Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
འཇིག་རྟེན་ཕ་རོལ་གྲུབ་པ།  ཆོས་མཆོག།
   
   
   
   
   
   
   
   
   
   
   
   
   
   


 
previousའཇིག་རྟེན་ཕ་རོལ་གྲུབ་པ། ཆོས་མཆོག།next

འཇིག་རྟེན་ཕ་རོལ་གྲུབ་པ།
ཆོས་མཆོག།


DTG190_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཱ་ར་ལོ་ཀ་སིདྡྷ། བོད་སྐད་དུ། འཇིག་རྟེན་ཕ་རོལ་གྲུབ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁ་ཅིག་ནི་སྐྱེ་བའི་སྔ་རོལ་འཆི་བའི་འོག་རོལ་དུ་རྣམ་པར་ཤེས་པ་རྒྱུན་རྣམ་པར་འཆད་པའི་མཚན་ཉིད་ཅན་འཇིག་རྟེན་ཕ་རོལ་དུ་སྨྲའོ། །དེས་ནི་ཡང་དག་པར་སྨྲས་པ་མ་ཡིན་ཏེ། འདི་ལྟར་ཐ་མི་དད་པར་མ་དམིགས་པའི་རང་བཞིན་མ་ཡིན་པ་ལུས་ཀྱི་འབྱུང་བ་ཆེན་པོ་དག་ལས་ཐ་དད་པར་གྱུར་པའི་རྣམ་པར་ཤེས་པ་ནི་ཅུང་ཟད་ཀྱང་མངོན་སུམ་མ་ཡིན་ནོ། །ཐོག་མ་དང་ཐ་མ་དམིགས་བཞིན་པའི་ལུས་དེ་དག་ལས་བསམ་པ་ཐ་མི་དད་པ་ཡིན་ན་ཡང་རྣམ་པར་མ་ཆད་པའམ། མཐའ་མྱོང་བ་མེད་པའི་རྒྱུན་གནས་པར་ཇི་ལྟར་འགྱུར། ཐ་དད་པ་ཡིན་ན་ཡང་རྣམ་པར་ཤེས་པ་ནི་དང་པོ་འབྱུང་བ་ཆེན་པོ་བཞི་ལས་སྐྱ་བ་ཐོབ་ནས་ཕྱིས་རྣམ་ཤེས་སྔ་མའི་བདག་ཉིད་ཀྱི་རྒྱུད་དུས་ཅུང་ཟད་ཅིག་རྗེས་སུ་འཇིག་པར་འགྱུར་རོ། །ཡང་ན་ཐམས་ཅད་ཀྱི་ཚེ་རྣམ་པར་ཤེས་པ་སྐྱེ་བའི་སྒོ་རྣམ་པར་རིག་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་མའི་བློ་ལས་བུའི་ཤེས་པ་རབ་ཏུ་སྐྱེ་བའི་ཕྱིར་འཇིག་རྟེན་ཕ་རོལ་ཏུ་མ་གྲུབ་པོ། །འདིའི་ལན་བརྗོད་པར་བྱ་སྟེ། རེ་ཞིག་འཇིག་རྟེན་ཕ་རོལ་བསལ་བའི་ཞེན་པས་རྣམ་པར་ཤེས་པ་ནི་འབྱུང་བ་ཆེན་པོ་བཞི་ཚོགས་པའི་བདག་ཉིད་ཅན་གྱི་ལུས་ལས་ཐ་དད་དུ་གྱུར་པ་མེད་དོ་ཞེས་ཐོག་མར་གང་སྨྲ་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཁྱོད་ལ་གྲུབ་པའི་དབང་པོའི་རྣམ་པར་ཤེས་པ་ཉིད་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཐ་དད་པ་དང་རྗེས་སུ་འབྲེལ་པ་ནི་མ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་དངོས་པོའི་གསལ་བ་དག་ཀྱང་སིམ་པ་དང་སིམ་པ་མ་ཡིན་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་ལྡན་པར་ཉམས་སུ་མྱོང་བ་མ་ཡིན་ཏེ། གང་གི་ཕྱིར་ཉམས་སུ་མྱོང་བ་སྐྱེ་བའི་རྟེན་ཅན་གྱི་ཞེན་པ་ཉམས་སུ་མྱོང་ངོ་སྙམ་དུ་སྤྱོད་ཡུལ་དུ་བྱེད་པའི་ངོ་བོ་གང་ཡིན་པ་དེ་ཉིད་འདིར་ཉམས་སུ་མྱོང་བའི་རྗེས་སུ་མྱོང་བས་གྲུབ་པ་ཡིན་ལ། སྣང་བཞིན་པའི་གཟུགས་ལ་སོགས་པ་དག་བདེ་བ་ལ་སོགས་པའི་


