Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟོག་གེའི་སྐད།  ཐར་པའི་འབྱུང་གནས་སྦས་པ།
   


 
previousརྟོག་གེའི་སྐད། ཐར་པའི་འབྱུང་གནས་སྦས་པ།next

རྟོག་གེའི་སྐད།
ཐར་པའི་འབྱུང་གནས་སྦས་པ།


DTG190_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏརྐ་བྷཱ་ཥཱ། བོད་སྐད་དུ། རྟོག་གེའི་སྐད། སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་འཇིག་རྟེན་དབང་བཏུད་ནས། །བྱིས་པ་ཡིད་གཞུངས་ཆུང་བ་རྣམས། །ཆོས་ཀྱི་གྲགས་པའི་ལུགས་མཉན་ཕྱིར། །རྟོག་གེའི་སྐད་ནི་རབ་གསལ་བྱ། །འདིར་རྟོག་པ་སྔོན་དུ་གཏོང་བ་དོན་དུ་གཉེར་བའི་སྐྱེ་བོ་རྣམས། སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྒྱུ་མཚན་ཚད་མའི་རྗེས་སུ་འབྲང་བས་དང་པོར་ཚད་མ་གཏན་ལ་དབབ་པར་བྱའོ། །ཚད་མ་ནི་ཡང་དག་པའི་ཤེས་པ་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །འདིས་དོན་འཇལ་བས་ན་ཚད་མ་ཡིན་ལ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །སླུ་བ་མེད་པའི་ཤེས་པ་ནི་འཇིག་རྟེན་ན་ཡང་དག་པའི་ཤེས་པར་བརྗོད་ལ། ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་དག་ལ་མི་སླུ་བ་ཉིད་ཡོད་པ་ཡང་མ་ཡིན་ཏེ་ཤིང་སྐམ་མམ་མི་ཡིན་སྙམ་པའི་ཤེས་པ་དང༌། སྨིག་རྒྱུ་ལ་ཆུའི་རྣམ་པར་ཤེས་པ་བཞིན་ནོ། །དེའི་སྤྱོད་ཡུལ་སྔར་མེད་པ་ཡིན་པས་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །སྤྱོད་ཡུལ་ནི་ཡུལ་དེ་བུམ་པ་ལ་སོགས་པ་ཡིན་ལ། །དེ་ལས་སྐྱེས་པ་དེའི་དོན་ཐོབ་པར་རུང་བའི་ཤེས་པ་ནི་ཚད་མའོ། །འོ་ན་གལ་ཏེ་ཤེས་པ་བྱེད་པ་པོ་དང་སྐྱེས་བུ་སྦྱར་བར་བྱ་བ་དང་དོན་ལས་སུ་གྱུར་པ་གང་གི་ཚེ་ཡན་ཐོབ་པར་མི་བྱེད་ན། དེ་ཐོབ་པར་བྱེད་པ་པོ་མ་ཡི་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཚད་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཤེས་པས་སྐྱེས་བུ་མགྲིན་པ་ནས་བཀུག་པའི་ཚུལ་དུ་སྟོབས་ཀྱིས་དོན་ལ་རབ་ཏུ་གཞུག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཇི་ལྟ་བུར་གྱུར་པ་འདི་དངོས་པོའི་རང་བཞིན་ཏེ། རྣམ་པ་གཞན་དུ་


DTG190_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ་ཞེས་པའི་རྣམ་པ་འདིས་ངེས་པ་བསྐྱེད་པར་བྱ་བ་མ་ཡིན་ཞིང་དེ་གལ་ཏེ་དེས་བྱས་ན་དེ་ཙམ་ཉིད་དེའི་ཚད་མ་ཡིན་པས་འགལ་བ་མེད་ལ་སྐྱེས་བུ་ནི་དེ་ལ་དགོས་པའི་དབང་ལས་འཇུག་པ་ཉིད་དེ་དགོས་པ་མེད་ན་མི་འཇུག་པ་ཉིད་དོ། །དོན་ཡང་རྣལ་འབྱོར་པ་དང་ཤ་ཟ་ལ་སོགས་པ་ཉིད་ཀྱིས་བསྒྲིབས་པ་ཉིད་དེ། ཤེས་པ་ལ་ནི་རིང་བ་ཅི་ཞིག་ཡོད། འོ་ན་མི་སླུ་བ་ཉིད་ཀྱིས་ཤེས་པ་ཚད་མ་ཡིན་ལ་མི་སླུ་བ་ཉིད་ཀྱང་མཐོང་བའི་དོན་ཐོབ་པར་བྱེད་པ་ལས་ཡིན་ན། གང་མཐོང་བ་དེ་ཐོབ་པར་བྱེད་པ་ཡང་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །གང་གཟུགས་མཐོང་ལ་རེག་བྱ་ཐོབ་པར་བྱེད་ན་ནི་དེའི་ཕྱིར་གཞན་མཐོང་ཞིག་གཞན་ཐོབ་པར་བྱེད་པས་རྟོགས་པ་མ་ཡིན་པ་འཐོབ་པར་བྱེད་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་དུ་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོར་ན་གཞན་ཐོབ་ཏུ་ཟིན་མོད། །འོན་ཀྱང་མཐོང་བ་ཁོ་ན་བདག་གིས་ཐོབ་པོ་སྙམ་དུ་གཅིག་ཉིད་དུ་ལྷག་པར་ཞེན་པ་ལས་རྟོགས་པ་ཐོབ་པར་བརྗོད་དོ། །གང་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པར་ཤེས་པ་དེ་ནི་དོན་ཐོབ་པར་རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར། ཚད་མ་མ་ཡིན་པ་ཁོ་ནའོ། །འོ་ན་འདི་ནི་ཐོབ་པར་བྱེད་པར་རུང་བའོ། །འདི་ནི་མ་ཡིན་ནོ་ཞེས་དོན་བྱ་བ་ནི་ཐོབ་པ་མེད་པར་ངེས་པར་ནུས་ལ་ཤེས་པ་སྐྱེ་བ་ཙམ་གྱིས་མ་འཁྲུལ་བ་དང༌། མ་འཁྲུལ་བ་དག་གིས་བྱེ་བྲག་མི་རྟོགས་པས་དེའི་ཕྱིར། །དེ་ཇི་ལྟར་ཡང་དག་པའི་ཤེས་པ་ཞེས་བྱ་བ་ཞེ་ན། སྐྱོན་འདི་ནི་མེད་དེ་ཤེས་པ་ཙམ་སྐྱེ་བ་ལས་འདི་དག་གི་ཁྱད་པར་རྟོགས་པར་མི་ནུས་མོད། འོན་ཀྱང་ཤེས་པའི་ཁྱད་པར་སྐྱེས་པ་ལས་ཏེ། ཇི་ལྟར་གཅིག་གི་ཁྱད་པར་ཅན་ཡིན་པ་དེ་ལྟར་བརྗོད་དོ། །དེ་ལྟར་ཡང་བློ་ཞན་པས་ནི་སྐྱེས་པའི་དབང་ལས་ཤེས་པ་མི་སླུ་བ་ཉིད་དུ་རྟོགས་པར་མི་ནུས་མོད། །འོན་ཀྱང་སྲེག་པ་དང་འཚེད་པ་དང༌། འབོགས་པ་དང༌། ཁྲུས་དང་བརྟུན་པ་དང༌། བསྐུ་བ་ལ་སོགས་པའི་དོན་བྱེད་པ་རིང་པོ་ནས་ཉམས་སུ་མྱོང་བའི་སྐྱེས་བུ་མཐོང་བས་སམ། དུ་བ་ཕྱུར་བ་ལ་སོགས་པ་མཐོང་བས་ངེས་པར་འཛིན་པར་བྱེད་དོ། །བློ་མི་ཞན་པས་ནི་ཤིན་ཏུ་གསལ་བའི་མངོན་སུམ་ཁོ་ནས་རྟོགས་པར་བྱེད་དོ། །འོན་གལ་ཏེ་དོན་བྱ་བ་ཐོབ་པས་ན་མི་སླུ་བའི་མཚན་ཉིད་ཅན་ཚད་


DTG190_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉིད་ཡིན་པ་དེའི་ཚེ་རྣ་བའི་རྣམ་པར་ཤེས་པ་རྟོགས་པའི་དོན་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། མ་ཡིན་ཏེ་དོན་གྱི་རང་གི་ངོ་བོ་རྟོགས་པ་ནི་ཚད་མ་ཉིད་ཡིན་ལ་དེ་ཡང་ཕྱིར་རོལ་གྱི་དོན་གྱི་བྱ་བ་ཐོབ་པ་མེད་པར་ཡང་འགའ་ཞིག་ཏུ་ཡང་སྲིད་པའི་ཕྱིར་རོ། །གང་གསུངས་པ། ཚད་མ་སླུ་མེད་ཅན་ཤེས་པ། །དོན་གྱི་བྱ་བ་གནས་པ་ནི། །མི་སླུ་ཞེས་སོ། །སྒྲ་ནི་མཉན་པ་ཙམ་ཉིད་ཀྱིས་དོན་དཔྱད་ཟིན་པ་ཉིད་ཀྱི་ཕྱིར་མྱང་པ་ཁོ་ན་དེར་དོན་གྱི་བྱ་བ་གནས་པ་སྟེ། དཔེར་ན་ཉི་མ་དང་ཟླ་བ་དང་སྤྲིན་དང་རི་མོ་ལ་སོགས་པ་རྣམས་མཐོང་བ་ཁོ་ན་དོན་གྱི་བྱ་བ་གནས་པ་ཡིན་པ་བཞིན་ནོ། །དེ་གསུངས་པ། ཤེས་བྱའི་རང་གི་ངོ་བོ་རིག་པ་ཁོ་ན་དེ་ལ་དོན་གྱི་བྱ་བ་གནས་པར་འདོད་དོ་ཞེས་སོ། །དང་པོ་ནི་རྟོག་པ་དང་ལྡན་པ་དོན་བྱ་བ་དོན་དུ་གཉེར་བ་ཉིད་ཀྱིས་ཆུ་དང་མེ་ལ་སོགས་པ་ལ་དོན་གྱི་བྱ་བ་ལ་ཐེ་ཚོམ་ཟ་བ་ཁོ་ནས་འཇུག་སྟེ། གལ་ཏེ་དེ་ལ་འདི་ལྟ་བུའི་ཐེ་ཚོམ་མེད་དུ་ཆུག་ཀྱང༌། འོན་ཀྱང་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །གང་གསུངས་པ། ཐེ་ཚོམ་འགྱུར་བ་གང་གིས་ཟློག་པར་བྱེད། །ཅེས་སོ། །དེའི་ཕྱིར་འདི་ནི་གནས་པ་ཉིད་དེ། དོན་གྱི་བྱ་བའི་ཐ་སྙད་རྟོགས་པ་བར་ཆད་མེད་པས་ཤིན་ཏུ་གསལ་བའི་མངོན་སུམ་སྐྱེས་པ་ཁོ་ན་ལས་དོན་ལ་རབ་ཏུ་འཇུག་ལ། བློ་ཞན་པས་ནི་དེ་དང་མཐུན་པའི་རྗེས་སུ་དཔག་པ་ལས་སོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །ཁ་ཅིག་ནི་གཞན་ལས་སོ། །རྣལ་འབྱོར་པའི་ཤེས་པ་དང་རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རང་ཉིད་ཁོ་ན་ལས་ཚད་མའོ་ཞེས་སློབ་དཔོན་གྱིས་གསུངས་སོ། །དེས་ན་དོན་ནི་འདི་ཡིན་ཏེ་གང་དང་པོ་ཁོ་ནར་ཡུལ་ལ་འཇུག་པའི་ཤེས་པ་ལ་དེ་ཁོ་ན་ཚད་མ་སྟེ་དེ་ཉིད་ལ་ཕྱིས་སྐྱེས་པའི་ཤེས་པ་གཞན་ནི་མ་ཡིན་ཏེ། བཟུང་ཟིན་པ་འཛིན་པ་ཉིད་ཀྱིས་དེའི་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །དཔེར་ན་རྟོགས་པ་དང་བྲལ་བས་བུམ་པ་མཐོང་ནས་ཕྱིས་ཡུལ་དེ་ཉིད་ལ་འདི་བུམ་པའོ་ཞེས་ལྷག་པར་ཞེན་པ་རྣམ་པ་རྟོག་པ་དང་བཅས་པའི་ཤེས་པ་དྲན་པའི་ངོ་བོའམ། ཡང་ན་ལ་ལ་སོགས་པ་ལ་དུ་བ་མཐོང་ནས་འདི་ན་


DTG190_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡོད་དོ་ཞེས་པའི་རྗེས་སུ་དཔག་པའི་ཤེས་པའི་དེ་མ་ཐག་ཏུ་སླར་ཡང་དེ་ཁོ་ན་ལ་འདི་ན་མེ་ཡོད་དོ་སྙམ་པའི་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །ཡང་དག་པའི་ཤེས་པ་ཚད་མའི་ཞེས་བརྗོད་པས་ན་ཤུགས་ལས་བེམས་པོའི་རང་བཞིན་དབང་པོ་ལ་སོགས་པ་ནི་ཡོངས་སུ་གཅོད་པར་བྱེད་པ་ཉིད་མེད་པའི་ཕྱིར་ཚད་མ་ཉིད་བསལ་ལོ། །ཡོངས་སུ་གཅོད་པར་བྱེད་པ་ཉིད་ནི་རྟོགས་པར་བྱེད་པ་པོ་ཉིད་ཡིན་ཞིང་དེ་ཡང་ཤེས་པ་ཁོ་ནའི་གཉུག་མའི་ངོ་བོ་ཡིན་ནོ། །དེ་ཤེས་པ་མ་ཡིན་པའི་བདག་ཉིད་དབང་པོ་ལ་སོགས་པའི་ངོ་བོར་འགྱུར་བར་འདི་ལྟར་འོས་ཞེས་པའོ། །དེ་རྣམས་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་པའོ། །དབང་པོ་སོ་སོ་བར་གྱུར་བ་ནི་མངོན་སུམ་མོ། །ཨཀྵ་ནི་དབང་པོ་སྟེ་མི་གདང༌། རྣ་བ་དང༌། སྣ་དང༌། ལྕེ་དང་ལུས་ཞེས་པའོ། །དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་མོ་ཞེས་པའི་དོན་ཏོ། །འོ་ན་གལ་ཏེ་དབང་པོ་ལ་བརྟེན་པའི་ཤེས་པ་མངོན་སུམ་མ་ཡིན་ན་དེའི་ཚེ་ཡིད་ལ་སོགས་པར་འཆད་པར་འགྱུར་བའི་ཤེས་པ་གསུམ་པོ་དབང་པོ་ལས་མ་སྐྱེས་པའི་ཕྱིར་མངོན་སུམ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པར་བྱ་བ་སྟེ། དབང་པོ་སོ་སོར་གྱུར་པ་ཞེས་གང་བརྗོད་པ་དེ་ནི་མངོན་སུམ་གྱི་སྒྲའི་བཤད་པའི་རྒྱུ་མཚན་དུ་རྟོགས་པར་བྱས་པ་ཡིན་ལ། མངོན་སུམ་གྱི་སྒྲའི་འཇུག་པའི་རྒྱུ་མཚན་ནི་དོན་མངོན་དུ་བྱེད་པ་ཁོ་ན་ལ་གྲགས་པའི་དབང་ལས་རྟོགས་པར་བྱ་སྟེ། འདམ་སྐྱེས་བཞིན་ནོ། །དེའི་ཕྱིར་རང་རིག་པ་ལ་སོགས་པ་ཡང་ཤེས་པའི་རང་རིག་པའི་ངོ་བོ་དང་དོན་མངོན་སུམ་དུ་བྱེད་པས་ན་མངོན་སུམ་གྱི་སྒྲའི་བརྗོད་པར་བྱ་བ་གྲུབ་བོ། །འདིས་དོན་དཔོག་པར་བྱེད་པས་ན་དཔོག་པ་ཡིན་ལ། །རྗེས་སུ་ནི་ཕྱིས་ནས་ཀྱི་དོན་ལ་སྟེ། ཕྱིས་འཇལ་བ་ནི་རྗེས་སུ་དཔག་པ་སྟེ། རྟགས་བཟུང་བ་དང་རྟགས་ཅན་གྱི་འབྲེལ་བ་དྲན་པ་དག་གིས་རྗེས་སུ་ཤེས་པ་གང་ལ་ལ་སོགས་པའི་ཆོས་ཅན་ལ་ལྐོག་གྱུར་གྱི་དངོས་པོ་དམིགས་པར་བྱེད་པ་དེ་ཁོ་ན་རྗེས་སུ་དཔག་པའི་སྒྲས་བརྗོད་པར་བྱའོ་ཞེས་པ་གྲགས་པའི་དབང་ལས་རྟོགས་པར་བྱའོ། །རྣམ་པ་གཉིས་ཞེས་བྱ་བའི་ཚིག་གིས་གཅིག་དང༌། གསུམ་དང༌། བཞི་དང༌། ལྔ་དང་དྲུག་ཅེས་ལོག་པར་རྟོགས་པ་རྣམས་བསལ་ལོ། །


DTG190_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ནི་མངོན་སུམ་གཅིག་པུ་ཁོ་ན་ཚད་མའོ་ཞེས་ཙཱ་རྦཱ་ཀའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བའོ། །ཞེས་གྲངས་ཅན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲས་ལས་བྱུང་བ་དང་ཉེ་བར་འཇལ་ལོ་ཞེས་རིག་པ་ཅན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བའོ་ཞེས་འོད་བྱེད་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་དང་དངོས་པོ་མེད་པའོ་ཞེས་དཔྱོད་པ་པའོ། །རྣམ་པ་གཉིས་ཞེས་པའི་ཚིག་གིས་གཉིས་ཉིད་དུ་ཐོབ་པ་ལ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་སླར་ཡང་བརྗོད་པ་ནི་དེ་ལས་རྣམ་པ་གཞན་དུ་གཉིད་ཉིད་བསལ་བའི་དོན་དུ་སྟེ། དེ་ལྟར་ནི་བརྡ་སྤྲོད་པ་ན་རེ་མངོན་སུམ་དང་སྒྲ་ལས་བྱུང་བའི་ཚད་མ་གཉིས་སོ་ཞེས་ཟེར་རོ། །དེ་ལ་ཙཱརྦཱ་ཀས་ཀྱང་རྗེས་སུ་དཔག་པ་ཚད་མ་ཉིད་དུ་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་རྟོགས་པར་བྱ་སྟེ། དེ་ལྟར་ནི་ངེས་པར་མངོན་སུམ་གྱི་མཚན་ཉིད་གཞན་གྱིས་རྟོགས་པའི་ཆེད་དུ་བྱེད་ལ། གཞན་གྱི་བློ་ཡང་མངོན་སུམ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ལུས་དང་ངག་གི་བྱ་བའི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་སྟེ་དེའི་ཕྱིར་འདིས་འབྲས་བུའི་རྟགས་ལས་སྐྱེས་པའི་རྗེས་དཔག་ནན་གྱིས་ཁས་བླང་བར་འགྱུར་རོ། །འཇིག་རྟེན་ཕ་རོལ་དགག་པའི་ཆེད་དུ་ཡང་མི་དམིགས་པ་ན་ཞེས་བྱ་བ་སྒྲུབ་པར་བྱེད་པར་སྨྲ་སྟེ། དེའི་ཕྱིར་འདི་རང་ཉིད་རྗེས་སུ་དཔག་པས་ཐ་སྙད་བྱེད་ཅིང་རྗེས་སུ་དཔག་པ་ཚད་མ་མིན་ནོ་ཞེས་སྨྲ་བ་ཇི་ལྟར་བསྙོན་པ་མ་ཡིན། སྒྲ་ལས་བྱུང་བའི་ཤེས་པ་ཡང་ཕྱི་རོལ་གྱི་དོན་ལ་མི་སླུ་བ་ཉིད་ཀྱིས་ཚད་མར་འདོད་པར་བྱ་བ་ཡིན་ལ། མི་སླུ་བ་ཉིད་ཀྱང་འབྲེལ་བ་མེད་པར་འཐད་པ་མ་ཡིན་ཞིང༌། སྒྲ་རྣམས་ཕྱི་རོལ་གྱི་དོན་ལ་འབྲེལ་བ་ཡོད་པ་ཡང་མ་ཡིན་ནོ། །དེ་ལྟར་ནི་སྒྲ་དང་དོན་དག་ལ་འབྲེལ་བ་ཡོད་ན་དེའི་བདག་ཉིད་དམ་དེ་ལས་འབྱུང་བར་འགྱུར་གྲང་ན། དེ་ལ་རེ་ཞིག་དེའི་བདག་ཉིད་ནི་མ་ཡིན་ཏེ། སྒྲ་དང་དོན་དག་ཤིན་ཏུ་ཐ་དད་པར་སྣང་བའི་ཕྱིར་རོ། །དེའི་བདག་ཉིད་ནི་གཅིག་ཉིད་དུ་བརྗོད་ལ། ཐ་དད་པར་སྣང་བ་ནའང་གཅིག་ཉིད་དུ་ཁས་ལེན་ན་བ་ལང་དང་རྟ་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །


DTG190_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བ་ཡང་མ་ཡིན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལས་བྱུང་བའོ་ཞེས་སྨྲ་བར་མི་ནུས་སོ། །དེ་ལྟར་ནི་སྒྲའི་བྱ་བ་མེད་པར་ཡང་རང་གི་རྒྱུ་འཇིམ་པའི་གོང་བུ་དན། དབྱུག་པ་དང༌། ཆུ་དང༌། འཁོར་ལོ་ལ་སོགས་པའི་སྐབས་ལས་བུམ་པ་ལ་སོགས་པའི་དོན་སྐྱེ་བ་མཐོང་ཞིང་སྒྲ་ཡང་ཕྱི་རོལ་གྱི་དོན་མེད་པར་ཁོ་ནར་སྐྱེས་བུའི་འདོད་པ་ཙམ་གྱིས་རྐན་ལ་སོགས་པའི་བྱ་བ་ཁོ་ན་ལས་སྐྱེའོ། །འོན་ཏེ་འདི་ལྟར་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ལས་གཞན་པ་ཁོ་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་བ་དངོས་པོ་སྒྲ་དང་དོན་དག་ལ་ཡོད་དོ་ཞེ་ན། དེ་ལྟ་ན་འོ་ན་བརྡ་མི་ཤེས་པའི་སྐྱེས་བུས་ཀྱང་སྒྲ་བརྗོད་པ་ལས་རུང་ཙམ་ཁོ་ནས་སྒྲོན་མ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་རྟོགས་པ་ལྟར་དོན་ངེས་པར་རྟོགས་པར་འགྱུར་པ་ཞིག་ན་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་ནཱ་ལི་ཀཻ་རའི་གླིང་ནས་མངོན་པར་གསར་དུ་འོངས་པའི་སྐྱེས་བུ་ཨངིའི་སྒྲ་ཐོས་ཀྱང་ཨངིའི་སྒྲ་ལས་དོན་ངེས་པ་ཅི་ཡང་མི་རྟོགས་སོ། །འོན་ཏེ་བརྡ་དེ་དན་དེ་ལ་ལྟོས་ནས་དེ་དང་དེ་དང་རྟོགས་པར་རུང་བའི་འདི་ཁོ་ན་སྒྲ་སྐྱེས་པ་ཞེས་བརྗོད་དོ་ཞེ་ན་དེ་ནི་མ་ཡིན་ཏེ། དེ་ལྟར་འདི་ཚད་མ་ཉིད་དུ་གནས་པ་མ་ཡིན་ཏེ། བརྡ་ཐམས་ཅད་དུ་རུང་བའི་ཕྱིར་རོ། །དེའི་ཕྱིར་ཅི་བརྗོད་པར་འདོད་པའི་དོན་སྨྲ་བའམ། འོན་ཏེ་གཞན་ཞིག་ཤེས་པར་མི་འགྱུར་རོ། །འབྲེལ་བ་གཞན་འགའ་ཞིག་ཁོ་ན་ཡོད་ཀྱང་སླ་སྟེ། དེ་ལྟ་ན་ཡང་དེ་ཡང་འབྲེལ་བ་ཅི་ཞིག་གིས་དེ་དག་གི་འབྲེལ་བ་ཡིན་ཞེས་དྲི་བར་བྱའོ། །འབྲེལ་བ་བཞི་པ་གཞན་གྱིས་སོ་ཞེ་ན། བཞི་པ་ཡང་དེ་རྣམས་ལ་འབྲེལ། གང་གིས་འབྲེལ། ལྔ་པ་འགའ་ཞིག་གིས་སོ་ཞེ་ན། དེ་ཡང་གང་གིས་ཞེས་པ་སྟེ། ཐུབ་པ་མེད་པ་ལ་ཕྱི་མ་མ་གྲུབ་ན་སྔ་མ་རྣམས་མི་འགྲུབ་བོ། །ཅི་སྟེ་འབྲེལ་བ་མེད་པ་ཁོ་ན་སྒྲ་དང་དོན་དག་གི་འབྲེལ་བའོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་འབྲེལ་བ་མེད་པ་དེ་འབྲེལ་བར་ཇི་ལྟར་འགྱུར་ཏེ། བུམ་པ་དང་སྣམ་བུ་བཞིན་ནོ། །འོན་ཏེ་འབྲེལ་བའི་རང་བཞིན་འདི་འདྲ་བ་ཁོ་ན་སྟེ། གང་གི་འབྲེལ་བ་གཞན་ལ་ལྟོས་པ་མེད་པ་ཁོ་ནར་ཕ་རོལ་པོ་སྦྲེལ་བར་བྱེད་པའོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ནི་མི་རིགས་ཏེ། ཚད་མ་གྲུབ་པའི་རང་བཞིན་


DTG190_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནི། ལན་བརྗོད་པར་མི་བྱའོ། །ཕྱི་མ་རྗོད་པར་བྱེད་པར་མི་འགྱུར་ཏེ། དཔེར་ན་མེ་ཁོ་ནའི་རང་བཞིན་འདི་འདྲ་བ་སྟེ། སྲེག་པར་བྱེད་པ་ཉིད་ཅེས་བྱ་བ་ཡིན་ལ། གཞན་ནམ་མཁའ་ལ་སོགས་པ་མ་ཡིན་པ་བཞིན་ནོ། །འབྲེལ་བ་གྲུབ་ན་ནི་ཚད་མ་དམ་ཅུང་ཟད་ཀྱང་རྟོགས་པ་པོ་རྣམས་ཀྱིས་མ་མཐོང་ངོ༌། །སྒྲའི་ནུས་པའི་རང་བཞིན་ཉིད་ཁོ་ན་ལས་སྒྲ་རྣམས་ངེས་པའི་དོན་ལ་འཁྲུལ་བ་མེད་པ་ཉིད་དོ་ཞེས་པ་འདི་བརྗོད་པར་བྱ་བ་ཡང་མ་ཡིན་ཏེ། དེ་ལྟར་ནི་གལ་ཏེ་བུམ་པ་ཞེས་པའི་སྒྲ་འདི་རང་བཞིན་ཁོ་ན་ལ་ལྟོ་བ་དང༌། མགྲིན་པའི་རྣམ་པ་ཆུ་འཛིན་པར་ནུས་པའི་དངོས་པོ་རྗོད་པར་བྱེད་པ་ཡིན་ན། དེ་ཇི་ལྟར་བརྡ་གཞན་ལ་ལྟོས་ནས་སྐྱེས་བུའི་འདོད་པས་རྟ་ལ་སོགས་པ་ཡང་རྗོད་པར་བྱེད། སཱ་ལའི་ས་བོན་ནི་རང་གི་རྒྱུ་ལས་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་དུ་སྐྱེས་པས་ན་བརྡ་གཞན་ལ་ལྟོས་ནས་བུམ་པ་སྐྱེ་དང་ནུས་པར་འགྱུར་བ་མ་ཡིན་ནོ། །ཡིད་ཆེས་པས་བྱས་པའི་སྒྲ་རྣམས་ཚད་མ་ཉིད་དུ་འདིར་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཡིད་ཅེས་པ་ཉིད་ཁོ་ན་ངེས་པར་མི་ནུས་པའི་ཕྱིར། དེ་ལྟར་ནི་ཡིད་ཆེས་པ་ཉིད་ནི་སྐྱོན་ཟད་པ་ཉིད་དུ་རྗོད་ལ། སྐྱོན་ཟད་པ་ཉིད་ཀྱང་ཕ་རོལ་པོའི་སེམས་ཀྱི་འཇུག་པ་འགའ་ཞིག་ཏུ་བརྗོད་ཅིང༌། ཕ་རོལ་པོའི་སེམས་ཀྱི་འཇུག་པ་རྣམ་ཀྱང་མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ལུས་དང་ངག་གི་བྱ་བ་ལ་སོགས་པ་འབྲས་བུའི་རྟགས་ནི་རྣམ་པ་གཞན་དུ་ཡང་འཇུག་ཚུལ་སྟོན་པའི་ཕྱིར་རོ། །འདོད་ཆགས་དང་བཅས་པ་རྣམས་ཀྱང་འདོད་ཆགས་དང་བྲལ་བ་ལྟ་བུ་བུར་བྱེད་དོ་ཞེས་པའི་རིགས་པ་ལས། ཇི་ལྟར་ཡིད་ཆེས་པ་ཉིད་ངེས་པར་བྱེད་ཅེས་པའོ། །འབྲེལ་བའི་སུན་ཕྱུང་བས་རིག་བྱེད་ཀྱི་སྒྲ་རྣམས་ཚད་མ་ཉིད་ཀྱང་བསལ་བས་ན་ལོག་པར་མ་བརྗོད་དོ། །དེ་ལྟ་ན་གང་ཐེ་ཚོམ་མེད་པའི་འཇིག་རྟེན་པའི་ཐ་སྙད་ཇི་ལྟར་ཡིན་ཞེ་ན། དེ་ལྟ་དེ་ལྟར་བརྡ་བྱས་པ་བརྗོད་པར་འདོད་པའི་དབང་ལས་དེ་ཅི་ཡང་ཉམས་པ་མེད་དོ། །ཇི་སྐད་དུ་གསུངས་པ། སྒྲ་རྣམས་མེད་པ་སྨྲ་བ་པོའི་བསམ་པ་བསལ་བར་བྱེད་དོ་ཞེས་སོ། །རིགས་པ་ཅན་པའི་ཉེ་བར་འཇལ་བ་ཚད་མ་ཡིན་པའི་སྤྲོས་པ་ནི། གང་རྟོགས་པ་པོ་བ་ལང་ཤེས་ཤིང་པ་མེན་མ་ཡིན་པ་དེ་ལ་ཇོ་བོས། །དགོན་པར་སོང་ལ་བ་མེན་འོ་ན་ཅིག་ཅེས་བསྒོ་ལ། དེས་ཀྱང་བ་མིན་གྱི་སྒྲའི་


DTG190_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱའི་དོན་མི་ཤེས་པས། ནགས་ན་སྤྱོད་པའམ། གཞན་དེ་ཤེས་པའི་སྐྱེས་བུ་ལ་དྲིས་པ། ཀྱེ་སྤུན་བ་མེན་ཇི་ལྟ་བུ་ཞེས་སོ། །དེས་སྨྲས་པ། བ་ལང་ཅི་འདྲ་བ་དེ་འདྲ་བ་མིན་ནོ་ཞེས་སོ། །དེ་དགོན་པར་སླེབས་བ་བཏང་བ་སྐྱེས་བུ་དེའི། །བསྟན་པའི་ངག་གི་དོན་དྲན་པའི་ལྷན་ཅིག་བྱེད་པ་ཅན་བ་མེན་དང་རྗེས་སུ་མཐུན་པ་ཤེས་པ་བྱེད་པ་པོ་འདི་བ་མེན་གྱི་སྒྲའི་བརྗོད་པར་བྱ་བའོ་ཞེས་རྟོགས་པ་འབྲས་བུའི་རང་བཞིན་སྐྱེས་པ་ཚད་མའོ་ཞེའོ། །འདི་ཡང་མི་རིགས་ཏེ་གང་གི་ཕྱིར་ཚད་མ་ཞེས་པ་ནི་ཡུལ་དང་ལྡན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། འདིའི་ཡུལ་ཡང་མཁས་པས་དཔྱད་པར་འགྱུར་ཀྱང་མཐོང་བ་མ་ཡིན་ནོ། །དེ་ལྟར་ཡང་མཚུངས་པ་ཞེས་བྱ་བའི་འབྲེལ་པ་དེའི་ཡུལ་དུ་བརྗོད་ན། དེ་ཡང་དོན་དམ་པར་མེད་དོ། །དེ་ལྟར་རུང་བ་ཉིད་ཡིན་ན་མི་དམིགས་པས་གནོད་ལ། བལྟ་བར་མི་རུང་བ་ཉིད་ཡིན་ན་དེའི་ཡོད་པའི་སྒྲུབ་བྱེད་ཚད་མ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་འབྲེལ་བ་དེ་ཡང་འབྲེལ་བ་ཅན་དག་ལས་ཐ་དད་པའམ་ཐ་དད་པ་མ་ཡིན་པ་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་འབྲེལ་བ་གང་གིས་དེ་དག་གི་འབྲེལ་བ་ཡིན་ཞེས་བརྗོད་པར་བྱ་སྟེ་འབྲེལ་བ་གཞན་རྟོག་ན་ནི་ཐུག་པ་མེད་དོ། །ཅི་སྟེ་ཐ་མི་དད་ན། དེའི་ཚེ་འབྲེལ་བ་ཅན་དག་འབའ་ཞིག་ཁོ་ན་སྟེ། མཚུངས་པ་ཞེས་བྱ་བའི་འབྲེལ་བ་འགའ་ཞིག་ནི་མེད་དོ། །འོན་ཏེ་འདི་ལྟ་བུའི་འབྲེལ་བའི་བློ་སྐྱེད་པར་བྱེད་པ་ཉིད་འབྲེལ་བའོ་ཞེ་ན། དེ་ནི་མ་རིགས་ཏེ་གང་གི་ཕྱིར་འདི་དག་འབྲེལ་བའོ་ཞེས་པའི་བློ་ནི་རང་གི་རྒྱུའི་སྟོབས་ལས་འབྲེལ་ཟིན་པའི་དངོས་པོ་གཉིས་ལས་ཀྱང་ཡང་དག་པར་འབྱུང་སྟེ་འབྲེལ་བ་འཕེན་པའི་མཐུན་ནི་མེད་དོ། །དེ་ལྟར་སྤྱོད་པ་ལས་བཤད་པའི་ཚད་མ་ཉིད་བསལ་བར་བྱའོ། །དེ་ལྟར་ནི་འདྲ་བའི་ཁྱད་པར་ཅན་གྱི་གོང་བུའི་ཁྱད་པར་ཅན་གྱི་འདྲ་བ་ཉེ་བར་འཇལ་བའི་ཡུལ་དུ་དེས་བརྗོད་ལ། འདྲ་བའི་དངོས་པོ་ལས་གཞན་དུ་འདྲ་བ་ཉིད་རྣམ་པར་གཞག་པར་མི་ནུས་ཏེ། ཚད་མ་རྟོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་གལ་ཏེ་འདྲ་བ་ལས་གཞན་པའི་འདྲ་བ་ཉིད་འགྱུར་བ་དེའི་ཚེ་འདི་སྣང་དུ་རུང་བ་མི་དམིགས་པས་ཉམས་པ་ཁོ་ནར་འགྱུར་གྱི། ཅི་སྟེ་སྣང་དུ་མི་རུང་བ་ཡིན་ན། དེའི་ཚེ་དེ་དང་འབྲེལ་བའི་རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ལ་སོགས་པའི་སྐབས་ལས་ཀྱང་དེ་ཇི་


