Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་གཅིག་པ།


   
ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ།  ཟླ་བ་ལ་དགའ་བ།


 
no previousཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། ཟླ་བ་ལ་དགའ་བ།no next

ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ།
ཟླ་བ་ལ་དགའ་བ།


DTG201_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པའི་ཆོ་གའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདི་བཤད་པའི་འབྲེལ་པ་ནི་འདི་ཡིན་ཏེ། ཇི་ལྟར་གཙགས་བུས་དབུག་པ་དང༌། གཤགས་པ་ལ་སོགས་པའི་ལས་བྱེད་པ་དང་འདྲ་བར་མེ་བཙའ་གདབ་པ་དང༌། ཐལ་སྨན་གཉིས་ཀྱང་རང་གི་ཡུལ་ལ་སྦྱར་ན་གཅད་པ་དང་དབུག་པ་ལ་སོགས་པའི་ལས་བྱེད་པས་ན་དེའི་འོག་ཏུ་འདི་སྨོས་པ་ཡིན་ནོ། །ཐལ་སྨན་རྣོན་པོ་གཏང་བ་དང༌། མེ་བཙའ་གདབ་པའི་ལས་ཀྱི་སྦྱང་བ་ཡིན་པས་ན། ཐལ་སྨན་རྣོན་པོ་དང༌། མེ་བཙའ་གདབ་པའི་ལས་ཀྱི་ཆོ་ག་ཅེས་བྱ་སྟེ། དེ་བཤད་པར་བྱའོ། །གཙགས་སྤྱད་ལྕགས་སྤྱད་རྗེས་འདྲ་བ། །མང་པོ་ཀུན་ལས་ཐལ་སྨན་མཆོག། དཀའ་བ་རྣམས་སུའང་གཅད་པའམ། །དབུག་པ་ལ་སོགས་བྱེད་པར་འགྱུར། །གཙགས་བུས་གདབ་པར་དཀའ་བ་ཡང༌། །དེ་ཡིས་བསྒྲུབ་པར་རུང་བ་དང༌། །ཤིན་ཏུ་གསོ་དཀའི་ནད་རྣམས་ལ། །གང་ཞིག་བཏུང་དུ་རུང་བའང་ཡིན། །ཞེས་བྱ་བ་ལ། དེ་ལ་གཙགས་སྤྱད་ནི་རྩེ་མོ་དཀྱིལ་འཁོར་འདྲ་བ་ལ་སོགས་པའོ། །གཙགས་སྤྱད་དང་རྗེས་སུ་འདྲ་བ་ནི་སྲིན་བུ་པད་པ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ཀྱི་ནང་ན་མཆོག་ནི་ཐལ་སྨན་ཡིན་ནོ། །ཅིའི་


DTG201_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་མཆོག་ཡིན་ན། གང་གི་ཕྱིར་ལུས་ཀྱི་ཕྱོགས་དཀའ་ཞིང་དོགས་པའི་གནས་རྣམས་སུ་ཡང་གཅད་པ་དང༌། དབུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་བ་དང༌། དེ་བཞིན་དུ་སྣའི་ཐོར་བུ་ལ་སོགས་པ་གཙགས་བུ་གདབ་པར་དཀའ་ཞིང་དོགས་པ་རྣམས་སུ་ཡང་གདབ་པར་དཀའ་ཞིང་བསྒྲུབ་ཏུ་མི་རུང་བ་ཡང་ཐལ་སྨན་དེས་བསྒྲུབ་ཏུ་རུང་ཞིང་རྨ་ལ་སོགས་པའི་ནད་མང་པོ་ཡང་གསོ་བར་རུང་བ་དང༌། དེ་བཞིན་དུ་ཤིན་ཏུ་གསོ་དཀའ་བའི་ནད་སྐྲན་དང་ལྟོ་སྦོས་པ་ལ་སོགས་པ་རྣམས་ལ་ཡང་བཏང་དུ་མི་རུང་ཞིང༌། གང་བཏུང་དུ་རུང་བ་ཡང་ཡིན་ནོ། །དེ་ནི་གཞང་འབྲུམ་མེ་དྲོད་ཉམས། །རྡེའུ་འགགས་སྦྱར་དུག་སྐྲན་སོགས་བཏུང༌། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་དེ་ནི་གཞང་འབྲུམ་གྱི་ནད་དང༌། ཕོ་བའི་མེ་དྲོད་ཉམས་པ་དང༌། རྡེའུས་འགགས་པ་དང༌། སྦྱར་དུག་དང་སྐྲན་ལ་སོགས་པ་ལ་བཏུང་དུ་རུང་བ་ཡིན་ནོ། །སྨེ་བ་ཤ་བཀྲ་སྣ་ཐོར་དང༌། །ཕྱི་རོལ་གཞང་འབྲུམ་ཚོར་མེད་མཛེ། །ཐོར་བུ་འབྲུམ་ཕྲན་མཚན་བར་རྡོལ། །རྨ་ལོག་སོགས་ལ་བྱུག་པར་བྱ། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་དེ་ནི་སྨེ་བ་དང་ཤ་བཀྲ་ལ་སོགས་པ་ལ་ཕྱི་རོལ་ནས་བྱུག་ཅིང་བསྐུ་བར་བྱའོ། །སོགས་པ་ཞེས་སྨོས་པས་ནི་དེ་བསྒྲུབ་པར་བྱ་བའི་ནད་གཞན་དག་ལ་ཡང་བསྐུར་རུང་བའི་དོན་ཏོ། །ཁྲག་མཁྲིས་རླུང་ཅན་ནད་སྟོབས་ཆུང༌། །རིམས་དང་ཚད་འཁྲུ་སྙིང་ཀླད་ནད། །སྐྱ་རྦབ་ཡི་ག་འཆུས་པ་དང༌། །རབ་རིབ་ཅན་དང་སློན་ཁྲུས་བཏང༌། །ལུས་ཀུན་ཁྱབ་པའི་འོར་ནད་དང༌། །འཇིགས་དང་སྦྲུམ་མ་ཟླ་མཚན་འཛག །ཕོ་མཚན་མོ་མཚན་སྐྲངས་པ་དང༌། །བྱིས་པ་རྒན་པོ་ཟས་མ་ཞུ། །རྩ་བོ་ཆེ་དང་རུས་ཚིགས་གནད། །རུས་པ་གཞོན་ནུ་ཆུ་བ་རྩ། །ལྟོ་སྲུབས་མགུལ་བ་ལྟེ་བ་དང༌། །ཤ་སྲབ་ཕྱོགས་དང་རླིག་པ་དང༌། །ཕོ་མཚན་བུ་ག་སེན་མོ་ཕྲག །མིག་མཆུ་མ་གཏོགས་མིག་ནད་རྣམས། །ཚ་གྲང་ཆར་དང་ཡུལ་རྨུས་ཚེ། །གཉིས་ཀ་གཏང་བར་མི་བྱའོ། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་བཏུང་བ་དང༌། བསྐུ་བ་གཉིས་ཀ་ཡང་མི་བྱ་བའི་ནད་དམིགས་ནི། ཁྲག་ནད་ཅན་དང་མཁྲིས་པའི་ནད་


DTG201_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། རླུང་ནད་ཅན་དང་སྟོབས་ཆུང་བ་དང༌། རིམས་དང་ཚད་པས་འཁྲུ་བ་དང༌། སྙིང་ནད་ན་བ་དང༌། ཀླད་ནད་ན་བ་དང༌། སྐྱ་རྦབ་ཀྱི་ནད་ཅན་དང༌། ཡི་ག་འཆུས་པ་དང༌། མིག་ནད་རབ་རིབ་ཅན་དང༌། སློན་སྨན་དང་བཀྲུ་སྨན་གཏང་བ་དང༌། ལུས་དང་ཡན་ལག་ཐམས་ཅད་སྐྲངས་པ་དང༌། འཇིགས་པས་ཉེན་པ་དང༌། སྦྲུམ་མ་དང༌། ཟླ་མཚན་འཇག་པ་དང༌། ཕོ་མཚན་དང་མོ་མཚན་སྐྲངས་པའི་རྒྱུད་ཕྱི་མ་ལས་གསང་བའི་ནད་བརྟགས་པའི་སྐབས་ནས་བཤད་པ་ལྟ་བུ་དང༌། བྱིས་པ་གཞོན་ཆེས་པ་དང༌། རྒན་པོ་ན་ཚོད་འདས་པ་དང༌། དེ་བཞིན་དུ་རྩ་བོ་ཆེ་ལ་སོགས་པ་དང༌། ཤ་སྲབ་པའི་ཕྱོགས་དང༌། རླིག་པ་ལ་སོགས་པའི་ཕྱོགས་དང༌། དེ་བཞིན་དུ་མིག་གཉིས་སུ་མིག་མཆུའི་ནད་མ་གཏོགས་པ་མིག་ནད་གཞན་རྣམས་དང༌། སོ་ག་ཚ་བའི་ཚེ་དང༌། དགུན་གྲང་བའི་ཚེ་དང༌། དབྱར་ཆར་འབབ་པའི་ཚེ་དང། ཆར་འབབ་ཅིང་ཡུལ་རྨུས་པའི་དུས་སུ་གཞན་གྱི་ཚེ་ཐལ་སྨན་རྣོན་པོ་བཏུང་བ་དང༌། བཏང་བ་གཉིས་ཀ་མི་བྱའོ། །མུ་ཀ་ཀ་ན་ཤ་མྱ་ཀ །ཆུ་ཤིང་བ་རི་བ་ཏྲ་ཀ །ཨ་ཤྭ་ཀརྞ་འཛམ་བུའི་ཤིང༌། །པ་ལ་ཤ་དང་ཨ་པོ་ཏ། །ཨིན་དྲི་བྲྀཀྵ་ཨརྒ་དང༌། །ནག་ཏ་མ་ལ་མུཀྟི་ཀ །སྲིང་ཤིང་ཨ་པ་མརྒ་དང༌། །ཀ་ཀ་ཛ་ཀ་ཙི་ཏྲ་ཀ །ཨག་ནི་མན་ཏ་ཏིལ་བཅའ་སྒ། །རློན་ཤིང་རྩ་བ་ལ་སོགས་བཅས། །དུམ་བུར་ཡོངས་སུ་གཏུབས་པ་དང༌། །ཀོ་ཤ་ཏ་ཀ་རྣམ་བཞི་དང༌། །ནས་ཀྱི་སོག་མ་གྲ་མ་རྣམས། །རླུང་མེད་གནས་སུ་བསགས་ནས་དེ། །རྡོ་ལེབ་སྟེང་དུ་སོ་སོར་བཞག །མུ་ཀ་ཀ་ཡི་ཕུང་པོ་དང༌། །རྡོ་ཐལ་རྡོ་ནི་བཅུག་པར་བྱ། །དེ་ནས་ཏིལ་གྱི་སྡོང་བུས་བསྲེག །ཅེས་བྱ་བ་ལ། ཤིང་མུ་ཀ་ནག་པོ་ལ་སོགས་པ་བཏུས་ཏེ། དུམ་བུར་ཡོངས་སུ་གཏུབས་ལ། རླུང་མེད་པའི་གནས་སུ་བསོགས་ནས། རྡོ་ལེབ་ཀྱི་སྟེང་དུ་ཕུང་པོར་སོ་སོར་བཞག་པ་དང༌། ཀོ་ཤ་ཏ་ཀ་རྣམ་པ་བཞི་དང༌། ནས་ཀྱི་སོག་མ་དང་གྲ་མ་རྣམས་ཀྱང་རྡོ་ལེབ་ཀྱི་སྟེང་དུ་སོ་སོར་བཞག་པ་དང༌། དེ་བཞིན་དུ་མུ་ཀའི་ཕུང་པོ་དང༌། རྡོ་ཐལ་གྱི་རྡེའུ་ཕྲ་མོ་བཅུག་ནས། ཏིལ་གྱི་སྡོང་བུས་བསྲེག་ཅིང་སྦྱང་བར་བྱའོ། །ཚིག་ནས་མེ་ནི་ཤི་བ་དང༌། །


DTG201_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཐལ་ཐལ་བ་ལོགས་ཤིག་དབྱེ། །ཐལ་བ་གཞན་དག་བྲེ་གང་སྟེ། །མུ་ཀའི་ཐལ་ལྷག་བླངས་ནས་ནི། །སོ་སོར་ཕྱེ་སྟེ་ཆུ་དང་གཅིན། །སྲང་སྟོང་དག་དང་བསྲེས་ནས་བཞུ། །ཚགས་ནི་བཟང་པོས་དེ་བཙགས་ལ། །ཇི་སྲིད་འབྱར་བག་དམར་ཞིང་དངས། །རྣོ་བར་གྱུར་གྱི་བར་དུ་ནི། །ཐལ་བའི་དངས་མ་དེ་བླངས་ལ། །ལྕགས་སྣོད་བཟང་པོར་བསྐོལ་ཞིང་དཀྲུགས། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་རྫས་དེ་དག་ཚིག་པར་གྱུར་ནས་མེ་ཤི་བ་དང་རྡོ་ཐལ་བསྲེགས་པ་དང༌། ཐལ་བ་ལོགས་ཤིག་ཏུ་སོ་སོར་ཕྱེ་སྟེ་ལོགས་ཤིག་བཞག་ནས། ཐལ་བ་གཞན་ཏེ། ཐལ་བ་བྲེ་གང་མུ་ཀ་ཀའི་ཐལ་བ་དེ་ལྷག་མར་བླངས་པར་བྱ་སྟེ། ཤ་མྱ་ཀ་ལ་སོགས་པའི་ཐལ་བ་ཆ་མཉམ་པར་བྱ་ལ། མུ་ག་ནི་ཆ་གཉིས་སུ་བྱས་ནས་སོ་སོར་དབྱེ་སྟེ། ཆུ་དང་ཐལ་བ་ལ་སོགས་པ་གཅིན་སྲང་སྟོང་དང་བསྲེས་ལ་དཀྲུགས་ཏེ། རས་ཆེན་པོའི་ཚགས་བཟང་པོས་དེ་བཙགས་ལ་བཞུ་བར་བྱའོ། །ཇི་སྲིད་ཀྱི་བར་དུ་བཞུ་བར་བྱ་ཞེ་ན། དུས་ཇི་སྲིད་ན་ཐལ་སྨན་གྱི་རྒྱུན་འབྱར་བག་དང༌། དམར་བ་དང་དངས་བ་དང༌། རྣོ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཞུས་ལ། ཐལ་བའི་དངས་མ་དེ་བླངས་ནས་ཐལ་པའི་ཚིགས་མ་བོར་ཏེ། ལྕགས་སམ་ཟངས་ཀྱི་སྣོད་བཟང་པོར་སྨན་མར་བཙོ་བའི་ཚུལ་དུ་བསྐོལ་ཞིང་གཟར་བུས་དཀྲུགས་ཤིང་བཙོ་བར་བྱའོ། །དེ་ནས་འཚོད་པར་བྱེད་པ་དེར། །རྡོ་ཐལ་བསྲེགས་རྡོའི་དུམ་བུ་དང༌། །ཉ་ཕྱིས་ཀྵི་ར་པ་ཀ་དང༌། །དུང་གི་ལྟེ་བ་ལྕགས་སྣོད་གཞུག །མེ་མདོག་ཅན་དུ་ལན་མང་བྱ། །ཐལ་སྨན་ཆ་ནི་ཕུལ་གང་དང༌། །མེ་བསད་དེ་ཉིད་དང་བཏགས་ལ། །ལྡེ་གུ་དེར་ནི་གཞུག་པར་བྱ། །ཞེས་བྱ་བ་ལ། ཐལ་བའི་ཆུའི་དངས་མ་དེ་འཚོད་པར་བྱེད་པ་དེར་མུ་ཀ་ཀ་དང་བསྲེས་ལ་བསྲེགས་པའི་རྡོ་ཐལ་གྱི་དུམ་བུ་དང༌། ཉ་ཕྱིས་དང༌། རྐྵི་རབ་ཀ་ཞེས་བྱ་བ་རྡེའུ་ཀེ་རུ་དང༌། དུང་གི་ལྟེ་བ་ལྕགས་སྣོད་དུ་བཅུག་པ་མེའི་མདོག་ལྟར་དམར་བར་ཡང་དང་ཡང་དུ་བྱས་ལ། ཐལ་སྨན་གྱི་ཆ་ཕུལ་གང་དེར་བཅུག་སྟེ། མེ་བསད་ནས་ཐལ་བའི་ཆུ་དེ་ཉིད་དང་དེ་ཞིབ་ཏུ་བཏགས་ལ། ལྡེ་གུ་དེ་ཐལ་ཆུ་དེའི་ནང་དུ་གཞུག་པར་བྱའོ། །


DTG201_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བྱ་རྨ་བྱ་བྱ་རྒོད་དང༌། །ཀང་ཀ་ཕུག་རོན་རྟུག་པ་དང༌། །བྱ་དང་རྐང་བཞིའི་མཁྲིས་པ་དང༌། །བ་བླ་ལྡོང་རོས་ལན་ཚྭ་རྣམས། །ཞིབ་བཏགས་བཅུག་བྱ། ཞེས་བྱ་བ་ལ། དེ་དག་གི་ལྡེ་གུ་འབའ་ཞིག་གཞུག་པར་མ་ཟད་ཀྱི། ཁྱིམ་བྱ་ལ་སོགས་པའི་རྟུག་པ་ལ་སོགས་པ་ཞིབ་ཏུ་བཏགས་ལ་གཞུག་པར་བྱའོ། །ལན་ཚ་ནི་ལྕེ་མྱང་ཚྭ་ལ་སོགས་པའོ། །དེ་ནས་ནི། །གཟར་བུས་དེ་ཡང་ཀུན་ཏུ་དཀྲུགས། །ཞེས་བྱ་བ་ལ། དེ་ལྟར་ལྡེ་གུ་བཅུག་པའི་རྗེས་ལ། གཟར་བུས་ཐལ་ཆུའི་ཁུ་བ་དེ་ཀུན་ཏུ་དཀྲུགས་ཤིང་བསྐྱོད་པར་བྱའོ། །གང་ཚེ་ལྦུ་བ་བཅས་པར་ཁོལ། །ཆུ་བུར་སྦོམ་སྐ་ལྡེ་གུ་འདྲ། །དེ་ཚེ་ཕབ་ལ་གྲངས་པ་དང༌། །ལྕགས་སྣོད་བཅུག་སྟེ་ནས་ནང་གཞུག །འདི་ནི་ཐལ་སྨན་འབྲིང་པོ་ཡིན། །ཞེས་བྱ་བ་ལ། དུས་གང་གི་ཚེ་ཐལ་སྨན་དེ་ལྦུ་བ་དང་བཅས་པར་ཁོལ་ཞིང་ཆུ་བུར་དང་བཅས་པ་དང༌། སླ་བག་ལས་སྐ་ཞིང་ལྡེ་གུ་འདྲ་བར་གྱུར་ལ། གཟར་བུ་ལ་ཆགས་པ་དེའི་ཚེ་ཐབ་ལས་ཕབ་ལ། གྲངས་པ་དང༌། ལྕགས་ཀྱི་སྣོད་དུ་བཅུག་སྟེ། ནས་ཀྱི་ནང་དུ་ལེགས་པར་སྦ་ཞིང་གཞུག་པར་བྱ་སྟེ། འདི་ནི་ཐལ་སྨན་འབྲིང་པོ་ཞེས་བྱའོ། །འཇམ་པོ་མ་བཏགས་བར་བཅུག་ལ། །གསུར་ལ་སླར་ནི་གདོན་པར་བྱ། །ཞེས་བྱ་བ་ལ། ཐལ་སྨན་འཇམ་པོ་ནི་རྡོ་ཐལ་གྱི་ཐལ་བ་དང༌། རྡེའུ་ལ་སོགས་པ་མ་བཏགས་པར་བསྲེགས་པ་ལ་ཐལ་ཆུར་དེ་བཅུག་ཅིང་གསུར་ལ། དེའི་འོག་ཏུ་སླར་ཕྱིར་གདོན་པར་བྱའོ། །རྣོན་པོར་སྔ་མ་བཞིན་བཅུག་ལ། །ལངྐ་ལིངྐ་དནྟི་དང༌། །ཤུ་དག་བོང་ང་ཙི་ཏྲ་ཀ །སྭརྩ་ཀ་དང་ཁྲོན་བུ་དང༌། །ཤིང་ཀུན་ཀ་རཉྫའི་ལོ་མ། །ཏ་ལའི་ལོ་མ་ཁ་རུ་ཚའི། །ཕྱེ་བཅུག །ཅེས་བྱ་བ་ལ། ཐལ་སྨན་རྣོན་པོ་སྦྱར་བ་ལ་ནི་སྔར་བཤད་པའི་ཐལ་སྨན་འབྲིང་པོ་སྦྱར་བ་བཞིན་དུ་ལྡེ་གུའི་སྦྱོར་བ་བཅུག་པ་དང༌། དེ་བཞིན་དུ་ལངྐ་ལིངྐ་ནས། ཁ་རུ་ཚའི་བར་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག་པར་བྱའོ། །ཞག་བདུན་དེ་བཞག་བྱ། ཞེས་བྱ་བ་ལ། ཐལ་སྨན་དེ་གསུམ་ཆར་ཡང་ཞག་བདུན་བཞག་ལ། དེའི་འོག་ཏུ་གཏང་བར་བྱའོ། །རྣོན་པོ་དེ་ནི་རླུང་བད་ཀན། །ཚིལ་སྐྱེས་ཐོར་བུ་སོགས་ལ་


DTG201_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཏང། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་དེ་ནི་རླུང་བད་ཀན་དང༌། ཚིལ་ལས་སྐྱེས་པའི་ཐོར་བུ་བ་དང༌། གཞང་འབྲུམ་ལ་སོགས་པ་ལ་གཏང་བར་བྱའོ། །འདི་ཉིད་ནད་ཚབས་འབྲིང་ལ་འབྲིང༌། །ཞེས་བྱ་བ་ལ། ཐལ་སྨན་འབྲིང་པོ་ནི་ཐོར་བུ་ལ་སོགས་པ་འདི་དག་ཉིད་ཀྱི་ནད་ཚབས་འབྲིང་ཙམ་དུ་གྱུར་ཅིང་ཤིན་ཏུ་འཕེལ་བ་མ་ཡིན་པ་ལ་གཏང་བར་བྱའོ། །འཇམ་པོ་ཁྲག་མཁྲིས་གཞང་འབྲུམ་ལའོ། །ཞེས་བྱ་བ་ལ། ཐལ་སྨན་འཇམ་པོ་ནི་ཁྲག་དང་མཁྲིས་པ་ལས་བྱུང་བའི་གཞང་འབྲུམ་ལ་གཏང་བར་བྱའོ། །མཐུ་སྐྱེད་ཕྱིར་ནི་འོ་མ་ཆུ། །ཐལ་སྨན་ཆུ་ནི་སླར་ཡང་གཞུག །ཅེས་བྱ་བ་ལ། ཐལ་སྨན་དེ་མཐུ་དང་ནུས་པ་བསྐྱེད་པའི་ཕྱིར། སྐས་པར་གྱུར་བ་འོ་མ་དང་ཆུ་དང་ཐལ་སྨན་བཙགས་པའི་ཆུ་སླར་ཡང་གཞུག་པར་བྱའོ། །ཤིན་ཏུ་རྣོ་མིན་འཇམ་དང་མཉེན། །འབྱར་བག་སྣ་རྣོ་དཀར་བ་དང༌། །རྩེ་ཅན་བདེ་བར་འཇིལ་བ་དང༌། །མི་འཛག་བྱུགས་ན་ནད་མི་ཆེ། །ཐལ་སྨན་ཡོན་ཏན་བཅུ་དང་ལྡན། །གཙགས་བུ་མེ་བཙའི་ལས་ཀྱང་བྱེད། །ཅེས་བྱ་བ་ལ། ཐལ་སྨན་ནི་ཤིན་ཏུ་རྣོ་བ་མ་ཡིན་པ་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་ཏེ། དེ་ལས་ཀྱང་སྣ་རྣོ་བ་ནི་མྱུར་དུ་ཁྱབ་ཅིང་འགྲོ་བར་བྱེད་པའོ། །རྩེ་ཅན་ནི་སྟེང་ནས་བརྩེགས་པའམ་རྭ་ཅན་ལྟ་བུར་གནས་པའོ། །དེ་བདེ་བར་འཇིལ་བ་ནི་རང་སྐྱུར་ལ་སོགས་པའི་ཁུ་བ་སྐྱུར་པོས་མྱུར་དུ་ཚ་བ་འཇིལ་ཞིང་བསིལ་བར་བྱེད་པའོ། །མི་འཛག་པ་ནི་འཛག་བག་མེད་པའོ། །གཞན་ཡང་གཙགས་བུའི་ལས་བཅད་པ་དང༌། དབུག་པ་དང། དྲལ་བ་དང༌། ཕྱི་བ་ལ་སོགས་པ་ཡང་བྱེད་ལ། དེ་བཞིན་དུ་མི་བཏབ་པས་ཞི་ཞིང་གསོ་དགོས་པའི་ནད་ཀྱང་ཞི་བར་བྱེད་པས་ན། གཙགས་བུ་དང་མེ་བཙའི་ལས་ཀྱང་བྱེད་པ་ཡིན་ནོ། །དཀྲུགས་པས་གཞིབས་པ་ལྟ་བུ་དང༌། །ལུས་ནི་བཙིར་བ་ལྟ་བུ་དང༌། །ནད་ཀྱི་རྗེས་འགྲོ་སྙེགས་པས་ན། །རྩ་བ་ནས་ནི་འབྱིན་པར་བྱེད། །ལས་བྱས་ནད་དང་བྲལ་ནས་ཀྱང༌། །རང་ཉིད་ཉེ་བར་ཞི་བར་འགྱུར། །ཞེས་བྱ་བ་ལ། ཐལ་སྨན་བསྐུ་བ་ནི་ཀུན་ཏུ་དཀྲུགས་ཤིང་རླངས་པས་གཞིབས་པ་ལྟ་བུ་དང༌། དེ་བཞིན་དུ་ལུས་བཙིར་བ་ལྟ་བུ་དང༌། ཐམས་ཅད་དུ་ནད་


DTG201_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འགྲོ་ཞིང་སྙེགས་པས་དེས་གསོ་བར་བྱ་བའི་ནད་རྣམས་རྩ་བ་ནས་འབྱིན་པར་བྱེད་པ་དང༌། དེ་བཞིན་དུ་ནད་བསིལ་བའི་ལས་ཚ་བ་ལ་སོགས་པ་བྱས་ནས། ནད་དང་བྲལ་བའི་འོག་ཏུ་རང་ཉིད་ཉེ་བར་ཞི་ཞིང་ཚ་བ་མེད་པར་འགྱུར་རོ། །ཐལ་སྨན་གྱིས་ནི་གསོ་བའི་ནད། །མཚོན་བཅད་བྲུད་པའམ་གཏར་ག་བྱ། །ཐལ་སྨན་ཐུར་མ་གོས་ཀྱིས་ནི། །དཀྲིས་པ་བསྒོས་ཏེ་གླན་ནས་སུ། །གྲངས་བརྒྱའི་བར་དུ་བསྡད་ནས་ཕྱི། །ཞེས་བྱ་བ་ལ། ཐལ་སྨན་གྱིས་གསོ་ཞིང་བཅོས་པའི་ནད་ནི་མཚོན་གྱིས་བཅད་ཅིང་གཉིས་སུ་ཕྱེ་བ་དང༌། མཚོན་གྱིས་བྲུད་ཅིང་བདར་བ་དང༌། གཏར་ག་བྱས་པའི་རྨ་དག་ལ་ཐལ་སྨན་གྱི་ཐུར་མ་གོས་ཀྱི་དུམ་བུ་བཀྲུས་ཤིང་སྤངས་པས་དཀྲིས་པར་ཐལ་སྨན་བསྒོས་ཏེ། གླན་ཞིང་བྱུགས་ལ་དེའི་འོག་ཏུ་གྲངས་བརྒྱའི་བར་དུ་བསྡད་དེ་ཕྱི་བར་བྱའོ། །དེ་ལ་གཞང་འབྲུམ་བསྐུས་གོས་ཀྱིས། །གཡོགས་ཏེ་ལག་པས་དགབ་པར་བྱ། །ཞེས་བྱ་བ་ལ། དེ་ལ་གཞང་འབྲུམ་ཐལ་སྨན་གྱིས་གསོ་བར་བྱ་ལ། ཐལ་སྨན་བསྐུས་ལ། གོས་ཀྱིས་གཡོགས་ཏེ། རང་གི་ལག་པས་དགབ་བའི་ཆ་སྤྱད་བྱའོ། །དེ་ཡང་གྲངས་བརྒྱའི་བར་དུ་གཞུག་བར་བྱའོ། །མིག་མཆུའི་ནད་ལ་མིག་མཆུ་བཟློག །མིག་འབྲས་ནག་པོར་རས་བལ་གྱིས། །བཀབ་སྟེ་ལེགས་པར་བྱུག་པར་བྱ། །ཞེས་བྱ་བ་ལ། མིག་མཆུའི་ནང་དུ་ནད་དབྱུང་བ་ལ། མིག་མཆུ་གྱེན་དུ་བཟློག་སྟེ། མིག་འབྲས་ནག་པོ་རས་བལ་གྱིས་བཀབ་ལ། ཐལ་སྨན་ལེགས་པར་བྱུག་པར་བྱའོ། །ཐལ་སྨན་པད་ལོ་ཙམ་སྲབ་བསྐུ། །ཞེས་བྱ་བ་ལ། མིག་ཆུ་དེར་བསྐུ་བ་དེ་ཡང་ཐལ་སྨན་པདྨའི་ལོ་མ་ཙམ་དུ་སྲབ་ཏུ་བསྐུའི། མཐུག་པར་ནི་མ་ཡིན་ནོ། །སྣ་ཡི་བུ་གའི་ཐོར་བུ་ནི། །ཉི་མ་ལ་བལྟས་འདུག་པ་ལ། །སྣ་རྩེ་ལེགས་པར་བཏེག་ནས་ནི། །གྲངས་ནི་ལྔ་བཅུའི་བར་དུ་གཞག །ཅེས་བྱ་བ་ལ། སྣའི་ནང་དུ་ཐོར་བུ་བྱུང་བ་ལ་ཐལ་སྨན་བཏང་བའི་ཐབས་ནི། ཉི་མ་ལ་ཁ་བལྟས་ཏེ་འདུག་ཏུ་བཅུག་ལ། དེའི་སྣ་རྩེ་མོ་ལེགས་པར་བཏེག་ཅིང་བཟློག་ལ་བསྐུས་ཏེ་གྲངས་ཀྱི་ཚད་ལྔ་བཅུའི་བར་དུ་གཞག་པར་བྱའོ། །རྣ་བའི་ཐོར་བུ་ལ་དེ་བཞིན། །ཞེས་


DTG201_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། རྣ་བར་ཐོར་བུ་བྱུང་བ་ལ་ཡང་ཐལ་སྨན་བསྐུས་ནས་སྔ་མ་བཞིན་དུ་གྲངས་ལྔ་བཅུའི་བར་དུ་གཞག་པར་བྱའོ། །ཐལ་སྨན་བསྐུས་པའི་འོག་ཏུ་ནི། །ཕྱིས་ལ་ལེགས་ཉེས་རྟོགས་བྱ་སྟེ། །ལེགས་ཚིག་མར་དང་སྦྲང་རྩི་བསྐུ། །འོ་མ་རང་སྐྱུར་ཞོ་ག་ཆུས། །དབལ་བསད་དེ་ནས་མར་བཅས་པའི། །མངར་དང་བསིལ་བས་བྱུག་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཐལ་སྨན་བསྐུས་པའི་འོག་ཏུ་ཐུར་མའི་ཆ་སྤྱད་ཀྱིས་ཕྱིས་ལ། ལེགས་པར་ཚིག་པའམ། ཉེས་པར་ཚིག་པ་རྟོགས་པར་བྱས་ལ། ལེགས་པར་ཚིག་ན་མར་སར་དང་སྦྲང་རྩི་སྦྱར་བས་བསྐུ་བར་བྱ་བ་དང༌། འོ་མ་དང་སྦང་རྩབས་རང་སྐྱུར་དང་ཞོ་ག་ཆུས་དབལ་བསད་ཅིང་གྲང་བ་བསྐྱེད་ལ། དེའི་འོག་ཏུ་ཞུན་མར་དང་བཅས་པའི་སྨན་མངར་བ་དང་འཇམ་པས་བྱུག་པར་བྱའོ། །བཟའ་བཏུང་བད་ཀན་སྐྱེད་པ་དང༌། །བསྲུལ་བའི་ཕྱིར་ནི་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཐལ་སྨན་དེ་ལ་བད་ཀན་སྐྱེད་པར་བྱེད་པའི་བཟའ་བཏུང་དག་བསྲུལ་ཞིང་རྣམ་པར་བྱང་བའི་ཕྱིར་སྦྱིན་པར་བྱའོ། །གལ་ཏེ་རྩ་བ་བརྟན་གྱུར་པས། །ཐལ་སྨན་གྱིས་བསྲེགས་མི་འདྲུལ་ན། །འུ་སུ་སྐྱུར་སྙིགས་ཤིང་མངར་དང༌། །ཏིལ་གྱི་ལྡེ་གུས་དེ་ཚེ་བསྐུ། །ཞེས་བྱ་བ་ལ། གལ་ཏེ་ཐལ་སྨན་བསྐུས་པའི་ནད་རྩ་བ་བརྟན་པར་གྱུར་པས་ཐལ་སྨན་གྱིས་བསྲེགས་ཤིང༌། ཟས་བད་ཀན་ཅན་ཟོས་ཀྱང་འདྲུལ་བར་མི་བྱེད་ན། དེའི་འོག་ཏུ་འུ་སུ་དང༌། སྐྱུར་གྱི་སྙིགས་མ་དང༌། ཤིང་མངར་དང༌། ཏིལ་བཏགས་པའི་ཕྱེ་མའི་ལྡེ་གུས་ནད་ཀྱི་གནས་དེ་བསྐུ་བར་བྱའོ། །འདིར་སྐྱུར་སྙིགས་ནི་འབྲས་ཁུའི་རྩབ་མོ་སྐྱུར་པོའི་སྙིགས་མའམ། ཆང་གི་སྙིགས་མ་ལ་བྱའོ། །ཏིལ་གྱི་ལྡེ་གུ་ཤིང་མངར་བཅས། །མར་གྱིས་བསྐུས་ན་རྨ་འཚོ་བྱེད། །ཅེས་བྱ་བ་ལ། ཏིལ་གྱི་ལྡེ་གུ་ནི་ཏིལ་ཆུ་ཐགས་སུ་བྱས་པའོ། །ཤིང་མངར་དང་བཅས་པ་ནི་དེ་དང་ལྷན་ཅིག་བཏགས་པའོ། །མར་གྱིས་བསྐུས་པ་ནི་དེ་གཉིས་ཀྱང་མར་དང་བསྐུས་པ་སྟེ། དེས་ནི་ཐལ་སྨན་གྱིས་ཚིག་པའི་རྨ་འཚོ་བར་བྱེད་དོ། །སྨིན་པ་འཛམ་བུ་ལྟར་ཀུན་གནག །ལེགས་ཚོས། ཞེས་བྱ་བ་ལ། སྨིན་ཅིང་ཚོས་པར་གྱུར་པ་ནི། ཤིང་འཛམ་བུའི་འབྲས་བུ་ལྟར་


DTG201_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་གནག་པ་ནི་ལེགས་པར་ཚོས་པ་ཡིན་ནོ། །དེ་ལས་གོ་བཟློག་པ། དམར་ཞིང་ན་བ་གཡའ་སོགས་བྱེད། །བསྲེགས་ཉེས་ཡིན་ཏེ་དེ་སླར་བསྲེག །ཅེས་བྱ་བ་ལ། ལེགས་པར་ཚོས་པའི་མཚན་ཉིད་དེ་ལས་གོ་བཟློག་པའི་འཛམ་བུའི་འབྲས་བུ་སྨིན་པ་ལྟ་བུར་མ་གྱུར་པ་དང༌། ཐམས་ཅད་ཚིག་པར་མ་གྱུར་པ་དེ་ནི་བསྲེགས་ཉེས་པ་ཡིན་ལ། དེ་བཞིན་དུ་དམར་ཞིང་ན་བ་ལ་སོགས་པ་ཡང་བསྲེགས་ཉེས་ཤིང་མ་ཚིག་བ་ཡིན་པས། དེ་ནི་སླར་ཡང་བསྲེག་དགོས་ཏེ། དེར་ཐལ་སྨན་བསྐུ་བ་བསྣན་པར་བྱའོ། །བསྲེགས་དྲགས་ཁྲག་ནི་འཛག་པ་དང༌། །བརྒྱལ་ཞིང་ཚ་དང་རིམས་སོགས་འགྱུར། །ཞེས་བྱ་བ་ལ། ནད་ཀྱི་གནས་ཀྱི་ལུས་ཀྱི་ཕྱོགས་བསྲེགས་དྲགས་ནས། དེ་ལས་ཁྲག་འཛག་པར་གྱུར་བ་དང༌། བརྒྱལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་ན་བ་དང༌། དམར་བ་དང༌། སྐྲངས་པ་དང༌། རྣག་ཅིང་འདྲུལ་བ་དང༌། མེ་དཔལ་ལ་སོགས་པ་བསྡུའོ། །གཞང་ཁར་བསྲེགས་དྲགས་ཁྱད་པར་དུ། །འགགས་པའམ་ཤས་ཆེར་འབྱུང་བར་འགྱུར། །ཁུ་བ་ཟད་པར་འགྱུར་བའམ། །གཞང་ཁ་འབྱུང་བས་འཆི་བར་འགྱུར། །ཞེས་བྱ་བ་ལ། གཞང་འབྲུམ་བསྲེགས་པའི་གཞང་ཁར་བསྲེགས་དྲགས་པས་ནི་ཁྱད་པར་བཤད་བ་དང༌། གཅི་བ་འགགས་པའམ། དེ་གཉིས་ཤས་ཆེར་འབྱུང་བར་འགྱུར་བའམ། ཁུ་བ་ཟད་ཅིང་གཞང་ཁ་འབྱུང་བར་འགྱུར་བས་ངེས་པར་གདོན་མི་ཟ་བར་འཆི་བར་འགྱུར་རོ། །སྣར་དྲགས་སྣ་ཡི་མཚུལ་པར་ནི། །ཉམས་པའམ་ཡང་ན་ཡོ་བའམ། །ཡུལ་ནི་འཛིན་མི་ནུས་པར་འགྱུར། །ཞེས་བྱ་བ་ནི། སྣར་ཐལ་སྨན་གྱིས་བསྲེགས་དྲགས་པས་ནི་སྣའི་ཚུལ་བ་ཉམས་ཤིང་འཇིག་པ་དང༌། དེ་བཞིན་དུ་སྣ་ཡོ་བར་འགྱུར་བ་དང༌། དེ་བཞིན་དུ་སྣའི་ཡུལ་དྲི་འཛིན་པར་མི་ནུས་ཤིང་ཚོར་བ་མེད་པར་འགྱུར་རོ། །རྣ་བ་སྩོགས་བའང་དེ་དང་འདྲ། །ཞེས་བྱ་བ་ལ། དེ་དང་འདྲ་བས་ན་དེ་འདྲ་སྟེ་ཐལ་སྨན་གྱིས་བསྲེགས་པའི་སྣ་ལྟར་རྣ་བ་ལ་སོགས་པ་ཐལ་སྨན་གྱིས་ཚིག་པ་ལ་ཡང་རང་རང་གི་ཡུལ་འཛིན་མི་ནུས་པར་འགྱུར་རོ། །སོགས་པ་ནི་ལྕེ་དང་བགས་པ་ལ་སོགས་པ་བསྡུའོ། །འདིར་ནི་མཆོག་ཏུ་སྐྱུར་བ་བླུགས། །ཤིང་


DTG201_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མངར་མར་དང་ཏིལ་བཏགས་བྱུག །རླུང་དང་མཁྲིས་པ་སེལ་བ་དང༌། །བསིལ་བའི་སྤྱོད་པ་ཐམས་ཅད་ཕན། །ཞེས་བྱ་བ་ལ། ཚིག་དྲགས་པ་འདིར་ནི་མཆོག་གམ་ཁྱད་པར་དུ་སྐྱུར་རྩབས་ལ་སོགས་པའི་ཁུ་བ་སྐྱུར་བ་བླུགས་པ་དང༌། ཤིང་མངར་དང་མར་དང་ཏིལ་བཏགས་པས་བྱུགས་པ་དང༌། བཟའ་བཏུང་ལ་སོགས་པ་རླུང་དང་མཁྲིས་པ་སེལ་བ་དང་བསིལ་བར་བྱ་བའི་སྤྱོད་པ་ཐམས་ཅད་ཕན་ནོ། །སྐྱུར་བའི་རེག་པ་བསིལ་བས་ན། །ཐལ་སྨན་དེ་དང་འདྲེས་གྱུར་ན། །དེ་ཡིས་མྱུར་དུ་མངར་འགྱུར་བས། །སྐྱུར་བས་ཚ་བ་ཤིན་ཏུ་འཇིལ། །ཞེས་བྱ་བ་ལ། གང་གི་ཕྱིར་སྐྱུར་བ་ནི་རེག་པ་བསིལ་ཞིང་གྲང་བ་ཡིན་པས་ན། ཐལ་སྨན་དེ་དང་འདྲེས་ཤིང་འབྲེལ་པར་གྱུར་ན། རྒྱུ་དེའི་དབང་གིས་ཚ་བ་དང༌། ལན་ཚྭའི་ཤས་མང་པོ་དང་བྲལ་ནས་མྱུར་དུ་མངར་བ་ཉིད་དུ་འགྱུར་བས་ན། དེའི་ཕྱིར་སྐྱུར་བའི་དངོས་པོ་རྩབ་མོའི་དངས་མ་ལ་སོགས་པས་ཚ་བ་ཤིན་ཏུ་འཇིལ་བར་འགྱུར་གྱི། འོ་མ་ལ་སོགས་པ་མངར་བས་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་བསྡུས་པ་ལས། ཐལ་སྨན་རོ་ནི་སྐྱུར་དང་ཕྲད། །སྐད་ཅིག་གིས་ནི་མངར་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེས་བསྲེགས་པས་ནི་སླར་མི་འབྱུང༌། །སྨན་དང་ཐལ་སྨན་མཚོན་སྤྱད་ཀྱིས། །མ་གྲུབ་པ་ཡང་གྲུབ་པར་བྱེད། །ཅེས་བྱ་བ་ལ། མེ་བཙའ་བཏབ་པ་ནི་ཐལ་སྨན་པས་ཀྱང་མཆོག་སྟེ། དེས་བསྲེགས་པའི་གཞང་འབྲུམ་ལ་སོགས་པ་སླར་མི་འབྱུང་བ་དང༌། དེ་བཞིན་དུ་སྨན་ལ་སོགས་པས་གསོ་བ་མ་གྲུབ་པ་ཡང་དེས་འགྲུབ་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་མཆོག་ཡིན་ནོ། །པགས་པ་ཤ་དང་རྩ་རྒྱུས་དང༌། །ཚིགས་དང་རུས་སོགས་དེ་ལ་གདབ། །ཅེས་བྱ་བ་ལ། མེ་བཙའ་དེ་ཡང་པགས་པ་ལ་སོགས་པ་བསྲེག་པའི་ཕྱིར་གདབ་པར་བྱའོ། །སྨེ་བ་མཛེ་ནད་ཀླད་ནད་དང༌། །མགོ་བོའི་གཞོགས་ཕྱེད་ན་སོགས་ལ། །ལྤགས་བསྲེགས་རས་བལ་བ་ལང་སོ། །མེ་ཤེལ་མདའ་སྨྱུག་སོགས་མེ་གདབ། །ཅེས་བྱ་བ་ལ། དེ་ལ་པགས་པ་བསྲེགས་པ་ལ་སོགས་པ་རས་བལ་དང༌། བ་ལང་གི་སོ་ལ་སོགས་པས་མེ་བཙའ་གདབ་པར་བྱའོ། །སྨེ་བ་ལ་སོགས་པའི་ནད་འདི་དག་ནི་རྒྱུད་ཕྱི་མ་ལས་


DTG201_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །གཞང་འབྲུམ་རྨེན་བུ་མཚན་བར་རྡོལ། །བུ་ག་རྨ་ལོངས་ལ་སོགས་ལ། །ཤ་བསྲེག་སྤྲ་ཚིལ་མར་བསྲེགས་དང༌། །བུ་རམ་འཛམ་བུའི་ཆུ་ཡིས་བསྲེག །ཅེས་བྱ་བ་ལ། གཞང་འབྲུམ་ལ་སོགས་པའི་ནད་རྣམས་ལ་ནི། སྤྲ་ཚིལ་ལ་སོགས་པས་ཤ་བསྲེག་པར་བྱ་ཞིང༌། འདི་དག་སོ་སོ་ཅི་རིགས་པར་བསྲེག་པར་བྱའོ། །པགས་པ་འབྱར་དང་ཁྲག་མ་ཆོད། །ཐིག་ལེ་གནག་སོགས་ལྤགས་ནད་ན། །དེ་དག་ཉིད་ཀྱི་རྩ་བསྲེག་གོ །ཞེས་བྱ་བ་ལ། པགས་པ་འབྱར་བ་ལ་སོགས་པ་ལ་ནི་རྩ་བསྲེག་པར་བྱའོ། །བསྲེག་མིན་ཐལ་སྨན་བཀག་པ་དང༌། །ནང་ན་མཚོན་ལུས་རྨ་ཆེན་འབྱུང༌། །ཁྲག་གཟགས་པ་དང་ལྟོ་དྲལ་བའོ། །ཞེས་བྱ་བ་ལ། བསྲེག་པར་མི་བྱ་བ་ནི་སྔར་ཐལ་སྨན་བཏང་བ་བཀག་པ་སྟེ། དེས་འཇིག་པ་དང༌། སྦྲུམ་མ་ལ་སོགས་པ་དང༌། དེ་བཞིན་དུ་ནང་ན་མཚོན་གྱི་ཟུག་རྔུ་ལུས་པ་མ་ཕྱུང་བ་དང༌། རྨ་ཆེན་པོ་བྱུང་བ་དང། དེ་བཞིན་དུ་ནང་དུ་ཁྲག་གཟགས་པ་དང༌། ལྟོ་བ་དྲལ་ཞིང་གས་པ་དག་ལ་མེ་བཙའ་མི་བྱའོ། །ལེགས་བསྲེགས་མར་དང་སྦྲང་རྩིས་བསྐུ། །སྣུམ་དང་བསིལ་བས་བྱུག་པར་བྱ། །ཞེས་བྱ་བ་ལ། ནད་ཀྱི་གནས་ལེགས་པར་བསྲེགས་པ་ནི། བ་མར་དང་སྦྲང་རྩི་གཉིས་ཀྱིས་བསྐུས་ནས། དེའི་འོག་ཏུ་མར་དང་ཤིང་མངར་ལ་སོགས་པའི་ལྡེ་གུས་བསྐུ་ཞིང་བྱུག་པར་བྱའོ། །ལེགས་པའི་མཚན་མ་ཁྲག་མི་འབྱུང༌། །སྒྲ་ཅན་ཆུ་བུར་ཕྲེའུ་འབྱུང༌། །ཏ་ལའི་འབྲས་སྨིན་ཐི་བ་འདྲ། །ན་བ་ཆུང་ཞིང་འཚོ་བ་སླ། །ཞེས་བྱ་བ་ལ། མེ་བཙའ་ལེགས་པའི་གནས་ཀྱི་མཚན་མ་འམ་རྟགས་ནི་ཁྲག་མི་འབྱུང་ཞིང་ཆོད་པ་དང༌། གནས་ཏེ་སྒྲ་ཅན་དུ་གནས་ཤིང་ཆུ་བུར་གྱི་ཕྲེའུ་འབྱུང་བ་སྟེ། ཁྲག་ལས་ཆུ་ལྟ་བུ་འབྱུང་བ་དང༌། ཏ་ལའི་འབྲས་བུ་སྨིན་པའམ། བྱ་ཐི་བའི་མདོག་འདྲ་བ་དང༌། ན་བའི་ཚབས་ཆུང་ཞིང་རྨ་འཚོ་བ་སླ་བ་ཡིན་ནོ། །བག་མེད་པས་བསྲེགས་ཐམས་ཅད་དང༌། །བསྲེགས་ཉེས་བསྲེགས་ནི་དྲགས་པ་དང༌། །མ་ཚོས་མཚན་ཉིད་བཅས་དང་བཞི། །ཞེས་བྱ་བ་ལ། བག་མེད་ཅིང་མ་དཔྱད་པར་བསྲེགས་པ་དང༌། བསྲེགས་ཉེས་བ་དང༌། དེ་བཞིན་དུ་བསྲེགས་དྲགས་པ་དང༌། མཚོས་ཤིང་ལེགས་པར་མ་ཚིག་པའི་མཚན་


DTG201_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་བཅས་པ་སྟེ། རྣམ་པ་བཞི་ཡིན་ནོ། །མ་ཚོས་ལྤགས་མདོག་མི་སྡུག་ཚ། །ཆུ་བུར་འབྱུང་བར་མི་འགྱུར་བའོ། །ཞེས་བྱ་བ་ལ། མཚོས་པའི་མཚན་མ་ནི་པགས་པའི་མདོག་མི་སྡུག་པར་འགྱུར་བ་དང༌། ཤིན་ཏུ་ཚ་བ་དང༌། ཆུ་བུར་ཕྲ་མོ་འབྱུང་བར་མི་འགྱུར་བ་ཡིན་ནོ། །བསྲེགས་ཉེས་ཆུ་བུར་ཆེ་རབ་ཚ། །ཞེས་བྱ་བ་ལ། བསྲེགས་པ་ཉེས་པས་ནི་ཆུ་བུར་ཤིན་ཏུ་ཆེ་བ་དང་བཅས་པ་དང༌། མི་བཟད་པར་རབ་ཏུ་ཚ་བ་ཡིན་ནོ། །བསྲེགས་དྲགས་པས་ནི་ཤ་འཕྱང་དང༌། །པགས་པ་འཁུམས་ཤིང་རབ་ཏུ་ཚ། །དུད་པ་འཁྱིམས་པ་ལྟ་བུ་དང། །རྩ་སོགས་འཁུམས་ཤིང་སྐོམ་དད་བརྒྱལ། །རྨ་ཡི་གཏིང་ཟབ་འཆི་བར་འགྱུར། །ཞེས་བྱ་བ་ལ། ཤིན་ཏུ་བསྲེགས་དྲགས་པས་ནི་ཤ་འཕྱང་བ་ལ་སོགས་པར་འབྱུང་བར་འགྱུར་ཏེ། རྩ་ལ་སོགས་པ་རབ་ཏུ་འཁུམས་པ་དང༌། དུད་པ་འཁྱིམས་ཤིང་འདུག་པ་ལྟ་བུ་དང༌། རྩ་ལ་སོགས་པ་འཁུམས་ཤིང་ཉམས་པ་དང༌། སྐོམ་དད་སྐྱེ་བ་དང༌། རྨའི་གཏིང་ཟབ་ཅིང་ཕུགས་རིང་བ་དང༌། འཆི་བ་ཉིད་དུ་ཡང་འགྱུར་རོ། །མ་ཚོས་པ་ནི་མེ་ཕྲད་ཅིང༌། །ཚ་བའི་སྨན་ནི་གཏང་བར་བྱ། །ཁྲག་སྐ་ཤིན་ཏུ་ན་བར་འགྱུར། །ཟགས་པར་གྱུར་ན་ནད་ཚབས་ཆུང༌། །ཞེས་བྱ་བ་ལ། མ་ཚོས་པ་ལ་མེར་ཕྲད་ཅིང་གདུང་བར་བྱ་བ་དང༌། ཚ་བའི་སྨན་གྱི་ལྡེ་གུ་ལ་སོགས་པ་ཁྲག་ཞུ་བའི་ཕྱིར་བསྐུ་བར་བྱ་སྟེ། གང་གི་ཕྱིར་ཁྲག་ཤིན་ཏུ་བསྐུ་ཞིང་འཐས་པར་གྱུར་ན་ན་བར་འགྱུར་ལ། ཟགས་ཤིང་ཞུ་བར་འགྱུར། ནད་ཚབས་ཆུང་ཞིང་ཞུ་བར་འགྱུར་རོ། །བསྲེགས་ཉེས་བསིལ་དང་དྲོ་བའི་སྨན། །དང་པོར་བཏང་ན་དེ་འོག་བསིལ། །ཞེས་བྱ་བ་ལ། བསྲེགས་ཉེས་པར་གྱུར་པ་ལ་ནི་དྲོ་བ་དང་བསིལ་བའི་སྨན་རིམ་གྱིས་སྦྱར་བར་བྱ་སྟེ། དང་པོར་དྲོ་བའི་སྨན་བསྐུས་ལ། དེའི་འོག་ཏུ་བསིལ་བའི་སྨན་བསྐུ་བར་བྱའོ། །བསྲེགས་ལེགས་ན་ནི་ཅུ་གང་དང༌། །བླག་ཤ་ཙནྡན་བཙག་ཡུག་སྣམ། །སླེ་ཏྲེས་བཅས་པ་མངར་བཅས་བསྐུ། །དེའི་འོག་མཁྲིས་མེ་དབལ་ལྟར་སྤྱད། །ཅེས་བྱ་བ་ལ། བསྲེགས་པ་ལེགས་པར་གྱུར་ན་ནི། ཅུ་གང་ལ་སོགས་པ་ནས། སླེ་ཏྲེས་ཀྱི་བར་གྱི་སྨན་བཏགས་པ་མར་དང་བཅས་པ་དང་པོར་བསྐུ་བར་བྱའོ། །དེ་ནས་དེའི་འོག་ཏུ་


DTG201_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་པ་དང་མེ་དབལ་གསོ་བ་ལྟར་སྤྱད་ཅིང་བསྟེན་པར་བྱའོ། །བསྲེགས་དྲགས་མཁྲིས་པ་མེ་དབལ་གྱི། །ཆོ་ག་ཐམས་ཅད་མྱུར་དུ་སྤྱད། །ཅེས་བྱ་བ་ལ། བསྲེགས་དྲགས་པ་ལ་ནི་བཟའ་བཏུང་དང༌། སྨན་གྱི་ལྡེ་གུ་བྱུག་པ་ལ་སོགས་པའི་ཆོ་ག་མཁྲིས་པ་དང༌། མེ་དབལ་གསོ་བའི་ཆོ་ག་དང་འདྲ་བར་ཐམས་ཅད་མྱུར་ཞིང་རིངས་པར་སྤྱད་པར་བྱའོ། །སྣུམ་གྱིས་ཤིན་ཏུ་བསྲེགས་དྲགས་པ། །དེར་ནི་རྩུབ་པའི་ཆོ་གའང་བྱ། །ཞེས་བྱ་བ་ལ། སྣུམ་གྱིས་བསྲེགས་དྲགས་པ་ལ་ནི་བཟའ་བཏུང་ལ་སོགས་པའི་ཆོ་ག་ཐམས་ཅད་རྩུབ་པའི་བག་བྱའོ། །འང་ཞེས་བྱ་བའི་སྒྲས་ནི་དེ་སྨན་རྩུབ་པ་བསྐུ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གོང་དུ་བཤད་པ་རྣམས་ཀྱང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ནོ། །སྙིང་པོའི་གསང་བ་ལྟ་བུ་ནི། །གནས་འདིར་རྫོགས་པར་བྱས་པ་ཡིན། །ཞེས་བྱ་བ་ལ། གསང་བའི་སྨན་དཔྱད་ཀྱི་རྒྱུད་དོན་གྱིས་གསང་ཞིང་སྤ་བ་སྟེ། དེ་ལྟ་བུའི་གནས་སོ། །གང་གི་གནས་ཤེ་ན། སྙིང་པོའི་གནས་ཏེ། ཚོའི་རིག་བྱེད་ཡན་ལག་བརྒྱད་ཀྱི་སྙིང་པོ་ལྟ་བུ་སྟེ། ཇི་ལྟར། ལུས་མ་ལུས་པའི་སྙིང་པོའང༌། །ཞེས་བྱ་བ་ལ། སྙིང་པོ་ཡིན་པ་དང་འདྲ་བས་ན་རྒྱུད་མ་ལུས་པའི་དེ་ཁོ་ན་ཉིད་དུ་གྱུར་པའོ། །དེ་ལྟ་བུར་འདིར་རྫོགས་པར་བྱས་ཤིང་མཐར་ཕྱིན་པར་བྱས་པ་ཡིན་ནོ་ཞེས་བྱའོ། །འདིར་དོན་ཕྲ་བ་མདོར་བཤད་ཀྱི། །རྒྱ་ཆེར་ཀུན་ཏུ་བསྟན་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་གནས་འདིར་དོན་ཕྲ་བ་མདོ་ཙམ་དུ་བསྟན་ཞིང་བློ་རྣོན་པོ་དང་ལྡན་པ་རྣམས་ལ་དོན་གྱི་མདོ་གཅེས་པ་འདིར་བཤད་ཀྱི། རྒྱ་ཆེར་ནི་རྒྱུད་ཀུན་ཏུ་སྤྲོས་ཤིང་བསྟན་པ་ཡིན་ནོ། །དེ་བས་ན་གནས་འདིར་ནི་གནས་ཐམས་ཅད་དང་རྒྱུད་ཀྱི་མགོ་ལྟ་བུ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། མདོའི་གནས་ལེའུ་སུམ་ཅུ་པའི་རྣམ་པར་འགྲེལ་པའོ།། །།མདོའི་གནས་ཀྱི་འོག་ཏུ་ལུས་ཀྱི་གནས་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། མདོའི་གནས་རྫོགས་ཁར་འདིར་དོན་ཕྲ་བ་མདོར་བཤད་ཀྱི། རྒྱ་ཆེར་ཀུན་ཏུ་བཤད་པ་ནི་གང་འདིར་དོན་ཕྲ་བ་བློ་ཞིབ་པའི་སྐྱེས་བུས་རྟོགས་པར་བྱ་བ་ནི། གཞུང་ཉུང་དོན་མང་པོ་ཞིག་མདོ་ཙམ་དུ་བསྟན་པ་ཡིན་གྱི།