DTG190_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་མ་ངེས་པའི་ཕྱིར་སིམ་པ་དང་སིམ་པ་མ་ཡིན་པའི་རིག་པ་ནི་གཟུགས་ལ་སོགས་པ་ཉམས་སུ་མྱོང་བའི་ཚེ་དེ་དག་ལས་ཐ་དད་པ་ཡིན་ནོ། །གང་ཞིག་བཟུང་བ་ལས་ཐ་དད་པའི་སིམ་བ་ལ་སོགས་པའི་རྣམ་པ་མྱོང་བ་གང་ཡིན་པ་དེ་ཉིད་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བའི་ཤེས་པས་འཛིན་པའི་དངོས་པོ་ཉིད་དུ་ངེས་ཏེ། དེའི་ཕྱིར་དེ་ཉིད་འཛིན་པ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ནི་ཇི་ལྟར་སྣང་བཞིན་པའི་གཟུགས་ལ་སོགས་པ་ལས་ཐ་དད་པ་དེ་བཞིན་དུ་འཛིན་པ་ཉིད་དུ་གྱུར་པ་ཡང་ལུས་ལས་ཐ་དད་པ་ཉིད་དོ། །འདི་ལྟར་དབང་པོ་ལ་བརྟེན་པའི་ཤེས་པ་ལག་མཐིལ་འཛིན་པའི་ཁྱད་པར་ཅན་སྐྱེས་པ་ན་ཡང་འཇིག་རྟེན་པ་རྣམས་ལག་མཐིལ་གྱི་ངོ་བོ་བདེ་བའམ་སྡུག་བསྔལ་གྱི་ངོ་བོར་ངེས་པ་ནི་མ་ཡིན་གྱི། འོན་ཀྱང་བཟློག་པའི་བདག་ཉིད་ཅན་ཁོ་ན་ཡིན་ནོ། །དེའི་ཕྱིར་ལག་མཐིལ་རིག་པའི་དུས་སུ་ལག་མཐིལ་ལ་སོགས་པ་དག་ལས་ཐ་དད་པའི་སིམ་པ་དང་སིམ་པ་མ་ཡིན་པར་མྱོང་བའི་ངེས་པ་གང་ཡིན་པའི་རྣམ་པར་ཤེས་པ་དེ་ནི་དེ་དག་ལས་ཐ་དད་པར་ཉམས་སུ་མྱོང་བས་གྲུབ་པོ། །དེས་ན་ལུས་བློ་ཉིད་ཡིན་པའམ་ཆང་གི་ནུས་པ་བཞིན་དུ་སེམས་པ་ཅན་འབྱུང་བ་རྣམས་ཀྱིས་ཡིན་ནོ་ཞེས་སྨྲས་པ་ལ་གནོད་པར་བྱེད་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །ཡང་ཇི་ལྟར་དུ་བ་འཕྱུར་བའི་སྐད་ཅིག་དང་པོ་མེ་ལས་སྐྱེ་བ་ཐོབ་ལ། སྐད་ཅིག་གཞན་དང་གཞན་ནི་རང་གི་རྒྱུན་ཁོ་ན་ལས་སྐྱེས་པ་ཐོབ་པ་ལྟར་དང་པོ་འབྱུང་བ་ཆེན་པོ་དག་ལས་ཤེས་པའི་ངོ་བོ་ཐོབ་པ་ནི་ཕྱིས་ཡང་རང་གི་རིགས་ཁོ་ན་ལས་འབྱུང་བར་གང་སྨྲ་བ་དེ་ནི་ཤིན་ཏུ་ཡང་རིགས་པའི་ཆ་ཐོབ་པ་མ་ཡིན་ཏེ། འདི་ལྟར་འབྲས་བུའི་གསལ་བ་དག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྐད་ཅིག་དང་པོ་རྒྱུན་གྱི་རྒྱུ་དག་ལས་སྐྱེ་བ་ཐོབ་པར་བྱེད་ལ། དུས་ཅུང་ཟད་ནི་རང་གི་རིགས་ཀྱི་སྐད་ཅིག་མ་གཞན་ལ་རག་ལས་ཏེ་སྐྱེ་བའི་བདག་ཉིད་ཅན་དག་ཏུ་གནས་ཏེ། དཔེར་ན་དུ་བ་ལ་སོགས་པའི་རྣམ་པ་བཞིན་ནོ། །རྒྱུའི་དངོས་པོ་འགའ་ཞིག་ནི་དངོས་སུ་འབྲས་བུ་སྐད་ཅིག་ཙམ་གནས་པར་བྱེད་དུ་ཟིན་ཀྱང་སྐད་ཅིག་མ་གཞན་སྐྱེ་བའི་དོན་དུ་སྐྱེ་བར་བྱེད་དོ། །དེའི་ཕྱིར་རྒྱུའི་ཁྱད་པར་ལས་འབྲས་བུ་ཅུང་ཟད་ཅིག་རྒྱུན་དང་བཅས་པ་ནི་འབྱུང་ངོ༌། །འབྲས་བུའི་


