Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ།  ཤེས་རབ་འབྱུང་གནས་སྦས་པ།
   
   
   
   
   
   
   
   
   
   


 
previousལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ། ཤེས་རབ་འབྱུང་གནས་སྦས་པ།next

ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ།
ཤེས་རབ་འབྱུང་གནས་སྦས་པ།


DTG190_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཧ་ཨ་བ་ལམྦ་ནཱ་མ། བོད་སྐད་དུ། ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་བདེ་འགྲོ་སྦྱིན་མཛད་པ། །གཉིས་མེད་གསལ་དངོས་ཕྱག་བྱས་ནས། །ལྷན་ཅིག་དམིགས་པར་ངེས་པ་ནི། །འདི་ནི་རྒྱས་པར་བཤད་པར་བྱ། །འདིར་གཉིས་སུ་མེད་པར་སྨྲ་བས་གཟུང་བ་དང་འཛིན་པ་བྱེ་བྲག་མེད་པར་ལྷན་ཅིག་དམིགས་པར་ངེས་པའི་གཏན་ཚིགས་ཀྱིས། ཟླ་བ་གཉིས་པ་ལ་སོགས་པའི་དཔེ་ལས་ཉེ་བར་འབྲེལ་པ་ཅན་མྱོངས་སུ་གཟུང་བས་རྟོགས་པར་བྱེད་དོ། །དེ་ལྟར་ཡང༌། དུས་གཅིག་ངེས་པར་རིག་པ་ནི། །ངེས་པར་ཤེས་དང་ལྷན་ཅིག་ཏུ། །ཡུལ་མིན་དེ་ལས་གཞན་དུ་ན། །རྣམ་པ་གང་གིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །གཞན་དག་གིས་སྨྲས་པ། །ལྷན་ཅིག་དམིགས་པར་ངེས་པར་མ་གྲུབ་སྟེ། འདི་ལྟར་ཐོག་མར་ནི་ཡུལ་དམིགས་ལ། ཕྱི་ནང་ཤེས་པ་ནི་ཤེས་པ་གཞན་གྱིས་རང་གི་ངོ་བོ་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། མངོན་སུམ་གྱི་བདག་ཉིད་དུ་ཤེས་པ་དམིགས་པ་ཡིན་ཏེ། ཤེས་པ་མངོན་སུམ་དུ་སོ་སོར་རིག་པར་ནུས་པའི་ཕྱིར་རམ་དོན་གྱིས་གོ་བ་ཡིན་ནོ། །འདི་ལྟར་ཡང༌། འགས་ཀྱང་དོན་ནི་མ་རྟོགས་པར། །ཤེས་པ་དམིགས་པ་ཡོད་མིན་ཏེ། །དེ་ཤེས་པས་ནི་རྗེས་དཔག་ལས། །རྟོགས་པར་རུ་ནི་གྱུར་པ་ཡིན། །ཞེས་སྨྲས་པ་ཡིན་ནོ། །འདི་ལྟར་ཤེས་པའི་ངོ་བོ་སྤངས་ནས། །དང་པོར་དཀར་པོ་དང་སེར་པོ་ལ་སོགས་པའི་དོན་གྱི་རྣམ་པ་སོ་སོར་སྣང་བ་དམིགས་ཀྱི། ཡང་


DTG190_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་བལྟས་ཀྱང་ཤེས་པའི་རྣམ་པ་དམིགས་པ་ནི་མེད་པས་ལྷན་ཅིག་དམིགས་པར་ངེས་པ་ཉིད་མ་གྲུབ་ན། ཇི་ལྟར་ན་མ་གྲུབ་པ་གྲུབ་པ་དང་ལྷན་པ་ཡིན། དེས་ནི་ལམ་ཕྱེ་མར་བྱས་སོ། །འོན་ཏེ་བདེ་བ་ལ་སོགས་པའི་ངོ་བོ་ནང་གི་འགྱུར་བ་ཡིན་ཏེ། ཤེས་པའི་རང་གི་ངོ་བོ་ཉིད་དམིགས་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། བདེ་བ་ལ་སོགས་པའི་རང་བཞིན་འཛིན་པར་བྱེད་པ་མེད་པའི་ཕྱིར་རོ། །འཛིན་པར་བྱེད་པ་གཉིད་མེད་པས་སྔོན་པོ་ལ་སོགས་པའི་གཟུང་བ་ཡོད་པར་མི་འགྱུར་རོ། །འོན་ཏེ་ཡང་འཛིན་པར་བྱེད་པ་ཡིན་ན་དེ་ལྟ་ན་ཡང་ལྷན་ཅིག་དམིགས་པར་ངེས་པ་མེད་དེ། བདེ་བ་མེད་ཀྱང་སྡུག་བསྔལ་དང་ལྷན་ཅིག་དམིགས་ལ། སྡུག་བསྔལ་མེད་ཀྱང་བདེ་བ་དང་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པ་དང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བསྡུས་པ་མེད་པའི་ཕྱིར་རོ། །རིམ་གྱིས་འབྱུང་བའི་རང་བཞིན་ལ་བསྡུས་པ་མི་སྲིད་དེ། ལྷན་ཅིག་དམིགས་པར་ངེས་པ་ཉིད་རེ་ཞིག་མེད་པས་བྱེ་བྲག་མེད་པར་མ་གྲུབ་པོ། །སྔོན་པོ་དང་སེར་པོ་ལྷན་ཅིག་དམིགས་པར་ངེས་པའང་ཐ་དད་པར་མཐོང་པའི་ཕྱིར་རོ། །འོན་ཏེ་དེ་དག་ལ་ནི་ངེས་པར་མེད་པས་ཐ་དད་ཀྱི་འདིར་ཡང་མ་ངེས་པ་ཉིད་དོ་ཟེར་ན། དེ་ལྟར་ཡིན་ན་ངེས་པའི་རྒྱུ་མཚན་སྨྲོས་ཤིག །གང་ལ་ངེས་པ་ཡོད་པ་དེ་ཉིད་ལ་ལྷན་ཅིག་དམིགས་པར་ངེས་པ་ཉིད་ཀྱི་རྒྱུ་མཚན་ཡོད་པས། དེ་ཉིད་ལ་འབྲས་བུ་ལས་རྒྱུ་རྗེས་སུ་དཔག་གོ །འོན་ཏེ་ངེས་པའི་རྒྱུ་མཚན་མེད་པའི་ཕྱིར་བྱེ་བྲག་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་མེད་པའི་ངོ་བོ་ཡིན་པར་མ་གྲུབ་པའི་ཕྱིར་དེ་ལ་ཐེ་ཚོམ་ཟ་བ་ཉིད་དོ། །གཞན་ཡང་ངེས་པའི་རྒྱུ་མཚན་ཡོད་པས་བྱེ་བྲག་ཡོད་ལ་ལྷན་ཅིག་དམིགས་པར་ངེས་གཟུགས་དང་སྣང་བ་བཞིན་ནོ། །ཇི་ངེས་པའི་རྒྱུ་མཚན་མེད་པའི་ཕྱིར་ལྷན་ཅིག་དམིགས་པར་ངེས་པར་བྱེ་བྲག་མེད་དེ་ཟླ་བ་གཉིས་པ་ལ་སོགས་པ་བཞིན་ནོ། །ངེས་པའི་རྒྱུ་མཚན་ཡོད་དེ། ཚོགས་པ་གཅིག་པའི་དབང་ཉིད་ཡིན་ནོ། །དེ་ལྟར་ཡང༌། ཚོགས་པ་སྔ་མ་ཉིད་ཀྱིས་ནི། །ཤེས་དང་ཡུལ་གྱི་སྐད་ཅིག་མ། །སྣང་བཅས་གཟུགས་ནི་སྐྱེད་བྱེད་བཞིན། །གང་གི་ལྷན་ཅིག་མྱོང་བ་ཡིན། །ཞེས་གསུངས་སོ། །འོན་ཀྱང་ལྷན་ཅིག་