DTG190_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲུབ། འདྲ་བའི་རྟོགས་པ་ནི་རང་གི་རྒྱུ་ལས་དེ་ལྟར་སྐྱེས་པ་དང་འདྲ་བའི་དངོས་པོས་ཀྱང་བྱ་བ་འཐད་དོ་ཞེས་པས་དེའི་རྟོགས་པ་ལས་ཀྱང་དེ་གྲུབ་པར་རིགས་པ་མ་ཡིན་ནོ། །ཉེ་བར་འཇལ་བ་ཁོ་ན་ལས་འདྲ་བ་ཉིད་གྲུབ་པོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཚད་མ་གཞན་གྱིས་གྲུབ་པའི་འདྲ་བའི་གོང་བུ་ག་གི །གང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་དེ་ཉེ་བར་འཇལ་བའི་ཡུལ་ཉིད་དུ་རྒོལ་བ་དེས་བརྟགས་ཏེ། དེའི་ཕྱིར་འདྲ་བ་ཉིད་ཙམ་ཉེ་བར་འཇལ་བ་ལས་ཇི་ལྟར་གྲུབ་ཅེས་པའོ། །དོན་གྱིས་གོ་བ་ཡང་ཚད་མ་ལ་སོགས་པ་ཉིད་དུ་འཐད་པ་མི་ཡིན་ཏེ། དེ་ལྟར་ནི། གང་མངོན་སུམ་ལ་སོགས་པ་ལས་རྟོགས་པའི་དོན་དེ་གང་མེད་ན་འཐད་པ་མ་ཡིན་པའི་དོན་དེ་ཡོངས་སུ་རྟོགས་པ་ནི་དོན་གྱིས་གོ་བའོ་ཞེས་པ་དོན་གྱིས་གོ་བའི་མཚན་ཉིད་དོ། །འདིར་འདི་བསམ་པར་བྱ་སྟེ། གང་འདི་ཚད་མས་མཐོང་བའི་དོན་ཏེ། གལ་ཏེ་ཡོངས་སུ་བརྟག་པར་བྱ་བའི་ལྐོག་ཏུ་གྱུར་བའི་དོན་དང་ལྷན་ཅིག་བདག་ཉིད་ཀྱི་མཚན་ཉིད་དམ་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ་འགའ་ཞིག་ཡོད་ན་དེའི་ཚེ་རྟོག་པ་འདི་རང་བཞིན་གྱི་རྟགས་ལས་སྐྱེས་པའམ་འབྲས་བུ་རྟགས་ལས་སྐྱེས་པའི་ཕྱིར་རོ། །དོན་གྱིས་གོ་བར་རྗེས་སུ་དཔག་པ་ཁོ་ནའོ། །འོན་ཏེ་འབྲེལ་བ་མེད་ན་ད་ནི་དོན་གྱིས་གོ་བར་ཚད་མ་ཉིད་དུ་མི་འགྱུར་ཏེ། འབྲེལ་བ་མེད་པའི་ཕྱིར་བུམ་པ་ལས་སྣམ་བུ་རྟོགས་པ་བཞིན་ནོ། །དངོས་པོ་མེད་པའི་རང་གི་ངོ་བོ་ཉིད་རེ་ཞིག་མ་དམིགས་ཏེ། ཅི་ལས་དེ་ཚད་མ་ཉིད་དུ་འགྱུར། །དེ་ལྟར་ནི་མངོན་སུམ་ལ་སོགས་པའི་ཚད་མ་རྣམས་མི་སྐྱེ་བ་དངོས་པོ་མེད་པ་ཞེས་བྱ་བའི་ཚད་མར་སྤྱོད་པ་པ་རྣམས་ཀྱིས་བརྗོད་དེ། དེ་ལ་མི་སྐྱེ་བ་འདི་ཅི་ཞིག །ཅི་མི་དགག་པའི་ཚུལ་གྱིས་ཚད་མ་མི་སྐྱེ་བ་ཙམ་མམ། འོན་ན་ཏེ་མ་ཡིན་པར་དགག་པའི་ཚུལ་གྱིས་དངོས་པོ་གཞན་ཞིག་ཡིན། དངོས་པོ་གཞན་པ་ཡང་བེམས་པོའི་རང་བཞིན་ནམ་ཤེས་པའི་རང་བཞིན་ཡིན། ཤེས་པ་ཤེས་པ་ཙམ་མ་མ་ཤེས་པ་གཅིག་ལ་འདྲེས་པའི་དངོས་པོའི་ཤེས་པ་ཡིན། དེ་ལ་རེ་ཞིག་དངོས་པོ་མེད་པར་དགག་པའི་ངོ་བོར་རིགས་པ་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཡོངས་སུ་གཅོད་པར་བྱེད་པ་ཉིད་དམ་ཤེས་པ་སྐྱེད་


DTG190_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཉིད་དུ་འགྱུར། དེ་ཉིད་ཀྱི་ཕྱིར་ཅི་ཞིག་གིས་ཀྱང་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །མཁས་པའི་ཆོགས་ཀྱི་གཙུག་གི་ནོར་བུས་གང་གསུངས་པ། དངོས་པོ་མེད་པ་ནི་ཅི་ཞིག་གི་ཡང་སྒྲུབ་པར་བྱེད་པའམ་སྒྲུབ་པར་བྱེད་པའི་རྒྱུ་མ་ཡིན་ཏེ། དེའི་ཡང་སྒྲུབ་པར་བྱེད་པ་ཇི་ལྟར་ཡིན་ཞེས་སོ། །བེམས་པོའི་ངོ་བོ་ཡང་མ་ཡིན་ཏེ། བེམས་བོ་ལ་ཡོངས་སུ་དཔྱོད་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ། །བེམས་པོའི་ངོ་བོ་ཤིང་རྟ་ལ་སོགས་པ་ནི་བུམ་པ་ཡོངས་སུ་གཅོད་པར་བྱེད་པ་འགར་ཡང་མཐོང་བའམ་ཐོས་པ་མེད་དོ་ཞེས་སོ། །ཤེས་པ་ཙམ་ཡང་མ་ཡིན་ཏེ། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བ་རི་རབ་ཙམ་དང་འཁོར་ལོས་སྒྱུར་བ་དང་ཤ་ཟ་ལ་སོགས་པ་ཡང་ཤེས་པ་ཙམ་ཡིན་པའི་དངོས་པོ་མེད་པའི་ཆད་མ་འམ་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཤེས་པ་གཅིག་གིས་ཞར་བྱུང་སྟེ། སའི་གཞི་ལ་སོགས་པའི་དངོས་པོ་ཤེས་པ་དངོས་པོ་མེད་པར་བརྗོད་དོ་ཞེ་ན། དེའི་ཚེ་མངོན་སུམ་གྱི་ཁྱད་པར་ཁོ་ན་དངོས་པོ་མེད་པའི་མིང་དུ་བྱས་པའི་ཕྱིར་འུ་ཅག་ལ་མི་མཐུན་པ་ཅི་ཡང་མེད་དོ་ཞེས་པའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་རྣམ་པ་གཉིས་ཁོ་ནའོ་ཞེས་པ་འདི་གནས་སོ། །དེ་ལ་མངོན་སུམ་རྟོག་བྲལ་མ་འཁྲུལ་པའོ། །སྔ་མ་དང་ཕྱི་མ་དག་བསྡོམས་ནས་སྒྲ་དང་འདྲེས་པའི་རྣམ་པའི་རྟོག་པའམ་ནང་གི་བརྗོད་པའི་རྣམ་པ་ནི་རྟོགས་པ་སྟེ། དཔེར་ན་རྣམ་པར་ཤེས་པ་དང་ལྡན་པའི་སྐྱེས་བུའི་འདི་བུམ་པའོ་ཞེས་པའི་རྟོགས་པ་བཞིན་ནོ། །བྱིས་པ་དང་ལྐུགས་པ་དང་དུད་འགྲོ་ལ་སོགས་པ་རྣམས་ཀྱི་ནང་གི་བརྗོད་པའི་རྣམ་པ་ལྷུར་བྱེད་པའི་ངོ་བོའི་རྟོགས་པའོ། །དེ་ལྟར་ཡང་གསུངས་པ། བརྗོད་པ་དང་འདྲེར་རུང་བར་སྣང་བའི་རྟོགས་པ་ནི་རྟོགས་པའོ་ཞེས་སོ། །འོ་ན་བྱིས་པ་ཆུང་དུ་ལ་སོགས་པ་རྣམས་ལ་ནང་གི་བརྗོད་པའི་རྣམ་པ་ཅན་གྱི་རྟོག་པའི་ཤེས་པ་ཡོད་དོ་ཞེས་གང་ལས་ངེས་པར་བྱ་ཞེ་ན། རྣམ་པར་རྟོག་པའི་བྱ་བ་ལས་འདོད་པ་དང་མི་འདོད་པ་ལེན་པ་དང་འདོར་པའི་ཕྱིར་རོ། །བྱིས་བ་ཆུང་ངུ་ལ་སོགས་པས་འདོད་པའི་དོན་ལེན་པ་དང་མི་འདོད་པའི་དོན་གཏོང་བ་ཞེས་བྱ་བའི་འདི་ནི་མཐོང་བ་ཡིན་ནོ། །བྱིས་པ་ཆུང་ངུ་ལ་སོགས་པའི་རྣམ་པར་ཤེས་པ་རྟོག་པ་ཉིད་དུ་གསལ་བར་བྱས་པས་


DTG190_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བྷཊྚའི་ས་བརྗོད་པའི་མིག་གི་ཤེས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་བསྒྲུབས་ན། ཡང་ཅིའི་ཕྱིར་རྟོགས་པ་དང་འཁྲུལ་པའི་བདག་ཉིད་ཀྱི་ཤེས་པ་མངོན་སུམ་མ་ཡིན་པར་འགྱུར་ཞེ་ན་མ་ཡིན་ཏེ། དངོས་པོའི་རང་བཞིན་ངོ་བོ་མངོན་སུམ་དུ་བྱེད་པའི་ཤེས་པ་ནི་མངོན་སུམ་ཞེས་ཐམས་ཅད་ལ་གྲགས་ཤིང༌། རྟོགས་པ་དང་འཁྲུལ་པ་དག་དོན་གྱི་རང་གི་ངོ་བོ་མངོན་དུ་བྱེད་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟར་ནི་དོན་འཛིན་པའི་ཤེས་པ་ནི་དོན་གྱི་འབྲས་བུ་སྟེ། དོན་ཡང་གཟུང་བྱ་ཉིད་ཀྱི་ཕྱིར་ཤེས་པའི་རྒྱུའོ། །ཇི་སྐད་དུ་གསུངས་པ། ཤེས་ལ་རྣམ་པ་ནི། འཇོག་པར་ནུས་པའི་རྒྱུ་ཉིད་ལ། །གཟུང་བར་རིག་པ་ཤེས་པས་རིག །ཅེས་སོ། །རྟོག་པའི་ཤེས་པ་ནི་དོན་མེད་པར་བག་ཆགས་ཙམ་ཁོ་ན་ལས་སྐྱེས་པས་ནི་ཇི་ལྟར་དོན་གྱི་འབྲས་བུར་འགྱུར་ཏེ། དོན་དང་ལྷན་ཅིག་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །གང་ཞིག་གང་མེད་པར་འབྱུང་བ་དེ་དེའི་འབྲས་བུ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་རྟོགས་པའི་ཤེས་པ་དོན་ལ་ཉེ་བར་སྐྱེ་ན། དེའི་ཚེ་དེས་ཀྱང་བུམ་པ་ལ་སོགས་པའི་དོན་མཐོང་ལ། དེའི་ཕྱིར་ལོང་བས་ཀྱང་གཟུགས་མཐོང་བར་འགྱུར་བར་ཐལ་བར་འགྱུར་ཞིང་ཡོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒྲ་ལས་བྱུང་བའི་བློ་ལས་ནི་མངོན་སུམ་བཞིན་དུ་དོན་སྣང་བ་མེད་པའི་ཕྱིར་རྟོགས་པའི་ཤེས་པ་ལ་དོན་མངོན་དུ་བྱེད་པ་ཉིད་མེད་དོ་ཞེས་སོ། །འདིས་ནི་གང་ཕ་རོལ་པོས་བརྗོད་པའི། །སྒྲ་ཡི་རྗེས་འགྲོ་ལས་གཞན་གང༌། །རྟོགས་ཏེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །རྗེས་སུ་ལྡན་པ་ཁོ་ནར་སྣང༌། །ཞེས་པ་དེ་བསལ་བ་ཡིན་ནོ། །དེ་ལྟར་ནི། མདུན་ན་ཡོད་པའི་བུམ་པ་བརྗོད་བཞིན་པ་ན། །དེ་དང་ཉེ་བ་ན་ཡོད་པའི་སའི་མཐིལ་ལ་སོགས་པའི་ཤེས་པ་བརྗོད་པ་དང་བྲལ་བ་ཉམས་སུ་མྱོང་བ་ཉིད་དོ། །དེ་ལྟར་དེའི་ཚེ་སྒྲའི་རྗེས་སུ་འགྲོ་བ་ཡོད་པ་ཡང་མ་ཡིན་ནོ། །རྣམ་པར་རྟོག་ཉིད་ཅིག་ཅར་མེད། །ཅེས་པའི་རིགས་པ་ལས་སོ། །འཁྲུལ་པའི་ཤེས་པ་ཡང་དོན་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། །འཁྲུལ་པའི་དོན་བྱ་བ་ནུས་པའི་དངོས་པོ་ལ་ཕྱིན་ཅི་ལོག་པར་བརྗོད་ཅིང༌། དོན་བྱ་བ་ནུས་པ་ཡང་དངོས་པོའི་རང་གི་ངོ་བོ་ཡུལ་དང་དུས་དང་རྣམ་པར་ངེས་པ་ཡིན་ན། དེའི་ཕྱིན་


DTG190_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་ཏུ་སྣང་བའི་འཁྲུལ་པའི་ཤེས་པས་ཇི་ལྟར་མངོན་དུ་བྱེད། སློབ་དཔོན་གྱིས་གང་གསུངས་པ། རབ་རིབ་དང་མྱུར་དུ་བསྐོར་བ་དང་གྲུར་ཞུགས་པའི་འཁྲུལ་པ་ལ་སོགས་པས། འཁྲུལ་པ་མ་བསྐྱེད་པའི་ཤེས་པ་མངོན་སུམ་མོ་ཞེས་སོ། །འདིས་ནི་ལིང་ཏོག་ཅན་ལ་དུང་དཀར་པོ་ལ་སེར་པོར་སྣང་བའི་ཤེས་པ་དང༌། མགལ་མེ་བསྐོར་བ་ལ་སོགས་པ་ལ་འཁོར་ལོ་ལ་སོགས་པར་སྣང་བའི་ཤེས་པ་དང༌། འགྲོ་བཞིན་པའི་གྲུ་ལ་གནས་པའི་ཤིང་ལ་སོགས་པ་གཡོ་བར་འཛིན་པའི་ཤེས་པ་དང༌། ལུས་ཀྱི་གནད་མཚོན་གྱིས་བཅོམ་པའི་ག་བ་འབར་བ་ལ་སོགས་པར་སྣང་བའི་ཤེས་པ་མངོན་སུམ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འོ་ན་གལ་ཏེ་ཤེས་པ་དེ་མངོན་སུམ་མ་ཡིན་ན་ཇི་ལྟར་དེ་ལས་དངོས་པོ་ཐོབ་ཅེ་ན། དེ་ལས་དངོས་པོ་ཐོབ་པ་མིན་གྱི། འོ་ན་ཅི་ཞེ་ན་ཤེས་པ་གཞན་ཁོ་ན་ལས་སོ་ཞེས་ཁ་ཅིག་གོ །དེ་ནི་རྣམ་པ་བཞི་སྟེ། དབང་པོའི་ཤེས་པ་དང༌། ཡིད་དང་རང་རིག་པའི་རྣམ་འབྱོར་བའི་ཤེས་པའོ། །མིག་ལ་སོགས་པའི་དབང་པོ་ལང་ལ་བརྟེན་ནས་སྐྱེས་ཤིང་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་དམིགས་པ་ནི་དབང་པོ་ནི་མངོན་སུམ་མོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་གཟུགས་ཀྱི་ཡུལ་ཅན་ནོ། །རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་ཡུལ་ཅན་ནོ། །སྣའི་རྣམ་པར་ཤེས་པ་ནི་དྲིའི་ཡུལ་ཅན་ནོ། །ལྕེའི་རྣམ་པར་ཤེས་པ་ནི་རོའི་ཡུལ་ཅན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་རེག་བྱའི་ཡུལ་ཅན་ནོ། །དབང་པོའི་མངོན་སུམ་ཞེས་ཐ་སྙད་བྱེད་པའི་རྒྱུ་མཚན་ནི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །མངོན་སུམ་འདི་ཡང་གང་ལ་རང་དང་རྗེས་སུ་མཐུན་པའི་རྟོག་པ་སྐྱེད་པར་བྱེད་པ་དེ་ཉིད་ལ་ཚད་མ་སྟེ། ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །རང་གི་ཡུལ་གྱི་དེ་མ་ཐག་པའི་ཡུལ་ལྷན་ཅིག་བྱེད་པ་ཅན་གྱི་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་པའོ། །རང་གི་སྒྲ་ནི་དབང་པོའི་ཤེས་པར་དགོངས་ཤིང༌། རང་གི་ཡུལ་ནི་ཡུལ་ཏེ། ཕྱི་རོལ་གྱི་བུམ་པ་ལ་སོགས་པའོ། །རང་གི་ཡུལ་གྱི་དེ་མ་ཐག་པ་ནི་རང་ཡུལ་དེ་མ་


DTG190_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པ་སྟེ། དབང་པོའི་ཤེས་པའི་ཡུལ་ལས་གཞན་བུམ་པ་ལ་སོགས་པའི་སྐད་ཅིག་གཉིས་པའོ། །ལྷན་ཅིག་བྱེད་པ་དེ་དང་ཚོགས་ནས། ཉེ་བར་ལེན་པ་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་མིང་ཅན་གྱི་བསྐྱེད་པ་གང་ཡིན་པ་དེ་ཡིད་ཀྱི་མངོན་སུམ་དུ་བརྗོད་དོ། །དེའི་ཕྱིར་ཕ་རོལ་པོས་གང་བརྗོད་པའི་བཟུང་ཟིན་པའི་འཛིན་པ་ཉིད་དང་ལོང་བ་དང་འོན་པ་ལ་སོགས་པ་མེད་པ་དང༌། རྣམ་འབྱོ་བའི་ཤེས་པ་ཡང་ཉིད་གཉིས་སུ་ཐལ་བ་དང༌། ཐ་སྙད་བྱེད་པ་པོ་མ་ཡིན་པ་ཉིད་དོ་ཞེས་པ་བསལ་ཏེ། དེ་ལྟར་ནི་སྐད་ཅིག་གཉིས་པ་འཛིན་པའི་ཕྱིར་བཟུང་ཟིན་པ་འཛིན་པ་ཉིད་བསལ་ལོ། །དབང་པོའི་ཤེས་པ་ལས་སྐྱེས་པ་ཡིད་ཡིན་པས་ལོང་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ཡུལ་ལ་དམིགས་པའི་དབང་པོའི་མངོན་སུམ་ཉིད་མེད་ན། དེ་ལས་སྐྱེས་པའི་ཡིད་ཅི་ཞིག་ལས་འབྱུང་བར་འགྱུར། །དེའི་ཕྱིར་ལོང་བ་དང་འོན་པ་ལ་སོགས་པ་མེད་པའི་སྐྱོན་མེད་དོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ཀྱང་རྣལ་འབྱོར་བའི་ཤེས་པ་ཡིད་ཀྱི་མངོན་སུམ་དུ་ཐལ་བ་བསལ་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་སྒྲ་ནི་རང་གི་རྒྱུད་ལ་འཇུག་པའི་ཉེ་བར་ལེན་པའི་ཤེས་པ་ལ་གྲགས་པ་ལ་གྲུབ་ལ། དེའི་ཕྱིར་རྒྱུད་ཐ་དད་པ་ལ་འཇུག་པའི་རྣལ་འབྱོར་པའི་ཤེས་པ་ལ་ལྟོས་ནས། སོ་སོའི་སྐྱེ་བོའི་སེམས་རྣམས་ལ་དེ་མ་ཐག་པའི་རྐྱེན་གྱི་ཐ་སྙད་མེད་དོ་ཞེས་པའོ། །ཐ་སྙད་བྱེད་པ་པོ་མ་ཡིན་པ་ཉིད་ཀྱང་འདིའི་སུན་འབྱིན་པར་འཐད་པ་མ་ཡིན་ཏེ། དུས་ཐུང་བར་བྱུང་བ་ཉིད་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཚོན་པར་དཀའ་བའི་ཕྱིར་དང། ཐ་སྙད་ཀྱི་ཡན་ལག་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ། །ཡིད་ཀྱི་མངོན་སུམ་ནི་ལུང་ལས་གྲགས་པར་ཏེ། འདིའི་ངེས་པར་བྱེད་པ་པོ་ཆུང་ཟད་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། །དགེ་སློང་དག་གཉིས་ཀྱིས་གཟུགས་འཛིན་པར་བྱེད་དེ། མིག་དང་དེ་དང་འབྲེལ་པའི་ཡིད་ཀྱིས་སོ་ཞེས་སོ། །འོ་ན་ཐ་སྙད་ལ་ཉེ་བར་མཁོ་བ་མ་ཡིན་པ་བསྟན་པ་དེ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་འདྲེ་བའི་མཚན་ཉིད་ཅན་གྱི་ཡིད་ཀྱི་མངོན་སུམ་གལ་ཏེ་ཡོད་ན་སྐྱོན་ཅི་ཡོད་མེད་དོ་ཞེས་ལུང་རྣམ་པར་དག་ཕ་འདིས་བསྒྲུབ་པ་ཡིན་ནོ་ཞེས་པ་དགོས་པའོ། །སེམས་


DTG190_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བདག་ཉིད་ཡང་དག་པར་རིགས་པའོ། །སེམས་ནི་དངོས་པོ་ཙམ་འཛིན་པའི་ཤེས་པ་ཡིན་ལ། སེམས་ལས་གྱུར་བའི་རྣམས་ནི་སེམས་ལས་བྱུང་བ་རྣམས་ཏེ། དངོས་པོའི་ཁྱད་པར་གྱི་ངོ་བོ་འཛིན་པར་བྱེད་པ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ལ་སོགས་པའི་མཚན་ཉིད་ཅན། སེམས་དང་སེམས་ལས་བྱུང་བ་དེ་ཐམས་ཅད་ཀྱི་བདག་ཉིད་གང་གིས་རང་གི་ངོ་བོས་རིག་པར་བྱེད་པ་སྟེ་རང་རང་གི་ངོ་བོ་བདག་ཉིད་ཀྱི་ངོ་བོ་མངོན་སུམ་དུ་བྱེད་པ་ཉིད་ཀྱི་ཕྱིར་རང་རིག་པའི་མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པར་བརྗོད་དོ། །དེ་ལ་ཁ་ཅིག་ན་རེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རང་རིག་པ་ཉིད་འཐད་པ་མ་ཡིན་ཏེ། བདག་ཉིད་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །ལེགས་པར་བསླབ་ཀྱང་གར་མཁན་གྱིས་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ལ། རལ་གྲིའི་སོ་རྣོ་ཡང་བདག་ཉིད་མི་གཅོད་ཅིང། མེའི་ཕུང་པོ་ཤིན་ཏུ་འབར་ཡང་བདག་ཉིད་བསྲེག་པ་མ་ཡིན་པ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་ཡང་ཇི་ལྟར་བདག་ཉིད་རྟོགས་པར་བྱེད་པ་རིག་པར་བྱ་བ་དང་རིག་པར་བྱེད་པའི་དངོས་པོ་ནི་ལས་དང་བྱེད་པ་པོའི་དངོས་པོ་ཡིན་ལ། ལས་དང་བྱེད་པ་པོ་ཉིད་ཀྱང་འཇིག་རྟེན་ན་ཐ་དད་པ་ཁོ་ནར་གྲགས་ཏེ། ཤིང་དང་སྐུད་པ་འཛིན་པ་དག་བཞིན་ནོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ལས་དང་བྱེད་པ་པོའི་དངོས་པོར་རིག་པར་བྱ་བ་དང་རིག་པར་བྱེད་པ་ཤེས་པ་ལ་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་གཞག་པར་བྱ་བ་དང་རྣམ་པར་འཇོག་པར་བྱེད་པའི་དངོས་པོ་སྟེ། དཔེར་ན་སྒྲོན་མ་བདག་ཉིད་གསལ་བར་བྱེད་པ་དེ་ལྟར་ཤེས་པ་ཡང་རང་གི་རྒྱུ་ཁོ་ན་ལས་བེམས་པོའི་དངོས་པོའི་མཚན་ཉིད་དང་བྲལ་བ་རང་གི་རྒྱུ་ཁོ་ན་ལས་རབ་ཏུ་གསལ་བའི་རང་བཞིན་དུ་སྐྱེས་པས་རིག་པར་རྣམ་པར་གཞག་གོ །དེ་ལྟར་ཡང་གསུངས་པ། རྣམ་ཤེས་བེམས་པོའི་རང་བཞིན་ལས། །ལོག་པ་ཉེ་བར་སྐྱེ་བར་འགྱུར། །བེམས་མིན་རང་བཞིན་གང་ཡིན་པ། །དེ་ཁོ་ན་འདིའི་རང་རིག་གོ །འདི་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དབྱེ་བས་མིན། །གཅིག་པ་ཚད་མེད་རང་བཞིན་ལ། །གསུམ་གྱི་ངོ་བོ་མི་འཐད་ཕྱིར། །ཞེས་སོ། །རྒྱན་མཛད་པས་ཀྱང་གསུངས་པ། ལས་དང་


DTG190_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་ལ་སོགས། །རྟག་པ་དོན་དམ་པར་ཡོད་མིན། །བདག་ཉིད་ལ་ནི་བདག་ཉིད་ཀྱིས། །བདག་ཉིད་འཇོམས་ཞེས་ངེས་པར་བརྗོད། །ཅེས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པ་གཞན་གྱིས་གསལ་བར་བྱེད་པར་རིགས་པ་མ་ཡིན་ཏེ། དེ་ལྟར་ནི་རེ་ཞིག་དུས་མཉམ་པར་བྱུང་བའི་ཤེས་པ་ལས་གཞན་གྱི་སེམས་ལས་བྱུང་བ་གསལ་བར་བྱེད་དོ་ཞེས་པ་འཐད་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་གཡས་པ་དང་ཅིག་ཤོས་ཀྱི་རྭ་དག་བཞིན་ནོ། །དུས་ཐ་དད་པར་བྱུང་བའི་ཤེས་པས་ཀྱང་མ་ཡིན་ཏེ། སྐད་ཅིག་པ་ཉིད་ཀྱི་ཕྱིར་ན་གསལ་བར་བྱེད་པ་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཤེས་པ་རང་རིག་པ་མ་ཡིན་ན་དེའི་ཕྱིར་དེའི་ཚེ་དོན་ཤེས་སོ་ཞེས་པ་འཐད་པར་དགའ་བར་འགྱུར་ཏེ། ཁྱད་པར་མ་བཟུང་བའི་བློ་ནི་ཁྱད་པར་དུ་བྱ་བ་ལ་འཇུག་པ་མ་ཡིན་ནོ་ཞེས་པའི་རིགས་པ་ལས་སོ། །དེ་ལྟར་ནི། དོན་ཁྱད་པར་དུ་བྱ་བ་ཡིན་ལ་ཤེས་པ་ནི་ཁྱད་པར་ཏེ། ཤེས་ཟིན་པ་ནི་ཤེས་པས་ཁྱད་པར་དུ་བྱས་པའོ། །གལ་ཏེ་ཤེས་པ་རང་ཉིད་རྟོགས་པའི་ངོ་བོར་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་ཤེས་པས་ཁྱད་པར་དུ་བྱས་པའི་དོན་ལྟར་རྟོགས་ཏེ། དབྱུག་པ་མ་བཟུང་བར་དབྱུག་པ་ཅན་འཛིན་པ་རིགས་པ་དང་ལྡན་པ་ནི་མེད་པས་སོ། །གང་མིག་གསུམ་པས་བཤད་པ། མིག་མ་བཟུང་བར་ཡང་མིག་གིས་གཟུང་བར་བྱ་བའི་དོན་རྟོགས་པ་དེ་བཞིན་དུ་རྣམ་པར་ཤེས་པ་མ་གཏོགས་ན་ཡང་དོན་ཤེས་ཟིན་པ་འཐད་དོ་ཞེས་པ་དེ་ནི་མི་ལེགས་ཏེ། སྐབས་སུ་མ་བབ་པའི་ཕྱིར་རོ། །གང་གི་ཕྱིར་མིག་ནི་གཟུགས་ཀྱི་ཁྱད་པར་མ་ཡིན་ལ། འོ་ན་ཅི་ཞེ་ན། མིག་གི་རྣམ་པར་ཤེས་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡང་དག་པར་རིག་པ་མ་ཡིན་ན། ཇི་ལྟར་གཟུགས་ཤེས་པར་བྱེད་ཅེས་པས་རྩོད་པ་ཉམས་པ་མེད་དོ། །གང་ཡང་ཤེས་པ་ལྐོག་གྱུར་ཉིད་དུ་བསྒྲུབ་པའི་ཆེད་དུ་བྷཊྚས་སྨྲས་པ། ཇི་ལྟར་གཟུགས་ལ་སོགས་པ་གསལ་པ་རྣམ་པ་གཞན་དུ་མི་འཐད་པས་དབང་པོ་གྲུབ་པ་དེ་བཞིན་དུ་ཤེས་པ་ཡང་གྲུབ་པོ་ཞེས་སོ། །དེ་བཞིན་དུ་དེའི་བཤད་པ། །དོན་འགའ་ཞིག་ཤེས་པ་ཟིན་པ་མེད་ན་ནི་བློ་དམིགས་པ་མེད་ལ། །ཤེས་ཟིན་ན་ནི་རྗེས་སུ་དཔག་པ་ལས་


DTG190_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ་ཞེས་སོ། །དེའི་རྣམ་པར་འགྲེལ་པ་ཡང༌། །ཤེས་པ་ནི་ཤེས་ཟིན་པ་ཉིད་ཀྱི་དབང་ལས་སོ་ཞེས་སོ། །ཤེས་ཟིན་པ་ཉིད་ཀྱང་ཡུལ་གསལ་བར་བརྗོད་དོ། །དེ་ནི་ཤིན་ཏུ་མི་རིགས་ཏེ། ཡུལ་གསལ་བ་ཉིད་ཀྱང་ཤེས་པ་ལས་ཐ་དད་པ་ཉིད་ན་ནི། ཡུལ་གྱི་ངོ་བོ་ཉིད་ཡིན་ན་གསལ་བར་བེམས་པོའི་ངོ་བོ་ཉིད་དེ། བེམས་བོ་ལ་ཡང་རབ་ཏུ་གསལ་བ་མི་རིགས་པའི་ཕྱིར་རོ། །ཡུལ་ལས་དོན་གཞན་པ་ཉིད་དེའི་རང་ཉིད་ལས་རབ་ཏུ་གསལ་བ་མི་རིགས་པའི་ཕྱིར་རོ། །གསལ་བ་གཞན་གྱིས་གསལ་བར་བྱེད་ན་ཐུག་པ་མེད་པར་འགྱུར་རོ། །ཤེས་པའི་རང་བཞིན་ཉིད་ན་ནི་གསལ་བ་ཉིད་ཀྱང་ལྐོག་གྱུར་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་ཤེས་པ་རང་རིག་པ་ཉིད་དུ་བརྗོད་པར་བྱའོ། །རང་རིག་པ་ནི་ཉམས་སུ་མྱོང་བས་གྲུབ་པ་ཡང་ཡིན་ན་ཇི་ལྟར་བསྙོན་འདེབས་པར་བྱེད་དེ་གསུངས་པ། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་གྲུབ་མི་འགྱུར། །ཞེས་སོ། །རྒྱན་མཛད་པས་ཀྱང་གསུངས་པ། གལ་ཏེ་ཤེས་དེ་ལྐོག་གྱུར་ན། །ཤེས་པ་ཞེས་ཉིད་དེ་གང་ལས། །ཀློག་ཏུ་གྱུར་དེའི་རང་གི་ནི། །ངོ་བོ་སུ་ཡིས་མཚོན་པར་ནུས། །ཞེས་སོ། །འོ་ན་ཤེས་པ་ཐམས་ཅད་ཀྱི་རང་རིག་པས་མངོན་སུམ་ཉིད་ན། འདི་བུམ་པའོ་ཞེས་པ་ལ་སོགས་པ་རྟོགས་པའི་ཤེས་པ་མེད་པ་ཉིད་དང༌། དུང་སེར་པོ་ལ་སོགས་པའི་ཤེས་པ་མ་འཁྲུལ་པ་ཉིད་དུ་ཇི་ལྟར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། རྣམ་པར་རྟོག་པའི་ཤེས་པ་ཡང་རང་གི་བདག་ཉིད་ལ་རྣམ་པར་རྟོག་པ་མེད་པ་ཁོ་ན་སྟེ། །འདི་བུམ་པའོ་ཞེས་པ་འདིས་ནི་ཕྱི་རོལ་ཁོ་ན་ལ་རྟོགས་པར་བྱེད་ཀྱི་བདག་ཉིད་ལ་ནི་མ་ཡིན་ནོ། །དེ་གསུངས་པ། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པའོ། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་སོ། །འཁུལ་པ་ཡང་བདག་ཉིད་ལ་མ་འཁྲུལ་པ་སེ། རང་ཉིད་རང་ཏུ་གསལ་བའི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་ལ། །ཡུལ་མེད་པ་ཉིད་ལས་འཁྲུལ་པར་བརྗོད་དོ། །གང་གསུངས་པ། །རང་ངོ་བོ་ལ་ཀུན་མ་འཁྲུལ། །གཞན་ངོ་བོ་ལ་ཕྱིན་ཅི་ལོག །ཅེས་སོ། །དེའི་ཕྱིར་རྣམ་པར་གཞན་དུ་རབ་ཏུ་གསལ་བ་ཉིད་མ་གྲུབ་པའི་ཕྱིར། །གལ་ཏེ་འདི་རྣམས་རབ་ཏུ་གསལ་བར་བྱེད་པ་ཡིན་ན་དེའི་ཚེ་རང་གི་


