ལྡན་པ་དང༌། ཐ་མི་དད་པར་ཡང་སྣང་ངོ༌། །བདག་ཉིད་ཀྱིས་མེད་ཀྱང་བློས་དེ་ལྟར་སྟོན་པའི་ཕྱིར། ནོར་བའི་དོན་ཁོ་ན་ལ་སྤྱི་དང་གཞི་མཐུན་པའི་ཐ་སྙད་འདོགས་སོ། །འདི་ཐམས་ཅད་རང་གི་མཚན་ཉིད་དག་ཁོ་ན་མཐོང་བས་གཞག་པའི་བག་ཆགས་ཀྱིས་བྱས་པའི་བསླད་པ་ཡིན་པ་ལས་དེ་དང་འབྲེལ་པ་ལས་སྐྱེ་བའི་རྣམ་པར་རྟོག་པ་རྣམས་ནི་དེ་དེ་སྣང་བ་ཉིད་མ་ཡིན་ཡང་དངོས་པོ་ལ་མི་བསླུ་སྟེ། ནོར་བུའི་འོད་ལ་ནོར་བུ་འཁྲུལ་པ་ལྟ་བུའོ། །གཞན་དག་ནི་མ་ཡིན་ཏེ། དེའི་ཁྱད་པར་ལས་རབ་ཏུ་སྐྱེ་བ་ཡིན་ཡང་ཇི་ལྟར་མཐོང་བའི་ཁྱད་པར་གྱི་རྗེས་སུ་འབྲང་བ་ཡོངས་སུ་བོར་ནས་འདྲ་བ་ཅུང་ཟད་ཙམ་གཟུང་བས་ཁྱད་པར་གཞན་སྒྲོ་འདོགས་པའི་ཕྱིར་མར་མེའི་འོད་ལ་ནོར་བུའི་བློ་ལྟ་བུའོ། །དེའི་ཕྱིར་རྣམ་པར་རྟོག་པའི་ཡུལ་གྱི་དོན་རྣམས་ལ་དོན་བྱ་བ་བྱེད་པ་ཉིད་མེད་དོ། །རང་གི་མཚན་ཉིད་ལ་མི་རྟག་པ་ཉིད་ལ་སོགས་པ་མེད་པ་ཡང་མ་ཡིན་ཏེ། ལྟར་དངོས་པོ་གཡོ་བ་ལ་མ་རྟོགས་པ་ཉིད་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མེད་ཀྱི། དེ་དེ་ལྟ་བུ་ལ་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་གཟུང་བའི་ཕྱིར། འདི་སྙམ་དུ་འདི་ནི་མི་རྟག་པའོ། །འདི་ནི་མི་རྟག་པ་ཉིད་དོ་སྙམ་དུ་སེམས་སོ། །རྣམ་པར་རྟོག་པ་རྣམས་ནི་དེའི་ཆོས་ཉིད་ཁོ་ན་ལ་འཇུག་པ་ན་ཆོས་དུ་མ་དང་གཅིག་པ་དང་ཐ་དད་པ་དག་ཏུ་སྟོན་པར་བྱའོ། །དེ་རྣམས་རྟེན་མེད་པ་ཡང་མ་ཡིན་ཏེ། དེའི་ཁྱད་པར་མཐོང་བ་ལ་བརྟེན་པའི་ཕྱིར་རོ། །དངོས་པོ་མེད་པའི་ཆོས་ཉིད་ཀྱང་མ་ཡིན་ཏེ། དེའི་རང་གི་ངོ་བོ་ཁོ་ན་དེ་ལྟར་སྣང་བའི་ཕྱིར་རོ། །དངོས་པོ་ལ་དུ་མ་དང་གཅིག་པ་དང་ཐ་དད་པར་འཛིན་པ་ནི་འཁྲུལ་པར་འགྱུར་ཏེ། དོན་གཅིག་དང་དུ་མ་བྱེད་པ་དེ་ལ་དེ་ལྟར་ཤེས་པར་འདོད་ན་དེ་ལྟ་བུའི་ངོ་བོ་བསྟན་པའི་ཆེད་དུ་དེ་ལྟར་གཞག་པར་བྱས་པའི་ཕྱིར་རོ། །དངོས་པོའི་ཁྱད་པར་གྱི་སྒོ་ནས་ནི་མ་ཡིན་ཏེ། གཅིག་པོ་དེ་ལ་དུ་


DTG174_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉིད་མི་རུང་བའི་ཕྱིར་དང༌། དུ་མ་ལའང་གཅིག་པ་ཉིད་མི་རུང་བའི་ཕྱིར་དང༌། ཐ་དད་པ་ཡང་བཀག་པའི་ཕྱིར་རོ། །དེ་རྣམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར། སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་ཡིན་པར་ཁས་ལེན་ན་གཞི་མཐུན་པ་ཉིད་མི་རུང་བའི་ཕྱིར་རོ། །གལ་ཏེ་ཁྱད་པར་དེ་དག་དང་ལྡན་པ་གཅིག་བརྗོད་པའི་ཕྱིར། ཉེས་པ་མེད་དོ་ཞེ་ན། ཕན་མི་འདོགས་པ་ལ་གཞན་གྱི་དབང་ཉིད་མི་རུང་བའི་ཕྱིར་ཁྱད་པར་མ་ཡིན་ནོ། །གཞན་གྱི་དབང་ཉིད་ཡིན་ན་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པས་ལྷན་ཅིག་མི་གནས་པའི་ཕྱིར། གཉིས་སུ་བརྗོད་པ་མ་ཡིན་ནོ། །བློས་གཅིག་སྒྲོ་བཏགས་ན་ནི་སྒྲ་དངོས་པོའི་ཡུལ་ཅན་དུ་མི་འགྱུར་རོ། །བློ་ལ་སྣང་བའི་ཡུལ་ཅན་ཉིད་གཅིག་ཡིན་ན་ནི་ཐམས་ཅད་ཀྱང་དེ་ཁོ་ན་དང་འདྲ་བར་འགྱུར་ཏེ། འཛིན་པ་ལ་དེ་ལྟ་བུའི་ཁྱད་པར་ཐ་དད་པ་དང་ལྡན་པ་གཅིག་པུ་མི་སྣང་བའི་ཕྱིར་རོ། །གལ་ཏེ་ཁྱད་པར་དེ་དང་ལྡན་པ་ཕན་པར་བྱ་བ་དང༌། ཕན་པར་བྱེད་པ་དག་ཀྱང་ལྷན་ཅིག་གནས་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ། གྲུབ་པ་ལ་གཞན་གྱི་དབང་མེད་པའི་ཕྱིར་ཁྱད་པར་ཉིད་མ་ཡིན་ནོ། །མ་གྲུབ་པ་ཡང་མ་ཡིན་ཏེ། རང་གི་ངོ་བོར་མ་རེང་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་གཞན་གྱི་དབང་ཉིད་མེད་པས་རྟོགས་པས་སྒྲོ་གདགས་པར་བྱས་ནས། ཐ་སྙད་འདོགས་ན་ནི་ཐམས་ཅད་དུ་བློ་དེ་ཁོ་ན་ཅི་སྟེ་མི་སྦྱོར། སྒྲ་དང་ཚད་མ་གཅིག་གིས་ཡུལ་དུ་བྱས་ན་དངོས་པོའི་སྟོབས་ཀྱིས་ཁྱད་པར་མ་ལུས་པ་འཕངས་པའི་ཕྱིར། དེ་ལས་གཞན་པ་དོན་མེད་པར་ཡང་མི་འགྱུར་ཏེ། བློ་ལ་སྣང་བ་ནི་དངོས་པོ་མེད་པའི་ཕྱིར། དངོས་པོའི་མཐུ་ལས་འབྱུང་བ་རྣམས་སུ་ཐལ་བ་མེད་དོ། །དེ་ཐ་མི་དད་པ་ཡང་རྣམ་པ་གཅིག་གི་ཡུལ་དུ་བྱས་ཀྱང་རྣམ་པ་གཞན་མ་ངེས་པ་རྣམས་རྣམ་པ་གཞན་ལ་རེ་བ་དང་བཅས་པའི་བློས་གཟུང་བར་བྱ་བ་དང༌། སྒྲའི་དོན་ཐ་དད་པ་བསྒྲུབ་པ་དག་ཀྱང་ཐ་མི་དད་པར་བློ་ལ་སྣང་བས་སྤྱི་དང་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་དང༌། གཞི་མཐུན་པ་རྣམས་ཇི་ལྟར་ཤེས་པ་བཞིན་མི་འགལ་ལོ། །འདིའི་ཆོས་དང་ཆོས་


DTG174_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཁྱད་པར་དག་ཀྱང་དོན་དུ་མ་ལས་ཐ་དད་པ་ལ། དོན་གཅིག་ཅིག་ལས་ཐ་དད་པ་དེ་སྒྲུབ་པ་དང༌། དགག་པ་ཤེས་པར་འདོད་པ་དང་དངོས་པོ་དེ་ཁོ་ན་ཆོས་ཞེས་བྱ་བའི་སྒྲ་ཁྱད་པར་གཞན་སྤངས་པས་བརྗོད་ནས་བློ་ལ་དེ་ལྟར་སྣང་བའི་ཕྱིར། ཆོས་ཐ་དད་པ་ལྟ་བུ་དང་བྱེ་བྲག་ཏུ་མ་ཕྱེ་བར་འདིའི་ངོ་བོ་ཉིད་གཞན་ཆོས་ཅན་ཉིད་དུ་རྣམ་པར་བཞག་ནས་རབ་ཏུ་སྟོན་ཏོ། །དེ་ཙམ་གྱི་ཆས་ཆོས་དང་ཆོས་ཅན་དག་ཐ་དད་པའི་ཕྱིར། བློ་ཐ་དད་པ་དང་ལྡན་པ་ལྟ་བུར་སྣང་གི་དངོས་པོ་ཐ་དད་པའི་ཕྱིར་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཐ་དད་པ་དེ་ལྟ་བུ་མང་པོ་བརྗོད་པས་ཚིག་ཐ་དད་པ་དང་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་ཐ་དད་པ་ཆོས་སྣང་བའི་ཁྱད་པར་དེའི་རང་གི་ངོ་བོ་ལ་བརྟེན་པ་ཅན་དག་གིས། དེའི་རང་གི་ངོ་བོས་རྟོགས་པར་བྱ་བའི་ཕྱིར་བྱེད་དོ། །རང་བཞིན་དེ་འཛིན་རྣམ་རྟོག་བློ། །དོན་མེད་ཀྱང་དེའི་དོན་ཅན་འདྲ། །དེ་ཡི་འབྲས་ཅན་མིན་དོན་ལས། །ཐ་དད་མཐར་ཐུག་སྐྱེ་བ་དང༌། །དེ་ལ་ངོ་བོ་ཕྱི་རོལ་དང༌། །གཅིག་ལྟར་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། །ཤེས་པ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུར། །དེ་ཉིད་གཞན་ལས་ལོག་པར་ཡང༌། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི །ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད། །དངོས་པོ་ཀུན་གྱི་དེ་ཀུན་ཀྱང༌། །ཕན་ཚུན་མེད་ལ་བརྟེན་པ་སྟེ། །དེས་ན་གཞན་སེལ་ཡུལ་ཅན་དང༌། །གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་མེད་པའི་རྟེན་ཡིན་ཏེ། །རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །འཁྲུལ་པར་འདྲ་ཡང་གཞན་ལ་མིན། །མར་མེའི་འོད་ལ་ནོར་བུ་བཞིན། །དེ་ལའང་དུ་མ་འབྲས་གཅིག་ཅན། །དེ་འབྲས་ཅན་མིན་གཞན་རྟེན་ཅན། །བརྗོད་དང་ཤེས་པས་གཅིག་ཉིད་དུ། ཐ་དད་རབ་ཏུ་འཇུག་པར་བྱེད། །དེ་བཞིན་གཅིག་ཀྱང་དུ་མ་བྱེད། །དེའི་དངོས་ཡོངས་སུ་བསྟན་པའི་ཕྱིར། །དེ་ཡི་འབྲས་ཅན་མིན་དོན་


DTG174_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཐ་དད་པས་ཆོས་སྣ་ཚོགས་ཤེས། །སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་བ་སྟེ། །དངོས་པོ་འདི་ནི་མི་སྲིད་དོ། །ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པ། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་གཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །དམ་པའི་དོན་གྱིས་དོན་རྣམས་ནི། །རང་གིས་འདྲེ་དང་ཐ་དད་མེད། །དེ་ལ་ངོ་བོ་གཅིག་པ་དང༌། །དུ་མ་བློ་ཡིས་བསླད་པ་ཡིན། །དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། །དེ་ཉིད་ལ་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག །བསྒྲུབ་བྱ་སྒྲུབ་པར་རྟོགས་པ་ལ། །དངོས་པོ་མཐོང་བ་ཉམས་པའི་ཕྱིར། །ཁྱད་པར་སྤྱི་དང་འདྲེས་པ་འདིར། །རང་གི་མཚན་ཉིད་གཟུང་བྱ་མིན། །དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་གཟུང་བྱ་མིན། །བྱེ་བྲག་ཁྱད་པར་མང་པོ་རྣམས། །དེ་གཅིག་ལ་ནི་མི་རུང་ཕྱིར། །དེ་ཡི་ངོ་བོ་ཀུན་ལས་ལོག །དེ་དེ་བཞིན་དུ་རྟོགས་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོགས་པ་ཡང༌། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་ཅིའི་ཕྱིར་རང་གི་མཚན་ཉིད་ལ་སྒྲ་རྣམས་མི་སྦྱོར་ཞེ་ན། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་པའི་དོན་རབ་ཏུ་སྟོན་པར་བྱེད་ལ། བརྡ་ཡང་ཅི་ནས་ཀྱང་དུས་ཕྱིས་བརྡར་བྱས་པའི་སྒྲ་འདི་ལས་དོན་འདི་རྟོགས་པར་འགྱུར་སྙམ་ནས་ཐ་སྙད་ཀྱི་དོན་དུ་འདོགས་ན། སྔར་རང་གི་མཚན་ཉིད་ལ་བརྡར་བྱས་པའི་སྒྲ་ཕྱིས་སྦྱོར་བ་ནི་རིགས་པ་མ་ཡིན་ཏེ། དེ་ནི་བསལ་བ་ཡུལ་དང་དུས་ཀྱི་ཐ་དད་པ་ལ་མི་འབྲང་བའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་མཚན་ཉིད་ལ་བརྡར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཐ་དད་པའམ་ཐ་མི་དད་པ་ཁྱད་པར་ཞིག་སྒྲ་རྣམས་ཀྱིས་བརྗོད་དེ། དེ་བས་ན་ཐ་སྙད་ཀྱི་དུས་ན་


DTG174_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཉེས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཅི་ལྟར་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར། །འཇུག་པར་འགྱུར་ཞེས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད། །འཇིག་རྟེན་ལ་ནི་འདི་བརྡ་མི་བྱེད་པའམ། སྒྲ་མི་སྦྱོར་བས་སྡུག་བསྔལ་བར་འགྱུར་བའི་ཉ་མང་བ་གང་ཡིན་པ་འདི་ནི་མེད་པ་ཉིད་དོ། །འོ་ན་ཅི་ཞེ་ན། འདིའི་རྩོམ་པ་འབྲས་བུའི་དོན་ཅན་རིལ་མཁོ་བ་ཁོ་ནར་བརྩི་སྟེ། རྩོམ་པ་འབྲས་བུ་མེད་པ་ནི་ཡལ་བར་དོར་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འགའ་ཞིག་ལ་སྒྲ་སྦྱོར་བ་འདིས་ཀྱང་འབྲས་བུ་འགའ་ཁོ་ན་ལ་བལྟ་བའི་རིགས་སོ། །དེ་ནི་ཐམས་ཅད་ཀྱང་འདོད་པ་དང་མི་འདོད་པ་དག་འདོར་བ་དང་ཐོབ་པའི་མཚན་ཉིད་ཡིན་ཏེ། དེའི་ཕྱིར་འདོད་པ་དང་མི་འདོད་པ་དག་གི་བསྒྲུབ་པ་དང་སྒྲུབ་པ་མ་ཡིན་པར་ཤེས་པར་བྱས་ནས། དེ་ལ་འཇུག་པ་དང་ལྡོག་པ་དག་བྱ་བའམ། བྱེད་དུ་གཞུག་པའམ། སྦྱོར་བ་ལ་གུས་པར་འགྱུར་བའི་སྒྲ་རྣམས་སྦྱར་བར་བྱའོ། །དེ་ལྟ་མ་ཡིན་ན་ཡལ་བར་དོར་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་རིགས་དོན་བྱེད་རུང་མིན། །རིགས་ནི་གཞོན་པ་དང་བཞོ་བ་ལ་སོགས་པ་འགའ་ལ་ཡང་ཉེ་བར་གནས་པ་མ་ཡིན་ནོ། །དེ་ལྟ་བུའི་སྐབས་མེད་པར་འཇིག་རྟེན་ན་ཐ་སྙད་དག་ལ་སྒྲ་སྦྱོར་བ་ཡང་མེད་དོ། །གལ་ཏེ་གསལ་བར་བསྟན་པར་མི་ནུས་པའི་ཕྱིར། མཚོན་ཟིན་པས་མཚོན་པར་བྱ་བའི་རིགས་བརྗོད་དོ་ཞེ་ན། འབྲེལ་པ་ཡིན་དུ་ཟིན་ཀྱང་སྒྲས་མ་བརྗོད་པ་ལ་ཇི་ལྟར་འཇུག་པར་འགྱུར་ཏེ། འགའ་ཞིག་ལ་འཁར་བ་ཆོད་ཅིག་ཅེས་སྨྲས་ན། འཁར་བ་ཐོགས་པ་གཅོད་པ་ནི་མེད་དོ། །མི་སྲིད་པའི་ཕྱིར་བསལ་བ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་རྣར་མི་འོང་བ་སྨྲ་བར་འགྱུར་གྱི། དེ་ལས་གཞན་ལ་འཇུག་པ་མ་ཡིན་ཏེ། གླང་འཇོ་བར་བརྗོད་པ་བཞིན་ནོ། །དོན་གཞན་བརྗོད་ན་དོན་གཞན་མཚོན་པ་ཡང་མ་ཡིན་ཏེ། འབྲེལ་པ་ཡིན་དུ་ཟིན་ཀྱང་འཁར་བ་ཞེས་བྱ་བའི་སྒྲས་འཁར་བ་ཐོགས་པ་རྟོགས་པ་ནི་མེད་དོ། །གལ་ཏེ་འབྲེལ་པ་མ་ངེས་པ་ཅན་ཉིད་ཀྱི་ཕྱིར་དེ་ལ་མི་འཇུག་གོ་ཞེ་ན། དེ་ནི་རིགས་


DTG174_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མཚུངས་ཏེ། བསལ་བ་རྣམས་བསལ་ན་རིགས་འབའ་ཞིག་འདུག་པའི་ཕྱིར་རོ། །སྤུན་དྲུང་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ནི་འབྲེལ་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར་གཞན་འཕེན་པར་འགྱུར་གྱི། བ་ལང་ཉིད་ལ་སོགས་པའི་སྒྲ་ནི་དེ་ལྟར་འབྲེལ་པ་ཅན་རྗོད་པར་བྱེད་པ་མ་ཡིན་ཏེ། རིགས་བསལ་བ་དང་བྲལ་བ་ཅན་དག་གིས་ཀྱང་དེའི་སྒྲ་དག་ལས་རྟག་ཏུ་རྗེས་སུ་འགྲོ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དུས་ཐམས་ཅད་དུ་དེ་དང་འབྲེལ་བར་རུང་བ་ཉིད་དུ་ཤེས་པའི་ཕྱིར་འདོད་པ་ཁོ་ནའོ་ཞེ་ན། འོ་ན་ནི་དུས་ཐམས་ཅད་དུ་བ་ལང་ཞེས་བྱ་བའི་སྒྲ་ལས་འཇུག་པར་མི་འགྱུར་ཏེ། ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པའི་གནས་སྐབས་དག་ཏུ་ཁྱད་པར་དུ་མ་འཕངས་པའི་ཕྱིར་རོ། །གལ་ཏེ་བསལ་བ་དང་འབྲེལ་པ་ཅན་གྱི་རིགས་བརྗོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འོ་ན་ནི་དེ་ཡང་དེའི་ཁྱད་པར་ཉིད་དུ་གནས་པས་བསལ་བ་འཕངས་པ་ཁོ་ནའི་ཕྱིར་དེ་དང་ལྡན་པ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །རིགས་པ་དང་བསལ་བ་དག་འབྲེལ་བ་ཡང་འགའ་ཡང་མེད་དེ། ཕན་ཚུན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དུ་ཕན་འདོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཚོན་པར་ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་རིགས་ལ་སྒྲ་སྦྱོར་བ་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན། དེ་ལྟ་ན། དོན་བྱེད། ནུས་པ་ཞེས་བྱ་བ་དེ་ལ་སྒྲ་སྦྱོར་རོ་ཞེ་ན། དེ་ཡང་ནི། ཅིའི་ཕྱིར་དངོས་སུ་སྦྱོར་མི་བྱེད། །གལ་ཏེ་བསལ་བ་ལ་སྒྲ་སྦྱོར་བས་འབྲས་བུ་དང་ལྡན་པ་ཡིན་ན་སྒྲ་དེ་ཅིའི་ཕྱིར་བསལ་བ་རྣམས་ལ་དངོས་སུ་མི་སྦྱོར། དེ་ལ་བར་དུ་གཅོད་པས་གཞན་གྱིས་ཅི་ཞིག་བྱ། གལ་ཏེ་མཐའ་ཡས་ཕྱིར་འདི་མཚུངས། །གལ་ཏེ་འདི་སྙམ་དུ་བསལ་བ་རྣམས་ནི་མཐའ་ཡས་པའི་ཕྱིར་སྒྲས་བརྗོད་པར་མི་ནུས་སོ་སྙམ་དུ་སེམས་ན། དེ་ལྟ་ཡིན་ན་མཐའ་ཡས་པ་འདི་ནི་དེ་དང་ལྡན་པ་ལ་ཡང་མཚུངས་སོ། །རིགས་ཀྱི་ཁྱད་པར་དུ་བྱས་པའི་བསལ་བ་དག་ཀྱང་བརྗོད་པར་བྱ་བ་ཁོ་ན་ཡིན་པས་འབྲེལ་པ་མ་བྱས་པ་ཅན་ནི་བརྗོད་དུ་མི་རུང་བའི་ཕྱིར་གདོན་མི་ཟ་བར་དེ་ལ་འབྲེལ་པ་བྱ་དགོས་ན་དེ་


DTG174_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་ནུས་སོ། །གལ་ཏེ་དེ་དང་འབྲེལ་པ་ཅན་ལ་བྱས་པའི་ཕྱིར། དེ་ལ་ཡང་བྱས་པ་ཁོ་ན་ཡིན་ནོ་ཞེ་ན། འདི་ལ་བཤད་ཟིན་ཏེ། འབྲེལ་པ་ཡོད་དུ་ཟིན་ཀྱང་གཅིག་ལ་བྱས་པས་གཞན་ལ་རྟོགས་པ་ནི་མེད་ལ། འབྲེལ་པ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང༌། དེ་བྱེད་དེ་བྱེད་མ་ཡིན་ལས། །ལོག་པར་མཚུངས་པ་ཅིས་མ་བྱས། །དོན་བྱེད་པ་གང་གི་དབང་དུ་བྱས་ནས་དོན་རྣམས་གཞན་དག་ལས་ཐ་དད་པའི་ཕྱིར། དེ་དག་གི་ཐ་དད་པ་ཁོ་ན་ལ་སྒྲ་ཅི་སྟེ་མི་སྦྱོར། གལ་ཏེ་དེ་ལྡན་ཉེས་མཚུངས་ཕྱིར། །བླ་སྟེ་རིགས་གཞན་མི་དགོས་སོ། །གལ་ཏེ་འདི་སྙམ་དུ་སྒྲའི་དོན་དེ་ལས་གཞན་པ་ལས་ལྡོག་པ་ལ་ཡང་ལྡོག་པས་ཁྱད་པར་དུ་བྱས་ཤིང་དེ་དང་ལྡན་པ་བརྗོད་པའི་ཕྱིར་དེའི་ཕྱོགས་ལས་ཁྱད་པར་མེད་དེ། ལྡོག་པ་དང་རིགས་དང༌། ལྡོག་པ་དང་ལྡན་པ་དང༌། རིགས་དང་ལྡན་པ་ཞེས་བྱ་བ་འདི་ལ་ཁྱད་པར་ཅི་ཞིག་ཡོད་སྙམ་དུ་སེམས་ན། དེ་དང་ལྡན་པའི་ཉེས་པ་ལྟ་བུར་གྱུར་ཀྱང་བླ་སྟེ། རིགས་གཞན་ནི་མི་དགོས་སོ། རིགས་ཁས་ལེན་པས་ཀྱང་གདོན་མི་ཟ་བར་དངོས་པོ་རྣམས་ཁས་བླངས་དགོས་ཏེ། དེ་མེད་ན་དེ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལས་ཐ་དད་པ་དེ་ལས་གཞན་པ་རྣམས་ཀྱི་ཐ་མི་དད་པ་དེ་ཉིད་དེས་ཁྱད་པར་དུ་བྱས་པའི་དོན་རྣམས་ལ་རྟོགས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཉེས་པ་ཡོངས་སུ་སྤང་བར་བྱ་བར་མི་ནུས་བའི་ཕྱིར་རོ། །དོན་གཞན་ཁས་བླང་དུ་ནི་དགོས་པ་མེད་པའི་ཕྱིར་རོ། །དོན་དེ་ནི་གཞན་གྱིས་བསྒྲུབ་པའི་ཕྱིར་རོ། །དེ་ལ་ཁས་བླངས་པ་ཡང་གདོན་མི་ཟ་བར་བྱ་དགོས་པའི་ཕྱིར་རོ། །གཞན་ཡང༌། དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ། །དེ་ཡིས་དེ་དག་རྣམས་ལས་འདི། །རྣམ་མི་གཅོད་པ་དེ་ཇི་ལྟར། །འདི་དོན་རྣམས་ལ་སྒྲ་སྦྱོར་བ་ན་མི་འདོད་པ་ཡོངས་སུ་སྤངས་ནས་འཇུག་པར་འགྱུར་སྙམ་ནས་སྦྱོར་ཏེ། དེ་དང་གཞན་ལ་ཡང་འཇུག་ཏུ་སྣང་ལ། འཇུག་པ་དང་ལྡོག་པ་ཡང་འཇུག་ཏུ་སྣང་ན་ནི་མིང་སྨོས་པ་དོན་མེད་པའི་ཕྱིར་རོ། །གཞན་ལས་ལྡོག་པ་མི་


DTG174_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན་ནི་གཅིག་བརྗོད་པ་ལ་མི་གུས་པའི་ཕྱིར། བརྗོད་པར་བྱ་བ་མ་ཡིན་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྣམ་པར་བཅད་པ་བརྗོད་དགོས་སོ། །དེ་ཡང་དེ་ལས་གཞན་པ་དག་ལ་ཐ་མི་དད་པ་ཡིན་ལ་རིགས་ཀྱི་ཆོས་ཀྱང་ཡོད་དོ། །དེ་ངེས་པར་ཁས་བླང་བ་ཅན་དང༌། གདོན་མི་ཟ་བར་བརྗོད་པ་ཅན་དང༌། རིགས་ཀྱི་དོན་རབ་ཏུ་སྒྲུབ་པ་ཡོངས་སུ་བོར་ནས་དོན་གཞན་དུ་རྟོག་པ་ནི་དོན་མེད་པ་ལ་གཙིགས་པོ་ཆེར་འཛིན་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟར་བརྟགས་པ་བཞིན་དུ་དེ་མི་རུང་བའི་ཕྱིར་རོ། །རྣམ་པར་གཅོད་པར་མི་བྱེད་པ་ནི་མ་ཡིན་གྱི་འཇུག་པའི་ཡུལ་བརྗོད་པས་རིགས་སྨྲས་སོ་ཞེ་ན། གལ་ཏེ་འདི་ལ་རྣམ་གཅོད་ཡོད། །སྒྲ་རྣམས་དགོས་པ་དེ་ཙམ་དུ། །ཟད་པ་མིན་ནམ་ཁྱེད་ལ་དེར། །སྤྱི་གཞན་གྱིས་ནི་ཅི་ཞིག་བྱ། །འཇུག་པའི་ཡུལ་རབ་ཏུ་སྟོན་ཏོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་སྐད་ནི་སྨྲས་ན་རིགས་པར་ནི་མ་སྨྲས་ཏེ། འདི་ལྟར་དེ་ནི་འཇུག་པར་རུང་བ་ཉིད་མ་ཡིན་ནོ་ཞེས་དེ་སྐད་དུ་བསྟན་ཟིན་ཏོ། །དེའི་སྒོ་ནས་མ་བརྗོད་པ་ལ་འཇུག་པ་ལ་ཡང་བསལ་ཟིན་ཏེ། དེ་དང་ལྡན་པ་བརྗོད་ན་ནི་བར་དུ་གཅོད་པ་ཡོད་དོ། །རིགས་དང་དེ་དང་ལྡན་པ་དག་འཇུག་པའི་ཡུལ་ཉིད་ཡིན་ན་ལྡོག་པ་དང༌། དེ་དང་ལྡན་པ་དག་ཡིན་པར་ཅི་སྟེ་མི་འདོད། གལ་ཏེ་ལྡོག་པ་དངོས་པོ་མེད་པ་ཉིད་ཀྱིས་སྒྲུབ་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་ཡང་མཚུངས་སོ། །གལ་ཏེ་དེ་དང་ལྡན་པས་བསྒྲུབ་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ནི་ལྡོག་པ་དང་ལྡན་པར་ཡང་མཚུངས་སོ། །ལྡོག་པ་སྨྲ་བ་རྣམས་ཀྱི་ལྟར་ན་སྒྲའི་ཤེས་པ་དངོས་པོ་མི་འཛིན་པ་ཉིད་ཡིན་ཏེ། དེ་ནི་འཁྲུལ་པའི་དབང་གིས་བྱེད་པ་པོ་མ་ཡིན་པ་ལ་ཡང་བྱེད་པ་པོར་ལྷག་པར་ཞེན་པས་འཇུག་པར་བྱེད་དོ། །དངོས་པོ་འཐོབ་པ་ནི་དངོས་པོ་ལས་སྐྱེ་བས་དེ་དང་འབྲེལ་པ་ཡིན་ན་འགྱུར་གྱི་གཞན་དུ་མི་འགྱུར་བ་ཁོ་ནའོ། །གལ་ཏེ་དངོས་པོ་ལས་སྐྱེ་བའི་ཕྱིར་མི་འཁྲུལ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་མི་སྣང་བ་དེར་ལྷག་པར་ཞེན་པའི་ཕྱིར་དང༌། འོད་ལ་ནོར་བུར་འཁྲུལ་བར་སྣང་བས་འཁྲུལ་པའི་ཕྱིར་རོ། །གལ་ཏེ་འཁྲུལ་པའི་ཕྱིར་དངོས་པོ་ཐོབ་པ་


DTG174_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཇི་སྐད་བཤད་པ་ལྟ་བུ་ཁོ་ནས་འཁྲུལ་པའི་ཕྱིར་རོ། །འཁྲུལ་པའི་མཚན་ཉིད་ནི་ལོག་པར་སྣང་བ་ཡིན་ལ། ཐོབ་པར་བྱེད་པ་ནི་དེ་མེད་ན་མི་འབྱུང་བ་ཉིད་ཀྱིས་ཡིན་གྱི། སྣང་བ་ལ་ལྟོས་པས་ནི་མ་ཡིན་ནོ། །དངོས་པོ་ལ་ངོ་བོ་ཇི་ལྟ་བ་བཞིན་སེམས་གཏད་པས་འཇུག་ན་ནི་གཟུང་བར་བྱ་བ་སྤྱི་དོན་བྱེད་པར་རུང་བ་མ་ཡིན་པའི་ཕྱིར། དེ་ལ་ནི་འཇུག་པར་མི་འགྱུར་རོ། །གཞན་ལ་ཡང་འཇུག་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་ལྡན་པ་འཛིན་ན་ཡང་སྤྱི་དོན་མེད་པ་ལ་སོགས་པར་བཤད་ཟིན་ཏོ། །གལ་ཏེ་རིགས་གཟུང་ན་ཡང་འབྲེལ་པའི་ཕྱིར་རོ། །འདྲེས་པར་སྣང་བའི་བློས་འཇུག་པར་བྱེད་དོ་ཞེ་ན། དེའི་ཚེ་གཅིག་གི་ཡང་རང་གི་ངོ་བོར་གནས་པ་མ་བཟུང་བའི་ཕྱིར། རིགས་ཀྱང་མ་ཡིན་ལ་དེ་དང་ལྡན་པ་ཡང་མ་ཡིན་པས་གཞན་གྱི་སྨྲ་བ་ཁོ་ན་ལ་བརྟེན་པར་འགྱུར་རོ། །དེ་ལྟ་ན་ནི་འོ་ན་རྗེས་སུ་འགྲོ་བ་འགའ་ཡང་མེད་པའི་ཕྱིར། རང་བཞིན་གྱིས་ཐ་དད་པའི་དོན་རྣམས་ལ་དེ་ཉིད་འདི་ཡིན་ནོ། །ཞེས་ངོ་ཤེས་པར་ཡང་མི་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། འདི་ལྟར། །ཐ་དད་ཀྱང་ནི་ཤེས་སོགས་དོན། །བྱ་བ་དེ་དང་དེ་བྱེད་པའི། །དེ་རྣམས་མཐོང་ནས་གཞན་མཐོང་ཡང༌། །དེ་ལས་གཞན་དང་བྲལ་བ་ཡི། །ཡུལ་ཅན་གྱི་ནི་སྒྲ་རྣམས་ཀྱིས། །ལྷན་ཅིག་སྦྱོར་ནས་ངོ་ཤེས་བྱེད། །འདི་ནི་བཤད་ཟིན་ཏེ། དངོས་པོ་ཐ་དད་ཀྱང་དོན་འདྲ་བ་དག་བྱེད་པ་ཡིན་ཏེ། མིག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་དག་ལ་ཤེས་པ་ལ་སོགས་པའི་དོན་བྱེད་པ་གཅིག་པ་དེ་མཐོང་བ་ལ་གཞན་དག་ལས་ཐ་དད་པའི་དངོས་པོ་རྣམས་ཀྱི་ཆོས་ཉིད་ཁོ་ནས་དེ་ཉིད་འདི་ཡིན་ནོ་སྙམ་པའི་ཤེས་པ་དེ་ལས་ལྡོག་པའི་ཡུལ་ཅན་གྱི་སྒྲ་དང་འབྲེལ་པ་ཁྱད་པར་བསྲེས་པ་རང་ཉམས་སུ་མྱོང་བའི་བག་ཆགས་སད་པས་སྐྱེད་པར་བྱེད་དོ། །དེ་ལྟ་མ་ཡིན་ན་བློ་ཁྱད་པར་ཅན་བསྲེ་བ་ཅན་དུ་མི་འགྱུར་ཏེ། དཔེར་ན་ལྟུང་ལ་བརྒྱུས་པ་དག་ལྟ་བུའོ། །དེ་ལ་ལྟུང་བ་གཅིག་དང་ལྡན་པ་ཡང་གཞན་ལ་དེ་ཉིད་འདི་ཡིན་ནོ་སྙམ་དུ་མི་སེམས་ཀྱི། འོན་ཀྱང་དེ་འདི་ལ་ཡོད་དོ་སྙམ་


DTG174_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ངོ་ཤེས་པ་ནི་དེ་ལྟ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཉིད་འདི་ཡིན་ནོ་སྙམ་པ་ཡིན་ནོ། །དེ་བས་ན་གཅིག་ཅིག་ཏུ་མ་མཐོང་བ་ལ་ཡང་ཁྱད་པར་བསྲེ་བ་དང་ལྡན་པར་རིགས་པ་ནི་མ་ཡིན་ནོ། འཁྲུལ་པའི་དབང་གིས་དེ་ལྟར་སྣང་བ་ལ་ནི་འགལ་བ་མེད་དོ། །གལ་ཏེ་རྒྱུ་མཚན་མེད་པའི་ཕྱིར་འཁྲུལ་པར་རིགས་པ་མ་ཡིན་ནོ་ཞེ་ན། དངོས་པོ་དོན་དེ་གཅིག་བྱེད་པ་དེ་དག་ཉིད་ཉམས་སུ་མྱོང་བའི་སྒོ་ནས་རང་བཞིན་གྱིས་འཁྲུལ་པའི་འབྲས་བུ་ཅན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ཡིན་པའི་ཕྱིར་རྒྱུ་མཚན་ཡིན་ནོ། །སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པར་འཁྲུལ་པའི་རྒྱུ་ཡང་ཐ་དད་ཀྱང་རྣམ་པ་ཐ་མི་དད་པར་བསྙེམས་པའི་ཤེས་པའི་རྒྱུ་མཚན་ཉམས་སུ་མྱོང་བ་སྐྱེད་པར་བྱེད་པའི་ངོ་བོ་དེ་དག་ཉིད་ཡིན་ནོ། །དེ་ལ་གང་དེ་ལྟར་ཤེས་པར་འགྱུར་བ་གཞན་སྤྱི་ནི་ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །འོན་ཏེ་ཡོད་ན་ནི་དོན་ཡོད་པ་འཛིན་པའི་བློ་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པ་མ་ཡིན་པའི་རྣམ་པ་སྒྲོ་འདོགས་པའི་ཕྱིར་འཁྲུལ་པ་ཡིན་ནོ་ཞེ་ན། འོ་ན་ནི་དེས་དེ་དག་གི་སྤྱི་འཛིན་པ་མ་ཡིན་ཏེ། དེས་རྣམ་པ་གང་ཁོ་ན་སྒྲོ་འདོགས་པར་བྱེད་པ་དེ་ཉིད་འདིའི་ཡུལ་ཡིན་ནོ། །ཡུལ་དུ་མ་བྱས་པ་ལ་ནི་སྒྲོ་གདགས་པར་མི་ནུས་པའི་ཕྱིར་ཏེ། རྣམ་པ་གཞན་བཞིན་ནོ། །དེ་ཡང་དེ་ལ་མེད་པས་སྤྱི་མ་ཡིན་ནོ། །གལ་ཏེ་སྤྱི་འཛིན་པ་ཡོད་ན་དེར་སྒྲོ་འདོགས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འབྲས་བུ་གཅིག་བྱེད་པ་ཅན་འཛིན་པ་ཡོད་ན་ཅི་སྟེ་མི་འདོད། སྤྱི་འདོད་པས་ཀྱང་གདོན་མི་ཟ་བར་བསལ་བ་རྣམས་ཀྱི་དོན་གཅིག་བསྐྱེད་པའི་ནུས་པ་ནི་འདོད་པར་བྱ་དགོས་སོ། །དེའི་ཕྱིར་གཞན་དག་ལས་ཐ་དད་པ་དེ་དག་ཁོ་ནས་ཤེས་པ་དེ་ལྟ་བུ་བསྐྱེད་ན། དེ་ལ་སྤྱིས་ཅི་ཞིག་བྱ། གལ་ཏེ་དངོས་པོ་ཇི་ལྟ་བ་བཞིན་ཁྱད་པར་མ་འདྲེས་པ་ཅན་ཁོ་ན་ཅི་སྟེ་མི་རྟོགས་ཤེན། མ་རིག་པའི་མཐུས་རྣམ་པར་རྟོག་པ་རྣམས་ལ་ནུས་པ་འདི་མེད་དོ། །ཕྱི་རོལ་གྱི་དོན་ཁོ་ན་ལ་ལྟོས་ནས་འཁྲུལ་པར་འགྱུར་བ་ཡང་མ་ཡིན་གྱི། འོན་ཀྱང་ནང་གི་བསླད་པ་ལས་ཀྱང་འགྱུར་ཏེ། སྐྲ་ལ་སོགས་པར་འཁྲུལ་པ་བཞིན་ནོ། །མ་རིག་པ་


DTG174_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་ཕྱིར་བསླད་པ་ཡིན་ན་མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེའི་མཚན་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཉིད་མ་རིག་པ་ཡིན་ཏེ། དེ་ནི་ངོ་བོ་ཉིད་ཁོ་ནས་ཕྱིན་ཅི་ལོག་པ་ཡིན་ནོ། །དབང་པོའི་ཤེས་པ་རྣམས་ནི་དེ་ལྟར་རྣམ་པར་རྟོག་པ་མ་ཡིན་ནོ། །ཡང་ན་དེ་དག་ལའང་འདི་ཉེས་པ་མེད་དེ། གཉིས་མེད་པ་དེ་དག་གཉིས་སུ་སྣང་བའི་ཕྱིར་རོ། །ཞེས་བཤད་པར་བྱའོ། །ཐམས་ཅད་བསླང་བ་ཡིན་ཡང་ཚད་མ་དང་དེར་སྣང་བའི་རྣམ་པར་གཞག་པ་ནི་ཇི་སྲིད་གནས་གྱུར་པ་མ་ཡིན་གྱི། བར་དུ་དོན་བྱེད་པར་རུང་བ་དང་འདོད་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ནོར་པ་ཉིད་ཡིན་ཡང་རབ་ཏུ་ཞི་པ་དང་མཐུན་པའི་ཕྱིར་ཏེ། མ་ལ་སོགས་པར་འདུ་ཤེས་པ་བཞིན་ནོ། །སྨིག་རྒྱུ་ལ་ཆུར་འདུ་ཤེས་པ་དང༌། གཞན་དངོས་པོ་ཐ་དད་པ་ལས་སྐྱེ་བ་དང་འཁྲུལ་པར་ཁྱད་པར་མེད་ཀྱང་མངོན་པར་འདོད་པའི་དོན་བྱ་བར་རུང་བ་དང༌། མི་རུང་བ་ལས་སྐྱ་བའི་ཕྱིར་དོན་ཐོབ་པར་བྱེད་པ་དང༌། ཅིག་ཤོས་དག་ཡིན་ནོ། །གལ་ཏེ་མི་རུང་བ་ལས་ཇི་ལྟར་སྐྱེ་ཞེ་ན། རྣམ་པར་རྟོག་པ་རྣམས་དོན་དང་འབྲེལ་པར་ངེས་པ་མེད་པའི་ཕྱིར་ཏེ། རྣམ་པར་རྟོག་རྣམས་ནི་དོན་ཇི་ལྟ་བ་བཞིན་སྐྱེ་བ་མེད་པ་ཉིད་དོ། །སྨིག་རྒྱུར་མཐོང་བ་ཡོད་ན་ཆུར་འཁྲུལ་པར་འགྱུར་བས་དེ་ལས་སྐྱེ་བ་ཞེས་བྱའི་ཆུ་མ་ཡིན་པ་དང་བྲལ་བའི་དོན་གྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རང་གི་ངོ་བོའི་རྗེས་སུ་བྱེད་པ་འཇོག་པས་བསྐྱེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ནི་ཁྱད་པར་མཚོན་པ་ལ་མི་བསལ་བའི་ཕྱིར། རང་གི་བག་ཆགས་སང་པ་རྐྱེན་ལ་ལྟོས་པས་བསྐྱེད་དོ། །དེ་ལྟ་བས་ན་འཁྲུལ་པའི་རྣམ་པར་རྟོག་པ་དངོས་པོ་ཐ་དད་པ་ལས་སྐྱེ་བ་ཅན་འཁྲུལ་པ་ལས་དེ་ཉིད་འདི་ཡིན་ནོ་སྙམ་དུ་ངོ་ཤེས་པ་ཡིན་ཏེ། སྤྱི་ཐ་དད་པ་མཐོང་བ་ལས་ནི་མ་ཡིན་ནོ། །ཐ་མི་དད་པ་ཡང་མ་ཡིན་ཏེ། བསལ་བ་བཞིན་དུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གཞན་ཡང༌། གཞན་གྱི་ལྟར་ནའང་བློ་དེ་ནི། །སྤྱི་ནི་འབའ་ཞིག་ཉིད་ལས་ཡིན། །གཞན་གྱིས་ཀྱང་བློ་འདི་ནི་སྤྱི་འབའ་ཞིག་ལས་འབྱུང་བར་བརྗོད་པར་རིགས་པ་མ་ཡིན་ཏེ། རྟག་ཏུ་དེ་ཙམ་རྣམ་


DTG174_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། །བསལ་བ་མི་ཤེས་ཐལ་འགྱུར་ཕྱིར། །གལ་ཏེ་བློ་འདིས་རྟག་ཏུ་སྤྱི་ཁོ་ན་འཛིན་པར་བྱེད་ན་ཤེས་པ་འདིས་བསལ་བ་མི་རྟོགས་པ་ཁོ་ནར་འགྱུར་རོ། །དེ་ཡི་ཚེ་ན་ནམ་ཡང་ནི། །དེ་ལྡན་འབྲེལ་པ་མ་བཟུང་ན། །དེ་དང་ལྡན་ངེས་མི་འགྱུར་ན། །དེ་ལས་ཇི་ལྟར་ཐ་སྙད་འདོགས། །གང་གི་ཚེ་སྤྱི་འཛིན་པའི་རྣམ་པར་ཤེས་པས་ཁྱད་པར་རྣམས་དམིགས་པ་ཉིད་དུ་ཉེ་བར་མི་སྦྱོར་བ་དེའི་ཚེ་ནམ་ཡང་དེ་དག་འབྲེལ་པར་མ་བཟུང་བས་འདི་ནི་འདིའི་སྤྱིའོ། །འདི་ནི་དེ་དང་ལྡན་པའོ་ཞེས་བྱ་བར་ཡང་མི་འགྱུར་རོ། །དེ་ལྟ་ན་ནི་དེ་རྟོགས་པས་དེ་དང་ལྡན་པ་ལ་འཇུག་པར་མི་འགྱུར་ཏེ། དོན་གཞན་བཞིན་ནོ། །གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །བསལ་རྣམས་ཤེས་པའི་རྒྱུ་ཞེ་ན། །གལ་ཏེ་འདི་སྙམ་དུ་བསལ་བ་རྣམས་ནི་དེའི་དམིགས་པའི་དངོས་པོའི་རྒྱུ་ཡིན་ལ། འབའ་ཞིག་པ་རྣམས་ནི་མ་ཡིན་ཏེ། གང་གི་ཚེ་འདི་དག་ལ་གཅིག་ལྷན་ཅིག་བྱེད་པ་ཡོད་པ་དེའི་ཚེ་དེ་དང་ལྷན་ཅིག་ཏུ་འཛིན་ཏོ་སྙམ་དུ་སེམས་ན། དངོས་པོ་གཅིག་དེས་དེ་རྣམས་ཀྱི། །ཐ་དད་པ་ཉིད་སེལ་ཏམ་ཅི། །ཐ་དད་ཕྱིར་ནི་དེ་དག་ལ། །གཅིག་རྣམ་ཤེས་ཀྱི་རྒྱུར་མི་འདོད། །གཅིག་པུ་དེས་དེ་རྣམས་ཀྱི་ཐ་སྙད་པ་ཉིད་སེལ་ཏམ། ཅི་སྟེ་ཐ་དད་པ་ཉིད་ནི་དེ་དག་ལ་གཅིག་གི་རྣམ་པར་ཤེས་པ་མི་བསྐྱེད་པ་ཉིད་ཀྱི་རྒྱུ་ཡིན་པར་བརྗོད་དོ། །གལ་ཏེ་དུ་མའང་གཅིག་ལྟོས་ནས། །ཐ་དད་མིན་བློ་སྐྱེད་ཅེ་ན། །ཐ་དད་པའི་ཕྱིར་དུ་མས་གཅིག་གི་ཤེས་པ་མི་བསྐྱེད་དོ་ཞེས་ནི་མི་སྨྲ་སྟེ། ཐ་དད་པས་སྐྱེ་བ་ལ་འགལ་བ་མེད་དོ། །འོ་ན་ཅི་ཞེ་ན། བྲལ་བས་འགལ་ཏེ། དེས་ན་གཅིག་དང་ལྷན་ཅིག་པས་སྐྱེད་པར་བྱེད་པ་ཁོ་ནའོ་ཞེ་ན། དེ་ལྟར་ན་འོ་ན་ནི། དེ་དག་རེ་རེ་མེད་པར་ཡང༌། །དེ་གཅིག་གིས་ཀྱང་བསྐྱེད་བྱ་བའི། །བློ་ལ་དེ་རྣམས་ནུས་མེད་ཕྱིར། །བློ་ཡིས་འཛིན་པ་མེད་པ་ཡིན། །དེ་ནི་འདི་ལྟར་ཤེས་པ་དེ་ལ་བསལ་བ་རྣམས་ཀྱི་ནུས་པ་རྟོགས་ཏེ། དེ་རྣམས་ལས་རེ་རེ་མེད་ཀྱང་དེ་ཡོད་པའི་ཕྱིར་དང༌། སྤྱི་མེད་ན་མེད་པའི་ཕྱིར་ལ་གཞན་དུ་མ་ཡོད་པའི་ཕྱིར་རོ། །འདི་ནི་ཉེས་པ་མེད་དེ་ཇི་ལྟར་སྔོན་པོ་ལ་སོགས་པ་ལ་རེ་རེ་བསལ་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེ་ལ་དེ་དག་གི་ཚོགས་པ་ལ་ཡང་


DTG174_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མེད་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་སོ་སོར་རེ་རེ་བསལ་ན་ཡང་སྐྱེ་བས་དུས་ཐམས་ཅད་དུ་ནུས་པ་མེད་པ་མ་ཡིན་ནོ་ཞེ་ན། མི་མཐུན་པར་ཉེ་བར་བཀོད་པ་སྟེ། འདི་ལྟར། སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཚོགས་ལའང་ནུས་གྲུབ་བསལ་བ་ལས། །ཇི་ལྟར་ཡང་ན་དེ་ལྟར་མིན། །དབང་པོ་ལ་སོགས་པ་ལ་མིག་གི་རྣམ་པར་ཤེས་པ་ལ་སོ་སོའི་ནུས་པ་ཡང་མཐོང་བས་ཚོགས་པ་ལ་ཡང་ནུས་པ་མི་འགལ་ལོ། །བསལ་བ་རྣམས་ནི་སྤྱི་ལ་མི་ལྟོས་པར་ནམ་ཡང་དེ་ལྟར་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་བསལ་བ་རྣམས་ཀྱིས་དེ་ལ་མི་ནུས་པ་ཁོ་ན་ཡིན་པས་དེ་རྣམས་མི་འཛིན་པར་འགྱུར་རོ། །གལ་ཏེ་དེ་དག་འགའ་ཞིག་ལ། །ལྟོས་ནས་དེ་ནུས་འབའ་ཞིག་མིན། །འོན་ཏེ་ཐ་ག་པ་ཐག་ཟོང་མེད་པར་རས་ཡུག་མི་འཐག་ལ། ཐག་པ་ཐག་ཟོང་རེ་རེ་མེད་ཀྱང་འཐགས་པས་དེ་ཁོ་ན་ལས་རས་ཡུག་འབྱུང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བསལ་བ་རེ་རེ་བསལ་བ་ལ་རྣམ་པར་ཤེས་པ་སྐྱེ་བ་ལ་ཡང་སྤྱི་འབའ་ཞིག་པ་དེ་ནི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསལ་བ་རྣམས་ཀྱི་ནང་ནས་གཅིག་འབའ་ཞིག་ལ་ལྟོས་ནས་རྣམ་པར་ཤེས་པ་བསྐྱེད་དོ་སྙམ་དུ་སེམས་ན། དེ་ལྟ་ཡིན་ན། དེ་དག་དེ་གཅིག་ལ་ཕན་ན། །ཇི་ལྟར་བློ་གཅིག་ཉིད་མ་ཡིན། །དོན་ཐ་དད་པ་རྣམས་དོན་གཅིག་ལ་སྦྱོར་བ་འགལ་བས་འདི་ཐམས་ཅད་བརྩམས་པ་ཡིན་ལ། གལ་ཏེ་བསལ་བ་དེ་དག་ཀྱང་སྤྱི་གཅིག་ལ་ཕན་འདོགས་པར་བྱེད་ན། དེ་རྣམས་ལ་རྣམ་པར་ཤེས་པས་གང་གིས་ན་དེ་མི་བསྐྱེད་པའི་ཉེས་པ་ཅི་ཞིག་བྱས། དེ་ལ་བར་མ་དོར་ལྷག་མ་སྤྱིས་ཅི་ཞིག་བྱ་སྟེ། ཇི་ལྟར་འདི་དག་ཐ་དད་ཀྱང་སྤྱི་གཅིག་ལ་ཕན་འདོགས་པའི་ནུས་པ་ཡོད་པ་དེ་བཞིན་དུ་རྣམ་པར་ཤེས་པ་དེ་གཅིག་ཁོ་ན་བསྐྱེད་ལ་རག་མོད། གཞན་ཡང༌། འདི་དེ་རྣམས་ཀྱི་འབྲས་བུར་འགྱུར། །ཕན་འདོགས་གང་ཡིན་བསྐྱེད་པ་ཡིན། །སྔོན་རོལ་བཞིན་དུ་བོགས་མེད་པའི་བདག་ཉིད་འཛིན་པ་འདི་ལ་ནི་ཕན་པ་ཞེས་བྱ་བ་འགའ་ཡང་མེད་ན། ཧ་ཅང་ཐལ་བར་འགྱུར་རོ། །དོན་འགའ་ཞིག་བསྐྱེད་ན་


DTG174_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེས་དེ་ལ་ཅི་ཞིག་བྱེད། །དེ་དེའི་རྟེན་ཉིད་ཡིན་དུ་ཕན་འདོགས་པ་མེད་པ་ལ་རྟེན་དང་བརྟེན་པའི་དངོས་པོ་འདི་ཅི་ཞིག་ཡོད། ཡང་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཕན་འདོགས་ན་ཡང་དེ་ཁོ་ན་ལ་དེ་འབྲེལ་པས་དེ་བྱེད་པའི་ཕྱིར་དེ་ལ་ཕན་པར་བྱེད་པ་གཞན་ཅི་དགོས། དེ་ལ་ལྟོས་པའི་རྟེན་གྱིས་དེ་ལ་སྦྱོར་ན་ནི་ཕན་པར་བྱ་བ་མ་ཡིན་པ་ཉིད་ལ་ལྟོས་པ་ཞེས་བྱ་བ་འདི་ཅི་ཞིག་ཡོད་དེ། དེ་ལས་སྐྱེ་བའི་ཆོས་ཅན་ནི་རང་བཞིན་འབྲེལ་པའི་ཕྱིར་ལྟོས་པ་ཞེས་བྱའོ། །བོགས་དབྱུང་དུ་མེད་པ་ཅན་གྱི་བདག་ཉིད་ཅན་ཡང་ཡིན་ལ། གཞན་དག་ལ་ལྟོས་སོ་ཞེས་བྱ་བ་འདི་ནི་ཉམས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཅུང་ཟད་འགའ་ཞིག་ལ་ལར་འབྲེལ་པ་དེ་ཐམས་ཅད་ནི་བསྐྱེད་པར་བྱ་བའི་ཁོངས་སུ་གཏོགས་སོ། །གཞན་གྱི་དངོས་པོ་བསྐྱེད་ན་ནི་དེ་ལ་ཕན་པ་མེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པ་ལ་ཡང་ཕན་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་བསལ་བས་ཕན་བཏགས་པའི་སྤྱིས་རྣམ་པར་ཤེས་པ་བསྐྱེད་ན་འདི་འདིའི་འབྲས་བུ་ཉིད་དུ་འགྱུར་བར་གསལ་ལོ། །འགའ་ཞིག་གིས་ནུས་ན་ནི་བསལ་བ་རྣམས་ཀྱིས་ནམ་ཡང་གང་ལ་ཡང་ནུས་པར་མ་གྲུབ་པའི་ཕྱིར་གཟུང་བར་བྱ་བ་ཉིད་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་བསལ་བ་རྣམས་ཀྱིས་ནུས་སོ་ཞེ་ན། ཕན་འདོགས་པར་མ་གྲུབ་པ་ཅན་རྣམས་ཇི་ལྟར་སྣང་སྟེ་དེ་ཉིད་སྤྱི་ཁས་ལེན་ན་བསམ་པར་བྱ་བ་ཡིན་ནོ། །འདི་ལྟར་ཕན་པར་བྱེད་པ་མ་ཡིན་པ་ནི་ཡུལ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་མ་ཡིན་པ་ནི་རྣམ་པར་ཤེས་པ་ལ་མི་སྣང་ངོ༌། །གལ་ཏེ་ཕན་པ་མེད་པ་ཡུལ་ཉིད་མ་ཡིན་ན་འདས་པ་ལ་སོགས་པ་ཡུལ་ཉིད་མ་ཡིན་ཏེ། མེད་པ་རྣམས་ལ་ཕན་འདོགས་པའི་མཐུ་མེད་པའི་ཕྱིར་རོ་ཞེ་ན། དེ་དག་གི་ཤེས་པ་རྣམས་ཡུལ་མེད་དུ་ཟད་མོད། ཡུལ་མེད་དུ་ཟད་ཀྱང་ཉམས་སུ་མྱོང་བ་དེ་ལྟ་བུས་གཞག་པའི་བག་ཆགས་ལས་སྐྱེ་བའི་ཕྱིར་དེའི་རྗེས་སུ་བྱེད་པ་ནི་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན་ནོ། །ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་ནུས་པ་ཡིན་གྱི་སྣང་བའི་ཕྱིར་ནི་མ་ཡིན་ཏེ། བསལ་བ་ལ་མ་གཏོགས་པ་སྤྱི་མི་སྣང་བའི་བྱེད་པ་ཡོད་


DTG174_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང༌། སྒྲ་ལ་སོགས་པ་ཉམས་པར་སྣང་ཡང་དེ་རྣམས་ལ་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཐ་དད་མི་སྣང་བློ། །ཐ་དད་རྣམས་ལ་མི་འདོད་ན། །དུ་མས་འབྲས་བུ་གཅིག་མི་བྱེད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། དོན་ཐ་དད་པ་རྣམས་ལ་དེ་དག་གི་རྣམ་པར་གཞག་པ་ཅན་གྱིས་བློ་ཐ་མི་དད་པར་སྣང་བར་མི་འགྱུར་རོ། །སྤྱི་འཛིན་པ་རྣམས་ལ་ནི་རང་གི་མཚན་ཉིད་མི་སྣང་བ་ཉིད་དེ། དེ་མེད་ཀྱང་དེ་དག་ཡོད་པའི་ཕྱིར་དང༌། རང་གི་རྣམ་པར་ཤེས་པ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་དང༌། གཅིག་ལ་རྣམ་པ་དུ་མ་མི་རུང་བའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་དེ་ལས་བྱུང་ཞིང་དོན་ཐ་དད་པ་འཛིན་པ་ཡིན་ན་ཐ་མི་དད་པར་སྣང་བར་མི་འགྱུར་རོ། །དེ་མི་སྣང་བས་ཀྱང་ལྷག་པར་ཞེན་པའི་འཁྲུལ་པས་འཇིག་རྟེན་ཐ་སྙད་འདོགས་པར་བྱེད་དོ། །དེ་ལ་སྣང་བའི་རྣམ་པ་དེ་དོན་རྣམས་ལ་མེད་དེ། ཐ་དད་པའི་ཐ་མི་དད་པ་ནི་མ་གཏོགས་སོ། །དེ་ནི་མེད་པའི་ངོ་བོ་ཡིན་ཏེ། དེས་དེ་ཁོ་ན་འཛིན་པ་ན་དེ་ལྟར་བསླད་པར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །གཞན་ཡང་སྤྱི་དངོས་པོར་སྨྲ་བའི། །ལྟར་ན་ཡང་གསལ་བ་རྣམས་ཐ་དད་པ་ཁོ་ན་ཡིན་ན་ཇི་ལྟར་དེ་དག་ལ་བློ་རྣམ་པ་ཐ་མི་དད་པ་ཅན་ཡིན་ཏེ། ཀླན་ཀ་མཚུངས་སོ། །མཚུངས་པ་མ་ཡིན་ཏེ། དེ་ལ་སྤྱི་ཐ་མི་དད་པའི་ཕྱིར་རོ་ཞེ་ན། དེ་ལ་དེ་ཡོད་ཀྱང་སྣང་བ་མི་རྟོགས་པ་མ་ཡིན་ནམ། དེ་ནི་ཁ་དོག་དབྱིབས་སུ་སྣང་བར་ལྡན་པར་ཡིད་ཆེས་སོ། །སྤྱི་ནི་དེ་ལྟ་བུ་མ་ཡིན་ནོ།། །། བམ་པོ་བཞི་པ། དེ་ལ་མ་གཏོགས་པ་ཐ་མི་དད་པའི་རྣམ་པ་ཡང་འགའ་ཡང་མེད་དོ། །རྣམ་པ་སྤྱི་ཡིན་པར་སྨྲ་བའི་ལྟར་ན་ཡང་དེ་ཁྱད་པར་བཞིན་དུ་ཐ་མི་དད་པའི་སྒོ་ནས་དོན་གཞན་ལ་མི་འཇུག་པས་ཐ་མི་དད་པའི་ཕྱིར། ཐ་མི་དད་པར་སྣང་བར་མི་རུང་ངོ༌། །ཡང་ན་ཡིན་དུ་ཟད་དེ། བློ་ཡི་སྣང་བ་ཐ་དད་དེ། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །དེ་དག་ལ་ཐ་མི་དད་པར་སྣང་བ་ནི་མེད་པ་ཁོ་ན་སྟེ། མཚུངས་པ་ཞེས་འཛིན་པའི་ཕྱིར་རོ། །གཅིག་ཏུ་སྣང་བ་ལ་མཚུངས་སོ་སྙམ་པ་ནི་རིགས་པ་མ་ཡིན་ནོ། །འོ་ན་ཅིའི་ཞེ་ན། དེ་ཉིད་འདི་ཡིན་ནོ་སྙམ་མོ། །གལ་ཏེ་གཉི་ག་འཛིན་པའི་


DTG174_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཉེས་པ་མེད་དོ་ཞེ་ན། འོན་ཀྱང་དེ་འདི་ལའོ་སྙམ་པར་འགྱུར་གྱི་མཚུངས་སོ་སྙམ་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་དེ་དག་གི་མཚུངས་པ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་དང་གཞན་དུ་མཚུངས་པ་ཡིན། གལ་ཏེ་དེ་དག་དང་འབྲེལ་པའི་ཕྱིར་རོ། །ཞེ་ན་མ་ཡིན་ཏེ། རག་མ་ལས་པ་ལ་འབྲེལ་པར་མི་རུང་བའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་དག་མཚུངས་ན་ནི། །ཇི་ལྟར་ཐ་དད་བློས་གཟུང་བྱ། །མཚུངས་པའོ་ཞེས་གཟུང་བ་མཐོང་ནས་འདི་དག་ལ་ཐ་མི་དད་པར་སྣང་བ་མ་ཡིན་ནམ་ཞེ་ན། དེ་མཐོང་བ་ལས་ཐ་དད་པ་དང་ཐ་མི་དད་པ་དག་སྣང་བའི་ཕྱིར་མཚུངས་པར་གཏོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲས་བུ་གཅིག་འདྲ། ཁོ་བོས་ནི་དོན་གྱི་ཤེས་པ་ལ་རྣམ་པ་གཉིས་མ་མཐོང་སྟེ། མ་མཐོང་ན་ཇི་ལྟར་དོན་གཉིས་རབ་ཏུ་བརྟགས་པས་བདག་ཉིད་བསླུ་བར་བྱ། བསལ་བ་འབྲས་བུ་གཅིག་ཅན་རྣམས་ནི་རྟོག་པའི་ཡུལ་དུ་ཉེ་བར་འགྲོ་སྟེ། དེའི་ཕྱིར་འདིས་འཁྲུལ་པས་དེ་ལྟར་བསྲེ་བར་བྱེད་དོ། །ཞེས་བྱ་བ་འདི་ནི་སྐྱོན་མེད་དོ། །དེ་དག་གི །འབྲས་བློ་དེ་ཡང་ཐ་དད་དོ། །དངོས་པོ་རེ་རེ་ལ་དེ་སྣང་བའི་རྣམ་པར་ཤེས་པ་ཡང་དེ་དང་འདྲ་བར་ཐ་དད་པའི་ཕྱིར་རོ། །ཇི་ལྟར་འབྲས་བུ་གཅིག་པ་ཅན་དག་ཡིན། དེ་དག་གི་འབྲས་བུ་ནི་དེ་ཡིན་ན་དེ་ཡང་ཐ་དད་དོ། །བུམ་པ་ལ་སོགས་པའི་འབྲས་བུ་ཆུ་ཆུ་བ་ལ་སོགས་པ་གཅིག་པོ་གང་ཡིན་པ་དེ་ཡང་རྫས་རེ་རེའི་ཁྱད་པར་གྱི་ཐ་དད་པ་ཁོ་ན་ཡིན་པས་ཐ་དད་པ་རྣམས་ལ་འབྲས་བུ་གཅིག་པ་མེད་དོ་ཞེ་ན། དེ་ནི་ཉེས་པ་མེད་དེ། འདི་ལྟར། གཅིག་ཏུ་རྟོགས་པའི་རྒྱུ་ཡི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིན། །བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །བསལ་བ་རྣམས་ཀྱང་ཐ་མི་དད། །ཇི་ལྟར་དངོས་པོ་རྣམས་ལ་རང་བཞིན་འབྲེལ་པ་མེད་པ་འདི་ཡང་བཤད་ཟིན་ཏེ། དེ་ལ་བསྲེ་བའི་རྣམ་པ་ཅན་གྱི་བློ་ནི་འཁྲུལ་པ་ཁོ་ན་ཡིན་ལ། དེ་ནི་དངོས་པོ་ཐ་དད་པ་རིམ་གྱིས་རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་བསྐྱེད་དོ། །ཞེས་ཀྱང་བཤད་ཟིན་ཏོ། །འདི་དག་གི་ཐ་དད་པ་དེ་བྱེད་པ་མ་ཡིན་པའི་ངོ་བོ་ཉིད་ལས་ཐ་དད་པའི་དེ་ནི་ཐ་མི་དད་པ་ཞེས་བྱ་སྟེ། ཤེས་པ་


DTG174_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གཅིག་འབའ་ཞིག་བྱེད་པའི་ཕྱིར་རོ། །དེ་ཡང་རྫས་རེ་རེ་ལ་ཐ་དད་ཀྱང་རང་བཞིན་གྱིས་གཅིག་ཏུ་རྟོགས་པ་ཐ་མི་དད་པར་སྙེམས་པའི་རྒྱུར་གྱུར་བ་ན་ཐ་མི་དད་པར་སྣང་ངོ༌། །རྟོགས་པ་དེ་ལྟ་བུའི་རྒྱུ་ཐ་མི་དད་པར་སྣང་པའི་ཤེས་པ་ལ་སོགས་པའི་དོན་གྱི་རྒྱུ་ཡིན་པའི་ཕྱིར། བསལ་བ་རྣམས་ཀྱིས་ཀྱང་རང་བཞིན་གྱིས་གཅིག་གི་ཤེས་པ་རྣམ་པར་བསྲེ་པ་རང་གི་ངོ་བོའི་ཁྱད་པར་དོན་དམ་པ་ལ་བརྟེན་པ་ཅན་བསྐྱེད་དོ། །ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །དེ་ལྟ་བས་ན་འབྲས་བུ་གཅིག་པ་ཁོ་ན་དངོས་པོ་རྣམས་ཀྱི་ཐ་མི་དད་པ་ཡིན་ནོ། །དེ། དེ་ཡི་འབྲས་ཅན་མིན་བྲལ་བ། །ཁོ་ན་ཡིན་ཏེ། དེ་ལས་གཞན་རྗེས་འགྲོ་བ་ཡི། །དངོས་མ་མཐོང་ཕྱིར་བཀག་པའི་ཕྱིར། །ལྟར་རུང་བ་རྣམ་པར་དབྱེ་བར་མི་སྣང་བ་ནི་མེད་དོ་ཞེས་བྱ་བ་དང༌། ཡོད་ན་ཡང་གང་ལ་ཡང་མི་བརྟེན་ན་ཇི་ལྟར་ཤེས་པའི་རྒྱུ་ཡིན་ཞེས་དེ་ནི་བཤད་ཟིན་ཏོ། །བཀག་པ་བྱས་པའི་ཡང་ཕྱིར། དེར་བརྟག་པ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར། བརྔ་ནི་ཡང་དེ་རིག་དོན་ཅན་ཡིན་པ་ཁོ་ནར་རིགས་ཏེ། བརྡ་ཞིག་ཏུ་བྱས་ན་ཡང་དངོས་པོ་རྣམས་ཀྱི་ཕན་ཚུན་ཐ་དད་བ་གང་ཡིན་པ་དེ་ཁོ་ནར་ཤེས་པར་བྱ་བའི་ཕྱིར། དེ་མི་བྱེད་པ་ལས་ཐ་དད་པས་འཇུག་པ་ཉིད་དུ་བྱེད་ན་མཛེས་སོ། །གལ་ཏེ་དེ་ཤེས་པར་བྱ་བའི་དོན་དུ་བརྡར་འདོགས་པ་མ་ཡིན་ན། དེ་ཐ་སྙད་ཀྱི་དུས་སུ་ཡང་མི་རེག་པའི་ཕྱིར་གཞན་སྤངས་ནས་འཇུག་པར་མི་འགྱུར་ཏེ། དེ་རྣམས་ཀྱི་དེ་དག་ལས་ཐ་དད་པ་དེ་སྒྲས་བརྗོད་པ་ནི་མ་ཡིན་ནོ། །མཉན་པ་དེ་ནི། དེ་བྱེད་མིན་ལ་དེ་བྱེད་དང༌། །འདྲ་བའི་ངོ་བོ་སྣང་བ་ཅན། །དངོས་པོ་ཐ་དད་དངོས་ཙམ་གྱིས། །ས་བོན་ཅན་དོན་མེད་པའི་བློ། །སྐྱེད་པར་བྱེད་པའང་དེ་མི་བྱེད། །ཡོངས་སྤོང་ཡན་ལག་ངོ་བོའི་ཕྱིར། །དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་བསླུ་ཡིན་པར་འདོད། །དེའི་ཕྱིར་གཞན་སེལ་ཡུལ་ཅན་དེ། །དེ་བྱེད་བརྟེན་པའི་ངོ་བོའི་བྱེད། །ངོ་བོ་ཉིད་གཅིག་དང་བྲལ་བའི་དོན་རྣམས་ལ་དེ་སྒྲོ་བཏགས་ནས་སྐྱེ་བའི་བློ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་བྱ་བ་བྱེད་པ་མ་ཡིན་ཡང་དེ་བྱེད་པ་ལྟ་བུར་


DTG174_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་ཞེན་པའི་དངོས་པོ་ཐ་དད་པའི་ངོ་བོ་ཙམ་གྱིས་ས་བོན་ཅན་མཚུངས་པ་ཉིད་དུ་ལྷག་པར་ཞེན་པ་ཕྱིན་ཅི་ལོག་པ་བསྐྱེད་པའི་མཉན་པ་ཡང་དེ་ལས་གཞན་པའི་ཡོངས་སུ་སྤོང་བའི་ཡན་ལག་གི་ངོ་བོའི་ཕྱིར། དོན་དམ་པར་དེ་ལས་ཐ་དད་པའི་དོན་དག་ལ་མི་སླུ་བ་ཞེས་བྱའོ། །འདི་ལྟར་ཐ་དད་པ་དེ་ནི་དེ་དག་ལ་ཡང་དག་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐ་དད་པའམ་ཐ་མི་དད་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མི་རུང་བའི་ཕྱིར་རོ། །དེ་དངོས་པོ་ལ་འགོད་ན་ནི་སྒྲ་དང་ཤེས་པ་དག་ལས་དངོས་པོ་ཐག་བསྲིངས་པ་ཁོ་ནར་འགྱུར་ཏེ། དེའི་ཡུལ་དུ་འདོད་པ་མེད་པའི་ཕྱིར་དང༌། དངོས་པོའི་ཆོས་གཞན་ཡང་འགགས་ལ་ཡང་རེག་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཉན་པ་དེ་ནི་གཞན་སེལ་བའི་ཡུལ་ཅན་ཞེས་བྱ་སྟེ། གཞན་ལོག་པའི་དོན་རྣམས་ལ་བྱེ་བྲག་མེད་པར་ལྡོག་པའི་ཁྱད་པར་ལ་བརྟེན་ནས་བཀོད་པའི་ཕྱིར་དང༌། ཐ་སྙད་ལ་ཡང་གཞན་སྤངས་ནས་འཇུག་པའི་ཕྱིར་རོ། །ཤིང་མ་ཡིན་ལས་ལྡོག་པ་ནི། །ཤིང་དོན་འཛིན་ན་གཉིས་པོ་ནི། །ཕན་ཚུན་བརྟེན་པ་ཡིན་པས་གཅིག །འཛིན་པ་མེད་ན་གཉིས་མི་འཛིན། །དེ་ཡི་ཕྱིར་ན་བརྡར་གདགས་པ། །མི་སྲེད་དོ་ཞེས་ཁ་ཅིག་སྨྲ། །ཁ་ཅིག་ན་རེ་གལ་ཏེ་ཤིང་ནི་ཤིང་མ་ཡིན་པ་དག་ལས་ཐ་དད་པ་ཡིན་ན། དེ་ནི་ཤིང་མ་ཡིན་པ་འཛིན་པ་མེད་པར་དེ་ལྟར་གཟུང་བར་མི་ནུས་པའི་ཕྱིར་དང༌། ཤིང་མ་ཤེས་པ་ཅན་གྱིས་དེ་རྣམ་པར་གཅོད་པའི་ངོ་བོ་ཤིང་མ་ཡིན་པ་ཡང་ཡོངས་སུ་མི་ཤེས་བའི་ཕྱིར། བློ་ལ་མི་གནས་པའི་དོན་ལ་བརྔར་གདགས་པར་མི་ནུས་སོ་ཞེས་འཛིན་ཏོ། །དེ་དག་གི་ནི་བརྔར་འདོགས་ལ། །ཤིང་མིན་རྣམ་བར་གཅོད་དམ་ཅི། །གང་དག་དེ་ལྟར་སྤྱོད་དངོས་པོ་ཅིག་ཁས་བླངས་ནས་གཞན་རྣམ་པར་གཅོད་པས་བརྡར་འདོགས་པ་ལ་ཕན་ཚུན་བརྟེན་པ་ཡིན་པར་རྒོལ་བ་དེ་དག་གི་དེ་ལ་ཡང་བརྔར་བྱེད་པ་ན། ཤིང་མ་ཡིན་པ་རྣམ་གཅོད་དམ། །འོན་ཏེ་མ་ཡིན་ཏེ། གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མད་ན་ཇི་ལྟར་ཤེས། །དེའི་ཚེ་རྟོགས་པ་པོས་ཤིང་ཡང་མི་ཤེས་ཤིང་མ་ཡིན་པ་ཡང་མི་ཤེས་ཏེ་དེ་ཤེས་པར་བྱ་བ་


DTG174_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའི་ཕྱིར། དེ་དོན་དུ་གཉེར་བ་ཞིག་ཏུ་ཉེ་བར་འགྲོ་བའི་ཕྱིར་རོ། །དེ་མི་ཤེས་པ་དེས་ཇི་ལྟར་བརྡ་ལ་ཤིང་མ་ཡིན་པ་རྣམ་པར་གཅད་པ་རྟོགས་པར་འགྱུར། མི་རྟོགས་ན་ཡང་དེ་ལས་གཞན་པ་ཡོངས་སུ་མ་སྤངས་པ་ཅན་འགོད་པ་དང་ལྡན་པའི་སྒྲ་ལས། བརྡ་ལས་དེ་དག་མི་སེལ་ན། །ཐ་སྙད་འདོགས་པར་བྱེད་པ་རྣམས། །དེ་ཡོངས་སྤངས་ནས་འཇུག་པར་ནི། །མི་འགྱུར་ཤིང་གི་ཁྱད་པར་བཞིན། །བརྡའི་ཚེ་གཞན་རྣམ་པར་མ་བཅད་པར་བཀོད་པའི་སྒྲ་ལས་ཐ་སྙད་ཀྱི་ཚེ་ཤིང་མ་ཡིན་པ་ཡོངས་སུ་སྤངས་ནས་འཇུག་པར་རིགས་པ་མ་ཡིན་ཏེ། ཤིང་ཤ་པ་ལ་སོགས་པ་ཁྱད་པར་བཞིན་ནོ། །འོན་ཏེ། གལ་ཏེ་གཞན་བཀག་མི་བསྒྲུབ་པར། །མདུན་ནས་གཅིག་ཅིག་རབ་བསྟན་ནས། འདི་ཤིང་ཡིན་ཞེས་བརྡར་བྱེད་པ། །ཐ་སྙད་འདོགས་པའི་ཚེ་ན་ཡང༌། །དེ་རྟོགས་འགྱུར་ཏེ་དེ་ཡི་ཕྱིར། །ཉེས་པ་འདི་ནི་མེད་སྙམ་ན། །སྤྱི་དངོས་པོར་སྨྲ་བ་ནི་འགའ་ཞིག་རྣམ་པར་བཅད་པས་ཅུང་ཟད་ཅིག་བརྗོད་པ་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། མདུན་ན་འདུག་པའི་དངོས་པོ་གཅིག་ཅིག་ཡང་དག་པར་བསྟན་ནས་འདི་ནི་ཤིང་ཡིན་ནོ་ཞེས་བརྡར་བྱེད་ལ། འདིས་བརྡའི་དུས་ན་དེ་ལྟར་མཐོང་བའི་དོན་ཁོ་ནའམ། དེ་དང་འབྲེལ་པ་ཅན་ནི་ཐ་སྙད་ཀྱི་ཚེ་ཡང་རྟོགས་པར་འགྱུར་བས་ཐལ་བར་འགྱུར་བ་མཚུངས་པ་མ་ཡིན་ནོ་ཞེ་ན། མི་མཚུངས་པ་མ་ཡིན་ཏེ། འདི་ལྟར་དེ་ལ་ཡང༌། འདི་ཡང་ཤིང་འདི་ཁོ་ན་ཞེས། །བྱ་བར་ཐལ་བར་ལྡོག་པ་མེད། །གཅིག་རབ་ཏུ་བསྟན་ནས་འདི་ནི་ཤིང་ཡིན་ནོ་ཞེས་སྨྲ་བ་ཡང་འདི་ཡང་ཡིན་ནོ་ཞེ་འམ། འདི་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཚུལ་གཉིས་ལས་ནི་མི་གདའ་ལ། དེ་དག་ལ་ཡང་ཉེས་པ་དེ་ཉིད་ཡོད་དོ། །མཐོང་བ་ལས་བཟློག་པ་ནི་ཉེས་པར་སླ་བའི་ཕྱིར་ཉེས་པ་མེད་དོ། །གཅིག་འགའ་ཞིག་མཐོང་ཞིང་གཞན་ལ་དེའི་རྣམ་པས་དབེན་པའི་བློ་ཉམས་སུ་མྱོང་བ་ལ་ནི་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དེ་ལས་གཞན་ནོ་སྙམ་པ་ཆོས་མི་མཐུན་པ་ངེས་པ་དེ་ལས་འབྱེད་པ་སྐྱེའོ། །དེས་ནི་དེ་ཁོ་ན་ཤིང་ཡིན་ནོ་ཞེས་རབ་ཏུ་བསྟན་ནས་བྱེ་བྲག་ཏུ་ཤེས་པར་བྱ་སྟེ། གང་ཁོ་ན་ལ་དེ་མི་སྣང་བ་དེ་ཁོ་ན་ཤིང་མ་ཡིན་པར་རང་


DTG174_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་རྟོགས་པར་འགྱུར་རོ། །རྣམ་པར་གཅོད་པ་སྨྲ་བ་ལ་ནི་འདི་མི་སྲིད་དེ། གཅིག་ན་མཐོང་བའི་ངོ་བོ་ནི་གང་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །མཐོང་བར་རྟོགས་ན་ནི་གསལ་བ་གཞན་པ་ཡང་དེ་ལྟར་རྟོགས་པར་མི་འགྱུར་རོ་ཞེ་ན། དེ་ལྟར་ན་འོ་ན་ནི་འདི་ནི་དེ་ལ་ཡང་མཚུངས་ཏེ། འདི་ལྟར། གཅིག་རྟོགས་ཤེས་བྱའི་ཤེས་པ་ནི། །གཅིག་ལ་གནས་པའི་རྟོགས་པས་སོ། །དེ་དང་དེ་མིན་རྒྱུ་དོན་རྣམས། །བདག་ཉིད་རྣམ་པར་འབྱེད་པར་བྱེད། །འདི་ནི་གོང་དུ་ཇི་ལྟར་དངོས་པོ་འདི་དག་རང་བཞིན་གྱིས་ཐ་དད་ཀྱང་ཁ་ཅིག་ཤེས་པ་ལ་སོགས་པའི་འབྲས་བུ་གཅིག་བྱེད་ཀྱི་གཞན་དག་ནི་མ་ཡིན་པ་ལྟར་བཤད་ཟིན་ཏེ། འདིས་དེ་རྣམས་བདག་ཉིད་ཀྱིས་རྣམ་པར་ཕྱེ་ནས། དེའི་རྒྱུ་དང་དེའི་རྒྱུ་མ་ཡིན་པ་དག་རྟོགས་པར་འགྱུར་རོ། །དེའི། བློ་དེ་ལ་ནི་ཡོད་པའི་དངོས། །བློའི་རྒྱུ་ཉིད་དུ་སྣང་བ་དང༌། །རྒྱུ་མིན་ངོ་བོ་བྲལ་བ་དང༌། །ངོ་བོ་གཅིག་འདྲར་བདག་ཉིད་ཀྱིས། །ཐ་དད་པར་ནི་ཤེས་འགྱུར་བར། །ཐ་དད་པ་ཡི་སྐད་སྦྱོར་ཏེ། །དེ་ལས་དེ་རྟོགས་འགྱུར་བའི་བློ། །འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །དེ་རྣམས་ནི་རང་བཞིན་ཁོ་ནས་རྐྱེན་གྱི་དབང་གི་རྣམ་པར་རྟོག་པ་དེ་ལྟ་བུའི་རྒྱུ་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་ཏེ། དེ་མཐོང་བའི་བློ་ལ་ཡོད་པར་ཤེས་པ་དེའི་རྒྱུ་ཉིད་དང༌། དེ་ལས་གཞན་པ་ལས་ལྡོག་པས། །དེ་ལྟ་བུ་མ་ཡིན་ན་ཡང་དེ་ལྟ་བུར་ལྷག་པར་ཞེན་པ། ཕྱི་དང་ནང་གི་སྙམ་ནས་ཁྱད་པར་རྣམ་པར་མ་ཕྱེ་བ་ཅན་རྣམས་རྣམ་པར་རྟོག་པ་ལ་རྣམ་པར་གནས་པས་རྟོག་པའི་རྗེས་སུ་འབྲངས་ཏེ། འདི་དག་ནི་ཤིང་ཡིན་ནོ་ཞེས་རང་དང་གཞན་གྱི་རྣམ་པར་རྟོག་པ་ལ་གཅིག་ཏུ་སྣང་བ་ཀུན་དུ་བསྟན་ནས་རྣམ་པར་ཤེས་པ་དེའི་རྒྱུ་ཡིན་པར་ཐ་དད་པར་ཤེས་པར་འགྱུར་སྙམ་ནས་དེའི་རྒྱུ་མ་ཡིན་པ་དག་ལས་ཐ་དད་པ་ལ་དེ་སྐད་སྦྱོར་ཏེ། དེས་ལས་དེ་རྟོགས་པའི་བློ་རྣམ་པར་རྟོག་པ་ཅན་ནི་འཁྲུལ་པའི་དབང་ཁོ་ནས་དངོས་པོ་གཅིག་ཅིག་འཛིན་པ་ལྟ་བུར་སྣང་ངོ༌། །དེ་ལ་ཐ་དད་པ་མཐོང་བ་ཡང་གང་ཞིག་མཐོང་བ་དང་མ་མཐོང་བ་དག་གི་ཤིང་དང་ཤིང་མ་ཡིན་པ་འདི་རྣམ་པར་འབྱེད་པར་བྱེད་པ་དངོས་པོ་ལྟར་རུང་བ་ཅིག་ནི་མེད་དེ།


DTG174_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཡལ་ག་ལ་སོགས་པ་སྣང་བ་ལས་ཐ་དད་པར་ཁར་བ་ཐོགས་པ་ལ་ཁར་བ་བཞིན་དུ་མི་འཛིན་པའི་ཕྱིར་དང༌། གཞན་ལས་ཐ་དད་པར་མ་བཟུང་བར་མི་མངོན་པའི་ཕྱིར་རོ། །རྣམ་པ་གཅིག་ལ་མཐོང་བ་ཡང་གཞན་ལ་བལྟ་བར་མི་ནུས་པའི་ཕྱིར། དེ་དང་དེ་མ་ཡིན་པ་དག་ཤིང་དང་ཤིང་མ་ཡིན་པ་ཉིད་ཡིན་ན། གསལ་བ་གཅིག་ཁོ་ན་ཤིང་ཡིན་པར་འགྱུར་རོ། །བུམ་པ་ལ་སོགས་པའི་སྒྲ་ལ་ནི་དོན་གཞན། རྣམ་པར་གཅོད་པ་ཡོད་གྲང་ན། །ཞེས་བྱ་བ་ལ་སོགས་པའི་ཚིག་ལ་གོ་ཇི་ལྟར་ཡོད། གང་ལས་ཐ་དད་པར་འགྱུར་བ་ཞེས་བྱ་བ་མ་ཡིན་པ་ནི་ཅུང་ཟད་ཀྱང་མེད་དེ། དེ་ལས་ཐ་དད་པ་ཡུལ་དུ་བྱེད་པ་ཉིད་ཀྱིས་དེ་ཤེས་བྱ་ཡིན་ནོ་ཞེ་ན། དེ་ནི་ཉེས་པ་མེད་དེ། འདི་ལྟར། བློ་དོན་འགའ་ལས་རྣམ་བཟློག་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེའི་དོན་ངེས་པར་བཟུང་ཕྱིར་རོ། །གཞན་དུ་སྦྱོར་བ་དོན་མེད་འགྱུར། །དེས་ན་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་རྟོགས་རྣམས་ལའང༌། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །སྒྲ་རབ་ཏུ་སྦྱོར་བར་བྱེད་པ་ཐམས་ཅད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་མི་འདའ་སྟེ། དེ་ནི་འཇུག་པ་དང་ལྡོག་པའི་དོན་ཡིན་པའི་ཕྱིར་རོ། །གལ་ཏེ་འདིས་འགའི་བློ་གང་ལས་ཀྱང་ལྡོག་པར་མི་བྱེད་པའམ། འཇུག་པར་མི་བྱེད་ན་ཇི་ལྟ་བ་བཞིན་དུ་གནང་བའི་ཕྱིར། ཐ་སྙད་ཐམས་ཅད་ལ་འགའ་ཡང་ཐ་སྙད་གདགས་པར་མི་འགྱུར་ཏེ། ཐ་སྙད་ནི་ངེས་པར་གཟུང་བ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །དཔེར་ན་བུམ་པས་ཆུ་འོན་ཅིག་ཅེས་བྱ་བ་ལྟ་བུ་ལ། གལ་ཏེ་བུམ་པ་དང་སྙིམ་པས་ཆུ་ཅི་འདྲ་ཡང་རུང་བ་ཞིག་བླང་བར་འདོད་པར་གྱུར་ན་ནི། ཆུ་འོན་ཅིག་ཅེས་བྱ་བ་ཁོ་ན་བརྗོད་པར་བྱ་བར་འགྱུར་གྱི། བུམ་པས་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱག་དར་རམ། གཞན་གང་ཡང་རུང་བ་ཞིག་བླང་བར་དགོས་པར་འདོད་པ་ཞིག་ཏུ་གྱུར་ན་ནི། འོན་ཅིག་ཅེས་བྱ་བ་བྱེད་པ་དང༌། ལས་མ་འཕངས་པ་ཅན་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་བླང་བའམ་བསྒྲུབ་པར་བྱ་བའམ་བསྒྲུབ་པར་བྱ་བ་མ་