DTG190_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཁ་ཅིག་ནི་སྐད་ཅིག་རེ་རེ་ལ་རིགས་མཐུན་པའི་ཚོགས་པ་ལ་རག་ལས་ནས་རྒྱས་པར་འབྱུང་བ་ཅན་ཏེ། དཔེར་ན་སྒྲོན་མེ་འབར་བ་འམ་མི་ལ་སོགས་པའི་རྣམ་པར་རིག་པ་ལྟ་བུའོ། །དེ་དག་ནི་སྐྱེད་པའི་བྱ་བ་ལ་ཇི་ལྟར་སྐད་ཅིག་མ་དང་པོར་མེ་དང་སྙིང་པོ་དང༌། མིག་དང་སྣང་བ་དང༌། ཡིད་ལ་བྱེད་པ་རྣམས་ཉེ་བ་ལ་ལྟོས་པ་དེ་བཞིན་དུ་སྐད་ཅིག་མ་གཉིས་པ་ལ་སོགས་པ་རྣམས་ལ་ཡང་ངོ༌། །དེ་ལྟར་ཉེ་བར་གྱུར་པ་དེ་དག་གི་ནང་ནས་གལ་ཏེ་གང་ཡང་རུང་བ་ཅིག་འཇིག་པའམ་རྣམ་པར་འགྱུར་བར་གྱུར་བ་ན་ཡང་དེའི་ཚེ་འབྲས་བུ་ཡང་འཇིག་པའམ། རྣམ་པར་འགྱུར་བར་འགྱུར་ཏེ། དེའི་ཕྱིར་སྒྲོན་མ་དང་མིག་ལ་སོགས་པ་རྒྱུའི་ཚོགས་པའི་རྒྱུན་གྱིས་རྣམ་པར་རེག་པ་དག་ནི་སྐད་ཅིག་རེ་རེ་ལ་སོགས་པ་ཡོད་པ་དང་མེད་པ་དང་འགྱུར་བ་ལ་ལྟོས་པ་ཡིན་ཏེ་རང་གི་རྒྱུ་ཙམ་ལ་རག་ལས་ཏེ་འབྱུང་བ་དག་ནི་མ་ཡིན་ནོ། །དེ་ལ་རྒྱུ་དང་བཅས་པའི་འབྲས་བུའི་ངོ་བོ་དང་པོ་དེ་དང་མི་འདྲ་པ་ལས་འབྱུང་ལ། གཉིས་པ་ལ་སོགས་པ་དག་ཏུ་ནི་རང་དང་མཚུངས་པའི་དངོས་པོ་གཞན་ཁོ་ན་ལས་ཡིན་ནོ། །སྐད་ཅིག་ཙམ་འབྱུང་བ་ནི་སྐད་ཅིག་དང་པོ་ཅི་འདྲ་བ་ཞིག་ལས་བྱུང་བ་དེ་འདྲ་བ་ཉིད་ལས་སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་ཡང་ངོ༌། །དེའི་ཕྱིར་གལ་ཏེ་རྣམ་པར་ཤེས་པ་ཡང་དང་པོར་སྐྱེ་བ་ན། འགའ་ཞིག་ལས་སྐྱེ་བར་འགྱུར་ལ། ཕྱི་ནས་རྒྱུན་ལས་སྐྱེ་བ་ཅན་གྱི་འབྲས་བུར་གྱུར་བ་ཞིག་ཡིན་ན་ནི་འདི་དང་པོར་བྱུང་བ་ལས་ཡིན་ལ། ཕྱིས་རྣམ་པར་ཤེས་པ་དག་ལས་བྱུང་བ་ཅན་ཡིན་ལ་རག་ན། གང་གི་ཕྱིར་འབྲས་བུ་འདི་དག་ནི་སྐད་ཅིག་མ་ཡིན་ནོ། །འདི་ལྟར་རེ་ཞིག་མིག་ལ་སོགས་པའི་རྒྱུའི་ཚོགས་པ་ལ་རག་ལས་ཏེ་བྱུང་ཞིང་སྐད་ཅིག་རེ་རེ་སྐྱེད་པར་བྱེད་པའི་ཚོགས་པ་ཉེ་བར་རེག་པ་ཅན་སྐད་ཅིག་ཙམ་གནས་པའི་རྣམ་པར་རིག་པ་ལྔ་པོ་དག་ནི་རྒྱུན་རྗེས་སུ་འབྲེལ་པར་ནུས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་རྒྱུན་གནས་པ་ནི་མ་ཡིན་གྱི་འོན་ཀྱང་སྐད་ཅིག་ཙམ་འབྱུང་ངོ་ཞེས་བྱ་བར་ངེས་ཏེ། གང་གི་ཕྱིར་འདི་ལྟར་རྒྱུན་གཅིག་གི་ཁོངས་སུ་གཏོགས་པའི་ས་བོན་དང་མྱུ་གུ་དག་གམ་འབྲས་བུའི་ཐ་དད་པ་ནི་རྒྱུ་ལ་རག་ལས་པ་དེ་བཞིན་དུ་རྒྱུད་གཅིག་གི་རྣམ་པར་ཤེས་པའི་ཁོངས་སུ་གཏོགས་པ་སྔོན་པོ་དང༌། མངར་བ་དང༌། གཟུགས་ལ་སོགས་