DTG190_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཁོ་ན་ལས་རབ་ཏུ་གསལ་བའི་རང་བཞིན་དུ་སྐྱེས་པར་འགྱུར་བ་རྣམས་ཀྱིས། རབ་ཏུ་གསལ་བར་བྱེད་པ་ཡིན་ནོ་ཞེས་ཁས་བླང་བར་བྱའོ་ཞེས་པའོ། །ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་རྣམ་འབྱོར་བའི་ཤེས་པ་ཡང་ངོ་ཞེས་ཏེ། རྣལ་འབྱོར་ནི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་པོ། །འདི་ལ་རྣལ་འབྱོར་ཡོད་པས་ན་རྣལ་འབྱོར་བའོ། །གང་རྣལ་འབྱོར་པའི་ཤེས་པ་དེ་ནི་མངོན་སུམ་མོ། །དེ་ཅི་འདྲ་བ་ཞིག་ཅེ་ན། ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་སྟེ། ཡང་དག་པའི་དོན་ནི་ཚད་མས་འཐད་པའི་དོན་ནོ། །བསྒོམ་པ་ནི་ཡང་དང་ཡང་སེམས་ལས་ཡང་དག་པར་བསྐྲུན་པའོ། །ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་རྟོག་པ་དང༌། བྲལ་ཞིང་མ་འཁྲུལ་བའོ། །ཡང་དག་པའི་དོན་ནི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལམ་གྱི་མིང་ཅན་ནོ། །ཕུང་པོ་ལྔའི་རང་བཞིན་སྐད་ཅིག་པ་དང༌། སྟོང་པ་དང༌། བདག་མེད་པ་དང༌། སྡུག་བསྔལ་ལ་སོགས་པའི་ངོ་བོ་ཉིད་དུ་རྟོགས་པར་བྱ་བ་སྟེ། གང་ཡོད་པ་དེ་སྐད་ཅིག་པའོ་ཞེས་པ་ལ་སོགས་པའི་རྗེས་སུ་དཔག་པས་ཚད་མས་འཐད་པར་ཁོང་དུ་ཆུད་པར་བྱ་བའི་ཞེས་པའོ། །འོ་ན་སྒོམ་ནི་རྣམ་པར་རྟོག་པ་ཡིན་ལ། རྣམ་པར་རྟོག་པ་ཡང་དངོས་པོ་མིན་པའི་ཡུལ་ཅན་ཡིན་ན། དེ་ལ་དངོས་པོ་གསལ་བར་གྱུར་པར་ཇི་ལྟར་འགྱུར། རྣམ་པར་རྟོག་པ་ཡང་རྣམ་པར་རྟོག་པ་མེད་པར་ཇི་ལྟར་འགྲོ་བར་འགྱུར། སེམས་སྐད་ཅིག་པ་ཡང་རྩེ་གཅིག་པར་ཇི་ལྟར་འགྱུར། །ཁྱད་པར་ཡང་ཅི་ཞིག་གིས་ཅི་ཡིས་བྱ། །ལུས་ཅན་ཡང་དག་ཆགས་པ་ལ་སོགས་པ་དང་བྲལ་བ་ལས་གྲོལ་བའོ་ཞེས་པ་ཐམས་ཅད་མི་འཐད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྣམ་པར་རྟོག་པ་དངོས་པོ་མ་ཡིན་པའི་ཡུལ་ཅན་ཡིན་ཡང་དངོས་པོ་ལ་ལྷག་པར་ཞེན་པར་བྱེད་པས་བསྒོམ་པ་ལས་དངོས་པོ་ཁོ་ནར་འདིར་བསལ་བར་འགྱུར་རོ། །རྣམ་པར་རྟོག་པ་ཁོ་ན་རྣམ་པར་རྟོག་པ་མེད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པ་ལས་རྣམ་པར་མི་


DTG190_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྐྱེ་བ་ཡིན་ནོ། །སྒོམ་པ་པོ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་སྣང་བ་འདི་ནི་ཉམས་སུ་མྱོང་བས་ཀྱང་གྲུབ་པོ། །མཐོང་བ་ལ་མི་འཐད་པ་ཞེས་བྱ་བ་ནི་ཅི་ཡང་མེད་དོ། །སེམས་སྐད་ཅིག་པ་ཡིན་ཀྱང་རིགས་མཐུན་པའི་སྐད་ཅིག་རྣམས་ལས་རྒྱུན་དུ་འཛིན་པར་བྱེད་པ་ཉིད་ཀྱི་ཕྱིར་རྩེ་གཅིག་པར་བརྗོད་དོ། །སྐད་ཅིག་མ་ཉིད་ཀྱིས་ན་ཁྱད་པར་ཡང་འཐད་པའི་ཕྱིར་གྱི་རྟག་པ་ཉིད་ན་ནི་མ་ཡིན་ཏེ། རྟག་པ་ནི་ཁྱད་པར་བརྟེན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །གང་གསུངས་པ། གང་ཞིག་རང་བཞིན་འཇིག་མེད་པ། །དེ་ནི་རྟག་པར་མཁས་རྣམས་སྨྲ། །དེ་ཡི་ནུས་པའམ་ནུས་མེད་པ། །གང་ཡིན་རང་བཞིན་གྱིས་གནས་པ། །རྟག་ཕྱིར་གསོ་བྱ་མ་ཡིན་ན། །དེ་ཟད་བྱ་མིན་ནུས་པ་ཅི། །ཞེས་སོ། །གང་ལུས་ཅན་ཉིད་ལ་ཕན་འདོགས་པ་དང་གནོད་པ་ལས་བདེ་བ་དང་སྡུག་བསྔལ་དག་ཡོད་པའི་ཕྱིར་ལུས་ཅན་ཆགས་པ་ལ་སོགས་པ་དང་བྲལ་བ་ལས་གྲོལ་བའོ་ཞེས་པ་ཡང་མི་འཐད་པར་བརྗོད་པ་དེ་ནི་མི་རིགས་ཏེ། ལུས་ནི་ཆགས་པ་ལ་སོགས་པའི་རྒྱུ་མ་ཡིན་གྱི། །འོན་ཀྱང་མ་རིག་པ་སྟེ། མི་རྟག་པ་ལ་རྟག་པའོ་ཞེས་དང༌། བདག་མེད་པ་ལ་བདག་གོ་ཞེས་དང༌། སྡུག་བསྔལ་ལ་བདེ་བ་ཞེས་དང༌། མི་གཙང་བ་ལ་གཙང་བཞེས་ཕྱིན་ཅི་ལོག་བཞིའི་རང་བཞིན་བརྫུན་པ་ལ་དམིགས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་ཡུལ་ལ་བདེ་བར་སྲེད་པར་འགྱུར་རོ། །བདག་རྟག་པར་མཐོང་བ་ཁོ་ནའོ། །བདེ་བ་མངོན་པར་འདོད་པ་ལ་སོགས་པའི་རྒྱུ་ཡང་བདག་གི་བྱར་འགྱུར་རོ། །འདི་རྣམ་ལ་ཀུན་དུ་ཆགས་པ་ནི་འདོད་ཆགས་སོ། །དེ་དང་བྲེལ་པ་ནི་ཞེ་སྡང་ལ་སོགས་པ་རྣམས་སོ། །དེའི་ཕྱིར་མ་རིག་པ་ཁོ་ན་འདོད་ཆགས་ལ་སོགས་པའི་རྩ་བ་ཡིན་གྱི་ལུས་ནི་མ་ཡིན་ཏེ། ལུས་ཡོད་ན་ཡང་གལ་ཏེ་མ་རིག་པ་མེད་ན་ཅི་ཞིག་ལས་འདོད་ཆགས་ལ་སོགས་པ་དང་ལྡན་པར་འགྱུར། །དེའི་ཕྱིར་འཚོ་བའི་ལུས་ཡོད་པ་ན་ཡང་མ་རིག་པ་དང་བྲལ་བ་ལས། ཆགས་པ་དང་བྲལ་བ་རྣམས་ཀྱི་གྲོལ་བ་ཀུན་དུ་ཆགས་པ་ཐམས་ཅད་དང་བྲལ་བ་འབྱུང་བ་ལས་སྐྱོན་ཅི་ཡང་འབབ་པ་མེད་དོ་ཞེས་པ་ཐམས་ཅད་ལེགས་པར་གནས་པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དོ། །མངོན་སུམ་རྣམ་པ་བཞི་པོ་དེའི་ཡུལ་རང་


DTG190_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་ཉིད་དུ་རྟོགས་པར་བྱའོ། །རང་གི་མཚན་ཉིད་ཅེས་པ་ནི་དངོས་པོའི་རང་བཞིན་ཐུན་མོང་མ་ཡིན་པ་ཡུལ་དང་དུས་དང་རྣམ་པར་ངེས་པའོ། །འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། བུམ་པ་ལ་སོགས་པ་ཆུ་ལ་སོགས་པ་འཛིན་པར་ནུས་པ་ཡུལ་དང་དུས་དང་རྣམ་པར་དེས་པ། མདུན་ན་གསལ་བ་བཞིན་པ། མི་རྟག་པ་ལ་སོགས་པའི་ཆོས་གཞན་དུ་མ་བརྟེན་པ། འཇུག་པའི་ཡུལ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལོག་པ་ནི་རང་གི་མཚན་ཉིད་དོ་ཞེས་པའི་དོན་ཏོ། །འོ་ན་གལ་ཏེ་རང་གི་མཚན་ཉིད་ཁོ་ན་མངོན་སུམ་གྱི་ཡུལ་ཡིན་གྱི་སྤྱི་མ་ཡིན་ན་དེའི་ཚེ་དུ་བ་དང་མེའི་སྤྱི་དག་གི་ཁྱབ་པ་ཇི་ལྟར་མངོན་སུམ་གྱིས་གཟུང་བར་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་མི་ལྡན་པ་རྣམ་པར་གཅོད་པ་ཁྱད་པར་དུ་བྱ་བས་རང་གི་མཚན་ཉིད་དེའི་ཡུལ་ཁོ་ནའོ། །གཞན་དང་ལྡན་པ་རྣམ་པར་གཅོད་པས་རང་གི་མཚན་ཉིད་ཁོ་ན་དེའི་ཡུལ་ཞེས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྱི་ཡང་དེའི་ཡུལ་ལོ། །དེ་ལྟར་ནི་ཚད་མའི་ཡུལ་རྣམ་པ་གཉིས་ཏེ། གཟུང་བར་བྱ་བ་དང་ཞེན་པར་བྱ་བའོ། །དེ་ལ་མངོན་སུམ་གྱི་གཟུང་བྱ་ནི་སྣང་བཞིན་པའི་སྐད་ཅིག་གཅིག་གོ །མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཏོག་པས་ཞེན་པར་བྱ་བ་ནི་སྤྱི་ཁོ་ནའོ། །སྤྱི་དེ་ཡང་རྣམ་པ་གཉིས་ཏེ་གོང་མ་ཉིད་ཀྱི་མཚན་ཉིད་ཅན་དང༌། ཐད་ཀ་བའོ། །དེ་ལ་བུམ་པ་ལ་སོགས་པའི་གསལ་བ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལ་སོགས་པ་གཅིག་ཁོ་ན་ལ་སྐད་ཅིག་མ་དུ་མ་ཚོགས་པའི་སྤྱི་ནི་སྒྲུབ་པར་བྱེད་པའི་མངོན་སུམ་གྱི་ཡུལ་ལོ། །རིགས་མི་མཐུན་པ་ལ་སོགས་པའི་གསལ་བ་དུ་མ་རྣམས་ནི་ཐད་ཀ་བའི་སྤྱི་སྟེ། ཁྱབ་པ་འཛིན་པར་བྱེད་པའི་མངོན་སུམ་གྱི་ཡུལ་ལོ། །རྗེས་སུ་དཔག་པའི་གཟུང་ར་བྱ་བ་ནི་སྤྱིའོ། །ཞེན་པར་བྱ་བ་ནི་རང་གི་མཚན་ཉིད་ཁོ་ནའོ། །རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་དུ་བསྒྲུབ་པས། །གཞན་གྱིས་བརྗོད་པའི་ཚིག་གི་དོན་དྲུག་རྣམས་ཡུལ་མ་ཡིན་ནོ་ཞེས་བཤད་དེ། འདི་ལྟ་སྟེ་ཡན་ལག་ཅན་གྱི་རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། བྱེ་བྲག་དང་འདུ་བ་ཞེས་པའོ། །འདི་རྣམས་མངོན་སུམ་གྱི་ཤེས་པ་ལ་སྣང་བ་ཡང་ཡོད་པ་མ་ཡིན་ཞིང༌། མི་སྣང་བ་ཡང་ཡུལ་དུ་རིགས་པ་མ་ཡིན་ཏེ། ཧ་


DTG190_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཐལ་བའི་ཕྱིར་རོ། །དེ་ལྟར་ནི་བུམ་པ་ལ་སོགས་པ་ཡོངས་སུ་སྣང་དུ་རུང་བ་ལ། །སྔ་མ་དང་ཕྱི་མ་ལ་སོགས་པའི་ཆ་མ་གཏོགས་པར་གཞན་ཆུང་ཟད་ཡན་ལག་ཅན་གྱི་རྫས་གཅིག་ཏུ་ཉེ་བར་དམིགས་པ་མེད་དོ། །རིགས་པའི་དབང་ཕྱུག་དམ་པས་གང་གསུངས་པ། ཆ་རྣམས་ཡང་དག་ངེས་གནས་ཉིད། །དེ་ལྟ་དེ་ལྟར་སྣང་བར་བྱེད། །དེ་དང་ལྡན་པ་ཆ་འགའ་ཞིག །སླར་ཡང་རྟོག་པ་མེད་པ་ཉིད། །ཅེས་སོ། །དེ་བཞིན་དུ་ཡོན་ཏན་དང་ལས་ལ་སོགས་པ་སུན་དབྱུང་བ་ཡང་རྟོགས་པར་བྱའོ།། །།འོ་ན་འཇལ་བར་བྱ་བའི་ངོ་བོ་འབྲས་བུར་གྱུར་པ་འགྲུབ་པར་བྱེད་པའི་ཤེས་པ་ནི་ཚད་མའི་ཞེས་གྲུབ་ན། དེ་ལ་གང་འགྲུབ་པར་བྱེད་པ་ཚད་མའི་ཤེས་པ་ཡིན་པ། འཇལ་བ་འདི་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། འདིར་སྔོན་པོ་ལ་སོགས་པའི་དོན་ལས་ཤེས་པ་ཚུལ་གཉིས་པ་སྐྱེ་སྟེ། སྔོན་པོའི་རྣམ་པ་དང་སྔོན་པོའི་རྟོགས་པའི་རང་གི་ཚུལ་ལོ། །དེ་ལ་སྔོན་པོའི་རྣམ་པ་མ་ཡིན་པ་ལས་ལྡོག་པས་སྔོན་པོའི་རྣམ་པའི་ཤེས་པ་ནི་ཚད་མའོ། །སྔོན་པོ་རྟོགས་པ་མ་ཡིན་པ་ལས་ལྡོག་པས། སྔོན་པོ་རྟོགས་པ་རང་གི་ཚུལ་ནི་འཇལ་བ་སྟེ། དེ་ཁོ་ན་འབྲས་བུའོ། །ཇི་སྐད་དུ་གསུངས་པ། དོན་དང་འདྲ་བ་ནི་འདིའི་ཚད་མ་ཡིན་ལ། དོན་རྟོགས་པ་ནི་ཚད་མའི་འབྲས་བུའོ་ཞེས་སོ། །འདི་ཡང་རྣམ་པར་རྟོག་པས་ཐ་རྟོགས་པས་ཐ་དད་དུ་རྣམ་པར་གཞག་གི་དོན་དམ་པར་ནི་ཐ་དད་པ་མེད་པ་ཁོ་ནའོ། །ཇི་སྐད་དུ་གསུངས་པ། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུའོ་ཞེས་སོ། །གལ་ཏེ་ཡང་ཤེས་པ་རྣམ་པ་དང་བཅས་པར་མི་འདོད་ན། དེའི་ཚེ་རྣམ་པར་མེད་པ་ཉིད་ཀྱིས་ཡུལ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར། རྣམ་པར་ཕྱེ་ནས་ཡུལ་རྣམ་པར་འཇོག་པ་མི་འགྲུབ་པོ། །གང་ཡང་འགའ་ཞིག་ཤེས་པ་སྔ་མ་ཚད་མ་དང༌། ཤེས་པ་ཕྱི་མ་ཚད་མའི་འབྲས་བུའོ་ཞེས་སྨྲ་བ་སྟེ། མི་རིགས་ཏེ། དེ་ལྟར་ན་རེ་ཞིག་སྐད་ཅིག་དང་པོར་འབྱུང་བའི་ཤེས་པ་ནི་ཚད་མ་མ་ཡིན་ཏེ། འབྲས་བུར་གྱུར་པའི་ཤེས་པ་གཉིས་པ་མི་སྐྱེ་བའི་ཕྱིར་རོ། །འབྲས་བུར་གྱུར་བའི་ཤེས་པ་གཉིས་པ་སྐྱེ་བ་ན་ཡང་སྔ་མ་སྐད་ཅིག་མ་ཉིད་ཀྱིས་ཞིག་པའི་ཕྱིར། ཇི་ལྟར་བུམ་པ་ལ་སོགས་པའི་ཡུལ་ཤེས་པའི་ཚད་མར་


DTG190_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། དུས་མཚུངས་པར་བྱུང་བའི་ཤེས་པ་ཡང་འབྲས་བུར་རིགས་པ་མ་ཡིན་ནོ། །ཕན་གདགས་པར་བྱ་བ་དང༌། ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་གཡས་པ་དང་ཅིག་ཤོས་ཀྱི་བ་ལང་གི་རྭ་དག་བཞིན་ནོ་ཞེས་པ་རྟོག་གེའི་སྐད་དུ་མངོན་སུམ་ཡོངས་སུ་བཅད་པའོ།། །། རྗེས་སུ་དཔག་པ་རྣམས་ཀྱིས་ཏེ་རང་དོན་དང་གཞན་དོན་ནོ། །རང་གི་ཆེད་དུ་གང་ཡིན་པ་དེ་རང་དོན་ཏོ། །རང་དོན་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་དེ། ལ་ལ་སོགས་པ་དུ་བ་ལ་སོགས་པ་མཐོང་ནས་རྟོགས་པ་པོ་གང་གི་མེའི་ཤེས་པ་སྐྱེ་བ་ནི་དེ་ཁོ་ན་ཤེས་པ་དེས་ལྐོག་ཏུ་གྱུར་པའི་དོན་རྟོགས་པར་བྱེད་ཀྱི་གཞན་མ་ཡིན་ནོ་ཞེས་པས་རང་གི་དོན་ཏེ་དེ་རྗེས་སུ་དཔག་པར་བརྗོད་དོ། །གཞན་གྱི་ཆེད་དུ་གང་ཡིན་པ་དེ་གཞན་དོན་ནོ། །གཞན་དོན་རྗེས་སུ་དཔག་པ་ཚིག་གི་བདག་ཉིད་དེ། ཚུལ་གསུམ་པ་རྟོགས་པར་བྱེད་དུ་འཇུག་པའི་ཚིག་ནི་ཕ་རོལ་པོ་རྟོགས་པར་བྱེད་དུ་འཇུག་ཤེས་པར་བྱེད་དུ་འཇུག་ཅེས་བྱས་ནས་ཚིག་ཀྱང་ཉེ་བར་བཏགས་པ་ལ་རྗེས་སུ་དཔག་པའི་སྒྲས་བརྗོད་དོ། །དེ་ལ་རང་དོན་ནི་ཚུལ་གསུམ་པའི་རྟགས་ལས་གང་རྗེས་སུ་དཔག་པར་བྱ་ཞེས་པའོ། །ཚུལ་གསུམ་དང་ལྡན་པའི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལྐོག་ཏུ་གྱུར་པའི་ཡུལ་ལ་རྟོགས་པ་པོའི་གང་ཤེས་པ་སྐྱེ་བ་དེ་རང་དོན་རྗེས་སུ་དཔག་པའོ། །དེ་ཡང་ཆོས་ཅན་གྱི་ཁྱད་པར་འབྲེལ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དང༌། མེད་ན་མི་འབྱུང་བ་ཉིད་དུ་ངེས་པའོ་ཞེས་ཁ་ཅིག་གོ །མེར་ལྷག་པར་ཞེན་པའོ་ཞེས་གཞན་རྣམས་སོ། །ད་ནི་རྟགས་ཀྱི་ཚུལ་གསུམ་པོ་བཤད་པར་བྱ་བ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཁོ་ནར་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཆོས་ཅན་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་གང་དེ་ནི་ཚུལ་གཅིག་སྟེ། ཕྱོགས་ཀྱི་ཆོས་ཉིད་ཀྱི་མིང་ཅན་ནོ། །འདིར་ཡོད་པ་སྨོས་པས་མ་གྲུབ་པ་བསལ་ཏེ། དཔེར་ན་སྒྲ་མི་རྟག་སྟེ། མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་བཞིན་ནོ། །མིག་གིས་གཟུང་བར་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་གཟུང་བྱ་ཉིད་དེ། །དེ་ཆོས་ཅན་སྒྲ་ལ་མེད་དོ། །ཁོ་ནའི་སྒྲས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། དཔེར་ན་ཕྱོགས་ཀྱི་གོས་ཅན་པའི་སྦྱོར་བ། ཤིང་རྣམས་སེམས་པ་ཅན་ཡིན་ཏེ། ཉལ་བའི་


DTG190_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ལོ་མ་ཟུམ་པའི་མཚན་ཉིད་ཅན་ནི་ཉལ་བ་སྟེ། དེ་ཡང་ཤིང་ཐམས་ཅད་ལ་མ་གྲུབ་པོ། །ངེས་པ་སྨོས་པས་ཐེ་ཚོམ་ཟ་བའི་མ་གྲུབ་པ་སྟེ། འདི་ན་མེ་ཡོད་དེ་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །ཡོད་པའི་སྒྲ་ལས་ཕྱིས་ཁོ་ནའི་སྒྲས་ཐུན་མོང་མ་ཡིན་པ་སྟེ། སྒྲ་མི་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པའོ། །ངེས་པའོ་ཞེས་འཇུག་པའོ། །ཕྱོགས་དང་མཚུངས་པ་ནི་ཕྱོགས་དང་མཐུན་པ་སྟེ། ཕྱོགས་དང་ལྷན་ཅིག་འདྲ་བའི་དཔེའི་ཆོས་ཅན་ནོ་ཞེས་པའི་དོན་ཏོ། །ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པ་རྗེས་སུ་འགྲོ་བའི་མིང་ཅན་ཚུལ་གཉིས་པའོ། །འདིར་ཡོད་པ་སྨོས་པས་འགལ་བ་བསལ་ཏེ། སྒྲ་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ། བྱས་པ་ཉིད་ཀྱི་རྟག་པའི་མི་མཐུན་པའི་ཕྱོགས་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཅན་ནོ་ཞེས་པས་འགལ་བར་བརྗོད་དོ། །ཁོ་ནའི་ཡི་གེས་ཐུན་མོང་གི་བསལ་ཏེ། སྒྲ་རྟག་སྟེ་གཞལ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །གཞལ་བྱ་ཉིད་རྣམ་པར་རྟོག་པས་ཡུལ་དུ་བྱས་པ་ཉིད་ནི། མཐུན་པའི་ཕྱོགས་ནམ་མཁའ་དང་མི་མཐུན་པའི་ཕྱོགས་བུམ་པ་ལ་ཡང་ཡོད་དོ་ཞེས་པ་ཐུན་མོང་བར་བརྗོད་དོ། །ཡོད་པའི་སྒྲ་ལས་སྔོན་དུ་ཁོ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཉིད་དུ་བཤད་དེ། སྒྲ་མི་རྟག་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་བུམ་པ་བཞིན་དང་གློག་བཞིན་ཞེས་པ་ལྟ་བུའོ། །ངེས་པར་སྨོས་པ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་བསལ་ཏེ། འདི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་སྨྲ་བ་པོ་ཉིད་ཀྱི་ཕྱིར་འདོད་པའི་སྐྱེས་བུ་བཞིན་ཞེས་པ་ལྟ་བུ་སྟེ། ཕྱོགས་དང་མཐུན་པ་འདོད་པའི་སྐྱེས་བུ་ལ། སྨྲ་བ་པོ་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱིས་ཁྱབ་པའམ། མ་ཁྱབ་པ་མི་ཤེས་པས་སོ། །མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའོ། །མཐུན་པའི་ཕྱོགས་མ་ཡིན་པ་ནི་མི་མཐུན་ཕྱོགས་ཏེ་དེ་ལ་མེད་པ་ཉིད་ཁོ་ནར་ངེས་པ་གང་དེ་ནི་ལྡོག་པའི་མིང་ཅན་ཚུལ་གསུམ་པའོ། །འདིར་ཡང་མེད་པ་གཟུང་བས་འགལ་བ་བསལ་ལོ། །ཁོ་ནའི་ཡི་གེས་ཐུན་མོང་བའོ། །ངེས་པ་སྨོས་པས་མི་མཐུན་ཕྱོགས་ལ་ལྡོག་པ་ཐེ་ཚོམ་ཟ་བ་སྟེ།


DTG190_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་སྐྱེས་བུ་འདི་འདོད་ཆགས་བྲལ་བ་མ་ཡིན་ཏེ། སྨྲ་བའི་ཕྱིར་ཤིང་རྟ་ཞོན་པའི་སྐྱེས་བུ་བཞིན་ཞེས་པ་ལྟ་བུ་སྟེ། གང་དུ་འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་མེད་པ་དེར་སྨྲ་བ་པོ་ཉིད་ཀྱང་སྟེ། རྡོ་བའི་དུམ་བུ་བཞིན། རྡོའི་དུམ་བུ་ལས་གཉི་ག་ལོག་ཏུ་ཟིན་མོད། དེ་ལྟ་ན་ཡང་ཅི། རྡོའི་དུམ་བུ་ལས་ཆགས་བྲལ་མ་ཡིན་པ་ཉིད་ལོག་པ་ན་སྨྲ་བ་པོ་ཉིད་ལོག་གམ་འོན་ཏེ་རང་ཉིད་ཁོ་ན་ལས་ཞེས་མི་ཤེས་སོ། །དེའི་ཕྱིར་འདི་ལྡོག་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པའོ། །མེད་པ་སྨོས་པ་ལས་ཕྱིས་ཁོ་ནའི་ཡི་གེའི་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པའི་ཐུན་མོང་བ་སྟེ། དཔེར་ན་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ཏེ་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་ལྟ་བུ་སྟེ། མི་རྟག་པ་ཉིད་ནི་མི་མཐུན་ཕྱོགས་ནམ་མཁའ་ལས་ལྡོག་ཅིང་གློག་ལས་མ་ཡིན་པ་དེའི་ཕྱིར་འདི་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པ་ཉིད་དོ། །འོ་ན་ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བརྗོད་པ་ན། ཤུགས་ཁོ་ན་ལས་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་མེད་པ་ཉིད་རྟོགས་ཏེ། དེའི་ཕྱིར་ཅིའི་དོན་དུ་གཉི་ག་དག་ཉེ་བར་བཟུང་ཞེ་ན། སྔོན་གྱི་རྒན་པོ་རྣམས་ནི་མི་མཐུན་ཕྱོགས་ངེས་པའི་དོན་དུའོ་ཞེའོ། །དེ་རྣམས་ཀྱང་མི་མཐུན་ཕྱོགས་རྣམ་པ་གསུམ་ཁོ་ནར་འགྱུར་རོ་ཞེས་སེམས་ཏེ། བསྒྲུབ་པར་བྱ་བ་མེད་པ་ཙམ་དང༌། བསྒྲུབ་པར་བྱ་བ་ལས་གཞན་པ་དང༌། བསྒྲུབ་བྱ་དང་ལྷན་ཅིག་འགལ་བའོ། །སྦྱོར་བ་ངེས་པའི་དོན་དུའོ་ཞེས་ཁ་ཅིག་སྟེ། རྗེས་སུ་འགྲོ་བ་ཅན་གྱི་སྦྱོར་བའམ་ལྡོག་པ་ཅན་གྱི་སྦྱོར་བ་ངེས་པ་དང་ལྡན་པ་གཅིག་སྦྱར་བར་བྱའི་གཉིས་དག་ནི་མ་ཡིན་ནོ་ཞེ་ན། ཆོས་མཐུན་པ་དང་ལྡན་པ་དང༌། ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་གསལ་བར་བྱ་བའི་དོན་དུ་ཞེས་ཁ་ཅིག་གོ །ཚུལ་གསུམ་པ་ཅན་གྱི་རྟགས་གསུམ་ཁོ་ན་རྣམས་སོ། །གང་རྣམས་ཀྱི་ཚུལ་གསུམ་ཡིན་པ་དེ་རྣམས་ཚུལ་གསུམ་པ་ཅན་གྱི་རྟགས་ཏེ་གསུམ་ཁོ་ནའོ། །འབྲས་བུ་ཚུལ་གསུམ་པའི་རྟགས་དང་རང་བཞིན་ཚུལ་གསུམ་པའི་རྟགས་དང༌། མི་དམིགས་པ་ཚུལ་གསུམ་པའི་རྟགས་སོ། །སྒྲུབ་པར་བྱེད་པ་དང་ཤེས་པ་བྱེད་པ་དང་གཏན་ཚིགས་དང་ཁྱབ་པར་བྱ་བ་ཞེས་པ་རྟགས་ཀྱི་མིང་གཞན་རྣམས་སོ། །དེ་ལ་འབྲས་བུ་ནི། དཔེར་ན་གང་ན་དུ་བ་ཡོད་པ་དེ་ན་མེ་སྟེ། དཔེར་ན་ཚང་


DTG190_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བང་བཞིན། འདི་ན་ཡང་དུ་བའོ་ཞེས་པ་བདེ་བར་གཤེགས་པ་རྣམས་ཀྱི་ཁྱབ་པ་དང་ཕྱོགས་ཆོས་ཉིད་ཀྱི་མིང་ཅན་སྒྲུབ་བྱེད་ཀྱི་ངག་ཡན་ལག་གཉིས་པ་ཁོ་ནའོ། །གཞན་རྣམས་ནི་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་ཞེས་པ་ཡན་ལག་ལྔ་བསྒྲུབ་པའི་ངག་ཏུ་སྨྲའོ། །ཉེ་བར་དགོད་པ་ཡང༌། འདི་ལྟ་བུ་སྟེ། འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། གང་ན་དུ་བ་ཡོད་པ་དེ་ན་མེ་སྟེ་དཔེར་ན་ཚང་བང་བཞིན། དེ་ལྟ་བུ་ཡང་འདིའོ། །དེའི་ཕྱིར་མེ་ཡོད་དོ། །འདི་ཡང་མི་རིགས་ཏེ། འབྲེལ་བ་དང་བྲལ་བའི་དམ་བཅའ་བའི་ཚིག་ཙམ་ལས་བསྒྲུབ་པར་བྱ་བ་རྟོགས་པར་མི་རིགས་པའི་ཕྱིར་རོ། །འབྲེལ་བ་མེད་པར་ནི་སྒྲ་དང་དོན་དག་གིས་འབྲེལ་བ་སུན་དབྱུང་བར་བསྒྲུབ་ཟིན་པའི་ཕྱིར་སླར་མི་བརྗོད་དོ། །དམ་བཅའ་བ་མེད་པ་ལྔའི་མཐའ་ཅན་གྱི་གཏན་ཚིགས་ཀྱི་སྦྱོར་བ་མི་རིགས་ལ། གཏན་ཚིགས་མེད་པར་ཉེ་བར་སྦྱར་བ་དང༌། དཔེ་དག་མི་རིགས་ཤིང༌། གང་ན་དམ་བཅའ་ཉིད་མེད་པ་དེར་དམ་བཅའ་སླར་ཡང་བརྗོད་པ་མཇུག་བསྡུ་བ་ཅི་ལས་འབྱུང་བར་འགྱུར་ཞེས་ཏེ། ཐམས་ཅད་ཀུན་དུ་བཅད་ཟིན་པ་གཅོད་པའོ། །འབྲས་བུའི་གཏན་ཚིགས་འདི་ཡང་ཡུལ་གྱི་དབྱེ་བས་རྣམ་པ་གསུམ་སྟེ། མེ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་དུ་བ་ལ་སོགས་པ་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱི་ངེས་པར་བྱ་བ་དང༌། མིག་ལ་སོགས་བསྒྲུབ་པར་བྱ་བ་ལ་ཤེས་པ་རེས་འགའ་འབྲས་བུ་སྐྱེ་བ་ལས་ཤེས་པར་བྱ་བ་དང༌། གཟུགས་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་རོ་ལ་སོགས་པ་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ངེས་པར་བྱ་བ་དཔེར་ན་མ་དུ་ལུང་ག་སོགས་པའི་འབྲས་བུ་ལ་གཟུགས་ལས་རོ་རྗེས་སུ་དཔོག་པ་ལྟ་བུའོ། །འདིར་གཟུགས་བསྐྱེད་པར་བྱ་བ་ལ་གཟུགས་སྔ་མ་ཉེ་བར་ལེན་པ་དང་རོ་ལྷན་ཅིག་བྱེད་པའི་རྒྱུ་སྟེ། ཕུང་པོ་སྔ་མ་ལས་ཕུང་པོ་ཕྱི་མ་སྐྱེ་བ་ལ་རིགས་པ་འདིའོ། །འོ་ན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པ་དག་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་སྒྲུབ་པ་འབྲས་བུའི་ངོར་མཚུངས་པ་ཉིད་ཀྱི་ཕྱིར་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་རྣམ་པར་འགྱུར་བས་རྒྱུན་ཅིག་ལ་གང་འགྲུབ་པ་སྟེ་འབྲས་བུའི་ངོར་སྔ་མ་ཉེ་བར་ལེན་པའོ། །གང་རྒྱུན་གཞན་ལ་ཁྱད་པར་བསྐྱེད་པའི་རྒྱུ་མཚན་དེ་ལྷན་