DTG174_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་གཞན་ཅུང་ཟད་ཅིག་ཡིན་པར་འདོད་ན་ནི། དེའི་ཚེ་འོན་ཅིག་ཅེས་བྱ་བ་ཡང་བརྗོད་པར་བྱ་བར་མི་འགྱུར་ཏེ། ཚིག་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའི་ཚིག་ཐ་སྙད་དུ་གཏོགས་པ་རྣམས་ལ་ཡང་རྣམ་པར་བཅད་པར་བྱ་བ་འགའ་ཞིག་ཡོད་པར་འགྱུར་ཏེ། གཞན་དུ་དོགས་པ་མེད་ན་སྦྱོར་བ་མི་རུང་བའི་ཕྱིར་རོ། །དེ་ལ་ནི་བློ་གྲོས་རྨོངས་པའི་དོགས་པའི་གནས་གང་ཡིན་པ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །འོན་ཏེ་དོགས་པ་མེད་ན་ནི་གཞན་གྱིས་གདམས་པ་ཅི་ཞིག་ལྟོས་པར་འགྱུར་རོ། །ཉན་པ་པོ་འབྱང་བར་བྱ་བ་མེད་པ་ཅན་སྨྲ་ན་ཡང་ཇི་ལྟར་བསྙོན་པ་མ་ཡིན་ཏེ། དེ་འབྱང་བར་བྱ་བ་ཁོ་ནའི་ཕྱིར་སྒྲ་རྣམས་བརྡར་བྱས་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པའི་སྒྲ་ཐ་དད་དུ་མ་གཏོགས་པ་ནི་འགའ་ཡང་མེད་དེ། ངག་ཏུ་གཏོགས་པའི་ཚིག་གོ་དོན་སེམས་པའི་ཕྱིར་རོ། །གང་ལ་དེ་དག་རབ་ཏུ་སྦྱོར་ཞེ་ན། སྦྱོར་བའི་ཡུལ་བསམ་པ་ལ་གཞན་སེལ་བ་ཞེས་བརྗོད་དོ། །སྦྱོར་བ་བསྟན་པ་མེད་པ་ལ་ཤེས་བྱ་ཞེས་བྱ་བའི་སྒྲའི་དོན་ཅི་ཡིན་ཞེས་འདྲི་བའི་དོན་འགའ་ཡང་མེད་དེ། དེ་ལས་འགའ་ལ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །བུམ་པ་ལ་སོགས་པའི་སྒྲ་ལ་ཡང་དེ་དང་འདྲའོ། །སྐབས་འགའ་ཞིག་ཏུ་མཉན་པ་ཡན་གར་བ་ལས་རྟོགས་པ་གང་ཡིན་པ་ཡང་སྦྱོར་བ་མཐོང་བའི་ཡུལ་གྱི་རྗེས་སུ་འབྲང་བས་ཐེ་ཚོམ་དང་བཅས་པའི་ཕྱིར། དེའི་དོན་ཡོངས་སུ་མ་རྫོགས་པ་ཅན་ཡིན་པས་བུམ་པ་ལ་སོགས་པའི་སྒྲ་ལ་བསླད་པ་ཡིན་ནོ། །དེ་དང་འདྲ་བའི་ནི་ཞེས་བྱ་བ་ལ་སོགས་པའི་སྒྲ་ལ་ཡང་ཇི་ལྟར་མཐོང་བ་ལས་ཡོད་པ་ཉིད་དོ། །དེའི་ཕྱིར་སྒྲ་སྦྱོར་བ་ཐམས་ཅད་ནི་བློ་འབའ་ཞིག་ལས་བཟློག་ནས་འགའ་ཞིག་ལ་གཞུག་པར་བྱ་བའི་ཕྱིར་དོན་ཡིན་ཏེ། དེའི་འབྲས་བུ་དང་བཅས་པའི་ཕྱིར་རོ། །གང་ཞིག་གང་ལས་ཐ་དད་པ། དེ་རྣམས་བཟློག་ནས་ཁྱད་པར་གྱི། །དེ་ལས་ཐ་དད་རྣམ་པ་ནི། །མཚུངས་པ་སྣང་བ་ཅན་ལ་འགོད། །དེ་ཉིད་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་པས་རབ་ཏུ་བཤད། །འདི་ལའང་ངོ་བོ་ཅུང་ཟད་མེད། །སྒྲ་རྣམས་ལས་


DTG174_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྟོགས་ཉིད་ཀྱིས། །གཞན་བཟློག་རྟོགས་འགྱུར་དེ་ལ་ནི། །འགའ་ཡིས་ཁྱད་པར་དུ་བྱས་པ། །རྟོགས་པར་འགྱུར་པ་གཞན་འགའ་མེད། །སྒྲས་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པའི་མིན་ཕྱིར་དེ། །དངོས་མེད་དངོས་པོ་ལྡན་ཉིད་དུ། །མཐོང་བ་བློ་ཡིས་བསླད་པ་ཡིན། །དགོད་པར་བྱ་བའི་སྒྲ་དེ་ལས་གཞན་བཟློག་པ་འཕངས་པ་དེ་ཡང་གང་ཞིག་གང་ལས་ཐ་དད་པ་དེ་བཟློག་ནས་ཁྱད་པར་རྣམས་ཀྱི་ཐ་དད་པ་ངོ་བོ་མཚུངས་པར་སྣང་བ་ལ་འགོད་དོ། །དེ་ཉིད་དོན་གཞན་ལས་ལྡོག་པས་དངོས་པོའི་དེའི་ཆ་འགའ་ཞིག་རྟོགས་པར་འགྱུར་རོ་ཞེས་བྱ་བ་དང༌། སྒྲ་ནི་དོན་གཞན་ལས་ལྡོག་པ་འཕངས་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་ཁོ་ན་བརྗོད་དོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནི་ཐ་དད་པ་དེ་བརྗོད་པ་ན་དོན་ཐ་དད་པ་རྣམ་པར་གཅོད་པ་འཕེན་པ་ལྟ་བུར་འཇུག་སྟེ། གཅིག་ལ་ཡོད་པའི་ཐ་དད་པ་བརྗོད་པ་ནི་དེ་ལས་གཞན་པ་བཟློག་པ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །ཐ་དད་པ་དེ་ཉིད་ནི་ལྡོག་པས་ཆ་རྟོགས་པ་ཡིན་ནོ། །དེ་རྟོགས་པ་ནི་དེའི་ཁྱད་པར་ཅན་ཡིན་པའི་ཕྱིར། དེས་ཁྱད་པར་དུ་བྱས་པ་རྟོགས་པ་ཞེས་བྱ་བའི་དོན་ཁ་ཅིག་ལ་ཁར་བ་ཐོགས་པ་བཞིན་དུ་གང་ཞིག་གང་གིས་ཁྱད་པར་དུ་བྱས་པ་རྣམས་སྒྲ་དག་གིས་བརྗོད་པར་འགྱུར་བ་དོན་གཞན་བཟློག་པ་བྱེ་བྲག་ཏུ་གྱུར་པ་ཡོང་པ་ནི་མ་ཡིན་ནོ། །དབྱེ་བར་བྱ་བ་གཉིས་ཀྱི་ཐ་དད་པ་ནི་གཉི་ག་ལ་ཡོད་པའི་ཕྱིར། གཅིག་ལ་ཡོད་པའི་ཐ་དད་པར་བརྗོད་ན་ཡང་དེ་ལས་གཞན་པ་འཕེན་པ་མེད་ན་མེད་པ་ཡིན་ནོ། །དེ་བས་ན་དེ་དག་ལ་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ནི་མེད་དོ། །ཐ་དད་པ་གཅིག་བརྗོད་ན་ཡང་གཞན་བཟློག་པ་རྟོགས་པའི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པས་སྒྲ་རྣམས་ཐ་སྙད་ཀྱི་ཡན་ལག་ཉིད་དུ་སྟོན་པ་ན་དེ་ལས་ལྡོག་པ་རྟོགས་པར་འགྱུར་བའམ། དེས་ཀྱང་ཁྱད་པར་དུ་བྱས་པ་ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལ་དེ་ལས་གཞན་པ་བཟློག་པ་དང༌། རང་གི་དོན་བརྗོད་པ་དང་བྱ་བ་གཉིས་ནི་མེད་དོ། །རང་གི་དོན་བརྗོད་པ་ཁོ་ནས་དེ་ལས་གཞན་པ་བཟློག་པ་རྟོགས་པའི་ཕྱིར་ཏེ། རང་གི་དོན་


DTG174_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐ་དད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ལྡོག་པ་མེད་པ་ཅན་གྱི་རྗེས་སུ་འགྲོ་བ་མེད་ལ། རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་ཡང་མེད་དེ། གཅིག་རྗེས་སུ་འགྲོ་བ་ལ་ཡོངས་སུ་སྤང་བར་བྱ་བ་མེད་པ་དང༌། དེ་བཞིན་དུ་གཅིག་ཡོངས་སུ་སྤང་བ་ལ་ཡང་འགའ་ཞིག་ལ་གནས་པ་མེད་ན་བརྗོད་པ་མེད་པ་འབྲས་བུ་མེད་པའི་ཕྱིར་རོ། །ཐ་དད་པ་དེ་ཡང་དངོས་པོ་མེད་པ་ཡིན་ཏེ། དངོས་པོ་དང་ལྡན་པ་ཉིད་དུ་མཐོང་བ་ནི་བློའི་བསླད་པ་ཡིན་པ་འབའ་ཞིག་ཏུ་ཟད་དོ། །དེ་ཕྱིར་དེ་ཉིད་དོན་དམ་མིན། །གཞན་དུ་དངོས་པོར་འགྱུར་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལ། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། །དངོས་པོ་ནི་དོན་དམ་པ་ཡིན་ལ། གལ་ཏེ་ཐ་དད་པ་དངོས་པོར་འགྱུར་བ་དེའི་དངོས་པོའམ། དེའི་དངོས་པོ་མ་ཡིན་པར་འགྱུར། དེའི་དངོས་པོ་ཉིད་ཡིན་ན་དེ་ཉིད་ཡིན་པས་ན་གཞན་དེ་ལས་ཐ་དད་པ་མ་ཡིན་ཏེ། དེའི་དངོས་གཞན་གྱིར་མི་འགྱུར་རོ། །དེ་ཉིད་མ་ཡིན་ཏེ། ཐ་དད་པའི་དངོས་པོ་ཡིན་ན་ནི་དངོས་པོ་ཡང་གཞན་ཉིད་དུ་འགྱུར་བ་དེ་བས་ན་དངོས་པོ་དེ་ལས་ལྡོག་པར་འགྱུར་བ་དེའི་ཕྱིར། འདི་ལས་འདི་ཐ་དད་པ་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །གང་ཞིག་ཐ་དད་པ་གང་ལས་ལྡོག་པར་འགྱུར་བ་དེ་ཉིད་དེར་འགྱུར་བའི་ཕྱིར། འདི་འདི་ལས་ཐ་དད་པར་ཡིན་ནོ་ཞེས་བྱ་བར་མི་འགྱུར་ཏེ། ཕན་ཚུན་ཐ་དད་པར་འགྱུར་བའི་འབྲེལ་པ་ནི་མེད་པའི་ཕྱིར་རོ། །འབྲེལ་པ་ཡོད་པ་ཡིན་ན་ཡང་དེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་དེ་ལས་སྐྱེས་པའི་དངོས་པོ་ཐ་དད་པ་ཞེས་བྱ་བར་བྱེ་བྲག་མེད་པའི་ཕྱིར། རང་གི་རྒྱུ་རྣམས་ཀྱི་འབྲས་བུ་ཐམས་ཅད་ལྡོག་པར་འགྱུར་རོ། །ཐ་དད་པའི་དངོས་པོ་གཞན་ཡིན་པ་དེ་ལས་ཀྱང་འདི་ཐ་དད་པ་ཡིན་པས་ཐ་དད་པའི་ཁྱད་པར་ཉིད་ཀྱིས་རྫས་གཞན་དང་འདྲ་བར་ཐ་དད་པར་མི་འགྱུར་རོ། །ཐ་དད་པའི་ཁྱད་པར་ཁོ་ན་ཐ་དད་པ་མ་ཡིན་ཏེ། འདི་འདི་ལས་ཞེས་བྱ་བའི་ཁྱད་པར་བསྟན་པའི་ཕྱིར་རོ། །དེ་བས་ན་ཁྱད་པར་གྱི་དངོས་པོ་མེད་པ་ལ་ཐ་དད་པ་ཉིད་ཀྱིས་དངོས་པོ་མེད་པར་འགྱུར་བ་དེ་བས་ན་གཞན་པ་ཉིད་མ་ཡིན་ནོ། །དེ་རྣམ་པ་གཞན་དུ་ཡོད་པ་མ་ཡིན་པའི་ཕྱིར་དངོས་སུ་ན་དོན་དམ་པ་མ་ཡིན་ནོ། །འོ་ན་ཅི་ལྟར་


DTG174_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཐ་དད་པ་མེད་པ་སྒྲས་བརྗོད་པ་ན་དེ་ཉིད་གཞན་ལ་ཐ་དད་པའི་ཕྱིར། ཆ་མེད་པའི་ཐ་དད་པ་གཅིག་བརྗོད་པ་ན་ཐ་དད་པ་ཐམས་ཅད་རྟོགས་པས་དེ་ལས་སྒྲ་དང་ཚད་མ་གཞན་དོན་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ་གང་གི་ཕྱིར། འདྲེས་པ་དོན་གཅིག་གཅོད་པ་ན། །སྒྲའམ་རྟགས་ནི་གཅིག་པུ་ཡི། །བྱ་བ་དེ་ལ་དངོས་པོ་ཡི། །བརྗོད་བྱ་གཅད་པ་ཅི་ཡང་མེད། །གང་གི་རྗོད་པར་བྱེད་པ་དང༌། །དངོས་པོའི་ནུས་པ་མ་ལུས་པ། །རྟོགས་འགྱུར་དེའི་ཕྱིར་ན་སྒྲ། །འབྲས་བུ་དུ་མ་རྟེན་གཅིག་འགྱུར། །དཔེར་ན་ཕྱི་ནང་ཐ་དད་པའི་འདྲེས་པ་ཅན་གྱི་བློ་རང་ཉིད་ཀྱི་སྣང་བ་ཐ་སྙད་ཀྱི་ཡུལ་དོན་བྱེད་པར་རུང་བ་ངེས་པར་བྱས་ནས་སྒྲའི་དོན་ཉེ་བར་སྦྱོར་བར་བྱེད་དོ་ཞེས་སྔར་བཤད་པ་ལྟ་བུའོ། །འཁྲུལ་པའི་རྒྱུ་དེ་དང་དེ་དག་གིས་འདྲེས་པའི་ངོ་བོ་ལྟ་བུར་སྣང་བ་བརྡ་ཇི་ལྟ་བ་བཞིན་དུ་རྣམ་པར་གཅད་པའི། ཕྱིར་དེ་ཉིད་ལ་སྒྲ་དེ་དག་གི་བྱ་བ་ཉིད་ཡིན་ཏེ། གཅིག་པ་བསྒྲུབས་ན་ཡང་གཞན་རྣམ་པར་གཅོད་པར་མི་བྱེད་དེ། བརྡ་སོ་སོར་ངེས་པའི་ཕྱིར་རོ། །དངོས་པོ་རྣམ་པར་གཅད་པས་འཕངས་པ་ཅི་ཡང་མེད་མོད་ཀྱི། འོན་ཀྱང་གང་གི་རྗོད་པར་བྱེད་པ་དང༌། དངོས་པོ་ཉིད་ཀྱི་སྟོབས་ཀྱེས་ནི་མ་ལུས་པར་རྟོགས་པར་འགྱུར་ཏེ། སྒྲ་རྣམས་ནི་བློའི་བསླད་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དངོས་པོ་མེད་པ་ཡང་དངོས་པོའི་ནུས་པ་མེད་པའི་ཕྱིར་རོ། །ཐ་སྙད་འདི་ནི་ཡང་དག་པའི་དོན་དེ་བཞིན་དུ་མཐོང་བའི་སྒོ་ནས་ཆོས་དུ་མ་དང༌། གཅིག་དང༌། ཐ་དད་པ་དང༌། ཐ་དད་པ་མ་ཡིན་པར་སྣང་བ་འཁྲུལ་པའི་རྗེས་སུ་འབྲང་བའི་ཕྱིར། དེ་དང་དེར་འབྲེལ་པར་འགྱུར་བ་ལས་དུ་མ་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་མ་ཡིན་པ་དེ་ལས་ཀྱང་མཐར་ཡང་དག་པ་ཉིད་ཀྱི་དངོས་པོ་ལ་ཤེས་པ་མི་བསླུ་བའི་ཕྱིར་རོ། །རྣམ་པ་ཐ་དད་པར་འཛིན་པའི་ཤེས་པ་དང་སྒྲ་ཐ་དད་ཀྱང་དངོས་པོ་གཅིག་གི་ཡུལ་ཅན་ཉིད་ཡིན་པའི་ཕྱིར། སྒྲ་འབྲས་བུ་དུ་མ་ཅན་རྟེན་གཅིག་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །ཇི་སྐད་བརྗོད་པའི་བློའི་སྣང་བ་ལ་བརྟེན་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །གཅིག་ཅིག་རྣམ་གཅོད་སྟོན་པ་ན། །གང་ཚེ་གཞན་


DTG174_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་མི་འཇུག་པ། །དེ་ནི་དེས་ཁྱབ་གཅིག་ཏུའང་སྣང༌། །དེ་ཚེ་བློ་ཡི་ངོར་བྱས་ནས། །གཞི་མཐུན་པ་ནི་ཉིད་དུ་འགྱུར། །སྒྲ་ནི་རྣམ་གཅོད་བྱེད་པ་ན། །དངོས་པོའི་ཆོས་ལ་རེག་འགྱུར་བ། །དེ་ནི་དེ་ལ་ཡོད་དོ་ཞེས། །བྱའོ་དངོས་གཅིག་བརྗོད་བྱ་མིན། །བློ་ལ་སྣང་བ་མིན་མཐོང་ལ། །དངོས་པོ་མེད་པར་ངེས་ཕྱིར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཕྱིར་གཞན་སེལ་ཡུལ་ལ་ནི། །སྒྲ་རྣམས་ཀྱིས་ནི་བློ་ཉིད་ཀྱང༌། །སྤྱིའི་སྤྱོད་ཡུལ་ཅན་བསྟན་ཏེ། །དངོས་ལ་དེ་དག་མི་སྲིད་ཕྱིར། །གལ་ཏེ་བསྒྲུབ་པའི་ཚུལ་ལ་དངོས་པོ་ཉིད་ལ་སྒྲ་དང་རྣམ་པར་རྟོག་པ་རྣམས་ཀྱིས་ཡུལ་དུ་བྱེད་ན་དེ་ནི་འདིར་དོན་ཐམས་ཅད་ལ་ཐམས་ཅད་དུ་རྟོགས་པར་ཐལ་བར་འགྱུར་བ་དང༌། གཞི་མཐུན་པ་ཉིད་ལ་སོགས་པ་མེད་དོ་ཞེས་རིགས་པའི་བསྟན་བཅོས་མཛད་པ་པོས་དགོངས་ནས་གཞན་སེལ་བའི་ཡུལ་ཅན་ལ་དེ་དག་རབ་ཏུ་བསྟན་ཏོ། །དེ་ལྟར་ན། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །གང་ལས་ཐ་དད་ངོ་བོར་འདོད། །གཅིག་ལ་རྗེས་སུ་འགྲོ་བ་དང༌། །ལྡོག་པའི་དོན་གཅིག་སྤྱོད་ཡུལ་མིན། །དེ་ནི་དངོས་པོ་ཆ་མེད་པ་གཅིག་པོ་ཡིན་ན་ཇི་ལྟར་ན་བློ་རྣམ་པ་ཐ་དད་པ་དག་གི་ཡུལ་དུ་བྱེད་དེ། རྣམ་པ་ཐ་དད་པ་ནི་ཐ་དད་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཐ་མི་དད་པའི་ཕྱིར་ཏེ་སྤྱི་ནི་དེའི་བདག་ཉིད་ཡིན་དུ་ཟིན་ཀྱང་དེ་ནི་གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདི་ནི་དོན་ཕན་ཚུན་སྤངས་པའི་སྒོ་ནས་ཡུལ་གཅིག་ལ་འཇུག་ཏུ་མི་རུང་བའི་ཕྱིར། གཞི་མཐུན་པ་ཉིད་ལ་སོགས་པར་མི་འགྱུར་རོ། །དངོས་པོའི་བདག་ཉིད་གཅིག་པུ་དེ་ཉིད་ལ་འཇུག་པ་དང་མི་འཇུག་པ་མི་རིགས་ཏེ་འགལ་བ་ཉིད་ཀྱི་ཕྱིར་རོ། །གཞན་དུ་མི་འཇུག་པ་ཡང་སྤྱི་ཉིད་དུ་མི་འགྱུར་རོ། །གལ་ཏེ་སྤྱིའི་འཇུག་པ་ཡིན་གྱི་ཁྱད་པར་གྱི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་ཏེ། དེ་ནི་ངོ་བོ་གཅིག་པ་སྤྱིའམ་ཁྱད་པར་དུ་འགྱུར་གྲང་ན། ངོ་བོ་ཐ་དད་པ་མེད་པ་འདི་ལ་ནི་རབ་ཏུ་དབྱེ་བ་མི་རིགས་པ་ཡོད་ན་ཡང་ཐ་དད་པ་མེད་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་བས་ན་དབྱེ་བ་མེད་པ་འདི་ནི་རྗེས་སུ་འགྲོ་བ་མེད་པ་ཡང་རྗེས་སུ་


DTG174_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དང་ལྡན་པ་ཡང་མ་ཡིན་ནོ། །གང་ཡང་སྤྱི་ནི་ཐ་དད་པ་ཉིད་དུ་སྨྲ་བ་དེ་ལ་ཡང༌། ཐ་དད་གྱུར་ན་ཐ་དད་མེད། །ཐ་སྙད་དག་ཀྱང་རྒྱུ་མེད་འགྱུར། །སྒྲ་དག་གིས་བདག་ཉིད་ཇི་ལྟ་བ་བཞིན་དུ་དོན་ཐ་དད་པ་བརྗོད་པ་ན་ཇི་ལྟར་དོན་གཅིག་པ་ཅན་གྱི་བློའི་རྟེན་དུ་འགྱུར། དོན་གཞན་བརྗོད་པ་ན་ཡང་ཐེ་ཚོམ་མེད་པ་ཉིད་ཀྱི་ཕྱིར་ལྟོས་པ་མེད་པ་ཉིད་ན་ཇི་ལྟར་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ལ་བརྟེན་པར་འགྱུར། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཐལ་འགྱུར་ཉེས་པ་དེ་དག་མེད། །ཇི་ལྟར་གཅིག་པོ་དེ་ལས་ཐ་དད་པ་དེ་བཞིན་དུ་གཞན་དག་ཀྱང་ཡིན་པའི་ཕྱིར། ཐ་དད་པ་ལ་སྤྱི་མེད་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །ཉེས་པ་ལྷག་མ་མེད་པར་ནི་སྔར་བསྟན་ཏོ། །འོན་ཀྱང༌། དེ་ཡི་འབྲས་བུ་ཡོངས་བསྟན་ཕྱིར། །ཐ་དད་འབྲས་བུ་གཅིག་དད་ལ། །མཁས་པས་སྒྲ་གཅིག་བརྡར་བྱས་པ། །དེ་ཡི་འབྲས་བུ་མེད་པ་ཅན། །ལྡོག་པ་ཡི་ནི་རྒྱུ་ཅན་ཡིན། །ཐ་དད་པ་ནི་བསྟན་པ་ནི། །དཀའ་དང་མི་ནུས་འབྲས་མེད་ཕྱིར། །དངོས་མེད་ངོ་བོ་ཐམས་ཅད་ནི། །རང་རང་ངོ་བོ་ལ་གནས་ཕྱིར། །ཁྲ་བོ་ཡི་ནི་ངོ་བོ་གང༌། །དེ་ནི་སེར་སྐྱ་ལ་ཡོད་མིན། །དེ་འབྲས་ཅན་མིན་ལས་ལྡོག་པ། །གཉིས་པོ་དག་ལ་ཡོད་པ་ཡིན། །དོན་གྱི་ཐ་དད་མེད་པར་ཡང༌། །སྒྲ་ཡི་ཐ་དད་མི་རིགས་སོ། །དེ་ཕྱིར་དེ་འབྲས་ཀྱང་འདོད་ནི། །དེ་འབྲས་མིན་ལས་ཐ་དད་ཉིད། །དཔེར་ན་མིག་ལ་སོགས་པ་ནི། །གཟུགས་ཀྱི་རྣམ་ཤེས་འབྲས་བུ་ཅན། །གང་ཚེ་ཁྱད་པར་མེད་འབྲས་དེ། །སྟོན་པ་སྲིད་པ་ཡོད་པ་ནི། །འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །དེ་ནི་ངོ་བོ་ཡི་ནི་སྤྱི། །ཐ་དད་མེད་དུ་ཟིན་ན་ཡང༌། །བརྡ་ལས་བྱུང་བ་བསྙད་པར་བྱ། །གང་ཡང་དོན་ཐ་དད་པ་མེད་པར་ཇི་ལྟར་མང་པོ་དག་ལ་མཉན་པ་གཅིག་ཡིན་ཏེ། དེ་དག་མི་འདྲ་བའི་ཕྱིར་དང༌། དེ་དག་གཅིག་ལ་འཇུག་པ་ནི་གཞན་ལ་ཤེས་པ་མི་སྐྱེ་བའམ། སོ་སོར་ཉེ་བ་མེད་པར་ཤེས་པ་བསྐྱེད་ན་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་དང༌། དེ་དག་ལ་ཡང་སྒྲ་གཅིག་འཇུག་ན་དོན་མེད་པའི་ཕྱིར་དང༌། དོན་གཅིག་ལ་སྒྲ་སྦྱོར་བ་མེད་པའི་ཕྱིར་དང༌། ཐ་དད་པའི་


DTG174_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་དག་ལ་སོ་སོར་སྦྱོར་བ་ན་དེ་ལྟར་སྟོན་པ་དག་གི་རྣམ་པར་དབྱེ་བ་ཡོངས་སུ་མི་ཤེས་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ལ་ཡང་གཅིག་ཁོ་ན་ཡིན་ནོ་ཞེས་འཇིག་རྟེན་པས་སྒྲ་དགོད་པར་བྱ་བ་ཡིན་པའམ། གཅིག་པོ་དེས་དངོས་པོའི་ནུས་པ་ཉིད་ཀྱིས་མཉན་པ་འདི་སློང་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འོན་ཀྱང་དགོས་པ་འགའ་ཞིག་གིས་སྒྲ་གང་ཞིག་ལ་དགོད་པར་བྱེད། དེ་ལ་གལ་ཏེ་གཅིག་ལ་དུ་མ་སྦྱོར་བར་བྱེད་ན་དེ་ནི་དེ་ལས་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ན། དེ་ལ་སོ་སོར་བརྗོད་པ་དང་ཤིན་ཏུ་དཀའ་བར་འགྱུར་ལ། འདི་གཞན་དང་ཐུན་མོང་མ་ཡིན་པའི་ངོ་བོར་བརྗོད་པར་མི་ནུས་ཤིང་ཕོངས་པ་འདི་ལ་ཡང་འབྲས་བུ་ཅུང་ཞིག་དང་བཅས་པ་ཡང་མེད་དོ། །འོན་ཀྱང་འདིས་དེ་ལ་དོན་དུ་རུང་བ་དེ་དག་བསྟན་པར་བྱ་བ་ཡིན་ནོ། །དེ་དག་སྒྲ་གཅིག་གིས་སམ་དུ་མས་བརྗོད་པར་འགྱུར་ཞེས་བྱ་བ་འདི་ལ་སྨྲ་བ་པོའི་རང་དབང་གིས་ཡིན་པས་ན་མང་པོ་དག་ལ་སྨྲ་བ་པོའི་བསམ་པ་འཇུག་པ་ན་མཉན་པ་གཅིག་པུ་འདི་ལ་ཀླན་ཀ་རིགས་པ་མ་ཡིན་ཏེ། འདི་ལ་འཇུག་པར་མི་ནུས་པ་མ་ཡིན་ཏེ། འདོད་པ་ལ་རག་ལུས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྦྱོར་པ་པོ་གཅིག་ལ་ཡང་འདོད་པ་མེད་པ་ཡིན་ན་ཇི་ལྟར་འཇུག་པར་འགྱུར་ཏེ། འདོད་པ་ཉིད་མང་པོ་དག་ལ་ཡང་འདི་ལ་གགས་བྱ་བའི་ཕྱིར། གང་གིས་ནུས་པར་འགྱུར། གལ་ཏེ་དགོས་པ་མེད་པའི་ཕྱིར་འདི་ལ་འཇུག་པ་མ་ཡིན་ནོ་ཞེ་ན། དགོས་པ་བསྟན་པ་ནི་དེའི་དགོས་པ་བསྟན་པ་མེད་པ་ཅན་གྱི་ཐ་དད་པས་ཐ་དད་པ་དག་ནི་གཅིག་ལས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བར་བསྟན་ཏེ། རང་གི་ངོ་བོ་ཉིད་ལ་ཡང་གཅིག་པ་ཉིད་མེད་པའི་ཕྱིར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་ཅན་གྱི་དངོས་པོའི་རང་གི་ངོ་བོ་དག་ཕན་ཚུན་ངོ་བོ་འདྲེས་པ་མེད་པའི་ཕྱིར། ཇི་ལྟར་ཐ་དད་པ་དག་སྒྲ་རང་བཞིན་གཅིག་པའི་རྒྱུ་མཚན་ཅན་དུ་འགྱུར་ཞེས་གོང་དུ་བསྟན་པའོ། །དེའི་དགོས་པ་མེད་པ་ཅན་དག་ལས་ལྡོག་པ་ནི་ཐ་དད་པ་དག་ལ་ཡང་འགལ་བ་མེད་པའི་ཕྱིར། དོན་ཐ་དད་པ་མེད་པ་དེ་ཉིད་སྒྲའི་ཐ་དད་པ་མེད་པའི་རྒྱུར་འགྱུར་


DTG174_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་བས་ན་འདི་དེའི་དགོས་པ་ཅན་ཡིན་པ་དེ་ལྟར་ན་དེའི་དགོས་པ་ཅན་མ་ཡིན་པ་དག་ལས་ཐ་དད་པ་ཉིད་དུ་བསྟན་གྱི། དེ་དག་ནི་གཞན་དུ་དེའི་འབྲས་བུ་ཅན་ཉིད་ཀྱང་མ་ཡིན་ཏེ། གཞན་ལས་ཐ་དད་པ་མ་རྟོགས་པའི་ཕྱིར་རོ། །དཔེར་ན་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་གམ། བདག་དང་དབང་པོ་དང་ཡིད་དང་དོན་དེ་དག་ཕྲད་པ་དག་ནི་གཟུགས་ཀྱི་རྣམ་པར་ཤེས་པའི་བྲས་བུ་གཅིག་པ་ཅན་དེ་དག་གི་ཐུན་མོང་གི་འབྲས་བུ་སྟོན་པའི་སྐབས་སུ་གང་ལས་གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཐ་སྙད་ཚེགས་ཆུང་བར་བྱ་བའི་དོན་གྱི་ཆེད་དུ་འགའ་ཞིག་བརྡ་ལས་བྱུང་བ་གཟུགས་ཀྱི་རྣམ་པར་ཤེས་པའི་རྒྱུ་ཡ་ནས་རའི་བར་རམ། ཤ་ནས་སའི་བར་ཞེས་བྱ་བ་མཉན་པ་བཀོད་པར་འགྱུར་ཏེ། དེའི་རྒྱུ་ཐམས་ཅད་ཅིག་ཅར་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་རོ། །འདི་ལ་ཡང་རྗེས་སུ་འགྲོ་བའི་ངོ་བོ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་དེའི་དོན་མ་ཡིན་པ་དག་ལས་དངོས་པོ་དེ་དག་ལས་དངོས་པོ་དེ་དག་ལས་ཐ་དད་པ་མེད་པ་ཡིན་ནོ། །ཚོགས་དང་རྒྱུ་དང་གནས་སྐབས་ཁྱད་པར་ཅན་གྱི་སྒྲ་ཐམས་ཅད་ཀྱང་དེ་ལྟ་བུའི་རྣམ་པ་ཅན་ཏེ། མ་ལུས་པ་ལ་གང་དག་གིས་འབྲས་བུ་འགའ་ཞིག་བྱེད་པ་དེ་དག་ནི་དེ་ལ་ཁྱད་པར་མེད་པའི་ཕྱིར་ལ་ཁྱད་པར་བརྗོད་པ་དོན་མེད་པ་ཅན་ཡིན་པས་ན། ཅིག་ཅར་ཐམས་ཅད་ལ་སྦྱོར་བའི་དོན་དུ་འཇིག་རྟེན་པ་འདི་བུམ་པ་ཞེས་བྱ་བའི་སྒྲ་གཅིག་ཅིག་དེ་དག་ལ་སྦྱོར་བར་བྱེད་དོ། །དེ་དག་ཀྱང་རིགས་མཐུན་པ་དང་གཞན་པ་དག་ལས་ཐ་དད་པར་ཁྱད་པར་མེད་དུ་ཟིན་ཀྱང་དེའི་དགོས་པའི་ཡན་ལག་ཉིད་ཀྱིས་དེ་གཞན་དག་ལས་ཐ་དད་པར་བྱ་བ་ཡིན་པའི་ཕྱིར་ཐ་མི་དད་པ་དེ་ལས་ཁྱད་པར་མེད་པར་རྟོགས་པར་འགྱུར་རོ། །དེ་ལ་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ཡང༌། བུམ་པའི་རང་བཞིན་གྱི་གཟུགས་ལ་སོགས་པ་ཆུ་འཛིན་པའི་ཁྱད་པར་ལ་སོགས་པའི་རང་བཞིན་གྱི་གཟུགས་ལ་སོགས་པ་ཆུ་འཛིན་པའི་ཁྱད་པར་ལ་སོགས་པའི་འབྲས་བུའི་ནུས་པ་ཡོད་པ་ཞེས་བྱ་བའི་བར་དུའོ། །འབྲས་བུ་སྤྱི་བསྒྲུབ་པར་བདག་ཉིད་རབ་ཏུ་གྲགས་པ་དང༌། གཟུགས་ལ་སོགས་པའི་སྒྲ་རྣམས་


DTG174_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རབ་ཏུ་གྲགས་པའི་ཁྱད་པར་དུ་བྱས་པའི་འབྲས་བུ་བསྒྲུབ་པའི་མིང་ཅན་གྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་དེ་ནི་དེ་སྐད་བརྗོད་ཀྱི། འདི་ལ་ཡང་ཇི་སྐད་དུ་བརྗོད་པའི་མཚན་ཉིད་ཅན་གྱི་རྫས་གཞན་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་འདྲ་བ་དེ་ནི་མི་དམིགས་པའི་ཕྱིར་རོ། ཚིག་གཅིག་ཡིན་དུ་ཟིན་ཀྱང་གཅིག་ལ་ནུས་པ་བསྟན་པའི་ཕྱིར་རམ། བརྡ་གཞན་གྱི་དབང་ཡིན་ནོ། །དེ་བཞིན་དུ་རྒྱུ་དང་འབྲས་བུ་ཁྱད་པར་དུ་གྱུར་པ་གཅིག་འགའ་ཞིག་ལ་སྒྲུབ་པར་བྱེད་པའམ། བསྒྲུབ་པར་བྱ་བ་གང་ཡིན་དེ་དག་ཀྱང་ཅིག་ཅར་ཤེས་པའི་དོན་དུ་འབྲུ་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྡར་བྱས་པ་དག་བསྟན་པར་བྱའོ་ཞེས་སྔ་མ་བཞིན་དུ་བརྗོད་པར་བྱའོ། །གང་ཡང་སོ་སོའམ་བསྡུས་པ་དག་འགའ་ཞིག་ཅིག་ཅར་ཤེས་པ་ཉིད་ཀྱི་དོན་དུ་ཉེ་བར་སྦྱོར་བ་ནི་གནས་སྐབས་ཁྱད་པར་ཅན་གྱི་ཚིག་དག་གིས་བསྟན་དུ་ཡོད་པའམ། ཐོགས་པ་དང་བཅས་པ་ཞེས་དེ་གཞན་དག་ལས་ཐ་དད་པའི་སྤྱི་ཉིད་དུ་བསྟན་པར་འགྱུར་རོ། །ཇི་ལྟར་འབྲས་བུ་གཅིག་པ་ཅན་དེའི་འབྲས་བུ་བརྗོད་པའི་ཕྱིར། དེ་གཞན་ལས་ཐ་དད་པ་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྡར་བྱས་པ་དེ་བཞིན་དུ་རྒྱུ་ལ་ལྟོས་པ་དུ་མ་དག་ཀྱང་གཅིག་གི་ཐ་སྙད་དུ་བྱ་བའི་དོན་ཁོ་ན་ཡིན་ཏེ། དཔེར་ན་ཁྲ་མོའི་བུ་དང་སེར་སྐྱའི་བུ་དང༌། སྒྲ་ནི་བརྩལ་མ་ཐག་ཏུ་འབྱུང་བ་དང་བྱས་པ་ཞེས་བྱ་བ་ལྟ་བུའོ། །ཅེ་བཞིན་དུ་འབྲས་བུ་དགག་པས་ཀྱང་སྒྲ་ནི་མིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། མི་རྟག་པ་དང་བདག་མེད་པ་ཞེས་བྱ་བ་དང༌། དེའི་རྒྱུ་བཀག་པས་ཀྱང་བདག་པ་མེད་པ་དང་སྟོང་པ་ཉིད་ཅེས་བྱ་བ་ཡིན་ཏེ། དེ་ལྟར་གཞན་དག་ལ་ཡང་ཅི་རིགས་པར་བྱའོ། སྟོང་པ་དང་མི་རྟག་པ་ལ་སོགས་པ་དང་ཞེས་བྱ་བའི་སྒྲ་དག་ནི་བློ་ལ་བརྟགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བའི་རྣམ་པ་སྒྲོ་བཏགས་པ་དེ་རྣམ་པར་བཅད་ནས་ཐ་སྙད་དུ་བྱེད་དེ། སྒྲའི་དོན་ཐམས་ཅད་ནི་བློའི་རྟོགས་པས་བསྟན་པ་རྣམ་པར་དབྱེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་མེད་པའི་ཉེས་པ་བརྗོད་པ་ལ་སོགས་པས་བློ་ངན་པའི་རྣམ་པར་དཔྱོད་པ་དེ་ལྟ་བུ་དག་ནི་བཏང་སྙོམས་སུ་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་གལ་ཏེ་གཅིག་གནས་པའི་ཕྱིར་རོ། །མང་པོ་དག་ཀྱང་མཉན་པ་གཅིག་དང་ལྡན་པར་འགྱུར་


DTG174_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཞན་དག་ལས་ཐ་དད་པར་ཁྱད་པར་མེད་པའི་ཕྱིར་སྒྲ་གཅིག་གས་འབྲས་བུ་གཅིག་པ་ཅན་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གཅིག་གནས་པ་ཡིན་པའི་ཕྱིར་སྒྲ་གཅིག་གིས་འབྲས་བུ་དུ་མ་བརྗོད་པ་ལ་འགལ་བར་འགྱུར་བ་ཅི་ཡོད། འདིར་དམིགས་པར་འདོད་པ་དེ་ནི་མི་དམིགས་པའི་ཕྱིར་ཡོད་པ་མ་ཡིན་པའམ། མི་དམིགས་པ་ཉིད་ནི་དེ་མཐོང་བ་ལ་བརྟེན་པའི་སྒྲ་དང་ངོ་ཤེས་པ་ལ་སོགས་པར་མེ་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འོན་ཀྱང༌། གནས་པ་རྟེན་དང་བསལ་བ་ཡིན་ན། དེ་ལྟར་དེ་ལ་མི་རིགས་སོ། །གང་གཅིག་པུ་དེ་ནི་དུ་མ་ལ་གནས་པ་ན་མཉན་པ་གཅིག་འཇུག་པར་བྱེད་པ་དེའི་ཚེ། འཇུག་པ་འདི་ཅི་ཡིན། དཔེར་ན་འཁར་གཞོང་ལ་འབྲས་བུ་གནས་པ་ལྟར་བརྟེན་པ་ཉིད་དུ་འགྱུར་བའམ། དེ་རྣམས་ཀྱིས་མངོན་པར་བསལ་བའི་ཕྱིར་བསལ་བ་ཡིན་གྲང་ན། གལ་ཏེ་བརྟེན་པ་ཉིད་ཡིན་ན། །ཕན་འདོགས་མེད་ཕྱིར་རྟེན་མིན་ཏེ། རྟག་པ་ནི་སྤྱིར་འདོད་དེ་མི་རྟག་པ་ཉིད་ནི་གཞན་དང་གཞན་ལས་སྐྱེ་བའི་ཕྱིར་དང༌། དུ་མ་ཉིད་ཀྱི་ཕྱིར་དང༌། ཁྱད་པར་བཞིན་དུ་ཤེས་པ་གཅིག་དང་མི་ལྡན་པའི་ཕྱིར་རོ། །རྟག་པ་ལ་ཡང་ཅི་ཞིག་བྱེད་ན་རྟེན་དུ་འགྱུར། དེ་ལ་གལ་ཏེ་དེའི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་རྟེན་ཡིན་ནོ་ཞེ་ན། འཕྲོད་པ་འདུ་བ་ཞེས་བྱ་བ་འདི་ཅི་ཡིན། རྟེན་དང་བརྟེན་པའི་དངོས་པོ་ཐ་མི་དད་པར་གྲུབ་པ་དག་གོ །ཕན་འདོགས་པར་མི་བྱེད་པའི་རྟེན་དེ་ཉིད་ནི་འདིར་བསམ་པར་བྱ་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བས་འཇིགས་པའི་ཕྱིར་རོ། །དེའི་ཕྱིར་འཕྲོད་པ་འདུ་བ་དང་ལྡན་པ་དང༌། དོན་གཅིག་ལ་འདུ་བ་ཞེས་བྱ་བ་ལ་སོགས་པ་དངོས་པོའི་འབྲེལ་པ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ། །གཅིག་ལ་གཅིག་གམ་གཞན་དག་གིས་ཕན་འདོགས་པ་མེད་པ་ནི་རག་ལུས་པ་མེད་པའི་ཕྱིར་དང༌། རག་ལུས་པ་མེད་པ་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་ཕན་ཚུན་ཕན་འདོགས་པ་མེད་པ་དོན་གཅིག་ལ་འཕྲོད་པ་འདུ་བ་དག་ནི་གཅིག་པོ་དེ་ལ་ཕན་པར་བྱེད་པར་འགྱུར་ལ། མི་འགྱུར་ན་ནི་ཇི་སྐད་དུ་བསྟན་པའི་ཉེས་པར་ཐལ་པའི་ཕྱིར་རོ། །དེ་བས་ན་བདག་ཉིད་ལ་ཕན་


DTG174_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པའི་སྒོ་ནས་བློས་གཞན་ལ་ཡང་སྤྲེལ་ནས་བརྗོད་པ་དེ་བས་ན་དེ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་བྱས་པ་ཁོ་ན་རག་ལུས་པ་ཡིན་ནོ། །དེ་བས་ན་རྟེན་འདི་ནི་ལྟོས་པ་མེད་པ་རང་གི་བདག་ཉིད་ལ་ཕན་པ་མི་བྱེད་པས། རྟེན་ཞེས་བྱ་བ་ནི་དེ་གཡར་པོར་བྱས་པའི་རྒྱན་ལྟ་བུའོ། །འོན་ཏེ་དེ་ལྟ་ཡིན་ན་ཇི་ལྟར་སྐྱེད་པར་བྱེད་པ་མ་ཡིན་པའི་འཁར་གཞོང་རྒྱ་ཤུག་གི་འབྲས་བུའི་རྟེན་ཡིན་ཞེ་ན། ལྟུང་བ་ཡི་ནི་ཚུལ་ཅན་གྱི། །འབྲས་སོགས་དེ་ཡུལ་བསྐྱེད་པ་ནི། །འཁར་གཞོང་ལ་སོགས་ནུས་པ་ཡིན། །རྫས་སྤྱིའི་ངོ་བོ་ཉིད་ཀྱིས་ཡུལ་མི་འདྲ་བ་ཅན་རྒྱ་ཤུག་གི་འབྲས་བུ་བསྐྱེད་པའི་ཆོས་ཅན་གྱི་ཡུལ་དང་འདྲ་བར་འབྲས་བུ་བསྐྱེད་པ་ཉིད་ནི་རྟེན་གྱི་བྱ་བ་ཡིན་པ་དེ་བས་ན། དེའི་སྐད་ཅིག་མ་སྔ་མའི་ལྷན་ཅིག་བྱེད་པའི་འཁར་གཞོང་ནི་དེ་ཉིད་ལ་རྒྱ་ཤུག་གི་འབྲས་བུ་བསྐྱེད་པ་ན་རྟེན་ཞེས་བྱའི། གཞན་དུ་ན་འཁར་གཞོང་འདི་ལ་རྒྱ་ཤུག་གི་འབྲས་བུ་དག་ཅེས་བྱ་བར་ཡང་མི་འགྱུར་རོ། །དེ་ནི་འདིར་ཕན་པར་བྱེད་པས་བྱས་པའི་ཐ་སྙད་ནི་མ་ཡིན་ནོ། །འོ་ན་ཅི་ཡིན། ལྡན་པ་བྱས་ན་ཡིན་ནོ་ཞེ་ན། དེ་དག་ཉིད་ཀྱི་ལྡན་པ་དེ་ཡང་གང་ཡིན། དེ་དག་གིས་བསྐྱེད་པའམ། འཕྲོད་པ་འདུ་བ་ཡིན་པའི་ཕྱིར་རོ། །དེ་གཅིག་ཉིད་ལ་འཕྲོད་པ་འདུ་བས་ཅི་མི་བསྐྱེད་དམ་ཞེ་ན། དེ་ལ་ནུས་པ་མེད་པའི་ཕྱིར་རོ། །ཐ་དད་པ་ནུས་པ་མེད་པ་དེ་ནི་དེ་ལ་བཅས་པ་ཡིན་དུ་ཟིན་ཀྱང་དེ་འདྲ་བ་ཉིད་ཀྱིས་ཕན་འདོགས་པ་མེད་པའི་ཕྱིར། ལྡན་པས་དེ་དང་ལྡན་པར་མི་འགྱུར་རོ། །གཞན་དེ་ལ་ཕན་པ་བྱེད་པས་ཁྱད་པར་དུ་འབྱུང་བའི་ཕྱིར་ནུས་པ་ཡིན་ནོ། །བསྐྱེད་པར་བྱ་བ་དང་བསྐྱེད་པར་གྱུར་པ་མ་ཡིན་པ་དག་གི་ཕན་པར་བྱེད་པ་འདི་ཡང་ཅི་ཡིན། རང་གི་འབྲས་བུ་གྲུབ་ཟིན་པ་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་དང༌། གཞན་གྱི་ངོ་བོའི་བྱ་བ་དེ་ལ་ཡང་ཕན་པར་བྱེད་པ་མེད་པའི་ཕྱིར་རོ། །བྱེད་པ་མེད་པ་རྣམ་པ་གཉི་ག་ཡང་ཅུང་ཞིག་བྱེད་པ་ཉིད་དུ་ཕན་འདོགས་པ་ཉིད་མེད་པའི་ཕྱིར་རོ་ཞེས་མང་དུ་བསྟན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ཉིད་དག་ནི་བསྐྱེད་པར་བྱ་བ་དང་ཉེ་བར་མཁོ་བའི་ཁྱད་པར་གྱི་དབང་དང་རབ་ཏུ་དབྱེ་བས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། རྣམ་པར་གཞག་པར་བྱའོ། །དེའི་ཕྱིར་འཁར་གཞོང་ལ་སོགས་པ་དག་ནི་


DTG174_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ངོ་བོ་ཉིད་ཀྱང་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་བསྐྱེད་པར་ནུས་པ་ཁོ་ན་ཡིན་ན་དེ་ཡང་འདི་ལ་མི་སྲིད་དོ། །སྤྱི་ལ་སྐྱེད་པར་བྱེད་པའི་ཁྱད་པར་གྱི་མཚན་ཉིད་ཅན་གྱི་རྟེན་གྱི་ངོ་བོ་སྤྱི་ལ་རྟེན་ནི་ཡོད་པ་མ་ཡིན་ཏེ། དེ་ནི་བསྐྱེད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་མེད་ན་ཡང་གནས་པའི་ཕྱིར། གནས་མིན། འོན་ཀྱང་རྟེན་ནི་སྤྱི་འཇོག་པར་བྱེད་པ་ཡིན་པ་དེ་བས་ན་གནས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རྟེན་ཉིད་ཡིན་གྱི། སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ཡང་མི་རིགས་ཏེ། དེ་ནི་དེ་མེད་ན་ཡང་གནས་པའི་ཕྱིར་རོ། །དངོས་པོ་ལྟུང་བའི་ཆོས་ཅན་དག་གི་ལྟུང་བ་ལ་གེགས་བྱེད་པའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་དུ་ཟིན་ཀྱང་འཇོག་པར་བྱེད་པ་ཡིན་པར་འགྱུར་རོ། །དེ་འདི་ལ་ཡང་གལ་ཏེ་འགའ་ཞིག་གེགས་བྱེད་པ་ལ་བརྒལ་ཞིང་བརྟག་པ་མི་བྱེད་ན་འཇོག་པ་པོས་བྱས་པ་ལྟུང་བའི་གེགས་བྱེད་པ་དེ་ནི་དོན་གཞན་ཉིད་ལ་དོན་གཞན་ཉིད་ཡིན་པ་དེ་ཉིད་ལ་འདི་ཉེ་བར་སྦྱོར་བའི་ཕྱིར་ལྟུང་བའི་གེགས་བྱེད་པ་ཅི་ཡིན། གེགས་བྱེད་པ་ལས་མི་ལྟུང་བ་ཡིན་ན་ཡང་བརྒལ་ཞིང་བརྟག་པ་མཚུངས་པ་དང་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་ལྟུང་བ་མེད་པ་ནི་ལྟུང་བའི་གེགས་བྱེད་པ་ཡིན་ན་དེ་གང་ཞིག་གིས་ཇི་ལྟར་བྱེད། དངོས་པོ་མེད་པ་བྱེད་པ་ཡིན་ན་ཞེས་བྱ་བ་ཡིན་ན་ནི་དངོས་པོ་མེད་པ་ཞེས་བྱ་བའི་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་འགའ་ཞིག་གིས་བྱ་བའི་ངོ་བོ་ཉིད་ཡིན་ན་དངོས་པོ་མེད་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་དེ་ནི་དངོས་པོའི་བྱ་བ་འགོག་པ་སྟོན་པ་དང༌། དངོས་པོར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འདི་ནི་ཅུང་ཞིག་ཀྱང་མི་བྱེད་ན་ཅུང་ཞིག་ཀྱང་མི་བྱེད་པ་གང་དང་གང་གིས་འཇོག་པར་བྱེད་པ་ཡིན། དེའི་ཕྱིར་འདི་ནི་འགའ་ཞིག་གིས་གེགས་མ་བྱས་པའི་ཕྱིར་འགའ་ཞིག་གི་ཚེ་ཡང་གནས་པ་མེད་དོ། །དེ་བས་ན་ལྟུང་བའི་གེགས་བྱེད་པ་ཞེས་བྱ་བ་ཡང་དངོས་པོ་སྐད་ཅིག་མ་ཅན་དག་གི་ཉེ་བར་ལེན་པའི་ཡུལ་འདྲ་བར་འབྱུང་བ་དག་ལ་བྱའོ། །སྐྱེད་པར་མི་བྱེད་པ་ཡིན་ཡང་བླ་སྟེ་ལྟུང་བའི་ངང་ཚུལ་ཅན་དེའི་གེགས་བྱེད་པ་དེ་བྱེད་པའི་ཕྱིར་རོ། །རྫས་འགྲོ་བ་དང་ལྡན་པ་འཇོག་པར་བྱེད་པ་འགའ་ཞིག་ནི་ཡོད་པར་འགྱུར་ན། ཅི་བྱ་བ་མེད་པ་ནི་ཅི་གནས་པའི་མཚན་ཉིད་ཅན་དུ་འཇོག་པར་བྱེད་པར་འགྱུར། གནས་ན་ནི་


DTG174_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རང་བཞིན་ངོ་བོ་འཕོ་བ་མེད་པ་ཁོ་ན་ཡིན་ཏེ། དེ་ཡང་རྟེན་ལ་རག་ལུས་པ་མ་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཐ་དད་ཐ་དད་མེད། །རྣམ་པར་སྤྱོད་པ་མི་རིགས་ཉིད། །རྟེན་གྱི་རྒྱུ་ཅན་གྱི་སྤྱི་གནས་ཡིན་ཡང་བླ་སྟེ། དེ་སྤྱི་ལས་གཞན་པའམ། གཞན་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་གཞན་ཡིན་ན་དེ་ཉིད་དེའི་རྟེན་བྱེད་པ་ཡིན་ལ། དེ་ཡང་སྤྱི་ལ་རག་མ་ལུས་པའི་ཕྱིར། སྤྱིའི་རྟེན་གྱིས་ཅི་ཞིག་བྱེད། རག་ལས་པ་ཁོ་ན་ལ་རག་ལས་པ་ཞེས་ཇི་ལྟར་བརྗོད་པར་བྱ། གལ་ཏེ་གནས་པར་བྱེད་པར་ཤེས་པས་སོ་ཞེ་ན། དེ་ལ་ཡང་ཐལ་བ་མཚུངས་པ་དང༌། ཐུག་པ་མེད་པར་འགྱུར་བ་དེ་བས་ན་ཕན་པ་བྱེད་པ་ངེས་པར་མ་བཟུང་བའི་ཕྱིར། འདི་ནི་འདིའི་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་མི་འགྱུར་རོ། །གལ་ཏེ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། ཕན་མི་འདོགས་པའི་རྟེན་ལ་ལྟོས་པས་འདི་ལ་ཅི་ཞིག་བྱ། ལྟོས་པ་ཞེས་བྱ་བ་ནི་དེ་ལ་རག་ལུས་པ་ཡིན་ན་དེ་ཡང་སྤྱི་ཁྱད་པར་མེད་པ་ལ་མི་རིགས་པ་དང༌། ཡན་གར་བས་བསྐྱེད་པའི་ཕྱིར། གནས་པའི་རྒྱུ་གཞན་ཡོད་པ་ནི་མ་ཡིན་ནོ། །སྤྱི་ལ་གནས་པ་ཐ་དད་པ་མེད་པ་ཡིན་ན་ཡང་དེ་ནི་དེའི་རང་གི་ངོ་བོ་ཁོ་ན་ཡིན་ཏེ། དེ་ཡང་རྟག་ཏུ་ཡོད་པའི་ཕྱིར། འདི་ནི་འགའ་ཞིག་གིས་ཀྱང་གནས་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་སྤྱིའི་རྟེན་ཡོད་པ་མ་ཡིན་པ་དེའི་ཕྱིར་བརྟེན་པ་འདི་ནི་གནས་པ་མེད་དོ། །འོན་ཀྱང་གསལ་བ་མ་ཡིན་པ་སྤྱི་ཡོད་དུ་ཟིན་ཀྱང་དེའི་གསལ་བ་ནི་བསལ་པས་ཤེས་པའི་རྒྱུར་གྱུར་པའི་ཕྱིར། དེ་ལ་གནས་པར་འགྱུར་བ་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར། བདག་ཉིད་རྣམ་ཤེས་བསྐྱེད་རུང་ཕྱིར། །གཞན་གྱི་ངོར་བྱེད་གང་ཡིན་དེ། །བསལ་བྱ་ཡིན་ཏེ་རུང་ཉིད་ཀྱི། །བྱེད་པ་པོ་ཡང་རྒྱུ་རུ་འདོད། །དང་པོ་ཉིད་ནས་འདི་རུང་ཉིད། །དེ་ལ་ལྟོས་པ་མི་རུང་སྟེ། །འགྱུར་བའི་མེད་པའི་སྤྱི་དེ་ནི། །སྤྱི་དང་ལྡན་པ་གང་ལས་ཡིན། །བྱེད་པ་པོ་ལས་གསལ་བར་བྱེད་པ་ནི་ཁྱད་པར་ཅུང་ཞིག་ཀྱང་མེད་པ་ཡིན་ཏེ། གཞན་རང་གི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པར་ནུས་པ་རིགས་མཐུན་པའི་ཉེ་བར་ལེན་པ་ལ་ལྟོས་པའམ། ལྟོས་པ་མེད་པའི་དངོས་པོ་སྐྱེད་པར་བྱེད་པ་ཁོ་ན་གསལ་བར་བྱེད་པ་ཞེས་བྱའོ། །གཞན་དག་ཏུ་ནི་བསྐྱེད་པར་བྱ་བ་ལ་ཤེས་པ་སྐྱེ་བ་ནུས་


DTG174_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕངས་པ་མེད་པའི་ཕྱིར་སྐྱེད་པར་བྱེད་པ་ཙམ་གྱི་རྒྱུ་ཉིད་ཡིན་ནོ། །གལ་ཏེ་གང་ལས་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་སོ་སོར་སྣང་བ་ཐོབ་པ་གང་ཡིན་པ་དེ་དེའི་བསྐྱེད་བྱར་མི་འགྱུར་ན། དེ་ནི་འདིའི་རང་བཞིན་དུ་གྱུར་པའི་རུང་བ་ཉིད་ནི་དང་པོ་ཉིད་ནས་ཡོད་པའི་ཕྱིར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་ལ་ལྟོས་པ་མ་ཡིན་ནོ། །འདི་ནི་གཞན་དུ་འགྱུར་བ་ཉིད་ཡིན་ན་དེ་ཉིད་དེ་ལས་འགྱུར་བའི་ཕྱིར། གནས་པ་བཞིན་དུ་ཐལ་བར་འགྱུར་བ་དེ་བས་ན་གསལ་བར་བྱེད་པ་དེ་བྱེད་པ་མ་ཡིན་ཞིང་གཞན་ཡང་བྱེད་པ་མ་ཡིན་པ་དེ་ལྟར་ན་ཅུང་ཞིག་ཀྱང་མི་བྱེད་པ་དང་ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་འགལ་བ་ཡིན་ནོ། །འབྲས་བུ་ཉིད་ཡིན་པའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པ་དུ་བ་ལ་སོགས་པ་ཡང་གསལ་བར་བྱེད་པ་མ་ཡིན་ནམ། གསལ་བར་བྱེད་པ་ཡིན་པ་ནི་བདེན་ཏེ། དུ་བ་ལ་ལྟོས་ནས་མེས་ནི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་མེ་ནི་མངོན་སུམ་དུ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཉེ་བར་ལེན་པའི་སྟོབས་ཁོ་ནས་ནི་ཤེས་པ་བསྐྱེད་པར་འགྱུར་གྱི། ཡུལ་གྱི་སྟོབས་ཀྱིས་ནི་མ་ཡིན་ཏེ། དེ་མེད་དུ་ཟིན་ཀྱང་དེ་ལ་བརྒྱུད་པས་རྟགས་ཀྱི་རྗེས་སུ་འབྲང་བའི་སྒོ་ནས་ཡོད་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་དུ་སྣང་བའི་ཤེས་པ་དེ་དག་ཀྱང་ཡུལ་ཉེ་བ་ཅན་ནམ། ཡུལ་གྱི་སྟོབས་ཀྱིས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་དེ་བསྟན་པ་དང་སྟོན་པར་ཡང་འགྱུར་རོ། །དེ་བས་ན་མངོན་སུམ་དུ་སྦྱོར་བས་རྣམ་པར་ཤེས་པ་བསྐྱེད་པའི་ཡུལ་གང་ཡིན་པ་དེ་ནི་འདིར་གཞན་ལ་ལྟོས་པར་འགྱུར་བས་གདོན་མི་ཟ་བར་དེ་ལས་བདག་ཉིད་ཐོབ་པར་འགྱུར་གྱི། བདག་ཉིད་ཐོབ་པ་འདི་ནི་སྤྱི་བརྟག་པ་གང་ལས་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་ཅི་ནས་ཀྱང་གསལ་བར་བྱ་བ་མ་ཡིན་ནོ། །སྤྱི་ནི་གསལ་བར་རུང་བ་ཉིད་ཐོབ་པ་ཡིན་པར་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། རང་གི་རྟེན་ལ་འཕྲོད་པ་འདུ་བ་ལས་ཏེ། རང་གི་རྟེན་ལས་འཕྲོད་པ་འདུ་བས་འབྲེལ་པ་དེ་ནི་བདག་ཉིད་དམ་གཞན་ལ་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བ་དག་གི་རྟེན་དང་བརྟེན་པར་ཡོད་པའི་མཚན་ཉིད་ཀྱི་འཕྲོད་པ་འདུ་བ་འདི་ཅི་ཞིག་ཡིན་ཞེས་བཤད་པ་ཡིན་ནོ། །རང་གི་རྟེན་གྱིས་འཕྲོད་པ་འདུ་བ་ལ་ལྟོས་


DTG174_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་རྣམ་པར་ཤེས་པའི་རྒྱུ་ཡིན་པ་དེས་བསྐྱེད་པར་བྱ་བ་ཁོ་ནར་འགྱུར་ཏེ། རྒྱུ་དེའི་ངོ་བོ་སྔ་ན་མེད་པའི་ཕྱིར་དང༌། ཕྱིས་དེ་ལས་ཡོད་པའི་ཕྱིར་རོ། །དེའི་ངོ་བོ་རྟག་ཏུ་ཡོད་པ་ཡིན་ན་འཕྲོད་པ་འདུ་བ་ལས་སྔར་ཡང་རྣམ་པར་ཤེས་པ་སྐྱེ་བར་ཐལ་བའི་ཕྱིར་རོ། །གསལ་བ་ནི་སྤྱི་ལེགས་པར་བྱས་པས་གསལ་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེ་འཛིན་པའི་དབང་པོ་ལེགས་པར་བྱས་པས་སོ། །དེ་ཡང༌། མིག་སྨན་སོགས་བཞིན་གསལ་བ་ལས། །དབང་པོ་ལེགས་པར་བྱས་པ་མིན། །དེ་ཡོད་མེད་པའི་དུས་རྟག་ཏུ། །རྟོགས་པ་ཐ་དད་མེད་ཕྱིར་རོ། །མིག་སྨན་ལ་སོགས་པས་དབང་པོ་ལེགས་པར་བྱས་པས་རྟོགས་པའི་ཕྱིར། ཕུལ་དུ་བྱུང་བ་འགའ་ཞིག་ཐོབ་པར་བྱེད་དེ། གསལ་བ་དང་མི་གསལ་བའི་ཁྱད་པར་གྱི་ཕྱིར་རོ། །དེ་མི་བྱེད་པ་ཡང་དེ་ལེགས་པར་བྱས་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གསལ་བ་ལས་དབང་པོའི་ལེགས་པར་བྱས་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་དང་མེད་པའི་དུས་རྟག་ཏུ་རྟོགས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཡུལ་ལེགས་པར་བྱ་བ་ནི་དབང་པོའི་ཁྱད་པར་མེད་ན་ཡང་དེ་ཁྱད་པར་བྱ་བའི་ཕྱིར་ཕན་འདོགས་པར་འགྱུར་གྱི། དབང་པོ་ལེགས་པར་བྱས་པ་ལས་ནི་མ་ཡིན་ནོ།། །། བམ་པོ་ལྔ་པ། གལ་ཏེ་སྔར་མ་མཐོང་བ་མཐོང་བའི་ནུས་པ་བྱེད་པའི་ཕྱིར། ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་དབང་པོ་ལས་འདས་པའི་དོན་མཐོང་བས་ཇི་ལྟར་རྟོགས་པར་ཁྱད་པར་མེད་པར་གྱུར། གཅིག་སོ་སོར་ངེས་པ་ཡིན་ན་ཡང་སྤྱི་གཞན་མཐོང་བ་བོར་མི་འགྱུར་ལ། བསལ་བས་ཀྱང་ལེགས་པར་བྱས་པའི་ཕྱིར། དེ་དག་མཐོང་བ་ན་དེས་བསལ་བར་བྱེད་པ་སྤྱི་དག་ནི་ནམ་ཡང་མ་ངེས་པའམ། གཞན་གཅིག་ཀྱང་ངེས་པར་མི་འགྱུར་ཏེ། དབྱེ་བ་མེད་པ་དེ་ནི་དེ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་གསལ་བས་དབང་པོ་ལེགས་པར་བྱས་ཀྱང་རུང༌། གལ་ཏེ་དབང་པོ་ལེགས་པར་མ་བྱས་ཀྱང་རུང༌། སྤྱི་ནི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པས་རང་བཞིན་ལས་མི་འདའ་བའི་ཕྱིར། དབང་པོ་ལེགས་པར་བྱ་བ་ལྟོས་པ་མེད་པ་ཁོ་ནར་རྣམ་པར་ཤེས་པ་བསྐྱེད་དོ། །གལ་ཏེ་དབང་པོ་ལེགས་པར་བྱ་བའི་ལྷན་ཅིག་བྱེད་པ་ཅན་ཉིད་ཡིན་པའི་


DTG174_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཅིག་པུ་ནི་ནུས་པ་མ་ཡིན་ནོ་ཞེ་ན། བྱེད་པ་མེད་པ་ཕུལ་དུ་བྱུང་བ་འདིའི་ལྷན་ཅིག་བྱེད་པའི་དོན་གང་ཡིན། ལྷན་ཅིག་བྱེད་པས་ཁྱད་པར་དུ་བྱས་པའི་བདག་ཉིད་ཐོབ་པའི་ཕྱིར། དངོས་པོ་མི་རྟག་པ་དག་ནི་དེ་ལ་ལྟོས་པ་ཡིན་ཏེ། དེ་དག་གིས་སྐྱེད་པར་བྱེད་པའི་བདག་ཉིད་གང་ཡིན་པ་དེ་ནི་དེའི་ཚེ་དེ་ཉིད་ལས་འགྱུར་བའི་ཕྱིར་སྐྱེད་པར་བྱེད་པ་དག་ཉིད་ནི་ཕན་ཚུན་ལྟོས་པ་ཡིན་ནོ། །སྤྱི་གཞན་གྱིས་མ་བསྒྲུབ་པ་རྟག་པའི་རང་བཞིན་དེ་ཡང་ཅིའི་ཕྱིར་དབང་པོ་ལ་ལྟོས་པ་ཡིན། ཡན་གར་བ་དེ་ནི་རང་བཞིན་མེད་པ་གང་ཡིན་པ་དེས་ཀྱང་ཇི་ལྟར་ཡང་མི་འགྱུར་རོ། །བསལ་བ་དབང་པོ་ལེགས་པར་བྱས་པའི་ཕྱིར་དེའི་ལྷན་ཅིག་བྱེད་པ་ཅན་གྱི་སྤྱིའི་ནི་རྣམ་པར་ཤེས་པའི་རྒྱུ་ཡིན་པ་དེ་ལྟར་ན་བརྒྱུད་པས་སྤྱི་བསལ་བའི་འབྲས་བུ་ཉིད་དུ་བསྟན་པར་འགྱུར་རོ། །གཞན་ཡང༌། གལ་ཏེ་རིགས་དང་བསལ་བྱེད་དག །རིགས་དང་ལྡན་པ་ཉིད་འདོད་ན། །སྒྲོན་མ་ལ་སོགས་བསལ་བྱེད་ནི། །བ་ལང་ཉིད་སོགས་དེ་ལྡན་ཐོབ། །གང་ཞིག་རྣམ་པར་ཤེས་པའི་རྒྱུ་གང་ཡིན་པ་དེ་ནི་དེའི་བསལ་བར་བྱེད་པ་ཡིན་ལ། བ་ལང་ཉིད་ལ་སོགས་པ་ལ་སྒྲོན་མ་ལ་སོགས་པ་ཡང་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ཏེ། སྣང་བ་ལེགས་པར་བྱས་པ་ལ་ལྟོས་པའི་མིག་གིས་དོན་རྟོགས་པའི་ཕྱིར་རོ། །དེ་བས་ན་སྒྲོན་མ་ལ་སོགས་པ་ནི་བ་ལང་ཉིད་ལ་སོགས་པ་དེ་དང་ལྡན་པར་འགྱུར་རོ། །དེ་བསལ་བ་ལས་ཀྱང་རྣམ་པར་ཤེས་པའི་རྒྱུ་ཉིད་ལ་མ་གཏོགས་པ་གཞན་སྤྱི་མངོན་པར་བསལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཕུལ་དུ་བྱུང་བའི་རང་གི་ངོ་བོ་ཉིད་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འཕྲོད་པ་འདུ་བ་མངོན་པར་བསལ་བ་ཡིན་ནོ་ཞེ་ན། དེའི་ལན་ནི་དེའི་འཕྲོད་པ་འདུ་བ་ནི་མི་རུང་བའི་ཕྱིར་རོ་ཞེས་བྱ་བས་བཤད་ཟིན་ཏོ། །འདི་ནི་བསལ་བ་དང་ལྷན་ཅིག་འཕྲོད་པ་འདུ་བ་ཙམ་དུ་སྐྱེས་པ་ཡིན་གྱི་ཁྱད་པར་འགའ་ཞིག་ཀྱང་མ་ཡིན་པ་སྔ་མ་བཞིན་དུ་ཕྱིས་ཀྱང་ཤེས་པའི་རྒྱུ་ཉིད་དུ་མི་འགྱུར་རོ། །འཕྲོད་པ་འདུ་བ་ཁོ་ན་ལས་ཤེས་པའི་རྒྱུ་ཉིད་ཡིན་ན་ནི་གཞན་རང་གི་རྟེན་ལ་འཕྲོད་པ་འདུ་བ་དག་ཀྱང་མཐོང་བར་འགྱུར་བ་དེ་བས་ན་བསལ་བར་བྱེད་པ་ཉིད་ནི་ཤེས་པའི་རྒྱུ་ཉིད་ཡིན་ནོ། །དེ་ཡང་སྒྲོན་མ་ལ་སོགས་པ་དང་འདྲ་བའི་ཕྱིར།


DTG174_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་པར་འགྱུར་བ་དེ་ཉིད་དོ། །དེ་བས་ན་སྤྱིའི་གནས་པ་ནི། རྟེན་མ་ཡིན་པ་དང༌། བསལ་བ་མ་ཡིན་པས་ན་མི་གནས་པའི་ཕྱིར་ཤེས་པའི་རྒྱུ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རིགས་ནི་གསལ་བ་ལས་གཞན་ནམ། །གཞན་མིན་ཡོད་ཉིད་གང་དེ་དག །སྔོན་མིན་གསལ་བ་དག་ལ་ནི། །ཇི་ལྟར་སྤྱི་ནི་རྟོགས་པ་ཡིན། །ཉིད་ཀྱི་སྒྲ་ནི་ཡོད་པ་ཁོ་ནའོ་ཞེས་ངེས་པར་བཟུང་བའི་དོན་ཏོ། །དངོས་པོ་ཡོད་པ་ནི་རང་གི་ནུས་པ་ཉིད་ཀྱིས་གཞན་ལ་རང་གི་ངོ་བོའི་རྗེས་སུ་བྱེད་པ་ཅན་གྱི་བློ་སྐྱེད་པར་བྱེད་པ་དེ་དང་འབྲེལ་པ་ལ་རག་ལུས་པ་ཡིན་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་སྤྱི་ཡོད་པ་ནི་དེ་ཉིད་གཞན་གྱི་ཕྱོགས་ལ་ཡོད་པ་མ་ཡིན་ཏེ། གཅིག་ལ་ཡོད་པ་མཐོང་བ་ནི། །གཞན་ལ་མཐོང་བ་མི་སྲིད་ཕྱིར། །གལ་ཏེ་བློ་གཅིག་ཏུ་འབྱུང་བ་ཅན་དེ་ནི་བསལ་བ་གཞན་ལ་དེ་ལྟར་འགྲོ་ཞིང་ཡང་དག་པར་འཛིན་པ་ཡིན་ན། དེ་ལ་མཐོང་བ་ཅུང་ཞིག་གཞན་ལ་མཐོང་བར་འགྱུར་ན། དེ་ཡང༌། གཞན་ཉིད་མིན་ན་རྗེས་འགྲོ་མེད། །གཞན་ཉིད་ན་ཡང་མི་རྟེན་ཕྱིར། །ཡོད་པ་མི་སྲིད་དོ། །རང་བཞིན་གྱི་དེ་ཉིད་དམ་གཞན་ཉིད་ནི་རང་བཞིན་ལས་འདས་པ་མ་ཡིན་ཏེ། ངོ་བོ་དེར་གྱུར་པ་མ་ཡིན་པ་ནི་གཞན་ཉིད་ལས་མ་འདས་པའི་ཕྱིར་རོ། །གཟུགས་ཀྱི་གཞན་འདི་ཉིད་གང་ཡིན་པ་དེ་ཉིད་མ་ཡིན་ཏེ། རྣམ་པ་གཞན་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་སྤྱིའི་ངོ་བོ་དེ་བཞིན་ཉིད་མ་ཡིན་ན་དེ་ཉིད་དེར་འགྱུར་ཏེ། དེ་ཉིད་མ་ཡིན་པ་དངོས་པོ་གཞན་དང་འདྲ་བར་གཞན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བསལ་བའི་རང་བཞིན་གཅིག་ནི་བསལ་བ་གཞན་ལ་རྗེས་སུ་འགྲོ་བ་མ་ཡིན་ཏེ། བསལ་བ་གཞན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་སྤྱི་ཐ་དད་པ་མེད་པ་ལས་བློ་རྗེས་སུ་འགྲོ་བར་མི་འགྱུར་ཞིང༌། ཐ་དད་པ་ལས་ཀྱང་མ་ཡིན་ཏེ། དེ་འགའ་ཞིག་ལ་ཡང་བརྟེན་པ་མེད་པའི་ཕྱིར་རོ། །འགའ་ཞིག་གིས་ཕན་བཏགས་པ་མེད་པར་རག་ལུས་པ་མེད་པས་ན་བསལ་བར་བྱ་བ་དང༌། བསལ་བར་བྱེད་པའི་ངོ་བོ་ལ་སོགས་པ་ལས་འབྲེལ་པ་གཞན་ཡང་མེད་པའི་ཕྱིར་འབྲེལ་པ་མེད་པ་ཅན་ལས་ཀྱང་ཤེས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དངོས་པོ་གཅིག་མཐོང་བས་གཅིག་ལ་གནས་པའི་ཤེས་པ་


DTG174_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་གནས་པ་འདོད་པ་འདིའི་དེ་ཉིད་དང༌། གཞན་ཉིད་ལས་འདས་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དོན་རྣམས་ལ་ངོ་བོ་གཅིག་ཏུ་རྟོགས་པ་འདི་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྐུན་ནས་བསླང་བ་འཁྲུལ་པ་ཁོ་ན་ཡིན་ཏེ། དངོས་པོ་ཐ་དད་པ་དང༌། བག་ཆགས་ཀྱི་རང་བཞིན་ནི་དེའི་རྟེན་ཡིན་ནོ་ཞེས་བྱ་བ་དེ་ནི་དཔྱད་ཟིན་ཏོ། །འོ་ན་ནི་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་འབྲས་བུའི་སྒྲ་དག་ནི་དངོས་པོ་ཐ་དད་པར་འགྱུར་བ་མེད་པ་ཅན་ལ་ཇི་ལྟར་ཐ་དད་པ་མེད་པར་འཇུག་པར་འགྱུར། དེ་དག་ཀྱང་བརྡ་ཇི་ལྟ་བ་བཞིན་དུ་རྒྱུད་བག་ཆགས་ཀྱིས་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །དོན་ཐམས་ཅད་མཐོང་བ་ན་དེ་ལས་ཐ་དད་པ་ལ་ལྟོས་པ་མེད་དུ་ཟིན་ཀྱང་དེ་ལྟར་ངེས་པར་བྱས་པ་ལས་དེ་ལྟ་བུ་མ་ཡིན་པ་ནི་རྣམ་པར་རྟོག་པ་རྣམ་པར་བཅད་ནས་ཉེ་བར་ལེན་པའི་སྟོབས་ཀྱིས་འབྱུང་བའི་རྣམ་པར་རྟོག་པ་ཅན་གྱིས་ཀུན་ནས་བསླང་བ་དག་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་སྣང་བའི་དོན་ལ་འཇུག་པར་འགྱུར་གྱི། དེ་ལྟར་ཡོད་པ་མ་ཡིན་པ་དེ་དག་ལ་ནི་སྤྱི་ཐ་དད་པའམ། ཐ་དད་པ་མ་ཡིན་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་རྣམ་པར་རྟོག་པ་གཞན་ལས་ཐ་དད་པ་ཡང་རྟོགས་པ་པོའི་བསམ་པའི་དབང་ལས་འགྱུར་རོ། །གལ་ཏེ་དེའི་བསམ་པ་ཁོ་ན་ལས་ཅིའི་ཕྱིར་སྤྱིར་མི་འགྱུར་ཞེ་ན། དེས་ནི་འདི་གདོན་མི་ཟ་བར་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཐ་དད་པར་འདོད་པར་བྱ་བ་ཡིན་ན་དེ་ཉིད་ནི་སྤྱིའི་འབྲས་བུའི་ནུས་པ་ཡིན་པའི་ཕྱིར། སྤྱི་རྟོག་པ་ནི་དགོས་པ་མེད་པ་ཡིན་ནོ། །གལ་ཏེ་དངོས་པོ་ཡོད་པའམ་མེད་པ་དག་ལ་སྤྱིའི་བློ་འདི་ནི་དོན་དང་ལྡན་པ་མ་ཡིན་གྱི་བསླད་པ་ཁོ་ན་ཡིན་པའི་ཕྱིར། ཁོ་བོ་ཅག་འདིའི་ཡུལ་དཔྱོད་པ་ལ་གུས་པ་ཅུང་ཟད་ཀྱང་མེད་དོ། །འགའ་ཞིག་ལ་འདིའི་མི་སླུ་བ་ནི་དངོས་པོ་ལ་རྒྱུ་དང་འབྲས་བུའི་ངོ་བོའི་འབྲས་བུའི་འབྲེལ་པ་ལས་ཡིན་གྱི། དེ་ལྟ་བུར་གྱུར་པའི་གཟུང་བ་ངེས་པ་ལས་ནི་མ་ཡིན་ཏེ། མངོན་སུམ་གྱིས་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལྟར་ཡོད་པ་མ་ཡིན་ཡང་ཡོད་པའི་ཕྱིར་རོ་ཞེས་བསྟན་པར་བྱ་བ་དང་བསྟན་ཟིན་པ་ཡིན་ནོ། །ཐ་དད་པའི་ཡུལ་ཅན་འདི་ཡང་ཕལ་ཆེར་དངོས་པོ་ཐ་དད་པའི་མཐོང་བའི་སྟོབས་ཀྱིས་དེ་དག་ལ་དངོས་པོར་ངེས་པའི་ཕྱིར་རོ། །དེ་ལྟ་བུའི་


DTG174_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་བརྟགས་ལ་ཉིད་ནི་གཞན་ལ་ཡོད་པའི་ཕྱིར་རོ། །གཞན་ཡང་སྤྱི་དོན་གཞན་དུ་རྟོག་པ་འདི་རང་གི་རྟེན་ཙམ་ལ་ཡོད་པའམ། ནམ་མཁའ་ལ་སོགས་པ་འདྲ་བ་ཐམས་ཅད་ན་ཡོད་པར་རྟོག་པར་འགྱུར་གྲང་ན། དེ་ལ་གལ་ཏེ་རང་གི་རྟེན་ཙམ་ལ་ཡོད་པ་དེའི་ཚེ། ཕྱོགས་བུམ་པ་ལ་སོགས་པས་སྟོང་པ་དག་ཏུ་བུམ་པ་ལ་སོགས་པ་འབྱུང་བ་ན་ཇི་ལྟར་ཡུལ་ཐ་དད་པ་ཅན་གྱི་རྫས་ལ་ཡོད་པའི་སྤྱི་ནི་དེ་དག་ལ་ཡོད་པར་འགྱུར་ཏེ། རང་གི་ཕྱིར་དེ་ནི་རྫས་སྔ་མ་ལས་འགྱུར་བའི་རྫས་ལ་མི་འགྲོ་སྟེ། བྱ་བ་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་གི་ཕྱིར་གཞན་ན་གནས་པའི་དངོས་པོ་དེ་ལས་མི་གཡོ་བ་དེ་གཉི་གའི་བར་ལ་ཁྱབ་པ་མ་ཡིན་པ་ནི་ཡུལ་ཐ་དད་པའི་དངོས་པོ་དང་ལྡན་པར་རིགས་པ་མ་ཡིན་ནོ། །སྔ་མ། དེ་ནི་དེ་ན་ཡོད་པ་མིན། །ཕྱིས་ཡོད་མིན་ན་ཡང༌། དེ་ལ་ཡང་སྐྱེ་བ་མེད་པས་འགའ་ཞིག་ལས་འོངས་པ་མེད་པ་དེ་ལྟར་ན། བླུན་པོ་ལས་གཞན་དུ་འགལ་བའི་ཁུར་འདེགས་པར་སུས་ནུས། གཞན་ཡང་ཆ་ཅན་མིན། རྟེན་སྔ་མ་ནི་སྤོང་མི་བྱེད་པ་སྟེ། སྐྱེ་བར་འགྱུར་བའི་ཡུལ་ལས་ཐ་དད་པའི་ཡུལ་ཏེ། དེ་དག་ལ་གནས་པ་ཞེས་བྱ་བ་ཡང༌། ཨེ་མའོ་ཕོངས་པའི་རྒྱུ་ཉིད་ཡིན། ཡུལ་ཐ་དད་པའི་དངོས་པོ་དག་གི་འབྲེལ་པ་ཅན་ནི་ཡན་ལག་དུ་མའི་བདག་ཉིད་ཅན་ནམ། གཅིག་གི་བདག་ཉིད་ཅན་གྱིས་རྣམ་པ་གཉིས་སུ་འགྱུར་ཏེ། ཡན་ལག་གཞན་དང་གཞན་དག་གིས་དེ་དང་འབྲེལ་པའི་ཕྱིར། སྣང་བ་དང་ཐག་པ་དང་དབྱིག་པ་ལྟ་བུའོ། །ཡན་ལག་དང་བཅས་པ་མ་གཏོགས་པར་ཡུལ་ཐ་དད་པ་དག་དང་འགའ་ཞིག་གིས་ཀྱང་ཅིག་ཅར་འབྲེལ་པ་རིགས་པ་མ་ཡིན་ཏེ། དེ་ལ་བདག་ཉིད་གཉིས་མེད་པའི་ཕྱིར་རོ། །བདག་ཉིད་གཅིག་ལ་ཡང་ས་ཕྱོགས་དེར་གནས་པའི་འབྲེལ་པ་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། གཞན་དུ་ན་དེ་དང་འབྲེལ་པ་མི་རུང་བའི་ཕྱིར་རོ། །བརྟེན་པ་གཅིག་པོ་གང་ལ་གནས་པ་དེ་ཉིད་ཀྱི་ཚེ་བདག་ཉིད་དེས་དེ་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་གཅིག་པོ་དེ་ལ་གནས་པ་དང་མི་གནས་པ་བདག་ཉིད་འགལ་བའི་ཕྱིར། རིགས་པ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་ལ་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱིས་གནས་པའི་བདག་ཉིད་ཅན་ཡིན་ནོ་ཞེ་ན། དེ་ནི་རང་བཞིན་


DTG174_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་རྟེན་གྱི་ཤེས་པ་ནི་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་འགྱུར་ལ། དེ་ལྟར་ན་ཡང་བ་ལང་ལ་ཡང་རྟ་ཡིན་ནོ་ཞེས་ཤེས་པར་འགྱུར་ཏེ། རྟ་ལ་གནས་པའི་བདག་ཉིད་ཅན་གྱི་རྫས་ཉིད་དང་འབྲེལ་པའི་ཕྱིར་དང༌། དེའི་རང་བཞིན་རྟོགས་པས་དེ་ལྟར་རྣམ་པར་ངེས་པའི་ཕྱིར་དང༌། གཅིག་པོ་དེ་ལ་ཡང་མ་མཐོང་བའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆ་མེད་པ་ཡུལ་དུ་མ་ལ་ཅིག་ཅར་བརྟེན་པ་མ་ཡིན་ནོ། །རྟེན་སྔ་མ་སྤངས་ནས་ཀྱང་ཡུལ་ཐ་དད་པ་ལ་གནས་པ་དེ་ཡང་མངོན་པར་འདོད་པ་མ་ཡིན་ནོ། །གཞན་པ་གནས་པར་འགྱུར་བ་ནི། །རང་གི་གནས་ལས་མི་གཡོ་བ། །དེ་ལས་གནས་གཞན་སྐྱེ་བ་ལ། །གནས་ཤེས་ཤིན་ཏུ་རིགས་པར་ལྡན། །གང་དུ་དངོས་དེ་གནས་གྱུར་པ། །དེ་དང་འབྲེལ་པ་མ་ཡིན་ལ། །དེ་ཡུལ་དག་ཀྱང་ཁྱབ་བྱེད་པ། །དེ་ནི་ཤིན་ཏུ་ངོ་མཚར་ཆེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་ཐམས་ཅད་ན་ཡོད་པར་སྨྲ་བ་གང་ཡིན་པ་དེའི་ཡང༌། གལ་ཏེ་རིགས་ནི་ཀུན་ལ་ཡོད། །གཅིག་དེ་བསལ་བས་བསལ་བ་ཉིད། །ཐ་དད་མེད་ཕྱིར་ཀུན་ལ་མཐོང༌། །རིགས་རྟག་པའི་བསལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་བཀག་ཟིན་ཏོ། །དེ་བས་རྟག་ཏུ་གཞན་གྱིས་ལེགས་པར་བྱས་པ་ལ་ལྟོས་པ་མེད་པ་ནི་མཐོང་བར་འགྱུར་བའམ། ནམ་ཡང་མ་བྱས་པ་ཡིན་ཏེ། དེའི་རང་བཞིན་དུ་གནས་པའི་ཕྱིར་རོ། །རང་བཞིན་གཞན་ནི་འགའ་ཞིག་ལས་ཀྱང་མ་སྐྱེས་པའི་ཕྱིར་རོ། །བསལ་བ་ཁས་བླངས་སུ་ཟིན་ཀྱང་ཁྱབ་པར་བྱེད་པ་ཡང་གཅིག་ལ་བསལ་བས་བསལ་བ་ཉིད་ན་ཐ་དད་པ་མེད་པའི་ཕྱིར། ཀུན་ལ་ཞེས་བྱ་བ་བསལ་བས་སྟོང་པའི་ཕྱོགས་དག་ལ་ཡང་མི་མཐོང་བར་འགྱུར་རོ། །དེ་ཡང་བསལ་བ་ལ་ལྟོས་མིན། །གལ་ཏེ་བསལ་བ་ལྟོས་པ་ཅན་ཡིན་ན་ནི། བསལ་བྱེད་རྟོགས་པ་མ་ཡིན་ན། །བསལ་བྱ་ཡང་དག་རྟོགས་པ་མིན། །སྤྱི་དང་དེ་དང་ལྡན་པ་ཡང༌། །ཅི་ཡི་ཕྱིར་ན་བཟློག་པར་འདོད། །རང་གི་རྟེན་དང་དབང་པོའི་ལྡན་པ་ལ་རྟོགས་པ་ཅན་གྱི་སྤྱི་ནི་རྟེན་གྱིས་སྟོང་བའི་ས་ཕྱོགས་ལ་མཐོང་བ་མ་ཡིན་ནོ་ཞེས་གང་ལས་ལན་བཏབ་པ་དེའི་ཡང་རང་གི་རྟེན་དང་དབང་པོའི་ལྡན་པས་ཕན་