DTG201_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པར་ཐམས་ཅད་བསྟན་པ་ནི་མ་ཡིན་ནོ། །དེ་བས་ན་སྨན་དཔྱད་ཀྱི་རྒྱུད་མ་ལུས་པའི་དོན་གྱི་མདོ་གཅེས་པ་ཙམ་ཞིག་སྟོན་པས་ན། དེ་ནི་མདོའི་གནས་ཡིན་ལ། དོན་དེ་ཉིད་འདིར་རྒྱུད་མ་ལུས་པར་རྒྱ་ཆེར་སྤྲོས་པ་ཡིན་པས་ན། དེའི་ཕྱིར་མདོའི་གནས་ཀྱི་འོག་ཏུ་ལུས་གནས་བརྩམས་པ་ཡིན་ནོ། །དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་གནས་དང་པོ་བཤད་པར་བྱའོ། །ཞེས་བྱ་བ་ལ། ལུས་ཀྱི་དབང་དུ་བྱས་ནས་བརྩམས་པའི་གཞུང་ལ་ནི། ལུས་ཀྱི་རུམ་དུ་ཞུགས་པ་ཞེས་བྱ་སྟེ། རུམ་དུ་ཞུགས་པ་ནི་བྱིས་པ་མངལ་དུ་ཆགས་པ་སྟེ། གང་གི་མངལ་དུ་བུ་ཆགས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ལ་ཡང་སྔ་མ་བཞིན་དུ་བཤད་པར་བྱའོ། །ཁུ་ཁྲག་སྐྱོན་མེད་པར་སེམས་ཅན། །རང་ལས་ཉོན་མོངས་ཀྱིས་བསྐུལ་ནས། །ཚོགས་པས་མངལ་དུ་ཆགས་འགྱུར་ཏེ། །གཙུབ་ཤིང་ལས་ནི་མེ་འབྱུང་མཚུངས། །ཞེས་བྱ་བ་ལ། ཁུ་བ་ནི་ཁུ་ཆུའོ། །ཁྲག་ནི་དུས་ཚིགས་སུ་བྱུང་བས་ཟླ་མཚན་ཞེས་བྱ་བའི་ཁྲག་གོ །ཁུ་ཁྲག་དེ་གཉིས་སྐྱོན་མེད་པའི་རླུང་ལ་སོགས་པའི་ནད་ཀྱི་ཉེས་པ་མེད་པ་སྟེ། དེ་ལྟ་བུ་དེར་སེམས་ཅན་ཞེས་བྱ་བ་སྲིད་པ་བར་མ་དག་མངལ་དུ་ཆགས་པར་འགྱུར་རོ། །དེ་ཡང་རང་གི་ལས་དགེ་བའམ་མི་དགེ་བ་རང་གིས་བྱས་པའམ། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བསྐུལ་ཞིང་དྲངས་ནས་དེ་དག་གི་ཚོགས་པ་ལ་ལྟོས་ཤིང༌། དེའི་ནུས་པའི་དབང་གིས་སེམས་ཅན་དེ་མངལ་དུ་ཆགས་ཤིང་ཞུགས་པར་འགྱུར་རོ། །དེ་ཡང་ཇི་ལྟར་གཙུབ་ཤིང་ལས་མེ་འབྱུང་བ་ནི་གཙུབ་ཤིང་གཙུབ་གཏན་དང༌། གཙུབས་པའི་རྩོལ་བའི་ཚོགས་པ་དང་ལྡན་པ་ལས་མེ་འབྱུང་བར་འགྱུར་བ་དང་མཚུངས་པ་འདི་དག་ཀྱང་ཚོགས་པ་ལས་བྱུང་བ་ཡིན་པར་སྟོན་ཏོ། །མངལ་དེར་གནས་ཤིང་འཕེལ་བའི་རྒྱུ་གང་ཞིག་ཡིན་ཞེས་སྨྲས་པ་ནི། ས་བོན་བདག་ཉིད་འབྱུང་བ་ཆེ། །ཕྲ་མོ་སེམས་ཀྱི་རྗེས་འགྲོ་དང༌། །མ་ཡི་ཁ་ཟས་དངས་མ་ལས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ། །ཞེས་བྱ་བ་ལ། ས་བོན་གྱི་བདག་ཉིད་དུ་གྱུར་ཅིང་མངལ་སྐྱེད་


DTG201_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཅན་ཁུ་བ་དང་ཁྲག་གི་གཟུགས་ཡོངས་སུ་གྱུར་པའི་འབྱུང་བ་ཆེན་པོ་ནམ་མཁའ་ལ་སོགས་པ་དང༌། དེ་བཞིན་དུ་ཕྲ་ཞིང་དབང་པོ་ལས་འདས་པ་རྣལ་འབྱོར་པའི་སྤྱོད་ཡུལ་དུ་གྱུར་པ། སེམས་ཀྱི་རྗེས་སུ་ཞི་ཞིང་འབྲང་བ་རྣམས་དང༌། དེ་བཞིན་དུ་མའི་ཁ་ཟས་ཀྱི་དངས་མའི་བདག་ཉིད་དུ་ཡོངས་སུ་གྱུར་པ་ལས། རིམ་གྱིས་སེམས་ཅན་དེ་མངལ་དུ་རྣམ་པར་འཕེལ་ཞིང་རྒྱས་པར་འགྱུར་ཏེ་ནུར་ནུར་པོ་དང༌། མེར་མེར་པོ་དང༌། ནར་ནར་བོ་ལ་སོགས་པའི་གནས་སྐབས་འབྱུང་བར་འགྱུར་བའོ། །དྲིས་པ། སེམས་ཅན་འདི་མངལ་དུ་ཞུགས་པ་ནི་མངོན་སུམ་དུ་མི་སྣང་ནས་ཉེ་བར་དམིགས་སུ་མེད་དོ་ཞེས་རྟོགས་པ་ལ། དེའི་ཕྱིར་འདི་སྨྲས་པ་ཡིན་ཏེ། ཇི་ལྟར་ཉི་མའི་ཟེར་གྱི་མེ། །མེ་ཤེལ་དང་ནི་ཕྲད་གྱུར་པའི། །ཤིང་ལ་འགྲོ་བར་མི་སྣང་སྟེ། །སེམས་ཅན་མངལ་གནས་དེ་དང་འདྲ། །ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་དང་འབྲེལ་བའི་མེ་ནི་མེ་ཤེལ་ཞེས་བྱ་བའི་ནོར་བུ་དང་འཕྲད་ཅིང༌། འོད་དེས་བསྒྲིབས་ནས་མེ་ཤེལ་ལ་གནས་པའི་ཤིང་ལ་མཆེད་མོད་ཀྱི། དེར་འགྲོ་ཞིང་ཞུགས་པར་འགྱུར་བ་མི་སྣང་ངོ༌། །དེ་བཞིན་དུ་སྲིད་པ་བར་མའི་སེམས་ཅན་མངལ་གྱི་གནས་སུ་འགྲོ་བ་མངོན་སུམ་དུ་མི་སྣང་ཡང་དེར་འཇུག་པ་ཡིན་ནོ། །དྲིས་པ། སེམས་ཅན་རང་བཞིན་གཅིག་པ་ཉིད་ལས་སྐྱེ་བ་དག་ལུས་ཀྱི་རྣམ་པ་དུ་མར་ཇི་ལྟར་སྣང་དུ་རུང་ཞེས་རྟོགས་པར་བྱེད་པ་དག་གི་ཕྱིར། གཞུང་རྩོམ་པར་བྱེད་པས་འདི་སྨྲས་པ་ཡིན་ཏེ། རྒྱུ་ཡི་རྗེས་སུ་འགྲོ་བས་ན། །འབྲས་བུ་དེ་དང་སྐལ་མཉམ་ཉིད། །སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སོགས་བཞུ་དང་མཚུངས། །ཞེས་བྱ་བ་ལ། རྒྱུའམ་བྱེད་པའི་རྗེས་སུ་འབྲང་བ་ཡིན་པས་ན་རྒྱུའི་རྗེས་སུ་འགྲོ་ཞེས་བྱ་བ་སྟེ། རྒྱུའི་རང་བཞིན་སྤངས་ཤིང་ལྟོས་པ་མེད་པར་འབྲས་བུ་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་རྒྱུའི་རྗེས་སུ་འབྲང་བའི་ཕྱིར་འབྲས་བུ་ནི་དེ་དང་འདྲ། རྒྱུ་དེ་དང་སྐལ་བ་མཉམ་པ་ཉིད་ཡིན་ཏེ། འབྱུང་བ་ཆེན་པོ་ལ་སོགས་པ་རྣམ་པ་གང་དག་ཡིན་པ་དེ་དང་དེ་དག་སྐལ་བ་མཉམ་ཞིང་ཆ་འདྲ་བ་ཉིད་ཡིན་ཏེ། སྐལ་བ་མཉམ་པ་དང་ཆ་འདྲ་བ་ཞེས་བྱ་བ་ནི་ཚིག་གི་རྣམ་གྲངས་ཡིན་ནོ། །གཏན་ཚིགས་ཀྱིས་སམ་རྒྱུ་དེས་ན་སེམས་ཅན་ནི་འབྱུང་བ་ཆེན་


DTG201_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པ་རྒྱུའི་རྗེས་སུ་འགྲོ་བས། རང་བཞིན་གཅིག་པ་ཉིད་ལས་སྐྱེ་གནས་སྣ་ཚོགས་པའི་ཚུལ་ཅན་གྱིས་སྐྱེ་བའི་རྣམ་པའི་གཟུགས་བརྙན་གྱི་ཁྱད་པར་འཛིན་ཅིང་འཇོག་པ་ཡིན་ནོ། །དེ་ཡང་དཔེར་ན་ཟངས་ལ་སོགས་པ་དངོས་པོའི་རིགས་མེས་བཞུ་ཞིང་ཁུ་བར་བྱས་པ་ཞུ་བའི་རྣམ་པའི་ཚུལ་གཅིག་པ་དག་ཀྱང༌། སྤྲ་ཚིལ་ལ་སོགས་པ་ལས་བཟོ་བྱས་པའི་མི་ལ་སོགས་པའི་གཟུགས་སུ་བྱས་པ་དེར་བླུགས་ནས། གཞིའི་རྣམ་པ་ཅི་འདྲ་བ་དེ་དང་དེའི་གཟུགས་སུ་སྣང་ཞིང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་སྐྱེ་གནས་དུ་མར་སོང་ཞིང་གནས་པ་ལས། དེའི་གཟུགས་ཀྱི་རྣམ་པ་འཛིན་པར་འགྱུར་རོ། །དེ་བས་ཁུ་བ་མང་བ་ལས། །ཕལ་ཆེར་སྐྱེས་པར་སྐྱེ་འགྱུར་ལ། །ཟླ་མཚན་མང་ལས་བུད་མེད་དེ། །དེ་གཉིས་མཉམ་པས་མ་ནིང་འགྱུར། །ཞེས་བྱ་བ་ལ། སྔར་བཤད་ཅིང་བརྟགས་པའི་རྒྱུ་དེས་ན། ཕའི་ཁུ་ཆུ་མང་ཞིང་ཤས་ཆེ་བ་ལས་ནི། སྐྱེས་པར་སྐྱེ་བར་འགྱུར་གྱི། བུད་མེད་དུ་མ་ཡིན་ནོ། །དེ་བཞིན་དུ་མའི་ཁྲག་མང་བ་ལས་ནི་བུད་མེད་དུ་སྐྱེ་བར་འགྱུར་གྱི་ཕོར་མི་སྐྱེའོ། །ཁུ་བ་དང་ཁྲག་དེ་གཉིས་ཆ་མཉམ་ཞིང་མཚུངས་པ་ལས་ནི་མ་ནིང་དུ་སྐྱེ་བར་འགྱུར་བའམ། མཚན་གཉིས་པར་སྐྱེ་བར་འགྱུར་རོ། །ཕལ་ཆེར་ཞེས་སྨོས་པ་ནི། རྐྱེན་གཞན་གྱིས་གཞན་དུ་ཡང་འགྱུར་བ་སྲིད་པའོ། །མངལ་དུ་སེམས་ཅན་དུ་མ་ཆགས་པར་འགྱུར་བ་དེའི་རྒྱུ་ཅི་ཞིག་ཡིན་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། ཁུ་ཁྲག་རླུང་གིས་མང་དུ་ཕྱེ། །ཇི་ལྟ་བ་ལས་མཚེ་མར་འགྱུར། །ཞེས་བྱ་བ་ལ། ཕ་མའི་ཁུ་ཁྲག་རླུང་གིས་མང་དུ་ཕྱེ་ཞིང་དུ་མར་བྱས་པ་ལས། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མཚེ་མ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ཡང་ཁུ་བ་མང་བའི་ཁུ་ཁྲག་གྱེས་པ་ལས་ནི་ཕོའི་མཚེ་མར་འགྱུར་བ་ཡིན་ལ། ཟླ་མཚན་ཤས་ཆེ་བའི་ཁུ་ཁྲག་གྱེས་པ་ལས་ནི་མོའི་མཚེ་མར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁུ་ཁྲག་ཆ་མཉམ་པ་དུ་མར་གྱེས་པ་ལས་ནི་མ་ནིང་གི་མཚེ་མར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ལན་འགའ་ནི་ཕོར་སྐྱེ་བར་འགྱུར་ལ། ལན་འགའ་ནི་མོར་སྐྱེ། ལན་འགའ་ནི་མ་ནིང་དུ་སྐྱེ། ལན་འགའ་ནི་བུད་མེད་དང་མ་ནིང་གཉིས་སུ་ཅིག་ཅར་སྐྱེ་བར་འགྱུར་རོ། །


DTG201_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཇི་ལྟར་སྐྱེ་ཞེ་ན། སྐྱེ་གནས་མི་མཐུན་གཟུགས་མི་སྡུག །གནོད་པའི་དྲི་མས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། སྐྱེ་གནས་རིགས་མི་མཐུན་པ་དང༌། གཟུགས་མི་སྡུག་པ་དག་ཏུ་ནི་རླུང་ལ་སོགས་པས་ཁུ་ཁྲག་གི་དྲི་མ་དེ་དག་གནོད་ཅིང་མ་རུངས་པར་བྱས་པ་ལས་སྐྱེ་བར་འགྱུར་ཏེ། དེ་ལ་སྐྱེ་གནས་མི་མཐུན་པ་ནི་སྦྲུལ་དང་བྱི་ལ་ལ་སོགས་པའི་གཟུགས་སུ་སྐྱེ་བའོ། །མི་སྡུག་པ་ནི་ཞར་བ་དང་སྒུར་པོ་དང་ཞ་བོ་དང་འཐེང་བོ་དང་འོན་བ་དང་ལོང་བ་དང་མིའུ་ཐུང་བ་ལ་སོགས་པའོ། །བུད་མེད་ཟླ་བ་རེ་རེའི་ཁྲག །དངས་མ་ལས་བྱུང་ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཡན་ཆད་ནས། །ལྔ་བཅུའི་བར་འཛག་དེ་ནས་ཟད། །ཅེས་བྱ་བ་ལ། བུད་མེད་དག་ནི་ཟླ་བ་རེ་རེ་ཞིང་ཟླ་མཚན་གྱི་ཁྲག་ཟས་ཀྱི་དངས་མ་ལས་བྱུང་བ་ཞག་གསུམ་གསུམ་མངལ་གྱི་སྒོ་ནས་འཛག་ཅིང་འབྱུང་བར་འགྱུར་རོ། །དེ་ཡང་འབྱུང་བའི་དུས་ནི་དང་པོར་ལོ་བཅུ་གཉིས་ཡན་ཆད་ནས་འབྱུང་བར་འགྱུར་ལ། དེ་ནས་ལོ་ལྔ་བཅུ་ལོན་པ་དང་ཁྲག་དེ་ཟད་ཅིང་མེད་པར་འགྱུར་རོ། །བུད་མེད་ལོ་ནི་བཅུ་དྲུག་ལོན། །སྐྱེས་པ་ཉི་ཤུ་ལོན་དང་འདུས། །མངལ་གནས་ལམ་དང་ཁུ་བ་ཁྲག །རླུང་དང་སེམས་ནི་དག་གྱུར་པའི། །བུ་ནི་སྟོབས་དང་ལྡན་པ་སྐྱེ། །ཞེས་བྱ་བ་ལ། བུད་མེད་གང་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ་དང༌། སྐྱེས་པ་ལོ་ཉི་ཤུ་ལོན་པ་དག་འདུས་པའི་ཁུ་བ་ཁྲག་ལས་གྱུར་པ་དང༌། དེ་བཞིན་དུ་མངལ་གྱི་གནས་དག་ཅིང་སྐྱོན་མེད་པ་དང༌། བུ་འབྱུང་བའི་ལམ་རླུང་ལ་སོགས་པས་གནོད་པར་མ་གྱུར་པ་དང། དེ་བཞིན་དུ་ཕ་མའི་ཁུ་ཁྲག་ལ་སྐྱོན་མེད་ཅིང་དག་པ་དང༌། དེ་བཞིན་དུ་རླུང་དག་ཅིང་སྦྱངས་པས་མ་བཀག་པ་དང༌། དེ་བཞིན་དུ་སེམས་ཅན་དག་ཅིང་དང་ལ་སྐྱོན་མེད་པར་གྱུར་པ་ལས་བྱུང་བའི་བུ་ནི་སྟོབས་དང་ལྡན་ཞིང་བརྩོན་པ་ཕུན་སུམ་ཚོགས་པ་སྐྱེ་ཞིང་བཙས་པར་འགྱུར་རོ། །དེ་ལས་ལོ་ནི་མ་ཚང་བའི། །ནད་ཅན་ཚེ་ཐུང་སྐལ་ངན་པའི། །བུ་ཆགས་པའམ་ཆགས་མི་འགྱུར། །ཞེས་བྱ་བ་ལ། དེ་ལས་སྐྱེས་པ་དང་བུད་མེད་གཉིས་ན་ཚོད་ཀྱི་ཚད་བསྟན་པ་དེ་མ་ཚང་བ་སྟེ། བུད་མེད་ལོ་བཅོ་ལྔ་ལོན་པ་དང༌། སྐྱེས་པ་ལོ་བཅུ་དགུ་ལོན་པ་དག་གི་བུ་ནི་ནད་བུ་ཅན་དང༌། ཚེ་ཐུང་བ་


DTG201_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྐལ་བ་ངན་ཞིང་བཀྲ་མི་ཤིས་པའི་བུ་ཆགས་པར་འགྱུར་བའམ། ཡང་ན་རྣམ་པ་ཐམས་ཅད་དུ་བུ་ཆགས་པར་མི་འགྱུར་རོ། །རླུང་སོགས་རུལ་དང་མདུད་པ་ཅན། །དྲི་མ་སྐྱོན་དང་ལྡན་བཤད་པའི། །ཁུ་ཁྲག་ས་བོན་བྱེད་མི་ནུས། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་མ་རུང་ཞིང་གནོད་པར་བྱས་པའི་ཁུ་ཁྲག་ནི་ས་བོན་གྱི་བྱ་བ་བྱེད་མི་ནུས་སོ། །མངལ་དུ་ཆགས་པ་ཞེས་བྱ་བའི་འབྲས་བུ་སྐྱེད་པའི་རྒྱུར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །འདི་དག་གི་དབྱེ་བ་སྨྲས་པ་ནི། རང་གི་མཚན་མ་སྐྱོན་བྱུང་བཤད། །ཁྲག་གིས་རུལ་ཞིང་བད་ཀན་དང༌། །རླུང་གིས་མདུད་པ་ཅན་འདྲར་འགྱུར། །ཁྲག་དང་མཁྲིས་པས་རྣག་འདྲ་ལ། །རླུང་དང་མཁྲིས་པས་ཟད་པར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པ་རང་རང་གི་མཚན་མའམ་རྟགས་སོ་སོར་ངེས་པའི་ཚུལ་མ་འདྲེས་པ་སྟེ། དེ་ལ་རླུང་གི་མཚན་མ་ནི་རྩུབ་པ་དང༌། གནག་པ་དང༌། དམར་བ་ལ་སོགས་པའོ། །མཁྲིས་པའི་མཚན་མ་ནི་དྲི་མནམ་པ་དང༌། སེར་བ་དང༌། དཀར་བ་ལ་སོགས་པའོ། །བད་ཀན་གྱི་མཚན་མ་ནི་སྣུམ་པ་དང༌། སྐྱ་བ་དང༌། འབྱར་བག་ལ་སོགས་པའོ། །དེ་ལྟར་ན་རང་རང་གི་མཚན་ཉིད་ཇི་ལྟ་བ་ལས་ཁུ་བ་དང༌། ཁྲག་རླུང་ལ་སོགས་པའི་སྐྱོན་ལས་བྱུང་པར་ཤེས་པར་བྱའོ། །ཡང་ཁྲག་གི་སྐྱོན་གྱིས་ནི་ཁུ་བ་དང་ཁྲག་མི་རོ་ལྟར་མྱགས་ཤིང་དྲི་མ་མནམ་པར་ཤེས་པར་བྱའོ། །བད་ཀན་དང་རླུང་གི་སྐྱོན་གྱིས་ནི་མདུད་པ་ཆགས་པ་དང་འདྲ་བར་སྣང་ཞིང་ཁུ་ཁྲག་ཆད་པའི་དུམ་བུར་སྣང་བར་ཤེས་པར་བྱའོ། །ཁྲག་དང་མཁྲིས་པ་ཤས་ཆེ་བ་ལས་གྱུར་པའི་ཁུ་བ་དང་ཁྲག་ནི་རྣག་དང་འདྲ་བ་དང༌། ཤིན་ཏུ་མནམ་པར་ཤེས་པར་བྱའོ། །རླུང་དང་མཁྲིས་པ་འདྲེས་པའི་ལྡན་པ་ཤས་ཆེ་བ་ལས་གྱུར་པ་ནི། དེ་དག་ཉིད་ཀྱི་སྐབས་ལས་ཁུ་ཁྲག་ཟད་ཅིང་མེད་པ་ཉིད་དུ་ཤེས་པར་བྱའོ། །འདི་དག་གསོ་དཀའ་ཉེས་གསུམ་ལྡན། །བཤང་གཅི་འདྲ་བ་གསོར་མི་རུང༌། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་རླུང་ལ་སོགས་པའི་སྐྱོན་དང་ལྡན་པའི་ཁུ་ཁྲག་ནི་ཤིན་ཏུ་གསོ་བ་དཀའ་བ་ཡིན་པར་ཤེས་པར་བྱ་ལ། དེ་དག་ལས་ཀྱང་རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་ཅར་


DTG201_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་ཉིད་དང་ལྡན་པ་ལ་བཤང་གཅི་འདྲ་བ་ནི་གསོར་མི་རུང་སྟེ། བཅོས་པར་མི་ནུས་པ་ཡིན་ནོ། །གསོར་རུང་བ་དག་གི་ཕྱིར་བཅོས་པའི་ཐབས་སྨྲས་པ་ནི། རླུང་ལ་སོགས་པས་གནོད་གྱུར་པ། །རང་གི་སྨན་གྱིས་གསོ་བར་བྱ། །ཞེས་བྱ་བ་ལ། རང་དང་རྗེས་སུ་མཐུན་པའི་སྨན་ནི་རླུང་འཁྲུགས་པར་གྱུར་པ་ལ། དེ་ཞི་བའི་ཐབས་ནི། སྣུམ་པ་དང༌། དྲོ་བ་དང༌། སྐྱུར་བ་དང༌། ལན་ཚྭ་རྣམས་ཡིན་ནོ། །མཁྲིས་པའི་ནི་བསིལ་བ་དང༌། མངར་བ་དང༌། ཁ་བ་དང༌། བསྐ་བ་ལ་སོགས་པ་ཡིན་ནོ། །བད་ཀན་གྱི་རྩུབ་པ་དང༌། ཁ་བ་དང༌། ཚ་བ་ལ་སོགས་པ་ཡིན་ནོ། །དེས་ན་རླུང་ནད་ལྡན་པའི་ཁུ་བ་དང༌། ཁྲག་ལ་ནི་རླུང་ཞི་བའི་སྨན་བྱའོ། །མཁྲིས་པའི་ནད་དང་ལྡན་པའི་ཁུ་བ་དང་ཁྲག་ལ་ནི་མཁྲིས་པ་ཞི་བའི་སྨན་བྱའོ། །བད་ཀན་གྱི་ནད་དང་ལྡན་པའི་ཁྲག་ལ་ནི་བད་ཀན་སེལ་བའི་སྨན་བྱའོ། །རུལ་ལ་ད་ཏ་ཀིའི་མེ་ཏོག །སེང་ལྡེང་སེའུ་འབྲུ་ཨརྫུ་ན། །མར་དང་བསྐོལ་བ་བླུད་པའམ། །ཨ་སན་སོགས་བསྐོལ་བ་བླུད། །ཅེས་བྱ་བ་ལ། རུལ་ཞིང་མི་རོ་ལྟར་མནམ་པའི་ཁུ་བ་དང་ཁྲག་ལ་ནི། ད་ཏ་ཀིའི་མེ་ཏོག་ལ་སོགས་པའི་སྨན་བསྐོལ་བའི་སྨན་མར་ནད་པ་ལ་བླུད་པར་བྱའོ། །ཡང་ན་ཨ་ས་ན་ལ་སོགས་པའི་སྡེ་ཚན་དུ་བསྟན་པའི་སྨན་དང་བསྐོལ་བའི་མར་བླུད་པར་བྱའོ། །ཁུ་ཁྲག་མདུད་འདྲ་པ་ལ་ཤའི། །ཐལ་བ་སྲུ་སྲུའི་རྩ་བས་ཕན། །ཞེས་བྱ་བ་ནི། ཁུ་བ་དང་ཁྲག་མདུད་པ་འདྲ་བ་ལ་ནི། བ་ལ་ཤའི་ཐལ་བ་དང༌། སྲུ་སྲུའི་རྩ་བ་དང་བསྐོལ་བའི་མར་ནད་པ་ལ་བླུད་པར་བྱའོ། །པ་ལ་ཤའི་ཐལ་བ་ནི་ཤིང་པ་ལ་ཤ་ཐལ་སྨན་དུ་བྱས་པའོ། །སྲུ་སྲུའི་རྩ་བ་ནི་ཨསྨ་བེ་དེ་སྟེ་བྲག་འབིགས་ཞེས་བྱའོ། །རྣག་འདྲ་པ་རུ་ཤ་ཀ་དང༌། ནྱ་གྲོ་དྷ་སོགས་བསྐོལ་ནས་བླུད། །ཅེས་བྱ་བ་ལ། ཁུ་བ་དང་ཁྲག་རྣག་འདྲ་བ་ལ་ནི། པ་རུ་ཤ་ཀ་ལ་སོགས་པ་དང༌། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་གཉིས་པོའི་སྨན་གང་ཡིན་པ་དེ་དག་དང་བསྐོལ་བའི་མར་བླུད་པར་བྱའོ། །ཁུ་བ་ཟད་ལ་རོ་ཙའི་དཔྱད། །ཅེས་བྱ་བ་ལ། ཁུ་བ་ཟད་པ་ནི་རོ་ཙ་ཞིང་ཁུ་བའི་དཔྱད་ཀྱི་ལས་བྱའོ། །བཤང་འདྲ་སློན་ཁྲུས་ཤིང་ཀུན་དང༌། །བུ་ཤེལ་ཙི་ཏྲ་ཀ་བསྐོལ་བླུད། །ཅེས་བྱ་བ་ལ། ཁུ་བ་བཤང་བ་གཅི་བ་


DTG201_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་འབྱུང་བའི་སྐྱེས་བུ་ལ་ནི་སློན་ཁྲུས་ཀྱིས་སྦྱང་བ་དང༌། ཤིང་ཀུན་ལ་སོགས་པ་བསྐོལ་བའི་མར་བླུད་པར་བྱའོ། །པུ་ཤེལ་ཙི་ནི་ཨུ་ཤི་རའོ། །ཙི་ཏྲ་ཀྲ་ཀྲུ་ཏྲུག་ཏྲེས་སོ། །ཟླ་མཚན་མདུད་འདྲ་བ་ཐ་དང༌། །ཚ་གསུམ་དུག་མོ་ཡུངས་བསྐོལ་བླུད། །ཅེས་བྱ་བ་ལ། བུད་མེད་ཀྱི་ཟླ་མཚན་མདུད་པའམ་རྨེན་བུ་འདྲ་བ་ལ་ནི། སྨན་པ་ཐ་ལ་སོགས་པ་བསྐོལ་བའི་ཆུ་བླུད་པར་བྱའོ། །ཟླ་མཚན་རུལ་དང་རྣག་འདྲ་ལ། །ཙནྡན་བླུད་བྱ། ཞེས་བྱ་བ་ལ། བུད་མེད་ཀྱི་ཟླ་མཚན་མི་རོ་ལྟར་རུལ་བ་དང༌། རྣག་འདྲ་བ་ལ་ནི་ཙནྡན་བསྐོལ་བའི་ཆུ་བླུད་པར་བྱ་སྟེ། འདིར་གཤེར་བའི་རྫས་ཀྱི་ཁྱད་པར་གང་དང་བཏུང་བ་དངོས་སུ་མ་སྨོས་པས་སྤྱིར་བཤད་པ་ལ་སྙེགས་པ་ཡིན་པའི་ཕྱིར། ཆུ་དང་བཏུང་བ་ཡིན་པར་ཤེས་པར་བྱའོ། །ཕྱིས་བཤད་པའི། གསང་བའི་ནད་གསོར་བཤད་ཀུན་དང༌། །འཇམ་རྩིར་བཅས་པ་གང་ཡིན་བྱ། །ཞེས་བྱ་བ་ལ། འདིར་འདི་དག་འབའ་ཞིག་བྱ་བར་མ་ཟད་ཀྱི། འོག་ནས་ཕོ་མཚན་དང་མོ་མཚན་ཞེས་བྱ་བའི་ནད་གསོ་བར་བཤད་པ་དེ་ཐམས་ཅད་དང་འཇམ་རྩི་དང་བཅས་པ་རྣམས་ཀྱང་ནད་པའི་ཚུལ་ལས་ཅི་རིགས་པར་སྦྱར་ཞིང་གཏང་བར་བྱའོ། །ཁུ་བ་དཀར་ཞིང་ལྕི་བ་དང༌། །དམར་དང་བསྐ་དང་མང་བ་དང༌། །མར་དང་སྦྲང་རྩི་ཏིལ་མར་འདྲ། །མངལ་དུ་ལེགས་ཆགས། ཞེས་བྱ་བ་ལ། ཁུ་ཆུ་གང་དཀར་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ནི་མངལ་དུ་ལེགས་པར་ཆགས་ཤིང་འཛིན་པའི་རྒྱུ་ཡིན་པར་ཤེས་པར་བྱ་སྟེ། དཀར་བ་ནས་ཏིལ་མར་འདྲ་བའི་བར་འདི་དག་ནི་ཁུ་བའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཟླ་མཚན་ཡང༌། རྒྱ་སྐྱེགས་ཁུ་བ་རི་བོང་ཁྲག །འདྲ་ཞིང་བཀྲུས་ན་དག་འགྱུར་བཟང༌། །ཞེས་བྱ་བ་ལ། ཟླ་མཚན་གྱི་ཁྲག་ཀྱང་ཁྱད་པར་འདི་དག་དང་ལྡན་ན་མངལ་ཞིག་བཟང་དུ་ཆགས་ཏེ། རྒྱ་སྐྱེགས་བཙོས་པའི་ཁུ་བ་འདྲ་བ་དང༌། རི་བོང་གི་ཁྲག་ལྟར་དམར་བ་དང། གང་གོས་ལ་ཆགས་ཤིང་ཞེན་པ་བཀྲུས་ན་དག་ཅིང་དམར་བ་མེད་པར་འགྱུར་བ་སྟེ་མངལ་དུ་ཆགས་པ་བཟང་བའི་རྒྱུ་ཡིན་ནོ། །ཁུ་ཁྲག་སྐྱོན་མེད་ནད་མེད་ཅིང༌། །ཕན་ཚུན་དུ་ནི་ཆགས་བ་དང༌། །རོ་ཙ་སྣུམ་གྱིས་བརྟས་པ་དང༌། །སྦྱང་བ་བྱས་ཤིང་འཇམ་རྩི་བཏང༌། །ཞེས་བྱ་བ་ལ། སྐྱེས་


DTG201_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བུད་མེད་གང་གི་ཁུ་བ་དང༌། ཁྲག་དག་ཅིང་སྐྱོན་མེད་པ་དང༌། ནད་མེད་པ་དང་ལྡན་ཞིང་བདེ་བར་གནས་པ་དང༌། ཕན་ཚུན་གཅིག་ལ་གཅིག་རྗེས་སུ་ཆགས་ཤིང་ཞེན་པ་དང་ལྡན་པ་དང༌། དེ་བཞིན་དུ་རོ་ཙ་བར་བྱེད་པའི་ཟས་དང་སྨན་ཤ་དང༌། མར་དང༌། དགེ་བའི་སྨན་མར་ལ་སོགས་པའི་སྣུམ་གྱིས་བརྟ་བར་བྱ་བ་དང༌། སློན་སྨན་དང་བཀྲུ་སྨན་གྱིས་སྦྱང་བ་བྱས་པ་དང༌། འཇམ་རྩི་བཏང་ཞིང་བརྟས་ཀྱང་མངལ་དུ་ལེགས་པའི་རྒྱུར་འགྱུར་རོ། །མཆོག་ཏུ་སྐྱེས་པ་འོ་མ་མར། །མངར་བའི་སྨན་གྱིས་བརྟ་བར་བྱ། །བུད་མེད་ཏིལ་མར་ཤ་དག་ནི། །མཁྲིས་པ་སྐྱེད་པ་ཉེ་བར་སྤྱད། །ཅེས་བྱ་བ་ལ། མཆོག་གམ་ཁྱད་པར་དུ་སྐྱེས་པ་ལ་ནི་མར་དང་འོ་མ་སྨན་མངར་བ་དང་བསྐོལ་བ་བླུད་ཅིང་གསོ་བར་བྱ་སྟེ། མངར་བ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་རྒུན་འབྲུམ་ལ་སོགས་པའོ། །བུད་མེད་ལ་ནི་མཆོག་ཏུ་ཏིལ་མར་དང་ཤ་དང༌། མཁྲིས་པ་སྐྱེད་པའི་སྨན་དང་ཁ་ཟས་སྲོག་ཆགས་རླན་ཅན་ན་གནས་པའི་ཤ་ལ་སོགས་པ་སྦྱིན་པར་བྱའོ། །བུད་མེད་ཉམ་ཆུང་བཞིན་རས་དང༌། །ནུ་མ་རྐེད་པ་འགུལ་བ་དང༌། །མིག་དང་དཀུ་གཡོ་སྐྱེས་པ་འདོད། །ཟླ་མཚན་ལྡན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། བུད་མེད་གང་སྦེག་ཅིང་ཉམ་ཆུང་བའི་རྒྱུ་མེད་པར་ཉམ་ཆུང་བར་སྣང་བ་དང༌། བཞིན་རས་དང་ཞིང་དྲི་མ་མེད་པ་དང༌། ནུ་མ་དང་རྐེད་པ་འགུལ་ཞིང་གཡོ་བ་དང༌། མིག་དང་དཀུ་གཡོ་ཞིང་འགུལ་བ་ལྟར་སྣང་བ་དང༌། སྐྱེས་པ་དང་ཕྲད་ཅིང་བསྟེན་པར་འདོད་པ་གང་ཡིན་པ་སྟེ། ཇི་སྐད་བཤད་པའི་མཚན་ཉིད་དེ་དག་དང་ལྡན་པའི་བུད་མེད་དེ་ནི་ཟླ་མཚན་ཅན་ཡིན་པར་ཤེས་པར་བྱའོ། །དཔེར་ན་ཉི་མ་ནུབ་པ་ན། །པདྨའི་ཁ་ནི་ཟུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས་འདས་པའི། །མངལ་ནི་ཁུ་བ་ལེན་མི་འགྱུར། །ཞེས་བྱ་བ་ལ། དཔེར་ན་ཉི་མ་འཆར་བ་ནས་བརྩམས་ཏེ། ཉི་མའི་འོད་ཀྱིས་ཁ་བྱེ་བར་བྱས་པའི་པདྨ་ནི་ཉི་མ་ནུབ་པའི་རྗེས་ལ་ཁ་ཟུམ་བར་འགྱུར་ཞིང༌། ཁ་མ་བྱེ་བའི་མཚན་ཉིད་ཅན་དུ་འགྱུར་རོ། །དེ་བཞིན་དུ་བུད་མེད་ཀྱང་ཟླ་མཚན་འཛག་པ་ནས། ཉིན་ཞག་བཅུ་གཉིས་ཀྱི་བར་དུ་མངལ་གྱི་ཁ་བྱེ་བར་འགྱུར་ལ། དེ་ཕན་ཆད་ནི་ཁ་ཟུམ་པར་འགྱུར་བས། ཡང་ཁ་བྱེ་སྟེ། ཁུ་བ་ལེན་ཞིང་ཆགས་པར་མི་འགྱུར་རོ། །


DTG201_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཅིག་ཏུ་བསགས་པའི་ཁྲག །རྩ་ཆེན་གཉིས་ལས་དུས་སུ་ནི། །ཅུང་ཟད་གནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོ་རུ་འབྱིན། །ཞེས་བྱ་བ་ལ། ཟླ་བ་གཅིག་གི་བར་དུ་ཁ་ཟས་ཀྱི་བཅུད་ལ་སོགས་པས་འཕེལ་བར་བྱས་པའི་ཁྲག་གང་ཡིན་པ་སྟེ། རྩ་ཆེན་པོ་གཉིས་ལས་ཟླ་མཚན་འཛག་པའི་དུས་སུ་རླུང་གིས་མངལ་གྱི་སྒོ་རུ་འདྲེན་ཞིང་འབྱིན་པར་བྱེད་པ་དེ་ཡང་ཁ་དོག་ཅུང་ཟད་གནག་པ་དང༌། དྲི་དང་བྲལ་བ་སྟེ་དྲིང་བ་མེད་པ་ཡིན་ནོ། །དེ་ནས་ཟླ་མཚན་མཐོང་ཉིད་ནས། །ཞག་གསུམ་བར་དུ་སེམས་དགེ་བསམ། །རྒྱན་དང་ཁྲུས་ནི་སྤང་བ་དང༌། །ཀུ་ཤའི་སྟན་ལ་ཉལ་བ་དང༌། །ནས་ཐུག་འོ་མར་བཙོས་ཉུང་ཟད། །བླུད་ཅིང་ལྟོ་སྦྱང་ཉམས་སྨད་བྱ། །ལོ་མའམ་རྫ་སྐྱོགས་ལེགས་པར་ནི། །བཟའ་ཞིང་འཁྲིག་པ་སྤང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཟླ་མཚན་བྱུང་བ་དེའི་འོག་ཏུ་བུད་མེད་དེས་སེམས་ལ་དགེ་བ་བསམ་ཞིང་སེམས་མ་འཁྲུགས་པར་བྱ་བ་དང༌། གདུ་བུ་དང་དོ་ཤལ་ལ་སོགས་པས་བརྒྱན་པ་དང༌། ཁྲུས་བྱས་ཤིང་གཙང་སྦྲར་སྤྱོད་པ་དེ་གཉིས་དང་བྲལ་ཞིང་སྤང་བ་ལ། རྩྭ་ཀུ་ཤ་བཏིང་བའི་སྟན་གང་ཡིན་པ་དེ་ལ་ཉལ་བར་བྱ་བ་དང༌། ནས་ཐུག་འོ་མ་དང་བཙོས་པའི་ཁ་ཟས་ཉུང་ཟད་ཅིག་ལོ་མའམ་རྫ་སྐྱོགས་གཙང་མར་ལེགས་པར་བཟའ་ཞིང་སྤྱད་པ་དང༌། ལྟོ་སྦྱང་ཞིང་ཉམས་སྨད་པར་བྱ་བའི་ཕྱིར་བྱའོ། །དེ་བཞིན་དུ་དེའི་ཚེ་འཁྲིག་པ་སྤང་ཞིང་སྐྱེས་པ་བསྟེན་པ་དོར་བར་བྱའོ། །དེ་ནས་ཞག་ནི་བཞི་པ་ལ། །ཁྲུས་བྱས་གོས་ཕྲེང་དཀར་ཞིང་གཙང༌། །ཕ་དང་འདྲ་བའི་བུ་འདོད་ཅིང༌། །མདུན་དུ་ཁྱོ་ནི་བལྟ་བར་བྱ། །ཞེས་བྱ་བ་ལ། ཟླ་མཚན་བྱུང་ནས་ཞག་གསུམ་འདས་ཏེ་ཞག་བཞི་པ་ལ་བབ་པ་དང༌། ཁྲུས་བྱས་ཤིང་གཙང་སྦྲ་སྤྱད་ནས། གོས་དཀར་པོ་བགོས་ལ་ཕྲེང་བ་གདགས་པ་དང༌། གཙང་སྦྲ་དང་ལྡན་པས་ཕ་དང་འདྲ་བའི་བུ་འདོད་ཅིང༌། བདག་ཉིད་ཀྱི་མདུན་དུ་ཁྱོ་གནས་པ་ལ་བལྟ་བར་བྱའོ། །ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དང་པོའི་ཞག་གསུམ་དང༌། །བཅུ་གཅིག་པ་སྨད། ཅེས་བྱ་བ་ལ། ཟླ་མཚན་སྣང་བ་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི་དུས་ཏེ། ཟླ་མཚན་འཛིན་པའི་དུས་ཡིན་ལ། ཞག་བཅུ་གཉིས་པོ་དེ་དག་ལས་དང་པོའི་ཞག་


DTG201_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་སྨད་ཅིང་སྤང་བར་བྱ་བ་ཡིན་པས། དེའི་ཚེ་འཁྲིག་པའི་བྱ་བ་མི་བྱའོ། །དེ་བཞིན་དུ་ཞག་བཅུ་གཅིག་པ་ཡང་སྨད་པར་བྱ་བ་ཡིན་ནོ། །ཚེས་ཟུང་ལ། བུར་འགྱུར་གཞན་དུ་བུ་མོར་འགྱུར། །ཞེས་བྱ་བ་ལ། ཚེས་བཞི་དང༌། ཚེས་དྲུག་དང༌། ཚེས་བརྒྱད་དང༌། ཚེས་བཅུ་དང། ཚེས་བཅུ་གཉིས་དག་ནི་བུ་ཕོར་སྐྱེ་བར་འགྱུར་ལ། དེ་ལས་གཞན་པ་ཚེས་ལྔ་དང༌། ཚེས་བདུན་དང༌། ཚེས་དགུ་དང༌། ཚེས་བཅུ་གཅིག་གིས་ཉེ་བར་མཚོན་པ་དག་ཏུ་ནི་བུ་མོར་སྐྱེ་བར་འགྱུར་རོ། །དེ་ནས་བུ་ཕྱིར་སློབ་དཔོན་གྱིས། །ཆོ་ག་ཆོ་ག་བཞིན་བྱས་ལ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བུ་སྐྱེ་བར་བྱ་བའི་ཕྱིར། སློབ་དཔོན་དེའི་ཆོ་ག་ཤེས་པ་བྲམ་ཟེ་སྲིད་སྲུང་གི་རིག་བྱེད་ཤེས་པས་བུ་སྐྱེ་བའི་ཆོ་ག་ལས་ཤེས་པ་བཞིན་དུ་བྱ་ལ། དེ་ཡང་སྲིད་སྲུང་གི་རིག་བྱེད་ཀྱི་ཆོ་ག་ནི་བྲམ་ཟེ་ལ་སོགས་པའི་རིགས་གསུམ་གྱིས་བྱའོ། །དམངས་རིགས་ཕྱག་འཚལ་ལ་བརྩོན་པས། །སྔགས་ཀྱིས་བྱ་བ་མེད་པར་བྱ། །ཞེས་བྱ་བ་ལ། དམངས་རིགས་ཀྱི་བུད་མེད་ཀྱི་བུ་འདོད་པའི་དོན་དུ་ཆོ་ག་ནི་ཕྱག་འཚལ་བ་ལ་བརྩོན་ཞིང་གཙོ་བོར་བྱས་པས་བྱ་ལ། དེ་ཡང་བྲམ་ཟེའི་གསང་ཚིག་གི་སྔགས་མི་བརྗོད་པར་སྔགས་ཀྱིས་བྱ་བ་མེད་པའི་རིག་བྱེད་ལ་སྨོས་པའི་ཆོ་ག་བྱའོ། །དེ་ལྟར་འདོད་སྤྱོད་དོན་ལྡན་ཞིང༌། །ཡིད་ལ་འདོད་པའི་བུ་སྐྱེད་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་ག་བྱས་པའི་འོག་ཏུ་དུས་ལ་བབ་པར་འདོད་པ་སྤྱོད་ཅིང༌། འཁྲིག་པ་ལ་སྦྱོར་བ་ནི་དོན་མེད་པར་མི་འགྱུར་ཏེ། མངལ་གྱི་འབྲས་བུ་དོན་ཡོད་པར་འགྱུར་བ་དང༌། དེ་བཞིན་དུ་ཡང་ཡིད་ལ་འདོད་པ་བཞིན་དུ་བུ་དང་བུ་མོ་གང་ཞིག་ལ་དགའ་བ་དེ་མངལ་དུ་ཆགས་པར་འགྱུར་རོ། །བུ་འདོད་བཟའ་བྲན་དབེན་པར་ནི། །འདོད་སྤྱད་བྱ་ཞེས་དམ་པ་སྨྲ། །ཞེས་བྱ་བ་ལ། གང་གི་ཕྱིར་དམ་པ་ངོ་ཚ་ཤེས་པ་དག་གིས་ནི་བུ་སྐྱེ་བར་འདོད་པའི་ཕྱིར་བཟའ་བྲན་ཏེ། སྐྱེས་པ་དང་བུད་མེད་དག་དབེན་ཞིང་གཅིག་ཏུ་གནས་པར་འདོད་པ་སྤྱད་པར་བྱ་བ་ནི་མཆོག་ཡིན་ནོ་ཞེས་སྨྲ་སྟེ། འཁྲིག་པའི་བདེ་བ་ཙམ་ལ་ཆགས་པའི་སྒོ་ནས་བབ་ཅོལ་དུ་འདོད་པ་སྤྱོད་དེ། བུ་འདོད་པ་ཙམ་མ་ཡིན་ནོ། །གཞན་དུ་ན་བུ་བཟང་པོ་ཉིད་བསྐྱེད་པར་བྱ་བའི་དོན་དུ་བྱའོ་ཞེས་བྱ་བའི་དོན་ནོ། །


DTG201_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་རིགས་བཟང་དག་ལས་ཀྱང༌། །བུ་ངན་རིགས་བསྲེག་མེ་འདྲར་འགྱུར། །ཞེས་བྱ་བ་ལ། དེ་ལས་གཞན་པར་ཚུལ་དང་མི་མཐུན་པར་བྱས་པའི་དབང་གིས་ནི། མངལ་དུ་ཆགས་པའི་ཕོའམ་མོ་གང་དག་ཡིན་པའི་རིགས་ཤིན་ཏུ་བཟང་པོ་མཐུ་རྩལ་ལ་སོགས་པ་དུ་མ་དང་ལྡན་པའི་རིགས་བཟང་པོ་ལས་སྐྱེས་པ་ཡིན་དུ་ཟིན་ཀྱང་བུ་ཤིན་ཏུ་ངན་པར་འགྱུར་ཏེ། དེའི་རིགས་བསྲེག་མེ་འདྲར་འགྱུར་ཞེས་བྱ་བ་མཐོང་བ་དང་མ་མཐོང་བའི་རིགས་དང་ཡོན་ཏན་མ་ལུས་པ་འཇིག་པར་བྱེད་པའི་རྒྱུར་འགྱུར་བའི་མེ་ལྟར་བསྲེག་པའི་ཕྱིར་རིགས་ཀྱི་མེ་ཞེས་བྱའོ། །ཇི་ལྟ་བ་ཡི་བ་འདོད་པ། །དེ་ཡི་ཚུལ་དུ་དེ་ཡིས་སྤྱད། །ཡུལ་དེའི་སྐྱེ་བོའི་སྤྱོད་པ་དང༌། །དེ་ཡི་ཡོ་བྱད་ལ་བསམ་བྱ། །ཞེས་བྱ་བ་ལ། གང་བཟའ་བྲན་དེ་གཉིས་བུ་དང་བུ་མོ་ཇི་ལྟར་འདོད་ཅིང་ཡིད་ལ་དགའ་བ་དེའི་གཟུགས་དང་སྤྱོད་པ་དང༌། ཡིད་ལ་གང་འདོད་པ་དེ་འདྲ་བའི་ཁ་དོག་དང་དབྱིབས་དང་ཚད་ཡིད་ལ་བསམ་པས་སྤྱད་པར་བྱ་བ་དང༌། དེ་བཞིན་དུ་ཡུལ་གང་ན་སྐྱེས་བུ་གང་བདེན་པར་སྨྲ་བ་དང༌། གཡོ་མེད་པ་དང༌། གཏོང་བ་དང༌། སྙིང་རྗེ་དང་ལྡན་ཞིང་སྦྱིན་གནས་སུ་གྱུར་པའམ། དཔའ་ཞིང་རྟུལ་ཕོད་པའི་རང་བཞིན་དེ་ཡིད་ལ་བསམ་ཞིང་མངོན་དུ་བྱ་བ་སྟེ། འདིར་རིགས་དང་རྗེས་སུ་མཐུན་པའི་ལས་ཇི་ལྟ་བའི་ཚུལ་གྱི་སྤྱོད་པ་དང༌། དེའི་ཡོ་བྱད་དང༌། འཁོར་བྲན་ཕོ་དང་བྲན་མོ་དང༌། རྟ་དང་བ་ལང་ལ་སོགས་པ་དང༌། ནོར་བུ་དང༌། འབྲུ་དང༌། གོས་དང༌། རྒྱན་རིན་པོ་ཆེ་དང༌། ཤིང་རྟ་དང༌། ཁྱིམ་དང༌། སྐྱེད་མོས་ཚལ་དང༌། པི་ཝང་དང༌། གླིང་བུ་དང༌། རྫ་རྔ་དང༌། རྔ་བོ་ཆེ་དང༌། གླུ་དང༌། རོལ་མོ་དང༌། མལ་ཁྲི་དང༌། སྟན་ལ་སོགས་པ་ཡིད་ལ་བསམས་པས་ཤེས་པར་བྱའོ། །ལས་མཐར་སྐྱེས་པས་ཞུན་མར་དང༌། །འོ་མ་འབྲས་ཆན་བཅས་བ་བཟའ། །སྐར་མཁན་ལུང་གིས་མལ་ཁྲིར་ནི། །སྐྱེས་པ་དང་པོ་རྐང་གཡས་ཀྱིས། །འཛག་བྱ་བུད་མེད་གཡོན་གྱིས་འཛེག །དེ་ཡི་གཡས་ལོགས་དག་ཏུ་ཉལ། །ཏིལ་མར་མོན་སྲན་གྲེའུ་སྦྱར་བཟའ། །ཞེས་བྱ་བ་ལ། བུ་སྐྱེ་བར་བྱ་བའི་ཆོ་ག་ལས་བྱས་ཟིན་པའི་མཐར་སྐྱེས་པས་ནི་ཞུན་མར་དང་འོ་མ་དང་འབྲས་ཆན་དུ་བཅས་བ་བཟའ་ཞིང་ལོངས་སྤྱད་ནས་བུད་མེད་ལས་སྔར་མལ་ཁྲིར་རྐང་པ་གཡས་


DTG201_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་དུ་འདོར་བར་འཛེག་པར་བྱས་ལ། དེ་ཡང་སྐར་མཁན་གྱི་ལུང་གིས་ཏེ་སྐར་མཁན་གྱིས་སྐད་ཅིག་མ་དག་ལ་བཟང་ཞིང་ཤིས་པར་བསྟན་པ་དེ་ལ་འཛེག་པར་བྱས་ལ། དེའི་འོག་ཏུ་བུད་མེད་རྐང་པ་གཡོན་པ་སྔོན་དུ་འགྲོ་བས་འཛེག་ལ། སྐྱེས་པ་ཁྲི་ལ་འཛེག་པ་དེའི་གཡས་ལོགས་སུ་གནས་པར་བྱའོ། །དེ་ལ་ཁྱད་པར་དུ་ནི་བུད་མེད་ཀྱིས་སྔར་ཏིལ་མར་དང་བཅས་པའི་མོན་སྲན་གྲེའུ་སྟེ། སྲན་མ་མ་ཤ་ལྷག་པར་བཟའ་བར་བྱའོ། །དེར་ནི་སྔགས་ཀྱི་ཚིག་བརྗོད་བྱ། །ཨཱ་ཧཱི་ར་སི། ཨུ་ལུ་ར་སི། སརྦ་ཏཿཔྲ་ཏིཥྛ་སདྡྷི་ཏྭ་དྷན་དུ། བི་ཏྲ་ཏ་ཏྭ་ད་དན་དུ། བྲཧྨ་བརྩ་སྭ་བྷཱ་བ་ཞེས་བྱའོ། །ཚངས་པ་ཕུར་བུ་ཁྱབ་འཇུག་དང༌། །ཉི་ཟླ་ཐ་སྐར་བུ་གཉིས་དང༌། །ལེགས་ལྡན་མཛའ་བོ་ཆུ་ལྷ་རྣམས། །བདག་ལ་དཔའ་བའི་བུ་སྩོལ་ཅིག །ཅེས་བྱ་བ་ལ། མལ་ཁྲིར་འཛེག་པའི་དུས་དེར་རིག་བྱེད་ལས་བྱུང་བའི་སྔགས་ཀྱི་ཚིག་ཨཱ་ཧཱི་ར་སི། ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང༌། གསོལ་བ་གདབ་པའི་ཚིག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་བདག་ལ་དཔའ་ཞིང་རྟུལ་ཕོད་པའི་བུ་སྙིང་སྟོབས་དང་ལྡན་པ་སྩོལ་ཅིག །ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་ཕན་ཚུན་སྤྲོ་བསྐྱེད་དེ། །དགའ་དང་བཅས་པས་གནས་པར་བྱ། །ཞེས་བྱ་བ་ལ། དེའི་རྗེས་ལ་ཁྱོ་ཤུག་ཕན་ཚུན་གཅིག་ལ་གཅིག་སྤྲོ་བསྐྱེད་ཅིང་ཡིད་མགུ་བར་བྱ་བ་དང༌། དགའ་བ་དང་བཅས་ཤིང་འཁྲིག་པའི་ཆོས་དང་ལྡན་པས་གནས་པར་བྱའོ། །བུད་མེད་དེར་སེམས་གན་རྐྱལ་གནས། །ཡན་ལག་ལེགས་པར་གནས་འདུག་བྱ། །དེ་ལྟར་ཉེས་པ་རང་གནས་འདུག །ས་བོན་ལེགས་པར་འཛིན་པར་འགྱུར། །ཞེས་བྱ་བ་ལ། བུད་མེད་དངོས་པོ་དེ་ལ་ཡིད་གཏོད་པ་ལ་སོགས་པའི་ཚུལ་གྱིས་མགོ་དང་ལག་ངར་ལ་སོགས་པའི་ཡན་ལག་ལེགས་པར་གནས་པར་བྱ་བ་ལ་འདུག་པར་བྱས་ཏེ། གང་གི་ཕྱིར་རྣམ་པ་དེ་ལྟར་གནས་པ་དེའི་རླུང་ལ་སོགས་པའི་ནད་ཀྱི་ཉེས་པ་མ་འཁྲུགས་པར་ཐ་མལ་པར་གནས་པས་བུའི་ས་བོན་དེ་ལེགས་པར་འཛིན་ཞིང་གནས་པར་འགྱུར་རོ། །འཕྲལ་དུ་མངལ་ཆགས་མཚན་མ་ནི། །མངལ་དུ་ས་བོན་འཛིན་པ་དང༌། །འདོད་ངོམས་ལྕི་དང་གཡོ་བ་དང༌། །ཁྲག་དང་ཁུ་བ་རྗེས་འདྲེས་དང༌། །སྙིང་འཕར་བ་དང་སྙོམ་པ་དང༌། །སྐོམ་དང་རྨྱ་


DTG201_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་སྤུ་ལྡང༌། །ཞེས་བྱ་བ་ལ། བུད་མེད་གང་འཕྲལ་དུ་མངལ་ཆགས་ཤིང་དུས་དེའི་ཚེ་བུ་ཆགས་པའི་མཚན་མ་ནི་འདི་དག་ཡིན་ཏེ། མངལ་དེར་བྱ་བ་བྱ་བའི་གཞིར་གྱུར་བར་ས་བོན་ཞེས་པ་བྱེད་པར་གྱུར་པའི་ཁུ་བ་དེ་འཛིན་ཞིང་ཆགས་བར་གྱུར་པ་དང༌། འདོད་པས་ངོམས་ཤིང་ཆོག་ཤེས་པར་འགྱུར་བ་དང༌། ལུས་ཀྱི་ཁོང་ལྕི་བ་དང༌། ཁུ་བ་དང་ཁྲག་རྗེས་སུ་འདྲེས་ཤིང་ཕན་ཚུན་འབྲེལ་བ་དང༌། སྙིང་ཅུང་ཟད་འཕར་ཞིང་འགུལ་བ་དང༌། གཉིད་ཀྱིས་ནོན་པ་བཞིན་དུ་དབང་པོ་རྣམས་ཡུལ་འཛིན་པར་མི་ནུས་ཤིང་སྙོམ་པ་དང༌། སྐོམ་གྱིས་ཉེན་པ་དང༌། རྨྱ་ཞིང་དུབ་པ་དང༌། སྤུ་ལྡང་ཞིང་དགའ་བས་བ་སྤུའི་ཁུང་བུ་གྱེས་པར་འགྱུར་བ་ཡིན་ནོ། །ཟླ་བ་དང་པོར་མི་གསལ་ཞག །བདུན་ནས་ནུར་ནུར་པོ་རུ་འགྱུར། །འདིར་ནི་མངལ་གྱི་བུ་སྐྱེས་པ། །གསལ་བར་མ་གྱུར་གོང་དུ་བྱ། །ཞེས་བྱ་བ་ལ། དང་པོ་ཟླ་བ་གཅིག་གི་ཞག་བདུན་ནི་མངལ་ན་གནས་པ་དེ་མི་གསལ་ཞིང་ངེས་པར་མི་མངོན་པར་འགྱུར་ལ། ཞག་བདུན་པོ་དེ་དག་འདས་ནས་ནུར་ནུར་པོར་ཕལ་ཆེར་སྐ་སླ་འདྲེས་པའི་ཚུལ་དུ་ཟླ་བ་གཅིག་གི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་མངལ་གྱི་གནས་གསལ་བར་མ་གྱུར་པའི་གོང་དུ་ཟླ་བ་དང་པོ་འདི་ལྟར་མངལ་གྱི་བུ་སྐྱེད་པའི་ཆོ་ག་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་འོག་ནས་བཤད་པ་ལྟར་བྱའོ། །སྐྱེས་བུ་བྱེད་པ་འདི་སྟོབས་ལྡན། །ལས་ཀྱང་ཟིལ་གྱིས་གནོན་པར་ནུས། །ཞེས་བྱ་བ་ལ། གང་གི་ཕྱིར་བུ་སྐྱེས་པའི་སྐྱེས་བུ་བྱེད་པའི་རྩོལ་བ་འདི་ནི་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་པས་དེ་དང་མི་མཐུན་པའི་ཐ་མལ་པའི་ལས་ཏེ། ཟིལ་གྱིས་མནན་ནས་ལྡང་བར་མི་ནུས་པར་བྱས་ཏེ་གནས་པ་ཡིན་ནོ། །བུ་སྐྱེས་པའི་ཆོ་ག་ནི་འདི་ཡིན་ཏེ། སྐར་མ་རྒྱལ་སྐྱེས་བུ་ཡི་གཟུགས། །གསེར་རམ་དངུལ་ལམ་ལྕགས་ལས་བྱས། །མེ་མདོག་འགྱུར་བསྲེགས་འོ་མར་བཅུག །དེ་ནི་སྙིམ་གང་བླུད་པར་བྱ། །ཞེས་བྱ་བ་ལ། སྐར་མ་རྒྱལ་ལ་བབ་པའི་དུས་སུ་སྐྱེས་པའི་གཟུགས་བརྙན་ཆུང་དུ་ཞིག་གསེར་དངུལ་གྱི་རྒྱུ་ལས་བྱས་པའམ། ལྕགས་ནག་པོ་ལས་བྱས་ལ། དེ་མེར་ལེགས་པར་བསྲེགས་ལ། མེའི་མདོག་ཅན་དམར་པོར་བྱས་ལ། གཟུགས་བརྙན་དེ་འོ་མར་བཅུག་ཅིང་གསུར་ལ། གསུར་