DTG190_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱེད་པའི་རྒྱུའོ། །དཔེར་ན་ཤཱ་ལིའི་མྱུ་གུ་བསྐྱེད་པར་བྱ་བ་ལ་ཤཱ་ལིའི་ས་བོན་ཉེ་བར་ལེན་པ་དང་ཞིང་ས་དང་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པ་ཡིན་པ་བཞིན་ནོ། །དེ་ལྟར་འབྲས་བུའི་གཏན་ཚིགས་དེ་ལས་བྱུང་བའི་འབྲེལ་པ་ལས་རྟོགས་པར་བྱེད་པའོ་ཞེས་གནས་སོ། །རང་བཞིན་ནི་རང་ཡོད་པ་ཙམ་གྱིས་འབྱུང་བའི་བསྒྲུབ་པར་བྱ་བའི་ཆོས་ལ་གཏན་ཚིགས་སོ། །གཏན་ཚིགས་ཡོད་པ་ཙམ་གྱིས་འབྱུང་བའི་བསྒྲུབ་པར་བྱ་བའི་ཆོས་ལ་གང་གཏན་ཚིགས་སུ་བརྗོད་པར་བྱ་བ་དེ་བསྒྲུབ་པར་བྱ་བའི་ཆོས་དེའི་རང་བཞིན་དུ་རྟོགས་པར་བྱའོ། །དཔེར་ན་འདི་ནི་ཤིང་གི་ཐ་སྙད་དུ་བྱར་རུང་སྟེ། ཤིང་ཤ་བའི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལྟ་བུའོ། །འདི་ནི་ཞེས་པ་མདུན་ན་ཡོངས་སུ་མཐོང་བཞིན་པའི་ཚིག་གི་དོན་ཏེ་ཆོས་ཅན་ནོ། །ཤིང་ཤ་བའི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཞེས་སྒྲུབ་པར་བྱེད་པའོ། །ཤིང་ཤ་པའི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཅི་ཞེ་ན། ལོ་མ་དང་འདབ་མ་དང་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་གྱི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། ཤིང་གི་ཐ་སྙད་དུ་བྱར་རུང་བ་ཉིད་ནི་བསྒྲུབ་པར་བྱ་བའོ། །འོ་ན་གཅིག་ཉིད་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མི་རིགས་ཏེ། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཐ་དད་པ་མེད་ན་མེད། ཡང་རྟོགས་པ་པོ་འགའ་ཞིག་ཤིང་ཤ་བའི་ཐ་སྙད་བྱས་ནས་དེ་ལ་ཤིང་གི་ཐ་སྙད་སྔར་བྱས་ཀྱང༌། རྨོངས་པས་ཅུང་ཟད་སྒྲོ་བཏགས་ནས་སླར་མི་བྱེད་པ་དེ་ལ་ད་གཟོད་རང་བཞིན་གྱི་གཏན་ཚིགས་ཀྱི་ཐ་སྙད་དུ་བྱའོ། །དེའི་ཕྱིར་དེ་དག་དོན་དམ་པར་གཅིག་པ་ཉིད་ལ་ཡང་རྣམ་པར་རྟོག་པའི་བློ་ཐ་སྙད་ལ་གྲུབ་པ་ལྡོག་པ་ལ་བརྟེན་ནས་སྐྱེས་པ་ལ་ཐ་དད་པར་སྣང་བའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་ནི་མི་འགལ་ལོ་ཞེས་པའོ། །མི་དམིགས་པ་ནི་དཔེར་ན་ཕྱོགས་འདི་ན་བུམ་པ་མེད་དེ་དམིགས་པའི་མཚན་ཉིད་ཀྱི་འགྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་ལྟ་བུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་པའི་སྣང་དུ་རུང་བའི་ཞེས་པའི་དོན་ཏོ། །འོ་ན་མེད་པ་ཇི་ལྟར་སྣང་རུང་ཉིད་ཡིན་ཞེ་ན། དབང་པོའི་ཤེས་པ་གཅིག་གིས་གཟུང་བར་བྱ་བས་ཕྱོགས་ལ་སོགས་པ་དམིགས་པར་བྱ་བ་བཞིན་པ་ནི་གལ་ཏེ་བུམ་པ་ཡོད་ན་བལྟར་རུང་བ་ཁོ་ནར་འགྱུར་རོ་ཞེས་


DTG190_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བས་དམིགས་པའི་རྐྱེན་གཞན་ཚང་བའི་ཕྱིར་སྣང་རུང་ཉིད་དུ་སྲིད་པ་སྟེ། དེ་སྣང་དུ་རུང་བ་ཁོ་ན་ནི་མ་ཡིན་ནོ། །དེ་མི་དམིགས་པའི་ཕྱིར་རོ་ཞེས་པ་གཏན་ཚིགས་སོ། །དེ་ཡང་ཤེས་པ་གཅིག་ལ་འདྲེ་བའི་ཚིག་གི་དོན་ལས་སམ་ཤེས་པ་གཅིག་མ་འདྲེས་པའི་ཚིག་གི་དོན་དམིགས་པ་ལས་ངེས་པར་བྱའོ་ཞེས་པའོ། །དེ་གཉི་ག་ལས་དང་བྱེད་པ་པོའི་དངོས་པོར་མ་ཡིན་པ་དགག་པའི་ཚུལ་གྱིས་མི་དམིགས་པ་བརྗོད་ཀྱི། མེད་པ་དགག་པའི་ཚུལ་གྱིས་དམིགས་པ་ལོག་པ་ཙམ་ནི་མ་ཡིན་ཏེ། དེ་ལྟ་ནི་རང་ཉིད་ཅི་ཡང་མ་ཡིན་པས་ཇི་ལྟར་སྒྲུབ་བྱེད་དུ་འགྱུར། དགག་བྱ་ལ་གཞན་པའི་ཤེས་པ་ཙམ་ཡང་མ་ཡིན་ཏེ། གཟུགས་དམིགས་པ་ལས་ཀྱང་ནཱ་ག་རང་ག་ལ་རོ་དགག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དགག་བྱ་ལས་ཁྱད་པར་ཅན་ཁོ་ནའི་དངོས་པོ་གཉིས་པོ་ས་ཕྱོགས་སམ་ས་ཕྱོགས་ཀྱི་ཤེས་པ་ནི་མི་དམིགས་པའོ་ཞེས་གནས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་བུམ་པས་དབེན་པའི་ས་ཕྱོགས་འཛིན་པའི་མངོན་སུམ་ཁོ་ན་གྲུབ་པ་ཉིད་ཀྱི་ཕྱིར་རོལ། །དངོས་པོ་མེད་པའི་ཐ་སྙད་ནི་རྨོངས་པའི་ངོར་མི་དམིགས་པས་བསྒྲུབ་པར་བྱ་སྟེ། དེ་ལྟར་ནི་རྨོངས་པ་འགའ་ཞིག་རྡུལ་ལ་སོགས་པ་གྲང་ཅན་ལ་གྲགས་པའི་ཡོན་ཏན་རྣམས་ལ་མི་དམིགས་པས་མེད་པའི་ཐ་སྙད་ཞུགས་ཀྱང་རང་གི་གྲུབ་པའི་མཐའ་གོམས་པ་ལས་སླར་ཡང་ཐམས་ཅད་དུ་ཐམས་ཅད་ཡོད་དོ་ཞེས་དང༌། །ས་ཕྱོགས་ལ་སོགས་པ་འགའ་ཞིག་ཏུ་ཡུང་བུམ་པ་ལ་མི་དམིགས་པ་ཡོད་ན་ཡང་མེད་པའི་ཐ་སྙད་མི་བྱེད་ཅེས་པས་ན་མི་དམིགས་པ་ཐ་སད་རྣམ་པ་གསུམ་བྱ་སྟེ། དེ་ལ་དགོས་པ་མེད་པར་འགྲོ་བ་དང་འོང་བའི་མཚན་ཉིད་ཅན་ལུས་ཀྱི་ཐ་སྙད་དང་འདི་ནི་བུམ་པ་མེད་དོ་ཞེས་པ་ངག་གི་དང་འདི་ལྟ་བུ་ཁོ་ན་ནང་གི་བརྗོད་པའི་རྣམ་པ་ཅན་ཡིད་ཀྱིའོ་ཞེས་པའོ། །མི་དམིགས་པ་ནི་ལས་ཀྱི་ཆོས་ཀྱི་ཕྱོགས་ལ་བསྒྲུབ་པར་བྱ་བ་དང་ལྷན་ཅིག་དེའི་བདག་ཉིད་ཀྱི་མཚན་ཉིད་འབྲེལ་བར་རྟོགས་པར་བྱ་ཞིང་བྱེད་པ་པོའི་ཆོས་ཀྱི་ཕྱོགས་ལ་ནི་དེ་ལས་བྱུང་བ་སྟེ། དེ་ལྟར་ནི་བུམ་པས་དབེན་པའི་ས་ཕྱོགས་སམ་ས་ཕྱོགས་ཀྱི་ཤེས་པ་ནི་མི་དམིགས་པ་ཞེས་བརྗོད་དོ། །མེད་པའི་ཐ་སྙད་དུ་རུང་བ་ཉིད་དང་དེའི་རང་བཞིན་ཏེ་ཤེས་པ་ནི་ས་ཕྱོགས་ཀྱི་འབྲས་བུའོ་ཞེས་པའོ། །འོ་ན་གལ་ཏེ་མི་དམིགས་པ་ལ་ཡང་དེའི་


DTG190_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དང་དེ་ལས་བྱུང་བ་དག་ཁོ་ནའི་འབྲེལ་བ་ཡིན་ན། དེ་ལྟ་ན་འབྲས་བུ་དང་རང་བཞིན་དག་ལས་མི་དམིགས་པ་ཇི་ལྟར་ཐ་སྙད་ཅེ་ན། དགག་པ་སྒྲུབ་པར་བྱེད་པ་ལ་ཐ་དད་པ་སྟེ་དངོས་པོར་ན་མ་ཡིན་ནོ། །སློབ་དཔོན་གྱིས་ཇི་སྐད་གསུངས་པ། འདི་ལ་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་སོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཁྱད་པར་གྱིས་ཡུལ་གྱིས་བསྐལ་བ་རི་རབ་ལ་སོགས་པ་དང༌། དུས་ཀྱིས་བསྐལ་བ་འབྱུང་བར་འགྱུར་པའི་འཁོར་ལོས་སྒྱུར་བའི་དུས་ལ་སོགས་པ་དང༌། རང་བཞིན་གྱིས་བསྐལ་བ་ཤ་ཟ་ལ་སོགས་པ་ལ་མ་དམིགས་པ་ཙམ་ཡོད་པར་གྱུར་ན་ཡང་མེད་པའི་ཐ་སྙད་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །མི་དམིགས་པ་འདི་ཡང་ད་ལྟར་བའི་དུས་ལ་ཚད་མ་ཡིན་ཞིང་ཁྱད་པར་དྲན་པ་ཡོད་པར་གྱུར་ན་འདས་པའི་དུས་ལ་ཡང་སྟེ། མ་འོངས་པའི་དུས་ལ་ནི་མི་དམིགས་པ་རང་ཉིད་ཀྱང་ཐེ་ཚོམ་ཟ་བའི་ངོ་བོ་ཡིན་པས། དེའི་ཕྱིར་ཚད་མ་མ་ཡིན་ནོ། །རིགས་པ་སྨྲ་བས་གསུངས་པ། དྲན་པའི་འདུ་བྱེད་མ་ཉམས་པའི་འདས་པ་དང་ད་ལྟར་གྱི་རྟོགས་པ་པོའི་མངོན་སུམ་ལྡོག་པ་ནི་མི་དམིགས་པ་སྟེ། མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའོ་ཞེས་སོ། །དེ་ལ་གང་གི་ཚེ་རིང་བ་ཉིད་ཀྱི་ཕྱིར་དགག་པར་བྱ་བ་རུང་དུ་ཡུལ་མ་ཡིན་པར་གྱུར་པ་དེའི་ཚེ་སྣང་རུང་མི་དམིགས་པ་དངོས་སུ་རབ་ཏུ་བརྗོད་པར་མི་ནུས་སོ་ཞེས་འབྲས་བུ་མི་དམིགས་པ་ལ་སོགས་པ་རྣམས་རབ་ཏུ་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། དེ་ལ་རང་བཞིན་མི་རིགས་པ་ནི་དཔེར་ན། འདི་ན་དུ་བ་མེད་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་རོ། །དགག་པར་བྱ་བ་དུ་བའི་གང་རང་བཞིན་དེ་འདི་མི་དམིགས་པའོ། །འབྲས་བུ་མི་དམིགས་པ་ནི་དཔེར་ན། འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ་དུ་བ་མེད་པའི་ཕྱིར་རོ། །དགག་པར་བྱ་བ་དུ་བའི་རྒྱུ་རྣམས་ཀྱི་འབྲས་བུ་དུ་བ་སྟེ། དེ་འདིར་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི་དཔེར་ན། འདི་ན་དུ་བ་མེད་དེ་མེ་མེད་པའི་ཕྱིར་རོ། །དགག་པར་བྱ་བ་དུ་བའི་རྒྱུ་མེད་སྟེ། དེ་འདིར་མི་དམིགས་པའོ།


DTG190_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་དཔེར་ན། འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ། །དགག་པར་བྱ་བ་ཤིང་ཤ་བའི་ཁྱབ་པར་བྱེད་པ་ཤིང་སྟ་དེ་འདིར་མི་དམིགས་པའོ། །རང་བཞིན་འགལ་བ་དམིགས་པ་ནི་དཔེར་ན། འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །དགག་པར་བྱ་བ་གྲང་བའི་རེག་པའི་རང་བཞིན་ནི་གང་གྲང་བ་སྟེ། དེ་དང་འགལ་བ་མེ་ཡིན་ཞིང་དེ་ཡང་འདིར་དམིགས་པའོ། །འབྲས་བུ་དང་འགལ་བ་མི་དམིགས་པ་ནི་དཔེར་ན། འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་པའོ། །ཐ་མའི་སྐབས་སུ་གྱུར་པ་ཁོ་ནའི་རྒྱུ་འབྲས་བུ་སྐྱེད་པར་བྱེད་ཀྱི་རྒྱུ་ཐམས་ཅད་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་ཉེ་བར་བཟུང་བའོ། །དགག་པར་བྱ་བ་གྲང་བའི་རྒྱུ་རྣམས་ཀྱི་འབྲས་བུ་གྲང་བ་སྟེ་དེ་དང་འགལ་བ་ཡིན་ཞིང༌། །དེ་འདིར་དམིགས་པའོ། །རྒྱུ་དང་འགལ་བ་མི་དམིགས་པ་ནི་དཔེར་ན། འདི་ལ་སྤུ་ལོང་ལ་སོགས་པའི་ཁྱད་པར་རྣམས་མེད་དེ། སྲེག་པར་བྱེད་པ་ཁྱད་པར་ཉེ་བའི་ཕྱིར་རོ། །དགག་པར་བྱ་བ་སྤུ་ལོང་ལ་སོགས་པའི་ཁྱད་པར་རྣམས་ཀྱི་རྒྱུ་གྲང་བ་སྟེ། །དེ་དང་འགལ་བ་སྲེག་པར་བྱེད་པ་ཁྱད་པར་བ་ཡིན་ཞིང༌། །དེ་འདིར་དམིགས་པའོ། །ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ནི་དཔེར་ན། འདི་ན་བ་མོའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་པའོ། །དགག་པར་བྱ་བ་བ་མོའི་རེག་པ་ཁྱབ་པར་བྱེད་པ་གྲང་བ་སྟེ། དེ་དང་འགལ་བ་མེ་ཁྱད་པར་མ་ཡིན་ལ། དེ་འདིར་དམིགས་པའོ། །རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། འདི་ན་གྲང་བའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ། །དགག་པར་བྱ་བ་གྲང་རེག་གི་རང་བཞིན་གང་ཡིན་པ་དེའི་འགལ་བ་མེ་སྟེ་དེའི་འབྲས་བུ་དུ་བ་ཡིན་ཞིང་དེ་འདིར་དམིགས་པའོ། །འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ་དུ་བ་ཡོད་པའི་ཕྱིར་ཞེས་པའོ། །དགག་བྱ་གྲང་བའི་རྒྱུ་མཚན་གྱི་འབྲས་བུ་གྲང་བ་སྟེ། དེ་དང་འགལ་བ་མེ་ཡིན་ཞིང༌། དེའི་འབྲས་བུ་དུ་བ་སྟེ་འདིར་དམིགས་པའོ། །རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། ས་ཕྱོགས་འདི་ནི་སྤུ་ལོང་ལ་སོགས་


DTG190_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་པར་དང་ལྡན་པའི་གྲང་བ་དང་ལྡན་པ་མ་ཡིན་ཏེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་པའོ། །དགག་པར་བྱ་བ་སྤུ་ལོང་ལ་སོགས་པའི་ཁྱད་པར་རྣམས་ཀྱི་རྒྱུ་གྲང་བ་སྟེ། དེ་དང་འགལ་བ་མེ་ཡིན་ལ། དེའི་འབྲས་བུ་དུ་བ་ཡིན་ཞིང་དེ་དམིགས་པའོ། །ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་ཞེས་པའོ། །དགག་པར་བྱ་བ་བ་མོའི་རེག་པའི་ཁྱབ་པར་བྱེད་པ་གྲང་བ་སྟེ། དེ་དང་འགལ་བ་མེ་ཡིན་ལ། དེའི་འབྲས་བུ་དུ་བ་ཡིན་ཞིང༌། དེ་འདིར་དམིགས་པའོ། །རང་བཞིན་འགལ་བས་ཁྱབ་པ་དམིགས་པ་ནི་དཔེར་ན། འདི་ན་མེ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །དགག་པར་བྱ་བ་མེའི་རང་བཞིན་དེ་དང་འགལ་བ་གྲང་བ་སྟེ་དེས་ཁྱབ་པ་མོའི་རེག་པ་ཡིན་ལ་དེ་འདིར་དམིགས་པའོ། །འབྲས་བུ་འགལ་བས་ཁྱབ་པ་དམིགས་པ། དཔེར་ན་འདི་ན་མེའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ། །བ་མོའི་རེག་པ་ཡོད་པའི་ཕྱིར་ཞེས་པའོ། །དགག་པར་བྱ་བ་མེའི་རྒྱུ་རྣམས་ཀྱི་འབྲས་བུ་མེ་ཡིན་ལ་དེ་དང་འགལ་བ་གྲང་བ་དང༌། དེས་ཁྱབ་པ་པོ་བ་མོའི་རེག་པ་སྟེ་དེ་འདིར་དམིགས་པའོ། །རྒྱུ་དང་འགལ་བས་ཁྱབ་པ་དམིགས་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་ཞེས་པའོ། །དགག་པར་བྱ་བ་དུ་བའི་རྒྱུ་མེ་ཡིན་ལ་དེ་དང་འགལ་བ་གྲང་བ་སྟེ། དེས་ཁྱབ་པ་བ་མོའི་རེག་པ་ཡིན་ཞིང་དེ་དམིགས་པའོ། །ཁྱབ་བྱེད་དང་འགལ་བས་དམིགས་པ་ནི་དཔེར་ན། འདི་རྟག་པ་མ་ཡིན་ཏེ། རེས་འགའ་འབྲས་བུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགག་པར་བྱ་བརྟག་པའི་ཁྱབ་པར་བྱེད་པ་ཁྱད་པར་དུ་འགྱུར་བ་མེད་པ་ཡིན་ལ། དེ་དང་འགལ་བ་ཁྱད་པར་དུ་འགྱུར་བ་དང་བཅས་པ་ཉིད་དེ་དེས་ཁྱབ་པར་རེས་འགའ་འབྲས་བུ་བྱེད་པ་ཉིད་ཡིན་ཞིང༌། དེ་འདིར་དམིགས་པའོ། །འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་བཅོ་ལྔ་པོ་འདི་རྣམས་ཀྱང་རང་བཞིན་མི་དམིགས་པའི་ངོ་བོ་ཉིད་ཁོ་ནར་རྟོགས་པར་བྱ་སྟེ། སྦྱོར་བའི་དབྱེ་བ་གཞན་ཕྱེ་བའོ། །དེ་ལ་རང་བཞིན་མི་དམིགས་པས་མེད་པའི་ཐ་སྙད་དུ་དུ་རུང་བ་ཉིད་བསྒྲུབ་པར་བྱའི། དངོས་པོ་མེད་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་ནི་མ་ཡིན་པར་དགག་པའི་ཚུལ་གྱིས་དམིགས་པ་ཞེས་བརྗོད་ཅིང༌། དེ་ཡང་


DTG190_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཉིད་ཀྱིས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་ཐམས་ཅད་ཀྱི་དངོས་པོ་མེད་པ་དང་དངོས་པོ་མེད་པའི་ཐ་སྙད་ཀྱང་བསྒྲུབ་པར་བྱ་སྟེ། དེ་རྣམས་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པ་རྟོག་གེའི་སྐད་དུ་རང་དོན་རྗེས་སུ་དཔག་པ་ཡོངས་སུ་བཅད་པ་རྫོགས་སོ།། །།ཚུལ་གསུམ་པའི་རྟགས་རྗོད་པར་བྱེད་པ་ནི་གཞན་དོན་རྗེས་སུ་དཔག་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དང་ཕྱོགས་ཆོས་ཀྱི་མིང་ཅན་ཚུལ་གསུམ་པ་རྣམས་ཚིག་གང་གིས་བརྗོད་པར་བྱེད་པའི་ཚིག་དེ་ནི་ཉེ་བར་བཏགས་པ་ལས་རྗེས་སུ་དཔག་པ་བརྗོད་པར་བྱའོ། །དེ་རྣམ་པ་གཉིས་ཏེ་ཆོས་མཐུན་པ་དང་ལྡན་པ་དང་ཆོས་མི་མཐུན་པ་དང་ལྡན་པའོ། །བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་དག་གཏན་ཚིགས་ཡོད་པ་ཉིད་ཀྱི་རྣམ་པར་མི་མཚུངས་པ་ཉིད་ནི་ཆོས་མཐུན་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཆོས་མི་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་གོ ། བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་དག་གཏན་ཚིག་ཡོད་པ་ཉིད་ཀྱི་རྣམ་པར་མི་མཚུངས་པ་ཆོས་མི་མཐུན་པ་སྟེ་དེ་གང་ལ་ཡོད་པ་དེ་ཆོས་མི་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་གོ །དེ་ལ་རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་མཐུན་པ་དང་ལྡན་པའི་སྦྱོར་བ་བསྟན་པའི་ཆེད་དུ་མདོ་སྡེ་པའི་ལུགས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་གང་གསུངས་པ། འདུས་བྱ་ཐམས་ཅད་སྐད་ཅིག་པའོ་ཞེས་སོ། །དེ་གཏན་ལ་དབབ་པར་བྱ་སྟེ། འདུས་ཤིང་ཚོགས་ནས་རྒྱུ་དང་རྐྱེན་རྣམས་ཀྱིས་བྱས་ཤིང་དངོས་པོ་སྐྱེས་པ་ནི་འདུས་བྱས་སོ། །སྐད་ཅིག་པའོ་ཞེས་པ་སྐྱེ་བའི་སྐད་ཅིག་ཁོ་ན་ཡོད་པའི་ཕྱིར་རོ། །རེ་ཞིག་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ཐོ་བ་ལ་སོགས་པ་ཉེ་བ་ན་འཇིག་པར་འགྱུར་བར་སྣང་ཞིང༌། དེ་ལ་ངོ་བོ་གང་གིས་མཐའི་གནས་སྐབས་སུ་བུམ་པ་ལ་སོགས་པ་འཇིག་པར་བྱེད་པའི་ངོ་བོ་དེ་དང་འདི་སྐྱེས་པ་ཙམ་ལ་ཡོད་དེ། དེའི་ཚེ་སྐྱེས་མ་ཐག་པའི་ཁོ་ནར་དེས་གཞིག་པར་བྱའོ་ཞེས་པས་འདི་གསལ་བར་བྱེད་པ་སྐད་ཅིག་པ་ཉིད་དོ། །ཅི་སྟེ་འདི་འདྲ་བ་ཁོ་ན་རང་བཞིན་ཏེ། རང་གི་རྒྱུ་ལས་དེ་སྐྱེས་ཤིང་གང་དུས་ཅུང་ཟད་ཅིག་གནས་ནས་ཞིག་གོ་ཞེས་པ་དེ་ལྟ་ན་དེའི་ཚེ་ཐོ་བ་ལ་སོགས་པ་ཉེ་བ་ན་ཡང་འདི་ཁོ་ནའི་དེའི་རང་བཞིན་ནོ་ཞེས་པས་སླར་


DTG190_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་དུས་དེ་སྲིད་ཁོ་ནར་གནས་པར་བྱ་བ་ལ་སླར་ཡང་དེ་བཞིན་ནོ་ཞེས་པས་མི་འཇིག་པ་ཁོ་ནར་འགྱུར་རོ། །དེའི་སྐད་ཅིག་གཉིས་གནས་པའི་ངང་ཅན་ཉིད་དུ་ཡང་སྐྱེས་ན། སྐད་ཅིག་དང་འདྲ་བར་སྐད་ཅིག་གཉིས་པ་ན་ཡང་སྐད་ཅིག་གཉིས་གནས་པའི་ངང་ཅན་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཞན་པ་གཉིས་སུ་གནས་པར་འགྱུར་ཞིང༌། དེ་བཞིན་དུ་སྐད་ཅིག་གསུམ་པ་ན་ཡང་དེའི་རང་བཞིན་ཉིད་ཀྱི་ཕྱིར་མི་འཇིག་པ་ཁོ་ནར་འགྱུར་རོ་ཞེས་འདི་ནི་འགྱུར་ཏེ། དེའི་དངོས་པོ་ནི་བརྟན་པ་ཁོ་ནར་རང་གི་རྒྱུ་ལས་སྐྱེས་ཤིང༌། སྟོབས་ཀྱི་འགོག་བྱེད་ཐོ་བ་ལ་སོགས་པས་གཞིག་པར་བྱ་བ་འབའ་ཞིག་གོ་ཞེ་ན། དེ་ཡང་དག་པ་མ་ཡིན་ཏེ། སླར་ཡང་འདི་ཇི་ལྟར་རིགས། བརྟན་པ་ཉིད་ཀྱི་ཕྱིར་དེ་འཇིག་པ་ཡང་མ་ཡིན་ཞིང༌། །འགོག་བྱེད་ཀྱི་སྟོབས་ཀྱིས་དེ་གཞིག་པར་བྱ་བ་ཡང་ཡིན་པ་འདི་ནི་མི་སྲིད་པའི་ཕྱིར་ཏེ། ལྷ་སྦྱིན་འཚོ་བ་ཡང་ཡིན་ལ་འདི་འཆི་བར་ཡང་འགྱུར་རོ་ཞེས་པའོ། །འོན་ཏེ་འཇིག་པ་ཡིན་ན་དེའི་ཚེ་ཇི་ལྟར་མི་འཇིག་པའི་ངང་ཅན་དུ་དེའི་དངོས་པོ་རང་གི་རྒྱུ་ལས་སྐྱེས། འཆི་བ་ཡང་ཡིན་ལ་མི་འཆི་བའི་ཆོས་ཅན་ཡང་ཡིན་ནོ་ཞེས་སྨྲ་བར་མི་རིགས་པས་སོ། །དེའི་ཕྱིར་འཇིག་པའི་ངང་ཅན་མ་ཡིན་པ་ཉིད་ནི་ནམ་ཡང་འཇིག་པ་མི་རིགས་པའི་ཕྱིར་དང་འཇིག་པར་མཐོང་བའི་ཡང་ཕྱིར། འཇིག་པའི་དང་ཅན་ཁོ་ནར་དེའི་དངོས་པོ་རང་གི་རྒྱུ་ལས་ཉེ་བར་སྐྱེས་སོ་ཞེས་ཁས་བླངས་སོ། །དེའི་ཕྱིར་སྐྱེས་པ་ཙམ་ཁོ་ན་འཇིག་ཆིང་དེ་ལྟར་གྱུར་ན་སྐད་ཅིག་གིས་འཇིག་པར་འགྲུབ་པར་འགྱུར་རོ། །སྦྱོར་བ་ཡང་སྔར་ལྟར་བྱ་སྟེ། གང་དང་གང་འཇིག་པའི་ངང་ཅན་གྱི་ངོ་བོ་ངེ་དང་དེ་ནི་དེ་མ་ཐག་ཏུ་མི་གནས་པའི་ངང་ཅན་ཡིན་ཏེ། དཔེར་ན་སྐད་ཅིག་མ་ཐ་མར་ཞུགས་པའི་བུམ་པའི་ངོ་བོ་བཞིན། གཟུགས་ལ་སོགས་པ་སྐྱེས་པའི་དུས་ན་ཡང་འཇིག་པའི་ངང་ཅན་གྱི་ངོ་བོ་ཡིན་ནོ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དངོས་པོ་རྣམས་སྐད་ཅིག་གིས་ཉམས་པའི་ངང་ཅན་ཡིན་ན། འོ་ན་དེ་ཁོ་ན་འདིའོ་ཞེས་ངོ་ཤེས་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འདྲ་བའི་བར་མ་ཆད་པ་གཞན་དང་གཞན་བྱུང་བ་ལས་དང༌། མ་རིག་པ་བཅིངས་པ་ལས་སོ། །སྐད་ཅིག་སྔ་མ་འཇིག་པའི་དུས་ཁོ་ན་དེ་དང་འདྲ་


DTG190_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐད་ཅིག་གཞན་སྐྱེ་སྟེ། དེས་ན་རྣམ་པ་མི་མཐུན་པ་མེད་པའི་ཕྱིར་དང་དངོས་པོ་མེད་པས་ཀྱང་བར་དུ་མ་ཆོད་པའི་ཕྱིར་ཐ་དད་ན་ཡང་དེ་ཁོ་ན་འདིའོ་ཞེས་ཐ་མི་དད་པར་ལྷག་པར་ཞེན་པའི་རྟོག་པ་སོ་སོ་སྐྱེ་བོ་རྣམས་ལ་རབ་ཏུ་སྐྱེ་སྟེ། ཤིན་ཏུ་ཐ་དད་པ་བཅད་ནས་སླར་སྐྱེས་པའི་ཀུ་ཤ་དང་ཀཱ་ཤ་དང་སྐྲ་ལ་སོགས་པ་རྣམས་ལ་ཡང་དེ་ཁོ་ནའི་འདིའོ་ཞེས་པའི་རྟོག་པ་མཐོང་བ་ཉིད་དེ། དེ་བཞིན་དུ་འདིར་ཡང་ཅིའི་ཕྱིར་མི་སྲིད། །དེའི་ཕྱིར་འདུས་བྱས་ཐམས་ཅད་སྐད་ཅིག་པའོ་ཞེས་པ་འདི་གྲུབ་པ་ཁོ་ནའོ། །ཁྱད་པར་མེད་པའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་འདི་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་ཁྱད་པར་མེད་པའི་སྦྱོར་བ་གཞན་ཏེ། གང་ཡོད་པ་དེ་ཐམས་ཅད་དེ་མི་རྟག་པ་སྟེ་དཔེར་ན་བུམ་པ་བཞིན། ཚད་མས་རྟོགས་པའི་དངོས་པོའི་འདི་ཐམས་ཅད་ཀྱང་ཡོད་པ་རྣམས་སོ། །དེ་བཞིན་དུ་གཞན་ཡང་རིག་བྱེད་སྐྱེས་བུས་བྱས་པ་ཉིད་དུ་གྲུབ་པའི་ཆེད་དུ་རང་བཞིན་གྱི་གཏན་ཚིགས་ཏེ། གང་དང་གང་དག་ཡིན་པ་དེ་དང་དེ་སྐྱེས་བྱུས་བྱས་པ་སྟེ་དཔེར་ན་ཤིང་རྟ་བཞིན་པའི་སྐྱེས་བུའི་ངག་བཞིན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱའོ་ཞེས་པ་འདི་ཡག་ངག་གོ་ཞེས་པ་ལྟ་བུའོ། །ཁྱད་པར་བཅས་པའི་སྦྱོར་བ་ནི་དཔེར་ན། གང་སྐྱེ་བ་དང་ལྡན་པ་དེ་ཐམས་ཅད་མི་རྟག་པ་སྟེ་དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་སྐྱེ་བ་དང་ལྡན་པའོ། །མ་སྐྱེས་པའི་རྣམས་ལས་ལོག་པའི་དངོས་པོ་ནི་སྐྱེས་པར་མཛད་ཅིང༌། གང་གི་ཚེ་ལྡོག་པ་དེ་ཁོ་ན་ལྡོག་པ་གཞན་རྣམ་པར་གཅོད་པས་དངོས་པོའི་སྐྱེས་བ་ཞེས་ཐ་དད་པར་བརྗོད་ཅིང་དེའི་ཚེ། བཏགས་པས་ཐ་དད་པའི་རང་བཞིན་དུ་གྱུར་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་ཁྱད་པར་ཐ་དད་པའི་སྦྱོར་བ་ནི། གང་བྱས་པ་དེ་མི་རྟག་སྟེ་བུམ་པ་བཞིན་ནོ། །སྒྲ་ཡང་བྱས་སོ། །འོ་ན་བ་ལང་ཁྲོ་བོ་ཞེས་པ་ཁྱད་པར་ཐ་དད་པའི་སྦྱོར་བ་མ་ཡིན་ནམ། ཇི་ལྟར་ཁྲ་བོའི་སྒྲ་ཁྱད་པར་ཐ་དད་པ་རྗོད་པར་བྱེད་པ་ཡོད་པ་དེ་བཞིན་དུ་བྱས་པའི་སྒྲ་ལ་ཁྱད་པར་ཐ་དད་པར་རྗོད་པར་བྱེད་ཅིང་ཡང་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ཁྱད་པར་ཐ་དད་པའི་དཔེར་བརྗོད་པ་ཡིན་ཞེ་ན་བརྗོད་པར་བྱ་སྟེ། རང་གི་ངོ་བོ་འགྲུབ་པ་ན་གཞན་གྱི་བྱ་བ་ལ་ལྟོས་པའི་དངོས་པོ་