DTG174_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་ཡིན་པ་ཉིད་ཀྱི་ཕྱིར། དེ་ལས་དེ་མཐོང་བ་ཅན་གྱིས་ཇི་ལྟར་གནས་པ་བཞིན་དུ་མཐོང་བར་འགྱུར་རོ། །སྣང་བར་འགྱུར་བ་དེ་ནི་མི་སྣང་བ་འདིར་ད་ལྟར་རིགས་པ་མ་ཡིན་ནོ། །སྤྱི་ནི་བསལ་བས་བསལ་བར་བྱ་བ་ཉིད་ཡིན་པའི་ཕྱིར། བསལ་བར་བྱེད་པ་དང་བྲལ་བའི་ས་ཕྱོགས་དག་ཏུ་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ནོ། །བསལ་བར་བྱ་བ་དང་བསལ་བར་བྱེད་པའི་དངོས་པོ་དེ་ལྟ་བུར་གྱུར་པ་ནི་དེ་ལ་མེད་པའི་ཕྱིར་རོ། །སྒྲོན་མ་ལ་སོགས་པ་བསལ་བར་བྱེད་པ་ནི་བདག་ཉིད་རྟོགས་ནས་གཞན་རྟོགས་པར་བྱེད་པའི་རྒྱུ་ནི་རང་གི་ངོ་བོས་སྟོང་པ་ལ་བསལ་བར་བྱ་བ་རང་ཉིད་མཐོང་བར་བྱེད་པ་མ་ཡིན་ལ། དེ་ལྟར་བསལ་བ་ཡང་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་དེ་སྤྱི་བསལ་བར་བྱེད་པར་ཡང་འགྱུར་ཞིང་དེ་རྟོགས་པའི་སྒོ་ནས་སྣང་བར་འགྱུར། དེ་ལྟ་ན་དེ་ནི་སྒྲོན་མས་བུམ་པ་དང་འདྲ་བར་བསལ་བར་བྱ་བ་ཡང་ཐོག་པར་འགྱུར་ཏེ། རྣམ་པ་འགའ་ཞིག་གིས་དེ་ལྟ་རྟོགས་པ་མེད་པར་སྣང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་འདིས་མི་རིགས་པ་ཅི་ཞིག་མངོན་པར་དཔྱད་ནས་དེ་ལྟར་དུབ་པ་མང་པོའི་སྤྱིའི་སླ་བ་ལ་བརྟེན་པ་ཡིན། ཕན་ཚུན་ཐ་དད་པའི་ཕྱིར། བསལ་བ་ལྡོག་པ་ཅན་དག་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་མི་རུང་བའི་ཕྱིར་རོ། །ད་ནི་ཇི་ལྟར། ཐ་དད་མེད་དོན་མེད་པར་ཡང༌། །འཚེད་པ་པོ་སོགས་དག་གི་སྒྲ། །འཚེད་པ་པོ་དང་ཀློག་པ་ལ་སོགས་པར་གཅིག་ལ་རྗེས་སུ་འགྲོ་བ་མེད་པ་དག་ལ་ཡང༌། འཚེད་པ་དང་འཚེད་པ་པོ་ཞེས་བྱ་བའི་སྒྲ་དང་ཤེས་པ་འཇུག་པ་ཡོད་པ་ཡིན་ནོ། །དེ་དག་ལ་ནི་ཐ་དད་པ་མེད་པ་གཞན་ཅིག་ཡོད་པ་མ་ཡིན་ན། གང་གིས་ཐ་དད་པ་དག་གིས་ནི་དེ་ལྟར་རྟོགས་པར་འགྱུར། གལ་ཏེ་ལས་ཡོད་དོ་ཞེ་ན། འོན་ཏེ་བསལ་བ་ཁོ་ན་ལས་ཤེས་པ་དེ་ཡིན་ཡང་བླ་སྟེ། འདི་ལས་སམ་གཞན་གྱིས་ཅི་ཞིག་བྱད་པ་ཡིན། ཐ་དད་པ་ནི་ཐ་མི་དད་པའི་ཤེས་པའི་རྒྱུར་མི་འགྱུར་བས་ན། སྤྱི་གཅིག་འདོད་པ་དེ་གལ་ཏེ་ལས་ཐ་དད་པས་ཀྱང་ཐ་དད་པ་མེད་པའི་ཤེས་པ་བསྐྱེད་པར་གྱུར་ན། བསལ་བ་དག་གིས་ཉེས་པ་ཅི་ཞིག་བྱས་ན་གང་གིས་དེ་དག་དེ་ལྟར་མི་འདོད། གལ་ཏེ་དེ་དག་ནི་ངོ་


DTG174_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཅིག་པ་ཉིད་ཀྱི་ཕྱིར། དེའི་རྣམ་པ་མ་ཡིན་པའི་ཁྱད་པར་ལྡན་པ་འདིའི་འདི་ཞེས་བྱ་བའི་ལྡོག་པ་རྟགས་པར་མི་འགྱུར་རོ་ཞེ་ན། འདིར་ལྡོག་པ་ཇི་ལྟ་བ་བཞིན་དུ་ཁྱད་པར་ཤེས་པ་དག་ཀྱང་བརྡ་ཇི་ལྟ་བ་བཞིན་དུ་དོན་གཞན་རྣམ་པར་གཅོད་པའི་ཕྱིར་རོ་ཞེས་བཤད་དོ། །དེ་བས་བསལ་བ་དང་འདྲ་བར། །ཐ་དད་ཕྱིར་ལས་འདིའི་རྒྱུ་མིན། །འཚེད་པ་པོ་ལ་སོགས་པ་ཐ་དད་པ་མེད་པའི་ཤེས་པའིའོ། །གལ་ཏེ་དེ་དག་གི་ལས་ཀྱི་རིགས་ཐ་དད་པ་མེད་པའི་ཕྱིར་རྒྱུ་ཡིན་ནོ་ཞེ་ན། ལས་དང་འབྲེལ་ཕྱིར་རིགས་མ་ཡིན། འགྲོ་བ་ལ་སོགས་པ་བ་ལང་ཉིད་བཞིན་དུ་དོན་གཞན་འབྲེལ་པའི་རིགས་ནི་དོན་གཞན་ལ་ཤེས་པའི་རྒྱུ་མ་ཡིན་ལ་འཚེད་པ་པོའི་ལས་དག་ལ་ཡང་ལས་ཀྱི་རིགས་ཡིན་ན་ལས་དེ་དག་ཀྱང་འཚེད་པ་པོའི་སྒྲས་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལས་དེའི་རྟེན་གྱི་རྫས་ཡིན་ནོ། །ལས་ཀྱི་སྤྱི་དེ་ཡང༌། མཉན་པ་གཞན་གྱི་རྒྱུ་མཚན་ཕྱིར། །འཚེད་པ་འཚེད་པ་ཞེས་བྱ་བ་ནི་དེ་ལས་འགྱུར་གྱི། འཚེད་པ་པོ་ཞེས་བྱ་བར་ནི་མ་ཡིན་ཏེ། དེ་ནི་ལས་ཀྱི་རྒྱུ་མཚན་ཉིད་དུ་རབ་ཏུ་བཤད་དོ། །གཞན་ཡང༌། ལས་ནི་གནས་པ་མེད་ཕྱིར་དང༌། ལས་མི་རྟག་པ་ནི་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། ཤེས་པ་དེའི་ལས་རྒྱུ་མཚན་ཉིད་ན་ལས་འགགས་པ་ལ་འཚེད་པ་པོ་ཞེས་བརྗོད་པར་མི་བྱ་སྟེ། འཚེད་པ་ན་ལས་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། སྤྱི་ནི་འབྲེལ་པ་མེད་པའི་ཕྱིར། །སྒྲ་ཡི་རྒྱུ་ཉིད་ཐལ་འགྱུར་ཕྱིར། འབྲེལ་མེད་མ་ཡིན། ལས་ཞིག་པ་དེའི་སྤྱི་ནི་ལས་མ་ཡིན་ཞིང་བྱེད་པ་མ་ཡིན་པའི་ཕྱིར། རག་ལུས་པའི་འབྲེལ་པ་འདི་ལ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན་འབྲེལ་པ་མེད་པའི་ཕྱིར་སྒྲ་དང་ཤེས་པའི་རྒྱུ་མ་ཡིན་ནོ། །གཞན་དུ་ནི་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་འདས་པ་དང་མ་འོངས་པ་རྒྱུ་མཚན་དུ་བྱས་ནས་དེ་དག་འཇུག་གོ་ཞེ་ན། མེད་པའི་ལས་ཀྱང་ཤེས་བརྗེད་དག་གི་མིན་ཏེ་རྒྱུ་མཚན་མ་ཡིན་ནོ། །དེ་དག་ནི་རྒྱུ་མཚན་ཅན་མིན་ཐོབ་ཕྱིར་རོ། །མེད་པ་སྟེ་ནུས་པ་མེད་པ་ནི་ཇི་ལྟར་རྒྱུ་མཚན་དུ་འགྱུར། དངོས་པོའི་དེ་ཉིད་ནི་བྱ་བ་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་འདས་པ་དང་མ་འོངས་པའི་ལས་འགགས་པ་


DTG174_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངོ་བོ་མ་ཐོབ་པ་ཅན་གྱི་རྒྱུ་མཚན་མ་ཡིན་ནོ། །བསལ་བ་ལ་སོགས་པ་གཞན་དག་ཀྱང་མི་འདོད་པའི་ཕྱིར། དེ་དག་ནི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་ན་རིགས་ཀྱང་གྲུབ་པ་མ་ཡིན་ཏེ། དེ་ནི་ཤེས་པ་དང་བརྗོད་པ་དག་གི་མཚན་ཉིད་དུ་འདོད་པའི་ཕྱིར་རོ། །གལ་ཏེ་ནུས་པ་འཚེད་པ་པོ་ལ་སོགས་པའི་སྒྲའི་རྒྱུ་མཚན་མིན་གྱི་ལས་དང་སྤྱི་ནི་མ་ཡིན་ཞེ་ན། རྗེས་འགྲོ་མེད་ཕྱིར་ནུས་པའང་མིན། །འཚེད་པ་པོ་ལ་སོགས་པ་དག་གི་ནུས་པ་ཞེས་བྱ་བ་གཞན་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འདི་ཉིད་ནི་འཚེད་པ་ལ་སོགས་པའི་དོན་གྱི་བྱ་བ་ལས་ཉེ་བར་སྦྱོར་བ་ཡིན་པས་ན་རྫས་ནི་ཉེ་བར་སྦྱོར་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་དེ་ནི་དེའི་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། ད་ནི་ནུས་པ་ཅི་ཞིག་བྱ་སྟེ། ནུས་པ་ལ་ཉེ་བར་སྦྱོར་བའི་ཕྱིར། ནུས་པ་གཞན་ཐ་དད་པ་ཁས་ལེན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། རྫས་ཁོ་ན་ཉེ་བར་སྦྱར་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེས་ནི་ནུས་པ་ལ་ཉེ་བར་སྦྱོར་ན་དོན་གྱི་བྱ་བ་ཁོ་ན་ལ་ཉེ་བར་སྦྱོར་བ་ཅིའི་ཕྱིར་དེ་ལྟར་མི་འདོད་དེ། བར་དུ་ནུས་པ་དོན་མེད་པས་ཅི་ཞིག་བྱ། དེ་བས་ན་ནུས་པ་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་གྱི་རྫས་ཁོ་ན་ཡིན་ནོ། །དེ་ཡང་རྗེས་སུ་འགྲོ་བ་མེད་ཕྱིར་ཏེ། དེ་ལ་རྗེས་སུ་འགྲོ་བ་ཅན་གྱི་སྒྲར་མི་འགྱུར་རོ། །གལ་ཏེ་འཚེད་པོ་སོགས་སྤྱི་ཡིན། །དང་པོར་དེ་ནི་ཡོད་ཉིད་སོགས། །བཞིན་དུ་བསལ་འགྱུར་ཅི་སྟེ་མིན། །ཁྱད་པར་མེད་ཕྱིར་ཕྱིས་མི་འགྱུར། །ཅི་སྟེ་ཡང་འཚེད་པ་པོ་ཉིད་ཅེས་བྱ་བའི་སྤྱི་འགའ་ཞིག་ཡོད་པ་ཡིན་ན་ཡོད་པའི་དོན་ལ་འཕྲོད་པ་འདུ་བ་དེ་ནི་རེས་འགའ་བ་ཉིད་མ་ཡིན་པའི་ཕྱིར། དེ་ནི་དང་པོ་ཉིད་ན་ཡོད་པ་ཉིད་ལ་སོགས་པ་བཞིན་དུ་བསལ་བར་འགྱུར་རོ། །དོན་ལ་འཕྲོད་པ་འདུ་བའི་ཆོས་ཅན་གྱི་སྤྱི་ཇི་སྙེད་པ་དེ་དག་ནི་འདིའི་སྐྱེ་བ་དང་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་དག་ཡིན་ནོ་ཞེས་བྱ་བའི་གཞུང་ཡིན་ནོ། །དེ་ལས་འདས་པ་དེ་ནི་ཁྱད་པར་མེད་པའི་ཕྱིར། ཕྱིས་ཀྱང་དེ་དང་འཕྲོད་པ་འདུ་བར་འགྱུར་བ་མ་ཡིན་ནོ། །དེ་དང་འབྲེལ་བའི་རང་བཞིན་དང་མི་མཐུན་པའི་ཕྱིར། དེ་ནི་དེའི་དང་པོར་ཡོད་པ་མ་ཡིན་ལ་དེ་ཉིད་ཀྱང་རང་བཞིན་དུ་གནས་པ་འདིའི་ཕྱིར། འགྱུར་རོ་ཞེས་བྱ་བ་དེ་ནི་རྟོགས་པར་དཀའོ། །བྱ་བ་ཕན་འདོགས་


DTG174_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་བསལ་བྱེད། །ཡིན་ཡང་འགྱུར་མེད་ལྟོས་པ་མེད། །འདི་ནི་ཕུལ་བྱུང་ཡོད་ན་ཡང༌། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །གལ་ཏེ་ཕན་འདོགས་པར་བྱེད་པའི་ལས་ལ་ལྟོས་ནས་རྫས་ཀྱི་འཚེད་པ་པོ་ཉིད་ལ་བསལ་བར་བྱེད་པ་ཡིན་ནོ་ཞེ་ན། རང་བཞིན་བརྟེན་པ་འདི་ནི་ཕུལ་དུ་དབྱུང་དུ་མེད་པའི་ཕྱིར་ཁྱད་པར་དུ་བྱེད་པ་མེད་པ་ལ་ལྟོས་པ་ཅི་ཞིག་ཡོད། ཕུལ་དུ་དབྱུང་དུ་ཡོད་ན་ཡང་ལས་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་རེ་རེ་ལ་ཕུལ་དུ་དབྱུང་བའི་རང་བཞིན་དུ་གྱུར་པ་གཞན་དང་གཞན་འབྱུང་བའི་ཕྱིར། དེ་ཡང་སྐད་ཅིག་མར་འགྱུར་རོ། །དེ་བས་ན་རང་གི་སྐྱེ་བའི་གནས་འཇིག་པ་ཅན་གྱི་བྱ་བ་གང་ལས་གང་ལ་ལྟོས་པ་བསལ་བར་བྱེད་པར་འགྱུར། འོ་ན་ད་ནི་ཇི་ལྟར་དངོས་པོ་གཅིག་ཡོད་པ་མ་ཡིན་ན། དངོས་པོ་ནི་ཤེས་པ་དང་སྒྲ་དག་གི་རྗེས་སུ་འགྲོ་བ་ཅན་ལ་འཇུག་པར་འགྱུར། དཔེར་ན་འཚེད་པ་པོ་ལ་སོགས་པ་དག་ལ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ལ་འདི་ཞེས་སེམས་པ་མ་ཡིན་ནམ། ཇི་ལྟར་དེ་དག་ལ་ཡང་ཡིན་ཞེ་ན། ཇི་ལྟར་དེ་དག་ལ་ཡོད་པ་མ་ཡིན་ནོ་ཞེས་དེ་དག་དཔྱད་ཟིན་ཏོ། །དེ་བས་ན་ཅིའི་ཕྱིར་དེ་དག་རྒྱུ་མཚན་མེད་པ་ཅན་དུ་མི་འགྱུར། རྒྱུ་མཚན་མེད་པ་ཅན་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཕྱི་རོལ་གྱི་དེ་ཉིད་ནི་རྒྱུ་མཚན་མ་ཡིན་ཏེ། འདི་ལྟར་བདག་ཉིད་ཇི་ལྟ་བའི་བག་ཆགས་རབ་ཏུ་སད་པ་ལས་རྣམ་པར་རྟོག་པ་སྐྱེ་བ་དེ་ལས་སྒྲ་དག་འབྱུང་བ་ཡིན་གྱི། རྣམ་པར་རྟོག་པ་དང་བརྗོད་པ་དག་ནི་དངོས་པོ་ཡོད་པ་ཉིད་ལ་བརྟེན་པ་ཡང་མ་ཡིན་ནོ་ཞེས་དེ་ནི་མང་དུ་དཔྱད་ཟིན་ཏོ། །བདག་ཉིད་ཀྱི་གཞུང་ལུགས་ཇི་ལྟ་བ་བཞིན་གྱི་བག་ཆགས་ཀྱི་དབང་གིས་འགལ་བའི་ངོ་བོ་གཅིག་ཏུ་བསྡུས་པས་གཞན་དང་གཞན་མཐོང་བ་ན་ཡང་རྗེས་སུ་འགྲོ་བ་ཅན་དེ་དག་མཐོང་བའི་ཕྱིར་རོ། །དེ་ལ་དེའི་རྒྱུའི་རང་བཞིན་འགའ་ཞིག་ཀྱང་ཡོད་པ་ཡིན་ཏེ། ཕན་ཚུན་འགལ་བ་ནི་གཅིག་ལ་ཅིག་ཅར་གནས་པ་མི་རུང་བའི་ཕྱིར་རོ། །འོ་ན་ནི་མ་ངེས་པར་འགྱུར་བ་དེ་རྒྱུ་མཚན་མེད་པར་ཡོད་པ་ནི་འགའ་ཞིག་ཏུ་ཡོད་པ་དང་འགའ་ཞིག་ཏུ་མེད་པ་ཞེས་བྱ་བར་ངེས་པར་འོངས་པ་མ་ཡིན་ནོ། །དེ་དག་རྒྱུ་མཚན་མེད་པ་ཅན་ནི་མ་ཡིན་ཏེ། བག་ཆགས་ཀྱི་ཁྱད་པར་


DTG174_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཉིད་ཡིན་པའི་ཕྱིར་རོ། །ཕྱི་རོལ་དེ་ལྟ་བུར་གྱུར་པ་སྣང་བ་ཡང་མ་ཡིན་ནོ་ཞེས་སྨྲས་ཀྱི། ཡོད་པ་མ་ཡིན་གྱི་དེ་ལ་མི་འགྱུར་བ་ནི་མ་ཡིན་ཏེ། རྨི་ལམ་དང་རབ་རིབ་ཅན་དག་གིས་དམིགས་པའི་དོན་དང་དངོས་པོ་མེད་པ་དང༌། གཞུང་ལུགས་ཀྱི་བག་ཆགས་ཀྱིས་སྒྲོ་བཏགས་པའི་ངོ་བོ་ཁྱད་པར་ཅན་དག་ལ་དེ་ལྟ་བུའི་རྟོག་པ་སྐྱེ་བའི་ཕྱིར་རོ། །དེ་དག་ནི་ཡོད་པ་མ་ཡིན་པ་དེ་དག་ལ་སྐྱེ་བའི་ཕྱིར་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མ་ཡིན་ཏེ། རྣམ་པར་དབྱེ་བ་ཉིད་ཀྱིས་དེ་ལྟར་དམིགས་པ་དག་ལ་རྣམ་པར་རྟོག་པའི་ཕྱིར་རོ། །ཁོ་བོ་ཅག་གིས་འདིར་རང་བཞིན་གྱིས་ཀྱང་ཤེས་པ་གཅིག་གི་འབྲས་བུ་ཅན་འགའ་ཞིག་ངོ་བོ་ཉིད་ཐ་དད་པའི་ཕྱིར་ཞེས་བྱ་བ་ཅུང་ཞིག་བསྟེན་ཏོ། །གཞན་ཡང༌། ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་གིས་འགའ་ཞིག་ལ། །རབ་འཇུག་གཞན་ལ་མིན་དེ་ཉིད། །སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གལ་ཏེ་ལྡོག་པ་སྤངས་པ་ཡི། །དངོས་པོའི་རྗེས་འགྲོ་གཞན་ཡོད་མིན། །གཅིག་གི་འབྲས་བུ་གཞན་གྱིར་ནི། །མི་འགྱུར་ཤིན་ཏུ་ཐ་དད་ཕྱིར། །གལ་ཏེ་ལྡོག་པ་མ་གཏོགས་པར་རྗེས་སུ་འགྲོ་བ་ཅན་གྱི་རང་བཞིན་འགའ་ཞིག་གིས་དངོས་པོ་དེ་དག་སྟོང་པ་ཡིན་ནོ། མང་པོ་དེ་དག་ནི་འབྲས་བུ་གཅིག་ཏུ་མི་འགྱུར་རོ། །དེའི་སྐྱེད་པར་བྱེད་པའི་རང་བཞིན་གང་ཡིན་པ་དེ་ནི་གཞན་ལ་མེད་ཅིང་ཡོད་པ་གང་ཡིན་བ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། ལྡོག་པ་ནི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །སྐྱེད་པར་བྱེད་པ་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་ལ་སྐྱེད་པར་བྱེད་པ་དེ་ཡང་གཞན་ལ་མེད་པའི་ཕྱིར། གཞན་གྱིས་བསྐྱེད་པར་མི་འགྱུར་རོ། །གལ་ཏེ་དེ་ནི་སྐྱེད་པར་བྱེད་པའི་རང་བཞིན་གང་ཡིན་པ་དེ་ནི་གཞན་གྱིར་ཡང་འགྱུར་ན། དེའི་རང་བཞིན་དེས་དེ་ལ་ཐ་དད་པར་མི་འགྱུར་བའི་ཕྱིར། རང་བཞིན་གྱིས་རྗེས་སུ་འགྲོ་བ་ཡོད་དོ་ཞེ་ན། གལ་ཏེ་བདག་ཉིད་གཅིག་པ་ཡིས། །དུ་མ་འབྲས་བུ་གཅིག་བྱེད་ན། །བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ལྷན་ཅིག་བྱད་པ་དོན་མེད་འགྱུར། །གལ་ཏེ་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར། །དུ་མ་གཅིག་བྱེད་པ་ཡིན་ན་དེ་དག་གི་ཐ་དད་པ་མེད་པའི་རང་བཞིན་དེ་ནི་གཅིག་ཉེ་ཡང་ཡོད་


DTG174_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱུ་དང་མ་བྲལ་བའི་ཕྱིར། གཅིག་ཀྱང་སྐྱེད་པར་བྱེད་པར་འགྱུར་རོ། །འདི་ལྟར། ཐ་དད་མེད་པའི་ངོ་བོ་དེ། །བྱེད་མིན་ཁྱད་པར་རྣམས་དང་བྲལ། །ཐ་དད་པ་མེད་པའི་རང་བཞིན་དེ་ལ་དེ་ནི་གཞན་གྱིས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཁྱད་པར་ཡོད་ན་ཐ་དད་པ་མེད་པ་ཉམས་པའི་ཕྱིར། །དེ་ཡང་དེ་ལ་ཡང་ཡོད་པས་གཅིག་གནས་པ་ལ་ཡང་དེའི་བྲལ་བ་ཡོད་པ་མ་ཡིན་ནོ། །ཁྱད་པར་གང་ཡིན་པ་དེ་དག་ནི་ལྷན་ཅིག་གནས་པའི་ངེས་པ་མེད་པའི་ཕྱིར་བྲལ་བར་འགྱུར་རོ། །དེ་དག་སྐྱེད་པར་བྱེད་པར་འདོད་པ་ཡང་མ་ཡིན་ཏེ། ལྷན་ཅིག་བྱེད་པ་དག་ནི་རང་བཞིན་གཅིག་པ་ཉིད་ཀྱིས་བསྐྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་བས་ན་སྐྱེད་པར་བྱེད་པ་གནས་པའི་ཕྱིར་དང༌། གནས་པ་མེད་པ་ནི་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར། གནས་པ་གཅིག་གིས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་བ་ཞིག་ན་འགྱུར་བ་ཡང་མ་ཡིན་ནོ། །དེ་བས་ན། གཅིག་དང་བྲལ་བ་འབྲས་མེད་ཕྱིར། ཁྱད་པར་རྣམས་ལས་དེ་དག་འབྱུང༌། །ལྷན་ཅིག་བྱེད་པ་དུ་མའི་ཐུན་མོང་དུ་གྱུར་པའི་འབྲས་བུ་དེ་ནི་ཁྱད་པར་གཅིག་དང་བྲལ་ན་ཡང་མི་འགྱུར་ཞིང་ཁྱད་པར་ཐམས་ཅད་དང་མ་བྲལ་བ་དག་ལ་ཡང་འགྱུར་ཏེ། མ་བྲལ་ན་ཡང་ཐ་དད་པ་མེད་པའི་ངོ་བོ་ཡང་མ་ཡིན་ནོ། །འབྲས་བུ་ནི་འགའ་ཞིག་ལས་བྱུང་བའི་ཆོས་ཅན་མི་འགྱུར་བ་གང་ཡིན་པ་དེ་དང་བྲལ་བའི་ཕྱིར་རོ། །ཐ་དད་པ་མེད་པའི་ངོ་བོ་གཅིག་གནས་པ་ལ་ཡང་བྲལ་བ་ཉིད་ཡོད་པ་མ་ཡིན་ལ་མ་བྲལ་བ་དེ་ལ་ཡང་མེད་ན་དེ་སྐྱེད་པར་བྱེད་པའི་བདག་ཉིད་མ་ཡིན་པར་སྟོན་པར་བྱེད་དོ། །གང་ཚོགས་པ་དང་བྲལ་པ་དང་འདྲ་བ་དེ་ཉིད་ལས་སྐྱེ་བ་དེ་ལ་ཡོད་ན་ངེས་པ་ཡོད་པར་འགྱུར་གྱི། དེ་ལས་གཞན་ལས་སྐྱེ་བར་རྟོག་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ཁྱད་པར་སྐྱེད་པར་བྱེད་པ་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་དངོས་པོ་ཡིན་ནོ། །འདི་ལྟར། དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་པར་ཡོད་པའོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ནི་གང་དོན་བྱེད་པར་རུང་བ་ཉིད་དང་མི་རུང་བ་ཉིད་ཅེས་བྱ་བ་འདི་ཉིད་འཆད་པར་འགྱུར་རོ། །དོན་བྱེད་ནུས་པར་རུང་བའི་དོན། །དེ་ཡང་རྗེས་འགྲོ་མེད་གང་ཞིག །རྗེས་འགྲོ་དེ་ལས་འབྲས་ཡོད་མིན། །དེ་བས་སྤྱི་ཐམས་ཅད་ནི་དོན་བྱེད་པར་རུང་བ་


DTG174_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་མེད་པ་ཡིན་ལ། དངོས་པོ་ནི་ཁྱད་པར་ཁོ་ན་ཡིན་ཏེ། དེ་ཁོ་ན་ཉིད་ལས་དེ་གྲུབ་པའི་ཕྱིར་རོ། །འོན་ཀྱང་རང་བཞིན་གྱི་རྗེས་སུ་འགྲོ་བ་མེད་པས་གཅིག་གི་སྐྱེད་པར་བྱེད་པའི་ངོ་བོ་གཞན་ལ་མེད་པའི་ཕྱིར། །སྐྱེད་པར་བྱེད་པར་མི་འགྱུར་བའམ། སྐྱེད་པར་བྱེད་པ་ཡིན་ན་ཐ་དད་པ་ཁྱད་པར་མེད་པའི་ཕྱིར། ཐམས་ཅད་བསྐྱེད་པ་པོར་འགྱུར་རོ། །དེ་ནི་མ་ཡིན་ཏེ་འདི་ལྟར། བདག་དེ་ཤིན་ཏུ་ཐ་དད་ཀྱང༌། །འགའ་ཞིག་རྒྱུ་ཡིན་གཞན་པ་མིན། །རང་བཞིན་འདི་ཡིན་གཅིག་གི་སྐྱེད་པར་བྱེད་པའི་བདག་ཉིད་ལས་ཐམས་ཅད་ཐ་དད་པར་གྱུར་པ་ན་མཚུངས་པར་སྐྱེད་པར་བྱེད་པའམ། འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེར་འགྱུར་ན། ཇི་ལྟར་དེ་དག་ལ་ཁྱད་པར་ཡོད་པར་མི་འགྱུར། དེ་བས་ན་ཐ་དད་པའི་ཁྱད་པར་ཡོད་ན་ཡང་འགའ་ཞིག་ལས་བདག་ཉིད་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར། འགའ་ཞིག་སྐྱེད་པར་བྱེད་པ་ཡིན་པ་གཞན་མ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་ཏེ། གཞན་གྱི་མ་ཡིན་ནོ། །དངོས་པོའི་རང་བཞིན་དག་ནི་ཅིའི་ཕྱིར་མེ་ནི་སྲེག་པར་བྱེད་པའམ། དྲོ་བ་ཡིན་གྱི། ཆུ་མ་ཡིན་ཞེས་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་གྱི། རང་བཞིན་འདི་གང་ལས་ཞེས་བྱ་བ་དེ་ཙམ་དུ་འགྱུར་ཏེ། རྒྱུ་མེད་པ་ཅན་ལྟོས་པ་མེད་པ་ནི་ངེས་པ་མེད་པས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་རང་བཞིན་ནི་འདིའི་རང་གི་རྒྱུ་ལས་ཞེས་བརྗོད་པར་བྱའོ། །དེ་ཡང་དེ་བསྐྱེད་པའི་བདག་ཉིད་དེ། གཞན་ལས་ཞེས་བྱ་བའི་རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཅན་ཡིན་ནོ། །ཐ་དད་པ་དག་གི་འགའ་ཞིག་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ཏེ། རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །ཐ་དད་མིན་ན་ཡང་ཅིག་ཅར་སྐྱེ་འཇིག་འགྱུར། རང་བཞིན་ལ་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར། རང་གི་བདག་ཉིད་བཞིན་དུ་སྣ་ཚོགས་པའི་རྣམ་པར་དབྱེ་བ་སྐྱེ་བ་དང་གནས་པ་དང་འགག་པ་ལ་སོགས་པར་མི་འགྱུར་རོ། །དེ་ལྟར་ཐ་དད་པ་མེད་པ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་དང་ཐ་དད་པ་མེད་པའི་མཚན་ཉིད་འདི་ནི་རྣམ་པ་གཅིག་ལ་ཡང་ལྡོག་པ་དང་ལྡོག་པ་མེད་པ་ཡིན་ཏེ། བདག་ཉིད་གཅིག་ལ་འགལ་བ་མི་སྲིད་པའི་ཕྱིར་རོ། །ཐ་དད་དེས་ཀྱང་དེ་ལྟར་མིན། །རྣམ་པ་ཐམས་ཅད་ཀྱི་ཐ་དད་པ་མེད་པར་སྨྲ་བ་མ་


DTG174_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་གང་གིས་དེ་ལྟར་འགྱུར། འདི་ནི་བདག་ཉིད་འགའ་ཞིག་ཀྱང་ཐ་དད་པ་མེད་པ་དང་ཐ་དད་པ་ཞེས་བྱ་བ་ཐ་དད་པའི་ཕྱིར་ལྷན་ཅིག་སྐྱེ་བ་ལ་སོགས་པ་མ་ཡིན་ནོ། །དེ་ལྟར་ན་ནི། གཅིག་གི་འཇིག་ན་གནས་པ་ཡི། །བདག་ཉིད་གང་ཡིན་དེ་དེའི་མིན། །གནས་པ་དང་གནས་པ་མ་ཡིན་པ་དག་ནི་རྟེན་གྱི་བདག་ཉིད་གཅིག་ཡིན་ན་ཐ་དད་པ་ཅན་གྱིས་ཆོས་གཞན་ཅི་ཞིག་ཡོད། དེ་ལྟར་ན་འགའ་ཞིག་ཏུ་ཡང་སྣ་ཚོགས་པ་ཉིད་དུ་མི་འགྱུར་རོ། །དོན་དག་རྣམ་པ་ཐམས་ཅད་དུ་ཐ་དད་པའམ་ཐ་དད་པ་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར། མི་འགའ་ཞིག་འདོད་པར་མི་འགྱུར་ཞིང༌། དངོས་པོ་ཡང་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་བས་ན་འདི་ནི་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་ཏེ། དངོས་པོ་ཐ་དད་པ་ཁོ་ན་ཡིན་ནོ། །དེས་སྤྱི་ཁྱད་པར་བློར་མི་འགྱུར། །དེ་བས་ན་དོན་གཞན་འདི་ནི་ལྟོས་པ་མེད་པ་ཡིན་ཏེ། མ་བསྐྱེད་པ་ཉིད་ཀྱི་ཕྱིར་འདིའི་སྤྱིའམ་ཁྱད་པར་ཅན་ཞེས་བྱ་བའི་སྒྲ་རིགས་པ་མ་ཡིན་ནོ། །གལ་ཏེ་གཞན་སེལ་བ་ལ་ཡང་དེ་མཚུངས་པར་ཐལ་པར་འགྱུར་རོ་ཞེ་ན། མཚུངས་པ་ཡང་མ་ཡིན་ཏེ། འདི་ལྟར། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་གནས་མིན་རྟོག་པ་མིན། །གཞན་སེལ་བ་ཞེས་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ཡང་རང་བཞིན་གྱི་རྗེས་སུ་སོང་བ་ཅན་རང་བཞིན་དང་གནས་པ་དང་འཇིག་པའི་རྣམ་པར་རྟོག་པ་དག་གིས་རྣམ་པར་རྟོག་པར་མི་འགྱུར་རོ། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ལོག་པའི་ཤེས་པ་ཅན་འདི་ནི་ཡུལ་མེད་པ་ཅན་ཁོ་ན་ཡིན་ཏེ། དུ་མ་ལ་གཅིག་གི་རྣམ་པ་ཅན་ཡིན་པ་དེ་ན་ཡུལ་མེད་པའི་ཕྱིར། གནས་པའམ་མི་གནས་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ་དེའི་བསྐྱེད་པ་པོ་ནི་དེའི་རང་བཞིན་ཡིན་ན། དེ་ཡི་སྐྱེད་བྱེད་ངོ་བོ་གང༌། །དེ་ཡང་ཇི་ལྟར་སྐྱེད་བྱེད་ཡིན། །ཞེས་སྨྲས་པ་དེ་ལ་གཞན་ལ་སྐྱེད་པར་བྱེད་པའི་ངོ་བོ་མེད་དོ་ཞེས་ནི་མི་སྨྲའི། འོ་ན་ཅི་ཡིན་ཞེ་ན། གཅིག་གི་དེ་སྐྱེད་པར་བྱེད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ནི་གཞན་གྱི་མ་ཡིན་ནོ་ཞེས་སྨྲའོ། །གཞན་དག་ཀྱང་རང་གི་ངོ་བོ་ཁོ་ནས་སྐྱེད་པར་བྱེད་པ་ཡིན་གྱི་ངོ་བོས་ནི་མ་ཡིན་ཏེ། དེ་ཉིད་མེད་པའི་ཕྱིར་རོ། །དེ་དག་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་ངོ་བོ་ཉིད་ཀྱིས་ཐ་དད་པ་དང་དེ་སྐྱེད་པར་བྱེད་པ་འདི་ལ་འགལ་བ་ཅི་ཡོད།


DTG174_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་གཅིག་དང་བྲལ་བ་ནི་དེའི་ངོ་བོར་མི་འགྱུར་ཏེ། དེའི་འབྲས་བུ་ཅན་མ་ཡིན་པ་མ་ཡིན་ནོ། །དེ་ཉིད་ཀྱང་དེའི་འབྲས་བུ་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད། གཞན་ཡང༌། ཐ་དད་ཁྱད་པར་སྐྱེད་བྱེད་ཡིན། །ཞེས་བྱ་བ་སྨྲོས་ཏེ། ཁྱད་པར་དེ་དག་ཀྱང་བདག་ཉིད་ཀྱི་དེས་ཕན་ཚུན་རྗེས་སུ་འགྲོ་བ་མེད་དེ། གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་ཙམ་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ། དེ་དག་ཐ་དད་མེད་པར་ཡོད། །དེ་ལྟར་འགྱུར་ན་བདེན་ཏེ། ཁྱད་པར་དག་སྐྱེད་པར་བྱེད་པ་ཡིན་གྱི་དེ་དག་ཀྱང་ཁྱད་པར་ཅན་གྱི་ངོ་བོ་ནི་མ་ཡིན་ཏེ། འོན་ཀྱང་ཐ་དད་པ་མེད་པ་ཡང་ཡིན་ནོ། །དེའི་ནི་ནུས་པ་གཅིག་དང་ལྡན་པའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ནོ། །དེས་སྐྱེད་བྱེད་པ་མིན་པར་བཤད། །སྤྱིའི་ངོ་བོ་ཉིད་དུ་ཟིན་ཀྱང་དེས་དེ་དག་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་ལས་འཇིགས་པ་མེད་པའི་ཕྱིར་རོ། །གཅིག་ལ་གནས་པས་ཀྱང་འབྲས་བུ་བསྐྱེད་པར་རབ་ཏུ་ཐལ་བའི་ཕྱིར་ཞེས་བཤད་པ་ཡིན་ནོ། །གཞན་ཡང་མི་བསྟེན་པའི་སྣང་བ་ཡང༌། ཐ་དད་བྱེད་པའི། ཡང་གི་སྒྲ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་སོགས་པའི་ཁྱད་པར་དག་ཡིན་ནོ། །དོན་ཐམས་ཅད་ཐ་དད་པ་མེད་པར་སེམས་པ་གང་ཡིན་པ་དེ་ནི་འདིར་དོན་དག་ལ་བློའི་སྣང་བ་ཐ་དད་པ་དང་ཆོས་འགལ་བ་གནས་པར་མི་འགྱུར་བའམ། དེ་ལ་ཡོད་ན་ཐ་དད་པ་མེད་པ་ཡིན་ཡང་ཐ་དད་པ་འགའ་ཞིག་ཏུ་ཡང་མི་འགྱུར་རོ། །དེ་ལྟར་ན་གཅིག་གི་བདག་ཉིད་དང་འདྲ་བར་རྣམ་པར་དབྱེ་བ་འདིར་མི་འགྱུར་རོ། །དེ་བས་ཐ་དད་པར་སྣང་བ་ལ་སོགས་པ་འདི་ནི་ཁྱད་པར་ཁོ་ན་ཡིན་ནོ། །འདིར་ཐ་དད་པ་མེད་པའི་སྣང་བ་གཞན་མཐོང་བ་ནི་མེད་མོད་ཀྱི་གང་གི་སྟོབས་ཀྱིས་ཐ་དད་པ་མེད་པའི་ཤེས་བ་སྐྱེ་བར་འགྱུར་རོ། །དེ་བས་ན་ཁྱད་པར་དེ་ཉིད་དོན། དེ་ནི་གཞན་ལས་ལྡོག་པ་ཡིན། །དེ་ནི་རྒྱུ་དང་འབྲས་བུར་བཤད། །དེ་ནི་རང་གི་མཚན་ཉིད་འདོད། །སྐྱེས་བུ་ཀུན་གྱི་འཇུག་པ་ནི། །དེ་སྤོང་ལེན་པའི་འབྲས་ཅན་ཡིན། །དོན་ཅིག་པོ་འདི་ནི་འཇུག་པ་དང་ལྡོག་པ་ཅན་གྱི་རང་བཞིན་དུ་རིག་དེ། དེ་ཡང་ཁྱད་པར་ཁོ་ན་ཡིན་ཏེ། གང་ཡང་སྤྱི་ཞེས་བྱ་བ་དེ་ནུ་དེ་ཉིད་གཞན་ལྡོག་པ་ཡིན་ལ། དེ་ཉིད་དོན་ཉིད་ཡིན་ན་སྣང་བའི་ངོ་བོ་དམིགས་པའི་མཚན་ཉིད་དུ་མི་འགྱུར་བ་རིགས་པ་མ་ཡིན་ཏེ། ཁྱད་པར་དག་ལ་ཐ་དད་པ་མེད་པའི་ཤེས་པས་དེ་


DTG174_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་མཚན་ཉིད་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང༌། ཇི་ལྟར་ཐ་དད་མེད་ཁྱད་མེད། །ན་ཡང་ཐམས་ཅད་ཀུན་སྒྲུབ་མིན། །དེ་ལྟར་ཐ་དད་ཁྱད་མེད་ཡང༌། །ཐམས་ཅད་ཐམས་ཅད་སྒྲུབ་བྱེད་མིན། །འདི་ལྟར་སྐྱེད་པར་བྱེད་པའི་རང་བཞིན་ལས་ཐ་དད་པ་འདི་སྐྱེ་བར་བྱེད་པར་འགྱུར། སྐྱེ་བར་བྱེད་པ་ཉིད་ཡིན་ན་ཡང་ཁྱད་པར་མེད་པའི་ཕྱིར། ཐམས་ཅད་སྐྱེད་པར་བྱེད་པར་འགྱུར་རོ་ཞེས་གང་བཤད་པ་ཡིན་ནོ། །འདིར་བསྟན་ནས། གལ་ཏེ་ཁྱད་པར་མེད་པར་འགྱུར་བ་དེ་ལྟར་འགྱུར་ན་ནི་ཇི་ལྟར་བདག་ཉིད་ཐ་དད་པ་མེད་པར་སྨྲ་བ་འདིའི་ཐ་དད་པ་མེད་པ་ཁྱད་པར་མེད་པ་ཡིན་ན་ཡང་ཐམས་ཅད་ཐམས་ཅད་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟར་ཐ་དད་པ་ཁྱད་པར་མེད་པ་ཡིན་ན་ཡང་འགྱུར་རོ། །ཡང་ན། ཐ་དད་ན་ཡང་འགའ་ཞིག་གིས། །དངོས་ཆོས་ཉིད་ཀྱིས་བྱེད་པོར་འགྱུར། །ཐ་དད་མེད་ན་གཅིག་དེ་ཡི། །བྱ་བ་བྱེད་པ་འགལ་བར་འགྱུར། །ཐ་དད་པ་ཙམ་དུ་ཁྱད་པར་མེད་པ་ཡིན་ན་ཡང་རང་གི་རྒྱུ་དང་རྐྱེན་གྱིས་ངེས་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །འགའ་ཁོ་ན་བྱེད་པ་པོར་འགྱུར་གྱི་གཞན་ནི་མ་ཡིན་ཏེ། དེའི་རང་བཞིན་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདི་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །གཅིག་མེད་པར་ངེས་པ་མ་ཡིན་ཏེ་ཉིད་ལས་འདི་ལྟར་བྱེད་པ་པོ་མ་ཡིན་པ་ཉིད་ཅེས་བྱ་བ་དེ་ནི་འགལ་བ་ཡིན་ནོ། །གལ་ཏེ་ཐ་དད་ཡོད་དེའི་ཕྱིར། །བྱ་མེད་ལྷན་ཅིག་བྱེད་མི་བྱེད། །འོན་ཏེ་ཡང་རྣམ་པ་ཐམས་ཅད་དུ་ཐ་དད་པ་མེད་པར་ནི་མི་སྨྲ་སྟེ། ཐ་དད་པ་ཡང་ཡོད་པའི་ཕྱིར་རོ། །དེ་བས་ན་བྱེད་པ་པོ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་འགའ་ཞིག་གི་ཐ་དད་པའི་ཕྱིར་ལྷན་ཅིག་བྱེད་པ་ནི་བྱེད་པ་པོར་མི་འགྱུར་རོ། །འོན་ཏེ་རིམ་བཞིན་བྱེད་པོ་ཉིད། །དེ་ཅི་དངོས་དེ་ཉིད་ཡིན་ནམ། །འོན་ཏེ་ཡང་འགའ་ཞིག་ཀྱང་བྱེད་པ་པོ་མ་ཡིན་པ་ནི་མེད་པར་འགྱུར་ཏེ། ཐམས་ཅད་ཐམས་ཅད་ལ་གོ་རིམས་བཞིན་དུ་ཉེ་བར་སྦྱོར་བའི་ཕྱིར་རམ། དེར་ཉེ་བར་གནས་པའི་ངོ་བོ་གཞན་ཡོངས་སུ་གྱུར་པའི་ནུས་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །གཅིག་ནི་ཇི་ལྟར་གོ་རིམས་དེ་ཉིད་ཀྱི་རྟེན་ཅན་ཡིན་པའམ། ཐ་དད་པ་མེད་པར་ཡོངས་སུ་གྱུར་པའམ། རྣམ་པ་འགའ་ཞིག་གི་ཁྱད་པར་ཡིན་ན་གཅིག་པ་ཉིད་ཉམས་པའི་


DTG174_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ནི་ཅིར་ཡང་མི་རུང་ངོ༌། །གཞན་ཡང༌། དེ་ལྡན་དངོས་པོ་ཤིན་ཏུ་ནི། །ཐ་དད་ཐ་དད་མེད་འགྱུར་བའམ། །འདྲ་བའི་བདག་ཉིད་ཅན་མེད་ན། །དེ་དག་ཕན་ཚུན་ཐ་དད་འགྱུར། །གལ་ཏེ་ཐ་དད་པ་མེད་པའི་བདག་ཉིད་དམ། རང་གི་བདག་ཉིད་དུ་གྱུར་པས་ཐ་དད་པའི་དངོས་པོ་དག་ནི་དེས་ཐ་དད་པ་མེད་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་དེ་དང་ལྡན་པར་འགྱུར་བ་ཐ་དད་པར་ཡང་གང་ལས་ཕན་ཚུན་ཐ་དད་པ་ཡིན། སྤྱི་སྟེ་དེ་ནི་དེའི་སྤྱིའི་བདག་ཉིད་མ་ཡིན་ཏེ། དེའི་བདག་ཉིད་དེས་ཀྱང་དེ་ལྟ་བུར་འགྱུར་བར་རིགས་པ་མ་ཡིན་ནོ། །དེ་ལྟ་བུའི་ངོ་བོ་ཡིན་ན་དེའི་ཆོས་སུ་མི་འགྱུར་ཏེ། གཅིག་པོ་འདི་ནི་འཇུག་པ་དང་ལྡོག་པ་ཅན་གྱི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །བདག་ཉིད་ཐམས་ཅད་ཀྱིས་ནི་ཐ་དད་པ་མེད་པ་ཁོ་ན་ནི་མ་ཡིན་ཏེ། གལ་ཏེ་དེ་ཡང་ཐ་དད་འགྱུར། །འགའ་ཞིག་ལ་ཡང་འདིའི་ཐ་དད་པའམ་ཐ་དད་པ་མེད་པར་ངེས་པ་མ་ཡིན་ཏེ། སྤྱི་དང་ཁྱད་པར་ཞེས་ཐ་དད་པ་རྣམ་པར་གཞག་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་གང་གིས་དེ། །ཁྱད་པར་སྤྱི་ཞེས་བྱ་བ་དེ། །ཐ་དད་དེ་ཡི་བདག་ཉིད་ཀྱིས། །ཐ་དད་ཉིད་དེ་གལ་ཏེ་སྤྱི་དང་ཁྱད་པར་དག་བདག་ཉིད་གང་ལ་བརྟེན་ནས་སྤྱི་དང་ཁྱད་པར་ཞེས་བྱ་བ་བདག་ཉིད་དེས་ཐ་དད་པ་དེའི་ཚེ་ཐ་དད་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་དེ་དག་ནི་གལ་ཏེ་དེ་དག་གི་རང་གི་བདག་ཉིད་ཡིན་ན་ཐ་དད་པ་ཅན་དེ་དག་ཐ་དད་པ་ཁོ་ན་ཡིན་ཏེ། སྤྱི་དང་ཁྱད་པར་དག་ནི་རང་བཞིན་ཐ་དད་པའི་ཕྱིར་རོ། །རང་གི་ངོ་བོ་ནི་དངོས་པོ་ཡིན་ནོ། །དེ་ལྟ་ན། ཇི་ལྟར་བུམ་སོགས་ཕན་ཚུན་བཞིན། །སྤྱི་དང་ཁྱད་པར་ཅན་མི་འགྱུར། །ཁྱད་པར་དང་སྤྱི་དག་ནི་ཐ་དད་ན་ཡང་ཁྱད་པར་དང་སྤྱི་དང་ལྡན་པ་མ་ཡིན་ལ། སྤྱི་དང་ཁྱད་པར་ལྡན་པ་མ་ཡིན་ཏེ། ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། །བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང༌། བདག་ཉིད་གང་གི་མདུན་བྱས་ནས། །དེས་སྒྲུབ་འབྲས་བུ་འདོད་པ་ཅན། །སྐྱེས་བུ་འདི་ནི་འཇུག་པར་གྱུར། །དེ་རྟེན་ཐ་དད་ཐ་དད་མེད། །དཔྱད་བྱ་རང་བདག་ཉིད་ཐ་དད། །ལྡོག་པ་མཚུངས་པ་ཉིད་དག་ན། །ཡོད་ཉིད་དངོས་པོ་རྗེས་འགྲོ་མེད། །འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། །བ་ལང་རྟ་ལས་ཐ་དད་པའམ། །ཐ་དད་པ་མ་ཡིན་ཞེས་ཁྱད་པར་མེད་པར་འདྲི་བར་བྱེད་པ་ཐམས་


DTG174_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཁྱད་པར་ཁོ་ན་ལ་དངོས་པོའི་རང་གི་ངོ་བོ་ཡིན་ན་ཞེས་ལྷག་པར་བྱས་ནས་འཇུག་པར་འགྱུར་ཏེ། དེ་ཉིད་ལ་དེ་སྐད་ཅེས་བརྗོད་ཀྱི། རྫས་ཉིད་ལ་སོགས་པ་ལ་ནི་འདིས་བརྗོད་པ་མ་ཡིན་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཐ་དད་པར་བརྗོད་པའི་ཕྱིར་རོ། །དོན་ལ་ནི་དེར་མ་འཁྲུལ་པའི་ཕྱིར་དེ་ལས་རྟོགས་པར་འགྱུར་རོ། །དེ་དག་ནི་སློབ་དཔོན་གྱིས་དཔྱད་ཟིན་ཏོ། །དེ་བས་ན་འདི་ལ་བ་ལང་ལ་སོགས་པའི་སྒྲ་ཉེ་བར་བྱས་པའི་དོན་ལ་ཐ་དད་པའམ་ཐ་དད་པ་མེད་པ་འདྲི་བར་བྱེད་ཅིང་དོན་གཞན་ཉེ་བར་འགོད་པས་དེ་ལ་བློ་གཉིས་ཅིའི་ཕྱིར་བྱེད། དེའི་ཕྱིར་འདིའི་བདག་ཉིད་གང་ཞིག་གཞན་དང་ཐུན་མོང་མ་ཡིན་པ་འདི་མདུན་དུ་བྱས་ནས་ཁྱད་པར་ཅན་གྱི་དོན་བྱེད་པ་དོན་དུ་གཉེར་བ་སྐྱེས་བུ་འདི་འཇུག་པར་འགྱུར་ཏེ། དཔེར་ན་བ་ལང་ལ་རྨོ་བ་དང་བཞོ་བ་ལ་སོགས་པ་ལྟ་བུའོ། །གཞན་སྲིད་པའོ། །དོན་ལ་མ་ཡིན་ཏེ། དཔེར་ན་གཡུལ་དུ་འཇུག་པ་ལྟ་བུའོ། །རང་གི་ངོ་བོ་ཉིད་བདག་ཉིད་ཇི་ལྟ་བུའི་སྒྲས་བརྗོད་པ་ཡིན་གྱི། རྫས་ཉིད་ལ་སོགས་པའི་སྤྱི་ནི་མ་ཡིན་ཏེ། དེ་བརྗོད་པ་དེའི་ཚེ་ཐོབ་པར་མངོན་པར་འདོད་པ་ཉིད་མེད་པའི་ཕྱིར་དང༌། བ་ལང་ལ་སོགས་པ་ལ་རྗེས་སུ་ཞུགས་པའི་ཕྱིར་དང༌། དེའི་བདག་ཉིད་དུ་གྱུར་པ་དག་གི་རྗེས་སུ་འགྲོ་བ་དག་མེད་པས་དེ་ལ་གཉི་གའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལ་ཡང་དངོས་པོ་དེ་ཉིད་ལ་ཡང་རྣམ་པ་རྣམས་ཀྱིས་བརྒལ་ཞིང་བརྟག་པ་ཡིན་ནོ། །དེ་ནི་ཐ་དད་པ་ཡིན་ན་ཡང་རྫས་ཉིད་ལ་སོགས་པ་ཐ་དད་པ་མེད་པ་འདི་ལ་འགལ་བ་མེད་པ་ཁོ་ན་ཡིན་ནོ། །ལྡོག་པའི་མཚན་ཉིད་ཅན་གྱི་སྤྱི་དང་ཐམས་ཅད་ལ་རང་གི་ངོ་བོ་ཐ་དད་པ་ཁས་བླངས་པའི་ཕྱིར་རོ། །སྤྱི་རང་བཞིན་དུ་གྱུར་པ་ཐ་དད་པ་མེད་པ་ཡང་བཤད་ཟིན་ཏོ། །རང་གི་བདག་ཉིད་ཀྱིས་ཐ་དད་པ་མེད་དུ་ཟིན་ཀྱང་དེའི་རང་གི་ངོ་བོའི་རྒྱུ་ཅན་དོན་བྱེད་པ་དོན་དུ་གཉེར་བ་དག་གི་ནི་གཉི་ག་ལ་མཚུངས་པར་འཇུག་པར་འགྱུར་རོ། །གཅིག་ཀྱང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ནི་དོན་གྱི་བྱ་བ་བྱེད་པ་ཡིན་ལ། དེ་ལས་གཞན་པ་ཡང་དེ་དང་མཚུངས་པའི་ཕྱིར། དེ་ཡང་ཅིའི་ཕྱིར་མི་བྱེད། །དེས་ངོ་ཚ་མེད་མཁའ་གོས་ཅན། །གང་ཅིའང་རིགས་མིན་འཁྲུལ་སྨྲ་བ། །དེ་དག་ཀྱང་ནི་བསལ་བ་ཡིན། །མཐའ་གཅིག་པ་ཉིད་སྲིད་ཕྱིར་རོ། །


DTG174_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་གོས་ཅན་འདི་ནི་ཅི་ཡང་མི་རིགས་པ་སྟེ། མི་འཚམ་པ་བླང་བར་བྱ་བ་དང༌། དོར་བར་བྱ་བ་མེད་པ་སྟེ་ཡོངས་སུ་མཐར་ཕྱིན་པ་མེད་པས་འཁྲུལ་པ་རྔ་མོ་ནི་ཞོར་འགྱུར་ཞིང་མི་འགྱུར་རོ་ཞེས་སྨྲ་བ་གང་ཡིན་པ་དེ་དག་ཀྱང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། ངོ་བོ་ཉིད་མཐའ་གཅིག་ཏུ་ཐ་དད་པའི་ཕྱིར་རོ། །དེའི་རྗེས་སུ་བགྲོ་བ་ཡིན་ན་ཡང༌། །ཐམས་ཅད་གཉི་གའི་ངོ་བོ་ཉིད། །ཡིན་དེའི་ཁྱད་པར་བསལ་བའི་ཕྱིར། །ཞོ་འཐུང་ཞེས་ནི་བརྗོད་པ་ན། །ཅིའི་ཕྱིར་རྔ་མོ་ལ་མི་རྒྱུག །འདི་ལྟར་རྔ་མོ་ཡང་ཞོར་འགྱུར་ཞིང་དེ་ཉིད་ཀྱང་རྔ་མོ་མ་ཡིན་ཏེ། གང་གིས་གཞན་ཡང་རྔ་མོར་འགྱུར། །དེ་བཞིན་དུ་ཞོ་ཡང་རྔ་མོར་འགྱུར་ལ་དེ་ཉིད་ཀྱང་ཞོ་མ་ཡིན་ཏེ། གང་གིས་གཞན་ཡང་ཞོར་འགྱུར། དེ་བས་ན་འདི་དག་གཅིག་ལ་ཡང་དེའི་ངོ་བོ་འགའ་ཞིག་མེད་པ་མ་ཡིན་པའི་ཕྱིར་དང༌། འགྱུར་བ་མ་ཡིན་པའི་རང་གི་ངོ་བོ་ལ་ངེས་པ་མེད་པའི་ཕྱིར། ཁྱད་པར་ཅུང་ཟད་ཀྱང་མེད་པས་ཞོ་འཐུང་ཅིག་ཅེས་བརྗོད་པ་ན་རྔ་མོ་ཡང་ཟོས་པར་འགྱུར་རོ། །ཅི་སྟེ་ཕུལ་བྱུང་འགའ་ཞིག་ཡོད། །གང་གི་ཁྱད་པར་འཇུག་འགྱུར་ན། །དེ་ཉིད་ཞོ་ཡིན་དེ་གཞན་ལ། །མེད་ཕྱིར་མཆོག་ཏུ་གཉི་ག་མེད། །ཅི་སྟེ་འདི་དག་ལ་ཕུལ་དུ་དབྱུང་བ་འགའ་ཞིག་ཡོད་ན་གང་ཞིག་འདི་ལ་འདི་སྐད་དུ་བརྗོད་པ་ན་འོ་མའི་རྣམ་པར་འགྱུར་བ་ཁོ་ན་ལ་འཇུག་པར་འགྱུར་གྱི། གཞན་ལ་མ་ཡིན་ནོ་ཞེ་ན། ཕུལ་དུ་བྱུང་བའི་དོན་བྱེད་པ་དོན་དུ་གཉེར་བའི་འཇུག་པའི་ཡུལ་དེ་ཉིད་དེའི་འབྲས་བུའི་ཁྱད་པར་གྱི་ཉེ་བར་ལེན་པའི་ངོ་བོས་མཚོན་པའི་རང་བཞིན་ཅན་ནི་ཞོའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་འདྲ་བའི་རང་བཞིན་དེ་ཡང་གཞན་ལ་ཡོད་པ་མ་ཡིན་ཏེ། དོན་དུ་གཉེར་བའི་འཇུག་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་ལ་གཉི་གའི་ངོ་བོ་མེད་དོ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་སྨྲ་བའོ། །གཞན་ཡང༌། ཐམས་ཅད་ཀུན་བདག་ཉིད་ཡིན་ན། །བློ་སྒྲ་ཐ་དད་པར་མི་འགྱུར། །ཐ་དད་བསྡུས་པ་སྨྲ་བ་ན། །དེ་མེད་ཕྱིན་ན་སྲིད་མ་ཡིན། །ནམ་མཁའི་གོས་ཅན་དེ་ནི་ཇི་ལྟར་དངོས་པོ་རྣམས་ཀྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར། འགའ་ཞིག་ལ་ཡང་སོ་སོར་ངེས་པའི་རྣམ་པ་གཅིག་མ་མཐོང་བར་རྣམ་པ་གཞན་དང་འདྲེས་པ་མེད་པ་དང་ལྡན་པ་ཅན་གྱི་བློས་དོན་ལ་མོས་པའམ། བརྗོད་པར་འགྱུར། དེ་ལས་ཁྱད་པར་གཟུང་བ་མེད་པའི་


DTG174_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྔ་མོ་ཞོར་འགྱུར་ཞིང་མི་འགྱུར་རོ་ཞེས་བྱ་བ་དེ་བསྡུས་པ་སྨྲ་བར་མི་འགྱུར་རོ། །གཞན་ཡང་རྣམ་པ་མ་འདྲེས་པ་བདག་རྟོགས་ནས་སྡུད་པར་འགྱུར་ཏེ། ངོ་བོ་གཅིག་དང་འདྲེས་པ་ཅན་གྱི་བློ་ནི་འགའ་ཞིག་ལ་སོ་སོར་ངེས་པའི་ཕྱིར་རོ། །དེའི་སྣང་བའི་ཁྱད་པར་གྱིས་བྱས་པ་ཉིད་ཀྱི་ངོ་བོ་དེ་དག་ནི་རང་བཞིན་ཐ་དད་པར་ཡང་འགྱུར་ཏེ། གཅིག་དང་དུ་མའི་ཐ་སྙད་ཀྱི་སྣང་བའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཅིག་པོ་དེ་གཉི་གའི་ངོ་བོ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་དེ་ནི་ལོག་པར་སྨྲ་བ་ཡིན་ནོ། །དངོས་པོ་རྣམས་རང་བཞིན་གྱི་རྗེས་སུ་འགྲོ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་གནས་སོ། །ཐ་དད་པའི་མཚན་ཉིད་ཁོ་ན་སྤྱི་ཡིན་ཏེ། འོན་ཀྱང་འགའ་ཞིག་ནི་ངོ་བོ་ཉིད་ཀྱིས་ཤེས་པ་གཅིག་ལ་སོགས་པའི་འབྲས་བུ་ཅན་ཡིན་པ་ལ་འགའ་ཞིག་ནི་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཐ་དད་པའི་སྤྱི་ཡིན་ཡང་བླ་སྟེ། གང་ནུས་པ་མེད་པ་དག་ལ་ནི་རང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་ན། དེ་ལ་ཇི་ལྟར་རང་བཞིན་ཐ་དད་པའི་ཡུལ་ཅན་གྱི་སྒྲ་དག །དེ་དག་ལ་ཡང་གདོན་མི་ཟ་བར་སྒྲ་འཇུག་པར་འགྱུར་ཏེ། རྣམ་པ་འགའ་ཞིག་གིས་ཀྱང་རྣམ་པར་མ་གཞག་པ་དག་ལ་ནི་སྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་རོ། །འདི་ལྟར་ཐམས་ཅད་ལ་མེ་ནི་དྲོ་བའི་རང་བཞིན་ཡིན་གྱི། དྲོ་བ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྟེན་གྱི་ཐ་སྙད་འདིར་མི་འགྱུར་ཏེ། རང་བཞིན་གཞན་མེད་པ་ལ་ནི་རྣམ་པ་འགའ་ཞིག་གིས་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་རྟོགས་པ་མེད་པའི་ཕྱིར། མེའི་རང་བཞིན་རྟོགས་པ་མེད་པ་ཞེས་བྱ་བ་ཡིན་ན་ནི། འགྲོ་བ་རྨོངས་པར་འགྱུར་རོ། །དེ་ལྟར་ནི་འགྱུར་ན་དེ་ལ་འགའ་ཞིག་མེད་པ་འགོག་པ་མ་ཡིན་ཏེ། དྲོ་བ་མེད་པ་ཡོད་པ་ཁོ་ན་དོན་གཞན་འགོག་པར་བྱེད་པ་ཡིན་ནོ། །ད་ནི་ཇི་ལྟར་ཡོད་པ་དང་མེད་པ་ཡིན་ཞེ་ན། ཐམས་ཅད་མེད་པ་ཉིད་ནི་མི་སྨྲའི། དེ་ལ་མེད་དོ་ཞེའོ། །དངོས་པོ་ཐམས་ཅད་ལ་ནི་ཡུལ་དང༌། དུས་དང༌། ཆོས་


DTG174_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པར་བྱེད་པ་ཡིན་གྱི། ཆོས་ཅན་མ་ཡིན་ཏེ། དེ་བཀག་ན་དེའི་ཡུལ་ཅན་གྱི་སྒྲ་འཇུག་པ་མེད་པའི་ཕྱིར་དང༌། ཡུལ་མ་བསྟན་པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་རོ། །འོ་ན་ཡུལ་ལ་སོགས་པ་དེ་ཡང་ཇི་ལྟར་དགག་པ་ཡིན། འདི་ལྟར་དེ་ལ་ཡང་ཡུལ་ལ་སོགས་པ་བཀག་པ་མེད་ཅིང་དོན་ཡང་མ་ཡིན་ནོ། །གལ་ཏེ་འབྲེལ་པ་བཀག་པ་ཡིན་ནོ་ཞེ་ན། དེ་བཀག་པ་ན་ཡང་བའི་ཕྱིར། །ཉེས་པ་མཚུངས་པ་མ་ཡིན་ནམ། །མེད་པའི་སྒྲ་འཇུག་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པའམ། མེད་པ་འདི་བཀག་པ་ན་དེ་དང་འདྲ་བར་ཆོས་ཅན་ཡང་བཀག་པ་ཡིན་ནོ། །འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བཀག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདི་ན་ད་ནི་དེ་ལྟ་བུའི་བུམ་པ་མེད་དོ་ཞེས་བསྟན་པ་ན། འདི་དང་འབྲེལ་པ་ཡོད་པ་མ་ཡིན་པའམ། དེ་དང་ལྡན་པའི་ཆོས་མེད་དོ་ཞེས་རྟོགས་པར་འགྱུར་བ་དེ་ལྟར་འབྲེལ་པ་བཀག་པར་འགྱུར་རོ། །ཇི་སྲིད་འདི་ལ་འབྲེལ་པའམ་ཆོས་ཡོད་པ་མ་ཡིན་ནོ་སྙམ་པའི་བློར་མི་འགྱུར་བ་དེ་ལྟ་ན་ཡང་ཇི་ལྟར་བཀག་པ་ཡིན། རྣམ་པ་འགའ་ཞིག་ཡོད་ན་ཡང་འདི་སྲིད་པ་མ་ཡིན་ཏེ། མེད་པ་དགལ་དེ་ལྟ་བུའི་ངོ་བོ་མེད་པའི་ཕྱིར་རོ། །དེ་བས་ན་འབྲེལ་པ་མེད་པ་རྟོགས་པ་ལས་འདི་འདི་ན་མེད་དོ་ཞེས་བྱ་བ་དང་པོ་རྟོགས་པ་དེ་ནི་དེ་མེད་པར་མི་འགྱུར་བའམ། དེ་མེད་པ་རྟོགས་པ་ན་རྟོགས་པར་འདོད་པ་ཇི་ལྟ་བ་བཞིན་དུ་དེ་ལས་འབྱུང་བ་ཅན་གྱི་སྒྲ་གང་གིས་ཟློག་པར་བྱེད། རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ཉིད་ནི་སྒྲ་རྣམས་ཀྱིས་མ་ཡིན་ནོ། །གལ་ཏེ་དེ་དག་འཇུག་པ་ཡིན་ན་ཚིག་ནི་གང་གིས་འགོག་པར་བྱེད། བརྗོད་པར་བྱ་བ་མ་ཡིན་པའི་དོན་བློ་དག་གིས་དམིགས་པ་མ་ཡིན་ནོ། །འབྲེལ་པ་ཡང་རང་གི་ངོ་བོས་བརྗོད་པ་མེད་པར་བསྟན་ཏོ། །བརྗོད་པ་ཡིན་ན་ནི་འབྲེལ་པ་ཉིད་དུ་བློ་ལ་གནས་པའི་ཕྱིར་བསམ་པ་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ནོ། །དེ་བས་ན་འདི་རྟོགས་འགྱུར་བ་ཡང་འབྲེལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་གི་ངོ་བོས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་བས་ན་མེད་པ་དང་འདྲ་བར་འབྲེལ་པ་ལ་ཡང་ཐལ་བར་འགྱུར་བ་མེད་དོ།། །།


DTG174_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་དྲུག་པ། གཞན་ཡང་མེད་པ་བརྗོད་པར་བྱ་བར་སྨྲ་བ་འདི་ལ་ལན་འདེབས་པ་ན། མི་སྨྲ་ན་ཇི་ལྟར་ལན་གདབ་པར་བྱ། ཚིག་འདི་ལ་ཡང་ཇི་ལྟར་མེད་པ་བརྗོད་པ་མ་ཡིན་ན། འོན་ཏེ་མེད་པ་ཉིད་མི་འདོད་པ་དེ་བས་ན་བརྗོད་པ་མ་ཡིན། དེ་ཉིད་ན་ནི་མེད་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ཇི་ལྟ་བ་ཡིན། གང་ཡང་དེའི་དོན་བཀག་པ་ན་དོན་མེད་པའི་སྒྲ་མི་སྦྱོར་བའི་ཕྱིར། ཡུལ་མེད་པའི་དགག་པའི་སྦྱོར་བ་མེད་དོ་ཞེས་བྱ་བ་འདི་འོག་ནས་འཆད་པར་འགྱུར་རོ། །དེ་བས་ན་མེད་པ་དག་ལ་སྒྲ་དག་ཀྱང་ཡོད་པར་འགྱུར་རོ། །དེ་དག་ཇི་ལྟར་རང་བཞིན་ཐ་དད་པ་ཡིན་ཞེ་ན། དེ་ལ་ཡང༌། མེད་པའི་ངོ་བོ་མེད་པའི་ཕྱིར། །མེད་པའི་ངོ་བོ་བརྗོད་པ་ཅན་གྱི་སྒྲ། །ཐེ་ཚོམ་མེད་དེ་དག་རྣམ་གཅོད། །རྗོད་པར་བྱེད་པར་སྒྲུབ་པ་ཉིད། །སྒྲ་རྣམས་ཀྱི་དངོས་པོའི་བྱ་བ་དག་ལ་ནི་ངོ་བོ་བརྗོད་པའམ། འོན་ཏེ་ཐ་དད་པ་ཞེས་འདོགས་པར་འགྱུར་ལ། མེད་པ་ནི་དབེན་པའི་མཚན་ཉིད་ཁོ་ན་ཡིན་ཏེ། རྒྱུ་མཚན་དུ་བྱ་བའི་ངོ་བོ་འགའ་ཞིག་ཀྱང་མེད་པའི་ཕྱིར་རམ། དེའི་ངོ་བོ་ལ་མེད་པ་མི་རུང་པའི་ཕྱིར་ཏེ། ངོ་བོ་ནི་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ཉིད་དངོས་སུ་དབེན་པ་ཡིན་ཏེ། དེ་ནི་དེ་ལྟ་བུའི་ངོ་བོ་རྗོད་པར་བྱེད་པའི་སྒྲ་དག་ཅི། དབེན་པའི་ཡུལ་ཅན་ཡིན་ནམ་ཞེས་བྱ་བ་དེ་ནི་གནས་མ་ཡིན་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་ཕྱིར་སྒྲ་ཐམས་ཅད་ནི་དབེན་པའི་ཡུལ་ཅན་དང་རྣམ་པར་རྟོག་པ་དག་ཀྱང་གྲུབ་པ་ཡིན་ནོ། །དེ་བས་ན་དངོས་པོ་གཅིག་གི་རྗེས་སུ་འབྲང་བ་ཅན་དག་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་ཁྱད་པར་ཐ་དད་པས་ཉེ་བར་བརྟགས་པའི་ཁྱད་པར་རྣམས་ཀྱི་ཐ་དད་པ་དག་བཞིན་དུ་བློ་ལ་སོ་སོར་སྣང་བའི་དབེན་པ་དག་ལ་ཉེ་བར་གནས་པའི་ཕྱིར། ཐ་དད་པའི་ཡུལ་ཅན་ཁོ་ན་ཡིན་ནོ། །དེ་བས་རང་བཞིན་ཉིད་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོ་ཡིན་དུ་ཟིན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འདྲེས་པ་མ་ཡིན་ནོ། །དེ་བས་ན་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བ་མ་ཡིན་ནོ། །དེ་འདི་ཡང་གཏན་ཚིགས་ཉིད་དུ་བསྟན་པ་ན། རང་བཞིན་ཁྱད་པར་བྱེ་བྲག་ལ་ལྟོས་པ་ཅན་ནི་འགའ་ཞིག་ལས། །བརྗོད་བྱ་བསྒྲུབ་བྱ་སྒྲུབ་པའི་ཕྱིར། །འཇིག་ལ་བྱས་


DTG174_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོད་ཉིད་བཞིན། །རང་གི་ངོ་བོ་གྲུབ་པར་བྱ་བའི་ཕྱིར། གཞན་གྱི་བྱེད་པ་ལ་ལྟོས་པའི་ངོ་བོ་ནི་བྱས་པ་ཡིན་པ་དེ་བས་ན་བྱས་པའི་སྒྲ་འདིས་གཞན་གྱི་ཁྱད་པར་ཅན་གྱི་རང་བཞིན་བརྗོད་པས་ཀྱང་འདི་འཕངས་པ་ཡིན་ནོ། །དེ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ལྟར་ན་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པ་ཅན་ནི་འགའ་ཞིག་ཏུ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་དང༌། འགའ་ཞིག་ཏུ་ལྟོས་པ་མེད་པར་སྤྱིར་བརྗོད་པར་བྱ་སྟེ། དཔེར་ན་མི་རྟག་པ་ཁོ་ན་ཉིད་ལ་ཡོད་པ་ཉིད་ལྟ་བུའོ། །འགའ་ཞིག་ཏུ་རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ཡོངས་སུ་གཟུང་བའི་སྒོ་ནས་ཏེ། དཔེར་ན་དེ་ཉིད་ལ་སྐྱེ་བ་ལྟ་བུའོ། །ཕྱོགས་འདིས་རང་བཞིན་གྱི་གཏན་ཚིགས་ཀྱི་དབྱེ་བ་གཞན་དག་ལ་ཡང་བལྟ་བར་བྱའོ། །གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཇི་ལྟར་ཡོད་པ་བསྒྲུབ་བྱ་མིན། །ཁྱད་པར་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་ལས་ཉམས། །གལ་ཏེ་ཡོད་པ་ཉིད་མི་རྟག་པ་ཉིད་དམ། རང་བཞིན་གྱི་གཏན་ཚིགས་སུ་འགྱུར་ན་ཅིའི་ཕྱིར་བསྒྲུབ་པར་བྱ་བར་ཡང་མི་འདོད། དེ་དེ་ལྟར་རབ་ཏུ་བསྒྲུབས་པ་ན་ཁྱད་པར་དུ་འགྱུར་ན་ཁྱད་པར་ཡང་བསྒྲུབ་པར་ནུས་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཇི་སྐད་དུ་ཚད་མའི་ཡུལ་མི་ཤེས་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཁྱད་པར་དེ་འདི་ནི་བསྒྲུབ་པར་བྱ་བ་ཉིད་དུ་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཏན་ཚིགས་ལ་ཡང་སྐྱོན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ཅན་ནི་སྒྲུབ་པའི་ཡན་ལག་མ་ཡིན་ཏེ། དེ་ལས་ཐེ་ཚོམ་དུ་གྱུར་པའི་ཕྱིར་རོ། །ཉེས་པ་དེ་ཡོད་པ་མ་ཡིན་ཏེ་འདི་ལྟར། ཡོད་པའི་ཁྱད་པར་ཙམ་དུ་ནི། །བསྒྲུབ་བྱའི་སྤྱི་ཡིན་ཆོས་ཅན་ལ། །དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །དེ་འདྲ་བ་ཡང་བཀག་པ་མེད། །རྣམ་པ་ཐམས་ཅད་དུ་ཡོད་པ་ཉིད་སྒྲུབ་པ་ནི་ཁྱད་པར་སྒྲུབ་པར་བྱེད་པར་གྱུར་པ་མ་ཡིན་གྱི། ཡོད་པ་ཙམ་ཁྱད་པར་ཅན་ནི་ཆོས་ཅན་འགའ་ཞིག་ལ་ཡོད་དོ་ཞེས་སྒྲུབ་པར་བྱེད་པ་ན་རང་གི་ངོ་བོ་ཁྱད་པར་མ་བསྟན་པ་ཅན་འགའ་ཞིག་དང་ཡོད་པ་ཙམ་ལ་འགལ་བ་མེད་པའི་ཕྱིར་རོ། །འདིར་ཡོད་པ་ཉིད་སྒྲུབ་པ་འགོག་པ་ནི་མ་ཡིན་གྱི། འོན་ཀྱང་འདི་


DTG174_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགའ་ཞིག་ཡོད་དོ་ཞེས་སྨྲ་ན། འདིའི་ཁྱད་པར་གཞན་འགའ་ཞིག་ལ་རེག་པ་མེད་ན་རང་གི་དོན་ཅི་ཞིག་གསོ་བར་བྱེད། དེ་བས་འདིས་གཟུང་བའི་ཁྱད་པར་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ན། ཁྱད་པར་གཟུང་བ་བསྒྲུབ་བྱ་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །དེས་ཡོད་བསྒྲུབ་པར་བྱ་ཡིན་ན། །ཁྱད་པར་དག་ནི་བསྒྲུབ་པར་འགྱུར། །ཆོས་ཅན་གཙོ་བོའི་མཚན་ཉིད་ཅན་དེ་ནི་གཅིག་པ་དང་རྟག་པ་དང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ནམ་གཞན་ཡིན་ནོ། །ཞེས་ཇི་ལྟར་རྣམ་པ་འགའ་ཞིག་གིས་ཀྱང་ཁྱད་པར་བྱས་པ་དེའི་རང་གི་ངོ་བོ་བསྒྲུབ་པར་འགྱུར་ཏེ། དེ་ཡང་དེ་ལྟར་རྗེས་སུ་འགྲོ་བ་ནི་མ་ཡིན་གྱི། གང་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བ་གྲུབ་པ་དེས་ཅི་ཡང་མ་ཡིན་ནོ། །དེ་ལྟར་མེ་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ། དེ་ལ་ཡང་མེ་ཡོད་པ་ཉིད་ཙམ་ལ་བརྗོད་པ་ཅུང་ཞིག་ཀྱང་མེད་དེ། ཁྱད་པར་ཅན་གྱི་རྟེན་གྱིས་ཁྱད་པར་དུ་བྱས་པ་ཅན་མངོན་པར་འདོད་པ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མ་གྲུབ་པའི་ཡིན་ནོ། །རྟེན་དེས་དེ་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། དེ་ནི་མི་ལྡན་པ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པའི་ཕྱིར། ཞེས་བཤད་པ་དང་འཆད་པར་འགྱུར་རོ། །དེ་བས་ན་དེར་སྤྱི་ཉིད་ནི་མི་ལྡན་པ་རྣམ་པར་བཅད་པས་སྒྲུབ་པ་དེ་ལྟར་འདིར་ཡང་འགའ་ཞིག་ལ་ཡོད་པ་ཉིད་སྒྲུབ་པ་ནི་མ་ཡིན་ནོ། །གཙོ་བོ་ལ་སོགས་པའི་སྒྲ་བརྗོད་པའི་དོན་འགའ་ཞིག་ཀྱང་མེད་པའི་ཕྱིར་དེ་ནི་ཁྱད་པར་མེད་པ་ཅན་ཁོ་ན་ཡིན་ནོ། །ཇི་ལྟར་མེད་པ་ཡིན་ཏེ། ཤེས་བྱ་དང་བརྗོད་པར་བྱ་བ་དང་གཞལ་བྱ་དག་ཏུ་དེ་ཡང་གྲུབ་པ་ཁོ་ན་ཡིན་ནོ་ཞེ་ན། དེ་བས་ན་ད་ཅི་ཤེས་བྱ་ཡོད་ཅེས་བྱ་བས་གྲུབ་པ་ཡིན་ཡང་བླ་སྟེ། དེ་ལྟར་ན་ཡང་ཅི་ཞིག་འགྲུབ་པར་འགྱུར། གཞན་དུ་མེའི་སྤྱི་དེ་ཉིད་དེ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལ་ཡང་དེ་དང་མི་ལྡན་པ་བྲལ་བ་ཅན་གྱི་སྤྱིས་རྗེས་སུ་འགྲོ་བ་མ་གྲུབ་པ་ཁོ་ན་མ་ཡིན་ནམ། འགའ་ཞིག་དེ་ལྟ་བུར་གྱུར་པའི་དོན་གྱི་རྗེས་སུ་འགྲོ་བར་བྱེད་པ་མ་ཡིན་གྱི། གཞན་ལ་ཁོང་དུ་ཆུད་པར་བྱེད་པས་ནི་དུ་བས་ནི་གང་ན་དུ་བ་ཡོད་པ་དེ་ནི་མེ་ཡོད་དོ་ཞེས་མེ་མེད་ན་མི་འབྱུང་བར་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་ན་


DTG174_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེ་ཙམ་གྱིས་ཁྱབ་པར་གྲུབ་པས་གང་ན་བདག་ཉིད་སྣང་བར་འགྱུར་པ་དེ་ཉིད་དུ་མེའི་བློ་སྐྱེད་པར་བྱེད་དོ། །དེ་ལ་སྒྲུབ་པར་བྱེད་པ་བསྟན་པས་ཅིར་ཡང་མི་རུང་སྟེ། དེ་ལ་མཐོང་བ་དང་འབྲེལ་པ་བསྟན་པ་ཙམ་གྱིས་འདོད་པ་འགྲུབ་པའི་ཕྱིར་རོ། །དེ་མ་བསྟན་པར་ཡང་ཇི་ལྟར་དེ་ཁྱད་པར་དུ་བྱས་པ་དང་རྗེས་སུ་འགྲོ་བ་ཡིན་ཏེ། དེ་བས་ན་འདི་ནི་མེ་མེད་ན་མི་འབྱུང་བར་གྲུབ་པ་ཡིན་ཏེ། དོན་གྱིས་མེ་ནི་ཕྱོགས་དེར་མི་ལྡན་པ་རྣམ་པར་བཅད་པ་ཡིན་པའི་ཕྱིར། དེ་ནི་དེ་ལྟར་བསྒྲུབ་པར་བྱ་ཞེས་བྱའོ། །འདི་ལྟར་ཉེ་བར་དགོད་པ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་འགྲོ་བ་མ་ཡིན་ཏེ། བསྒྲུབ་བྱ་བསྟན་པར་འདིར་ཡན་ལག་ཉིད་མ་ཡིན་པའི་ཕྱིར་རོ། །དེ་སྔོན་དུ་སོང་བ་ཅན་ལ་དམ་བཅས་པ་སྒྲུབ་པར་བྱེད་པས་ཅི་ཞིག་སེལ་བར་བྱེད། དེ་སྐད་དུ་ཡང༌། གཞན་ལ་ཆོས་དང་གཏན་ཚིགས་ནི། །མ་འཁྲུལ་པར་ཡང་བསྟན་པ་ན། །དེ་ལ་རབ་གྲུང་དེ་ལྡན་པའི། །ཆོས་ཅན་ཁོང་དུ་ཆུད་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་མེ་ལ་སོགས་པ་སྒྲུབ་པར་བྱེད་པ་དང་འདྲ་བར་ཡོད་པ་ཉིད་སྒྲུབ་པར་བྱེད་པ་ཡང་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ། །དེ་ཁྱད་གཟུང་བ་མེད་པ་ཅན། །དངོས་པོ་ཙམ་ནི་སྒྲུབ་ཡིན་ན། །དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ལ། །རྗེས་སུ་འགྲོ་བ་འགལ་བ་མེད། །རང་གི་ངོ་བོའི་ཁྱད་པར་ཡོངས་སུ་གཟུང་བ་མེད་པར་སྒྲུབ་པར་བྱེད་པ་ཡོད་པ་ཉིད་ཡིན་ན་ཡང་དངོས་པོ་ཙམ་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བའི་ཆོས་ལ་རྗེས་སུ་འགྲོ་བ་འགལ་བ་མེད་དེ། དེ་ལ་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་གཟུང་བར་བྱ་བ་མ་ཡིན་ཏེ། ཡོད་པ་ཙམ་ལ་བརྟེན་པ་ལ་ཡང་སྒྲུབ་པར་བྱེད་པར་ནུས་པའི་ཕྱིར་དང་བསྒྲུབ་པར་བྱ་བ་ཉིད་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །གཞན་ཡང༌། མ་གྲུབ་པ་ལ་ཡོད་ཆོས་མེད། །གཉི་ག་ལ་བརྟེན་འཁྲུལ་པ་དང༌། །མེད་པའི་ཆོས་ནི་འགལ་ཡིན་ན། །ཇི་ལྟར་ཡོད་ཉིད་དེ་སྒྲུབ་འགྱུར། །ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་དེ་ཐམས་ཅད་ནི། སྐྱོན་ནི་རྣམ་པ་གསུམ་དང་ལྡན་ཏེ། མ་གྲུབ་པ་དང་འཁྲུལ་པ་དང་འགལ་བ་ལས་མ་འདས་པ་ཡིན་ནོ། །དེ་ལ་གལ་ཏེ་གཏན་ཚིགས་ཡོད་པའི་ཆོས་ཞིག་སྟོན་ན་ནི་དེ་ཇི་


DTG174_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡོད་པ་ཉིད་མ་གྲུབ་པ་ཅན་དུ་འགྱུར། གང་ཞིག་དེར་ཡོད་པའི་ཆོས་འདོད་ན་དེ་ཇི་ལྟར་དངོས་པོར་མི་འདོད། རང་བཞིན་ཉིད་ནི་འགའ་ཞིག་ལ་ལྟོས་ནས་ཆོས་ཤེས་ཆོས་ཅན་ལ་ཐ་དད་པ་ཅན་བཞིན་དུ་བསྟན་པ་ཡིན་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་གི་བརྗོད་པར་བྱ་བའི་དོན་ལ་ངེས་པའི་ཤེས་པའི་ཡུལ་ཉིད་དུ་ཁྱད་པར་འགའ་ཡང་མེད་དོ་ཞེས་བྱ་བ་དེས་བཤད་ཟིན་ཏོ། །ཇི་སྟེ་ཡང་གཉི་གའི་ཆོས་ཡིན་པར་སྨྲ་ན་དངོས་པོ་ལ་མི་བརྟེན་པ་ཅན་མ་ཡིན་པར་དགག་པ་མ་ཡིན་པས་ལྡོག་པ་ཙམ་ནི་མེད་པ་ལ་ཡང་འགལ་བ་མེད་པའི་ཕྱིར་ཏེ། དཔེར་ན་གཟུགས་ཅན་དུ་མི་འགྱུར་རོ་ཞེས་བྱ་བ་གཟུགས་ཅན་མ་ཡིན་པ་ཉིད་ནི་ཉེ་བར་བརྗོད་པ་མེད་པ་ལ་ཡང་འགྱུར་བ་ལྟ་བུའོ། །གལ་ཏེ་ཉེ་བར་བརྗོད་པ་མེད་པ་ནི་དངོས་པོ་མེད་པའི་ཕྱིར། དགག་པའི་ཡུལ་ཉིད་མ་ཡིན་ནོ་ཞེ་ན། དེ་བས་ན་ད་ཅི་བསྒྲུབ་པར་བྱ་བའི་ཡུལ་ཡིན་ནམ། གལ་ཏེ་དེ་ཡང་མ་ཡིན་ནོ་ཞེ་ན། ད་ཇི་ལྟར་དགག་བའི་ཡུལ་མ་ཡིན་ཏེ། དགག་པ་ནི་སྒྲུབ་པ་ལྡོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་རྣམ་པར་བཅད་པ་ཙམ་དེ་གཉི་ག་ཡང་ཡོད་པས་མི་མཐུན་པའི་ཕྱོགས་ལ་འཇུག་པའི་དོགས་པ་རྣམ་པར་བཅད་པའི་སྒོ་ནས་གོ་བར་བྱེད་པ་ཉིད་རྙེད་པ་ལ་ཇི་ལྟར་བདག་གིར་བྱེད། དེ་ཡང་བདག་ཉིད་རང་གི་ཚིག་གིས་གཉི་གའི་ཆོས་ཉིད་སྨྲ་བ་ན། ཡོད་པ་ཉིད་ལས་གཞན་ལ་ཡང་འདི་འཇུག་པ་དང༌། ཡོད་པ་ཉིད་ལ་མ་འཁྲུལ་བར་བརྗོད་པའི་ཕྱིར། ཇི་ལྟར་ན་འཁྲུལ་པ་མ་ཡིན། ཡོད་པ་ཉིད་ལ་མེད་པའི་ཆོས་ཀྱང་དངོས་པོ་ཙམ་ཁྱབ་པར་བྱེད་པའི་དོན་རྣམ་པར་གཅོད་པའི་གཏན་ཚིགས་སུ་བརྗོད་པ་འདིའི་འགལ་བའི་གཏན་ཚིགས་སུ་འགྱུར་ཏེ། དེ་ནི་དངོས་པོ་འགའ་ཞིག་ལ་ཡང་མི་སྲིད་པའི་ཕྱིར་དང༌། མེད་པ་ནི་དངོས་པོ་རྣམ་པར་བཅད་པ་ལ་ཡོད་པའི་ཕྱིར་རོ། །དེ་བས་ན་ཆོས་རྣམ་པ་གསུམ་པོ་འདི་ཡང་ཡོད་པ་ཉིད་སྒྲུབ་པར་བྱེད་པ་ལ་གཏན་ཚིགས་ཀྱི་མཚན་ཉིད་བརྟེན་པ་མ་ཡིན་ཞིང་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཡོད་པ་ཉིད་བསྒྲུབ་པར་འགྱུར་པ་མ་ཡིན་ནོ། །དེ་ཙམ་ལ་ཁྱབ་པར་བྱེད་པ་དངོས་པོའི་ཆོས་ཀྱི་འདིར་སྤྱིར་གྲུབ་པར་བྱེད་པ་ཉིད་ཡིན་ཡང་ཡོད་པ་ཉིད་གྲུབ་པ་ཅན་གྱི་ཆོས་ཅན་ལ་མ་གྲུབ་པ་ཡིན་ནོ། །