DTG190_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་དང་རྗེས་སུ་འབྲེལ་བའི་སྔོན་པོ་སྣང་བའི་རྣམ་པར་རྟོག་པ་ནི་རྒྱུ་ཐ་དད་པའི་ཕྱིར་རྒྱུ་ཐ་དད་པ་ལ་ལྟོས་སོ། །དེ་ལ་དེའི་རྒྱུ་ཡོངས་སུ་རྟོག་པ་ན་ཇི་ལྟར་དུ་བའི་རྒྱུན་སྐྱེ་བའི་རྒྱུ་མ་ཡིན་པ་དེ་བཞིན་དུ་སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པ་དེ་ལ་ནི་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ༌། །གང་ལ་རྒྱུན་གྱི་རྒྱུ་དག་འབྲས་བུ་གསལ་བའི་རང་བཞིན་གྱི་ཁྱད་པར་རྣམ་པར་གཞག་པའི་རྒྱུ་མཚན་དུ་འགྱུར་བར་འདོད་པ་ཇི་ལྟ་བུར་བུམ་པ་ནི་འཛིམ་པ་ལས་དེའི་བདག་ཉིད་དང༌། རྫ་མཁན་ལས་དབྱིབས་ཀྱི་ཁྱད་པར་དང༌། དེ་དག་ལས་གཞན་པ་རྣམས་ལས་ནི་རང་བཞིན་གཞན་རྣམས་འབྱུང་བར་རྟོགས་པ་དེ་བཞིན་དུ་རྣམ་པར་རྟོག་པའི་ཤེས་པའི་རྒྱུན་ལ་ཡང་རྒྱུན་གྱི་རྒྱུའི་སྟོབས་ལས་རང་བཞིན་ཐ་དད་པ་རྣམས་རྣམ་པར་གཞག་པར་བྱ་དགོས་ན། སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པ་དེ་ལ་ཡང་རྣམ་པར་ཤེས་པ་ཙམ་ཞིག་རྒྱུར་བརྗོད་པར་མི་ནུས་ཏེ། རྣམ་པར་ཤེས་པ་ཙམ་ཁྱད་པར་མེད་པས་རྣམ་པར་ཤེས་པའི་ཚོགས་མཐའ་དག་ཅིག་ཅར་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔོན་པོར་སྣང་བ་ལས་སྔོན་པོར་སྣང་བ་ཕྱི་མ་འབྱུང་ངོ་ཞེ་ན། སྔོན་པོ་ལ་སོགས་པའི་ཁྱད་པར་ཅན་གྱི་རྣམ་པར་ཤེས་པ་ཡང་རྒྱུའི་དངོས་པོར་ཡོངས་སུ་བརྟག་པ་མ་ཡིན་ཏེ། རྒྱུའི་དངོས་པོར་ཇི་ལྟར་བརྟགས་པ་ལྟར་འཁྲུལ་པ་དང་ལྡན་པར་སྣང་བའི་ཕྱིར་རོ། །འདི་ལྟར་སྔོན་པོའི་རྣམ་པའི་ཁྱད་པར་ཅན་གྱི་བློའི་ངོ་བོ་ནི་སྣང་བ་གང་ཞིག་ལས་སྐྱེ་བཞིན་པ་མཐོང་བ་དེ་ཉིད་གཞན་གྱི་ཚེ་སྣང་བ་གཞན་དང་འབྲེལ་བའི་ཤེས་པ་ལས་འབྱུང་ན། རྒྱུན་གྱི་རྒྱུ་རྣམས་ནི་འཁྲུལ་པ་ཅན་དུ་མ་མཐོང་ངོ༌། །གང་གི་ཕྱིར་རྒྱུའི་བྱེ་བྲག་ལ་རག་ལས་པའི་ཁྱད་པར་ཅན་གྱི་འབྲས་བུའི་གསལ་བ་ཐམས་ཅད་ནི་འཇིག་རྟེན་པའི་ཐ་སྙད་སྒྲུབ་པར་བྱེད་དེ། དེའི་ཕྱིར་རྒྱུ་ཐ་དད་པ་མེད་པ་ན་ཐ་དད་པ་དང་རྗེས་སུ་འབྲེལ་བར་འགྱུར་ཞིང༌། རྒྱུ་ཐ་དད་ཡོད་ན་ཡང་ཐ་དད་པ་དང་འབྲེལ་པ་སྤངས་པའི་གསལ་བ་དག་ནི་རྒྱུ་དང་ལྡན་པ་ལས་འདས་པ་ཡིན་ནོ། །གང་དག་གི་ཐ་དད་པ་དང་ཐ་མི་དད་པ་ལས་དངོས་པོའི་རང་བཞིན་ཐ་དད་པ་མ་ཡིན་པ་དེ་དག་ནི་རྒྱུ་དང་འབྲེལ་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་