DTG190_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱས་པ་ཞེས་བརྗོད་པར་བྱ་ལ། དེའི་ཕྱིར་བྱས་པའི་སྒྲ་གཞན་གྱི་བྱ་བ་ལ་ལྟོས་པ་དང་བཅས་པའི་རང་བཞིན་དང་ཁོ་ནས་རྗོད་པར་བྱེད་པ་ནི་ཁྱད་པར་ཐ་དད་པ་ཁོ་ནར་གསུངས་སོ། །ཁྱད་པར་རབ་ཏུ་སྦྱར་བའི་རང་བཞིན་གྱི་སྦྱོར་བ་ནི། གང་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་ངང་ཅན་དེ་བྱས་པ་དེ་དུ་བ་བཞིན། །སྒྲ་ཡང་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་ངང་ཅན་ནོ། །རྐྱེན་ནི་རྒྱུ་སྟེ་དེའི་བྱེ་བྲག་དེས་ཐ་དད་པའི་ངང་ཚུལ་གང་ལ་ཡོད་པ་དེ་རྐྱེན་གྱི་ཁྱད་པར་གྱིས་ཐ་ད་པའི་ངང་ཅན་ཏེ། གང་རྒྱུ་ཆེན་པོ་ཉིད་ཀྱིས་ཆེན་པོ་ཉིད་དང་རྒྱུ་ཆུང་ངུ་ཉིད་ཅེས་པའི་དོན་ཏོ། །རྐྱེན་གྱི་ཁྱད་པར་གྱི་སྒྲ་ཐ་དད་པའི་ཁྱད་པར་རྗོད་པར་བྱེད་པ་འདིར་རབ་ཏུ་སྦྱར་བ་ཉིད་ཀྱི་ཕྱིར་འདི་ནི་ཐ་དད་པའི་ཁྱད་པར་རབ་ཏུ་སྦྱར་བའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་སྣ་ཚོགས་བསྟན་པ་ཡང་རྣམ་པར་རྨོངས་པ་ལོག་པའི་ཆེད་དུ་སྟེ། ཆོས་ཀྱི་བྱེ་བྲག་བརྟགས་པས་ཀྱང་རང་བཞིན་གྱི་གཏན་ཚིགས་ཁོ་ནར་རབ་ཏུ་སྦྱར་བར་བྱའོ་ཞེས་རབ་ཏུ་བསྒྲུབ་པའི་ཆེད་དུའོ། །རང་བཞིན་གྱི་གཏན་ཚིགས་ལ་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན་གང་དང་གང་དེ་མ་ཐག་ཏུ་མི་གནས་པར་མི་འགྱུར་བ་དེ་དང་དེ་འཇིག་པའི་ངང་ཅན་གྱི་རང་གི་ངོ་བོ་མ་ཡིན་ཏེ། ནམ་མཁའ་བཞིན། གཟུགས་ལ་སོགས་པ་སྐྱེས་པའི་དུས་ན་ཡང་འཇིག་པའི་ངང་ཅན་ནོ། །ལྡོག་པའི་སྦྱོར་བ་ལ་སྒྲུབ་པར་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་མེད་པ་ལ་ཁྱབ་པ་མེད་པ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་ཡོད་ན་ངེས་པར་འགྱུར་རོ་ཞེས་རྟོགས་པར་བྱའོ། །དེ་བཞིན་དུ་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་གཞན་ཡང་སྟེ། གང་དང་གང་ན་སྐད་ཅིག་མ་ཉིད་མེད་པ་དེ་དང་དེ་ན་ཡོད་པ་ཉིད་ཀྱང་སྟེ། ནམ་མཁའི་པདྨ་ལ་བཞིན་སྒྲ་ཡོད་པའོ། །དེ་བཞིན་དུ་གང་ནའང་མི་རྟག་པ་ཉིད་ལོག་པ་དེ་ན་སྐྱེ་བ་དང་ལྡན་པ་ཉིད་ཀྱང་སྟེ། རུས་སྦལ་གྱི་སྤུ་ལ་བཞིན། སྒྲ་ནི་སྐྱེ་བ་དང་ལྡན་པ་ལ་ཡང་ངོ༌། །གང་དུ་མི་རྟག་པ་ཉིད་ལོག་པ་དེར་བྱས་པ་ཉིད་ཀྱང་སྟེ། རི་བོང་གི་རྭ་བཞིན། །སྒྲ་ནི་བྱས་པ་ཡིན་ནོ། །གང་དུ་བྱས་པ་ཉིད་མེད་པ་དེར་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཀྱང་མེད་དེ། ནམ་མཁའ་ལ་བཞིན། སྒྲ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཡང་ངོ་ཞེས་པའོ། །འབྲས་བུའི་གཏན་


DTG190_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་ཆོས་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན་གང་དང་གང་ན་དུ་བ་ཡོད་པ་དེ་དང་དེ་ན་མེ་སྟེ། ཚང་བང་བཞིན་འདི་ན་ཡང་དུ་བའོ། །འབྲས་བུའི་གཏན་ཚིགས་ཀྱང་མངོན་སུམ་དང་མི་དམིགས་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཡོད་ན། རྒྱུ་བསྒྲུབ་པར་བྱ་བ་ལ་རབ་ཏུ་སྦྱར་བར་བྱའོ། །ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན། མེ་མེད་ན་དུ་བར་མི་འགྱུར་ཏེ་ཆུ་ཀླུང་ཆེན་པོ་བཞིན་འདི་ན་དུ་བ་ཡོད་དོ་ཞེས་པའོ། །མི་དམིགས་པའི་ཆོས་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་ཡན་ལག་ཅན་དགག་པའི་ཆེད་དུ་དཔེར་ན། གང་གང་ན་དམིགས་པའི་མཚན་ཉིད་དུ་འགྱུར་བར་ཡོད་པ་མ་དམིགས་པ་དེ་དང་དེ་ན་ཡོད་པ་མ་ཡིན་པའི་ཐ་སྙད་དུ་བྱར་རུང་སྟེ། མིའི་མགོ་ལ་རྭ་བཞིན་བུམ་པའི་སྒྲའི་བརྗོད་པར་བྱ་བའི་སྣོད་རྣམས་ལ་ཕ་རོལ་གྱིས་མངོན་པར་འདོད་པ་ན། ལག་ཅན་ཡང་འདིར་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་སོ། །མི་དམིགས་པའི་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན། གང་དམིགས་པའི་མཚན་ཉིད་དུ་གྱུར་པར་ཡོད་པ་དེ་དམིགས་པ་ཁོ་ན་སྟེ། སྔོན་པོ་ལ་སོགས་པའི་ཁྱད་པར་མངོན་སུམ་ཉིད་དུ་མངོན་པར་འདོད་བཞིན་ཕྱོགས་ཀྱི་ཁྱད་པར་འདི་ན་དམིགས་པའི་མཚན་ཉིད་དུ་གྱུར་པར་ཡོད་པའི་བུམ་པ་དམིགས་པ་མེད་དོ་ཞེས་པའོ། །ཐམས་ཅད་དུ་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་ལ་སྒྲུབ་བྱེད་ལ་ཁྱབ་པར་བྱ་ཞིང༌། ཆོས་དང་མི་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་ལ་ནི་སྒྲུབ་པར་བྱེད་པ་མེད་པས་བསྒྲུབ་བྱ་མེད་པ་ལ་ཁྱབ་པའོ་ཞེས་རྟོགས་པར་བྱའོ། །སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་ལ་ངེས་པ་ཉིད་དུ་བརྗོད་པ་དང་བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པར་འཆད་པ་ཞེས་བྱ་བ་ནི་ཁྱབ་པ་ཞེས་མངོན་པར་རྗོད་པར་བྱེད་པའོ། །དེའི་ཕྱིར་ཚད་མས་ཁྱབ་པ་གྲུབ་པ་ཡོད་ན་འདི་ནི་གང་དུ་ཡང་སྒྲུབ་པར་བྱེད་པའི་ཆོས་ཅན་དེར་བསྒྲུབ་པར་བྱ་བར་མི་འགྱུར་རོ་ཞེས་པའི་དགོས་པ་མེད་དོ། །གང་དུ་ཚད་མས་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པའི་ཁྱབ་པ་མ་གྲུབ་པ་དེར་ནི་དགོས་པ་འཇུག་པ་མི་བཟློག་ཏེ། དཔེར་ན་དབང་ཕྱུག་བསྒྲུབ་པ་ན་འབྲས་བུ་ཉིད་ཀྱི་སྒྲུབ་པར་བྱེད་པ་བཞིན་ཏེ། དེ་ལྟར་ན་དེ་རྣམས་ཀྱི་སྒྲུབ་བྱེད་ཉེ་བར་དགོད་པ། འདིར་ཐམས་ཅད་


DTG190_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་གཞན་བཅོམ་ལྡན་འདས་ཡོད་དམ་མེད་ཀྱང་བླ་སྟེ། སླར་ཡང་དབང་ཕྱུག་ཐམས་ཅད་མཁྱེན་པ་ནི་བསྒྲུབ་པར་ནུས་སོ། །དེ་ལྟར་ནི་འཁོར་བ་ན་དངོས་པོ་འགའ་ཞིག་རྣམས་བྱེད་པ་པོ་ངེས་པ་ཡོད་དེ། བུམ་པ་ལ་སོགས་པ་རྣམས་བཞིན། འགའ་ཞིག་རྣམས་བྱེད་པ་པོ་ངེས་པ་མེད་པ་སྟེ། ནམ་མཁའ་ལ་སོགས་པ་བཞིན། སླར་ཡང་གཞན་བྱེད་པ་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཏེ་ས་ལ་སོགས་པ་ལྟ་བུའོ། །འདི་རྣམས་ལས་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་གང་མཐོང་བཞིན་པར་སྐྱེ་བ་ལྗོན་ཤིང་ལ་སོགས་པ་རྣམས་དང༌། གང་ཡང་སྐྱེས་ནས་རིང་དུ་ལོན་པ་ས་གཞི་ལ་སོགས་པ་སྟེ། བྱེད་པ་པོ་ལ་ཐེ་ཚོམ་ཟ་བ་ཉིད་དུ་རྣམ་པར་གནས་པ་དེ་རྣམས་ཐམས་ཅད་ནི་བློ་དང་ལྡན་པའི་བྱེད་པ་པོ་སྔོན་མ་ཅན་རྣམས་ཏེ། འབྲས་བུ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་བཞིན། གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ཏེ། འབྲས་བུ་ཉིད་ནི་ཐམས་ཅད་ཀྱི་ཚད་མས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་པ་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པའི་ཕྱིར་རོ། །དེ་ལྟར་ནི་འབྲས་བུ་རེ་ཞིག་བློ་དང་ལྡན་པའི་རྫ་མཁན་ལས་ཉེ་བར་སྐྱེ་བར་མང་དུ་མཐོང་བའི་རྒྱུ་ཅན་གྱི་ཡིད་དང་མངོན་སུམ་གྱིས་དམིགས་ཤིང༌། དེ་གལ་ཏེ་བློ་མེད་པར་ཡང་འགྱུར་ན། ད་ནི་བློ་དང་ལྡན་པའི་སྐབས་ལས་ནམ་གྱི་ཚེ་ཡང་སྐྱེ་བར་མི་འགྱུར་ཞིང་རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་འབྲས་བུ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ནམ་གྱི་ཚེ་ཡང་འབྲས་བུར་ཡང་འགྱུར་ཞིང་བློ་དང་ལྡན་པའི་རྒྱུ་ཅན་དུ་མི་འགྱུར་རོ་ཞེས་པ་འདི་དགོས་པར་མི་བྱའོ་ཞེའོ། །འདིར་འདི་སྐད་བརྗོད་པར་བྱ་སྟེ། སྒྲུབ་པར་བྱེད་པ་ནི་ངེས་པ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གང་ཟག་གི་ཁྱབ་པར་ཐམས་ཅད་ཉེ་བར་སྡུད་པའི་ཚད་མས་གྲུབ་ན་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ་ཞེས་པ་རྒོལ་བ་ཐམས་ཅད་ཀྱིས་འདོད་པ་ཡིན་ཞིང༌། འདིར་གལ་ཏེ་སྣང་རུང་གི་ལུས་ཁྱད་པར་བློ་དང་ལྡན་པས་ཁྱབ་པར་གཟུང་བར་བྱ་ན་ནི་དེའི་ཚེ་དེ་ལྟར་གྱུར་བའི་བསྒྲུབ་པར་བྱ་བ་མེད་པར་ཡང་སྐྱེ་བཞིན་པ་རྩྭ་ལ་སོགས་པ་ལ་འབྲས་བུ་ཉིད་མཐོང་བའི་ཕྱིར་གཞལ་བྱ་ཉིད་ལ་སོགས་པ་ལྟར་གཏན་ཚིགས་འདི་ཐུན་མོང་


DTG190_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གི་མ་ངེས་པའོ། །རྩྭ་ལ་སོགས་པ་རྣམས་ཕྱོགས་སུ་བྱས་པའོ་ཞེས་ཀྱང་སྨྲ་བར་མི་བྱའོ། །འཁྲུལ་བའི་ཡུལ་ཁོ་ན་ཕྱོགས་སུ་འགྱུར་བར་འོས་པ་མ་ཡིན་ཏེ། ཐེ་ཚོམ་ཟ་ལ་རྟགས་བརྗོད་ཕྱིར། །བསལ་བ་གཏན་ཚིགས་བརྟེན་མ་ཡིན། །ཞེས་པའི་རིགས་པ་ལས་སོ། །ཅི་སྟེ་སྐྱེད་པར་མི་ནུས་པ་ན་ཡང༌། ལ་ལ་མེ་མེད་པར་ཡང་དུ་བ་མཐོང་བའི་ཕྱིར་ཏེ་དེ་ལྟར་དུ་བ་ཡང་འཁྲུལ་པར་སྨྲ་བར་བླ་བ་ཉིད་དོ་ཞེ་ན། དེ་མ་ཡིན་ཏེ། བསྐྱེད་པར་མི་ནུས་པ་ཉིད་དུ་ལ་ལ་མེ་ལྟ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་ཐེ་ཚོམ་གྱི་ཡུལ་ཉིད་རིགས་སོ། །སྐབས་སུ་བབ་པ་ལ་ནི་བལྟར་རུང་བའི་ཆོས་ཁྱད་པར་བ་བློ་དང་ལྡན་པས་ཁྱབ་པར་གཟུང་བྱར་བྱ་ན་ནི་སྣང་རུང་མི་དམིགས་པས་བློ་དང་ལྡན་པ་ལ་གནོད་པར་འགྱུར་ཞེས་པའོ། །འོན་ཏེ་བལྟར་མི་རུང་བའི་ལུས་བློ་དང་ལྡན་པ་ཙམ་གྱིས་ཁྱབ་པ་རྟོགས་པར་བྱ་ན། དེའི་ཚེ་བལྟར་མི་རུང་བ་བློ་དང་ལྡན་པ་ཙམ་གྱིས་བསྒྲུབ་པར་བྱ་བའི་སྣང་རུང་མི་དམིགས་པས་ལྡོག་པ་མ་གྲུབ་སྟེ། གཏན་ཚིགས་འདི་ནི་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའོ། །བསྒྲུབ་པར་བྱ་བ་དང་ལྡན་པ་མེད་པའི་སྒྲུབ་པར་བྱེད་པ་མེད་པ་མ་གྲུབ་པ་ཉིད་ཀྱིས་ན་ཁྱབ་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། །འབྲས་བུ་ཉིད་ནི་མི་མཐུན་ཕྱོགས་ལ་འཇུག་པ་བསལ་བའི་ཆེད་དུ་དབང་པོ་ལས་འདས་པ་བྱེད་པ་པོ་ཡང་དག་པར་འབྱུང་བའོ་ཞེ་ན། ལྡོག་པ་གྲུབ་པ་མ་ཚང་བའི་ཁྱབ་པ་ཇི་ལྟར་གྲུབ། ཅི་སྟེ་ལྡོག་པ་འགྲུབ་པའི་ཡིད་ཀྱིས་བལྟར་མི་རུང་བའི་བྱེད་པ་པོ་བརྟེན་པར་བྱ་བ་ཡིན་ནོ། དེ་དང་ལྡན་པ་ལ་ཡང་དེའི་རྩྭ་ལ་སོགས་པའི་ཞེས་པ་བསལ་བར་མི་མཐུན་ཕྱོགས་ལ་མཐོང་བའོ། །གང་ཡང་མིག་གསུམ་པས་བརྗོད་པ། ཇི་ལྟར་བུ་བ་ལ་སོགས་པ་རྣམས་མེ་ལ་སོགས་པ་རྣམས་དང༌། ལྷན་ཅིག་རང་བཞིན་པའི་འབྲེལ་བ་དེ་ལྟར་འབྲས་བུ་ཉིད་བློ་དང་ལྡན་པ་དང་ལྷན་ཅིག་སྟེ། དེའི་རྫས་དམིགས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ན། གང་དུ་ཡང་འཁྲུལ་བ་མ་མཐོང་བའི་ཕྱིར་རོ་ཞེའོ། །དེ་མི་རིགས་ཏེ་གང་གི་ཕྱིར་དོན་གཞན་ལ་ལྟོས་པར་བྱ་བ་ཅུང་ཟད་ཅིག་རྫས་ཀྱི་སྒྲས་བརྗོད་ན། དོན་གཞན་པ་ཡང་བལྟར་རུང་བར་གདོན་མི་ཟ་བར་འགྱུར་བ་མ་ཡིན་ཞིང༌། བལྟར་


DTG190_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བ་ནི་ཡུལ་དང་དུས་དང་རང་བཞིན་བསྐལ་བར་ཡང་དག་པར་འབྱུང་ངོ༌། །དེའི་ཕྱིར་དུ་བ་མེ་དང་ལྷན་ཅིག་འབྲེལ་བར་འགྱུར་བར་རྫས་ཉེ་བར་དམིགས་པ་ཡང་མ་ཡིན་ནོ་ཞེས་པས། མ་མཐོང་བ་ཙམ་གྱིས་མེད་པ་ཁོ་ནའོ་ཞེས་བརྗོད་པར་བྱ་བ་ཇི་ལྟར་ཡིན། གང་ཡང་འཁྲུལ་བ་མ་མཐོང་བའི་ཕྱིར་ཞེས་བརྗོད་པའི་སྒྲུབ་བྱེད་དེ་ཡང་ཐེ་ཚོམ་ཟ་བའི་མ་གྲུབ་པ་སྟེ། རྐྱེན་གཞན་མ་ཚང་བས་དེའི་འཁྲུལ་བ་མ་མཐོང་ན་ཡང་ཐམས་ཅད་དུ་དགག་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ཙམ་གྱིས་ཚད་མ་ཅན་གྱི་འཇིག་རྟེན་གྱི་ལུགས་ལས་འདས་པ་ཡང་མ་ཡིན་ཏེ། ཚད་མ་པ་རྣམས་ཁོ་ནས་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ཚད་མ་མེད་པ་ན་ཐེ་ཚོམ་བྱེད་པའི་ཕྱིར་རོ། །དེ་ལྟར་ཐེ་ཚོམ་ཟ་བས་ན་ཐམས་ཅད་ལ་མི་འཇུག་པར་ཐལ་བ་ལ་ཡང་མ་ཡིན་ཏེ། ཚད་མ་ལས་དང་དོན་ལ་ཐེ་ཚོམ་ཟ་བ་ལས་ཀྱང་རབ་ཏུ་འཇུག་པ་ཉེ་བར་འཐད་པའི་ཕྱིར་རོ། །གང་ཡང་བརྗོད་པ་ཇི་ལྟར་གཞན་ཉིད་དུ་ཁྱད་པར་མེད་ན་ཡང་སངས་རྒྱས་པ་རྣམས་ཀྱི་དངོས་པོ་འགའ་ཞིག་ནི་འབྲས་བུར་འགྱུར་ཞིང་འགའ་ཞིག་ཁོ་ན་ནི་རྒྱུར་ཏེ། ཐམས་ཅད་མ་ཡིན་པ་དེ་ལྟར་ཁོ་བོའི་ཡང་གཞན་ཉིད་དུ་ཁྱད་པར་མེད་ན་ཡང་དུ་བ་ལ་སོགས་པའི་དངོས་པོ་འགའ་ཞིག་ཁོ་ན་རང་བཞིན་པའི་འབྲེལ་བས་འབྲེལ་ལ་ཐམས་ཅད་མ་ཡིན་ནོ་ཞེའོ། །དེ་མི་རིགས་ཏེ། ཇི་ལྟར་དུ་བ་ཞེས་པའི་དངོས་པོ་མེ་ལ་རག་ལུས་པ་ཞེས་པར་ཚད་མས་གྲུབ་པ་དེ་ལྟར་གང་གིས་འདི་སྐད་བརྗོད་པར་བྱ་བ་རང་བཞིན་པའི་འབྲེལ་བ་ཡང་ཅི་ཚད་མས་གྲུབ་བམ། གཞན་ཡང་རང་བཞིན་པའི་འབྲེལ་བ་ཞེས་པའི་དོན་ཅི་ཞིག །ཅི་རང་ལས་གྱུར་པའམ། རྒྱུ་མེད་པ་ཅན་ཞིག་ཅེས་པ་རྣམ་པར་བརྟག་པ་གསུམ་མོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་མ་ཡིན་ཏེ། རང་ཉིད་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། དེ་ལས་བྱུང་བའི་འབྲེལ་བ་ཁས་བླངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྒྱུ་མེད་པ་ཡིན་ན་དེའི་ཚེ་ཡུལ་དང་དུས་དང་རང་བཞིན་ངེས་པ་མེད་པའི་ཕྱིར་ན། རང་བཞིན་པའི་འབྲེལ་བ་སྨྲ་བ་ནི་ཤིན་ཏུ་ཡང་མི་རིགས་སོ། །གཞན་ཡང་ཆོས་མཐུན་པ་དཔེ་ཙམ་ཡོད་དོ་ཞེས་པས་ཁྱབ་


DTG190_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པ་མ་ཡིན་ཏེ། ཅི་དགར་ཡང་འདུས་པའི་རྔ་མོ་ཕྲུ་གུ་དང་བོང་བུ་དག་གི་ཡང་དེ་ལྟ་བུའི་དངོས་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ངེས་པར་མཐོང་བ་ཞེས་པ་ནི་བཟུང་ཟིན་པ་བརྗོད་པའི་འབྲེལ་བ་སྒྲུབ་པར་བྱེད་པའི་ཚད་མ་དྲན་པར་བྱེད་པའི་སྒོ་ཉིད་ནས་གཏན་ཚིགས་ལ་ཉེ་བར་མཁོའི། །རང་ཉིད་ཉེ་བ་ཙམ་གྱིས་ནི་མ་ཡིན་ནོ། དེ་ལྟར་ནི། རེ་ཞིག་ནམ་མཁའ་ལ་བསྒྲུབ་པར་བྱ་བ་མེད་པས་སྒྲུབ་པར་བྱེད་པ་མེད་པ་རྟོགས་པ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའ་ལ་ཇི་ལྟར་བློ་དང་ལྡན་པའི་རྒྱུ་ལྡོག་པ་དེ་ལྟར་སེམས་པ་མེད་པའི་རྒྱུ་ཡང་ལྡོག་པ་ཡོད་པ་ཁོ་ན་སྟེ། དེའི་ཕྱིར་ན་གང་གིས་བསྒྲུབ་པར་བྱ་བ་མེད་པ་དང་ལྡན་པའི་སྒྲུབ་པར་བྱེད་པ་མེད་པའི་ལྡོག་པའི་འགྲུབ་པར་འགྱུར་བ་ཅི་ཞིག་གིས་མེད་པ་དང་ལྡན་པའི་འབྲས་བུ་མེད་པར་རྟོགས་པར་འགྱུར། བུམ་པ་ལ་འབྲས་བུ་ཉིད་བློ་དང་ལྡན་པའི་རྗེས་སུ་འགྲོ་བ་མ་མཐོང་བ་ལས། ནམ་མཁའ་ལ་ཡང་བློ་དང་ལྡན་པ་མེད་པ་ཁོ་ན་ལས་འབྲས་བུ་ཉིད་མེད་པར་སྨྲ་བའི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་དག་གིས་དེའི་བདག་ཉིད་དམ། །དེ་ལས་བྱུང་བའམ་གཞན་རང་བཞིན་ན་ལ་སོགས་པའི་འབྲེལ་པ་སྔར་ཚད་མས་གྲུབ་པ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་དོ། །གཞན་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པ་མི་འགྲུབ་སྟེ། དེ་ལྟར་ནི་མི་མཐུན་ཕྱོགས་ལ་གཏན་ཚིགས་མི་དམིགས་པ་ཞེས་པ་འདི་དེ་དམིགས་པར་བྱེད་པའི་ཚད་མ་ལྡོག་པ་བརྗོད་ཅིང༌། ཚད་མ་ཡང་ཞལ་བྱའི་འབྲས་བུ་སྟེ། རྒྱུ་མ་ཡིན་པ་ཡུལ་མ་ཡིན་ནོ་ཞེས་པའི་རིགས་པ་ལས་སོ། །རྒྱུ་ལྡོག་པ་ན་འབྲས་བུ་ལྡོག་པར་རིགས་པ་ཡང་མ་ཡིན་ཏེ། དུ་བ་མེད་པར་ཡང་མེ་དམིགས་པའི་ཕྱིར་རོ། །གལ་ཏེ་ཡང་ཚད་མ་ཡོད་པ་ཉིད་ཀྱིས་གཞལ་བྱ་ཡོད་པ་ཉིད་ལ་ཁྱབ་པར་གྱུར་ན་དེའི་ཚེ་འདི་རིགས་པ་ཁོ་ནར་འགྱུར་ན། ཁྱབ་པ་འདི་ཉིད་མི་སྲིད་པ་འབའ་ཞིག་སྟེ། ཐམས་ཅད་ནི་ཐམས་ཅད་མཐོང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་མ་མཐོང་བ་ཇི་ཙམ་གྱིས་ལྡོག་པ་འགྲུབ་པ་མ་ཡིན་ནོ། །དེ་སྐད་དུ་ཡང་གསུངས་པ། ཐམས་ཅད་ཀྱིས་མ་མཐོང་བར་ཡང་ཐེ་ཚོམ་ཟ་ཞིང༌། རང་གིས་མ་མཐོང་བ་ནི་འཁྲུལ་པ་སྟེ། སྦྱང་གི་ནང་དུ་སོན་པའི་ས་བོན་ཡང་ཡོད་པ་


DTG190_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་སོ། །གང་ཡང་ངག་གི་བདག་པོས་སྨྲས་པ། ཁྱད་པར་དྲན་པ་ལ་ལྟོས་པ་ཁོ་ན་ཐེ་ཚོམ་དུ་འགྱུར་ཞིང༌། དེའི་ཕྱིར་ཇི་ལྟར་མཐོང་བ་ཁོ་ན་ལྟར་དགོས་པ་འབྱུང་ངོ་ཞེའོ། །འདི་ལ་བརྗོད་པར་བྱ་སྟེ། རིགས་པ་འདི་ནི་ཐམས་ཅད་པ་མ་ཡིན་མོད། །དེ་ལྟ་ན་ཡང་ཁས་བླངས་ནས་ཀྱང་སྨྲ་སྟེ། དེ་ལྟར་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་བྲལ་བ་ཉིད་ཀྱི་ཐུན་མོང་བའི་ཆོས་ཀྱིས། གཞལ་བྱ་ཉིད་དང་དུ་བ་ཉིད་དང་འབྲས་བུ་ཉིད་ལ་སོགས་པ་རྣམས། ཁྱོད་ཀྱི་ལུགས་ཀྱི་རིགས་པ་མི་མཐུན་པ་ཉིད་དོ། །དེ་ལ་གཞལ་བྱ་ཉིད་ལས་འཁྲུལ་བ་མཐོང་བ་ཁོ་ན་གཞན་དུ་ཡང་དགོས་པ་ཉེ་བར་འཇུག་གོ་ཞེས་འདི་ནི་ཇི་ལྟར་མཐོང་བ་ཉིད་དགོས་པའོ། །དེའི་ཕྱིར་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཅེས་པའི་རྟགས་ཀྱིས་སྐྱོན་དེ་བཟློག་པར་དཀའོ། །འདི་ཡང་སྐྱོན་ཡོད་པ་ཁོ་ནའོ། །དེའི་ཕྱིར་འདི་ཉིད་ཀྱིས་བརྗོད་པ། འདི་ནི་གཏན་ཚིགས་ཀྱི་སྐྱོན་མ་ཡིན་ཏེ། དེའི་ཕྱིར་ལན་གདབ་པར་མི་བྱའོ། །འདི་ཉེ་བར་དགོད་པ་ཡང་སྐྱོན་མ་ཡིན་པ་རྗོད་པ་ཞེས་པ་ཚར་གཅད་པའི་གནས་ཡིན་ནོ་ཞེའོ། །དེ་ལྟ་ན་རང་གི་འདོད་པ་ཁོ་ནས་རྒོལ་བ་འདིས་རྗེས་སུ་སྦྱར་བར་བྱ་བ་མ་ཡིན་པ་རྗེས་སུ་སྦྱོར་བའི་མཚན་ཉིད་ཅན་ཚར་གཅད་པའི་གནས་ཀྱིས་བདག་ཉིད་ཀྱིས་བདག་ཉིད་ལ་གནོད་པའོ་ཞེས་པ་བཏང་སྙོམས་སུ་བྱ་བ་སྟེ། འདི་ནི་ལྷ་རྣམས་དགའ་བའོ། །འོ་ན་བལྟར་རུང་བའི་མེ་དང་དུ་བ་སྤྱི་དག་གི་བཞིན་དུ་བལྟར་རུང་བའི་བདག་ཉིད་ཁོ་ནའི་འབྲས་བུ་དང་རྒྱུ་སྤྱི་དག་ཉིད་ཀྱི་ཁྱབ་པ་མངོན་སུམ་གྱིས་ནི་དམིགས་པ་ལས་ཡིན་ན་དེའི་ཚེ་གཞན་གྱི་སེམས་རྗེས་སུ་དཔག་པ་ཉམས་ཏེ། གཞན་གྱི་སེམས་ནི་བལྟར་མི་རུང་བ་ཉིད་ཀྱིས་ཁྱབ་པ་འཛིན་པའི་དུས་ན་ནང་དུ་འདུས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་རང་རིག་པ་ནི་དེར་ཁྱབ་པ་འཛིན་པ་པོ་སྟེ། རང་དང་གཞན་གྱི་རྒྱུད་དུ་སོན་པའི་རང་རིག་པ་ཙམ་ལ་ལྟོས་པས་ན། གཞན་གྱི་སེམས་ཀྱང་བལྟར་རུང་བ་ཙམ་ཉིད་ཀྱི་ཕྱིར་རོ། །ཡང་ན་བལྟར་རུང་བའི་ལུས་དང༌། དབྱེར་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་གཞན་གྱི་སེམས་ཀྱང་བལྟར་རུང་བ་ཉིད་དོ། །དེ་ལྟར་ཐ་སྙད་བྱེད་པ་ནི་གང་གིས་འདི་ཡང་བལྟར་རུང་བར་


DTG190_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དབང་པོའི་མངོན་སུམ་ཙམ་གྱི་བློ་དེ་ལྡན་པ་ཙམ་མམ། ཛཱ་ཐར་ཙི་ཏྲ་ལ་སོགས་པ་ཐུན་མོང་བའི་མེ་ཙམ་སྤྱོད་ཡུལ་དུ་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བལྟར་རུང་པ་ཁོ་ནའི་མེས་དུ་བ་ལ་ཁྱབ་པ་གྲུབ་པོ་ཞེས་གནས་སོ། །རང་དང་གཞན་གྱི་རྒྱུད་ལ་ཐུན་མོང་བ་བལྟར་མི་རུང་བའི་སེམས་ཙམ་གྱིས་མངོན་སུམ་གྱིས་བལྟར་རུང་བ་གཡོ་བ་ལ་སོགས་པ་ལ་ཁྱབ་པ་འཛིན་པ་མི་བྱེད་པ་མི་རིགས་པའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །ཕྱི་རོལ་གྱི་དོན་གནས་པ་ལ་ནི། རང་དང་གཞན་གྱི་རྒྱུད་ཐུན་མོང་པའི་སེམས་ཙམ་ནི་རང་གི་ངོ་བོས་བལྟར་མི་རུང་བ་ཉིད་ན་ཡང༌། བལྟར་རུང་བའི་ལུས་དང་ལྷན་ཅིག་ཚོགས་པ་གཅིག་པས་འབྲེལ་བའི་ཕྱིར་རོ། །རྣམ་པར་དབྱེར་མེད་པར་འཇུག་པའི་རང་དང་གཞན་གྱི་རྒྱུད་ཐུན་མོང་བའི་སེམས་ཙམ་ནི་གཡོ་བ་ལ་སོགས་པའི་ཁྱད་པར་བྱེད་པ་རྟོགས་སོ། །དེ་ལྟར་བལྟར་རུང་བའི་བདག་ཉིད་དམ་བལྟར་རུང་བ་དང་རྣམ་པར་དབྱེ་བ་མེད་པར་འཇུག་པའི་དངོས་པོ་གཉིས་ནི་ཐ་སྙད་པའི་ཤིན་ཏུ་གསལ་བའི་མངོན་སུམ་ལས་གྲུབ་པ་དང་ཁྱབ་པ་འཛིན་པ་ཡང་སྟེ། དེ་ལྟ་བུ་ཉིད་མེད་པར་མ་བྱས་པ་དང་ལྡན་པ་མི་རུང་བ་དང་ཐུན་མོང་བའི་སེམས་ཙམ་གྱིས་ནི་མ་ཡིན་ནོ་ཞེས་པ་རྒྱུད་གཞན་རྗེས་སུ་དཔག་པར་རིགས་སོ། །དེའི་ཕྱིར་གལ་ཏེ་མངོན་སུམ་དང་མི་དམིགས་པ་དག་གིས་ཁྱབ་པ་འཛིན་པ་དེའི་ཚེ་བལྟར་རུང་བ་ཁོ་ནས་བལྟར་རུང་བ་ལའོ་ཞེས་པ་རིགས་པའོ། །གཞན་ཡང་གལ་ཏེ་བློ་དང་ལྡན་པ་ཙམ་སྔོན་མ་ཅན་འདི་ཡིས་བསྒྲུབ་པར་བྱ་བ་དེའི་ཚེ་གྲུབ་པ་ལ་བསྒྲུབ་པར་བྱ་བ་ཉིད་སྒྲུབ་བྱེད་ཀྱི་སྐྱོན་ནོ། །འོན་ཏེ་གཅིག་པུ་རྟག་པའི་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་བློ་དང་ལྡན་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་འདི་ལྟ་བུའི་ཁྱད་པར་གྱིས་ཁྱད་པར་བྱས་པའི་བསྒྲུབ་པར་བྱ་བ་དང་ལྷན་ཅིག་སྒྲུབ་པར་བྱེད་པའི་འབྲས་བུ་ཉིད་ནི་དཔེའི་ཆོས་ཅན་ལ་ཚད་མས་ཁྱབ་པ་མ་གྲུབ་པའི་ཕྱིར་མ་ངེས་པ་ཉིད་དོ། །ཅི་སྟེ་སྤྱི་ཡིས་ཁྱབ་པ་བཟུང་ནས་ཁྱད་པར་ཕྱོགས་ཆོས་ཀྱི་སྟོབས་ལས་གྲུབ་པར་བརྗོད་དོ་ཞེ་ན། དེ་ནི་མི་རིགས་ཏེ་བསྒྲུབ་པར་བྱ་བར་གཏོགས་པའི་ཁྱད་པར་གང་མེད་ན། གཏན་ཚིགས་


DTG190_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ལ་འཇུག་པ་འཐད་པ་མ་ཡིན་པའི་ཁྱད་པར་དེ་ཕྱོགས་ཆོས་ཀྱི་སྟོབས་ལས་གྲུབ་པ་རིགས་ཏེ། དཔེར་ན་དུ་བ་ལ་ལའི་ཕྱོགས་སུ་འཇུག་པ་ཉིད་ཀྱི་མེ་བཞིན་ནོ། །རྩྭ་ལས་བྱུང་བ་ལ་སོགས་པའི་ཁྱད་པར་རྣམས་ནི་མ་ཡིན་ཏེ། རྩྭ་ལས་བྱུང་བ་ཉིད་མེད་པར་ཡང་ཤིང་གི་ལོ་མ་ལས་ཕྱུང་བ་ཉིད་ལས་དུ་བ་མཐོང་བའི་ཕྱིར་རོ། །དེ་དང་འདྲ་བར་བློ་དང་ལྡན་པ་ཡང་ལུས་ལ་སོགས་པ་ལ་འཇུག་པ་ཉིད་དུ་གལ་ཏེ་གྲུབ་ན་གྲུབ་མོད། ཤིན་ཏུ་མཚན་ཉིད་མི་མཐུན་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ལ་ཡང་འབྲས་བུ་ཉིད་སྲིད་པའི་ཕྱིར་རོ། །ཉེ་བར་ལེན་པ་ལ་སོགས་པ་མངོན་པར་ཤེས་པ་ཉིད་ལས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་མ་ཡིན་ཏེ། གཅིག་ཉིད་གྲུབ་པ་ན་ནི་འདི་འགྲུབ་ན། གཅིག་ཉིད་འགྲུབ་པའང་མ་ཡིན་ཏེ། བྱེད་པ་པོ་དུམ་སྔོན་མ་ཅན་ཉིད་ལ་ཡང་འབྲས་བུ་ཉིད་སྲིད་པའི་ཕྱིར་རོ། །དཔེར་ན་གྲོག་མ་དུ་མས་བསྒྲུབས་པའི་བརྒྱ་བྱིན་གྱི་སྤྱི་བོ་བཞིན་ནོ། །ཅི་སྟེ་བརྒྱ་བྱིན་གྱི་སྤྱི་བོ་ཡང་དབང་ཕྱུག་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་བུམ་པ་ཡང་དབང་ཕྱུག་སྔོན་མ་ཅན་ཉིད་དུ་བསྒྲུབ་པ་ན་དཔེ་མེད་པ་ཉིད་དོ། །འོ་ན་རྫ་མཁན་བྱེད་པ་པོ་ཉིད་ལ་ཇི་ལྟར་བསྙོན་ཞེ་ན། གྲོག་སྦུར་ལ་སོགས་པ་རྣམས་ཀྱང༌། རྒྱུ་ཉིད་དུ་མཐོང་བ་དེ་ཡང་ཇི་ལྟར་བཟློག །མང་པོ་རྣམས་བྱེད་པ་ལ་ཐེ་ཚོམ་སྲིད་པར་མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཐམས་ཅད་ཉེ་བར་བསྡུ་བ་དང་ལྡན་པའི་ཁྱབ་པ་དཔེའི་ཆོས་ཅན་ལ་ཚད་མས་གདོན་མི་ཟ་བར་བསྟན་པར་བྱའོ་ཞེས་པ་གནས་པའོ། །གཞན་ཡང་རྟག་པ་གཅིག་པུའི་ཐམས་ཅད་མཁྱེན་པ་བློ་དང་ལྡན་པ་བསྒྲུབ་པར་བྱ་བར་འགྱུར་ན། འདི་ནི་འགལ་བ་ཡང་སྟེ། མི་རྟག་པ་གཅིག་པུ་མ་ཡིན་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་བློ་དང་ལྡན་པས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལས་འདིར་འགལ་བར་བརྗོད་ལ། འདི་ཡང་བསྒྲུབ་པར་བྱ་བ་ལས་བཟློག་པ་སྒྲུབ་པར་བྱེད་དོ་ཞེས་པ་སྐབས་ཀྱིས་འོངས་པ་དབང་ཕྱུག་སུན་དབྱུང་བ་བརྗོད་པའི་འབད་པ་ནི་རེ་ཞིག་གཞག་གོ །འོ་ན་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་ལ་རྗེས་འགྲོ་ཁོ་


DTG190_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ན་བརྗོད་ཀྱི་ལྡོག་པ་མ་ཡིན་ཞིང༌། ཆོས་མི་མཐུན་པ་དང་ལྡན་པ་ཡང་ལྡོག་པ་ཁོ་ན་སྟེ་རྗེས་སུ་འགྲོ་བ་མ་ཡིན་ནོ། དེས་ན་ཇི་ལྟར་ན་འདི་དག་གིས་ཚུལ་གསུམ་པའི་རྟགས་རྗོད་པར་བྱེད་ཅེས་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་ངག་ཉེ་བར་བཀོད་པ་ན། ཤུགས་ཉིད་ལས་ལྡོག་པ་རྟོགས་པ་སྟེ། ལྡོག་པ་མ་བཟུང་ན་བསྒྲུབ་པར་བྱ་བ་མེད་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཕྱིན་ཅི་ལོག་པ་སྲིད་པར་འགྱུར་ཞིང་དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་ཉིད་མེད་པར་འགྱུར་ཏེ། སྒྲུབ་པར་བྱེད་པ་ཡོད་ན་ཡང་བསྒྲུབ་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་པ་ཤུགས་སོ། །དེ་བཞིན་དུ་ཆོས་མི་མཐུན་པ་དང་ལྡན་པའི་སྒྲུབ་པར་བྱེད་པའི་ངག་ཉེ་བར་བཀོད་པ་ན། ཤུགས་ཉིད་ལས་རྗེས་འགྲོ་རྟོགས་ཏེ། རྗེས་འགྲོ་མ་བཟུང་ན་ནི་སྒྲུབ་བྱེད་འགྱུར་ཞིང་བསྒྲུབ་བྱ་ནི་མི་འགྱུར་རོ་ཞེས་ཕྱིན་ཅི་ལོག་པ་སྲིད་པར་འགྱུར་ལ། དེ་ལྟ་ན་ལྡོག་པ་ཉིད་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་མེད་པ་ལ་ཡང་སྒྲུབ་པར་བྱེད་པ་ཡོད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཤུགས་སོ། །དེའི་ཕྱིར་སྦྱོར་བ་གཉིས་ཀ་དག་ཀྱང་ཚུལ་གསུམ་པའི་རྟགས་བསལ་བར་བྱེད་པའོ་ཞེས་པས་སྐྱོན་མེད་དོ། །དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་ཁྱབ་པ་གང་དུ་ཚད་མ་གང་གིས་གཟུང་བར་བྱ་བ་དེ་གཉི་ག་བདེ་བླག་ཏུ་རྟོགས་པའི་དོན་དུ་བརྗོད་པར་བྱ་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་ཅན་ནི་སྐད་ཅིག་པ་ཉིད་དང་ལྷན་ཅིག་པའི་ཁྱབ་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ལ་གཟུང་བར་བྱའོ་ཞེས་ཁ་ཅིག་སྟེ། དེ་རྣམས་ནང་གི་ཁྱབ་པའི་ཕྱོགས་འདོད་པའོ། །ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པ་དག་གིས་དཔེའི་ཆོས་ཅན་བུམ་པ་ལ་སོགས་པ་ལ་ཁྱབ་པ་གཟུང་བར་བྱའོ་ཞེས་གཞན་རྣམས་ཏེ། དེ་རྣམས་ཕྱིའི་ཁྱབ་པའི་ཕྱོགས་འདོད་པའོ། །ཡོད་པ་ཉིད་ལས་གཞན་པ་རང་བཞིན་གྱི་གཏན་ཚིགས་རྣམས་དང་འབྲས་བུའི་གཏན་ཚིགས་རྣམས་དང་མི་དམིགས་པ་རྣམས་ཀྱིས་ཁྱབ་པ་དཔེ་ཁོ་ན་ལ་གཟུང་བར་བྱའོ། །དེ་ལ་ཤིང་ཤ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཤིང་གི་ཐ་སྙད་ཀྱིས་ཁྱབ་པ་དཔེ་ལ་མངོན་སུམ་དང་མི་དམིགས་པ་དག་གིས་གཟུང་བར་བྱ་སྟེ། ཡོད་


DTG190_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་སྐད་ཅིག་མ་ཉིད་དག་གི་ནི་ཐལ་བར་འགྱུར་བ་དང༌། ཐལ་བ་ལས་བཟློག་པ་དག་གིས་སམ། བསྒྲུབ་བྱ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་རིམ་དང་ཅིག་ཅར་ཉིད་ལྡོག་པའི་མཚན་ཉིད་ཅན་གྱིས། དངོས་པོ་ཉིད་དང་དངོས་པོ་མེད་པ་ཉིད་དག་ཏུ་ཐེ་ཚོམ་ཟ་བཞིན་པའི་མི་མཐུན་ཕྱོགས་ཀྱི་ཆོས་ཅན་ལའོ། །འབྲས་བུའི་གཏན་ཚིགས་ཀྱི་དུ་བ་ལ་སོགས་པ་ལ་མེ་ལ་སོགས་པས་ཁྱབ་པ་ཚང་བང་ལ་སོགས་པ་དཔེའི་ཆོས་ཅན་ལ་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱིས་སམ། མངོན་སུམ་དང་མི་དམིགས་པ་རྣམ་པ་ལྔ་ལས་གཟུང་བར་བྱའོ། །མི་དམིགས་པའི་ནི་ཐ་སྙད་དུ་རུང་བ་ཉིད་དང་ལྷན་ཅིག་པའི་ཁྱབ་པ་མངོན་སུམ་ཁོ་ནས་སོ། །རང་བཞིན་གྱི་གཏན་ཚིགས་ཀྱི་གཞན་རྣམས་ཀྱི་དང་འབྲས་བུའི་གཏན་ཚིགས་འགའ་ཞིག་རྣམས་ཀྱི་རང་བཞིན་ཇི་ལྟ་བའི་ཚད་མ་བླངས་ན་རྟོགས་པར་བྱའོ་ཞེས་སོ། །ཁྱབ་པ་ངེས་པ་མེད་པ་གཏན་ཚིགས་མ་ངེས་པའི་སྐྱོན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཐུན་མོང་གི་མ་ངེས་པ་དང༌། མི་མཐུན་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་ཅན་ཞེས་པའོ། །དེ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ནི་དཔེར་ན། གསོན་པའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། གཏན་ཚིགས་འདི་ནི་གསོན་ལུས་གཞན་ལ་བདག་གིས་ཁྱབ་པོ་ཞེས་ངེས་པ་མ་ཡིན་ཞིང༌། མི་མཐུན་ཕྱོགས་བུམ་པ་ལ་ཡང་བདག་མེད་པའི་ཕྱིར་ལག་གོ་ཞེས་ངེས་པ་མ་ཡིན་ལ། ཆོས་ཅན་གསོན་ལུས་ལ་ནི་ཡོད་དོ་ཞེས་པས་ཐུན་མོང་མ་ཡིན་པའི་མ་ངེས་པ་བརྗོད་དོ། །ཐུན་མོང་མ་ཡིན་པ་གཞན་ཡང་དཔེར་ན། སྒྲ་མི་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར། བུམ་པ་བཞིན། ནམ་མཁའ་བཞིན་ལྟ་བུའོ། །ཐུན་མོང་གི་མ་ངེས་པ་ནི་དཔེར་ན་སྒྲ་རྟག་སྟེ་གཞལ་བྱ་ཉིད་ཀྱི་ཕྱིར་བུམ་པ་བཞིན། ནམ་མཁའ་བཞིན་ལྟ་བུའོ། །མི་མཐུན་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་ཅན་ནི་དཔེར་ན། དེར་ནི་སྔོ་བསངས་ཡིན་ཏེ་དེའི་བུ་ཉིད་ཀྱི་ཕྱིར། ཡོངས་སུ་མཐོང་བཞིན་པའི་བུ་བཞིན་ཞེས་པ་ལྟ་བུའོ། །གང་སྔར་བཤད་པ་ཡོད་པ་ཉིད་སྐད་ཅིག་མ་ཉིད་དང༌། ལྷན་


DTG190_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པའི་ཁྱབ་པ་ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པ་དང་གིས་གཟུང་བར་བྱའོ་ཞེས་པ་དེ་ལ་ཐལ་བར་འགྱུར་པ་ཞེས་བྱ་བ་འདི་ཅི་ཞེ་ན། ཚད་མས་གྲུབ་པའི་ཁྱབ་པ་ཅན་གྱི་དོན་གྱིས་ཕ་རོལ་པའི་མི་འདོད་པ་འབྱུང་བའི་ཆེད་དུ་ཐལ་བར་བྱེད་པ་ནི་ཐལ་བར་འགྱུར་པ་སྟེ། དཔེར་ན་གྲུབ་པ་ལ་སོགས་པ་རྣམས་འདས་པ་དང་མ་འོངས་པའི་དུས་དག་ན་ངོ་བོ་གཅིག་པ་ཉིད་དུ་ཁས་ལེན་པ་ལ། འདས་པ་དང་མ་འོངས་པའི་དུས་སུ་འབྱུང་བའི་དོན་བྱ་བ་བྱེད་པ་ཉིད་དུ་ཐལ་བར་བྱེད་པ་ལྟ་བུ་སྟེ། དེ་ལྟར་ནི། གང་ཞིག་གང་གི་ཚེ་གང་བྱ་བར་ནུས་པ་དེ་ནི་དེའི་ཚེ་བྱེད་པ་ཁོ་ན་སྟེ། དཔེར་ན་རྒྱུ་ཚོགས་པ་ཐམས་ཅད་རང་གི་འབྲས་བུ་བཞིན། བུམ་པ་འདི་ཡང་འདས་པ་དང་མ་འོངས་པའི་དུས་ཀྱི་དངོས་པོའི་དོན་བྱ་བ་ད་ལྟར་གྱི་དུས་སུ་བྱེད་པར་ནུས་པ་ཡིན་ནོ་ཞེས་པ་རང་བཞིན་གཏན་ཚིགས་ཀྱི་ཐལ་བར་འགྱུར་བའོ། །བྱེད་པ་ཡང་མ་ཡིན་ནོ་ཞེས་པ་བཟློག་པའོ། །གང་ཞིག་གི་ཚེ་གང་མི་བྱེད་པ་དེ་ནི་དེའི་ཚེ་དེ་ལ་ནུས་པ་མ་ཡིན་ཏེ། དཔེར་ན་ཤཱ་ལིའི་མྱུ་གུ་མི་བྱེད་པའི་ཀོཊ་པས་ཤཱ་ལིའི་མྱུ་གུ་ལ་བཞིན། བུམ་པ་འདི་ཡང་འདས་པ་དང་མ་འོངས་པའི་དུས་ཀྱི་དངོས་པོའི་དོན་བྱ་བ་དང་ད་ལྟར་གྱི་དུས་སུ་མི་བྱེད་དོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པའོ། །འབྲེལ་བ་ལས་ནུས་པ་མེད་པའི་སྐད་ཅིག་པ་ནི་འཇིག་གོ་ཞེས་པ་ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པའི་ཚད་མ་དག་གིས་ཡོད་པ་ཡིད་ལ་སྐད་ཅིག་པ་ཉིད་ཀྱི་ཁྱབ་པ་འགྲུབ་པོ། །བསྒྲུབ་པར་བྱ་བ་ལས་བཟློག་པ་གནོད་པ་ཅན་གྱི་ཚད་མས་སམ་ཞེས་བཤད་པ་དེ་བརྗོད་པར་བྱ་སྟེ། གང་ཞིག་རིམ་གྱིས་འབྲས་བུ་བྱེད་པ་ཉིད་དང་རིམ་པ་མ་ཡིན་པར་འབྲས་བུ་བྱེད་པ་ཉིད་དུ་ཡོད་པ་མ་ཡིན་པ་དེ་ནི་དོན་བྱ་བ་ནུས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་བཞིན། སྐད་ཅིག་མ་ཡིན་པར་ཡང་རིམ་གྱིས་འབྲས་བུ་བྱེད་པ་ཉིད་དང༌། རིམ་མ་ཡིན་པར་འབྲས་བུ་བྱེད་པ་ཉིད་དག་ཡོད་པ་མ་ཡིན་ནོ་ཞེས་པ་ཁྱབ་བྱེད་མི་དམིགས་པའི་མཚན་ཉིད་ཅན་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མས། སྐད་ཅིག་མ་ཡིན་པ་ཉིད་ལས་ཁྱབ་བྱེད་རིམ་དང་ཅིག་ཅར་བ་ལྡོག་པས་ལྡོག་བཞིན་པའི། དོན་བྱ་བ་བྱེད་པ་ཉིད་ཀྱི་མཚན་ཉིད་ཅན་ཡོད་པ་ཉིད་ནི་སྐད་ཅིག་པས་ངལ་བ་མེད་དོ། །


DTG190_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐད་ཅིག་པ་ཉིད་ཀྱིས་ཁྱབ་པོ་ཞེས་ཡོད་པ་ཉིད་ལ་སྐད་ཅིག་པ་ཉིད་ཀྱིས་ཁྱབ་པ་འགྲུབ་པོ་ཞེས་པའོ། །དཔེར་ན་སྤྱི་དུ་མ་ལ་འཇུག་པ་ཉིད་དུ་ཁས་ལེན་པ་ལ་དུ་མ་ཉིད་དུ་ཐལ་བ་བཞིན་ཡང་སྟེ། དེ་ལྟར་ནི་གང་དུ་མ་ལ་འཇུག་པ་དེ་ནི་དུ་མ་སྟེ། དཔེར་ན་སྣོད་དུ་མར་སོན་པའི་ཏཱ་ལའི་འབྲས་བུ་བཞིན། སྤྱི་ཡང་དུ་མ་ལ་འཇུག་པའོ། །དེའི་ཕྱིར་འདིས་ཀྱང་དུ་མར་འབྱུང་བར་བྱའོ་ཞེས་པ་ཐལ་བའོ། །ཅི་སྟེ་དུ་མ་ཉིད་དུ་མི་འདོད་ན་དེའི་ཚེ་དུ་མ་ལ་འཇུག་པ་ཉིད་ཀྱང་ཁས་མི་ལེན་ཅིག །འོ་ན་གལ་ཏེ་ཐལ་བར་འགྱུར་བ་ཞེས་པ་འདི་སྒྲུབ་པར་བྱེད་པའི་ཚད་མར་མི་འགྱུར་ན། དེ་ཇི་ལྟར་ཉིད་ཉེ་བར་འགོད་ཅེ་ན། ཁྱབ་པ་དྲན་པའི་དོན་དུ་ཁྱབ་པའི་ཕྱོགས་གཅིག་བརྗོད་པ་བཞིན་ནོ། །གང་གསུངས་པ། ཐལ་བར་འགྱུར་བའོ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཆེད་ཡིན། །ཞེས་སོ། །འདིའི་དོན་ན་འདི་ཡིན་ཏེ། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དག་འབྲེལ་བར་འགྱུར་ན། གལ་ཏེ་ཁྱབ་པར་བྱེད་པ་མི་འདོད་ན་དེའི་ཚེ་ཁྱབ་པར་བྱ་བ་ཡང་མ་འདོད་ཅིག །ཅི་སྟེ་ཁྱབ་པར་བྱ་བ་འདོད་ན་དེའི་ཚེ་ཁྱབ་པར་བྱེད་པ་ཡང་འདོད་པར་བྱོས་ཤིག་ཅེས་པའོ། །རྒོལ་བས་སྒྲུབ་པར་བྱེད་པ་ཉེ་བར་བཀོད་པ་ན། ཕྱིར་རྒོལ་བས་དེ་ལ་སུན་འབྱིན་པ་སྨྲ་བར་བྱའོ་ཞེས་པ་རིགས་པའོ། །མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་རྣམས་ཀྱིས་གང་ཡང་རུང་བ་བརྗོད་པ་ནི་སུན་འབྱིན་པའོ། །ཇི་སྐད་དུ་གསུངས་པ། མ་ཚང་བ་སོགས་བརྗོད་སུན་འབྱིན་རྣམས། །ཞེས་སོ། །འོ་ན་འདི་རྣམས་བརྗོད་པ་ཁོ་ན་གལ་ཏེ་སུན་འབྱིན་པ་ནི་ཡིན་ན། །དེའི་ཚེ་དོན་མེད་པ་ཉིད་དང་ནུས་པ་མེད་པ་ཉིད་དང་ཧ་ཅང་ཐལ་བ་ལ་སོགས་པ་རྣམས་ཅིའི་ནང་དུ་འདུ་ཞེ་ན། གསུམ་པོ་འདི་རྣམས་ཁོ་ནར་ཏེ། དེ་ལ་དོན་མེད་པ་ཉིད་ནི་རེ་ཞིག་མ་གྲུབ་པའི་ནང་དུ་འདུ་སྟེ། གཏན་ཚིགས་ནི་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཅན་དུ་བརྗོད་ལ། གང་དུ་དོན་མེད་པ་ཉིད་ཉེ་བར་དགོང་པ་དེར་ནི་གཏན་ཚིགས་ཀྱི་མཚན་ཉིད་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཉིད་གཏན་ཚིགས་ལ་མི་སྲིད་དོ་ཞེས་པ་མ་གྲུབ་པར་བརྗོད་དོ། །གང་གསུངས་པ། ཐེ་ཚོམ་ཟ་ལ་རྟགས་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །ཞེས་སོ། །ནུས་པ་མེད་


DTG190_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ནི་རང་གི་ངོ་བོ་མ་གྲུབ་པའི་ནང་དུ་འདུའོ་ཞེས་པ་སྟེ། ནུས་པ་ཞེས་བྱ་བ་རྟགས་ཀྱི་རང་གི་ངོ་བོ་ལས་གཞན་པ་མ་ཡིན་པ་སྟེ། གཏན་ཚིགས་དངོས་པོ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཧ་ཅང་ཐལ་བ་ནི་མ་ངེས་པའི་ནང་དུ་འདུས་ཏེ། བསྒྲུབ་པར་བྱ་བའི་ཁ་དོན་ལས་འདས་ནས། མི་མཐུན་ཕྱོགས་ལ་ཐལ་ཆེས་པའི་ཕྱིར་རོ་ཞེས་པའོ། །ཆོས་ཅན་གང་ལ་བསྒྲུབ་པར་བྱ་བ་བསྒྲུབ་པར་མངོན་པར་འདོད་པའི་ཆོས་ཅན་དེ་ལ་ཚད་མས་གནོད་པ་ཉིད་ན་གཞི་མ་གྲུབ་པ་རྟགས་ཀྱི་སྐྱོན་ནོ། །དཔེར་ན་བདག་ཉིད་ནི་ཐམས་ཅད་དུ་སོང་བ་སྟེ། ཐམས་ཅད་དུ་ཡོན་ཏན་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ་ལྟ་བུའོ། །འདི་དེ་འདིར་སངས་རྒྱས་པ་ལ་བདག་ཉིད་མ་གྲུབ་ན་འདིའི་ཕྱོགས་ཐམས་ཅད་དུ་དམིགས་པར་བྱ་བའི་ཡོན་ཏན་ཉིད་འགྲུབ་པ་ལྟ་ཅི་སྨོས། དེ་ལྟར་ནི་མུ་སྟེགས་ཅན་རྣམས་ངེས་པར་འདི་སྐད་སྨྲ་སྟེ། ལུས་ལ་སོགས་པའི་དངོས་པོ་ལས་གཞན་པ་དགེ་བ་དང་མི་དགེ་བའི་བྱེད་པ་པོ་དང་དེའི་འབྲས་བུ་ལོངས་སྤྱོད་པ་པོ་རྟག་པ་ཁྱབ་པའི་ངོ་བོ་བདག་ཅེས་བྱ་བ་རྫས་གཞན་པ་ཡོད་དོ། །དེས་ཀྱང་ཐམས་ཅད་ལ་ཁྱབ་ཏུ་ཟིན་ཀྱང༌། དེ་ལྟ་ན་ཡང་གང་ལོངས་སྤྱོད་པའི་སྐྱེ་མཆེད་ཉིད་དུ་ཡོངས་སུ་བཟུང་བའི་གསོན་ལུས་དེ་ཁོ་ན་བདག་དང་བཅས་པར་བརྗོད་དོ་ཞེའོ། །དེ་ཡང་མི་རིགས་ཏེ། བདག་བསྒྲུབ་པའི་ཆེད་དུ་ཚད་མ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་བདག་རྟོགས་པར་མ་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་རྣམས་ཀྱི་ཡུལ་གཟུགས་ལ་སོགས་པ་ལྔ་པོར་ངེས་པ་ཉིད་ཀྱི་ཕྱིར་རོ། །ཡིད་ལས་བྱུང་བ་ང་ཞེས་རྟོགས་པའི་ཡང་ལུས་ལ་སོགས་པ་ཡུལ་ཡིན་པ་ལ་ཉིད་ཀྱི་ཕྱིར་ཏེ། ང་ལྗིའོ། །ང་སྦོམ་མོ། །ང་འགྲོའོ་ཞེས་པ་ལ་སོགས་པའི་རྣམ་པས་ང་ཞེས་རྟོགས་པ་སྐྱེའོ། །རྒྱན་མཛད་པས་གང་གསུངས་པ། ངའོ་ཞེས་པའི་ཤེས་གང་དེ་འང༌། །ལུས་དབང་ཆ་ཤས་རིག་བྱེད་པའོ། །ང་ནི་ཕྲ་དང་བདེ་དང་ལྕི། །མཚུངས་པའི་རྟེན་ནི་རིག་བྱེད་ཕྱིར། །ཞེས་སོ། །ལུས་ལས་གཞན་པ་འདི་ལ་དེའི་ཆོས་ཅན་ལྕི་བ་ཉིད་དམ་སྦོམ་པོ་ཉིད་ཀྱང་མ་ཡིན་ནོ། །ཁྱབ་བདག་གཟུགས་ཅན་མ་ཡིན་པ་ལ་ལུས་ཀྱི་རྫས་ཀྱི་རྗེས་སུ་བསྒྲུབ་པ་དང་འགྲོ་བའི་བྱ་བ་ནི་རིགས་པ་དང་ལྡན་པ་ཡང་མ་ཡིན་ནོ། །འདི་ནི་བྲམ་ཟེའི་ཁྱེའུ་ལ་སེང་གེའི་བརྡ་བཞིན་དུ་བཏགས་པར་རིགས་པ་ཡང་མ་ཡིན་


DTG190_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འཇུག་པ་འཁྲུལ་བར་ཐར་པའི་ཕྱིར་རོ། །རྗེས་སུ་དཔག་པས་རྟོགས་པ་ཡང་མ་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་མེད་པའི་ཕྱིར་རོ། །རྟག་ཅིང་ལྐོག་ཏུ་གྱུར་པ་ཉིད་ཀྱིས་ན་ཡུལ་དང་དུས་དང་རྣམ་པ་བྲལ་བའི་བདག་དང་ལྷན་ཅིག་འགའ་ཞིག་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་ཅན་གྱི་འབྲས་བུ་དང་རྒྱུའི་དངོས་པོ་མ་གྲུབ་པའི་ཕྱིར། འབྲས་བུའི་རྟགས་མི་རིགས་པའི་ཕྱིར་རོ། །ཆོས་ཅན་ལ་ཡོད་པ་ཉིད་ཀྱང་མ་གྲུབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་མི་འཐད་པའི་ཕྱིར་རོ། །རྟགས་གཞན་ཡོད་པ་ཡང་མ་ཡིན་ཏེ། ཁྱེད་ཀྱིས་རྟགས་གཞན་གྱིས་ཀྱང་བསྒྲུབ་བྱས་ཁྱབ་པར་འབྱུང་བར་བྱ་བ་ལ་དེ་ཡང་རྣམ་པ་ཐམས་ཅད་དུ་མ་གྲུབ་པའི་ཕྱིར་ཇི་ལྟར་རྟགས་ལ་ཁྱབ་པ་ངེས་པར་བྱ། གཞན་ཡང་བདག་འདི་ཅི་རྟོགས་པའི་ངོ་བོ་འམ་རྟོགས་པ་མ་ཡིན་པའི་ངོ་བོ་ཞིག་གལ་ཏེ་རྟོགས་པའི་ངོ་བོ་དང་རྟག་པ་ཡིན་ན་དེའི་ཚེ་མིག་ལ་སོགས་པ་འབྲས་བུ་དང་བྲལ་བ་ཉིད་དུ་ཐལ་བ་བཟློག་པར་དཀའོ། །འོན་ཏེ་རྟོགས་པའི་ངོ་བོ་མི་རྟག་པ་ཞིག་ཡིན་ན་དེའི་ཚེ་ཤེས་པ་ཁོ་ན་ལ་བདག་ཅེས་མིང་དུ་བྱས་པས་མི་མཐུན་པ་མེད་དོ། །ཅི་སྟེ་རྟོགས་པ་མ་ཡིན་པའི་ངོ་བོ་བལྟར་རུང་བ་ཞིག་ཡིན། དེའི་ཚེ་མི་དམིགས་པས་འདིའི་ཡོད་པ་ཉིད་བཟོད་པ་མ་ཡིན་ནོ་ཞེས་པ་བདག་མེད་པ་སྒྲུབ་པ་ནི་ཁ་ན་མཐོ་བ་མེད་པའོ། །དེའི་ཕྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བདག་མེད་པའོ་ཞེས་པའོ། །རང་གི་ངོ་བོ་མ་གྲུབ་པས་ཀྱང་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་ཏེ། དཔེར་ན་སྒྲ་མི་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ལྟ་བུའོ། །འོ་ན་ཁྱབ་པ་མ་གྲུབ་པ་ཡང་སུན་འབྱིན་པ་མ་ཡིན་ནམ། དེས་ཀྱང་ཕ་རོལ་པོའི་འདོད་པའི་དོན་མི་འགྲུབ་པའི་ཕྱིར་རོ། །དེ་མི་བརྗོད་པ་ཅི་ཞེ་ན། མ་ངེས་པ་སུན་འབྱིན་པ་ཉིད་ཀྱིས་རྟོགས་པའི་དོན་ཅན་ཉིད་ཀྱི་ཕྱིར་ལོགས་སུ་མ་བརྗོད་དོ། །དེ་ལྟར་ནི་རང་གི་མཚན་ཉིད་དག་གིས་ཁྱབ་པ་གཟུང་བར་ནུས་པ་མ་ཡིན་ཏེ། རང་གི་མཚན་ཉིད་ནི་ཡུལ་དང་དུས་དང་རྣམ་པར་ངེས་པ་ཉིད་ཀྱིས་ན་གཞན་དུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འོན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་སྤྱི་དག་ཁོ་ནས་ཁྱབ་པ་གཟུང་བར་བྱ་བ་ཡིན་ཞིང༌། །དེ་ལ་ཡང་གལ་ཏེ་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བས་


DTG190_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་རྟོགས་པ་མ་ཡིན་ན་དེའི་ཚེ་སྒྲུབ་པར་བྱེད་པ་ཡང་འགྱུར་ལ། བསྒྲུབ་པར་བྱ་བ་ནི་འགྱུར་བ་མ་ཡིན་ནོ་ཞེས་པས་མ་ངེས་པ་ཁོ་ནའོ་ཞེས་པའོ། །འོ་ན་ཁྱེད་ལ་ཅི་མ་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་སྤྱི་དག་ལས་ཐམས་ཅད་ཉེ་བར་སྡུད་པ་དང་ལྡན་པའི་ཁྱབ་པ་ཚད་མས་གཟུང་བར་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ་གང་གི་ཕྱིར་གང་འདྲ་བའི་སྤྱི་གཞན་རྣམས་ཀྱིས་ཡོངས་སུ་བརྟགས་པ་དེ་དང་འདྲ་བ་ཚད་མས་གནོད་པས་ན་བདེ་བར་གཤེགས་པ་རྣམས་ཀྱིས་ཁས་ལེན་པ་མ་ཡིན་གྱི། ཐ་སྙད་ལ་གྲགས་པའི་སྤྱི་གཞན་ལས་ལྡོག་པའི་མཚན་ཉིད་ཅན་གཞན་ལས་སེལ་བའི་མིང་ཅན་ནི་མ་ཡིན་ནོ་ཞེས་པའོ། །འོ་ན་སེལ་བ་ཞེས་པ་འདི་ཅི་ཞེ་ན། ཇི་ལྟར་ཞེན་པ་བཞིན་དུ་ཕྱི་རོལ་ཁོ་ནའི་བུམ་པ་ལ་སོགས་པའི་དོན་ནི་སེལ་བཞེས་མངོན་པར་བརྗོད་པར་བྱ་སྟེ། འདི་ལས་རིགས་མི་མཐུན་པ་གཞན་བསལ་བར་བྱ་བའོ་ཞེས་བྱས་ནས་སོ། །ཇི་ལྟར་སྣང་བའི་བློའི་རྣམ་པ་ཡང་སེལ་བ་སྟེ། བློའི་རྣམ་པ་འདིར་མི་མཐུན་པ་སེལ་བར་བྱེད་ཐ་དད་དུ་བྱེད་ཅེས་བྱས་ནས་སོ། །ཇི་ལྟ་བའི་དེ་ཁོ་ན་ཉིད་ལྡོག་པ་ཙམ་མེད་པར་དགག་པའི་ངོ་བོ་ནི་སེལ་བ་སྟེ། སེལ་བ་ཉིད་ནི་སེལ་བའོ་ཞེས་བྱས་ནས་སོ། །འོ་ན་ཇི་ལྟར་ཞེན་པ་ནི་སྒྲུབ་པ་ཁོ་ན་སྟེ། དེ་ལྟ་ན་སེལ་བ་འབའ་ཞིག་གོ་ཞེས་པ་འོངས་སོ་ཞེ་ན་མ་ཡིན་ཏེ། སྒྲུབ་པ་ནི་སེལ་བའི་ཁྱབ་པར་ཅན་དུ་དགོངས་ཏེ། གང་བ་ལང་རྟོགས་པ་ན། བ་མེན་མ་ཡིན་ནོ། །བ་མེན་མིན་ནོ་ཞེས་ཤུགས་ཀྱིས་སེལ་བ་ཕྱིས་ངེས་པར་བྱའོ་ཞེས་པ་སྒྲུབ་པ་སྨྲ་བ་རྣམས་ཀྱི་འདོད་པའོ། །གཞན་སེལ་བ་རྟོགས་པ་ན་ཡང་ཤུགས་ལས་སེལ་བ་བ་ལང་ལ་སོགས་པའི་དོན་རྟོགས་སོ་ཞེས་པ་ལྡོག་པའི་སེལ་བ་སྨྲ་བ་རྣམས་ཀྱི་འདོད་པའོ། །དེ་མི་རིགས་ཏེ་ཐ་སྙད་ཀྱི་དུས་སུ་དང་པོར་འཇུག་པའི་སོ་སོའི་རིམ་པ་མཐོང་བ་མེད་པའི་ཕྱིར། བསྒྲུབ་པ་རྟོགས་ནས་འགའ་ཞིག་གིས་དོན་གྱིས་གོ་བ་ལས་ཕྱིས་སེལ་བ་རྟོགས་པའམ། སེལ་བ་རྟོགས་ནས་ཕྱིས་བསེལ་བ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་བ་ལང་རྟོགས་པ་ཁོ་ན་གཞན་སེལ་བ་རྟོགས་པར་བརྗོད་པར་བྱའོ། །གལ་ཏེ་ཡང་ཡང་བ་ལང་གི་སྒྲ་བརྗོད་པ་ལས་གཞན་སེལ་