DTG190_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡང་ཐ་དད་པར་ངེས་པར་རྟོགས་པས་ཐ་མི་དད་པར་མི་རིགས་སོ། །གང་གི་རྒྱུས་གྲུབ་ཅེས་སྔར་སྨྲས་པ་མ་ཡིན་ནམ། སྨྲས་པ། བདེན་མོད་ཀྱི་སྨྲས་པ་ཙམ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །འདི་ལྟར་མངོན་སུམ་གྱིས་ཐ་དད་པ་ཉིད་དུ་རྟོགས་པས་དེ་དང་ལྷན་ཅིག་རིག་སྟེ། ཐ་དད་པ་མེད་ན་མི་འབྱུང་བའི་ཕྱིར་ཐ་དད་པ་ཉིད་དུ་སྒྲུབ་པར་བྱེད་དོ། །གཏན་ཚིགས་དེ་ནི་འགལ་བ་ཡིན་ནོ། །འོན་ཏེ་ཟླ་བ་གཉིས་སུ་སྣང་བ་བྱེ་བྲག་མེད་ཀྱང་ལྷན་ཅིག་དམིགས་པ་སྲིད་དོ་ཞེ་ན། མ་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་པ་འཁྲུལ་པ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཟླ་བ་གཅིག་ཏུ་སྣང་བ་དུས་གཞན་ལ་སོགས་པས་གནོད་པའི་ཕྱིར་རོ། །དེ་ལྟ་བས་ན་འཁྲུལ་པ་མེད་པར་ལྷན་ཅིག་དམིགས་པས་ཐ་དད་པ་ཉིད་ཡིན་ནོ། །ཡང་དེ་ལྟ་བས་ན་གཏན་ཚིགས་འགལ་བ་ཡིན་ནོ། །དེ་ལ་དུས་གཞན་ལ་སོགས་པར་ལྷན་ཅིག་ཏུ་སྣང་བ་མེད་པས། གང་གི་ཕྱིར་དེ་བས་ན་འཁྲུལ་པ་ཡིན་པར་གྲུབ་པོ། །དེ་ལྟར་ཡང་གནོད་པ་ཅན་མེད་ན་འཁྲུལ་པར་མི་འགྲུབ་པོ་ཞེས་གསུངས་སོ། །གཞན་ཡང་ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ་འདི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཀྱང་མངོན་སུམ་གྱིས་གྲུབ་པས་ཐ་སྙད་ཙམ་སྒྲུབ་པར་བྱེད་དོ། །འདིར་མངོན་སུམ་གྱིས་བྱེ་བྲག་ཏུ་གྲུབ་པ་མེད་དེ་དེས་ན་འདི་ཇི་ལྟར་ན་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེའི་བདག་ཉིད་ཀྱི་འབྲེལ་པ་མ་གྲུབ་ན་གཞན་གང་ལས་རང་བཞིན་གྱི་གཏན་ཚིགས་སུ་འགྱུར། གཞན་ཡང་བྱེ་བྲག་མེད་ཅེས་བྱ་བའི་དོན་གང་ཞིག་ཡིན་པར་འདོད། ཅི་བྱེ་བྲག་མེད་པ་ཙམ་ཡིན་ན། འོན་ཏེ་བྱེ་བྲག་ལས་བཟློག་པ་ཉིད་གཅིག་ཡིན། གལ་ཏེ་རེ་ཞིག་མེད་པ་སྒྲུབ་ན། དེའི་མེད་པ་དང་ལྷན་ཅིག་དམིགས་པར་ངེས་པ་ལྷན་ཅིག་འབྲལ་བ་ཅི་ཞིག་ཡོད། འདི་ལྟར་བྱེ་བྲག་ཏུ་སྣང་བས་དེས་ན་ལྷན་ཅིག་དམིགས་པར་འཛིན་པ་མེད་དོ། །དེའི་སྣང་བ་མེད་པའི་ཕྱིར་ཅི་ལྟར་དེའི་གཏན་ཚིགས་སྒྲུབ་པར་བྱེད། སྔོན་པོ་དང་ཤེས་པ་གཉིས་སོ་སོར་སྣང་བ་མེད་ན་ལྷན་ཅིག་དམིགས་པར་ངེས་པ་མེད་དོ། །འོན་ཏེ་ལྷན་ཅིག་དམིགས་པར་ངེས་པར་ཞེས་བྱ་བའི་གཏན་ཚིགས་གཅིག་གི་དོན་ཡིན་ན། དེའི་ཚེ་ཡང་གཅིག་ཉིད་