DTG174_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་དེས་ཁྱབ་པ་རྣམ་པ་འགའ་ཞིག་གིས་ངེས་པར་བྱས་པས་འགལ་བ་དང་འཁྲུལ་པ་དག་མེད་པའི་ཕྱིར། ཐལ་བར་འགྱུར་བ་འདི་མེད་དོ། །ཁྱབ་པའམ་ཆོས་ཅན་ལ་བརྟེན་པ་ངེས་པར་མ་བྱས་པ་ཡང་དེའི་རང་བཞིན་ཅན་ཉིད་དུ་གོ་བར་བྱེད་པ་ནི་གོ་བར་བྱེད་པ་འགའ་ཞིག་ཏུ་ཡང་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རང་གི་ཆོས་ཀྱི་ཁྱབ་པ་གྲུབ་པའི་རང་བཞིན་གོ་བྱེད་ཡིན་པར་བརྗོད་པར་བྱ་སྟེ། གསལ་བར་བྱེད་པ་ཉིད་ཀྱིས་སྒྲོན་མ་གསལ་བར་བྱེད་པ་ནི། དེའི་ངོ་བོ་རྟོགས་པར་བྱེད་པ་མ་ཡིན་པ་ནི་རང་གི་དོན་གྱི་བྱ་བ་མི་བྱེད་དོ། །དེ་ལ་ཁྱབ་བྱེད་ངེས་པ་ནི། རྟོགས་པར་བྱ་བའི་རང་བཞིན་ཏེ། །དེའི་ཆོས་ངེས་པ་ཁོ་ནའི་ཕྱིར། །ཁྱབ་པར་བྱེད་པ་ཉིད་དུ་ངེས་པའི་ནི་ཆོས་ཅན་དེའི་ཆོས་ཏེ། གོ་བར་བྱ་བའི་རང་བཞིན་ཡིན་ནོ། །འདི་ལྡོག་ན་ཡང་དེ་ལྡོག་བྱེད། །བདག་ཉིད་ཁྱབ་པར་བྱེད་པའི་ཆོས་འདི་ལོག་པར་འགྱུར་བ་ན་ཁྱད་པར་བྱ་བའི་ཆོས་དེ་ལྡོག་པར་བྱེད་པ་ཡིན་ནོ། །གལ་ཏེ་འདི་མེད་ན་མི་འབྱུང་བ་དེ་ལྟར་ན་འདི་ནི་ཁྱབ་པར་བྱེད་པར་གྲུབ་པར་འགྱུར་རོ། །དེ་བས་ན་འདིས་ནི་གོ་བར་བྱེད་པའི་མཚན་ཉིད་དུ་སྒྲུབ་པར་བྱེད་པའི་སྦྱོར་བ་རྣམ་པ་གཉིས་ཀྱང་བཤད་པར་རིག་པར་བྱའོ། །སྦྱོར་བ་རྣམ་པ་གཉིས་ནི་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་ནོ། །གང་གཞན་དག་ནི་རྗེས་སུ་འགྲོ་བ་ཅན་དང་ལྡོག་པ་ཅན་ཞེས་སྨྲའོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་འདི་གཉིས་ལ་དོན་དུ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་དོན་གྱིས་ཆོས་མི་མཐུན་པ་ཉིད་ཅན་རྟོགས་པར་འགྱུར་ཏེ། དེ་མེད་ན་བསྒྲུབ་པར་བྱ་བ་དང་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་རྗེས་སུ་འགྲོ་བ་རྟོགས་པར་འགྱུར་ཏེ། དེ་མེད་ན་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་ཐེ་ཚོམ་དུ་འགྱུར་ཞེས་རྒྱས་པར་འཆད་པར་འགྱུར་རོ། །དཔེར་ན་མི་རྟག་ཉིད་བྱས་པའམ། འཇིག་བྱེད་མ་བྱས་པ་ལྟ་བུའོ། །འདིས་ནི་འདི་གཉིས་ཀྱི་དཔེ་བསྟན་ཏོ། །དེ་ལ་རྗེས་སུ་འགྲོ་བ་ཅན་ནི་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་


DTG174_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡིན་པ་དེ་ལྟ་ན་བྱས་པ་ཉིད་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་བསྟན་པས་སྒྲ་ཡང་བྱས་པ་ཉིད་དུ་བརྗོད་པའི་ཤུགས་ལས་སྒྲ་མི་རྟག་ཅེས་བྱ་བར་འགྱུར་བ་དེ་བས་ན་འདིར་གདོན་མི་ཟ་བར་ཕྱོགས་བསྟན་པར་བྱ་བ་མ་ཡིན་ནོ། །འདི་ནི་རྗེས་སུ་འགྲོ་བ་ཅན་གྱི་སྦྱོར་བའོ། །ལྡོག་པ་ཡང་མི་རྟག་པ་ཉིད་མེད་པ་ལ་བྱས་པ་ཉིད་མེད་དེ། སྒྲ་ནི་བྱས་པ་ཡིན་པས་དེའི་རང་བཞིན་ཉིད་དུ་གྲུབ་པ་ཡིན་ཏེ། དེ་མེད་ན་བྱས་པ་ཉིད་མི་འབྱུང་བས་སྒྲ་ལ་ཡོད་པ་ཉིད་དུ་བསྟན་པ་ན། དེའི་བདག་ཉིད་ཡོད་པ་ཉིད་ཀྱི་ངོ་བོ་ཤུགས་ཀྱིས་གྲུབ་པའི་ཕྱིར་སྔ་མ་བཞིན་དུ་དམ་བཅས་པའི་ཚིག་མ་བྱས་པ་ཡིན་ནོ། །རྗེས་སུ་འགྲོ་བ་ནི་དོན་གྱིས་གོ་བས་གྲུབ་པ་ཡིན་ཏེ། དེའི་བདག་ཉིད་ཡིན་པ་ངེས་པ་ནི་དེ་ལོག་པ་ནི་ལྡོག་པ་དེའི་ཕྱིར། ངེས་པ་རབ་ཏུ་བསྒྲུབས་པས་ལྡོག་པ་བརྗོད་པར་བྱའོ། །གལ་ཏེ་དེ་གྲུབ་པ་ན་དེའི་བདག་ཉིད་དུ་ངེས་པ་དོན་གྱིས་འཕངས་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ནོ། །ད་ནི་ཇི་ལྟར་བྱས་པ་ནི་གདོན་མི་ཟ་བར་མི་རྟག་པ་ཡིན་ནོ་ཞེས་གང་གིས་དེ་སྐད་དུ་བརྗོད་པར་བྱ་ཞེ་ན། འདི་ལྟར། རང་བཞིན་ཡིན་ཕྱིར་རྗེས་འབྲེལ་ཉིད། །འཇིག་པ་ཡི་ནི་རྒྱུ་མིན་ཕྱིར། །དངོས་པོ་འཇིག་པའི་ངང་ཚུལ་ཅན་དེའི་ངོ་བོ་ནི་རྒྱུ་ལ་ལྟོས་པ་མ་ཡིན་ཏེ། རང་གི་རྒྱུ་ཉིད་ལས་འཇིག་པའི་ངང་ཚུལ་ཅན་དུ་འབྱུང་བའི་ཕྱིར་རོ། །དེ་བས་ན་གང་ཅུང་ཟད་བྱས་པ་དེ་ནི་རང་བཞིན་གྱིས་འཇིག་པའི་ངང་ཚུལ་ཅན་ཡིན་ནོ། །དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འབྱུང་བ་ཅན་མི་མཐོང༌། །དངོས་པོ་འཇིག་པ་ཡང་ལྟོས་པ་མེད་པ་ཁོ་ན་ཡིན་ནོ། །ལྟོས་པ་དང་བཅས་པ་ཉིད་ཡིན་ན་ནི་བུམ་པ་ལ་སོགས་པ་འགའ་ཞིག་རྟག་པ་ཉིད་དུ་ཡང་འགྱུར་རོ། །གང་གིས། དེ་རྒྱུ་མང་པོ་ཡོད་ན་ཡང༌། །འགའ་ཞིག་ཏུ་ཡང་མི་སྲིད་འགྱུར། །གལ་ཏེ་འཇིག་པའི་རྒྱུ་མང་པོ་ཡོད་ན་དེ་དག་གི་ཡང་རང་གི་རྐྱེན་དག་ལ་ལྟོས་པ་ཐག་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར། གདོན་མི་ཟ་བར་ཐག་ཉེ་བ་མ་ཡིན་པས་འགའ་ཞིག་ཀྱང་ཞིག་པར་མི་འགྱུར་རོ། །རྒྱུ་དག་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། མ་ཚང་བ་དང་གགས་བྱེད་པ་སྲིད་པའི་ཕྱིར་རོ། །དེ་བས་ན་འབྲས་གཞན་མེད་པའི་ཕྱིར། འཇིག་པ་རྒྱུ་ལྡན་


DTG174_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་བ་ཉིད་དུ་བཤད་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་བས་ན་ངོ་བོ་འདི་དེའི་ངོ་བོ་ལྟོས་པ་མེད་པ་ཅན་ནི་དེའི་ངོ་བོ་ལ་ངེས་པ་ཡིན་ཏེ། རྒྱུ་མ་ལུས་པ་ཚོགས་པས་འབྲས་བུ་བསྐྱེད་པ་ན་གགས་བྱེད་པ་ཅན་མི་སྲིད་པ་བཞིན་ནོ། །འགའ་ཞིག་འགའ་ཞིག་ལ་ལྟོས་པ་མེད་དུ་ཟིན་ཀྱང་གདོན་མི་ཟ་བར་དེའི་ངོ་བོ་མེད་པ་མ་ཡིན་ནམ། ས་དང་ས་བོན་དང་ཆུ་དག་གི་ཚོགས་པ་དག་ཀྱང་འགའ་ཞིག་ཏུ་མྱུ་གུ་མི་བསྐྱེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྒྱུན་འགྱུར་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ངོ་བོ་ནི་འགའ་ཞིག་ལ་ཡང་ལྟོས་པ་མེད་པ་ཡིན་ནོ། །དེ་ལ་ཡང་རྒྱུའི་ཚོགས་པ་ཐ་མ་འབྲས་བུ་བསྐྱེད་པའི་ཕྱིར། བར་ཆད་མེད་པ་གང་ཡིན་པ་དེ་ནི་འབྲས་བུ་དང་ལྡན་པ་ཁོ་ན་ཡིན་ཏེ། དེ་ཉིད་ཀྱང་དེའི་ནང་ནས་མྱུ་གུའི་རྒྱུ་ཡིན་ན། གཞན་སྔར་གྱུར་པའི་དེའི་དོན་ཉིད་ཡིན་ནོ། །དེར་དེ་ལ་འགའ་ཞིག་གགས་བྱེད་པར་ནུས་པ་མ་ཡིན་ཏེ། ངོ་བོ་གཅིག་ལ་མི་འགྱུར་བར་མི་བསྐྱེད་པའི་ཕྱིར་དང༌། བསྐྱེད་ན་གཅིག་པ་ཉིད་ཉམས་པའི་ཕྱིར་རོ། །དེའི་བདག་ཉིད་ལས་རྒྱུ་འཕོ་བ་མེད་པ་ནི་དེ་སྐྱེད་པར་བྱེད་པ་ལ་གགས་བྱེད་པའི་རྒྱུ་མི་མཐུན་པ་མི་བྱེད་པ་ནི་གགས་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ནས་ཀྱི་ས་བོན་ལ་སོགས་པ་དག་ཀྱང་སཱ་ལུའི་མྱུ་གུ་བསྐྱེད་པ་ལ་ལྟོས་པ་དང་བཅས་པ་མེད་པ་མ་ཡིན་ནམ། དེ་སྐྱེད་པར་བྱེད་པའི་རྐྱེན་དག་ནི་འགའ་ཞིག་ཏུ་དེ་ལ་ཡང་ཉེ་བའི་ཕྱིར་རོ་ཞེ་ན། ཇི་ལྟར་ལྟོས་པ་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་སཱ་ལུའི་ས་བོན་གང་ཡིན་པ་དེ་ཉིད་སྐྱེད་པར་བྱེད་པའི་རང་བཞིན་ཏེ། དེ་མེད་པའི་ཕྱིར་དེའི་རང་ལ་ལྟོས་པ་ཡིན་ནོ། །འོན་ཏེ་དེ་ལྟ་ཡིན་ན་འགའ་ཞིག་བྱས་པའམ་ཡོད་པ་ཉིད་ལ་ཡང་འཇིག་པའི་རང་བཞིན་གང་ཡིན་པ་དེ་ཉིད་ཡོད་པ་མ་ཡིན་པ་དེ་བས་ན། དེའི་རང་བཞིན་ལ་ལྟོས་པ་ཉིད་ཀྱི་ཕྱིར་འཇིག་པ་དག་མ་ཡིན་ནོ། །སཱ་ལུའི་ས་བོན་ལ་སོགས་པ་དག་གི་རང་བཞིན་དེ་ནི་རང་གི་རྒྱུ་ཡིན་པའི་ཕྱིར། དེའི་རྒྱུ་མ་ཡིན་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་དུ་མི་འགྱུར་རོ། །རྒྱུ་དེའི་ནུས་


DTG174_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངེས་པ་ཡང་རང་རང་གི་ངོ་བོས་ཁོང་དུ་ཆུད་པ་ཉིད་ཡིན་ནོ། །རང་བཞིན་ངེས་པ་ཡང་དོན་རྣམས་ལ་གློ་བུར་དུ་རིགས་པ་མ་ཡིན་ཏེ། ལྟོས་པ་མེད་པ་ནི་ཡུལ་དང་དུས་དང་རྫས་ངེས་པ་ལ་མི་རུང་བའི་ཕྱིར་རོ། །དེ་ལྟར་འདི་ལ་ཡང་ངེས་པའི་རྒྱུ་བརྗོད་པར་བྱ་བ་སྟེ། གང་གི་ཕྱིར་འགའ་ཞིག་འདི་ནི་འཇིག་པའི་བདག་ཉིད་ཅན་དུ་འབྱུང་བ་དག་ཡིན་ལ། འདིར་འགའ་ཞིག་ངེས་པར་བྱེད་པའི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་མི་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །གལ་ཏེ་སྐྱེ་བ་དང་ལྡན་པའི་རང་བཞིན་ནི་འཇིག་པ་ཅན་ཡིན་ནོ་ཞེ་ན། སྐྱེ་བ་ནི་འཇིག་པ་ཅན་གྱི་རང་བཞིན་གྱི་རྒྱུ་མ་ཡིན་ལ། རྒྱུ་མེད་པ་ཅན་གྱི་རང་བཞིན་ལ་ངེས་པ་མེད་པ་དེ་བས་ན། འདིར་རྒྱུ་ལས་རང་གི་ངོ་བོའི་རྣམ་པར་དབྱེ་བ་འགའ་ཞིག་ཀྱང་མེད་དེ། དེ་མེད་པའི་ཕྱིར་འབྲས་བུ་ལ་ཡང་ཡོང་པ་མ་ཡིན་པས་ན་མཚུངས་པ་མ་ཡིན་ནོ། །འཇིག་པ་ལ་ལྟོས་པ་མེད་པའི་དེ་འདིས་འགའ་ཞིག་ལ་འགའ་ཞིག་གི་ཚེ་ཡོད་པ་འགལ་བ་ཅན་དེ་མེད་པའི་རང་བཞིན་དུ་སྒྲུབ་པར་བྱེད་དོ། །གང་གི་ཕྱིར་རང་བཞིན་ལྟོས་པ་མེད་པ་དེ་ནི་གལ་ཏེ་འགའ་ཞིག་གི་ཚེའམ་འགའ་ཞིག་ལ་འགྱུར་ན་དུས་དང་རྫས་དེ་ལ་ལྟོས་པ་ཅན་ཡིན་པའི་ཕྱིར། ལྟོས་པ་མེད་པ་ཉིད་དུ་མི་འགྱུར་རོ་ཞེས་བཤད་ཟིན་ཏོ། །འོན་ཏེ་འཇིག་པའི་རང་བཞིན་དེ་ལྟོས་པ་མེད་པའི་ཕྱིར། རྒྱུ་མེད་པ་ཅན་དུ་འགྱུར་རོ། །རྒྱུ་མེད་པ་ཅན་ཉིད་མ་ཡིན་ཏེ། ཡོད་པ་ཉིད་ཀྱི་རྒྱུའི་ངོ་བོ་ལས་དེ་ལྟར་སྐྱེ་བའི་ཕྱིར་དང༌། ཡོད་པ་ཉིད་དུ་འགྱུར་བ་ནི་དེ་འདྲ་བ་ཉིད་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །གལ་ཏེ་གདོན་མི་ཟ་བར་ཡོད་པ་ཉིད་ནི་འགའ་ཞིག་ལས་ཀྱང་འབྱུང་བ་མ་ཡིན་ནོ་ཞེ་ན། འོ་ན་ཡོད་པ་ཉིད་ནི་གློ་བུར་བ་མ་ཡིན་པས་འདི་འགའ་ཞིག་ལ་འགའ་ཞིག་གི་ཚེ་འགའ་ཞིག་ཏུ་ལྡོག་པར་མི་འགྱུར་བས་དེ་ནི་ཅུང་ཞིག་འགའ་ཞིག་ལ་འབྲེལ་པ་མ་ཡིན་ནོ། །གང་གང་ལ་ཅུང་ཞིག་རག་ལས་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཉིད་དེ་འདི་ནི་འགའ་ཞིག་ལ་རག་ལུས་པ་ཅན་མ་ཡིན་ནོ་ཞེ་ན། ངེས་པ་ཅན་དུ་མི་འགྱུར་རོ། །དེ་བས་ནི་འདི་ནི་འགའ་ཞིག་ཏུ་གློ་བུར་བ་མ་ཡིན་ནོ། །འོ་ན་ད་ཇི་ལྟར་


DTG174_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་རྒྱུ་མེད་པ་ཅན་དུ་བསྟན་ཞེ་ན། སྐྱེས་པ་དེའི་ངོ་བོ་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །འདིར་ཡང་འཇིག་པ་ཞེས་བྱ་བ་དངོས་པོ་ལས་གཞན་འགའ་ཞིག་ཀྱང་མེད་དེ་དངོས་པོ་ཉིད་འཇིག་པ་ཡིན་ལ། དེ་ཉིད་སྐད་ཅིག་མར་གནས་པའི་ངང་ཚུལ་ཅན་དུ་སྐྱེས་པ་ཡིན་པའི་ཕྱིར་རོ། །བླུན་པོ་དག་གིས་འདིའི་རང་བཞིན་དེ་ནི་ཕྱིས་ངེས་པར་འགྱུར་གྱི། སྔར་མ་ཡིན་ཏེ། མཐོང་ན་ཡང༌། གསལ་བ་མེད་ཕྱིར་རོ། །ཞེས་བཤད་དོ། །དེའི་དབང་གིས་མི་མཁས་པས་དུག་འགྱུར་བ་མཐོང་བས་འཇོག་བ་བཞིན་དུ་ཕྱིས་རྣམ་པར་འཇོག་པར་བྱེད་དེ། དེ་བས་ན་འཇིག་པ་འདི་ནི་ཡོད་པ་ཉིད་མ་གཏོགས་པར་གཞན་ལ་ལྟོས་པ་མེད་པའི་ཕྱིར། དེ་ལ་ཁྱབ་པར་བྱེད་པ་ཡིན་ནོ། །འཇིག་པ་ལྟོས་པ་མེད་པ་དེ་ཡང་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། དེ་རྒྱུ་ནུས་པ་མེད་པའི་ཕྱིར་ཡང༌། མེད་པ་བྱེད་པའི་བྱ་བ་དགག་པའི་ཕྱིར་ཡང་གི་སྒྲ་སྨོས་སོ། །ཇི་ལྟར་ནུས་པ་མེད་པ་ཡིན་ཞེ་ན། དངོས་པོ་གྲུབ་པ་ལ་ནི་བྱེད་པ་དེ་ལ་མི་བྱེད་ལ། གཞན་ལ་བྱེད་ན་ནི་དེ་ལ་ཅུང་ཞིག་ཀྱང་མ་ཡིན་པའི་ཕྱིར། དེ་དང་དེ་མ་ཡིན་པའི་ངོ་བོ་ལ་མི་བྱེད་པས་ཅུང་ཞིག་ཀྱང་མི་བྱེད་པ་ནི་ལྟོས་པ་མེད་པར་འགྱུར་རོ། །ཇི་ལྟར་བྱ་བ་འགོག་ཅེ་ན། འཇིག་པ་ཞེས་བྱ་བ་ནི་དེ་དག་གིས་དངོས་པོ་མེད་པ་ཡིན་པར་སེམས་སོ། །དེ་བས་འཇིག་པའི་རྒྱུ་འདི་ནི་མེད་པར་བྱེད་དོ་ཞེས་བྱ་བ་འཐོབ་པོ། །དེ་ལ་གལ་ཏེ་མེད་པ་ཞེས་བྱ་བ་འགའ་ཞིག་འབྲས་བུའི་རང་བཞིན་དུ་འགྱུར་ན། དེ་ཉིད་དངོས་པོ་ཡིན་པའི་ཕྱིར་མེད་པར་མི་འགྱུར་རོ། །དེ་བས་ན་མེད་པ་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་མི་བྱེད་དོ་ཞེས་བྱ་བ་འདི་བྱ་བ་འགོག་པ་བྱེད་པར་འགྱུར་རོ། །དེ་ལྟར་ན་ཡང་ཅུང་ཞིག་ཀྱང་མི་བྱེད་པ་འདི་ཅིའི་ཕྱིར་ལྡོག་པར་བྱ་བ་ཡིན་ཏེ། དངོས་པོ་ནི་འཇིག་པ་ལ་ལྟོས་པ་མེད་པར་གྲུབ་པ་ཡིན་ནོ། །དེའི་ཕྱིར། གང་ཞེས་དེ་རང་བཞིན་གྱིས་འགྱུར། །འདི་ལས་གཞན་པ་དག་ལ་ཡང༌། །རང་བཞིན་ཉིད་ཀྱིས་འགྱུར་བ་ཡིན། །དེ་འདི་འགའ་ཞིག་ལ་ཡོད་པ་མཐོང་བ་ན་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར། རང་བཞིན་གྱིས་འགྱུར་རོ། །དེ་ལྟར་གཞན་དག་ལ་ཡང་རང་བཞིན་གྱིས་འབྱུང་བ་ཅན་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འགའ་ཞིག་དངོས་པོའི་ཡུལ་ཅན་གྱི། །རྔེས་དཔོག་གང་


DTG174_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་རྣམ་གཉིས་ཏེ། །འབྲས་བུ་ངོ་བོ་དེས་དེ་དག །རང་བསྒྲུབ་བྱ་ལ་འབྲེལ་ངེས་ཕྱིར། དེའི་ཕྱིར་དངོས་པོའི་ཡུལ་ཅན་གྱི་རྗེས་སུ་དཔོག་པ་ནི་རྣམ་པ་གཉིས་ཁོ་ན་སྟེ། འབྲས་བུའི་རྟགས་ཅན་དང་རང་བཞིན་གྱི་རྟགས་ཅན་ནོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཁྱད་པར་བྱེད་པ་བསྒྲུབ་པར་བྱ་བའི་རྟགས་ཅན་ལ་རྟགས་དེ་དག་རག་ལུས་པའི་ཕྱིར་གོང་དུ་ཇི་སྐད་བཤད་པ་ལྟ་བུའོ། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །དེ་ཡི་ངོ་བོ་མི་དམིགས་ན། །འཇུག་པར་མི་བྱ་ཞེས་བྱ་བས། །མི་དམིགས་པ་ནི་ཚད་མར་བཤད། །གསུམ་པ་མི་དམིགས་པའི་གཏན་ཚིགས་ནི་བྱེ་བྲག་མེད་པར་དོན་འགའ་ཞིག་གིས་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་དོ། །ཡོད་པར་ངེས་པ་དང་སྒྲ་དང་ཐ་སྙད་བཀག་པ་ནི་མི་དམིགས་པ་ཐམས་ཅད་ཁོ་ན་རྟགས་ཡིན་ནོ། །ཡོད་པར་ངེས་པ་ལས་ནི་སྒྲ་དང་ཐ་སྙད་དག་འཇུག་པར་འགྱུར་བས་དེ་དག་ལ་འཇུག་པ་ཞེས་བྱ་བར་བཤད་དོ། །དེ་ལྟར་ན་མི་དམིགས་པ་ཉིད་ནི་མེད་པ་རྣམས་ཀྱི་མེད་པ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་རྟོགས་པ་པོའི་དབང་གིས་ཡིན་གྱི་དངོས་པོའི་དབང་གིས་ནི་མ་ཡིན་ནོ། །ཇི་སྲིད་འདི་ལ་རྟོགས་པ་མེད་པ་དེ་སྲིད་དུ་འདི་ལ་དངོས་པོ་དེའི་ཡོད་པ་མ་ཡིན་ཏེ། །ཡོད་པ་ཉིད་ཡིན་དུ་ཟིན་ཀྱང་དེས་དེའི་དོན་མི་བྱེད་པའི་ཕྱིར་རོ། །དངོས་སུ་ནི་མི་དམིགས་པ་ཡིན་ན་ཡང་མེད་པ་དང་ཡོད་པ་མ་ཡིན་ཏེ། ཡོད་པ་ཉིད་ཡིན་ན་ཡང་རང་བཞིན་ལ་སོགས་པས་བསྐལ་པས་འགའ་ཞིག་ཏུ་མི་དམིགས་པའི་ཕྱིར་དང༌། དེ་ནི་མེད་པ་དག་ལ་ཡང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རྟོགས་པ་པོའི་ཚད་མ་མེད་པའི་ཕྱིར་དམིགས་པའི་མཚན་ཉིད་ཅན་གྱི་ཡོད་པ་ཉིད་དེ་ལྡོག་ཅིང་རང་གི་རྒྱུ་མཚན་ཅན་གྱི་སྒྲ་དང་ཐ་སྙད་དག་ལྡོག་པར་བྱེད་དོ། །དེ་བས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དག་མི་དམིགས་པ་དག་གང་ཡིན་པ་འདི་ཡང་དངོས་སུ་མེད་པ་ཉིད་ཀྱི་ངོ་བོ་ཡང་ཡིན་ཏེ། འཇུག་པར་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཡུལ་འདི་ལ་ཚད་མར་མཚུངས་སོ། །མེད་པར་ངེས་པའི་འབྲས་བུ་ཅན་དེ་ཡང་ཡོད་པ་ཉིད་མ་ཡིན་དུ་ཟིན་ཀྱང་འདི་ཚད་མ་ཉིད་ཡིན་ཏེ། གང་དམིགས་སུ་རུང་བ་རྒྱུ་གཞན་ཚོགས་པ་དག་ཡོད་ན་མི་དམིགས་


DTG174_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲིད་པ་མ་ཡིན་ནོ། །སྔ་མ་ནི་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དབང་པོ་ལས་འདས་རྟགས་ཅན་མིན། །དོན་རྣམས་མང་པོ་དེ་དག་ནི། །ཇི་ལྟར་མི་དམིགས་ཕྱིར་ན་མེད། །དེ་མེད་པ་ཉིད་སྒྲུབ་པར་བྱེད་པ་ནི་མི་དམིགས་པ་ཙམ་གྱིས་དོན་ཐམས་ཅད་ལ་ཚད་མ་གསུམ་ལྡོག་པས་བསྒྲུབ་པར་འགྱུར་གྲང་ན། དེ་ལ་བསྟན་བཅོས་ལྡོག་པ་ནི་མེད་པ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་སྐབས་འགའ་ཞིག་ལ་འཇུག་པའི་ཕྱིར་རོ། །བསྟན་བཅོས་འཇུག་པར་བྱེད་པ་ནི་སྐྱེས་བུའི་དོན་འགྲུབ་པར་བྱེད་པའི་ཐབས་འགའ་ཞིག་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། གཞན་དུ་ན་འབྲེལ་པ་མེད་པའི་བརྗོད་པ་ནི་ཚད་མར་མི་འགྱུར་བའི་ཕྱིར་རོ། །སྐབས་དེ་ལ་ཡང་དོན་མང་པོ་དག་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ཏེ། དཔེར་ན་སོ་སོར་ངེས་པའི་བདག་ཉིད་ཀྱིས་སྐྱེས་བུའི་སེམས་འགའ་ཞིག་ངེས་པའི་རྒྱུ་མཚན་འབྱུང་བ་མ་ཡིན་པ་ཅན་འཇུག་པའམ། ཡུལ་དང་དུས་ཀྱིས་ཆོད་པའི་སྐབས་ལ་ཉེ་བར་མཁོ་བ་མེད་པའི་རྫས་ཀྱི་བྱེ་བྲག་ལྟ་བུའོ། །དེ་བསྟན་བཅོས་ཀྱི་ཡུལ་དུ་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་བསྐལ་པ་དག་ལ་རང་གི་ནུས་པ་ཉེ་བའི་ཕྱིར་ཤེས་པ་བསྐྱེད་ནུས་པ་ཡང་ཡོད་པ་མ་ཡིན་ནོ། །དེ་དག་གི་གདོན་མི་ཟ་བར་འབྲས་བུ་དམིགས་པ་ཡང་མེད་ན་གང་གི་རྗེས་སུ་དཔག་པར་བྱེད། དེ་དག་ནི་ཚད་མ་གསུམ་ལོག་ཏུ་ཟིན་ཀྱང་མེད་དོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །དེ་བས་མི་དམིགས་པ་ཐམས་ཅད་ནི་ལྡོག་པ་ངེས་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་འདི་ནི། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ནའང་ཚད་མ་ཉིད་མིན་འགྱུར། །མི་དམིགས་པ་འདི་ནི་ཚད་མ་ཉིད་མ་ཡིན་ཏེ། ཚད་མ་དག་ནི་ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །འདི་འཇུག་པ་འགོག་པ་ཡིན་ཡང་སེམས་ལ་ཐེ་ཚོམ་མ་ཡོངས་སུ་གཅོད་པ་ཅན་མ་ཡིན་ཏེ། ཐེ་ཚོམ་ལས་ཀྱང་འགའ་ཞིག་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་ངེས་པ་སྔོན་དུ་འགྲོ་བའི་ཐ་སྙད་དུ་བྱེད་པ་ཅན་ནི་དེ་བཞིན་ཁོ་ན་ལ་དེ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ནི། མི་འཇུག་འབྲས་བུ་ཅན་ཞེས་བཤད་ཟིན་ཏོ། །རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ལ་ལ་ཚད་མ་


DTG174_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུའང་འགྱུར། །འདིར་མི་དམིགས་པ་ཐམས་ཅད་ནི་ཚད་མ་མ་ཡིན་ལ། རྟགས་ཀྱི་ཁྱད་པར་ལས་ཡོད་པ་ཅན་ལ་ལ་ཚད་མ་ཡང་ཡིན་ཏེ། ཇི་ལྟར་གོང་དུ་དཔེར་བྱས་པ་ལྟ་བུའོ། །གང་ཡང་མི་དམིགས་པ་ནི་ཚད་མ་མ་ཡིན་ནོ་ཞེས་དེ་བཤད་ཅེ་ན། རང་བཞིན་ཤེས་བྱེད་མི་ཤེས་ལ། །རིགས་པ་འདི་ནི་བརྗོད་པ་ཡིན། །གང་འགའ་ཞིག་གི་རང་གི་ངོ་བོ་ཡུལ་ལ་སོགས་པས་བསྐལ་པའི་ཕྱིར། མི་དམིགས་པས་དེ་ནི་མི་དམིགས་པ་ཙམ་གྱིས་མེད་པ་ཞེས་བྱ་བ་མ་ཡིན་ཏེ། གོང་དུ་ཇི་སྐད་བཤད་པ་ལྟ་བུའོ། །ཤེས་པར་བྱེད་པ་རྟགས་ལ་མེད་པའི་ཕྱིར། དབང་པོ་ལས་འདས་པའི་དོན་གང་ཡིན་པའམ། རང་བཞིན་གྱི་ཁྱད་པར་སྤོང་བར་བྱེད་དེ། དཔེར་ན་སེམས་འདོད་ཆགས་དང་བྲལ་བའམ། ལྷ་ཉིད་ཀྱི་ཁྱད་པར་མེད་པའམ། སྦྱིན་པ་དང་འཚེ་བ་ལ་སོགས་པ་ལས་ལྡོག་པ་སེམས་ལ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་རྒྱུ་ཉིད་མེད་དོ་ཞེས་བྱ་བ་དང༌། མངོན་སུམ་གྱི་དོན་ལ་ནི་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར། དེའི་འབྲས་བུ་མེད་པ་ཅན་དང༌། ཆོས་མཐུན་པའི་ཕྱིར་ཕྱིན་ཅི་ལོག་པས་སྐུར་བར་བྱེད་ན་ཡང༌། དེ་ཙམ་གྱིས་ནི་འབྲས་བུ་ཆོད་པ་དག་ཀྱང་རྒྱུ་ལས་སྐྱེ་བ་མཐོང་བའི་ཕྱིར་དེ་མེད་པ་ཉིད་མ་ཡིན་ཏེ། བྱི་བ་དང་ཁྱི་སྨྱོན་པའི་དུག་གི་འགྱུར་བ་བཞིན་ནོ། །དེ་འབྱུང་བ་ལ་འགལ་བ་མེད་པའི་ཕྱིར་འདི་ལ་མི་དམིགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །གལ་ཏེ་ཡོད་པ་ལ་གང་ཚད་མ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ཡང་བླ་སྟེ། ཚད་མ་ཡང་སྲིད་པའི་ཕྱིར་མི་སྤོང་ངོ༌། །དེ་བས་ན་འདིར་དོན་ནམ་རང་གི་ངོ་བོ་འགའ་ཞིག་ལ་མཐོང་བ་གསལ་བ་མེད་པའི་ཕྱིར་དང༌། རྒྱུ་རྣམས་ནི་འབྲས་བུ་བསྐྱེད་པར་ངེས་པ་མེད་པའི་ཕྱིར། ཤེས་པར་བྱེད་པ་མ་འགྲུབ་པའི་འགྱུར་རོ། །འདི་ཙམ་གྱིས་ནི་དེ་མེད་པ་མ་ཡིན་ཏེ། ཡང་ཚུལ་གཞན་དུ་འགའ་ཞིག་མངོན་པར་གསལ་བའི་ཕྱིར་རོ། །རྒྱུ་མི་ཤེས་པ་འབྲས་བུ་ཡིས། །མེད་པ་ཉིད་ཀྱིས་སྒྲུབ་བྱེད་དང༌། །རང་གི་ངོ་བོ་མེད་པར་བསྒྲུབ་པར་བྱ་བ་ལ། དེ་མི་དམིགས་པ་ཉིད་ནི་ཚད་མར་མི་བརྗོད་ཀྱི་རྒྱུ་མི་དམིགས་པ་ཚད་


DTG174_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁོ་ན་ཡིན་ནོ། །གང་རྒྱུ་མེད་པ་ལ་འབྲས་བུ་འགྱུར་བ་སྲིད་པ་ནི་མ་ཡིན་ནོ། །ལ་ལར་རྒྱུ་ཞིག་ན་ཡང་འབྲས་བུ་གནས་པར་མཐོང་བ་མ་ཡིན་ནམ། རྒྱུ་གནས་པའི་དུས་ན་འབྲས་བུ་ཡོད་དོ་ཞེས་ནི་མི་སྨྲའོ། །དངོས་པོ་དེ་ལྟར་གནས་པ་ཅན་ནི་དེའི་རྒྱུ་ཅན་ནི་མ་ཡིན་གྱི་བརྒྱུད་པས་རྒྱུན་ལ་ཕན་འདོགས་པར་བྱེད་པའི་ཕྱིར། དེའི་འབྲས་བུ་བསྟན་ཅིང་རྒྱུ་མེད་པར་དངོས་པོ་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་འདི་རྣམ་པ་འགའ་ཞིག་གིས་མེད་པ་གྲུབ་པར་འགྱུར་ན་དེའི་འབྲས་བུ་མེད་དོ་ཞེས་ངེས་པར་འགྱུར་རོ། །དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་མིན། །རང་བཞིན་ཉིད་ཀྱི་རྟགས་ཅན་ལ་རང་བཞིན་མི་དམིགས་པ་འགའ་ཞིག་ཀྱང་ཚད་མ་ཁོ་ན་ཡིན་ནོ། །གལ་ཏེ་ཁྱབ་པར་བྱེད་པ་མི་དམིགས་པ་ནི་འདིའི་རང་བཞིན་གྲུབ་པར་འགྱུར་ཏེ། དཔེར་ན་ཤིང་ཤ་པ་ལ་ཤིང་ཉིད་ལྟ་བུའོ། །གལ་ཏེ་གཏན་ཚིགས་འགའ་ཞིག་གིས། །དེ་མེད་པར་ནི་རྟོགས་པར་འགྱུར། །གལ་ཏེ་རྒྱུའམ་ཁྱབ་པར་བྱེད་པའི་རང་བཞིན་འདི་གོ་བར་བྱེད་པ་གཏན་ཚིགས་གང་ཞིག་ལས་མེད་པར་འགྲུབ་པར་འགྱུར་བ་དེ་མེད་པ་ཉིད་ཀྱིས་རང་གི་འབྲས་བུའམ་ཁྱབ་པར་བྱ་བ་ལྡོག་པར་བྱེད་དེ། དེ་མེད་པར་མ་གྲུབ་ན་ནི་ལྡོག་པ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཇི་ལྟར་ན་དངོས་པོའི་བདག་ཉིད་མི་དམིགས་པ་ལས་མེད་པ་གྲུབ་ཅེ་ན། མཐོང་བ་མེད་པ་དག་གི་རྒྱུ། །མི་སྲིད་པར་ནི་གྱུར་པ་ནི། །སྣང་བའི་དངོས་པོ་མི་དམིགས་པའི། །དངོས་པོ་མེད་པ་རྟོགས་པར་འགྱུར། །གལ་ཏེ་དངོས་པོར་འགྱུར་ན་བདག་ཉིད་ཇི་ལྟ་བུ་འཛིན་པ་པོའི་བྱེད་པས་དམིགས་པ་ཉིད་དུ་འགྱུར་རོ། །དེ་མཐོང་བའི་གེགས་བྱེད་པ་ཅན་བར་ཆད་ལ་སོགས་པ་དག་མེད་ན་དམིགས་པ་ཁོ་ནར་འགྱུར་ལ། མི་དམིགས་ན་ནི་མེད་པ་ངེས་པར་འགྱུར་ཏེ། དེ་འདྲ་བར་འགྱུར་བ་དམིགས་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །གཏན་ཚིགས་འདི་ཉིད་ནི་རྒྱུ་དང་ཁྱབ་པར་བྱེད་པ་དག་མེད་པ་ལ་རིག་པར་བྱའོ། །དངོས་པོ་འགལ་བ་ཡོད་ན་ཡང༌། །དེ་ཡོད་པ་ལ་གནོད་བྱེད་ཕྱིར། །དེ་དང་འགལ་བ་དམིགས་པ་ནི། །མེད་པ་ཉིད་དུ་ངེས་པར་འགྱུར། །དངོས་པོ་གང་ཞིག་


DTG174_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་ལྷན་ཅིག་མི་གནས་ཏེ། དེ་དག་གི་ཉེ་བར་ལེན་པ་དག་ནི་ཕན་ཚུན་མི་མཐུན་པའི་རྟེན་ཉིད་ཀྱིས་རྩོམ་པ་འགལ་བའི་ཕྱིར་རོ། །སྔར་ཇི་སྐད་བཤད་པ་བཞིན་དུ་འགལ་བ་དེ་དག་ནི་གཅིག་ཡོད་ན་ཡང་གཞན་མེད་པ་རྟོགས་པར་འགྱུར་རོ། །འདི་ནི་མི་དམིགས་པ་ལས་ཐ་དད་པ་རྣམ་པར་གཞག་པར་བྱ་བ་མ་ཡིན་ཏེ། དེ་ཉིད་ལས་འགལ་བ་རྟོགས་པའི་ཕྱིར་དང༌། འགལ་བ་ལས་ཀྱང་མེད་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་པའི་མི་དམིགས་པ་ལས་མེད་པ་རྟོགས་པར་འགྱུར་བ་ནི་བླ་སྟེ། དེ་ཡང་ཇི་ལྟར་རྗེས་སུ་དཔག་པ་ཡིན་པར་འགྱུར། ཇི་ལྟར་ཡང་མི་འགྱུར། དཔེ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། འདི་ལ་ནི་དཔེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ནམ་མཁའི་མེ་ཏོག་ལ་སོགས་པ་ཉེ་བར་བརྗོད་པ་མེད་པ་ཞེས་བྱ་བ་དཔེ་མ་ཡིན་ནམ། དེ་མེད་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞིང་གང་གིས་དེ་ལྟར་འགྱུར། གལ་ཏེ་མི་དམིགས་པ་ཁོ་ན་ལས་སོ་ཞེ་ན། དེ་ལ་ཡང་ཇི་ལྟར་ན་དཔེ་མེད་པ་ཅན་དག་གི་མེད་པ་ཉིད་དུ་གྲུབ་པའམ། དཔེ་དང་བཅས་པ་ཅན་ཉིད་ཡིན་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་བ་དེ་ལྟར་ན་ཡང་རྟོགས་པར་མི་འགྱུར་རོ། །དེ་བས་ན་ཉེ་བར་བརྗོད་པ་མེད་པར་གྲུབ་པ་དང་འདྲ་བར་གཞན་ལ་ཡང་དཔེ་ལ་ལྟོས་པ་མེད་པའི་ཕྱིར། རྗེས་སུ་དཔག་པ་མ་ཡིན་ནོ། །ཐོས་སུ་ཟིན་ཀྱང་ལྷ་རྣམས་དགའ་བས་ངེས་པར་གཟུང་བ་བསལ་བ་མེད་དོ། །མེད་པའི་སྒྲ་དང་ཐ་སྙད་ཀྱི་རྒྱུ་མཚན་དམིགས་པ་མི་དམིགས་པ་དེ་ནི་བདག་ཉིད་ཐག་ཉེ་བའི་ཕྱིར་རང་གི་རྒྱུ་མཚན་ཅན་དེ་དག་སྒྲུབ་པར་བྱེད་པས་རང་གི་རྒྱུ་མཚན་གྱི་ཚོགས་པའི་རུང་བ་ཐག་ཉེ་བ་ཅན་ཐམས་ཅད་ནི་འདིར་དཔེ་ཡིན་ནོ། །མེད་པ་ཉིད་ཀྱང་འདི་ལ་མི་དམིགས་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། འདི་ནི་རྒྱུ་ལས་འབྲས་བུ་རྗེས་སུ་དཔག་པའི་མཚན་ཉིད་ཡིན་པའི་ཕྱིར། རང་བཞིན་གྱིས་གཏན་ཚིགས་ཀྱི་ནང་དུ་འདུས་པར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །ཡོད་པའི་སྐྲ་དང་ཐ་སྙད་འགོག་པར་ཡང་ཚད་མ་ལོག་པས་རྒྱུ་མཚན་མ་ཚང་བ་ཅན་གྱི་མྱུ་གུ་ལ་སོགས་པ་དཔེ་ཡིན་གྱི། ཉེ་བར་བརྗོད་པ་མེད་པ་འབའ་ཞིག་ནི་


DTG174_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །ཉེ་བར་བརྗོད་པ་མེད་པ་ལ་ཡང་འཇུག་པ་འདི་ཉིད་འགོག་པ་ཡིན་ཏེ། མི་དམིགས་པའི་མཚན་ཉིད་ཅན་གྱི་མེད་པ་ཉིད་གྲུབ་པ་ཡིན་ནོ། །རྒྱུ་མཚན་དང་དེ་མེད་པ་ཁས་བླངས་ནས་འཇུག་པ་དང་ལྡོག་པ་ལ་ལུགས་ལས་ཟློག་པར་བྱེད་པའི་རྨོངས་པ་དེ་ལ་ཇི་ལྟར་ཁས་བླངས་པ་བཞིན་དུ་ཉེ་བར་བརྗོད་པ་མེད་པའམ། གཞན་དང་འདྲ་བར་བསྟན་ཏོ། །གལ་ཏེ་རེ་ཞིག་དམིགས་པ་མེད་པ་དེ་ཉིད་ཇི་ལྟར་གྲུབ་ཅེ་ན། དེ་ནི་ཕྱིས་འཆད་པར་འགྱུར་རོ། །རྗེས་སུ་དཔག་པ་གཞན་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པར་འདོད་ན་ཅིའི་ཕྱིར་དཔེས་རྟོགས་པར་བྱ་བ་ཡིན་ཏེ། ཁྱབ་པར་བྱ་བ་བསྟན་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་གྲུབ་པའི་ཕྱིར་རོ། །གལ་ཏེ་དོན་ངེས་ཟིན་ཀྱང་དཔེ་ནི་དྲན་པའི་དོན་ཡིན་ནོ་ཞེ་ན། དེ་ནི་ཅིག་ཤོས་ལ་ཡང་མཚུངས་སོ། །དེ་ནི་གཞན་ལ་མི་དམིགས་པ་ཙམ་ལས་མེད་པའི་ཐ་སྙད་རྟོགས་སུ་ཟིན་ཀྱང་འདི་ལ་རྨོངས་བའི་ཕྱིར་དྲན་པར་བྱ་བ་ཡིན་ནོ། །ཅི་སྟེ་གང་འདི་ལ་གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་མེད་པའི་ཐ་སྙད་གྲུབ་པའམ་ཡོད་པའི་ཐ་སྙད་འགོག་པར་ཇི་ལྟར་འགྱུར། དེའི་དོན་འགོག་པ་ན་བརྗོད་པར་བྱེད་པ་ཆོས་ཅན་གྱི་ཚིགས་མི་སྦྱོར་བའི་ཕྱིར་དང༌། ཡུལ་མེད་པ་ཅན་གྱི་དགག་པ་མི་རུང་བའི་ཕྱིར་རོ། །ཉེས་པ་དེ་ནི་མེད་དེ་འདི་ལྟར། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ། །ཡོད་མེད་གཉི་ག་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དེར་དངོས་ཉེར་ལེན་མེད་པ་ཅན། །བསྒྲུབ་པ་དེ་མི་དམིགས་པ་ནི། །དེ་ལྟར་གཏན་ཚིགས་དེ་ཉིད་ཀྱི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཇི་ལྟར་སྒྲ་དེ་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པ་དེ་ལྟར་བསྟན་ཏོ། །ཐོག་མ་མེད་པའི་དུས་ཅན་གྱི་བག་ཆགས་ལས་བྱུང་བ་ཅན་གྱི་རྣམ་པར་རྟོག་པ་ལ་སོ་སོར་སྣང་བའི་ངང་ཅན་གྱི་དོན་ཡུལ་ཉིད་དུ་བདག་གིར་བྱེད་དོ། །རྣམ་པར་རྟོག་པ་དེ་ལ་བརྟེན་པའི་འཆད་པ་པོ་དང་ཉན་པ་པོ་ནི་དངོས་པོ་ཇི་ལྟར་སྣང་བ་བཞིན་དུ་སྟོན་པར་འདོད་པས་སྦྱོར་བའི་ཕྱིར་དང༌། དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་རོ། །ཉེ་བར་ལེན་པ་དང་འབྲས་བུའི་ཤེས་པ་


DTG174_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣང་བའི་ངོ་བོ་མ་ཡིན་པ་ནི་དེའི་ཡུལ་ཅན་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་དེ་ཡང་ཡོད་པ་དང་མེད་པ་དང་གཉི་གའི་ཤེས་པ་དག་གིས་བསྒོས་པའི་བག་ཆགས་ལས་བྱུང་བའི་ཕྱིར་དང༌། དེར་སྣང་བའི་རྣམ་པར་ངེས་པའི་དབང་གིས་ཡོད་པ་དང་མེད་པ་དང་གཉི་གའི་ཆོས་ཞེས་བརྗོད་དོ། །དེ་བས་ན་ཆོས་ཅན་འདི་ལ་བརྟེན་ནས་ཅི་གཙོ་བོའི་སྒྲ་ལས་སྣང་བའི་དོན་འདི་ནི་དངོས་པོ་ཉེ་བར་ལེན་པ་ཅན་ནམ་མ་ཡིན་ཞེས་ཡོད་པ་དང་མེད་པ་ཉིད་སྤྱོད་པར་བྱེད་དོ། །དེ་ནི་དངོས་པོའི་ཉེ་བར་ལེན་པ་ཅན་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་དེ་ཉིད་དུ་སོ་སོར་རང་གི་རིག་པ་ཉིད་ཡིན་པའི་ཕྱིར། སྤང་བར་འོས་པ་མ་ཡིན་པའི་དོན་ནི་ཆོས་ཅན་ཡིན་ནོ། །དོན་དེ་ཉིད་ཀྱང་རང་གི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། མ་ཐོབ་པ་དང་འགགས་པའི་དོན་དག་ཀྱང་དེ་དང་མ་བྲལ་བའི་ཕྱིར་རོ། །དངོས་པོ་ལ་ཕྱིན་ཅི་ལོག་པའི་རྣམ་པ་ལ་མངོན་པར་ཞེན་པ་ཅན་གྱི་གཞན་མུ་སྟེགས་པའི་ཤེས་པ་དག་ལ་ཡང་ཡོད་པའི་ཕྱིར་རོ། །དོན་དམ་ལ་གཅིག་ཕྱོགས་ཉིད་ཡོད། །མཐོང་བའི་བྱེ་བྲག་ཐ་དད་པའི། །དོན་རྣམས་ལ་ནི་སྒྲ་རྣམས་ཀྱིས། །རྒྱུ་མེད་ཅན་འཇུག་མི་འགྱུར་དང༌། །འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡི། །དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །དེ་དག་བློ་དོན་ཡུལ་ཅན་འདོད། །ཅེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ནི་ཇི་ལྟར་འདོད་པའི་ངོ་བོ་ཉེ་བར་ལེན་པ་མེད་པ་ཅན་བསྒྲུབ་པར་བྱ་བ་ལ། དེ་ལྟར་འདི་ལ་མི་དམིགས་པའི་ཆོས་ཡོད་པའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་མ་ཡིན་ནོ། །འདི་ལ་ཡང་སྒྲ་ལས་སྣང་བའི་དོན་འདི་ཉིད་ནི་བསྙོན་པར་ནུས་པ་མ་ཡིན་ཏེ། དེ་ནི་བློ་ལ་བསྐྱེད་པའི་ཕྱིར་སྒྲ་སྦྱོར་བའི་ཕྱིར་རོ། །དེ་མེད་ན་ནི་མི་རུང་བའི་ཕྱིར་རོ། །གཞན་ཡང༌། སྒྲ་དོན་བསྙོན་ན་བསྒྲུབ་བྱ་བའི། །ཆོས་ཀྱི་རྟེན་ནི་བརྩལ་བའི་ཕྱིར། །བསྡུས་པ་བསྒྲུབ་བྱར་མི་འགྱུར་ཞིང༌། །ཡན་འགར་ཆོས་ནི་གྲུབ་པ་ཡིན། །གལ་ཏེ་སྒྲའི་དོན་ཁོ་ན་ལ་བསྙོན་ན་གཙོ་བོའི་སྒྲའི་བརྗོད་པར་བྱ་བ་ཆོས་ཅན་ཉིད་ལ་བརྩལ་བའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཀྱི་རྟེན་མེད་པར་འགྱུར་རོ། །


DTG174_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འདི་ནི་རྟེན་རྣམ་པར་གཅོད་ལ་ལྟོས་པ་མེད་པ་ཅན་རྩོད་པའི་གཞི་མ་ཡིན་པའི་ཕྱིར་ཉེ་བར་དགོད་པར་བྱ་བ་ཉིད་དུ་མི་འགྱུར་རོ། གཞན་ཡང༌། སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལ་འབྲས་འབྱུང་རག་ལས་ཕྱིར། །དོན་བྱེད་ནུས་པ་མ་ཡིན་ཕྱིར། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞིང༌། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །སྒྲའི་དོན་ཡོད་པའམ་མེད་པ་ནི་སྐྱེས་བུའི་དོན་ཅུང་ཟད་ཀྱང་ཉེ་བར་འགོག་པའམ། །ཡང་དག་པར་བྱེད་པ་མ་ཡིན་ཏེ། མངོན་པར་ཞེན་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་དང༌། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདི་འཇུག་པ་ན་ཐམས་ཅད་དུ་ཡོད་པ་དང་མེད་པ་དཔྱོད་པ་ན་རྣམ་པར་རྟོག་པའི་སྣང་བ་ལ་ལྟོས་པ་མེད་པར་གང་ལ་སྐྱེས་བུའི་དོན་འདི་རག་ལུས་པའི་དངོས་པོ་ཉིད་ལ་དམིགས་པར་བྱེད་དེ་དཔེར་ན་མེ་ནི་གྲང་བ་ཟློག་པར་བྱེད་པ་ཞེས་བྱ་བ་ལྟ་བུའོ། །འདི་ལ་སྒྲའི་དོན་ནི་ནུས་པ་ཡོད་པ་མ་ཡིན་ཏེ། དེ་ཉམས་སུ་མྱོང་བར་གྱུར་པ་ཡིན་དུ་ཟིན་ཀྱང་དེ་མེད་པའི་ཕྱིར་རོ། །དེ་བས་ན་དོན་བྱེད་པར་འདོད་པ་འདི་ནི་མི་ནུས་པ་ལ་གུས་པས་རྗེས་སུ་སྦྱོར་བར་རིགས་པ་མ་ཡིན་ནོ། །འདོད་ལྡན་རྣམས་ཀྱིས་མ་ནིང་གཟུགས་བཟང་བ་དང་མི་བཟང་བ་བརྟག་པ་ལ་གུས་པར་མི་འགྱུར་རོ། །གང་ཡང་ཇི་སྐད་དུ་བརྟགས་པ་མི་དམིགས་པ་ཆོས་ཞེས་བཤད་པ་དེའི་དོན་གང་ཡིན་ཞེ་ན། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བརྟགས་པ་ཡིན། །དངོས་བརྟེན་མ་གྲུབ་འདི་ཆོས་སུ། །རིགས་པ་སྨྲ་བས་བཤད་པ་ཡིན། །རྟོག་པའི་ཡུལ་ཉིད་ཡིན་པའི་ཕྱིར་སྒྲའི་དོན་ཉིད་བརྟགས་པ་ཡིན་ལ། དེ་ནི་དངོས་པོ་ལ་བརྟེན་པ་མི་དམིགས་པ་ནི་ཆོས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཚད་མ་གསུམ་ལོག་ཏུ་ཟིན་ཀྱང་དངོས་པོ་མེད་པར་འགྲུབ་པ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཚད་མ་གཞན་ལོག་པ་ན་ལྡོག་པར་མི་འགྱུར་ཏེ། དེ་དག་ནི་མ་ལུས་པའི་ཡུལ་ཅན་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ལུང་གིས་ནི་ཅུང་ཞིག་ཀྱང་མ་ཁྱབ་པ་མེད་དེ། དེ་ལ་ལོག་པ་ཇི་ལྟར་གོ་བར་བྱེད་པ་མ་ཡིན་ཞེ་ན། འདི་ལ་ལུང་དག་ཏུ་དོན་ཐམས་


DTG174_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཉེ་བར་སྦྱོར་བ་མེད་པར་ནི་བཤད་ཟིན་ཏོ། སྐབས་སུ་བབ་པ་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་ཡང༌། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །དེ་ལས་དོན་གྲུབ་མིན་དེ་དག །སྨྲ་བའི་བསམ་པ་སྟོན་པར་བྱེད། །སྒྲ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ལས་དོན་གྱི་རང་བཞིན་ངེས་པར་འགྱུར་ན། དེ་དག་ནི་སྨྲ་བ་པོ་བརྗོད་པར་འདོད་པ་ལ་རག་ལུས་པས་འཇུག་པ་ཅན་དག་ཡིན་པའི་ཕྱིར། དེ་མེད་ན་མི་འབྱུང་བ་ཡིན་པས་དེ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་པར་འགྱུར་རོ། །སྐྱེས་བུའི་འདོད་པ་ཐམས་ཅད་ཀྱང་དོན་ཇི་ལྟ་བ་བཞིན་དུ་འགྱུར་བ་ཅན་མ་ཡིན་ལ། དེ་ལ་རག་ལུས་པ་མེད་པའི་རང་བཞིན་ཅན་གྱི་དངོས་པོ་ནི་གཞན་གོ་བར་བྱེད་པ་མ་ཡིན་ནོ། །འོན་ཀྱང་གང༌། ཡིད་ཆེས་ཚིག་ནི་མི་སླུ་བ། །སྤྱི་ལ་རྗེས་སུ་དཔག་པ་ཉིད། །ཅེས་ལུང་རྗེས་སུ་དཔག་པ་ཉིད་དུ་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། སྐྱེས་བུ་འདི་ནི་ལུང་གི་ཚད་མ་ལ་མ་བརྟེན་པར་གཞག་པར་ནུས་པ་མ་ཡིན་ཏེ། འབྲས་བུ་མངོན་སུམ་དུ་གྱུར་པ་མ་ཡིན་པ་ཅན་ལ་ལ་དག་གི་འཇུག་པ་དང༌། ལྡོག་པའི་ཕན་ཡོན་ཆེན་པོ་དང༌། ངན་སོང་དག་ཐོས་པའི་ཕྱིར་དང༌། དེ་ཡོད་པ་ལ་འགལ་བ་མ་མཐོང་བའི་ཕྱིར་རོ། །དེ་བས་ན་འཇུག་པར་བྱ་བ་ཡོད་ན་འདི་ལྟར་འཇུག་པ་ཡིན་པའི་ཕྱིར་བརྟགས་ནས་ཚད་མར་གསུངས་སོ། །དེ་ཡང༌། འབྲེལ་བ་དང་ནི་རྗེས་སུ་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་སུ་བརྟགས་པ་དབང་བྱས་ཡིན། །དེ་ལས་གཞན་པ་དབང་བྱས་མིན། །འབྲེལ་བ་ནི་ངག་རྣམས་དོན་གཅིག་ཏུ་སྡུག་པ་ལ་ཕན་འདོགས་པར་བྱེད་པའོ། །དེ་ལྟར་མ་ཡིན་ན་སྨྲ་བ་པོ་མི་མཐུན་པ་སྟོན་པར་འགྱུར་ཏེ། སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ངག་དང་འདྲ་བར་བསྡུར་མེད་པ་ཁོ་ན་ཡིན་ནོ། །འབྲས་བུ་འདོད་པ་བསྟན་བཅོས་ཐབས་ནུས་པ་མེད་པ་ཅན་གྱི་འབྲས་བུ་ཅན་ལ་དཔྱོད་པར་བྱ་བའི་ཕྱིར་གུས་པར་མི་འགྱུར་ཞིང༌། སྐྱེས་བུ་དོན་གྱི་འབྲས་བུ་མེད་པ་ཅན་དག་ལ་ཡང་སྟེ། དུག་ཞི་བར་བྱ་བའི་ཕྱིར་འཇོག་པའི་གཙུག་གི་རིན་པོ་ཆེའི་རྒྱན་གྱི་མན་ངག་ལྟ་བུ་དང༌། བྱ་རོག་གི་སོ་ལ་བརྟགས་པ་ལྟ་བུའོ། །


DTG174_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཟློག་ནས་སྡུད་པ་དང་ལྡན་པ་དང་ཐབས་ནུས་པ་ཅན་དང༌། སྐྱེས་བུའི་དོན་རྗོད་པར་བྱེད་པའི་བསྟན་བཅོས་ནི་ཡོངས་སུ་བརྟག་པར་བྱ་བ་ཡིན་ཏེ། གཞན་ལ་གུས་པར་བྱ་བ་ཉིད་ནི་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་གལ་ཏེ་ཡོངས་སུ་བརྟགས་པ་ལ་སླུ་བ་བསྟན་པ་མེད་པ་དེ་ལ་འཇུག་པ་ན་མཛེས་པར་འགྱུར་རོ། །འདིའི་མི་སླུ་བ་གང་ཞེ་ན། །མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ནི་མི་སླུ་བའོ། །མངོན་སུམ་དུ་འདོད་པའི་དོན་དག་ལ་དེ་བཞིན་དུ་འགྱུར་བ་ནི་མངོན་སུམ་གྱིས་གནོད་པ་མེད་པ་སྟེ། དཔེར་ན་སྔོན་པོ་ལ་སོགས་པ་དང་བདེ་བ་དང་སྡུག་བསྔལ་བ་དང་རྒྱུ་མཚན་ཉེ་བར་མཚོན་པར་བྱེད་པ་དང་འདོད་ཆགས་ལ་སོགས་པ་དང་བློ་དག་ལྟ་བུའོ། །དེ་ལྟར་མངོན་པར་འདོད་པ་མ་ཡིན་པ་དག་ཀྱང་མངོན་སུམ་ཉིད་མ་ཡིན་ཏེ། དཔེར་ན་སྐྲ་ལ་སོགས་པའི་ངོ་བོ་ཞེན་པ་ཅན་བདེ་བ་ལ་སོགས་པ་དག་དང༌། རྫས་དང་ལས་དང་སྤྱི་དང་ལྡན་པ་ལ་སོགས་དག་ལྟ་བུའོ། །དེ་བཞིན་དུ་ལུང་ལ་ལྟོས་པ་མེད་པའི་རྗེས་སུ་དཔག་པའི་ཡུལ་དུ་འདོད་པ་དག་ལ་དེ་བཞིན་དུ་འགྱུར་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་དག་ལྟ་བུའོ། །རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་དེ་དག་ནི་དེ་ལྟར་འགྱུར་ཏེ། དཔེར་ན་བདག་ལ་སོགས་པ་ལྟ་བུའོ། །ལུང་ལ་ལྟོས་པའི་རྗེས་སུ་དཔག་པ་ཡང་དཔེར་ན་འདོད་ཆགས་ལ་སོགས་པའི་ངོ་བོ་དང་དེ་ལས་བྱུང་བའི་ཆོས་མ་ཡིན་པར་ཁས་བླངས་ནས་དེ་སྤང་བའི་ཕྱིར་ཁྲུས་དང་མེ་ལ་སྦྱིན་སྲེག་ལ་སོགས་པ་མ་བསྟན་པ་ལྟ་བུའོ། །ཡོངས་སུ་གཅོད་པར་ནུས་པའི་ཡུལ་མ་ལུས་པ་རྣམ་པར་དག་པ་དེ་ནི་མི་སླུ་བ་ཡིན་ནོ། །ཡིད་ཆེས་ཚིག་ནི་མི་སླུ་བ། །སྤྱི་ལས་འདི་ཡི་ལྐོག་གྱུར་པའི། །ཡུལ་ལའང་གོ་སྐབས་མེད་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་བརྗོད། །དེ་དང་འདི་དེ་ལྟ་བུར་གྱུར་པའི་ཉེས་པ་ཟད་པའི་ཚིག་མི་སླུ་བར་མཚུངས་པའི་ཕྱིར་མ་མཐོང་བར་འཁྲུལ་བ་མེད་པ་ཅན་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གོ་བ་མ་ཡིན་པའི་དོན་རྟོགས་པ་ནི་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དེ་ལས་གཞན་པའི་རྟོགས་པ་དང་འདྲ་བར་མི་སླུ་བར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེ་བས་ན་སྒྲས་རབ་


DTG174_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱེ་བ་ཡིན་དུ་ཟིན་ཀྱང་སྒྲ་ལས་བྱུང་བ་དང་འདྲ་བར་བསམ་པ་ཉིད་སྟོན་པར་བྱེད་པ་ནི་མ་ཡིན་པ་དེ་ལྟར་ན་དོན་ལ་མི་སླུ་བའི་ཕྱིར་རྗེས་སུ་དཔག་པ་ཡང་ཡིན་ནོ། །ཡང་ན་རྣམ་པ་གཞན་གྱིས་ཉེས་པ་ཟད་པའི་ཚིག་མི་སླུ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་དུ་བརྗོད་པར་བྱ་སྟེ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་པ་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །བླང་བར་བྱ་བ་དང་དོར་བར་བྱ་བ་དང་དེའི་ཐབས་དེས་བསྟན་པ་དག་ལ་ཕྱིན་ཅི་ལོག་མེད་པ་ནི་མི་སླུ་བ་ཡིན་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་པོ་འཆད་པར་འགྱུར་པའི་ཚུལ་ལྟ་བུའོ། །སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཅན་གོམས་པར་འོས་པ་དེ་དང་འདིའི་མི་སླུ་བའི་ཡུལ་གཞན་ལ་ཡང་དེ་བཞིན་དུ་ཁས་བླང་བར་བྱའི་སླུ་བ་ནི་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་དང༌། འཆད་པ་པོ་དགོས་པ་མེད་པ་ལ་ལོག་པར་སྟོན་པ་ལ་འབྲས་བུ་མེད་པའི་ཕྱིར་རོ། །དེ་དང་དེ་རྣམ་པ་གཉི་གས་ཀྱང་གོ་སྐབས་མེད་པས་ལུང་རྗེས་སུ་དཔག་པ་ཉིད་དུ་བརྗོད་པ་ཡིན་ནོ། །ལུང་ལ་འཇུག་པ་ན་དེ་ལྟར་འཇུག་པར་བྱའོ། །དེ་ལྟར་ན་རྗེས་སུ་དཔག་པ་ཡང་ཉེས་པ་མེད་པ་མ་ཡིན་ཏེ། སྒྲ་དག་ནི་དོན་རྣམས་ལ་མེད་ན་མི་འབྱུང་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཟིན་ཏོ། །སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ། །ཇི་བཞིན་དོན་དུ་གཞན་གྱིས་ཤེས། །དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི་སྐྱེས་བུ་ཉེས་པ་ཟད་པ་སྟེ། དེས་བྱས་པ་ནི་མི་སླུ་བ་ཞེས་བྱའོ་ཞེས་བྱ་བ་ནི་གཞན་དག་གིའོ། །གལ་ཏེ་ཕུལ་དུ་བྱུང་བ་སྟེ། །ཤེས་པར་ནུས་ན་དོན་འདི་འདོད། །རྟོག་པ་སྔོན་དུ་གཏོང་བ་འཇུག་པར་འདོད་པ་ཅན་ཐམས་ཅད་ནི་ལུང་ངམ་ལུང་མ་ཡིན་པ་ཚོལ་བར་བྱེད་ཀྱི་ཕོངས་པས་ནི་མ་ཡིན་ནོ། །ཇི་ལྟར་ཡང་འདི་ལས་ནན་ཏན་དུ་བྱས་ཤིང་ཤེས་ནས་འཇུག་པ་ན་དོན་དང་ལྡན་པར་འགྱུར་བ་དེ་ལྟར་མཐོང་བར་ནུས་པ་ཅན་ལ་སླུ་བ་མེད་པའི་རྐྱེན་གྱིས་དེ་གཞན་དག་ལ་ཡང་འཇུག་པར་འགྱུར་ཏེ། འཇིག་རྟེན་གྱི་ཐ་སྙད་ནི་དེ་ལྟར་ཕལ་ཆེ་བ་ཅན་ཉིད་ཀྱི་ཕྱིར་རོ། །སྐྱེས་བུ་ཡོངས་སུ་བརྟགས་ནས་འཇུག་པ་ན་མི་འཇུག་པ་ཁོ་ན་


DTG174_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །མི་འདོད་པའི་ཕྱིར་ནི་མ་ཡིན་ཏེ། དེ་འདྲ་བ་ནི་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །འདི་ལྟར། ཚད་མ་རྣམས་ནི་རྙེད་དགའི་ཕྱིར། །འདི་ནི་འདི་ལྟའམ་མིན་ནོ་ཞེས། །གཞན་ཉེས་པའམ་ཉེས་མེད་ཀྱང༌། རྟོགས་དཀའ་ཞེས་ཅི་གཞན་གྱིས་ཤེས། །སྐྱེས་བུ་དག་སེམས་ལས་བྱུང་བའི་ཡོན་ཏན་དང་སྐྱོན་དག་ལས་ཡང་དག་པ་དང་ལྡོག་པར་འཇུག་པ་ཅན་ཡིན་ན་དེ་ཡང་དབང་པོ་ལས་འདས་པ་དག་ཡིན་ཏེ། རང་ལས་བྱུང་བའི་ལུས་དང་ངག་གི་བྱ་བ་དང་སྨྲ་བས་རྗེས་སུ་དཔག་པར་བྱ་བ་དག་ཡིན་ན། ཐ་སྙད་ཀྱང་ཕལ་ཆེར་བློ་སྔོན་དུ་གཏོང་བས་རྣམ་པ་གཞན་དུ་ཡང་བྱ་བར་ནུས་ཏེ། སྐྱེས་བུའི་འདོད་པའི་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར་དང༌། དེ་དག་ཀྱང་བསམ་པ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ནི་གཏན་ཚིགས་ཚོལ་བའི་ཕྱིར་ངེས་པ་མེད་པ་ཡིན་ན་ཇི་ལྟར་རྟོགས་པར་འགྱུར། ཅི་སྟེ་གང་ཉེས་པ་མེད་པ་དེ་འདྲ་བའི་སྐྱེས་བུ་ཅི་ཡོད་པ་མ་ཡིན་ནམ་ཞེ་ན། འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་གྱུར་པས། །ལ་ལར་ཟག་པ་ཟད་པར་འགྱུར། །ཟག་པ་ཟད་པ་དེ་ཡང་ཤེས་པར་དཀའ་བ་ཡིན་ནོ། །ཉེས་པ་འདི་ནི་འགྲིབ་པ་དང་ཕུལ་དུ་བྱུང་བའི་ཆོས་ཅན་གྱི་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པ་ཁྱད་པར་དུ་བྱེད་པ་དང་མི་ལ་སོགས་པ་དང་འདྲ་བར་སྒྲུབ་པར་བྱེད་དོ། ། དེ་དག་ནི་རྣམ་པར་རྟོག་པ་ལས་འབྱུང་བ་ཅན་དག་ཡིན་ཏེ། ཉེ་བར་ལེན་པ་དག་ཡིན་ན་ཡང་ཡིད་ཀྱི་ཡོན་ཏན་འགའ་ཞིག་གོམས་པ་ལས་ཁྱད་པར་དུ་འགྱུར་བ་མེད་པ་དང༌། དེ་གསལ་བ་ན་མེ་ལ་སོགས་པ་དང་འདྲ་བར་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་འཇིག་པའི་ཆོས་ཅན་དུ་འགྱུར་རོ། །དེ་བས་མཉེས་པར་མེད་པར་ཡང་འགྱུར་རོ། །ཉེས་པ་མེད་པ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཡིན། འདི་ལྟར་ཉེས་པའི་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་དུ་འགྱུར་བ་ཉིད་ཡོད་ན་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་ཉེས་པ་ཡང་འབྱུང་བ་ཡིན་ཏེ། ཉེས་པའི་བདག་ཉིད་དུ་གྱུར་པའི་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འདྲའོ་ཞེ་ན། བམ་པོ་བདུན་པ། ཉེས་


DTG174_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་མེད་དེ་འདི་ལྟར། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །རང་བཞིན་དུ་འབད་རྩོལ་མེད་པར་བཟློག་པར་ནུས་པ་མ་ཡིན་ཏེ། གཙང་སྦྲ་ཅན་ལ་ཐོད་པ་ཅན་ལ་འདོད་པ་དང་འདྲའོ། །འབད་རྩོལ་ཡང་ཐོབ་པ་དང་ལྡོག་པའི་རང་བཞིན་དག་ནི་ཡོན་ཏན་སྐྱོན་མཐོང་བས་བྱས་པ་ཡིན་ན། དེ་ཡང་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་ཅན་དུ་འགྱུར་བའི་སྐྱེས་བུའི་སྐྱོན་དག་ལ་ཡོད་པ་མ་ཡིན་ཏེ། དེ་ནི་ཉེ་བར་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཉེས་པ་མ་ལུས་པ་སྤངས་པའི་ཕྱིར་དང༌། ཀུན་ནས་དཀྲིས་པ་དང་སྐྱེ་བ་ལ་རག་ལུས་པའི་སྡུག་བསྔལ་དང་བྲལ་བའི་ཕྱིར་དང༌། རབ་ཏུ་ཞི་བའི་བདེ་བའི་ཕྱིར་དང༌། སྐྱོ་བ་མེད་པའི་ཕྱིར་རོ། །ཡང་དག་པའི་དོན་ཅན་མ་ཡིན་པ་ཉེ་བར་ལེན་པའི་སྟོབས་ལས་བྱུང་བ་ཅན་ཡང་རྒྱུད་ལས་རྣམ་པར་བཟློག་པ་བཟུང་བའི་ཕྱིར་མི་འགྱུར་རོ། །ཡང་དག་པའི་དོན་ཅན་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །ཉེས་པ་ཡང་དག་པའི་དོན་མ་ཡིན་པ་ཅན་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་དུ་གྱུར་པ་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་ཉེས་པ་སྐྱེ་བ་མ་ཡིན་ཏེ། འབད་རྩོལ་ཡོད་ན་ཡང་རྟོག་པ་དང་ལྡན་པའི་བློ་དང་བཞིན་དག་ནི་ཡོན་ཏན་སྐྱོན་མཐོང་བས་བྱས་པ་ཡིན་ན། དེ་ཡང་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་ཅན་དུ་འགྱུར་བའི་སྐྱེས་བུའི་སྐྱོན་དག་ལ་ཡོད་པ་མ་ཡིན་ཏེ། དེ་ནི་ཉེ་བར་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེ་བ་ཡིན། །དེ་མི་རིགས་དེ་དེར་ཆགས་པ། །དེ་ལས་ཞེས་དང་ལ་སོགས་འབྱུང༌། །ང་མ་ཡིན་ངའི་མ་ཡིན་ཞེས་ལྟ་བའི་ཡོངས་སུ་འཛིན་པ་མེད་པར་འགའ་ཞིག་ལ་ཡང་ཆགས་པ་མེད་ཆིང༌། རྗེས་སུ་ཆགས་པ་མེད་པར་འགའ་ཞིག་ལ་ཞེ་སྡང་མེད་དེ། བདག་མེད་པ་བདག་གི་ལ་ཉེ་བར་གནོད་པ་མེད་པ་ཅན་དང༌། ཉེ་བར་གནོད་པ་འཇོམས་པར་བྱེད་པ་ལ་དེ་མེད་པའི་ཕྱིར་རོ། །དེ་བས་ན་རིགས་མཚུངས་པ་གོམས་པ་ལས་སྐྱེ་བའི་བདག་ཏུ་ལྟ་བས་བདག་གིར་འཛིན་པ་སྐྱེ་བར་བྱེད་དོ། །དེ་དག་གིས་ཀྱང་དེ་ལ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྐྱེད་པར་


DTG174_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར། ཉེས་པ་ཐམས་ཅད་ནི་འཇིག་ཚོགས་སུ་ལྟ་བ་ལས་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱང་མི་ཤེས་པས་མ་རིག་པ་ཞེས་བྱ་སྟེ། དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །གཞན་ཡང་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤངས་ཕྱིར་རོ། །གཏི་མུག་ནི་ཉེས་པའི་རྒྱུ་ཡིན་པར་གསུངས་ཏེ། རྨོངས་པ་མེད་པ་ལ་ཉེས་པ་དག་མི་སྐྱེ་བའི་ཕྱིར་རོ། །གཞན་དག་ཏུ་ནི་འཇིག་ཚོགས་སུ་ལྟ་བ་ཡང་ཡིན་ནོ། །དེ་དང་དེ་ནི་གཙོ་བོ་བསྟན་པ་ཡིན་ན་འགྱུར་ཏེ། དུ་མ་ལས་སྐྱེ་བ་ཅན་གྱི་ཉེས་པ་དག་ནི་གཅིག་ལས་སྐྱེ་བ་འགའ་བའི་ཕྱིར་རོ། །གཉི་ག་གཙོ་བོ་ཡིན་ན་ནི་རེ་རེ་བསྟན་པས་མཛེས་པ་ལ་བརྟེན་པ་མ་ཡིན་ནོ། །རྣམ་པ་གཉི་ག་ཡང་གཅིག་ཏུ་བསྟན་པ་ན་འགལ་བ་མེད་དོ། །གཙོ་བོ་ཡང་དེ་དག་གི་ཉེ་བར་ལེན་པ་ཉིད་ཀྱིས་ཡིན་ཏེ། དེ་སྤངས་པ་ན་ཉེས་པ་དག་སྤངས་པའི་ཕྱིར་རོ། །དེ་བས་ན་འཇིག་ཚོགས་སུ་ལྟ་བ་ལས་སྐྱེ་བ་ཅན་གྱི་ཉེས་པ་རྣམས་ནི་དེའི་གཉེན་པོའི་ཕྱོགས་བདག་མེད་པ་མཐོང་བ་གོམས་པ་ལས་སྤངས་པ་ཡོད་པར་འགྱུར་རོ། །ཉེས་པ་ཟད་པ་ཅན་རྟོགས་དཀའ་བ་དེ་ཡང་གང་གིས་བསྟན་པ་ལས་འདིས་རྟོགས་པར་འགྱུར་རོ། །སྐྱེས་བུ་ལ་བརྟེན་པ་ཅན་གྱི་ཚིག་ནི་ལུང་མ་ཡིན་ཏེ། བྱེད་པ་པོ་རྟོགས་དཀའ་བ་ཉིད་ཀྱི་ཕྱིར་རོ། །ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་རྗོད་པར་བྱེད། །ལུང་ཐམས་ཅད་ནི་འཁྲུལ་བར་སྲིད་པ་མ་ཡིན་ཏེ། འཁྲུལ་བའི་རྒྱུ་ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་བྱ་བ་ནི་གཞན་དག་གི་ཡིན་ཏེ། རྒྱུ་མེད་པས་ན་འབྲས་བུ་མེད་པ་གྲུབ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་སྨྲ་བ་དེ་ཉིད་ལ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར། སྐྱེས་བུས་མ་བྱས་ལོག་པའི་དོན། །ཅི་མིན་ཞེས་ནི་གཞན་དག་བརྗོད། །ཇི་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་བརྫུན་དུ་སྨྲ་བ་མཐོང་བ་དེ་ལྟར། བརྩེ་བའི་ཆོས་ཉིད་ལ་སོགས་པ་དང་ལྡན་པ་བདེན་པར་སྨྲ་བ་ཡིན་ནོ། །དེ་བས་ན་ཇི་ལྟར་ཚིག་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱི་ཕྱིར་ལོག་པའི་དོན་ཡིན་པ་དེ་ལྟར་བདེན་པའི་དོན་ཡང་ཡིན་པའི་ཕྱིར། དེ་


DTG174_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ན་དེ་ཡང་ལོག་པ་དེ་ལྟར་ན་མེད་པའམ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སྒྲ་རྣམས་ནི་ངོ་བོ་ཉིད་ཀྱི་དོན་དང་ལྡན་པ་མ་ཡིན་གྱི་བརྡ་ལས་ཡིན་ཏེ། དེ་ལས་དོན་རྟོགས་པའི་ཕྱིར་ལུས་ཀྱི་བརྡས་ལ་སོགས་པ་ལྟ་བུའོ། །རྗེས་སུ་མཐུན་པར་རུང་བ་ཉིད་ཡིན་ཏེ། བརྡའི་ཚེ་དེའི་འདོད་པ་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །ངོ་བོ་ཉིད་ཀྱི་གྲུབ་པ་དག་ལ་ནི་འདོད་པའི་དབང་གིས་བསྟན་པ་མི་རུང་བའི་ཕྱིར་རོ། །དེ་དག་དོན་མེད་པ་ཅན་ཡིན་པས་སྐྱེས་བུས་ལེགས་པར་བྱས་པ་ལས་དོན་དང་ལྡན་པར་འགྱུར། དེ་དག་ཀྱང་དེ་དག་གིས་ལེགས་པར་བྱ་བ་ཁོ་ན་སྐྱེས་བུས་བྱས་པ་ཅན་ཁོ་ན་ཉིད་དུ་རིགས་ཀྱི་སྐྱེས་པ་ནི་མ་ཡིན་ནོ། །དེ་ཉིད་ལས་དོན་ལ་འཁྲུལ་བའི་ཕྱིར་རོ། །སྐྱེས་པ་ཡང་རྣམ་པ་གཞན་དུ་བརྡར་བྱས་པ་ཡང་དེ་ལས་གཞན་པའི་སྐྱེས་བུའི་ཆོས་དང་འདྲ་བར་འགལ་བ་མེད་པ་ཅན་ཡིན་ནོ། །དེ་བས་ན་འདི་ལོག་པས་རང་གིས་བྱས་པའི་བརྡ་ལས་བྱུང་བ་ཅན་གྱི་དོན་གྱི་བློ་དག་ལོག་པར་འགྱུར་རོ། །དེ་བས་ན་དེ་ལོག་པར་གང་ལས་བདེན་པའི་དོན་ཅན་ཉིད་ཡིན། ཅི་སྟེ་ཡང་སྐྱེས་པ་ཁོ་ན་སྐྱེས་བུས་བྱས་པ་ཉིད་ཡིན་གྱི་བརྡར་བྱས་པ་མ་ཡིན་ན། དོན་ཤེས་བྱས་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པས། །ཚིག་རྣམས་སྐྱེས་བུས་བྱས་མིན་ཡང༌། །དེ་ཕྱིར་ལོག་པ་ཉིད་དུ་སྲིད། །འདི་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ཀྱིས་ཅི་ཞིག་བྱ། །བརྡ་གང་ལས་དོན་རྟོགས་པར་འགྱུར་བ་དེ་སྐྱེས་བུས་མ་བྱས་པ་དེ་ནི་ཕྱིན་ཅི་ལོག་ཏུ་ཡང་འགྱུར་རོ། །བརྡ་རྣམ་པ་གཞན་གྱིས་ཚུལ་ཁྲིམས་སྒྲུབ་པར་བྱེད་པ་ཅན་གྱི་མཐོ་རིས་ཀྱི་ཚིག་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་བས་ན་དོན་ཇི་ལྟ་བ་བཞིན་མ་ཡིན་ཡང་སྟོན་པར་བྱེད་པ་སྲིད་པའི་ཕྱིར་དེ་ཉིད་སྐྱོན་ཡིན་ནོ། །འབྲེལ་པ་སྐྱེས་བུས་བྱས་མིན་ན། །བརྡ་རིག་མེད་པར་རྟོགས་པར་འགྱུར། །དེ་ལྟར་ནི་འགྱུར་ན་སྒྲ་འབྲེལ་བ་མ་བྱས་པ་ཅན་དེ་དག་ནི་དོན་རྣམས་ལ་སྐྱེས་བུ་དག་གིས། རྣམ་པ་གཞན་དུ་ཕྱིན་ཅི་ལོག་པར་འགྱུར་བ་མ་ཡིན་པ་དེ་བས་ན་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། ད་ནི་བརྡ་ཅི་ཞིག་བྱ་སྟེ། གང་ལས་དོན་རྟོགས་པ་དེ་ནི་འབྲེལ་པ་ཡིན་ནོ། །གལ་ཏེ་དེ་སྐྱེས་བུས་མ་བྱས་པ་ཡིན་ན་འདི་ནི་བརྡ་ལས་ལྟོས་པ་མེད་པ་ཉིད་ཡིན་ནོ། །རྟོགས་པ་ལ་བརྟེན་པ་མ་ཡིན་ན་ཇི་ལྟར་ན་འབྲེལ་པ་ཡིན་ན།