DTG190_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལྟ་ཡིན་དང་དངོས་པོ་རྣམས་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ལ། དེ་ཡང་མངོན་སུམ་གྱིས་བསལ་བ་ཡིན་ནོ། །དེའི་ཕྱིར་འབྲས་བུ་རྣམས་ཀྱི་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་ནི་རྒྱུའི་ཐ་དད་པ་དང་ཐ་མི་དད་པའི་རྒྱུ་མཚན་ཅན་ཡིན་ནོ། །དེ་ལྟར་ན་ནི་རྣམ་པ་ཐ་དད་པ་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་ནི་ངེས་པའི་རྒྱུ་ཐ་དད་པ་ཅན་དུ་འགྱུར་བར་འོས་ན་ངེས་པའི་རྒྱུ་ཡང་མ་མཐོང་སྟེ། དེའི་ཕྱིར་རྒྱུར་ངེས་པ་མེད་དོ། །གལ་ཏེ་བག་ཆགས་ཡོངས་སུ་སྨིན་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་ཤེས་པ་ངེས་པའི་རྒྱུར་འདོད་ན་ནི་དེའི་ཚེ་སྐད་ཅིག་ཙམ་འབྱུང་བའི་འབྲས་བུའི་རྒྱུ་ཡིན་ཏེ། གང་གི་ཕྱིར་འབྲས་བུའི་ཁྱད་པར་མ་མཐོང་བ་ལས་ངེས་པའི་ངོ་བོ་ཅན་གྱི་ནུས་པའི་རང་བཞིན་ནི་བག་ཆགས་ཡོངས་སུ་སྨིན་པ་ཡིན་ལ། དེ་ཡང་སྐད་ཅིག་དང་པོར་བྱུང་བའི་སྔོན་པོར་སྣང་བའི་ཤེས་པའི་སྔོན་རོལ་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ཇི་ལྟར་རྟོག་པ་དེ་བཞིན་དུ་སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པ་ཕྱི་མ་ཕྱི་མ་མཐོང་བ་ལས་སྔ་མ་སྔ་མ་ཁོང་དུ་ཆུད་པར་ནུས་སོ། །ཇི་ལྟར་སྐད་ཅིག་དང་པོ་ལ་སྔོན་པོ་ཉམས་སུ་མྱོང་བས་བསྐྱེད་པའི་ནུས་པའི་ངོ་བོ་བག་ཆགས་འབྲས་བུ་ལ་མངོན་དུ་ཕྱོགས་པ་ལས་སྔོན་པོའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་བ་དེ་བཞིན་དུ་དེ་ཁྱད་པར་མེད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་དག་ཏུ་ཡང་རྣམ་པ་མཚུངས་པའི་རྣམ་པར་རྟོག་པ་ནི་མངོན་སུམ་དུ་ཕྱོགས་པའི་བག་ཆགས་ཀྱི་རྒྱུ་ཅན་དག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་རེ་རེ་ལ་བག་ཆགས་ཡོངས་སུ་སྨིན་པ་ལ་ལྟོས་པ་ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་སྒྲོན་མ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་བཞིན་དུ་སྐད་ཅིག་ཙམ་འབྱུང་ཞིང་རྒྱུན་རྗེས་སུ་འབྲེལ་བ་ཡིན་ནོ། །སྔར་སྐྱེས་པའི་ཉམས་སུ་མྱོང་བ་ནུས་པའི་ཁྱད་པར་སྐྱེ་བ་ལ་རག་ལས་པ་ཅན་གྱི་བློ་ནི་བག་ཆགས་རབ་ཏུ་སད་པ་མེད་པར་སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་འབྱུང་ངོ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་གསལ་བར་མི་ནུས་སོ། །སྔར་ཉམས་སུ་མྱོང་བ་ཅན་གྱི་ནུས་པ་སད་པ་ན་འབྱུང་བ་ནི་དེ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་སྐད་ཅིག་རེ་རེ་ལ་མཐོང་བས་སྐྱེད་པའི་ནུས་པ་སད་པའི་ཉེ་བར་སྦྱོར་བ་ལ་ལྟོས་པ་