DTG190_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་ཡིན་ནམ། རྣམ་པ་ལ་ཡིན། དེ་ལ་རྟོག་པ་གཉིས་སུ་འགྱུར་རོ། །དེ་ལ་གཅིག་ལ་དམིགས་པ་ཡིན་ན་ནི་དེ་ཉིད་མ་གྲུབ་པོ། །སྲོག་ཆགས་གཉིས་པའི་ཡང་དེས་དམིགས་པའི་ཕྱིར་རོ། །འོན་ཏེ་གཉིས་པའི་དེས་དམིགས་པ་མེད་ན་རབ་རིབ་ཅན་གྱིས་སྒྲ་ཤད་ལ་སོགས་པ་དེ་བཞིན་དུ་དེ་དག་གིས་དམིགས་པ་མེད་དོ། །མ་ཡིན་ཏེ། དེ་ལ་འདིར་འཁྲུལ་པ་ཡིན་པའི་ཕྱིར་རྣམ་པ་གཞན་དམིགས་པ་ནི་མེད་དོ། །འདིར་ཡང་མིག་མ་ཉམས་པ་ལ་སོགས་པའི་ཤེས་རབ་ལ་འཁྲུལ་པ་མེད་དོ་ཞེས་བསྒྲུབས་སོ། །དེ་ལྟ་བས་ན་ལྷན་ཅིག་དམིགས་པར་ངེས་པ་གཅིག་ཏུ་མ་གྲུབ་པོ། །འོན་ཏེ་ངེས་པར་རིག་པས་བྱེ་བྲག་ཏུ་སྒྲུབ་པར་བྱེད་ན། འདི་ལྟར་གང་ངེས་པར་རིག་པ་དེ་རྣམ་པ་ཡིན་པའི་བདག་ཉིད་ཡིན་ནོ། །ཇི་ལྟར་རང་རིག་པ་ནི་གཞན་གྱི་ངོ་བོ་མ་ཡིན་པ་ལྟར། ངེས་པར་རིག་པའི་ནང་དུ་འདུས་པ་རང་རིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །སྣང་བར་མ་འདུས་པའི་བུམ་པ་ལ་སོགས་པ་དེ་སྣང་བ་ཉིད་ཅེས་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྔོན་པོ་ལ་སོགས་པ་ངེས་པར་རིག་པ་ཉིད་ངེས་པར་རིག་པར་འདུས་པ་ཉིད་ཅེས་བྱ་བར་གྲུབ་སྟེ། ངེས་པར་རིག་པ་ཐ་དད་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་སྣང་བའི་ནང་དུ་འདུས་པ་ཉིད་བཞིན་དུ་ངེས་པར་རྟོགས་པ་ཉིད་དུ་སྔོན་པོ་ལ་སོགས་པ་སོ་སོར་སྣང་བ་འདུས་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་ངོ་བོ་ཉིད་དུ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཕྱི་རོལ་གྱི་ངོ་བོར་རྟོགས་པས་དེ་བས་ན་བྱེ་བྲག་མེད་པར་མི་རིགས་ཏེ། བྱེ་བྲག་མེད་པར་མངོན་སུམ་དང་འབྲལ་བའི་ཕྱིར་རོ། །འོན་ཏེ་སྤྱིའི་ངོ་བོར་རྟོགས་པ་ཡང་ངེས་པར་རིག་པར་འདུས་པ་ཉིད་དེ། རྨི་ལམ་དུ་ངེས་པར་རྟོགས་པའི་སྔོན་པོ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ངེས་པར་རིག་པའི་སྔོན་པོ་ལ་སོགས་པ་དེ་དག་ཀྱང་ཐ་དད་པ་ཉིད་ཡིན་ཏེ། ཐམས་ཅད་དུ་ཕྱི་རོལ་དམིགས་པ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པ་གཞན་གྱི་བདག་ཉིད་ཡིན་པར་བསྟན་ཏོ། །འོན་ཏེ་ཡུལ་ལ་སོགས་པ་གཞན་དུ་ཇི་ལྟར་སྣང་ཞེ་ན། ཡུལ་ཐག་རིང་པོ་ན་གནས་པའི་ཟླ་བའི་དཀྱིལ་འཁོར་ཤིང་གི་རྩེ་མོ་ན་སྣང་བ་བཞིན་


DTG190_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལྟ་བས་ན་ལྷན་ཅིག་དམིགས་པར་ངེས་པ་ཡང་མ་ཡིན་ལ་ངེས་པར་རིག་པ་ཡང་མ་ཡིན་པས་བྱེ་བྲག་མེད་པར་མི་སྒྲུབ་སྟེ། མངོན་སུམ་གྱི་ས་བྱེ་བྲག་ཉིད་དུ་གྲུབ་པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་སྤྱོད་པའི་གཞུང་ལེགས་པ་མ་ཡིན་ནོ། །དེ་ལྟར་ན་རྣམ་པ་དང་བཅས་པའི་ཤེས་རབ་ཇི་ལྟར་ཁས་ལེན་ཞེ་ན། སྤྱི་དངོས་པོ་སྔོན་པོ་ལ་སོགས་པ་ངེས་པར་རིག་པའི་ཤེས་པ་རྣམ་པ་ཉིད་དུ་མི་རིགས་སོ། །དེ་ལྟར་ན་རྣམ་པ་མེད་པར་ཇི་ལྟར་གཞག་ཅེ་ན། གལ་ཏེ་རྣམ་པ་ངེས་པ་ཡིན་ན་སྔོན་པོའི་དོན་སྔོན་པོའི་རྣམ་པ་ལས་དང༌། སེར་པོ་སེར་པོའི་རྣམ་པ་ལས་ཞེས་བྱ་བ་ལ་སོགས་པ་རྣམ་པ་དེ་རྟོགས་པ་ལས་དེའི་དོན་རྟོགས་པ་ཉིད་དུ་འགྱུར་ཏེ། དོན་སོ་སོར་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ཡང་རྟོགས་པའི་ངོ་བོ་ཙམ་འདི་ཡིན་ན། རྟོགས་པའི་ངོ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁྱད་པར་རྟོགས་པར་ནི་མི་འགྱུར་ཏེ། རྟོགས་པའི་ངོ་བོ་ཙམ་ལས་ནི་གང་གིས་འདི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ། འདིར་སྨྲས་པ། དེ་རྣམ་པ་དང་བཅས་པ་ཡིན་ན་གསལ་བར་དོན་མི་འགྲུབ་སྟེ། དོན་མཐོང་བ་མེད་པའི་ཕྱིར་རོ། །གང་མཐོང་བ་དེ་ནི་ཤེས་པའི་རྣམ་པ་ཉིད་ཡིན་ནོ། །སྤྱོད་ཡུལ་རྣམ་པ་ལ་དམིགས་པས་ཕྱིའི་དོན་ནི་མ་ཡིན་ནོ། །འདིར་སྨྲས་པ། རྣམ་པ་མེད་ན་ཤིན་ཏུ་དོན་རྟོགས་པ་ཉིད་དེ། དོན་དེའི་རང་གི་ངོ་བོ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །ཇི་ལྟར་སོ་སོར་སྣང་བ་ཐུན་མོང་ཉིད་རྟོགས་པ་ཡིན་པར་ནི་མི་འགྱུར་ཏེ། སོ་སོར་ངེས་པ་ཉིད་དུ་སོ་སོར་སྣང་བ་ལས་ངོ་བོ་སོ་སོར་ངེས་པ་གྲུབ་པོ། །དེ་ལྟ་ན་ལས་སོ་སོར་ངེས་པས་འདི་ཐམས་ཅད་ལེགས་པར་གནས་སོ། །དོན་གྱི་རང་གི་ངོ་བོར་ངེས་པར་རིག་པ་ལ་སོགས་པས་ཀྱང་ཤེས་པ་ལས་ཐ་མི་དད་པར་རྟོགས་པ་མེད་དེ། རང་གི་ངོ་བོར་ངེས་པར་རིག་པ་མངོན་སུམ་གྱི་བདག་ཉིད་ཀྱིས་ལྷན་ཅིག་དམིགས་པར་ངེས་པ་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ལ་གནོད་པའི་ཕྱིར་རོ། །དེ་བས་ན་ལྷན་ཅིག་དམིགས་པར་ངེས་པས་བྱེ་བྲག་མེད་པ་ནི་མ་ཡིན་ནོ། །འདིར་ལན་གདབ་པར་བྱ་སྟེ་མངོན་པར་གྱིས་ཕྱིའི་དོན་དཀར་པོ་དང་སེར་པོ་ལ་སོགས་པའི་ངོ་བོ་རྟོགས་ནས་ཤེས་པ་ཡང་