DTG174_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བརྡས་དེ་དག་ནི་གསལ་ཡིན་ན། །རྟོགས་པ་གཞན་དག་དོན་མེད་འགྱུར། །འབྲེལ་པ་ཡོད་ན་ཡང་གསལ་བ་མེད་ན་རྟོགས་པའི་རྒྱུ་མ་ཡིན་ནོ། །བརྡས་ཀྱང་འདི་གསལ་བར་བྱེད་པ་ཡིན་ནོ། །འོན་ཏེ་གྲུབ་པ་ལ་ཉེ་བར་གནས་པ་ཅན་རྒྱུ་མ་ཡིན་པས་ཅི་ཞིག་བྱ། འབྲེལ་བའི་བྱ་བ་ནི་གང་དོན་རྟོགས་པ་སྐྱེད་པར་བྱེད་པ་དེ་ཙམ་མ་ཡིན་ནམ། དེ་ནི་བརྡ་ཉིད་ཀྱིས་བྱས་ཟིན་ཏོ། །གལ་ཏེ་རུང་བ་མ་ཡིན་པའི་བརྡས་ནུས་པ་མ་ཡིན་པའི་ཕྱིར་རུང་བ་ཉིད་འབྲེལ་པ་ཡིན་ནོ་ཞ་ན། དེ་བས་ན་ཅི་སྒྲ་འབྲེལ་བ་ཡིན་པར་བྱ་སྟེ། རྒྱུ་དང་འབྲས་བུའི་རུང་བ་ཉིད་དང་འདྲ་བར་སྒྲའི་ནུས་པའི་ངོ་བོ་རུང་བ་ཉིད་ཡིན་ནོ། །གལ་ཏེ་དོན་གཞན་ཡིན་ན་སྒྲའི་ཞེས་བྱ་བའི་འབྲེལ་བ་བརྗོད་པས་ཅི་ཞིག་བྱ། །གལ་ཏེ་རུང་བ་ཉིད་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་རྟག་པ་ཉིད་ནི་ཕུལ་དུ་བྱུང་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཡང་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར། ཕན་འདོགས་པ་མ་གྲུབ་པའི་ཕྱིར་རོ། །རུང་བ་ཉིད་ཀྱང་དོན་ལ་ངོ་བོ་ཉིད་ཀྱིས་རུང་བ་ཉིད་དུ་ཅིའི་ཕྱིར་མི་འདོད། །འོན་ཏེ་བརྡ་ནི་ཇི་ལྟར་སྒྲ་དང་དོན་དག་གི་འབྲེལ་བ་ཡིན་ཏེ། སྐྱེས་བུ་རྣམས་ལ་འཇུག་པའི་ཕྱིར་རོ། །མ་འདྲེས་པ་རྣམས་དང་གྲུབ་པ་རྣམས་ལ་ནི་འབྲེལ་བ་གང་ཡང་ཡོད་པ་མ་ཡིན་ཏེ། ཐ་དང་པ་ཐལ་བར་འགྱུར་བའི་ཕྱིར་དང་ལྟོས་པ་མེད་པའི་ཕྱིར་རོ། །དོན་གྱི་ཁྱད་པར་བརྗོད་པར་འདོད་པ་འཕངས་པའི་ཚིག་གིས་འདི་ལས་འདི་ཞེས་ཤེས་པའི་རང་གི་རྒྱུ་ལ་སྣང་བའི་དོན་རྟེན་པར་བྱེད་པའི་ཕྱིར། བློའི་ངོ་བོ་དང་ངག་གི་རྣམ་པར་རིག་བྱེད་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོའི་འབྲེལ་བ་ཡིན་པ་དེ་བས་ན་སྒྲ་ལས་རྟོགས་པ་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་གསལ་བར་བྱེད་པ་ནི་བརྡ་ཡིན་ཏེ། དེ་ལས་ཤེས་པར་བྱེད་པའི་འབྲེལ་བ་གྲུབ་པའི་ཕྱིར་དང༌། འབྲེལ་བ་གསལ་བར་བྱེད་པའི་ཕྱིར། དེ་ཉིད་ནི་འབྲེལ་བ་མ་ཡིན་ནོ། །གཞན་ཉིད་འབྲེལ་བ་རྟག་པ་ཡིན་པར་ནི་བླ་སྟེ། དེས་ན། ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ། །འབྲེལ་བ་དེས་འབྲེལ་བ་མེད་པའི་དོན་རྟོགས་པར་རིགས་པ་མ་ཡིན་ཏེ། དེ་ནི་དོན་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདོད་པའི་དབང་གིས་བརྡར་བྱས་པ་ཅན་ཐམས་ཅད་ཀྱི་ཐམས་ཅད་གསལ་བར་བྱེད་པ་ཡང་མཐོང་ངོ༌། །དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་སྲིད། །ཅི་སྟེ་མཐོང་བ་


DTG174_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བར་མ་གྱུར་ཅིག་སྙམ་པས་ཐམས་ཅད་ཐམས་ཅད་ཀྱི་རྗོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་ཐམས་ཅད་ཀྱི་སྒྲུབ་པར་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ནི་འཆོལ་བ་མེད་པའི་ཕྱིར་རོ། །དེ་ལས་སོ་སོར་ངེས་པར་བྱེད་པ་སྒྲུབ་པ་ཅན་གྱི་མངོན་པར་འདོད་པའི་དོན་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་ཐུན་མོང་གི་སྒྲ་ནི་འདོད་པའི་དོན་གསལ་བར་བྱེད་པས་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན། དེ་མ་ངེས་པ་སྐྱེས་བུ་ལས་མཐོང་བར་འགྱུར་བ་དེའི་ཚེ། སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཀུན་ཏུ་རྟོག་པའང་དོན་མེད་འགྱུར། ཇི་ལྟར་ཡང་དོན་མ་འཚོལ་བ་རྟོགས་པའི་ཕྱིར་སྐྱེས་བུ་རྒྱུར་འཆོལ་བ་གསལ་བ་ཡིན་ནོ། །དེ་ལ་སྐྱེས་བུ་རྣམས་ཀྱི་ཅི་འདྲ་བ་དག་འགའ་ཞིག་ལ་རབ་ཏུ་སྦྱོར་བ་འཆོལ་བར་འགྱུར་རོ། །དེ་འདྲ་བ་ཉིད་ཐམས་ཅད་དང་ཐུན་མོང་དུ་གྱུར་པ་ཡོད་ན། འགའ་ཞིག་ལ་དེ་རྣམས་ཀྱིས་ངེས་པར་བྱས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་པའི་ངོ་བོ་ཉིད་ཀྱིས་ངེས་པ་ཡིན་ནོ་ཞེ་ན། བསྟན་པ་ལ་རག་ལས་པ་མེད་པར་འགྱུར་པ་དང༌། བརྡ་རྣམ་པ་གཞན་གྱིས་སྟོན་པར་མི་འགྱུར་པ་དང༌། འཆད་པའི་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པར་རྟོག་པར་ནུས་པ་ཅན་ཡོད་ན་སྟོན་པའི་འདོད་པ་ལ་མི་སླུ་བ་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ནི་དོན་མེད་པ་ཅན་ཉིད་དུ་འགྱུར་རོ། །ཐ་དད་རྣམས་ཀྱི་འབྲེལ་པ་ཡང༌། །རྣམ་པར་གཞག་ཕྱིར་གཏན་ཚིགས་བརྗོད། །ཕྱི་རོལ་གྱི་དོན་ནི་སྒྲའི་ངོ་བོ་མ་ཡིན་ཞིང༌། །སྒྲ་ནི་དོན་རྣམས་ཀྱི་མ་ཡིན་ཏེ། ཐ་དད་པ་མེད་པའི་བདག་ཉིད་གང་གིས་གནས་སྐབས་ཐ་དད་པ་ཡང་བྱས་པ་དང་མི་རྟག་པ་དང་འདྲ་བ་མེད་ན་མི་འབྱུང་བ་ཉིད་དུ་འགྱུར་རོ། །སྒྲ་དེ་དག་ཀྱང་བརྗོད་པར་འདོད་པ་ལས་སྐྱེ་བ་ཅན་ནམ། སྐྱེ་བ་མེད་པ་ཅན་བརྗོད་པར་འདོད་པས་གསལ་བར་བྱ་བ་དག་མ་ཡིན་ཞིང་དོན་ལ་རག་ལས་པ་མ་ཡིན་ནོ། ། དེ་བས་ན་དེ་ལ་སོ་སོར་ངེས་པར་བསྒྲུབ་པར་བྱ་བ་དེའི་རྗེས་སུ་འགྲོ་བ་ཇི་ལྟར་སྒྲུབ་པར་བྱེད་པར་འགྱུར་ཏེ། རག་ལས་པ་མེད་པ་དེའི་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །སྐྱེས་བུས་ལེགས་པར་མ་བྱས་པས། །རྣམ་པ་ཀུན་དུ་དོན་མེད་པར་འགྱུར། །ལེགས་བྱས་ཁས་ལེན་ན་འདི་ཡི། །དངོས་སུ་གླང་པོ་


DTG174_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་འདྲར་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་ཡང་སྒྲ་དང་དོན་དག་གི་འབྲེལ་པ་རྟག་པའམ་མི་རྟག་པར་འགྱུར། གལ་ཏེ་མི་རྟག་པ་སྐྱེས་བུས་འདོད་པས་འཇུག་པ་ཅན་ནམ། མི་འཇུག་པ་ཅན་ཡིན་གྲང་ན། སྐྱེས་བུ་ལ་རག་ལས་པ་ཉིད་མ་ཡིན་ན་སྐྱེས་བུའི་བསམ་པ་ཇི་ལྟ་བ་བཞིན་དུ་ཡུལ་ལ་སོགས་པར་གྱུར་པ་དེར་སྟོན་པར་མི་འགྱུར་ཏེ། འདོད་པ་ལ་རག་ལུས་པ་མེད་པ་ཡང་རི་བོ་ལ་སོགས་པ་དང་འདྲ་བར་འགའ་ཞིག་ཏུ་ཡང་མི་རུང་བའི་ཕྱིར་རོ། །འདི་ཉིད་ནི་རྟག་པ་ཉིད་ལ་ཡང་སྐྱོན་ཡིན་ཏེ། དེའི་རྟག་པ་ངོ་བོ་གཞན་དུ་གྱུར་པ་མི་རུང་བའི་ཕྱིར་རོ། །གནས་སྐབས་ཐམས་ཅད་ལ་ཡང་མཚུངས་པ་ཡིན་ཏེ། འདོད་པ་ལ་སོ་སོར་ངེས་པ་མེད་པའི་ཕྱིར་རོ། །དེ་ལས་ཁྱད་པར་རྟོགས་པ་མི་འགྱུར་བའི་ཕྱིར། སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །འདོད་པས་འཇུག་པ་ཡིན་ན་ཡང༌། །སྐྱེས་བུས་བྱས་པ་ཉིད་ཡིན་པའི་ཕྱིར་འཁྲུལ་པར་དོགས་པར་འགྱུར་རོ། །གཞན་ཡང༌། འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་པ་ལ་རྟག་ཡོད་མ་ཡིན། །གཞན་ལ། རྟེན་པ་ཅན་འབྲེལ་པ་ཡིན་ན་ནི་རག་ལས་པ་མེད་པ་ལ་དེ་དག་གི་འབྲེལ་པ་ཉིད་མི་རུང་བའི་ཕྱིར་རོ། །རྟེན་དེ་ཡང་མི་རྟག་པ་ཡིན་ཏེ། དེ་ཞིག་ན་འབྲེལ་པ་ཡང་ཞིག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞིག་པར་མི་འགྱུར་རོ། །དེ་བས་ན་རྟག་པ་མ་ཡིན་ནོ། །དེའི་རྟེན་གྱི་དོན་ཡང་བརྗོད་པར་བྱ་སྟེ། རྟག་པ་ལ་ཕན་གདགས་སུ་བྱར་མེད་པ་ཉིད་ཀྱི་ཕྱིར་རོ། །ཕན་འདོགས་པར་མི་བྱེད་པ་ཡང་རྟེན་མ་ཡིན་ནོ། །གལ་ཏེ་རིགས་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། མ་ཡིན་ཏེ། དེ་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བས་དེ་དཔྱད་ཟིན་ཏོ། །ཐམས་ཅད་དུ་ཡང་རིགས་མེད་པའི་ཕྱིར་འདོད་རྒྱལ་ཉིད་གསལ་བར་བརྗོད་པ་རྣམས་ལ་མི་རུང་བ་དང༌། རྣམ་པ་ཐམས་ཅད་དུ་རིགས་བརྗོད་པ་ན་ཁྱད་པར་གཞན་སྤངས་ནས་འཇུག་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་དངོས་པོའི་ཡོད་པ་དང་མེད་པ་ནི་འབྲེལ་པ་ཡིན་ནོ། །དེའི་ཕྱིར་དོན་དང་སྒྲ་ཡི་དེ། །སྐྱེས་བུས་བློ་ཡིས་ལེགས་པར་བྱས། །ཡོད་པ་དང་མེད་པ་དེ་དག་ལ་བརྟེན་ནས་མ་འདྲེས་སུ་ཟིན་ཀྱང་ཐ་སྙད་ལ་གོམས་པ་ལས་སྐྱེས་བུ་ལ་འདྲེས་པར་


DTG174_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཕྱིར། དངོས་པོ་རྣམས་ཀྱི་འདྲེས་པ་ནི་སྐྱེས་བུས་བྱས་པ་ཡིན་ནོ། །གཞན་ཡང་རྟེན་ཞིག་པ་ལ་འབྲེལ་པ་ཞིག་པར་འགྱུར་ན། སྒྲ་དེ་ཡང་སྔ་ན་མེད་པ་དང་འབྲེལ་པ་མ་ཡིན་ཏེ། འབྲེལ་པ་ཅན་ཉིད་མེད་པའི་ཕྱིར་དང༌། སྐྱེས་ཤིང་འགྱུར་བའི་དངོས་པོ་འབྲེལ་པ་ཅན་མ་ཡིན་པ་རྣམས་ནི་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ཏེ། འབྲེལ་པ་གནས་པ་མེད་པའི་ཕྱིར་རོ། །དེ་ལ་ཡང་དོན་དང་ལྷན་ཅིག་སྐྱེས་པ་མ་རྟོགས་པར་གྱུར་ན། སྒྲ་རྣམས་ལ་ནི་རང་བཞིན་དག །རྣམ་པར་བཟློག་པ་མི་རིགས་སོ། །ཅི་སྟེ་འབྲེལ་པ་ཞིག་པ་དོན་གཞན་ལ་མེད་པའམ། དོན་རྣམས་བརྗོད་པར་བྱ་བ་མ་ཡིན་པར་མ་གྱུར་ཅིག་སྙམ་པས། གལ་ཏེ་སྐྱེས་ཤིང་བྱུང་བའི་དོན་འབྲེལ་པ་དང་ལྡན་པ་སྐྱེ་བར་འགྱུར་ན། འབྲེལ་པ་དེ་སྐྱེས་སུ་ཟིན་ཀྱང་སྒྲ་ལ་མི་འགྱུར་ཏེ། དེ་དང་འབྲེལ་པ་མེད་པ་ཅན་གྱི་རང་བཞིན་ནི་རང་བཞིན་བཟློག་པ་མེད་པར་དེའི་ངོ་བོ་མི་རུང་བའི་ཕྱིར་དང༌། དོན་དང་ལྷན་ཅིག་སྐྱེས་པ་གཞན་ལས་གྲུབ་པ་ཡང་སྒྲ་ཕན་འདོགས་པ་མེད་པ་ལ་མི་བརྟེན་པའི་ཕྱིར་རོ། །དེ་ཡང་དེ་སྐྱེད་པར་བྱེད་པའི་ལྷན་ཅིག་བྱེད་པ་ཉིད་ཡིན་ན་ནུས་པ་ནི་རྟག་ཏུ་བསྐྱེད་པར་ཐལ་བར་འགྱུར་ཏེ། ལྟོས་པ་མེད་པའི་ཕྱིར་ཏེ། རྟག་པ་ལ་ཕན་གདགས་སུ་མེད་པའི་ཕྱིར་རོ། །ནུས་པ་མེད་པ་ཡིན་ན་ཡང་ཕྱིས་ཀྱང་ནུས་པ་མ་ཡིན་ཏེ། རང་བཞིན་མི་འདོར་བའི་ཕྱིར་རོ། །རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །དངོས་པོ་འདྲེས་པ་ལྟོས་པ་ཅན་ནི་མ་ཡིན་གྱི་སྐྱེས་བུ་གོམས་པ་སྣང་བ་ཅན་དེ་ལ་ལྟོས་པའི་མཚན་ཉིད་ཅན་ནི་འབྲེལ་པ་ཡིན་ཏེ། དེས་རྟག་ཏུ་ཟིན་ཀྱང་རང་བཞིན་གཞན་དུ་བསྒྱུར་བ་མེད་པར་འགའ་ཞིག་ལས་རང་ཉིད་ཀྱིས་དཔྱད་ནས་སྦྱོར་བར་བྱེད་པའི་ཕྱིར། དེ་དག་ཀྱང་དེ་བཞིན་འགྱུར་ན་ཡང་འཇིག་པའི་ཆོས་ཅན་མ་ཡིན་ནོ། །རྟེན་ཞིག་པས་བརྟེན་པ་འབྲེལ་པ་ཞིག་པའི་ཕྱིར་དེ་མི་རྟག་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ། གལ་ཏེ་རྟེན་ནི་འཇིག་ན་ཡང༌། །འཇིག་མིན་རྟག་ཕྱིར་རིགས་དང་འདྲ། །རྟག་རྣམས་ལ་བརྟེན་ནུས་པ་གང༌། །གང་གིས་བརྟེན་ཏེ་འདོད་པ་ཡིན། །འདི་སྐད་དུ་རིགས་བརྟེན་པ་ནི་རྟག་པ་ཡིན་ན་རྟེན་དང་ལྷན་ཅིག་འཇིག་པ་ཡང་མ་ཡིན་ནོ་ཞེས་ཐོས་མོད་ཀྱི། འོན་ཀྱང་རྟག་པ་རྣམས་ལ་རྟེན་གྱི་ནུས་པ་མ་མཐོང་ན་གང་གིས་


DTG174_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདིའི་རྟེན་ཡིན་ཏེ། བྱས་པ་ལ་བྱེད་པ་མེད་པའི་ཕྱིར་དང༌། བྱེད་པ་པོ་མ་ཡིན་པ་ལ་ཡང་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རིགས་དང་འབྲེལ་པ་ནི་བརྟེན་ནས་གསལ་བར་ཕན་འདོགས་པ་ཡིན་པ་དེས་ན་རྟེན་ཞེས་བྱའོ་ཞེ་ན། ཤེས་པ་སྐྱེད་བྱེད་ལྷན་ཅིག་བྱེད། །རྒྱུ་རྣམས་ཚོགས་པར་གྱུར་པ་ལས། །དེ་བསྐྱེད་པར་ནི་རུད་ཉིད་ཕྱིར། །རིགས་པ་ཤེས་པས་བུམ་སོགས་ཀྱི། །གསལ་བ་བསྐྱེད་པ་ལ་ཡང་འདོད། །ཁྱད་མེད་འགྱུར་བ་མེད་རྣམས་ཀྱི། །གསལ་བྱེད་རང་གི་དོན་ཅི་བྱས། །གང་ཕྱིར་དེ་དག་ངེས་གསལ་འདོད། །ལྷན་ཅིག་བྱེད་པ་སྣང་བ་ཉེ་བར་ལེན་པ་ལ་ལྟོས་པ་ལས་ཤེས་པ་སྐྱེད་པར་བྱེད་པ་སྐད་ཅིག་མ་གཞན་བསྐྱེད་པ་ཁོ་ན་བུམ་པ་ལ་སོགས་པ་རྣམས་མངོན་པར་གསལ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་ལས་ཕན་འདོགས་པ་ལ་ལྟོས་པ་མེད་པ་ཤེས་པ་བསྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ནུས་པ་བྱེད་པ་ཡང་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ནི་དེའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དོན་གཞན་ཉིད་ཡིན་ན་ནི་དངོས་པོ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ནུས་པས་ཀྱང་ཤེས་པ་བསྐྱེད་པའི་ཕྱིར། རྟག་ཏུ་བུམ་པ་ལ་སོགས་པ་མི་འཛིན་པར་འགྱུར་ལ། སྣང་བ་ལ་ལྟོས་པ་མེད་པ་ཅན་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟོས་པ་མེད་པ་ནི་བདག་ཉིད་ལ་ཕན་འདོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་འདི་དག་ནི་རང་གི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར། གཞན་ལ་ལྟོས་པར་གྱུར་པ་ན་དེ་ལས་རང་གི་ངོ་བོ་ཕུལ་དུ་དབྱུང་བ་བདག་གིར་བྱེད་དོ། །དེ་བས་ན་འདིའི་དེ་དག་བསྐྱེད་པར་བྱ་བ་ཡིན་ནོ། །ཤེས་བྱའི་ངོ་བོ་ཐོབ་ནས་ཀྱང་ཤེས་པའི་དབང་གིས་འབྲས་བུའི་ཁྱད་པར་བརྗོད་པའི་སྒྲས་ཁྱད་པར་གསལ་བར་བྱ་བའི་ཕྱིར། གསལ་བར་བརྗོད་དོ། །དེ་ལྟར་རིགས་དང་འབྲེལ་པ་ལ་སོགས་པ་དག་ནི་རྣམ་པ་འགའ་ཞིག་ཀྱང་ཕན་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། ཕན་འདོགས་པར་བྱེད་པ་མ་ཡིན་པས་གསལ་བར་རིགས་པ་མ་ཡིན་ནོ། །འབྲེལ་པ་དངོས་པོ་ཉིད་ཡིན་ནོ། །ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར། །འབྲེལ་པ་དེ་ནི་དངོས་པོར་འགྱུར་ན་ངེས་པར་སྒྲ་དང་དོན་དག་ལས་ཐ་དད་


DTG174_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཐ་དད་པ་མེད་པ་ལས་འདས་པ་མ་ཡིན་ནོ། །ངོ་བོ་དངོས་པོ་ཡིན་ན་ནི་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་ནི་གཞན་ཡིན་ནོ། །ཞེས་བཤད་ཟིན་ཏོ། །དེ་ཡང་མིག་གིས་གཟུང་བར་བྱ་བ་ཡིན་ན་རང་གི་བློ་ལ་དེ་ལས་གཞན་དག་ལས་ངོ་བོ་ཐ་དད་པ་ཅན་སྣང་བ་མེད་ན་ཇི་ལྟར་ན་དེ་ལྟར་འགྱུར་ཏེ། སྣང་བ་ཐ་དད་པ་མེད་པ་དང་མ་མཐོང་བ་དག་ནི་ཐ་དད་པ་དང་ཡོད་པ་ཉིད་བཟློག་པ་དག་གི་རྟེན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་དག་གི་གནས་པ་ནི་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་མི་སྣང་དུ་ཟིན་ཀྱང་དབང་པོ་ལ་སོགས་པ་དང་འདྲ་བར་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལས་མི་རྟོག་པར་ཐལ་བའི་ཕྱིར་དང༌། རབ་ཏུ་མ་གྲུབ་པ་ནི་ཤེས་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཐག་ཉེ་བ་ཙམ་གྱིས་ཤེས་པར་བྱེད་པ་ཉིད་ཡིན་ན་ནི་བློ་མ་བྱང་བ་རྣམས་ཀྱང་འགྱུར་རོ། རྗེས་སུ་དཔག་པ་ལས་རྟོགས་པ་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་དང་དཔེ་མ་གྲུབ་པའི་ཕྱིར་རོ། །དེ་ཡང་དབང་པོ་ལས་འདས་པ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལ་ལྟོས་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་སོགས་པ་དག་ལ་ཡང་མཚུངས་སོ་ཞེ་ན། མ་ཡིན་ཏེ། དེ་དག་ནི་རྣམ་པ་གཞན་གྱིས་རྗེས་སུ་དཔག་པའི་ཕྱིར་རོ། །འགའ་ཞིག་ཡོད་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ཤེས་པས་དེ་ཙམ་ལས་མི་འབྱུང་བ་ཅན་དང༌། དེ་ལས་བཟློག་པ་ལ་ལྟོས་པ་སྒྲུབ་པར་བྱེད་དོ། །དེ་བས་ན་འབྲས་བུའི་སྒོ་ནས་དབང་པོ་གྲུབ་པ་ཡིན་ནོ། །དེ་ལྟར་འབྲེལ་པ་ནི་མ་ཡིན་ཏེ། དེ་མ་གྲུབ་ན་དེའི་འབྲས་བུའི་ཤེས་པ་ཉིད་མེད་པའི་ཕྱིར་རོ། །དེ་ལ་ནི་སྒྲའམ་དོན་གྱི་ངོ་བོ་རྟག་པ་ཡིན་ཏེ། དེ་དག་ནི་ཐམས་ཅད་ལ་རུང་བ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་རྟོགས་པ་ལ་བརྟེན་པ་རྟོགས་པ་མེད་པའི་ཕྱིར་འདི་རྟོགས་པ་མ་ཡིན་ཏེ། འབྲེལ་པའི་ཁྱད་པར་མེད་པར་ནི་དེ་རིགས་པ་མ་ཡིན་པའམ། དེ་རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ན། དེའི་ཁྱད་པར་རྟོགས་པ་ངེས་པ་དང་འདྲ་བར་སྒྲ་རྣམས་ཀྱིས་བསྟན་པ་ཡང་རྒྱུ་མཚན་མེད་པ་ཅན་དུ་ཅིའི་ཕྱིར་མི་འདོད། དེ་བས་ན་འབྲེལ་པ་ཐམས་ཅད་ལ་རྟགས་དེ་དང་འདྲ་བར་ཁྱད་པར་མེད་པར་གོ་བར་འགྱུར་རོ། །དེའི་ཕྱིར་ཁྱད་པར་མེད་པ་ཅན་ཉིད་དུ་ཐམས་ཅད་ཀྱིས་རྟོགས་པར་


DTG174_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བས་ན་འབྲེལ་པ་གྲུབ་པས་དོན་རྟོགས་པའི་ཕྱིར་འགའ་ཞིག་གིས་ཡང་དག་པའི་མན་ངག་ལ་ལྟོས་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པའི་མན་ངག་དང་བཅས་པ་ནི་རྟགས་ཡིན་ནོ་ཞེ་ན། དེ་བས་ན་ད་ནི་བརྒྱུད་པ་འདིས་ཅི་ཞིག་བྱ་སྟེ། ཡང་དག་པའི་མན་ངག་ལ་ལྟོས་པ་དེ་ཉིད་དོན་ཤེས་པར་བྱེད་པ་ཅིའི་ཕྱིར་མི་བྱེད། སྒྲ་དེ་ཡང་གང་ལ་བསམ་པ་ཅན་གྱིས་རབ་ཏུ་སྦྱོར་བར་བྱེད་པ་ནི་མཐོང་གི་གཞན་དུ་ན་ནི་མ་མཐོང་སྟེ། མཐོང་བ་དང་མ་མཐོང་བ་དག་ལས་དུ་བ་ལ་སོགས་པ་དང་འདྲ་བར་དེ་རྟོག་པར་བསྐྱེད་པའི་ཕྱིར། མེད་ན་མི་འབྱུང་བ་ཞེས་བྱ་བ་དེ་ཉིད་འབྲེལ་པ་ཡིན་ནོ། །འདི་ལ་ཡང་གཞན་གྱི་ནུས་པ་མ་མཐོང་ཞིང་གྲུབ་པའི་ཐབས་མ་མཐོང་ངོ༌། །ཅི་སྟེ་ཡང་སྒྲ་དང་དོན་དག་གི་འབྲེལ་པ་ནི་གཞན་ཉིད་མ་ཡིན་ན། དེ་ལས་ཐ་དད་མིན་དེ་ཉིད། །འདི་ལས་གཞན་དངོས་ཡོད་མ་ཡིན། །གནས་སྐབས་གཞན་ནི་ངོ་བོ་ཐ་དད་པའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ཅན་ནི་དེ་ཉིད་ཡིན་པར་འགྱུར་རོ། །སྔར་བཤད་པའི་རྣམ་པས་ཆོས་ཐ་དད་པར་ཡང་འགྱུར་ན། དེ་ཡང་འགལ་བ་མེད་པ་ཁོ་ན་ཡིན་ཏེ། དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །ཐ་དད་པ་དང་ཐ་དད་པ་མེད་པ་མ་གཏོགས་པ་དངོས་པོ་རྣམས་ལ་གཞན་པ་ནི་མེད་དེ། དེའི་ངོ་བོ་ནི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ངོ་བོ་ཡང་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་རོ། །གཞན་ཡང༌། དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་པ་རྟོགས་པས་བྱས་པ་ཡིན། །ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །འདྲེས་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ནི་དངོས་པོ་མ་འདྲེས་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །དེ་དག་གི་འབྲེལ་པ་ནི་དོན་གཞན་ཡང་མ་ཡིན་ཏེ། འདི་ལྟར། ཇི་ལྟར་ཡོད་གཞན་རག་ལུས་པ། །རྫས་ནི་གཞན་གྱི་འབྲེལ་པར་འགྱུར། །ཡོད་པར་གྲུབ་པ་གཞན་ལ་ལྟོས་པར་མི་འགྱུར་ཏེ། ལྟོས་པ་མེད་པར་རང་རྒྱུད་པ་ནི་འབྲེལ་པ་མ་ཡིན་ནོ། །རྫས་ཞེས་བྱ་བ་ནི་རང་བཞིན་བརྗོད་པ་ཡིན་ན་དེ་ཇི་ལྟར་དངོས་པོ་གཞན་ལ་འདྲེས་པར་འགྱུར་ཏེ། རང་བཞིན་གཞན་ཡོད་པ་ཉིད་ཀྱིས་གཞན་དང་འདྲེས་པ་ཞེས་བྱ་བ་མ་ཡིན་ནོ། །གལ་ཏེ་མ་འདྲེས་པ་ཅན་དང་མི་འགྱུར་མོད་ཀྱི་འདྲེས་པ་ཅན་དང་ནི་འགྱུར་རོ་ཞེ་ན། མ་ཡིན་ཏེ། གང་གིས་དེ་དག་ལ་འདྲེས་པར་འགྱུར་པ་དེ་ཉིད་དེ་དག་དང་འདྲེས་པ་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་དོན་དག་དོན་གཞན་


DTG174_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲེས་པར་འགྱུར་བ་འདི་ནི་ཤིན་ཏུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང༌། ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཚིག་སོགས་ཀུན་བརྟགས་དངོས་མེད་ལ། །ཇི་ལྟར་དོན་དམ་པ་འབྲེལ་པ། །འདི་ནི་གནས་པར་འགྱུར་བ་ཡིན། །རྗོད་པར་བྱེད་པ་ནི་ཚིག་ཡན་ལག་གིས་དེ་དང་ལྡན་པར་འགྱུར་ན། ཡི་གེ་དག་ཡོད་དུ་ཟིན་ཀྱང་རྗོད་པར་བྱེད་པ་ཡིན་ནོ། །དེ་བས་ན་དེ་དག་ལ་བརྗོད་པར་བྱེད་པ་ཡིན་ནོ། །དེ་བས་ན་དེ་དག་ལ་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་དག་ལ་གནས་ན་རང་གི་ངོ་བོ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། གལ་ཏེ་བཀོད་པའི་ཁྱད་པར་གྱིས་ཡི་གེ་ཉིད་རྗོད་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བཀོད་པ་ནི་དོན་གཞན་མ་ཡིན་པ་ཉིད་ཀྱིས་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ངོ་བོ་ཅན་ནི་བཀོད་པ་གཞན་ལ་ཡང་ཁྱད་པར་མེད་པའི་ཕྱིར་རྟོགས་པ་མཚུངས་པར་འགྱུར་རོ། །བཀོད་པ་དོན་གཞན་ཉིད་ཡིན་ན་ཡང་འོག་ནས་འགོག་པར་འགྱུར་རོ། །དེ་བས་ན་ཡི་གེ་རྣམས་རྗོད་པར་བྱེད་པ་ཉིད་མ་ཡིན་ན་ཚིག་ལ་སོགས་པ་རྗོད་པར་བྱེད་པར་འགྱུར་སྙམ་ན། དེ་ཅིར་ཡང་མི་རུང་སྟེ། ཐ་དད་པ་དང་ཐ་དད་པ་མེད་པ་ནི་འགལ་བའི་ཕྱིར་རོ། །དེ་བས་ན་དབང་པོའི་རྣམ་པར་ཤེས་པ་ཁྱད་པར་ཅན་གྱི་རྗེས་སུ་འཇུག་པའི་རིགས་མཐུན་པའི་བག་ཆགས་ཀྱི་ཉེ་བར་ལེན་པ་ཅན་གྱི་རྣམ་པར་རྟོག་པ་ལ་སྣང་བ་ཅན་གྱི་ཚིག་དང་ངག་ནི་འཁྲུལ་པ་ཡིན་ནོ། །གཅིག་ཏུ་སྣང་བ་ཅན་ནི་ལོག་པ་ཁོ་ན་ཡིན་ཏེ། གཅིག་དང་དུ་མ་ཉིད་ནི་མི་རུང་བའི་ཕྱིར་རོ། །གཅིག་མ་ཡིན་ཏེ་བློ་དུ་མའི་རིམ་པས་འཛིན་པ་མི་རུང་བའི་ཕྱིར་དང༌། དེ་ནི་གཅིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། ཡི་གེ་བཀོད་པ་རྗེས་སུ་འཛིན་པའི་ཕྱིར་དང༌། ཡི་གེ་གཅིག་འཛིན་པ་ན་ཡང་བློ་དུ་མ་འགགས་པའི་ཕྱིར་ཏེ། བློ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་དང༌། སྐད་ཅིག་མ་ནི་རྡུལ་ཕྲ་རབ་གཅིག་ལས་འདས་པའི་དུས་ཅན་ཉིད་ཡིན་པའི་ཕྱིར་དང༌། ལྷག་མ་ཡིན་ན་ནི་ཆ་ཅན་གྱི་མཐའ་མི་རུང་བའི་ཕྱིར་དང༌། ཡི་གེ་ཐུང་ངུ་རྫོགས་པའི་རྡུལ་ཕྲ་རབ་དུ་མ་འདས་པ་ཅན་གྱི་མིག་འབྱེད་པའི་དུས་ཅན་ཉིད་ཡིན་པའི་ཕྱིར་དང༌། དྲན་པ་དང་དེའི་དུས་ཅན་ཁོ་ན་


DTG174_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་དྲན་པའི་ཕྱིར་དང༌། ཉམས་སུ་མྱོང་བ་དང་དྲན་པའི་གོ་རིམས་དག་ཁྱད་པར་རྟོགས་པ་མེད་པའི་ཕྱིར་རོ། །ཚིག་ལ་སོགས་པ་དུ་མ་ཡང་མ་ཡིན་ཏེ། བློ་ལ་ཐ་དད་པ་མེད་པར་སྣང་བའི་ཕྱིར་དང༌། དེའི་དུ་མ་ཉིད་ནི་འགོག་པར་འགྱུར་བའི་ཕྱིར་རོ། །དེ་ནི་དངོས་པོ་མ་ཡིན་ཏེ། དེའི་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་རོ། །འབྲེལ་པ་དངོས་པོ་ཡིན་ན་ཡང་ཇི་ལྟར་དེའི་རྟེན་དུ་འགྱུར་ཏེ། རྟེན་དུ་བྱ་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་རྟེན་མ་ཡིན་པར་འགྱུར་རོ། །དེ་བས་ན་སྒྲ་དང་དོན་དག་གི་འབྲེལ་པ་ནི་རང་བཞིན་ཅན་མ་ཡིན་ནོ། །དེའི་བསམ་པ་ཅན་གྱི་སྦྱོར་བ་ལས་བྱུང་བའམ། མངོན་པར་གསལ་བའི་སྒྲ་ནི་དེར་འཁྲུལ་པ་མེད་པའི་ཕྱིར་འདིའི་འབྲེལ་པ་ནི་དེ་ཁོ་ན་ཉིད་དོ། །འབྱུང་བའམ་མངོན་པར་གསལ་བ་དེ་ཡང་འཁྲུལ་པ་མེད་པ་ལ་བརྟེན་པའི་སྐྱེས་བུས་བྱས་པའི་ཕྱིར་འབྲེལ་པ་ནི་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །དེའི་སྒོ་ནས་སྒྲ་རྣམས་ནི་དོན་རྟོགས་པ་ལ་ངེས་པ་ཡིན་པ་དེ་ལྟ་ན། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཡང་དེ་ཉིད་འཁྲུལ་པ་ཡིན་ནོ། །བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །གང་འདི་རིག་བྱེད་པའི་ངག་སྐྱེས་བུས་མ་བྱས་པ་ཉིད་དུ་ཡང་འདོད་དེ། བྱེད་པོ་མི་དྲན་པའི་ཕྱིར་རོ། །འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེ་ལྟར་ངན་པ་མུན་ཁྱབ་བྱེད། །རེ་ཞིག་དེ་ཉིད་ཤེས་རབ་འཆལ་པ་དེ་འདྲ་བ་ཇི་ལྟར་སྐྱེ་སྙམ་པས་ཁོ་བོ་ཅག་གི་སེམས་ངོ་མཚར་དང་རྗེས་སུ་བརྩེ་བ་དང་བཅས་པ་ཡིན་ནོ། །དེ་ལ་གཞན་ཡང་རྗེས་སུ་རྗོད་པར་བྱེད་པས་སྲིད་པ་བརྩེ་བ་མེད་པས་གནོད་པ་ཅན་གྱི་ངན་པ་མུན་ཁྱབ་པར་བྱེད་པ་ཡིན་ནོ། །སྲོག་ཆགས་ཕན་པ་འདོད་པ་སླུ་བར་བྱེད་པ་ལ་ཉེས་པ་ཅི་ཞིག་ཡོད། འདི་ལྟར་བདེ་བར་གཤེགས་པ་དག་གིས་སྔགས་རྣམས་བྱེད་པ་པོ་བརྒྱད་པ་ལ་སོགས་པ་དག་དང༌། གཟེགས་ཟན་པ་དག་གིས་དབྱིག་གི་སྙིང་པོ་ཅན་དྲན་པ་མ་ཡིན་ནོ། །གལ་ཏེ་དེ་དག་གི་དེ་ལོག་པར་སྨྲ་བ་ཡིན་ནོ་ཞེ་ན། ད་ནི་དེ་ལྟར་སྐྱེས་བུས་མ་བྱས་པ་ཡིན་ན་གང་སྐྱེས་བུས་བྱས་པ་ཡིན། གང་གི་ཚེ་འདི་ལྟར་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་བདག་གམ་གཞན་རྩོམ་པ་པོ་ཡིན་པར་སྟོན་པ་སྤོང་ངར་བྱེད་


DTG174_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེ་ལ་གལ་ཏེ་སྤྱོད་པ་ལ་ཁས་བླངས་པས་གནོད་པ་ཡིན་ནོ་ཞེ་ན། འདི་ཉིད་ཁས་བླངས་པའི་ཡན་ལག་མ་ཡིན་ནམ། གང་ལ་གནོད་པ་ཡིན་ན། དེ་གཞན་ལ་ཡང་མཚུངས་པ་ཁོ་ན་ཡིན་ནོ། །གལ་ཏེ་དེའི་འདོད་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འདིའི་འདོད་པའི་འདི་ཚད་མ་མེད་པ་ཅན་གང་ལས་ཐོག་མ་ནས་ཡོད་པར་འགྱུར་ན། གློ་བུར་དུ་འཛིན་པ་ཅན་འདི་ལ་ཡང་འགའ་ཞིག་ཏུ་སྒྲུབ་པར་བྱེད་པ་ལ་ལྟོས་པས་ཅི་ཞིག་བྱ། གང་གིས་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་དཔྱོད་པས་བདག་ཉིད་དུབ་པར་བྱེད། དེ་ཉིད་འདོད་པའི་ཕྱིར་ཁས་མ་བླངས་པས་གནོད་པ་མེད་པར་འདོད་པ་དེ་ལས་གཞན་པ་ལ་ཡང་མཚུངས་པའི་ཕྱིར་ཀླན་ཀ་བཙལ་དུ་མེད་དོ། །ཕུལ་དུ་བྱུང་བ་མཐོང་བ་མེད་པ་ཅན་འདི་ཡང་དག་རྣམས་རྣམ་པ་དེ་ལྟ་བུར་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་པར་བྱེད་པའམ། འབྲས་བུའི་ཆོས་རྣམས་འགའ་ཞིག་ལ་ཕུལ་དུ་བྱུང་བར་ཁས་ལེན་པ་དེ་ལྟར་ན། འདིའི་འཇུག་པ་རིགས་པ་མེད་པ་མེད་པ་ཅན་ཁོ་ན་ཡིན་ནོ། །བྱེད་པའི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ཅན་གྱིས་བྱས་པ་ཡང་མཐོང་ངོ༌། །གལ་ཏེ་འབད་རྩོལ་དང་ལྡན་པས་དམིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །གཞན་ལ་ཡང་མི་དམིགས་པ་དང་དམིགས་པ་གཞན་གྱིས་བསྟན་པ་ཡིད་ཆེས་པར་བྱ་བ་མ་ཡིན་པ་ལས་ངེས་པར་རིགས་པ་ཉིད་མ་ཡིན་པའི་ཕྱིར་རོ། །བདག་ཉིད་ཀྱིས་བྱས་པ་དག་ལ་ཡང་བསྙོན་པ་མཐོང་བའི་ཕྱིར་རོ། །ངེས་པ་ལ་བརྟེན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྐྱེས་བུ་འདི་གཞན་ལས། །ཐོས་མེད་པར་འདི་ཡི་གེ་དང༌། ཚིག་བཀོད་པ་འདི་བརྗོད་ནུས་མེད། །དེ་ལྟར་གཞན་ལའང་ཞེས་འགའ་སྨྲ། །གང་སྐྱེས་བུས་མ་བྱས་པ་ཉིད་མིན་ན། གང་སྐྱེས་བུས་བྱས་པ་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལན་ཡིན་ནོ། །དེ་ལྟར་ན་གཞུང་བཀོད་པ་གཞན་དག་ཏུ། །སྤེལ་པ་ཡི་ནི་གཞུང་གཞན་ཡང༌། །མན་ངག་མེད་པར་གཞན་རྣམས་ཀྱིས། །བརྗོད་པ་ཅི་མཐོང་ན་གང་གིས། །དེ་ཡང་དེ་ལྟར་རྗེས་མི་དཔོགས། །དེ་ལྟར་བ་རྣམས་མན་ངག་མེད་པར་ཀློག་པར་མི་ནུས་པ་ལས་གཞན་དུ་སྐྱེས་བུས་མ་བྱས་པ་ཉིད་ཀྱི་རྟེན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ནི་གཅིག་གིས་བརྩམས་པའི་གཞུང་གཞན་ལ་ཡང་གཞན་གྱི་དང་མཚུངས་སོ། །དེའི་རྗེས་སུ་


DTG174_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ནས་ཐམས་ཅད་དེ་ལྟར་རྗེས་སུ་དཔོག་པ་ཡིན་པའམ། འགའ་ཞིག་ཀྱང་མ་ཡིན་ནོ། །དེ་ནི་དེ་ལྟར་མི་འདོད་པ་ཉིད་ཀྱི་ཕྱིར། ཞེས་བྱ་བ་ལ་སོགས་པ་ལ་འདོད་པ་ནི་དེའི་རྟེན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །གཞན་ཡང༌། རིག་གང་གང་ལས་རུབ་པ་དེས། །རྒྱུ་མ་མཐོང་བ་ཅན་གཞན་ཡང༌། །བྱེ་བྲག་མེད་པར་མེ་ཤིང་བཞིན། །དེ་ལས་འགྱུར་བར་ཡང་དག་ཤེས། །རྒྱུ་མ་མཐོང་བའི་ཕྱིར་རྒྱུ་མེད་པ་ཅན་ཞེས་བྱ་བ་མ་ཡིན་ནོ། །དངོས་པོ་རྒྱུ་མ་མཐོང་བ་ཅན་ཡིན་ན་ཡང་དེ་ལས་གཞན་པ་དག་གི་རང་བཞིན་ཐ་དད་པ་ཉམས་སུ་མྱོང་བ་མེད་པར་དེ་ལྟ་བུའི་རྣམ་པ་ཡང་དག་པར་རྗེས་སུ་དཔོག་པར་འགྱུར་རོ། །རྒྱུའི་ངོ་བོ་ལོག་ཏུ་ཟིན་ཀྱང་དེའི་ངོ་བོ་ལོག་པ་མ་ཡིན་ན་ནི་འབྲས་བུ་ཆོས་ལས་འདས་པའི་ཕྱིར། །དེ་ལས་འགྱུར་བ་མེད་པས་ན་ཅུང་ཞིང་དེ་ལྟར་བརྗོད་པར་བྱ་བ་མ་ཡིན་པའམ། ངོ་བོ་བྱེ་བྲག་བསྟན་པར་བྱ་བ་ཡིན་ན་ནི་ད་གང་གིས་རྒྱུ་དེའི་རྗེས་སུ་བྱེད་པར་འགྱུར། གང་ཞིག་འདོད་པ་དང་མི་འདོད་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །རྒྱུའི་རང་བཞིན་ལྡོག་པ་ལས་ཀྱང་དངོས་པོ་རྣམས་ཐ་དད་པ་མེད་པ་ཡིན་ནོ། །ཐ་དད་པ་དེ་ནི་གློ་བུར་པར་འགྱུར་བའི་ཕྱིར་འགའ་ཞིག་ཏུ་ཡང་ལྡོག་པར་མི་འགྱུར་རོ། །དེ་བས་ན་རང་བཞིན་གང་ལས་སྐྱེ་བ་ཅན་དུ་མཐོང་བ་གང་ཡིན་པ་དེ་ནི་གཞན་ལ་ཡང་ཐ་དད་པར་མི་བྱེད་པ་ན་ཤིང་དང་མེ་བཞིན་དུ་རང་བཞིན་བདག་ཉིད་ཀྱིས་དེའི་འབྲས་བུ་ཉིད་ལས་འདས་པ་མ་ཡིན་ནོ། །དེ་ལ་འབྲས་མཚུངས་མཐོང་བའི་ཕྱིར། །ཁྱད་པར་དག་ནི་མ་བསྟན་པར། །གཏན་ཚིགས་རབ་ཏུ་སྤྲོས་པ་དག །དེ་དག་ཐམས་ཅད་འཁྲུལ་པ་ཡིན། །དཔེར་ན་ཐོག་མར་འདྲོན་པོས་གཏང་བའི་མེ་ཉིད་ཀྱང་འདྲོན་པོས་བཏང་བའི་མེ་ཉིད་ཡིན་པའི་ཕྱིར། མེ་གཞན་སྔོན་དུ་སོང་བ་ཅན་ཡིན་གྱིས། །གཙུབ་ཤིང་གཙུབས་པ་སྔོན་དུ་སོང་བ་ཅན་ནི་མ་ཡིན་ཏེ། དེ་མ་ཐག་པའི་མེ་བཞིན་ནོ། །ཇི་ལྟར་ན་འདྲོན་པོས་བཏང་བའི་མེ་ཡང་འཁྲུལ་པ་ཡིན་ཏེ། མེ་ལས་བྱུང་བའི་ནུས་པ་ལ་བརྟེན་ནས་མེའི་རྒྱུ་གཞན་སྤོང་བར་བྱེད་དོ། །གལ་ཏེ་མེ་མེད་པར་ཡང་འགྱུར་ན་ནི་གཞན་དག་ལ་ཡང་འགྱུར་རོ་ཞེ་ན། དེ་ལ་མེ་ཉིད་དང་ཅིག་ཤོས་ལས་བྱུང་བདག་ལ་གནོད་པར་བྱ་བ་དང་གནོད་པར་བྱེད་པ་མེད་པས་མེ་ལས་བྱུང་བ་ཉིད་ནི་གཞན་དག་ལ་ཡང་འགྱུར་བ།


DTG174_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཆོས་གཉིས་དག་དོན་གཅིག་ལ་སྲིད་པའི་ཕྱིར། འདྲོན་པོས་བཏང་བའི་མེའམ། དོན་གཞན་ནི་གཅིག་ལ། སོ་སོར་ངེས་པར་འགྱུར་བ་མེད་པས་ན་འཁྲུལ་པར་དོགས་པ་ཡིན་ནོ། ཕན་ཚུན་ཐ་དད་པ་ཅན་གྱི་ཆོས་གཉིས་འཇུག་པ་དེ་ཡང་ཕྱིའི་དངོས་པོ་ལ་འགལ་བ་མེད་དོ། །ཞེས་བརྗོད་པར་བྱ་བའི་གནས་སྐབས་ཐ་དད་པ་ཅན་གྱི་ཁྱད་པར་ནི་མ་ཡིན་ཏེ། ཆ་མེད་པའི་བདག་ཉིད་ལས་དེ་ཉིད་དང་དེ་ཉིད་མ་ཡིན་པ་འགལ་བའི་ཕྱིར་རོ། །འདྲོན་པོས་བཏང་བའི་མེ་ལ་མེ་དང་ཅིག་ཤོས་ཀྱིས་བསྐྱེད་པ་ནི་གནོད་བྱ་དང་གནོད་བྱེད་མ་ཡིན་ཏེ། དེ་ནི་མེས་བསྐྱེད་པ་མེད་པར་མི་སྲིད་པ་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་འདྲོན་པོས་བཏང་བའི་མེ་མེ་ལས་བྱུང་བ་ཞེས་བྱ་བར་ནི་འགྱུར་གྱི། ཐམས་ཅད་ནི་མ་ཡིན་ཏེ། དེ་ལ་ཁྱད་པར་སྤོང་བར་བྱེད་པར་མི་ནུས་པའི་ཕྱིར་དང༌། ཁྱད་པར་ཡོད་པ་ཅན་གྱི་དེའི་གནས་སྐབས་ཅན་ཉིད་ལ་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་མེ་མེད་པར་ཡང་འགྱུར་ན་ནི་གཞན་དག་ལ་ཡང་འགྱུར་རོ། །ཞེས་བྱ་བ་གལ་ཏེ་ཚོགས་པ་གང་གིས་དེར་འགྱུར་བ་ན་དེ་འགྱུར་ཞིང་འགྱུར་བ་ཉིད་ཡིན་ནོ། །དེ་ཡོད་པས་བསྟན་ནས་དེ་མེད་པར་བསྟན་པར་འགྱུར་བའམ་དེ་ལ་མེའམ་དེ་མེད་པར་སྟོན་ན་དེར་འགྱུར་རོ། །དེ་བས་ན་གཅིག་གིས་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཡིན་པ་དེ་ལྟ་བུའི་ངོ་བོར་ཐམས་ཅད་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་ལ་རྣམ་པ་གཞན་དུ་མི་སྲིད་པ་མེད་པའི་ཕྱིར་རོ། །དེ་བྱེད་པའི་སྤོབས་པ་དང་བྲལ་བ་དེ་ལྟ་བུའི་རྣམ་པ་ལ་ནི་དེ་ལྟར་འགྱུར་བའི་ཕྱིར་དེ་ལྟ་བུར་གྱུར་པ་ཁོ་ན་བརྗོད་པར་བྱ་བར་འགྱུར་ལ། བྱེ་བྲག་མེད་པར་ཁྱད་པར་སྲིད་པ་ཅན་དེ་བརྗོད་ན་ནི་མཛེས་པར་ཐོབ་པ་མ་ཡིན་ནོ། །ཇི་ལྟར་ཁྱད་པར་སྲིད་པ་ཡིན། །གང་གི་ཚེ་སྐྱེས་བུས་དེ་དག་ཀྱང་ནུས་པ་མེད་པ་ཁོ་ན་ཡིན་ཏེ། དེ་ལྟར་བའི་སྐྱེས་བུ་འདྲའོ། །ནུས་པ་དག་ལ་འགལ་བ་ཅུང་ཟད་ཀྱང་མཐོང་བ་མེད་པའི་ཕྱིར་དང༌། མི་འགལ་བ་སྒྲུབ་པ་ཅན་མི་དམིགས་པའི་སྦྱོར་བ་ནི་གོ་བར་བྱེད་པ་མ་ཡིན་ནོ། །དབང་པོ་ལས་འདས་པ་དག་ལ་ནི་འགལ་བ་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །སྦྱོར་བ་འདི་ཡང་སྦྱོར་བ་སྔ་མ་ལས་ཐ་དད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུས་


DTG174_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པར་འགྱུར་ན་ད་ལྟར་བས་ཀྱང་ཡིན་ནོ་ཞེ་ན། ཁྱད་པར་མེད་པ་ཡིན་ན་དེར་འགྱུར་ན། དེ་ཡང་བསྒྲུབ་པར་དཀའ་བ་ཡིན་ནོ། །གང་ལ་གཅིག་ནུས་པ་མེད་པ་དེ་ལས་སྐྱེས་བུས་ཐམས་ཅད་ཀྱང་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་འཁྲུལ་པ་ཡིན་ཏེ། བྷ་ར་ཏ་ལ་སོགས་པ་ད་ལྟར་བ་རྣམས་ལ་ཡང་ནུས་པ་མེད་པ་ཡིན་ན་ཡང་འགའ་ཞིག་ལ་ནུས་པ་གྲུབ་པའི་ཕྱིར་རོ། །དེ་བས་ན་རྒྱུ་རྣམ་པར་འབྱེད་པར་བྱེད་པས། དེ་ལས་བྱུང་བ་ཅན་དང་དེ་ལས་བྱུང་བ་ཅན་མ་ཡིན་པའི་དོན་རྣམས་ཀྱི་ཡང་རང་བཞིན་གྱི་ཁྱད་པར་བསྟན་པར་བྱའོ། །དེ་མེད་ན་ཐམས་ཅད་དེའི་བདག་ཉིད་ཅན་ནམ་འགའ་ཞིག་ཀྱང་མ་ཡིན་ནོ། །འདི་ལ་འཇིག་རྟེན་པ་དང་རིག་བྱེད་པ་དག་གི་རང་བཞིན་གྱི་ཁྱད་པར་མཐོང་བ་མེད་དོ། །དེ་ཡོད་པ་མ་ཡིན་པ་དེ་དག་མཚུངས་པ་ཉིད་དུ་མཐོང་བའི་ཕྱིར། གཅིག་གི་ཆོས་འགའ་ཞིག་རྣམ་པར་འབྱེད་པའི་དེའི་རང་བཞིན་སྲིད་པ་དེས་འཁྲུལ་པར་དོགས་པའི་བརྗོད་པ་ཅན་དུ་འབྱེད་དོ། །རིག་བྱེད་དེ་རིག་བྱེད་མ་ཡིན་པ་དག་ལ་དེ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཁྱད་པར་ཡོད་པ་མ་ཡིན་ནམ། །ཡོད་པ་བདེན་ཏེ་དེ་དག་འབའ་ཞིག་ཁོ་ན་ལ་མ་ཡིན་ཏེ། འོན་ཀྱང་ཁ་བྱའི་མནའ་གཏམ་དང་ཅིག་ཤོས་དག་ལ་ཡང་ཡིན་ནོ། །རང་ཉིད་ཀྱི་ལོ་རྒྱུས་ཀྱི་བྱེ་བྲག་གསལ་བར་བྱེད་པའི་མིང་གི་ཁྱད་པར་གྱིས་སྐྱེས་བུས་བྱས་པ་ལ་གནོད་པ་མ་ཡིན་ཏེ། གཞན་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་འདྲ་བའི་སྦྱོར་བ་སྐྱེས་བུས་བྱེད་པར་མི་ནུས་པར་འགྱུར་བའམ། བྱས་པ་ལམ་བྱས་པའི་བརྡས་རྣམ་པར་འབྱེད་པས་འགྱུར་བ་ན། རིག་བྱེད་སྐྱེས་བུས་མ་བྱས་པར་གསལ་བ་ཡིན་ནོ། །སྐྱེས་བུ་དག་གི་སྔགས་བྱེད་པའི་ནུས་པ་དང་མི་ལྡན་པ་ཁོ་ན་མ་ཡིན་ནམ། དེ་ནི་འོག་ནས་རྣམ་པར་དཔྱད་པར་བྱའོ། །གཞན་ཡང་སྔགས་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བདེན་པ་དང་དཀའ་ཐུབ་ཀྱི་མཐུ་དང་ལྡན་པའི་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཚིག་ཡིན་ཏེ། དེ་ནི་ད་ལྟར་ཉིད་ཀྱང་སྐྱེས་བུ་རྣམས་ལ་སྣང་བ་ཁོ་ན་ཡིན་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ལས་དུག་དང་མེ་ལ་སོགས་པ་ཀུན་ནས་རེངས་པར་བྱེད་པའི་ཕྱིར་རོ། །ད་ལྟར་ཡང་རི་ཁྲོད་འགའ་ཞིག་སྔགས་བྱེད་པའི་ཕྱིར་


DTG174_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིག་བྱེད་མ་ཡིན་པའི་སངས་རྒྱས་ལ་སོགས་པའི་སྔགས་དང་རྟོགས་པ་དག་མཐོང་བའི་ཕྱིར་རོ། །དེ་དག་ཀྱང་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་དེ་སྐྱེས་བུས་མ་བྱས་པ་བདེན་པ་ཡིན་ཏེ། འདི་ལྟར་སངས་རྒྱས་པ་དང་ཅིག་ཤོས་དག་གི་སྔགས་དང་རྟོགས་པ་དག་ལ་འཚེ་བ་དང༌། འཁྲིག་པ་དང་བདག་ཏུ་ལྟ་བ་ལ་སོགས་པ་མངོན་པར་མཐོ་བ་མ་ཡིན་པའི་རྒྱུ་དང་རྣམ་པ་གཞན་དུ་བརྗོད་དོ། །དེ་ཇི་ལྟར་ན་གཅིག་ལ་འགལ་བ་བརྗོད་ན་གཉིས་བདེན་པར་འགྱུར། དེ་ལ་དོན་གཞན་དུ་རྟོགས་པ་ན་དེ་ནི་གཞན་ལ་ཡང་མཚུངས་པ་དེ་ལྟར་ན་དོན་ལ་ངེས་པའི་ཕྱིར། འགའ་ཞིག་ཀྱང་རྟོགས་པར་མི་འགྱུར་རོ། །དེ་ལྟར་ན་ཡང་སྐྱེས་བུས་མ་བྱས་པ་ཡིན་དུ་ཟིན་ཀྱང་ཉེ་བར་མཁོ་བ་མ་ཡིན་ནོ། །སངས་རྒྱས་པ་ལ་སོགས་པ་དག་གི་སྔགས་ཉིད་མ་ཡིན་ན་དེ་ལས་གཞན་པ་ལ་ཡང་མནའ་ཆུ་བཏུང་དགོས་པར་འགྱུར་རོ། །སངས་རྒྱས་པ་ལ་སོགས་པ་དག་དུག་གི་ལས་ལ་སོགས་པ་བྱེད་པ་མཐོང་སྟེ། དེ་ལ་ཡང་སྔགས་ཉིད་བཀག་པ་མེད་དོ། །ཕྱག་རྒྱ་དང་དཀྱིལ་འཁོར་དང་བསམ་གཏན་ཡི་གེ་མེད་པ་ཅན་དག་གིས་ཀྱང་ལས་རྣམས་བྱེད་པར་འགྱུར་ཏེ། དེ་དག་ནི་སྐྱེས་བུས་མ་བྱས་པ་དང་རྟག་པར་རིགས་པ་མ་ཡིན་ནོ། །དེ་དག་གི་བྱེད་པ་ཡོད་ན་སྐྱེས་བུ་རྣམས་ཡི་གེ་བཀོད་པ་བྱེད་པ་ལ་འགལ་ཅི་ཡོད། དེ་བས་ན་དེ་དག་གི་བྱེད་པ་ནུས་པ་མེད་པ་ན་ཅིར་ཡང་མི་རུང་ངོ༌། །ད་ནི་ཇི་ལྟར་ན་བདེན་པ་ལས་བྱུང་བ་ཅན་གྱི་སྔགས་དང་རྟོགས་པ་ཕན་ཚུན་འགལ་བ་དག་ཡིན། དེ་དག་ནི་ཐམས་ཅད་དུ་བདེན་པ་ལས་བྱུང་བ་ཅན་དག་མ་ཡིན་ཏེ། སྐྱེས་བུ་མཐུ་དང་ལྡན་པའི་དམ་བཅས་པའི་མཚན་ཉིད་ཅན་དག་ལ་ཡང་འགྱུར་རོ། །མཐུ་དེ་ནི་འགྲོ་བ་དང་གྲུབ་པའི་ཁྱད་པར་དག་ལས་ཀྱང་འགྱུར་རོ། །གལ་ཏེ་སྔགས་སྐྱེས་བུས་བྱས་པ་ཡིན་ན་སྐྱེས་བུ་ཐམས་ཅད་ཅིའི་ཕྱིར་སྔགས་བྱེད་པ་མ་ཡིན་ནོ་ཞེ་ན། དེ་བྱེད་པའི་སྒྲུབ་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་འདྲ་བའི་བདེན་པ་དང་དཀའ་ཐུབ་ལ་སོགས་པ་དང་ལྡན་པར་འགྱུར་ན་བྱེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་སྐྱེས་བུ་སྙན་དངགས་བྱེད་པའི་ཕྱིར། །སྐྱེས་བུ་ཐམས་ཅད་སྙན་དངགས་བྱེད་པར་འགྱུར་ལ། མི་བྱེད་ན་འགའ་ཞིག་


DTG174_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་བྱེད་པ་དེ་དང་འདྲ་བར་དེ་ལྟར་ན་རིག་པ་དེ་དག་ནི་སྔ་ན་མེད་པ་ཡིན་ནོ། །སྔགས་བྱེད་པའི་སྒྲུབ་པར་བྱེད་པ་དང་བྲལ་བ་དག་སྔགས་མི་བྱེད་པ་ནི་བདེན་ན། ཚོགས་པ་དེ་ཡང་འགའ་ཞིག་ལ་ཡང་མ་མཐོང་སྟེ། སྐྱེས་བུ་རྣམས་ནི་ཆོས་མཚུངས་པ་ཅན་ཉིད་ཀྱི་ཕྱིར་རོ། །འདིར་སྔགས་ཞེས་བྱ་བ་བདེན་པ་ལ་སོགས་པ་དང་ལྡན་པའི་ཚིག་དང་དམ་བཅས་པ་ལས་གཞན་ཅུང་ཟད་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ། །དེ་དག་ཀྱང་སྐྱེས་བུ་འགའ་ཞིག་ལ་མཐོང་ངོ༌། །སྐྱེས་བུ་ཐམས་ཅད་དེ་དང་བྲལ་བ་ཡིན་པ་དེ་ལྟར་ཡང་ངེས་པ་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པའི་རང་བཞིན་ཅན་དག་ལས་མི་དམིགས་པའི་ངེས་པའི་གཏན་ཚིགས་མ་ཡིན་ནོ། །དྲན་པ་དང་བློ་དང་སོ་སོར་རིག་པ་དང་བདེན་པ་དང་ནུས་པ་ཐམས་ཅད་ལ་འགྱུར་བ་ཡང་མ་ཡིན་ནོ། །དེ་སྒྲུབ་པར་བྱེད་པའི་ཡང་དག་པའི་མན་ངག་གི་ཁྱད་པར་འདྲ་བར་ཡོན་ཏན་གཞན་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་པར་འགྱུར་རོ། །ཡོད་དུ་ཟིན་ཀྱང་ཐམས་ཅད་མཐོང་བར་ནུས་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་མཐོང་བ་ལ་བསྙོན་དུ་མེད་དོ། །སྐྱེས་བུ་རྣམས་ཡོན་ཏན་འགའ་ཞིག་བསྐྱེད་པར་འདོད་པ་ལ་ཡང་འགལ་བར་བྱེད་པ་མེད་དོ། །གནོད་པར་བྱ་བ་མ་མཐོང་བས་གནོད་པར་བྱ་བ་དང་གནོད་པར་བྱེད་པ་ངོ་བོ་མ་གྲུབ་པའི་ཕྱིར་རོ། །དེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགོག་པ་ལ་སོགས་པའི་ལན་ངེས་པར་བརྗོད་པ་ཡིན་ནོ། །དེ་ལ་དེ་སྒྲུབ་པར་བྱེད་པའི་ཡང་དག་པའི་མན་ངག་མེད་པ་ཅན་འདི་ཅི་འདྲ་བ་གཞན་དག་ཀྱང་དེ་ལྟ་བུར་གྱུར་པ་ཡིན་ན། དེ་ལྟ་བུར་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་གྱི་ཤེས་པར་བྱེད་པ་མ་མཐོང་བ་ཅན་མ་ཡིན་ནོ་ཞེས་བྱ་བ་ཡང་མ་ཡིན་ཏེ། ཡོད་དུ་ཟིན་ཀྱང་འབྲས་བུ་རྩོམ་པ་མེད་པ་སྲིད་པའི་ཕྱིར་དང༌། རང་བཞིན་གྱིས་བསྐལ་པ་རྣམས་ནི་མཐོང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདོན་པར་བྱེད་པ་ཡིན་པའི་ཕྱིར། འདོན་པར་བྱེད་པ་ནི་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་འཁྲུལ་པ་ཡིན་ཏེ། བྷ་ར་ཏ་འདོན་པར་བྱེད་པ་ལ་ཡང་ཡོད་པའི་ཕྱིར་རོ། །རིག་བྱེད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནམ་ཞེ་ན། རིག་བྱེད་འདོན་


DTG174_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ལ་ཕུལ་དུ་བྱུང་བ་ཡང་ཅི་ཞིག་ཡོད་ན་གང་གིས་རྣམ་པ་གཞན་གྱིས་འདོན་པར་མི་ནུས་པ་ཡིན། མི་མཐུན་པའི་ཕྱོགས་དང་ཁྱད་པར་འགལ་བ་མེད་པ་འདི་ལས་གཏན་ཚིགས་ལྡོག་པར་བྱེད་པ་མ་ཡིན་ཏེ། འགལ་བ་མེད་པ་དག་ནི་གཅིག་ལ་སྲིད་པའི་ཕྱིར་རོ། །གལ་ཏེ་ད་ལྟར་རྣམས་འདོན་པར་བྱེད་པའི་ཕྱིར་རོ་ཞེ་ན། དེའི་ལན་ནི་བཤད་ཟིན་ཏོ། །གལ་ཏེ་མ་མཐོང་བའི་ཕྱིར་རོ་ཞེ་ན། འདི་ལ་ཡང་སྤངས་ཟིན་ཏོ། །མ་མཐོང་བ་ཙམ་ཡང་མེད་པར་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་འཁྲུལ་པ་ཁོ་ན་ཡིན་ནོ། །དེ་བས་ན་ཁྱད་པར་ཕུལ་དུ་བྱུང་བ་ལ་བརྟེན་པ་མ་ཡིན་པའི་ཕྱིར། མ་བཟུང་བ་དང་མཚུངས་པ་ཡིན་ནོ། །གང་ཅུང་ཞིག་རིག་བྱེད་འདོན་པར་བྱེད་པ་དེ་ཐམས་ཅད་ནི་རིག་བྱེད་འདོན་པ་གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་ཡང་འགྲུབ་པ་མ་ཡིན་ཏེ། ཐམས་ཅད་དེ་ལྟ་བུའི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཅི་འདྲ་བ་མཐོང་བ་དེ་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བར་འགྱུར་ལ། །ཁྱད་པར་མཐོང་བ་དེ་དོར་ཞིང་དེའི་རྒྱུ་མཚན་ཅན་ཉིད་ཀྱིས་སྤྱི་སྨོས་པ་ནི་བསྲེག་ཟ་སྒྲུབ་པ་ལ་རྫས་སྔོན་པོ་དང་འདྲ་བར་འཁྲུལ་པ་ཉིད་ཡིན་ནོ། །འདིས་འདོད་ཆགས་ལ་སོགས་པ་ནི་གྲུབ་པར་བྱེད་པ་ལ་ཚིག་ལ་སོགས་པ་དག་གསལ་བ་ཡིན་ནོ། །འདོན་པར་བྱེད་པ་འདི་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་སྒྲུབ་པ་ཡིན་པར་ཡང་བླ་སྟེ། རྣམ་ཀུན་ཐོག་མེད་གྲུབ་འགྱུར་བ། །དེ་ལྟར་སྐྱེས་མིན་རྟེན་ཅན་མིན། །དེའི་ཕྱིར་སྐྱེས་བུས་མ་བྱས་ཉིད། །གཞན་ཡང་མི་མིན་རྟེན་ཅན་འགྱུར། །སྐྱེས་བུ་བདག་ཉིད་ཀྱིས་བརྟགས་ནས་སམ། །གཞན་ལས་འདོན་པར་བྱེད་པ་ན། །བྱེད་པའི་བྱ་བ་མེད་པ་ཅན། །དེ་དག་གི་སྒྲ་རང་ཉིད་སྒྲོགས་པར་བྱེད་པ་མ་ཡིན་ན་གང་གིས་ན་སྐྱེས་བུས་མ་བྱས་པར་འགྱུར། གལ་ཏེ་སྐྱེས་བུ་རྣམས་ཀྱི་ཐོག་མ་ཉིད་ཡོད་པར་འགྱུར་ན། །སྐྱེས་བུས་མ་བྱས་པ་ལ་ཡང་འགྱུར་རོ། །དེའི་ཚེ་ཡང་གཞན་སྔོན་དུ་སོང་བ་ཅན་མི་འགྲུབ་སྟེ། འདོན་པར་བྱེད་པ་པོ་མེད་པའི་ཕྱིར་རོ། །དེའི་དང་པོ་འདོན་པར་བྱེད་པ་ནི་བྱེད་པ་པོ་ཉིད་དུ་འགྱུར་རོ། །དེ་བས་ན་འདི་ནི་བྱིས་པ་ས་རྡུལ་གྱི་རྩེད་མོ་ལ་སོགས་པ་དང་འདྲ་བར་སྔ་མ་སྔ་མ་མཐོང་བས་འཇུག་པ་ཡིན་པས་ན།


DTG174_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་ཐ་སྙད་ཐོག་མ་མེད་ཅན་དུ་འགྱུར་གྱི། སྐྱེས་བུས་མ་བྱས་པ་ཉིད་མ་ཡིན་ནོ། །ཐོག་མ་མེད་པ་ཉིད་ཀྱི་ཕྱིར་སྐྱེས་བུས་མ་བྱས་པ་ཡིན་ན་ནི། ད་ཤིན་ཏུ་མང་པོ་སྐྱེས་བུས་མ་བྱས་པ་ཡིན་ནོ། །དེ་ལྟར་ན། ཀླ་ཀློ་ལ་སོགས་པ་ཐ་སྙད་དང༌། །མེད་པར་སྨྲ་བའི་ཚིག་རྣམས་ནི། ། ཐོག་མེད་ཕྱིར་ན་དེ་བཞིན་འགྱུར། །སྔོན་ལེགས་བྱས་པའི་རྒྱུན་ཕྱིར་རོ། །ཀླ་ཀློ་ལ་སོགས་པའི་ཐ་སྙད་མ་བག་མར་ལེན་པ་ལ་སོགས་པ་དང༌། འདོད་པའི་དགའ་སྟོན་ལ་སོགས་པ་དང༌། མེད་པར་སྨྲ་བའི་ཚིག་སྔ་ན་མེད་པ་དང༌། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་སྐུར་བར་བྱེད་པ་དག་ཐོག་མ་མེད་པ་ཅན་ཡིན་ནོ། །དེ་དག་ནི་གཞན་གྱིས་ལེགས་པར་མ་བསྒོས་ན་འཇུག་པར་མི་འགྱུར་རོ། །བདག་ཉིད་ཀྱིས་སྤོབས་པས་བཀོད་པའི་བརྡ་བྱེད་པ་ཅན་དག་ཀྱང་དོན་ཇི་ལྟར་ཐོས་པ་བཞིན་དུ་རྣམ་པར་རྟོག་པས་བསྡུས་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །དེ་ནི་འགའ་ཞིག་ལས་ཅུང་ཟད་འོངས་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་གཅིག་ནི་རྒྱུན་གྱིས་མེད་པའི་ཕྱིར། གཞན་སྔོན་དུ་སོང་བ་ཅན་མ་ཡིན་ནོ་ཞེས་བརྗོད་དེ། ཕལ་ཆེར་འཇིག་རྟེན་གྱི་ཐ་སྙད་དག་ཇི་ལྟར་མཐོང་བ་བཞིན་དུ་འཇུག་པ་ཅན་ཏེ། ཡང་དག་པ་ལོག་པར་འཇུག་པ་ཅན་དག་ཡིན་ནོ། །ཐོག་མའི་བསྐལ་པ་པ་རྣམས་ལ་མཐོང་བ་ཉིད་མེད་པར་ཐ་སྙད་རྣམས་ལ་ཕྱིས་འཇུག་པར་འགྱུར་བར་འདོད་པ་མ་ཡིན་ནམ་མ་ཡིན་ཏེ། ལེགས་པར་བྱས་པ་གཞན་གྱིས་བསྒོས་པས་དེ་དག་གིས་ནི་རྐྱེན་ཇི་ལྟ་བ་བཞིན་དུ་རབ་ཏུ་སད་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་འདྲའི་སྐྱེས་བུས་མ་བྱས་ཉིད། །གྲུབ་ནའང་ཡོན་ཏན་ཅི་ཞིག་འགྱུར། །རྣམ་པ་གང་གིས་མི་སླུ་བའི་ཕྱིར། སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་ན་དེ་ནི་ཐོག་མ་མེད་པ་ཉིད་ཅན་དུ་ཡིན་པའི་ཕྱིར། སླུ་བར་བྱེད་པ་ལ་ལ་དག་ལ་ཡང་ཡོད་པས་སྐྱེས་བུས་མ་བྱས་པ་ཉིད་ཀྱིས་ཅི་ཞིག་བྱ། རིག་བྱེད་ཀྱི་ངག་དག་ཁོ་ན་སྐྱེས་བུས་མ་བྱས་པ་ཡིན་ན་ཡང༌། དོན་ནི་འདུས་བྱས་ཁྱད་པར་རྣམས། །མཐོང་ཕྱིར་ཐེ་ཚོམ་དག་ཀྱང་ཡིན། གལ་ཏེ་སྐྱེས་བུས་བྱས་མ་བྱས་པ་ཉིད་ཡིན་ཡང་དེའི་དོན་གྱིས་སྤོབས་པ་སོ་སོར་ངེས་པ་བསྐྱེད་པར་འགྱུར་བ་ན་ཡིད་ཆེས་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་སྒྲོ་འདོགས་


DTG174_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྐུར་པ་འདེབས་པ་དག་གིས་ངེས་པར་བརྗོད་པ་དང་དཔྱོད་པ་པ་ལ་སོགས་པ་དག་གིས་རིག་བྱེད་ཀྱི་ངག་རྣམས་ཐ་དད་པར་བྱེད་པར་མཐོང་ངོ༌། །དོན་དེ་རྣམས་དེ་དག་མི་འཐད་པར་འགྱུར་བ་མ་ཡིན་ཏེ། དོན་ལ་འཇུག་པ་བརྡ་གཙོ་བོ་ཡིན་པའི་ཕྱིར་དང༌། ངག་གཅིག་ལ་ཡང་རྣམ་པར་རྟོག་པ་དུ་མ་སྲིད་པའི་ཕྱིར་དང༌། རང་བཞིན་དང་རྐྱེན་རྣམས་ཀྱི་དོན་དུ་མར་བརྗོད་པའི་ཕྱིར་དང༌། གྲོགས་སུ་ཟིན་ཀྱང་གཅིག་ཉིད་དུ་ཁས་མི་ལེན་པའི་ཕྱིར་དང༌། མ་གྲགས་པའི་མང་བ་ཉིད་ཕྱིར་དང༌། དེའི་དོན་སྐྱེས་བུས་བསྟན་པ་ལ་རག་ལུས་པའི་ཕྱིར་དང༌། དེས་བསྟན་པ་ནི་དེའི་འདོད་པའི་རྗེས་སུ་འཇུག་པའི་ཕྱིར། རིག་བྱེད་ཀྱི་ངག་གི་དོན་རྣམས་ངེས་པ་ཁོ་ན་ཡིན་ནོ། །གཞན་ཡང་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབས་ན་ཡི་གེ་རྣམས་སམ་ངག་སྒྲུབ་པར་བྱེད་པར་འགྱུར་གྲང་ན། དེ་ལ། ཡིག་རྣམས་གཞན་ལ་ཁྱད་མེད་ཕྱིར། །སྒྲུབ་པར་བྱེད་པར་འབྲས་ཅིར་འགྱུར། །འཇིག་རྟེན་པ་དང་རིག་བྱེད་པ་དག་གི་ངག་གི་ཡི་གེ་ཐ་དད་པ་མ་ཡིན་ནོ། །ཐ་དད་ན་ཡང་ངོ་ཤེས་པ་ལ་ཁྱད་པར་མེད་པའི་ཕྱིར། །དེ་ལས་གཅིག་ཉིད་མ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་དང༌། ཁྱད་པར་རྟོགས་པ་མེད་པའི་ཕྱིར་དང༌། རིག་བྱེད་པའི་ཡི་གེ་དག་མ་འགྲུབ་པའི་ཕྱིར་དང༌། ངོ་ཤེས་པ་ལས་རྟོགས་པ་མེད་པའི་ཐལ་བར་འགྱུར་བའི་ཕྱིར་དང༌། ཁས་མི་ལེན་པའི་ཕྱིར་རོ། །དེ་དག་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབས་པ་ན་དེ་ཐམས་ཅད་ལ་མཚུངས་པའི་ཕྱིར། འདིས་ལྷག་པ་ཅི་ཞིག་བྱས། དེ་ལྟར་ཐ་སྙད་ཐམས་ཅད་སྐྱེས་བུས་མ་བྱས་པ་ཡིན་ན་ཐམས་ཅད་བདེན་པ་མ་ཡིན་པའི་ཕྱིར། ཡོངས་སུ་ངལ་བ་དོན་མེད་པ་ཡིན་ནོ།། །།བམ་པོ་བརྒྱད་པ། ཅི་སྟེ་ངག་རྣམས་སྐྱེས་བུས་མ་བྱས་པར་འདོད་ན་ནི། ངག་ནི་ཡི་གེ་ལས་ཐ་དད། །པར་ཡོད་མིན་ཏེ་མི་དམིགས་ཕྱིར། །ཁོ་བོ་ཅག་གི་བློ་ལ་ལྷ་སྦྱིན་ལ་སོགས་པའི་ཚིག་དང་ངག་རྣམས་ཀྱི་ཡི་གེ་ད་ལ་སོགས་པ་སྣང་བ་མ་གཏོགས་པར་ཡི་གེ་གཉིས་པ་སྣང་བ་དང་འདྲ་བར། སྣང་བ་གཞན་ནི་མ་མཐོང་ངོ༌། །འཛིན་པ་ལ་སྣང་བར་གྱུར་པ་མེད་ན་གཟུང་བར་འདོད་པ་ཡོད་


DTG174_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། གཞན་ཞེས་ངེས་པར་ནུས་པ་མ་ཡིན་ཏེ་རྣམ་པ་གཞན་བཞིན་ནོ། །གལ་ཏེ་གཞན་ལ་མི་སྲིད་པ་ཅན་གྱི་འབྲས་བུ་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ཡིན་ན་གལ་ཏེ་ཡི་གེ་ཡོད་པ་དེ་དག་ལ་ཡང་འབྲས་བུ་དེ་མེད་པར་འགྱུར་རོ། །གལ་ཏེ་ཚིག་དང་ངག་གཞན་ལ་དེ་དག་ཁྱད་པར་མེད་པ་ཡིན་ན་ཡང༌། མེད་པའི་ཕྱིར་འགྱུར་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དག་ནི་ཁྱད་པར་མེད་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ངོ་ཤེས་པ་ལས་ཁྱད་པར་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ནི་འཁྲུལ་པའི་ཕྱིར་དང༌། དཔེ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ཁྱད་པར་མེད་པ་ཡིན་ན་ཡང་ངག་གི་ཁྱད་པར་ལས་དོན་རྟོགས་པའི་ཁྱད་པར་ནི་འབྲས་བུའི་ཁྱད་པར་ཡིན་པར་འགྱུར་ལ་དེ་ཡང་ངག་ལས་འགྱུར་རོ། །དེ་ཡང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་གང་ལས་འགྱུར། ཐག་ཉེ་བ་ཙམ་གྱིས་བསྐྱེད་པ་ཡིན་ན་མ་བྱང་བར་ཡང་འགྱུར་རོ། །དེ་བས་ངག་ཅེས་བྱ་བ་ཡི་གེ་དག་ལས་དོན་གཞན་དུ་འགྱུར་པ་ཅུང་ཞིག་ཀྱང་མེད་ན་གང་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་འགྱུར། དེ་མེད་པའི་ཕྱིར་རིག་བྱེད་ཀྱི་ཁྱད་པར་དུ་མ་བྱས་པའི་ཡི་གེ་སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཕྱོགས་དང་པོའི་ཡང་ལན་བཏབ་པ་ཡིན་ནོ། །གཞན་ཡང་དོན་གཞན་དུ་གྱུར་པའི་ངག་ཡོད་པ་ནི་བླ་སྟེ། དེ་ཡན་ལག་དུ་མའི་བདག་ཉིད་ཅན་ནམ། ཡན་ལག་མེད་པ་ཅན་དུ་འགྱུར་གྲང་ན། ཡན་ལག་དུ་མའི་བདག་ཉིད་ཡིན། །དེ་རྣམས་ཐ་དད་དོན་མེད་ཉིད། །གལ་ཏེ་དེའི་ཡན་ལག་དེ་དག་ཀྱང་དུ་མ་ཡིན་ན། ཐ་དད་པའི་རང་བཞིན་དོན་མེད་པ་ཅན་ཡིན་ནོ། །དེ་དངོས་ཅན་མིན་དེ་དངོས་ཅན། །བརྟགས་པ་སེང་གེ་ཉིད་སོགས་བཞིན། །དོན་དང་ལྡན་པའི་བདག་ཉིད་ཁོ་ན་ངག་ཡིན་ནོ། །ཡན་ལག་དེ་དག་ཀྱང་བདག་ཉིད་དོན་མེད་པ་ཡིན་ཏེ། དེ་དག་བདག་ཉིད་དེས་རྟོགས་པས་སྒྲོ་བཏགས་པར་འགྱུར་རོ། །བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སེང་གེ་ཉིད་ལ་སོགས་པའི་དང་འདྲ་བ་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །ཅི་སྟེ་གལ་ཏེ་སྐྱོན་དེར་མ་གྱུར་ཅིག་སྙམ་པས་ཡན་ལག་དེ་དག་སོ་སོ་དོན་དང་བཅས་པར་འདོད་ན། རེ་རེ་དོན་བཅས་ཉིད་ཡིན་ནའང༌། །དུ་མ་ཉིད་རྟོགས་ལོག་པ་ཡིན། །ཡན་ལག་གཅིག་ནི་རྟོགས་


DTG174_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང༌། །ངག་གི་དོན་དག་རྟོགས་པར་འགྱུར། །དོན་ཡོངས་སུ་རྫོགས་པ་ཅན་གྱི་སྒྲའི་ངོ་བོ་ནི་ངག་ཡིན་ནོ། །ཡན་ལག་དེ་དག་ཀྱང་སོ་སོ་སོ་སོར་དེ་ལྟ་བུའི་རྣམ་པ་ཡིན་པའི་ཕྱིར། སོ་སོ་དེ་དག་ངག་ཡིན་ནོ། །དེ་ལྟར་ཡན་ལག་དུ་མ་ཅན་ནི་ངག་མ་ཡིན་ནོ། །ཡན་ལག་གཅིག་རྟོགས་པས་ཀྱང་ངག་གི་དོན་རྟོགས་པའི་ཕྱིར། ཡན་ལག་གཞན་ལ་ལྟོས་པ་དང༌། །དུས་ལ་སྡོད་པར་མི་འགྱུར་རོ། །ཆ་ཤས་མེད་པའི་བདག་ཉིད་ཅན་དེ་ནི་སྐད་ཅིག་མ་གཅིག་གིས་རྟོགས་པའི་ཕྱིར། ཤེས་པ་གཅིག་སྐྱེས་པ་ན་མ་ལུས་པར་ཁོང་དུ་ཆུད་པའི་ཕྱིར་རོ། དེ་ལྟ་མ་ཡིན་ན་གཅིག་པ་ཉིད་འགལ་བའི་ཕྱིར་རོ། །ཐམས་ཅད་ཅིག་ཅར་ཐོས་ན་ཡང༌། །དུས་ཀྱི་ཐ་དད་མི་རུང་ངོ༌། །ཡན་ལག་གཞན་ལ་ལྟོས་པ་མེད་པར་ཡང་ཡན་ལག་གཅིག་ཁོ་ན་ལ་ངག་གི་དོན་གྲུབ་པའི་ཕྱིར། ངག་གི་ཡན་ལག་དུ་མ་ཉིད་ཉམས་པར་མ་གྱུར་ཅིག་སྙམ་པས་ཅིག་ཅར་ཡན་ལག་ཐམས་ཅད་ཐོས་པར་འདོད་ན། དེའི་ཚེ་ཡང་དུས་ལ་སྡོད་པ་མི་རིགས་པ་ཁོ་ན་ཡིན་ཏེ། ཡན་ལག་གཅིག་རྟོགས་པའི་དུས་ཉིད་ན་ཐམས་ཅད་ཐོས་པའི་ཕྱིར་རོ། །རིམ་བཞིན་དུ་ཐོས་པ་ཡིན་ན་ཡང་དོན་ཐ་དད་པ་དང་ལྡན་པ་དག་ནི་གཅིག་ཉིད་ལས་དེའི་དོན་གྲུབ་པའི་ཕྱིར། གཞན་ནི་དོན་མེད་པ་ཅན་ཉིད་དུ་འགྱུར་བའི་ཕྱིར་རོ། །ཅིག་ཅར་ཐོས་ན་ཡང་དོན་ཐ་དད་པ་དག་ལ་མཐོང་བའི་ནུས་པ་མེད་པ་ཅན་དག་གི་དོན་དང་ལྡན་པ་ཉིད་ཀྱང་མི་འགྲུབ་པོ། །གལ་ཏེ་ཚོགས་པ་རྣམས་ཀྱི་དོན་མཐོང་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་ལ་ཡོད་པ་མ་ཡིན་པའི་ངོ་བོའི་ཚོགས་པ་ལ་ཡང་མི་སྲིད་པའི་ཕྱིར་དང༌། དོན་གཞན་མི་སྐྱེ་བའི་ཕྱིར་རོ། །རེ་ཞིག་སྒྲ་སྐྱེ་བར་སྨྲ་བ་ལ་སྐྱོན་འདི་ཉིད་ཡོད་པ་མ་ཡིན་ཏེ། སོ་སོར་ནུས་པ་མེད་པའི་ཡན་ལག་རྣམས་ཀྱང་ཕན་འདོགས་པའི་ཁྱད་པར་ལས་ཕུལ་དུ་བྱུང་བ་དང་ལྡན་པའི་འབྲས་བུའི་ཁྱད་པར་ལས་ཉེ་བར་སྦྱོར་བའི་ཕྱིར་རོ། །ཡན་ལག་རེ་རེ་ནུས་པ་ཡོད་པ་ཡིན་ན་ཡང་གཞན་དུ་རྟོགས་པ་དོན་མེད་པར་འགྱུར་རོ། །ཅི་སྟེ་ཡང་དག་གཅིག་ཁོ་ན་ཡིན་ལག་མེད་པ་ཅན་ཡིན་ན། དེ་ལ།