DTG201_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོ་མ་སྙིམ་པ་གང་སྟེ་སྲང་བཞིའི་ཚད་ཙམ་བླུད་པར་བྱའོ། །ཡང་ན་གོ་ར་དན་ད་དང༌། །ཨ་བ་མརྒ་ཛི་བ་ཀ །ཟངས་རྩི་བ་དང་ཤེཪྻ་ཀ །གཅིག་གམ་གཉིས་སམ་གསུམ་ཞིག་གམ། །ཐམས་ཅད་ཆུ་ལ་བཏགས་པ་ནི། །སྐར་མ་རྒྱལ་ལ་བབ་ཚེ་བླུད། །ཅེས་བྱ་བ་ལ། གོ་ར་དན་ད་ལ་སོགས་པ་སྨན་སྣ་རེ་རེའམ་གཉིས་གཉིས་གཅིག་ཏུ་བྱ་བ་འམ། གསུམ་གསུམ་མམ་བཞི་བཞི་གཅིག་ཏུ་བསྲེས་པའམ། ཡང་ན་ཐམས་ཅད་བསྲེགས་ལ་ཆུ་དང་བཏགས་ཏེ་ལྡེ་གུར་བྱས་ནས་སྐར་མ་རྒྱལ་ལ་བབ་པའི་ཚེ་བཏུང་བར་བྱའོ། །བྲི་ཧ་ཏི་ནི་དཀར་པོའི་རྩ། །འོ་མར་བཏབ་པ་རང་ཉིད་ཀྱིས། །བུ་འདོད་སྣ་ཁུང་གཡས་པར་བླུགས། །བུ་མོ་འདོད་ན་གཡོན་པར་བླུགས། །ཞེས་བྱ་བ་ལ། སྨན་བྲི་ཧ་ཏི་དཀར་པོའི་རྩ་བ་འོ་མ་དང་ལྡེ་གུར་སྦྱར་ལ། བུད་མེད་རང་ཉིད་ཀྱིས་བུ་འདོད་ན་ནི། དེའི་ཐིགས་པ་སྣ་ཁུང་གཡས་པར་བླུགས་པར་བྱའོ། །བུ་མོ་འདོད་ན་ནི་གཡོན་པར་བླུགས་པར་བྱའོ། །ལག་སྨ་ནའི་རྩ་འོ་མར་སྦྱར། །བུ་སྐྱེད་གནས་པ་རབ་སྟེར་བྱེད། །དེ་བཞིན་ནྱ་གྲོའི་མྱུ་གུ་བརྒྱད། །སྦྱར་བ་སྣའམ་ཁ་ནས་བཏུང༌། །ཞེས་བྱ་བ་ལ། སྨན་ལག་སྨ་ནའི་རྩ་བའི་འོ་མ་དང་ལྡེ་གུར་སྦྱར་ལ་འཐུངས་ན་བུ་སྐྱེ་བར་བྱེད་པ་དང༌། སྔར་སྐྱེས་པ་ལེགས་པར་གནས་པ་རབ་ཏུ་སྟེར་ཞིང་བསྐྱེད་པ་ཡིན་པ་དེ་བཞིན་དུ་ཤིང་ནྱ་གྲོ་དྷའི་མྱུ་གུ་སྐྱེས་པར་གྱུར་པ་བརྒྱད་དང་སྦྱར་བའི་འོ་མའི་ལྡེ་གུ་ཡང་སྐྱེད་པ་དང་གནས་པར་བྱེད་པ་ཡིན་པས་སྣར་བླུགས་པ་དང་ཁ་ནས་བཏུང་བར་བྱའོ། །འཚོ་བྱེད་ཀྱི་ནི་སྨན་སྡེ་རྣམས། །ཕྱི་དང་ནང་ནས་ཉེ་བར་སྦྱར། །ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྨན་ཛི་བན་ཏི་དང༌། ར་མཉེ་བ་ལ་སོགས་པ་བཅུ་པོ་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་ཕྱི་རོལ་ནས་བཏང་བ་དང༌། བཟའ་བ་དང་བཏུང་བ་ལ་སོགས་པ་ནང་ནས་བཏང་ཞིང་ཉེ་བར་སྦྱར་བར་བྱའོ། །མངལ་འཛིན་ཡིད་འོང་ཕན་པ་ཡི། །ཁྱོ་དང་འཁོར་གྱིས་བསྙེན་བཀུར་བྱ། །ཞེས་བྱ་བ་ལ། མངལ་འཛིན་བའི་བུད་མེད་ལ་སྡུག་ཅིང་ཕན་པར་འཛིན་བ་ཁྱོ་དང་གཡོག་འཁོར་དག་ཀྱང་ཡིད་དུ་འོང་ཞིང་ཕན་པར་བྱེད་པ་ཉིད་ཀྱིས་བསྙེན་བཀུར་གྱི་ལས་དེ་དང་རྗེས་སུ་མཐུན་པར་བྱས་ན། མངལ་དེ་ལེགས་པར་འཕེལ་ཞིང་རྒྱས་པར་འགྱུར་རོ། །མར་སར་ཞུན་མར་འོ་མ་རྣམས། །རྟག་


DTG201_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དེ་ལ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་མངལ་འཛིན་པའི་བུད་མེད་དེ་ལ་མར་སར་ལ་སོགས་པ་རྟག་ཏུ་བླུད་པས་ཀྱང་བསྙེན་བཀུར་བྱའོ། །ཉལ་པོ་དྲགས་དང་རྩོལ་དྲགས་དང༌། །ཁུར་དང་གོས་ནི་ལྕི་བ་དང༌། །ཉིན་ཉལ་ནུབ་མོ་གཉིད་མ་ལོག །སྟན་སྲབ་ཙོག་པུར་འདུག་པ་དང༌། །མྱ་ངན་ཁྲོ་དང་འཇིགས་དང་སྐྱོ། །ཤུགས་དང་སྲེད་པ་དགག་པ་དང༌། །སྨྱུང་བ་ལམ་འགྲོ་རྣོ་དང་ཚ། །ལྕི་དང་བཤང་འགགས་ཟན་ཟ་དང༌། །གོས་དམར་གྱོན་དང་གཡང་ས་དང༌། །ཁྲོན་ལྟ་ཤ་ཟ་ཆང་འཐུང་དང༌། །གན་རྐྱལ་ཉལ་དང་བུད་མེད་དང༌། །མི་འདོད་གང་ཡིན་དེ་ཀུན་སྤང༌། །ཞེས་བྱ་བ་ལ། ཡང་མངལ་འཛིན་པའི་བུད་མེད་ཀྱིས་འཁྲིག་པ་སྤྱད་དྲགས་པ་ལ་སོགས་པ་སྤང་བར་བྱའོ། །འདིར་སྨོས་པ་འདི་དག་འབའ་ཞིག་སྤང་བར་མ་ཟད་ཀྱི། ཟས་དང་སྤྱོད་ལམ་ལ་སོགས་པའི་དངོས་པོ་གང་སྔར་མང་དུ་བུ་ཚ་སྐྱེ་མྱོང་བའི་བུད་མེད་མི་འདོད་ཅིང་གནོད་པར་འགྱུར་བ་རྣམས་སམ། དུས་དེའི་ཚེ་བྱ་བ་ལ་མཁས་པའི་བུད་མེད་མི་འདོད་ཅིང་གནོད་པར་འགྱུར་བས་དེ་སྤང་ཞིང་དོར་བར་བྱའོ། །འདི་དག་གི་ཚིག་གི་དོན་ནི་གོ་བར་ཟད་དོ། །དེ་བཞིན་གཏར་ག་གདབ་སློན་ཁྲུས། །མས་གཏོང་ཟླ་བརྒྱད་བར་མི་བྱ། །ཞེས་བྱ་བ་ལ། དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི། གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱ་བ་དང༌། སློན་དང་ཁྲུས་ཀྱིས་སྦྱང་བར་བྱ་བ་དང༌། ནི་རུ་ཧ་ལ་སོགས་པའི་མས་གཏོང་བ་གསུམ་པོ་དག་ཀྱང་ཟླ་བ་བརྒྱད་ཀྱི་བར་དུ་མི་བྱའོ། །འདི་དག་གིས་ནི་མངལ་འཇིག་པའམ། །དཀུ་སྐམས་པའམ་འཆི་བར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་སྔར་བསྟན་པ་ཉལ་པོ་དྲགས་པ་ལ་སོགས་པ་དག་སྦྲུམ་མས་བྱས་སུ་ཟིན་ན། རྒྱུ་དེས་འབྲས་བུ་ལུས་ཆད་པ་བཞིན་དུ་མངལ་མ་སྨིན་པར་མངལ་འཇིག་པར་འགྱུར་རོ། །ཡང་ན་དཀུ་སྐམས་ཤིང་མངལ་དུ་གནས་པ་འཕེལ་མི་ནུས་པར་འགྱུར་བའམ། ཡང་ན་མངལ་ན་གནས་པའི་སེམས་ཅན་དེ་འཆི་ཞིང་སྲོག་དང་བྲལ་བར་འགྱུར་རོ། །རླུང་ནི་སྐྱེད་པར་བྱེད་པས་མངལ། །སྒུར་པོ་འོན་ལོང་མིའུ་ཐུང་འགྱུར། །མཁྲིས་པ་ཅན་གྱིས་སྤྱི་ཙེར་སེར། །བད་ཀན་ཤ་བཀྲ་སྐྱ་རྦབ་འགྱུར། །ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་རླུང་སྐྱེད་པར་བྱེད་


DTG201_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟེན་པས་ནི་མངལ་ན་གནས་པའི་སེམས་ཅན་དེ་སྒུར་པོ་དང༌། ལོང་བ་དང༌། འོན་པ་དང༌། མིའུ་ཐུང་དུ་འགྱུར་རོ། །ཟས་དང་སྤྱོད་ལམ་མཁྲིས་པ་སྐྱེད་པར་བྱེད་པ་བསྟེན་པས་ནི་མངལ་ན་གནས་པ་ནི་སྤྱི་ཅེར་རམ་སྐྲ་སེར་བ་ལ་སོགས་པར་འགྱུར་རོ། །ཟས་དང་སྤྱོད་ལམ་དང་སྨན་བད་ཀན་ཅན་བསྟེན་པས་ནི་མངལ་ན་གནས་པ་དེ་ཤ་བཀྲ་ཅན་ནམ། སྐྱ་རྦབ་ཅན་དུ་འགྱུར་རོ། །ནད་གཞན་འཇམ་ཞིང་བདེ་བ་དང༌། །རྣོན་པོ་མ་ཡིན་སྨན་གྱིས་གསོ། །ཞེས་བྱ་བ་ལ། སྦྲུམ་མ་དེ་ལ་ནད་གང་ཞིག་བྱུང་བར་གྱུར་བ་ནི་འཇམ་ཞིང་བདེ་བར་གྱུར་པའོ། །མར་དང༌། འོ་མ་དང༌། ཤ་ཁ་ར་དང༌། རྒུན་འབྲུམ་ལ་སོགས་པ་དང༌། སྨན་གྱི་རྣམ་པ་རྣོན་པོ་མ་ཡིན་པ་དོང་ག་ལ་སོགས་པས་གསོ་ཞིང་ནད་བསལ་བར་བྱའོ། །ནུར་ནུར་པོ་ལས་ཟླ་གཉིས་པར། །གོར་གོར་མེར་མེར་ནར་ནར་བོའོ། །དེ་ལས་ཕོ་མོ་མ་ནིང་རིམ། །ཞེས་བྱ་བ་ལ། མངལ་ཆགས་ནས་ཟླ་བ་གཉིས་པ་ལ་ནུར་ནུར་པོ་དེ་ལས་གོར་གོར་པོའམ། མེར་མེར་པོའམ། ནར་ནར་པོར་གྱུར་ལ། གོར་གོར་པོ་ལ་སོགས་པ་དེ་དག་ལས་རིམ་གྱིས་ཕོ་དང་མོ་དང་མ་ནིང་དུ་འགྱུར་ཏེ། དེ་ལས་གོར་གོར་པོ་ལས་ནི་སྐྱེས་པར་འགྱུར་རོ། །མེར་མེར་པོ་ལས་ནི་མོར་འགྱུར་ལ། ནར་ནར་པོ་ལས་ནི་སྐྱེས་པ་ཡང་མ་ཡིན་བུད་མེད་ཀྱང་མ་ཡིན་པའི་མ་ནིང་དུ་འགྱུར་རོ། །དེ་ནས་གསལ་འགྱུར་མཚན་མ་ནི། །རིད་ཅིང་དཀུ་ནི་ལྕི་བ་དང༌། །བརྒྱལ་སྐྱུགས་ཡི་ག་འཆུས་པ་དང༌། །གླལ་དང་མཆིལ་མང་སྙོམ་བག་དང༌། །སྤུ་ཡི་ཕྲེང་བ་གསལ་བ་དང༌། །སྐྱུར་ལ་དགའ་ཞིང་ནུ་མ་རྒྱས། །ནུ་ཞོར་བཅས་ཤིང་རྩེ་མོ་གནག །རྐང་པ་སྐྲངས་ཤིང་ཁ་ཟས་ཚ། །སྲེད་པ་སྣ་ཚོགས་ཉིད་དུ་འགྱུར། །ཞེས་བྱ་བ་ལ། དེ་ནས་ཟླ་བ་གཉིས་པ་དེ་ལ་ནི་སྦྲུམ་མ་དེའི་མངལ་ན་གནས་པའི་མཚན་མ་གསལ་པོ་འབྱུང་བར་འགྱུར་ཏེ། འདི་ལྟར་རིད་ཅིང་སྤེགས་བའམ། དགུའམ་ལྟོ་བ་ལྕི་བའམ་བརྒྱལ་ཞིང་འབོག་པ་དང༌། སྐྱུག་ཅིང་སློན་པ་དང༌། ཡི་ག་འཆུས་ཤིང་ཟས་ལ་མངོན་པར་མི་དགའ་བ་དང༌། ཡན་ལག་འགྱུར་བ་དང་བཅས་པའི་གླལ་བ་དང༌། མཆིལ་སྣབས་མང་བ་དང༌། ཡན་ལག་སྙོམ་ཞིང་རྨྱ་བ་དང༌། སྤུའི་ཕྲེང་བ་བྲང་ལ་གནས་པ་གསལ་ཞིང་ཁ་གྱེས་པ་དང༌།


DTG201_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་བག་ལ་དགའ་ཞིང་འདོད་པ་དང༌། ནུ་མ་རྒྱས་པར་འགྱུར་བ་དང༌། དེ་བཞིན་དུ་འོ་མ་ཅུང་ཟད་བཅས་ཤིང་ནུ་ཏོག་གི་རྩེ་མོ་ནག་པོར་འགྱུར་བ་དང༌། རྐང་པ་གཉིས་ཅུང་ཟད་སྐྲངས་པ་དང༌། ཁ་ཟས་ཟོས་པ་ཚ་ཞིང་སྐྱུར་བར་འགྱུར་བ་དང༌། དེ་བཞིན་དུ་སྲིད་པ་མཆོག་དང་ཐ་མ་སྐྱེ་ཞིང་ཕན་པ་དང༌། གནོད་པའི་ཡུལ་དུ་མི་འདོད་པ་ཉིད་དུ་འགྱུར་རོ། །འདི་ཡི་སྙིང་ནི་མ་ལས་སྐྱེས། །མ་ཡི་སྙིང་ཡང་དེ་དང་ནི། །འབྲེལ་པས་དེ་ཕྱིར་སྦྲུམ་མ་ནི། །སྲེད་པ་དགག་པར་མི་བྱའོ། །དེ་ལ་གནོད་པར་འགྱུར་བ་ཡང༌། །ཕན་དང་བསྲེས་ཏེ་ཅུང་ཟད་སྦྱིན། །སྲེད་པ་བཀག་ན་མངལ་གྱི་བུ། །མི་སྡུག་པའམ་འཇིག་པར་འགྱུར། །ཞེས་བྱ་བ་ལ། །གང་གི་ཕྱིར་མངལ་ན་གནས་པ་འདིའི་སྙིང་ངམ་སེམས་ཀྱི་གནས་དེ་ནི་མ་ལས་སྐྱེས་པ་ཡིན་ལ། དེ་ནས་མངལ་ན་གནས་པ་དེའི་སྙིང་མའི་སྙིང་དང་རྗེས་སུ་འབྲེལ་ཞིང་འབྱོར་བའི་ཆ་ཡོད་པ་ཡིན་ནོ། །དེའི་ཕྱིར་རྒྱུ་དེས་ན་སྦྲུམ་མ་དག་གང་ལ་སྲེད་ཅིང་འདོད་པ་དགག་ཅིང་ཡིད་ལ་རེ་བ་རྫོགས་པར་མི་བྱ་བར་བརྙས་ཐབས་སུ་གཞག་པར་མི་བྱའོ། །དེ་བས་སྦྲུམ་མ་དེ་ཟས་ལ་སོགས་པ་གནོད་པར་འགྱུར་བ་ཞིག་གིས་འདོད་པར་གྱུར་ན་ཡང་གནོད་པར་འགྱུར་བ་དེ་ཕན་པར་འགྱུར་བའི་ཟས་མང་པོ་དང་བསྲེས་ཏེ། གནོད་པ་དེ་ཆེས་མང་བར་བྱས་ལ། ཅུང་ཟད་ཙམ་བྱིན་པས་འདོད་པ་བསྐང་བར་བྱའོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། སྲེད་པ་བཀག་ན་མངལ་གྱི་བུ་དེ་གཟུགས་མི་སྡུག་པའམ། གནས་སྐབས་གཞན་དུ་འགྱུར་བའམ། འཇིག་ཅིང་གནས་ལས་འཕོ་བ་ཉིད་དུ་འགྱུར་རོ། །ཟླ་བ་གསུམ་པར་དེ་ཡི་ལུས། །མགོ་བོ་དཔྱི་གཉིས་དཔུང་པ་གཉིས། །ཡན་ལག་ལྔ་ནི་གསལ་དོད་འགྱུར། །ཡན་ལག་ཕྲ་མོ་རྣམས་ཀྱང་འབྱུང༌། །མགོ་བོ་སོགས་དང་ཆ་མཉམ་དུ། །བདེ་དང་སྡུག་བསྔལ་ཤེས་པ་འབྱུང༌། །ཞེས་བྱ་བ་ལ། མངལ་ཆགས་པའི་ཟླ་བ་གསུམ་པ་ལ་ནི་དེའི་ལུས་ཡན་ལག་ལྔ་གསལ་བར་དོད་པར་འགྱུར་ཏེ། མགོ་བོ་ནི་ཡན་ལག་གཅིག་གོ །དེ་བཞིན་དུ་དཔུང་པ་གཉིས་དང༌། དཔྱི་གཉིས་དང་དེ་ལྟར་ཡན་ལག་ལྔ་དོད་པར་འགྱུར་རོ། །དེ་བཞིན་དུ་ཡན་ལག་ཕྲ་མོ་རྣམས་ཀྱང་རིམ་གྱིས་འབྱུང་བར་འགྱུར་ཞིང༌།


DTG201_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་སོགས་པ་རྣམས་དང་ཆ་མཉམ་ཞིང་མཚུངས་པ་ཉིད་དུ་ཤེས་པ་དང༌། སྡུག་བསྔལ་ཤེས་པ་ཡང་དེའི་ཚེ་འབྱུང་བར་འགྱུར་རོ། །མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་བའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས། །ཞེས་བྱ་བ་ལ། མངལ་ན་གནས་པའི་སེམས་ཅན་དང༌། མའི་སྙིང་གི་རྩ་དང་ལས་ཀྱི་དབང་གིས་འབྲེལ་བར་གནས་ཏེ། དེའི་ཕྱིར་རྩ་རྒྱུན་དེ་ནས་མངལ་ན་གནས་པའི་ལུས་འཕེལ་ཞིང་རྒྱས་པར་འགྱུར་ཏེ། དཔེར་ན་འབྲས་ལ་སོགས་པའི་ཞིང་ཡུར་བ་ནས་ཆུ་དྲངས་ཏེ། དེས་ཞིང་གི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བ་དང་འདྲའོ། །བཞི་པར་ཡན་ལག་གསལ་དོད་འགྱུར། །ལྔ་པར་སེམས་ནི་གསལ་བར་འགྱུར། །ཞེས་བྱ་བ་ལ། ཟླ་བ་བཞིའི་སྐབས་སུ་མངལ་ན་གནས་པའི་སེམས་ཅན་དེའི་ཡན་ལག་ཐམས་ཅད་མི་གསལ་བ་ལས་གསལ་བར་དོད་པར་འགྱུར། ཟླ་བ་ལྔ་པར་ནི་སེམས་གསལ་བ་མ་ཡིན་པ་དེ་སྔར་བས་ཆེས་གསལ་བར་འགྱུར་རོ། །དྲུག་པར་ཆུ་བ་རྩ་དང་སྤུ། །སེན་མོ་པགས་པ་མདོག་སྟོབས་འགྱུར། །བདུན་པར་དངོས་པོ་ཐམས་ཅད་ཀྱི། །ཡན་ལག་ཀུན་ནི་རྫོགས་པར་འགྱུར། །ཞེས་བྱ་བ་ལ། ཟླ་བ་བདུན་པར་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཡན་ལག་ཐམས་ཅད་རྫོགས་ཤིང་འཕེལ་བ་ཁོ་ནར་འགྱུར་རོ། །མངལ་གནས་ནད་ཀྱིས་ཉེར་གཟིར་ན། །དེ་ཚེ་སྙིང་དང་འབྲེལ་བའི་ཕྱིར། །གཡའ་དང་ཚ་བར་བྱེད་པ་དང༌། །ལྤགས་གས་རྨ་ཕྲན་འབྱུང་བར་འགྱུར། །ཞེས་བྱ་བ་ལ། མངལ་ན་གནས་པའི་སེམས་ཅན་རླུང་ལ་སོགས་པའི་ནད་ཀྱིས་གཟིར་ན་དེའི་ཚེ་མའི་སྙིང་དང་དེ་འབྲེལ་བ་ཡིན་པའི་ཕྱིར་ནད་དེ་ཡང་འབྱུང་སྟེ། མངལ་གཡའ་བ་དང་ཚ་བར་བྱེད་པ་དང༌། པགས་པའི་རྨ་ཕྲ་མོ་འདྲ་བ་པགས་པ་ཅུང་ཟད་གས་པའི་ནད་བརླ་དང་ནུ་མ་དང་བྲང་ལ་སོགས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྐང་པ་དང་ལག་པའི་མཐིལ་དང༌། མཆན་ཁུང་ལ་སོགས་པ་ཚ་བར་བྱེད་པར་འགྱུར་རོ། །དེར་ནི་མར་སར་རྒྱ་ཤུག་ཆུ། །མངར་བའི་སྨན་སྡེ་བསྐོལ་བ་ཕན། །ཞེས་བྱ་བ་ལ། དེ་ལྟ་བུའི་གཡའ་བ་ལ་སོགས་པའི་ནད་ཞི་བར་བྱ་བའི་ཕྱིར་མར་སར་དང༌། རྒྱ་ཤུག་བསྐོལ་བའམ། མངར་བའི་སྨན་གྱི་སྡེ་ཚན་འཚོ་བྱེད་ལ་སོགས་


DTG201_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། རྒུན་འབྲུམ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང༌། མར་བསྐོལ་བ་ཕྱི་རོལ་ནས་བསྐུ་ཞིང་ནང་ནས་བཏུང་བ་ལ་སོགས་པ་ཕན་པ་ཡིན་ནོ། །ལན་ཚྭ་ཉུང་ཞིང་སྣུམ་བག་ཅན། །ཡང་ཞིང་མངར་བའི་ཁ་ཟས་བཟའ། །ཞེས་བྱ་བ་ལ། ཡང་དེར་ཁ་ཟས་ནི་ལན་ཚྭ་ཉུང་ཞིག་བཏབ་པ་དང༌། སྣུམ་བག་དང་བཅས་པ་དང༌། ཚད་དང་རང་བཞིན་གྱིས་ཡང་བ་དང༌། མངར་བག་གི་ཁ་ཟས་བཟའ་བ་ཕན་ནོ། །ཙནྡན་པུ་ཤེལ་ཙེའི་ལྡེ་གུས། །བྲང་དང་ནུ་མ་ལྟོ་ལ་བསྐུ། །ཞེས་བྱ་བ་ལ། ཙནྡན་དང་ཨུ་ཤི་ར་ཆུ་འཐགས་སུ་བཏགས་པའི་ལྡེ་གུ་སླ་བས་བྲང་ལ་སོགས་པ་བསྐུ་བར་བྱའོ། །འབྲས་བུ་གསུམ་པའམ་ཨེ་ནེ་ཡ། །ཤ་བཀྲ་རི་བོང་ཁྲག་སྦྱར་བསྐུ། །ཞེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་པོ་ལྡེ་གུར་བྱས་པའམ། །རི་དགས་ཨེ་ནེ་ཡ་དང༌། ཤ་བཀྲ་དང༌། རི་བོང་གི་ཁྲག་དང་ལྷན་ཅིག་བཏགས་པས་བྲང་དང་ནུ་མ་དང་ལྟོ་བ་ལ་སོགས་པ་ལ་བསྐུ་བར་བྱའོ། །ཀ་ར་བཱི་རའི་ལོ་མ་དང༌། །ཏིལ་མར་བསྐོལ་བས་བསྐུས་ཏེ་མཉེ། །པ་ཏོ་ལ་དང་ནིམ་པ་བཙོད། །བྱེའུ་རུག་གིས་ཀྱང་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་ཀ་ར་བཱི་ར་དང་ལྷན་ཅིག་བསྐོལ་བའི་ཏིལ་མར་བསྐུས་ལ་ལེགས་པར་མཉེ་བར་བྱའོ། །དེ་བཞིན་དུ་པ་ཏོ་ལ་ལ་སོགས་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་ཀྱང་བསྐུ་ཞིང་མཉེ་བར་བྱའོ། །སྐྱེར་པ་ཤིང་མངར་ཆུ་ཡིས་ནི། །བཀྲུ་དང་བསྐུ་བ་བསྟེན་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་སྐྱེར་པ་དང་ཤིང་མངར་བསྐོལ་བའི་ཆུས་བཀྲུ་བ་དང་དྲིལ་ཕྱིས་ལ་སོགས་པ་བྱའོ། །ཟླ་བ་བརྒྱད་པར་མ་དང་བུ། །ཐང་རེ་རིམ་གྱིས་གཟི་མདངས་འཕོ། །དེ་ཡིས་དེ་གཉིས་ཞུམ་དགར་འགྱུར། །བྱིས་མདངས་མ་ལ་མི་གནས་པས། །དེ་ཚེ་བཙས་ན་མི་འཚོ་ལ། །བུད་མེད་ཐེ་ཙོམ་བཅས་སྐབས་འགྱུར། །ཞེས་བྱ་བ་ལ། །ཟླ་བ་བརྒྱད་པའི་ཚོགས་ལ་བབ་པ་དང༌། མ་དང་མངལ་ན་གནས་པའི་བུ་གཉིས་ཐང་རེ་ཡང་དང་ཡང་དུ་རིམ་གྱིས་ལུས་ཟུངས་ཐམས་ཅད་ཀྱི་དངས་མའི་བཅུད་ཕན་ཚུན་འཕོས་ཏེ། ཕྱེད་འགའ་ནི་མ་ལ་འཕོ། ཕྱེད་འགའ་ནི་བུ་ལ་འཕོའོ། །དེ་ལྟར་མདངས་འཕོ་བ་དེས་མ་དང་བུ་གཉིས་ཀྱི་ལུས་ཞུམ་པ་དང་དགའ་བར་འགྱུར་ཏེ། གང་


DTG201_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་མདངས་དེ་མངལ་གྱི་བུ་ལ་འགྱུར་ན་དེའི་ཚེ་མངལ་ན་གནས་པ་ནི་དགའ་ཞིང་མདངས་ཅན་དུ་འགྱུར་ལ། སྦྲུམ་མ་ནི་ལུས་ཞུམ་པར་འགྱུར་རོ། །གང་གི་ཚེ་དངས་མ་དེ་ལ་མངལ་འཕོས་པ་དེའི་ཚེ་མ་ནི་དགའ་བར་འགྱུར་ལ། བུ་ནི་ཞུམ་པར་འགྱུར་རོ། །ཡང་དུས་དེའི་ཆོ་བྱིས་པ་བཅས་ནའང་མི་འཚོའོ། །ཅིའི་ཕྱིར་ཞེ་ན། བྱིས་པའི་མདངས་མའི་མངལ་ན་མི་གནས་ཤིང་བརྟན་པོར་མ་གྱུར་པའི་ཕྱིར་རོ། །དེ་ལྟར་འཕོས་པ་དེའི་ཚེ་བཙས་ན་བུད་མེད་ཀྱི་སྲོག་ནི་ཐེ་ཙོམ་དང་བཅས་པར་འགྱུར་ཏེ། འཚོ་བར་འགྱུར་བའང་སྲིད་པའི་དོན་ནོ། །འདིར་ནི་འོ་མ་ཅན་བླུད་ཅིང༌། །མངར་བའི་སྨན་དང་བསྐོལ་བ་ཡི། །མར་གྱི་འཇམ་རྩི་གཏང་བྱ་ཞིང༌། །ཕྱི་ས་རྙིང་པ་དག་བྱའི་ཕྱིར། །ལ་ཕུག་སྐམ་དང་རྒྱ་ཤུག་སྐྱུར། །བསྐ་བ་དང་ནི་བསྐོལ་བ་བསྔགས། །ཤ་ཏ་པུཥྤའི་ལྡེ་གུ་ནི། །རྒྱམ་ཚ་ཏིལ་མར་འཇམ་རྩི་གཏང༌། །ཞེས་བྱ་བ་ལ། ཟླ་བ་བརྒྱད་པའི་སྐབས་འདིར་སྦྲུམ་མ་ལ་འོ་མ་དང་བསྐོལ་བའི་ནས་ཐུག་བླུད་པར་བྱའོ། །ཡང་ཟླ་བ་བརྒྱད་པའི་སྐབས་འདིར་འཚོ་བྱེད་ལ་སོགས་པའི་སྡེ་ཚན་དུ་གཏོགས་པ་སྨན་མངར་བའི་ལྡེ་གུ་དང་བསྐོལ་བའི་མར་གྱི་འཇམ་རྩི་གཏང་བར་བྱའོ། །ཡང་ཟླ་བ་བརྒྱད་པའི་སྐབས་འདིར་ཕྱི་ས་རྙིང་པ་དག་བར་བྱ་བའི་ཕྱིར་ལ་ཕུག་སྐམ་པོ་དང༌། རྒྱ་ཤུག་སྐྱུར་པོ་དང༌། སྨན་བསྐ་བ་དང་བསྐོལ་བའི་མར་གྱི་འཇམ་རྩིའམ། ཤ་ཏ་པུཥྤའི་ལྡེ་གུ་རྒྱམ་ཚ་དང་ཏིལ་མར་དུ་བཅས་པའི་འཇམ་རྩི་གཏང་བ་བསྔགས་པ་ཡིན་ནོ། །དེ་ཚེ་ཞག་གཅིག་འདས་པ་ནའང༌། །དུས་སུ་བཙས་ཡིན་དེ་ཕན་ཆད། །རླུང་གིས་དཀུར་ནི་བཀག་གྱུར་ན། །ལོ་ཡི་བར་དུ་གནོད་པ་བྱེད། །ཅེས་བྱ་བ་ལ། ཟླ་བ་བརྒྱད་པ་དེ་འདས་ནས་ཞག་གཅིག་ལོན་ཕན་ཆད་ཀྱང་བཙས་པའི་དུས་ཡིན་པས། དེ་ཡང་བཙས་པ་ནི་དུས་སུ་བཙས་པ་ཞེས་བྱ་ལ། དེ་ཕན་ཆད་ལོ་གཅིག་གི་བར་དུ་རླུང་གིས་མངལ་གྱི་གནས་སུ་བཀག་ཅིང་འབྱུང་དུ་མི་སྟེར་ན། གནོད་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །ཟླ་དགུ་ལོན་ན་སྣུམ་བཅས་པའི། །འབྲས་ཆན་ཤ་ཁུ་བླུད་པར་སྔགས། །སྣུམ་མང་ནས་ཐུག་སྦྱིན་པའམ། །སྔར་བཤད་པ་ཡི་འཇམ་རྩི་གཏང༌། །ཞེས་བྱ་བ་ལ། སྦྲུམ་མ་དེ་ཟླ་བ་དགུ་བ་ལ་བབ་པའི་ཚེ། ཤ་ལ་སོགས་


DTG201_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣུམ་དང་བཅས་པ་འབྲས་ཆན་དང་མར་དང་ཤ་ཁུ་བླུད་ན་ཕན་ཞིང་བསྔགས་པའམ། ནས་ཐུག་མར་མང་པོ་བཏབ་པ་བྱིན་ན་ཕན་པའམ། དེ་བཞིན་བཤད་མ་ཐག་པའི་སྨན་མངར་བ་དང་བསྐོལ་བའི་མར་གྱི་འཇམ་རྩི་གཏང་བར་བྱའོ། །དེ་ཉིད་ལ་བཅུག་ལས་བལ་ནི། །མཚན་མར་རྟག་ཏུ་གཞུག་པར་བྱ། །ཞེས་བྱ་བ་ལ། འཇམ་རྩི་སྦྱར་བའི་མར་དེ་ཉིད་ལ་བཅུག་ཅིང་སྤངས་པའི་རས་བལ་གྱི་ཡེའུ་ཡང་སྦྲུམ་མ་དེའི་མོ་མཚན་དུ་གཞུག་པར་བྱ་སྟེ། དེས་ནི་རླུང་གི་ནད་སེལ་བར་འགྱུར་རོ། །རླུང་འཇོམས་ལོ་མ་བསྐོལ་བའི་ཆུ། །བསྒྲངས་པས་ཉིན་རེ་བཀྲུས་པ་ཕན། །ཞེས་བྱ་བ་ལ། རླུང་འཇོམས་པར་བྱེད་པའི་སྨན་སྲོ་མ་ལ་སོགས་པའི་ལོ་མ་བརྡུངས་པ་བསྐོལ་བའི་ཆུ་བཙགས་པ་བསྒྲངས་པས་ཉིན་རེ་ཞིང་བཀྲུས་ན་ཡང་སྦྲུམ་མ་ལའང་ཕན་པ་ཡིན་ནོ། །ཟླ་དགུ་ཕན་ཆད་ལུས་ལ་ནི། །སྣུམ་མེད་པར་ནི་མི་གཞག་གོ །ཞེས་བྱ་བ་ལ། སྦྲུམ་མ་ཟླ་བ་དགུ་པ་ལ་བབ་པ་ནས་བཙས་ཀྱི་བར་དུ་རྟག་ཏུ་སྣུམ་གྱིས་ལུས་ལ་བསྐུ་བར་བྱ་ཞིང༌། སྣུམ་མེད་པར་གཞག་པར་མི་བྱའོ། །ནུ་ཞོ་གཡས་པ་སྔར་བྱུང་ཞིང༌། །གཡས་ལོགས་ལ་ནི་བརྟེན་པ་དང༌། །འདྲི་ཚིག་སྐྱེས་པའི་མིང་ཅན་སྨྲ། །དགའ་ཞིང་རྨི་ལམ་སྐྱེས་པ་མཐོང༌། །དཀུ་ནི་གཡས་པ་མཐོ་བ་དང༌། །མངལ་ཡང་ཀུན་ནས་ཟླུམ་པ་དག །བུ་སྐྱེ། ཞེས་བྱ་བ་ལ། བུད་མེད་གང་གི་ནུ་མ་གཡས་པའི་ནུ་ཞོ་སྔར་བྱུང་བ་དེ་ལ་ནི་བུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གཡས་ལོགས་ལ་བརྟེན་ཅིང་གནས་པའམ། གཡས་ནས་འགྲོ་བ་རྨི་བ་ལ་སོགས་པ་རྨི་བ་དང་འདྲ་བའི་ཚིག་སྐྱེས་པའི་མིང་ཅན་གྱི་དངོས་པོ་སྨྲ་བ་ལ་དགའ་བ་དང༌། རྨི་ལམ་དུ་སྐྱེས་པ་དང་གླང་པོ་ཆེ་ལ་སོགས་པ་མཐོང་བ་དང༌། དེ་བཞིན་དུ་དཀུ་གཡས་ལོགས་མཐོ་ཞིང་ཆེ་བ་དང༌། དེ་བཞིན་དུ་མངལ་ཀུན་ནས་ཟླུམ་པར་གནས་ན་བུ་སྐྱེ་བར་འགྱུར་རོ། །གཞན་དུ་བུ་མོར་འགྱུར། །གང་ཡང་སྐྱེས་པ་ཕྲད་འདོད་དང༌། །གླུ་གར་རོལ་མོ་ལ་དགའ་དང༌། །དྲི་དང་ཕྲེང་ཆགས་བུ་མོ་སྐྱེ། །ཞེས་བྱ་བ་ལ། བུ་སྐྱེ་བའི་མཚན་ཉིད་དང་མི་མཐུན་པ་དེ་ནི། གཞན་དུ་ཞེས་བྱ་བ་ལ། དེ་ཡང་དངོས་སུ་ནུ་མ་གཡོན་པ་ནས་དང་པོ་ཞོ་བྱུང་བ་ལ་


DTG201_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་བུ་མོ་སྐྱེ་བའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་གཞན་ཡང་སྦྲུམ་མ་གང་སྐྱེས་པ་དང་ཕྲད་ཅིང་འདོད་པ་སྤྱོད་ཅིང་ལྷག་པར་དགའ་བ་དང༌། གར་ལ་སོགས་པ་ལ་དགའ་བ་དེ་ཡང་བུ་མོ་སྐྱེ་བར་འགྱུར་རོ། །དེ་འདྲེས་པས་ནི་མ་ནིང་འགྱུར། །དཀུ་ཡི་དབུས་ནི་མཐོ་བ་ཡིན། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྐྱེས་པ་དང་བུ་མོ་སྐྱེ་བའི་མཚན་ཉིད་གཉི་ག་ལ་སྙེགས་ཏེ། མཚན་ཉིད་དེ་ཉིད་འདྲེས་པ་དང་ལྡན་པའི་བུ་ནི་མ་ནིང་དུ་བཙས་པར་འགྱུར་རོ། །མ་ནིང་དེ་མངལ་ན་གནས་པའི་ཚེ་མའི་དཀུའི་ཕྱོགས་སུ་དབུས་མ་མཐོ་ཞིང་ཆེ་བར་འགྱུར་རོ། །མཚེ་མ་ལོགས་གཉིས་མཐོ་བས་ན། །ལྟེ་བ་དམའ་བར་འདུག་པ་ཡིན། །ཞེས་བྱ་བ་ལ། མཚེ་མ་སྟེ་མངལ་ན་གནས་པའི་སེམས་ཅན་གཉིས་སྐྱེ་བར་འགྱུར་བའི་མཚན་ཉིད་ནི་ལོགས་གཉིས་མཐོ་བས་ལྟེ་བའི་ཕྱོགས་དམའ་ཞིང་ལུང་པ་ལྟར་འདུག་པ་ཡིན་ནོ། །དགུ་པའི་དང་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། །ཕུན་ཚོགས་ལྡན་པའི་དགེ་བའི་ཞག །དེ་ནི་བཙས་ཁྱིམ་ཞུགས་པར་བྱ། །ཞེས་བྱ་བ་ལ། ཟླ་བ་དགུ་པའི་ཚིགས་ཀྱི་དང་པོ་ནས་བརྩམས་ཏེ། སྦྲུམ་མ་དེ་བཙས་པའི་ཁྱིམ་གྱི་གནས་སུ་གནས་པར་བྱ་ལ། ཁྱིམ་དེ་ཡང་དང་པོར་ས་ཕྱོགས་ཤིས་པའི་ཁྱིམ་པའི་དཔྱད་ཀྱི་ཆོ་ག་ཤེས་པས་ལེགས་པར་བརྟགས་པར་བརྩིགས་པ་དང༌། ཡོ་བྱད་དགོས་པ་གང་དག་ཡིན་པ་དེ་ཕུན་སུམ་ཚོགས་པ་དང་ལྡན་པར་དགེ་བའི་ཞག་སྟེ། གཟའ་དང་རྒྱུ་སྐར་དང་བྱེད་པ་བཟང་པོའི་ཞག་ལ་དེ་ཁང་པ་དེར་གཞུག་པར་བྱའོ། །དེར་ནི་བུད་མེད་བཙའ་མྱོང་བས། །བསྐོར་ཏེ་བཙའ་བའི་དུས་པར་བསྡད། །ཅེས་བྱ་བ་ལ། གནས་དེར་བུད་མེད་སྦྲུམ་མ་དེ་སྔར་ལན་མང་དུ་བཙའ་མྱོང་ཞིང༌། དེའི་བྱ་བ་ལ་མཁས་པའི་བུད་མེད་རྣམས་ཀྱིས་ཀུན་ནས་བསྐོར་ཏེ་གནས་ལ་བསྡད་པར་བྱའོ། །དེང་ངམ་སང་ནི་བུ་བཙས་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད་དུབ། །སྨད་དུ་ལྕི་ཞིང་ཡི་ག་འཆུས། །མཆིལ་མ་མང་ཞིང་གཅིན་མང་འབྱུང༌། །བརླ་དང་རྐེད་པ་ལྟོ་དང་རྒྱབ། །སྙིང་དང་ཆུ་སོ་བརླ་རྩ་ན། །མཚན་བྱེ་ན་ཞིང་ཟུག་བ་དང༌། །འགུལ་ཞིང་འཛག་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། དེ་ལྟར་གནས་པ་ལས་དེང་ངམ་སང་བུ་བཙས་པར་འགྱུར་བ་


DTG201_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིན་ཏུ་ཉེ་བའི་རྟགས་ནི། སྦྲུམ་མ་དེ་སྙོམ་ཞིང་རྨྱ་ལ་དགའ་བ་ཆུང་བ་དང༌། དཀུ་དང་མིག་ལྷོད་ཅིང་རང་གི་གནས་ལས་འགུལ་ཞིང་བསྐྱོད་པ་ལྟ་བུར་འགྱུར་བ་དང༌། དྲག་ཤུལ་གྱིས་ངལ་བའི་རྒྱུ་མེད་པར་དུབ་པར་འགྱུར་བ་དང༌། ལུས་ཀྱི་རོ་སྨད་ལྕི་ཞིང་འདེགས་པར་དཀའ་བ་དང༌། ཡི་ག་འཆུས་ཤིང་ཟས་མི་འདོད་པ་དང༌། བད་ཀན་དང་མཆིལ་མ་ཁ་ནས་འཛག་པ་མང་བ་དང༌། གཅིན་མང་པོ་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་བརླ་ལ་སོགས་པའི་ལས་ཀྱི་ཕྱོགས་སུ་ན་ཞིང་ཟུག་པ་དང༌། མཚན་བཀས་པ་ལྟར་འབྱེད་པ་དང༌། རྒྱུན་མི་འཆད་པར་དེ་ན་ཞིང་སྐྱེ་བ་ཉིད་ལྟར་ཟུག་པ་དང༌། མངལ་གྱི་སྒོ་འགུལ་བ་དང༌། བེའུ་སྣབས་དང་ཁྲག་ལ་སོགས་པ་འཛག་པར་འགྱུར་བ་ཡིན་ནོ། །རང་དབང་མེད་འགྱུར་རྗེས་སུ་ནི། །དེ་འོག་མངལ་གྱི་ཆུ་འཛག་འགྱུར། །ཞེས་བྱ་བ་ལ། ལུས་སྙོམ་པ་ནས་མཚན་འབྱེ་བའི་བར་རང་དབང་མེད་པར་འགྱུར་བའི་ནད་དུ་མ་བྱུང་བའི་རྗེས་ལ། དེའི་འོག་ཏུ་མངལ་གྱི་ཆུ་འཛག་ཅིང་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ནས་མངལ་ནས་ལས་བྱུང་རྩོམ། །བཀྲ་ཤིས་བསྲུང་བའི་ཆོ་ག་བྱ། །ལག་པར་འབྲས་བུ་སྐྱེས་མིང་གཞག །ལེགས་བསྐུས་ཆུ་ནི་དྲོན་མོ་བླུགས། །མར་དང་བཅས་པའི་ཐུག་པ་བླུད། །དེ་འོག་ས་ལ་མལ་བཅས་འདུག །བརླ་གཉིས་བཀུག་སྟེ་གན་རྐྱལ་གནས། །ཡན་ལག་ཡང་དང་ཡང་དུ་བསྐུ། །ལྟེ་བ་མན་ཆད་མཉེ་བྱ་ཞིང༌། །གླལ་དང་འཆག་པ་བྱེད་དུ་གཞུག །ཅེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་དུ་གཟུང་ངོ། །མངལ་ནས་བྱུང་བར་རྩོམ་པ་ནི། །འབྱུང་བའི་དུས་དང་ཉེ་བའོ། །བཀྲ་ཤིས་པའི་བསྲུང་བ་བྱ་བ་ནི། དཔུང་པ་ལ་སོགས་པར་སྲུང་སྐུད་གདགས་ཤིང་བཀྲ་ཤིས་པའི་ཆོ་ག་བྱ་བ་དང༌། ལག་པར་འབྲས་བུ་སྐྱེས་པའི་མིང་དང་ལྡན་པ་སྟར་ག་དང་གླ་གོར་ཞོ་ཤ་ལ་སོགས་པ་གཞག་པ་དང༌། སྣུམ་གྱིས་ལེགས་པར་བསྐུ་བ་དང༌། རོ་སྨད་དུ་ཆུ་དྲོན་པོ་བླུགས་པ་དང༌། དེ་བཞིན་དུ་མར་དང་བཅས་པའི་ནས་ཐུག་བླུད་པར་བྱའོ། །དེ་ནས་དེའི་འོག་ཏུ་ས་ལ་མལ་བཅས་པར་འདུག་ལ། བརླ་གཉིས་བཀུག་ཅིང་བསྐུས་ལ་གན་རྐྱལ་དུ་གནས་པར་བྱ་བ་དང༌།


DTG201_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རླུང་ལྡང་ཞིང་འཁྲུགས་པའི་འཇིགས་པ་ཡོད་པས། དེ་ཡང་དང་ཡང་དུ་མཉེ་ཞིང་སྣུམ་གྱིས་བསྐུ་བར་བྱའོ། །ལྟེ་བ་མན་ཆད་བདེ་བར་མཉེ་བར་བྱ་བ་དང༌། གླལ་དང་འཆག་པ་དག་ཀྱང་བདེ་བར་བྱེད་དུ་གཞུག་གོ །དེ་ལྟས་མངལ་གནས་ཐུར་དུ་འབྱུང༌། །དེ་རྟགས་སྙིང་ག་ལས་འཕོས་ནས། །མངལ་གནས་ལྟོ་བར་ཞུགས་ནས་སུ། །ཆུ་སོའི་སྟེང་ན་གནས་པར་འགྱུར། །ཞེས་བྱ་བ་ལ། ལས་སུ་བྱ་བར་བཤད་པ་འདས་མ་ཐག་པ་དེ་ལྟ་བུས་མངལ་ན་གནས་པའི་སེམས་ཅན་དེ་སྟེང་ནས་ཐུར་དུ་འབྱུང་ཞིང་འགྲོ་བ་དང༌། སྙིང་ག་ལས་འཕོས་ཏེ་ཆུ་སོའི་སྟེང་དུ་གནས་པར་བྱེད་དོ། །དེའི་མཚན་ཉིད་རྟགས་ནི་སྙིང་གནས་འཕོས་ཤིང་གནས་དེ་བོར་ནས་མངལ་ན་གནས་པ་དེ་ལྟོ་བར་ཞུགས་ཏེ་རིམ་གྱིས་བབས་ནས། ཆུ་སོ་ཞེས་བྱ་བ་ལྒང་པའི་ཐད་ཀར་གནས་པར་འགྱུར་རོ། །དེ་ནས་དབང་མེད་ནད་ལྡང་སྟེ། །མྱུར་དུ་ཁྲི་ལ་གཞག་པར་བྱ། །ཞེས་བྱ་བ་ལ། དེ་ནས་བཙས་པའི་དུས་སུ་བྱུང་བའི་དབང་མེད་པའི་ནད་དུ་མ་དང་ལྡན་པ་དེ་ལ་གོང་མ་དེ་དག་བྱས་པའི་རྗེས་ལ་སྦྲུམ་མ་དེ་མྱུར་བ་ཉིད་དུ་ཁྲིའི་སྟེང་དུ་གཞག་པར་བྱའོ། །དེ་འོག་མངལ་གནས་ལེགས་བཙིར་ནས། །དེ་ཡིས་མཚན་ནི་དབྱེ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མངལ་ནས་གནས་པ་དེ་རིམ་གྱིས་ཐུར་དུ་བཙིར་ནས། དེའི་མཚན་མོ་སྣུམ་དང་སྨན་བསྐུ་བ་ལ་སོགས་པས་བྱ་བ་ཉིད་དུ་བསྒྲུབ་པར་བྱའོ། །དང་པོར་དལ་གྱིས་བཙིར་བྱ་ཞིང༌། །བཙས་ཀར་དྲག་ཏུ་བཙིར་བར་བྱ། །ཞེས་བྱ་བ་ལ། དང་པོར་མངལ་ན་གནས་པ་དེ་དལ་བུས་རིམ་གྱིས་བཙིར་བར་བྱ་ཞིང་མངལ་ན་གནས་པ་དེ་འབྱུང་ཁར་ནི་ཤིན་ཏུ་དྲགས་པར་བཙིར་བར་བྱའོ། །དེ་ཡང་མཚན་གྱི་སྒོར་ཕྱིན་པར་གྱུར་པ་ནས་བཙས་ཀྱི་བར་དུ་ཤིན་ཏུ་བཙིར་བར་བྱའོ། །དེ་ནས་བུ་སྐྱེའི་སྒྲ་དང་ནི། །ཆུ་དང་རླུང་གིས་དགའ་བ་སྐྱེད། །བཙས་པའི་ནད་ཀྱིས་གཟིར་པ་ཡིས། །སྲོག་བྲལ་འདྲ་བ་སླར་གསོ་བྱ། །ཞེས་བྱ་བ་ལ། སྦྲུམ་མ་དེ་བུ་འབྱིན་པར་བྱེད་པ་ན་བུ་སྐྱེ་བའི་སྒྲ་ཡང་དང་ཡང་དུ་བརྗོད་པར་བྱ་སྟེ། སྐལ་བ་ཅན་གྱི་བུ་སྐྱེས་སོ་སྐྱེས་སོ་ཞེས་ཡང་དང་ཡང་དུ་སྨྲ་བ་ལྟ་བུ་དང༌། དེ་བཞིན་དུ་ཆུ་གྲང་མོ་གཏོར་བ་དང༌། རླུང་ཡབ་ཀྱིས་གཡབ་


DTG201_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་དེ་ལ་དགའ་བ་སྐྱེད་ལ། བཙས་པར་གྱུར་པའི་ནད་ཀྱིས་གཟིར་ཅིང་ཉོན་མོངས་པར་སྲོག་དང་བྲལ་བ་འདྲ་བར་སྣང་བ་དེ་སླར་གསོ་ཞིང་དབུགས་དབྱུང་བར་བྱའོ། །མངལ་དུ་ཐོགས་ན་སྦྲུལ་ནག་པོའི། །པགས་པས་མོ་མཚན་བདུག་པར་བྱ། །ཞེས་བྱ་བ་ལ། བུ་བཙས་པ་ན་མངལ་དུ་ཐོགས་ཤིང་འབྱུང་དཀའ་བར་གྱུར་བ་ན། སྦྲུལ་ནག་པོའི་པགས་པ་མེར་བསྲེགས་པས་མོ་མཚན་བདུག་པར་བྱའོ། །བྱ་རྣུའི་མེ་ཏོག་རྩ་བའམ། །ལྕམ་པའམ་ཡང་ན་བྱི་ཤ་ལྱ། །རྐང་བའམ་ལག་པར་གདགས་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་མངལ་ནས་བུ་མ་ཐོན་པ་ལ། བུ་ཝརྞ་པུཥྤ་ཞེས་བྱ་བ་བྱ་རྣུའི་རྩ་བ་དང༌། མེ་ཏོག་དང༌། ལྕམ་པ་དང༌། བྱི་ཤ་ལྕགས་ཞེས་བྱ་བ་གང་ཡང་རུང་བ་རྐང་པའམ་ལག་པར་གདགས་ཤིང་བཅིང་བར་བྱའོ། །ཤ་མ་དབྱུང་བའི་ཕྱིར་ཡང་ནི། །དེ་དག་ཉིད་བྱ་དེ་ནས་བཏེག །དཔུང་པ་གཉིས་ནས་བཟུང་སྟེ་སྦྲུག །རྟིང་པས་མཇུག་ཏོ་བརྡེག་པ་དང༌། །རྐུབ་ཚོས་དམ་དུ་བཙིར་བར་བྱ། །སྐྲ་ཡིས་ལྐོག་མ་རྐན་རེག་བྱ། །སྣུ་ཧའི་འོ་མ་སྤྱི་བོར་བླུགས། །ཞེས་བྱ་བ་ལ། བུ་མ་ཕྱིན་པ་ལ་བྱ་བའི་ཆོ་ག་གང་ཡིན་པ་དེ་ཉིད་ནི། ཤ་མ་ཐོགས་ཏེ་མ་ཕྱིན་པ་ལ་ཡང་དེ་དབྱུང་བར་བྱ་བའི་ཕྱིར་དེ་དག་ཉིད་བྱ་བ་དང༌། གཞན་ཡང་བུ་བཙས་པའི་བུད་མེད་དེ་དལ་གྱིས་བཏེག་ལ། དཔུང་པ་གཉིས་ནས་བཟུང་སྟེ་སྤྲུག་ཅིང་བསིག་པར་བྱ་བ་དང༌། དེ་བཞིན་དུ་རྟིང་པས་བུ་བཙས་པའི་མཇུག་ཏོར་བརྡེག་ཅིང་བསྣུན་པ་དང༌། དེ་བཞིན་དུ་རྐུབ་ཚོས་གཉིས་ནས་བཟུང་སྟེ་དམ་དུ་བཙིར་ཞིང་མནན་པར་བྱའོ། །དེ་བཞིན་དུ་བཅས་པའི་སྐྲའི་ཚོམས་ཀྱི་ལན་བུ་གཅིག་དྲངས་ཏེ། རྣ་བ་དང་རྐན་ལ་རེག་ཅིང་བྱུག་པར་བྱ་བ་དང༌། དེ་བཞིན་དུ་སྤྱི་བོར་ཤིང་སྣུ་ཧའི་འོ་མ་བླུགས་པར་བྱའོ། །སྟག་པ་ཀུ་བ་ལངྒ་ལི། །སྦྲུལ་ལྤགས་རུ་རྟ་ཡུངས་ཀར་རྣམས། །རེ་རེའམ་གཉིས་སམ་མ་ལུས་པས། །མོ་མཚན་བྱུག་པའམ་བདུག་པར་བྱ། །ཞེས་བྱ་བ་ལ། སྟག་པ་ལ་སོགས་པའི་སྨན་སྣ་རེ་རེའམ་གཉིས་གཉིས་སམ་ཐམས་ཅད་དང་བསྲེས་པ་ཆུ་བཏགས་སུ་བྱས་པས་བྱུག་པར་བྱ་བའམ། དེ་དག་མེ་ལ་བསྲེགས་པའི་དུད་པས་བདུག་པར་བྱའོ། །ཀུ་བ་ནི་ཁ་བོའོ། །ལངྒ་ལི་ནི་བྱི་ཤ་ལྱའོ། །