DTG190_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱིས་ཤེས་པ་གཞན་གྱི་ཤེས་པའི་ངོ་བོ་བཟུང་ནས་མངོན་སུམ་དུ་བྱེད་དོ་ཞེས་འདིར་རེ་ཞིག་གང་སྨྲས་པ་དེ་ནི་མི་རིགས་ཏེ། ངེས་པར་རིག་པའི་ཡུལ་ཅན་དུས་ཕྱིས་བྱུང་བའི་མངོན་སུམ་མ་དམིགས་པའི་ཕྱིར་རོ། །དོན་གྱི་རྣམ་པ་ལས་ཐ་དད་པའི་ཤེས་པ་སྣང་བ་ནི་མེད་དོ། །ཡུལ་མི་སྣང་བ་ཅན་ལ་མངོན་སུམ་ཞེས་མི་བྱའོ། །དེ་བས་ན་ངེས་པར་རིག་པའི་ཡུལ་རྟོགས་པ་མེད་པས། མངོན་སུམ་མི་དམིགས་སོ། །འདིས་ནི་དོན་གྱིས་གོ་བའི་ལན་ཡང་བཏབ་པ་ཡིན་ཏེ། དོན་གྱིས་གོ་བ་ལ་དོན་ལས་ཐ་དད་པའི་ཤེས་པ་ནི་མི་སྣང་ངོ། །ཡུལ་གྱི་རྣམ་པ་མི་སྣང་བ་ཅན། ཇི་ལྟར་དོན་འཛིན་པར་བྱེད་དེ་དོན་གྱིས་གོ་བ་ཡིན། དེ་ལྟ་བས་ན་དོན་རྟོགས་པས་ངེས་པར་རིག་པ་ཉིད་ཀྱང་དོན་རྟོགས་པ་ཡིན་ཏེ། གཞན་དུ་ན་དོན་རྟོགས་པ་ཉིད་མེད་དོ། །ངེས་པར་རིག་པ་མེད་ན་དོན་གྱིས་གོ་བ་ཉིད་མི་སྲིད་དོ། །དེ་ལྟར་ཡང༌། འདྲེས་པ་དག་ནི་མཐོང་འགྱུར་ལས། །མཐོང་བ་ཞེས་ནི་བྱ་བར་ངེས། །དེ་ལྟར་གང་ཕྱིར་འདིས་དེ་ཡང༌། །གཞན་གྱི་མཐོང་བ་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ལྟ་བས་ན་ལྷན་ཅིག་དམིགས་པར་གྲུབ་པ་ཡིན་ནོ། །ལྷན་ཅིག་དམིགས་པར་ངེས་སུ་ཟིན་ཀྱང༌། །ངོ་བོ་ཐ་དད་པར་རྟོགས་པ་མ་ཡིན་ནམ། ཇི་ལྟར་བྱེ་བྲག་མེད་པ་ཡིན། །དེ་ལྟར་ན་ཡང༌། ངོ་བོ་དབྱེར་མེད་མཐོང་བ་ཡིས། །བློ་ནི་དབྱེར་མེད་པ་རུ་གཞག །ཅེས་གསུངས་སོ། །འདིར་སྨྲས་པ། དོན་ཐ་དད་པར་སྣང་བ་སྔོན་པོའི་ངོ་བོ་ཉམས་སུ་མྱོང་བ་ལས་གཞན་པ་ཉིད་མ་ཡིན་ནོ། །དེ་གཉིས་ལྷན་ཅིག་དམིགས་པར་ངེས་པ་ནི། ཟླ་བ་གཉིས་པ་ལ་སོགས་པ་བཞིན་དུ་འཁྲུལ་པ་ཡིན་པའི་ཕྱིར་ཞེས་སྨྲས་པ་མ་ཡིན་ནམ། གཉིས་ཀྱི་ངོ་བོར་དམིགས་པ་ཉིད་ནི་མེད་དེ། འདིར་ཇི་ལྟར་འཁྲུལ་པ་དམིགས་པ་དེ་ལྟར་ཐ་དད་པ་ཡང་ཡིན་ཏེ། གནོད་སྦྱིན་ཇི་ལྟར་དེ་ལྟར་གཏོར་མ་ཡང་དེ་ལྟ་བུར་རིགས་པ་ཡིན་ནོ། །དེ་ལྟ་བས་ན་དཔེ་མེད་པའི་ཕྱིར་རྗེས་སུ་དཔག་པས་བསྒྲུབ་བྱ་མ་གྲུབ་པོ། །འདིར་སྨྲས་པ། བྱེ་བྲག་ཏུ་དམིགས་པ་ཉིད་ཅེས་བྱ་བ་གང་ལ་ལྟོས་ནས་བརྗོད། ངེས་པར་རིག་པ་ལ་ལྟོས་པ་ཡིན་ནོ་ཟེར་ན། སྔོན་པོ་ལ་སོགས་པས་ཐ་དད་པས་ངེས་


DTG190_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་རྟོགས་པ་ཉིད་སྔར་བསྒྲུབས་ཟིན་ཏོ། །འོན་ཏེ་བདེ་བ་ལ་སོགས་པའི་ངོ་བོར་ངེས་པར་རིག་པ་ཐ་དད་པར་ངེས་པར་རིག་གོ་ཞེས་སྨྲས་ན། དེ་ལ་ཡང་སྨྲ་བར་བྱ་སྟེ། བྱེ་བྲག་ཏུ་སྨྲ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་དེའི་དོན་ནི་འདིར། ལྷན་ཅིག་དམིགས་པར་ངེས་པ་དག་ཕན་ཚུན་ཕན་པར་བྱེད་པ་དང༌། ཕན་པར་བྱ་བའི་ངོ་བོ་ཉིད་མེད་པས། གཟུང་བ་དང་འཛིན་པ་ཡང་མེད་དོ། །གང་ཅུང་ཟད་བྱེད་པ་མེད་པ་ནི་འཛིན་པར་གྱུར་བ་ཡིན་ནོ། །ལྷན་ཅིག་དམིགས་པ་ལ་ནི་འཛིན་པར་བྱེད་པ་ཅུང་ཟད་ཀྱང་མེད་དོ། །རང་གི་ངོ་བོ་གྲུབ་པ་ཉིད་ཀྱི་ཕྱིར་རྣམ་པར་འགྱུར་བ་ཡང་མཐོང་བ་མེད་དོ། །གཞན་དུ་མ་ཐོང་བ་མེད་པའི་ཕྱིར་རོ། །ཤེས་པའི་ཕྱིར་རོ་ཞེས་ཟེར་ན། ཤེས་པ་ཉིད་ཅེས་བྱ་བ་འདི་ཅི་ཞིག་ཡིན། ཅི་སྐྱེས་པ་ཡིན་ནམ། རྣམ་པར་འགྱུར་བ་ཡིན་ནམ། ཐོབ་པ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གསུམ་དུ་འགྱུར་རོ། །རེ་ཞིག་སྐྱེས་པ་ནི་མ་ཡིན་ཏེ། འཛིན་པ་དོན་ལས་སྐྱེས་པ་མེད་པའི་ཕྱིར་རོ། །རྣམ་པར་འགྱུར་བ་ཡང་མི་སྲིད་དེ། སྔོན་མཐོང་བ་ལས་གཞན་ཉིད་དུ་མཐོང་བ་ལ་རྣམ་པར་འགྱུར་བ་ངེས་པར་བརྗོད་དོ། །འོན་ཏེ་མི་ཤེས་པ་ཤེས་པ་སྐྱེས་པ་ཉིད་རྣམ་པར་འགྱུར་བ་སྟེ། འདི་ལྟར་འོན་ཀྱང་འཛིན་པར་བྱེད་པའི་ཤེས་པ་བསྐྱེད་པ་ནི་ཐོབ་པ་ཞེས་བྱའོ། །དེ་ཡང་དོན་ལས་ཐ་དད་པ་ཡིན་ནམ། །དོན་ལས་ཐ་དད་པ་མ་ཡིན། གལ་ཏེ་ཐ་དད་པ་ཡིན་ན་དོན་གྱི་རྣམ་པར་འགྱུར་བ་ཞེས་བྱ་བར་འབྲེལ་བ་ཅི་ཞིག་ཡོད་ཤེས་པ་དེ་ནི་དོན་གྱིས་བསྐྱེད་དོ་ཞེས་ཟེར་ན། དེ་ལྟར་ན་ཤེས་པ་ཅི་ཞིག་ཡོད། བསྐྱེད་བྱ་དང་ལྷན་ཅིག་རྟེན་དང་བརྟེན་པའི་ངོ་བོ་ཡིན་ནོ་ཞེ་ན། མི་རིགས་ཏེ། འདམ་དུ་ལྷུང་བ་ལ་སྙམ་སའོ་སྙམ་པས་གནས་སྐབས་དེར་འགྲུབ་པ་ནི་མེད་དོ། །རྟེན་དང་བརྟེན་པའི་ངོ་བོའི་ནུས་པས། ལས་ཀྱི་ངོ་བོར་ནུས་པར་འགྱུར་བ་ནི་མེད་དོ། །འོན་ཏེ་བསྐྱེད་ཕྱའི་ཤེས་པ་དེ་ཡང་ཤེས་པའི་དངོས་པོས་བསྐྱེད་ན། དེ་ཡང་ཐ་དད་པའི་ཉིད་ཡིན་ན། ཡང་ཤེས་པ་བསྐྱེད་པས་ཐུག་པ་མེད་པར་འགྱུར་རོ། །དོན་ཏེ་དོན་ལས་ཤེས་པ་ཐ་དད་ན། ཤེས་པ་ལས་དོན་ཐ་དད་པས། དོན་དང་ཤེས་པ་ཐ་དད་པ་ལས་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་