DTG174_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉིད་ནི་ཡང་ཐ་དད་མེད། །གོ་རིམས་འཛིན་པ་མི་སྲིད་ཕྱིར། །དུས་ཐ་དད་ཉིད་མི་རུང་ངོ༌། །གཅིག་ལ་ནི་གོ་རིམས་བཞིན་དུ་རྟོགས་པ་མི་རིགས་ཏེ། གཟུང་བ་དང་མ་བཟུང་བ་དག་ཐ་དད་པ་མེད་པས་བཟུང་བ་དང་མ་གཟུང་བ་མེད་པའི་ཕྱིར་རོ། །རིམ་བཞིན་དུ་ངག་རྟོགས་པ་ཡང་མཐོང་སྟེ། ངག་ཐམས་ཅད་ཀྱི་ཐ་སྙད་དང་ཐོས་པ་དང་འདྲེན་པའི་དུས་སུ་མིག་ཏུ་མཚུངས་པ་སྐད་ཅིག་མ་དུ་མ་ཅན་གྱི་གོ་རིམས་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡི་གེའི་ངོ་བོ་ལ་མ་རེག་པ་ཅན་དང་བློ་གཅིག་ལ་སྣང་བ་ཅན་གྱི་སྒྲའི་བདག་ཉིད་ནི་མི་སྣང་པའི་ཕྱིར་ཏེ། ཡི་གེའི་གོ་རིམས་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ཁྱད་པར་མེད་པ་ཡིན་ན་ཡང་ངག་གི་ཁྱད་པར་གོ་རིམས་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར། ངག་གོ་རིམས་དང་ལྡན་པ་རྟོགས་པ་ཡིན་ནོ། །ཡི་གེའི་གོ་རིམས་ཀྱི་ཕན་བཏགས་པ་ལ་ལྟོས་པ་མེད་པའི་ཕྱིར་དང༌། གང་ཇི་ལྟར་ཡང་རུང་བ་དེ་དག་རབ་ཏུ་སྦྱར་བ་དག་གིས་སམ། ཡི་གེ་མེད་པ་དག་གིས་ཀྱང་ངག་རྟོགས་པར་འགྱུར་རོ། །གོ་རིམས་དང་ལྡན་པ་དེ་དག་གིས་གོ་རིམས་མེད་པ་ལ་ཕན་འདོགས་པ་མི་རུང་བའི་ཕྱིར་དང༌། གོ་རིམས་མེད་པར་རྗོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང༌། རྣམ་པ་གཞན་མེད་པའི་ཕྱིར་རོ། །ངག་ལ་ཡི་གེ་དག་ཡོད་པ་ཉིད་མ་ཡིན་ནོ། །གལ་ཏེ་སྒྲའི་ངོ་བོ་གཅིག་པོ་དེ་ཉིད་ནི་གསལ་བྱེད་ཀྱི་གོ་རིམས་ཀྱི་དབང་གིས་གོ་རིམས་དང་ལྡན་པ་དང༌། ཡི་གེའི་རྣམ་པར་དབྱེ་བ་དང་ལྡན་པར་སྣང་ངོ་ཞེ་ན། གསལ་བྱེད་གོ་རིམས་དང་ལྡན་པས་གསལ་བྱ་གོ་རིམས་མེད་པ་སྤངས་ཟིན་ཏེ། གསལ་བ་དང་གསལ་བ་མ་ཡིན་པ་འགལ་བ་ཕྱིར་རོ། །ངག་ཡི་གེ་དང་ཆ་མེད་པ་ཅན་ཡིན་ན་མ་ལུས་པར་ཐོས་པ་མེད་པར་ངག་མཉན་པར་མི་འགྱུར་ཏེ། གཅིག་ལ་ཆ་མེད་པའི་ཕྱིར་རོ། །ཡང་འགའ་ཞིག་ཀྱང་ཆ་མེད་པ་མཉན་པར་མི་འགྱུར་རོ། །ཡི་གེ་མ་ལུས་པ་ལེགས་པར་བྱས་པ་དང་ལྡན་པའི་བློ་ཐམས་ཅད་ངག་ངེས་པར་གཟུང་ངོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། ཡི་གེའི་ངོ་བོ་ལ་མ་རེག་པ་དེ་ལ་འགའ་ཞིག་ཀྱང་འགའ་ཞིག་གི་ཚེ་རྟོགས་པ་མེད་པའི་ཕྱིར་དང༌། ཡི་གེ་རྣམས་ཀྱང་གོ་རིམས་མེད་པར་རྟོགས་པ་མེད་པའི་ཕྱིར་གང་ལས་ངག་ཅེས་བྱ་བ་


DTG174_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་མེད་པ་བློ་གཅིག་གིས་གཟུང་བར་བྱ་བ་ཡིན། །ཡི་གེ་ཐ་མ་རྟོགས་པ་ལས་ཕྱིས་ཀྱང་སྒྲའི་བདག་ཉིད་ཆ་མེད་པ་གཞན་ཉེ་བར་རྟོགས་པ་མ་ཡིན་ཏེ། སྨྲ་བ་པོ་བདག་ཉིད་འདིས་ཀྱང་ངེས་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་འདི་ལྟར་བློ་ཐ་མལ་སྒྲ་ཆ་ཤས་རྫོགས་པ་ཡན་གར་བ་སྣང་བར་འགྱུར་ན། ལེགས་པར་འགྱུར་བ་དེ་ལྟར་ན་དགེ་བ་འདོད་པས་རྨོངས་པའི་བློ་ཅན་རྨི་ལམ་བཞིན་དུ་སྤྱོད་དོ། །ཚིག་དང་ངག་དྲན་པར་གྱུར་པ་དག་ལ་ཡང་ཡི་གེའི་གོ་རིམས་ཀྱི་ཁྱད་པར་ངེས་པར་འགྱུར་བ་མ་ཡིན་ནོ། །བློ་གོ་རིམས་མེད་པ་ཅན་དག་ལ་སྔ་ཕྱི་མེད་པའི་ཕྱིར། དེས་བྱས་པའི་ཚིག་དང་ངག་གི་ཁྱད་པར་དེ་དག་ཁྱད་པར་མེད་པར་འགྱུར་རོ། །ཡི་གེའི་གོ་རིམས་མེད་པ་ཅན་གྱི་སྒྲའི་ངོ་བོ་གཞན་མ་མཐོང་ངོ་ཞེས་བཤད་ཟིན་ཏོ། །ཡོད་ན་ཡང་དེ་མི་རྟག་པའམ་རྟག་པར་འགྱུར་གྲང་ན། གལ་ཏེ་མི་རྟག་པ་ཡིན་ན་ནི། རྩོལ་བ་ལས་བྱུང་མི་རྟག་ན། དེ་ཅི་སྐྱེས་བུས་བྱས་པ་མིན། །མི་རྟག་པ་ནི་གདོན་མི་ཟ་བར་འགའ་ཞིག་ལས་སྐྱེ་བ་དང་ལྡན་པར་འགྱུར་རོ། །དེ་ལྡན་པར་ཡོད་པ་ཉིད་གློ་བུར་པ་ཡིན་ན་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་རོ་ཞེས་བཤད་ཟིན་ཏེ། དེ་ཡང་འབད་རྩོལ་གྱིས་འཕངས་པ་བྱེད་པའི་ཡོན་ཏན་དང་བྲལ་བ་མ་ཡིན་པ་ཅན་དག་ལ་མཐོང་བ་གཞན་དུ་མ་མཐོང་ངོ༌། །དེ་ལྟར་རྒྱུའི་ཆོས་མཐོང་བའི་སྐྱེས་བུའི་བྱ་བ་ཉིད་ནི་རྒྱུ་ཡིན་པ་དེ་བས་ན་སྐྱེས་བུས་བྱས་པར་འགྱུར་རོ། །རྟག་ཉིད་ཡིན་ནའང་རྟག་པ་ནི། །དམིགས་འགྱུར་སྒྲིབ་གཡོགས་མེད་ཕྱིར་རོ། །ཅི་སྟེ་སྒྲའི་ངོ་བོ་ཉིད་དེ་རྟག་པ་དང་དམིགས་པའི་རང་བཞིན་ཅན་དུ་འགྱུར་ན་དེའི་རང་བཞིན་དེ་ནི་འགའ་ཞིག་གི་ཚེ་ཡང་ཉམས་པ་མེད་པའི་ཕྱིར་རྟག་ཏུ་དམིགས་པར་འགྱུར་རོ། །གལ་ཏེ་ནུས་པ་འགའ་ཞིག་ལས་ཀྱང་འཕོ་བ་མེད་པ་དེ་ལྟར་ན་རྟག་པར་གྱུར་ཏེ། ཤེས་པ་བསྐྱེད་པ་དེའི་ནུས་པ་བསྐྱེད་པ་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་དང༌། །དོན་གཞན་དུ་གྱུར་པ་ནི་སྔར་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །དམིགས་པའི་བདག་ཉིད་ཅན་དེ་ལ་ཡང་དམིགས་པའི་སྒྲིབ་གཡོགས་སུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ཡོད་དུ་ཟིན་ཀྱང་དེའི་བདག་ཉིད་ཉམས་པ་མེད་པར་ནུས་པ་ཟིལ་གྱིས་མནན་པར་མི་རུང་བའི་ཕྱིར་རོ། །དེ་


DTG174_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུལ་དུ་བྱུང་བ་བསྐྱེད་པར་མི་ནུས་ན་ནི་ཅུང་ཞིག་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །ཅུང་ཞིག་མི་བྱེད་ན་ཡང་དག་ལ་སྒྲིབ་པར་བྱེད་པའམ། གཞན་ཞེས་བྱ་བ་དེ་ནི་མང་དུ་དཔྱོད་ཟིན་ཏོ། །བུམ་པ་ལ་སོགས་པ་དག་ལ་རྩིག་པ་ལ་སོགས་པ་དག་གིས་ཕུལ་དུ་བྱུང་བ་སྐྱེད་པར་བྱེད་པའམ་ཉམས་པ་ཅི་ཞིག་བྱེད་ན་གང་གིས་སྒྲིབ་པར་འདོད་ཅེ་ན། དེ་དག་འགའ་ཞིག་གི་ཕུལ་དུ་བྱུང་བ་བྱེད་པ་ཡིན་པར་ནི་མི་སྨྲའི། འོན་ཀྱང་བུམ་པའི་སྐད་ཅིག་མ་ཐམས་ཅད་དབང་པོའི་ཤེས་པའི་རྒྱུ་མ་ཡིན་ནོ། །ཕན་ཚུན་འདུས་པ་ཡུལ་དང་དབང་པོ་དང་སྣང་བ་རྣམས་ནི་གཅིག་ལ་གཅིག་གིས་ཁྱད་པ་ཅན་གྱི་སྐད་ཅིག་མ་གཞན་བསྐྱེད་པའི་ཕྱིར་རྣམ་པར་ཤེས་པའི་རྒྱུ་ཡིན་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པའི་ལྟོས་པ་མི་རུང་བའི་ཕྱིར་རོ། །ནུས་པའི་རང་བཞིན་ཅན་རྟག་ཏུ་སྐྱེད་པར་བྱེད་པའམ། སྐྱེད་པར་མི་བྱེད་པའམ། གཞན་ཐམས་ཅད་དུ་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་དག་ཀྱང་ཐོགས་པར་བྱེད་པ་གཞན་གྱི་བར་མ་ཆོད་པར་ཕན་ཚུན་དུ་འདོགས་པར་བྱེད་པ་ཡིན་ཏེ། བར་དུ་གཅོད་པ་མེད་པ་ཅན་གྱི་ཡུལ་རུང་བ་ཉིད་ཀྱི་ལྷན་ཅིག་བྱེད་པ་ཅན་ཉིད་ཀྱིས་དེ་དག་ཕན་ཚུན་དུ་ཕུལ་དུ་བྱུང་བ་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །བར་ཆད་ཡོད་ན་ནི་རྒྱུ་མེད་པ་ནུས་པའི་སྐད་ཅིག་མ་གཞན་མི་བསྐྱེད་པའི་ཕྱིར། རྣམ་པར་ཤེས་པ་མི་བསྐྱེད་པ་ཡིན་ནོ། །དེ་བས་ན་སྔར་བྱུང་བའི་ནུས་པ་འགགས་པའི་ཕྱིར། རྩིག་པ་ཡོད་ན་གཞན་སྐྱེ་བར་འདོད་པ་རྒྱུ་མེད་པས་མི་སྐྱེ་བའི་ཕྱིར་རྒྱུ་དང་བྲལ་བས་ཤེས་པ་མི་སྐྱེ་བ་དེ་ལྟར་ན་རྩིག་པ་ལ་སོགས་པ་ལ་སྒྲིབ་གཡོགས་ཞེས་བྱའོ། །སྔར་རུང་བ་ལ་གེགས་བྱེད་པའི་ཕྱིར་ནི་མ་ཡིན་ཏེ། དེའི་རང་བཞིན་ལས་མ་འཕོས་པའི་ཕྱིར་རོ། །ཡང་ན་དངོས་པོ་སྐད་ཅིག་མ་རྣམས་ཕན་ཚུན་ཕན་འདོགས་པ་ཡོད་དུ་ཟིན་ཀྱང༌། ཐམས་ཅད་ཤེས་པ་མ་ཡིན་པས། །རྒྱུ་དང་རྐྱེན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་གལ་ཏེ་དབང་པོ་དང་ཡུལ་གྱི་བར་ན་གནས་པའི་སྒྲིབ་གཡོགས་ངེས་དེ་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དང་ཤིན་ཏུ་མི་མཐུན་པའི་བྱེ་བྲག་གིས་ཕུལ་དུ་བྱུང་བ་ཅན་དུ་བྱེད་ཟིན་ཀྱང༌། སྒྲིབ་གཡོགས་ཀྱི་བྱེ་བྲག་གིས་སྒྲ་ལ་སོགས་པ་


DTG174_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པ་གསལ་བ་དང་མི་གསལ་བ་མཐོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགའ་ཞིག་ལ་ཡང་ཐག་ཉེ་བ་ཡིན་དུ་ཟིན་ཀྱང་ཅུང་ཞིག་མེད་པ་ཐག་ཉེ་བ་མ་ཡིན་པ་དང་མཚུངས་པའི་ཕྱིར། འདིའི་འདི་ཞེས་ཉེ་བར་སྦྱར་བ་ནི་རྣམ་པར་རྟོག་པས་སྤྲུལ་པ་ཉིད་ཡིན་གྱི། དངོས་པོ་ལ་བརྟེན་པ་ཅན་ནི་མ་ཡིན་ནོ། །སྒྲོ་བཏགས་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ནི་དོན་བྱེད་པ་དག་མ་ཡིན་ཏེ། བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་བཏགས་པ་ལས་འཚེད་པའི་ཕྱིར་བསྟེན་པ་མ་ཡིན་པ་ལྟ་བུའོ། །དེ་བས་ན་རྟོགས་པ་ཡོད་དུ་ཟིན་ཀྱང་དངོས་པོ་དེ་ཡོངས་སུ་གྱུར་པ་ཅན་མ་ཡིན་པ་དག་ནི་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་ཉིད་དུ་འགྱུར་རོ། །དེ་བས་ན་སྒྲིབ་གཡོགས་ཡོད་དུ་ཟིན་ཀྱང་དབང་པོ་ལ་སོགས་པ་དག་ཤེས་པར་བྱེད་པར་འགྱུར་ན་དེ་ལྟ་ཡང་མ་ཡིན་ནོ། །དེ་བས་ན་དེས་བྱ་བ་ཁྱད་པར་དེ་ལྟར་ཤེས་པར་འགྱུར་རོ། །དེ་ལྟར་སྒྲ་རྟག་པ་རྣམས་འགའ་ཞིག་ཡོད་ན་ཡང་ཕུལ་དུ་བྱུང་བ་ཉམས་པ་མེད་པར་འགྱུར་རོ། །དེ་བས་ན་གལ་ཏེ་དེ་རྣམས་ཤེས་པ་བསྐྱེད་པའི་རང་བཞིན་ཡིན་ན། ཐམས་ཅད་ཐམས་ཅད་ཀྱི་ཚེ་རང་གི་ཡུལ་གྱི་ཤེས་པ་ཐམས་ཅད་ཅིག་ཅར་བསྐྱེད་པར་འགྱུར་བའམ། འགའ་ཞིག་འགའ་ཞིག་གི་ཆེ་ཅུང་ཞིག་ཀྱང་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བ་དེ་ནི་ངེས་པ་ཡིན་ནོ། །གལ་ཏེ་ལྷན་ཅིག་བྱེད་འགའ་དང༌། །བྲལ་ཉིད་ཕྱིར་ན་མཉམ་པ་མེད། །དེ་ལྟར་ནི་འགྱུར་ན་སྒྲིབ་གཡོགས་ལས་རྟག་ཏུ་སྒྲ་དག་མ་ཐོས་པར་ནི་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་རྟོགས་པ་ལས་ལྷན་ཅིག་བྱེད་པ་ངེས་པ་ཅུང་ཟད་ནི་ཡོད་དོ། །དེ་ནི་འགའ་ཞིག་གི་ཚེ་འགའ་ཞིག་ཏུ་འགྱུར་རོ་ཞེས་དེ་དག་འགའ་ཞིག་གི་ཚེ་འགའ་ཞིག་ཏུ་དེ་བྱས་པ་ཐོས་པ་ཡིན་ནོ་ཞེ་ན། དེ་ལྟར་གཞན་ལྟོས་ཡིན་བླ་སྟེ། །ངེས་པ་དག་ནི་འགལ་བ་ཡིན། །ཁོ་བོ་ཅག་ནི་རྒྱུ་རྣམས་ནི་ལྷན་ཅིག་བྱེད་པ་དག་སྤོང་བ་མ་ཡིན་མོད་ཀྱི། འོན་ཀྱང་རྒྱུ་རྣམས་དེའི་སྐབས་ལ་ཕན་འདོགས་པར་བྱེད་ལ་ལྟོས་པ་ཁོ་ན་ཡིན་ཏེ། དེ་ལས་རྙེད་པའི་ཕུལ་དུ་བྱུང་བའི་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་སྒྲ་དག་ཀྱང་འགའ་ཞིག་ལ་ལྟོས་ནས་འབྲས་བུ་བྱེད་པར་འགྱུར་ན་བྱེད་ལ་རག་གོ །སྔ་མའི་


DTG174_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ངེས་པ་ཞེས་བྱ་བ་དེར་མི་འགྱུར་ཏེ། དེ་ནི་འཕོས་པའི་ཕྱིར་དང༌། ལྟོས་པར་བྱ་བ་ལས་རང་བཞིན་གཞན་ཐོས་པའི་ཕྱིར་རོ། །ཕན་འདོགས་པ་མ་ཡིན་པ་ནི་ལྟོས་པར་བྱ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་བཤད་ཟིན་ཏོ། །ཕན་འདོགས་པར་བྱེད་པ་དོན་གཞན་ཉིད་ཡིན་ན། དེའི་ཞེས་འབྲེལ་པ་མེད་པ་ལ་སོགས་པ་ཡང་བཤད་ཟིན་ཏོ། །དེ་ཡང་ཤེས་བྱ་ཉིད་མ་ཡིན་ཏེ། ཕན་འདོགས་པ་ཉིད་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །དེ་བས་ན་སྒྲ་དེ་དག་ནི་དབང་པོ་དང་ཕྲད་པ་དང༌། བདག་ཉིད་དང༌། གཞན་རྣམ་པར་ཤེས་པ་སྐྱེད་པར་བྱད་པའི་རྟེན་རང་གི་ཤེས་པ་སྐྱེད་པར་བྱེད་པ་འགའ་ཞིག་ལ་ལྟོས་པ་མེད་པ་ཡིན་ཏེ། དེ་ལ་ཐམས་ཅད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གཞན་ཡང་སྒྲ་དེ་དག་ཁྱབ་པར་བྱེད་པའམ། ཁྱབ་པར་བྱེད་པ་མ་ཡིན་པར་འགྱུར་གྲང་ན། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་དུ་ནི་དམིགས་མི་འགྱུར། །ཡུལ་གཅིག་ལ་གནས་པ་དེས་སྟོང་བའི་ཡུལ་ལ་གནས་པས་ཇི་ལྟར་དམིགས་པར་འགྱུར། གལ་ཏེ་མ་ཕྲད་པར་འཛིན་པའི་ཕྱོགས་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྡོ་ཁབ་ལེན་ལ་སོགས་པ་དང་འདྲ་བར་ཡུལ་རུང་བ་ཉིད་ལ་གནས་པ་ཁྱད་པར་ཅན་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཐོས་པ་གསལ་བ་དང་མི་གསལ་བའི་ཁྱད་པར་དུ་མི་འགྱུར་རོ། །དམིགས་པའི་རྐྱེན་ཡོད་ན་ཡང་ཡུལ་ཐམས་ཅད་ལ་འདྲ་བར་དམིགས་པར་འགྱུར་རོ། །དེ་བས་ན་ཁྱབ་པར་བྱེད་པ་མ་ཡིན་པ་མ་ཡིན་ནོ། །གལ་ཏེ་ཁྱབ་ན་ཐམས་ཅད་ཀྱིས། །ཅིག་ཅར་དམིགས་པ་དག་ཏུ་འགྱུར། །སྒྲ་འགའ་ཞིག་ལ་ཡང་མེད་པ་མ་ཡིན་པའི་ཕྱིར། ཐམས་ཅད་ཡུལ་ཐམས་ཅད་ན་གནས་པ་དག་གིས་ཅིག་ཅར་དམིགས་པར་འགྱུར་ཏེ། དབང་པོ་རུང་བ་ཅན་ཉིད་ཡིན་པའི་ཕྱིར་དང༌། ཡུལ་ཐག་ཉེ་བ་ཉིད་ཀྱི་ཕྱིར་དང༌། གེགས་བྱེད་པ་མེད་པའི་ཕྱིར་རོ། །འདུས་བྱས་དམིགས་པ་ཡིན་ན་ཡང༌། །འགྱུར་མེད་གང་གིས་ལེགས་པར་བྱེད། །དེ་ལྟར་ནི་འགྱུར་ན་སྒྲ་ཐམས་ཅད་ཡོད་དུ་ཟིན་ཀྱང༌། དམིགས་པར་འགྱུར་བ་མ་ཡིན་ཏེ། འདུས་བྱས་པ་ལེགས་པར་བྱས་པ་ཁོ་ནས་དམིགས་པའི་ཕྱིར་རོ་ཞེ་ན། དེ་ལ་འདུས་བྱས་པ་


DTG174_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམིགས་པ་མ་ཡིན་ཏེ། བསྒྱུར་བར་བྱ་བ་མ་ཡིན་པ་ཅན་ནི་འདུས་བྱས་པར་མི་རུང་བའི་ཕྱིར་རོ། །དབང་པོ་ལེགས་པར་བྱས་གྱུར་ན། །དེས་ཀྱང་མ་ལུས་ཐོས་པར་གྱུར། །དེ་ལ་གལ་ཏེ་ལེགས་པར་བྱས་པས་དམིགས་པའི་ཕྱིར་དང་པོ་ལེགས་པར་མ་བྱས་པས་དམིགས་པར་མི་འགྱུར་རོ། །གང་གིས་དབང་པོ་ལེགས་པར་བྱས་པ་དེས་སྒྲ་རྣམ་པ་ཐམས་ཅད་ཅིག་ཅར་ཐོས་པར་འགྱུར་བ་དེ་ལྟར་ན་ཐལ་བར་འགྱུར་བ་ཉིད་མ་ལོག་པ་ཡིན་ནོ། །གལ་ཏེ་ལེགས་བྱས་ཁྱད་པར་ལས། །ཐ་དད་ཕྱིར་དོན་གཅིག་ངེས་ཡིན། །སྒྲ་ཡི་འདུས་པ་སྣ་ཚོགས་པའི། །ཅ་ཅོ་ཇི་ལྟར་ཐོས་པར་འགྱུར། །ཅི་སྟེ་ཡང་འདུས་བྱས་པ་སྒྲ་དག་ལ་སོ་སོར་ངེས་པར་འགྱུར་བ་ཡིན་ཏེ། དེ་ལ་འགའ་ཞིག་གིས་དབང་པོ་ལེགས་སོ་ལེགས་པར་བྱས་པ་འགའ་ཞིག་འཛིན་པར་བྱེད་པའི་ཕྱིར། སྒྲ་ཐམས་ཅད་ཅིག་ཅར་ཐོས་པ་མ་ཡིན་ནོ་ཞེ་ན། ལེགས་པར་བྱས་པའི་ཁྱད་པར་ལས་དབང་པོ་རྣམས་ཀྱིས་ཐོས་པ་ངེས་པ་ཡིན་ན་སྒྲའི་ཚོགས་པའི་ཅ་ཅོ་ཐོས་པར་མི་འགྱུར་རོ། །ཅ་ཅོ་ཞེས་བྱ་བ་ནི་སྒྲ་གཅིག་མ་ཡིན་ཏེ། རང་བཞིན་ཐ་དད་པ་ཅན་དག་ཅིག་ཅར་ཐོས་པའི་ཕྱིར་རོ། །ཐ་དད་པ་རྣམ་པར་གཞག་པ་ཡང་རང་བཞིན་ཐ་དད་པ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འཇུག་པ་མྱུར་བའི་ཕྱིར། ཅིག་ཅར་ཐོས་པ་འཁྲུལ་པ་ཡིན་ནོ་ཞེ་ན། གླིང་བུ་ལ་སོགས་པའི་སྒྲའི་རྒྱུན་གོ་བར་བྱེད་པའི་ཡན་ལག་འདུས་པ་ལས་འདྲེས་པར་གྱུར་པ་རྟོགས་པ་འགྱུར་རོ། །འདི་འགོག་པར་བྱེད་པ་ལ་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་བས་ན་དབང་པོ་ནི་གཅིག་རྟོགས་པར་ནུས་པ་སོ་སོར་ངེས་པ་ཡིན་པའི་ཕྱིར། ཅ་ཅོ་དུ་མའི་བདག་ཉིད་ཅན་ཐོས་པ་མ་ཡིན་ནོ། །དེ་ལ་གལ་ཏེ་སྒྲ་ཡན་གར། །ཐོས་འགྱུར་རྗོད་བྱེད་དག་མ་ཡིན། །ཅ་ཅོ་ལ་ཡི་གེ་དང་ཚིག་དག་ངག་དག་ནི་ཐོས་པ་མ་ཡིན་ཏེ། སྒྲ་ཙམ་ཡན་གར་བ་དག་ཐོས་པའི་ཕྱིར་རོ། །རྗོད་པར་བྱེད་པ་ལ་དབང་པོ་སོ་སོར་ངེས་པའི་ནུས་པ་ཅན་ཡོད་པའི་སྒྲ་ཙམ་དག་ལ་ནི་མ་ཡིན། དེ་ལ། སྒྲ་ལས་ཐ་དད་ཡོད་དོ་ཞེས། །འདི་ལ་ཤིན་ཏུ་ཆེས་དད་བྱ། །ཁོ་བོ་ཅག་གིས་ནི་སྒྲ་ཙམ་དང་རྗོད་པར་བྱེད་


DTG174_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲའི་ངོ་བོ་ཐ་དད་པ་མ་མཐོང་ངོ༌། །དུས་གཅིག་གི་ཚེ་ཡི་གེའི་གོ་རིམས་ཐོས་པ་ན་སྒྲའི་བདག་ཉིད་གཅིག་ཁོ་ནར་ངེས་སོ། །དེ་བས་ན་ངེས་པ་སྔོན་དུ་སོང་བ་ཅན་གྱི་ཐ་སྙད་ཡོངས་སུ་གཅད་པ་མེད་པར་ཇི་ལྟར་འཇུག་པར་འགྱུར། དེ་བས་ན་སྒྲའི་ཁྱད་པར་འདི་ཉིད་ཡི་གེ་ལ་སོགས་པ་ཞེས་བྱའོ། །གཞན་ཡང༌། སྒྲ་གཞན་དག་ནི་གནས་པ་ན། །རྗོད་བྱེད་ཇི་ལྟར་ཐོས་པ་ཡིན། །འདི་ལས་སྒྲ་ཙམ་ཐ་དད་པའི་ངོ་བོ་དང་ལྷན་ཅིག་གམ་ཐ་དད་པ་ནི་མ་ཡིན་ནོ། །མངོན་སུམ་གྱི་དོན་ལ་གཞན་གྱིས་བསྟན་པ་ཆེན་པོར་གྱུར་པ་མ་ཡིན་ནོ། །དེ་བས་ན་འདིས་སྨྲ་བ་པོ་གཞན་དག་འདུག་པར་གྱུར་པ་ན། སྒྲ་འགའ་ཞིག་ཐོས་པ་དེའི་དམིགས་པའི་རྐྱེན་དག་དེ་ལས་གཞན་པ་སྒྲུབ་པ་ལ་ནུས་པ་མེད་པ་ངེས་པར་བྱེད་དོ། །གལ་ཏེ་ནུས་པ་དག་ཏུ་འགྱུར་ན་དེ་སྒྲུབ་པར་བྱེད་པ་དེ་དམིགས་པར་འགྱུར་ན། དེའི་རང་བཞིན་ཅན་ཉིད་ཀྱི་རྐྱེན་དག་གིས་ཇི་ལྟར་ཅ་ཅོ་དོན་གཞན་དུ་གྱུར་པ་བྱེད་པར་འགྱུར་ཏེ། རྒྱུ་ཐ་དད་པ་མེད་པ་ལ་འབྲས་བུའི་ཐ་དད་པ་རིགས་པ་མ་ཡིན་ནོ། །དེ་ནི་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་ཏེ། ཅ་ཅོ་ལ་རྗོད་པར་བྱེད་པ་མ་ཐོས་པ་མ་ཡིན་ཏེ། ཚིག་དང་ངག་ཆོད་པ་དག་ཉེ་བར་མཚོན་པའི་ཕྱིར་རོ། །ཡང་ན་ནུས་པ་ངེས་པའི་ཕྱིར། །ཐ་དད་སྒྲས་རྟོགས་ཇི་ལྟར་འགྱུར། །དབང་པོ་ནུས་སོ་སོར་ངེས་པ་ཅན་དེ་དག་གིས་ཀྱང་སྒྲ་སོ་སོ་ལ་ངེས་པའི་སྒྲ་ཙམ་ངོ་བོ་སྣ་ཚོགས་པ་ཐོས་པ་ན་སྒྲ་དག་ཉིད་མ་ཡིན་ཏེ། དེ་ལྟར་ན་སྒྲ་དག་ལ་དེ་དག་གིས་རྒྱབ་ཀྱིས་ཕྱོགས་པ་ཡིན། རྗོད་པར་བྱེད་པ་དག་ལས་ཐ་དད་པར་སྒྲ་ཙམ་དག་གྲུབ་པ་མེད་དོ་ཞེས་བཤད་པ་གང་ཡིན་པ་ཇི་ལྟར་ན་མི་འགྲུབ་སྟེ། ཚིག་ལས་དོན་རྟོགས་པའི་ཕྱིར་རོ། །སྒྲ་ཙམ་གྱི་ཆ་ཤིན་ཏུ་ཆུང་བ་ལས་ནི་དོན་རྟོགས་པ་མ་ཡིན་ཞིང་དེ་གཞན་དང་འདྲེས་པ་ཡང་མ་ཡིན་ནོ། །དེ་བས་ན་སྒྲ་ཙམ་གྱི་ངོ་བོ་མ་ལུས་པ་ཅན་གྱིས་བསྒྲུབ་པར་བྱ་བ་རྟོགས་པ་འདི་ནི། སྒྲ་ཙམ་ཆ་མ་ལུས་པ་ཅན་མ་ཡིན་པ་དག་ཡོད་པ་མ་ཡིན་པའི་ཕྱིར། སྒྲའི་ངོ་བོ་གོ་རིམས་མེད་པ་ཅན་དུ་ཡོད་པ་ཅན་ཉིད་གྲུབ་པ་དང་སྒྲ་ཙམ་གྱི་ཆ་གོ་རིམས་དང་ལྡན་པ་ཅན་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གོ་རིམས་མེད་པ་ཅན་དུ་ནི་ཡི་གེ་གོ་རིམས་


DTG174_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ལས་ཐ་དད་པ་སྔར་བཀག་པ་ཉིད་ཀྱི་ཕྱིར་དང༌། དེ་ལྟར་ཐལ་ཆེས་པའི་ཕྱིར་རོ། །ལས་ཀྱི་ཆ་དག་གི་སྔ་མ་དང་ཕྱི་མ་ལ་འབྲེལ་པ་མེད་པའི་ཕྱིར་དང༌། ཆ་གཅིག་ལས་རྟོགས་པར་མི་འགྱུར་བའི་ཕྱིར། དེ་ལས་ཐ་དད་པ་ཅན་གྱི་ལག་པའི་བརྡ་ལ་སོགས་པ་དག་ལས་ཀྱི་བདག་ཉིད་ཀྱི་ངོ་བོ་མ་ལུས་པ་ཡང་གོ་བར་བྱེད་པའི་རྒྱུར་སྒྲ་དང་འདྲ་བར་ཁས་བླང་བར་བྱ་བ་ཡིན་པར་འགྱུར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་བྱེད་པའི་སྦྱོར་བ་ལ་ཡི་གེའི་ཆའམ་ལས་ཀྱི་ཆ་ཐ་དད་པ་གོ་རིམས་བཞིན་དུ་འབྱུང་བ་ཅན་ཉིད་ཡིན་ན། གོ་རིམས་བཞིན་དུ་རྣམ་པར་རྟོག་པའི་ཡུལ་དག་གིས་བརྡ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པ་སྐྱེད་དོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །གཞན་ཡང༌། ཉེས་པ་གང་དང་གང་དག་གིས། །རྗོད་བྱེད་མིན་དེའང་སྒྲ་ཙམ་འདོད། །སྒྲ་ཙམ་དག་གིས་གསལ་བ་ན། །ཇི་ལྟར་རྗོད་བྱེད་ལ་དེ་མེད། །གོ་རིམས་སུ་འབྱུང་བའི་སྒྲ་ཙམ་གྱི་ཆ་དག་གིས་གསལ་བ་རྗོད་པར་བྱེད་པས་བརྗོད་པ་ཡིན་ནོ་ལོ། །དེ་ཡང་དེ་དག་གིས་ཅིག་ཅར་གསལ་བར་བྱེད་པ་མ་ཡིན་ཏེ། གོ་རིམས་ཡོད་པའི་ཕྱིར་རོ། །ཆ་གཅིག་གིས་ཀྱང་མ་ཡིན་ཏེ། དེ་ལས་གཞན་པ་དོན་མེད་པར་ཐལ་བའི་ཕྱིར་དང༌། ཡི་གེ་ཆ་གཅིག་གི་དུས་ན་ངོ་བོ་མ་ལུས་པ་ཉེ་བར་རིག་པ་མེད་པའི་ཕྱིར་རོ། །དེ་བས་ན་དམིགས་པ་ཚོགས་ཤིང་ཚང་བ་ཅན་མ་ཡིན་པ་འདིས་སྒྲ་ཙམ་དང་འདྲ་བར་དམིགས་པ་ཚང་བས་བསྒྲུབ་པར་བྱ་བའི་དོན་ཇི་ལྟར་བསྒྲུབ་པར་འགྱུར། །ཤིན་ཏུ་དམིགས་སུ་མེད་པས་ཡོད་པ་དང་མེད་པ་དག་ནི། དམིགས་པས་བསྒྲུབ་པར་བྱ་བའི་དོན་དག་ལ་ཁྱད་པར་ཅི་ཞིག་ཡོད། །ཐག་ཉེ་བ་ཙམ་གྱིས་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། གསལ་བ་ལ་ལྟོས་པའི་ཕྱིར་རོ། །ཡོད་པ་དང་མེད་པའི་གོ་རིམས་བཞིན་དུ་འབྱུང་བའི་དང་ཚུལ་ཅན་དེ་ཡང་མཚུངས་པ་ཉེ་བར་སྦྱོར་བའི་ཕྱིར། སྒྲ་ཙམ་དག་གིས་བསྒྲུབ་པར་ནུས་པ་མ་ཡིན་ན། དེ་ལ་ཡང་དེ་ལྟར་འགྱུར་བ་དེ་ལྟར་ན་གཞན་གྱིས་ཅི་ཞིག་བྱ། དེ་བས་ན་ཡི་གེ་དང་ངག་ནི་སྐྱེས་བུའི་མ་བྱས་པ་ཉིད་མ་ཡིན་ནོ། །གལ་ཏེ་ཡི་གེའི་རིམ་པ་དག །ཡིག་རྣམ་ཐ་དད་མེད་ཕྱིར་


DTG174_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །གལ་ཏེ་དོན་གཞན་དུ་གྱུར་པའི་སྒྲའི་ངོ་བོ་ཉིད་ཀྱི་ངག་ནི་སྐྱེས་བུས་མ་བྱས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁོ་བོ་ཅག་གི་ཡི་གེའི་གོ་རིམས་ཀྱི་མཚན་ཉིད་ཅན་ནི་ངག་ཡིན་ཏེ། དེ་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། མ་ཡིན་ཏེ། ཡི་གེ་རྣམས་ཀྱི་གོ་རིམས་དག་ལས་ཐ་དད་པ་མེད་པའི་ཕྱིར་རོ། །འདི་ནི་ཡི་གེ་དག་ལ་དོན་གཞན་མ་ཡིན་ཏེ། སྣང་བ་ཐ་དད་པར་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མི་སྣང་ན་ནི་དེ་ལས་རྟོགས་པ་མེད་པའི་ཕྱིར་དང་རྟགས་མེད་པའི་ཕྱིར་རོ། །གོ་རིམས་ཐ་དད་པ་དང་ལྡན་པ་ཡང་མེད་ན་ནི་ཐམས་ཅད་དུ་ཡི་གེ་ཙམ་ལུས་པའི་ཕྱིར་སྔ་མ་བཞིན་དུ་ཐལ་བར་འགྱུར་བ་ཡིན་ནོ། །དེ་དག་རྣམ་པར་གཞག་པའང་མེད། །གོ་རིམས་གཞན་ནི་འགལ་ཕྱིར་རོ། །གལ་ཏེ་ཡི་གེ་རྣམས་ཀྱི་གོ་རིམས་མ་བྱས་པ་ཡིན་ལ། དེ་དག་རིགས་མཚུངས་པ་མང་པོ་དག་མ་ཡིན་ན། གང་གིས་འགའ་ཞིག་རྣམ་པར་གནས་པའི་གོ་རིམས་ཅན་དུ་འགྱུར་ཞིང༌། གཞན་དག་ཇི་ལྟར་འདོད་པ་བཞིན་དུ་འགྱུར་བ་ཅན་དུ་འགྱུར། འོན་ཅི་ཡིན་ཞེ་ན། འཇིག་རྟེན་གསུམ་ན་ཡི་གེ་ཨ་གཅིག་ཉིད་དང་དེ་བཞིན་དུ་ཡི་གེ་ཡང་ངོ༌། །དེའི་ཚེ་ཨག་ནི་ཞེས་བྱ་བ་ཉིད་དུ་འགྱུར་གྱི། ག་གྷ་ན་ཞེས་བྱ་བ་མ་ཡིན་ཏེ། ཡི་གེ་ཨ་དང་ག་དག་ནི་སྔ་ཕྱིའི་ངོ་བོར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཡོངས་སུ་གྱུར་པ་ལས་ངེས་པ་དང་ལྡན་པའི་བྱས་པ་དག་གི་ཡང་གོ་རིམས་བཟློག་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་ས་བོན་དང་མྱུ་གུ་དང་ལོ་མ་ལ་སོགས་པ་དང་དུས་དང་ལོ་ལ་སོགས་པ་ལྟ་བུའོ། །མ་བྱས་པ་གནས་སྐབས་དང་རང་བཞིན་བསྐྱོད་པ་ཅན་རྣམ་པ་འགའ་ཞིག་གིས་གནས་པ་དག་ཀྱང་ཅི་སྨོས་ཏེ། སྔ་མའི་གནས་སྐབས་དོར་བ་མེད་པ་རྣམ་པ་གཞན་དུ་མི་འགྱུར་བ་མི་རུང་བའི་ཕྱིར་རོ། །དོར་ན་ཡང་འཇིག་པར་ཐལ་བའི་ཕྱིར་རོ། །ཁྱད་པར་དུ་གོ་རིམས་རྟག་པའི་ཡང་ངོ༌། །ཚིག་སོ་སོ་ཡི་གེ་གཞན་ཉིད་ཡིན་ན་སྔ་ན་མེད་པ་འབྱུང་བའི་ཕྱིར་རམ། ཡི་གེ་མང་པོ་ཉིད་ཀྱི་ཕྱིར་དེ་དང་དེར་འགྱུར་ན་དེ་ཡང་འདོད་པ་མ་ཡིན་ནོ། །གཞན་ཡང༌། ཁྱབ་དང་རྟག་པར་བརྗོད་པའི་ཕྱིར། །ཡུལ་དང་དུས་ཀྱི་གོ་རིམས་མེད། །ཡི་གེ་རྣམས་ཀྱི་གོ་རིམས་དེ་ཡང་ཡུལ་གྱིས་བྱས་


DTG174_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དཔེར་ན་གྲོག་མོ་དག་རྒྱུ་བ་ལྟ་བུའོ། །དུས་ཀྱིས་བྱས་པ་སྟེ། དཔེར་ན་ས་བོན་དང་མྱུ་གུ་ལ་སོགས་པར་འགྱུར་གྲང་ན། ཡི་གེ་རྣམས་ལ་དེ་རྣམ་པ་གཉི་ག་ཡོད་པ་མ་ཡིན་ཏེ། ཁྱབ་པའི་ཕྱིར་དང་རྟག་པ་ཉིད་ཀྱི་ཕྱིར་རོ། །ཡུལ་ཕན་ཚུན་སྤངས་པས་འཇུག་པ་ནི་ཡུལ་གྱི་སྔ་ཕྱིར་འགྱུར་བ་ཡིན་ན། ཐམས་ཅད་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར། དེ་ནི་ཡི་གེ་རྣམས་ལ་ཡོད་པ་མ་ཡིན་ཏེ། རླུང་དང་ཉིན་མོ་བཞིན་དང་བདག་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དུས་ཕན་ཚུན་སྤངས་ནས་འཇུག་པ་ནི་དུས་ཀྱི་སྔ་ཕྱིར་འགྱུར་བ་ཡིན་ཏེ། གང་གི་ཚེ་གཅིག་མེད་པ་དེའི་ཚེ་གཞན་ཡོད་པའི་ཕྱིར་རོ། །དེ་ཡང་རྟག་པ་ལ་སོགས་པ་ལ་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐམས་ཅད་ཡོད་པའི་ཕྱིར་རོ། །རྣམ་པ་གཞན་ཡོད་པ་ཡང་མ་ཡིན་ན་ཡི་གེའི་སྔ་ཕྱིར་གྱུར་པའི་ངག་ཡིན་པ་དེ་ཇི་ལྟར་སྐྱེས་བུས་མ་བྱས་པར་སྒྲུབ། མི་རྟག་ཁྱབ་བྱེད་མ་ཡིན་པའི། །སྐྱོན་ཡང་སྔར་ནི་བརྗོད་པ་ཡིན། །ཅི་སྟེ་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་ཡི་གེ་མི་རྟག་པ་དང་ཁྱབ་པར་བྱེད་པ་མ་ཡིན་པར་འདོད་ན། ཕྱོགས་དེ་ཡང་སྔར་གསལ་བའི་ཕྱིར་ལན་མ་ཡིན་ནོ། །གསལ་བའི་གོ་རིམས་ཀྱང་ངག་མིན། །རྟག་པའི་གསལ་བ་གསལ་ཕྱིར་རོ། །ཡི་གེའི་ངོ་བོའི་གོ་རིམས་ནི་ངག་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེ་དག་གི་གསལ་བ་ཡིན་ནོ། །དེ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡི་གེ་མངོན་པར་གསལ་བའི་རྐྱེན་གྱི་གོ་རིམས་ལས་འབྱུང་བའི་གོ་རིམས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེའི་གོ་རིམས་ངག་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། རྟག་པ་དག་གི་དེ་རྦས་ཤེས་པ་སྐྱེད་པར་བྱེད་པ་འབྲས་བུ་ཁྱད་པར་ཅན་ཉིད་གསལ་ངར་བཀག་པ་ཉིད་ཀྱི་ཕྱིར་རོ། །མངོན་སུམ་དུ་ནུས་པ་ཉེ་བས་ཤེས་པ་སྐྱེད་པར་བྱེད་པ་འབྲས་བུ་ཁྱད་པར་ཅན་ཉིད་གསལ་བ་ཡིན་ནོ་ཞེས་དེ་བཤད་པ་ཡིན་ནོ། །བྱེད་པ་རྣམས་ཀྱི་བྱ་ཉིད་ལས། །དེ་གྲུབ་ཕྱིར་ན་འབྲས་ཉིད་ཡིན། །གང་ཁོ་ན་ལས་ངོ་བོ་དམིགས་པ་གང་ཡིན་པ་དེ་ལ་དམིགས་པ་མེད་ན་མི་འབྱུང་བ་དམིགས་པ་ལ་བརྟེན་ནས་འཇིག་རྟེན་པ་དག་འབྲས་བུ་ཉིད་ཐ་སྙད་འདོགས་པར་བྱེད་དོ། །དེ་ནི་ཡི་གེ་དག་ལ་ཡང་ཡོད་དེ། དེ་ཉིད་ཀྱང་གཞན་དག་གི་ཡང་དེའི་རྟེན་ཡིན་པར་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་བས་


DTG174_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁས་ལེན་པའི་རྒྱུ་མཚུངས་པ་ཡིན་ན་ཇི་ལྟར་ན་ཡི་གེ་འབྲས་བུ་དག་མ་ཡིན། དེ་དམིགས་པའི་རྟེན་ཅན་འབྲས་བུ་ཉིད་ཀྱི་ཐ་སྙད་མ་ཡིན་ནོ། །འོན་ཅི་ཡིན་ཞེ་ན། གང་ཡོད་ན་འགྱུར་བ་དེ་ལྟར་ན་ཡོད་པ་ཉིད་ཀྱི་རྟེན་ཅན་ཡིན་ནོ། །ཡོད་པ་ཉིད་དེ་གང་ལས་གྲུབ་ན་གང་གིས་འབྲས་བུ་ཉིད་དུ་གྲུབ་པར་འགྱུར། འདི་མ་གྲུབ་པ་ནི་དེ་ལྟར་མི་འགྱུར་རོ། །དེ་བས་ན་ཡོད་པ་ཉིད་དུ་གྲུབ་ན་དེ་གྲུབ་པར་བྱེད་པ་ཡིན་ལ་དེ་ཡང་དམིགས་པ་ཁོ་ན་ཡིན་ནོ། །དེ་ལྟར་ནི་བདེན་ན་གལ་ཏེ་དེ་ནི་སྔར་ཡོད་པ་ཉིད་དུ་གྲུབ་པར་མི་འགྱུར་ཏེ། ཡོད་པ་ཉིད་དུ་གྲུབ་པ་གང་ཡིན་པ་དེ་ནི་མ་གྲུབ་པ་སྔོན་དུ་སོང་བ་ཅན་ཡིན་ནོ། །དེ་ལྟ་བུར་གྱུར་པའི་རྣམ་པར་ཤེས་པ་མཆོད་པས་ཉེ་བར་སྦྱོར་བ་ཅན་གྱི་ངོ་བོ་གང་ཡིན་པ་དེ་མ་གྲུབ་པའི་ཉིད་མ་ཡིན་ནམ། གལ་ཏེ་དེ་ནི་གྲུབ་པ་ཉིད་ཡིན་མོད་ཀྱི་གཞན་དང་བྲལ་བས་ཉེ་བར་སྦྱོར་བ་མ་ཡིན་ནོ་ཞེ་ན། ད་ནི་ཉེ་བར་སྦྱོར་བ་དང་ཉེ་བར་སྦྱོར་བ་མ་ཡིན་པའི་གནས་སྐབས་དག་ལ་ཇི་ལྟར་ན་ཐ་དད་པ་མེད། ཁྱད་པར་ནི་རང་བཞིན་ལ་མི་རིག་པའི་ངང་ཚུལ་ཅན་ཡང་མ་ཡིན་ཏེ། ཕུལ་དུ་བྱུང་བ་དེ་ཉིད་ལ་ཉེ་བར་སྦྱོར་བ་གྲུབ་པའི་ཕྱིར་རོ། །དེ་ནི་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཁོ་ན་ཡོད་ན་བསྒྲུབ་བྱར་རྒྱུར་བ་དེ་ནི་དེ་ལ་ཉེ་བར་སྦྱོར་བ་ཅན་དུ་རིགས་པ་ཡིན་ནོ། །ཕུལ་དུ་བྱུང་བ་དེ་ཉེ་བར་སྦྱོར་བ་ན་ཡང་འདི་ནི་དེ་དང་འདྲ་བའི་ཐལ་བར་འགྱུར་རོ། །ནུས་པ་བར་དུ་མ་ཆོད་པས་ཉེ་བར་སྦྱོར་བ་ཅན་གྱི་གནས་སྐབས་ལས་ཐ་དད་པས་དེ་ལས་གཞན་པ་ཉིད་ཁྱད་པར་དུ་བྱེད་དོ། །ཕུལ་དུ་དབྱུང་དུ་མེད་པ་ཅན་གྱི་ལྟོས་པ་ཡང་སྔར་བཀག་ཟིན་ཏོ། །དེ་ཡང་བྱེད་པའི་བྱ་བ་ཉིད་ལས་གྲུབ་པའི་ཕྱིར། འབྲས་བུ་ཐམས་ཅད་དང་ཆོས་མཚུངས་པ་ཉིད་ཅན་ནོ། །དེ་འདྲ་བ་དེ་གསལ་བ་ཡིན་ན་ཐམས་ཅད་གསལ་བྱའམ། ཅུང་ཞིག་ཀྱང་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ན་ནི། གྲུབ་པའི་དོན་ལ་རང་ཤེས་པས། །གཞན་བློའི་རྒྱུ་ནི་གསལ་བྱེད་འདོད། །དཔེར་ན་སྒྲོན་བཞིན་གཞན་དུ་ཡང༌། །བྱེད་པོ་ལས་འདི་ཁྱད་པར་ཅི། །བདག་ཉིད་རྟོགས་པའི་སྒོ་ནས་གཞན་རྟོགས་པའི་རྒྱུ་འཇིག་རྟེན་ལ་སྒྲོན་མ་ལ་སོགས་པ་དང་འདྲ་བར་གསལ་བྱེད་དུ་གྲགས་པ་ཡིན་ནོ། །གལ་ཏེ་དེ་སྔར་གྲུབ་པར་འགྱུར་ཏེ། རིགས་མཐུན་པའི་ཉེ་བར་ལེན་པའི་སྐད་ཅིག་མ་


DTG174_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར་རོ། །ཕུལ་དུ་བྱུང་བ་དེ་ཉིད་ཀྱི་ཤེས་པའི་རྒྱུ་ནི་དེའི་ཚོགས་པའི་རྐྱེན་ཅན་ཉིད་ཡིན་པའི་ཕྱིར་རོ། །མ་གྲུབ་པ་དམིགས་པ་གང་ཡིན་པ་དེ་དག་ཀྱང་བྱེད་པ་པོ་ཡིན་ཏེ། བུམ་པ་ལ་སོགས་པའི་རྫ་མཁན་ལ་སོགས་པ་ལྟ་བུའོ། །ངོ་ཤེས་པ་ལ་སོགས་པའི་གྲུབ་པའི་རྒྱུ་དག་གིས་ཀྱང་རྒྱུའི་མཚན་ཉིད་གསོ་བར་བྱེད་པ་མ་ཡིན་ནོ། །གང་ཅུང་ཟད་ཕྱིས་ཡི་གེ་ཨ་རྟོགས་པ་ནི་སྔ་མ་དང་ཐ་དད་པ་མེད་པ་ཡུལ་ཅན་ཡིན་ཏེ། ཡི་གེ་ཨ་རྟོགས་པའི་ཕྱིར་དེ་འདྲའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེས་ཀྱང་རང་གི་མཚན་ཉིད་ཐ་དད་པ་མེད་པར་སྒྲུབ་པར་ནུས་པ་མ་ཡིན་ཏེ། དེའི་རང་བཞིན་མ་གྲུབ་པའི་ཕྱིར་རོ། །སྤྱི་བརྗོད་ན་ཐ་དད་པ་མེད་པའི་ཡུལ་ཅན་ལ་ཡང་འགལ་བ་མེད་དོ། །ཡུལ་གཅིག་རྟོགས་པ་ཡང་སྔ་མ་དང་ཕྱི་མའི་ངོ་བོ་མི་རུང་བའི་ཕྱིར་རོ། །རྒྱུ་ཐག་ཉེ་བ་ཅན་དང་རྒྱུ་ཐག་ཉེ་བ་ཅན་མ་ཡིན་པ་ཉིད་ཀྱིས་བསྐྱེད་པ་དང་མི་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཐག་ཉེ་བ་ཡིན་དུ་ཟིན་ཀྱང་མི་སྐྱེ་བ་ནི་དེའི་རྒྱུ་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ནི་རྒྱུ་མ་ལུས་པ་ཐ་དད་པ་ཅན་ཉིད་ཡིན་ནོ། །དེ་ལ་གཅིག་ཐ་དད་པ་མེད་དུ་ཟིན་ཀྱང་ནུས་པ་ན་ལྟོས་པ་མེད་པའི་ཕྱིར། །སྔ་ཕྱིའི་རྟོགས་པ་དག་ནི་ཡུལ་གཅིག་པ་ཉིད་དུ་རིགས་པ་དང་འགལ་ལོ། །རྟོགས་པའི་སྣང་བ་དང་རང་བཞིན་ཐ་དད་པ་ཡང་མི་མཚུངས་པའི་ཕྱིར་ཡུལ་གཅིག་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་དག་ལ་ཡང་བྲལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལས་མཐོང་བ་དང་འགལ་བའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ནོ་ཞེ་ན། འདི་ལ་ཡང་འགལ་བ་མེད་པ་གང་གིས་གྲུབ། ཇི་སྲིད་དེ་སྐད་དུ་བརྗོད་པ་དོན་ཐ་དད་པ་མེད་པས་ཁྱབ་པར་མ་བསྒྲུབས་པ་དེ་སྲིད་དུ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གང་གི་ཚེ་བྱེད་པ་སོ་སོ་ཐ་དད་པས་ཀྱང་སྒྲ་ཐ་དད་པའི་རང་བཞིན་ཅན་མཉན་པ་ལ་སྣང་བ་ན་གཅིག་སྒྲུབ་པར་བྱེད་ན་ཅིའི་ཕྱིར་བུམ་པ་ལ་སོགས་པ་མ་ཡིན། དེ་ལ་ཡང་གསལ་བྱེད་ཐ་དད་པ་ལས་སྣང་བ་ཐ་དད་དོ་ཞེས་ལན་བཏབ་བར་ནུས་པ་ཁོ་ན་ཡིན་ན། །གཞན་ཡང༌། བྱེད་པ་རྣམས་ཀྱི་ཚོགས་པ་ཡི། །བྱ་བ་ཡིས་ནི་ངེས་པ་ཡང༌། །དམིགས་ཕྱིར་འབྲས་བུ་ཉིད་ཡིན་ཏེ། །


DTG174_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་དེ་ལ་མི་སྲིད་ཕྱིར། །འགའ་ཞིག་གི་ཚེ་ཡང་བྱེད་པའི་བྱ་བ་རྣམས་ལ་སྒྲ་མ་དམིགས་པ་ནི་ཡོད་པ་ཡིན། གདོན་མི་ཟ་བར་གསལ་བྱེད་ཀྱི་བྱ་བས་དོན་ལ་དམིགས་པར་བྱེད་པ་དག་མ་ཡིན་ཏེ། འགའ་ཞིག་ན་གསལ་བྱེད་ཡོད་དུ་ཟིན་ཀྱང་བུམ་པ་མི་དམིགས་པའི་ཕྱིར། །དེའི་བྱ་བ་ལས་སྒྲ་ངེས་པར་དམིགས་པ་དེས་དེ་བྱུང་བར་འགྱུར་རོ། །བྱེད་པ་པོ་མ་ཡིན་པའི་བྱ་བ་དེ་ཡོད་ན་ཡང་དེ་གྲུབ་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་ཁྱབ་པ་དང་རྟག་པ་ཉིད་ཀྱི་ཕྱིར་དམིགས་པ་ཡིན་ནོ་ཞེ་ན། ད་ནི་བུམ་པ་ལ་སོགས་པ་དག་ལ་ངེས་པ་ཅི་ཡོད། གལ་ཏེ་དེ་དག་དེ་ལྟར་མི་འདོད་དོ་ཞེ་ན། དེ་དང་ཆོས་མཐུན་པ་ཉིད་ཅན་གྱི་སྒྲ་ཅིའི་ཕྱིར་འདོད། །འདི་ལ་ཕུལ་དུ་བྱུང་བ་ཅུང་ཞིག་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ། །ཁྱབ་པར་བྱེད་པ་དང་རྟག་པ་ཉིད་ཀྱང་བཀག་ཟིན་ཏོ། །བུམ་པ་ལ་སོགས་པ་དག་ལ་གསལ་བྱེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། སྐྱོན་ཡོད་པ་མ་ཡིན་ཏེ། དེ་དག་གི་གསལ་བྱེད་གྲགས་པ་དང༌། རྫ་མཁན་ལ་སོགས་པ་དག་གསལ་བྱེད་ཉིད་ཡིན་ན། དེ་འདྲ་བ་ཉིད་དུ་འགྱུར་བ་ན་ཁྱད་པར་དུ་བྱས་པར་འགྱུར་བ་གསལ་བྱེད་ཀྱི་ཁྱབ་པར་དེ་ལས་བྱེད་པ་པོ་ཡིན་ཏེ། ཕན་འདོགས་པ་བྱེད་པ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་དང་དེ་ནི་སྒྲ་དག་ལ་ཡང་མཚུངས་སོ། །དེ་ལ་ཡང་དབང་པོ་དང་ཡུལ་རུང་བ་ལ་སོགས་པ་དག་ལས་བྱེད་པ་རྣམས་ཕུལ་དུ་བྱུང་བའི་ཕྱིར་རོ། །བྱེད་པ་དག་ལ་ཡང་བུམ་པ་ལ་སོགས་པའི་བྱེད་པ་པོའི་ཆོས་ཀྱང་མཐོང་བའི་ཕྱིར་རོ། །སྒྲོན་མ་ལ་སོགས་པ་དེ་ཉིད་དང་ཡུལ་གཞན་འགའ་ཞིག་ལ་གསལ་བྱེད་གཞན་མེད་པའི་ཕྱིར་དེ་དག་གི་རྒྱུ་དག་ཀྱང་དེ་དག་གསལ་བྱེད་དུ་འགྱུར་རོ། །དེ་བས་ན་སྒྲ་གསལ་བ་མ་ཡིན་ནོ། །འགྱུར་ན་ཡང་བྱེད་པ་དག་ལས་སྒྲ་ཕུལ་དུ་བྱུང་བ་དང་ལྡན་པའམ། སྒྲིབ་པར་བྱེད་པ་དང་བྲལ་བའམ། རྣམ་པར་ཤེས་པ་གསལ་བ་ཡིན་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་ཕུལ་དུ་བྱུང་བ་བསྐྱེད་པ་ནི་མ་ཡིན་ཏེ། མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་ངོ་བོ་སྔ་མ་དང་ཕྱི་མ་ཉམས་པ་དང་སྐྱེ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ། གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི། །སྒྲིབ་བྱེད་བྲལ་བ་གསལ་ཡིན་ནའང༌། །ཅི་ཕྱིར་མེད་པ་ལ་མེད་པའི། །ཚོགས་ཀྱི་ནུས་པ་དེ་རུང་འགྱུར། །སྒྲིབ་པར་


DTG174_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཅུང་ཞིག་ཀྱང་མི་བྱེད་པ་ནུས་པ་ཞེས་བྱ་བ་མེད་དོ། །བྲལ་བ་ཡང་མེད་པ་ཡིན་ལ་མེད་པ་ཡང་འབྲས་བུ་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །སྒྲ་རྟག་པའི་སྒྲིབ་པར་བྱེད་པ་ཡང་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡང་བཤད་ཟིན་ཏོ། །དེ་བས་ན་སྒྲིབ་པར་བྱེད་པ་ལ་བྱེད་པ་དག་ཉེ་བར་དགོད་པར་བྱ་བ་ཡིན་ནོ། །དེ་དག་ནི་ནུས་པ་མེད་པ་མ་ཡིན་ཏེ། དེ་དག་གི་བྱ་བ་མེད་པར་སྒྲ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་དེ་དག་གིས་སྒྲའི་ངོ་བོ་ཡིན་པ་བྱེད་པར་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན། སྒྲ་དང་ཁྱད་པར་མེད་པའི་ཕྱིར། །གཞན་དག་ཀྱང་གསལ་ཐོབ་པར་འགྱུར། །དེ་བཞིན་དུ་ནི་ཁས་ལེན་ན། །རྒྱུ་རྣམས་ཀུན་ནི་དོན་མེད་ཉིད། །གལ་ཏེ་རྒྱུ་ཐམས་ཅད་དང་ཆོས་མཐུན་པ་ཅན་གྱི་བྱེད་པ་གསལ་བྱེད་པ་དག་གིས་ཀྱང༌། ད་ནི་འབྲས་བུ་ཅུང་ཞིག་ཀྱང་བྱེད་པར་མི་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །དངོས་པོ་ནི་བྱ་བ་མ་ཡིན་པ་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རོ། །སྒྲིབ་པར་བྱེད་པ་མེད་པ་ནི་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་ཤེས་པ་ཡང་དངོས་པོ་དང་འདྲ་བར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཤེས་པ་ལ་འགའ་ཞིག་བྱེད་པ་པོར་འདོད་ན་དེ་ལྟ་བུར་གྱུར་པ་གཞན་དག་ལ་ཡང་དེ་ལྟར་འགྱུར་བར་ཐལ་བའི་སྒོ་ནས་ཐམས་ཅད་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དོན་གྱི་ཚོགས་བྱེད་པ་པོར་མངོན་པར་འདོད་པ་འདི་གསལ་བ་ལ་མ་ཡིན་ཞིང་བྱ་བ་ལ་མ་ཡིན་པའི་ཕྱིར། དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ཅན་མ་ཡིན་པའི་འགྲོ་བ་འདི་བྱེད་པ་མེད་པར་འགྱུར་རོ། །སྒྲ་རྟག་པ་ཉིད་ཡིན་ན་ཡང་ངོ༌། །ངོ་ཤེས་པ་དང་ཡོད་སྦྱོར་སོགས། །གང་ཡིན་སྒྲུབ་བྱེད་འདོད་ན་ནི། །དཔེ་མེད་ཅན་ཡིན་དངོས་ཀུན་ནི། །སྐད་ཅིག་གིས་ནི་འཇིག་ཕྱིར་རོ། །དངོས་པོ་ཐམས་ཅད་ནི་འཇིག་པའི་རྒྱུ་མེད་པ་ཉིད་ཀྱི་ཕྱིར། སྐད་ཅིག་མས་འཇིག་པ་ཡིན་ནོ། །ཞེས་བཤད་ཅིང་འཆད་པར་ཡང་འགྱུར་རོ། །གཞན་ལས་སྐྱེ་བ་ཅན་ཡང་ཡིན་ཏེ། ཡོད་པ་ཉིད་ནི་གློ་བུར་བ་ཉིད་དུ་མི་རུང་བའི་ཕྱིར་རོ། །དེ་བས་ན་ངོ་ཤེས་པ་དང་ཡོད་པར་སྦྱོར་བ་ལ་སོགས་པ་འདིའི་ནི་བརྟན་པའི་ངོ་བོ་གཅིག་པ་ཅན་འགའ་ཞིག་ལ་


DTG174_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མ་ཡིན་ནོ། །སྒྲོན་མ་ལ་སོགས་པ་རང་བཞིན་གཞན་དང་གཞན་དུ་གྱུར་པ་ཅན་དག་ལ་མཐོང་བའི་ཕྱིར་འགལ་བ་ཉིད་ཡིན་ནོ། །མ་ཡིན་ཏེ། སྐྱེ་བ་ཐ་དད་པ་མེད་པ་ཅན་ནི་ཆོས་མཐུན་པ་ཉིད་ཅན་དུ་རྣམ་པར་འཁྲུལ་པས་སྒྲོན་མ་ལ་སོགས་པ་དག་ལ་ཡོད་པའི་ཕྱིར་རོ། །སྐྱེ་བ་ཐ་དད་ཅེས་བྱ་བ་གང་ལ་བརྟེན་ནས་བརྗོད་པ་ཡིན། ཐ་དད་པ་མེད་པ་དེ་ནི་ཐམས་ཅད་ལ་སྔ་ཕྱིར་དཔྱད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་དུ་ཐ་དད་པ་ཡང་ཡིན་ནོ་ཞེ་ན། དེ་ཉིད་ཀྱིས་ཐེ་ཚོམ་ཡིན་པའམ་བླ་སྟེ། ཐེ་ཚོམ་ལས་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་ཐ་དད་པར་མཐོང་བ་མེད་པའི་ཕྱིར། གཅིག་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤེས་པ་སྔ་ཕྱིས་ཡོད་པ་དང་མེད་པ་ཉིད་དུ་གྲུབ་པའི་ཕྱིར། རང་བཞིན་ཐ་དད་པ་སྲིད་པའི་ཕྱིར་རོ། །གལ་ཏེ་ཕྱིས་འབྱུང་བའི་ཤེས་པ་སྔར་རྒྱུ་ཐག་ཉེ་བ་ཅན་དག་ཡིན་ན་ཤེས་པ་སྔ་མ་དང་འདྲ་བར་སྐྱེ་བ་ཉིད་དུ་འགྱུར་ལ། མི་སྐྱེ་ན་ནི་རྒྱུ་དང་བྲལ་བ་ཉིད་སྟོན་པར་བྱེད་ནུས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ནུས་པ་མེད་ན་ཡང་ཕྱིས་ཀྱང་ནུས་པ་དང་མི་ལྡན་པའི་ཕྱིར་དང༌། ལྡན་པ་ཉིད་ཡིན་ན་ནི་མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཡོད་པའི་སྦྱོར་བ་འདི་ཡིན་པ་དེ་ལྟར་ན་ཡང་སྦྱོར་བ་པོའི་ནུས་པས་བསྐྱེད་པ་ཉིད་ཡིན་ཏེ། བདག་ཉིད་ཀྱི་ནུས་པ་ལ་དེ་ནི་ཉེ་བར་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ཞེས་བྱ་བ་ཡང་རིགས་མཐུན་པའི་ཉེ་བར་ལེན་པ་ལྟོས་པ་ཅན་ནམ། ལྟོས་པ་མེད་པ་ཅན་འདོད་པ་སྒྲུབ་པར་བྱེད་པ་ལ་ནུས་པ་བསྐྱེད་པ་ཉིད་ཡིན་པར་བརྗོད་དེ། སྟེའུ་ལ་སོགས་པའི་སྦྱོར་བ་སྦྱོར་བ་བཞིན་དང༌། ལས་ལ་སོགས་པའི་སྦྱོར་བ་བཞིན་ནོ། །མངོན་སུམ་དུ་གྱུར་བ་ངོ་ཤེས་པ་ནི་མངོན་སུམ་ཉིད་ཡིན་ཏེ། མངོན་སུམ་དེ་ལས་བརྟན་པ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་གང་ཡིན་པ་དེ་ཡང་འོག་ནས་དགག་པར་བྱའོ། །རྟགས་ངན་གཞན་ཡང་སུན་དབྱུང་བྱ། །གང་ཆོས་འགའ་ཞིག་ཀྱང་རིགས་མཐུན་པའི་རྗེས་སུ་འགྲོ་བ་མེད་དེ། ཆོས་ཐམས་ཅད་དེའི་གནས་སྐབས་ཅན་ཉིད་ཡིན་པའི་ཕྱིར་རོ། །བརྟེན་པར་དམ་བཅས་པ་ཐམས་ཅད་ཀྱང་ཇི་སྐད་དུ་བརྗོད་པའི་རིགས་པ་དང་འགལ་བའི་ཕྱིར་རོ། །རྟག་པའི་གཏན་ཚིགས་གཞན་དག་ཀྱང་སྐྱོན་ཅན་དུ་བརྗོད་པར་བྱའོ། །བློ་ནི་སྐྱེས་བུའི་རྟེན་


DTG174_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མིན། །ཁས་བླངས་མངོན་སུམ་གྲགས་པ་དང༌། །རྗེས་སུ་དཔག་པས་ཅིག་ཅར་གནོད། །གལ་ཏེ་གསལ་བ་བློ་ཡིན་ན་ནི་དེའི་གོ་རིམས་ངག་ཡིན་ལ། དེ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་ན་བློ་རྣམས་ནི་སྐྱེས་བུའི་ཡོན་ཏན་ཉིད་དུ་ཁས་བླངས་པས་འདིའི་གྲུབ་པའི་མཐའ་ལ་གནོད་པར་འགྱུར་རོ། །བློ་འདིའི་ནི་སྐྱེས་བུར་འགྲང་བ་ཅན་དང༌། སྐྱེས་བུའི་ཡོན་ཏན་ཡིད་ལ་བྱེད་པ་ལ་སོགས་པ་དག་ལས་འགྱུར་རོ། །ཞེས་བྱ་བ་གང་ཡིན་པ་དེ་ཡང་མངོན་སུམ་ཡིན་ནོ། །ཡོད་པ་དང་མེད་པའི་ཁྱད་པར་ལས་འབྲས་བུ་ཞེས་བྱ་བ་གཞན་མེད་དེ། ཡོད་པ་དེ་ཡང་མངོན་སུམ་ཡིན་ཞིང་མི་དམིགས་པའི་མཚན་ཉིད་ཅན་གྱི་མེད་པ་ཡང་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ནོ། །ཞེས་འཆད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བློ་རྣམས་ནི་སྐྱེས་བུའི་འབྲས་བུ་ཉིད་དུ་རྗེས་སུ་དཔག་པར་བྱ་སྟེ། འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྟགས་ཅན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང༌། ཡི་གེ་རྣམས་ལས་ཐ་དད་པའི། །གོ་རིམས་ཀྱང་གསལ་དཔྱད་ཟིན་ཏོ། །དེ་རྟོག་སྒྲོ་བཏགས་ཡིན་གྱུར་ན། །ཇི་ལྟར་སྐྱེས་མིན་རྟེན་ཅན་ཡིན། །ཡི་གེ་ལས་ཐ་དད་པ་ཅན་གྱི་གོ་རིམས་ནི་གསལ་བ་རྣམ་པར་དཔྱད་པའི་གོ་རིམས་ཀྱིས་ལན་བཏབ་ཟིན་ཏོ། །དེ་ཡང་ཡི་གེའི་རང་བཞིན་ཅན་མ་ཡིན་ནོ། །དངོས་པོའི་རང་བཞིན་ནི་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་རོ། །དེ་བས་ན་དེའི་ངོ་བོ་ཅན་མ་ཡིན་པ་དག་ལ་དེའི་ངོ་བོར་སྒྲོ་བཏགས་པར་སྣང་བ་ཅན་གྱི་བློའི་གོ་རིམས་འདི་ཞེས་འཁྲུལ་བར་འགྱུར་ན། གང་ཡང་ཇི་ལྟར་ན་སྐྱེས་བུས་མ་བྱས་པ་ཡིན་ཏེ། བློའི་སྒྲུབ་པར་སོ་སོར་འཇོག་པའི་ཕྱིར་རོ། །གཞན་ཡང་གཏན་དུ་བའི་རང་བཞིན་འགའ་ཞིག་ཀྱང་མེད་པའི་ཕྱིར། སྒྲ་ཡོད་པ་ལ་གཏན་དུ་བ་མ་ཡིན་པར་འགྱུར་རོ། །དེ་ཡང་རྒྱུ་མེད་པ་ཅན་ནམ་གཞན་གྱི་རྒྱུ་ཅན་ཡིན་པར་འགྱུར་གྲང་ན། བརྟག་པར་འགྱུར་བ་དང་སྐྱེས་བུའི་བྱེད་པ་ལས་མ་ཡིན་ནོ། །དེ་བས་ན་སྐྱེས་བུས་བྱས་པ་ཡིན་ནོ། །སྒྲའམ་དངོས་པོ་གཏན་དུ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །དངོས་པོ་རྣམས་ཀྱི་འཇིག་པ་


DTG174_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགའ་ཞིག་ལས་ཀྱང་འགྱུར་བ་མ་ཡིན་ནོ། །དེ་བས་ན་དངོས་པོའི་རང་བཞིན་གྱིས་འགྱུར་ཏེ། དངོས་པོ་ཉིད་ནི་རང་གི་རྒྱུ་ལས་དེའི་ཆོས་ཅན་དུ་འབྱུང་བའི་ཕྱིར་རོ། །དངོས་པོའི་ཁྱད་པར་གྱི་རང་བཞིན་ཡང་མ་ཡིན་ཏེ། དེ་ནི་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ནི་དངོས་པོ་ཙམ་གྱི་རང་བཞིན་གྱིས་འགྱུར་རོ། །དེ་བས་ན་སྒྲའམ་གཞན་ཡོད་པ་ཉིད་བརྟེན་པའི་དངོས་པོ་ཐམས་ཅད་ནི་གཏན་དུ་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གྲུབ་པ་མ་ཡིན་ཏེ། འཇིག་པ་ཉིད་ཀྱི་གཞན་ལས་སྐྱེ་བ་མེད་པ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་མེས་ཤིང་དང་དབྱུག་པས་བུམ་པ་ཞེས་བྱ་བ་འཇིག་པའི་རྒྱུ་དག་དངོས་པོ་རྣམས་ལ་སྣང་ཞིང༌། རྒྱུ་དང་དེ་དང་ལྡན་པའི་མཚན་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་པར་སྨྲའོ། །མ་ཡིན་ཏེ། སྔ་མ་རང་གི་ངང་གིས་འགོག་པ་ན། །ཁྱད་པར་ཅན་གྱི་རྐྱེན་ལ་བརྟེན་ནས་མི་འདྲ་བ་གཞན་སྐྱེ་བའི་ཕྱིར་རོ། །མེ་ཤིང་འཇིག་པའི་རྒྱུ་ཡིན་པ་ནི་བླ་སྟེ། མེ་ལས་སྐྱེ་བ་ཅན་གྱི་འཇིག་པ་དེ་ཅི་ཤིང་ཉིད་དམ་འོན་ཏེ་དོན་གཞན་དུ་གྱུར་པ་ཡིན་ན། མེ་ལས་དོན་གཞན་གྱུར་པ་དག །སྐྱེ་ན་འཇིག་པ་མེད་པའི་ཕྱིར། །ཤིང་ནི་མཐོང་བ་ཉིད་དུ་འགྱུར། །ཅིའི་ཕྱིར་དོན་གཞན་དུ་གྱུར་པ་ལས་དོན་གཞན་དུ་གྱུར་པ་སྐྱེ་བ་ཡིན་ན། ཤིང་འཇིག་པའམ་མི་སྣང་བ་ཞིས་བྱ་བ་དེ་ལྟར་ན་ཤིན་ཏུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ཡི་འཇིག་ཡིན་ཞེས། །གལ་ཏེ་དོན་དེ་ཉིད་མེ་ལས་སྐྱེ་བ་ཅན་གྱི་ཤིང་མེད་པ་ཡིན་པ་དེ་བས་ན་འདི་འཇིག་པ་ཉིད་ཀྱི་ཕྱིར་མི་སྣང་བ་ཡིན་ནོ་ཞེ་ན། དེའི་མེད་པ་ཞེས་བྱ་བ་འདི་ཡིན་པ་ནི་བླ་སྟེ། དེ་ལྟར་ན་ཡང༌། ཇི་ལྟར་གཞན་ནི་གཞན་འཇིག་ཡིན། དོན་འགའ་ཞིག་ལ་མིང་དུ་བྱས་པ་ཙམ་གྱིས་ཤིང་མི་སྣང་ངོ་ཞེས་བྱ་བ་རིགས་པ་མ་ཡིན་ནོ། །གཞན་ནི་གཞན་གྱི་འཇིག་པ་ཡང་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་དང༌། དོན་གཞན་དུ་གྱུར་པ་ཉིད་ཀྱིས་དངོས་པོར་གྱུར་པ་དེ་ནི་དེ་ལས་གཞན་པ་དག་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཤིང་ལ་མེས་བྱས་པའི་རང་བཞིན་གྱི་འཇིག་པ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ་ཞེ་ན། ཤིང་ལ་ཞེས་བྱ་བའི་འབྲེལ་པ་གང་ཡིན། གལ་ཏེ་རྟེན་དང་བརྟེན་པའི་ངོ་བོ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དག་ནི་དགག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བསྐྱེད་པར་བྱ་བ་དང་


DTG174_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་པའི་དངོས་པོ་ཡིན་ནོ་ཞེ་ན། མེ་ལ་ཞེས་བྱ་བས་ཅི་ཞིག་བྱ། ཤིང་ཉིད་ལས་བྱུང་བའི་ཕྱིར་རོ། །གལ་ཏེ་དེ་མེ་ལས་ལྟོས་པ་ཅན་ལས་སྐྱེ་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། ཕུལ་དུ་བྱུང་བ་ཐོབ་པ་མེད་པ་ཅན་ལ་ལྟོས་སུ་ཅི་ཡོད། ཐོབ་ན་ཡང་ཤིང་གཞན་སྐྱེ་བར་འགྱུར་རོ། །འཕོ་བའི་རྒྱུ་མེད་པ་ཅན་སྔ་མ་ཡང་དེ་ཁོ་ན་བཞིན་དུ་མཐོང་བར་འགྱུར་རོ། །གལ་ཏེ་མེ་དེ་ཉིད་ལས་སྔ་མ་འཇིག་པ་ཡིན་ནོ་ཞེ་ན། །སྔ་མ་དང་འདིའི་འབྲེལ་པ་གང་ཡིན། དེ་ལྟར་ན་ཐལ་བར་འགྱུར་བ་དེ་ཉིད་དུ་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་གདོན་མི་ཟ་བར་འཇིག་པ་དང་འབྲེལ་པར་རུང་བ་ཕྱིས་ཕུལ་དུ་བྱུང་བ་ཉེ་བར་བྱེད་པས་མེས་སྔ་ན་མེད་པ་བསྐྱེད་པའི་ཕྱིར། སྔ་མའི་གནས་སྐབས་ཅན་དེ་སྣང་བར་འགྱུར་རོ། །ཤིང་འཇིག་པ་ཞེས་བྱ་བ་ཡང་ཤིང་མེད་པ་ཉིད་བརྗོད་པ་ཡིན་ལ། མེད་པ་ནི་འབྲས་བུ་ཡང་མ་ཡིན་ནོ། །དེ་བྱེད་པ་ཡང་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་ལྟོས་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་ཡང་བཤད་ཟིན་ཏོ། །རང་གི་ངོ་བོ་མེད་པ་དེ་ལས་ཐ་དད་པ་ཡིན་ན། དེ་ལས་བཟློག་པའི་དངོས་པོའི་ངོ་བོ་ཉིད་བསྒྲུབ་པར་འགྱུར་བའི་ཕྱིར་ཇི་ལྟར་ཞིག་པ་ཞེས་བྱ། དེ་བས་ན་གཞན་ནི་གཞན་གྱི་འཇིག་པ་མ་ཡིན་ནོ། །བླ་སྟེ་ཅིའི་ཕྱིར་ཤིང་མི་སྣང༌། །དོན་གཞན་འབྱུང་བ་དང་ཤིང་མཐོང་བ་འདི་ལ་འགལ་བ་ཅི་ཡོད།། །།བམ་པོ་དགུ་པ། གལ་ཏེ་དེ་གཟུང་ཕྱིར་ནའང་མིན། །གང་གི་ཕྱིར་དེས་ན་སྒྲིབ་བྱེད་མེད། །གལ་ཏེ་དོན་གཞན་དེས་ཡོངས་སུ་གཟུང་བའི་ཕྱིར། ཤིང་མི་སྣང་བ་ཡིན་ན་དེ་ནི་ཤིང་ལ་སྒྲིབ་པར་བྱེད་དོ་ཞེས་བྱ་བར་འཐོབ་ན། དེ་ཡང་རིགས་པ་མ་ཡིན་ནོ། །སྒྲིབ་པར་བྱེད་པ་ནི་མཐོང་བའི་གེགས་བྱེད་པར་འགྱུར་གྱི། ཐོགས་པར་བྱེད་པ་ལ་སོགས་པ་རྫས་ཀྱི་ནུས་པ་དག་ལ་ནི་མ་ཡིན་ནོ། །ཐམས་ཅད་ལ་གེགས་བྱེད་པ་ཡིན་ན་ཡང་དེ་འདི་ཉིད་ཀྱིས་ནུས་པ་ཐམས་ཅད་ཉམས་པའི་ཕྱིར། རྫས་འཇིག་པར་འགྱུར་བ་མ་ཡིན་ནམ། དེ་ལ་ཡང་མེ་དང་འདྲ་བར་ཐལ་བ་དང༌། ཐུག་པ་མེད་པར་འགྱུར་རོ། །འདིའི་ཐོགས་པར་བྱེད་པའི་ནུས་པ་ལ་སོགས་པ་ཉམས་པ་མེད་པ་དག་གཞན་ཡོད་པ་དེས་ཅི་ཞིག་འཇིག་པར་འགྱུར། གལ་ཏེ་མ་ལས་བྱུང་


DTG174_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན་གྱི་འཇིག་པ་ཞེས་བྱ་བས་དོན་གྱིས་ཡོངས་སུ་གཟུང་བའི་ཕྱིར། ཤིང་མ་མཐོང་བ་ཡིན་ན་ནི། སྐྱེ་ཕྱིར་འཇིག་པའི་འཇིག་ཅན་འགྱུར། །དེ་ཕྱིར་ཤིང་ཡང་མཐོང་བར་འགྱུར། གདོན་མི་ཟ་བ་སྐྱེ་བ་དང་ལྡན་པ་ནི་འཇིག་པའི་སྒོ་ནས་འཇིག་པར་འགྱུར་བ་ཡིན་ནོ། །འཇིག་པ་དེ་ལས་ཀྱང་ཤིང་ལ་སོགས་པ་སྐྱེ་བར་འགྱུར་རོ། །གལ་ཏེ་གསོད་བྱེད་བསད་པ་ན། །དཔེར་ན་ནག་པ་ཡང་སྲིན་མིན། །འདི་ཡང་དེ་བཞིན་ཡིན་ཞེ་ན། །གསོད་བྱེད་བསད་མེད་ཕྱིར་མ་ཡིན། །གལ་ཏེ་འཇིག་པ་ཞིག་པ་ཡིན་དུ་ཟིན་ཀྱང་དངོས་པོ་ཕྱིར་ཐོབ་པ་མ་ཡིན་ཏེ། གསོད་པར་བྱེད་པ་བསང་དུ་ཟིན་ཀྱང་དེས་བསད་པའི་ཕྱིར་སྐྱེ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གསོད་པར་བྱེད་པ་ནི་དེ་གསོད་པའི་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འཇིག་པའི་རྒྱུ་མེད་པ་དང་དབྱུག་པ་ལ་སོགས་པ་ལ་ལོག་པ་ན། དངོས་པོར་འགྱུར་རོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། ཤིན་ཏུ་དམིགས་སུ་མེད་པའི་མཚན་ཉིད་ཅན་གྱི་དངོས་པོ་མེད་པ་དེ་ལོག་པ་ན་རང་བཞིན་གནས་པ་ལས་རྣམ་པ་གཞན་ཟི་ཡོད། །ནག་པའི་གསོད་པར་བྱེད་པ་འཇིག་པ་དང་མཚུངས་པ་མ་ཡིན་ནོ། །འོན་ཅི་ཡིན་ཞེ་ན། དབྱུག་པ་ལ་སོགས་པ་དང་མཚུངས་པ་ཡིན་ནོ། །འཇིག་པ་འདྲ་བ་ནི་འདི་བསད་པ་ཡིན་ལ། དེ་ལོག་པ་ན་འདི་ཡང་འབྱུང་བ་ཉིད་དུ་འགྱུར་རོ། །འཇིག་པ་གཞན་ཉིད་མ་ཡིན་ནའང༌། །ཤིང་ཉིད་འཇིག་པ་ཉིད་དུ་འགྱུར། །དེ་ཡོད་ཉིད་ཕྱིར་རྒྱུ་ཅན་མིན། །འདི་ལས་གཞན་པའི་རྣམ་པའང་མེད། །ཤིང་ལས་འཇིག་པ་དོན་གཞན་དུ་འགྱུར་བ་ཉིད་མ་ཡིན་ན་དེ་ཉིད་དེར་འགྱུར་རོ། །དེ་ཡང་སྔར་ཡོད་པ་ཉིད་ཀྱི་ཕྱིར། འདི་ལ་མེ་ལ་སོགས་པའི་ནུས་པ་ཅི་ཞིག་བྱ། དེ་བས་ན་དེ་ལ་ཕན་འདོགས་པའི་ཕྱིར་དེས་རྣམ་པ་འགའ་ཞིག་གིས་ཀྱང་ལྟོས་པར་འགྱུར་བ་མེད་དོ། །འདིའི་འདི་ཞེས་བྱ་བའི་འབྲེལ་པ་རིགས་པ་མ་ཡིན་ཏེ། དེ་ནི་ཕན་འདོགས་པར་བྱེད་པའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐལ་ཆེས་པའི་ཕྱིར་རོ། །བརྒྱུད་པས་ཕན་འདོགས་པར་བྱེད་པ་ཡིན་ན་ཡང༌། ཅི་ཕན་འདོགས་པར་བྱེད་པ་དོན་གཞན་དུ་གྱུར་པའམ། འོན་ཏེ་དེ་ཉིད་ཡིན་ནོ་ཞེས་གདོན་མི་ཟ་བར་རྣམ་པར་རྟོག་པ་འདི་འཇུག་པ་ཡིན་ནོ། །དེ་ལས་དོན་གཞན་དུ་


DTG174_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཉིད་ཡིན་པ་དང༌། དེ་གཞན་མ་ཡིན་པ་ཉིད་མ་ཡིན་ན་ཡང་དེའི་ཞེས་བྱ་བ་ཕན་འདོགས་པར་བྱེད་པ་ཉིད་ལ་སོགས་པ་ཡང་དེའི་གནས་སྐབས་ཀྱིས་བརྒལ་ཞིང་བརྟག་པ་ཡིན་ནོ། །དེ་བས་ན་ཡོད་པ་ཉིད་ཀྱི་ངོ་བོ་ནི་དེ་ཉིད་ལས་མ་འདས་པའི་ཕྱིར་དང༌། ཕན་འདོགས་པ་སྐྱེས་པར་བྱེད་པའི་ངོ་བོ་སྒྲུབ་པར་བྱེད་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་དེ་དང་དེ་མ་ཡིན་པ་བྱེད་པ་དང་བྲལ་བ་བྱེད་པ་པོ་མ་ཡིན་པས་ན་འགའ་ཞིག་གི་རྒྱུ་མ་ཡིན་ཞིང༌། རྒྱུ་མ་ཡིན་པ་ལ་ཡང་ལྟོས་པར་བྱ་བ་མ་ཡིན་ནོ། །དེ་བས་ན་དངོས་པོ་འདིའི་བདག་ཉིད་དེའི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གལ་ཏེའང་འཇིག་རྒྱུ་མེད་ཅན་ཡིན། །རྟག་ཉིད་ཕྱིར་ན་དངོས་འཇིག་དག །ལྷན་ཅིག་འབྱུང་བར་ཐལ་བར་འགྱུར། །གང་ལས་མེ་ཉིད་རྟག་ཉིད་ཡིན། །དེ་ལྟར་ནི་འགྱུར་ན་གང་གིས་འཇིག་པ་རྒྱུ་མེད་པ་ཅན་ཡིན་ན་ཡང་དེ་གདོན་མི་ཟ་བར་རྟག་པ་ཡིན་པས་ན་དངོས་པོ་དང་འཇིག་པ་དེ་མེད་པའི་མཚན་ཉིད་ཅན་དག་ལྷན་ཅིག་འབྱུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་རྟག་པ་དང་མི་རྟག་པའི་ཆོས་མི་རུང་བའི་ཕྱིར་རོ། །མེད་པ་ལ་རྣམ་པར་རྟོག་པ་འདི་ནི་ཡོད་པ་མ་ཡིན་ཏེ། དེ་དག་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར། འཇིག་པ་ནི་ཅི་ཡང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བ་ནི་འགའ་ཞིག་དང་ལྷན་ཅིག་འབྱུང་བར་འགྱུར་ཞིང༌། འཇིག་པ་ནི་མི་འགྱུར་བ་དེ་བས་ན་སྐྱོན་ཡོད་པ་མ་ཡིན་ནོ། །མེད་ལ་དངོས་འཇིག་མེད་ཉིད་ཀྱི། །ཐལ་བར་འགྱུར་བའང་མི་རུང་སྟེ། །གང་ཕྱིར་དངོས་པོ་འཇིག་པ་ཡིས། །འཇིག་པ་དག་ནི་མི་འདོད་དོ། །ཇི་ལྟར་ན་མེད་པའི་འཇིག་པས་དངོས་པོ་འཇིག་པར་འགྱུར། །དེ་བས་ན་དངོས་པོ་འཇིག་པ་ཅན་དུ་མི་འགྱུར་རོ། །ཞེས་བྱ་བ་ཡང་ཐལ་བར་འགྱུར་བ་ཉིད་མ་ཡིན་ཏེ། འཇིག་པ་ལས་དངོས་པོ་ཞིག་པ་ཁས་མི་ལེན་པའི་ཕྱིར་རོ། །འཇིག་པ་ཞེས་བྱ་བ་ཅུང་ཞིག་ཀྱང་མེད་དོ་ཞེས་སྨྲ་བ་གང་ཡིན་པ་དེ་ཇི་ལྟར་དེ་ལས་དངོས་པོ་ཞིག་པར་འདོད། ད་ནི་འཇིག་པ་མེད་པ་ཡིན་ན་ཇི་ལྟར་དངོས་པོ་འཇིག་པ་ཞེས་བྱ། ད་ལྟར་བྱུང་བའི་གནས་སྐབས་འཇིག་པ་མེད་པ་ཅན་འཇིག་པར་མི་འགྱུར། གང་ཞིག་གང་གིས་དེ་དང་ལྡན་པ་མ་ཡིན་པ་དེ་དེས་དེ་ལྟར་ཐ་སྙད་འདོགས་པའམ། ཤེས་པ་མ་ཡིན་