DTG201_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རྟའམ་བལ་བུའི་ལྡེ་གུ་ནི། །ཆང་དངས་དང་ནི་བླུད་པར་བྱ། །ཀུ་ལངྠའམ་བལ་བ་ཛ། །ཆང་རྙིང་དག་ལ་བཏབ་སྟེ་བླུད། །ཅེས་བྱ་བ་ལ། རུ་རྟ་དང་བལ་བུའི་ལོ་མ་ཆུ་འཐགས་སུ་བཏགས་པའི་ལྡེ་གུ་ཆང་གི་དངས་མ་དང་བསྲེས་ཏེ་བུད་མེད་དེ་ལ་བླུད་ན་ཡང་ཤམ་ཕྱིན་པར་འགྱུར་རོ། །ཡང་ན་ལྡེ་གུ་དེ་ཉིད་རྒྱ་སྲན་ཀུ་ལངྠ་བཙོས་པའི་ཁུ་བའམ་བལ་བ་ཛའི་ཁུ་བ་རྙིང་པའི་ནང་དུ་བཏབ་སྟེ་བླུད་ན་ཡང་ཤ་མ་ཕྱིན་པར་འགྱུར་རོ། །ཤུ་ཏི་ཡུངས་ཀར་ཟིར་དང༌། །ཤི་ཀྲུ་ཏིག་སྣ་ཀྲུ་ཏྲུག་ཏྲེས། །ཤིང་ཀུན་རུ་རྟ་པོ་སོན་ཆ། །འོ་མ་བ་གཅིན་ཡུངས་མར་དང༌། །བསྐོལ་བ་བཤང་བའི་སྒོའམ་ནི། །མོ་མཚན་ནས་ནི་འཇམ་རྩི་བཏང༌། །ཞེས་བྱ་བ་ལ། ཤུ་ཏི་སྟེ་ཤ་ཏ་པུཥྤ་ལ་སོགས་པའི་སྨན་རྣམས་ལྡེ་གུར་བཏགས་པ་དང༌། འོ་མ་དང་བ་གཅིན་གཉིས་ཀ་དང༌། སྨན་ལྡེ་གུར་བྱས་པ་ལ་ཡུངས་མར་དང་བསྐོལ་བའི་སྨན་མར་དེ་བཤང་བའི་སྒོའམ། མོ་མཚན་ནས་འཇམ་རྩི་བཏང་ན་ཡང་ཤ་མ་ཕྱིན་པར་འགྱུར་རོ། །ཤུ་ཏི་ཆུ་དག་རུ་རྟ་དང༌། །ཡུངས་ཀར་པི་པི་ལིང་ལྡེ་གུ། །སྣུམ་དང་ལན་ཚྭར་བཅས་པ་ཡི། །མས་གཏོང་ཤ་མ་མྱུར་དུ་འབྱིན། །ཞེས་བྱ་བ་ལ། ཡང་ཤུ་ཏི་ལ་སོགས་པ་སྨན་ལྡེ་གུར་བྱས་པ་སྣུམ་དང་ལན་ཚྭ་དང་བཅས་པའི་སྨན་གྱི་ནི་རུ་ཧ་མས་གཏོང་ན་ཡང་ཤ་མ་མྱུར་དུ་འབྱིན་པར་བྱེད་པ་ཡིན་ནོ། །དེར་ཐོགས་རྒྱུ་ནི་རླུང་ཡིན་ཏེ། །དེ་བཅོམ་ཤ་མ་མྱུར་དུ་འབྱུང༌། །ཞེས་བྱ་བ་ལ། གང་གི་ཕྱིར་ཤ་མ་དེ་ཐོགས་ཤིང་མ་ཕྱིན་པའི་རྒྱུ་ནི་རླུང་ཡིན་ལ། དེ་བས་ན་རླུང་དེ་སྨན་དང་སྣུམ་གྱི་ཆོ་ག་ལ་སོགས་པས་བཅོམ་ནས་ཤ་མ་མྱུར་དུ་འབྱུང་བར་འགྱུར་ཏེ། དེ་བས་རླུང་གཞོམ་པའི་ཕྱིར་འཇམ་རྩི་གཏང་བར་བྱའོ། །ཡང་ན་ལག་བཀྲུས་སེན་མོ་བྲེགས། །མཁས་པ་ཡིས་ནི་དྲངས་ཏེ་དབྱུང༌། །ཞེས་བྱ་བ་ལ། ཡང་ན་ཤ་མ་དེའི་བྱ་བ་ལ་མཁས་པའི་བུད་མེད་ལག་པ་སྣུམ་གྱིས་བསྐུས་ཤིང་སོར་མོ་ལེགས་པར་བྲེགས་པས་མངལ་གྱི་སྒོ་ནས་དྲངས་ཏེ་དབྱུང་བར་བྱའོ། །ཤ་མ་བྱུང་ན་མོ་མཚན་དང༌། །ཡན་ལག་ཏིལ་མར་གྱིས་བྱུགས་མཉེ། །ཞེས་བྱ་བ་ལ། ཐབས་དེ་དག་གིས་ཤ་མ་ཕྱིན་པར་བྱས་པའི་འོག་ཏུ་མོ་མཚན་ཏིལ་མར་གྱིས་བསྐུས་ཏེ་མཉེ་བ་དང༌། ཡན་ལག་རྣམས་ཀྱང་ཏིལ་མར་གྱིས་བསྐུ་ཞིང་མཉེ་བར་བྱའོ། །མངལ་ནད་གཟེར་ནི་ཆུ་སོ་མགོ །ལྟོ་བ་གཟེར་ལ་ཐལ་སྨན་


DTG201_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྣོན་པོ་ཞིབ་ཏུ་བཏགས་པ་དག །མར་རམ་ཆུ་ཚན་སྦྱར་བ་བླུད། །ཅེས་བྱ་བ་ལ། བུ་བཙས་པའི་ཚེ་སྐྱེ་བའི་མངལ་ནད་མགོ་དང་ཆུ་སོ་དང་ལྟོ་བར་གཟེར་བའི་བདག་ཉིད་ཅན། མ་ཀ་ལ་ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་ཞིབ་ཏུ་བཏགས་པ་མར་རམ་ཆུ་ཚན་དང་སྦྱར་ཏེ་དེ་བླུད་པར་བྱའོ། །འུ་སུ་བསྐོལ་ཆུ་བུ་རམ་དང༌། །ཚ་གསུམ་དྲི་བཟངས་གསུམ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་འུ་སུ་བསྐོལ་བའི་ཆུ་ལ་བུ་རམ་དང་ཚ་བ་གསུམ་དང་སྟེ། པི་པི་ལིང་དང༌། ན་ལེ་ཤམ་དང༌། བཅའ་སྒ་དང༌། དྲི་བཟང་གསུམ་པོ་ཤིང་ཚ་དང༌། གན་དྷ་བྷ་དྲ་དང༌། སུག་སྨེལ་བཏབ་པ་བླུད་པར་བྱ་སྟེ། དེ་ཡང་ཚ་བ་གསུམ་དང་དྲི་བཟངས་གསུམ་ཞོ་གཉིས། བུ་རམ་ཞོ་གཉིས་སྦྱར་བ་གཏང་བར་བྱའོ། །ཞེས་སྨན་པ་རྒན་པོ་དག་ཟེར་རོ། །དེ་ནས་བྱིས་པའི་ཉེར་སྤྱོད་ཀྱིས། །བྱིས་པ་མ་མས་སྐྱོང་དུ་གཞུག །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་དེ་ལས་གཞན་པའི་བུད་མེད་མ་མར་བྱས་པ་ལ་བྱིས་པ་སྐྱེས་མ་ཐག་གཏད་དེ། དེས་ཀྱང་བྱིས་པ་གསོ་བའི་ཉེ་བར་སྤྱོད་པའི་ཆོ་ག་དག་གིས་བསྐྱང་ཞིང་གསོ་བར་བྱའོ། །བུ་བཙས་བཀྲེས་ཡོད་ཏིལ་མར་དང༌། །མར་ལས་ཚད་ཆེན་བླུད་བྱ་བ། །ཚ་བ་ལྔའི་ཕྱེ་རན་བཏབ་སྦྱིན། །དེ་འོག་བུ་རམ་ཆུ་དྲོན་ནམ། །རླུང་འཇོམས་སྨན་བསྐོལ་ཆུ་བླུད་དེ། །དེས་ནི་རླུང་ནད་ལྡང་མི་འགྱུར། །ཁྲག་ངན་དག་ཀྱང་དག་པར་བྱེད། །རིམ་འདི་ཞག་ནི་གཉིས་གསུམ་བྱ། །ཞེས་བྱ་བ་ལ། དེ་ལྟར་བུ་བཙས་པའི་བུད་མེད་དེ་བཀྲེས་ཤིང་བྲུ་བ་ཚ་བ་ཡོད་པར་གྱུར་ན། ཏིལ་མར་རམ་མར་གང་དང་འཕྲོད་ཅིང་གོམས་པ་ལས། སྔར་སྣུམ་གྱི་སྐབས་བཤད་པའི་ཚད་ཆེན་པོ་གང་ཉིན་ཞག་གཅིག་གི་ཐུན་བརྒྱད་ཀྱིས་འཇུ་བར་འགྱུར་བ་དེ་བླུད་པར་བྱའོ། །དེ་ཡང་ཚ་བ་ལྔའི་ཕྱེ་མ་རན་ཙམ་བཏབ་པ་སྦྱིན་པར་བྱ་ལ། དེའི་འོག་ཏུ་བུ་རམ་དང་ཆུ་བསྐོལ་བ་བླུད་པའམ། རླུང་འཇོམས་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་དང༌། བསྐོལ་བའི་ཆུ་བླུད་པར་བྱའོ། །རྣམ་པ་དེ་ལྟ་བུའི་ཆོ་ག་བྱས་པ་དེས་ནི་རླུང་ནད་ལྡང་ཞིང་འཁྲུགས་པར་མི་འགྱུར་བ་དང༌། དེ་བཞིན་དུ་ཁྲག་ངན་པ་དང་བཅས་པ་དག་ཀྱང་དག་ཅིང་མེད་པར་བྱེད་བར་གྱུར་ཏེ། རིམ་པ་འདིས་ནི་ཞག་གཉིས་སམ་གསུམ་གྱི་བར་དུ་བྱ་བ་ཡིན་ནོ། །སྣུམ་མི་འཕྲོད་ལ་ཆོ་ག་འདི། །སྣུམ་མེད་


DTG201_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་བསྟེན་པར་བྱ། །ཞེས་བྱ་བ་ལ། སྣུམ་གྱི་ཆོ་ག་དང་མི་འཕྲོད་པའམ། བསྟེན་པར་མི་ནུས་པ་ལ། ཚ་བ་ལྔ་ལ་སོགས་པའི་ཆོ་ག་བཤད་མ་ཐག་པ་འདི་སྣུམ་དང་མ་སྦྱར་བར་སྨན་གྱི་ཆོ་ག་འབའ་ཞིག་བསྟེན་ཞིང་གོམས་པར་བྱའོ། །འཐུངས་ནས་ལྟོ་བ་ཏིལ་མར་དང༌། །མར་བསྐུས་ནས་ནི་གོས་ཀྱིས་དཀྲི། །ཞེས་བྱ་བ་ལ། བུ་བཙས་པ་དེས་སྨན་གྱི་སྦྱོར་བ་དེ་འཐུངས་ཟིན་པ་དང༌། དེའི་ལྟོ་བ་མར་དང་ཏིལ་མར་གྱིས་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་གོས་ཀྱིས་དཀྲི་བར་བྱ་སྟེ། དེ་ལྟ་བུས་ནི་རླུང་གི་ནད་ཀྱིས་སྐབས་མི་རྙེད་པའི་ཕྱིར་ཁོང་བར་གནོད་པ་སྐྱེད་པར་མི་འགྱུར་རོ། །ཞུ་ནས་ཁྲུས་བྱས་ཐུག་པ་ནི། །སྔར་བཤད་སྨན་དང་བསྐོལ་བ་བླུད། །ཅེས་བྱ་བ་ལ། སྣུམ་ཞུ་ཟིན་པ་དང༌། ཆུ་དྲོན་པོས་ཁྲུས་བྱས་ལ། ནས་ཐུག་སྔར་བཤད་པའི་སྨན་ཚ་བ་ལ་རླུང་འཇོམས་པའི་སྨན་གཞན་དག་དང་བསྐོལ་བ་བླུད་པར་བྱའོ། །ཞག་གསུམ་ཕན་ཆད་བི་ད་རི། །ལ་སོགས་སྨན་སྡེའི་ཁུ་བར་བསྐོལ། །ནས་ཐུག་ཕན་ཞིང་སྣུམ་མང་བའམ། །གོམས་པའི་དབང་ལས་འོ་ཐུག་བླུད། །ཞག་བདུན་ཕན་ཆད་དེ་ལ་ནི། །རིམ་གྱིས་བརྟ་བའི་ཆོ་ག་ཕན། །ཞེས་བྱ་བ་ལ། ཞག་གསུམ་འདས་པའི་རྗེས་ལ་ཡང་བཙས་པ་དེ་ལ་རིམ་གྱིས་ཟས་ཀྱི་ཆ་བསྟེན་པར་བྱའི། མོད་ལ་ཐ་མལ་པ་ལ་མི་དབབ་སྟེ། དེ་ཡང་དེ་ལ་ཁ་ཟས་དང་སྨན་བརྟ་བར་བྱེད་པ་དག་སྦྱིན་ཞིང༌། བི་ད་རི་ལ་སོགས་པའི་སྡེ་ཚན་དང་བསྐོལ་བའི་ནས་ཐུག་གམ། འོ་ཐུག་ཤིན་ཏུ་སྣུམ་མང་པོ་བཏབ་པ་བླུད་ལ། དེ་ཡང་གོམས་པའི་དབང་ལས་ནས་ཐུག་གམ། འབྲས་ཀྱི་འོ་ཐུག་གང་ཡང་རུང་བ་བླུད་པར་བྱའོ། །ཞག་ནི་བཅུ་གཉིས་མ་ལོན་པར། །ཤ་ནི་སྦྱིན་པར་མི་བྱའོ། །ཞེས་བྱ་བ་ལ། ཞག་བཅུ་གཉིས་མ་རྫོགས་ཀྱི་བར་དུ་བུ་བཙས་པའི་བུད་མེད་ལ་སྨན་པས་ཤ་སྦྱིན་པར་མི་བྱའོ། །ཞག་བཅུ་གཉིས་འདས་པའི་འོག་ཏུ་ནི་སྲོག་ཆགས་སྐམ་ས་ན་གནས་པའི་ཤ་ཁུ་ལ་སོགས་པ་མེ་དྲོད་ཀྱི་ཚད་ལས་ལྟོས་ཏེ་རིམ་གྱིས་སྦྱིན་པར་བྱའོ། །མངལ་དུ་འཕེལ་དང་བཙས་པའི་ནད། །གཤེར་དང་ཁྲག་འཛག་བཙིར་བ་ཡིས། །ནད་དེ་གསོ་དཀའ་ཡིན་པའི་ཕྱིར། །བཙས་ཚེ་འབད་དེ་རིམ་གྲོ་བྱ། །ཞེས་བྱ་བ་ལ། འདིར་བུ་བཅས་


DTG201_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུད་མེད་ནི་ཤིན་ཏུ་འབད་པ་དང་ལྡན་པས་རིམ་གྲོ་བྱ་ཞིང་གསོ་དགོས་ཏེ། གང་གི་ཕྱིར་མངལ་དུ་འཕེལ་བས་ལུས་ཟུངས་ཟད་ཅིང༌། ལྷོད་པར་བྱས་པ་ཉིད་དང༌། དེ་བཞིན་དུ་བཙས་པའི་ནད་འདྲེན་ཅིང་འབྱིན་པར་བྱེད་པའི་ནད་དང༌། གཤེར་བག་དང༌། ཁྲག་འཛག་པ་དང༌། དེ་བཞིན་དུ་པགས་པ་ལ་སོགས་པ་བཙིར་ཞིང་མཉེས་པས་བུ་བཙས་པའི་བུད་མེད་ཀྱི་ལུས་ནི་ཁྱད་པར་དུ་ཡང་གསོག་དང་ཁོང་སྟོང་ལྟ་བུ་ཡིན་པས། བཙས་པའི་ནད་ནི་ཤིན་ཏུ་གསོ་ཞིང་བཙས་པར་དཀའ་བའམ། གསོར་མི་རུང་བ་ལྟ་བུ་ཡིན་པས། དེའི་ཕྱིར་ཇི་སྐད་དུ་བཤད་པའི་ཆོགས་འབད་དེ་གསོ་ཞིང་རིམ་གྲོ་བྱའོ། །དེ་ལྟར་ཟླ་བ་ཕྱེད་དང་གཉིས། །ཁ་ཟས་བསྡམས་སོགས་དང་བྲལ་ནས། །བཙས་པའི་མིང་དང་བྲལ་བའམ། །ཟླ་མཚན་བྱུང་བར་གྱུར་བར་དུའོ། །ཞེས་བྱ་བ་ལ། རྣམ་པ་དེ་དག་གིས་བཙས་པའི་དུས་དེ་འདས་པར་གྱུར་པ་དང༌། རིམ་གྱིས་ཟླ་བ་ཕྱེད་དང་གཉིས་ལོན་པའི་འོག་ཏུ་ཁ་ཟས་མི་མཐུན་པ་བསྡམས་པ་ལ་སོགས་པ་དང་བྲལ་ཞིང་སྤངས་ནས་བཙས་པའི་མིང་མེད་པར་འགྱུར་ཏེ། བུ་བཙས་པ་ཞེས་བྱ་བའི་མིང་དང་བྲལ་བར་འདོད་དོ། །ཡང་དྲང་སྲོང་ལ་ལ་དག་ནི་ཡང་ཟླ་མཚན་བྱུང་ཞིང་མཚན་ནས་འཛག་པར་གྱུར་གྱི་བར་དུ་བུད་མེད་བཙས་པ་ཞེས་བྱ་ལ། དེ་ཕན་ཆད་དེའི་མིང་མེད་དོ་ཞེས་ཟེར་རོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། ལུས་ཀྱི་གནས་ལེའུ་དང་པོའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་ནི་འདི་ཡིན་ཏེ། བྱིས་པ་རུམ་དུ་ཆགས་སུ་ཟིན་ཀྱང་སྤང་བར་བྱ་བའི་ཟས་དང་སྤྱོད་ལམ་དང་སྨན་གང་ཡིན་པ་སྦྲུམ་མས་བསྟེན་ནས། དེས་མངལ་གྱི་གནས་ན་གནས་པ་ལ་ནད་འབྱུང་བའམ་འཆི་བར་འགྱུར་བ་ཡིན་པས་ན། དེ་གསོ་བར་བྱ་བའི་ཕྱིར་འདི་བརྩམས་པ་ཡིན་ནོ། །སྦྲུམ་མས་སྤང་བར་བྱ་བ་དག །བསྟེན་པའམ་ནད་ཀྱི་དབང་ལས་ནི། །ཟླ་མཚན་བྱུང་བའམ་གཟེར་ཞིང་ན། །ཕྱི་ནང་སྣུམ་དང་བསིལ་ཐབས་བྱ། །ཞེས་བྱ་བ་ལ། བུད་མེད་སྦྲུམ་མས་སྤང་བར་བྱ་བའི་


DTG201_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཉལ་པོ་བསྟེན་དྲགས་པ་དང༌། ངལ་དུབ་ལ་སོགས་པ་བསྟེན་པའམ། ནད་ཀྱི་དབང་ལས་ཟླ་མཚན་བྱུང་ཞིང་ཁྲག་འཛག་པར་འགྱུར་བའམ། ཡང་ན་ཆུ་སོའི་ངོས་གཉིས་དང༌། མཇུག་དོ་དང་མོ་མཚན་གྱི་སྒོ་ལ་སོགས་པར་གཟེར་ཞིང་ན་བར་གྱུར་ན། དེའི་ཚེ་ལུས་ཀྱི་ཕྱི་ནང་སྣུམ་ཞིང་བསིལ་བའི་ཐབས་སུ་བྱ་སྟེ། ཟས་དང་སྐོམ་དང་བསྐུ་བ་ལ་སོགས་པས་སྣུམ་པ་དང་བསིལ་བའི་བག་སྦྱར་བར་བྱའོ། །ཨུ་ཤིར་པདྨ་ཙནྡན་དང༌། །འོ་མ་ཅན་ཤིང་ཤུན་པ་ཡི། །ལྡེ་གུར་མར་ནི་བསྐུ་བ་དང༌། །རས་བལ་སྤངས་པ་བཤང་སྒོ་དང༌། །མོ་མཚན་གཉིས་སུ་ཐེམ་བུར་གཞུག །ཅེས་བྱ་བ་ལ། ཨུ་ཤི་རལ་སོགས་པའི་སྨན་རྣམས་ལྡེ་གུར་བྱས་པས་བྱུགས་ཤིང་ཤིན་ཏུ་སྤངས་པར་བྱས་པའི་རས་བལ་གྱི་ཐེམ་བུ་བཤང་སྒོ་དང་མོ་མཚན་གཉིས་སུ་གཞུག་ཅིང་ཉེ་བར་གཞག་པར་བྱའོ། །ཚིག་གི་དོན་ནི་གོ་བར་ཟད་དོ། །ལན་བརྒྱར་བཀྲུས་པའི་མར་གྱིས་ནི། །བསྐུ་བའམ་བུད་མེད་དེ་ཡི་ལུས། །ཨུ་ཤིར་ལ་སོགས་ཆུ་ནང་གཞུག །ཅེས་བྱ་བ་ལ། ལན་བརྒྱར་ཞེས་བྱ་བའི་སྒྲ་ནི་ལན་མང་དུ་བྱ་བའི་སྒྲ་ཉེ་བར་མཚོན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་ཆུའི་ནང་དུ་ལག་པས་ཡང་དང་ཡང་དུ་མཉེས་པའི་མར་གྱིས་བུད་མེད་ཀྱི་ལུས་བསྐུ་ཞིང་བྱུག་པ་དང༌། དེའི་ཆུ་དེ་ཨུ་ཤི་རལ་སོགས་པའི་ཆུར་དེ་གཞུག་ཅིང་ལུས་ནུབ་པར་བྱའོ། །ཁ་ར་སྦྲང་རྩི་ཀུ་མུ་ཏ། །པདྨ་ཨུཏྤལ་གེ་སར་ནི། །འོ་མའི་མར་སྦྱར་ཀ་ཤེ་རུ། །ཤྲྀང་ག་ཏ་ཀ་སྦྱིན་པར་བྱ། །ཞེས་བྱ་བ་ལ། འོ་མ་བསྲུབས་པ་ལས་བྱུང་བའི་མར་ནི་འོ་མའི་མར་ཏེ། ཁ་ར་དང་སྦྲང་རྩི་ལ་སོགས་པ་དང་ལྡེ་གུར་བྱས་ལ་བཟའ་བར་བྱ་བ་དང༌། དེ་བཞིན་དུ་སྨན་ཤྲྀང་ག་ཏ་ཀ་དང༌། ཀ་ཤེ་རུ་དག་དང་བཟའ་བར་སྦྱིན་པར་བྱའོ། །གནྡྷ་པྲི་ཡང་ཀུ་དང་ནི། །ཆུ་སྐྱེས་རྣམས་ཀྱི་རྩ་བ་དང༌། །ཨུ་དུམྺཱ་ར་གཞོན་ནུ་དང༌། །ལྡན་པའི་འོ་མ་སྐོམ་དུ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་གནྡྷ་པྲི་ཡང་ཀུ་ལ་སོགས་པའི་སྨན་གྱི་ལྡེ་གུའམ། ཕྱེ་མ་འོ་མར་བཅུག་པའམ། པྲི་ཡང་ཀུ་ལ་སོགས་པ་དང་ལྷན་ཅིག་བསྐོལ་བའི་འོ་མ་བླུད་པར་བྱ་སྟེ། ཆུ་སྐྱེས་ཀྱི་རྩ་བ་ནི་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་རྩ་བའོ། །ཨུ་དུམྺཱ་ར་གཞོན་ནུ་ནི་ཨུ་དུམྺཱ་རའི་འབྲས་བུ་མ་སྨིན་པ་ཆུང་བའོ། །སཱ་ལུའི་རྩ་བ་ཀ་ཀོ་ལ། །བ་ལ་གཉིས་


DTG201_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིང་མངར་དང༌། །བུ་རམ་ཤིང་དང་བསྐོལ་བ་ཡི། །འོ་མ་སཱ་ལུ་རྩ་སྣར་ཆན། །སྦྲང་རྩི་ཁ་རར་བཅས་པ་ནི། །སྐོམ་སའི་ཤ་ཁུ་ལྡན་པར་བཟའ། །ཞེས་བྱ་བ་ལ། སཱ་ལུའི་རྩ་བ་ལ་སོགས་པའི་སྨན་འོ་མའི་ནང་དུ་བཙོས་པའི་འོ་མ་དང་འབྲས་སཱ་ལུའི་རྩ་སྣར་གྱི་ཆན་སྦག་ཅིང་བཟའ་བར་བྱའོ། །བ་ལ་གཉིས་ནི་བ་ལ་དང༌། ཨ་ཏི་བ་ལའོ། །ཡང་ན་ནུས་པ་བསིལ་བ་དང་ལྡན་པ་སྦྲང་རྩི་དང༌། ཁ་ར་དང་བཅས་པའི་སཱ་ལུ་རྩ་སྣར་གྱི་ཆན་སྐམ་སའི་ཤ་ཁུ་དང་ལྡན་པ་ཅུང་ཟད་བཟའ་བར་བྱའོ། །ཁྲུས་སྨན་མ་གཏོགས་ཁྲག་མཁྲིས་ཀྱི། །གསོ་དཔྱད་བཤད་པ་ཐམས་ཅད་བྱ། །ཞེས་བྱ་བ་ལ། ཁྲུས་སྨན་གྱི་སྦྱོར་བ་མ་གཏོགས་པ་ཁྲག་དང་མཁྲིས་པ་གསོ་བའི་དཔྱད་དུ་བཤད་པའི་བྱ་བ་ཕྱི་ནང་ནས་བྱ་བ་གང་ཡིན་པ་ཐམས་ཅད་བྱ་སྟེ། དེ་ནས་བཀྲུ་སྨན་བཏང་བ་དང༌། སློན་སྨན་བཏང་བ་མ་གཏོགས་པ་ཁྲག་གསོ་བའི་ཆོ་ག་ཐམས་ཅད་བྱའོ། །ཟླ་གསུམ་མ་ཚང་བར་དུ་ནི། །ཁྲག་དགག་ཕྱིར་ནི་འབད་པར་བྱ། །ཞེས་བྱ་བ་ལ། ཟླ་མཚན་བྱུང་བ་དེ་ལ་ཟླ་བ་གསུམ་མ་ཚང་གི་བར་དུ་ཁྲག་དགག་པའི་ཆོ་ག་གོང་དུ་སྨོས་པ་དེ་དག་འབད་པས་བྱ་སྟེ། དེའི་ཚེ་ཤིན་ཏུ་སྙི་ཞིང་སྙིང་པོ་མེད་པའི་ཕྱིར། དེའི་ཚེ་ཕལ་ཆེར་མངལ་དུ་མི་འཆགས་པར་འགྱུར་རོ། །བེའུ་སྣབས་ལྡན་པའང་དགག་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་བེའུ་སྣབས་དང་ལྡན་པ་ལ་ཡང་དགག་པའི་ཆོ་ག་བྱ་སྟེ། འདིར་ཟླ་བ་གསུམ་རྫོགས་པ་ཡན་ཆད་མངལ་དུ་ལེགས་པར་ཆགས་པ་ཡིན་པས་དགག་པའི་ཚུལ་གྱིས་གསོ་བར་བྱའོ། །འདིའི་གསོ་བ་ནི་མི་མཐུན་བ་ཡིན་ཏེ། བེའུ་སྣབས་ཀྱི་གསོ་བ་ནི་རྩུབ་པ་དང༌། རྣོ་བ་དང༌། ཁ་བ་ལ་སོགས་པ་ཡིན་མོད་ཀྱི། དེ་ཁྲག་གི་གསོ་བ་དང་མི་མཐུན་ལ། ཁྲག་གི་གསོ་བ་མངར་བ་དང༌། བསིལ་བ་ལ་སོགས་པ་བསྟེན་པ་ནི་བེའུ་སྣབས་དང་མི་མཐུན་པ་ཡིན་པས། དེའི་ཁྱད་པར་གྱི་གསོ་བ་སྨྲས་པ་ནི། དེར་ནི་བསེལ་ཕན་རྩུབ་པ་དང༌། །སྨྱུང་དང་གླ་སྒང་ཨུ་ཤི་ར། །སླེ་ཏྲེས་འུ་སུ་ཨ་ར་ལ། །བྱི་ཚེར་དང་ནི་པར་པ་ཏ། །ཙནྡན་པ་ལ་བོང་ང་དཀར། །བསྐོལ་བའི་ཆུ་ནི་བླུད་བར་བྱ། །རྩྭ་འབྲུ་ལས་གཡོས་ཟས་སྦྱིན་དང༌། །མུངྒ་སོགས་ཁུས་བེའུ་སྣབས་ནི། །བསལ་ལ་སྣུམ་སོགས་སྔོན་བཞིན་གཏང༌། །ཞེས་


DTG201_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ཏེ། བེའུ་སྣབས་རིགས་ཀྱི་ནད་བེའུ་སྣབས་ཅན་དེ་ལ་ནི་ཟས་དང་སྐོམ་ལ་སོགས་པ་བསིལ་བ་བསྐུ་ཞིང་བཏུང་བས་ཕན་པ་དང༌། དེ་ཡང་རྩུབ་སྟེ་རྣོ་བ་དང་བསྐ་བ་ལ་སོགས་པ་དང་ལྡན་པ་དང༌། དེ་བཞིན་དུ་སྨྱུང་བར་གནས་ཤིང་ཟན་བཅད་པ་དང༌། དེ་བཞིན་དུ་གླ་སྒང་ལ་སོགས་པའི་སྨན་དང་བསྐོལ་བའི་ཆུ་བླུད་པ་ཕན་པ་ཡིན་པས་དེ་བསྐོལ་བའི་ཆུ་བླུད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཨ་ར་ལ་ནི་ཀ་ཏང་གའོ། །གཞན་དག་ནི་གོ་བར་ཟད་དོ། །རྩྭ་འབྲུ་ནི་ཅི་ཙེ་དང་ཁྲེ་ལ་སོགས་པ་སྟེ། དེ་དག་གི་ཆན་མུངྒ་ལ་སོགས་པའི་ཁུ་བ་དང་སྦགས་པ་སྦྱིན་པར་བྱའོ། །སོགས་པའི་སྒྲས་ནི་སྲན་མ་ཙ་ན་ཀ་དང༌། སྲན་ཆུང་དང༌། སྲན་མ་ལ་སོགས་པའི་གོང་བུའི་འབྲུ་རྣམས་ཀྱི་ཁུ་བ་བསྡུའོ། །དེ་ལྟར་བེའུ་སྣབས་བསལ་ཞིང་མེད་པར་བྱས་ནས། སྔ་མ་བཞིན་དུ་སྣུམ་དང་དྲོ་བ་ལ་སོགས་པ་ཕྱི་དང་ནང་ནས་གཏང་བར་བྱའོ། །མངལ་ནི་རྣམ་པར་འཇིག་གྱུར་ན། །མངལ་ནང་དག་པར་བྱ་ཕྱིར་དང༌། །ནད་ཀྱིས་གཟིར་བ་མི་དྲན་ཕྱིར། །ཆང་རྣོ་ཅི་ནུས་བཏུང་བར་བྱ། །ཞེས་བྱ་བ་ལ། མངལ་མ་སྨིན་པར་འཇིག་ཅིང་ཟགས་པར་གྱུར་ན། ཆང་གང་ཡང་རུང་བ་ལས་ཆང་རྣོན་པོ་བཏུང་བར་བྱ་ལ། དེ་ཡང་ཅི་ཙམ་ནུས་ཤིང་ཡོག་པ་བཏུང་བར་བྱའོ། །ཅིའི་ཕྱིར་བཏུང་ཞེ་ན། མངལ་གྱི་ནང་ནས་ཉེས་པ་དག་ཅིང་སྦྱང་བར་བྱ་བའི་ཕྱིར་དང༌། ནད་ཀྱིས་གཟིར་བ་མི་དྲན་ཅིང་བརྣགས་ནུས་པའི་ཕྱིར་རོ། །དེ་ནས་རྩ་བ་ལྔ་པོ་ནི། །ཆུང་ངུའི་ཐུག་པ་རྩུབ་དེ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཆང་འཐུངས་པའི་རྗེས་ལ། རྩ་བ་ཆུང་ངུ་ལྔ་པོ་བྲི་ཧ་ཏི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་རྩུབ་ཅིང་སྣུམ་མེད་པའི་ནས་ཐུག་བླུད་པར་བྱའོ། །ཆང་མི་འཐུང་ལ་ཐུག་པ་ནི། །ཚ་བ་ལྔ་དང་བསྐོལ་བ་དང༌། །བིལ་བ་ལ་སོགས་ལྔ་དང་བསྐོལ། །ཏིལ་དང་རྩ་འབྲུའི་ཆན་སྦྱིན་བྱ། །ཞེས་བྱ་བ་ལ། གང་ཆང་འཐུང་བར་མི་བྱེད་པའི་བུད་མེད་དེ་མངལ་འཇིག་པར་གྱུར་ན། ཚ་བ་ལྔའི་ལྡེ་གུ་དང་སྦྱར་ཏེ་བསྐོལ་བ་དང༌། བིལ་བ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་བསྐོལ་བའི་ཁུ་བ་དང་བཅས་པའི་ཏིལ་དང༌། རྩྭ་འབྲུའི་ཆན་སྦྱིན་པར་བྱའོ། །ཟླ་བ་དང་མཉམ་ཉིན་ཞག་རིམ། །མངལ་འཇིག་པ་ལ་ཐུག་སོགས་སྦྱིན། །ཞེས་བྱ་བ་ལ། མངལ་འཇིག་པའི་བུད་མེད་ལ། ཟླ་བ་དུ་


DTG201_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་ནས་མངལ་འཇིག་པར་གྱུར་པའི་གྲངས་དང་ཉིན་ཞག་གི་གྲངས་སུ་སྦྱར་ཏེ། ཞག་དེ་སྲིད་ཀྱི་བར་དུ་ཐུག་པ་ལ་སོགས་པ་སྦྱིན་པའི་ཆོ་ག་བྱའོ། །ཡང་ཞིང་སྣུམ་དང་ལན་ཚྭ་མེད། །དྲོད་སྐྱེད་ལྡན་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། ཐུག་པ་དེ་ཡང་རྫས་རང་བཞིན་གྱིས་ཡང་བ་དང༌། ཚད་ཆུང་བར་བྱས་པ་ཡང་བར་བྱ་བ་དང༌། སྣུམ་བག་དང་ལན་ཚྭ་མེད་པ་དང༌། དྲོད་སྐྱེད་པའི་སྨན་ཚ་བ་ལྔ་དང༌། ན་ལེ་ཤམ་ལ་སོགས་པ་བཏབ་པ་དག་དེ་ལ་ཕན་པ་ཡིན་ནོ། །ནད་དང་ལུས་ཟུངས་ལྗན་ལྗིན་ནི། །བསྐམ་ཕྱིར་ཆོ་ག་འདི་བྱའོ། །ཞེས་བྱ་བ་ལ། གོང་དུ་བཤད་པའི་ཆོ་ག་བྱས་པ་འདི་ནི་རླུང་ལ་སོགས་པའི་ནད་རྣམས་དག་ཅིང་སྦྱང་བར་བྱ་བའི་ཕྱིར་དང༌། དེ་བཞིན་དུ་མངལ་གྱི་ལྗན་ལྗིན་བསྙོམ་པར་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །དེ་ཕན་ཆད་ཟས་སྣུམ་འཇམ་རྩི། །སྟོབས་སྐྱེད་དྲོད་སྐྱེད་འཚོ་བྱེད་སྦྱིན། །ཞེས་བྱ་བ་ལ། ཆོ་ག་དེ་དག་བྱས་པའི་འོག་ཏུ་ཁ་ཟས་སྣུམ་བག་དང༌། ནི་རུ་ཧ་སྣུམ་ཅན་དང༌། འཇམ་རྩི་དང་སྟོབས་ལ་སོགས་པ་སྐྱེད་པ་འཚོ་བྱེད་ཀྱི་སྡེ་ཚན་དང་འོ་མ་ལ་སོགས་པ་སྦྱིན་པར་བྱའོ། །སྙིང་པོར་ལྡན་པས་ཆེར་སྐྱེས་ལ། །མོ་མཚན་ནས་ནི་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མི་ནུས་ལ། །ལྟོ་ན་འགུལ་དང་བཅས་པར་གནས། །དེ་ནི་སོ་ན་གནས་ཞེས་བྱ། །དེས་ནི་ལྟོ་བ་རྒྱས་མི་འགྱུར། །ཞེས་བྱ་བ་ལ། མངལ་ན་གནས་པ་གང་སྙིང་པོ་དང་ལྡན་ཞིང་དངོས་པོ་ཐམས་ཅད་ཀྱི་སྟོབས་ཐོབ་ལ་རྒྱས་ཤིང་ཆེར་སྐྱེས་པ་གྱུར་པ་ན། སྦྲུམ་མས་སྤང་བར་བྱ་བ་མ་སྤངས་པས་མོ་མཚན་ནས་ཁྲག་འཛག་ཅིང་ཟླ་མཚན་བྱུང་བར་གྱུར་ན། ཆེར་སྐྱེས་ཞིང་འཕེལ་བར་མི་ནུས་པ་ལྟོ་བ་ནས་འགུལ་ཞིང་གཡོ་བ་དང་བཅས་པས་གནས་པར་འགྱུར་ལ། དེ་ལྟ་བུའི་མངལ་དེ་ནི་སོ་ན་གནས་པ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དེ། རྒྱུ་དེས་ན་སྦྲུམ་མ་ལྟོ་རྒྱས་ཤིང་འཕེལ་བར་འགྱུར་རོ། །མྱ་ངན་སྨྱུང་དང་རྩུབ་སོགས་སམ། །ཡང་ན་མངལ་ནས་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མ་ནུས་ལ། །རླུང་འཁྲུགས་སྐེམ་ཞིང་སྐམས་གྱུར་པའི། །མངལ་དེ་ཀླུ་ཡི་ལྟོ་ཞེས་བྱ། །འདིར་ནི་ལྟོ་བ་རྒྱས་གྱུར་ཀྱང༌། །འགྲིབ་ཅིང་རིང་ཞིག་ལོན་ན་འཕར། །ཞེས་བྱ་བ་ལ། མྱ་ངན་ལ་སོགས་པ་རླུང་ནད་ལྡང་བར་གྱུར་


DTG201_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུས་རླུང་ནད་འཁྲུགས་ཤིང་ལྡང་བར་གྱུར་པའམ། ཡང་ན་མངལ་ནས་ཁྲག་ཤས་ཆེར་འཛག་པས་ཀྱང་རླུང་ནད་འཁྲུགས་ཤིང་སྐྱེ་བར་འགྱུར་ཏེ། དེས་ནི་མངལ་ན་གནས་པ་དེ་སྐེམ་ཞིང་ཉམ་ཆུང་བའམ། ཡང་ན་བསྐམས་པར་གྱུར་པས་ཡོངས་སུ་འགྲིབ་པར་འགྱུར་ཏེ། དེ་ལྟ་བུའི་མངལ་གྱི་གནས་སྐབས་དེ་ནི་ཀླུའི་ལྟོ་ཞེས་བྱ་བར་བཤད་ལ། ཀླུའི་ལྟོ་ཞེས་བྱ་བ་དེ་ནང་ན་གནས་ན་ལྟོའམ་ཀླུ་རྒྱས་པ་ལས་འགྲིབ་པར་འགྱུར་བ་དང༌། དེའི་ཚེ་འཕར་ཞིང་འགུལ་བ་ཡུན་རིང་ཞིག་ན་ཅུང་ཟད་འཕར་བར་འགྱུར་རོ། །དེ་གཉིས་བརྟ་དང་རླུང་འཇོམས་སྨན། །མངར་བ་དག་དང་བསྐོལ་བ་ཡི། །མར་དང་འོ་མ་ཚིམ་སྦྱིན་ཞིང༌། །སྐྱེས་མ་ཐག་བའི་ཤ་སྦྱིན་བྱ། །དེ་གཉིས་ཀྱིས་ནི་ཚིམ་བྱའི་ཕྱིར། །ཁྱོགས་དང་བཞོན་པར་བསྐྱོན་ཏེ་བསྐུལ། །ཞེས་བྱ་བ་ལ། སོ་ན་གནས་པ་དང༌། ཀླུའི་ལྟོ་ཞེས་བྱ་བའི་མངལ་གྱི་གནས་སྐབས་རྣམ་པ་དེ་གཉིས་ལ་མར་དང་འོ་མས་ཚིམ་ཞིང་ངོམས་པར་བྱས་ལ། དེ་ཡང་རོ་ཙ་བར་བྱེད་པ་དང་རླུང་འཇོམས་པར་བྱེད་པའི་སྨན་མངར་བ་རྣམས་དང་བསྐོལ་ཞིང་བཙོས་པ་སྦྱིན་པར་བྱ་བ་དང༌། དེ་བཞིན་དུ་མངལ་དེ་རྒྱས་པར་བྱ་བའི་ཕྱིར། རེའུ་ལ་སོགས་པ་བཙས་མ་ཐག་པའི་ཤའམ། དེ་བཞིན་དུ་མར་ལ་སོགས་པ་དེ་གཉིས་ཀྱིས་ཚིམ་ཞིང་ངོམས་པར་བྱ་བའི་ཕྱིར། ཁྱོགས་དང༌། རྟ་དང༌། གླང་པོ་ལ་སོགས་པའི་བཞོན་པ་ལ་བསྐྱོན་ཏེ། སྦྲུམ་མ་དེ་ཤུགས་ཀྱིས་དྲངས་ལ། རྒྱུན་མི་འཆད་པར་བསྐུལ་བར་བྱའོ། །སྔོན་པོ་ཞེས་བྱ་མི་འགུལ་ལ། །ཁྲ་དང་བ་ལང་ཉ་ཤ་དང༌། །སྒྲ་སྒྲོགས་བྱ་དང་རྨ་བྱ་ཡི། །ཤ་ཁུ་མར་ནི་མང་པོ་དང༌། །མོན་སྲན་གྲེའུ་དག་དང་ནི། །ལ་ཕུག་དག་གི་ཁུ་བ་བླུད། །ཅེས་བྱ་བ་ལ། མངལ་གྱི་གནས་ན། གནས་སྐབས་ནང་ན་མི་འགུལ་བ་ལ་ནི་སྔོན་པོ་ཞེས་བྱ་སྟེ། དེ་ལ་ནི་ཁྲ་ལ་སོགས་པའི་ཤ་ཁུ་ཞུན་མར་མང་པོ་བཏབ་པ་དང༌། དེ་བཞིན་དུ་མོན་སྲན་གྲེའུ་དང་ལ་ཕུག་བསྐོལ་བའི་ཁུ་བ་ལ་མར་མང་པོ་བཏབ་པ་བླུད་པར་བྱའོ། །བིལ་བ་གཞོན་ནུ་མ་ཤ་ཏིལ། །ཕྱེ་དང་འོ་མ་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་བིལ་བ་གཞོན་ནུ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བྱས་ལ། འོ་མ་དང་སྦྱར་ལ་བླུད་པར་བྱའོ། །བིལ་བ་གཞོན་ནུ་ནི་བིལ་བའི་འབྲས་བུ་


DTG201_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨིན་པ་གཞོན་ནུ་ལ་བྱའོ། །ཚིལ་བཅས་ཤ་དང་སྦྲང་ཆང་སྦྱིན། །རྐེད་པ་བསྐུ་བ་བསྟེན་པར་བྱ། །ཞེས་བྱ་བ་ལ། ཕྱུགས་གཞོན་བའི་ཚིལ་དང་བཅས་པའམ། སྦྲང་རྩིའི་ཆང་ངམ། རྒུན་ཆང་བྱིན་པར་བྱའོ། །དེ་བཞིན་དུ་ལྟེ་བའི་གནས་སུ་ཏིལ་མར་གྱིས་བསྐུ་ཞིང་བྱུག་པ་ཡང་རྒྱུན་དུ་བསྟེན་པར་བྱའོ། །འདིར་རྐེད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། དེ་བས་ན་ཆུ་སོ་དང་བརླ་དང་རྩིབ་ལོགས་དང་རྒྱབ་ཐམས་ཅད་དུ་ཡང་བསྐུ་བར་བྱའོ། །དེ་ནི་རྟག་ཏུ་དགའ་བསྐྱེད། །དེ་འདྲས་མངལ་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ། ཡང་སྦྲུམ་མ་དེ་ལུས་ཐམས་ཅད་དུ་སྐད་ཅིག་མ་རེ་རེ་ཞིང་ཅི་ནས་ཀྱང་སེམས་མགུ་ཞིང་དགའ་བ་སྐྱེ་བར་འགྱུར་བ་དེ་ལྟར་བྱ་སྟེ། ཚུལ་དེ་ལྟར་བྱས་པས་ནི་མངལ་དེ་འཕེལ་ཞིང་རྒྱས་པར་འགྱུར་རོ། །རྒྱས་པ་གཞན་དུ་ལོ་ཚང་ནས། །དཀའ་བས་བཙས་པའམ་སྐྱེ་མི་འགྱུར། །ཞེས་བྱ་བ་ལ། མངལ་རྒྱས་པ་དེ་ཇི་སྲིད་དུ་བཤད་པ་ལས་གོ་བཟློག་པའི་ཚུལ་དུ་བསྟེན་པས་ནི། ལོ་ཚང་བར་གྱུར་ནས་དཀའ་ཞིང་སྡུག་བསྔལ་བ་དང་བཅས་པས་མངལ་གྱི་སྒོ་ནས་སྐྱེ་ཞིང་འབྱུང་བར་འགྱུར་བའམ། ཡང་ན་སྐྱེ་བར་མི་འགྱུར་བར་མངལ་དེ་ཉིད་དུ་གནས་པར་འགྱུར་རོ། །སྦྲུམ་མ་རྟུག་པ་འགགས་གྱུར་ན། །སྣུམ་མམ་མཐུན་པའི་འཇམ་རྩི་ཡིས། །མྱུར་བ་ཁོ་ནར་གསོ་བར་བྱ། །གཞན་དུ་སྦྲུམ་མ་བུ་བཙས་འཆི། །ཞེས་བྱ་བ་ལ། གལ་ཏེ་སྦྲུམ་མ་རྟུག་པ་འགགས་པའི་ནད་ཀྱིས་བཏབ་ན། སྣུམ་གྱི་སྦྱོར་བས་མྱུར་དུ་གསོ་བར་བྱ་བ་དང༌། དེ་བཞིན་དུ་རྗེས་སུ་མཐུན་པའི་འཇམ་རྩི་གོང་དུ་སྨོས་པ་བཏང་བས་གསོ་བར་བྱ་སྟེ། གཞན་དུ་དེ་ལྟར་མ་བྱས་ན་སྦྲུམ་མ་བུ་དང་བཅས་པ་འཆི་བར་འགྱུར་རོ། །མངལ་དུ་ནད་རབ་བསགས་པས་སམ། །མི་མཐུན་པའམ་གནོད་གཞན་གྱིས། །ནང་དུ་ཤིན་ལྟོ་གྲང་ཞིག །རེངས་དང་སྦོ་དང་ནད་ཚབས་ཆེ། །མངལ་མི་འགུལ་དང་མགོ་འཁོར་སྐོམ། །དབུགས་འབྱིན་དགའ་ཞིང་དུབ་པ་དང༌། །དགའ་བ་མེད་ཅིང་མི་འགྱུར་དང༌། །དབང་མེད་ནང་ནི་མང་པོ་འབྱུང༌། །ཞེས་བྱ་བ་ལ། མངལ་གྱི་གནས་སུ་རླུང་ལ་སོགས་པའི་ནད་རྣམས་རབ་ཏུ་བསགས་ཤིང་ཉེ་བར་འཕེལ་བའི་ནད་ཤིན་ཏུ་སོགས་པ་དེ་ལས་མངལ་གྱི་གནས་སུ་ཞི་བར་འགྱུར་བའམ། དེ་བཞིན་དུ་མི་མཐུན་པའི་སྟེ། ཇི་སྐད་


DTG201_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཉལ་པོ་དྲགས་པ་ལ་སོགས་པའམ། གནོད་པའི་རྐྱེན་གཞན་རང་བཞིན་གྱིས་གནོད་པ་དང༌། དུས་ཀྱིས་གནོད་པ་དང༌། ཚད་ཆེས་པའི་གནོད་པ་ལས་གཞན་དག་བསྟེན་པའམ། ཡང་ན་སྔོན་གྱི་ལས་ཉེ་བར་བསགས་པའམ། མི་དགེ་བ་མ་དང་བུས་བྱས་པས་མངལ་གྱི་ནང་དུ་ཤི་བའི་དུས་བྱེད་པར་གྱུར་ན། སྦྲུམ་མའི་ལྟོ་གྲང་ཞིང་དྲོད་མེད་པ་དང༌། རེངས་ཤིང་འགྱུར་མི་ཤེས་པ་དང༌། སྦོ་ཞིང་རྐྱལ་པ་དབུགས་ཀྱིས་གང་བ་ལྟར་གནས་པ་དང༌། ནད་ཚབས་ཆེ་ཞིང་ཚོར་བ་དྲག་པོས་གཟིར་བ་དང༌། དེ་བཞིན་དུ་མངལ་གྱི་ནང་ན་གཡོ་ཞིང་འགུལ་བ་མེད་པར་གནས་པ་དང༌། མགོ་འཁོར་ཞིང་ན་བ་དང༌། སྐོམ་དད་ཆེ་བ་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་སྦྲུམ་མ་དེ་དབུགས་གྱེན་དུ་འབྱིན་པ་དཀའ་ཞིང་ཐོགས་པ་དང༌། ངལ་ཞིང་དུབ་པ་དང༌། དགའ་བ་མེད་ཅིང་སེམས་གདུང་བ་ལ་གནས་པ་དང༌། མངལ་ལ་སོགས་པ་ལ་མངོན་པར་མི་དགའ་བ་དང༌། མི་འགྱུར་ཞིང་གནས་ལས་འཕོས་པ་ལྟར་འགྱུར་བ་དང༌། དེ་བཞིན་དུ་དབང་མེད་པའི་ནད་བུ་བཙས་པའི་ཚེ་འབྱུང་བ་ལྟ་བུ་དུ་མ་ཞིག་འབྱུང་བར་འགྱུར་རོ། །དེ་ལ་ཆུ་དྲོན་བླུགས་པ་དང༌། །བུ་རམ་སྤང་མ་ལན་ཚྭར་བཅས། །བཏགས་བས་མོ་མཚན་བསྐུ་བ་དང༌། །ཤལ་མ་ལི་དང་ཟར་མ་ཡི། །ཁུ་བ་མར་དང་ལྡེ་གུར་བྱས། །ནང་དུ་ཡང་དང་ཡང་དུ་གཞུག །སྔགས་དང་ཤ་མ་འབྱིན་སྦྱོར་བྱ། །ཞེས་བྱ་བ་ལ། ནང་དུ་བུ་ཤི་བའི་བུད་མེད་དེ་ལ་ཆུ་དྲོན་པོ་ཅུང་ཟད་ཀྱིས་མཚན་གྱི་ཐོག་ཀོར་དུ་བླུགས་པ་དང༌། བུ་རམ་དང་སྤང་མ་དང་ལན་ཚྭར་བཅས་པ་བཏགས་པའི་ལྡེ་གུས་མོ་མཚན་ལ་བསྐུ་བར་བྱ་བ་དང༌། དེ་བཞིན་དུ་ཤལ་མ་ལི་དང༌། ཟར་མའི་ཁུ་བ་གཞུག་པར་བྱ་སྟེ། འདིར་ཤལ་མ་ལི་ལི་ཁུ་བ་ཞེས་བྱ་བ་ནི། མོ་ཙ་ར་སའི་ཁུ་བ་ལ་བྱ་སྟེ། ཁུ་བ་དེ་མར་དང་ལྷན་ཅིག་བཏགས་པའི་ལྡེ་གུར་བྱས་པས་མངལ་གྱི་ནང་བུ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་གཞུག་ཅིང་དགང་བར་བྱའོ། །གལ་ཏེ་བུ་ཤིམ་བྱུང་ན། །དེ་ནས་སྨན་པས་རྒྱལ་པོ་ལ། །ཞུས་ལ་དེ་འབད་མྱུར་དུ་དང་བྱུང༌། །ཤལ་མ་ལི་ནི་ཐང་ཆུ་མར། །བཅས་པས་ལག་པ་མོ་མཚན་བསྐུ། །ཞེས་བྱ་བ་ལ། གལ་ཏེ་དེ་ལྟར་ན་ཡང་བུ་ཤིང་མངལ་ནས་མ་བྱུང་ན། སྲིད་སྲུང་གི་རིག་བྱེད་ལ་སོགས་པའི་སྔགས་དང༌། དེ་


DTG201_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤ་མ་འབྱིན་པའི་སྐབས་སུ་བཤད་པའི་སྦྱོར་བ་བསྟེན་པ་དང༌། ལང་གུ་ལི་སོགས་པས་བདུག་ཅིང་བྱུག་པ་ལ་སོགས་པ་བྱའོ། །གལ་ཏེ་དེ་ལྟར་བྱས་ཀྱང་བུ་ཤི་བ་མ་བྱུང་ན། དེ་ནས་དེའི་འོག་ཏུ་སྨན་པས་རྒྱལ་པོ་ལ་འདི་ལྟར་བྱ་བ། འདི་ལྟ་བུས་ནི་མངལ་དུ་བུ་ཤི་བའི་བུད་མེད་ངེས་པར་འཆི་བར་འགྱུར་ན་ཇི་ལྟར་བགྱི་ཞེས་ཞུས་ལ། དེའི་བཀའ་ལུང་མཉན་པར་བགྱི་སྟེ། རང་གི་ཆད་པའི་གནོད་པ་སྤང་བའི་ཕྱིར་དེ་ལྟར་བྱས་ནས། དེའི་འོག་ཏུ་སྨན་པ་དེས་ཤིན་ཏུ་འབད་པ་དང་བཅས་པ་དང༌། དེ་ལ་མཁས་པའི་གྲོགས་པོ་དང་བཅས་པས་མངལ་ན་གནས་པ་དེ་མྱུར་དུ་དབྱུང་བར་བྱ་སྟེ། དེ་ཡང་ཤལ་མ་ལིའི་ཐང་ཆུ་མར་དང་བཅས་པས་སྨན་པའི་ལག་པ་དང༌། དེའི་མོ་མཚན་བསྐུ་ཞིང་བྱུག་པར་བྱའོ། །ལག་པས་དབྱུང་ནུས་དེ་ཉིད་ཀྱི། །ཞེས་བྱ་བ་ལ། གལ་ཏེ་མངལ་དུ་ཤི་བ་དེ་ལག་པས་དབྱུང་བར་ནུས་པ་ཡིན་ན། དེའི་ཚེ་ལག་པ་ཉིད་ཀྱིས་མྱུར་དུ་དབྱུང་བར་བྱས་ཏེ། །ལུས་ནི་ལེགས་པར་མི་གནས་ན། །གཅུས་ཤིང་བསྒྱུར་དང་བཟློག་པ་དང༌། །བཙིར་དང་འདེགས་གཞག་ལ་སོགས་ཀྱིས། །ལུགས་དང་མཐུན་པར་དྲངས་ནས་ནི། །མངལ་གྱི་སྒོར་ནི་དྲང་པོར་དྲང༌། །ཞེས་བྱ་བ་ལ། མངལ་ན་གནས་པའི་ལུས་ལེགས་པར་མི་གནས་ཏེ། དབྱུང་བ་བདེ་བར་མི་འདུག་ན་གཅུས་ཤིང་བསྒྱུར་བ་ལ་སོགས་པས་འབྱུང་བའི་སྒོ་ཅི་ལྟ་བ་བཞིན་དུ་ལེགས་པར་གཞག་ནས། མངལ་གྱི་སྒོར་ཕྱོགས་པར་བྱས་ནས་དྲང་པོར་འདུག་པ་དང་དྲང་བར་བྱའོ། །དེ་ཡང་གཅུས་ཤིང་བསྒྱུར་བ་ནི། བརླ་ནས་ཕན་ཚུན་གཅུས་ཤིང་བསྒྱུར་བ་དང༌། དེ་བཞིན་དུ་སྟེང་དུ་བཟློག་པ་དང༌། ཀུན་ནས་བཙིར་བ་དང༌། ཁྱད་པར་བརྡེག་ཅིང་གཞུག་པ་དང༌། སོགས་པ་ཞེས་བྱ་བས་ཐབས་གཞན་དག་ཀྱང་བློས་ལེགས་པར་བརྟགས་ལ་དྲང་བར་བྱའོ། །གང་ཞིག་རྐང་ལག་མགོ་བོ་ནི། །ཡོན་པོར་མངལ་དུ་གནས་གྱུར་དང༌། །རྐང་པ་གཅིག་ནི་མཚན་དུ་བྱུང༌། །གཉིས་པ་བཤང་སྒོར་ཆུད་ཡོན་པོ། །དེ་ནི་འགགས་པ་ཞེས་བྱ་སྟེ། །མཚོན་གྱིས་བཅད་པར་འོས་པ་ཡིན། །ཞེས་བྱ་བ་ལ། མངལ་དུ་ཤི་བ་གང་ཡིན་པ་དེ་རྐང་པ་དང་ལག་པ་དང་མགོ་བོ་ཀུན་ཀྱང་ཆ་མཉམ་པར་ཡོན་པོ་ཉིད་དུ་གནས་པར་