DTG190_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་ལས་ཐ་དད་པ་མེད་པས། ལྷན་ཅིག་དམིགས་པར་ངེས་པ་ལས་མངོན་པར་འདོད་པའི་དོན་གྲུབ་པོ། །འཛིན་པའི་རྣམ་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུང་བའི་རྣམ་པ་ཡང་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོའི་རྣམ་པ་ཡིན་པས་རང་རིག་པ་ཁོ་ན་ཡིན་པའི་ཕྱིར་རྣམ་པར་རིག་བ་ཙམ་དུ་གྲུབ་པོ། །འདི་ལྟར་བདེ་བ་ལ་སོགས་པ་ཡོད་པས་སྔོན་པོ་ལ་སོགས་པ་རྣམས་ལས་ཐ་དད་པར་འཛིན་པར་བྱེད་པ་ཉིད་ཐ་དད་པ་ནི་མ་ཡིན་ཏེ། ལྷན་ཅིག་དམིགས་པར་ངེས་པ་མེད་པ་ཉིད་ཀྱིས་ལྷན་ཅིག་ཏུ་གྱུར་པ་ལ་བྱ་བ་མེད་པ་ལས། དེ་གཉིས་ཐ་དད་པ་མེད་པར་མ་གྲུབ་སྟེ། ཐ་དད་པར་རྟོགས་པ་ཉིད་མ་ཡིན་ནམ། འདིར་སྨྲས་པ། བདེ་བ་ལ་སོགས་པ་དང༌། སྔོན་པོའི་རྣམ་པ་ཐ་དད་པ་མེད་པར་བསྒྲུབ་པ་འབའ་ཞིག་ཙམ་གྱི་སྐབས་མ་ཡིན་ཏེ། འོན་ཀྱང་བདེ་བ་ལ་སོགས་པའི་རྣམ་པ་རང་རིག་པ་ངེས་པར་རིག་པ་དང༌། ལྷན་ཅིག་སྔོན་པོའི་རྣམ་པ་དང་བྱེ་བྲག་མེད་དོ་ཞེས་བྱ་བ་ནི་ཚད་མའི་དོན་ཡིན་ནོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར་སྔོན་པོ་དེ་ཤེས་པ་དེ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་འདི་ནི་སྔོན་པོ་ཉིད་ལ་འཇུག་སྟེ། དེ་བས་ན་སྔོན་པོའི་ཤེས་པ་དང༌། སྔོན་པོར་བྱེ་བྲག་མེད་དོ། །བདེ་བའི་རྣམ་པའི་ཤེས་པ་ནི་སྔོན་པོའི་བདེ་བ་ཉིད་མ་ཡིན་ཏེ། བདེ་བར་ཤེས་པས་ངེས་པར་རིག་པར་བྱའོ། །དེ་ལྟ་བས་ན་བདེ་བའི་འཛིན་པར་བྱེད་པ་བདེ་བར་འདུས་ལ། དེ་བཞིན་དུ་སྔོན་པོ་ལ་སོགས་པས་འཛིན་པར་བྱེད་པ་སྔོན་པོར་འདུས་པ་ཉིད་ཀྱིས། དེ་གཉིས་ལྷན་ཅིག་དམིགས་པར་ངེས་པ་ཡིན་ནོ། །སྔོན་པོར་དམིགས་པ་སྤངས་ནས་དམིགས་པར་ནུས་པ་མེད་དོ། །དམིགས་པར་དམིགས་པས་དེའི་དམིགས་པ་ལས་ཐ་དད་ན། གཞན་དུ་དམིགས་པར་འགྱུར་བས། ཐ་དད་པ་མེད་པར་ལྷན་ཅིག་དམིགས་པ་ཡིན་ཏེ། ཆུ་དང་འོ་མ་བཞིན་ནོ། །དེ་བས་ན་གང་ལྷན་ཅིག་དམིགས་པར་ངེས་པར་དེ་ཐ་དད་པར་མ་དམིགས་ཏེ། དེ་བས་ན་དེ་ཐ་དད་པ་མ་ཡིན་ནོ། །གཞན་དུ་ན་དངོས་པོ་ཐམས་ཅད་ཀྱི་ཐ་དད་པ་དང་ཐ་དད་པ་མེད་པར་གཞག་པ་ཉམས་ཏེ། དངོས་པོ་ཐམས་ཅད་འདྲེས་པས་རྣམ་པར་དབྱེ་བ་མེད་དེ། མེ་