DTG174_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དཔེར་ན་རྟ་ལ་རྭས་ཐ་སྙད་མི་འདོགས་པ་བཞིན་ནོ། །འཇིག་པ་མེད་པ་ཉིད་མ་ཡིན་མོད་ཀྱི་དངོས་པོའི་འགྱུར་བ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། དངོས་པོའི་སྐད་ཅིག་མར་གནས་པའི་ཆོས་ཅན་འཇིག་པ་ཡིན་ནོ། །འདིའི་རང་བཞིན་དེ་དུས་ཕྱིས་འདི་འཇིག་པར་འགྱུར་བ་ཞེས་ངེས་པར་བྱས་ནས་ཇི་ལྟར་ཤེས་པ་བཞིན་དུ་ཐ་སྙད་འདོགས་པར་བྱེད་དོ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དངོས་པོ་ཅུང་ཞིག་ཀྱང་འགའ་ཞིག་གི་ཚེ་ཡང་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དེ་ཉིད་རང་གི་རྒྱུ་དག་ལས་དེ་ལྟ་བུར་འཇིག་པ་དག་ཏུ་འགྱུར་རོ། །དེ་བས་ཡོད་པ་ཉིད་འགའ་ཞིག་གིས་ཀྱང་དེ་ཞིག་ཕ་མ་ཡིན་ནོ། །འོན་ཅི་ཡིན་ཞེ་ན། དེའི་རང་བཞིན་ཉིད་ཡིན་པ་ཞེས་བྱའོ། །འོ་ན་ད་ཇི་ལྟར་ན་འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བརྗོད་ཅེ་ན། དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །དེ་ཤེས་ཕྱིར་ན་སེམས་ཀྱིས་ནི། །དེ་ཡི་ཐ་སྙད་སྒྲོ་བཏགས་ནས། །གནས་སྐབས་དེ་རྒྱུ་མེད་ཅན་བཤད། །དངོས་པོ་སྐྱེས་པ་གཞན་ལས་འཇིག་པ་ཐོབ་པ་མ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཉིད་རང་ཉིད་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་གཞན་ལ་ལྟོས་པའི་ཆོས་གཞན་དགག་པའི་ཕྱིར་དང༌། དེའི་རང་བཞིན་ཤེས་པའི་ཕྱིར། །སེམས་ཀྱིས་ཆོས་ཅན་ལས་ཆོས་དོན་གཞན་དུ་གྱུར་པ་བཞིན་དུ་རྣམ་པར་ཕྱེ་ནས། དེ་ཙམ་ཤེས་པར་འདོད་པའི་ཚེ་རང་བཞིན་ཉིད་ལ་དེ་སྐད་བརྗོད་དོ། །འགའ་ཞིག་ཏུ་དེ་ལྟར་མཐོང་བ་ལས་སྒྲ་ཙམ་ཉིད་ཀྱིས་འཁྲུལ་པའི་བློ་དམན་པ་དག་གིས་དེ་དང་དེ་འཇིག་པའི་ཡོན་ཏན་དང་དེའི་ཡོད་པ་དང་རྒྱུ་དང་བཅས་པ་ཅན་ཡིན་ནམ། རྒྱུ་མེད་པ་ཅན་དུ་སྒྲོ་བཏགས་ནས་དེ་ཁོ་ན་ཉིད་ལ་གནས་པ་མེད་པ་ཅན་གྱིས་དངོས་པོ་དཔྱོད་པས་བདག་ཉིད་འཁྲུག་པར་བྱེད་དེ། །གལ་ཏེ་མེད་པར་རང་ཉིད་ཀྱིས། །ཡོད་ན་འང་རྣམ་རྟོག་འདི་མཚུངས་སོ། །གཞན་ལས་འབྱུང་བ་ཉིད་མ་ཡིན་དུ་ཟིན་ཀྱང༌། དངོས་པོའི་འཇིག་པ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན། དེ་ཉིད་དང་གཞན་ཉིད་དུ་རྣམ་པར་རྟོག་པ་འདི་མཚུངས་པ་མ་ཡིན་ནམ། དེའི་ཚེ་ཡང་དོན་གཞན་འབྱུང་བ་ན་དངོས་པོ་ཅིའི་ཕྱིར་མི་སྣང༌། དེ་ན་གཞན་ཉིད་མ་ཡིན་ན་ཡང་དེ་ཉིད་དེ་ཡིན་པར་འགྱུར་རོ། །དེ་བས་ན་འདིའི་སྐྱེ་བ་ཅུང་ཟད་


DTG174_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད་པ་དེ་ལྟར་ན་ཇི་ལྟར་འཇིག་པ་ཞེས་བྱ་བ་ཡིན། འདི་དིའི་ཅུང་ཟད་འགྱུར་བ་མེད། །འོན་ཀྱང་འགྱུར་བ་མེད་པ་ཉིད། །ཅེས་བཤད་པ་མ་ཡིན་ནམ། འདི་ནི་དངོས་པོའི་འཇིག་པའམ། གཞན་འགའ་ཞིག་ཏུ་འགྱུར་རོ། །ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་ཉིད་དངོས་པོར་འགྱུར་བ་མ་ཡིན་ཏེ། གལ་ཏེ་འགའ་ཞིག་དངོས་པོར་བརྗོད་ན་འདིས་དངོས་པོ་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་དངོས་པོ་ལྡོག་པའི་སྐབས་སུ་སྐབས་མ་ཡིན་པ་ཉིད་བཤད་པར་འགྱུར་རོ། །འགའ་ཞིག་འབྱུང་བས་དངོས་པོ་འཇིག་པ་ཞེས་བྱ་བ་མ་ཡིན་ལ། གང་གི་ཚེ་བདག་ཉིད་ཡོད་པ་མེད་པ་དེའི་ཚེ་འཇིག་པ་ཞེས་བྱ་བ་ཡིན་ནོ། །ཡོད་པ་མེད་པ་ཞེས་བྱ་བ་དེ་ནི་མེད་པར་དགག་པ་ཡིན་གྱི་མ་ཡིན་པར་དགག་པ་ནི་མ་ཡིན་ནོ། །འདི་ལ་ཡང་འགའ་ཞིག་བསྒྲུབས་ན་མེད་པ་དང་མ་ཡིན་པར་དགག་པ་དག་གི་ངོ་བོ་ཐ་དད་པ་མེད་པར་འགྱུར་ཏེ། གཉི་ག་ལ་ཡང་སྒྲུབ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འགའ་ཞིག་ཀྱང་དགག་པ་མེད་པའི་ཕྱིར། འགའ་ཞིག་ཏུ་ཡང་མ་ཡིན་པར་དགག་པར་ཡང་མི་འགྱུར་རོ། །གལ་ཏེ་འགའ་ཞིག་ལས་ལྡོག་པར་འགྱུར་བ་དེའི་ཚེ། དེ་ལས་བཟློག་པ་དེ་མ་ཡིན་པར་དགག་པ་ལ་རེག་པར་འགྱུར་ན་ཡང་ཡོད་པ་མ་ཡིན་ནོ། །ཐམས་ཅད་དུ་ལོག་པར་འགྱུར་རོ་ཞེས་བཤད་པ་ན་དངོས་པོ་འགའ་ཞིག་རྟོགས་པའི་ཕྱིར་རོ། །དེ་ལྟར་འདི་ནི་དོན་གཞན་ཡོད་པ་ཉིད་བསྟན་པར་འགྱུར་རོ། །དེ་དག་ནི་ཕན་ཚུན་ཐ་དད་པ་མེད་དོ། །ཐ་དད་པ་མེད་ན་ཡང་མ་ཡིན་ནོ། །དེ་ལྟར་ལོག་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བར་ཡང་མི་འགྱུར་ཏེ། དེ་ནི་གཅིག་གི་རང་བཞིན་ལ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གནས་པ་དེ་ཡང་དེ་ལས་གཞན་ལྡོག་པ་ན་ཡོད་པར་འགྱུར་རོ། །དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་འགྲོ་བའི་འཇུག་པ་དང་ལྡོག་པ་མེད་པ་ཅན་དུ་འགྱུར་རོ། །དེ་བས་ན་གང་འཇིག་པར་འགྱུར་རོ་ཞེས་བརྗོད་པས་དེ་བདག་ཉིད་ཡོད་པ་མེད་དོ་ཞེས་བཤད་པར་འགྱུར་རོ། །སྒྲ་མཚུངས་པའི་ཕྱིར་ཡུལ་གཞན་ལ་མཐོང་བའི་བྱ་བ་ཐམས་ཅད་ལ་སྦྱར་བར་རིགས་པ་མ་ཡིན་ཏེ། བོང་བུ་ཞེས་མིང་དུ་བྱས་ལས་མི་ལ་བོང་བུའི་ཆོས་ཀྱང་སྦྱར་བར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ནག་པའི་བུ་ཞེས་བྱ་བ་འདི་ལ་མཐོང་བའི་བྱ་བ་འཇིག་པ་ལའང་སྦྱར་བར་བྱ་བ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེ་སྐད་དུ་བརྗོད་


DTG174_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་པ་ཡང་བསྟན་ཟིན་ཏོ། །དེའི་ཕྱིར། ཡོད་ལ་རྣམ་རྟོག་དེར་འགྱུར་ཏེ། །བྱ་བ་དངོས་དང་འབྲེལ་ཕྱིར་རོ། །ཡོད་པ་ནི་གདོན་མི་ཟ་བར་སྐྱེ་བ་དང་ལྡན་པ་ལ་རག་ལས་པ་ཡིན་ནོ། །དེ་ཡང་རང་བཞིན་ཉིད་ཡིན་ཏེ། རང་བཞིན་མེད་པ་ནི་བྱ་བ་འགའ་ཞིག་དང་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །བྱ་བ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་དུ་སྐྱེད་པར་བྱེད་པ་ཡིན་ན་དེ་རང་བཞིན་མེད་པར་ཇི་ལྟར་འགྱུར། །ད་ནི་རི་བོང་གི་རྭ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་ཐ་སྙད་དུ་བྱེད་པ་ཡིན། རི་བོང་གི་རྭ་ནི་ཅུང་ཟད་ཡོད་དོ་ཞེས་མི་བརྗོད་ཀྱི། འོན་ཀྱང་འདི་ལྟར་འདི་མེད་དོ་ཞེས་ཡོད་པ་འགོག་པར་བྱེད་པ་ཉིད་ཡིན་ནོ། །གཞན་ཡང་རྣམ་པ་འགའ་ཞིག་གིས་ཐ་སྙད་འདོགས་པ་པོས་དེ་འདི་ལྟར་བྱ་བ་དང་ལྡན་པ་བཞིན་དུ་སྒྲོ་བཏགས་ནས་སྟོན་པར་བྱེད་ཀྱི་དེ་ནི་དེ་ལྟར་མ་ཡིན་ནོ། །དེ་ལ་དེ་ཁོ་ན་ཉིད་ནི་དོན་ཐམས་ཅད་ཀྱིས་དབེན་པ་ཡིན་གྱི། ངོ་བོ་འགའ་ཞིག་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་འཇིག་པ་ནི་མ་ཡིན་ཏེ། དངོས་པོ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འཆད་པ་པོ་དག་གིས་དེ་སྐད་དུ་དེ་ཡང་བཤད་ཀྱི་བདག་ཉིད་ནི་དེ་ལྟ་མ་ཡིན་ནོ། །དེའི་ཚེ་ཅུང་ཞིག་ཏུ་ཡང་མི་འགྱུར་རོ་ཞེས་བྱ་བ་འདོད་པ་ཉིད་མ་ཡིན་ནོ། །དེ་བས་ན་བདག་ཉིད་དངོས་པོའི་རང་བཞིན་ལ་དེ་ཉིད་དང་གཞན་ཉིད་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་ལས་འདས་པ་མ་ཡིན་ན། དེ་ཁོ་ན་ཉིད་མ་ཡིན་པའི་རང་བཞིན་ནི་གཞན་ཉིད་ཡིན་ནོ། །གཟུགས་དང་རོ་དག་ཀྱང་ཕན་ཚུན་གཞན་ཉིད་དུ་གྱུར་པ་ནི་གཞན་ཉིད་མ་ཡིན་པ་ལྟ་བུའོ། །གལ་ཏེ་རང་བཞིན་ལ་རག་ལུས་པ་མེད་པ་ནི་གཞན་ཉིད་ཡིན་ནོ་ཞེ་ན། རག་ལུས་པ་ཞེས་བྱ་བ་འདི་གང་ཡིན། གང་གིས་དེར་ཡང་མི་འགྱུར་བ་དང༌། རང་བཞིན་གཞན་དུའང་མི་འགྱུར། གལ་ཏེ་སྐྱེ་བ་ཡིན་ནོ་ཞེ་ན། རྒྱུ་དང་འབྲས་བུ་ཐམས་ཅད་ཕན་ཚུན་བརྗོད་པར་བྱ་བ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་ཐམས་ཅད་ལ་ཐམས་ཅད་རྣམ་པ་འགའ་ཞིག་གིས་ཉེ་བར་སྦྱོར་བའི་ཕྱིར་འགའ་ཞིག་ཀྱང་གཞན་དུ་མི་འགྱུར་རོ། །འདིས་བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་ལྟར་ན་ཡང་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་སྒྲ་གཞན་གྱིས་བསྟན་པར་འགྱུར་རོ། །དོན་གཞན་ཐ་དད་པ་ནི་མ་ཡིན་ཏེ། རང་བཞིན་གྱི་རྗེས་སུ་འགྲོ་བ་ཉིད་མ་


DTG174_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཉིད་གཞན་ཉིད་ཡིན་པར་སྨྲའོ། །དེ་ཡང་རང་བཞིན་དང་ལྡན་པ་གཞན་དང་གཞན་དུ་ཡོད་པ་དེ་ལྟར་ན་གཞན་ཉིད་ཡིན་ནོ། །དེའི་སྐྱེ་བའི་མཚན་ཉིད་ཀྱི་རང་བཞིན་གྱི་རག་ལས་པ་ལས་རག་ལུས་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། རག་ལུས་པ་མེད་པའི་འཁྲུལ་པ་ལ་འགལ་བ་མེད་པའི་ཕྱིར་རོ། །དེ་དང་ཆོས་ཐ་དད་པས་གཞན་ཉིད་ཡིན་ནོ། །གལ་ཏེ་ཤེས་པས་བྱས་པའི་རག་ལུས་པ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་ན་གང་རྟོགས་པ་མེད་ན་མི་འབྱུང་བའི་ཤེས་པ་གང་ཡིན་པ་དེས་རྟོགས་པ་ལ་ངེས་པར་དེ་སྣང་བའི་ཕྱིར་དེ་དེའི་ངོ་བོ་མ་ཡིན་དུ་ཟིན་ཀྱང༌། བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ནི་བདག་ཉིད་རང་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་སྣང་བ་གང་ཡིན་པ་དེའི་རང་བཞིན་ཡིན་ནོ། །རང་བཞིན་དང་ལྡན་པ་ཉིད་ཡིན་ན་འདི་དེ་དང་འདྲ་བར་སྣང་བར་ཐལ་བར་འགྱུར་བའི་ཕྱིར། སྣང་དུ་རུང་བ་མི་སྣང་ན་ནི་མེད་པའི་ཕྱིར་རོ། །མི་སྣང་བ་ཉིད་ཡིན་ན་ཡང་དེའི་ངོ་བོ་ཤེས་པ་མ་ཡིན་པ་དེ་ལྟར་ན་གང་གང་ལ་རག་ལུས་པ་ཤེས་པ་ཡིན། གང་ལ་རག་ལུས་པ་ཤེས་པ་ཅན་གང་ཡིན་པ་དེའི་རང་བཞིན་སྣང་བ་ན་ཉམས་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་སྣང་བ་ལ་རག་ལུས་པའི་ཤེས་པ་ཅན་དག་བཞིན་ནོ། །དེ་ལ་དོན་དེ་ཉེ་བ་གང་ཡིན། གང་གིས་དེ་ལ་བདག་མེད་པའི་ངོ་བོར་རྟོགས་པར་འགྱུར་བ་ན། བདག་ཉིད་སོ་སོར་ཉེ་བར་གནས་སོ། །དེ་ལྟར་ན་ནི་ཤིན་ཏུ་ཐལ་བར་འགྱུར་རོ། །གལ་ཏེ་རྟོགས་པར་འགྱུར་བ་དེ་དག་གི་ཉེ་བར་ལེན་པ་ཅན་ཡིན་ནོ་ཞེ་ན། ཉེ་བར་ལེན་པའི་དོན་འདི་གང་ཡིན། རྒྱུ་དང་འབྲས་བུའི་ངོ་བོ་ཡང་མ་ཡིན་ཏེ། ཁས་མི་ལེན་པའི་ཕྱིར་རོ། །ཁས་ལེན་ན་ཡང་རྒྱུ་དང་འབྲས་བུ་དག་ཕན་ཚུན་རྟོགས་པ་ཉེ་བར་འཇོག་པ་ཅན་དག་མ་ཡིན་ནོ། །གལ་ཏེ་ཤེས་པ་ཉིད་ཀྱི་དེ་མེད་ན་མི་འབྱུང་བ་ཉེ་བ་ཡིན་ནོ་ཞེ་ན། དེ་ཉིད་རག་ལུས་པ་མེད་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནམ། རྒྱུ་དང་འབྲས་བུ་མ་ཡིན་པ་དག་ལ་ནི་རག་ལུས་པ་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཡང་བཤད་ཟིན་ཏོ། །གང་རྟོགས་པ་མེད་ན་མི་འབྱུང་བའི་ཤེས་པ་གང་ཡིན་པ་ཞེས་བྱ་བ་འདིའི་ཤེས་པ་ཡང་ཡོད་པར་འགྱུར་ན། རྣམ་པར་ཤེས་པ་ལ་རང་གི་ངོ་བོ་མ་ཡིན་པ་དང་འདྲེས་པ་མེད་པར་སྣང་བ་གང་ཡིན་པ་དེ་ནི་ཤེས་པ་ཅུང་ཞིག་ཀྱང་མ་ཡིན་ནོ། །


DTG174_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་པའི་ཕྱིར་དོན་གྱི་ངོ་བོ་བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་གྲུབ་པ་མ་ཡིན་ནོ། །དེ་བས་ན་དོན་དམ་པར་ཡོད་པ་ཉིད་ཀྱིས་དེ་ཉིད་གཞན་ཉིད་ལ་བརྟེན་པར་འགྱུར་རོ། །གང་གི་དངོས་པོ་འཇིག་པའི་དང་ཚུལ་ཅན་ནི་ཅིར་ཡང་མི་འགྱུར་བ་དེས་ནི། མེད་པར་འགྱུར་ཞེས་བརྗོད་པ་ན། དངོས་འགྱུར་མིན་ཞེས་བྱ་བ་ཡིན། །གལ་ཏེ་འདིས་དངོས་པོ་མེད་པར་འགྱུར་རོ། །ཞེས་བརྗོད་པ་དེ་ལྟར་ན་ཡང་དངོས་པོར་མི་འགྱུར་རོ། །ཞེས་བྱ་བ་བསྟན་པར་འགྱུར་རོ། །དེ་ལྟར་ན་དེ་ལོག་པར་འགྱུར་ཏེ། དགག་པ་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་འཇིག་པ་ལ་རྒྱུ་ཅུང་ཟད་ཡོད་པ་མ་ཡིན་ནོ། །དེ་ལྟར་ན། གལ་ཏེ་བྱ་བ་ཅུང་ཟད་ཅིག །ཡོད་ན་གཞན་ལ་ལྟོས་འགྱུར་ན། །དངོས་གང་ཅུང་ཞིག་མི་བྱེད་ལ། །ཅི་ཕྱིར་འགའ་ཞིག་གིས་ལྟོས་འགྱུར། །བྱ་བ་ཡོད་ན་བྱེད་པར་འགྱུར་ཏེ། དངོས་པོ་འཇིག་པའི་ངང་ཚུལ་ཅན་ལ་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ། །དེ་བས་ན་འཇིག་པའི་རྒྱུ་ཞེས་བྱ་བ་དེ་ནི་དངོས་པོ་ལ་ཅུང་ཞིག་ཀྱང་མི་བྱེད་པ་དེ་ལྟར་ན་ཅུང་ཞིག་མི་བྱེད་པ་ལ་ལྟོས་པར་བྱ་བ་མ་ཡིན་ནོ། །དེ་ནི་དངོས་པོ་ཕུལ་དུ་བྱུང་བ་སྐྱེ་བ་མེད་པ་ཅན་དེའི་གནས་སྐབས་ཅན་ཉིད་ཇི་ལྟར་ན་འཇིག་པ་ཞེས་བྱ། ཕུལ་དུ་བྱུང་བ་སྐྱེ་བ་ཡིན་ན་ཡང་དེ་ཉིད་དེའི་ཕུལ་དུ་བྱུང་བ་སྐྱེ་བ་ཞེས་བྱ་བ་མ་ཡིན་ནམ། དེ་ཇི་ལྟར་ན་འཇིག་པ་ཞེས་བྱ། དེས་ན་དེའི་གནས་སྐབས་ཅན་འདི་འཇིག་པ་ཞེས་བྱ་བ་མ་ཡིན་ནོ། །གང་གིས་བདག་ཉིད་མེད་པར་འགྱུར་བ་དེས་འཇིག་པ་ཡིན་གྱི། དོན་གཞན་སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་བ་ཤད་ཅིན་ཏོ། །ཕུལ་དུ་བྱུང་བ་བསྐྱེད་པས་བདག་ཉིད་འཇིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །མེད་པ་ནི་ཕུལ་དུ་བྱུང་བ་ཉེ་བར་བརྗོད་པ་ཐམས་ཅད་ལོག་པའི་སྒོ་ནས་དངོས་པོའི་ཆོས་ཐམས་ཅད་ཀྱིས་དབེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དངོས་པོ་ནི་སྐྱེ་བ་དང་འབྲེལ་པའི་མཚན་ཉིད་ཅན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་མེད་པ་ལ་ཡོད་པ་གཞན་འགའ་ཞིག་དགོད་པར་བྱ་བ་མ་ཡིན་ནོ། །དེ་ནི་རྒྱུ་མེད་ཅན་ཉིད་ཡང༌། །མ་བྱུང་ཉིད་ནས་འཇིག་ཡོད་ཕྱིར། །ཡོད་པ་ཉིད་དང་འཇིག་ཉིད་སྐྱོན། །ཐལ་བར་འགྱུར་བ་བསལ་བ་ཡིན། །གང་ཡང་འཇིག་པ་རྒྱུ་མེད་པ་ཅན་ཡིན་ན་ཡང་མ་བྱུང་བ་ཉིད་ན་འདི་ཡོད་པའི་ཕྱིར་ཡོད་པ་ཉིད་དང་མི་རྟག་པ་ཉིད་བཟློག་པར་དཀའ་ཞིང་མ་བྱུང་


DTG174_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ན་འགྱུར་བ་དང༌། རྒྱུ་མེད་པར་བྱུང་བ་ཡང་འགལ་བ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། དངོས་པོ་འགའ་ཞིག་ཁས་མ་བླངས་པའི་ཕྱིར་རོ། །ཇི་ལྟར་སྐྱེ་བ་ཅན་འགའ་ཞིག །ཐོགས་པ་ཉིད་འདོད་དེ་བཞིན་དུ། །གལ་ཏེ་དངོས་རྣམས་འཇིག་རང་བཞིན། །ཡིན་གྱི་སྐྱེ་ལྡན་མིན་མ་ཡིན། །ཅི་སྟེ་དངོས་པོ་རྣམས་ཀྱི་སྐད་ཅིག་མར་གནས་པའི་ཆོས་ཅན་གང་ཡིན་པ་དེ་ནི་དེའི་རང་བཞིན་དུ་འགྱུར་བ་བླ་སྟེ། དེ་ནི་སྐྱེ་བ་དང་ལྡན་པ་ཉིད་ཀྱིས་འགྱུར་བ་ཡིན་ནོ། །རང་གི་ངོ་བོ་ཡིན་པའི་ཕྱིར། ཐམས་ཅད་ཐམས་ཅད་ཀྱི་རང་གི་ངོ་བོར་ནི་འགྱུར་བ་ནི་མ་ཡིན་ཏེ། ཐོགས་པར་བྱེད་པའི་བདག་ཉིད་བཞིན་ནོ། །དེ་ནི་བདེན་ན་དེ་ལྟ་ནའང༌། །རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་ཡིན་གྱི། །ཐ་དད་བྱེད་རྣམས་མེད་ཉིད་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད། །ཐོགས་པར་བྱེད་པའམ་གཞན་གློ་བུར་བའི་ངོ་བོ་ནི་སོ་སོ་ངེས་པ་དང་ལྡན་པ་མ་ཡིན་ནོ། །རང་གི་རྒྱུའི་ནུས་པའི་གནས་པ་ཅི་འདྲ་བ་དེ་འདྲ་བའི་འབྲས་བུར་གྱུར་པའི་ཕྱིར། རྒྱུའི་རང་བཞིན་དེས་ན་ངེས་པ་ལས་འབྲས་བུའི་རང་བཞིན་ངེས་པ་ཡིན་གྱི། འདི་གློ་བུར་བ་ཉིད་ཡིན་པའི་ཕྱིར་ཡང་བཤད་ཟིན་ཏོ། །ཐོགས་པར་བྱེད་པའི་བདག་ཉིད་ཅན་རྒྱུའི་ཚོགས་པའི་རང་བཞིན་ངེས་པ་བཞིན་དུ་འཇིག་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་དངོས་པོ་མཐོང་ན། གང་གིས་དེ་ལས་སྐྱེ་བ་དང་ལྡན་པ་དེ་ལྟར་འགྱུར་གྱི། གཞན་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་པ་ལས་སྐྱེ་བ་ཅན་དག་གི་འཇིག་པ་མཐོང་བའི་ཕྱིར་རོ། །ཚོགས་པ་ཐམས་ཅད་ལས་སྐྱེ་བ་དང་ལྡན་པ་དག་འཇིག་པར་འགྱུར་རོ་ཞེས་བྱ་བ་འདི་ཡང་དེ་དག་མ་ལུས་པ་མཐོང་བ་མེད་པའི་ཕྱིར། ངེས་པ་མེད་པ་ཉིད་མ་ཡིན་ནམ། ཚོགས་པ་ནུས་པ་སྣ་ཚོགས་པ་མཐོང་བར་འགྱུར་བ་དེ་ལས་འགའ་ཞིག་འགྱུར་ན་ཡང༌། གང་གིས་འཇིག་པའི་ངང་ཚུལ་ཅན་མ་ཡིན་པའི་བདག་ཉིད་བསྐྱེད་པར་འགྱུར་ཞེ་ན། མ་ཡིན་ཏེ། ཤེས་བྱའི་སྐབས་ཡིན་པའི་ཕྱིར་རོ། །འགའ་ཞིག་གི་ཚེ་འགའ་ཞིག་ཏུ་འགའ་ཞིག་གིས་ཤེས་པར་མི་འགྱུར་བ་གང་ཡིན་པ་དེ་དག་ནི་ཡོད་པ་ཉིད་དང་རྗེས་སུ་འབྲེལ་པ་ཅན་གྱི་འཇིག་པ་ཞེས་བརྗོད་དོ། །དེ་དག་ཉིད་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་དུ་


DTG174_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་འགྱུར་རོ། །གང་ཞིག་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་དག་འཇིག་པ་མེད་པ་ཅན་ཡིན་པས་ན་ཡང་བསྐྱེད་པར་མི་འགྱུར་བའམ། གཞན་ལ་ལྟོས་པར་འགྱུར་བ་སྲིད་པ་ཡོད་པ་མ་ཡིན་ཏེ། དེའི་སྐྱེད་པར་བྱེད་པའི་རང་བཞིན་ནི་གྲུབ་པའི་ཕྱིར་རོ། །ལྟོས་པ་མེད་པ་ཅན་དེ་དག་འགའ་ཞིག་གི་ཚེ་ཡང་འགའ་ཞིག་གི་ཤེས་པ་འགའ་ཞིག་ཀྱང་ལྡོག་པ་མ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཐམས་ཅད་འགའ་ཞིག་གི་ཚེ་འགའ་ཞིག་གིས་ཤེས་པའི་ཕྱིར་རོ། །ཤེས་པ་ཙམ་གྱི་དོན་བྱེད་པའི་ནུས་པ་མེད་ན་ཡང་དངོས་པོ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་དེའི་མཚན་ཉིད་ཅན་དངོས་པོ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེ་ཡང་འཇིག་པར་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ཡོད་པ་ཉིད་དང་འབྲེལ་པ་ཅན་ཡིན་ནོ། །དེ་ཕྱིར་དེ་རྣམས་འབྲེལ་པ་ཡང༌། །རྟག་པ་ཉིད་ནི་བསལ་བྱ་ཡིན། །འཇིག་པ་ནི་ཇི་སྐད་དུ་བཤད་པའི་དངོས་པོ་ཙམ་དང་འབྲེལ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། སྒྲ་དང་འདྲ་བར་འབྲེལ་པ་རྟག་པ་ཉིད་ཀྱང་བསལ་བར་བྱ་བ་ཡིན་ནོ། །རྒྱལ་དཔོག་པ་དག་གིས་སྒྲའི་ནུས་པ་རུང་བ་ཉིད་ཅེས་བྱ་བའི་དོན་རྟོགས་པའི་རྟེན་ན་བརྗོད་པ་གང་ཡིན་པ་དེ་ནི་དོན་གཞན་ཉིད་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་རུང་བ་ཉིད་ཅེས་བྱ་བ་དངོས་པོ་རྣམས་ཀྱི་ངོ་བོའི་ཕུལ་དུ་བྱུང་བ་ཉིད་ཡིན་ནོ་ཞེས་སྔར་བརྗོད་ཟིན་ཏོ། །དེ་གཞན་ཡིན་པ་ཡང་བླ་སྟེ། དེ་ལྟར་ན་ཡང་འབྲེལ་པའི་སྔར་བཤད་སྐྱོན་རྣམས་ཀྱི། སྒྲ་ཡི་ནུས་པ་བསལ་བ་ཡིན། །འབྲེལ་པ་དོན་དུ་གྱུར་པ་ཡིན་པར་སྨྲ་བ་ལ་སྐྱོན་རྣམ་པ་དུ་མ་བཤད་ཟིན་པ་དེ་ཉིད་ཀྱིས་སྒྲའི་ནུས་པ་དེ་སུན་ཕྱུང་བ་ཉིད་ཀྱིས་ཕྱིར་ཡང་མི་བརྗོད་དོ། །གཞན་ཡང༌། སྐྱེས་བུས་མ་བྱས་ཤེས་བྱ་ཉིད། །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན། །སྐྱེས་བུའི་ཉེས་པས་སྐྱོན་མེད་པའི། །མེ་སོགས་རྣམ་པ་གཞན་དུའང་མཐོང༌། །རིག་བྱེད་པའི་སྒྲ་སྐྱེས་བུས་མ་བྱས་པ་ཡིན་པ་ཡང་བླ་སྟེ། དེ་ལྟར་ན་ཡང་དེ་དག་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཤེས་པའི་རྒྱུ་ཉིད་ཡིན་པར་བསམ་པར་བྱ་བ་ཡིན་ནོ། །སྐྱེས་བུའི་སྐྱོན་གྱིས་ཉེ་བར་བསྒྱུར་བ་ཉིད་དོན་དག་ལས་ཤེས་པ་འཁྲུལ་པ་མ་ཡིན་ཏེ། དེ་དང་བྲལ་བའི་སྒྲོན་མ་ལ་སོགས་པ་དག་གིས་ཀྱང་ཨུཏྤལ་སོགས་པ་དག་ལ་ལོག་པའི་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རོ། །དེ་བས་ན་འདུས་


DTG174_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ་ལྟོས་པ་མེད་པའི་སྒྲ་འདི་དག་ནི་ངོ་བོ་ཉིད་ཀྱིས་དོན་རྣམས་ལ་སློབ་པའི་རྒྱུར་འགྱུར་ཏེ། རང་བཞིན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །ལོག་པར་བསལ་བ་ཅན་དག་ཀྱང་ངེས་པར་འགྱུར་ཏེ། མེ་ལ་སོགས་པ་བཞིན་ནོ། །གལ་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིར་མི་རིགས་ས་ཞི་ན། ཕྱིན་ཅི་མ་ལོག་པ་བསལ་བ་ཅན་གྱི་ངེས་པ་ལ་རྒྱུ་ཅི་ཞིག་ཡོད། དེ་བས་ན་ངོ་བོ་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་དུ་བསལ་བའི་ངེས་བ་བཞིན་དུ་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པའི་བསལ་བའི་ངེས་པ་ཅིའི་ཕྱིར་མི་རྟོགས། ཡང་ན་མེ་ལ་སོགས་པ་དང་འདྲ་བར་དོན་དག་གཉི་གའི་ཤེས་པའི་རྒྱུ་ཉིད་དུ་འགྱུར་རོ། །མེ་ལ་སོགས་པ་སྐྱེས་བུས་མ་བྱས་པ་ཡིན་དུ་ཟིན་ཀྱང་གཅིག་དོན་ཇི་ལྟ་བ་བཞིན་དུ་ཤེས་པའི་རྒྱུ་ཡིན་ན་ཡང་ཐམས་ཅད་ལ་དེ་ལྟར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་སྒྲ་རྣམས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཡང་གཉི་གར་འགྱུར་རོ། །མེ་ལ་སོགས་པ་དག་ནི་བྱས་པ་ཉིད་ཀྱི་ཕྱིར། རྐྱེན་ཇི་ལྟ་བ་བཞིན་དུ་གཞན་ལ་རྣམ་པ་གཞན་ཉིད་ཡིན་པ་བླ་སྟེ། སྒྲ་རྟག་པ་དག་ལ་ཡང་དེ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་རྣམ་པའི་ཆོས་དེ་ལ་ཡང་ཡོད་པ་མ་ཡིན་ནམ། དེ་དག་ཀྱང་བརྡའི་སྟོབས་ལས་རྣམ་པ་གཞན་དུ་འཇུག་པའི་ཕྱིར་རོ། །འབྲས་བུ་བསྐྱེད་པའི་རང་བཞིན་དུ་གནས་པ་ཡིན་ཡང་དེ་དག་བརྡ་ལ་སོགས་པ་ཡང་ལྟོས་པར་བྱ་བ་མེད་པའི་ཕྱིར། དེ་ལས་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་དོན་རྣམས་རྟོགས་པར་འགྱུར་ན་ཡོད་པ་ཡང་མ་ཡིན་ནོ། །དེ་བས་ན་སྒྲ་རྣམས་ནི་གནས་པའི་རང་བཞིན་མ་ཡིན་ནོ། །གཞན་ཡང་དེ་ན་མ་བྱས་པར་འདོད་ན། ཤེས་པ་ཉིད་ཀྱི་རྒྱུར་འགྱུར། །རྟག་པ་དག་ལས་དངོས་ནུས་པས། །འགའ་ཡང་སྐྱེ་བ་ཡོད་མ་ཡིན། །གལ་ཏེ་སྒྲ་མ་བྱས་པ་ཡིན་ན་དེ་ལས་དོན་ཤེས་པ་ཉིད་དུ་མི་འགྱུར་རོ། །ཤེས་པ་སྐྱེ་བ་དང་ཅིག་ཤོས་ཀྱི་དུས་དག་ཏུ་ངོ་བོར་མཚུངས་པའི་ཤེས་པ་བསྐྱེད་པ་ལ་ནུས་པ་ཡོད་པ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་འདི་སྐྱེད་པར་བྱེད་པ་ཡིན་ལ་དེ་ལྟར་ན་ནི་མ་ཡིན་ནོ་ཞེས་ངོ་བོའི་ཁྱད་པར་རྣམ་པར་ཕྱེ་བར་བྱ་བ་མེད་པའི་ཕྱིར་རོ། །འདིའི་སྐྱེད་པར་བྱེད་པ་མ་ཡིན་པ་ཅི་འདྲ་བ་དེ་འདྲ་བ་ཉིད་ནི་སྐྱེད་པར་བྱེད་པར་རིགས་པ་མ་ཡིན་ཞིང་གཞན་ལ་ལྟོས་པ་ཡང་བཀག་པ་ཉིད་ཡིན་ནོ། །དེ་བས་ན་རྟག་


DTG174_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ནི་འགའ་ཞིག་ཏུ་ཡང་ཤེས་པ་བསྐྱེད་པར་ནུས་པ་མ་ཡིན་ཏེ། འགའ་ཞིག་གི་ཚེ་མི་སྐྱེད་ན་རྟག་ཏུ་མི་བསྐྱེད་པར་ཐལ་བའི་ཕྱིར་དང༌། འབྲས་བུ་རྟག་ཏུ་མ་མཐོང་བའི་ཕྱིར་རོ། །དེ་དག་རྣམ་པ་འགའ་ཞིག་གིས་ཀྱང་བྱེད་པ་པོ་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་དག་གི་ནམ་མཁའ་ལ་སོགས་པ་རྟག་པ་དག་ཏུ་འདོད་པ་དག་གི་རྟོག་པ་གང་ཡིན་པ་དེ་ཡང་དེའི་རང་བཞིན་ཅན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན། ཀུན་རྟོག་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་དག །འགའ་ཞིག་དེ་ལས་སྐྱེ་འགྱུར་གྱི། །དོན་དེ་སྤྱོད་ཡུལ་ཅན་མ་ཡིན། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་བློ་ནི་ངེས་པར་དེའི་རུང་བ་ཉིད་དུ་ཉེ་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ཡིན་པས་ན། འདིའི་རྒྱུ་རུང་བ་དེ་ལ་ཡོད་ན་དེ་འགྱུར་བ་ཉིད་ཡིན་ནོ། །དེ་ལྟར་ན་དེ་གལ་ཏེ་དངོས་པོ་རྟག་པ་རྣམས་ཀྱི་རང་གི་མཚན་ཉིད་ལ་འགའ་ཞིག་གི་ཤེས་པ་འགྱུར་ན་ཐམས་ཅད་ཐམས་ཅད་ཀྱི་ཚེ་འགྱུར་རོ། །འབྲས་བུ་ཁྱད་པར་དུ་བྱས་པའི་བསལ་བ་ཅན་དག་ནི་རྣམ་པ་འགའ་ཞིག་གིས་འགའ་ཞིག་ལ་ཉེ་བར་སྦྱར་བ་ན། དེ་བསྐྱེད་པར་རུང་བའི་ཕུལ་དུ་བྱུང་བ་ཐོབ་པའི་རྒྱུའི་དངོས་པོའི་ཁྱད་པར་དུ་ལྟོས་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་འབྲས་བུའི་ཁྱད་པར་ཅན་མ་ཡིན་པ་རྟག་པའི་དངོས་པོ་དེའི་རྒྱུ་ལས་ལྟོས་པ་ཅན་འགའ་ཞིག་གིས་གཟུང་བར་འགྱུར་ན། གལ་ཏེ་འདིའི་འཛིན་པ་བསྐྱེད་པར་འགྱུར་ན་དེ་ཉིད་ཀྱིས་གཟུང་བ་གང་ཡིན་པ་དེ་རིགས་པ་ཡིན་ནོ། །དེ་ཡང་སྲིད་པ་མ་ཡིན་ཏེ། བརྟན་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཐམས་ཅད་ཀྱིས་ཅིག་ཅར་གཟུང་བར་འགྱུར་བའམ། འགའ་ཞིག་གིས་ཀྱང་མ་ཡིན་པའི་ཕྱིར། འགའ་ཞིག་ཡོད་པ་མཐོང་ན། རྟག་པ་འགའ་ཞིག་ཀྱང་དབང་པོ་ལས་འདས་པར་འགྱུར་བ་མ་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་ནམ་མཁའ་ལ་སོགས་པ་ལ་ཐམས་ཅད་ཀྱི་འཁྲུལ་པ་ཉིད་དོན་གྱི་ནུས་པ་ལ་ལྟོས་པ་མེད་པ་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ང་གི་ཉེ་བར་ལེན་པ་རྣམ་པར་རྟོག་པའི་བག་ཆགས་སད་པ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་གྱིས་སྟོང་བ་དག་སྐྱེ་བར་འགྱུར་རོ། །དེ་བས་ན་སྒྲ་ནི་གཞན་དུ་འགྱུར་བ་མ་ཡིན་པའི་


DTG174_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་མ་ཡིན་ནོ། །དེ་ཉིད་ཡིན་ན་ཡང་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ཅན་ཉིད་ཅེས་བྱ་བ་དེ་གང་ལས་ཡིན། མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་མེ་ནི་གྲང་བ་འཇོམས་པར་ནུས་པ་འཇིག་རྟེན་ལ་གྲགས་པ་བསྟན་པས་ཐམས་ཅད་དེ་ལྟར་འགྱུར་ན་མ་ཡིན་ནོ། །འཇིག་རྟེན་ནི་རང་གི་འདོད་པས་བྱས་པའི་བརྡའི་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར། འཇིག་རྟེན་འདིར་རང་གི་བརྡའི་རྗེས་སུ་བྱེད་པས་ཅི་དེ་ལྟར་རྟོགས་སམ། འོན་ཏེ་རང་བཞིན་གནས་པ་ལས་ཡིན་ཞེས་ཐེ་ཚོམ་ཟ་བ་ཉིད་ཡིན་ནོ། །འཇིག་རྟེན་གྱི་འདོད་པས་སྒྲ་དག་གཞན་དུ་གྱུར་པ་ཡིན་ན་ཡང་གཞན་ལ་ཡང་རྣམ་པ་གཞན་དུ་སྣང་བའི་ཕྱིར། འཇིག་རྟེན་གྱི་གྲགས་པའི་རྗེས་སུ་བྱེད་པ་ལ་ཡང་དེ་དག་རྣམ་པ་གཞན་དུ་འགྱུར་བ་ཉིད་སྲིད་དོ། །དེ་བས་ན་འགའ་ཞིག་ཕྱིན་ཅི་མ་ལོག་པར་མཐོང་དུ་ཟིན་ཀྱང་ཐམས་ཅད་དེ་དག་དེ་ལྟ་བུའི་ངོ་བོར་གྲུབ་པ་མ་ཡིན་ནོ། །དེ་དག་མ་བྱས་པའི་རང་བཞིན་ཅན་ཡིན་ན་ཡང་འགའ་ཞིག་ལོག་པ་ཉིད་དུ་ངེས་པས་ཀྱང་འགྱུར་བའི་ཕྱིར། རང་བཞིན་ཡོངས་སུ་ཤེས་པ་མེད་པ་ལས་ཐམས་ཅད་ལ་ཐེ་ཚོམ་དུ་འགྱུར་རོ། །གལ་ཏེ་བྱས་པ་ལོག་པ་ཉིད། མཐོང་བ་ཉིད་ཀྱི་ཕྱིར་ན་ཚིག །མ་བྱས་བདེན་དོན་ཅན་ཡིན་ཏེ། །ལྡོག་པས་འགལ་བ་ཁྱབ་ཕྱིར་རོ། །ཅི་སྟེ་ལོག་པའི་དོན་ཅན་གྱི་ཚིག་གང་ཡིན་པ་དེ་མ་ལུས་པའི་བྱས་པ་ཡིན་པའི་ཕྱིར། གཏན་ཚིགས་ལྡོག་པས་བསྒྲུབ་པར་བྱ་བ་ལོག་པ་ལ་ཁྱབ་པའི་ཕྱིར་གཞན་ལ་མི་སྲིད་པས་ན། མ་བྱས་པ་ནི་བདེན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བར་རྗེས་སུ་འགྲོ་བ་མེད་པར་འགྱུར་རོ། །གང་ལ་གང་གིས་མ་ཁྱབ་ན། དེ་ལ་འདོགས་པར་བྱ་བ་ན། འགལ་བ་དག་ནི་གཅིག་ལ་ཡོད་པ་མ་ཡིན་ནོ། །མེད་ན་ཡང་རིགས་མི་མཐུན་པ་ལ་རྣམ་པ་གཞན་མེད་པས་འདོད་པའི་དོན་གྲུབ་པའི་ཕྱིར་དང༌། དེ་སྒྲུབ་པའི་བྱེད་པ་ཉིད་ཡིན་པའི་ཕྱིར། རྟགས་ཀྱི་རྗེས་སུ་འགྲོ་བ་བསྟན་པ་དོན་མེད་པ་ཡིན་ཏེ། ལྡོག་པ་ཙམ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ནི་བདེན་ཏེ་གལ་ཏེ་གཏན་ཚིགས་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལ་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་ངོ་བོ་གྲུབ་པར་འགྱུར་ན་དེ་ཡང་གྲུབ་པ་མ་ཡིན་ནོ། །འདི་ལྟར། མེད་


DTG174_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཏན་ཚིགས་མ་བསྟན་ནའང༌། །དེ་ནི་ཡོད་པར་དོགས་འགྱུར་ཏེ། །དངོས་པོ་འགལ་བ་དག་ལ་ཡང༌། །ཁྱབ་པར་བྱེད་པ་མཐོང་ཕྱིར་རོ། །གལ་ཏེ་གཏན་ཚིགས་བསྒྲུབ་པར་བྱ་བ་མི་མཐུན་པའི་ཕྱོགས་ལ་མེད་པར་འགྲུབ་པར་འགྱུར་ན། བསྒྲུབ་པར་བྱ་བ་ལོག་པ་ལ་གཏན་ཚིགས་ལྡོག་པས་ཁྱབ་པར་འགྱུར་ན། དེ་ལ་དེ་མེད་པ་ལ་ཚད་མ་ཡང་མ་མཐོང་ངོ༌། །མི་འགལ་བ་བསྒྲུབ་པར་བྱ་བ་ལ་ཡང་དགག་པ་སྒྲུབ་པར་བྱེད་པ་རིགས་པ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །ཐ་དད་པའི་འགལ་བ་དང་ལྷན་ཅིག་འབྱུང་བ་ཅན་དག་ཀྱང་མཐོང་བའི་ཕྱིར། གཅིག་ལ་མཐོང་བ་ཡང་གཞན་ལ་མེད་པ་ཉིད་མ་ཡིན་ཏེ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དང་ཅིག་ཤོས་དག་ལ་མི་རྟག་པ་ཉིད་བཞིན་ནོ། །དེ་ལྟ་བུའི་རྣམ་པ་ཡང་མཐོང་བ་མེད་པའི་ཕྱིར། མེད་པ་ཉིད་ཁོ་ན་མ་ཡིན་ནོ། །འདི་ལྟར། ཐམས་ཅད་དུ་ནི་མི་དམིགས་ཕྱིར། མེད་ཉིད་མི་འགྲུབ་ཅེས་ནི་བཤད། །མེད་པ་ཉིད་ནི་མི་འགྲུབ་ན། །ལྡོག་པ་ཉིད་ལ་ཐེ་ཚོམ་ཟ། །སྐྱེས་བུ་ཙམ་འདིས་ནི་ཐམས་ཅད་མཐོང་བར་ནུས་པ་མ་ཡིན་ན་གང་གིས་ན་འདིའི་མཐོང་བ་ལྡོག་པས་དེ་ལྟར་མི་འགྱུར། གང་གི་ཡེ་ཤེས་ཤེས་བྱ་ཡོད་པ་ཉིད་ལ་འཁྲུལ་པ་མེད་པ་དེ་ཉིད་ཀྱིས་གཟིགས་པའི་ཕྱིར་མེད་དོ། །ཞེས་གསུངས་པ་མཛེས་པར་འགྱུར་རོ། །དེ་བས་ན་རང་བཞིན་དང་དུས་དང་ཡུལ་གྱི་བསྐལ་བས་འདི་ཡོད་དུ་ཟིན་ཀྱང་རིགས་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་མཐོང་བའི་ངང་ཚུལ་ཅན་མ་ཡིན་པ་གང་གིས་མ་བྱས་པའམ། ཅིག་ཤོས་ཀྱི་ཚིག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་མི་སླུ་བའམ་ཅིག་ཤོས་ལ་ངེས་པར་ནུས། ལ་ལ་ན་དེ་ལྟར་མཐོང་བའི་དོན་རྣམས་ཀྱང་རྣམ་པ་འགའ་ཞིག་གིས་གཞན་དུ་འགྱུར་ཏེ། དཔེར་ན་ཡུལ་ལ་ལར་འདུ་བྱ་བའི་ཁྱད་པར་ལས་ནི་ནིམ་པའི་འབྲས་བུ་དང༌། སྐྱུ་རུ་རའི་འབྲས་བུ་མངར་མོར་ཆགས་པར་འགྱུར་ལ། ད་ལྟར་ནི་དེ་མ་མཐོང་བ་ཉིད་ཀྱིས་དེ་དག་ནི་སྤང་བར་བྱ་བ་མ་ཡིན་པ་ལྟ་བུའོ་ཞེས་བྱ་བས་བསྟན་ཟིན་ཏོ། །དེ་བས་ན་མ་བྱས་པ་དང་ལོག་པའི་དོན་ཅན་དུ་འགྱུར་བ་ཞེས་བྱ་བ་འགལ་བ་མ་མཐོང་ངོ༌། །མི་དམིགས་པ་འདི་ནི་སྣང་བའི་བདག་ཉིད་ཅན་དག་གི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་བས་ན་ཅུང་ཞིག་ལོག་པའི་


DTG174_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཅན་གང་ཡིན་པ་དེ་ཐམས་ཅད་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་ཁྱབ་བ་མེད་དོ། །དེ་ལྟར་ན། གལ་ཏེ་རྗེས་འགྲོ་ལྡོག་པའམ། །བསྒྲུབ་བྱའི་ཆོས་ཅན་ལ་ཡོད་ཉིད། །དེ་ངེས་འབྲས་ཅན་ཤེས་པ་ཡིས། །གྲུབ་པར་འགྱུར་བ་སྒྲུབ་བྱེད་ཡིན། །དེ་སྐད་དུ་ཡང་བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་དེ་ཁོ་ན་སྒྲུབ་པར་བྱེད་པའམ་སུན་འབྱིན་པར་བྱེད་པ་ཡིན་ནོ། །བརྗོད་པ་གང་ཡང་རུང་བ་ལ་གྲགས་པ་དང་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། ཡང་སྒྲུབ་པར་བྱེད་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །འདི་ལ་འགལ་བ་མ་མཐོང་བ་ཅན་ཡོད་པ་གང་གིས་སྤོང་བར་བྱེད། དེ་བས་ན་ལྡོག་པ་འདི་ནི་ཐེ་ཚོམ་ཟ་བའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཞན་ཡང༌། གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི། །འདི་ཡི་ཕྱོགས་མཐུན་འགྱུར་དེའི་ཕྱིར། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། །ཅུང་ཞིག་ལོག་པའི་དོན་ཅན་གང་ཡིན་པ་དེ་ཐམས་ཅད་ནི་སྐྱེས་བུས་བྱས་པ་ཡིན་པ་དེ་ལྟར་ན། གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་ཀྱིས་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལ་ཁྱབ་པ་དེ་མེད་ན་མེད་པ་གྲུབ་པར་འགྱུར་རོ། །དེ་མེད་པར་ཡོད་ན་ནི་དེས་ཁྱབ་པ་མི་རུང་བའི་ཕྱིར་རོ། །རིགས་མི་མཐུན་པ་ལྡོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དགག་པ་ཉིད་ཀྱིས་ཀྱང་བྱ་བ་འགྲུབ་པའི་ཕྱིར། རྗེས་སུ་འགྲོ་བ་མེད་པར་ལྡོག་པའི་ཁྱབ་པར་འགྲུབ་པ་མ་ཡིན་ནོ། །དེ་བས་ན་གཏན་ཚིགས་འགའ་ཞིག་ཀྱང་རྗེས་སུ་འགྲོ་བ་མེད་པ་ཅན་ཞེས་བྱ་བ་མ་ཡིན་ཏེ། གཅིག་རྣམ་པར་གཅོད་པ་ནི་དེའི་རིགས་མི་མཐུན་པ་གྲུབ་པ་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ།། །།བམ་པོ་བཅུ་པ། མི་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་རྣམ་པར་གཅོད་པ་ན་ཡང་དེ་ལྟར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལྡོག་པ་རྣམ་པར་གཅོད་པ་ནི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོའི་ངོ་བོ་རྣམ་པར་གཅོད་པ་ན་དངོས་པོ་འཕེན་བར་བྱེད་པ་མ་ཡིན་ཞིང་མེད་པ་རྣམ་པར་གཅོད་པས་ཀྱང་ངེས་པར་དངོས་པོ་ཉེ་བར་འཇོག་པ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་


DTG174_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕན་ཚུན་དཔེན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ལྡོག་པ་གང་ཡིན་པ་དེ་དངོས་པོ་མེད་པའི་ངོ་བོ་ཅན་ལྡོག་པར་གྱུར་པས། དངོས་པོ་ཉེ་བར་འཇོག་པར་བྱེད་པ་དེ་ལྟར་བདག་མེད་པ་ལ་སོགས་པ་ནི་མ་ཡིན་ནོ། རང་བཞིན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །བྱ་བ་དང་ལོངས་སྤྱོད་པ་དག་བདག་གིར་བྱེད་པ་ལ་རང་དབང་མ་ཡིན་པའི་བདག་ཉིད་ནི་བདག་མེད་པའོ། །དེ་ལ་རང་དབང་གི་མཚན་ཉིད་ཡིན་པའི་ཕྱིར་བདག་ཡིན་ནོ། །དེ་བས་ན་ངོ་བོ་བདག་མེད་པ་ཡིན་གྱི་བདག་ལྡོག་པ་ཙམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉེ་བར་བརྗོད་པ་མེད་པ་ལ་བྱས་པ་ཉིད་ལ་སོགས་པ་མི་རུང་བའི་ཕྱིར། དེ་ལས་བདག་མེད་པ་འགྲུབ་པར་མི་འགྱུར་རོ། །གལ་ཏེ་བདག་རྣམ་པར་གཅད་ནས་བདག་མེད་པའི་ངོ་བོ་རྗོད་པར་བྱེད་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་པས་དངོས་པོ་ལ་རེག་པའི་ཕྱིར། དངོས་པོའི་ངོ་བོ་དེ་ཉིད་བདག་མེད་པ་ཐོབ་པོ། །གང་གི་རྣམ་པར་བཅད་པ་དངོས་པོ་མེད་པའི་ངོ་བོ་མ་ཡིན་གྱི་དེའི་རྣམ་པར་གཅོད་པ་དངོས་པོའི་ངོ་བོ་ཡིན་ན་ཡང་དངོས་པོ་གྲུབ་པར་མི་འགྱུར་བའི་ཕྱིར། རྗེས་སུ་འགྲོ་བ་འཕངས་པ་མ་ཡིན་ནོ། །དེ་ལྟར་ན་བདག་མེད་པ་ཡིན་ན་ཡང་དངོས་པོར་འགྲུབ་པར་མི་འགྱུར་ཏེ། དཔེར་ན་གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དག་གི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དཔྱོད་པ་ན་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་ལ་བདག་མེད་པ་ཉིད་མཐོང་བ་དང་དེ་མེད་ན་མེད་པའི་ཕྱིར། བདག་མེད་པ་དག་ཉིད་མེད་དུ་ཟིན་ཀྱང༌། སྲོག་ལ་སོགས་པ་དག་ནི་བདག་ལ་གྲུབ་པར་འཇོག་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་ལ་ཡང་སྲོག་ལ་སོགས་པ་དག་གིས་འབའ་ཞིག་བསལ་བར་འགྱུར་རོ། །བདག་མེད་པ་ཉིད་ལ་མེད་པའི་ཕྱིར། སྲོག་ལ་སོགས་པས་དེ་བསལ་བ་ཡིན་གྱི་བདག་ཉེ་བར་འཇོག་པ་ནི་མ་ཡིན་ཏེ། དེ་ལ་ཡོད་པ་མ་གྲུབ་པའི་ཕྱིར་རོ། །བདག་མེད་པ་ལ་ལོག་པས་ཀྱང་བདག་གྲུབ་པ་མ་ཡིན་ཏེ། མི་མཐུན་ཕྱོགས་ལ་ལྡོག་པ་མཐོང་བ་ན་ཡང་མཐུན་པའི་ཕྱོགས་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ལྡོག་པ་མ་གྲུབ་པ་ན་


DTG174_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་ཁྱབ་པ་ཡོད་པ་མ་ཡིན་ཏེ། དེ་གྲུབ་པ་ཉིད་ཀྱིས་ཀྱང་རྗེས་སུ་འགྲོ་བ་གྲུབ་པའམ། མ་གྲུབ་པ་ནི་ལྡོག་པ་བཟློག་པ་གྲུབ་ཏུ་ཟིན་ཀྱང་དེ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ལ་ཡང་ཐལ་བར་འགྱུར་རོ། །དེ་བས་ན་ལྡོག་པའི་ཁྱབ་པ་ལ་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ནོ། །ལོག་པའི་དོན་ཅན་དག་ནི་སྐྱེས་བུས་བྱས་པ་ཉིད་ཀྱིས་ཁྱབ་པས་སྐྱེས་བུས་མ་བྱས་པ་ལས་ལོག་པ་ཡིན་དུ་ཟིན་ཀྱང༌། བདེན་པའི་དོན་ཅན་ཉིད་མ་ཡིན་ཏེ། རྣམ་པ་གཞན་ཡོད་པའི་ཕྱིར་རོ། །སྒྲ་རྣམས་ལ་ཕུང་པོ་གཉིས་ཡོད་ན་ནི་དེ་ལྟར་འགྱུར་ཏེ། གཅིག་ལོག་པ་ན་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་དག་དོན་མེད་པ་ཅན་དུ་འགྱུར་བ་དེ་ལྟར་ན་འདོད་པའི་དོན་གྲུབ་པ་མ་ཡིན་ནོ། །གལ་ཏེ་དོན་རྟོགས་པའི་ཕྱིར། དོན་མེད་པ་ཅན་མ་ཡིན་ནོ་ཞེ་ན། དེ་དག་གི་སྐྱེས་བུའི་བྱ་བས་འགྱུར་ཏེ། དོན་གཞན་ལ་རྣམ་པར་རྟོག་པ་བཞིན་ནོ། །དཔེར་ན་བྷ་ར་ཏ་ལ་སོགས་པའི་ལུགས་ལ་སོགས་པ་ནི་དེའི་དོན་ཅན་མ་ཡིན་དུ་ཟིན་ཀྱང་དོན་གཞན་དག་གི་རྣམ་པ་གཞན་དུ་བཤད་པ་དེའི་རྗེས་སུ་འབྲངས་ནས་གཞན་གྱིས་ཀྱང་དེ་ལྟར་རྟོགས་པར་འགྱུར་བ་ལྟ་བུའོ། །སྐྱེས་བུས་བསྟན་པ་ལ་རག་ལས་པའི་ཕྱིར། དོན་མེད་པ་ཅན་དག་ལ་དོན་དུ་རྣམ་པར་རྟོག་པ་འདི་ནི་སྐྱེས་བུས་བྱས་བྱས་པར་འགྱུར་བ་ཡིན་གྱི། སྒྲའི་རང་བཞིན་གྱིས་བྱས་པ་ནི་མ་ཡིན་ཏེ། དོན་གཞན་ཉིད་བཞིན་ནོ། །ངོ་བོ་ཉིད་ཀྱིས་མེ་ལ་སོགས་པ་གསལ་བར་བྱེད་པ་དེ་ལ་ལྟོས་པ་མ་ཡིན་ཏེ། སྐྱེས་བུས་བདག་ཉིད་ཀྱི་བརྡའི་བྱ་བ་བརྗོད་པ་ན་སྟོན་པར་བྱེད་པ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །སྐྱེས་བུས་བརྡར་བྱས་པ་དང་ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་དག་ནི་བསྟན་པ་ལ་རག་ལུས་པར་ཁྱད་པར་མེད་པའི་ཕྱིར་དང༌། ཁྱད་པར་གཞན་མེད་པའི་ཕྱིར་གཅིག་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ལ། གཞན་ནི་སྐྱེས་བུས་བྱས་བ་ཡིན་ནོ་ཞེས་ངེས་པར་དཀའ་བ་ཡིན་ནོ། །གལ་ཏེ་ཚད་མས་མི་སླུ་བའི་བྱེ་བྲག་ཡོད་དོ་ཞེ་ན། དེ་ནི་འོག་ནས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཚད་མ་གཞན་འཇུག་པ་མེད་དོ་ཞེས་བྱ་བས་འགོག་པར་འགྱུར་རོ། །ཆོས་མཐུན་པ་ཅན་གྱི་དོན་དག་ལས་ཚད་མས་མི་སླུ་བ་ཙམ་


DTG174_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྱད་པར་གཅིག་ལ་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་ན། ད་ནི་ཆེས་ཤིན་ཏུ་མང་པོ་སྐྱེས་བུས་བྱས་པ་མ་ཡིན་པ་དེ་ལྟར་ན། སྐྱེས་བུས་བྱས་པའི་དག་འགའ་ཞིག་ཀྱང་དེ་ལྟ་བུའི་རྣམ་པ་ཡིན་པའི་ཕྱིར་དེ་དག་ལ་ཡང་ཐལ་བར་འགྱུར་རོ། །དེ་དང་འདྲ་བར་དེ་དག་གི་མངོན་བར་འདོད་པའི་དོན་དང་ལྡན་པ་ཉིད་ཀྱང་སྐྱེས་བུས་བྱས་པ་དང་ཚད་མའི་རྗེས་སུ་བྱེད་པ་ཅན་དུ་ཡང་འགྱུར་རོ། །གཞན་ཡང་སྔགས་དང་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནོད་པ་ཡང་མཐོང་ངོ༌། །དེ་ལྟར་ནི། ལ་ལ་བརྡར་བྱས་ཉིད་ཡིན་ན། །སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན་པར་རིགས་སོ། །གལ་ཏེ་སྔགས་དེ་དག་འདི་ལྟར་ཁོ་བོས་མངོན་པར་འདོད་པའི་རྒྱུ་ཅན་གྱི་ངག་བྱས་པ་དེ་ཉིད་ལ་དེ་ལྟར་སྦྱར་བར་བྱེད་པ་ན་དོན་འདིས་སྦྱར་བར་བྱའོ་སྙམ་པས་གཞན་གྱི་དོན་གཙོ་བོར་གྱུར་པའི་ངོར་བྱས་པའམ། གཞན་འགའ་ཞིག་གིས་ལ་ལར་བརྡར་བྱས་པར་འགྱུར་བ་དེའི་ཚེ་སྔགས་ཀྱི་སྦྱོར་བ་ལས་འགའ་ཞིག་གི་ཚེ་དོན་གྲུབ་པར་རིགས་པ་ཡིན་ཏེ། འདོན་པར་བྱེད་པ་དག་གི་སྙན་དངགས་མཁན་གྱི་བརྡ་བྱས་པ་ལས་དོན་གྲུབ་པ་བཞིན་ནོ། །ཅི་སྟེའང་དངོས་པོའི་ནུས་ཡིན་ན། །ཁྱད་པར་མེད་ཕྱིར་གཞན་ལའང་འགྱུར། །སྐྱེས་བུའི་བརྡ་ལས་སྔགས་རྣམས་ཀྱིས་དོན་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདི་རྣམ་པ་འགའ་ཞིག་ལྟར་ངེས་པར་སྦྱར་བ་ན། འབྲས་བུ་འབྱིན་པ་གང་ཡིན་པ་དེ་དག་ནི་དངོས་པོའི་རང་བཞིན་ནོ། །འོ་ན་ནི་ཡི་གེ་རྣམས་ཀྱི་ངོ་བོ་དེ་ཐམས་ཅད་ཁྱད་པར་མེད་པའི་ཕྱིར། ཇི་ལྟར་རྣམ་པ་འགའ་ཞིག་ལྟར་སྦྱར་བ་ལས་ཀྱང་འབྲས་བུར་འགྱུར་རོ། །ཡི་གེ་ཁོ་ན་སྔགས་ཡིན་གྱི་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་དེའི་བཀོད་པ་ཡང་སྔགས་ཡིན་ནོ་ཞེ་ན། དོན་གཞན་ཉིད་དུ་གྱུར་པ་ཡི། །བཀོད་པའང་སྔར་ནི་བསལ་བ་ཡིན། །ཡི་གེ་དག་ལས་ཐ་དད་པ་པ་བཀོད་པ་གཞན་ནི་མེད་དོ་ཞེས་དེ་བསྟན་ཟིན་ཏོ། །ཐ་དད་པ་མེད་ན་ཡང་ཡི་གེ་ཉིད་སྔགས་ཡིན་ལ། དེ་དག་ཀྱང་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར། ཐམས་ཅད་ཀྱི་ཚེ་འབྲས་བུ་འབྱིན་པར་འགྱུར་རོ། །བཀོད་པ་ཅེས་ཆུང་བ་ཡང་ཉམས་པ་ལས་འཁྲུལ་པ་ཡང་མཐོང་ངོ༌། །


DTG174_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ནན་ཏན་དུ་བྱས་པ་ལས་ལྷ་ཉིད་ཐག་ཉེ་བའི་ཕྱིར་དང༌། ཚོགས་པ་མེད་པས་མཉེས་པར་མ་བྱས་པའི་ཕྱིར་རོ། །ཐམས་ཅད་ཉམས་ན་ནི་བརྡ་འགའ་ཞིག་ཀྱང་ནན་ཏན་ཏུ་བྱས་པ་མེད་པས་ཐག་ཉེ་བ་ན་མེད་པའི་ཕྱིར། དོན་དང་དོན་མེད་པ་མ་ཡིན་ནོ། །གཞན་ཡང་བཀོད་པ་དོན་གཞན་ཉིད་དམ་དོན་གཞན་ཉིད་མ་ཡིན་ན་སྔགས་ཡི་གེའི་བདག་ཉིད་ཅན་ནམ། དེའི་བཀོད་པའི་བདག་ཉིད་ཅན་དོན་ཅན་གྱི་རྒྱུ་རྟག་པ་ནི་མ་བྱས་པ་ཉིད་ཀྱི་ཕྱིར། རྟག་ཏུ་ཉེ་བ་ཡིན་པ་དེ་ལྟར་ན། རྟག་ཏུ་དེ་ལས་དོན་གྲུབ་འགྱུར། །གང་གི་ཕྱིར་དངོས་པོའི་ནུས་པ་ལས་འབྲས་བུ་བསྐྱེད་ན། དེ་མ་ཚང་བ་མེད་པའི་ཕྱིར་འབྲས་བུ་དང་བྲལ་བར་མི་འགྱུར་རོ། །རྒྱུའི་ཚོགས་པ་ཡོད་ན་འབྲས་བུ་དང་བྲལ་བ་མི་རིགས་ཏེ། རྒྱུ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་སྔགས་ཀྱི་སྦྱོར་བ་ཡན་འགར་བ་ལས་འདོད་པ་གྲུབ་པ་མ་ཡིན་ཏེ། དེ་ནི་ཆོ་ག་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། ལྟོས་པ་ཡིན་ན་དོན་མེད་འགྱུར། །གལ་ཏེ་སྔགས་ཀྱི་ཆོ་ག་ལས་སམ། གཞན་ལས་རང་བཞིན་ཕུལ་དུ་བྱུང་བ་འགའ་ཞིག་ཐོབ་པར་འགྱུར་ན་དེ་ལ་དེའི་ནུས་པ་ལ་ལྟོས་པར་འགྱུར་ཏེ། རྟག་པ་ལ་དེ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་བས་ན་ནུས་པ་མེད་པ་འདི་ལ་ཅི་ཕྱིར་ལྟོས་པར་འགྱུར། དེ་ལྟར་ན་ལྟོས་པ་མེད་པ་རྟག་ཏུ་བྱེད་པའམ། ཅུང་ཞིག་ཀྱང་བྱེད་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དངོས་ནུས་དེ་འདྲ་ན། །དེ་དག་ཀུན་གྱི་སྒྲུབ་བྱེད་འགྱུར། །ལེགས་བྱས་མིན་ནི་བྱེད་པ་པོའི། །ཁྱད་པར་ལ་ནི་ལྟོས་མི་རུང༌། །གལ་ཏེ་དངོས་པོ་ནུས་པ་ཉིད་ཀྱི་སྔགས་རྣམས་ཀྱིས་གྲུབ་པ་སྟེར་བར་འགྱུར་ན། དེ་དག་གིས་མཆོད་སྦྱིན་བྱེད་པའམ། གཞན་འགའ་ཞིག་ཀྱང་སྤང་བར་མི་འགྱུར་རོ། །གཞན་ལ་ནི་རང་བཞིན་གྱི་དེའི་ངོ་བོ་ཅན་མ་ཡིན་པར་མི་འགྱུར་ཏེ། དེས་དེ་སྨད་པ་མེད་པའི་ཕྱིར་དང༌། གཞན་གྱིས་བསྟོད་པ་མེད་པའི་ཕྱིར་རོ། །འགའ་ཞིག་ཀྱང་ལྷན་ཅིག་རྒྱུ་དང་འབྲས་བུ་ངོ་བོར་མི་རུང་བའི་ཕྱིར་དང༌། ཉེ་བ་དང་བསྐལ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལེགས་པར་བྱས་པ་ཉིད་མ་ཡིན་པའི་ཕྱིར། སྦྱོར་བ་པོ་ཡང་ཡོད་པ་མ་ཡིན་ན། གང་ལས་སྦྱོར་བ་པོས་


DTG174_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཐོབ་པར་འགྱུར། དངོས་པོ་འདུས་བྱས་པ་ཡི་ཡང༌། །དངོས་པོའི་ཐ་དད་ཐ་དད་བྱེད། །སྦྱོར་བའི་ཁྱབ་པར་ལ་ངེས་པ། །ནུས་ལ་མ་ཡིན་བརྡ་ལ་འགྱུར། །དངོས་པོ་མི་རྟག་པ་བྱ་བའི་ཁྱད་པར་ཅན་དག་ནི་དེའི་རྒྱུ་ལས་རང་བཞིན་ཐ་དད་པ་ཡིན་ན། །དེ་ལས་ཕུལ་དུ་བྱུང་བ་ཐོབ་པ་ཉིད་ཀྱི་ཕྱིར། གཞན་དུ་རྣམ་པ་གཞན་དུ་འགྱུར་ལ། ཐ་དད་པ་མེད་ན་མ་ཡིན་ཏེ། རྒྱུའི་ཁྱད་པར་མེད་ན་འབྲས་བུའི་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ནི་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ།། །། དེ་བས་ན་རང་བཞིན་ཕུལ་དུ་བྱང་བའི་ཕྱིར། འབྲས་བུ་འབྱིན་པའི་སྔགས་འདི་འབྲས་བུ་ཡིན་དུ་ཟིན་ཀྱང༌། དམངས་རིགས་ལ་སོགས་པའི་སྦྱོར་བ་ལ་ཡང་རྣམ་པ་གཞན་དུ་མི་འགྱུར་ཏེ། དམངས་རིགས་དང་བྲམ་ཟེ་ཞེས་བྱ་བའི་སྐྱེས་བུ་དག་གི་རང་བཞིན་ཐ་དད་པ་ནི་མེད་པའི་ཕྱིར་རོ། ། སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པ་ཅན་གྱི་མིང་དང་ཐ་སྙད་ཀྱི་ཁྱད་པར་ལས་རང་བཞིན་གྱི་ཁྱད་པར་དང་འབྲེལ་པ་ཅན་གྱི་དོན་རྣམས་གཞན་ཉིད་མ་ཡིན་ནོ། །གལ་ཏེ་དེ་དག་གི་རིགས་ཀྱི་བྱེ་བྲག་ཡོད་དོ། །ཞེ་ན། དེ་ནི་དབྱིབས་དང་ཡོན་ཏན་དང་ནུས་པའི་ཁྱད་པར་ལ་མཐོང་སྟེ། བ་ལང་དང་རྟ་བཞིན་ནོ། །དེ་དག་ནི་འཇིག་རྟེན་གྱིས་བསྟན་པ་མེད་པར་རྟོགས་པར་འགྱུར་རོ། །དེ་དང་འདྲ་བ་འདི་དག་ལ་ཡོན་ཏན་རྣམ་པར་ངེས་པ་ཅུང་ཞིག་ཀྱང་མ་མཐོང་ངོ༌། །མ་མཐོང་བ་ཡང་ཇི་ལྟར་ཁྱད་པར་རྟོགས་པར་འགྱུར། འཇིག་རྟེན་གྱི་རྟོགས་པའི་ཁྱད་པར་མིང་ཐ་དད་པའི་རྗེས་སུ་འགྲོ་བ་ཅན་གང་ཡིན་པ་དེ་ཡང་རིགས་ཀྱི་ཁྱད་པར་མེད་དུ་ཟིན་ཀྱང་བྱ་བའི་ཁྱད་པར་ནན་ཏན་དུ་བྱེད་པའི་ཕྱིར་དང་རྗེས་སུ་འགྲོ་བའི་ཕྱིར་འགྱུར་ཏེ། འཚོ་བྱེད་དང་ཚོང་བའི་ཐ་སྙད་ལ་སོགས་པ་བཞིན་ནོ། །དེ་བས་ན་སྔགས་འདི་ཁྱད་པར་མེད་པར་སྦྱར་བར་འགྱུར་ན། དེ་ལས་ཁྱད་པར་མེད་པའི་རང་བཞིན་ཉིད་སྒྲུབ་པར་བྱེད་དོ། །དེས་ན་ཁྱད་པར་མེད་པ་ཁོ་ནར་འབྲས་བུ་འབྱིན་པར་འགྱུར་རོ། །གང་གི་ཚེ་བརྡ་ལས་དེ་དག་གི་འབྲས་བུ་འབྱིན་པ་དེའི་ཚེ་སྐྱོན་འདི་ཡོད་པ་མ་ཡིན་ཏེ། བརྡ་བྱེད་པའི་འདོད་པ་ལས་འབྲས་བུ་སྐྱེ་བར་ངེས་པའི་ཕྱིར་རོ། །དངོས་པོ་རང་བཞིན་གྱིས་གནས་པ་


DTG174_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དག་ནི་དེའི་སྒོ་ནས་ཐལ་བར་རིགས་པ་ཡིན་གྱི། སྐྱེས་བུའི་འདོད་པས་གནས་པ་ཅན་དག་མ་ཡིན་ཏེ། དེ་དག་ནི་རྣམ་པ་འགའ་ཞིག་གིས་འཇུག་པའི་ཕྱིར་རོ། །གང་ཡང་སྦྱོར་བ་པོས་འབྲས་བུ་ཐོབ་པོ་ཞེས་བྱ་བ་འདོད་པའི་དོན་ལ་རུང་བ་སྐྱེད་པར་བྱེད་པའམ། རྒྱུ་ཡོངས་སུ་འགྱུར་བའི་སྦྱོར་བ་མཐོང་ངོ༌། །དེ་གཉི་གའི་ཁྱད་པར་བསྐྱེད་པ་ན་འགྱུར་རོ། །དེ་ལྟར་མ་ཡིན་ན། ཁྱད་པར་བྱར་མེད་ཅན་ཡིན་ན། །སྦྱོར་བ་པོས་ནི་ཅི་ཞིག་བྱེད། །གང་གིས་དེ་ལས་ལས་འབྲས་བུ། །ཐོབ་ཀྱི་གཞན་གྱིས་ནི་མ་ཡིན། །གལ་ཏེ་སྦྱོར་བ་མངོན་གསལ་ཡིན། །དེ་ནི་གོང་དུ་བསལ་ཟིན་ཏོ། །རྟག་པ་རྣམས་འགའ་ཞིག་ཀྱང་མངོན་པར་གསལ་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །གང་གི་ཕྱིར་མངོན་བར་གསལ་བར་བྱེད་པ་ནི་སྦྱོར་བ་པོར་འགྱུར། གང་ལས་བློ་དེ་གསལ་ཡིན་ཏེ། །དེ་ནི་འབྲས་ལའང་གལ་ཏེ་སྦྱོར། །སྨྲ་བ་པོ་གསལ་རྒྱུ་ཡིན་བས། །ཉན་པ་པོ་ཡི་འབྲས་འབྲེལ་འགྱུར། །སྒྲ་ནི་གཞན་ལས་རང་གི་ངོ་བོར་འགྱུར་བ་དང༌། སྒྲིབ་པར་བྱེད་པ་ལ་བྲལ་བ་གསལ་བ་མ་ཡིན་གྱི། འོན་ཀྱང་དེའི་ཡུལ་ཅན་གྱི་ཤེས་པ་ཡིན་ཏེ། ཐོས་པ་མེད་པར་གསལ་བ་བརྗོད་པ་མེད་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྨྲ་བ་པོ་བློའི་རྒྱུར་འགྱུར་ན། དེ་ནི་ཉན་པ་པོ་ལ་མཚུངས་པའི་ཕྱིར་དེའི་འབྲས་བུ་ཡང་སྨྲ་བ་པོ་དང་འདྲ་བར་ཐོབ་པར་འགྱུར་རོ། །དེའི་བློའི་རྒྱུ་ཉིད་ལས་གཞན་དུ་སྨྲ་བ་པོ་དེའི་ངོ་བོ་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཉན་པ་པོའི་བློ་ནི་གཞན་གྱི་ཁྱད་པར་ཅན་ཡིན་གྱི་སྨྲ་བ་པོ་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ཡིན་ནོ་ཞེ་ན། ཉན་པ་པོ་ལ་སྨྲ་བ་པོའི་ཉེ་བར་སྦྱོར་བ་ཡང་ཅི་ཞིག་ཡོད་ན་གང་གིས་ན་ཁྱད་པར་འདོད། གལ་ཏེ་དེ་ལས་སྒྲ་ཐོས་པ་ཡིན་ནོ་ཞེ་ན། ཇི་ལྟར་ན་དེ་ལས་ཤེས། དེ་ཉིད་བརྒལ་ཞིང་བརྟག་པ་མ་ཡིན་ནམ། འབྲེལ་པ་མེད་པའི་ཕྱིར་རོ། །ཡུལ་ཉེ་བར་འཇོག་པ་ལས་འདི་འདིའི་ཐོས་པར་བྱེད་པ་པོར་འགྱུར་ན། དེ་ཡང་ནུས་པ་མ་ཡིན་ཏེ། རྟག་པ་དེ་ཡང་རྣམ་པ་འགའ་ཞིག་ཏུའང་འགྱུར་བ་མེད་ཕྱིར་རོ། །དབང་པོ་ལེགས་པར་བྱས་པ་ལ་སོགས་པ་ཡང་བཤད་ཟིན་ཏོ། །


DTG174_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བདག་མཉན་པར་བྱ། བདག་གིས་ཉན་དུ་བཅུག་གོ་ཞེས་བྱ་བ་དེ་དག་གི་ཤེས་པ་ལས་སྨྲ་བ་པོ་དང་ཉན་པ་པོ་ཐ་དད་པ་ཡིན་ནོ། །ཞེ་ན། འཁྲུལ་པ་ཙམ་ཕན་གདགས་པར་བྱ་བ་དང༌། ཕན་འདོགས་པར་བྱེད་པ་མེད་པ་ཅན་ཡིན་པའི་ཕྱིར་དེའི་ངོ་བོ་ནི་ཤིན་ཏུ་ཐལ་བར་འགྱུར་ཏེ། འཁྲུལ་པས་གཞན་དག་ལ་ཡང་ཤེས་པ་མཐོང་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཕན་འདོགས་པ་མེད་པ་ལ་ཡང་དེ་ལྟ་བུའི་ཤེས་པ་རིགས་པ་མ་ཡིན་ཏེ། ཐམས་ཅད་དག་ཕན་ཚུན་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །འཁྲུལ་པ་ཡང་འགའ་ཞིག་ལས་ཕན་བཏགས་པ་ཡོད་ཅིང་འགའ་ཞིག་ཉེ་བས་གཞན་དུ་འགྱུར་རོ། །དེ་ཡང་བརྒྱུད་པས་ཕན་བཏགས་པ་མེད་ན་མི་འགྱུར་རོ། །དེ་བས་ན་སྨྲ་བ་པོ་དང་ཉན་པ་པོ་གསལ་བའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། འབྲས་བུ་དང་ལྡན་པར་མཚུངས་པར་འགྱུར་རོ། །གཞན་ཡང༌། སྒྲ་ནི་རྣ་བའི་ཡུལ་ཡིན་ན། །མངོན་པར་གསལ་མིན་སྒྲ་དག་ནི། །བྱེད་རྣམས་དགོས་པའམ་ཡིད་བཟླས་པ། །དོན་མེད་འགྱུར། རྣ་བའི་གཟུང་བའི་མཚན་ཉིད་ཅན་གྱི་སྒྲ་དེ་ལས་འདས་ན་ཐལ་ཆེས་པའི་ཕྱིར་རོ། །དེ་ལྟར་ན་སྤྱི་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ། སྒྲ་ཁོ་ན་ཞེས་ནི་མི་སྨྲའི། སྒྲ་ནི་གདོན་མི་ཟ་བར་དེའི་མཚན་ཉིད་ཅན་ཡིན་ཏེ། དེ་ལ་མཚན་ཉིད་གཞན་མེད་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྦྱོར་བ་པོའི་སྒྲའི་བདག་ཉིད་ཅན་གྱི་སྔགས་དག་གསལ་བའི་རྒྱུ་ཡིན་ན། མངོན་བར་གསལ་བ་མ་ཡིན་པའི་ཐོས་པའི་ཡུལ་ཅན་གྱི་སྦྱོར་བ་པོ་རྣམས་ཀྱི་བཟླས་པའམ། ཡིད་ཀྱི་བཟླས་པ་སྔགས་ཀྱི་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། དེའི་ཚེ་རྣ་བས་དོན་ཅུང་ཟད་ཀྱང་ངེས་པར་བྱས་པ་མེད་དོ། །སྒྲའི་བདག་ཉིད་ཅན་མ་ཡིན་པ་ཡང་སྔགས་མ་ཡིན་ནོ། །བརྒྱུད་པས་དེ་ལས་སྐྱེས་ཉིད་ཕྱིར། །གལ་ཏེ་དེ་བློ་དེའི་གསལ་ཡིན། །ཡིད་ཀྱིས་བསམས་སུ་ཟིན་ཀྱང་ཐོས་པ་མེད་པས་སྔགས་སྣང་བ་ཅན་གྱི་བློ་ནི་མེད་དོ། །དེ་བས་ན་སྒྲ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར། དེ་ཡང་སྒྲའི་གསལ་བ་ཉིད་ཡིན་ནོ། །དེ་ལྟར་ན་ཐུག་པ་མེད་པར་འགྱུར་ཏེ། སྒྲའི་དོན་གྱི་རྣམ་པར་རྟོག་པ་དག་ཀྱང་བརྒྱུད་པས་བསྐྱེད་པ་ཡོད་པའི་


DTG174_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཡང་དེ་ལྟར་འགྱུར། གལ་ཏེ་དོན་ཅན་ཡིན་མི་འགྲུབ། །རྟོག་པའི་རྗེས་སུ་འགྲོ་ཕྱིར་རོ། །སྒྲ་ལས་བྱུང་བ་ཅན་གྱི་བློ་ཐམས་ཅད་ནི་དེའི་གསལ་བ་ཡིན་ནོ་ཞེས་མི་སྨྲའི། དེའི་ཡུལ་ཅན་གང་ཡིན་པ་དེ་དའི་གསལ་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་རྟོག་པ་ནི་དེའི་ཡུལ་ཅན་ཉིད་དུ་གྲུབ་པ་མ་ཡིན་ཏེ། རང་གི་མཚན་ཉིད་ལ་ནི་རྣམ་པར་རྟོག་པ་རྣམས་མི་འཇུག་གོ་ཞེས་སྟོན་པར་འགྱུར་རོ། །དེ་དག་ནི་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་མེད་པ་ཅན་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་རྣམ་པར་རྟོག་པའི་བག་ཆགས་སད་པ་ལས་འགྱུར་ཏེ། ཕྱི་རོལ་འགགས་ཤིང་མ་འོངས་སུ་ཟིན་ཀྱང་ཡོད་པའི་ཕྱིར་རོ། །གང་ཞིག་གང་ཡོད་པ་ཉིད་ཉེ་བ་ལ་ལྟོས་པ་མེད་པ་དེ་ནི་དེའི་རྒྱུ་མ་ཡིན་ཞིང་རྒྱུ་མ་ཡིན་པ་ཡང་ཇི་ལྟར་ན་ཡུལ་ཡིན། དེ་བས་ན་ཡིད་ཀྱི་རྣམ་པར་རྟོག་པ་སྒྲའི་གསལ་བ་མ་ཡིན་ན་གང་ལས་དེ་དང་ལྡན་པ་སྦྱོར་བ་པོར་འགྱུར། དེ་ལས་བྱུང་བ་དེའི་ཡུལ་ཅན་གྱི་བློ་དེའི་གསལ་བ་ཡིན་ཞིང༌། དེའི་རྟེན་སྦྱོར་བ་པོ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཉན་པ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བས་བཤད་ཟིན་ཏོ། །དེའི་ཤེས་པ་ལ་སྦྱོར་བ་ཡིན་ན་ཡང་སྐྱེས་བུ་ལ་སྒྲ་བྱེད་པ་ཡིན་ཏེ། དེའི་ཤེས་པ་བསྐྱེད་པའི་ཕྱིར། སྒྲ་ལ་སྐྱེས་བུས་མ་ཡིན་པས། དེའི་བདག་ཉིད་ཅན་ལ་ཕན་གདགས་པར་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ན་སྒྲ་རྣམས་ཀྱི་སྦྱོར་བ་པོ་ནི་སྐྱེས་བུས་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདི་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་སྒྲའི་རང་བཞིན་ཅན་གྱི་སྔགས་དག་གི་སྦྱོར་བ་ལས་འབྲས་བུ་ཐོབ་པ་ཡིན་ན་ནི། ཡིད་ཀྱི་བཟླས་པ་དོན་མེད་པ་ཅན་ཡིན་ཏེ། རྣམ་པར་རྟོག་པ་ནི་སྒྲའི་ངོ་བོ་ལ་རེག་པ་མེད་པའི་ཕྱིར་རོ། །རང་དང་སྤྱི་ནི་རང་བཞིན་རྣམས། ངོ་བོ་གཅིག་ཏུ་བརྗོད་འདོད་པས། །བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར། །འགལ་མེད་དངོས་ལ་མ་ཡིན་ནོ། །བརྡ་བྱེད་པ་དག་ནི་རང་གི་མཚན་ཉིད་དབང་པོའི་ཡུལ་དང༌། སྤྱིའི་མཚན་ཉིད་རྣམ་པར་རྟོག་པའི་སྣང་བའི་བརྡ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་ཏུ་གཅིག་ཏུ་བྱས་ན། བརྡ་ཇི་ལྟ་བ་བཞིན་དུ་དོན་སྒྲུབ་པར་འགྱུར་