DTG190_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་ལ་མ་རེག་པ་བརྗོད་པ་དེ་ལྟ་ན་ཡང་ཁྱད་པར་དུ་འགྱུར་བའི་སེལ་བ་རྟོགས་པ་མེད་པ་མ་ཡིན་པ་ཁོ་ན་སྟེ། བ་ལང་གི་སྒྲ་ནི་བ་ལང་མ་ཡིན་པ་བསལ་བར་བྱས་པ་ཁོ་ནའི་དངོས་པོ་ལ་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་ཨུཏྤལ་སྔོན་པོ་ལ་བརྡར་བྱས་པའི་ཨིན་དི་ཝ་རའི་སྒྲ་ལས་ཨུཏྤལ་སྔོན་པོ་རྟོགས་པ་ན་དེའི་དུས་ཁོ་ནར་སྔོན་པོའི་ཡོན་ཏན་རྒྱས་པ་མ་བཟློག་པ་དེ་བཞིན་དུ་བ་ལང་མ་ཡིན་པ་བསལ་བར་བྱས་པ་ལ་བརྡར་བྱས་པའི་བ་ལང་གི་སྒྲ་ལས་ཀྱང་བ་ལང་རྟོགས་པ་ན་དུས་མཚུངས་པ་ཁོ་ནར་སེལ་བའི་ཁྱད་པར་ཡིན་པ་ཉིད་ཀྱི་ཕྱིར་ན། སེལ་བ་རྒྱས་པ་ཁོ་ན་མ་བཟློག་པ་ཁོ་ནའོ། །ཇི་ལྟར་མངོན་སུམ་མེད་པར་དགག་པའི་ངོ་བོ་མེད་པར་འཛིན་པ་ནི་མེད་པའི་རྣམ་པར་རྟོག་པ་སྐྱེད་པར་ནུས་པ་ཁོ་ནའི་ཡིན་གྱི་དེ་ལྟར་བསྒྲུབ་པའི་རྣམ་པར་རྟོག་པ་རྣམས་ཀྱང་དེ་དང་རྗེས་སུ་མཐུན་པ་རྗེས་སུ་སྒྲུབ་པ་འབྱིན་པར་ནུས་པ་ཁོ་ན་ལ་མེད་པ་འཛིན་པར་བརྗོད་པར་བྱའོ། །རྣམ་པ་གཞན་དུ་ན་གལ་ཏེ་བ་ལང་གི་སྒྲ་ལས་དོན་རྟོགས་པའི་དུས་ན་ཕ་རོལ་སེལ་བ་མ་རྟོགས་ན་དེའི་ཚེ། རྟོག་པ་པོས་གཞན་ཡོངས་སུ་སྤངས་ནས་བ་ལང་ལམ་འཇུག་པ་ཇི་ལྟར་ཡིན། དེ་ལས་བ་ལང་ཐོགས་ཤིག་ཅེས་བསྐུལ་བ་ན། རྟལ་སོགས་པ་རྣམས་ཀྱང་འདོགས་པར་འགྱུར་རོ་ཞེས་པའོ། །དེའི་ཕྱིར་འདི་ནི་གནས་པ་སྟེ། ཕྱི་རོལ་གྱི་དོན་ནི་ལྷག་པར་ཞེ་ན་ཁོ་ན་ལས་སྒྲའི་བརྗོད་པར་བྱ་བ་རྣམ་པར་གཞག་གི །རང་གི་མཚན་ཉིད་ཡོངས་སུ་བསལ་བས་ནི་མ་ཡིན་ཏེ། མངོན་སུམ་བཞིན་དུ་ཡུལ་དང་དུས་དང༌། རྣམ་པ་དང་གནས་སྐབས་ངེས་པར་འཇུག་པའི་རང་གི་མཚན་ཉིད་བསལ་བ་མེད་པའི་ཕྱིར་རོ། །རིགས་པའི་དབང་ཕྱུག་དམ་པས་གང་གསུངས་པ། དབང་པོའི་བྱ་བ་མེད་པ་ལ། །སྒྲ་ཡི་དོན་ནི་མཐོང་བ་བཞིན། །བློ་ལ་སྣང་བ་མེད་པའི་ཕྱིར། །ཞེས་སོ། །གཞན་ཡང་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་པར་བྱ་བ་ཡིན་ན་བདག་ཉིད་ཐམས་ཅད་རྟོགས་པའི་ཕྱིར་བསྒྲུབ་པ་དང་དགག་པ་དག་མི་རུང་སྟེ། གང་གི་ཕྱིར་དེ་ཡོད་པར་འགྱུར་ན་ཡོད་དོ་ཞེས་པ་དོན་མེད་ཅིང་མེད་དོ་ཞེས་པ་མི་ནུས་ལ། མེད་པར་འགྱུར་ན་ནི་མེད་དོ་ཞེས་པ་དོན་མེད་ཅིང་ཡོད་ཅེས་པ་མི་ནུས་


DTG190_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཡོད་པ་ལ་སོགས་པའི་ཚིག་སྦྱོར་བ་ཡང་ཡོད་དོ། །དེའི་ཕྱིར་དོན་དམ་པར་རང་གི་མཚན་ཉིད་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གནས་སོ། །འོ་ན་ཇི་ལྟར་མངོན་སུམ་གྱིས་བུམ་པའི་ངོ་བོ་རང་གི་གཟུང་བ་ན་ཡང་ཕྱིས་དེ་ཁོ་ན་ལ་སྐད་ཅིག་པ་ཉིད་ལ་སོགས་པ་ངེས་པའི་དོན་དུ་ཚད་མ་གཞན་འཇུག་པ་དེ་ལྟར་ཤིང་གི་སྒྲ་ཡིས་ཤིང་ཉིད་ཀྱི་ཆ་ཤས་རྟོགས་པ་ན་ཡོད་པ་ཉིད་ཀྱི་ཆ་ཤས་ངེས་པའི་དོན་དུ་ཡོད་དོ་ལ་སོགས་པའི་ཚིག་རབ་ཏུ་སྦྱོར་བར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མངོན་སུམ་ནི་མ་ངེས་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་གོམས་པར་མ་བྱས་པའི་ངོ་བོའི་ཡུལ་ལ་ཚད་མ་གཞན་འཇུག་གོ་ཞེས་པ་རིགས་སོ། །རྣམ་པར་རྟོག་པ་ནི་རང་ཉིད་ངེས་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ན། དེས་བཟུང་ཟིན་པའི་རང་གི་ངོ་བོ་ལ་ཚད་མ་གཞན་གྱིས་གཟུང་བར་བྱ་བ་གཞན་པ་ཅི་ཞིག་ཡོད་ཅེས་པའོ། །གང་འདྲ་བའི་སྤྱི་ཕ་རོལ་པོ་རྣམས་ཀྱིས་ཡོངས་སུ་བརྟགས་པ་གསལ་བ་དུ་མ་ལ་འཕྲོད་པ་འདུས་པ་སྣང་དུ་རུང་བ་གཅིག་པུ་རྟག་པ་དེ་དང་འདྲ་བ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་དམིགས་པ་མེད་དེ་དེས་ན་ཡོད་ཅེས་རྣམ་པར་རིག་པ་མ་ཡིན་ནོ། །དེ་ལྟ་ན་ནི་བ་ལང་ལ་སོགས་པའི་གསལ་བ་ཉམས་སུ་མྱོང་བའི་དུས་ན། ཁ་དོག་དང་དབྱིབས་ལ་སོགས་པ་གསལ་བའི་རང་གི་ངོ་བོ་མ་གཏོགས་པ་གཞན་རྗེས་སུ་འགྲོ་བ་གཅིག་པུ་མངོན་སུམ་ལ་སྣང་བ་མ་ཡིན་པའི་ཕྱིར་ཏེ། དེ་འདྲ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །རང་གི་མཚན་ཉིད་ཉམས་སུ་མྱོང་བའི་དེ་མ་ཐག་པར་རྣམ་པ་གཅིག་ཏུ་མཆོག་ཏུ་ཞེན་པའི་རྟོག་པ་ཡོད་པའི་ཕྱིར་རྣམ་པ་གཞན་དུ་མི་འཐད་པས་སྤྱི་ཀུན་དུ་རྟོག་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། གསལ་བ་རང་གི་རྒྱུས་ནུས་པ་འབྱིན་པ་རྣམས་ཁོ་ན་ལས་རྟོགས་པ་དེ་བརྒྱུད་པས་སྐྱེ་བའི་ཕྱིར་རོ། །ཐ་དད་ན་ཡང་གསལ་བ་འགའ་ཞིག་རྣམས་ཁོ་ན་འདི་བསྐྱེད་པའི་ཆེད་དུ་ནུས་པ་ཡིན་གྱི། ཐམས་ཅད་ནི་ནུས་པ་མ་ཡིན་ནོ་ཞེས་པ་འབྲས་བུ་དང་རྒྱུའི་དངོས་པོ་མངོན་སུམ་དང་མི་དམིགས་པ་དག་གིས་མཐོང་བ་ནི་འདའ་བར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ཁྱད་པར་མེད་ན་ཡུང་གསལ་བ་འགའ་ཞིག་རྣམས་ཁོ་ན་ལ་ནུས་པ་འདི་མཐོང་བ་ཡང་ཡིན་ཏེ། དཔེར་ན་རིམས་ལ་སོགས་པ་ཞི་བར་བྱེད་པ་


DTG190_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སླེ་ཏྲེས་དང་ནི་མ་པ་ལ་སོགས་པ་རྣམས་བཞིན་ནོ། །ཇི་སྐད་དུ་གསུངས་པ། ཐ་དད་ན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །ཞེས་སོ། །གཞན་ཡང་སྤྱི་ནི་རིགས་མི་མཐུན་པ་ཐམས་ཅད་ལས་ལོག་པ་ཡིན་ན་ཡང་ཐ་དད་པར་ཁྱད་པར་མེད་པ་ལ་བ་ལང་གི་གསལ་བ་རྣམས་ཁོ་ན་ལ་འཕྲོད་པ་འདུས་པའི་དེའི་སྤྱི་ནི་དེ་ཁོ་ན་ལ་རྣམ་པ་གཅིག་པ་ཅན་གྱི་བློ་སྐྱེད་པར་བྱེད་པ་ཇི་ལྟར་ཡིན་ཞེས་དྲིས་པ་ལ་རང་བཞིན་ཁོ་ནས་སོ་ཞེས་ཕ་རོལ་པོས་ལན་འདེབས་པ་དེ་ཡང་ཚད་མ་དང་མི་ལྡན་པ་སྟེ། ཁོ་བོ་ཅག་གི་རང་བཞིན་གྱིས་ཞེས་ལན་འདེབས་པ་ནི་ཚད་མས་གྲུབ་པ་ཉིད་ཀྱི་ཕྱིར་རིགས་པ་དང་ལྡན་པ་ཁོ་ནའོ། །དེ་ལྟར་ཕ་རོལ་པོའི་རིགས་གཞན་སྒྲུབ་པའི་ཆེད་དུ་སྒྲུབ་པར་བྱེད་པ་འདི་ཡིན་ཏེ། གང་ཁྱད་པར་དུ་བྱས་པ་ཅན་གྱི་ཤེས་པ་དེ་ནི་ཁྱད་པར་འཛིན་པ་མེད་ན་མེད་པ་ཡིན་ཏེ། དཔེར་ན་དབྱུག་པ་ཅན་གྱི་ཤེས་པ་བཞིན་འདི་བ་ལང་ངོ་ཞེས་པའི་ཤེས་པ་ཡང་ཁྱད་པར་ཅན་གྱི་ཤེས་པ་ཡིན་ནོ་ཞེས་པ་འདི་ནི་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱད་པར་ཅན་གྱི་བློ་ཐ་དད་པའི་ཁྱད་པར་འཛིན་པ་མེད་ན་མེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནམ། ཁྱད་པར་ཅན་ཉམས་སུ་མྱོང་བ་མེད་ན་མེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན། ཕྱོགས་དང་པོ་ལ་མངོན་སུམ་གྱིས་གནོད་པ་སྟེ། དངོས་པོ་འཛིན་པའི་ངང་ཚུལ་ཅན་གྱིས་མངོན་སུམ་ལ་གཉིས་སུ་སོ་སོར་སྣང་བ་མེད་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་བློ་ཉིད་ཀྱང་སྤྱི་ལ་གཏན་ཚིགས་མ་ངེས་པ་ཡིན་ཏེ། ཐ་དད་པའི་ཁྱད་པར་འཛིན་པ་མེད་ཀྱང་དེ་མཐོང་བའི་ཕྱིར་རོ། །དཔེར་ན་བུམ་པའི་འདི་རང་གི་ངོ་བོ་དང་ལྡན་པའམ། བ་ལང་ཉིད་སྤྱི་བོ་ཞེས་པ་ལྟ་བུའོ། །གཉིས་པའི་ཕྱོགས་ལ་ནི་གྲུབ་པ་སྒྲུབ་པར་བྱེད་པ་སྟེ། བུམ་པ་ནི་རང་གི་ངོ་བོ་དང་ལྡན་པའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །གོང་བུ་ནི་བ་ལང་ཉིད་ཀྱི་རིགས་པ་དང་ལྡན་པའོ་ཞེས་ཡོངས་སུ་བརྟགས་པའི་ཐ་སྙད་པར་རྒྱུར་བྱས་ནས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་གསལ་བ་ཉིད་ཀྱི་ཕྱིར་རོ། །འདི་བ་ལང་ངོ་ཞེས་པའི་ཐ་སྙད་ནི་བ་ལང་མ་ཡིན་པ་ཉིད་ལས་ལོག་པ་ཉམས་སུ་མྱང་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཏེ། དེ་ལྟ་འདིའི་ཕྱིར་ཡང་སྒྲུབ་པར་བྱེད་པ་ལས་སྤྱི་འགྲུབ་པ་མ་ཡིན་ཞེས་པའོ། །དེའི་ཕྱིར་དེ་ལྟ་ཕ་རོལ་པས་ཀུན་དུ་བཏགས་པའི་སྤྱི་ནི་དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར། དེའི་ངོ་བོ་མ་ཡིན་པ་ལས་ལོག་པའི་


DTG190_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཙམ་ཁོ་ན་སེལ་བའི་སྒྲའི་བརྗོད་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཇི་ལྟར་ཞེན་པ་བཞིན་པ་སྤྱི་ཡིན་པ་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་གནས་སོ། །སྤྱི་དགག་པའི་ཆེད་དུ་སླར་ཡང་རྣམ་པ་འདི་ལྟ་བུའི་སྦྱོར་བ་བྱ་སྟེ། གང་ཞིག་གང་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་དེ་ནི་དེ་ན་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་རྟའི་མགོ་ལ་རྭ་བཞིན། སྤྱི་ཡང་ཡོངས་སུ་སྣང་བཞིན་པའི་གསལ་བ་རྣམས་ལ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་སོ་ཞེས་པ་རང་བཞིན་མི་དམིགས་པའོ། །མ་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཅན་གསལ་བའི་རང་གི་ངོ་བོ་མ་གཏོགས་པར་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་གཉིས་པ་མཁས་པ་ངེས་པར་བརྟགས་ཀྱང་རྣམ་པ་ཐམས་ཅད་དུ་མཐོང་བ་མེད་པའི་ཕྱིར་རོ། །འདི་ནི་མཐོང་བ་མེད་ན་ཡང་ཤེས་པ་བཞིན་དུ་མངོན་སུམ་གྱིས་གྲུབ་པ་ཉིད་དུ་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཤེས་པ་ནི་རང་རིག་པའི་ཚད་མས་གྲུབ་ཀྱིས། མིག་གི་རྣམ་པར་ཤེས་པ་གཟུང་བར་བྱ་བ་ནི་མ་ཡིན་པས་སོ། །འདི་ནི་མིག་གི་རྣམ་པར་ཤེས་པས་གཟུང་བར་བྱ་བ་སྟེ། དོན་གྱི་ཆོས་ཡིན་པ་ཉིད་ཀྱི་ཕྱིར་རོ། །མངོན་སུམ་དུ་ཡང་ཕ་རོལ་པོ་རྣམས་ཀྱིས་འདོད་དོ་ཞེས་པའོ། །དེ་ལྟར་ཕ་རོལ་པོས་ཀུན་དུ་བརྟགས་པའི་སྤྱི་ནི་དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་ན་དེའི་ངོ་བོ་མ་ཡིན་པ་ལས་ལོག་པའི་དངོས་པོ་ཙམ་ཁོ་ན་སྤྱིར་བཤད་དོ། །དེའི་ཕྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་ཕ་རོལ་པོས་ཀུན་བརྟགས་པའི་སྤྱི་ཡིས་སྟོང་པར་གནས་སོ། །བློ་དང་ལྡན་པ་འགའ་ཞིག་གིས་ཉེ་བར་བཀོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཤེས་པར་བྱའོ། །དེ་ལྟར་ནི་འགྲོ་བ་འདིའི་བྱེད་པ་པོར་གྱུར་པ་རྟག་པ་འམ་མི་རྟག་པར་འགྱུར་གྲང༌། དེ་ལ་རེ་ཞིག་རྟག་པར་རིགས་པ་མ་ཡིན་ཏེ། བྱེད་པ་པོ་དང་འབྲེལ་བ་བརྟགས་པར་གྱུར་ན། སྤྲོས་པ་དང་གནས་པ་དང་འཇིག་པ་རྣམས་ངེས་པ་ཅིག་ཅར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ངོ་བོ་གང་གིས་གནས་པ་དང་འཇིག་པ་དག་གི་བྱེད་པ་པོ་ཡིན་པ་དེའི་ངོ་བོ་སྤྲོ་བའི་དུས་ན་ཡང་ཉེ་བའོ་ཞེས་པས་དེའི་དུས་ཁོ་ན་ན་གནས་པ་དང་འཇིག་པ་དག་བྱེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་དང་བྲལ་བའི་ཕྱིར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། རྟག་པ་ཡིན་པས་ན་འདི་ནི་ནམ་ཡང་ལྷན་ཅིག་བྱེད་པ་དང་བྲལ་བ་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཉེ་བ་


DTG190_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་བྱེད་པ་མི་རྟག་པ་དང་བྲལ་བ་ཡང་མ་ཡིན་ཏེ། ལྷན་ཅིག་བྱེད་པ་མི་རྟག་པ་ཡང་དེ་ལ་རག་ལས་ནས་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དུས་གཅིག་ཏུ་ཐམས་ཅད་བྱེད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དབང་ཕྱུག་ནི་བློ་དང་ལྡན་པའི་ཕྱིར་སྐྱོན་འདི་ཡོད་པ་མ་ཡིན་ནམ། བློ་ཡིས་སྟོང་པ་ནི་རང་ཡོད་པ་ཉིད་ཙམ་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་རིམ་པ་མིན་པ་ཁོ་ནས་བྱེད་ཀྱི། བློ་དང་ལྡན་པ་ནི་བྱ་བ་བྱེད་པར་དབང་འབྱོར་བ་ཡིན་ཡང་མི་འདོད་པ་ན་བྱེད་པ་མ་ཡིན་ཞེས་པས། དེ་ཉེ་བར་དམིགས་པ་ཅི་ཞེ་ན་བརྗོད་པར་བྱ་སྟེ། འདོད་པ་དེ་རྣམས་ཀྱང་རང་ཉིད་ཡོད་པ་ཉིད་ཙམ་གྱི་རྒྱུ་ཅན་ཡིན་པས་ཅིས་བྱེད་པ་མ་ཡིན་ན་ཞེས་པས་དེ་ཁོ་ན་འདི་ཉེ་བར་དམིགས་པ་ཡིན་ནོ། །ཅི་སྟེ་རང་གི་ངོ་བོས་ནུས་པ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པའི་མཚན་ཉིད་ཅན་གྱི་གློ་བུར་བའི་ནུས་པས་མེད་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་ཁོ་ན་དེའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟ་ན་ཁྱེད་ལ་མར་གྱུར་པ་ཡང་དེ་ཡིན་ལ་རང་བཞིན་གྱིས་མོ་གཤམ་ཡང་ཡིན་པའི་འདི་བརྗོད་པར་བྱ་བར་འགྱུར་རོ་ཞེས་པ་འདི་ནི་གང་ཅི་ཡང་མ་ཡིན་ནོ། །འོ་ན་འདི་ཁོ་ན་འབྲས་བུའི་རང་བཞིན་ཡིན་ཏེ། ནུས་པ་འབའ་ཞིག་པ་ལས་སྐྱེ་བ་མ་ཡིན་གྱི་ལྷན་ཅིག་བྱེད་པ་ལ་ལྟོས་ནས་ཕྱིས་འབྱུང་བའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ནུས་པ་ནི་འབྲས་བུ་ལ་ལྟོས་པ་ལ་མ་རེག་པའི་སྟོབས་ཁོ་ན་ལས་འབྲས་བུ་བྱེད་པར་འགྱུར་ཏེ། གཞན་དུ་ན་ནུས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པའོ། །རྟག་པར་རིམ་གྱིས་འབྲས་བུར་བྱེད་དོ་ཞེས་པ་ཡང་རིགས་པ་མ་ཡིན་ཏེ། སྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་ཀྱི་དཀྱིལ་འཁོར་རྣམ་པར་ཁྱབ་པའི་གྲགས་པ་ཅན་གྱིས་གང་གསུངས་པ། རྟག་པ་ལྟོས་པ་མེད་པའི་ཕྱིར་རོ། །རིམ་གྱིས་སྐྱེད་པར་བྱེད་པ་དང༌། བྱེད་དང་མི་བྱེད་དུས་རྟག་ཏུ། །འདྲ་བའི་བདག་ཉིད་བྱེད་པ་འགལ། །ཞེས་སོ། །འདིས་ནི་བདག་ལ་སོགས་པ་རྟག་པ་རྣམས་དང༌། སྐད་ཅིག་པ་ཡིན་པའི་བུམ་པ་ལ་སོགས་པ་རིམ་གྱིས་འབྲས་བུ་བྱེད་པའང་བཤད་པ་ཡིན་ནོ། །འདི་ལ་མངོན་སུམ་དང་འགལ་བ་མེད་དེ། མངོན་སུམ་གྱི་སྐད་ཅིག་པ་མ་ཡིན་པ་འཛིན་པར་མི་རུང་བའི་ཕྱིར་རོ། །མངོན་སུམ་སྐད་ཅིག་པས་ནི་སྐད་


DTG190_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་ཡིན་པ་ལྟ་བར་ནུས་པ་མ་ཡིན་ཏེ། སྐད་ཅིག་གཅིག་པ་ཡིས་བྱ་བ་ཅན་མ་ཡིན་པ་ནི་སྐད་ཅིག་པ་མ་ཡིན་པ་ཡིན་ཞིང༌། དེ་ཇི་ལྟར་སྐད་ཅིག་གཅིག་པར་འབྱུང་བའི་མངོན་སུམ་གྱིས་འཛིན་པར་ནུས། སྔ་མ་དང་ཕྱི་མའི་གནས་སྐབས་ནི་ད་ལྟར་གསལ་བ་མ་ཡིན་ཏེ། དེ་ཡང་ད་ལྟར་བྱུང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། སྐྱེ་བ་དང་འཇིག་པ་དག་གི་མཚམས་སོ་སོར་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པས་ན། མངོན་སུམ་འདི་ནི་སྔ་མ་དང་ཕྱི་མའི་དུས་ལ་ཁྱབ་པའི་དོན་ཅུང་ཟད་གཟུང་བར་ནུས་པ་མ་ཡིན་ནོ། །འདིས་ནི་ངོ་ཤེས་པ་མངོན་སུམ་ཉིད་སྤངས་པ་ཡིན་ནོ། །དོན་མངོན་སུམ་དུ་བྱེད་པའི་ཤེས་པ་ནི་མངོན་སུམ་ཡིན་ལ། སྔར་གྱི་གནས་སྐབས་ནི་ད་ལྟར་མངོན་དུ་བྱ་བ་མ་ཡིན་གྱི། འོན་ཀྱང་དྲན་པར་བྱ་བའོ། །དྲན་པའི་ངོ་བོ་ཡང་མངོན་སུམ་མ་ཡིན་ནོ། །ཅི་སྟེ་འདི་གལ་ཏེ་དྲན་པར་འདོད་པར་འགྱུར་ན། ད་ལྟར་བའི་གནས་སྐབས་མངོན་དུ་བྱེད་པ་མ་ཡིན་ནོ། །དེ་མངོན་དུ་བྱེད་པའི་འཇུག་པ་འདི་ནི་དྲན་པ་ཞེས་བྱ་བ་ཇི་ལྟར་ཡིན། །བྷཌྜས་གང་སྨྲས་པ། སྔོན་དུ་གཞལ་ཟིན་ཙམ་ལ་ནི། །དེའོ་ཞེས་དྲན་པ་སྐྱེ་བར་འགྱུར། །དེ་ཉིད་འདིའོ་ཞེས་པ་ནི། །ངོ་ཤེས་པ་ལས་ཐ་དད་བྲལ། །ཞེས་སོ། །དེའི་ཚེ་ངོ་ཤེས་པ་ནི་དྲན་པ་འཛིན་པའི་ངོ་བོར་འགྱུར་གྱི། འཛིན་པའི་ངོ་བོ་ཁོ་ན་ནི་མ་ཡིན་ཏེ། དྲན་པར་བྱ་བ་ལ་འཛིན་པ་མི་རུང་ཞིང་གཟུང་བར་བྱ་བ་ལ་ཡང་དྲན་པ་མི་རུང་བའི་ཕྱིར་རོ། །གཅིག་ལ་དྲན་པ་དང་འཛིན་པ་དག་སྲིད་པ་ཡང་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །ངོ་བོ་གང་གིས་དྲན་པ་ཡིན་པའི་ངོ་བོ་དེས་འཛིན་པ་ཡིན་པར་སྐྱོན་པ་མ་ཡིན་པས་སྨྲ་བར་ནུས་པ་མ་ཡིན་ཏེ། འཛིན་པའི་ངོ་བོ་གཞན་གྱིས་གཅིག་ལ་དྲན་པ་དང་འཛིན་པ་དག་ཏུ་འགྱུར་རོ། །ཡོད་ན་ཡང་མངོན་སུམ་དང་མངོན་སུམ་ཡིན་པར་འགྱུར་རོ། །དྲན་བཞིན་བ་ན་མངོན་སུམ་ཁོ་ན་ནི་མ་ཡིན་ཏེ། མངོན་སུམ་དུ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ངོ་ཤེས་པའི་རྟོགས་པ་ནི་འཁྲུལ་བ་ཁོ་ན་སྟེ། ཡུལ་མེད་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ཡང་འདི་ལྟ་སྟེ། གང་ཞིག་ངོ་ཤེས་པས་རྟོགས་པ་དེ་ནི་དེ་ཁོ་ན་ཉིད་དུ་ན། དམིགས་པ་གཅིག་པ་མ་ཡིན་ཏེ། དཔེར་ན་བཅད་པ་སླར་སྐྱེ་བའི་རྩྭ་ལ་སོགས་པ་རྣམས་ལ་


DTG190_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། སྔོན་པོ་ལ་སོགས་པ་འདི་དེ་ཁོ་ན་ཡིན་ནོ་ཞེས་པའི་རྟོགས་པ་འདི་ཡང་ངོ་ཤེས་པས་རྟོགས་པ་ཡིན་ནོ་ཞེས་པ་འགལ་བས་ཁྱབ་པ་དམིགས་པའོ། །གཅིག་ཉིད་དང་གཅིག་མ་ཡིན་པ་ཉིད་དག་ཕན་ཚུན་འགལ་བའི་ཕྱིར། དེའི་ཡུལ་ཅན་གྱི་རང་རིག་པ་དག་ཀྱང་འགལ་བའོ། །དེས་ན་གཅིག་ཏུ་དམིགས་པ་དང་འགལ་བ་གཅིག་མ་ཡིན་རྗེས་སུ་དཔག་པ་ལས་གནོད་པར་བྱེད་པ་ཡིན་ནོ། །སྒྲ་ལ་སོགས་པའི་རྟོགས་པ་ལ་ཁྱབ་པོ་ཞེས་པས། ངོ་ཤེས་པ་ནི་སྐད་ཅིག་པའི་རྗེས་སུ་དཔག་པ་ལས་གནོད་པར་བྱེད་པ་ཡིན་ནོ། །སྒྲ་ལ་སོགས་པ་རྣམས་ལ་ཡང་སྤྱི་ལ་དམིགས་པ་ཉིད་ཀྱིས་དམིགས་པ་གཅིག་པ་ཡང་མ་ཡིན་ཏེ་སྐྲ་ལ་སོགས་པའི་གསལ་བ་ཁོ་ན་ལ་ངོ་ཤེས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྤྱི་ལ་ངོ་ཤེས་པ་ཡིན་ནོ། །དེ་ཉིད་སྐྲ་ལ་སོགས་པ་དེ་ཁོ་ན་འདི་ཡིན་ནོ་ཞེས་པར་འགྱུར་ན། དེ་ཉིད་སྐྲ་ལ་སོགས་པ་འདི་ཡིན་ནོ་ཞེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་ཤེས་པའི་རྟོགས་པ་དམིགས་པ་གཅིག་པ་ཅན་ཉིད་ཡིན་ན། རིམ་པ་དང་ཅིག་ཤོས་དག་གིས་སྐྱེ་བ་འགལ་བའི་ཕྱིར་ན་འགལ་བ་དང་མ་ངེས་པ་ཉིད་དུ་དོགས་པར་བྱ་བ་དག་མ་ཡིན་ནོ། །ངོ་ཤེས་པ་ཁོ་ན་རྣམ་པར་འཇོག་པ་པོ་ཡང་མ་ཡིན་ཏེ། དེ་ཉིད་རྣམ་པར་དཔྱད་པར་བྱ་བ་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྟག་པ་བྱེད་པ་པོ་མེད་དོ་ཞེས་པ་འདི་ནི་གནས་པའོ། །གལ་ཏེ་རྟག་པའི་བྱེད་པ་པོ་འགྲོ་བའི་རྒྱུ་མ་ཡིན་ན་འོ་ན་འདིའི་རྒྱུ་ཅི་ཡིན་ཞེ་ན། སེམས་ཅན་རྣམས་ཀྱི་རྒྱུ་ནི་དགེ་བ་ཞེས་བྱ་བའི་ལས་ཡིན་ནོ། །ཇི་སྐད་དུ་གསུངས་པ། སེམས་ཅན་འཇིག་རྟེན་དེ་ནས་སྣོད་ཀྱི་འཇིག་རྟེན་ནི། །ཤིན་ཏུ་བཀྲ་བ་སེམས་ཉིད་ཁོ་ནས་བཀོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་བཤད་པ་ནི། །སེམས་མ་གཏོགས་པར་ལས་ཀྱང་ཡོད་པ་མིན། །ཞེས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་བརྟེན་ནས་སླར་ཡང་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་གསུངས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པའོ། །སྐད་ཅིག་པ་ཀུན་འདུས་བྱས་ཏེ། །བདག་གིས་སྟོང་ཞིང་བྱེད་པ་མེད། །ཅེས་སོ། །འོ་ན་ཐམས་ཅད་མཁྱེན་པ་གྲུབ་ན་ནི་དེའི་གསུངས་ངེས་པར་སྟོན་པར་རིགས་མོད།


DTG190_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་གྲུབ་པའི་ཆེད་དུ་ཚད་མ་ཅི་ཡོད་ཅེ་ན་བརྗོད་པར་བྱ་སྟེ། གང་དང་གང་གུས་པ་དང་བཅས་པར་བར་མེད་པར་དུས་རིང་པོར་གོམས་པར་བྱས་པའི་སེམས་ཀྱི་ཡོན་ཏན་དེ་ཐམས་ཅད་ནི་གསལ་བར་འགྱུར་བར་རུང་བ་ཡིན་ཏེ། དཔེར་ན་སྐྱེས་བུ་འདོད་པ་ཅན་གྱི་གཞོན་ནུ་མའི་རྣམ་པ་བཞིན་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་གྱི་རྣམ་པ་འདི་འདི་རྣམས་ཀྱང་ཇི་སྐད་བཤད་པ་བཞིན་གོམས་པར་བྱས་པའི་སེམས་ཀྱི་ཡོན་ཏན་ཡིན་ནོ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །རེ་ཞིག་རྟེན་གྱི་སྒོ་ནས་སམ་གཏན་ཚིགས་ཀྱི་སྒོ་ནས་མ་གྲུབ་པ་སྲིད་པ་མ་ཡིན་ཏེ། ཀུན་དུ་རྟོག་པ་ལ་གནས་པའི་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་གྱི་རྣམ་པ་ཆོས་ཅན་རྣམས་དང་གཏན་ཚིགས་སེམས་ཀྱི་ཡོན་ཏན་ཙམ་ནི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་འདོད་པའི་རྣམ་པ་ལ་སྲིད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། གོམས་པ་དང་བཅས་པའི་སེམས་ཀྱི་ཡོན་ཏན་དང་གསལ་བར་སྣང་བ་དག་གི་འབྲས་བུ་དང་རྒྱུའི་དངོས་པོ་དག་ནི་རྫ་མཁན་དང་བུམ་བདག་གི་བཞིན་དུ། ཐམས་ཅད་ཉེ་བར་བསྡུས་པས་མངོན་སུམ་དང་མི་དམིགས་པ་ལས་འབྲས་བུ་དང་རྒྱུའི་དངོས་པོ་གྲུབ་པ་ན། སྒྲུབ་པར་བྱེད་པ་གོམས་པ་དང་བཅས་པའི་སེམས་ཀྱི་ཆོས་ལ་གསལ་བར་སྣང་བར་བྱར་རུང་བས་ཁྱབ་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ནི་ཁྱབ་པའི་གཞི་འདོད་པས་གཟིར་བར་འཇུག་པ་ལ། གཞོན་ནུ་མའི་རྣམ་པ་ལ་གུས་པ་དང་བཅས་པར་བར་མེད་པར་དུས་རིང་པོར་གོམས་པ་དང་བཅས་པའི་སེམས་ཀྱི་ཡོན་ཏན་ལས་སྔར་གསལ་བར་སྣང་བ་མ་དམིགས་ཤིང༌། ཕྱིས་གོམས་པ་ཡང་དག་པར་རིག་པ་ལས་གསལ་བར་སྣང་བ་ཡང་དག་པར་རིག་པའོ་ཞེས་པ་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱིས་གསལ་བར་སྣང་བ་དང་གོམས་པའི་ཁྱད་པར་གྱི་སེམས་ཀྱི་རྣམ་པ་དག་འབྲས་བུ་དང་རྒྱུའི་དངོས་པོ་བསྒྲུབ་པར་བྱའོ། །དེ་ལྟར་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པའི་ཁྱབ་པ་གྲུབ་པ་དེའི་ཕྱིར་ན། མ་ངེས་པ་ཉིད་མེད་པ་དེའི་ཕྱིར་གཏན་ཚིགས་ཁ་ན་མ་ཐོབ་མེད་པའོ། །འོ་ན་སྒྲུབ་པར་བྱེད་པ་འདིས་འཕགས་པའི་བདེན་པ་བཞིའི་རྣམ་པ་