DTG190_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕགས་ཀྱི་གོང་བུ་བཞིན་ནོ། །དེ་ལྟ་ཡིན་ན་ཐ་དད་པར་སྣང་བ་ཉིད་ཀྱང་སྔོན་པོའི་ངོ་བོ་ཉམས་སུ་མྱོང་བ་ལས། དོན་གཞན་ཉིད་མ་ཡིན་པར་ཅི་ལྟར་དེ་སྐད་སྨྲས། བདེ་བ་ལ་སོགས་པ་ངེས་པར་རིག་པ་རྣམས་དང་སྔོན་པོ་ལ་སོགས་པ་གཟུང་བ་དང་འཛིན་པར་གཞན་དག་འདོད་པས་དེའི་བསམ་པ་ལས་ལྷན་ཅིག་དམིགས་པར་ངེས་པས་ཐ་དད་པ་མེད་པར་བསྒྲུབས་པ་ལ་ཉེས་པ་མེད་དོ། །འདི་ལྟར་ལྷན་ཅིག་དམིགས་པར་ངེས་པ་ཡིན་ན་ཕན་ཚུན་ཕན་པ་བྱེད་པ་མེད་པས་རང་རིག་པ་ཡིན་ཏེ། ཐ་དད་པ་ཡང་ཐ་དད་པ་མ་ཡིན་ཏེ་རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན། རང་རིག་གི་ངོ་བོར་འདུས་པས་དེ་གཉིས་ཐ་དད་པར་འཛིན་པ་མི་སྲིད་པའི་ཕྱིར་ཐམས་ཅད་ཀྱི་བདག་ཉིད་ཀྱང་ཐ་དད་པ་ཉིད་མ་ཡིན་ནོ། །འདིས་ནི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཉིད་ཀྱིས་ངེས་པ་ཐམས་ཅད་སྤངས་སོ། །བྱེ་བྲག་ཏུ་རིག་པ་མེད་པས་ཐ་དད་པ་ཡིན་ནོ་ཞེས་བརྟག་པར་མི་ནུས་སོ། །དེ་ལྟར་ན་རང་རིག་པ་དེ་རང་རིག་ངོ་བོ་འདུས་པས་གཞན་རིག་པར་གྱུར་པ་མི་རིགས་སོ། །དེ་ལས་གཞན་ནི་ཅུང་ཟད་མེད། །ཅེས་གསུངས་སོ། །བདེ་བ་ཉམས་སུ་མྱོང་བའི་དུས་སུ་དེའི་སྡུག་བསྔལ་ཉམས་སུ་མྱོང་བ་མེད་དེ། དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཚད་མའི་དོན་ཡིན་ནོ། །དེ་ལྟར་གཉིས་མེད་པ་ཡིན་ན་ཅི་ལྟར་རྗེས་སུ་དཔག་པར་འགྱུར། གལ་ཏེ་ཐ་དད་པ་ལ་བརྟེན་པ་རྗེས་སུ་དཔག་པ་ཡིན་ན། དེའི་ཚེ་གཉིས་མེད་པ་དང་ཡང་འགལ་བ་ཡིན་ནོ། །གང་ཞིག་ཡང་ཐ་མི་དད་པ་ལ་བརྟེན་པ་ཡང་གཞན་གྱི་མཚན་ཉིད་དང་མི་དམིགས་པའི་མཚན་ཉིད་དང༌། བདག་ཉིད་གཅིག་པར་ཤིན་ཏུ་རིག་པ་ཉིད་ཡིན་ཏེ། དེ་བཞིན་དུ་གང་མངོན་སུམ་གྱི་ཐ་དད་པ་ལས་ལྡོག་པར་ཉམས་སུ་མྱོང་བ་དེ་དག་ནི་ཐ་དད་པ་མེད་པ་ཉིད་ཡིན་ཏེ། དཔེར་ན་སྔོན་པོ་དེ་ཉིད་ལ་སོགས་པའི་རང་གི་ངོ་བོ་ལ་ལྟོས་ནས། ཐ་དད་པ་ལས་ལོག་པར་ཉམས་སུ་མྱོང་བ་བཞིན་ནོ། །དེ་བཞིན་དུ་ཡང་དངོས་པོ་ཐམས་ཅད་རང་དང་གཞན་གྱི་ངོ་བོ་ལྟོས་ནས་ཐ་དད་པ་ལས་ལོག་པས་མངོན་སུམ་གྱིས་རྟོགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། ཐ་དད་པ་ལས་ལོག་


DTG190_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་ཙམ་དང་འབྲེལ་པ་ཐམས་ཅད་ཐ་དད་པར་རྟོགས་པ་མེད་དོ། །དེ་ལྟ་བས་ན་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་རྗེས་སུ་དཔག་པ་གྲུབ་པོ། །དེ་བཞིན་དུ་གང་ཞིག་མ་དམིགས་པ་དེ་ནི་དེ་ལྟར་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དཔེར་ན་ཀ་བ་ལ་སོགས་པ་མི་དམིགས་པས་བུམ་པ་ལ་སོགས་པ་བཞིན་ནོ། །དངོས་པོ་ཐམས་ཅད་བྱེ་བྲག་ཏུ་མི་དམིགས་པ་ནི་མི་དམིགས་པའི་མཚན་ཉིད་རྗེས་སུ་དཔག་པ་ཞེས་བྱའོ། །འོན་ཏེ་འབྲས་བུའི་མཚན་ཉིད་མེད་དོ་ཞེས་ཟེར་ན། དེ་ལྟ་ཡིན་ན་རྣམ་པར་རིག་པ་ཙམ་ལ་ཇི་ལྟར་ཕྱིའི་དོན་གྲུབ་ཅེས་བྱ་བའི་ཡང་འགལ་བར་འགྱུར་རོ། །འོན་ཀྱང་རྣམ་པར་རིག་པ་ཙམ་གྱི་ཕྱོགས་ལ་ཕྱིའི་དོན་འགེགས་པ་ཉིད་ཀྱི་ཕྱིར་དེའི་སྒོ་ནས་རྒོལ་བ་ནི་མ་ཡིན་ཏེ། གང་ཞིག་གིས་གང་སུན་ཕྱུང་བ་དེ་དང་དེའི་སྒོ་ནས་རྩོད་པ་སྦྱོར་བ་ནི་མ་ཡིན་ཏེ། གཞན་དུ་ན་གང་ཅུང་ཟད་རྩོད་པ་མི་སྦྱོར་བ་མེད་པར་འགྱུར་རོ། །དེ་མོད་ཀྱི་གཉིས་སུ་མེད་པར་སྨྲ་བས་ཀྱང་རྒྱུ་དང་འབྲས་བུའི་ངོ་བོ་བཀག་པ་ཁོ་ན་ཡིན་ཏེ། དེ་དག་ཀྱང་སྒོ་དེ་ནས་རྩོད་དོ་ཞེས་བྱ་བ་དེ་ནི་གང་ཅུང་ཟད་ཀྱང་མ་ཡིན་ནོ། །གཞན་ཡང་གཉིས་སུ་མེད་པར་སྨྲ་བ་རྣམས་བྱེ་བྲག་འདི་དག་ཐམས་ཅད་ཀུན་རྫོབ་ཏུ་ཁས་ལེན་ཏེ། གལ་ཏེ་དེ་ལྟར་ཡིན་ན་མངོན་སུམ་དང་རྗེས་སུ་དཔག་པའི་བྱེ་བྲག་ཡོད་པས་འདིར་ཅི་ཞིག་འགལ་བ་ཡོད། དེ་ལྟར་རེ་ཞིག་སྤྱིར་ལན་བཏབ་པ་བསྟན་ནས། ད་ནི་རྒོལ་བ་ཐ་དད་པའི་ལན་གདབ་པར་བྱ་སྟེ། ལྷན་ཅིག་དམིགས་པར་མ་གྲུབ་སྟེ། འདི་ལྟར་སྔར་ཡུལ་དམིགས་ནས་ཕྱིས་ངེས་པར་རིག་པ་འདི་རྟོགས་པའི་མངོན་སུམ་ལས་དོན་གྱིས་གོ་བ་ཡིན་ནོ་ཞེས་རེ་ཞིག་གང་སྨྲས་པ་དེའི་ལན་གདབ་སྟེ། ཡུལ་གྱི་རྣམ་པ་སྤངས་ནས། ཤེས་པ་ཐ་དད་པར་རྟོགས་པའི་མངོན་སུམ་མམ། དོན་གྱིས་གོ་བ་དེ་བཞིན་དུ་མཐོང་བ་ནི་མེད་པ་ཁོ་ནའོ། །དོན་དང་འབྲེལ་ཞིང་ཤེས་པ་ཉམས་སུ་མྱོང་བ་མཐོང་ན་ཡུལ་གྱི་དོན་ཇི་ལྟར་རྟོགས་ཏེ། དེའི་ཚེ་སྔོན་པོའི་དོན་རྟོགས་པ་མེད་པའི་ཕྱིར་རོ། །ངེས་པར་རིག་པ་འམ། དོན་ངེས་པར་རིག་པ་སྟེ་ཇི་ལྟར་ཤེས་པ་རྟོགས་པ་ཡིན། འོན་ཏེ་བློ་ཡང་དེའི་ཚེ་ངེས་པར་རིག་ན་ཤེས་པ་རིག་པ་ཡིན་ནོ། །ཡུལ་