DTG174_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བརྡ་གསལ་བར་བྱེད་པ་དེ་ལྟར་ན་ཡིད་ཀྱི་བཟླས་པ་ལ་སོགས་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །དངོས་པོའི་རང་བཞིན་ལས་འབྲས་བུ་ཐོབ་པ་ཡིན་ན་ཡང་དེའི་རང་བཞིན་ཅན་ལ་རིག་པ་མེད་པར་མི་འགྱུར་རོ། །ཡི་གེ་དག་ལས་གཞན་པའི་གོ་རིམས་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ། གལ་ཏེ་གོ་རིམས་མེད་ན་ནི། །རོ་དང་མཚོ་ཞེས་ཐོས་པ་ལ། །འབྲས་བུ་ཐ་དད་ཞེས་མི་འགྱུར། །རོ་དང་མཚོ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ལ་ཡི་གེ་ཁྱད་པར་ནི་ཅུང་ཞིག་ཀྱང་མེད་ན། ཡི་གེ་ལས་ཐ་དད་པ་གཞན་མེད་ན་གང་ལས་འབྲས་བུ་ཐ་དད་འགྱུར། དེ་དག་གི་སྤོབས་པ་ཡང་ཐ་དད་པ་དང༌། གོ་རིམས་ཀྱང་མི་འདྲ་བར་མཐོང་ན། རྒྱུ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པར་རིགས་པ་མ་ཡིན་ནི། །དེ་བས་ན་ཐ་དད་པ་དང་ལྡན་པ་ཡོད་པ་དེ་གང་ལས་རྟོགས་པ་ཐ་དད་པ་འདིར་འགྱུར། བདེན་ཏེ། དེ་ནི་སྐྱེས་བུའི་རྟེན་ཅན་ཡོད། །དེ་ལྟར། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེས་པ་ཤེས་པས་སྒྲ་གང་སྐྱེ། །ཤེས་དེས་བསྐྱེད་པའི་ཤེས་པ་ཅན། །དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །དེ་ཐོས་ཐལ་བ་འཇུག་ཅན་ཏེ། །དེ་དྲན་པ་ལས་ལྟོས་ན་ནི། །ཕྱིས་ནི་བདག་ཉིད་ལ་དྲན་བྱེད། །དེ་ལྟར་དེ་རྒྱུ་འཛིན་སེམས་ཀྱི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཉིད། །དེ་དག་སྐྱེས་བུས་བྱས་པ་ཉིད། །གོ་རིམས་དག་ནི་ཡིན་ཞེས་བརྗོད། །སེམས་ཀྱིས་ཀུན་ནས་བསླང་བ་ཅན་གྱི་ངག་གི་རྣམ་པར་རིག་བྱེད་ཡི་གེ་དང་ཚིག་དང་ངག་ཅེས་བྱ་བ། དེ་ལ་ཡི་གེས་ཀུན་ནས་སློང་བར་བྱེད་པའི་སེམས་དེ་མ་ཐག་པའི་རྐྱེན་གྱིས་ཡི་གེ་ཨ་ཀུན་ནས་སློང་བའི་སེམས་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་ཡི་གེ་རང་དང་ཚེག་དྲག་གིས་ཀུན་ནས་སློང་བར་བྱེད་པ་སྔ་མ་སྔ་མའི་རྐྱེན་ཅན་ནོ། །དེ་བས་ན་རྒྱུ་གཞན་དང་ལྡན་པའི་ཡི་གེ་དེ་དག་ནི་རང་གི་རྒྱུའི་གོ་རིམས་བཞིན་དུ་སྐྱེ་བ་ཅན་ཡིན་ནོ། །ཐོས་པའི་དུས་སུ་ཡང་གང་གི་ཚེ་ངལ་བར་འཇུག་པ་ཅན་ཡི་གེ་སྔ་མ་ཤེས་པའི་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་ཅན་དག་གིས་རང་གི་ཤེས་པ་སྐྱེས་པར་བྱེད་པ་དེའི་ཚེ། སྔ་མ་དྲན་པ་ལྟོས་པ་ཉིད་ཀྱིས་དྲན་པ་སྐྱེད་པར་


DTG174_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །རྒྱུ་དང་འབྲས་བུ་ཐ་དད་པ་ཅན་གྱི་རྐྱེན་ལས་བྱུང་བའི་ཆོས་ཅན་དང༌། ཐ་དད་པར་བསྐྱེད་པའི་ཆོས་ཅན་དེ་དང་དེ་ནི་ཡི་གེ་རྣམས་ཀྱི་རང་བཞིན་ཡིན་ཏེ། སྐྱེས་བུས་འདུས་བྱས་པའི་ཁྱད་པར་གྱིས་ཐ་དད་པ་ནི་གོ་རིམས་ཞེས་བརྗོད་དོ། །དེ་ཕྱིར་ཡི་གེའི་ངོ་བོ་དེ། །ཚིག་དང་ཚིག་ལ་གཞན་ཉིད་དེ། །བྱེད་པའི་འདུ་བྱེད་ལས་ཐ་དད། །འབྲས་བུའི་ཁྱད་པར་ལྷན་ཅིག་བྱེད། །དེ་བས་ན་ཚིག་དག་ལ་ཡི་གེ་རྣམས་ཀྱི་རང་བཞིན་གཅིག་ཉིད་མ་ཡིན་ཏེ། བྱེད་པ་པོའི་སེམས་ཀྱི་འདུས་བྱས་པའི་ཁྱད་པར་གྱིས་ཐ་དད་པའི་ཕྱིར་རོ། །དེ་ཕན་ཚུན་ལྷན་ཅིག་པ་ན་འབྲས་བུའི་ཁྱད་པར་གྱི་རྒྱུ་ཡིན་ནོ། །ཡི་གེ་རྣམས་ཀྱི་གོ་རིམས་དེའང༌། །རྩོམ་པར་བྱེད་ལས་འཇུག་ཡིན་ཏེ། །འདོད་པས་མི་འགལ་གྲུབ་ཅན་གྱི། །གནས་པའི་གོ་རིམས་འགལ་ཕྱིར་རོ། །རྒྱུ་དང་འབྲས་བུར་གྱུར་པའི་རྐྱེན་ལས་བྱུང་བའི་རང་བཞིན་གྱི་ཁྱད་པར་ཡི་གེ་རྣམས་ཀྱི་གོ་རིམས་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ཡང་སྐྱེས་བུའི་རྟོག་པ་དང་དཔྱོད་པས་བྱས་པ་ཡིན་པའི་ཕྱིར། གནས་པ་ཅན་གྱི་གོ་རིམས་ཡི་གེ་མ་ཡིན་ཏེ། འདོད་པས་མི་འགལ་བ་གྲུབ་པ་ཅན་གྱི་གོ་རིམས་ཅན་ཉིད་ཡིན་པའི་ཕྱིར་ཏེ། ལས་ཀྱི་ཁྱད་པར་གྱི་གོ་རིམས་བཞིན་ནོ། །ཡུལ་དང་དུས་དག་ཏུ་གནས་པའི་གོ་རིམས་ཅན་རི་གངས་ཅན་དང༌། འབིགས་བྱེད་དང༌། མ་ལ་བྱའམ། ས་བོན་དང་མྱུ་གུ་ལ་སོགས་པ་དག་རང་གི་འདོད་པས་གོ་རིམས་ཀྱི་བཀོད་པ་བྱ་བར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་ཆོས་སུ་བགྲང་བའི་རྣམ་པར་རྟོག་པའི་གོ་རིམས་ཡོད་ན་ཡོད་པའི་ཕྱིར་དང༌། མེད་ན་མེད་པའི་ཕྱིར་རོ། །སྐྱེས་བུ་དང་ནི་ཡིག་གོ་རིམས། །རྒྱུ་དང་འབྲས་ཉིད་གྲུབ་པའི་ཕྱིར། །སྐྱེས་བུས་ཡིག་ཀུན་གོ་རིམས་ཏེ། །མེ་དང་ཤིང་གི་རིགས་བཞིན་ནོ། །ཤིང་ཡོད་ན་མེ་བྱུང་བའི་ཕྱིར་དང༌། མེད་ན་མེད་པའི་ཕྱིར་རོ། །མེ་ཤིང་མ་མཐོང་བ་ཅན་ཡང་ཤིང་མེད་པ་ཅན་མ་ཡིན་ཏེ། དེའི་ཡུལ་དང་དུས་ཀྱི་ངེས་པ་མི་རུང་བའི་ཕྱིར་དང༌། ངེས་པ་ཡོད་ན་ནི་དེ་ཉིད་ཤིང་ཡིན་པའི་ཕྱིར་དང༌། ཤིང་ནི་མེའི་ཉེ་བར་ལེན་པའི་མཚན་ཉིད་ཅན་ཡིན་པའི་


DTG174_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་བཞིན་དུ་ཡི་གེའི་གོ་རིམས་འདི་ཡང་གལ་ཏེ་སྐྱེས་བུའི་རྣམ་པར་རྟོག་པ་ལ་ལྟོས་པ་མེད་པ་ཡིན་ན། དམིགས་པ་མེད་པར་རང་ཉིད་གསལ་བ་ཡིན་ན་འབད་པས་ཀྱང་མི་ནུས་ཏེ། དེ་རབ་ཏུ་ཕྱེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལ་ལར་ནུས་ན་ནི་ཐམས་ཅད་དེ་ལྟར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ཡོད་པའི་ངང་ཚུལ་ཅན་དེ་དང་ཁྱད་པར་མེད་པས་དེས་མ་བྱས་པ་ཡིན་ན་ཡང༌། ཐམས་ཅད་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡང་གསལ་བར་འགྱུར་ཏེ། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །མཚན་ཉིད་གཞན་བརྗོད་པར་བྱའོ། །བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་བཅོས་མ་དང༌། བཅོས་མ་མ་ཡིན་པ་ཐོབ་པར་འགྱུར་ཏེ། དེ་ལ་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་སྲིད་པའི་ཕྱིར་དང༌། ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་ཀྱང་གཞན་མེད་པ་མཐོང་བ་སྔོན་དུ་སོང་བ་ཉིད་ཀྱིས་གཞན་བྱེད་པ་དང་འགའ་ཞིག་བྱེད་པ་པོ་མི་ཤེས་པ་དེ་ལྟར་ན་ཐམས་ཅད་དམ་འགའ་ཞིག་ཀྱང་བྱས་པ་མ་ཡིན་པར་མངོན་པར་ཞེན་པར་འགྱུར་རོ། །དེ་བས་ན། ཡི་གེའི་གོ་རིམས་འདི་ནི་རབ་ཏུ་གྲགས་པ་དང་འབྲས་བུར་ཡོད་པ་ཅན་གྱི་དངོས་པོའི་ཆོས་ལས་མ་འདས་པའི་ཕྱིར་ཐམས་ཅད་སྐྱེས་བུས་བྱས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཤེས་མཐུ་དག་གིས་སྔགས་ཤེས་པའི། །གོ་རིམས་བྱེད་ཚུལ་ཅན་སྐྱེས་བུའི། །ཐུན་མོང་མིན་པ་ཉིད་གྲུབ་སྟེ། །གཞན་ལ་དེ་དག་མེད་པའི་ཕྱིར། །གལ་ཏེ་གཞན་གྱིས་ཀྱང་ཡི་གེའི་གོ་རིམས་འདིས་ནི་དུག་བཅོམ་པ་ལ་སོགས་པ་ནུས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་ཤེས་པར་འགྱུར་བ་དེ་དེ་ཁོ་ན་བཞིན་དུ་རྟོགས་པར་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་གོ་རིམས་འདི་ནི་ངོ་བོ་ཉིད་ཀྱིས་འབྲས་བུ་བྱེད་པ་ཉིད་ཡིན་ན་ཡང༌། འགའ་ཞིག་གིས་རྣམ་པར་ཤེས་པའི་ཕྱིར། ལྐོག་ཏུ་གྱུར་པ་མཐོང་བའི་སྐྱེས་བུ་ཡོད་དོ། །འདིས་ནི་དོན་བྱེད་ནུས་ཀྱི་འདིས་ནི་མ་ཡིན་ནོ་ཞེས་བྱ་བ་ཤེས་པར་མི་ནུས་ཏེ། རྟགས་ཀྱི་ཁྱད་པར་མ་འཆོལ་བ་མ་གྲུབ་པའི་ཕྱིར་རོ། །མངོན་སུམ་གྱིས་ཀྱང་སྔགས་དང་སྔགས་མ་ཡིན་པ་མ་བསྟན་པ་དག་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །བསྟན་དུ་ཟིན་ཀྱང་རྣམ་པར་འགའ་ཞིག་གིས་རང་བཞིན་གྱི་ཁྱད་པར་མི་ཤེས་པའི་ཕྱིར་དང༌། གཞན་དུ་འབྲས་བུ་མི་སླུ་བའི་ཕྱིར་དང༌། དེ་ཡང་བྱེད་པ་ལས་སྔར་མཐོང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གོ་རིམས་འདི་ནི་ངོ་བོ་ཉིད་ཀྱིས་བྱེད་པ་ཡང་མ་ཡིན་ཏེ། འགའ་ཞིག་


DTG174_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མྱུར་དུ་འགྲུབ་པའི་ཕྱིར་དང༌། གཞན་གྱི་དུས་རིང་པོ་ནས་འགྲུབ་པའི་ཕྱིར་དང༌། གཞན་ནི་བརྟུལ་ཞུགས་སྤྱོད་པ་ལ་སོགས་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །ལས་གཅིག་ལས་ཀྱང་འགའ་ཞིག་གི་དོན་དང་དོན་མེད་པ་མཐོང་བའི་ཕྱིར་རོ། །སྔགས་དག་བྱ་བ་བྱེད་དུ་ཟིན་ཀྱང་འགའ་ཞིག་ལ་སླུ་བའི་ཕྱིར། རྣམ་པ་འདི་ནི་རང་བཞིན་ལ་རིགས་པ་མ་ཡིན་ཏེ། རང་བཞིན་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྐྱེས་བུ་རང་གི་འདོད་པས་འཇུག་པ་ཅན་ཡིན་པས་སེམས་ཅན་སྐལ་བ་མཉམ་པ་ལ་སོགས་པའི་དབང་གིས་སམ་བསྙེན་པའི་ཁྱད་པར་གྱིས་འགའ་ཞིག་རྗེས་སུ་འཛིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་སོ། །གལ་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཉམས་པ་ལ་སོགས་པས་ཆོས་དང་ཆོས་མ་ཡིན་པ་འཕེལ་བ་ན། ཆོས་སམ་ཆོས་མ་ཡིན་པའི་བདག་ཉིད་ཅན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་མ་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྲོག་གཅོད་པ་དང་རྐུ་བ་དང་འཁྲིག་པ་དང་དམན་པ་ལ་སོགས་པའི་ཆོས་འགལ་བ་མང་པོ་དག་ཀྱང་མཁའ་འགྲོ་མ་དང༌། སྲིང་མོའི་རྒྱུད་ལ་སོགས་པ་དག་ལ་མཐོང་བའི་ཕྱིར་དང༌། དེ་དག་གིས་ཀྱང་གྲུབ་པའི་ཁྱད་པར་བསྒྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་པ་ཡང་ཆོས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །བྱམས་པ་དང་གཙང་སྦྲ་དང་ཆོས་ལ་གཞོལ་བ་དག་གི་རྒྱུ་མཚན་དེ་ཉིད་གྲུབ་པ་འགའ་ཞིག་ཀྱང་མི་བསྒྲུབ་པའི་ཕྱིར་བཟློག་པ་དག་གིས་གྲུབ་པའི་ཕྱིར་རོ། །ལས་ཀྱི་ངོ་བོ་གཅིག་ལས་ཀྱང་དེ་དང་འགལ་བའི་ཆོས་དང་ཆོས་མ་ཡིན་པ་མི་རིགས་སོ། །ད་ནི་ཇི་ལྟར་ན་ཆོས་མ་ཡིན་པའི་བདག་ཉིད་ཅན་གྱི་བརྟུལ་ཞུགས་ལ་སོགས་པ་ལས་ཆོས་ཀྱི་འབྲས་བུ་འདོད་པ་ཐོབ་པར་འགྱུར། འབྲས་བུ་འདོད་པ་དེ་ནི་བརྟུལ་ཞུགས་ལ་སོགས་པ་དེའི་རྣམ་པར་སྨིན་པ་ནི་མ་ཡིན་གྱི། །འོན་ཀྱང་སྔོན་གྱི་ལས་ཀྱིས་ཡིན་ཏེ། བྲམ་ཟེ་གསོད་པའི་ལུང་ནན་ཏན་དུ་བྱས་པ་ལས་ཡུལ་རྙེད་པ་བཞིན་ནོ། །ཆོས་མ་ཡིན་པའི་བདག་ཉིད་ཅན་བརྟུལ་ཞུགས་དེ་མ་འོངས་པའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ། །འབྲས་བུ་འདོད་པ་ཅན་གྱི་ལས་དེའི་


DTG174_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་སོགས་པའི་སྦྱོར་བ་དེ་རྣམ་པ་འགའ་ཞིག་གིས་ཕན་འདོགས་པར་བྱེད་པའི་ཕྱིར་སྨིན་པར་བྱེད་པ་ཡིན་ཏེ། ཕན་འདོགས་པར་བྱེད་པའི་ནུས་པ་ནི་སྣ་ཚོགས་བ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུའི་ཁྱད་པར་ལ་བརྟེན་པ་རྣམ་པར་སྨིན་པའི་ཆོས་ཅན་གྱི་ཆོས་དེ་དང་དེས་བྱས་པ་ནི། དེ་ལྟར་མ་གུ་བར་བྱས་པས་འབྲས་བུ་འབྱིན་པ་ཡིན་ནོ། །དེའི་འབྲས་བུ་ཅན་གྱི་ལས་དེའི་སྦྱོར་བས་ཕན་འདོགས་པར་བྱེད་པས་རྣམ་པར་སྨིན་པའི་ཆོས་ཅན་ནི་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུའི་ཁྱད་པར་མེད་པར་ཡང་དེས་ཕན་བཏགས་པ་ལས་འབྲས་བུ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྐྱེས་བུའི་རྣམ་པ་དང་རང་བཞིན་དང་སྤྱོད་པའི་མོས་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཕན་འདོགས་པར་བྱེད་པ་ཉིད་ཡིན་ན་སྐྱེས་བུའི་ཁྱད་པར་ཡོན་ཏན་ཐུན་མོང་མ་ཡིན་པ་ཅན་གྲུབ་སྟེ། དེ་དག་ལ་མོས་པ་ཁོ་ན་དུག་གི་ལས་ལ་སོགས་པ་བྱེད་པའི་ཕྱིར་རོ། །དེ་བས་ན་སྔགས་སྐྱེས་བུས་བྱས་པ་ཡིན་དུ་ཟིན་ཀྱང་དེའི་ཉེ་བར་སྦྱོར་བ་ལ་ལྟོས་པ་མེད་པ་རང་བཞིན་གྱིས་འབྲས་བུ་འབྱིན་པ་མ་ཡིན་ནོ། །གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་ཅུང་ཟད་བྱེད་འགྱུར་པ། །དེ་དག་གིས་དེ་གཙོ་བོའི་མཐུ། །དེས་བཤད་རིག་པ་འཇུག་ཕྱིར་རོ། །ལམ་པོ་ཆེའི་སྐྱེས་བུ་འགའ་ཞིག་རྒྱུད་ཤེས་པ་བདག་ཉིད་ཀྱི་སྔགས་བྱས་པ་དག་གིས་ལས་འགའ་ཞིག་བྱེད་པར་འགྱུར་རོ། །དེ་བཞིན་དུ་གཞན་དག་ཀྱང་ཕུལ་དུ་བྱུང་བ་མ་ཡིན་པ་དང་སྔགས་ཀྱི་བྱེད་པ་པོར་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དག་གི་མཐུ་དང་ལྡན་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེས་བྱས་པའི་དམ་ཚིག་རྗེས་སུ་སྐྱོང་བ་དང༌། དེའི་མན་ངག་གི་དམ་ཚིག་ནན་ཏན་དུ་བྱེད་པ་དེ་དག་གིས་ནུས་ཏེ། དེའི་དམ་ཚིག་དང་མན་ངག་ལ་ལྟོས་པ་མེད་པ་དག་ལ་ནུས་པ་མེད་པའི་ཕྱིར་རོ། །དེ་ལ་ཡང་དེའི་རྣམ་པ་བསམ་གཏན་བྱེད་པ་ལ་སོགས་པ་ཉིད་དུ་རབ་ཏུ་སྦྱོར་བའི་ཕྱིར་རོ། །དེ་བས་ན་དེས་བྱིན་གྱིས་བརླབས་པ་དེ་ཉིད་དེ་འདྲ་བར་ཤེས་པར་བྱའོ། །གཞན་ཡང་དེ་འདྲ་བའི་མཐུ་དང་ལྡན་པ་དེ་ཉིད་ཀྱང་གཞན་དང་ཐུན་མོང་མ་ཡིན་པའི་ནུས་པ་ཉིད་ཡིན་པའི་ཕྱིར། །སྐྱེས་བུའི་


DTG174_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཉིད་བསྒྲུབས་པ་ཡིན་ནོ། །འབྲས་བུ་འདོད་པས་སྔགས་རྣམས་ནི། །བྱས་དང་སྐྱེས་བུས་བྱས་བརྗོད་བྱ། །མ་བྱས་བ་དག་གི་སྦྱོར་བ་ཡོད་པ་མ་ཡིན་ནོ། །སྦྱོར་བ་མེད་པ་དག་ལས་འབྲས་བུ་མེད་པ་དེ་ལྟར་ན། སྐྱེས་བུའི་བྱིན་བརླབས་མེད་པར་འབྲས་བུ་མེད་པ་ཅན་དག་གི་འབྲས་བུ་མཐོང་བའི་ཕྱིར། །སྦྱོར་བ་ལས་འབྲས་བུ་འདོད་པ་ཉིད་ཀྱིས་སྔགས་རྣམས་བྱས་པ་དང༌། སྐྱེས་བུས་བྱས་པ་བརྗོད་པར་བྱ་སྟེ། བརྡར་བྱས་པ་ཅན་གྱི་སྙན་དངགས་བཞིན་ནོ། །སྐྱེས་བུས་ནུས་མེད་སྒྲུབ་བྱེད་ནི། །འདི་ཉིད་ཀྱིས་ནི་བསལ་བ་ཡིན། །སྔགས་རྣམས་ནི་སྐྱེས་བུས་བྱས་པ་དང་དེས་བྱིན་གྱིས་བརླབས་པ་ལས་འབྲས་བུ་འབྱིན་པར་བསྟན་ཏོ། །དེ་བས་ན་དེ་ཕུལ་དུ་བྱུང་བ་འགའ་ཞིག་དང་ལྡན་པའི་ཕྱིར། དེ་སྤོང་བར་བྱེད་བའི་སྒྲུབ་པར་བྱེད་པ་དག་ཀྱང་བསལ་བ་ཡིན་ནོ། །བློ་དབང་སྨྲ་དང་སྐྱེས་བུ་ཉིད། །ལ་སོགས་སྒྲུབ་བྱེད་གང་བརྗོད་པ། །ཚད་ལྟར་སྣང་ཡིན་ལྷག་མིན་པས། །ཇི་བཞིན་དོན་རྟོགས་ཡོད་མ་ཡིན། །བློ་དང་དབང་པོ་དང་སྨྲ་བ་དང་སྐྱེས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཡང་གོ་བར་བྱེད་པ་ཉིད་མ་ཡིན་ཏེ། སྤོང་བ་དང་སྤྱི་སྒྲུབ་པར་བྱེད་པ་དག་ནི་མི་སྲིད་པའི་ཕྱིར་རོ། །དབང་པོ་ལས་འདས་པ་དག་ལ་དེ་མ་མཐོང་བའི་སྤོང་བ་ཡོད་པ་མ་ཡིན་ནོ། །ཡོད་དུ་ཟིན་ཀྱང་དེ་དག་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ཡི་ཕྱིར་འགལ་བ་མི་འགྲུབ་པའི་ཕྱིར། འགལ་བ་མེད་པ་དང་ལྷན་ཅིག་ཡོད་པ་འགལ་བ་མེད་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །ཅིག་ཤོས་ཀྱི་སྤྱི་ཡང་གྲུབ་པ་མ་ཡིན་ཏེ། ཁྱད་པར་མེད་པ་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་འདྲ་བ་དག་ལ་མི་དམིགས་པ་ནི་གཏན་ཚིགས་ཉིད་ཡིན་པ་སྤངས་བའི་ཕྱིར་རོ། །སྐྱེས་བུ་ལ་སོགས་པ་སྤྱི་དག་ལ་ཡང་ཁྱད་པར་འགའ་ཞིག་ཀྱང་མཐོང་བའི་ཕྱིར་རོ། །ཁྱད་པར་ཡོད་པ་ཅན་ལ་ཡང་སྤྱི་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ཡང་བཤད་ཟིན་ཏོ། །དེ་བས་ན་རྗེས་སུ་དཔག་པ་དེ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང༌། ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་


DTG174_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་དང་ལྡན་པ་ནུས་པ་མེད་པ་ཡིན་ནོ།། །།བམ་པོ་བཅུ་གཅིག་པ། གཞན་ཡང་དེ་སྐད་དུ་བརྗོད་པའི་རྒྱལ་དཔོག་པ་དག་གི་རང་གི་ཚིག་དང་འགལ་བར་བྱེད་དོ། །དེ་ལྟར་ན། སྒྲ་ནི་ཁོ་བོས་འདི་དོན་དང༌། །འདི་དོན་མིན་ཞེས་བརྗོད་མི་བྱེད། །སྐྱེས་བུས་དོན་འདི་བརྟགས་པ་སྟེ། །དེ་ཡང་འདོད་ཆགས་ལ་སོགས་ལྡན། །དེ་གཅིག་དེ་ཉིད་རིགས་གཞན་མིན། །ཞེས་བྱའི་ཁྱད་པར་གང་གིས་བྱས། །དེ་བཞིན་སྐྱེས་ཡིན་རྣམ་འགས་ཀྱང༌། །ཁྱོད་ཅི་ཤེས་ཅན་འགའ་མི་འདོད། །རིག་བྱེད་པའི་སྒྲ་དེ་དག་བྲམ་ཟེ་ཁྱོད་ཚུར་ཤོག །ཁོ་བོའི་དོན་འདི་ཟུང་ཤིག །གཞན་ནི་མ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པར་མི་བྱེད་དོ། །མངོན་པར་གསལ་བ་མ་ཡིན་པའི་དོན་གྱི་ཁྱད་པར་དང་འདྲེ་བ་ཅན་འགའ་ཞིག་གིས་མཉན་པ་ཉིད་སྐྱེད་པར་བྱེད་དོ། །དེ་ལ་སྐྱེས་བུ་གཅིག་གིས་དོན་ཅུང་ཟད་གཅིག་དང་གཞན་གྱིས་གཞན་བརྟགས་པ་ཡིན་གྱི། །སྒྲ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ན། །གང་གིས་དོན་གཅིག་གི་རྗེས་སུ་བྱེད་ཅིང་གཞན་མ་ཡིན་ཏེ། འོན་ཀྱང་བརྡའི་དབང་གིས་དེ་དང་དེ་བཟུང་བ་ན་མཐོང་བ་བར་འགྱུར་རོ། །ལྐོག་ཏུ་གྱུར་བ་གོམས་པའི་ཕྱིར་ཉེས་པས་བསླད་ཅིང་མི་མཁས་བ་འགའ་ཞིག་དོན་ངེས་པ་རིགས་པ་མེད་པ་ཅན་དེ་དག་དེ་ཁོ་ན་ཉིད་དུ་འཆད་པར་བྱེད་པ་ཡིན་ལ། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཅི་སྟེ་འགའ་ཞིག་ལས་བློ་དང་དབང་པོ་ལ་སོགས་པ་དག་དེ་ཉིད་ཀྱིས་རིགས་པ་ཡིན་གྱི། །གཞན་གྱིས་ནི་མ་ཡིན་ནོ། །དེའི་དབང་པོ་ལས་འདས་པའི་ཤེས་པའི་ཁྱད་པར་འདི་གང་ལས་ཡིན། དེ་བཞིན་དུ་ཡུལ་དང་དུས་དང་རང་བཞིན་གྱི་བསྐལ་བའི་དོན་དག་མཐོང་ན་གཞན་དག་ཀྱང་ཅིའི་ཕྱིར་མེད་པ་ཅན་མཐོང་བ་ཡིན། དེ་སྤོང་བར་བྱེད་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་འགའ་ཞིག་ཀྱང་དེ་དག་གིས་དམིགས་པ་མ་ཡིན་ནོ། །ཇི་ལྟར་དེའི་སྒྲུབ་པར་བྱེད་པ་ཡོད་ན་ཡང་འདིའི་ཁྱེད་པར་འདི་ཡིན་པ་དེ་ལྟར་གཞན་གྱིས་ཡང་འགྱུར་བ་དེ་ལྟར་ན་མངོན་པར་ཞེན་པ་མེད་པར་རིགས་པ་ཡིན་ནོ། །གལ་ཏེ་གང་ཚིག་ཚད་མ་ཡིས། །མི་སླུ་


DTG174_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དོན་རིག་ཡིན་ན། །ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། །ཚད་མ་སྲེད་པ་ཡོད་མ་ཡིན། །དེ་ལྟར་ནི་འགྱུར་ན་ཁོ་བོས་སྐྱེས་བུ་ཆད་མར་གྱུར་པའི་ཕྱིར། །འགའ་ཞིག་གི་བཤད་པ་ལ་མངོན་པར་ཞེན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཚད་མ་གཞན་གྱིས་མི་སླུ་བའི་ཕྱིར་རོ། །འཆད་པ་པོ་མང་པོ་དག་ཡོད་ན་ཡང་མངོན་སུམ་ལ་སོགས་པའི་ཚད་མ་སྟོན་པར་བྱེད་པ་གང་ཡིན་པ་དེ་ཁས་ལེན་ཏོ་ཞེ་ན། དེ་མི་མ་ཡིན་ཏེ། དབང་པོ་ལས་འདས་པ་མ་མཐོང་བ་ལ་སོགས་པ་ཚད་མ་གཞན་མི་འཇུག་པའི་ཕྱིར་རོ། །དེ་འཇུག་པ་མེད་པ་ཉིད་ཀྱི་ཕྱིར་དེ་རྟོག་པར་བྱ་བའི་ཕྱིར་རོ། །ལུང་དོན་དུ་གཉེར་བ་ཡིན་ནོ། །དེ་ལྟར་མ་ཡིན་དེ་ཡོད་དུ་ཟིན་ཡང་ཚད་མ་གཞན་འཇུག་པ་མེད་པ་ན་དོན་རྟོགས་པ་མེད་པའི་ཕྱིར་རོ། །ཡན་གར་བ་དེ་ལས་རྟོགས་པའི་ཕྱིར་ལུང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་གཞན་ཡན་གར་བ་ལས་ཀྱང་དབང་པོ་ལས་འདས་པ་དག་རྟོགས་པར་མི་འགྱུར་རོ་ཞེ་ན། ཇི་ལྟར་དབང་པོ་ལས་འདས་པ་ཞེས་བྱ་བ་དང༌། མངོན་སུམ་ལ་སོགས་པའི་ཡུལ་ཡང་ཡིན། གལ་ཏེ་དེ་དག་ཀྱང་རང་གི་ཡུལ་ལ་ཡང་ལུང་ལ་ལྟོས་ནས་བསྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། དུ་བ་ལ་སོགས་པ་ལས་མེ་ལ་སོགས་པའི་ཤེས་པ་ལུང་མེད་པ་ཅན་དུ་མི་འགྱུར་རོ། །གལ་ཏེ་ལུང་འཇུག་པ་ལ་ཚད་མ་གཞན་ཚོལ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལུང་གི་འཇུག་པ་དེ་ཉིད་མི་ཤེས་སོ་ཞེ་ན། རབ་ཏུ་སྒྲུབ་པ་བདག་ཉིད་ནུས་པ་འདི་ལུང་དེ་ཉེ་བས་ཕུལ་དུ་བྱུང་བ་ཅི་ཞིག་གསོ་བར་བྱེད། ནུས་པ་མེད་ན་ནི་ལུང་འཇུག་ཏུ་ཟོན་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །དབང་པོ་ལས་འདས་པའི་དོན་དང་འབྲེལ་བའི་ལུང་གི་འཇུག་པ་དེ་ཡང་དབང་པོ་ལས་འདས་པར་ཇི་ལྟར་གཞན་གྱིས་གྲུབ་པ་ཡིན་ཏེ། གཞན་ཡང་དེ་བཞིན་དུ་ལུང་གི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་ན། གང་གི་ཚིག་ནི་ཚད་མ་ཡིས། །མི་སླུ་བ་ཅན་དེ་བྱས་ཚིག །དེ་ལུང་ཞེས་ཐོབ་དེ་ཡི་ཕྱིར། །སྐྱེས་བུས་བྱས་མིན་དོན་མེད་ཡིན། །ལུང་སྨྲ་བར་མཚུངས་ན་ཡང་ཚད་མའི་སྟོབས་ཀྱིས་ལུང་ནི་ལ་ལར་ལུང་ཉིད་ཡིན་ཏེ། ཚད་མས་མི་སླུ་བའི་ཚིག་དག་ལུང་གི་མཚན་ཉིད་ཡིན་


DTG174_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །སྐྱེས་བུས་བྱས་པ་ནི་མ་ཡིན་ཏེ། དེ་ནི་ཐམས་ཅད་ལ་མཚུངས་པ་ཡིན་ན་ཡང་རྟོགས་པ་ཡང་ཚད་མས་གནོད་པ་མེད་པའི་ཕྱིར་རོ། །དེ་ཡོད་ན་ཡང་གཞན་དུ་ཚད་མ་གཞན་གྱིས་སླུ་བ་ལ་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང༌། གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །ལུང་མེད་ཤེས་པ་ཡོད་ན་ནི། །དབང་པོ་ལས་འདས་དོན་རིག་འགའ། །ཡོད་དོ་ཞེས་ནི་མངོན་འདོད་འགྱུར། །གལ་ཏེ་སྐྱེས་བུ་ལུང་ལ་ལྟོས་པ་མེད་པའི་ཤེས་པ་ཇི་ལྟ་བ་དེ་ལྟ་བུ་ཉིད་ལྐོག་ཏུ་གྱུར་པའི་དོན་ལ་འདོད་ན། དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་ཡོད་དོ་ཞེས་འདོད་པར་འགྱུར་རོ། །མངོན་སུམ་སྔོན་དུ་སོང་བ་ཅན་གྱི་ཚད་མ་ནི་དེ་མཐོང་བ་མེད་པ་ལ་མི་སྲིད་པའི་ཕྱིར་རོ། །མངོན་སུམ་འཇུག་པ་མེད་པའི་ཕྱིར་རོ། །དེ་དག་ལ་ཚད་མ་གཞན་མི་སྲིད་པ་ན་དེ་ལ་དམིགས་པ་མ་ཡིན་པ་རྟོགས་པར་བྱ་བ་ལུང་ཚད་མ་ཡིན་ནོ། །ཚད་མ་གཞན་འཇུག་པ་མངོན་སུམ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། སྐྱེས་བུའི་ཕུལ་དུ་བྱུང་བ་དག་བཟློག་པར་མི་འགྱུར་རོ། །དེ་བས་ན་དབང་པོ་ལས་འདས་པ་དག་ལ་ཚད་མ་གཞན་འཇུག་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལུང་དོན་གྱི་ཁྱད་པར་ལ་འཇུག་པ་ཡོངས་སུ་ཤེས་པ་མེད་པའི་ཕྱིར། རྒྱལ་དཔོག་པའམ་གཞན་འདིས་ནི། །བདག་ཉིད་འདོད་ཆགས་སོགས་ལྡན་པའམ། །གཞན་ལས་རིག་བྱེད་དོན་རིག་མིན། །རིག་བྱེད་རིག་པར་བྱེད་མིན་ནའང༌། །རིག་བྱེད་དོན་ནི་གང་ལས་རྟོགས། །ཉེས་པའི་འཁྲུལ་བ་ལས་མ་འདས་པ་ཅན་གྱི་འཆད་པ་པོའི་སྐྱེས་བུ་ཐམས་ཅད་ཀྱི་དབང་པོ་ལས་འདས་པའི་དོན་གྱི་ཁྱད་པར་སོ་སོར་ངེས་པ་དེ་བདག་ཉིད་ཀྱིས་རིག་པ་མ་ཡིན་ནོ། །དེ་དག་ལ་གཞན་གྱི་རིག་པར་བྱེད་པ་མ་ཡིན་ཏེ། དེ་ལ་ཡང་ཐལ་བར་གྱུར་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ལོང་བས་དྲངས་པར་གྱུར་པའི་ལོང་བས་ལམ་རྟོགས་པར་མི་འགྱུར་བ་ལྟ་བུའོ། །རིག་བྱེད་བདག་ཉིད་ཀྱི་རང་གི་དོན་རྣམ་པར་འགྲེལ་བར་བྱེད་པ་མ་ཡིན་ཏེ། བསྟན་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཡོངས་སུ་ཤེས་པའི་བྱེད་པའི་དོན་ཅན་མ་ཡིན་པའི་སྒྲའི་ལྷག་མ་འདི་ལྟར་ཟུག་རྔུར་གྱུར་པ། ཡང་དག་པ་མཐོང་བ་མ་


DTG174_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་རྩ་བ་རྣམས་ཀྱིས་རྣམ་པར་བཅིངས་པ་འབྱུང་བར་དཀའ་བ་སྡུག་བསྔལ་འཇོག་པར་བྱེད་པ་ཡིན་ནོ། །དས་མཐོ་རིས་འདོད་མེ་ལ་ནི། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལ། །ཁྱི་ཤ་ཟ་ཞེས་བྱ་བ་དེ། །དོན་མིན་ཞེས་འདིར་ཚད་མ་གང༌། དོན་ལ་ལ་ཡང་ཉེ་བ་དང༌། །བསྐལ་བ་དང་བྲལ་བ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་དག་ལ་འབྱུང་བའི་ཁྱད་པར་ལ་ཇི་ལྟར་མངོན་པར་འདོད་པའི་མར་ལ་སོགས་པ་བླུགས་པར་བྱའོ་ཞེས་བྱ་བའི་དོན་ཡིན་ལ། ཁྱིའི་ཤ་བཟའ་བར་བྱའོ་ཞེས་བྱ་བའི་ཁྱད་པར་མ་མཐོང་ངོ༌། །ལྐོག་ཏུ་གྱུར་པའི་སྟོན་པ་པོའི་ཚིག་གི་བསམ་པ་ཇི་ལྟ་བ་བཞིན་དུ་དོན་ད་ལྟར་བདག་གིས་རྟོགས་པར་འགྱུར་བའམ། འོན་ཏེ་བཟློག་པ་ཞེས་བྱ་བ་འདི་ཐམས་ཅད་དུ་ཐལ་བར་འགྱུར་བ་མཚུངས་པ་མ་ཡིན་ནམ། །མ་ཡིན་ཏེ། འཆད་པ་པོ་བདག་ཉིད་ཀྱི་དགོངས་པ་གསལ་བར་བྱེད་པས་ཡང་དག་པའི་མན་ངག་སྲིད་པའི་ཕྱིར་རོ། །འདི་ནི་སྟོན་པར་བྱེད་པ་པོ་མེད་པའི་སྒྲ་ལ་ཡོད་པ་མ་ཡིན་ནོ། །འཇིག་རྟེན་གྱིས་ཤེས་པར་བྱ་བའི་དགོངས་པ་ཅན་གྱིས་གསུངས་པ་ན། འཇིག་རྟེན་གྱི་བརྡ་རབ་ཏུ་གྲགས་པ་རྗེས་སུ་སྐྱོང་བར་མཛད་དོ། །དེ་ལས་ཀྱང་དོན་དེའི་རྟོགས་པར་འགྱུར་རོ། །སྐྱེས་བུས་མ་བྱས་པའི་སྒྲ་དག་ནི་མ་ཡིན་ཏེ། དེ་ལ་འགའ་ཞིག་སྨྲ་བར་འདོད་པ་མེད་པའི་ཕྱིར་རོ། །གཞན་ཡང་མཁས་པ་རིགས་པ་ཉིད་རྗེས་སུ་སྐྱོང་བར་བྱེད་པ་དོར་བར་བྱ་བ་དང༌། བླང་བར་བྱ་བ་དེའི་རྟེན་དག་ལ་འཇུག་པར་འགྱུར་གྱི། རབ་ཏུ་བརྗོད་པས་ནི་མ་ཡིན་པའི་ཕྱིར་ཐལ་བར་མཚུངས་པ་མ་ཡིན་ནོ། །དེ་ཡང་སྐབས་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །འཇིག་རྟེན་གྱི་གནས་པ་ལ་སོགས་པ་རིགས་པའི་ཡུལ་མ་ཡིན་པའི་དོན་ལ་ཡང་སྐྱེས་བུ་ཡིད་ཆེས་པའི་ཚིག་ལས་རྟོགས་པ་མ་ཡིན་ནམ། མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །ལ་ལར་འཁྲུལ་བ་མེད་པའི་ཕྱིར་ཐམས་ཅད་ལ་དེ་ལྟར་འགྱུར་བ་མ་ཡིན་ཏེ། འཁྲུལ་བ་མཐོང་བའི་ཕྱིར་དང༌། དེའི་འཇུག་པ་མི་སླུ་བ་དང་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །ལུང་གི་མཚན་ཉིད་འདི་ནི་གོ་སྐབས་མེད་པ་ཉིད་དུ་འདོད་པས་དེ་ལས་ངེས་པ་མ་ཡིན་ནོ། །


DTG174_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་ལུང་ཚད་མ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །སྐྱེས་བུས་མ་བྱས་པའི་སྒྲ་དག་གི་དོན་ཤེས་པ་ཡང་དག་པའི་མན་ངག་ལས་མ་ཡིན། །རིགས་པ་ལས་མ་ཡིན། འཇིག་རྟེན་ལས་མ་ཡིན་པའི་ཕྱིར་རོ། །དེ་ལ་རྟོགས་པ་མེད་པར་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ཡང་གལ་ཏེ། འཇིག་རྟེན་ཚིག་རབ་གྲགས་རྟོགས་པའི། །རྒྱུ་ཡིན་ན། དེ་ལ་སྣ་ཚོགས་དོན་ཅན་སྒྲའི། །གང་གིས་དོན་འདི་རྣམ་ཕྱེ་བས། །དབང་པོ་ལས་འདས་དོན་མཐོང་གང༌། །སྐྱེས་བུས་མ་བྱས་པའི་སྒྲ་དང་དོན་འབྲེལ་བ་ལས་འཇིག་རྟེན་གྱི་ཐ་སྙད་འདི་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བརྡ་ལས་ཡིན་ཏེ། བསྟན་བཅོས་བྱེད་རང་ཉིད་ཀྱི་བརྡ་ལས་བསྟན་པ་ལ་ལྟོས་པའི་ཕྱིར། །པ་ནི་ནའི་སློབ་མ་ལ་སོགས་པའི་ཐ་སྙད་བཞིན་ནོ། །སྐྱེས་བུས་མ་བྱས་པ་དེ་ལ་ནི་བསྟན་པ་རིགས་པ་མ་ཡིན་ཏེ། དེ་ནི་འགའ་ཞིག་གིས་ཀྱང་མི་ཤེས་པའི་ཕྱིར་དང༌། དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དབང་པོས་གཟུང་བར་བྱ་བ་ཉིད་ཡིན་ན་ནི་གཟུགས་ལ་སོགས་པ་དང་འདྲ་བར་བདག་ཉིད་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བསྟན་པ་ཡིན་ན་ཡང་སྐྱེས་བུ་རང་རྒྱུད་པ་དག་གི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པས་མི་སླུ་བ་མི་འགྲུབ་པའི་ཕྱིར་ཡིད་བརྟན་དུ་མེད་དོ། །གལ་ཏེ་རིག་བྱེད་དང་འདྲ་བར་རྣམ་པར་བཤད་པ་དང༌། སྐྱེས་བུས་མ་བྱས་པ་ཐོག་མ་མེད་པའི་ཡང་དག་པའི་མན་ངག་རྒྱུ་མ་ཆད་པ་ལས་འོངས་པ་དེ་ལས་དོན་གྲུབ་པ་ཡིན་ནོ་ཞེ་ན། །དེ་ཡང་སྒྲའི་བདག་ཉིད་ཅན་ཡིན་ན་ནི་ཇི་ལྟར་ན་འདིའི་དོན་རིག་པ་ཡིན་ཞེས་བརྒལ་ཞིང་བརྟག་པ་མཚུངས་སོ། །རེ་ཞིག་སྐྱེས་བུ་བདག་ཉིད་ཀྱིས་བརྡར་བྱས་པའི་སྒྲ་རྣམས་ཀྱི་དོན་རྭ་ལས་གཟུང་བས་ཀྱང་མི་རྟོགས་པ་རྟོགས་པར་བྱེད་པ་དེ་ལྟར་ན་སྐྱེས་བུས་བྱས་པའི་དོན་རྟོགས་པའི་ཐབས་ཡོད་པ་ཡིན་ནོ། །སྐྱེས་དབུས་མ་བྱས་པའི་སྒྲ་ནི་དེ་ལྟར་བྱེད་པ་མ་ཡིན་ནོ། །འགའ་ཞིག་གིས་ཀྱང་ལ་ལར་འདིའི་འབྲེལ་བ་ངེས་པ་ཤེས་པར་མི་ནུས་པའི་ཕྱིར་རོ། །དེའི་དོན་རྟོགས་པ་ཉིད་མེད་དོ། །གཞན་ཡང་རིག་བྱེད་དེའམ་དེའི་རྣམ་པ་བཤད་སྐྱེས་བུས་སྐྱེས་བུ་ལ་བསྟན་པར་གྱུར་པ་ན། ཡང་དག་པའི་མན་ངག་འཇིག་པ་མེད་པ་


DTG174_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཉིད་རྗེས་སུ་འཇུག་པ་ཞེས་བྱ་བ་འདི་ལ་ཡང་མནའ་ལ་བརྟེན་པར་བྱ་སྟེ། ལུང་འཇིག་པར་བྱེད་པར་བདག་ཉིད་རློམ་པས་སམ། དེའི་བསྟན་པ་ལ་རྣམ་པར་སྡང་བས་སམ། དེར་ཞུགས་པ་དམའ་དབབ་པའི་ཕྱིར་གཡོན་ཅན་ཟིལ་གྱིས་མནན་པས་སམ། རྒྱུ་གཞན་འགའ་ཞིག་ཀྱང་རྣམ་པ་གཞན་དུ་རྩོམ་པ་མཐོང་བའི་ཕྱིར་རོ། །གཞན་ཡང་འདིར་ཁྱོད་ཀྱིས་སྐྱེས་བུ་འདོད་ཆགས་ལ་སོགས་པ་དག་གིས་བསླད་པ་བརྫུན་པ་ཡང་སྨྲ་བའི་ཕྱིར། འདིའི་ཚིག་ཚད་མ་མ་ཡིན་ནོ་ཞེས་བདག་ཉིད་ཀྱིས་ཁས་བླངས་པ་བརྗོད་པ་ཡིན་ཏེ། རང་གི་ཚིག་ལ་རྗེས་སུ་ཆགས་པའི་ཕྱིར་རོ། །དེ་ནི་འདིར་ཡང་ཡོད་དམ་མེད་ཅེས་ཅིའི་ཕྱིར་དཔྱོད་པར་མི་བྱེད། དེ་ཉིད་རིག་བྱེད་དམ་རིག་བྱེད་ཀྱི་དོན་སྟོན་པ་ན་འཁྲུལ་པའི་ཕྱིར་རྣམ་པ་གཞན་དུ་སྟོན་པར་འགྱུར་རོ། །སྐྱེས་བུ་འགའ་ཞིག་གིས་ནུས་པ་ལས་བྱུང་བའི་ཡལ་ག་གཞན་དག་ཐོས་ཤིང་ད་ལྟར་ཡང་ཉུང་ཟད་འདོན་པར་བྱེད་པ་ཅན་འགའ་ཞིག་ཀྱང་མཐོང་ངོ༌། །དེ་བཞིན་དུ་རྒྱ་ཆེར་འདོན་པར་བྱེད་པ་ཅན་འགའ་ཞིག་ཀྱང་དུས་འགའ་ཞིག་གེ་སྟེ། ནུས་པ་སྲིད་པའི་ཕྱིར་དང༌། ཡང་སྐྱེས་བུ་ཡིད་ཆེས་པའི་ཤེས་པས་རབ་ཏུ་མང་པོ་ཁས་བླངས་པ་ཡོད་པ་སྲིད་པའི་ཕྱིར་རོ། །ཡང་རྒྱ་ཆེར་འདོན་པར་བྱེད་པ་པོའི་སྐྱེས་བུ་འགའ་ཞིག་གི་ཚེ་འདོན་པ་བརྗེད་པ། འདོན་པར་བྱེད་པ་ཅན་དེ་དག་དང༌། གཞན་སྲིད་པ་ཉམས་པའི་འཇིག་པ་ལ་སོགས་པས་རྣམ་པར་གཞན་དུ་སྲིད་པའི་ཕྱིར་རོ། །དེ་ཤེས་པ་ལས་ཀྱང་དེ་ལ་དད་པ་དག་དཔྱོད་པ་མེད་པར་རྟོགས་པའི་ཕྱིར་རོ། །འདོད་པར་བྱེད་པ་པོ་མང་པོ་དག་ལ་སྐྱེས་བུ་ཡིད་ཆེས་པ་ལས་མང་དུ་རྟོགས་པ་མཐོང་བའི་ཕྱིར་རོ། །དེ་ལས་ཀྱང་རྣམ་པ་འགའ་ཞིག་གིས་འཁྲུལ་པ་སྲིད་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུ་འཆད་པ་པོའི་ཉུང་ཟད་འཆད་པའི་བརྒྱུད་པ་ཉིད་འདི་ལ་ཁྱེད་ཀྱིས་ཀྱང་མཉན་པར་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་སྡང་བ་དང༌། མི་ཤེས་པ་དང༌། སྤྱང་པོ་དག་གི་ནང་ནས་འགའ་ཞིག་གང་ལས་རུང་བར་འགྱུར་བའི་ཕྱིར་ཡིད་བརྟན་པར་བྱ་བ་མ་ཡིན་ནོ། །དེ་བས་ན་སྐྱེས་བུས་མ་བྱས་པའི་བཤད་པ་ལས་མ་ཡིན་ཞིང༌། བརྡ་ལས་བྱུང་བའི་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་རིག་བྱེད་ཀྱི་དོན་གྲུབ་པ་མ་ཡིན་ནོ། །བརྡ་ལས་བྱུང་བ་མ་ཡིན་པ་ལ་ཡང་དོན་སྣ་ཚོགས་པ་ཅན་གྱི་སྒྲ་རྣམས་ཀྱི་ཐ་སྙད་མཐོང་བའི་ཕྱིར་མ་གྲུབ་པའི་དོན་ཅན་ནམ། རབ་ཏུ་མ་གྲགས་པའི་འགའ་


DTG174_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཡང་བཤད་པ་མཐོང་བས་ཐམས་ཅད་དུ་དེའི་དོགས་པ་མི་ལྡོག་པའི་ཕྱིར་རོ། །ཐམས་ཅད་དོན་ཇི་ལྟ་བ་བཞིན་དུ་ངེས་པར་སྦྱར་བ་ན་ཡང་རྗེས་སུ་མཐུན་པར་བརྡ་ཇི་ལྟ་བ་བཞིན་དུ་རྟོགས་པ་བསྐྱེད་པའི་ཕྱིར་དང༌། འདོད་པ་དང་མི་འདོད་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་ཐམས་ཅད་ལ་ཁྱད་པར་མེད་པ་དག་ནི་ལྐོག་ཏུ་གྱུར་པ་དང་འབྲེལ་པ་ཅན་གྱི་དོན་གཅིག་ལྐོག་ཏུ་གྱུར་པ་མཐོང་བ་མ་ཡིན་པའི་སྐྱེས་བུ་ཐ་མལ་པ་ལ་སུ་ཞིག་རྣམ་པར་འབྱེད་པར་འགྱུར་ཞིང༌། གང་ཞིག་འཇིག་རྟེན་གྱི་ཐ་སྙད་ལས་རྟོགས་པར་འགྱུར། གཞན་ཡང་བདག་ཉིད་ཀྱང་ཐམས་ཅད་དུ་གྲགས་པའི་རྗེས་སུ་འབྲང་བར་མི་བྱེད་དོ། །འདི་ལྟར། འདི་ཉིད་ཀྱིས་བརྗོད་པར་གྱུར་པ། །གྲགས་མིན་དོན་བརྗོད་མཐོ་རིས་དང༌། །ལྷ་མོ་ལ་སོགས་སྒྲ་མཐོང་ངོ༌། །མི་ལས་ཕུལ་དུ་བྱུང་བ་སྐྱེས་བུ་ཁྱད་པར་ཅན་གྱི་གནས་དང༌། མི་ལས་འདས་པའི་བདེ་བའི་རྟེན་དང༌། ཉེ་བར་མཁོ་བ་རྣམ་པ་སྣ་ཚོགས་པ་ཅན་ནི་མཐོ་རིས་སོ། །དེར་གནས་པའི་ལྷའི་བུ་མོ་ལ་ལྷ་མོ་ཞེས་འཇིག་རྟེན་ན་བརྗོད་དོ། །དེ་ལ་བརྟེན་པ་མེད་པ་དོན་གཞན་ཉིད་ལ་རྣམ་པར་རྟོག་པར་བྱེད་པ་ན་འདི་སྐྲ་གཞན་དག་ལ་ཇི་ལྟར་རབ་ཏུ་གྲགས་པ་ཚད་མར་འགྱུར། དེ་ལ་གལ་ཏེ་འགལ་བ་མེད་པའི་ཕྱིར་ཁས་ལེན་ཏོ་ཞེ་ན། མ་ཡིན་ཏེ། དབང་པོ་ལས་འདས་པ་འདི་ཡང་འགལ་བ་མ་གྲུབ་པའི་ཕྱིར་རོ། །གཞན་དག་ལ་ཡང་འགལ་བ་མེད་པར་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །མེའི་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་འགལ་དུ་ཟིན་ཀྱང་བློ་དམན་པའི་ཕྱིར་འདིས་ཤེས་པར་ཡང་མི་འགྱུར་རོ། །འགལ་བ་དང་འགལ་བ་མེད་པ་དག་ནི་གནོད་པ་ཅན་དང༌། སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་ཡིན་ནོ། །དེ་དག་ཀྱང་ལྐོག་ཏུ་གྱུར་པ་ལ་མངོན་པར་འདོད་པ་མ་ཡིན་ནོ། །དེ་བས་ན་ཇི་ལྟར་ན་དེའི་དབང་གིས་རྟོགས་པ་ཡིན། ཚིག་འཇུག་པ་ཉིད་ཀྱི་ཕྱིར་ཡང་འགལ་བ་མེད་པ་མ་ཡིན་ཏེ། གཞན་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ལུང་འདི་ནི་སྐྱེས་བུས་མ་བྱས་པ་ཡིན་ལ་དེ་ནི་འཇིག་རྟེན་གྱི་གྲགས་པ་ལས་དོན་གྲུབ་པ་ཡིན་ནོ། །དེ་ལ་ཡང་འགལ་བ་དཔྱོད་པ་ན་ལུང་ནི་ཡིད་བརྟན་དུ་མེད་པར་འགྱུར་རོ། །དེ་ཡོད་དུ་ཟིན་ཀྱང་དོན་དེ་བཞིན་དུ་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཚད་མ་མི་འཇུག་པས་གཞན་དག་ཀྱང་དོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །མཐོ་རིས་འདོད་


DTG174_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་འདི་ལ་ཁྱིའི་ཤ་ཟ་བའི་བརྗོད་པའི་རྣམ་པར་རྟོག་པར་འགྱུར་བ་ཞེས་བཤད་པ་གང་ཡིན་པ་དེ་མི་འགྱུར་ཏེ། ཡུལ་གཞན་དག་ཏུ་དེ་ལྟར་འདི་བཤད་པའི་ཕྱིར་རོ། །མ་ཡིན་ཏེ། དེའི་དོན་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །ཡུལ་གཞན་དག་ཏུ་ཡང་དེ་ལྟ་བུའི་དོན་གྱི་རྣམ་པར་རྟོག་པ་ནི་བཟློག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྐྱེས་བུས་མ་བྱས་པའི་སྒྲའི་ཕུང་པོ་འདི་ལ་ལར་དོན་རྟོགས་པ་ཅན་དུ་འགྱུར་བ་དེའི་ཚེ་དེ་ལས་དོན་རྟོགས་པར་འགྱུར་རོ། །དེ་དག་གིས་ཕལ་ཆེར་ཡང་ཐམས་ཅད་ལོང་བ་ཉིད་ཡིན་པའི་ཕྱིར། ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ། །དེའི་ཕྱིར། དེ་འདྲའི་སྒྲ་གཞན་དག་ལ་ནི། །དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར། །མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ། །ཞེས་བྱ་བའི་ངག་འདི་ཅི་འདྲ་བའོ། །གཞན་ཡང༌། གྲགས་པ་དག་ཀྱང་མི་རྣམས་ཚིག། དེ་ནི་ཚད་མར་མི་འདོད་ན། །དེ་ལས་ཡང་ཡང་དོན་རྟོགས་པ། །སྡང་འདོད་དེས་ནི་ཅི་ཞིག་བྱ། །སྐྱེ་བོའི་རབ་ཏུ་བརྗོད་པ་ལས་གཞན་དུ་རབ་ཏུ་གྲགས་པ་ཞེས་བྱ་བ་གཞན་ནི་མེད་དོ། །སྐྱེ་བོ་དེ་དག་ཐམས་ཅད་ཇི་ལྟ་བ་དེ་ལྟ་བུ་ཅན་གྱི་ཚིག་ཅན་དུ་བསམ་པར་བྱ་བ་མ་ཡིན་པ་དེ་བས་ན་རབ་ཏུ་བརྗོད་པ་ནི་ཚད་མ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང༌། མ་རིག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འགའ་ཞིག་གི་ཡང་དག་པའི་འཇུག་པ་མེད་པ་ན་ཕལ་ཆེར་དོན་དང་ལྡན་པར་འགྱུར་བ་མ་ཡིན་ཏེ། པར་སི་ག་མ་བག་མར་ལེན་པའི་ལོག་པའི་སྤྱོད་པ་བཞིན་ནོ། །སྐྱེས་བུ་དེ་དག་ཉིད་ཀྱི་ཚིག་ལས་ཀྱང་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་དེ་ལྟར་ན། ཇི་ལྟར་དེ་ཉིད་ཅིག་ཅར་སྡང་བར་བྱ་བ་དང་འདོད་པར་བྱ་བ་ཡིན། ཅི་སྟེ་གྲགས་པ་ལས་བརྒལ་བའི། །རྟོག་ལ་རྒྱུ་མེད་ཉིད་ཡིན་ནོ། །རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེ་འཛིན་ལ་རྒྱུ་ཅི་ཞིག་ཡོད། །གལ་ཏེ་ཕྲད་པ་བཟློག་པས་གཞན་དུ་འཇུག་པའི་ཡོན་ཏན་དང༌། སྐྱོན་མཐོང་བ་ན་རིགས་པ་དེ་ལྟར་ན་རབ་ཏུ་གྲགས་པའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕྲད་པ་ནི་ཚད་མ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རབ་ཏུ་གྲགས་པའི་ཚད་མ་ཉིད་མ་ཡིན་པའི་སྒོ་ནས་རྟོགས་པར་


DTG174_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་གང་ཡིན་པ་ནི་ཅིར་ཡང་མི་རུང་ངོ༌། །ཐོབ་པར་དཀའ་བའི་རིགས་པ་ཉིད་ཀྱི་ཕྱིར་རོ། །རང་དང་གཞན་གྱི་རྣམ་པར་རྟོག་པ་རྣམ་པ་གཉི་གའི་ཡང་འཇུག་པ་མཚུངས་པ་དེ་ལྟར་ན་རབ་ཏུ་གྲགས་པའི་རྗེས་སུ་བྱེད་པ་ཅི་ཞིག་ཡོད། གཞན་ཡང༌། གྲགས་པ་ཉིད་ཀྱིས་སྒྲ་དོན་གྱི། །ངེས་ལ་ལ་དོགས་པ་བསྐྱེད་པ་ནི། །གང་ཕྱིར་དེ་ལ་སྒྲ་རྣམས་དོན། །སྣ་ཚོགས་འཇུག་པ་ཅན་ཉིད་མཐོང༌། །སྒྲ་རྣམས་ནི་རབ་ཏུ་གྲགས་པ་ལས་དོན་གཅིག་ཏུ་ངེས་པ་མ་ཡིན་ཏེ། དེ་ཉིད་ལས་དོགས་པ་སྐྱེ་བའི་ཕྱིར་རོ། །འཇིག་རྟེན་ལ་སྒྲའི་དོན་སྣ་ཚོགས་པ་ཅན་དུ་སྣང་བ་དང༌། འཇིག་རྟེན་གྱི་བརྗོད་པ་ནི་གྲགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར། དེ་ལས་དོན་གྱི་ངེས་པ་རིགས་པ་མ་ཡིན་ནོ། །ངེས་བྱེད་མ་མཐོང་བ་དག་གིས། །སྣ་ཚོགས་ནུས་ཅན་སྒྲ་རང་ཉིད། །ངེས་པར་དོགས་པར་བྱ་བ་ཡིན་ཏེ། །རྣམ་གཞན་མི་སྲིད་མེད་ཕྱིར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་བས་ན་དོན་གྱི་དབྱེ་བ་རིགས་པ་མེད་པ་ཅན་གྱི་སྒྲ་དག་གི་དོན་གཅིག་ལྐོག་ཏུ་གྱུར་པ་དང་འབྲེལ་པ་ཅན་དམིགས་པ་མེད་པ་སྒྲོ་བཏགས་པ་ཅན་དོན་གཅིག་ངེས་པར་བྱས་ནས་རྒྱལ་དཔོག་པ་འཆད་པར་བྱེད་པ་ན། དེའི་ཟོལ་གྱིས་བདག་ཉིད་དེ་སྐད་དུ་སྨྲ་བའི་ཕྱིར། མུ་སྟེགས་བྱེད་གཞན་ལས་འདིའི་ཁྱད་པར་གཞན་མ་མཐོང་ངོ༌། །དེ་ལྟར་ན་དོན་དེ་གསལ་བར་བྱེད་པའི་བྱ་བས་སྟོང་བ་དེར་སྒྲོ་འདོགས་པར་བརྗོད་པས་རང་གི་ཚིག་ཁྱད་པར་དུ་བྱས་པ་མེད་དོ། །དེ་བྱེད་པ་ཅན་གྱི་འདུལ་བ་ཉིད་ལོག་པ་འབའ་ཞིག་བདག་ཉིད་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟར་ན། འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོང་དུ་མ་འདི་ནི་སྨྲ་འགྱུར་ཞེས། །གཞན་ནི་བདག་ཉིད་སྨྲ་དེ་ལྟར། །དེ་དག་བྱེ་བྲག་བརྟག་པར་བྱ། །བསམ་པ་དང་བྱ་བ་དང་ཚིག་མེད་པ་ཅན་གྱི་སྡོང་དུ་མ་ལ་སྒྲོ་བཏགས་ནས་སྟོན་པར་བྱེད་པའམ། རང་རྒྱུད་པའི་བདག་ཉིད་ཚིག་ཁས་ལེན་པ་ལ། བླུན་པོ་རྟོགས་པ་དམན་པ་ལས་གཞན་དུ་ཁྱད་པར་ཅན་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་དོན་ངེས་པ་ཡོད་ན་དེ་དག་རྒྱལ་དཔོག་པས་ཤེས་པར་འགྱུར་རོ། །ཐམས་ཅད་ལ་དོན་རུང་གཅིག་གིས། །གསལ་བྱེད་ལ་ངེས་གང་ལས་ཡིན། །སྒྲ་ནི་དངོས་སུ་དོན་འགའ་ཞིག་གི་དེའི་རང་བཞིན་དུ་ངེས་པ་མ་ཡིན་ཏེ། ཐམས་ཅད་ལ་རུང་བ་ཉིད་ཀྱི་ཕྱིར་རོ། །རུང་བ་ཉིད་མ་ཡིན་ན་ཡང་དེ་ལས་


DTG174_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་པ་མེད་པའི་ཕྱིར། དབང་དུ་མ་བྱས་པ་ནི་སྐྱེས་བུ་རྣམས་ཀྱིས་ལ་ལར་ཉེ་བར་སྦྱོར་བ་དང༌། གསལ་བ་མི་སྲིད་པའི་ཕྱིར་དང༌། བརྗོད་འདོད་ངེས་པ་མ་གཏོགས་པ། །གང་གིས་དབང་པོ་ལས་འདས་ཤེས། །བརྗོད་པར་འདོད་པ་འགའ་ཞིག་གིས། །སྐྱེས་བུས་བྱས་པའི་སྒྲ་ཡོད་ན་ངེས་དེ་འགའ་ཞིག་གི་ཚེ་འགའ་ཞིག་ལ་ཤེས་པར་བྱེད་པར་འགྱུར་བའི་ཡང་ཕྱིར་རོ། །བརྗོད་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་སྒྲ་རྣམས་ཀྱི་དོན་ངེས་པར་ཡང་རྟོགས་པར་འགྱུར་རོ། །སྐྱེས་བུས་མ་བྱས་པ་ཡོད་ན་ཡང་དོན་ངེས་པ་ཇི་ལྟར་རྣམ་པར་ཤེས་པར་འགྱུར་ཏེ། རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ། །ཡོད་ན་ཡང་མངོན་སུམ་བདག་ཉིད་ཀྱིས་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མངོན་སུམ་ཉིད་མ་ཡིན་ན་ཡང༌། འགའ་ཞིག་གིས་ཀྱང་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། ཁྱད་པར་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། སྒྲ་ཐམས་ཅད་ནི་དོན་ཐམས་ཅད་དང་ཉེ་བ་དང་བསྐལ་བ་དང་བྲལ་བ་ཉིད་ཡིན་ནོ། །དེའི་ཕྱིར་དེ་དག་ནི། ངེས་པའི་བརྗོད་འདོད་རྒྱུ་ཡིན་ཞིང༌། །བརྡ་ནི་དེ་ཡི་གསལ་བྱེད་ཡིན། །དེ་ནི་སྐྱེས་མིན་ལ་མེད་ན། །དེ་དོན་གཅིག་ཅན་དེ་གང་ལས། །བརྗོད་པར་འདོད་པས་སྒྲ་ནི་དོན་དག་ལ་ངེས་པར་བྱ་བ་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ནི་འགའ་ཞིག་ལ་ཡང་རག་ལུག་པ་མེད་པར་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གང་ལ་རག་ལས་པ་ཡིན་ན་ཡང་དེ་རྗོད་པར་བྱེད་པའི་ངེས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་བྱེད་པ་རྣམས་བརྗོད་པར་ཐལ་བའི་ཕྱིར་རོ། །དེ་བས་ན་བརྗོད་པར་འདོད་པ་གསལ་བར་བྱ་བའི་ཕྱིར་བསམ་པ་སྟོན་པར་བྱེད་པའི་མཚན་ཉིད་ཅན་གྱི་བརྡ་བྱས་པ་ཡིན་ནོ། །སྐྱེས་བུས་མ་བྱས་པ་ལ་ནི་བརྗོད་པར་འདོད་པ་མེད་ཅིང་བརྡ་མེད་དེ་འགའ་ཞིག་གི་ཡང་བསམ་པ་མེད་པའི་ཕྱིར། ངེས་པ་མེད་ཅིང་དེ་ཤེས་པ་མེད་དོ། །རང་བཞིན་གྱིས་ནི་ངེས་ཡིན་ལ། །གཞན་ལ་ངེས་ཀྱང་མི་རུང་ངོ༌། །གལ་ཏེ་བརྡ་ལ་ལྟོས་པ་མེད་པར་སྒྲ་ངོ་བོ་ཉིད་ཀྱིས་དོན་དག་ལ་འདྲེས་པར་འགྱུར་རོ་ཞེ་ན། འདིར་རག་ལུས་པ་མེད་པའི་ཕྱིར། ངེས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །གཞན་ཡང་ངོ་བོ་ཉིད་ཡིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཡིན་ན་ནི། བརྗོད་པར་འདོད་པས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ངེས་པར་སྦྱར་དུ་མི་རུང་ངོ༌། །བརྡ་ཡང་དོན་མེད་ཅན་ཉིད་འགྱུར། །རང་བཞིན་ཐ་དད་པ་དབང་པོའི་རྟོགས་པར་བྱ་བ་ནི་རང་


DTG174_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པའི་ཕྱིར། སྤྱི་བཏང་བ་ལ་སོགས་པ་ལ་ལྟོས་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེ་ལ་ལྟོས་པའི་རྟོགས་པ་ཅན་དག་ནི་དངོས་པོའི་རང་བཞིན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བརྡར་བྱས་པ་ཡིན་ཏེ། རྒྱལ་པོའི་རྟགས་ལ་སོགས་པ་བཞིན་ནོ། །བརྡར་བྱས་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་ཉིད་དུ་ངེས་པར་རིགས་པ་མ་ཡིན་ཏེ། དེ་ནི་འདོད་པས་འཇུག་པ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར། བརྡ་ལས་རང་བཞིན་ཁྱད་པར་གྱི། །གསལ་བའི་ངེས་པའང་གང་ལས་ཡིན། །རང་གི་འདོད་པས་འཇུག་པའི་བརྡ་དེ་ནི་འདི་ཉིད་ལ་བྱ་བར་ནུས་ཀྱི། །གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་གནོད་པ་ཡོད་པ་མ་ཡིན་ནོ། །དེ་ནི་སྐྱེས་བུ་དག་གིས་རང་ཉིད་ཀྱི་འདོད་པ་བྱས་པ་ན་རང་བཞིན་དེ་ཉིད་གསལ་བར་བྱེད་ཀྱི། དེ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ནོ། །གང་ལ་འདོད་པས་རང་རྒྱུད་པས། །དེ་ལ་ངེས་པ་ཞེས་བྱ་གང༌། །དེས་ན་བརྡ་ནི་འདི་རུང་ཉིད། །འདོད་པ་ཉིད་ནི་གསལ་མི་འགྱུར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །གཞན་ཡང་དེ་འདྲ་ཡིན་ཏེ་དཔེར། །མེ་ནི་གྲང་བཟློག་གང་བདེན་བཞིན། །དེ་སྐད་གཞན་དག་ཟེར་རོ་ལོ། །གཞན་དག་ནི་སྐྱེས་བུས་མ་བྱས་པའི་ལུང་གི་མཚན་ཉིད་ཡོངས་སུ་བཏང་ནས་རྣམ་པ་གཞན་དུ་རིག་བྱེད་ཚད་མར་བསྒྲུབ་པར་འདོད་པས་གང་ལ་རྟོགས་པ་མེད་པའི་རིག་བྱེད་ཀྱི་ངག་ནི། རིག་བྱེད་ཀྱི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པ་ཡིན་ཏེ། དཔེར་ན་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ངག་བདེན་པ་ལྟ་བུའོ་ཞེས་སྨྲའོ། །དེའི་འདི་ནི། རོ་འདྲ་དོ་བོ་མཚུངས་ཉིད་ཕྱིར། །སྣོད་གཅིག་ལ་ཡང་ཚོས་པ་བཞིན། །ལྷག་ལྡན་འཁྲུལ་པ་ཉིད་ཡིན་ཕྱིར། །རིགས་པ་ཤེས་པས་དེ་འདྲ་སྤངས། །སློབ་དཔོན་བདག་ཉིད་ཀྱིས་རིགས་པ་ཅན་གྱི་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པའི་འཁྲུལ་པར་བསྟན་པ་ན། རྗེས་སུ་དཔག་པ་དེ་འདྲ་བ་བསལ་བ་ཡིན་ནོ། །དཔེར་ན་འབྲས་བུ་རྣམས་ཀྱི་ངོ་བོ་མཚུངས་པ་ཅན་ཉིད་ཀྱིས་རོ་མཚུངས་པ་གྲུབ་པ་བཞིན་དང༌། སྣོད་གཅིག་གི་ནད་དུ་ཆུད་པའི་ཕྱིར། མཐོང་བ་དང་འདྲ་བར་འབྲས་བུ་མ་མཐོང་བ་ཚོས་པ་གྲུབ་པ་བཞིན་ནོ་ཞེས་བྱ་བ་སྒྲུབ་པར་བྱེད་པ་མ་ཡིན་པར་གསུངས་སོ། །དེ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་རིགས་པ་ཡང་སྔར་བཤད་ཟིན་ཏེ། ལུང་གི་མཚན་ཉིད་འདི་ཁོ་བོ་ཅག་གིས་དེ་ནི་དཔྱོད་པར་ནུས་པ་ཅན་གྱི་ཡུལ་ཐམས་ཅད་བདག་ཉིད་ཇི་ལྟ་བ་


DTG174_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཚད་མས་སྒྲུབ་པ་དང་དགག་པ་རྣམ་པར་དག་པ་ཡིན་ན་སྒྲ་རྣམས་ཀྱི་མེད་ན་མི་འབྱུང་བ་ཉིད་མེད་ན་ཡང༌། དོན་རྣམས་ལ་ཐེ་ཚོམ་ཟའི་འཇུག་པ་རིགས་པ་ཡིན་ཏེ། དེ་ལ་འགའ་ཞིག་གི་ཚེ་མི་སླུ་བ་སྲིད་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་དུ་སྐྱེས་བུ་ཚད་མ་མཐོང་བ་དང་འགལ་བ་ཅན་གྱི་རྟོགས་པ་ནི་མེད་དོ། །ཐ་མལ་པའི་ཡུལ་མེ་གྲང་བ་བཟློག་པར་ནུས་པ་རྗོད་པར་བྱེད་པ་བདེན་པའི་དོན་ཅན་དམིགས་ནས་བསྟན་བཅོས་ཐམས་ཅད་བདེན་པའི་དོན་ཅན་ཡུལ་ཡོངས་སུ་གཅོད་པར་ནུས་པ་ཡང་ཚད་མ་དང་འགལ་བའི་ཕྱིར། ཆེས་རིགས་པ་དང་ལྡན་པ་ཡང་མ་ཡིན་པར་སྨྲ་བ་གང་ཡིན་པ། དེས་ནི་འགལ་བ་མ་བསལ་དང༌། །བསྟན་བཅོས་དོན་ནི་མ་བསྟན་པར། །སྐྱེས་བུ་རྟག་པ་བྱེད་པོ་དང༌། །དངོས་རྣམས་རྟག་དང་དབང་པོ་འདས། །དབང་པོས་གཟུང་བྱ་དང་དངོས་རྣམས། །རྒྱུ་དང་དངོས་འཇིག་འགལ་བ་དང༌། །ཚད་མ་གཉིས་ཀྱི་སྤྱོད་ཡུལ་ནི། །རྣམ་པ་བསལ་བ་གཞན་དག་གམ། །ལུང་ལ་ལྟོས་པའི་རྗེས་དཔག་དང༌། །འགལ་བ་དག་ནི་རྗོད་བྱེད་པ། །བདེན་པའི་དོན་ཞེས་ཁས་ལེན་པ། །གཡེམ་མ་མུ་ཅོར་གྱིས་རྒྱལ་བཞིན། །སྐྱེས་བུའི་ངོ་བོ་སྔ་ཕྱི་འཕོ་བ་དང་ལེན་པ་མེད་པ་ཅན་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་དང༌། བྱིན་གྱིས་བརླབས་པའི་ངོ་བོ་ལ་སོགས་པས་ལས་དང་འབྲས་བུ་རྣམས་ཀྱི་རིམ་བཞིན་དུ་བྱེད་པ་པོ་དང་ཟ་བ་པོ་དངོས་པོ་འགའ་ཞིག་རྟག་པ་ཉིད་དེ་སྐད་ཅིག་མ་མ་ཡིན་པ་ནི་དངོས་པོའི་ཆོས་ལས་འདས་པ་ཉིད་ཀྱི་ཕྱིར་མི་རིགས་པ་དང༌། སྤྱི་ལ་སོགས་པ་མངོན་སུམ་མ་ཡིན་པ་མངོན་སུམ་པ་དག་ཡིན་པ་དང༌། དངོས་པོ་རྣམས་སྐྱེ་བ་དང་གནས་པ་དང༌། འཇིག་པ་འགལ་ཏེ། ཁྱད་པར་དུ་བྱར་མེད་པ་ཅན་སྔར་བྱེད་པ་པོ་མ་ཡིན་པ་གཞན་ལ་ལྟོས་ནས་སྐྱེད་པ་པོ་ཉིད་དང་གྲུབ་པའི་ཕྱིར། འབྲས་བུའི་ངོ་བོ་ཅན་མ་ཡིན་པ་རྟེན་གྱི་དབང་གིས་གནས་པ་དང༌། རྒྱུ་ལས་འཇིག་པ་ཞེས་བྱ་བ་ལ་སོགས་པ་དང༌། མངོན་སུམ་དང་རྗེས་སུ་དཔག་པ་ངག་གིས་རབ་ཏུ་གྲགས་པ་ལས་ཕྱིན་ཅི་ལོག་པ་ཅན་སྒྲུབ་པར་བྱེད་པ་ཅན་གཞན་དང༌། མེ་ལ་སྦྱིན་སྲེག་ལ་སོགས་པས་སྡིག་པ་སྦྱོང་བར་ནུས་པ་ཉིད་ལ་སོགས་པར་ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་གནོད་པ་རིག་བྱེད་ཀྱིས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་མང་དུ་བསྟན་ཟིན་ཏོ། །དེ་སྐད་དུ་སྨྲ་བའི་རིག་བྱེད་དེའི་བསྟན་བཅོས་ཀྱི་ལུགས་ཐམས་ཅད་ལ་ཚད་མ་དང་འགལ་བ་མ་བསམས་པ་དང༌། བསྟན་བཅོས་ཀྱི་འབྲེལ་པ་དང༌། རྗེས་སུ་མཐུན་པའི་ཐབས་དང༌། སྐྱེས་བུའི་དོན་རྗོད་པར་བྱེད་པ་མ་བསྟན་


DTG174_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངོ༌། །ཤིན་ཏུ་རབ་ཏུ་གྲགས་པའི་ཡུལ་བདེན་པ་བརྗོད་པ་ཙམ་གྱིས་ཤེས་རབ་ཀྱིས་རྟོགས་པར་དཀའ་བའི་ཐིབས་པོ་ལ་ཉེས་པ་མེད་པ་ཉིད་བསྒྲུབ་པར་འདོད་པས། གཡེམ་མ་མུ་ཅོར་གྱིས་ཀྱང་རྒྱལ་བ་ལྟ་བུའོ། །གཡེམ་མ་འགའ་ཞིག་ཀྱང་བདག་ཉིད་ཀྱི་བདག་པོས་ལོག་པར་ཞུགས་པའི་གནས་མཐོང་ནས་ཀླན་ཀ་ཚོལ་བ་དེ་ལ། མའི་ཆོས་བཞིན་གྱི་ཆུང་མས་ཡིད་ཆེས་པ་མེད་པར་བདག་གི་མིག་གི་ཆུའི་ཆུ་བུར་དག་གི་མིང་ཅན་གྱིས་ཡིད་ཆོས་པར་བྱེད་པའི་སྐྱེས་བུ་ཕྱིན་ཅི་ལོག་ལ་ལྟོས་ཤིང༌། གྲོང་པ་རྒན་པོ་མིག་ལོང་བ་ཤིང་སྐྱེད་པར་བྱེད་པ་དེས་དོན་དུ་གཉེར་དུ་ཟིན་ཀྱང་འབྲེལ་པ་མ་བྱས་ན། གཟུགས་དང་ཡོན་ཏན་ལ་རྗེས་སུ་ཆགས་པས་བློན་པོ་མཆོག་གི་ཁྱེའུ་དང༌། འདོད་པ་སྤྱོད་པར་བྱེད་ཅེས་ལན་དུ་ཟེར་རོ་ལོ། །མེ་ནི་གྲང་བའི་གཉེན་པོའི་ཚིག་གིས་ཚད་མ་དང་འགལ་བར་མཐོང་བ་ཅན། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་སླུ་བར་རྗེས་སུ་དཔག་པ་དེ་ནི་དེ་ལྟ་བུའི་རིགས་ཅན་ཡིན་ནོ། །གལ་ཏེ་དེ་ལྟར་ཚད་གྲུབ་ན། །ཅི་སྟེ་འདིར་ནི་ཚད་མིན་ཅི། །སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་དོན་ཅན་གཅིག་ཡོད་མེད་མིན། །ཇི་ལྟར་འདི་ཤིན་ཏུ་བདེན་པར་བརྗོད་པ་ཤིན་ཏུ་དཀའ་བ་དེ་བཞིན་དུ་ཤིན་ཏུ་བདེན་པ་མ་ཡིན་པ་བརྗོད་པ་ཡང་ངོ༌། །དེ་ལ་ཚིག་གཅིག་རྣམ་པ་འགའ་ཞིག་གིས་མི་སླུ་བས་ན་དེའི་ཚིག་གི་ཚོགས་ལྷག་མ་དེ་ལྟར་འགྱུར་ན་ནི། སྐྱེས་བུ་འགའ་ཞིག་ཀྱང་ཡིད་ཆེས་པ་མ་ཡིན་པར་མི་འགྱུར་རོ། །གཞན་ཡང༌། འཆད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་མན་འབྲས་མིན། །དེ་ལས་རྣམ་པར་བཟློག་པ་ཡིས། །འཁྲུལ་པ་མེད་པ་ཡོད་མ་ཡིན། །རེ་ཞིག་ཚིག་དེ་བརྗོད་པར་བྱ་བ་དག་གི་རང་བཞིན་མ་ཡིན་ཞིང༌། དེ་དག་གི་འབྲས་བུ་ཡང་མ་ཡིན་ཏེ། དེ་མེད་དུ་ཟིན་ཀྱང་འཆད་པ་པོ་བརྗོད་པར་འདོད་པ་ཙམ་གྱིས་ཡོད་པའི་ཕྱིར་རོ། །གཞན་འགའ་ཞིག་ཀྱང་འཁྲུལ་པ་མེད་པ་ཅན་མ་ཡིན་ཏེ། འཁྲུལ་པ་ཡིན་ན་ཡང་དེ་ལས་རྣམ་པ་གཞན་དུ་ཡང་དེ་སྲིད་པའི་ཕྱིར་རོ། །དེ་ཡོད་པའི་ཕྱིར། དེ་རྟོགས་པར་རིགས་པ་མ་ཡིན་ནོ། །གལ་ཏེ་རྗོད་བྱེད་རྣམས་ཀྱི་འཇུག །བརྗོད་བྱ་མཐོང་བ་ཡིན་ཞེ་ན། །དེ་ལྟར་ན་ནི་འགྱུར་ན། ཚིག་གི་འབྲས་བུ་ཉིད་ཡིན་ཏེ། །རྗོད་པར་བྱེད་པ་ནི་བརྗོད་བྱ་མཐོང་བས་འཇུག་པའི་ཕྱིར་རོ། །དེ་ལྟར་ཡིན་ན་ནི། ཕན་ཚུན་དག་ནི་འགལ་བར་དོན། །དེ་ནི་གཅིག་ལ་ཇི་ལྟར་འགྱུར། །གལ་ཏེ་བརྗོད་བྱའི་དངོས་པོ་མེད་པར་སྒྲ་མི་འཇུག་གོ་ཞེས་བྱ་བའི་ངེས་པ་དེ་ནི་བརྗོད་པ་ཐ་དད་པ་དག་ཡོད་ན། དངོས་པོ་གཅིག་ལ་འགལ་བ་ནི་རང་བཞིན་


DTG174_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་སྦྱོར་བས་འཇུག་པར་མི་འགྱུར་རོ། །སྒྲ་གཅིག་རྣམ་གྲངས་མེད་པ་རྟག་པ་དང་མི་རྟག་པར་འགྱུར་རོ། །ཞེས་བྱ་བ་འདི་ནི་སྲིད་པ་མ་ཡིན་ནོ། །དེས་ན་ལུང་གི་དངོས་པོ་རྣམས། །རྟོགས་པ་པོ་ཡི་རྣམ་འགས་ཀྱང༌། །མེད་ན་མི་འབྱུང་གྲགས་མིན་ན། །དེ་དག་ལས་དོན་ངེས་གང་ཡིན། །སྐྱེ་བོ་མི་ཤེས་པ་ལུང་གི་ཚད་མ་དེས་ཀུན་ནས་བསྟན་པའི་དོན་རྟོགས་པར་བྱ་བའི་ཕྱིར། ཚོལ་བར་བྱེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ནི་བསྟན་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །དབང་པོ་ལས་འདས་པའི་ཡོན་ཏན་གྱི་སྐྱེས་བུ་རྣམ་པར་འབྱེད་པར་མི་ནུས་པའི་ཕྱིར། འདོད་པའི་དོན་ཡོད་པ་ཉིད་མེད་པར་ཚིག་རྣམས་ཀྱི་འཇུག་པ་མཐོང་བ་མི་ཤེས་པ་ནི་འཁྲུལ་པ་མ་མཐོང་བ་ཅན་གྱི་སྐྱེས་བུ་དག་གི་ཚིག་ལ་ཡང་ཅི་དོན་ཇི་ལྟ་བ་ཅན་ནམ། མ་ཡིན་ཞེས་ཐེ་ཚོམ་དུ་འགྱུར་རོ། །དེས་ན་འདིས་ནི་འགའ་ཞིག་གི་ཚིག་གིས་ཅུང་ཟད་ཀྱང་ངེས་པར་འགྱུར་བ་རིགས་པ་མ་ཡིན་ནོ། །འདི་ཡི། དེ་ཕྱིར་དེ་ནི་ལོག་ན་ཡང༌། །དངོས་པོ་མེད་པ་གྲུབ་མི་འགྱུར། །ལུང་ནི་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར། །དངོས་པོ་ཡོད་ན་མི་སླུ་བས་འདི་འཇུག་པའི་ཕྱིར། དེ་ལོག་པའི་མཚན་ཉིད་ཅན་གྱི་མི་དམིགས་པས་མེད་པ་བསྒྲུབ་པར་འགྱུར་རོ། །ཞེས་བཤད་པ་གང་ཡིན་པ་དེ་ཡང་འདི་ནི་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་ན་ཡང་དངོས་པོ་མེད་པར་མི་འཇུག་པར་འགྱུར་རོ། །དེ་ལས་ཁོང་དུ་ཆུད་པར་འདོད་པའི་གྲུབ་པ་མེད་དོ་ཞེས་བཤད་ཟིན་ཏོ། །ངེས་མེད་ངེས་པའི་འབྲས་བུ་ཅན། །མི་དམིགས་པ་ནི་མི་འགྲུབ་པོ། །དེའི་ཕྱིར་ཚད་མ་གསུམ་ལོག་ཏུ་ཟིན་ཀྱང་བསྐལ་པའི་དོན་དག་མེད་པར་ངེས་པ་མ་ཡིན་ནོ། །རིག་བྱེད་ཚད་མ་དང་ནི་འགས་བྱེད་སྨྲ། །ཁྲུས་ལ་ཆོས་འདོད་དང་ནི་རིགས་སྨྲ་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་པའི་རྟགས་ལྔ་ཡིན། །རིག་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བའི་གླང་ངོ་ཆེའི་སྤྱི་བོ་གནོན་པར་མཛད་པའི་སེང་གེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན། དཔལ་ཆོས་ཀྱི་གྲགས་པས་སྦྱར་བ་ལས། ཚད་མ་རྣམས་འགྲེལ་གྱི་ལེའུ་དང་པོའི་འགྲེལ་པ་རྫོགས་སོ།། །།