DTG201_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། དེ་བཞིན་དུ་མངལ་དུ་ཤི་བ་གང་རྐང་པ་གཅིག་ནི་མོ་མཚན་དུ་བྱུང་ལ། རྐང་པ་གཉིས་པ་བཤང་བའི་སྒོར་བྱུང་བར་གྱུར་པའི་ཡོན་པོ་དེ་ནི་འགགས་པ་ཞེས་བྱ་སྟེ། མངལ་དུ་ཐོགས་ཚབས་ཆེ་བ་ཡིན་པས་དེ་དག་ལག་པས་དབྱུང་བར་མི་ནུས་ཀྱིས། །དེ་ནི་གཙགས་སྤྱད་ཀྱི་མཚོན་གྱིས་བཅད་ནས་དབྱུང་བར་འོས་པ་ཡིན་ནོ། །ལས་དེར་དཀྱིལ་འཁོར་སོར་གདུབ་ཅན། །གཙགས་བུ་གཉིས་ནི་བསྔགས་པ་ཡིན། །ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་དབྱུང་བའི་གཙགས་བུའི་རྩེ་མོ་དཀྱིལ་འཁོར་ལྟ་བུ་དང༌། སོར་གདུབ་ཅེས་བྱ་བ་བསྔགས་པ་ཡིན་གྱི། འཕེལ་གཙགས་ལ་སོགས་པས་མི་བྱའོ། །འཕེལ་གཙགས་རྩེ་མོ་རྣོ་བས་ནི། །མངལ་དུ་གཏང་བར་མི་བྱའོ། །ཞེས་བྱ་བ་ལ། གང་གི་ཕྱིར་འཕེལ་གཙགས་ནི་རྩེ་མོ་རྣོ་ཞིང་འཛུག་པ་ཡིན་པས་ན། དེའི་མངལ་གྱི་ནང་དུ་དེས་གཅད་པའི་ལས་བྱར་མི་རུང་ངོ༌། །དང་པོར་མགོ་པོའི་ཐོད་པ་ནི། །ཕྱེ་ལ་རྣམ་པར་དབྱུང་བར་བྱ། །དེ་ནས་མཆན་ཁུང་བྲང་ཀོས་ཀོ །རྐན་གྱི་ཕྱོགས་ནི་གང་རུང་བར། །གཏད་དེ་མངལ་གྱི་ལྕགས་ཀྱུ་ནི། །བརྟན་པོ་དག་གིས་མཁས་པས་དྲང༌། །མགོ་བོ་མ་ཕྱེ་མིག་སྦུབས་དང༌། །མཁུར་ཚོས་ནས་ཀྱང་དྲང་བྱ་ཞིང༌། །ཕྲག་པ་ཐོགས་ན་དཔུང་བར་བཅད། །ཅེས་བྱ་བ་ལ། དེ་འབྱིན་པ་ན་དང་པོ་སྟེ་ཐོག་མ་ཁོ་ནར་མགོ་བོའི་ཐོད་པར་གཙགས་སྤྱད་ཀྱིས་ཕྱེ་ཞིང་དབྲལ་ལ། མགོ་བོ་དེ་མངལ་གྱི་ལྕགས་ཀྱུས་དབྱུང་བར་བྱའོ། །མགོ་མ་གཏུབས་ཤིང་མ་ཕྱེ་བ་ནི་རངས་པ་དབྱུང་བར་བྱ་སྟེ། དེ་བཞིན་དུ་དེ་ཡང་མཆན་ཁུང་ངམ། བྲང་ངམ་ཀོས་ཀོའམ། རྐང་ཡི་ཕྱོགས་གང་ཡང་རུང་བར་གཏད་ཅིང་ལས་ཀྱི་བྱ་བ་ལ་མཁས་པའི་སྨན་པས་མངལ་གྱི་ལྕགས་ཀྱུ་དེ་ཉིད་བརྟན་ཞིང་མི་འགྱུར་བ་དག་གིས་དྲང་བར་བྱའོ། །དེ་བཞིན་དུ་མགོ་མ་ཕྱེ་བ་དག་ལ་མིག་སྦུབས་གཉིས་དང༌། མཁུར་ཚོས་གཉིས་ནས་ཀྱང་མངལ་གྱི་ལྕགས་ཀྱུ་དེ་ཉིད་ཀྱིས་དྲང་བར་བྱའོ། །གལ་ཏེ་དེ་ཕྲག་པར་ཐོགས་ན་ཕྲག་པའི་ཕྱོགས་ཀྱི་དཔུང་བ་བཅད་ལ་དེ་དབྱུང་བར་བྱའོ། །ལྟོ་བ་རླུང་གིས་སྦོས་གྱུར་བ། །ནང་གྲོལ་དབྲལ་ཏམ་རྒྱུ་མ་ནི། །ཕྱི་རོལ་དུ་ནི་བཏོན་ཏེ་དབྱུང༌། །ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་ལྟོ་བ་རླུང་གིས་གང་ཞིང་སྦོས་


DTG201_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏེ། རྐྱལ་བ་དབུགས་ཀྱིས་གང་བ་ལྟར་འདུག་ན། ཤི་བ་དེའི་ལྟོ་སྦོས་པ་དབྲལ་ཏེ་དབྱུང་བར་བྱ་བའམ། རྒྱུ་མ་ཕྱི་རོལ་དུ་བཏོན་ལ་ལྷོད་ཅིང་སྙི་བར་གྱུར་པ་དང་དབྱུང་བར་བྱའོ། །རྐེད་པར་ཐོགས་ན་དེ་བཞིན་དུ། །དེ་ཡི་རུས་ཚིགས་དབྱེ་བར་བྱ། །ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་རྐེད་པར་ཐོགས་ཏེ་མ་ཐོན་ན་རོ་སྨད་ཀྱི་ལྷུ་ཚིགས་སྔ་མ་བཞིན་དུ་བཅད་ཅིང་ཕྱེ་ལ་དབྱུང་བར་བྱའོ། །རླུང་གི་དབང་གིས་ཡན་ལག་གང༌། །མངལ་དུ་ཐོགས་པ་དེ་དང་དེ། །དུམ་བུར་གཏུབས་ལ་ལེགས་ཕྱུང་སྟེ། །འབད་དེ་བུད་མེད་བསྲུང་བར་བྱ། །ཞེས་བྱ་བ་ལ། རླུང་གི་དབང་གིས་མངལ་དུ་ཤི་བ་དེའི་ཡན་ལག་གང་དང་གང་ཆགས་ཤིང་ཐོགས་པར་གྱུར་པ་དེ་དང་དེ་གཙགས་སྤྱད་ཀྱིས་དུམ་བུར་གཏུབས་ལ་ལེགས་པར་དབྱུང་བར་བྱའི། མ་བརྟགས་པར་བཅོལ་དུ་མི་བྱའོ། །དེ་བཞིན་དུ་མངལ་དུ་བུ་ཤི་བ་དེའི་མ་བུད་མེད་ནི་འབད་དེ་གནོད་པ་མེད་པར་བྱའོ། །རླུང་ནི་རྣམ་པར་འཁྲུགས་གྱུར་པས། །མངལ་གྱི་གནས་སྐབས་སྣ་ཚོགས་བྱེད། །དེ་ཕྱིར་དེ་ནི་མཁས་པ་ཡིས། །གནས་སྐབས་དག་ནི་བལྟས་ཏེ་སྤྱད། །ཅེས་བྱ་བ་ལ། གང་གི་ཕྱིར་རླུང་རྣམ་པར་འཁྲུགས་ཤིང་ལྡང་བར་བྱེད་པ་ན་མངལ་གྱི་གནས་སྐབས་སྣ་ཚོགས་ཤིང་དུ་མ་དག་སྐྱེད་པར་བྱེད་པ་ཡིན་པ། དེའི་ཕྱིར་རླུང་གིས་གནས་སྐབས་དུ་མར་བྱེད་པ་དེ་སྨན་པ་མཁས་ཤིང་ཤེས་རབ་དང་ལྡན་པ་དག་གིས་དེའི་གནས་སྐབས་དང་སྦྱར་ཏེ། འདིར་མ་སྨོས་པ་དག་ཀྱང་རིག་པས་བརྟགས་ཏེ་སྤྱད་པར་བྱའོ། །མ་དང་ལྷན་ཅིག་འཆི་འགྱུར་བས། །གསོན་པོ་མངལ་དུ་གཅད་མི་བྱ། །འཆི་བར་འགྱུར་བ་དག་ལ་ནི། །ཡུད་ཙམ་བཏང་སྙོམས་གཞག་མི་བྱ། །ཞེས་བྱ་བ་ལ། གནས་སྐབས་འགའ་ཞིག་ཏུ་ཚུལ་འགའ་ཞིག་ལས་བརྟགས་ཏེ། འདི་ནི་ནང་དུ་ཤི་བ་ཡིན་ནོ་སྙམ་ནས། མ་ཤི་བཞིན་དུ་གསོན་པོ་ལ་མངལ་དུ་གཅད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟར་བྱས་ན་དེ་མ་དང་ལྷན་ཅིག་འཆི་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཡང་སྦྲུམ་མ་མངལ་ན་གནས་པ་ཤི་བར་ངེས་པར་རྟོགས་པ་དག་ལ་ནི། ཡུད་ཙམ་སྐད་ཅིག་མ་གཅིག་ཙམ་མམ། མིག་བཙུམས་ཙམ་གྱི་བར་དུ་ཡང་བཏང་སྙོམས་སུ་གཞག་ཅིང་དོར་བར་མི་བྱའོ། །དེ་ལ་ནི་མྱུར་བ་ཉིད་དུ་གསོ་བའི་ཚོ་


DTG201_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ག་བྱའོ། །མོ་མཚན་འགགས་དང་ཉམས་པ་དང༌། །གཟེར་ནད་དབུགས་ཀྱིས་ཉམ་ཐག་དང༌། །སྒྲེགས་པ་མནམ་དང་ལུས་གྲང་བའི། །མངལ་དུ་བུ་ཤི་བུད་མེད་སྤང༌། །ཞེས་བྱ་བ་ལ། མངལ་དུ་བུ་ཤི་བ་གང་མོ་མཚན་འགགས་ཤིང་འདུས་པའམ། དེ་བཞིན་དུ་དེའི་མཚན་ཉམས་ཤིང་རང་གི་གནས་ལས་ཆགས་པའམ། གཟེར་ནད་མགོ་བོ་དང༌། ཆུ་སོ་དང་ལྟོ་བ་གཟེར་བའི་མཚན་ཉིད་ཅན་དང༌། དབུགས་བརྩེགས་པས་ཉམ་ཐག་པ་དང༌། སྒྲེགས་པ་མནམ་ཞིང་རུལ་བ་དང༌། ལུས་གྲང་ཞིང་དྲོད་ཡལ་བ་སྟེ། དེ་ལྟ་བུའི་མངལ་དུ་བུ་ཤི་བའི་བུད་མེད་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཤ་མ་མ་ཐོན་ན། །སྨན་པས་སྔོན་བཞིན་གདོན་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་མངལ་དུ་བུ་ཤི་བ་བྱུང་བའི་འོག་ཏུ་ཤ་མ་ཐོགས་ཤིང་མ་ཐོན་པར་གྱུར་ན། སྨན་པས་སྔར་ཤ་མ་དབྱུང་བའི་ཆོ་ག་ཇི་སྐད་བཤད་པ་ལྟ་བུས་དབྱུང་ཞིང་གདོན་པར་བྱའོ། །དེ་ལྟར་ཟུག་རྔུ་ཕྱུང་ནས་ནི། །ཆུ་དྲོན་གྱིས་ནི་བཀྲུ་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་རྣམ་པ་དེ་དག་གིས་ཟུག་རྔུ་ཕྱུང་ཞིང་མངལ་དུ་བུ་ཤི་བ་ཐོན་ནས་ཆུ་དྲོ་འཇམ་ཙམ་བླུགས་ཤིང་དེ་བཀྲུ་བར་བྱའོ། །ལུས་ལ་སྣུམ་གྱིས་བྱུགས་པ་དང༌། །མཚན་དུ་རས་བལ་སྣུམ་ཅན་གཞུག །དེས་ནི་མོ་མཚན་འཇམ་འགྱུར་ཞིང༌། །དེ་ཡིས་གཟེར་བ་ཞི་བར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ཆུ་དྲོན་པོས་བཀྲུས་པའི་འོག་ཏུ་བུད་མེད་ཀྱི་ལུས་ལ་སྣུམ་གྱིས་བྱུགས་པ་དང༌། མངལ་གྱི་མོ་མཚན་དུ་རས་བལ་སྣུམ་ཅན་གཞུག་པར་བྱ་སྟེ། རས་བལ་སྣུམ་ཅན་དེས་མོ་མཚན་དེ་འཇམ་ཞིང་མཉེན་པར་འགྱུར་བ་དང༌། དེ་བཞིན་དུ་དེའི་གཟེར་ཞིང་ན་བའི་བག་གང་དང་གང་ཡོད་པ་ཞི་ཞིང་མེད་པར་འགྱུར་རོ། །ལ་ལ་ཕུད་དང་བོང་ང་དཀར། །ར་སྣ་ཤིང་ཀུན་སུག་སྨེལ་དང༌། །ཚ་བ་ལྔ་ཡི་ཕྱེ་མ་སྣུམ། །སྦྱར་བའམ་ལྡེ་གུ་ཆུ་བསྐོལ་བླུད། །ཅེས་བྱ་བ་ལ། བུད་མེད་མངལ་དུ་བུ་ཤི་བ་བཏོན་པ་དེ་ལ་ལ་ལ་ཕུད་ལ་སོགས་པའི་ཕྱེ་མ་སྣུམ་དང་སྦྱར་བ་བླུད་པའམ། ཡང་དེ་དག་ཉིད་བཏགས་པའི་ལྡེ་གུ་ཆུ་དང་བསྐོལ་བའམ། ཡང་ན་སྨན་དེ་དག་ཆམ་ཆོམ་བརྡུངས་ཏེ་བསྐོལ་བ་བླུད་པར་བྱའོ། །དེ་ཡང་རང་བཞིན་དང་གོམས་པ་ལ་སོགས་པའི་དབང་གིས་མར་དང་སྦྱར་བར་


DTG201_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པ་སྦྱིན་པར་བྱའོ། །དེ་བཞིན་ནད་རྣམས་འཛག་པ་དང༌། །ཚོར་བ་ཞི་ཕྱིར་ཞག་གསུམ་ནི། །པུ་ཙེ་ཤེལ་དང་བོང་ང་དཀར། །བ་ཤ་ཀ་ཡི་ཤུན་པ་དང༌། །ཤིང་ཀུན་ཏེ་ཛོ་བ་ཏི་རྣམས། །བཏགས་པའི་ཕྱེ་མའམ་བསྐོལ་བ་བླུད། །ཅེས་བྱ་བ་ལ། སྔ་མ་བཞིན་དུ་ཁྲག་ལ་སོགས་པའི་ནད་རྣམས་འཛག་པར་བྱ་བའི་ཕྱིར་དང༌། དེ་བཞིན་དུ་ནད་ཀྱི་ཚོར་བ་ཞི་བར་བྱ་བའི་ཕྱིར། མངལ་དུ་ཤི་བའི་རོ་བཞིན་ཞག་གསུམ་གྱི་བར་དུ་པུ་ཙེ་ཤེལ་དང་བོང་ང་དཀར་པོ་ལ་སོགས་པའི་སྨན་རྣམས་ཕྱེ་མར་བཏགས་པའམ་ལྡེ་གུར་བྱས་པའམ། བསྐོལ་བ་སྣུམ་དང་བཅས་པ་བླུད་པར་བྱའོ། །དེ་ནས་ཞག་བདུན་བར་དུ་ནི། །སྣུམ་ཉིད་ཉེ་བར་བཏུང་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་ཞག་གསུམ་འདས་པ་དང༌། ཞག་བདུན་གྱི་བར་དུ་སྣུམ་ཉིད་བཏུང་བར་བྱའི། སྨན་རྩུབ་པ་གཞན་དག་ནི་བཏུང་བར་མི་བྱའོ། །དགོངས་ཀ་ཆང་ནི་རྙིང་པ་དང༌། །དེ་བཞིན་ལེགས་སྦྱར་ཆང་བཏུང་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་དགོངས་ཀ་ནི་ཆང་རྙིང་པ་བཟང་པོ་དང༌། སྨན་བསྐོལ་བ་ལས་བྱས་པའི་ཆང་གི་རྣམ་པ་བཏུང་བར་བྱའོ། །ཤིར་ཤ་ཀ་ཀུ་བར་བསྐོལ་སྦངས། །རས་བལ་མོ་མཚན་ནང་དུ་གཞུག །ཅེས་བྱ་བ་ལ། ཤི་རི་ཤ་ལ་སོགས་པ་བསྐོལ་བར་བཅུག་པའི་རས་བལ་དག་ཀྱང་མོ་མཚན་གྱི་ནང་དུ་གཞུག་པར་བྱའོ། །བླ་བརྣན་གཞན་དག་གང་བྱུང་བ། །དེ་ལ་རང་གི་གསོ་བས་གསོ། །ཞེས་བྱ་བ་ལ། མངལ་དུ་བུ་ཤི་བ་བཏོན་པ་དག་ལ་རིམས་ལ་སོགས་པ་བླ་བརྣན་གྱི་ནད་གཞན་གང་འབྱུང་བར་འགྱུར་བ་དེ་ལ་རང་རང་གི་གསོ་བ་གང་དག་ཡིན་པ་དེས་གསོ་བར་བྱའོ། །རླུང་འཇོམས་སྨན་ནི་འོ་མར་བསྐོལ། །ཞག་བཅུའི་བར་དུ་བཟའ་བ་ཕན། །ཞེས་བྱ་བ་ལ། རླུང་འཇོམས་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་འོ་མར་བསྐོལ་བ་དག་ཞག་བཅུའི་བར་དུ་བཟའ་ཞིང་བཏུང་བ་ཕན་པ་ཡིན་ཏེ། འདི་ནི་གོང་མའི་ཞག་བཅུ་འདས་ནས་ཞག་བཅུ་གཉིས་བ་ཡིན་པར་ཤེས་པར་བྱའོ། །ཞག་བཅུའི་བར་དུ་ཤ་ཁུ་བཏུང༌། །ཞེས་བྱ་བ་ལ། ཡང་བུད་མེད་དེ་ལ་ཞག་བཅུ་པ་གསུམ་པ་ལ་ནི་ཤ་ཁུ་བཏུང་ཞིང་སྦགས་ཏེ་བཟའ་བ་ཕན་པ་ཡིན་ནོ། །དེ་ཕན་ཆད་ནི་ཡང་ཞིང་ཕན། །ཉུང་དུ་བཟའ་ཞིང་སྣུམ་བསྐུ་དུགས། །བ་ལའི་ཏིལ་


DTG201_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལ་སོགས་བསྟེན། །ཞེས་བྱ་བ་ལ། དེ་ལྟར་ཟླ་བ་གཅིག་འདས་པ་དང༌། དེའི་འོག་ཏུ་བུད་མེད་ཡང་ཞིང་ཕན་པའི་ཟས་ཉུང་ཤས་བཟའ་བ་དང༌། བ་ལའི་ཏིལ་མར་ལ་སོགས་པའི་སྣུམ་གྱིས་བསྐུ་བ་འོག་ནས་བཤད་པ་བསྟེན་ཅིང་གོམས་པར་བྱའོ། །ཟླ་བ་བཞི་ལོན་ཕན་ཆད་དེ། །དེ་ནི་རིམ་གྱིས་ཅི་བདེར་སྤྱད། །ཅེས་བྱ་བ་ལ། དེ་ལྟར་ཟླ་བ་བཞི་ལོན་ཕན་ཆད་དེ་ཟླ་བ་ལྔ་པ་མན་ཆད་རིམ་གྱིས་ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་བསྡམ་པ་མེད་ཅིང་ཅི་བདེར་གནས་པ་ལ་བསྟེན་པར་བྱའོ། །བ་ལའི་རྩ་བའི་ཁུ་བ་ནི། །ཆུ་དྲུག་འོ་མ་དེ་མཉམ་དང༌། །ནས་དང་རྒྱ་ཤུག་ཀུ་ལངྠ། །རྩ་བ་བཅུ་པའི་ཆ་གཅིག་དྲུག །བསྐོལ་བའི་ཆ་ནི་ཆར་བྱས་པའི། །ཏིལ་མར་ཆ་ནི་བཅུ་བཞི་དང༌། །མེད་གཉིས་དང་ཐང་ཤིང་བཙོད། །རམ་ཉེ་བ་གཉིས་ཙནྡན་དང༌། །ཐལ་ཏྲེས་རུ་རྟ་ཛི་བ་ཀ །རྒྱ་སྤོས་རྒྱམ་ཚ་ཟངས་རྩིབ། །གླ་སྒང་རྡོ་དྲེག་ཤུ་དག་དང༌། །པུརྞ་རྣ་བ་ཨ་ག་རུ། །ཨ་ཤྭ་གནྡྷ་ཉེའུ་ཤིང་དང༌། །ཀྵི་ར་ཀུ་ཤུ་ཤིང་མངར་དང༌། །བ་ལ་ར་ས་ཤུ་ཏི་དང༌། །པརྞི་གཉིས་དང་སུག་སྨེལ་དང༌། །ཤིང་ཚ་གནྡྷ་བྷ་དྲ་རྣམས། །ཞིབ་ཏུ་བཏགས་པའི་ལྡེ་གུ་དང༌། །ཏིལ་མར་མེ་ཆུང་ལ་བསྐོལ་བ། །རླུང་ནད་ཐམས་ཅད་སེལ་བའི་མཆོག །བུ་བཙས་བྱིས་པ་རུས་པ་གནད། །སྣད་དང་སྐེམ་ལ་བསྔགས་པ་ཡིན། །རིམས་སྐྲན་གདོན་དང་སྨྱོ་བྱེད་དང༌། །གཅིན་ནད་རྒྱུ་མ་སྐྱེས་པ་སེལ། །ཐང་ལ་འབར་གྱིས་མངལ་གྱི་ནི། །ནད་རྣམས་སེལ་བའི་མཆོག་ཏུ་བསྔགས། །ཞེས་བྱ་བ་ལ། སྨན་པ་ལ་ནི་རྩ་བ་ཡིན་པས་ན་བ་ལའི་རྩ་བ་སྟེ། དེ་བསྐོལ་བའི་ཁུ་བ་ཆ་དྲུག་གཞུག་པར་བྱའོ། །དེ་བཞིན་དུ་འོ་མ་ཡང་དེ་དང་མཉམ་པ་སྟེ། ཆ་དྲུག་ཉིད་གཞུག་པར་བྱའོ། །ནས་ལ་སོགས་པ་གསུམ་པོ་ནི་བཞི་པ་རྩ་བ་བཅུ་བཞི་པའི་ཆ་གཅིག་གཞུག་པར་བྱའོ། །དེ་ལྟར་ཆ་བཅུ་གསུམ་དུ་འགྱུར་རོ། །ཏིལ་མར་ནི་ཆ་བཅུ་བཞི་གཞུག་བར་བྱ་སྟེ། གང་གི་ཚེ་ཏིལ་མར་སྲང་བཅུ་དྲུག་བསྐོལ་བ་དེའི་ཚེ། བ་ལའི་རྩ་བ་བསྐོལ་བའི་ཁུ་བ་སྲང་ཉི་ཤུ་རྩ་བཞི་གཞུག་བར་བྱ་ལ། ནས་ལ་སོགས་པའི་སྨན་བཞིའི་ཁུ་བ་ནི་སྲང་བཞི་གཞུག་པར་བྱའོ། །ཆུ་སྲང་བཞི་བརྒྱ་བཞི་བཅུ་རྩ་བརྒྱད་དང་བསྐོལ་ལ་དེའི་བཞི་ཆ་ལུས་པར་བྱས་པ་དང༌། སྲང་བརྒྱ་རྩ་བཅུ་


DTG201_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འགྱུར་རོ། །མེ་ད་གཉིས་ལ་སོགས་པའི་སྨན་རྣམས་ཀྱི་ལྡེ་གུ་ནི་སྨན་སྣ་རེ་རེ་ཡང་ཞོ་རེ་རེ་དང་ནམ་ཕྱེད་སྲན་མ་གཅིག་གི་ལྔ་ཆ་གཞུག་པར་བྱའོ། །མེད་གཉིས་ནི་མེད་དང་མ་ཧཱ་མེ་དའོ། །རམ་ཉེ་བ་གཉིས་ནི་ཀ་ཀོ་ལ་དང་ཀྵི་ར་ཀ་ཀོ་ལི་ཞེས་བྱ་བ་སྟེ། རམ་ཉེ་བ་འོ་མ་ཡོད་པ་དང༌། འོ་མ་མེད་པའི་དབྱེ་བས་ཕྱེ་བའོ། །པརྞི་གཉིས་ནི་མ་ཤ་པརྞི་དང་མུངྒ་པརྞིའོ། །གཞན་དག་ནི་གོ་བར་ཟད་དོ། །དེ་ལྟར་སྨན་དེ་རྣམས་ཞིབ་ཏུ་བཏགས་ལ། མེ་ཆུང་དུས་བཙོས་ཤིང་བསྐོལ་བ་ནི་རླུང་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་དུ་བཙས་པའི་ནད་ལ་སོགས་པ་ལ་ཡང་ཕན་ཞིང་བདེ་བར་བྱེད་པ་ཡིན། རིམས་དང་སྐྲན་ལ་སོགས་པ་ཡང་སེལ་ཞིང་འཇོམས་པ་ཡིན་ནོ། །བ་ལ་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་འདི་ནི་མངལ་གྱི་ནད་ཐམས་ཅད་སེལ་བའི་མཆོག་ཡིན་པར་སྨན་པའི་གཙོ་བོ་དྲང་སྲོང་ཐང་ལ་འབར་གྱིས་བཤད་ཅིང་བསྔགས་པ་ཡིན་ནོ། །མ་ནི་ཤི་ཚེ་ཆུ་སོར་ནི། །མངལ་གནས་གལ་ཏེ་དཀུར་འཕར་ན། །དེ་ནི་སྐྱེ་བའི་དུས་ཡིན་པས། །དབྲལ་ཏེ་བྱིས་བ་མྱུར་དུ་དབྱུང༌། །ཞེས་བྱ་བ་ལ། མངལ་ན་གནས་པའི་བུ་སྐྱེ་བའི་དུས་སུ་གལ་ཏེ་མ་ཤི་བའི་དུས་བྱེད་པར་གྱུར་ན། དེ་དབུགས་ཆད་པའི་སྐབས་སུ་ཆུ་སོ་དང་དཀུའི་ཕྱོགས་ཤིན་ཏུ་འཕར་ཞིང་གཡོ་བར་གྱུར་ན། བུ་དེ་གསོན་ཞིང་བཙས་པའི་དུས་ལ་བབ་པ་ཡིན་པས། ཆུ་སོའི་ཕྱོགས་ལེགས་པར་དབྲལ་ཏེ་དབྱུང་བར་བྱ་ལ། དེ་ཡང་གང་གི་ཚེ་ཞེ་ན། སྐྱེ་བའི་དུས་ལ་བབ་པའི་ཚེ་ན་དེ་ལྟར་བྱའི་གཞན་དུ་མ་ཡིན་ནོ། །ཤི་རི་ཀ་ཡི་ས་བོན་དང༌། །པ་ཡ་སྱ་དང་ཐང་ཤིང་བཞི། །ཏིལ་ནག་སྲུ་སྲུའི་རྩ་བ་དང༌། བཙོད་དང་ཉེའུ་ཤིང་ཞེས་བྱ་བ་བཞི། །བྲི་ཤ་དང་ནི་པ་ཡ་སྱ། །ཨུཏྤལ་ཐལ་ཏྲེས་བྲི་ཡང་ཀུ། །བྱི་ཚེར་ཐལ་ཏྲེས་ར་སྣ་དང༌། །པདྨ་ཙ་རི་ཤིང་མངར་དང༌། །བྲི་ཧ་ཏི་གཉིས་ཏང་པལ་དང༌། །འོ་ཤིང་མྱུ་གུ་ཤུན་པ་དམར། །ཀྲྀཥྞ་པརྞི་བ་ལ་དང༌། །ཤི་ཀྲུ་གཟེ་མ་སླེ་ཏྲེས་དང༌། །ཤྲིང་ག་ཏརྒ་རྒུན་པད་རྩ། །ཤིང་མངར་ཁ་ར་ཀ་ཤེ་རུ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་བཤད་པའི། །བདུན་པ་འདི་དག་འོ་མར་སྦྱར། །ཟླ་བ་བདུན་ལ་རིམ་བཞིན་དུ། །མངལ་འཛག་པ་ལ་གཏང་བར་བྱ། །ཞེས་བྱ་བ་ལ།


DTG201_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མངར་ལ་སོགས་པས་ཉེ་བར་མཚོན་པའི་སྦྱོར་བ་བདུན་པོ་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་རྫོགས་པར་བྱས་པའི་སྡེ་ཚན་རིམ་བཞིན་དུ་བཤད་བ་དག་ནི་ཟླ་བ་བདུན་པ་ལ་གོ་རིམས་བཞིན་དུ་མངལ་འཛག་པར་གྱུར་པ་ལ་དེ་བསྲུང་བའི་ཕྱིར་བཏང་ཞིང་སྦྱིན་པར་བྱའོ། །དེ་དག་ཀྱང་ཅི་བསྟེན་ན་དང་པོ་ཤིང་མངར་དང་ཤི་རི་ཀ་ཞེས་བྱ་བའི་ས་བོན་དང༌། པ་ཡ་སྱ་དང་ཐང་ཤིང་ཞེས་བྱ་བ་བཞི་པོ་དེ་དག་ནི་ཟླ་བ་དང་པོ་མངལ་འཛག་པ་ལ་སྦྱར་བར་བྱའོ། །ཏིལ་ནག་པོ་ལ་སོགས་པ་སྨན་བཞི་པོ་ནི་ཟླ་བ་གཉིས་པར་རོ། །བྲི་ཤ་ཏ་ནི་ལ་སོགས་པ་སྨན་ལྔ་པོ་ནི་ཟླ་བ་གསུམ་པར་རོ། །བྱི་ཚེར་ལ་སོགས་པ་སྨན་སྣ་ལྔ་ནི་ཟླ་བ་བཞི་པ་ལའོ། །བྲི་ཧ་ཏི་ལ་སོགས་པ་ནི་ཟླ་བ་ལྔ་པ་ལའོ། །ཀྲིཥྞ་པརྞི་ལ་སོགས་པ་སྨན་སྣ་ལྔ་ནི་ཟླ་བ་དྲུག་པ་ལའོ། །ཤིང་ག་ཏརྒ་ལ་སོགས་པ་ནི་ཟླ་བ་བདུན་པ་ལ་སྦྱིན་པར་བྱའོ། །སྲུ་སྲུའི་རྩ་བ་ནི་ཨ་མན་ཏེ། ལོ་མ་གཉིས་བརྩེགས་ལྟ་བུ་ཡོད་པ་ཡིན་ནོ། །བྲི་ཤ་ད་ནི་ནི་ཕན་ད་ཀ་སྟེ། ཤིང་གང་ཡང་རུང་བ་ལ་ནད་ཐབས་སུ་དེ་དང་མི་མཐུན་པའི་ཤིང་ཕྲེའུ་སྐྱེས་པའོ། །ཐལ་ཏྲེས་ནི་ཤ་རི་བ་ནག་པོའོ། །བྱི་ཚེར་ནི་ཡང་བ་ཤ་ཀའོ། །པདྨ་ཙ་རི་ནི་ཆུ་རྩའོ། །བྲི་ཧ་ཏི་གཉིས་ནི་ཀཎྜ་ཀ་རི་དང་བྲི་ཧ་ཏིའོ། །ཏང་པ་ལ་ནི་ཀསྨ་རིའོ། །འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷ་ལ་སོགས་པ་སྟེ། དེའི་མྱུ་གུ་དང་ཤུན་པའོ། །ཤི་ཀྲུ་ནི་ས་བྷན་ཛའོ། །གཞན་དག་ནི་གོ་བར་ཟད་དོ། །ཀ་པིད་ཐ་དང་བིལ་བ་དང༌། །བྲི་ཧ་ཏི་དང་བུ་རམ་དང༌། །ཀཎྜ་ཀ་རི་པ་ཏོ་ལའི། །རྩ་བ་བསྐོལ་བར་བྱས་པ་དང༌། །དེ་བཞིན་འོ་མ་ཤ་རྣམས་ནི། །ཟླ་བ་བརྒྱད་པའི་ཚེ་ན་གཏང༌། །ཞེས་བྱ་བ་ལ། སྨན་ཀ་པིད་ཐ་ལ་སོགས་པ་དྲུག་པོའི་རྩ་བ་བསྐོལ་བའི་འོ་མ་ཟླ་བ་བརྒྱད་པའི་མངལ་འཛག་པ་ལ་གཏང་བར་བྱའོ། །དགུ་པར་ཐལ་ཏྲེས་ཨེ་རཎ་དང༌། །པ་ཡ་སྱ་དང་ཤིང་མངར་གཏང༌། །ཟླ་བ་བཅུ་པར་པ་ཡ་སྱ། །འོ་མ་དང་ནི་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཟླ་བ་དགུ་པའི་ཚེ་ནི། ཐལ་ཏྲེས་ལ་སོགས་པའི་སྨན་འོ་མ་དང་བསྐོལ་བ་མངལ་འཛག་པ་ལ་གཏང་བར་བྱའོ། །ཟླ་བ་བཅུ་པ་ལ་ནི་སྨན་པ་ཡ་སྱ་དང་འོ་མར་བསྐོལ་བ་མངལ་འཛག་བ་ལ་སྦྱིན་པར་བྱའོ། །ཡང་ན་ཤིང་མངར་དོང་གྲ་དང༌། །ཐང་ཤིང་འོ་མར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཟླ་བ་བཅུ་པའི་སྐབས་སུ་མངལ་འཛག་པ་ལ་ནི་ཤིང་


DTG201_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མངར་ལ་སོགས་པའི་སྨན་འདི་དག་འོ་མ་དང་བསྐོལ་བ་སྦྱིན་པར་བྱའོ། །བུད་མེད་མངལ་དུ་རླུང་གིས་ཁྲག་བསྒོངས་ཏེ། །གནས་པ་དེ་ནི་མངལ་ཆགས་ཆ་འདྲ་བས། །བུ་ཆགས་ཡིན་ཞེས་མི་མཁས་པ་དག་སྨྲ། །སྨན་ཁ་རྣོ་དྲོས་ཁྲག་ནི་འབའ་ཞིག་ཟགས། །བླུན་པོས་མངལ་གནས་འབྱུང་པོས་ཟོས་ཞེས་ཟེར། །མདངས་འཕྲོག་ཡིན་ཕྱིར་དེ་ལུས་མངོན་སུམ་དུ། །འཕྲོག་པར་མི་སྣང་བ་འམ་འབྱུང་པོ་ནི། །གཞུང་འདོར་མ་ནི་བཏང་སྙོམས་འཇོག་མི་བྱེད། །ཅེས་བྱ་བ་ལ། ཟླ་བ་རེ་རེ་ཞིང་འཛག་པར་འོས་པའི་ཟླ་མཚན་རླུང་གིས་ནང་དུ་བསྒོངས་ཏེ་གནས་པ་སྟེ། མི་མཁས་པའི་བླུན་པོ་དག་དེ་ནི་མངལ་དུ་བུ་ཆགས་པ་ཡིན་ནོ་ཞེས་སྨྲ་སྟེ་དེ་ནི་འཁྲུལ་བ་ཡིན་ནོ། །འཁྲུལ་པ་དེའི་རྩ་བ་ཡང་ཅི་ཞིག་ཡིན་ཞེ་ན། མངལ་དུ་ཆགས་པ་དང་ཆ་འདྲ་བ་ཡིན་ཏེ། བུ་ཆགས་པའི་ཚུལ་དང་རང་བཞིན་མཐུན་ཏེ། ནུ་མར་འོ་མ་འབྱུང་བ་དང༌། མཆུ་དང་ནུ་མའི་རྩེ་མོ་གནག་པ་དང༌། མིག་སྐྱ་བ་དང༌། བརྒྱལ་བ་དང༌། སྙིང་འཕར་ཞིང་དང་ག་མེར་མེར་པོར་བྱེད་པ་དང༌། འདོད་པ་སྐྱེ་བ་དང༌། རྐང་པ་གཉིས་སྐྲངས་པ་དང༌། སྤུ་ཅུང་ཟད་གྱེས་པ་ལ་སོགས་པ་མངལ་དུ་བུ་ཆགས་པའི་མཚན་ཉིད་དང་ཆ་འདྲ་བས་ཤ་མ་ལ་སོགས་པ་མེད་པར་སྨན་རྣོན་པོ་ལ་སོགས་པའི་དབང་གིས་ཁྲག་འབའ་ཞིག་འཛག་ཅིང་བྱུང་བ་ན། དེའི་ཚེ་མངལ་གྱི་གནས་སྐབས་ལ་མི་མཁས་པའི་བླུན་པོ་དག་མངལ་ན་གནས་པ་འདི་མི་མ་ཡིན་པའི་འབྱུང་པོས་ཟོས་པ་ཡིན་ནོ་ཞེས་ཟེར་མོད་ཀྱི་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྱུང་པོ་དེ་དག་ནི་མདངས་འཕྲོག་ཅིང་མདངས་ཟ་བ་ཡིན་པའི་ཕྱིར། དེ་དག་ནི་ལུས་མངོན་སུམ་དུ་འཕྲོག་པར་མི་སྣང་བ་ཡིན་ནོ། །ཡང་ན་འབྱུང་པོ་དེ་དག་ཐོག་མ་མེད་པ་ནས་གནས་པའི་གཞུང་ལུགས་སྤོང་ན། མངལ་གྱི་མ་ཉིད་བཏང་སྙོམས་སུ་མི་འཇོག་གི་མ་ཉིད་འཆི་བར་འགྱུར་བ་ཡིན་ཏེ། དེ་ཉིད་ཀྱི་ལུས་ཆེ་ཞིང་རགས་པ་ཡིན་པའི་ཕྱིར་རོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བས་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་གཉིས་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་ལུས་ཀྱི་ཡན་ལག་གི་བྱེ་བྲག་བསྟན་པ་བཤད་པར་བྱའོ། །


DTG201_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། ལེའུ་གོང་མར་ནི་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པ་ཡིན་པས་ན། མངལ་གྱི་གནས་སྐབས་དེའི་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་རྣམ་པར་དབྱེ་བ་བརྩམས་པའི་ཕྱིར་འདི་བསྟན་པ་ཡིན་ནོ། །དེ་ལ་ཡན་ལག་ནི་ལུས་མ་ལུས་པ་ལ་བྱ་ལ། དེའི་བྱེ་བྲག་ཆ་དབྱེ་བའམ། ཡན་ལག་དང་ཉིང་ལག་ལ་སོགས་པ་ཐ་དད་པར་དབྱེ་སྟེ་བསྟན་པ་དེ་བཤད་པར་བྱའོ། །མདོར་ན་ཡན་ལག་རྣམ་དྲུག་སྟེ། །མགོ་དང་ཁོག་པ་དཔུང་པ་གཉིས། །བརླ་གཉིས་ཡིན་ཏེ་དེའི་ཉིང་ལག །མིག་སྙིང་ལག་པ་རྐང་ལ་སོགས། ཞེས་བྱ་བ་ལ། འདིར་མདོར་བསྡུ་ན་ཡན་ལག་གི་ཆའི་ཚོགས་ནི་མགོ་བོ་ལ་སོགས་པ་རྣམ་པ་དྲུག་སྟེ། མགོ་བོ་ནི་སྤྱི་བོའི། །ཁོག་པ་ནི་བྱང་ཁོག་ལ་སོགས་པ་ལུས་ཀྱི་ཆ་སྟེ། ཡན་ལག་ལྔ་པོ་འདི་དག་གི་གང་དབུས་ན་གནས་པའོ། །ཡང་དེ་བཞིན་དུ་དཔུང་པ་གཉིས་དང༌། བརླ་གཉིས་ཏེ་དེ་ལྟར་རྣམ་པ་དྲུག་གོ །ཡན་ལག་དྲུག་པོ་དེ་དག་གི་ཉིང་ལག་ནི་མིག་དང་སྙིང་ལ་སོགས་པ་སྟེ། དེ་ལ་མིག་ནི་མགོ་བོའི་ཉིང་ལག་གོ །སྙིང་ནི་ནང་གིའོ། །ལག་པ་ནི་དཔུང་པའི་ཉིང་ལག་གོ །རྐང་པ་ནི་བརླའི་ཉིང་ལག་གོ །སོགས་པའི་སྒྲ་ནི་རྣ་བ་དང༌། ལྟེ་བ་དང༌། གྲུ་མོ་དང༌། པུས་མོ་ལ་སོགས་པ་བསྡུའོ། །སྒྲ་དང་རེག་བྱ་གཟུགས་རོ་དྲི། །གོ་རིམས་བཞིན་དུ་ནམ་མཁའ་རླུང༌། །མེ་ཆུ་ས་ཡི་ཡོན་ཏན་ཡིན། །ཡོན་ཏན་རེ་རེས་ཕྱི་མ་སྐྱེད། །ཅེས་བྱ་བ་ལ། སྒྲ་ལ་སོགས་པ་ལྔ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ནམ་མཁའ་ལ་སོགས་པ་ལྔའི་ཡོན་ཏན་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནིམ་མཁའི་ཡོན་ཏན་ནི་སྒྲའོ། །རླུང་གི་ཡོན་ཏན་ནི་རེག་བྱའོ། །མེའི་ཡོན་ཏན་ནི་གཟུགས་སོ། །ཆུའི་ཡོན་ཏན་ནི་རོའོ། །སའི་ཡོན་ཏན་ནི་དྲིའོ། །ཡོན་ཏན་རེས་ཕྱི་མ་སྐྱེད་པའི་ཚུལ་ནི། སྒྲ་ལ་སོགས་པའི་ཡོན་ཏན་ཇི་སྐད་བཤད་པ་རེ་རེ་ལས་ཕྱི་མ་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོན་ཏན་རེ་རེས་བསྐྱེད་པར་བྱ་སྟེ། དེས་ན་ནམ་མཁའི་ནི་སྒྲའི་ཡོན་ཏན་འབའ་ཞིག་དང་ལྡན་ནོ། །རླུང་ནི་སྒྲ་དང་རེག་བྱའི་ཡོན་ཏན་གཉིས་དང་ལྡན་ནོ། །མེ་ནི་སྒྲ་དང་རེག་བྱ་དང་གཟུགས་ཀྱི་ཡོན་ཏན་གསུམ་དང་ལྡན་ནོ། །ཆུ་ནི་སྒྲ་དང་རེག་བྱ་དང༌། གཟུགས་དང་


DTG201_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་ཡོན་ཏན་བཞི་དང་ལྡན་ནོ། །ས་ནི་སྒྲ་དང་རེག་བྱ་དང༌། གཟུགས་དང་རོ་དང་དྲི་སྟེ་ཡོན་ཏན་ལྔ་དང་ལྡན་ནོ། །དེ་ལ་མཁའ་ལས་ལུས་བུ་ག །རྣ་བ་སྒྲ་དང་ཁོང་སྟོང་ཉིད། །ཅེས་བྱ་བ་ལ། དེ་ལ་འབྱུང་བ་ཆེན་པོ་ལྔ་པོ་དག་གི་ནང་ནས་ལུས་འདི་ལ་ནམ་མཁའ་ལས་ནི། ལུས་ཀྱི་བུ་ག་ཁོང་སྟོང་རྣམས་དང༌། རྣ་བའི་དབང་པོའི་གནས་དང༌། སྒྲ་འབྱུང་བར་འགྱུར་བ་དང༌། ནང་གི་ཁོང་སྟོང་དུ་གནས་པ་འབྱུང་བར་འགྱུར་རོ། །རླུང་ལས་རེག་པ་ལྤགས་དབུགས་འབྱིན། །ཞེས་བྱ་བ་ལ། ལུས་འདི་ལ་རླུང་ལས་ནི་རེག་བྱ་དང༌། པགས་པ་དང་དབུགས་འབྱིན་པར་འབྱུང་བར་འགྱུར་ཏེ། རེག་བྱ་ནི་རེག་བྱའི་ཡོན་ཏན་ནོ། །པགས་པ་ནི་རེག་བྱའི་དབང་པོ་སྟེ། དབུགས་འབྱིན་པ་ནི་གྱེན་དུ་དབུགས་འབྱིན་པའོ། །མེ་ལས་མིག་དང་གཟུགས་འཇུ་ཉིད། །ཅེས་བྱ་བ་ལ། ལུས་འདི་ལ་མེ་ལས་ནི་མཐོང་བར་བྱེད་པའི་རང་བཞིན་ཅན་མིག་གི་དབང་པོ་དང༌། གཟུགས་ཞེས་བྱ་བའི་ཡོན་ཏན་དང༌། སྨན་འཇུ་ཞིང་སྨིན་པར་བྱེད་པ་ཉིད་འབྱུང་ངོ༌། །ཆུ་ལས་ལྕེ་དང་རོ་དང་གཤེར། །ཞེས་བྱ་བ་ལ། ལུས་འདི་ལ་ཆུ་ལས་ནི་ལྕེ་ཞེས་བྱ་བ་རོ་འཛིན་པར་བྱེད་པའི་དབང་པོ་དང༌། རོ་ཞེས་བྱ་བའི་ཡོན་ཏན་དང༌། གཤེར་ཞིང་རླན་པར་བྱེད་པའི་ཡོན་ཏན་འབྱུང་ངོ༌། །ས་ལས་སྣ་དྲི་རུས་པ་ཡིན། །ཞེས་བྱ་བ་ལ། ལུས་འདི་ལ་ས་ལས་ནི་སྣའི་དབང་པོ་དང་དྲི་ཞེས་བྱ་བའི་ཡོན་ཏན་དང་རུས་པའི་ཚོགས་འབྱུང་བ་ཡིན་ནོ། །འདིར་ནི་མ་ལས་སྐྱེས་འཇམ་ཁྲག །ཤ་དང་རྐང་དང་གཞང་ཁ་སོགས། །ཞེས་བྱ་བ་ལ། ལུས་འདི་ལ་གང་དག་འཇམ་པའི་དངོས་པོ་ཡོད་པ་ཤ་དང་ཁྲག་ལ་སོགས་པ་དེ་དག་ནི་མའི་ཆ་ལས་བྱུང་ཞིང་སྐྱེས་པ་ཡིན་ནོ། །སོགས་པ་ཞེས་སྨོས་པ་ནི་སྙིང་དང་མ་ཞུ་བའི་གནས་དང་མཁལ་མ་དང་མཆེར་པ་ལ་སོགས་པ་བསྡུའོ། །ཕ་སྐྱེས་བརྟན་དང་ཁུ་ཆུ་དང༌། །རྩ་བོ་ཆེ་རུས་སྐྲ་སོགས་ཡིན། ཞེས་བྱ་བ་ལ། ལུས་འདི་ཕ་ལས་སྐྱེས་ཤིང་འབྱུང་བ་ནི་གང་བརྟན་པ་ནི་སྲ་བའི་དངོས་པོ་རྣམས་ཁུ་བ་འཕེལ་བ་ལས་བྱུང་བ་རྩ་བོ་ཆེ་དང་རུས་པ་དང་སྐྲ་ལ་སོགས་པ་ཡིན་ལ། དེ་བཞིན་དུ་ཁུ་བ་འཕེལ་བ་ཡང་ཕ་ལས་བྱུང་བ་ཡིན་ནོ། །སེམས་ལས་སེམས་བྱུང་དབང་པོ་རྣམས། །སྐྱེ་གནས་


DTG201_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྣམས་ཀྱང་འབྱུང༌། །ཞེས་བྱ་བ་ལ། བདག་ཉིད་ཀྱི་སེམས་ཀྱི་རང་བཞིན་ལས་ནི། སེམས་ལས་བྱུང་བ་དང༌། མིག་ལ་སོགས་པའི་དབང་པོ་རྣམས་དང༌། དེ་བཞིན་དུ་མི་དང་རྟ་དང་བ་ལང་ལ་སོགས་པ་སྐྱེ་གནས་དུ་མ་དེ་དང་དེ་རྣམས་སུ་སྐྱེ་ཞིང་འབྱུང་བར་འགྱུར་བ་ཡིན་ནོ། །གོམས་པ་ལས་བྱུང་ནད་མེད་ཚེ། །ལེ་ལོ་མེད་སྟོབས་གཟི་མདངས་ཡིན། །ཞེས་བྱ་བ་ལ། ལུས་འདི་ལ་གོམས་པའི་མཐུ་ལས་འབྱུང་བའི་ཡོན་ཏན་ནི། ཚེ་གནས་ཤིང་འཚོ་བ་དང༌། ནད་མེད་ཅིང་ཁམས་སྙོམས་པ་དང༌། དེ་བཞིན་དུ་ལེ་ལོ་མེད་པ་སྟེ། བྱ་བ་ཐམས་ཅད་ལ་བརྩོན་ཞིང་སེམས་སྤྲོ་བ་དང༌། གཟི་མདངས་དང་ཁ་དོག་ཕུན་སུམ་ཚོགས་པའི་མདངས་དང་ལྡན་པ་དང༌། སྟོབས་དང་ནུས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དངས་མ་ལས་བྱུང་ལུས་སྐྱེད་དང༌། །གནས་དང་འཕེལ་དང་མི་བརྐམ་ཉིད། །ཅེས་བྱ་བ་ལ། ལུས་འདི་ལ་དངས་མ་ལས་བྱུང་བའི་ལུས་མ་ལུས་པ་སྐྱེ་ཞིང་འབྱུང་ལ་རྒྱས་པར་འགྱུར་བ་དང༌། དེ་བཞིན་དུ་ཚེའི་རྒྱུན་གནས་ཤིང་འདུག་པ་དང༌། དེ་བཞིན་དུ་ལུས་འཕེལ་ཞིང་ཆུ་དང་ཞེང་དུ་འཕེལ་བ་དང༌། མི་བརྐམ་པ་སྟེ་དངོས་པོ་རྣམས་ལ་མངོན་པར་མ་ཆགས་པར་གྱུར་པ་ཡིན་ནོ། །སྙིང་སྟོབས་ཅན་གཙང་ཡོད་པར་ལྟ། །ཆོས་དཀར་ལ་དགའ་བློ་གྲོས་ལྡན། །ཞེས་བྱ་བ་ལ། སྙིང་སྟོབས་ཅན་གྱི་རང་བཞིན་ལས་བྱུང་བ་ནི་གཙང་མ་སྟེ། ལུས་དང་ངག་དང་ཡིད་དག་ཅིང་སྐྱོན་མེད་པ་དང༌། ཡོད་པར་ལྟ་བ་སྟེ། འཇིག་རྟེན་ཕ་རོལ་དང༌། འཕགས་པ་དང༌། དེས་གསུངས་བའི་ཆོས་ཡོད་པ་དང༌། ཆོས་དང་ཆོས་མ་ཡིན་པ་ཡོད་པར་འཛིན་པར་འགྱུར་བ་དང༌། དཀར་པོའི་ཆོས་སྦྱིན་པ་ལ་སོགས་པའི་མཚན་ཉིད་སྐྱོན་མེད་པ་ལ་མངོན་པར་དགའ་བ་དང༌། བློ་གྲོས་ཏེ་ཤེས་རབ་དང་ལྡན་པར་འགྱུར་བ་ཡིན་ནོ། །རྡུལ་ཅན་མང་དུ་སྨྲ་བ་དང༌། །ང་རྒྱལ་ཚུལ་འཆོས་ཁྲོ་ཕྲག་དོག །ཅེས་བྱ་བ་ལ། ལུས་འདི་ལ་རྡུལ་ལམ་ཞེ་སྡང་གི་རང་བཞིན་ལས་ནི། མང་དུ་སྨྲ་ཞིང་ཚིག་འཁྱལ་བའི་རང་བཞིན་ཅན་དང༌། ང་རྒྱལ་ཏེ་བདག་ཏུ་མངོན་པར་རློམ་པ་དང༌། ཚུལ་འཆོས་ཤིང་གཙང་སྦྲ་ལ་སོགས་པ་སྤྱོད་པ་ལྟར་སྟོན་པའམ། མེད་བཞིན་དུ་ཆོས་ལ་སོགས་པ་ཡོད་པ་ལྟར་འཆོས་པའོ། །ཁྲོ་བ་ནི་སེམས་འཁྲུགས་ཤིང་


DTG201_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་བའོ། །མང་དུ་སྨྲ་བ་དང་ཕྲག་དོག་ནི་གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །མུན་པ་འཇིགས་དང་མི་ཤེས་དང༌། །གཉིད་དང་ལེ་ལོ་སྐྱོ་བའོ། །ཞེས་བྱ་བ་ལ། ལུས་འདི་ལ་མུན་པའམ། གཏི་མུག་གི་རང་བཞིན་ལས་ནི་འཇིགས་ཤིང་སྐྲག་པ་དང༌། མི་ཤེས་ཤིང་རྨོངས་པ་དང༌། གཉིད་ཆེ་ཞིང་སྟུག་པ་དང༌། ལེ་ལོ་སྟེ་བྱ་བ་རྣམས་ལ་སེམས་མངོན་པར་མི་སྤྲོ་བ་དང༌། སེམས་སྐྱོ་ཞིང་མྱ་ངན་དང་སྡུག་བསྔལ་གྱི་ཤས་ཆེ་བ་དག་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་འབྱུང་བའི་རང་བཞིན་ལུས། །ཞེས་བྱ་བ་ལ། དེ་ལྟར་གཞུང་འདི་དག་གིས་ལུས་འབྱུང་བའི་རང་བཞིན་ཅན་ཡིན་པར་བསྟན་ཏོ། །དེ་ལ་ཁྲག་སྐྱེས་ལྤགས་རིམ་བདུན། །འོ་མ་ལས་ནི་སྤྲིས་མ་བཞིན། །སྨིན་པའི་ཚེ་ན་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་ལུས་འདི་ལས་ཁྲག་ལས་པགས་པ་རིམ་པ་བདུན་འབྱུང་བར་འགྱུར་ཏེ། དེ་ཡང་དཔེར་ན་འོ་མ་བསྐོལ་བ་ལས་སྟེང་དུ་སྤྲིས་མ་ཆགས་པ་དང་འདྲ་བར་ལུས་ཟུངས་རྣམ་པ་བདུན་གྱི་དྲོད་ཀྱིས་ཁྲག་སྨིན་པར་བྱས་པ་ན་པགས་པ་རིམ་པ་བདུན་དུ་འབྱུང་བར་འགྱུར་རོ། །ལུས་ཟུངས་གནས་ནི་ནང་གཤེར་གྱི། །རང་གི་དྲོད་ཀྱིས་སྨིན་པ་དང༌། །བད་ཀན་རྒྱུས་པ་ཤ་མས་གཡོགས། །ཆར་བཤད་ཤིང་གི་སྙིང་པོ་འདྲ། །ཞེས་བྱ་བ་ལ། པགས་པའི་རིམ་པ་བདུན་པོ་དེ་དག་ནི་ལུས་ཟུངས་བདུན་གྱི་གནས་དང་རྟེན་ཡིན་ལ་དེ་རྣམས་ཀྱི་ནང་ན་གཤེར་ཞིང་རླན་པ་ཡོད་པས་ནི་ལུས་ཟུངས་གནས་ཀྱི་ནང་གཤེར་བ་ཞེས་བྱ་སྟེ། དེ་རང་རང་གི་དྲོད་བདུན་གྱིས་སྨིན་ཅིང་ཚོས་པར་བྱས་པ་ཡིན་པས་ན་དེ་ནི་བད་ཀན་དང་རྒྱུས་པ་དང་ཤ་མས་གཡོགས་པ་ཡིན་ལ། གཡོགས་པའི་གཤེར་རམ་རླན་དེ་ནི་ཆ་ཞེས་བྱ་བས་ན་ཆར་བཤད་ཅེས་བྱ་སྟེ། དེ་ཡང་ཤིང་གི་སྙིང་པོ་དང་འདྲ་བར་དངས་མ་རྣམས་ཀྱི་སྙིང་པོ་ཡིན་ཏེ། ཤིང་གི་དབུས་ན་ཕྲ་ཞིང་སྲ་བའི་ཆ་ཡོད་པ་དེ་ལ་སྙིང་པོ་ཞེས་བྱ་སྟེ། དེ་ཡང་མཚུངས་ཤིང་འདྲ་བ་ཡིན་ཏེ། ལུས་ཟུངས་རྣམས་ཀྱི་སྙིང་པོའི་ལྷག་མ་ནི་ཤིན་ཏུ་ཕྲ་བ་ཡིན་པས་ཆ་ཞེས་བྱའོ། །དེས་ན་ལུས་ཟུངས་ཀྱི་གནས་ཀྱི་ནང་གཤེར་བའི་ཚུལ་ལས་ཆ་རྣམ་པ་བདུན་ཡིན་ནོ་


DTG201_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བདུན་པོ་དེ་དག་གནས་བདུན་ཏེ། །དང་པོ་ཁྲག་ཡིན་གནས་རིམ་བཞིན། །བད་ཀན་མ་ཞུ་མཁྲིས་ཞུ་བ། །རླུང་དང་གཅིན་གྱི་གནས་སུ་བཤད། །ཅེས་བྱ་བ་ལ། ལུས་འདི་ལ་ཁྲག་ལ་སོགས་པ་བདུན་པོ་གཞིའམ། གནས་རྣམ་པ་བདུན་ཡོད་དེ། དེ་ལ་དང་པོ་ཁྲག་གི་གཞི་ནི་གཅིག་ཡིན་ལ། དེ་ལས་གཞན་པའི་གནས་གང་ཡིན་པ་དེ་དག་ནི་བད་ཀན་ལ་སོགས་པའི་གནས་ཡིན་པར་བཤད་དོ། །དེ་ཡང་འདི་ལྟར་བད་ཀན་གྱི་གནས་དང༌། མ་ཞུའི་གནས་དང༌། མཁྲིས་པའི་གནས་དང༌། རླུང་གི་གནས་དང༌། ཞུ་བའི་གནས་དང༌། གཅིན་གྱི་གནས་དང་བདུན་ནོ། །བུད་མེད་མངལ་ལ་གནས་བརྒྱད་དེ། །མཁྲིས་པ་ཞུ་བའི་གནས་པར་གནས། །ཞེས་བྱ་བ་ལ། བུད་མེད་རྣམས་ཀྱི་མངལ་འཛིན་པའི་གནས་ནི་བརྒྱད་ཡིན་ཏེ། དེ་མཁྲིས་པའི་གནས་དང་ཞུ་བའི་བར་གྱི་གནས་ན་གནས་སོ། །འདི་ལ་ནང་གྲོལ་ཡན་ལག་གནས། །སྙིང་གློ་མཆིན་མཁྲིས་མཆེར་མཁལ་མ། །ཕོ་བགྲོད་པ་རྒྱུ་མ་དང༌། །གཉེ་མ་ལོང་ཁ་ལྒང་པའོ། །ཞེས་བྱ་བ་ལ། གནས་འདི་དག་ལ་ནང་གི་གནས་ཡན་ལག་ཏུ་གནས་ཤིང་འབྲེལ་པ་ནི་སྙིང་ཞེས་བྱ་བ། པདྨའི་སྦུབས་འདྲ་བ་ནང་ཁོང་སྟོང་ཁ་ཐུར་དུ་བལྟས་པ་སྟེ། སེམས་ཀྱི་ཁྱད་པར་གྱི་གནས་ཡིན་ནོ། །དེའི་གཡོན་ལོགས་ན་གློ་བ་དང་མཆིན་པ་ཞེས་བྱ་བ་ཡོད་ལ། དེའི་གཡས་རོལ་ན་ནི་མཆེར་པ་ཞེས་བྱ་བ་དང་གློ་བ་ཡོད་དོ། །ལྒང་པ་ནི་གཅིན་གྱི་གནས་སོ། །སྲོག་གི་གནས་ནི་རྣམ་བཅུ་སྟེ། །མགོ་དང་ལྕེ་ཡི་རྩ་བ་དང༌། །ལྐོག་མ་ཁྲག་དང་སྙིང་ལྟེ་བ། །ཆུ་སོ་ཁུ་ཆུ་དང་དངས་གཞང༌། །ཞེས་བྱ་བ་ལ། སྲོག་གི་གནས་སམ་འཚོ་བའི་གཞི་ནི་མགོ་བོ་ལ་སོགས་པ་རྣམ་པ་བཅུ་སྟེ། མགོ་བོ་ནི་སྤྱི་བོའོ། །ལྕེའི་རྩ་བ་ནི་ལྕེ་གོང་དུ་ཆགས་ཤིང་གནས་པའོ། །ལྐོག་མ་དང་ཁྲག་དང་སྙིང་དང་ལྟེ་བ་དང་ཆུ་སོ་དང་ཁུ་ཆུ་དང་དངས་མ་དང་གཞང་སྟེ་དེ་ལྟར་རྣམ་པ་བཅུའོ། །ལུས་ལ་རྩ་དྲ་ཆུ་བ་ཆེ། །རེ་རེ་བཅུ་དྲུག་ཡོད་པར་བཤད། །ཅེས་བྱ་བ་ལ། ལུས་ལ་རྩའི་དྲ་བ་དང་ཆུ་བ་བཅུ་དྲུག་ཡོད་པར་བསྟན་ཅིང་བཤད་དོ། །དེ་ཡང་དྲ་བ་ལྟ་བུར་གནས་པས་ན་རྩའི་དྲ་བ་སྟེ་དེ་རྣམས་ལ་ཤ་དང་ཆུ་བ་དང་རུས་པ་སྐྱེས་པ་བཞི་པོ་རེ་རེས་ཀྱང་འདིར་ལོང་མོ་དང༌། མཁྲིག་མར་