DTG190_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་རིག་པའི་དུས་ན་ཡུལ་ལས་ཐ་དད་པའི་ཤེས་པའི་རྣམ་པ་ངེས་པར་རིག་པ་མེད་པའི་ཕྱིར་རོ། །གང་ཡང་འགའ་ཞིག་གིས་ཡུལ་ཤེས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དཔྱད་པར་བྱ་སྟེ། ཡུལ་ལས་ཐ་མི་དད་པའི་བློ་མ་རྟོགས་ཏེ་དོན་མི་དམིགས་པ་ཞེས་བྱ་བ་ཡིན་ན་འདིར་གྲུབ་པ་བསྒྲུབ་པ་ཁོ་ནའོ། །འོན་ཏེ་ཐ་དད་པ་མིན་ན་དེ་མ་ཤེས་པས་དེ་ཡང་མི་དམིགས་སོ། །རྗེས་སུ་དཔག་པས་ཤེས་སོ་ཞེས་ཟེར་ན། ཡུལ་གྱི་རྣམ་པ་དང་བྲལ་བས་རྗེས་སུ་དཔག་པས་ཀྱང་ངེས་པར་རིག་པ་མ་ཡིན་ནོ། །བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལས་ཐ་དད་པའི་སྔོན་པོ་ལ་ལྟོས་ནས་རིགས་པ་ཁོ་ན་ཡིན་ནོ། །ངེས་པར་རིག་པ་དང་ཐ་མི་དད་ན་ནི་ཡང་སྔོན་པོ་ལ་སོགས་པ་གང་དག་ཡིན་པ་ཐམས་ཅད་ཀྱི་འཛིན་པར་བྱེད་པ་ཉིད་ཡིན་ཏེ། གང་ཅུང་ཟད་གཞན་གྱིས་སྨྲས་པ་བཞིན་ནོ། །གང་ལྷན་ཅིག་དམིགས་པར་ངེས་པ་ཉིད་དུ་བསྒྲུབས་པ་རེ་ཞིག་བྱེ་བྲག་མེད་པ་ནི་མ་ཡིན་ཏེ། སྔོན་པོ་དང་སེར་པོ་གཉིས་ཐ་དད་པར་ཡང་ལྷན་ཅིག་ངེས་པར་དམིགས་པའི་ཕྱིར་རོ་ཞེས་སྨྲས་པ་དེ་མི་རིགས་ཏེ། དེ་ལ་ངེས་པར་མཐོང་བ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ངེས་པ་དེ་ངེས་པར་རིག་པས་སྔོན་པོ་ལ་སོགས་པ་དེ་ངེས་པར་རིག་པ་ཡིན་པས་ལྷན་ཅིག་དམིགས་པར་ངེས་པ་མེད་པ་ནི་མ་ཡིན་ཏེ། སྔོན་པོ་དང་སེར་པོ་བཞིན་ནོ། །ངེས་པར་རྒྱུ་མཚན་དེ་སྨྲོས་ཤིག་ཅེས་གང་སྨྲས་པ་དེ་ལ། ལྷན་ཅིག་དམིགས་པར་ངེས་པའི་རྒྱུ་མཚན་ཉིན་ནོ་ཞེས་རྟོགས་པར་བྱའོ། །དེ་ལྟར་ཡང་ཚོགས་པ་སྔ་མའི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། ཐ་དད་པར་གྲུབ་པ་ཡིན་ན་ཚོགས་པ་གཅིག་པའི་དབང་གིས་ལན་གདབ་པར་རིགས་ན། འདིར་ཡང་སྔོན་པོ་དང་སེར་པོ་ངེས་པར་རིག་པ་ཐ་དད་པ་མེད་པར་དམིགས་པ་མེད་པར་ངེས་པ་ཉིད་དོ། །གཟུགས་དང་སྣང་བ་གཉིས་ཀྱང་གང་ཞིག་ཐ་དད་པ་མེད་པར་དམིགས་ན་གང་ཅུང་ཟད་ཀྱང་ཐ་དད་པ་མེད་པར་འདོད་དོ། །ལྷན་ཅིག་དམིགས་པར་ངེས་པས་ཐ་དད་པ་མེད་དེ་ཟླ་བ་གཉིས་པ་བཞིན་ནོ་ཞེས་བྱ་བ་དེ་ལ་ཟླ་བ་གཉིས་པ་དང༌། དེ་ངེས་པར་རིག་པ་གཉིས་འདིར་ཐ་དད་པ་ཉིད་དུ་ཅུང་ཟད་ཀྱང་མི་འདོད་