DTG190_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མངོན་སུམ་དུ་བྱེད་པ་ལས་འཕགས་པའི་བདེན་པ་བཞི་མངོན་དུ་བྱེད་པ་པོ་བརྗོད་པར་འདོད་པའི་ཐམས་ཅད་མཁྱེན་པ་འགྲུབ་མོད། ཁྱབ་པར་དུ་ཆོས་ཐམས་ཅད་མངོན་དུ་བྱེད་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་འགྲུབ་པའི་ཆེད་དུ་སྒྲུབ་པར་བྱེད་པ་གཞན་བརྗོད་པར་བྱའོ་ཞེ་ན། བརྗོད་པར་བྱ་བ་སྟེ། གང་ཚད་མས་མི་སླུ་བར་ངེས་པའི་དོན་ཅན་གྱི་ཚིག་དེ་ནི་དོན་དེ་མངོན་དུ་བྱེད་པའི་ཤེས་པ་དངོས་སམ། བརྒྱུད་པས་སྔོན་དུ་སོང་བ་ཡིན་ཏེ། དཔེར་ན་མེ་སྲེག་པར་བྱེད་དོ་ཞེས་པའི་ཚིག་བཞིན། འདུས་བྱས་ཐམས་ཅད་སྐད་ཅིག་པ་ཡིན་ནོ་ཞེས་པའི་ཚིག་འདི་ཡང་ཚད་མས་མི་སླུ་བར་ངེས་པའི་དོན་ཅན་ཡིན་ནོ་ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་མ་གྲུབ་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྐད་ཅིག་གིས་འཇིག་པ་སྒྲུབ་པར་བྱེད་པ་ལས་ཚིག་འདི་བདེན་པའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཚིག་ཙམ་པོ་ཐེ་ཚོམ་དང་ཕྱིན་ཅི་ལོག་སྔོན་མ་ཅན་ཉིད་ན་ཡང༌། ཚད་མས་ངེས་པའི་དོན་ཅན་ནི། དངོས་སམ་བརྒྱུད་པས། དེའི་དོན་དེ་མངོན་དུ་བྱེད་པའི་ཤེས་པ་སྔོན་མ་ཅན་དུ་མངོན་སུམ་དང་མི་དམིགས་པ་དག་གི་ཉེ་བར་དམིགས་པའི་ཕྱིར་རོ། །རྣམ་པ་གཞན་དུ་ན་དུ་བ་ལ་སོགས་པ་ཡང་རིགས་པ་དོར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་དང་རྒྱུ་མ་ལུས་པ་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་སྲིད་པ་དུ་མ་བརྒྱུད་པའི་མཚན་ཉིད་ཅན་དུས་རིང་པོས་འབྱུང་བར་བྱ་བ་ཀུན་དུ་རྟོག་པ་ལ་གནས་པའི་གསལ་བར་སྣང་བ་ཉིད་སྲིད་པ་འགྱུར་བ་སྲིད་པར་བརྒྱུད་པ་འགྲུབ་པའི་ཆེད་དུ་ཚད་མ་ཅི་ཡོད་ན་ཅེ་ན། བརྗོད་པར་བྱ་སྟེ། གང་སེམས་ཡིན་པ་དེ་སེམས་ཕྱི་མ་མཚམས་སྦྱོར་ཏེ། དཔེར་ན་ད་ལྟར་གྱི་སེམས་བཞིན། འཆི་བའི་དུས་ན་འབྱུང་བ་ཡང་སེམས་ཡིན་ནོ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །དགྲ་བཅོམ་པ་ཐ་མའི་སེམས་ཀྱི་འཁྲུལ་བ་ཡང་མ་ཡིན་ཏེ། དེ་ནི་ལུང་ཙམ་ལས་གྲགས་པ་ཉིད་ཀྱི་ཕྱིར་རམ། ཉོན་མོངས་པ་མེད་པའི་སེམས་གཞན་སྐྱེད་པར་བྱེད་པའི་ཕྱིར་རམ། གཏན་ཚིགས་ལ་ཉོན་མོངས་པ་ཡོད་ན་ཞེས་ཁྱད་པར་དང་བཅས་པའི་ཕྱིར་རོ། །དེ་ལྟར་མ་འོངས་པའི་སྲིད་པ་གྲུབ་བོ། །


DTG190_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྐྱེ་བ་སྔ་མའི་གོམས་པ་ལས་དཀའ་ཐུབ་དང་སྤྱིན་པ་དང་ཀློག་པ་ལ་སོགས་པ་ལ། སེམས་ཅན་རྣམས་ཀྱི་གོམས་པ་ལ་འཇུག་གོ་ཞེས་རབ་ཏུ་སྨྲ་སྟེ། དེས་ན་དེ་སྒྲུབ་པའི་ཆེད་དུ་འང་ཚད་མ་བརྗོད་པར་བྱ་སྟེ། གང་སེམས་ཡིན་པ་དེ་སེམས་གཞན་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་ད་ལྟར་གྱི་སེམས་བཞིན། སྐྱེ་བའི་དུས་ན་འབྱུང་བ་ཡང་སེམས་ཡིན་ནོ་ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འོ་ན་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ལས་གྲོལ་བ་ཡིན་ཞིང༌། དེ་ཁོ་ན་ཉིད་ཀྱང་གཅིག་ཁོ་ན་མ་ཡིན་ནམ། ཇི་སྐད་དུ་གསུངས་པ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །བསྒོམས་པ་ལྷག་མ་དེ་དོན་ཡིན། །ཞེས་སོ། །དེས་ན་ཐམས་ཅད་མཁྱེན་པ་རྣམ་པ་གཉིས་དང༌། སངས་རྒྱས་པའི་དབྱེ་བ་ཡང་ཇི་ལྟར་ཡིན་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་འདི་ཐམས་ཅད་ནི་ཡང་དག་པའི་དོན་ལ་སེམས་རྣམས་གཞུག་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལྟར་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་འདོད་པ། མཁའ་དང་འགོག་པ་གཉིས་དག་སྟེ། །རྟག་པ་གསུམ་གྱིས་འདུས་མ་བྱས། །འདུས་བྱས་ཐམས་ཅད་སྐད་ཅིག་དང༌། །བདག་མེད་བྱེད་པ་པོ་ཉིད་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱི། །རྡུལ་ཕྲན་བ་སོགས་པ་དངོས་སུ་རིག །ཅེས་སོ། །མདོ་སྡེ་བ་རྣམས་ཀྱི་འདོད་པ་ནི། །འདི་ཀུན་ཤེས་པ་ཁོ་ན་སྟེ། །སྡོ་སོགས་པ་རྣམ་པ་སོ་སོར་སྣང༌། །ཕྱི་རོལ་དོན་ནི་མ་ཡིན་ཏེ། །བེམས་པོ་རབ་གསལ་མི་རིགས་ཕྱིར། །ཇི་སྐད་དུ་གསུངས་པ། རང་རྣམ་ཅན་ཤེས་སྐྱེད་བྱེད་པ། དབང་པོའི་སྤྱོད་ཡུལ་སྣད་རུང་མིན། །ཞེས་སོ། །རྒྱན་མཛད་པས་ཀྱང་གསུངས་པ། གལ་ཏེ་སྔོན་པོ་རིག་བྱ་ན། དེ་ནི་ཕྱི་རོལ་ཇི་ལྟར་བརྗོད། །གལ་ཏེ་སྔོན་པོའི་རིག་བྱ་མིན། །དེ་ནི་ཕྱི་རོལ་ཇི་ལྟར་བརྗོད། །ཅེས་སོ། །འོ་ན་གལ་ཏེ་རབ་ཏུ་གསལ་བཞིན་པ་འདི་ཤེས་པ་ཁོ་ན་ཡིན་པ་དེའི་ཚེ་ཕྱི་རོལ་གྱི་དོན་ཡོད་དོ་ཞེས་པ་ཅི་ལས་ཤེ་ན་ཕྱི་རོལ་གྱི་དོན་ནི་ལྡོག་པ་ལས་འགྲུབ་པར་འགྱུར་ཏེ། གང་ཕྱིར་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་རབ་ཏུ་གསལ་བ་མ་ཡིན་ཞིང༌། །འདི་


DTG190_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཉེ་བར་ལེན་པ་ཙམ་ལས་ངེས་པར་སྣང་བ་ཉིད་དུ་གྱུར་ན་ཡང་རིགས་པ་མ་ཡིན་ཏེ། ཡུལ་ངེས་པ་ལ་འཇུག་པའི་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་རྣམས་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཐ་དད་པའི་རྒྱུ་གང་གི་སྟོབས་ཀྱིས་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་འབྱུང་བ་ཡིན་པ་ཅུང་ཟད་ཅིག་ཡོད་དོ་ཞེས་ངེས་པར་བཅད་པར་ནུས་ལ། དེ་ཁོ་ན་ཕྱི་རོལ་གྱི་དོན་ཡིན་ནོ་ཞེས་པའོ། །ཕྱི་རོལ་གྱི་དོན་འདི་ནི། ཡན་ལག་ཅན་དང་ཡོན་ཏན་ལ་སོགས་པའི་ཆོས་རྫས་ལ་བརྟེན་པ་ཕ་རོལ་པོས་མངོན་པར་འདོད་པ་རྣམས་དང་རྫས་རྣམ་པ་དགུ་དང༌། རྡུལ་ཕྲན་རྣམས་ཀྱང་མ་ཡིན་ནོ་ཞེས་པའོ། །དེ་ལ་རེ་ཞིག་ཡོན་ཏན་ལ་སོགས་པ་མ་ཡིན་ཏེ། རྫས་བཀག་པས་དེ་རྣམས་ཀྱང་ཁེགས་པའི་ཕྱིར་དང༌། འཕྲོད་པ་འདུ་བ་ཅན་གྱི་རྫས་མེད་ན་འཕྲོད་པ་འདུ་བ་ཡང་མེད་དོ་ཞེས་པ་དེ་སུན་དབྱུང་བ་ལ་འདིར་གུས་པར་བྱ་བ་མ་ཡིན་ནོ། །རྫས་ཀྱང་ས་དང་ཆུ་དན་མེ་དང་རླུང་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ཅེས་པ་རྣམ་པ་དགུའོ། །དེ་ལ་བདག་དགག་པའི་ཆེད་དུ་འདི་ཡང་སྒྲུབ་པར་བྱེད་པ་ཡིན་ཏེ། གང་རེས་འགའ་བའི་ཤེས་པ་པོ་ཡིན་པ་དེ་ནི་རེས་འགའ་བའི་རྒྱུ་སྔོན་མ་ཅན་ཡིན་ཏེ། དཔེ་ན་ལེགས་པར་དུལ་བ་ཅན་གྱི་ཤེས་པ་བཞིན། །ང་རྒྱལ་གྱི་ཤེས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་མ་གྲུབ་པ་མ་ཡིན་ཏེ། ཆོས་ཅན་ང་རྒྱལ་ལ་ཤེས་པ་ཉིད་མངོན་སུམ་གྱིས་གྲུབ་པ་ཡིད་ཀྱི་ཕྱིར་རོ། །རེས་འགའ་བ་ཉིད་ཀྱི་ཁྱད་པར་མ་གྲུབ་པ་ཡང་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེའོ་ཞེས་པའི་ཤེས་པ་མེད་པའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་ཕྱོགས་ལ་མཐོང་བའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། དུ་བ་དང་མེད་པ་བཞིན་དུ་འགའི་ཤེས་པ་དང་རེས་འགའི་རྒྱུ་ཅན་དག་གི་མངོན་སུམ་དང་མི་དམིགས་པ་དག་གིས་ཁྱབ་པ་གྲུབ་པའི་ཕྱིར་རོ། །ཅེས་འགའ་བའི་ཤེས་པ་ཡང་རེས་འགའ་བ་མ་ཡིན་པའི་རྒྱུས་སྐྱེ་ན་རེས་འགའ་བའི་རྒྱུ་ལས་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ངེས་པ་མེད་པའི་རྒྱུ་ཅན་རྣམས་ལ་ཡང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་འདི་མ་ངེས་པ་ཉིད་ན་


DTG190_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གྲགས་པའི་དུ་བ་ལ་སོགས་པའི་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ངར་བྱེད་པ་ནི་རེས་འགའ་བ་མ་ཡིན་པའི་རྒྱུ་སྔོན་མ་ཅན་ཉིད་ཡིན་ན། རྟག་པ་ཁོ་ནར་འབྱུང་བར་ཐལ་བར་འགྱུར་རོ། །རྒྱུ་ནི་བྱེད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ན། བྱེད་པ་མ་ཡིན་པ་ཡང་ཉེ་བར་བརྟགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བྱེད་པ་དང་བྱེད་པ་མ་ཡིན་པ་དག་གཅིག་པ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་བྱེད་པ་ཡང་མི་བྱེད་པ་ཡིན་པ་འོངས་ཏེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ངར་བྱེད་པ་ནི་རེས་འགའ་བ་མ་ཡིན་པའི་རྒྱུ་ལས་སྐྱེ་བ་ན་ཅིག་ཅར་ཁོ་ནར་འབྱུང་བར་ཐལ་བར་འགྱུར་ཏེ། ཚོགས་པ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ངར་བྱེད་པའི་དམིགས་པ་བདག་ཡིན་གྱི་རྒྱུ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་དམིགས་པ་ཉིད་དུ་མི་རིགས་པའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སོ། །ཅི་སྟེ་ནམ་མཁའ་ཞེས་བྱ་བ་དངོས་པོར་གྱུར་པ་ཅུང་ཟད་ཡོད་དམ་མེད་ཅེ་ན། འདི་ནི་མེད་པ་ཁོ་ན་སྟེ། གང་གི་ཕྱིར་གང་དུ་ཐོགས་པ་དང་བཅས་པའི་རྫས་ཡོད་པ་དེར་ནམ་མཁའ་གོ་སྐབས་སྟེར་བ་མ་ཡིན་ཞིང༌། གང་དུ་མེད་པ་དེར་ནི་དེ་མེད་པ་ཉིད་ཀྱི་ཕྱིར་གོ་སྐབས་གྲུབ་པའོ་ཞེས་པས་ནམ་མཁའི་ཅི་ཞིག་ལ་གོ་སྐབས་སྤྱིན་པར་བྱེད། དེའི་ཕྱིར་འདི་ཡོད་ན་ཐམས་ཅད་ཀྱི་ཚེ་རྣམ་པ་ཐམས་ཅད་ལ་གོ་སྐབས་སུ་འགྱུར་ཏེ། དེ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་པ་ཁོ་ནའོ་ཞེས་ཁོ་བོ་ཅག་གིས་རྟོགས་སོ། །འདི་ཡང་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ལ་ལྟོས་ནས་སུན་དབྱུང་བ་བཤད་པའོ། །ཕ་རོལ་པོ་རྣམས་ཀྱིས་ནི་ནམ་མཁའ་སྒྲའི་ཡོན་ཏན་ཅན་འདོད་དོ། །དེ་ཡང་གཅིག་ཡིན་པའོ་ཞེས་པས་ན་ཡུལ་མཚུངས་པ་ཅན་ཉིད་ཀྱི་ཕྱིར་སྒྲ་ཐམས་ཅད་རྣམ་པ་ཐ་དད་པ་ཅན་དུ་ཐོས་པར་མི་འགྱུར་རོ། །དེས་ན་ཤིན་ཏུ་ཉེ་བའི་ཡུལ་བཞིན་དུ་ཡུལ་རིང་པོར་མངོན་པར་འདོད་པའི་སྒྲ་ཡང་ཐོས་པར་འགྱུར་རོ། །ཡང་ན་གཞན་ཡང་མ་ཡིན་ནོ་ཞེས་པས་མཐའ་གཅིག་པ་ཡིན་ནོ། །ཕྱོགས་དང་དུས་དག་གི་ཡང་གཅིག་ཉིད་ཀྱི་ཕྱིར་ཤར་དང་ནུབ་ལ་སོགས་པ་རྟོགས་


DTG190_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འཐད་དོ། །འདི་ནི་ཡིད་བརྟག་པ་ཡང་མི་སྲིད་པ་ཁོ་ནའོ། །དེ་ལྟར་ནི་ཅིག་ཅར་ཤེས་པ་མི་སྐྱེ་བས་དེ་སྨྲ་བ་རྣམས་ཀྱི་ཡིད་རྗེས་སུ་དཔོག་པར་བྱེད་ཅིང༌། གར་ལ་ལྟ་བ་ལ་སོགས་པ་ལ་ཅིག་ཅར་ཤེས་པ་མང་པོ་རྣམས་ཉམས་སུ་མྱོང་བ་ཁོ་ནའོ། །གལ་ཏེ་ཡང་ཡིད་འགྱུར་བ་ན་དེའི་ཚེ་ཤེས་པ་འདི་རྣམས་མི་རུང་སྟེ། དེའི་ཕྱིར་ཡིད་ཀྱང་མེད་པ་ཁོ་ནའོ། །ས་ལ་སོགས་པ་རྣམས་ལྷག་མར་ལུས་ལ། དེ་རྣམས་ཀྱང་ཡན་ལག་ཅན་དང་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་འདོད་དོ། །དེ་ལ་གང་ཡན་ལག་ཅན་བུམ་པ་ལ་སོགས་པ་རྡུལ་ཕྲ་རབ་རྣམས་ཀྱིས་རྡུལ་གཉིས་ལ་སོགས་པའི་རིམ་པས་བརྩམས་པར་རབ་ཏུ་གྲགས་པ་དེ་ལ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་ནི་གནོད་པར་བྱེད་པའོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཡན་ལག་ཅན་མེད་ན་འོ་ན་འདི་གཅིག་ཉིད་དུ་སྣང་བ་ཇི་ལྟར་ཡིན་ཞེ་ན། ཐ་དད་པ་ཐག་ཉེ་བར་གནས་པ་རྣམས་ཀྱི་ཁོ་ན་དེ་ལྟ་དེ་ལྟར་སྣང་སྟེ། དེ་དང་ལྡན་པ་འགའ་ཞིག་ཁོ་ན་སླར་ཡང་དབྱེ་བ་མེད་པ་རྟོགས་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འོ་ན་ཐ་དད་པར་སྣང་བ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཐ་དད་པའི་ཕྱོགས་དང༌། ཡུལ་ལ་ཁྱད་པར་རྡུལ་ཕྲ་རབ་བསགས་པ་སོ་སོར་སྣང་བ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་སོ་སོར་སྣང་བའི་ཆོས་ཇི་ལྟར་རགས་པ་ཡིན་ཞེས་ཆོས་མཆོག་གི་ཞབས་ཀྱིས་གསུངས་སོ། །དེ་ལ་ཡང་དོན་ནི་འདི་ཁོ་ནའོ། །དོན་རང་གི་ངོ་བོར་མྱོང་བ་ནི་མེད་དེ། དོན་མྱོང་བ་ནི་བརྟགས་པར་འགྱུར། །ཞེས་པའི་ཚིག་ལས་སོ། །དེའི་ཕྱིར་གང་འདི་སྔོན་པོ་ལ་སོགས་པ་སོ་སོར་སྣང་བ་ཡུལ་ཐ་དད་པ་ལ་ཁྱབ་པའི་ཉིད་ཉམས་སུ་མྱོང་བ་འདི་ཁོ་ན་རགས་པའི་སྣང་བའོ་ཞེས་སྐྱོན་མེད་དོ། །གང་ཡང་བྱེ་བྲག་པ་རྣམས་ཀྱི་དེ་རྩོམ་པར་བྱེད་པ་རྡུལ་ཕྲ་རབ་དེ་རྣམས་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ལ་དངོས་སུ་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཡིན་ཞིང༌། མདོ་སྡེ་པ་རྣམས་ཀྱི་ལུགས་ལ་རང་གི་རྣམ་པ་གཏོང་བར་འཇུག་པ་རྣམས་ཏེ། དེ་རྣམས་ཀྱང་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱི་ལྟ་བ་ལ་སྲིད་པ་མ་ཡིན་ནོ། །ངེས་པར་དབུས་ན་གནས་པའི་རྡུལ་ཕྲ་རབ་ཅིག་གྲུབ་པ་


DTG190_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། དེའི་འོག་དང་སྟེང་དང་ཕྱོགས་བཞི་རྣམས་ན་རྡུལ་ཕྲ་རབ་གནས་པའི་ངེས་པས་ཆ་ཤས་དྲུག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་འདིའི་རང་བཞིན་ཤར་གྱི་རྡུལ་ཕྲ་རབ་ལ་ཉེ་བ་དེ་ཁོ་ན་ནུབ་ཀྱི་རྡུལ་ཕྲ་རབ་ལ་ཉེ་བར་འཐད་པ་ནི་མ་ཡིན་ཏེ། དེ་དག་ཡུལ་གཅིག་པ་ཉིད་འཐོབ་པའི་ཕྱིར་རོ། །དེ་ལྟར་ནི་རྡུལ་ཕྲ་རབ་ཤར་མ་དང་ཉེ་བའི་རང་བཞིན་དེ་རྡུལ་ཕྲ་རབ་ནུབ་མ་རྟོགས་པས་གལ་ཏེ་འགྱུར་ན་དེ་ཡང་དེར་འགྱུར་རོ། །ཉེ་བ་ཡོད་པ་མ་ཡིན་ན་ཡང་མངོན་དུ་ཕྱོགས་པ་ཙམ་ལ་ཡང་འཇུག་པའི་མཐའ་འདི་ཁོ་ན་སྟེ། དེ་ལས་ཀྱང་གོང་བུ་རྡུལ་ཕྲ་རབ་ཙམ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་ན་རྣམ་པར་དཔྱད་པ་འདི་ཡིན་ཏེ། གང་འདི་སོ་སོར་སྣང་བཞིན་པ་འདི་རེ་ཞིག་གཅིག་ཏུ་རིགས་པ་མ་ཡིན་ཏེ། དེ་མ་ཐག་ཏུ་བརྗོད་པའི་རྣམ་པར་དཔྱད་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་ཤས་ལས་རྡུལ་ཕྲ་རབ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་འདི་ཆ་ཤས་དང་བཅས་པ་ཡིན་ན་ཇི་ལྟར་རྡུལ་ཕྲ་རབ་ཡིན། ཅི་སྟེ་ཆ་ཤས་མེད་པ་ཡིན་ན་དེ་ལ་སྦྱར་བའི་རྡུལ་ཕྲ་རབ་རྣམས་ཀྱང་བདག་ཉིད་ཐམས་ཅད་ཀྱིས་འབྱར་བའི་ཕྱིར་ཕན་ཚུན་ཡུལ་ཐ་མི་དད་པར་འགྱུར་རོ་ཞེས་པ་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་རོ། །རི་བོ་ཡང་སྟེ། ས་གཞི་ཡང་ངོ་ཞེས་པ་སྟེ། དེའི་གདོན་མི་ཟ་བ་དག་གི་རང་བཞིན་ཐ་དད་པར་ཁས་བླང་བར་བྱའོ། །ཇི་ལྟར་འདི་དག་གི་ཡིན་པ་དེ་ལྟར་འོག་དང་སྟེང་དང་ལྷོ་དང་བྱང་གི་རྡུལ་ཕྲ་རབ་དང་ཉེ་བ་རྣམས་ཀྱི་ཡང་ཐ་དད་པའོ་ཞེས་པས་རྡུལ་ཕྲ་རབ་ཆ་ཤས་དྲུག་པ་ཉིད་རིགས་པའི་སྟོབས་ལས་འོངས་པའོ། །གང་གསུངས་པ། དྲུག་གིས་ཅིག་ཅར་སྦྱར་བའི་ཕྱིར། །ཕྲ་རབ་རྡུལ་ཆ་དྲུག་ཉིད་འགྱུར། །དྲུག་པོ་རྣམས་ནི་ཡུལ་གཅིག་ཕྱིར། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །གཅིག་མ་གྲུབ་པ་ན་དུ་མ་ཡང་མ་གྲུབ་པོ་ཞེས་པས་རྡུལ་ཕྲ་རབ་རྣམས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་ཡང་སྣང་བ་འདི་ཅིའི་ཡུལ་ཅན་ཡིན་ཞེ་ན། སྣང་བ་འདི་ནི་ངེས་པར་ཐོག་མ་མེད་པའི་ཇི་ལྟ་བ་བཞིན་མ་ཡིན་པའི་བག་ཆགས་


DTG190_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཇུག་བཞིན་པ་དམིགས་པ་མེད་པ་ཁོ་ནར་མཚོན་པར་བྱ་སྟེ། དེ་ལྟར་ནི་ཡུལ་ཡོད་ན་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་ཞིང༌། དེས་ཀྱང་ཡན་ལག་ཅན་ནམ་རྡུལ་ཕྲ་རབ་བསགས་པར་འབྱུང་བར་བྱ་བ་ཡིན་ན། དེ་དང་འདི་གཉིས་ཀ་དག་ཀྱང་དེ་མ་ཐག་ཏུ་བཤད་པའི་གནོད་པར་བྱེད་པའི་ཚད་མས་བསལ་བའི་རྩོད་པ་ནི་ནམ་མཁའི་པདྨ་ལས་མི་འདའོ། །ཇི་སྐད་དུ་གསུངས་པ། སྣང་བ་དམིགས་པ་མེད་པ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་འདྲ། །ཞེས་སོ། །རྨི་ལམ་གྱི་ཤེས་པ་ཡང་དམིགས་པ་མེད་པ་ཁོ་ནར་རིག་ཅིང༌། རྨི་ལམ་དང་སད་པའི་ཉམས་སུ་མྱོང་བ་དག་ལ་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་ཆོས་མཐུན་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དམིགས་པ་མེད་པ་ལ་ངོ་བོའི་ཁྱད་པར་ཐོབ་པ་མེད་པའི་རྣམ་པར་ཤེས་པ་ནི་དམིགས་པ་དང་འབྲེལ་པར་ཉམས་སུ་མྱོང་བར་ནུས་པ་ཡང་མ་ཡིན་ཏེ། གང་དམིགས་པ་མེད་པ་ལས་ཁྱད་པར་མེད་པ་དེ་ནི་དམིགས་པ་མེད་པ་ཅན་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྐྲ་ཤད་མཐོང་བ་གཅིག་ལས་ནམ་མཁའ་ལ་སྐྲ་ཤད་མཐོང་བ་གཉིས་པ་བཞིན། རྩོད་པའི་གཞིར་གྱུར་པའི་སད་པའི་ཤེས་པ་ཡང་དམིགས་པ་དམིགས་པ་མེད་པའི་རྨི་ལམ་གྱི་ཤེས་པ་ལས་ཁྱད་པར་མེད་དོ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ནའོ་ན་ཅི་ཡོད་ཅེ་ན། གཟུང་བ་དང་འཛིན་པ་ལ་སོགས་པའི་རྙོག་པ་དང་བྲལ་བའི་སྤྲོས་པ་མེད་པའི་རྣམ་པར་ཤེས་པ་ཙམ་དོན་དམ་པར་ཡོད་དོ། །ཇི་སྐད་དུ་གསུངས་པ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་སོ། །ཡང་གསུངས་པ། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡིས་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་བྲལ་བའི་ཕྱིར། །དེ་ཉིད་རང་ཉིད་རབ་ཏུ་གསལ། །ཞེས་སོ། །འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང༌། ཇི་ལྟར་ཕྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་སོ། །དེ་ལ་འགའ་ཞིག་སྨྲ་སྟེ། ལུས་དང་ཡུལ་ཐམས་ཅད་ཀྱི་དངོས་པོར་རབ་ཏུ་གྲགས་པ་འདི་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་ཞིང༌། དེ་


DTG190_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་རིག་པའོ་ཞེས་པས་ན་ཅི་ཞིག་གི་ཡང་གཟུང་པ་འམ་འཛིན་པ་མ་ཡིན་ནོ། །བརྟགས་པས་ནི་གཟུང་བ་དང་འཛིན་པའི་དངོས་པོ་སྒྲོ་འདོགས་པར་བྱེད་དོ། །དེའི་ཕྱིར་ཀུན་དུ་བརྟགས་པའི་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའི་རྣམ་པར་ཤེས་པ་ནི་བདེན་པའོ་ཞེས་སོ། །གཞན་རྣམས་ནི་རྣམ་པའི་རྙོག་པའི་མཚན་མ་མཐའ་དག་དང་བྲལ་བ་ཤེས་དག་པ་ལྟ་བུ། །སྟོན་ཀ་དྲི་མ་མེད་པའི་ཉིན་ཕྱེད་ཀྱི་ནམ་མཁའ་ལྟ་བུ་དངོས་པོ་པའི་རྣམ་པར་ཤེས་པའོ་ཞེས་སེམས་པར་བྱེད་དེ་རྣམ་པ་འདི་རྣམས་ནི་དེ་བཞིན་མ་ཡིན་པ་ཁོ་ནར་མ་རིག་པས་བསྟན་པ་རབ་ཏུ་གསལ་བ་སྟེ། དེའི་ཕྱིར་གཟུང་བ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །རྣམ་པ་ཐམས་ཅད་དུ་དེ་མེད་པའི་ཕྱིར་དེ་ལ་ལྟོས་པས་གང་རྣམ་པར་ཤེས་པའི་འཛིན་པ་པོ་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དབུ་མ་པ་རྣམས་ཀྱི་ལྟ་བ་ལ་ནི་ཤེས་པ་དེ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་རིགས་པ་ནི་དོན་དམ་པ་པའོ་ཞེས་འཇིག་རྟེན་ན་བརྗོད་ཅིང༌། འདི་ལ་རྣམ་པར་དཔྱད་པ་ན་རང་བཞིན་འགའ་ཞིག་འཐད་པ་ཡན་མ་ཡིན་ཏེ། གཅིག་པའམ་དུ་མ་རྣམ་པར་དཔྱད་པ་སྔར་བརྗོད་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། རྣམ་པར་ཤེས་པ་དོན་དམ་པ། །དེ་ཡང་མཁས་རྣམས་མི་འདོད་དོ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ཕྱིར་ན་མཁའི་ཆུ་སྐྱེས་བཞིན། །ཞེས་སོ། །གྲགས་པའི་ཞབས་ཀྱིས་ཀྱང་གསུངས་པ། གང་གིས་དངོས་པོ་རྣམས་དཔྱད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་རྣམས་ན། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་སོ། །དེ་བཞིན་དུ་རྒྱན་མཛད་པས་ཀྱང་གསུངས་པ། གང་ཚེ་འདིར་ནི་རྣམ་རྟོག་དང༌། །གཞན་གྱི་འང་ཚད་མ་ཉིད་མེད་པ། །དེ་ཚེ་གཞིགས་པར་གྱུར་པ་ན་འང༌། །ཀུན་ལ་དགག་པར་བྱ་བ་ཅི། །སང་དང་རྨི་ལམ་སོགས་དབྱེ་བའམ། །དམ་པའི་དོན་དུ་ཡོད་མིན་ཉིད། །ཀུན་ལ་མཉམ་པར་མཐོང་རྣམས་ལ། །དབྱེ་བ་སྣང་བ་མིན་པ་ཉིད། །ཅེས་སོ། །སྦྱོར་བ་ནི་འདི་ལྟར་བྱ་སྟེ། །གང་གཅིག་དང་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་


DTG190_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། རྣམ་པར་ཤེས་པ་ཡང་གཅིག་དང་དུ་མའི་རང་བཞིན་མེད་པ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པའོ། །རེ་ཞིག་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། རྣམ་པ་དང་བཅས་པའི་ཤེས་པ་ལ་ཕྱི་རོལ་གྱི་དོན་བཞིན་དུ་གཅིག་དང་དུ་མའི་རང་བཞིན་མི་རུང་བ་ཡོངས་སུ་གསལ་བ་ཉིད་ཀྱི་ཕྱིར་རོ། །གང་ལ་འཇིག་རྟེན་ལས་ཕྱི་རོལ་གྱི་དོན་དུ་ཐ་སྙད་ཡིན་པ་དེ་ཁོ་ན་རྣམ་པ་དང་བཅས་པར་སྨྲ་བས་ཤེས་པས་ཏེ། དེའི་ཕྱིར་དེ་ཕྱི་རོལ་དུ་ཡོད་པ་ལ་གནོད་པར་བྱེད་པ་གང་ཡིན་པ་དེ་ཁོ་ན་ནང་དུ་ཡོད་པ་ལ་ཡང་གནོད་པར་བྱེད་བའོ། །གང་གི་ཕྱིར་རགས་པ་གཅིག་གམ་རྡུལ་ཕྲ་རབ་ཏུ་མའི་ངོ་བོ་ཡང་འཐད་པ་མ་ཡིན་ཞིང༌། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་འདི་ཡང་གལ་ཏེ་རགས་པ་གཅིག་གམ་རྡུལ་ཕྲ་རབ་ཏུ་ཐ་དད་པ་དུ་མ་ཡིན་ན། དབུ་མ་རྒྱན་དུ། བདག་ཉིད་ཆེན་པོ་བོ་དྷི་སྟྭ་ཡིས། །ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་གྱུར་པའི། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་གསུངས་སོ། །རྣམ་པ་གཉིས་ཀ་ལྟར་ན་ཡང་ཕྱི་རོལ་གྱི་ཕྱོགས་ལ་འབྱུང་བའི་སུན་འབྱིན་པ་གདོན་པར་མི་ནུས་སོ། །གང་གི་ཕྱིར་གང་གིས་དེ་ཡོད་ན་ཡོད་པར་འགྱུར་བ་རྣམ་པར་ཤེས་པ་དེ་ཕྱི་རོལ་གྱི་དངོས་པོའི་རྒྱུ་མཚན་ཅན་གྱི་སུན་འབྱིན་པ་ཅན་མ་ཡིན་ཏེ། གཟུགས་ཅན་ཡི་རྒྱུ་མཚན་ཅན་གྱི་གནོད་པར་བྱེད་པ་ནི་གཟུགས་ཅན་མ་ཡིན་པ་རྣམ་པར་ཤེས་པའི་བདག་ཉིད་མ་ཡིན་ནོ་ཞེས་པ་ཡང་སྙིང་པོ་མེད་པ་སྟེ། རྣམ་པ་དང་བཅས་པ་ཉིད་ལ་རྣམ་པར་ཤེས་པ་ཡང་གཟུགས་ཅན་ཉིད་ཀྱི་ཕྱིར་ཏེ། ཡུལ་ལ་རྣམ་པར་རྒྱས་པ་དང་ལྡན་པའི་རྣམ་པ་འདི་ཁོ་ན་ནི་གཟུགས་ཅན་ནི་ཞེས་པའོ། །ཛ་གཏྟ་ལའི་གཙུག་ལག་ཁང་ཆེན་པོའི་མཁས་པ་ཆེན་པོ་དགེ་སློང་ཐར་པའི་འབྱུང་གནས་ཀྱིས་སྦས་པས་སྦྱར་བའི་རྟོག་གེའི་སྐད་དུ། གཞན་གྱི་རྗེས་སུ་དཔག་པ་ཡོངས་སུ་བཅད་པ་རྫོགས་སོ།། །།རྟོག་གེའི་སྐད་འདི་བྱས་ནས་ནི། །བདག་གིས་བསོད་ནམས་གང་བསགས་པ། །བསོད་ནམས་དེ་ཡིས་འགྲོ་བ་འདི། །སངས་རྒྱས་ཉིད་དུ་ལྷག་བགྲོད་ཤོག །རྟོག་གེའི་སྐད་རྫོགས་སོ།། །།ཚུལ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནང་དང་ཕྱིའི་གཞུང་ལུགས་དུ་མ་རྣམས་ལ་བྲོའི་སྣང་བ་ཆེར་རྒྱས་པ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དབང་དགེ་


DTG190_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དཔལ་ལྡན་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །


previousརྟོག་གེའི་སྐད། ཐར་པའི་འབྱུང་གནས་སྦས་པ།next