DTG201_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་འདྲེས་ཤིང་དྲ་བ་འམ་སྐར་ཁུང་དྲ་བ་ཅན་དང་འདྲ་བར་གནས་པ་ཡིན་ནོ། །ཆུ་བ་ཆེན་པོ་བཅུ་དྲུག་ནི། །དེ་ལས་རྐང་པ་དང་ལག་པ་གཉིས་གཉིས་ཏེ་བརྒྱད་དང༌། །རྒྱབ་དང་མགྲིན་པར་བཞི་སྟེ་བརྒྱད་དང་བཅུ་དྲུག་གོ །དེ་ཡང་ཆུ་བ་ཆེན་པོ་ཆེ་ཞིང་ཟླུམ་པ་ལ་ཆུ་བ་ཆེན་པོ་ཞེས་བྱའོ། །པིར་འདྲ་དྲུག་དང༌། །ཞེས་བྱ་བ་ལ། རྐང་པ་གཉིས་དང་ལག་པ་གཉིས་དང་རྐེད་པ་དང་ཕོ་མཚན་ཏེ་དྲུག་ལ་པིར་འདྲ་བའི་རྩ་རྒྱུས་ཡོད་པའོ། །སྲུབས་འདྲ་བདུན། །ཕོ་མཚན་ལྕེ་དང་མགོ་ལ་བརྟེན། །དེ་དག་གཙགས་བུས་གདབ་མི་རུང༌། །ཞེས་བྱ་བ་ལ། འདི་ལ་སྲུབས་འདྲ་བའི་རྩ་བའི་གནས་ནི་བདུན་ཡོད་དེ། དེ་ལས་ལྔ་ནི་མགོ་ལ་བརྟེན་ལ། ལྕེ་དང་ཕོ་མཚན་ལ་རེ་རེ་བརྟེན་པ་སྟེ། དེ་ལྟར་བདུན་པོ་ཐམས་ཅད་གཙགས་བུས་གདབ་ཏུ་མི་རུང་བས་དེར་མཚོན་གྱི་ལས་མི་བྱའོ། །ཤ་ཡི་ཐག་པ་རྣམ་པ་བཞི། །ཞེས་བྱ་བ་ལ། ལུས་འདི་ལྟ་བུའི་ཤ་རྣམ་པ་བཞི་ཡོད་དེ། རྒྱབ་ཀྱི་སྒལ་ཚིགས་ཀྱི་ངོས་གཉིས་ན་ཤའི་སྦྲེལ་མཚམས་སུ་གྱུར་བ་ཡོད་དེ། དེ་ལས་ཀྱང་གཉིས་ནི་ཕྱི་རོལ་ན་གནས་ལ་གཉིས་ནི་ནང་ན་གནས་པ་ཡིན་ནོ། །རུས་པའི་ཚོགས་འདུས་བཅུ་བཞི་ཡོད། །ཅེས་བྱ་བ་ལ། ལུས་འདི་ལ་རུས་པའི་ཚོགས་འདུས་ཤིང་འདུས་ཤིང་ཕྲད་པ་ནི་བཅུ་བཞི་ཡོད་དེ། དེ་དག་ཀྱང་འདི་ལྟར་ལོང་མོ་དང་པུས་མོ་དང་བརླ་རྩ་དང་མཁྲིག་མ་དང་གྲུ་མོ་དང་དཔུང་མགོའི་བར་གཉིས་གཉིས་དང༌། མཇུག་དོ་དང་མགོ་བོ་རྣམས་སུ་རེ་རེ་ཡིན་ནོ། །མཚམས་ནི་དགུ་ཕྲག་གཉིས་ཡོད་ལ། །ཞེས་བྱ་བ་ལ། ལུས་འདི་ལ་སྦྲེལ་མཚམས་དགུ་ཕྲག་གཉིས་ཏེ་བཅོ་བརྒྱད་ཡོད་དོ། །དེ་ཡང་མགོ་བོ་ལ་ལྔ། མཇུག་དོལ་གཅིག །ལོང་མོ་གཉིས་ལ་གཉིས། བརླ་གཉིས་སུ་གཉིས། པུས་མོ་གཉིས་ལ་གཉིས། གྲུ་མོ་གཉིས་སུ་གཉིས། དཔུང་མགོ་གཉིས་ན་གཉིས་སོ། །སོ་དང་སེན་མོར་བཅས་པར་ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། །ཞེས་བྱ་བ་ལ། ལུས་འདི་ལ་རུས་པ་སུམ་བརྒྱ་དྲུག་ཅུ་ཡོད་དེ། དེ་ཡང་ཡན་ལག་ལ་རུས་པ་བརྒྱ་བཞི་བཅུ། ཁོག་པ་ལ་རུས་པ་བརྒྱ་ཉི་ཤུ། མགོ་བོ་ལ་རུས་པ་བརྒྱ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡོད་པ་ཡང་སོ་དང་སེན་མོ་དང་བཅས་པ་བགྲངས་


DTG201_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་གྱི་ལུས་འབའ་ཞིག་གི་ནི་མ་ཡིན་ནོ། །ཐང་ལ་འབར་ནི་སུམ་བརྒྱར་འདོད། །ཅེས་བྱ་བ་ལ། དྲང་སྲོང་ཐང་ལ་འབར་གྱིས་ནི་ལུས་འདི་ལ་རུས་པ་སུམ་བརྒྱར་ཡོད་བར་འདོད་དོ། །ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། །ཅེས་བྱ་བ་ལ། ལུས་འདི་ལ་རུས་པའི་ཚིགས་ནི་ཉིས་བརྒྱ་དང་བཅུ་ཡོད་དོ། །དེ་དག་ལས་ནི་ཡན་ལག་ལ་ནི་རུས་པའི་ཚིགས་དྲུག་ཅུ་རྩ་བརྒྱད་ཡོད་ལ། ཁོག་པ་ལ་ལྔ་བཅུ་རྩ་དགུ། ནམ་ཚོང་ཡན་ལ་བརྒྱད་ཅུ་རྩ་གསུམ་མོ། །རྒྱུན་ཤེས་བུས་ནི་ཚིགས་ཀྱི་གྲངས། །ཉིས་སྟོང་དག་ནི་ཡོད་བར་འདོད། །ཅེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས་ཀྱི་བུས་ནི་རུས་པའི་ཚིགས་ཀྱི་གྲངས་ཉིས་སྟོང་ཡོད་བར་འདོད་ཅིང་སྟོན་གྱིས་ཉིས་བརྒྱ་རྩ་བཅུ་ནི་མ་ཡིན་ནོ་ཞེས་བཤད། དེའི་བཞེད་ཀྱིས་རུས་པ་དང་རྒྱུས་པ་དང་ཤའི་མཚམས་དང་བཅས་པར་གྲངས་ནི་སྤྱིར་ཉིས་སྟོང་ཡོད་པར་འདོད་པ་ཡིན་ནོ། །རྒྱུས་པ་དགུ་བརྒྱ། ཞེས་པ་ལུས་འདི་ལ་རྒྱུས་པ་དགུ་བརྒྱ་ཡོད་དེ། དེ་ཡང་ཡན་ལག་རྣམས་ལ་སུམ་བརྒྱ། ཁོག་པ་ལ་སུམ་བརྒྱ། ནམ་ཚོང་ཡན་ཆད་དུ་སུམ་བརྒྱའོ། །སྐྱེས་པ་ལ། ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད། །ཅེས་བྱ་བ་ལ། སྐྱེས་པ་ལ་ཤ་སྤར་ཚད་ལྔ་བརྒྱ་ཡོད་དོ། །དེ་ལས་ཀྱང་ཡན་ལག་ལ་ནི་ཤ་མཚམས་བཞི་བརྒྱ་ཡོད་ལ། ཁོག་པ་ལ་དྲུག་ཅུ། ནམ་ཚོང་ཡན་ཚད་བཞི་བཅུ་ཡོད་པར་འདོད་དོ། བུད་མེད་ཀྱི་ནི་ནུ་མ་དང༌། །མོ་མཚན་ལ་གནས་ཉི་ཤུ་ལྷག །ཅེས་བྱ་བ་ལ། བུད་མེད་ལ་ནི་ཤའི་སྤར་ཚད་ཉི་ཤུ་ལྷག་པར་འདོད་དོ། །དེ་ལས་ཀྱང་ནུ་མ་ལ་བཅུ་ཡོད་ལ། བཅུ་ནི་མོ་མཚན་མངལ་ལ་ཡོད་དོ། །རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་གྱིས་ལུས་ལ་ཁྱབ། །དངས་མའི་བདག་ཉིད་མདངས་སུ་གྱུར། །དེ་ནི་ཕྲ་བ་ཀུན་དང་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །གྱེས་པ་དེ་ལས་རྩ་ཕྲན་ནི། །བདུན་བརྒྱ་དག་ཏུ་གྱུར་བ་ཡིན། །ཞེས་བྱ་བ་ལ། སྙིང་གར་གནས་པས་ན་སྙིང་གནས་ཏེ། རྩའི་གཙོ་བོའམ། རྩ་བ་བཅུ་པོ་སྙིང་ལ་གནས་པ་ཡིན། དེ་ལས་གྱེས་པ་ཡིན་པས་ལུས་ཐམས་ཅད་ཁྱབ་ཅིང་དངས་མའི་རང་བཞིན་དུ་ཁ་ཟས་སྨིན་པར་འགྱུར་པ་ལས། དེའི་སྙིང་པོར་གྱུར་བ་མདངས་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་བྱ་བ་ཐམས་ཅད་དེ་དང་འབྲེལ་པ་ཡིན་ནོ། །དེ་ཡང་


DTG201_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་སྤོམ་ཞིང་ཆེ་ལ་རྩེ་མོ་ནི་རབ་ཏུ་ཕྲ་ཞིང་ཤིན་ཏུ་ཕྲ་མོར་གྱེས་པ་ཡིན་ནོ། །དེ་ཡང་ལོ་མའི་རྩ་བ་ལྟར་གྱེས་པ་ཡིན་ཏེ། །སོར་གཉིས་དང་སོར་གཅིག་དང་སོར་ཕྱེད་དང་ནས་དང་ནས་ཀྱི་ཕྱེད་ཙམ་དུ་གྱེས་ཤིང་ལོ་མའི་འདབ་མ་གྱེས་པ་ལྟར་འདྲ་བར་གནས་ཤིང་དུ་མར་གྱེས་པ་ཡིན་ནོ། །དེ་བས་ན་རྩ་ཕྲན་དེ་རྣམས་ནི་བདུན་བརྒྱ་ཡོད་པ་ཡིན་ནོ། །དེ་ལ་ཡན་ལག་རེ་རེ་ཞིང༌། །བརྒྱད་བརྒྱད་དེར་ནི་གནས་པ་ཡིན། །ཞེས་བྱ་བ་ལ། དེས་ན་ཡན་ལག་བཞི་བཞི་བརྒྱད་ཡོད་དོ། །ཡན་ལག་རེ་རེ་ཞིང་རྩ་བརྒྱད་བརྒྱད་ཡོད་དོ། །ཞེས་བྱ་བའི་དོན་ནོ། །དེ་ལ་དབུག་བར་མི་བྱ་བ། །རྩ་ཡི་དྲ་བ་འཛིན་ཞེས་བྱ། །ནང་ན་གནས་པའི་གསུམ་པོ་ཡིན། །ཞེས་བྱ་བ་ལ། རྩ་བརྒྱད་པོ་དེ་དག་གི་ནང་ནས་དྲ་བ་འཛིན་པ་ཞེས་བྱ་བའི་རྩའི་དྲ་བ་གོང་དུ་བཤད་པ་དེ་དག་འཛིན་པའི་རྟེན་ལ་གཙགས་པུས་གདབ་པར་མི་བྱ་སྟེ། དེ་ལྟ་བུའི་རྩ་དང་ནང་ན་གནས་པའི་རྩ་གསུམ་སྟེ། རྩ་བཞི་པོ་མཚོན་གྱིས་གདབ་ཅིང་གཙགས་བུས་དབུག་ཏུ་མི་རུང་ངོ༌། །དེ་བཞིན་དུ་གཉིས་པ་ལ་བརླ་དང་དཔུང་པའི་རྩ་གཉིས་དབུག་ཏུ་མི་རུང་བ་ཡིན་ནོ། །རྐེད་པར་བཅུ་དྲུག་ཕྲག་གཉིས་ཏེ། །དེ་ལས་བརླའི་རྩར་གཉིས་གཉིས་དང༌། །རྐེད་པའི་གནད་རྣམས་གཉིས་གཉིས་ཏེ། །དེ་བརྒྱད་གཙགས་བུས་གདབ་མི་བྱ། །ཞེས་བྱ་བ་ལ། རྐེད་པའི་གནས་དང་རྩ་བཅུ་དྲུག་ཕྲག་གཉིས་ཏེ་སུམ་ཅུ་རྩ་གཉིས་ཡོད་པ་ལ། རྩ་དེ་དག་གི་ནང་ནས་བརླའི་རྩ་གཉིས་གཉིས་དང༌། རྐེད་པ་གཞོན་ནུ་རྩ་གཉིས་གཉིས་ཏེ་གནད་ཀྱི་རྩ་བརྒྱད་པོ་དེ་དག་ལ་གཙགས་བུས་གདབ་ཏུ་མི་རུང་བས་ན་མཚོན་གྱི་ལས་མི་བྱའོ། །ཞེས་བྱ་བའི་དོན་ནོ། །རྩིབ་ལོགས་གཉིས་ལ་རྩ་བཅུ་དྲུག །དེ་ལས་གྱེན་འགྲོ་ཞེས་བྱ་སྤང༌། །ཞེས་བྱ་བ་ལ། རྩིབ་ལོགས་གཉིས་གཉིས་ལ་རྩ་བཅུ་དྲུག་ཡོད་པ་ལས། དེ་ལས་གྱེན་དུ་འགྲོ་བའི་རྩིབ་ལོགས་ཀྱི་མཚམས་ན་གནས་པ་ཞེས་བྱ་བ་ལ་གཙགས་བུས་གདབ་ཏུ་མི་རུང་ངོ༌། །རྒྱབ་ཏུ་རྩ་ནི་ཉི་ཤུ་བཞི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །དེ་ལས་གཉིས་གཉིས་གྱེན་འགྲོ་བ། །མཚོན་གྱིས་གདབ་པར་མི་བྱའོ། །ཞེས་བྱ་བ་ལ། རྒྱབ་ན་གནས་པའི་རྩ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལས་སྒལ་ཚིགས་ཀྱི་ངོས་གཉིས་ན་རྩ་གཉིས་གཉིས་ཡོད་


DTG201_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྱེན་དུ་འགྲོ་བའི་རྩ་བཞི་ནི་གཙགས་བུས་གདབ་ཏུ་མི་རུང་ངོ༌། །རྒྱབ་བཞིན་ལྟོ་ན་གནས་རྩ་དེ། །ཕོ་མཚན་སྟེང་ན་གནས་པ་དང༌། །སྤུ་ཡི་ཕྲེང་བའི་ངོས་གཉིས་རྩ། །གཉིས་གཉིས་མཚོན་གྱིས་མི་གདབ་བོ། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ཀྱི་རྩ་དང་འདྲ་བར་ལྟོ་ལ་ཉི་ཤུ་རྩ་བཞི་ཡོད་དེ། རྩ་དེ་དག་གི་ནང་ན་ཕོ་མཚན་གྱི་སྟེང་ན་གནས་པའི་རྩ་དང༌། སྤུའི་ཕྲེང་བའི་ངོས་གཉིས་ན་གནས་པའི་རྩ་གཉིས་གཉིས་མཚོན་གྱིས་གདབ་པར་མི་བྱའོ། །བྲང་ལ་གནས་པ་བཞི་བཅུ་ལས། །བཅུ་བཞི་དབུག་པར་མི་བྱ་སྟེ། །ནུ་འཇིང་དེ་ཡི་རྩ་བ་དང༌། །སྙིང་ག་དག་ནི་སོ་སོར་གཉིས། །གནོད་བྲལ་གནད་ནི་གཉིས་པ་དང༌། །མི་གསལ་ཞེས་བྱ་གཉིས་ཀྱི་གཉིས། །ཞེས་བྱ་བ་ལ། བྲང་ལ་རྩ་བཞི་བཅུ་གནས་ཏེ། དེ་རྣམས་ཀྱི་ནང་ནས་རྩ་བཅུ་བཞི་གང་ཡོད་པ་དེ་དག་ཏུ་དབུག་ཅིང་དབྲལ་བར་མི་བྱའོ། །དེ་ཡང་གང་དག་ཅེ་ན། ནུ་མའི་རྩེ་མོའི་རྩ་གཉིས་དང༌། སྙིང་གའི་རྩ་གཉིས་དང༌། གནོད་བྲལ་ཞེས་བྱ་བའི་གནད་དང༌། མི་གསལ་ཞེས་བྱ་བའི་གནད་དང་རེ་རེ་ལ་ཡང་གཉིས་གཉིས་ཏེ་དེ་ལྟར་བཅུ་བཞིའོ། །མགྲིན་པ་ལྟག་པ་འདྲ་བ་ལས། །སྔོན་པོ་མཇིང་པ་ལྟག་པ་དང༌། །འགལ་བ་དང་ནི་མ་མོ་བརྒྱད། །བཅུ་དྲུག་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། མགྲིན་པ་ན་ལྟག་པ་དང་འདྲ་བར་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་སྔོན་པོ་ཞེས་བྱ་བའི་གནད་ཀྱི་རྩ་གཉིས་དང༌། མཇིང་པའི་རྩ་གཉིས་དང་ལྟག་པའི་རྩ་གཉིས་དང༌། འགལ་པ་ཞེས་བྱ་བའི་གནད་ཀྱི་རྩ་གཉིས་དང༌། མ་མོ་ཞེས་བྱ་བ་བརྒྱད་དེ། དེ་ལྟར་རྩ་བཅུ་དྲུག་པོ་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །འགྲམ་པ་བཅུ་དྲུག་དེ་ལས་གཉིས། །མཚམས་ནི་འབྲེལ་བར་བྱེད་པ་སྤང༌། །ཞེས་བྱ་བ་ལ། འགྲམ་པ་གཉིས་ལ་རྩ་བཅུ་དྲུག་པོ་ཡོད་དེ། དེ་ལས་མཚམས་འབྲེལ་བར་བྱེད་པའི་རྩ་གཉིས་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །ལྕེ་ཡང་འགྲམ་པ་དང་འདྲ་སྟེ། །འོག་གི་རོ་ཚོར་བྱེད་གཉིས་དང༌། །ཚིག་འབྱིན་བྱེད་པ་གཉིས་པོ་སྤང༌། །ཞེས་བྱ་བ་ལ། ལྕེ་ལ་ཡང་འགྲམ་པ་དང་འདྲ་བར་རྩ་བཅུ་དྲུག་ཡོད་དེ། རྩ་དེ་རྣམས་ཀྱི་ནང་ནས་ལྕེའི་འོག་གི་རྩ་རོ་ཚོར་བར་བྱེད་པ་གཉིས་དང༌།


DTG201_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཚིག་འབྱིན་པར་བྱེད་པའི་རྩ་གཉིས་ཡོད་དེ། བཞི་པོ་དེ་དག་གཅགས་བུས་མི་གདབ་པར་སྤང་བར་བྱའོ། །སྣ་ཡི་རྩ་ནི་ཉི་ཤུ་བཞི། །དེ་ལས་དྲི་ཚོར་བྱད་གཉིས་དང༌། །རྐན་དུ་འགྲོ་བའི་རྩ་གཅིག་སྤང༌། །ཞེས་བྱ་བ་ལ། སྣའི་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་སྣའི་གཉིས་ནི་དྲི་ཚོར་ཞིང་སྣོམ་པར་བྱེད་པས་རྩ་དེ་གཉིས་དབུག་པར་མི་བྱའོ། །དེ་བཞིན་དུ་སྣའི་རྩ་རྐན་དུ་འགྲོ་བ་གཅིག་ཡོད་པ་དེ་ཡང་གཙགས་བུས་མི་གདབ་པ་སྟེ། དེ་ལྟར་གསུམ་སྤང་བར་བྱའོ། །མིག་གཉིས་ཀྱི་ནི་ལྔ་བཅུ་དྲུག །འབྱེད་དང་འཛུམས་པའི་ལས་བྱེད་པ། །གཉིས་གཉིས་དང་ནི་མིག་འགྲམ་གཉིས། །དྲུག་པོ་དེ་དག་སྤང་བར་བྱའོ། །ཞེས་བྱ་བ་ལ། མིག་གཉིས་ལ་རྩ་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་རྣམས་ལས་མིག་འཛུམས་པ་དང་འབྱེད་པར་བྱེད་པའི་རྩ་གཉིས་གཉིས་དང༌། དེ་བཞིན་དུ་མིག་འགྲམ་གྱི་རྩ་གཉིས་ཏེ། དེ་ལྟར་དྲུག་པོ་དེ་དག་གཙགས་བུས་མི་གདབ་སྟེ་སྤང་བར་བྱའོ། །མིག་དང་སྣར་གནས་དཔྲལ་བ་ལ། །བརྟེན་པའི་རྩ་ནི་དྲུག་ཅུ་ལས། །གཞག་པ་གཅིག་དང་གཙུག་གི་གཉིས། །སྐྲ་མཚམས་གནས་པའི་རྩ་བཞི་སྟེ། །བདུན་པོ་དེ་དག་མཚོན་གདབ་སྤང༌། །ཞེས་བྱ་བ་ལ། མིག་དང་སྣར་གནས་ཤིང་བརྟེན་པའི་རྩ་དཔྲལ་བར་འདུས་པ་བཅུ་དྲུག་ཡོད་དེ། རྩ་དེ་རྣམས་ཀྱི་ནང་ནས་གཞག་པ་ཞེས་བྱ་བ་གནད་ཀྱི་རྩ་གཅིག་དང་གཙུག་འཁྱིལ་བའི་གནད་ཀྱི་རྩ་གཉིས་དང༌། དེ་བཞིན་དུ་སྐྲ་མཚམས་ཀྱི་རྩ་བཞི་སྟེ་བདུན་པོ་དེ་དག་ལ་གཙགས་བུས་གདབ་པར་མི་བྱའོ། །རྣ་བར་བཅུ་དྲུག་དེ་ལས་འདིར། །སྒྲ་ཐོས་བྱེད་པའི་རྩ་གཉིས་སྤང༌། །ཞེས་བྱ་བ་ལ། རྣ་བ་ལ་རྩ་བཅུ་དྲུག་ཡོད་དེ། དེ་དག་ལས་སྒྲ་ཐོས་པར་བྱེད་པའི་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་བོ། །དེ་ཉིད་ལས་ནི་མུར་འགྲམ་གྱི། །མཚམས་སུ་འགྲོ་བ་གཉིས་པོ་སྤང༌། །ཞེས་བྱ་བ་ལ། རྣ་བ་ལ་བརྟེན་པའི་རྩ་བཅུ་དྲུག་པོ་དེ་ལས་མུར་འགྲམ་གྱི་མཚམས་སུ་འགྲོ་བའི་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་བོ། །སྤྱི་བོར་བཅུ་གཉིས་དེ་ལས་ནི། །གྱེན་འགྲོ་སྐྲ་མཚམས་བདག་པོ་ལས། །སོ་སོའི་རེ་རེ་སྤང་བར་བྱ། །ཞེས་བྱ་བ་ལ། སྤྱི་བོར་གནས་པའི་རྩ་བཅུ་གཉིས་ཡོད་དེ། དེ་དག་ལས་ཀྱང་གྱེན་དུ་འགྲོ་


DTG201_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་འདེགས་པ་ཞེས་བྱ་བའི་གནད་གཉིས་ཀྱི་རྩ་རེ་རེ་དང༌། སྐྲ་མཚམས་ཀྱི་རྩ་ལྔ་པོ་རེ་རེ་དང༌། བདག་པོ་ཞེས་བྱ་བའི་གནད་ཀྱི་རྩ་གཅིག་སྟེ། དེ་ལྟར་མགོ་བོའི་རྩ་ལ་གཙགས་བུས་གདབ་ཏུ་མི་རུང་ངོ༌། །སྤང་ཞིང་དོར་བར་བྱའོ། །དེ་ལྟར་ཡན་ལག་རེ་རེའི་རྩའི། །དབྱེ་བ་དབུག་མིན་ཤེས་ཕྱིར་བཤད། །ཅེས་བྱ་བ་ལ། རྣམ་པ་དེ་ལྟར་ན་ཡན་ལག་རེ་རེའི་རྩའི་དབྱེ་བ་དབུག་ཏུ་མི་རུང་བ་དང་རུང་བ་ཤེས་པར་བྱ་བའི་ཕྱིར་སོ་སོའི་དབྱེ་བ་བཤད་པ་ཡིན་ནོ། །དེ་ལས་ལུས་ལ་དབུག་མི་རུང༌། །མ་ལུས་དགུ་བཅུ་རྩ་བརྒྱད་ཡོད། །དོག་དང་རྩ་མདུད་ཤིན་ཏུ་ཕྲ། །ཡོ་དང་ཚིགས་ལ་གནས་མི་དབུག །ཅེས་བྱ་བ་ལ། ལུས་ཀྱི་ཡན་ལག་ལ་དབུག་ཏུ་མི་རུང་ཞིང་གཙགས་བུས་གདབ་པར་མི་བྱ་བའི་ཕྱིར། མ་ལུས་པ་མཐའ་དག་བསྡུ་བ་ལ་རྩ་དགུ་བཅུ་རྩ་བརྒྱད་ཡོད་དོ། །དེ་ལྟར་རྣམ་པ་དེ་དག་གིས་དབུག་ཏུ་མི་རུང་བ་དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་རྩ་གང་དོག་ཅིང་གཅིག་ལ་གཅིག་འབྲེལ་བ་དང༌། རྩ་མདུད་ཆགས་པའི་གནས་དང༌། ཤིན་ཏུ་ཕྲ་བ་དང་ཆུང་བ་དང༌། ཡ་ཡོར་གནས་པ་དང༌། དེ་བཞིན་དུ་རུས་པའི་ཚིགས་ལ་གནས་ཤིང་བརྟེན་པ་གང་ཡིན་པ་དེ་དག་དབུག་ཅིང་གཙགས་བུས་གདབ་པར་མི་བྱའོ། །རྩ་ནི་བདུན་བརྒྱ་དེ་རྣམས་ལས། །བཞི་ཆར་ཕྲག་ནི་སོ་སོར་རྒྱུ། །རླུང་དང་མཁྲིས་པ་བད་ཀན་ཁྲག །ནད་མེད་ཁྲག་ནི་དེ་ལྟར་གནས། །དེ་ནི་ལུས་ལ་ཕན་འདོགས་ཏེ། །གཞན་དུ་གནོད་པ་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། རྩ་བདུན་བརྒྱ་ཡོད་པ་དེ་རྣམས་ལས་རང་རང་གི་བཞི་ཆ་སྟེ་བརྒྱ་བདུན་ཅུ་རྩ་ལྔར་རླུང་རེ་རེས་མཁྲིས་པའི་རང་བཞིན་ཅན་གྱི་ཁྲག་དང་ནད་མེད་པའི་ཁྲག་སོ་སོར་རྒྱུ་བ་ཡིན་ནོ། །དེ་ལྟར་རླུང་ལ་སོགས་པའི་ནད་གནས་ཤིང་སྙོམས་པར་འཇུག་པའི་ནི་ལུས་ལ་ཕན་འདོགས་ཤིང་གནས་པར་བྱེད་པ་ཡིན་ལ། གཞན་དུ་སྟེ་གོ་རིམས་འཆོལ་ཞིང་འཁྲུགས་པར་གནས་ན་ལུས་ལ་གནོད་པ་སྐྱེད་ཅིང་ནད་དུ་འགྱུར་བ་ཡིན་ནོ། །དེ་ལ་གནག་དང་དམར་དང་ཕྲ། །སྐད་ཅིག་རེ་རེ་གང་ཞིང་སྟོངས། །མགུལ་བ་རླུང་གི་ཁྲག་རྩ་ཡིན། །ཞེས་བྱ་བ་ལ། རྩ་དེ་དག་གི་ནང་ནས་རྩའི་མདོག་གནག་པ་དང༌། དམར་བར་གནས་པ་དང༌། ཕྲ་བ་དང༌། སྐད་ཅིག་རེ་རེ་ཞིང་གང་


DTG201_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྟོངས་པ་སྟེ། རླུང་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་ལན་འགའ་ནི་གང་ཞིང་རྒྱས་པར་སྣང་ལ། ལན་འགའ་ནི་སྟོང་ཞིང་ཁོང་སྟོང་གི་ཚུལ་དུ་སྐད་ཅིག་རེ་རེར་འགྱུར་བ་དང༌། དེ་བཞིན་དུ་རྩ་གང་ཤིན་ཏུ་འགུལ་ཞིང་འཕར་བ་གང་ཡིན་པ་དེ་ནི་རླུང་གི་ཁྲག་རྒྱུ་བའི་རྩ་ཡིན་ནོ། །རེག་ཚེ་ཚ་ཞིང་མྱུར་དུ་རྒྱུ། །མདོག་སྔོ་སེར་པོར་འདུག་པ་ནི། །མཁྲིས་པའི་ཁྲག་རྩའི་མཚན་མ་ཡིན། །ཞེས་བྱ་བ་ལ། མཁྲིས་པའི་ཁྲག་རྒྱུ་བའི་རྩ་ཡིན་པ་དེ་ནི་རེག་ན་ཚ་བ་འུར་འུར་པོར་འདུག་པ་ཡིན་གྱི་གྲང་བར་གནས་པ་མ་ཡིན་པ་དང༌། །དེ་བཞིན་དུ་མྱུར་དུ་རྒྱུ་ཞིང་འབབ་པ་དང༌། དེ་བཞིན་དུ་མདོག་སྔོན་པོའམ། སེར་པོར་འདུག་པ་ཡིན་ནོ། །དཀར་སྣུམ་བརྟན་གྲང་བད་ཀན་རྩ། །ཞེས་བྱ་བ་ལ། བད་ཀན་གྱི་ཁྲག་རྒྱུ་བའི་རྩ་ནི་འདི་ལྟར་གནས་ཏེ། ཁ་དོག་དཀར་བ་དང༌། མདངས་སྣུམ་པ་དང༌། རྒྱུ་བ་བརྟན་ཞིང་འགྱུར་བ་མེད་པ་དང༌། རེག་ན་གྲང་བ་ཡིན་ནོ། །འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། །ཞེས་བྱ་བ་ལ། ལྡན་པའི་ནད་དང་འདུས་པའི་ནད་ཀྱི་རྩའི་མཚན་ཉིད་ནི་འདྲེན་མར་རྒྱུ་བ་ཡིན་ཏེ། རླུང་དང་བད་ཀན་འདྲེས་པའམ། རླུང་དང་མཁྲིས་པ་འདྲེས་པ་འམ། །མཁྲིས་པ་དང་བད་ཀན་འདྲེས་པའམ། གསུམ་ཆར་འདུས་པ་ལས་གྱུར་པའི་མཚན་ཉིད་ནི་རང་རང་གི་མཚན་མ་འདྲེན་མར་སྣང་བ་ཡིན་ནོ། །མི་མངོན་མཉམ་གནས་སྣུམ་པ་དང༌། །མདོག་དམར་ཁྲག་རྩ་ནད་མེད་ཡིན། །ཞེས་བྱ་བ་ལ། རྩ་མི་མངོན་ཞིང་ནང་དུ་ནུབ་པ་དང༌། མཉམ་ཞིང་སྙོམས་པར་གནས་པ་དང༌། རྩུབ་ཅིང་སྣུམ་བག་མེད་པ་དང༌། ཁྲག་གི་མདོག་དམར་བའི་རྩ་ནི་ནད་མེད་པའི་ཁྲག་རྒྱུ་བ་ཡིན་ནོ། །རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་ཡིན། །དེ་རྣམས་ཀྱིས་བསོར་ལྟེ་བ་ནི། །འཁོར་ལོའི་ལྟེ་བ་རྩིབས་བསྐོར་མཚུངས། །དེས་ནི་སྟེང་འོག་ཐད་ཀ་རུ། །ལུས་འདི་རྗེས་སུ་འཛིན་པ་ཡིན། །ཞེས་བྱ་བ་ལ། ལུས་ལ་རྩ་བོ་ཆེ་ཉི་ཤུ་རྩ་བཞི་ཡོད་པ་གང་ཡིན་པ་དེ་ནི་ལྟེ་བ་ལ་བརྟེན་ཅིང་གནས་པ་ཡིན་ལ། དེ་ཡང་དེ་རྣམས་ཀྱིས་ལྟེ་བ་ཡོངས་སུ་བསྐོར་བར་གནས་ཏེ། ཇི་ལྟར་ཤིང་རྟའི་ལྟེ་བ་གང་ཡིན་པ་དེ་རྩིབས་ཀྱིས་ཀུན་ནས་བསྐོར་ཅིང་གནས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟ་བུའི་རྩ་བོ་ཆེ་དེས་ནི་ལུས་ཀྱི་སྟེང་དང་འོག་དང་ཐད་ཀ་དག་ཏུ་གྱེས་


DTG201_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕུང་པོ་ནི་རྗེས་སུ་འཛིན་ཅིང་འཚོ་བར་བྱེད་པ་ཡིན་ཏེ། རྩ་བོ་ཆེ་དེ་དག་ཀྱང་ཀུན་དགའ་ར་བའི་ཆུ་འདྲེན་པའི་ཝ་ལྟ་བུའམ་ཞིང་གི་ཡུར་བ་ལྟ་བུ་ཡིན་ནོ། །རྩ་བོ་ཆེ་དེ་དག་ལས་བཅུ་ནི་སྟེང་དུ་འགྲོ་བ་ཡིན་ལ། བཅུ་ནི་འོག་ཏུ་འགྲོ་བ་ཡིན། བཞི་ནི་ཐད་ཀར་འགྲོ་བ་ཡིན་ནོ། །བུ་ག་སྣ་དང་རྣ་བ་གཉིས། །མིག་གཉིས་ཁ་རྐུབ་ཕོ་མཚན་ནོ། །ཞེས་བྱ་བ་ལ། སྐྱེས་པ་ལ་ནི་བུ་ག་དགུ་ཡོད་དེ། སྣའི་བུ་ག་གཉིས་དང༌། རྣ་བ་གཉིས་དང༌། མིག་གཉིས་དང༌། ཁ་དང༌། རྐུབ་དང༌། ཕོ་མཚན་གྱི་བུ་གའོ། །བུད་མེད་ནུ་མ་གཉིས་ཁྲག་སྒོ། །གསུམ་གྱིས་ལྷག་པར་གྱུར་པ་ཡིན། །ཞེས་བྱ་བ་ལ། བུད་མེད་རྣམས་ནི་སྔ་མ་ལས་ལྷག་པར་གྱུར་པའི་བུ་ག་གསུམ་ཡོད་དེ་ནུ་མ་གཉིས་ཀྱི་བུ་ག་དང༌། ཟླ་མཚན་རྒྱུ་བའི་བུ་གའོ། །ནང་གི་སྲོག་གི་གནས་གྱུར་པའི། །བུ་ག་བཅུ་གསུམ་ཡོད་པར་བཤད། །སྲོག་དང་ལུས་ཟུངས་དྲི་མཆུ། །ཟས་རྒྱུ། ཞེས་བྱ་བ་ལ། དེ་བཞིན་དུ་ནང་གི་བུ་ག་སྔ་མ་ལས་གཞན་པ་སྲོག་ལ་སོགས་པའི་གནས་སུ་གྱུར་པའི་བུ་ག་བཅུ་གསུམ་ཡོད་དེ། དེ་ལ་སྲོག་ཅེས་བྱ་བའི་རླུང་ནི་སྲོག་གི་གནས་སུ་རྒྱུའོ། །ལུས་ཟུངས་རྒྱུ་བ་རྣམས་སུ་ནི་དངས་མ་ལ་སོགས་པའི་ལུས་ཟུངས་རྒྱུའོ། །དྲི་མ་རྒྱུ་བའི་གནས་སུ་བཤང་བ་དང་གཅི་བ་དང་རྡུལ་རྒྱུའོ། །ཆུ་རྒྱུ་བའི་གནས་སུ་ནི་ཆུ་འཐུངས་པ་རྒྱུའོ། །ཟས་རྒྱུ་བའི་གནས་སུ་ནི་ཟས་ཟོས་པ་རྣམས་རྒྱུ་སྟེ། དེ་ལྟར་ན་རྣམ་པ་བཅུ་གསུམ་ཡིན་ནོ། །ཟས་རྒྱུ་མི་མཐུན་བསྟན་པ་ཡིན། །དེ་ལ་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་པས་བདེ་བར་བྱེད། །ཅེས་བྱ་བ་ལ། བུ་ག་དེ་དག་ཟས་དང་སྤྱོད་ལམ་མི་མཐུན་ཞིང་ཕན་པ་མ་ཡིན་བ་བསྟེན་པས་དེ་ལ་གནོད་པར་གྱུར་ཅིང་འཁྲུགས་པར་བྱས་པ་ལས་ནད་རྣམས་སྐྱེད་པར་འགྱུར་ལ་སྐྱོན་མེད་ཅིང་དག་པའི་ཟས་དང་སྤྱོད་ལམ་བསྟེན་པས་གནོད་པ་མེད་ན་བདེ་བ་ཉིད་དུ་འགྱུར་ཞིང་ནད་མེད་པ་སྐྱེད་བར་བྱེད་དོ། །རང་གི་ལུས་ཟུངས་མདོག་མཉམ་ཞིང༌། །ཟླུམ་དང་སྦོམ་དང་ཕྲ་བ་དང༌། །བུ་གའི་དབྱིབས་ཀྱི་རིང་པོ་སྟེ། །ལོ་མའི་རྩ་འཕྲོས་ལྟ་བུ་ཡིན། །ཞེས་བྱ་བ་ལ། རང་གི་ལུས་ཟུངས་ཀྱི་གཞིར་གྱུར་པའི་བུ་ག་གང་བ་སྟེ་ནད་པའི་ལུས་ཟུངས་དེ་དང་མདོག་མཉམ་ཞིང་མཚུངས་པ་ཡིན་ཏེ། དེས་ན་དངས་མ་རྒྱུ་བའི་བུ་ག་ནི་ལུས་ཟུངས་ཀྱི་དངས་མ་བུ་ག་དང་ཁ་དོག་མཚུངས་པ་ཡིན་པ་


DTG201_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལྟ་བུའོ། །བུ་ག་དེ་དག་ཐམས་ཅད་ལས་བུ་ག་ལ་ལ་ནི་ཟླུམ་པོ་ཡིན་ལ། བུ་ག་ལ་ལ་ནི་སྦོམ་པ་ཡིན་ལ། ལ་ལ་ནི་ཕྲ་ཞིང་ཆུང་བ་ཡིན་ཏེ། བུ་ག་དེ་དག་ཐམས་ཅད་ཀྱི་དབྱིབས་ནི་རིང་པོར་གནས་ཤིང༌། རྩ་སྦུབས་དེ་དག་ཀྱང་ལོ་མའི་རྩ་རྒྱུས་ཀྱི་རི་མོ་དང་མཐུན་པའི་རིང་ཐུང་དུ་མར་གྱེས་པ་ཡིན་ནོ། །ཟས་དང་སྤྱོད་ལམ་དག་གིས་གང༌། །ནད་ཀྱི་མཐུ་དང་མཉམ་གྱུར་དང༌། །གང་ཡང་ལུས་ཟུངས་མི་མཉམ་སྟེ། །བུ་གའི་རྒྱུན་ལ་གནོད་བྱེད་ཡིན། །ཞེས་བྱ་བ་ལ། བཟའ་བ་དང་བཏུང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཟས་གང་རླུང་ལ་སོགས་པའི་ནད་ཀྱི་མཐུ་རྩུབ་བ་ལ་སོགས་པ་དང་མཉམ་ཞིང་མཚུངས་པར་གྱུར་པ་གང་ཡིན་པ་དེ་ནི་བུ་ག་རྣམས་འགགས་ཤིང་གནོད་པར་འགྱུར་བའི་རྒྱུ་ཡིན་ནོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་མཚན་ཉིད་གང་ཡིན་པ་སྟེ། དེ་ཡང་ནད་ཀྱི་མཐུ་དང་ཆ་མཉམ་པར་གྱུར་ན་བུ་ག་རྣམས་ལ་གནོད་ཅིང་འགགས་པའི་རྒྱུ་ཡིན་ནོ། །དེ་བཞིན་དུ་ལུས་ཟུངས་བདུན་པོ་ཟས་དང་སྤྱོད་ལམ་ལ་སོགས་པ་དེའི་མཐུ་དང་ནུས་པ་མི་མཉམ་ཞིང་ཡོན་ཏན་ཐ་དད་པར་གྱུར་པ་གང་ཡིན་པ་དེ་དག་ཀྱང་བུ་གའི་རྒྱུན་ལ་གནོད་ཅིང་འགགས་པའི་རྒྱུ་ཡིན་ནོ། །མང་དུ་འབྱུང་བའམ་འགགས་པའམ། །རྩ་ནི་མདུད་པ་ཆགས་པའམ། །ལམ་གཞན་དག་ཏུ་འགྲོ་བ་ནི། །བུ་གའི་རྒྱུ་འཁྲུགས་མཚན་ཉིད་ཡིན། །ཞེས་བྱ་བ་ལ། བུ་ག་ལ་མང་དུ་བྱུང་བ་ནི་ཇི་ལྟར་གཅིན་འབབ་པའི་བུ་ག་ལས་གཅིན་སྙི་བའི་ནད་ལྟར་མང་དུ་བྱུང་བ་ན། འགགས་པ་ནི་མི་འབྱུང་བའམ་ཅུང་ཟད་བྱུང་བ་སྟེ་གཅིན་སྲི་བའི་ནད་ལྟ་བུའོ། །དེ་བཞིན་དུ་བཤང་བ་འབྱུང་བའི་བུ་ག་ལས་ཚད་པ་འཁྲུ་བ་ལྟར་བཤང་གཅི་ལྷག་པར་འཁྲུ་བ་ནི་མང་དུ་འབྱུང་བའོ། །འགགས་པ་ནི་བཤང་བ་ཅུང་ཟད་བྱུང་བའམ། ཡང་ན་རྟུག་འགགས་ཀྱི་ནད་ལྟར་ཐམས་ཅད་ནས་ཐམས་ཅད་དུ་འབྱུང་བར་མི་འགྱུར་བ་དེ་ནི་བུ་གའི་རྒྱུ་འཁྲུགས་ཤིང་གནོད་པ་དང་ལྡན་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྩ་ལ་མདུད་པ་ཆགས་པར་གྱུར་པ་དང༌། དེ་བཞིན་དུ་ལམ་གཞན་དུ་འགྲོ་བ་སྟེ། རང་གི་རྒྱུའི་འམ་མ་སྤངས་ནས་ལམ་གཞན་དུ་འགྲོ་བ་དེ་ཡང་བུ་ག་ལ་


DTG201_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཡོད་ཅིང་འཁྲུགས་པའི་མཚན་ཉིད་ཡིན་ནོ། །པདྨའི་རྩ་བ་ཕྲ་མོ་ལས། །རིང་དུ་རྒྱུ་བར་བྱེད་པ་ལྟར། །གང་གིས་དངས་མ་ཉེར་འཕེལ་བ། །ལུས་ཀྱི་སྒོ་ནི་བུ་ག་ཡིན། །ཞེས་བྱ་བ་ལ། ཇི་ལྟར་པདྨའི་རྩ་བའི་སྦུབས་ཤིན་ཏུ་ཕྲ་བའི་བུ་ག་ལས་རིང་དུ་རྒྱུ་བར་བྱེད་ཅིང་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་བཞིན་དུ་བུ་གའི་སྒོ་གང་ནས་ལུས་འདི་ལ་དངས་མ་ཉེ་བར་སོགས་ཤིང་འཕེལ་བར་འགྱུར་བའི་སྒོ་ནས་གང་ལུས་མ་ལུས་པ་ཁྱབ་པར་བྱེད་པ་དེ་ནི་བུ་ག་ཞེས་བྱའོ། །བུ་ག་རྣམས་ནི་བརྟོལ་གྱུར་ན། །འདར་མྱོས་ལྟོ་སྦོས་ལྐུགས་དང་རིམས། །སླ་དང་གཟེར་དང་བཤང་གཅི་འགགས། །ཡང་ན་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། བུ་ག་བརྟོལ་ཞིང་ཕྱུང་བར་གྱུར་ནས་འདར་བ་ལ་སོགས་པ་འབྱུང་བར་འགྱུར་བའམ། ཡང་ན་འཆི་ཞིང་དུས་བྱེད་པ་ཉིད་དུ་འགྱུར་རོ། །དེ་ལ་འདར་བ་ནི་ལུས་གཡོ་ཞིང་འགུལ་བའོ། །མྱོས་པ་ནི་སེམས་སྟོར་བའོ། །ལྟོ་སྤོས་པ་ནི་དབུགས་ཀྱིས་ཁེངས་པའོ། །དེ་བས་སྨན་པས་བུ་ག་བརྟོལ། །རེ་ཐག་བཅད་དེ་གསོ་བར་བྱའོ། །འཕྲལ་དུ་རྨ་བྱུང་ཆོ་ག་ཡིས། །འབད་དེ་ཟུག་རྔུ་དབྱུང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྲོག་དང་བྲལ་བའི་ཉེས་པ་དེ་བས་ན་སྨན་པ་དག་གིས་བུ་ག་བརྟོལ་བའི་ནད་པ་ལ་རེ་ཐག་བཅད་ཅིང་བཟློག་སྟེ་བྱ་བ་འདིས་ནི་ངེས་པར་འཆི་བ་ཡིན་ཏེ་ཞེས་སྨྲ་ལ། མཚོན་གྱིས་ཟུག་རྔུ་དེ་ཕྱུང་ནས་འབད་དེ་གསོ་བར་བྱའོ། །དེ་ཡང་ཇི་ལྟར་དབྱུང་ཞེ་ན། འཕྲལ་དུ་ཟུག་རྔུ་དབྱུང་བའི་ཆོ་ག་སྔར་བཤད་པ་ལྟར་དབྱུང་བར་བྱའོ། །ཟས་འཇུ་བྱེད་པ་མཁྲིས་པ་ནི། །འཇུ་བྱེད་ཡིན་ཞེས་སྔར་བཤད་དོ། །ཞེས་བྱ་བ་ལ། ཟས་འཇུ་བར་བྱེད་པ་ནི་མཁྲིས་པ་ལྔའི་ཁྱད་པར་འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་ཡིན་ནོ་ཞེས་སྔར་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ནད་དང་ལུས་ཟུངས་དྲི་མ་ཡི། །དྲོད་ཡིན་ཞེས་ནི་རྒྱུན་ཤེས་ཟེར། །ཞེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས་ཀྱི་བུས་ནི་ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་དྲོད་དེ་རླུང་ལ་སོགས་པའི་ནད་རྣམས་དང༌། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང༌། བཤང་གཅི་ཞེས་བྱ་བའི་དྲི་མ་དེ་རྣམས་ཀྱི་དྲོད་ནི་མེ་དྲོད་དེ། ནད་དང་ལུས་ཟུངས་དང་དྲི་མ་དང་འདུས་བ་ལས་བྱུང་བའི་ནང་གི་མེ་དྲོད་ཇི་སྐད་དུ་བསྟན་པའི་མེས་


DTG201_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་ཟས་ཀྱི་གནས་ཡིན་ཞིང༌། །འཛིན་ཅིང་འཛིན་བྱེད་ཅེས་བསྟན་ཏོ། །ཞེས་བྱ་བ་ལ། འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་དང༌། མེ་དྲོད་ནི་ཟས་ཀྱི་གནས་ཡིན་ཞིང༌། ཟས་དེ་ཉིད་འཛིན་ཅིང་ཆགས་པར་བྱེད་པས་ན་འཛིན་པར་བྱེད་པའོ། །ཞེས་བཤད་དོ། །དེ་ཉིད་ཐང་ལ་འབར་གཞུང་གིས། །མཁྲིས་པ་འཛིན་པའི་ཆ་རུ་བཤད། །ཅེས་བྱ་བ་ལ། འཛིན་པ་དེ་ཉིད་ནི། དྲང་སྲོང་ཐང་ལ་འབར་གྱིས་གཞུང་ངམ་ཕྱོགས་ཀྱིས་དེ་མཁྲིས་པ་འཛིན་པའི་ཆ་ཡིན་ནོ། །ཞེས་བཤད་དོ། །ཚེ་དང་ནད་མེད་བརྩོན་གཟི་མདངས། །ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་བའི་གནས་ཀྱི་སྒོར་ཞུགས་པ། །ཟས་ཀྱི་ལམ་གྱི་སྒོ་གཏན་ཡིན། །ཞེས་བྱ་བ་ལ། འཛིན་པ་དེ་ཉིད་ཞུ་བའི་གནས་ཀྱི་སྒོ་ན་འདུག་པར་གྱུར་ན་ཚེ་འཕེལ་བར་བྱེད་པ་དང༌། ནད་མེད་པ་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཟས་ཀྱི་ལམ་ཞུ་བའི་གནས་ཀྱི་ནང་དུ་འགྲོ་བའི་གནས་བྱེད་པ་ཡིན་ཏེ་སྒོ་བྱེད་པའི་གགས་བྱེད་པ་ནི་སྒོ་གཏན་ཡིན་པ་དང་འདྲ་བར་འདིར་ཡང་ཞུ་བའི་གནས་ཀྱི་སྒོར་འདུག་སྟེ་མ་ཞུ་བའི་གནས་དང་ཞུ་བའི་གནས་ཀྱི་བར་དུ་གནས་ནས་དེས་ཀྱང་མེའི་དྲོད་ནང་དུ་སྐྱེད་པས་མ་ཞུ་བའི་གནས་སུ་འགྲོ་བར་བདོག་པའི་ཟས་སྟོབས་ཀྱིས་བཀག་ནས་མཁྲིས་པའི་མེ་དྲོད་ཀྱིས་སྨིན་ཅིང་སྐེམ་པར་བྱེད་དོ། །དེ་ནི་སྟོབས་ལྡན་ཟོས་བ་རྣམས། །ཞུ་ནས་ཐུར་དུ་འདྲེན་པར་བྱེད། །སྟོབས་ཞན་གྱུར་ན་ཁ་ཟས་ནི། །མ་སྨིན་ཉིད་དུ་འབྱུང་བར་བྱེད། །ཅེས་བྱ་བ་ལ། འཛིན་པར་བྱེད་པ་ཞེས་བྱ་བ་སྟེ་སྟོབས་དང་ལྡན་པར་གྱུར་ན་ཁ་ཟས་ཟོས་པ་རྣམས་མ་ཞུ་བའི་གནས་སུ་བཀག་ཅིང་སྟོབས་ཀྱིས་བཀག་ནས་སྨིན་ཅིང་ཞུ་བར་བྱས་ཏེ། དེའི་འོག་ཏུ་ཟས་དེ་དྲི་མའི་རྣམ་པར་ཞུ་བའི་གནས་སུ་འདྲེན་པར་བྱེད་ལ། དེ་ནི་སྟོབས་དང་ལྡན་པ་ལས་གྱུར་གྱི་སྟོབས་གཞན་ལས་ནི་མ་ཡིན་ནོ། །གལ་ཏེ་འཛིན་པ་ཞེས་བྱ་བ་སྟེ། སྟོབས་ཞན་ཅིང་ཉམ་ཆུང་བར་གྱུར་བ་ལ། ནད་ཀྱིས་ཉེན་པ་ཡིན་ན། ཁ་ཟས་མ་ཞུ་ཞིང་མ་སྨིན་པ་ཉིད་དུ་འབྱུང་ཞིང་དོར་བར་བྱེད་དོ། །འཛིན་བྱེད་སྟོབས་ནི་མེ་དྲོད་དེ། །དེ་ཡང་འཛིན་བྱེད་སྟོབས་ཅན་ཡིན། །དེ་བས་མེ་དྲོད་ཉམས་གྱུར་ན། །འཛིན་བྱེད་ནད་ནི་སྐྱེད་པར་བྱེད། །


DTG201_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ལ། འཛིན་བྱེད་དེའི་སྟོབས་ནི་འཇུ་བར་བྱེད་པ་ཞེས་བྱ་བའི་མེ་དྲོད་ཡིན་ལ་མེ་དྲོད་དེའི་སྟོབས་ཀྱང་འཛིན་བྱེད་ཡིན་ཏེ། དེ་ལྟར་ན་གྲུབ་པ་དང༌། བདེ་བའི་སྦྱོར་བ་གཅིག་གིས་དེ་གཉིས་ལུས་གནས་བར་བྱེད་པ་ཡིན་ནོ། །རྒྱུ་དེ་བས་ན་ཁོང་བའི་མེ་དྲོད་ཉམས་ཤིང་བྲི་བར་གྱུར་ན་འཛིན་པ་ཞེས་བྱ་བ་དེ་ནད་འབྱུང་བར་བྱེད་པའི་རྒྱུར་འགྱུར་རོ། །ཟས་གང་ལུས་ཀྱི་ལུས་ཟུངས་མདངས། །སྟོབས་དང་ཁ་དོག་སོགས་རྒྱས་བྱེད། །དེར་རྒྱུ་ཁ་ཟས་མེ་དྲོད་ནི། །མི་འཇུ་དངས་མ་སོགས་མི་འགྱུར། །ཞེས་བྱ་བ་ལ། གང་ཟས་འདི་ཟོས་ཤིང་བསྟེན་པས་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པ་དེའི་རྒྱུ་ནི་མེ་དྲོད་ཁོ་ན་ཡིན་ཏེ། གང་གི་ཕྱིར་ཁ་ཟས་མ་ཞུ་བ་ལས་ནི་དངས་མ་དང་ཁྲག་ལ་སོགས་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་པར་བྱེད་པ་ལ་ནི་ཐམས་ཅད་དུ་མེའི་དྲོད་ཀྱིས་འཇུ་བའི་བྱ་བ་རྫོགས་པར་བྱ་བའི་ཕྱིར་མེ་དྲོད་ཁོ་ན་རྒྱུའི་གཙོ་བོ་ཡིན་ནོ། །ཟས་ནི་དུས་སུ་ཟོས་གྱུར་པ། །ལྟོ་བར་སྲོག་གི་རླུང་གིས་དྲངས། །སྐོམ་གྱིས་གོང་བོར་རྣམ་པར་དབྱེ། །སྣུམ་གྱིས་མཉེན་པར་བྱས་པ་ཡིན། །མེ་མཉམ་གནས་ཀྱིས་བུས་ནས་ནི། །མ་ཞུའི་གནས་ནས་རྣམ་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ་བའི་མེ་ཡིས་ཞུ་བར་བྱེད། །ཅེས་བྱ་བ་ལ། ཟས་སུ་ཟ་བའི་ཁ་ཟས་དུས་སུ་བསྟེན། །བཤང་བ་དང་ནི་གཅི་བ་བསལ། །དག་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་དུ་ལོངས་སྤྱོད་པར་འགྱུར་ན། ལྟོའི་གནས་སུ་སྲོག་ཅེས་བྱ་བའི་རླུང་གིས་དྲངས་ཤིང་བཅུག་ནས་སྐོམ་གྱི་རྣམ་པ་གཤེར་བའི་རྫས་ཆུ་དང་འོ་མ་དང་ཆང་ལ་སོགས་པ་གོང་པོར་གནས་པ་ཆེ་ཞིང་བཤིག་པར་འགྱུར་བ་དང༌། སྣུམ་གྱི་རྫས་མར་ལ་སོགས་པས་མཉེན་ཞིང་འཇམ་པ་ཉིད་དུ་བྱས་པ་ཡིན་པ་ལ། དེ་བཞིན་དུ་མ་ཞུ་བའི་གནས་ན་འདུག་པ་ན་སྨིན་ཅིང་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་གིས་དེ་མཉམ་པར་སྤར་ཞིང་བུས་ནས་སྨིན་ཅིང་འཇུ་བར་བྱེད་བ་ཡིན་ནོ། །དེ་ཡང་ཇི་ལྟར་ཕྱིའི་མེས་སྣོད་ཀྱི་ནང་ན་གནས་པའི་ས་དང་ཆུ་འཚོད་ཅིང་སྨིན་པར་བྱེད་བ་དང་འདྲ་བར་ལྟོ་བའི་མེས་ཀྱང་སྨིན་ཅིང་ཞུ་བར་བྱེད་པ་ཡིན་ནོ། །དང་བོར་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་