DTG190_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཟློག་པར་འཁྲུལ་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་རིག་པ་དེ་བཞིན་དུ་དོན་མེད་པའི་ཕྱིར་རོ། །ལྷན་ཅིག་རིག་པ་ཡང་བྱེ་བྲག་ཏུ་རིག་ན་བྱེ་བྲག་མེད་པར་མི་རིགས་སོ་ཞེས་གང་སྨྲས་པ་དེ་ཡང་དགག་པར་བྱ་སྟེ་ཐ་དད་པར་རྟོགས་སོ་ཞེས་བྱ་བ་དེ་ཉིད་མ་གྲུབ་སྟེ། གཟུང་བ་དང་འཛིན་བ་གཉིས་མངོན་སུམ་གྱིས་ཐ་དད་པར་རྟོགས་པ་མེད་དོ་ཞེས་བསྒྲུབས་ཟིན་ཏོ། །ལྷན་ཅིག་ངེས་པར་རིག་པ་དང་མེད་ན་མི་འབྱུང་བའི་ཕྱིར་ཐ་དད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཡིད་ལ་རེ་བ་ཙམ་མོ། །ལྷན་ཅིག་པའི་དོན་ནི་ཐ་དད་པ་ལས་བཟློག་པར་འདོད་པའི་ཕྱིར་རོ། །ལྷན་ཅིག་པ་ནི་ལྷན་ཅིག་ཁོ་ནར་དམིགས་པ་སྟེ། ཐ་དད་པ་མེད་ཅེས་བྱ་བའི་བར་དུའོ། །འོ་མ་དང་ཆུ་ལྷན་ཅིག་པའི་གནས་སྐབས་བཞིན་ནོ། །དེ་ལྟ་བས་ན་མངོན་སུམ་གྱིས་ཐ་དད་པ་མེད་པར་གྲུབ་པ་ལ་རང་བཞིན་གྱི་གཏན་ཚིགས་ཀྱིས་ཐ་སྙད་ཙམ་བསྒྲུབ་པོ་ཞེས་བྱ་བ་དེ་ཉིད་ནི་རིགས་པ་ཡིན་ནོ། །གང་སྔར་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པར་འདོད་ཅེས་བྱ་བ་ལ་སོགས་པ་བསྒྲུབས་པ། དེ་ཡང་རྣམ་པར་རྟོག་པའི་སྤྲོས་པ་ཙམ་འབའ་ཞིག་སྟེ། ཐ་དད་པ་མེད་པ་ཉིད་ལྷན་ཅིག་དམིགས་པར་ངེས་པ་སྟེ། ཐ་མི་དད་པར་བསྒྲུབས་པ་ལ་གནོད་པ་ཅན་མེད་དོ། །གང་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་དེ་ལ་ཡང་བརྟག་པ་རྣམ་པ་གཉིས་ཏེ། གཅིག་དམིགས་པར་བྱེད་པ་ཡིན་ནམ། ངེས་པ་གཅིག་དམིགས་པ་ཞེས་བྱ་གལ་ཏེ་རྣམ་པ་གཅིག་ཡིན་ན་དེས་དེ་མ་གྲུབ་སྟེ། གཟུང་བ་དང་འཛིན་པ་དག་ཐ་དད་པར་རྟོགས་པའི་ཕྱིར་རོ། །འོན་ཏེ་སྐྱེས་བུ་གཅིག་དམིགས་པ་ལྷན་ཅིག་དམིགས་པ་ཡིན་ན། དེའི་ཚེ་ཡང་གསལ་བ་ཁོ་ནར་གསུང་བའི་རྣམ་པ་རྩིག་པ་ལ་སོགས་པ་དང༌། སྐྱེས་བུ་གཞན་ཡང་རྟོགས་པའི་ཕྱིར་རོ་ཞེས་སྨྲས་པ། དེ་ལྟ་བུ་དེ་དག་ཐམས་ཅད་ནི་ནམ་མཁའ་ལྡང་བ་ཡིན་ཏེ། རྣམ་པ་གཅིག་ཏུ་དམིགས་པ་ལ་གནོད་པ་མེད་པས། བྱེ་བྲག་མེད་པར་བསྒྲུབ་པར་བྱ་བ་ལ་གནོད་པ་མེད་དོ། །འདིས་ནི་སྐྱེས་བུ་གཅིག་པ་དམིགས་པ་ཞེས་བྱ་བའི་ལན་ཡང་བཏབ་སྟེ། སྐྱེས་བུ་གཞན་དམིགས་པར་ནི་རང་རིག་པའི་མངོན་སུམ་གྱིས་གནོད་པ་ལས་ན། སྐྱེས་བུ་གཞན་དམིགས་པར་རང་རིག་པས་ནི་མི་དམིགས་པའི་ཕྱིར་རོ།།


DTG190_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པ་ཡང་མངོན་སུམ་མི་འཇུག་པར་འཇུག་པ་མེད་པའི་ཕྱིར་རོ། །ཡང་སྤྱི་ཡུལ་ཉིད་ཡིན་པའི་ཕྱིར། རང་གི་མཚན་ཉིད་གཞན་ངེས་པར་རྟོགས་པ་རྗེས་སུ་དཔག་པས་ནི་བསྒྲུབ་པར་མི་ནུས་སོ། །གཞན་ངེས་པར་རྟོགས་པ་ལ་མི་སླུ་བ་ནི་མ་ཡིན་ཏེ། རྨི་ལམ་ན་ཡང་དེ་ལྟ་བུའི་ཐ་སྙད་ཀྱིས་རྗེས་སུ་དཔག་པ་མཐོང་བའི་ཕྱིར་རོ། །འོན་ཏེ་ངེས་པར་ཐ་དད་པ་མེད་པར་སྒྲུབ་ན་ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པ་ཕྱིའི་ངོ་བོར་རྟོགས་པའི་ཕྱིར་ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། ཕྱིའི་ངོ་བོར་རྟོགས་པར་མ་གྲུབ་པའི་ཕྱིར་རོ། །དཀར་པོ་དང་བདེ་བ་ལ་སོགས་པའི་ངོ་བོ་འཛིན་པར་བྱེད་པ་ཉིད་ལས་ཕྱིའི་ངོ་བོར་རྟོགས་པ་ནི་མེད་དོ། །དཀར་པོ་དང་བདེ་བ་ལ་སོགས་པའི་འཛིན་པར་བྱེད་པ་ནི་དཀར་པོ་དང༌། བདེ་བ་ལ་སོགས་པ་རིག་བྱ་དང༌། བདག་ཉིད་གཅིག་པས་ན་ནང་དུ་འདུས་པའི་ཕྱིར་རོ། །གང་དང་གང་ནང་དུ་འདུས་པ་དེ་དང༌། དེ་ནི་ཕྱིའི་ངོ་བོར་རིག་བྱ་ཡིན་པར་མི་རུང་སྟེ། དེ་ལྟ་བས་ན་ངེས་པར་རིག་པ་དང༌། སྔོན་པོ་ལ་སོགས་པ་གཉིས་དབྱེར་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །མངོན་སུམ་གྱི་ཐ་དད་པ་ཉིད་དུ་གྲུབ་པོ་ཞེས་གང་སྨྲས་པ། དེའི་ལན་ཡང་བཏབ་པ་ཁོ་ན་ཡིན་ཏེ། གཟུང་བ་ལས་མངོན་སུམ་གྱིས་བྱེ་བྲག་མ་གྲུབ་པའི་ཕྱིར་རོ། །ལྷན་ཅིག་དམིགས་པར་ངེས་པར་གྲུབ་པ་ཞེས་བྱ་བ། རྩོད་པར་སྨྲ་བའི་མཆོག་སློབ་དཔོན་དཔལ་ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཙ་ཧཾ་དུ་ཤཱན་ཏི་བྷ་དྲའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །


previousལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ། ཤེས་རབ་འབྱུང་གནས་སྦས་པ།next