DTG190_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་སྐད་ཅིག་ཙམ་ཉུང་ཟད་གནས་པ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གང་ཞིག་རྒྱུན་ལ་མི་ལྟོས་པ་ཅན་དེ་ནི་སྐད་ཅིག་མའི་འབྲས་བུར་བརྗོད་པར་ཡང་ནུས་ཏེ་དཔེར་ན་སྒྲོན་མེ་བཞིན་ནོ། །རྣམ་པར་རྟོག་པ་རྣམས་ཀྱང་རྒྱུན་གྱི་རྒྱུ་ལ་མི་ལྟོས་པ་ཡིན་ནོ། །འབྲས་བུ་གང་ཞིག་གང་ལས་འབྱུང་བ་མཐོང་བ་དེ་ནི་དེ་ལས་གཞན་ལས་མི་འབྱུང་སྟེ། དཔེར་ན་སཱ་ལུའི་ས་བོན་ལས་འབྱུང་བར་མཐོང་བའི་སཱ་ལུའི་མྱུ་གུ་དེ་ནི་དེ་ལས་གཞན་ལས་མི་འབྱུང་བ་དེ་བཞིན་དུ་བག་ཆགས་ཡོངས་སུ་སྨིན་པ་དང་ལྡན་པའི་རྣམ་པར་ཤེས་པ་ལས་འབྱུང་བར་མཐོང་བའི་ཤེས་པ་ནི་གཞན་བྱུང་བ་བཞི་པོ་དག་ལས་མི་འབྱུང་ངོ༌། །རྒྱུའི་ཁྱད་པར་འགའ་ཞིག་ལས་འབྱུང་བ་ལས་ནི་རྒྱུ་དང་ལྡན་པའི་སྤྱིས་ཁྱབ་ལ། མཐོང་བའི་རྒྱུ་དང་རིགས་མི་མཐུན་པ་ལས་འབྱུང་བ་ནི་རྒྱུ་དང་ལྡན་པ་ཁྱབ་བྱེད་ཉིད་དུ་མི་འགྱུར་བའི་ཕྱིར་རྒྱུའི་ཁྱད་པར་འགའ་ཞིག་ལས་ཇི་ལྟར་འབྱུང་བར་འགྱུར། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་ཁྱད་པར་ཅན་གྱི་རྒྱུ་དང་ལྡན་པ་ཉིད་ཀྱིས་ཁྱབ་པོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་དམིགས་པའོ། །བློ་གཞན་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན་ཡང་བུའི་བློ་ནི་མའི་བློ་ལས་རབ་ཏུ་སྐྱེ་བ་ཅན་ཡིན་ནོ་ཞེས་གང་སྨྲ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཤེས་རབ་ཕུལ་དུ་བྱུང་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྔར་གྱི་གོམས་པའི་རྒྱུ་ཅན་དུ་འགྱུར་ཞིང་གཞན་གྱི་རྒྱུ་ཅན་དུ་བརྟགས་པར་མི་ནུས་སོ། །མ་གཅིག་ལས་སྐྱེས་ཤིང་གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་ལ་མངོན་པར་སྦྱོར་བ་དང་བཅས་པར་འདོད་པ་དག་ལས་གཅིག་ནི་ཤེས་རབ་ཕུལ་དུ་བྱུང་བ་ཡིན་ལ། གཞན་ནི་མ་ཡིན་ནོ། །མ་ལ་ཡོད་པའི་གོམས་པ་ནི་གཉི་ག་ལ་ཁྱད་པར་མེད་དེ། དེ་ནི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་རྒྱུད་སོ་སོ་ལ་ཤེས་རབ་ཕུལ་དུ་བྱུང་བའི་ཤེས་པའི་བདག་ཉིད་ཅན་གྱི་གོམས་པ་ནི་ཐ་དད་པའི་ཕྱིར་གཉི་ག་ཡང་རྒྱུད་ཐ་དད་པ་དང་ལྡན་པར་གྲུབ་པོ། །དྲོད་གཤེར་ལས་སྐྱེས་པ་ལ་སོགས་པའི་སྲོག་ཆགས་ཀྱི་རབ་ཏུ་སྐྱེ་བ་ལ་ནི་མའི་བློ་རྒྱུར་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་གི་རྒྱུད་རིག་པ་དང་ལྡན་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ། །གྲོང་ཁྱེར་


DTG190_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་ར་སྨིའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེའི་སྐུ་རིང་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།


previousའཇིག་རྟེན་ཕ་རོལ་གྲུབ་པ། ཆོས་མཆོག།next