DTG201_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ནི། །ལྦུ་བ་ཅན་གྱུར་བད་ཀན་འགྱུར། །ཞེས་བྱ་བ་ལ། ཁ་ཟས་རོ་དྲུག་པོ་དེ་དག་ཀྱང་དང་པོའི་གནས་སྐབས་ལ་བབ་པའི་ཚེ། ལྟོ་བའི་མེ་དྲོད་ཀྱིས་འཇུ་བར་བྱེད་པས་ན། ཁ་ཟས་རོ་དྲུག་ཅར་ཟོས་སུ་ཟིན་ཀྱང་རོ་མངར་བ་ཉིད་དུ་གྱུར་ཅིང་མངར་བའི་རང་བཞིན་གྱིས་བད་ཀན་གྱི་ནད་བསླངས་ཤིང་དེའི་མཚན་ཉིད་ཅན་དུ་འགྱུར་བ་དང༌། ལྦུ་བ་ཅན་ལྦུ་བ་འདྲ་བ་ཉིད་དུ་འགྱུར་རོ། །ཞུ་བའི་གནས་ནས་འཕོ་བ་ན། །རྣམ་པར་ཚ་བས་སྐྱུར་ཉིད་འགྱུར། །མཁྲིས་གྱུར། །ཞེས་བྱ་བ་ལ། དང་པོའི་གནས་སྐབས་འདས་ནས་གནས་སྐབས་བར་མ་ལ་བབ་པའི་ཚེ། ལྟོ་བ་མེའི་དྲོད་ཀྱིས་སྨིན་པར་བྱེད་ཅིང་འཇུ་བར་བྱེད་པས་ན། རྣམ་པར་ཚ་བས་སྐྱུར་བ་ཉིད་དུ་གྱུར་པས་མཁྲིས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཟས་དེ་ཞུ་བའི་གནས་ནས་འཕོ་བ་ན་མཁྲིས་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །འཕོས་པའི་རྗེས་ལ་ནི། མེ་དྲོད་ཀྱིས་སྐམས་ཞུ་བ་དང༌། །ཁ་ཞིང་གོང་བུར་གྱུར་རླུང་སྐྱེད། །ཅེས་བྱ་བ་ལ། ཟས་དེ་མ་ཞུ་བའི་གནས་ནས་ཞུ་བའི་གནས་སུ་འཕོས་ཤིང་ཞུ་བའི་གནས་སུ་ཕྱིན་པ་དང༌། ཁོང་པའི་མེ་དྲོད་ཀྱིས་སྐམས་པ་དང༌། རོ་ཁ་བ་དང་གོང་བུར་བསྡུས་པར་གྱུར་པ་ན། གནས་སྐབས་གསུམ་པར་སྲ་བར་གྱུར་པ་ཡིན་ཏེ། དེའི་ཚེ་ན་རླུང་སྐྱེད་པར་འགྱུར་བ་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁར་བཅས་པའི་དྲོད་ལྔ་པོས། །རང་རང་ཡོན་ཏན་ཟས་ལྔ་པོ། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་རང་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་དང༌། །ལྷག་མས་ལུས་གཏོགས་ལྷག་མ་རྒྱས། །ཞེས་བྱ་བ་ལ་སོགས་པའི་མེ་དྲོད་རླུང་དང་བཅས་པར་གནས་པའི་དྲོད་ལྔ་པོ་དག་གིས་ཟས་ཀྱི་ཡོན་ཏན་ལྔ་པོ་ལྕི་བ་ལ་སོགས་བ་རང་རང་གི་ཡོན་ཏན་ལ་སོགས་པ་རྗེས་སུ་མཆེད་ཅིང་སྨིན་པར་བྱེད་ལ། དེའི་འོག་ཏུ་ས་ལ་སོགས་པ་དེ་དག་རང་རང་གི་ཡོན་ཏན་གང་ཡིན་པ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གནས་ཤིང་འཕེལ་བར་བྱེད་དོ། །དེ་ཡང་སོ་སོ་ནས་ཐ་དད་པ་བྱེད་པ་ཡིན། དེ་ཡང་ས་རུ་གཏོགས་པའི་འབྱུང་བ་ཆེན་པོས་ལུས་ལ་གཏོགས་པའི་སའི་ཡོན་ཏན་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ལ། ལྷག་མ་སའི་ཡོན་ཏན་ལས་གཞན་པ་མེ་དང་ཆུ་དང་རླུང་དང་ནམ་མཁའ་རྣམས་ཀྱིས་ཀྱང་སའི་ཡོན་


DTG201_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ལས་མ་གཏོགས་པ་ལྷག་མ་རང་རང་གི་ཡོན་ཏན་རྣམས་ལུས་ལ་གནས་པ་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ནོ། །ཟས་དེ་ཞུ་བའི་ཚིགས་མ་དང༌། །དངས་མ་ཞེས་བྱ་གཉིས་སུ་འགྱུར། །ཞེས་བྱ་བ་ལ། ཟས་དེ་ཞུ་བའི་ཚེ་རྣམ་པ་གཉིས་སུ་འགྱུར་ཏེ། ཚིགས་མའི་ཚུལ་ཅན་དང༌། དངས་མའི་ཚུལ་ཅན་ནོ། །དེ་ལས་ཟས་ཀྱི་ཚིགས་མ་སླ། །གཅིན་འགྱུར་སྐ་བ་བཤང་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་ཚིགས་མ་དང་དངས་མ་དེ་ཉིད་ལས་ཟས་ཀྱི་ཚིགས་མའི་དངས་མར་གྱུར་པ་དེ་ནི་གཅིན་ཡིན་པར་ཤེས་པར་བྱ་ལ། ཚིགས་མའི་སྐབས་གོང་བུར་གྱུར་པ་གང་ཡིན་པ་དེ་ནི་བཤང་བ་ཡིན་པར་ཤེས་པར་བྱའོ། །དངས་མ་ལུས་ཟུངས་རང་རང་གི །མེ་དྲོད་ཀྱིས་སྨིན་རྣམ་བདུན་འགྱུར། །ཞེས་བྱ་བ་ལ། ཟས་ཀྱི་དངས་མ་བཅུད་དུ་གྱུར་པའི་དངས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ལུས་ཟུངས་རང་གི་མེ་དྲོད་ཀྱིས་ཡང་སྨིན་ཅིང་ཚོས་པར་བྱས་བ་ན་རྣམ་པ་བདུན་དུ་འགྱུར་རོ། །དངས་མ་ལས་ཁྲག་དེ་ལས་ཤ་།ཤ་ལས་ཚིལ་ཏེ་དེ་ལས་རུས། །རུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་ནི་མངལ་གནས་འགྱུར། །ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དངས་མ་ལས་ནི་ཁྲག་ཏུ་འགྱུར་རོ། །ཁྲག་དེ་ལས་ནི་ཤ་རུ་འགྱུར་ལ། ཤ་ལས་ནི་ཚིལ་དུ་འགྱུར་རོ། །ཚིལ་ལས་ནི་རུས་པའོ། །རུས་པ་ལས་ནི་རྐང་དུ་འགྱུར་རོ། །རྐང་ལས་ནི་ཁུ་ཆུར་འགྱུར་རོ། །ཁུ་ཆུ་ལས་ནི་མངལ་དུ་གནས་ཤིང་བུ་ཆགས་པའི་རྒྱུར་འགྱུར་རོ། །ལུས་ཟུངས་ཚིགས་མ་རིམ་བཞིན་དུ། །བད་མཁྲིས་བུ་གའི་དྲི་མ་དང༌། །རྡུལ་དང་སེན་མོ་བ་སྤུ་དང༌། །མིག་ལྤགས་བཤང་སྣུམ་དངས་མ་ཡིན། །ཞེས་བྱ་བ་ལ། དེ་ལས་ལུས་ཟུངས་ཀྱི་ནང་ན་དངས་མའི་ཚིགས་མ་ནི་བད་ཀན་ནོ། །ཁྲག་གི་ཚིགས་མ་ནི་མཁྲིས་པའོ། །ཤའི་ཚིགས་མ་ནི་བུ་ག་སྟེ། རྣ་བ་དང་མིག་དང་སྣ་དང་ཁ་དང་བ་སྤུའི་བུ་ག་དང༌། བཤང་སྒོ་དང་མཚན་གྱི་ནང་ནས་གང་དག་འབྱུང་བ་རྣམས་སོ། །ཚིལ་གྱི་ཚིགས་མ་ནི་གང་ལུས་ཀྱི་ནང་ནས་རྡུལ་འབྱུང་བའོ། །རུས་པའི་ཚིགས་མ་ནི་སེན་མོ་དང་བ་སྤུའོ། །རྐང་གི་ཚིགས་མ་ནི་མིག་དང་པགས་པ་དང་བཤང་བའི་ཡུལ་སྣུམ་པའོ། །ཁུ་ཆུའི་ཚིགས་མ་ནི་ལུས་ཟུངས་ཐམས་ཅད་ཀྱི་མདངས་སུ་གྱུར་པའོ། །དེ་ལྟར་ན་རིམ་པ་བཞིན་དུ་སྦྱར་བ་ཡིན་ཏེ། ཚིགས་མ་


DTG201_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དྲི་མ་ལ་བྱ་བའི་དོན་ནོ། །དེ་ལྟར་ལུས་ཟུངས་སྨིན་པ་ལས། །དངས་མ་ཚིགས་མ་གཉིས་སུ་འགྱུར། །ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་དངས་མ་སོགས་པའི་ལུས་ཟུངས་རྣམས་ནི་མེ་དྲོད་ཀྱིས་སྨིན་པར་བྱས་པ་ལས། དངས་མ་དང་སྙིགས་མ་སྟེ། གཉིས་སུ་འགྱུར་ཞིང་རྣམ་པ་གཉིས་ཁོ་ནར་གནས་པ་ཡིན་ནོ། །ལུས་ཟུངས་སྣུམ་ནི་གཅིག་ལ་གཅིག །ཕན་ཚུན་ཉེ་བར་བརྟེན་པ་ཡིན། །ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་སྣུམ་ནི་དངས་མའི་སྙིང་པོ་སྟེ། ལུས་ཟུངས་ཀྱི་སྙིང་པོ་དེ་གཅིག་ལས་གཅིག་ཏུ་བརྒྱུད་ཅིང་ཟས་ཀྱི་རོ་བཅུད་ཀྱིས་ཚིམ་ཞིང་བརྟེན་པར་བྱས་པ་ལས་རྒྱུན་མི་འཆད་ཅིང་འབྲེལ་ཏེ་གནས་པ་གང་ཡིན་པ་དེ་ནི་ཕན་ཚུན་ཉེ་བར་བརྟེན་པ་ལས་སྐྱེས་པ་ཡིན་ཏེ། ལུས་ཟུངས་འདི་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འདབ་འབྱོར་པ་དེ་ལས་ལུས་ཟུངས་ཀྱི་སྣུམ་གཅིག་ནས་གཅིག་ཏུ་བརྒྱུད་བ་འབྱུང་བར་འགྱུར་རོ། །ཟས་འཇུ་དངས་མ་སོགས་རིམ་གྱིས། །ཁུ་ཆུར་གྱུར་པ་ལ་ལ་ནི། །ཉིན་ཞག་གཅིག་འདོད་གཞན་དག་ནི། །ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད། །ཅེས་བྱ་བ་ལ། ཟས་དང་པོ་ཞུ་ནས་དངས་མ་ལ་སོགས་པའི་དངོས་པོ་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱིས་ཁུ་ཆུ་ཉིད་དུ་གྱུར་པ་ནི། སྨན་པ་ལ་ལ་ཉིན་ཞག་གཅིག་གིས་འགྱུར་བར་འདོད་ལ། སྨན་པ་གཞན་དག་ནི་ཞག་དྲུག་གིས་ཁུ་ཆུ་དག་ཏུ་འགྱུར་རོ། །ཞེས་ཟེར་རོ། །ཡང་སྲོག་འཚོ་བའི་སློབ་དཔོན་ཁ་ཅིག་ཟས་ཞུ་ནས་དངས་མ་ལ་སོགས་པ་རིམ་གྱིས་ཟླ་བ་གཅིག་གིས་ཁུ་ཆུར་འགྱུར་བར་འདོད་དོ། །ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུར་ཡོངས་སུ་འཁོར། །ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་ཟས་ཡིན་པས་ན་ལུས་ཟུངས་ཀྱི་ཟས་ཏེ། ལུས་ཟུངས་རྣམས་ནི་ལུས་ཟུངས་ཀྱི་ཟས་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ལུས་ཟུངས་རྣམས་ཀྱི་རྟེན་དུ་ནི་ལུས་ཟུངས་རྣམས་གནས་པ་ཡིན་ལ། དེ་རྣམས་ཀྱི་རྒྱུ་བའི་རྒྱུན་ནི་འཁོར་ལོའི་ཚུལ་ལྟར་རྒྱུན་མི་འཆད་པར་འཁོར་བ་ཡིན་ཞིང་ཟས་ལ་བརྟེན་པས་བརྟས་པར་འགྱུར་བའི་ཕྱིར་རོ། །རོ་ཙ་ལ་སོགས་མཐུ་ཡིས་ནི། །འཕྲལ་དུ་ཁུ་བ་ལ་སོགས་སྐྱེད། །ཅེས་བྱ་བ་ལ། འོ་མ་དང་ཤ་ཁུ་ལ་སོགས་བ་རོ་ཙ་བར་བྱེད་པའི་ཁ་ཟས་


DTG201_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་དུ་སོགས་ཞེས་སྨོས་པས་དུག་དང་སྦྱར་དུག་རབ་ཏུ་ཞི་བ་ལ་སོགས་པས་འཕྲལ་དུ་སྟེ། དེའི་མོད་ལ་དེའི་ཁུ་བ་ལ་སོགས་པ་སྐྱེད་དོ། །ཕལ་ཆེར་སྨན་གཞན་ཉིན་ཞག་ནི། །གཅིག་གིས་ལས་རྣམས་བྱེད་པ་ཡིན། །ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་རོ་ཙ་བ་ལ་སོགས་པ་མ་གཏོགས་པའི་སྨན་གཞན་ཕྱེ་མ་དང་བུ་རམ་ལ་སོགས་པ། སྨིན་པ་ལ་སོགས་པའི་བྱ་བ་བྱེད་པ་དག་ནི། ཕལ་ཆེར་ཉིན་ཞག་གཅིག་ནི་རང་གི་ལས་བྱེད་པ་ཡིན་ནོ། །ཁྱབ་བྱེད་ཀྱིས་དངས་ལུས་ཟུངས་རྣམས། །འཐོར་བར་བྱེད་པའི་ལས་ཀྱིས་ནི། །ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ། །ལུས་ལ་རྟག་ཏུ་རྣམ་པར་འཐོར། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཀྱིས་དངས་མ་དང༌། ལུས་ཟུངས་རྣམས་ལ་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ལ། འཐོར་ཞིང་ཁྱབ་པར་བྱེད་པའི་ལས་དེ་དང་འཚམ་པའི་རང་བཞིན་དུ་གྲུབ་པ་གང་ཡིན་པ་དེས་ཅིག་ཅར་རྒྱུན་མི་འཆད་ཅིང་བར་ཆད་མེད་པར་ལུས་ལ་རྟག་ཏུ་རྣམ་པར་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ནོ། །གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། །དངས་མ་གོང་དུ་ཆགས་གྱུར་ཏེ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྤྲིན་ཆགས་ཆར་འབབ་མཚུངས། །ཞེས་བྱ་བ་ལ། དངས་མའི་ཟས་རབ་ཏུ་སྒྲུབ་བོར་བྱེད་པ་ཞེས་བྱ་བ་སྟེ། ཁྱབ་བྱེད་ཀྱིས་གཏོར་བའི་ཚེ་བུ་ག་ནད་ཀྱིས་འཁྲུགས་པའི་སྐྱོན་གྱིས་དངས་མའི་ཕྱོགས་གང་དུ་ཆགས་ཤིང་གནས་པར་གྱུར་པའི་ལུས་ཀྱི་ཕྱོགས་དེར་གནོད་པ་བྱེད་ཅིང་ནད་སྐྱེད་པར་བྱེད་དོ། །དེ་ཡང་ཇི་ལྟར་ནམ་མཁའི་བར་སྣང་ལ་སྤྲིན་ཆགས་པར་གྱུར་ན། དེ་ལས་ཆར་བབ་པར་འགྱུར་བ་དང་མཚུངས་སོ། །ནད་ཀྱང་མ་སྙོམས་གྱུར་པ་ལས། །ཕྱོགས་གཅིག་འདུས་ན་ལྡང་བར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱང་ཚུལ་དེ་བཞིན་དུ་མ་སྙོམས་པར་གྱུར་པ་ལས་ཕྱོགས་གཅིག་ཏུ་འདུས་ན་གནས་ཀྱི་སྐྱོན་གྱིས་ནད་སྐྱེད་པར་འགྱུར་རོ། །དེ་ལྟར་འབྱུང་བ་ལུས་ཟུངས་མེའི། །ལས་ནི་ཡོངས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་བཤད་པའི་རིམ་པས་མེའི་ལས་བཤད་ཅིང་བསྟན་པ་ཡིན། དེ་ཡང་ཟས་འཇུ་ཞིང་སྨིན་པའི་ལས་དང་དེ་བཞིན་དུ་འབྱུང་བ་ཆེན་པོ་ལྔ་དང་དེ་བཞིན་དུ་ལུས་ཟུངས་ཀྱི་མེ་བཤད་པ་ཡིན་ཏེ། ཟས་ཀྱི་མེ་ནི། ཟས་ནི་དུས་སུ་ཟོས་གྱུར་བ། །ཞེས་བྱ་བ་ལ་སོགས་པས་


DTG201_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བའི་མེའི་ལས་བཤད་པ་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང༌། །ཞེས་བྱ་བ་ལ་སོགས་པ་ནི། འབྱུང་བ་ལྔའི་ལས་བཤད་པ་ཡིན་ནོ། །དངས་མ་ལུས་ཟུངས་རང་རང་གིས། །ཞེས་བྱ་བ་ནི། ལུས་ཟུངས་ཀྱི་མེའི་ལས་བཤད་པ་ཡིན་ནོ། །སྨིན་བྱེད་ཀུན་ལ་ཟས་འཇུ་བའི། །མེ་ནི་ལྷག་པ་ཡིན་པར་འདོད། །ཅེས་བྱ་བ་ལ། སྨིན་པར་བྱེད་པ་མེའི་དྲོད་ཐམས་ཅད་ཀྱི་ནང་ནས་ཟས་འཇུ་བར་བྱེད་པའི་ཕོ་བའི་མེ་དྲོད་གང་ཡིན་པ་དེ་ནི་ལྷག་ཅིང་མཆོག་ཏུ་གྱུར་པར་འདོད་པ་ཡིན་ནོ། །དེ་ནི་རྩ་བ་དེ་འཕེལ་འཕེལ། །ཟད་གྱུར་ཟད་པའི་བདག་ཉིད་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ཟས་འཇུ་བའི་མེ་དྲོད་དེ་ནི་རྩ་བ་ཡིན་ཏེ། འཕེལ་བར་གྱུར་ན། མེ་དྲོད་གཞན་དག་ཀྱང་འཕེལ་བར་འགྱུར་ལ། ཟས་ཀྱི་མེ་དྲོད་དེ་ཟད་པར་གྱུར་ན་འབྱུང་བ་ལྔ་དང་ལུས་ཟུངས་ཀྱི་མེ་དྲོད་ཀྱང་ཟས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །དེ་བས་རིགས་པས་ཆོ་ག་བཞིན། །ཟས་སྐོམ་རིགས་ཤིང་ཕན་པ་ཡིན། །དེ་འབད་པས་བསྲུང་གནས་གྱུར་ན། །ཚེ་དང་སྟོབས་ནི་གནས་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་རྩ་བ་ཡིན་པའི་རྒྱུ་ཡིན་པ་དེ་བས་ན། ཟས་འཇུ་བར་བྱེད་པའི་མེ་དྲོད་དེ་རིགས་ཤིང་ཕན་པའི་ཆོ་ག་བཞིན་དུ་ཟས་དང་སྐོམ་གྱི་བུད་ཤིང་རྗེས་སུ་མཐུན་པར་བསྲུང་ཞིང་བསྐྱང་བ་ལ་འབད་པ་དང་ལྡན་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཟས་འཇུ་བའི་ཕོ་བའི་མེ་གནས་པར་གྱུར་ན་ཚེ་གནས་པར་འགྱུར་བ་དང༌། ལུས་ཀྱི་སྟོབས་གནས་པར་འགྱུར་བ་ཡིན་ནོ། །མཉམ་གནས་རང་གནས་འདུག་ན་མཉམ། །མཉམ་ལས་གཞན་འགྲོ་དྲོད་མི་སྙོམས། །མཁྲིས་པ་ཤས་ཆེར་རྣོ་བར་འགྱུར། །བད་ཀན་གྱིས་གནོད་མེ་དྲོད་ཆུང༌། །ཞེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་རང་གི་གནས་སུ་འདུག་ལ། མེའི་དྲོད་ཀྱང་མཉམ་ཞིང་སྙོམས་པར་འགྱུར་ལ། ལམ་གཞན་དུ་འགྲོ་ཞིང་རང་གི་གནས་ན་འདུག་ན་མེའི་དྲོད་མི་སྙོམས་ཤིང་ཆ་མི་སྙོམས་པར་འགྱུར་རོ། །མེ་དང་མཉམ་དུ་གནས་པ་དེ་བད་ཀན་གྱི་ཤས་ཀྱིས་མནན་ཅིང་གནོད་པར་གྱུར་ན། མེ་དྲོད་ཆུང་བར་འགྱུར་རོ། །མེ་དྲོད་མཉམ་དང་མི་མཉམ་རྣོ། །ཆུང་དང་དེ་ལྟར་རྣམ་བཞི་ཡིན། །ཞེས་བྱ་བ་ལ། མེའི་དྲོད་ཀྱི་སྟོབས་ཀྱི་དབྱེ་བ་ནི་ཆ་མཉམ་པ་དང༌། ཆ་མི་མཉམ་པ་དང༌། རྣོ་བ་དང་ཆུང་


DTG201_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་རྣམ་པ་བཞིར་འགྱུར་བ་ཡིན་ནོ། །གང་ཞིག་ཟས་ནི་ལེགས་ཟོས་པ། །ལེགས་པར་འཇུ་འདི་མཉམ་པ་ཡིན། །ཞེས་བྱ་བ་ལ། ད་ལ་མེ་ཤས་མཉམ་པ་ནི་ཟས་ཀྱི་ཚོད་ལ་སོགས་པ་ལེགས་པར་བརྟགས་ཏེ། ཟོས་བ་དེ་ལེགས་པར་འཇུ་བར་འགྱུར་བ་ཡིན་ནོ། །ལེགས་པར་མ་ཟོས་མྱུར་འཇུ་བའམ། །ལེགས་ཟོས་རིང་ཞིང་འཇུ་མི་མཉམ། །ཞེས་བྱ་བ་ལ། མེ་དྲོད་མི་མཉམ་ཞིང་མི་སྙོམས་པ་ནི། ཟས་ཀྱི་ཆོ་གའི་ཚུལ་བཞིན་དུ་ལེགས་པར་མ་ཟོས་ཀྱང་མྱུར་དུ་འཇུ་བའམ་ལེགས་པར་ཟོས་སུ་ཟིན་ཀྱང་རིང་ཞིག་ན་འཇུ་བར་གྱུར་པ་ཡིན་ནོ། །ཟས་ནི་ལེགས་པར་མ་ཟོས་ཀྱང༌། །མྱུར་འཇུ་མེ་དྲོད་རྣོན་པོ་ཡིན། །ཞེས་བྱ་བ་ལ། མེའི་དྲོད་རྣོན་པོའི་མཚན་ཉིད་ནི། ཚད་ལ་སོགས་པ་དང་ལྡན་པར་ལེགས་པར་མ་ཟོས་སུ་ཟིན་ཀྱང་མྱུར་དུ་འཇུ་བར་བྱེད་པ་ཡིན་ཏེ། དེ་ཉིད་འཕེལ་བར་གྱུར་ན། མེ་དྲོད་དྲགས་ཆེས་པར་འགྱུར་རོ། །ཟས་ནི་ལེགས་པར་ཟོས་གྱུར་ཀྱང༌། །རིང་ནས་འཇུ་ཞིང་ཁ་སྐམ་དང༌། །སྦོ་དང་རྒྱུ་མ་འཁྲུགས་པ་དང༌། །ལྕི་བ་མེ་དྲོད་ཆུང་བ་ཡིན། །ཞེས་བྱ་བ་ལ། མེ་དྲོད་ཆུང་བ་ནི་ཟས་ཀྱི་ཆོ་ག་ལེགས་པར་ཟོས་སུ་ཟིན་ཀྱང་ཁ་སྒམ་པ་ལ་སོགས་པར་བྱེད་ནས་རིང་ཞིག་ན་གདོད་འཇུ་བར་བྱེད་པ་ཡིན་ནོ། །རྒྱུ་མ་འཁྲུགས་པ་ནི་སྒྲ་མི་གསལ་བར་ཀྲུག་ཀྲུག་ཟེར་བའོ། །ལྕི་བ་ནི་ལུས་ཀྱི་ཁོང་ལྕི་ཞིང་སྙོམ་པའོ། །མེ་དྲོད་ཉམས་ན་འཆི་འགྱུར་ཞིང༌། །སྐྱོན་མེད་ན་ནི་ཡུན་རིང་འཚོ། །མ་སྙོམས་ནད་ནི་སྐྱེ་འགྱུར་བས། །དེའི་ཕྱིར་མེ་དྲོད་གཙོ་བོ་ཡིན། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་མེ་དྲོད་ཉམས་ཤིང་མེད་པར་གྱུར་ན་ནི། འཆི་ཞིང་སྲོག་འདོར་བར་འགྱུར་ལ། སྐྱོན་མེད་ཅིང་ནད་ཀྱི་ཉེས་པ་དང་མ་འདྲེས་ན་ཡུན་རིང་དུ་འཚོ་ཞིང་ཚེ་གནས་པར་འགྱུར་རོ། །མེའི་དྲོད་ཆེ་ཆུང་མ་སྙོམས་པར་གྱུར་ན་ནི་ནད་རྣམས་སྐྱེད་པར་འགྱུར་ལ། དེ་བས་ན་མེའི་དྲོད་ནི་ལུས་གནས་པ་ཡིན་ནོ། །ཞེས་བཤད་དོ། །ལུས་སྟོབས་ལྷན་ཅིག་སྐྱེས་པ་དང༌། །དུས་སྐྱེས་རིགས་པ་ལས་བྱུག་གསུམ། །ཞེས་བྱ་བ་ལ། ལུས་ཀྱི་སྟོབས་ཀྱི་ཚུལ་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང༌། དུས་ཀྱི་དབང་གིས་སྐྱེས་པ་དང༌། རིགས་པའི་སྦྱོར་བ་ལས་སྐྱེས་པའོ། །དེ་ལ་ལུས་སེམས་ལས་བྱུང་བ། །རང་བཞིན་ལྷན་ཅིག་སྐྱེས་པའི་སྟོབས། །ཞེས་བྱ་བ་ལ། སྟོབས་དེ་དག་གི་


DTG201_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ལུས་དང་སེམས་ལས་བྱུང་བའི་སྟོབས་རང་བཞིན་གྱིས་གནས་པའམ། ཐ་མལ་པར་གནས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱས་པའི་སྟོབས་ཞེས་བྱའོ། །ན་ཚོད་དུས་ཚིགས་ལས་བྱུང་བ། །དུས་སྐྱེས་ཡིན་ཏེ། ཞེས་བྱ་བ་ལ། ན་ཚོད་བྱིས་པ་དང་དར་ལ་བབ་པ་ལ་སོགས་པའི་དབྱེ་བས་ཕྱེ་བའི་དབང་ལས་བྱུང་ཞིང་ན་ཚོད་ཇི་ལྟ་བའི་ཚུལ་མ་སྐྱེས་པ་དང༌། དགུན་ལ་སོགས་པའི་དུས་ལས་བྱུང་ཞིང་སྐྱེད་པའི་དུས་ལས་བསྐྱེད་པ་སྟེ། དེ་གཉིས་ནི་དུས་ལས་སྐྱེས་པའི་སྟོབས་ཞེས་བྱའོ། །རིགས་པ་ལས། བྱུང་བ་སྤྱོད་ལམ་ཟས་གྱིས་བསྐྱེད། །དེ་བཞིན་གཟི་བསྐྱེད་སྦྱོར་ལས་བྱུང༌། །ཞེས་བྱ་བ་ལ། དེ་ལ་རིགས་པ་ལས་བྱུང་བའི་སྟོབས་སྤྱོད་ལམ་ཞེས་པ་ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་དང༌། དེ་བཞིན་དུ་ཟས་ཀྱི་རྣམ་པ་བཟའ་བ་དང༌། བཏུང་བ་དང༌། བལྡག་པ་དང༌། མྱང་བ་ལ་སོགས་པ་རྣམ་པ་དུ་མ་སྟེ། དེ་གཉིས་ལས་བྱུང་བ་ནི་རིགས་པ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་རིགས་པ་ནི་འདི་དང་འདི་ལྟར་བྱའོ། །ཞེས་བྱ་བའི་ཆོ་གའི་ཚུལ་ངེས་པ་སྟེ། དེ་ལས་བྱུང་བའོ། །དེ་བཞིན་དུ་གཟི་མདངས་བསྐྱེད་པའི་སྦྱོར་བ་ལས་བྱུང་བ་དེ་ཡང་རིགས་པ་ལས་བྱུང་བ་ཡིན་ཏེ། གཟི་མདངས་བསྐྱེད་པའི་སྦྱོར་བ་ནི་ཕལ་ཆེར་བཅུད་ཀྱིས་ལེན་པ་དང༌། རོ་ཙ་བའི་སྦྱོར་བ་ཡིན་པས། དེ་གཉིས་ལས་སྐྱེས་པས་ན་གཟི་མདངས་བསྐྱེད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །ཡུལ་ཕྱོགས་ཤིང་རི་ཆུ་ཉུང་ལ། །སྐམས་ནད་ཉུང་སྐྱེད་བྱེད་ཡིན། །རླན་ཅན་དེ་ལས་བཟློག་པ་ཡིན། །ཆ་མཉམ་ཐུན་མོང་ཡིན་པར་བཤད། །ཅེས་བྱ་བ་ནི། སྐམ་སའི་ཡུལ་ཕྱོགས་ཤིང་དང་རི་དང་ཆུ་ཉུང་ཞིང་ཤས་ཆུང་བ་གང་ཡིན་པ་དེ་ནི་ནད་ཉུང་བ་སྐྱེད་ཅིང་ནད་མེད་པའི་རྒྱུ་ཡིན་ལ། ཡུལ་ས་རླན་ཅན་དག་ནི་སྐམས་ལས་གོ་བཟློག་པ་ཡིན་ཏེ། ཤིང་དང་རི་དང་ཆུ་མང་བ་དེ་ནད་སྐྱེད་པ་ཡིན་ནོ། །དེ་གཉི་གའི་ཆ་མཉམ་པ་ནི་ཐུན་མོང་ཡིན་ཏེ། གཉི་གའི་ཆ་ཡོད་པའི་ཕྱིར་རོ། །རྐང་དང་ཚིལ་དང་ཞག་དང་གཅིན། །མཁྲིས་པ་བད་ཀན་ཕྱི་ས་ཁྲག །དངས་མ་ཆུ་རྣམས་ལུས་གནས་པའི། །སྙིམ་པ་རེ་རེས་བསྐྱེད་པར་བྱ། །ཞེས་བྱ་བ་ལ། ལུས་དང་རྐང་ནས་ཆུའི་བར་དག་གང་


DTG201_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ནི་སྙིམ་པ་རེ་རེས་བསྐྱེད་པར་བྱ་སྟེ། དེའང༌། རྐང་ནི་སྙིམ་པ་གཅིག་གོ །ཚིལ་ནི་སྙིམ་པ་གཉིས་སོ། །ཞག་ནི་སྙིམ་པ་གསུམ་མོ། །གཅིན་ནི་སྙིམ་པ་བཞིའོ། །མཁྲིས་པ་ནི་སྙིམ་པ་ལྔའོ། །བད་ཀན་ནི་དྲུག་གོ །ཕྱིས་ནི་བདུན་ནོ། །ཁྲག་ནི་བརྒྱད་དོ། །དངས་མ་ནི་དགུའོ། །ཆུ་ནི་སྙིམ་པ་བཅུའོ། །མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེ་འང་རང་གི་ཁྱོར་གང་ཡིན། །ཞེས་བྱ་བ་ལ། དངས་མ་ལ་སོགས་པ་གསུམ་པོ་ནི་རེ་རེ་ཞིང་ཡང་རང་གི་ཁྱོར་ཚད་ཀྱི་ཁྱོར་རེ་རེ་ཡོད་པར་སློབ་དཔོན་དག་གིས་བཤད་དོ། །བུད་མེད་ནུ་ཞོ་སྙིམ་དོ་དང༌། །ཟླ་མཚན་སྙིམ་པ་བཞི་ཡོད་དོ། །ཞེས་བྱ་བ་ལ། བུད་མེད་རྣམས་ལ་ནུ་ཞོ་ནི་རང་གི་ཚད་ཀྱི་སྙིམ་དོ་ཡོད་ལ། ཟླ་མཚན་གྱི་ཁྲག་ནི་སྙིམ་པ་བཞི་ཡོད་པ་ཡིན་ནོ། །འདི་ལྟར་སྙིམ་པ་དང་ཁྱོར་བ་ཞེས་སྨོས་པ་ནི། རང་རང་གི་ལག་པའི་ཚད་ཀྱི་ཆེ་ཆུང་ལ་བྱའི། སྲང་ཚད་ཀྱི་ཡི་གེ་ལས་སྨོས་པ་ལྟར་སྲང་བཞི་དང་སྲང་གཉིས་ལ་མི་བྱ་སྟེ། འདིར་རང་གི་ཞེས་སྨོས་པའི་ཕྱིར་རོ། །དེ་ལ་སྙིམ་པ་ནི་ལག་པ་གཉིས་སྦྱར་བ་ལས་བྱུང་བའོ། །ཁྱོར་བ་ནི་ལག་པ་གཅིག་སྐྱོར་ཏེ་བཞག་པའོ། །ལུས་ཟུངས་མཉམ་ནས་ཚད་འདི་ཡིན། །དེ་ལས་འཕེལ་དང་ཟད་ཅེས་བྱ། །ཞེས་བྱ་བ་ལ། གོང་དུ་བཤད་པའི་ཚུལ་འདི་ནི། སྐྱེས་བུ་ལུས་ཟུངས་ཆ་མཉམ་པར་གནས་པ་ལས་ཚད་དུ་བྱ་བ་ཡིན་པས། ཚད་དེ་ལ་འཕེལ་བ་དང་ཟད་པར་གྱུར་པར་ཤེས་ཤིང་རྟོགས་པར་བྱའོ། །ཁུ་ཆུ་ཁྲག་དང་སྦྲུམ་མའི་ཟས། །སྤྱོད་ལམ་མངལ་གནས་དུས་ཚིགས་ནས། །གང་ཞིག་ཉེས་པ་ལྷག་གྱུར་དེས། །རང་བཞིན་རྣམ་པ་བདུན་དུ་བཤད། །ཅེས་བྱ་བ་ལ། ཁུ་བ་དང༌། ཁྲག་དང༌། སྦྲུམ་མའི་ཟས་དང༌། སྤྱོད་ལམ་མངལ་གྱི་གནས་དང༌། དུས་ཚིགས་དེ་རྣམས་ལས་གང་ཞིག་ནད་ཀྱིས་ཉེན་པའི་དབང་གིས་ཚད་ལས་ལྷག་པར་གྱུར་པ་དེས། ཁུ་ཆུ་ལ་སོགས་པར་གནས་པའི་རང་བཞིན་རྣམ་པ་བདུན་བཤད་དེ། རླུང་གི་རང་བཞིན་དང༌། མཁྲིས་པའི་རང་བཞིན་དང༌། བད་ཀན་གྱི་རང་བཞིན་དང༌། རླུང་དང་མཁྲིས་པའི་རང་བཞིན་དང༌། རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཏེ་དེ་ལྟར་བདུན་ནོ། །ཁྱབ་དང་མྱུར་བར་བྱེད་ཕྱིར་དང༌། །སྟོབས་ལྡན་པ་དང་གཞན་ལྡང་བྱེད། །རང་དབང་ཅན་དང་ནད་མང་ཕྱིར། །ནད་


DTG201_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕལ་ཆེར་རླུང་སྟོབས་ཅན། །ཞེས་བྱ་བ་ལ། རླུང་ནད་ཀྱི་རང་བཞིན་ནི་ཁྱབ་ཅིང་ཀུན་ཏུ་འགྲོ་བ་དང༌། མྱུར་ཞིང་རེངས་བར་ནད་སྐྱེད་པ་དང༌། སྟོབས་དང་ལྡན་ཞིང་མཐུ་ཆེ་བ་དང༌། མཁྲིས་པ་དང་བད་ཀན་གྱི་ནད་ལྡང་བར་བྱེད་པ་དང༌། བཤང་གཅི་ལ་སོགས་པ་འདྲེན་པར་བྱེད་པ་དང༌། རང་དབང་ཅན་རང་རྒྱུད་དུ་གནས་པ་དང༌། དེ་བཞིན་དུ་ནད་མང་བ་སྟེ། རླུང་ནད་བརྒྱད་ཅུ་སྐྱེད་པའི་ཕྱིར་ནད་གཞི་གསུམ་ཆ་ལས་ཀྱང་རླུང་ནད་ནི་ཕལ་ཆེར་ཞེས་སྨོས་པ་ནི་ཁྱད་པར་དུ་བྱས་པའི་ཚིག་སྨོས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རླུང་གིས་བསྐྱོད་པའི་མི་རྣམས་ནི། ནད་ཀྱི་བདག་ཉིད་རྡུལ་ཅན་སྐྲ་བཤོར་པགས་པ་གས། །གྲང་ལྷགས་མི་བཟོད་བརྟན་དྲན་བློ་གྲོས་སྤྱོད་མཛད་སྲེད། །བལྟ་དང་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང༌། །ཞེས་བྱ་བ་ལ། རྒྱུ་དེ་ཉིད་ཀྱིས་ནི་རླུང་གི་ནད་ཀྱིས་བསྐྱོད་པའི་མི་རླུང་གིས་ཁུ་ཆུ་དང་ཁྲག་ལ་སོགས་པ་བསྐྱོད་པར་འགྱུར་བའི་མི་རྣམས་ནི། ནད་ཀྱི་བདག་ཉིད་ཅན་དུ་གནས་པ་དང༌། རྡུལ་གྱིས་གཏོར་བ་ལྟ་བུར་སྐྲ་དང་ལུས་ལ་སོགས་པར་གནས་པ་དང༌། དེ་བཞིན་དུ་གྲང་ལྷགས་མི་བཟོད་ཅིང་དྲོ་བར་འདོད་པ་དང༌། དེ་བཞིན་དུ་བརྟེན་པ་ནས་འགྲོ་བའི་བར་ཤིན་ཏུ་གཡོ་ཞིང་བརྟེན་པ་མ་ཡིན་ཏེ། བརྟན་པ་ནི་སྲན་ཐུབ་པའོ། །དྲན་པ་ནི་མི་བརྗེད་པའོ། །བློ་གྲོས་ནི་ཤེས་རབ་བོ། །སྤྱོད་པ་ནི་རྩོམ་པའོ། །མཛའ་ལ་སྲེད་པ་ནི་ཡིད་གཅུགས་པར་དགའ་བའོ། །བལྟ་བ་ནི་མཐོང་བའོ། །འགྲོ་བ་ནི་ཀུན་ཏུ་འཕྱན་པ་སྟེ། དེ་དག་གཡོ་ཞིང་མི་བརྟན་པའོ། །དེ་བཞིན་དུ་ཤིན་ཏུ་མང་དུ་སྨྲ་ཞིང་སྨྲ་བ་ལ་དགའ་བ་ཡིན་ནོ། །བད་ཀན་ནོར་ཉུང་ཚེ་ཐུང་གཉིད་སྲབ་དང༌། །གཅོམ་ཆུང་ཚིག་ཐོགས་གཡོ་ཞིང་སྐད་འཛེར་དང༌། །ཆད་ལྟ་མང་དུ་ཟ་ཞིང་སྒེག་དང་བཅས། །གླུ་དང་དགོད་དང་རྔོན་ལས་འཐབ་ལ་དགའ། །ཞེས་བྱ་བ་ལ། གཞན་ཡང་རླུང་ཅན་གྱི་མིའི་མཚན་ཉིད་ནི་བད་ཀན་དང་ནོར་ཉུང་བ་ལ་སོགས་པ་ཡིན་ཏེ། གཅོམ་ཆུང་བ་ནི་ཚིག་ཕྲ་བའོ། །ཚིག་ཐོགས་པ་ནི་ཕྱེད་ལུས་པའོ། །གཡོ་བ་ནི་མི་བརྟན་པའོ། །སྐད་འཛེར་བ་ནི་སྐད་གསང་ཉམས་པའོ། །ཆད་པར་ལྟ་བ་ནི་མེད་པར་ལྟ་བའི་གཞུང་ལ་དགའ་བའོ། །མང་དུ་ཟ་བ་ནི་ལྟོ་ཆེ་བའོ། །སྒེག་པ་དང་བཅས་པ་ནི་བསྒྱིངས་ཚུལ་དང་བཅས་པ་


DTG201_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དང་གླུ་དང་དགོད་པའོ། །རྔོན་པའི་ལས་རི་དགས་ཤོར་བ་དང་འཐབ་པ་ལ་དགའ་བ་རྣམས་དང་ལྡན་པ་ཡིན་ནོ། །མངར་སྐྱུར་ཁ་དང་ཚ་བའི་རོ་གོམས་སྲེད། །ལུས་སྐེམ་དབྱིབས་རེང་འགྲོ་ཚེ་སྒྲ་དང་བཅས། །མི་བརྟན་དབང་པོ་མི་ཐུལ་དམ་པ་མིན། །བུད་མེད་མི་ཆགས་བུ་མང་སྐྱེ་མི་འགྱུར། །ཞེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་བུ་གང་ཡིན་པ་དེ་ནི་རོ་མངར་བ་ལ་སོགས་པའི་གོམས་པར་སྲེད་པ་དང༌། ལུས་སྐེམ་ཞིང་དབྱིབས་རིང་བ་དང༌། འགྲོ་ཞིང་རྒྱུ་བའི་ཚེ་ཚིགས་སྒྲ་འཁྲོལ་བ་དང་བཅས་པ་སྟེ། འགྲོ་ཞིང་འཆགས་མི་བརྟན་ཞིང་གཡོ་བ་དང༌། དབང་པོ་མི་ཐུལ་ཞིང་ཞི་བའི་སྤྱོད་པ་མེད་པ་དང༌། དམ་པའི་སྤྱོད་པ་མེད་ཅིང་འཕགས་པ་མ་ཡིན་པ་དང༌། བུད་མེད་རྣམས་ལ་མངོན་པར་མི་དགའ་ཞིང་རྗེས་སུ་ཆགས་པར་མི་འགྱུར་བ་དང༌། བུ་ཚ་མང་པོ་སྐྱེ་ཞིང་འཕེལ་བར་མི་འགྱུར་བ་ཡིན་ནོ། །དེ་ཡི་མིག་ནི་རྩུབ་ཅིང་རྡུལ་གྱིས་གང༌། །ཟླུམ་ཞིང་མི་མཛེས་འཆི་བ་ལྟ་བུ་དང༌། །ཕྱེ་གདངས་གཉིད་ལོག་ལྟ་བུར་སྣང་བ་ཡིན། །དེ་ནི་ཤིང་དང་རི་འཛེག་མཁའ་འཕུར་རྨི། །ཞེས་བྱ་བ་ལ། རླུང་གི་རང་བཞིན་གྱི་སྐྱེས་བུ་མིག་རྩུབ་ཅིང་སྣུམ་པ་མེད་པ་དང༌། རྡུལ་གྱིས་གང་ཞིང་ཕྱག་དར་གཏོར་བ་ལྟར་སྣང་བ་ལ། མིག་གི་དབྱིབས་ཟླུམ་པ་དང༌། མི་མཛེས་ཤིང་བལྟ་ན་མི་སྡུག་པ་དང༌། འཆི་བའི་མིག་དང་མཚུངས་ཤིང་འདྲ་བ་དང༌། ཕྱེ་ཞིང་གདངས་པར་གྱུར་བ་དང༌། གཉིད་ཀྱིས་ལོག་པ་འདྲ་བར་སྣང་བ་ཡིན་ནོ། །དེ་བཞིན་དུ་རྨི་ལམ་གྱི་ནང་དུ་ཤིང་ཆེན་པོ་ལ་འཛེག་པ་དང༌། རི་ལ་འཛེག་པ་དང༌། ནམ་མཁའ་ལ་འཕུར་བ་རྨི་བ་ཡིན་ནོ། །སྐལ་ངན་སེར་སྣ་ཆེ་ཞིང་ཁེངས་པ་དང༌། །རྐུ་ཞིང་བྱིན་སྙིང་རྩ་རིངས་བཅས་པ་དང༌། །ཁྱི་དང་ཝ་དང་བྱ་རྒོད་རྔ་མོ་ཁྲག །བྱི་བའི་མཚན་ཉིད་ལྡན་མི་རླུང་ཅན་ཡིན། །ཞེས་བྱ་བ་ལ། རླུང་གི་མཚན་ཉིད་ཅན་གྱི་མི་ནི་སྐལ་བ་ངན་ཅིང་བཀྲ་མི་ཤིས་པ་དང༌། སེར་སྣ་ཆེ་བ་དང༌། ཁེངས་པ་དང། ལོག་པར་རློམ་པ་དང༌། རྐུ་འཕྲོག་ལ་དགའ་བ་དང་བྱིན་སྙིང་གི་རྒྱབ་ཀྱི་རྩ་མཐོ་ཞིང་རྩེ་མོ་འཁྱིལ་ཞིང༌། བྱིན་པའི་ཉྭ་གློ་ཞིང་མཐོ་བ་ཡིན་ནོ། །དེ་བཞིན་དུ་ཁྱི་དང༌། ཝ་དང༌། རྔ་མོ་དང༌། བྱ་རྒོད་དང༌། ཁྲ་དང༌། བྱི་བའི་མཚན་ཉིད་དང་ལྡན་ཞིང་དེ་དག་གི་རང་བཞིན་ཅན་གྱི་གཟུགས་དང་རོ་དང་སྤྱོད་


DTG201_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་སུ་མཐུན་པ་གང་དག་ཡིན་པ་དང་ལྡན་ཏེ། དེ་ལྟ་བུའི་མི་ནི་རླུང་གི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །མཁྲིས་པ་མེ་འདྲ་མེ་ལས་བྱུང་ཡིན་ཕྱིར། །མཁྲིས་པ་རྒྱས་པ་སྐོམ་དང་བཀྲེས་ཤས་ཆེ། །མདོག་སེར་ལུས་ཚ་རྐང་ལག་གདོང་ཡང་དམར། །སྐྲ་སེར་སྤུ་ཉུང་དཔའ་ཞིང་ང་རྒྱལ་ཆེ། །ཞེས་བྱ་བ་ལ། དྲང་སྲོང་ཐང་ལ་འབར་གྱི་གཞུང་གིས་མཁྲིས་པ་རང་ཉིད་མེ་དང་འདྲ་སྟེ། སྨིན་པ་ལ་སོགས་པའི་ལས་བྱེད་པས་མའི་སྒྲར་བཤད་དོ། །མེའི་རང་བཞིན་ཅན་གྱི་མཚན་ཉིད་ཡིན་པའམ། མེ་དྲོད་ཀྱི་གཞི་ཡིན་པར་གྱུར་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་ཚིགས་མའི་རང་བཞིན་ཅན་གྱི་ཁྲག་ནི་མཁྲིས་པ་ཡིན་ལ། དེའི་ཕྱིར་མཁྲིས་པ་དེ་རྒྱས་ཤིང་འཕེལ་བར་འགྱུར་བའི་སྲོག་ཆགས་རྣམས་ནི་སྐོམ་པ་དང་བཀྲེས་པའི་ཤས་ཆེ་བ་དང་ལུས་ཀྱང་མདོག་སེར་བ་དང༌། ལུས་ཚ་བ་འུར་འུར་པོར་གནས་པ་དང༌། རྐང་པ་དང་ལག་པ་དང་གདོང་གི་ཁ་དོག་དམར་བ་དང༌། སྐྲ་དམར་སེར་དུ་གནས་པ་དང༌། སྤུའི་ཚོགས་འབྱི་ཞིང་ཉུང་བ་དང༌། དཔའ་ཞིང་རྟུལ་ཕོད་པ་དང༌། ང་རྒྱལ་ཆེ་ཞིང་ཁེངས་པ་དང་བཅས་པ་དང་ལྡན་པ་ཡིན་ནོ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དགའ། །སྤྱོད་བཟང་གཙང་སྦྲ་ཆེ་ཞིང་མཉེས་གཤིན་ལ། །འབྱོར་དང་རྟུལ་ཕོད་བློ་གྲོས་སྟོབས་དང་ལྡན། །འཇིག་རྟེན་དགྲ་བོ་འང་སྐྱབས་འོངས་སྐྱོབ་པར་བྱེད། །ཅེས་བྱ་བ་ལ། མཁྲིས་བ་ཅན་གྱི་མི་ནི། ཕྲེང་བ་ལ་སོགས་པ་ལ་མངོན་པར་དགའ་བ་ཡིན་ཏེ། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་ལ་སོགས་པའོ། །བྱུག་བ་ནི་དྲི་ཞིམ་པོས་བསྐུས་པའོ། །རྒྱན་ནི་མུ་ཏིག་གི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་བཞག་པའོ། །སྤྱོད་པ་བཟང་པོ་ནི་བྱེད་སྤྱོད་མཛེས་པའོ། །གཙང་སྦྲ་ཆེ་བ་ནི་ལུས་དང་ངག་དང་ཡིད་སྐྱོན་མེད་པའོ། །མཉེས་གཤིན་པ་ནི་བྲན་གཡོག་ལ་སོགས་པ་ལ་བྱམས་པའོ། །འབྱོར་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །རྟུལ་ཕོད་པ་ནི་ཉམས་ཀྱིས་མི་ལྕོགས་བ་དག་ཀྱང་བྱེད་པར་སྤྲོ་བའོ། །བློ་གྲོས་ཀྱི་སྟོབས་ནི་ཤེས་རབ་ཀྱི་ནུས་པ་སྟེ། དེ་དག་དང་ལྡན་པར་འགྱུར་བའོ། །དེ་བཞིན་དུ་འཇིགས་ཤིང་སྐྲག་པས་ཉེན་པའི་དགྲ་བོ་དག་ཀྱང་སྐྱབས་སུ་འོངས་ཤིང་འདུད་པར་བྱེད་པས་ན། སྐྱོབ་ཅིང་གནོད་པ་ལས་སྲུང་བར་བྱེད་པ་ཡིན་ནོ། །ཡིད་


DTG201_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཞུངས་ཚིགས་ཀྱི་མཚམས་དང་ཤ་ནི་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང༌། །གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོའི་གནས་གྱུར་ལ། །ཟས་ནི་མངར་དང་བསྐ་དང་ཁ་བསིལ་ཟ་བར་དགའ། །ཞེས་བྱ་བ་ལ། ཡང་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ཡིད་གཞུངས་ཤིང་བློ་དང་ལྡན་པ་དང༌། རུས་པའི་ཚིགས་ཀྱི་འབྲེལ་མཚམས་ཤའི་ཚིགས་ལྷོད་ཅིང་གྲིམས་བག་མེད་པ་དང༌། བུད་མེད་རྣམས་དེ་ལ་དགའ་བར་མི་འགྱུར་བ་དང༌། ཁུ་བའི་ཤས་ཆུང་བ་དང༌། འདོད་པ་ཆུང་ཞིང་འཁྲིག་པ་ལ་མངོན་པར་མི་གདུ་བ་དང༌། ཕགས་པའི་ཚོགས་གཉེར་མ་མང་བ་དང༌། སྐྲ་དཀར་ལྷགས་པ་དང༌། མིག་སྔོ་བའི་ནད་རྣམས་སུ་འགྱུར་ཞིང་དེ་དག་དང་ལྡན་པར་འགྱུར་བ་དང༌། ཁ་ཟས་ཀྱང་མངར་བ་ལ་སོགས་པའི་རོ་དང་ལྡན་པ་ལ་སྲེད་ཅིང་དགའ་བ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཐན་པ་མི་བཟོད་རྡུལ་ཞིང་དྲི་ང་ལ། །བཤང་གཅི་བཟའ་བཏུང་ཁྲོ་དང་ཕྲག་དོག་མང༌། །རྨི་ལམ་དོང་ཀ་བ་ལ་ཤའི་མེ་ཏོག །གློག་འགྱུ་ཕྱོགས་ཚིག་སྐར་མདའ་ཉི་མེ་མཐོང༌། །ཞེས་བྱ་བ་ལ། གཞན་ཡང་མཁྲིས་པ་ཅན་གྱི་མཚན་ཉིད་ནི། ཚད་པ་མི་བཟོད་ཅིང་བསྟེན་མི་ནུས་པ་དང༌། རྟག་ཏུ་རྡུལ་འབྱུང་བ་དང༌། ལུས་དྲི་ང་ཞིང་མནམ་པ་དང། དེ་བཞིན་དུ་བཤང་གཅི་ལ་སོགས་པ་མང་ཞིང་ཤས་ཆེ་བ་དང༌། གཉིད་ལོག་པའི་རྨི་ལམ་གྱི་ནང་ན་དོང་ཀའི་ཤིང་དང༌། དེ་བཞིན་དུ་པ་ལ་ཤའི་མེ་ཏོག་དང༌། དེ་བཞིན་དུ་གློག་འགྱུ་བ་དང༌། ཕྱོགས་ཚིག་པ་དང༌། སྐར་མདའ་ལྷུང་བ་དང༌། ཉི་མ་འཆར་བ་དང༌། མེ་ཆེན་པོ་འབར་བ་མཐོང་བ་ཡིན་ནོ། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང༌། །རྫི་མ་སྲབ་ཅིང་ཉུང་ཞིང་གྲང་ལ་དགའ། །ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་མྱུར་བར་དམར་པོར་འགྱུར་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་དང་ལྡན་པའི་སྐྱེས་བུ་འདིའི་མིག་དབྱིབས་ཕྲ་བ་དང༌། མིག་སེར་སྐྱར་གནས་པ་དང༌། རྣམ་པར་གཡོ་ཞིང་དགོད་པ་དང༌། དེ་བཞིན་དུ་མིག་གི་རྫི་མའི་ཕྱོགས་སྲབ་ཅིང་གྲངས་ཉུང་བ་དང༌། གྲང་ཞིང་བསིལ་བ་ལ་མངོན་པར་དགའ་བ་དང༌། ཁྲོ་ཞིང་འཁྲུགས་པ་དང་ཆང་འཐུངས་པ་དང༌། ཉི་མའི་འོད་ཟེར་གྱིས་ཕོག་ན་དེའི་མིག་མྱུར་དུ་དམར་ཞིང་སྔོ་བར་


DTG201_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཡིན་ནོ། །ཚེ་ནི་རན་ཞིང་སྟོབས་ནི་འབྲིང་བ་དང༌། །མཁས་ཤིང་སྡུག་བསྔལ་དག་ལ་སྲན་ཆུང་འགྱུར། །སྟག་དང་དྲེད་དང་སྦྲེའུ་བྱི་ལ་དང༌། །གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། །ཞེས་བྱ་བ་ལ། ཡང་དེ་ནི་ཚེའི་ཚད་རན་ཅིང་འབྲིང་ཙམ་དུ་གནས་པ་དང༌། སྟོབས་ཤིན་ཏུ་ཆེ་བ་མ་ཡིན་གྱི་འབྲིང་ཙམ་དུ་གནས་པ་དང༌། མཁས་ཤིང་བློ་དང་ལྡན་པ་དང༌། སྡུག་བསྔལ་སྲན་ཆུང་ཞིང་ཉོན་མོངས་པ་ལ་བཟོད་པར་མི་ནུས་ཤིང་འཇིགས་པ་དང་བཅས་པ་ཡིན་ནོ། །གཞན་ཡང་སྟག་ལ་སོགས་པའི་གཟུགས་དང་སྐད་ཀྱི་ང་རོ་དང༌། སྤྱོད་པ་དང་རྗེས་སུ་མཐུན་པར་བྱེད་པ་ནི་མཁྲིས་པའི་རང་བཞིན་ཅན་གྱི་མི་ཡིན་པར་ཤེས་པར་བྱའོ། །བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཞིང༌། །རུས་ཚིགས་མི་མངོན་སྣུམ་ཞིང་ཤ་རུས་འབྲེལ། །བཀྲེས་སྐོམ་ཉོན་མོངས་སྡུག་བསྔལ་ཐན་པ་བཟོད། །བློ་ལྡན་སྙིང་སྟོབས་ཆེ་ཞིང་དམ་བཅའ་བརྟན། །ཞེས་བྱ་བ་ལ། གང་གི་ཕྱིར་བད་ཀན་གྱི་རང་བཞིན་བསིལ་བ་ཡིན་པའི་ཕྱིར། བད་ཀན་ཅན་གྱི་རང་བཞིན་སྐྱེས་བུ་ཡང་བསིལ་ཞིང་ཁོང་དྲང་བ་ཡིན་ཏེ། གང་གི་ཕྱིར་ན་འབྲས་བུ་རྣམས་ནི་རྒྱུ་དང་རྗེས་སུ་མཐུན་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་ཅན་གྱི་སྐྱེས་བུ་རུས་པའི་ཚོགས་མི་མངོན་པར་བགས་པའི་མདོག་སྣུམ་བ་དང༌། ཤ་རུས་ཕན་ཚུན་འབྲེལ་ཅིང་གཅིག་ལ་གཅིག་འབྱོར་པར་གནས་པ་དང༌། དེ་བཞིན་དུ་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་རྣམས་བཟོད་ཅིང་སྲན་ཐུབ་པ་དང༌། བློ་དང་ལྡན་ཞིང་ཤེས་རབ་ཆེ་བ་དང་སྙིང་སྟོབས་ཀྱི་རང་བཞིན་ཤས་ཆེ་བ་དང༌། དམ་བཅའ་བ་བརྟན་ཞིང་མི་འགྱུར་བ་ཡིན་ནོ། །པྲི་ཡང་ཀུ་དང་དཱུར་བ་འདམ་བུའི་མདོག །ཚོན་དང་གི་ཝང་པདྨ་གསེར་མདོག་ཅན། །ལག་ངར་རིང་ཞིང་བྲང་ནི་ཡངས་ལ་རྒྱས། །དཔྲལ་བའི་དབྱེས་ཆེ་སྐྲ་ནི་མཐུག་ཅིང་གནག །ཅེས་བྱ་བ་ལ། ཡང་བད་ཀན་ཅན་གྱི་མི་བྲི་ཡང་ཀུ་ལ་སོགས་པའི་མདོག་དང་ལྡན་པར་འགྱུར་ཏེ། ལ་ལ་ནི་པྲི་ཡང་ཀུ་ལྟ་བུའི་མདོག་ཅན་ཡིན་ནོ། །ལ་ལ་ནི་དཱུར་བ་ལྟ་བུའི་མདོག་ཅན་ནས། ལ་ལ་ནི་གསེར་གྱི་མདོག་དང་འདྲ་བའི་བར་དུ་འགྱུར་བ་ཡིན་ནོ། །དེ་ཡང་དེ་བཞིན་དུ་ལག་ངར་རིང་ཞིང་པུས་མོའི་བར་དུ་ཕྱིན་པ་དང༌། བྲང་པེལ་ཆེ་ཞིང་ཡངས་ལ་ཤ་རྒྱས་པ་དང༌། དཔྲལ་བའི་དབྱེས་ཆེ་ཞིང་ཡངས་པ་དང༌།


DTG201_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲའི་ཚོགས་མཐུག་ཅིང་མདོག་གནག་པར་གནས་པ་ཡིན་ནོ། །ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང༌། །མདངས་ཆེ་ཁུ་བཅུད་བུ་ཚ་གཡོག་འཁོར་མང༌། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིང་ས་ཁོ་ན་འཛིན་བྱེད། །ཅེས་བྱ་བ་ལ། ཡང་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་དང༌། ཡན་ལག་གི་ཚོགས་སྙོམས་པ་དང༌། ཡན་ལག་དབྱེས་ཤིང་མཛེས་པ་དང༌། མདངས་ཆེ་ཞིང་མང་བ་དང༌། འཁྲིག་པ་ལ་དགའ་ཞིང་ཁུ་ཆུའི་བཅུད་ཆེ་བ་དང༌། བྲང་ཕེལ་ཆེ་ཞིང་ཡངས་ལ་ཤས་རྒྱས་པ་དང༌། དེ་བཞིན་དུ་བུ་ཚ་དང་འཁོར་གཡོག་མང་ཞིང་འཕེལ་བ་དང༌། ཆོས་དང་ལྡན་ཞིང་ཆོས་ལ་དགའ་བ་དང༌། ཚིག་རྩུབ་ཅིང་ཞེ་ལ་ཕོག་པའི་ཚིག་ནམ་ཡང་མི་སྨྲ་བ་དང༌། དེ་བཞིན་དུ་དགྲ་བོ་ལ་ཞེ་སྡང་གི་འདམ་རིངས་ཤིང་རྒྱུན་དུ་འཇོག་བ་ཁོ་ན་དུ་འཛིན་ཅིང་ཡིད་ལ་འཇོག་པ་ཡིན་ནོ། །གླང་པོའི་མཆོག་དྲེགས་བཅས་པ་ལྟ་བུར་འགྲོ། །རྒྱ་མཚོ་འབྲུག་དང་རྔ་སྒྲ་སེང་གེ་ཡི། །སྒྲ་ལྡན་དྲང་དང་བརྩོན་འགྲུས་དུལ་བར་ལྡན། །བྱིས་པའི་ཚེ་ནའང་དུ་དང་སྐོམ་ཤས་ཆུང༌། །ཞེས་བྱ་བ་ལ། གླང་པོ་ཆེའི་མཆོག་དམ་པ་དག་དྲེགས་པ་དང་བཅས་ཤིང་ར་རོ་བ་ལྟ་བུའི་འགྲོས་དང་ལྡན་པར་འགྲོ་བ་དང༌། དེ་བཞིན་དུ་སྒྲའི་སྐད་གསང་རྒྱ་མཚོ་དང་འབྲུག་སྐྲ་ལ་སོགས་པ་ལྟ་བུ་ཟབ་པ་དང་ལྡན་པ་དང༌། དྲན་ཞིང་བརྗེད་པ་མེད་པའི་ནུས་པ་དང་ལྡན་པ་དང༌། བརྩོན་འགྲུས་ཀྱི་འབད་པས་བྱ་བ་རྣམས་སྒྲུབ་པར་བྱེད་པ་དང༌། ཞི་ཞིང་དབང་པོ་བསྡམས་པ་ལ་སོགས་པའི་དུལ་བ་དང་ལྡན་པ་དང་བྱིས་པའི་གནས་ཉིད་ན་ཡང་དུ་པའི་ཤས་ཆུང་བ་དང༌། དེ་བཞིན་དུ་སྐོམ་ཞིང་ཟས་ལ་གདུ་བའི་ཤས་ཆུང་བ་ཡིན་ནོ། །ཟས་ནི་ཁ་བ་སྐ་ཚ་དང་དྲོ་ཞིང་རྩུབ། །ཉུང་དུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་ནི་མཐའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། །དཀར་ནག་རབ་གསལ་རྫི་མ་སྙོམས་དང་ལྡན། །ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་སྐྱེས་བུ་དེས་ཁ་ཟས་ཀྱི་རྣམ་པ་ཁ་ཞིང་བསྐ་བ་ལ་སོགས་པ་སྟོབས་འབྲི་བར་བྱེད་པ་དང༌། ཚད་ཆུང་ཞིང་ཉུང་ཞིག་ཟོས་པར་གྱུར་ཀྱང་དེ་སྟོབས་དང་ལྡན་པར་འགྱུར་གྱི། སྟོབས་འབྲི་བར་མི་འགྱུར་བ་དང༌། དེའི་མིག་མཐའ་དམར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །སྨྲ་དང་ཁྲོ་དང་བཟའ་བཏུང་


DTG201_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཉུང༌། །ཚེ་རིང་ནོར་མང་རིང་ལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བཟོད་དང་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་མཐའ་རིང༌། །ཞེས་བྱ་བ་ལ། སྨྲ་བའི་ཚིག་ཉུང་བ་དང༌། འཁྲུག་པའི་ཤས་ཆུང་བ་དང༌། བཟའ་བ་དང་བཏུང་བ་ཆུང་དུ་ཟ་ཞིང་འཐུང་པ་དང༌། སྤྱོད་པ་སྟེ་ལུས་ཀྱི་བྱ་བ་ཉུང་བ་དང༌། ཚེ་རིང་བར་གནས་པ་དང༌། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང༌། རིང་དུ་ལྟ་བ་སྟེ་ཕྱིས་འབྱུང་བར་འགྱུར་པའི་དོན་གྱི་ལེགས་ཉེས་རྣམ་པར་དཔྱོད་དེ་འདི་ལྟར་བྱས་ན་ལས་ཀྱི་མཐའ་ངེས་པར་འདིར་འགྱུར་རོ། །ཞེས་དཔྱོད་པ་དང་ལྡན་པ་དང༌། ཚིག་སྙན་ཅིང་འཇམ་པར་སྨྲ་བའམ། གཏོང་བ་དང་ལྡན་བ་སྟེ། གཏོང་ལྡན་སྙན་སྨྲ་ཤེས་པར་བྱ། །ཞེས་བཤད་པའི་ཕྱིར་རོ། །ཡང་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དད་པ་དང་ལྡན་པ་དང༌། བློ་ཟབ་ཅིང་གཏིང་རིང་བ་སྟེ། དེ་ཡང༌། གང་གིས་སེམས་དགའ་སྤྱོད་པ་དང༌། །ཁྲོ་དང་མྱ་ངན་འཇིགས་པ་ཡི། །གནས་སྐབས་ཤེས་པར་མི་འགྱུར་བ། །དེ་ནི་ཟབ་པ་ཡིན་ཞེས་བྱ། །ཞེས་བཤད་པ་དང་ལྡན་པའོ། །དེ་བཞིན་དུ་ལྟ་བ་ཆེ་བ་སྟེ། དོན་ཆེ་བ་ལ་གཙོར་འཛིན་པ་དང༌། བཟོད་པ་དང་ལྡན་པ་དང༌། འཁྲུག་པ་མེད་པ་དང༌། རང་བཞིན་བཟང་ཞིང་དམ་པའི་སྤྱོད་པ་དང་ལྡན་པ་དང༌། སྡིག་པ་ལ་མངོན་པར་མི་དགའ་བ་དང༌། གཉིད་ཆེ་ཞིང་སྟུག་པ་དང༌། ལས་ཀྱི་མཐའ་རིང་ཞིང་ཡུན་རིང་པོར་རྫོགས་པར་བྱེད་པའོ། །བྱས་གཟོ་དྲང་མཁས་སྐལ་བཟང་ངོ་ཚར་ལྡན། །བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟེན། །རྨི་ལམ་པདྨ་བྱ་ཡི་ཕྲེང་བར་བཅས། །ཆུ་ཡི་གནས་དང་སྤྲིན་ཡང་མཐོང་བ་ཡིན། །ཞེས་བྱ་བ་ལ། ཕན་པ་བྱས་པ་ཤེས་ཤིང་བྱས་པ་གཟོ་བ་དང༌། བསམ་པ་དྲང་ཞིང་གཡོ་ཆུང་བ་དང༌། མཁས་ཤིང་བྱེ་བྲག་ཕྱེད་པ་དང༌། སྐལ་བ་བཟང་ཞིང་གཟུགས་བཟང་བ་དང༌། ངོ་ཚ་དང་ལྡན་ཞིང་འཛེམ་པ་དང་བཅས་པ་དང༌། བླ་མ་ལ་གུས་ཤིང་ལུས་འདུད་པར་འདོད་པ་དང༌། མཛའ་བཤེས་ལ་ངོ་བརྟན་ཞིང་དུས་ཐམས་ཅད་དུ་བྱམས་པས་གནས་ཀྱི་ནམ་ཡང་དེའི་ཡིད་དང་འགལ་བར་མི་བྱེད་ལ་བྱམས་པ་བསྟེན་པ་དང༌། གཉིད་ཀྱིས་ལོག་པའི་རྨི་ལམ་གྱི་ནང་དུ་ཡང་མེ་ཏོག་པདྨ་དང་བྱའི་ཕྲེང་བའི་ཚོགས་ཀྱིས་བསྐོར་བ་དང་བཅས་པའི་ཆུའི་གནས་མཚོ་ལ་སོགས་པ་


DTG201_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དང་སྤྲིན་གྱི་ཚོགས་འདུས་པ་དག་མཐོང་བ་ཡིན་ནོ། །ཚངས་པ་དྲག་པོ་དབང་ཕྱུག་ཆུ་ལྷ་དང༌། །ནམ་མཁའ་ལྡིང་དང་ངང་པ་གླང་པོ་མཆོག །དེ་བཞིན་སེང་གེ་དང་ནི་ཁྱུ་མཆོག་དང༌། །བད་ཀན་ཅན་ནི་རང་བཞིན་འདྲར་ཤེས་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་མི་ནི་སྤྱོད་པའི་རང་བཞིན་ཚངས་པ་ལ་སོགས་པ་དང་འདྲ་ཞིང་མཚུངས་པ་ཡིན་པར་ཤེས་པར་བྱའོ། །གླང་པོ་ཆེའི་མཆོག་ནི་ས་སྲུང་ངོ༌། །རང་བཞིན་གཉིས་དང་ཀུན་ལས་འབྱུང༌། །གཉིས་གཉིས་ཀུན་གྱི་ཡོན་ཏན་བསྐྱེད། །ཅེས་བྱ་བ་ལ། ནད་གཞི་གཉིས་པོ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། མཁྲིས་པའམ། བད་ཀན་བྱུང་པའི་རང་བཞིན་ནི་གཉིས་འདྲེན་མ་དང་ལྡན་པ་ཡིན་ལ། དེ་ནི་རང་བཞིན་གསུམ་ཡིན་པར་ཤེས་པར་བྱའོ། །རང་བཞིན་བཞི་པ་ནི་ཐམས་ཅད་ལས་སྐྱེས་པ་ཡིན་ནོ། །དེ་ལྟར་ན། ཡོན་ཏན་གཉིས་པ་ལས་བྱུང་བ་དེ་དང་རྗེས་སུ་མཐུན་པའི་རང་བཞིན་བསྐྱེད་པ་ཡིན་ནོ། །གཙང་སྦྲ་ཡོད་པར་སྨྲ་ཚོགས་ཀྱི། །ཡོན་ཏན་གྱིས་ནི་དེ་ལྡན་བཤད། །ཅེས་བྱ་བ་རྣམས་དེ་དག་གིས་ན་རླུང་ལ་སོགས་པའི་རང་བཞིན་རེ་རེ་དང་གཉིས་གཉིས་དང༌། ཀུན་ལས་བྱུང་བ་ནི་གཙང་སྦྲ་དང་ཡོད་པར་སྨྲ་བ་ལ་སོགས་པའི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱིས་རང་རང་གི་མཚན་ཉིད་དང་ལྡན་པར་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ཡང་གཙང་སྦྲ་དང་ཡོད་པར་སྨྲ་བ་ལ་སོགས་པས་ནི་སྙིང་སྟོབས་དང་ལྡན་པ་ཡིན་ནོ། །མང་དུ་སྨྲ་བ་ལ་སོགས་པས་ནི་རྡུལ་དང་ལྡན་པར་བཤད་དོ། །འཇིག་པ་ལ་སོགས་པས་ནི་མུན་པ་དང་ལྡན་པར་བཤད་དོ། །དེ་ལྟར་སོ་སོར་བཤད་པ་དང་རང་བཞིན་གཉིས་དང་ལྡན་པས་ནི་གཉིས་ཀ་དང་ལྡན་པ་དང༌། རང་བཞིན་ཐམས་ཅད་ཀྱིས་ནི་ཐམས་ཅད་དང་ལྡན་པར་སྟོན་ཏོ། །དེ་ལྟར་ན་སེམས་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་བདུན་བསྟན་པ་ཡིན་ནོ། །ན་ཚོད་བཅུ་དྲུག་བར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི། །འཕེལ་འགྱུར་བདུན་ཅུའི་བར་བར་མ། །ཟད་པ་ཕན་ཆད་རྒན་པོ་ཡིན། །ཞེས་བྱ་བ་ལ། དུས་ཀྱིས་བྱས་ཤིང་དེ་ལས་བྱུང་བའི་ལུས་ཀྱི་གནས་སྐབས་ལ་ནི་ན་ཚོད་ཅེས་བྱ་ལ། དེ་ཡང་བྱིས་པ་དང༌། བར་མ་དང༌། རྒན་


DTG201_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབྱེ་བས་རྣམ་པ་གསུམ་ཡིན་པ་ལས། སྐྱེས་ནས་ལོ་བཅུ་དྲུག་ལོན་པའི་བར་དུ་བྱིས་པ་ཡིན་ལ། བྱིས་པའི་ན་ཚོད་དེ་ལ་ནི། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང༌། མིག་ལ་སོགས་པའི་དབང་པོ་རྣམས་དང༌། དེ་བཞིན་དུ་མདངས་རྣམས་འཕེལ་ཞིང་རྒྱས་བར་འགྱུར་བ་ཡིན་ནོ། །ལོ་བཅུ་བདུན་ལོན་པ་ནས་ལོ་བདུན་ཅུའི་བར་དུ་ནི་ན་ཚོད་བར་མ་སྟེ། གནས་སྐབས་དེར་ལུས་ཟུངས་ལ་སོགས་པ་ཤས་ཆེར་འཕེལ་བ་དང་འབྲི་བ་གཉིས་ཀར་མི་འགྱུར་རོ། །བདུན་ཅུ་རྩ་གཅིག་ཡན་ཆད་ནས་ཇི་སྲིད་འཚོའི་བར་དུ་རྒན་པོ་ཡིན་ནོ། །ན་ཚོད་དེའི་སྐབས་སུ་ནི་ལུས་ཟུངས་ལ་སོགས་པ་རིམ་གྱིས་ཟད་ཅིང་འབྲི་བ་ཡིན་ཏེ། བྱིས་པ་དང་བར་མའི་ན་ཚོད་སྨོས་པ་ལས་ནི་གསུམ་པ་འདི་དོན་གྱིས་སྟོན་པ་ཡིན་ནོ། །རང་རང་ཁྲུ་ནི་ཕྱེད་དང་བཞི། །ལུས་ནི་ཚེ་རིང་བདེ་བའི་སྣོད། །ཅེས་བྱ་བ་ལ། སྐྱེས་བུ་རང་རང་གི་ཁྲུའི་ཚད་ཀྱི་ཕྱེད་དང་བཞི་ནི་སྐྱེས་བུའི་ཚད་ཡིན་པས་དེ་དང་ལྡན་པའི་ལུས་ནི་ཚེ་རིང་བ་དང་བདེ་བའི་སྣོད་ཡིན་པས་དེར་སྲོག་གི་དབང་པོ་དང༌། ནད་མེད་པར་ལེགས་པར་གནས་པར་འགྱུར་རོ། །སྤུ་མེད་གནག་དང་ཤིན་ཏུ་སྦོམ། །རིང་པོ་ཉིད་ནི་མི་མཐུན་བཅས། །སྨད་པ་བརྒྱད་དང་རང་ཉིད་ལྡན། །གང་ཡིན་དེ་ནི་སྣོད་མི་ན་འགྱུར། །ཞེས་བྱ་བ་ལ། གང་གི་ལུས་ལ་རང་བཞིན་གྱིས་སྦུ་མེད་པ་ལ་སོགས་པ་སྨད་པར་བྱ་བ་བརྒྱད་དང་རང་ཉིད་ལྡན་པ་དེ་ནི་ཚེ་རིང་བ་དང་བདེ་བའི་སྣོད་དུ་མི་འགྱུར་རོ། །སྨད་པ་བརྒྱད་ནི་ཤིན་ཏུ་སྦུ་མེད་པ་དང༌། ཤིན་ཏུ་སྦུ་མང་བ་དང༌། གནག་ཆེས་པ་དང༌། དཀར་ཆེས་པ་དང༌། ཤིན་ཏུ་སྦོམ་པ་དང༌། ཤིན་ཏུ་ཕྲ་བ་དང༌། རིང་ཆེས་པ་དང༌། ཐུང་ཆེས་པ་དང༌། རྣམ་པ་བརྒྱད་དོ། །སྐྲ་ནི་རབ་སྣུམ་འཇམ་པ་དང༌། །ཕྲ་ཞིང་རྩ་བ་མ་འདྲེས་བརྟན། །ཞེས་བྱ་བ་ལ། སྐྱེས་བུའི་སྐྲ་ཁ་དོག་གི་མདངས་སྣུམ་པ་དང༌། འཇམ་ཞིང་མི་བཤོར་བ་དང༌། ཕྲ་ཞིང་མི་སྦོམ་པ་དང༌། རྩ་བ་མ་འདྲེས་ཤིང་བུ་ག་རེ་རེ་ནས་སྐྱེས་པ་དང༌། བརྟན་ཞིང་མི་འབྱི་བ་བསྔགས་པ་ཡིན་ནོ། །དཔྲལ་བ་མཐོ་ཞིང་མུར་འགྲམ་འབྱར། །ཟླ་བ་ཁ་མ་པ་འདྲ་བ་བཟང༌། །ཞེས་བྱ་བ་ལ། དཔྲལ་བ་ནི་དཔངས་མཐོ་ཞིང་དཔྲལ་མཚམས་འབྱེས་པ་དང༌། མུར་འགྲམ་འབྱར་ཞིང་ལེགས་པར་གནས་པ་དང༌། དེ་བཞིན་དུ་ཟླ་བ་ཁམ་པ་སྟེ།


DTG201_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཕྱེད་པའི་དབྱིབས་འདྲ་བ་བཟང་ངོ༌། །རྣ་བ་རྒྱབ་ཕྱོགས་རྒྱ་ཆེ་མཛེས། །རྣ་ཤལ་ཆེ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། རྣ་བའི་རྒྱབ་ཀྱི་ཕྱོགས་རྒྱ་ཆེ་ཞིང་མཛེས་པ་དང༌། རྣ་ཤལ་ཆེ་ཞིང་ཤ་རྒྱས་པ་བཟང་ངོ༌། །མིག་ནི་དཀར་ནག་འབྱེས་པ་དང༌། །རྫི་མ་མཐུག་ཅིང་སྙོམས་པ་བཟང༌། །ཞེས་བྱ་བ་ལ། མིག་གི་མཚན་ཉིད་ནི་མིག་འབྲས་དཀར་ནག་འབྱེས་པ་དང༌། རྫི་མའི་ཚོགས་མཐུག་ཅིང་སྙོམས་པ་དང་ལྡན་པ་བཟང་ངོ༌། །སྣ་ཡི་རྩེ་མོ་དབུགས་ཆེར་འབྱུང༌། །ཤ་རྒྱས་དྲང་ཞིང་སྙོམས་པ་བཟང༌། །ཞེས་བྱ་བ་ལ། སྣ་ནི་མཐོ་ཞིང་ལེགས་པ་དང༌། དབུགས་ཆེན་པོ་འབྱུང་ཞིང་རྒྱུ་བ་རུང་བ་དང༌། ཤ་རྒྱས་ཤིང་མ་ཞུམ་པ་དང༌། དྲང་ཞིང་ཡ་ཡོ་མེད་པ་དང༌། སྙོམས་ཤིང་མཐོན་དམན་མེད་པ་བཟང་ངོ༌། །མཆུ་ནི་དམར་ཞིང་མ་འཕྱངས་པ། །ཞེས་བྱ་བ་ལ། མཆུ་བིམ་པ་ལྟར་དམར་བ་དང༌། འཕྱང་ཞིང་ཕྱི་རོལ་དུ་ལྡོག་པ་མེད་པ་བཟང་ངོ༌། །འགྲམ་པ་ཡངས་ཤིང་མི་འབུར་བཟང༌། །ཞེས་བྱ་བ་ལ། སྐྱེས་བུའི་འགྲམ་པ་གཉིས་ནི་ཡངས་ཤིང་རྒྱ་ཆེ་བ་དང་འབར་འབུར་མེད་པ་བཟང་ངོ༌། ཁ་ཆེ། །ཞེས་བྱ་བ་ནི། ཁའི་ཞེང་ནི་ཆེ་བ་བཟང་ངོ༌། །སོ་ཡི་ཚགས་དམ་ལ། སྣུམ་ཞིང་འཇམ་ལ་དཀར་ཞིང་སྙོམས། །ཞེས་བྱ་བ་ལ། སོ་ཚགས་དམ་ཞིང་ལེགས་པར་གནས་པ་དང༌། མདངས་སྣུམ་པ་དང༌། འཇམ་ཞིང་སྣུམ་བག་མེད་པ་དང༌། དཀར་ཞིང་རྙོག་པ་མེད་པ་དང༌། སྙོམས་ཤིང་མཐོ་དམན་མེད་པ་བཟང་ངོ༌། །ལྕེ་ནི་དམར་ཞིང་ཡངས་ལ་སྲབ། །ཅེས་བྱ་བ་ལ། ལྕེ་ནི་ཁ་དོག་ཟངས་བཞིན་དམར་བ་དང༌། ཡངས་ཤིང་རིང་བ་དང༌། སྲབ་ཅིང་འཇམ་བའོ། །ཀོ་སྐོ་ཆེ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། ཀོ་སྐོའི་དབྱིབས་ནི་ལྷུན་ཆེ་ཞིང་ཤས་ལེགས་པར་རྒྱས་པ་བཟང་ངོ༌། །མགྲིན་པ་ཐུང་ཞིང་ཤ་རྒྱས་ཟླུམ། །ཞེས་བྱ་བ་ལ། དེ་ལ་མགྲིན་པ་ནི་མགོ་བོའི་རྟེན་ཏེ། མཚམས་ཐུང་ཞིང་ཧ་ཅང་མི་རིང་བ་དང། ཤས་ལེགས་པར་རྒྱས་པ་དང༌། ཟླུམ་ཞིང་བུམ་པའི་མགུལ་པ་ལྟར་གནས་པ་བཟང་ངོ༌། །ཕྲག་པ་མཐོ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། ཕྲག་པའི་དཔངས་མཐོ་བ་དང༌། ཤས་ལེགས་པར་རྒྱས་པ་བཟང་ངོ༌། །ལྟོ་བ་ཟུམ་ཞིང་ལྟེ་བ་ནི། །ཟབ་ཅིང་མཐོ་ལ་གཡས་སུ་འཁྱིལ། །


DTG201_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། ལྟོ་བའི་དབྱིབས་ཅུང་ཟད་ཟླུམ་པ་དང༌། ལྟེ་བ་ཟབ་ཅིང་དམའ་བ་དང༌། ཀུན་ནས་མཛེས་པར་མཐོ་བ་དང༌། གཡས་སུ་འཁྱིལ་པ་བསྔགས་སོ། །རྐང་པ་ལག་པ་ལེགས་གནས་ཤིང༌། །སེན་མོ་འཇམ་ཞིང་མཐོ་ལ་དམར། །སྣུམ་ཞིང་ཀུན་དམར་ཤ་རྒྱས་པ། །སེན་མོ་རིང་ཟླུམ་བུག་མེད། །ཅེས་བྱ་བ་ལ། རྐང་པ་དང་ལག་པའི་ཕྱོགས་ནི་ས་ལ་ལེགས་པར་གནས་ཤིང་མཐིལ་མཉམ་པར་གནས་པ་དང༌། སེན་མོ་འཇམ་ཞིང་མཉེན་ལ་ཅུང་ཟད་མཐོ་ཞིང་དམར་བ་དང༌། མདངས་སྣུམ་པ་དང༌། ཀུན་ནས་དམར་ལ་ཤ་རྒྱས་པར་འགྱུར་བ་དང༌། སེན་མོའི་དབྱིབས་རིང་ཞིང་ཟླུམ་པ་དང༌། ཕན་ཚུན་འབྱོར་ཞིང་བུ་ག་མེད་པ་བསྔགས་སོ། །རྒྱབ་ཞེང་ཆེ་ཞིང་སྒལ་ཚིགས་ནུབ། །ཅེས་བྱ་བ་ལ། རྒྱབ་ནི་ཞིང་ཤིན་ཏུ་ཆེ་ཞིང་སྒལ་ཚིགས་རྣམས་ནང་དུ་ནུབ་པ་ལྟ་བུ་བཟང་ངོ༌། །ཚིགས་མཚམས་མི་མངོན་དམ་པ་དང༌། །ཞེས་བྱ་བ་ལ། ཚིགས་རྣམས་ཀྱི་མཚམས་ཕྱིར་མི་འབུར་ཞིང་མི་མངོན་པ་དང༌། དམ་ཞིང་བརྟན་པར་རུས་པའི་ཚིགས་ཐམས་ཅད་གནས་པ་བཟང་ངོ༌། །ཚིགས་གསང་མཐོ་ཞིང་བརྟན་པ་དང༌། །ཞེས་བྱ་བ་ལ། ཚིགས་ཀྱི་གསང་མཐོ་ཞིང་རིང་དུ་འགྲོ་བ་དང༌། བརྟན་ཞིང་ཞུམ་བག་མེད་པ་བཟང་ངོ༌། །མདོག་སྣུམ་ཁ་དོག་བརྟན་པར་གནས། །ཞེས་བྱ་བྱ་ལ། ལུས་ཀྱི་མདོག་མདངས་སྣུམ་ཞིང་ཁ་དོག་མི་འགྱུར་བར་གནས་པ་བཟང་ངོ༌། །རང་བཞིན་གྱིས་འབྱུང་སྙིང་སྟོབས་ཅན། །ཕོངས་པའི་ཚེ་ནའང་ཞུམ་པ་མེད། །ཅེས་བྱ་བ་ལ། རང་བཞིན་གྱིས་འབྱུང་ཞིང་རྐྱེན་གྱིས་བསྐྱེད་པ་མ་ཡིན་པས་ན་རང་བཞིན་གྱིས་འབྱུང་བ་སྟེ། དེ་ལྟ་བུའི་སྙིང་སྟོབས་དང༌། སྤྱོད་པ་བརྟན་ཞིང་མི་འགྱུར་བ་དང༌། དེ་ཉིད་ཀྱིས་ན་ཕོངས་ཤིང་རྒུད་པར་གྱུར་པའི་ཚེ་ན་ཡང་ཞུམ་ཞིང་མི་དགའ་བ་མེད་པ་བཟང་ངོ༌། །འང་ཞེས་སྨོས་པ་ནི་ཕོངས་པའི་ཚེ་ན་ཞུམ་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འབྱོར་པ་དང་ལྡན་པའི་ཚེ་ན་ཡང་ཁེངས་པ་མེད་པ་བསྔགས་སོ་ཞེས་པའི་དོན་ཏོ། །མངལ་ནས་བརྩམས་ཏེ་ནད་མེད་པ། །གོང་ནས་གོང་དུ་ཞིང་བཟང་ལ། །ཤེས་དང་ཡེ་ཤེས་རྒྱ་ཆེར་ནི། །འཕེལ་ཞིང་རིམ་གྱིས་དགེ་བར་འགྱུར། །ཞེས་བྱ་བ་ལ། དང་པོ་མངལ་དུ་


DTG201_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཤིང་སྐྱེས་པ་ནས་བརྩམས་ཏེ། གནས་པའི་སྐབས་སུ་ནད་ཀྱི་སྐྱོན་མེད་པའི་རྒྱུ་གོང་ནས་གོང་དུ་འཕེལ་ཞིང་གནས་པའི་ཞིང་བཟང་པོ་ལ་བརྟེན་ཅིང་དེ་བཞིན་དུ། རྩོལ་བ་ལ་སོགས་པས་རིམ་གྱིས་བསྐྱེད་པའི་ལུས་ནི་དགེ་བར་འགྱུར་བ་ཡིན་ཏེ། དེ་ལ་ཤེས་པ་ནི་འཇིག་རྟེན་པའི་བྱ་བ་ཅུང་ཟད་ཅིག་ཤེས་པ་ལ་མཁས་པའོ། །ཡེ་ཤེས་ནི་བསྟན་བཅོས་ལ་མཁས་པར་བྱས་པ་ལ་སོགས་པ་ལས་སྐྱེས་པ་དོན་དམ་པའི་ཡེ་ཤེས་རྟོགས་པའི་བར་ཏེ། དེ་དག་ཀྱང་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་ཡོན་ཏན་ཀུན་ལྡན་པའི། །ལུས་ནི་སྟོན་བརྒྱའི་བར་དག་ཏུ། །ཚེ་དང་དབང་ཕྱུག་འདོད་པ་ཡི། །དངོས་པོ་ཐམས་ཅད་རབ་ཏུ་གནས། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་རྣམ་པ་ཡོན་ཏན་ཐམས་ཅད་དང་ལྡན་པའི་ལུས་ནི་སྟོན་བརྒྱར་གནས་ཤིང་ལོ་བརྒྱར་འཚོ་བ་དང༌། དེ་བཞིན་དུ་དབང་ཕྱུག་གི་འབྱོར་བ་དང་ལྡན་པ་དང༌། དེ་བཞིན་དུ་འདོད་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་རབ་ཏུ་གནས་པ་དང༌། ཡུན་རིང་པོར་གནས་པར་འགྱུར་རོ། །པགས་པ་ཁྲག་ཚོགས་སྙིང་སྟོབས་པར། །བརྒྱད་པོ་ཕྱི་མ་བཞིན་དུ་མཆོག །སྟོབས་དང་ཚད་དང་ཤེས་པའི་ཕྱིར། །ལུས་ཅན་རྣམས་ཀྱི་སྙིང་པོར་བཤད། །ཅེས་བྱ་བ་ལ། པགས་པ་དང་ཤ་དང་ཁྲག་དང་ཚིལ་དང་རུས་པ་དང་རྐང་དང་ཁུ་ཆུ་དང་སྙིང་སྟོབས་ཞེས་བྱ་བའི་བར་གྱི་བརྒྱད་པོ་ནི་ཕྱི་མ་བཞིན་དུ་མཆོག་ཡིན་པར་བཤད་པ་ལ། དེ་ཡང་སྟོབས་དང་ཚད་ཇི་ཙམ་པ་ཤེས་པར་བྱ་བའི་ཕྱིར་ལུས་ཅན་རྣམས་ཀྱི་སྙིང་པོ་བརྒྱད་པོ་དེ་དག་བཤད་པ་ཡིན་ནོ། །སྙིང་པོ་ཀུན་དང་ལྡན་པ་ཡི། །མཆོག་ཏུ་བཀུར་བར་བྱ་བར་འགྱུར། །རྩོམ་པ་ཀུན་ལའང་རེ་བཅས་དང༌། །བཟོད་ལྡན་བློ་བཟང་བརྟན་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་གོང་དུ་སྨོས་པའི་སྙིང་པོ་བརྒྱད་པོ་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་མཆོག་ཏུ་བཀུར་ཞིང་བླ་མར་བྱ་བ་ཉིད་དུ་འགྱུར་བ་དང༌། དེ་བཞིན་དུ་ཇི་ལྟར་མངོན་པར་འདོད་པའི་བྱ་བའི་ལས་ཀྱི་རྩོམ་པ་ཐམས་ཅད་ལ་རེ་བ་དང་བཅས་པར་འགྱུར་བ་སྟེ། བྱ་བའི་ལས་འདི་དང་འདི་དག་བྱས་པས་ངེས་པར་འདི་དག་འབྱུང་བར་འགྱུར་རོ། །ཞེས་རེ་བ་དང་བཅས་པར་འགྱུར་བ་དང༌། དེ་བཞིན་དུ་བཟོད་པ་དང་ལྡན་པ་སྟེ་ལུས་དང་སེམས་ཀྱི་སྡུག་བསྔལ་གྱིས་དེ་ཟིལ་གྱིས་གནོན་པར་འགྱུར་ཞིང་ཞུམ་པར་མི་འགྱུར་བ་དང༌། དེ་བཞིན་དུ་བློ་གྲོས་བཟང་ཞིང་


DTG201_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དམ་པར་འགྱུར་བ་དང་དེ་བཞིན་དུ་བྱ་བ་རྣམས་ལ་བརྟན་ཞིང་མི་གཡོ་བར་འགྱུར་རོ། །དྲེགས་དང་ཞུམ་པ་མེད་པ་ནི། །བདེ་དང་སྡུག་བསྔལ་བསྟེན་འགྱུར་ལ། །སྙིང་སྟོབས་ཅན་ཡིན་རྡུལ་ཅན་ཁེངས། །མུན་པ་ཅན་ནི་དེ་ལྟར་མིན། །ཞེས་བྱ་བ་ལ། སྐྱེས་བུ་ག་སྙིང་སྟོབས་དང་ལྡན་པ་ནི། སྙིང་སྟོབས་ཀྱི་ཤས་ཆེ་བ་ནི་བདེ་བ་ལ་སྤྱོད་པ་ན་ཡང་དྲེགས་ཤིང་ང་རྒྱལ་མེད་པས་བདེ་བ་ལ་བརྟེན་པ་ཡིན་ལ། སྡུག་བསྔལ་ཉམས་སུ་མྱོང་བ་ན་ཡང་ཞུམ་ཞིང་གདུང་བ་མེད་པར་དེ་ཉམས་སུ་མྱོང་ཞིང་བསྟེན་པར་བྱེད་པ་ཡིན་ནོ། །སྐྱེས་བུ་རྡུལ་ཅན་ཞེ་སྡང་གི་ཤས་ཆེ་བ་དག་ནི། བདེ་བ་མྱོང་བ་ན་ཡང་ཁེངས་ཤིང་དྲེགས་པས་བསྟེན་ལ། སྡུག་བསྔལ་ཡང་ང་རྒྱལ་གྱིས་བསྟེན་པ་ཡིན་ཏེ། བདག་ཉིད་འབའ་ཞིག་གཞན་དང་ཐུན་མོང་མ་ཡིན་པའི་བདེ་བ་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་སེམས་པ་དང་རྟག་ཏུ་ང་རྒྱལ་བས་ཁེངས་པ་སེམས་ལ་གནོད་པའི་ཕྱིར་བདག་འབའ་ཞིག་གིས་སྡུག་བསྔལ་མི་བཟད་པ་འདི་ལྟ་བུ་ཉམས་སུ་མྱོང་བ་ཡང་བཟོད་པར་ནུས་སོ་ཞེས་ཁེངས་པར་བྱེད་པ་བསྟེན་པའོ། །སྐྱེས་བུ་མུན་པའམ་གཏི་མུག་གི་ཤས་ཆེ་བ་དག་ནི། བདེ་བ་ཡང་དེ་ལྟར་བསྟེན་པར་མི་བྱེད་ལ། སྡུག་བསྔལ་ཡང་དེ་ལྟར་བསྟེན་པར་མི་བྱེད་དེ། ཤིན་ཏུ་རྨོངས་པའི་ཕྱིར། དེ་བདེ་བ་མྱོང་བ་ན་ཡང་བདེ་བ་མྱོང་བར་མི་སེམས་ལ། སྡུག་བསྔལ་མྱོང་ན་ཡང་སྡུག་བསྔལ་མྱོང་བར་མི་སེམས་ལ། གཏི་མུག་པའི་ཕྱིར་དེའི་རྒྱུ་བསྒྲུབ་པ་ལ་ཡང་བདེ་བ་དང་སྡུག་བསྔལ་དུ་འཛིན་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མུན་པ་ཅན་ནི་དྲེགས་པ་དང་ཞུམ་པ་དང་བཅས་པས་བདེ་བ་དང་སྡུག་བསྔལ་ལ་བསྟེན་པར་བྱེད་དེ། བདེ་བ་མྱོང་ན་ཡང་དྲེགས་པའི་ཤས་ཆེ་ལ། སྡུག་བསྔལ་མྱང་ན་ཡང་ཞུམ་པའི་ཤས་ཆེ་བ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེ་ལྡན། །ཚངས་པར་སྤྱོད་དང་བྱས་པ་གཟོ། །བྱམས་ལྡན་བཅུད་ཀྱིས་ལེན་བསྟེན་པ། །ཚེ་དང་བསོད་ནམས་འཕེལ་བའི་སྡེ། །ཞེས་བྱ་བ་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྡེ་ཚན་འདི་ནི་ཚེ་དང་བསོད་ནམས་འཕེལ་བར་བྱེད་པ་ཡིན་ཏེ། དེ་ཡང་སྦྱིན་པ་ནི་གསེར་ལ་སོགས་པའི་དངོས་པོ་ཅི་ནུས་པར་གཏོང་བའོ། །ཚུལ་ཁྲིམས་ནི་ཉེས་པ་སྡོམ་པའི་བདག་ཉིད་དོ། །སྙིང་བརྩེ་བ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་ལྡན་པའོ། །བདེན་པ་ནི་བརྫུན་མེད་པའོ། །ཚངས་པར་སྤྱོད་པ་ནི་མྱ་ངན་


DTG201_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཐོབ་པའི་དོན་དུ་སྤྱོད་པའོ། །འཁྲིག་པའི་ཆོས་སྦང་བའོ། །བྱས་པ་གཟོ་བ་ནི་ཕན་དུ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །བྱམས་པ་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་བདག་དང་འདྲ་བར་བདེ་བ་དང་ལྡན་པར་བྱེད་པའོ། །བཅུད་ཀྱིས་ལེན་ནི་ཚངས་པ་དང་འཕྲོག་བྱེད་དང་གནས་འཇོག་ལ་སོགས་པས་བཤད་པའི་ཚུལ་བཅུད་ཀྱིས་ལེན་གྱི་ལེའུ་ལས་བཤད་པ་ལྟ་བུ་སྟེ། སྦྱིན་པ་ལ་སོགས་པ་འདི་དག་ལ་བརྟེན་ཅིང་གོམས་པར་བྱས་ན་ལ་ལ་ནི་བསོད་ནམས་འཕེལ་བར་བྱེད་པ་ཡིན། ལ་ལ་ནི་གཉིས་ཀ་འཕེལ་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་གནད་ཀྱི་བྱེ་བྲག་བཤད་པར་བྱའོ། །ཞེས་བྱ་བ་ལ། ཡན་ལག་གི་བྱེ་བྲག་བསྟེན་པའི་འོག་ཏུ་གནད་ཀྱི་བྱེ་བྲག་བརྩམས་པ་ནི། གནད་རྣམས་ཀྱང་ཡན་ལག་ལ་བརྟེན་པ་ཡིན་པའི་ཕྱིར་འདི་བརྩམས་པ་ཡིན་ནོ། །དེ་ཡང་གནད་རྣམས་ཀྱི་ཁྱད་པར་དབྱེ་བ་ནི་བྱེ་བྲག་བསྟན་པ་སྟེ་གོང་དུ་བསྟན་པ་དེ་བཤད་པར་བྱའོ་ཞེས་པའོ། །གནད་ནི་བརྒྱ་ལས་བདུན་ལྷག་པ། །ཞེས་བྱ་བ་ལ། ལུས་འདིར་གནད་ནི་བརྒྱ་རྩ་བདུན་ཡོད་པས་ན་བརྒྱ་ལས་བདུན་ལྷག་བ་ཞེས་བྱའོ། །དེ་ལས་བཅུ་གཅིག་བརླ་དང་ནི། །དེ་བཞིན་ལག་ངར་གཉིས་སོ་སོར། །ལྟོ་བ་ལ་གསུམ་བྲང་ལ་དགུ། །རྒྱབ་ལ་བཅུ་བཞི་ནམ་ཚོང་ནི། །ཡན་ཆད་སུམ་ཅུ་རྩ་བདུན་ཡོད། །ཅེས་བྱ་བ་ལ། གནད་དེ་རྣམས་བརླ་གཉིས་དང༌། དེ་བཞིན་ལག་ངར་གཉིས་ཀ་སོ་སོར་གནད་བཅུ་གཅིག་གནས་པ་ཡིན་ནོ། །ལྟོ་བ་ལ་གནད་གསུམ་དང༌། བྲང་ལ་དགུ་དང༌། རྒྱབ་ལ་བཅུ་བཞི་དང༌། ནམ་ཚོང་ཡན་ཆད་དུ་གནད་སུམ་ཅུ་རྩ་བདུན་ཡོད་དོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྐང་པའི་མཐིལ་ནས་གུང་མོ་ཡི། །ཐད་ཀ་ཡི་ནི་མཐིལ་འཕྲོག་བའི། །གནད་ཡོད་ཅེས་ནི་རྣམ་པར་བཤད། །དེ་ཕུག་གནད་ཀྱིས་འཆི་བར་འགྱུར། །ཞེས་བྱ་བ་ལ། རྐང་པའི་མཐིལ་གྱི་དབུས་ན་གུང་མོའི་སོར་མོའི་ཐད་ཀ་ན། མཐིལ་འཕྲོག་པ་ཞེས་བྱ་བའི་གནད་ཡོད་དོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་བཤད་དོ། །གནད་དེ་ཕུག་ཅིང་བརྟོལ་ན་གཟེར་བ་ལ་སོགས་པའི་ནད་དེ་འཆི་ཞིང་ལུས་དང་འབྲལ་བར་འགྱུར་བ་


DTG201_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །མཐེབ་སོར་དབུས་ན་རྒྱ་ཚིགས་ཏེ། །དེ་ཕུག་བསྐྱོད་པའི་གནད་ཀྱིས་འཆི། །ཞེས་བྱ་བ་ལ། རྐང་པའི་མཐེ་བོང་སེན་མོའི་དབུས་ན་རྒྱ་ཚིགས་ཞེས་བྱ་བའི་གནད་ཡོད་དེ། །དེ་ཕུག་ན་བསྐྱོད་པ་ཞེས་བྱ་བའི་རླུང་གི་གནད་ཀྱིས་འཆི་བར་བྱེད་དོ། །དེ་གོང་སོར་གཉིས་ཤེས་པར་བྱ། །རྐང་པ་འཁོར་ཞིང་འདར་བར་བྱེད། །ཅེས་བྱ་བ་ནི། རྒྱ་ཚིགས་ཀྱི་གོང་ནས་སོར་གཉིས་ཀྱིས་ཆོད་པར་པིར་ཞེས་བྱ་བའི་གནད་ཡོད་དོ། །དེ་བཅད་དམ་ཕུག་ན་རྐང་པ་འཁོར་ཞིང་གཡོ་ལ་འདར་བར་བྱེད་དོ། །ལོང་མོའི་ཚིགས་འོག་པིར་མགོ་སྟེ། །དེ་བཅད་སྐྲང་དང་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། ལོང་མོའི་ཚིགས་ཀྱི་འོག་ན་པིར་གྱི་མགོ་འདྲ་བ་དང་པོའི་འོག་ན་པིར་གྱི་མགོ་དྲངས་པ་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ཅིང་བཅད་ན་སྐྲང་པ་དང་ནད་སྐྱེད་པར་བྱེད་དོ། །བྱིན་པ་རྐང་པ་གཉིས་ཀྱི་བར། །ལོང་མོའི་གནད་རེངས་བེམ་པོར་བྱེད། །ཅེས་བྱ་བ་ལ། བྱིན་པ་དང་རྐང་པ་གཉིས་ཀྱི་བར་མཚམས་ན་ལོང་མོ་ཞེས་བྱ་བའི་གནད་ཕུག་ན་ན་ཞིང་གཟེར་བ་དང༌། བརླ་ཟུག་རེངས་པ་བེམ་པོར་འགྱུར་ཞིང་ཚོར་བ་མེད་པར་འགྱུར་རོ། །བྱིན་པའི་ནང་ན་ཉྭ་ཞེས་པ། །ཁྲག་ཟད་པ་ཡིས་འཆི་བར་བྱེད། །ཅེས་བྱ་བ་ལ། བྱིན་པའི་ནང་ན་རྟིང་པ་ཡན་ཆད་སོར་བཅུ་གཞལ་བ་ན། བྱིན་ཉྭ་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ན་ཁྲག་ཟད་པའི་ནད་ཀྱིས་འཆི་བར་འགྱུར་རོ། །བྱིན་པ་བརླ་མཚམས་པུས་མོ་སྟེ། །དེ་ཕུག་གསོན་ཡང་འཐེང་པོར་འགྱུར། །ཞེས་བྱ་བ་ལ། བྱིན་པ་དང་བརླ་གཉིས་འདུས་པའི་མཚམས་ན་པུས་མོ་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་སྐྱེས་བུ་གསོན་ཞིང་སྲོག་དང་མ་བྲལ་ན་ཡང་འཐེང་པོ་ཉིད་དུ་འགྱུར་རོ། །པུས་གོང་སོར་གསུམ་པར་གཉན་གོང༌། །དེ་ཕུག་བརླ་རེངས་སྐྲང་བར་བྱེད། །ཅེས་བྱ་བ་ལ། པུས་མོའི་གོང་དུ་སོར་གསུམ་གཞལ་བའི་གནས་ན་གཉན་གོང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་བརླ་རེངས་པ་དང་སྐྲང་བར་བྱེད་པ་ཡིན་ནོ། །བརླ་ནང་བརླ་དབང་ཞེས་བྱ་བ། །དེ་ཕུག་ཁྲག་ཟགས་བརླ་སྐམ་འགྱུར། །ཞེས་བྱ་བ་ལ། བརླའི་ནང་ན་བརླ་དབང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ཅིང་གཙེས་པ་ན་ཁྲག་གཟགས་ཤིང་ཟད་པས་བརླ་སྐམ་པར་བྱེད་པར་འགྱུར་རོ། །བརླ་རྩ་མིག་དམར་ཞེས་བྱ་བ། །ཁྲག་ཟད་པས་ནི་གཞོགས་ཕྱེད་


DTG201_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། །ཞེས་བྱ་བ་ལ། བརླའི་སྟེང་དང་ཆུ་སོའི་མཚམས་ན་མིག་དམར་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་ཁྲག་ཟད་པས་ལུས་ཀྱི་གཞོགས་ཕྱེད་འཇོམས་ཤིང་ཟད་པར་བྱེད་དོ། །བརླ་རྩ་རླིག་པའི་བར་གྱི་གནད། །ལྗོན་ཤིང་ཞེས་བྱ་མ་ནིང་བྱེད། །ཅེས་བྱ་བ་ལ། རླིག་པ་དང་བརླའི་བར་ན་ལྗོན་ཤིང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་མ་ནིང་སྟེ། བུ་ཚ་མེད་པའམ་བུད་མེད་ལ་སྤྱོད་པའི་ནུས་པ་མེད་པར་འགྱུར་རོ། །དེ་དག་བརླའིའོ། །ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་རྫོགས་པའི་ཚིག་སེ་བརླ་རྩ་མན་ཆད་ན་གནད་ཇི་སྙེད་ཡོད་བ་རྫོགས་པར་བྱས་ཤིང་བསྟན་ཟིན་ཏོ་ཞེས་བྱ་བའོ། །དབུང་དེ་བཞིན། །ཞེས་བྱ་བ་ལ། དཔུང་པ་གཉིས་ཀྱི་བར་གྱི་གནད་རྣམས་ཀྱང་གྲངས་དེ་སྙེད་ཡོད་པས་ན། དེ་བཞིན་ཞེས་བྱ་བ་ལ། དེའི་ཁྱད་པར་འདི་ཡིན་ཏེ། །མཁྲིག་མ་འདི་ནི་ལོང་མོར་མཚུངས། །གྲུ་མོ་བྱིན་འདྲ་དེ་གཉིས་ཕུག །ཅེས་བྱ་བ་ལ། རྐང་པ་དང་བྱིན་པའི་མཚམས་སུ་ནི་ལོང་མོ་ཞེས་བྱ་བའི་གནད་ཡོད་པར་བཤད་ལ། དེ་ལག་པའི་སྐབས་སུ་ལག་པ་ལག་དར་གྱི་མཚམས་ཀྱི་གནད་ནི་མཁྲིག་མ་ཞེས་པའོ། །དེ་བཞིན་དུ་གྲུ་མོ་དང་ལག་དར་གྱི་མཚམས་ཀྱི་དཔུང་པའི་དབུས་ཀྱི་ཕྱོགས་ཀྱི་གནས་ནི་གྲུ་མོ་ཞེས་བྱའོ། །དེ་ལྟར་མཁྲིག་མ་དང་གྲུ་མོའི་གནད་གཉིས་ཕུག་ན་སྒུར་ཞིང་ཞ་བོ་ཉིད་དུ་འགྱུར་རོ། །ཞ་བོ་ལྗོན་ཤིང་འདྲ་བ་ནི། །མཆན་ཁུང་ནང་ན་མཆན་ཁུང་འཛིན། །དེ་ཕུག་ཞ་བོ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྔར་གྱི་ཇི་ལྟར་ལྗོན་ཤིང་ཞེས་བྱ་བའི་གནད་ལ། རླིག་པ་དང་བརླ་རྩའི་བར་ན་འདུག་པ་དང་འདྲ་བར་མཆན་ཁུང་གི་དབུས་ནས་དཔུང་མགོའི་བར་ན་མཆན་ཁུང་འཛིན་པ་ཞེས་བྱ་བའི་གནད་ཡོད་དེ། གནད་དེ་ཕུག་ན་ལག་ངར་ཞ་ཞིང་སྒུར་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་དེ་དག་གིས་ཡན་ལག་གི་གནད་རྣམས་སྨྲས་པ་ཡིན་ནོ། །ལོང་ཁའི་གནད་ནི་གཞང་ཞེས་བྱ། །དེ་ཕུག་གཞང་རླུང་གིས་འཕྲལ་གསོད། །ཅེས་བྱ་བ་ལ། ལོང་ཁ་རྒྱུ་མ་སྦོམ་པོ་ཞེས་བྱ་བ་དང་འབྲེལ་པ་ནི་གཞང་ཁ་ཞེས་བྱ་སྟེ། དེ་ཕུག་ན་བཤང་བ་དང་རླུང་ངམ་འཕྱེན་འབྱུང་ཞིང་ཟགས་པས་འཕྲལ་དུ་དེའི་མོད་ལ་འཆི་བར་འགྱུར་རོ། །ལྒང་པ་གཞུ་ལྟར་ཡོ་བ་ཡི། །ཆུ་སོའི་གནད་ནི་ཤ་ཁྲག་ཉུང༌། །དབུས་ན་ཁ་ཅིག་ཐུར་དུ་ལྟ། །རྐེད་པའི་དབུས་ན་སྲོག་འཕྲལ་འཇོམས། །རྡེའུ་


DTG201_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་རྨ་ཕུག་གནས་མ་གཏོགས། །དེ་ཡང་ངོས་གཉིས་ཕུག་སྟེ་འདྲ། །གཅིན་འཛག་གནས་དང་གཅིག་ཏུ་ཕུག །རྨ་ནི་འཚོ་བར་ཤིན་ཏུ་དཀའ། །ཞེས་བྱ་བ་ལ། ལྒང་བའི་གཅིན་གྱི་གནས་ཏེ། དེ་ན་གཞུའི་དབྱིབས་ལྟར་ཡོ་བའི་གནད་ཆུ་སོ་ཞེས་བྱ་བ་ལ། ཤ་དང་ཁྲག་ཉུང་ཞིང་ཤས་ཆུང་བར་གནས་པ། དབུས་ན་ཁ་གཅིག་ཡོད་པ་ཁ་ཐུར་དུ་བལྟས་པ་རྐེད་པའི་དབུས་ན་ཡོད་དེ། དེ་ཕུག་ན་སྲོག་འཕྲལ་དུ་དེའི་མོད་ལ་འཇིག་ཅིང་འཇིག་པར་བྱེད་དེ་གཅིན་ནད་རྡེའུས་འགགས་པ་འབྱིན་བའི་རྨ་གང་ཞིག་བྱེད་པ་དེ་མ་གཏོགས་ཏེ། རྡེའུ་འབྱིན་པའི་རྨའི་སྐབས་དེར་ཡང་ངོས་གཉིས་སུ་ཕུག་ཅིང་བརྟོལ་ན་སྔ་མ་དང་འདྲ་བར་འཕྲལ་དུ་འཆི་བར་འགྱུར་རོ། །ཆུ་སོའི་ཕྱོགས་གཅིག་ཏུ་ཕུག་ན་གཅིན་འཛག་པའི་རྨར་འགྱུར་ཏེ། དེ་ཡང་འཚོབ་ཅིང་འབྱོར་པ་ནི་ཤིན་ཏུ་དཀའ་བ་ཡིན་ནོ། །ལུས་ནི་ཞུ་དང་མ་ཞུའི་གནས། །དབུས་ལ་ལྟེ་བ་རྩ་ཀུན་གྱི། །རྟེན་ཡིན་དེ་ཡང་འཕྲལ་གསོད་བྱེད། །ཅེས་བྱ་བ་ལ། ལུས་ཀྱི་དབུས་སུ་ཞུ་བ་དང་མ་ཞུ་བའི་གནས་ན་ལྟེ་བ་ཞེས་བྱ་བའི་བར་གྱི་གནད་ཡོད་དེ། དེ་ཡང་རྩ་ཐམས་ཅད་ཀྱི་རྟེན་དང་གནས་ཡིན་ལ། དེ་ཕུག་པར་གྱུར་ན་ཡང་འཕྲལ་དུ་གསོད་ཅིང་སྲོག་དང་འབྲལ་བར་བྱེད་པ་ཡིན་ནོ། །མ་ཞུ་བ་ཡི་གནས་སྒོར་གྱུར། །འདོད་ཆགས་སོགས་གནས་སྙིང་ཞེས་བྱ། །བྲང་དང་ནུ་མ་ལྟོ་དབུས་གནས། །ཞེས་བྱ་བ་ལ། མ་ཞུ་བའི་གནས་ཀྱི་སྒོར་གྱུར་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་གནས་སུ་གྱུར་པ་སྙིང་ཞེས་བྱ་བའི་གནད་ཡོད་དེ། དེ་ཡང་བྲང་དང་ནུ་མ་དང་ལྟོ་བའི་དབུས་ན་གནས་པ་ཡིན་ཏེ། དེ་ཕུག་ན་ཡང་འཕྲལ་དུ་འཆི་བ་ཡིན་ནོ། །ནུ་འཇིང་ནུ་མའི་རྩ་ཞེས་བྱ། །སྟེང་འོག་སོར་གཉིས་ནུ་མའི་གནད། །དེ་ཕུག་བད་ཀན་ཁྲག་གིས་ནི། །རིམ་གྱིས་ལྟོ་འགེངས་འཇིག་པར་བྱེད། །ཅེས་བྱ་བ་ལ། ནུ་འཇིང་དང༌། ནུ་མའི་རྩ་ཞེས་བྱ་བའི་གནད་གཉིས། ནུ་མ་གཉིས་ཀྱི་གོང་འོག་ན་ཡོད་དེ། ནུ་མ་གཉིས་ཀྱི་གོང་གི་སོར་གཉིས་དང༌། །ནུ་མ་གཉིས་ཀྱི་རྩ་བའི་སོར་གཉིས་ཀྱི་ཟབས་ན་ཡོད་ལ། ནུ་འཇིང་དང་ནུ་མའི་རྩའི་གནད་དེ་ཉིད་ཕུག་པའི་མི་ནི་ཁྲག་དང་བད་ཀན་གྱིས་ལྟོ་འགེངས་ནས་འཆི་བར་བྱེད་དེ། དེ་ཡང་རིམ་བཞིན་ཁེངས་པ། ནུ་འཇིང་གི་གནད་ཕུག་པ་ནི་བད་ཀན་དང་ཁྲག་གིས།


DTG201_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་གང་སྟེ་འཆི་ལ། ནུ་མའི་རྩ་ཕུག་པས་ནི་ཁྲག་གིས་ཁེངས་ཏེ་འཆི་བར་འགྱུར་རོ། །རེངས་བྲལ་བྲང་གི་ངོས་གཉིས་ན། །རྩ་སྦུབས་གཉིས་པོ་རླུང་རྒྱུ་བ། །དེ་ཕུག་ཁོག་བ་ཁྲག་གིས་ཁེངས། །ལུད་པ་དབུགས་མི་བདེ་བས་འཆི། །ཞེས་བྱ་བ་ལ། རེངས་པ་དང་བྲལ་བ་ཞེས་བྱ་བའི་གནད་ཀྱི་བྱེ་བྲག་བྲང་གི་ངོས་གཉིས་ན་རྩ་སྦུབས་གཉིས་པོ་ནི་རླུང་རྒྱུ་བར་བྱེད་པ་ཡོད་ལ། དེ་ཕུག་ཅིང་བརྟོལ་ན་ཁོང་བ་ཁྲག་གིས་བཀང་ནས་ལུད་པ་དང་དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས་བྲང་གི་བར། །དེ་ཉིད་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་འོག་ན་ནི། །མིག་གསལ་ཞེས་བྱའི་གནད་གཉིས་ཡོད། །དེ་ཉིད་ཕུག་པས་ཁོང་པ་ནི། །ཁྲག་ཁེངས་རྣག་སྟེ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་དང་མདུན་གྱི་བྲང་གི་བར་ཏེ། ནང་རྒྱབ་དང་བྲང་བར་དེ་ཉིད་ཀྱི་ངོས་ཀྱི་ནང་ན་ཕྲག་བའི་མགོ་ལོགས་མི་གསལ་བ་ཞེས་བྱ་བ་གནད་གཉིས་ཡོད་པར་ཤེས་པར་བྱ་སྟེ། དེ་ཉིད་ཕུག་ན་ཁོང་པའི་བྱང་ཁོག་ཁྲག་གིས་ཁེངས་ཤིང༌། ཁྲག་དེ་ཉིད་རྣག་ཏུ་གྱུར་ནས་འཆི་བའི་དུས་བྱེད་པར་འགྱུར་རོ། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །རྐེད་པའི་ཆ་གཉིས་གནས་པ་དང༌། །རྐུབ་ཆོས་ལྟག་གནས་སྒལ་ཚིགས་བརྟེན། །རྐེད་པ་ཅན་དང་གཞོན་ནུར་བཤད། །དེ་སྣད་ཁྲག་ཟད་སྐྱ་རྦབ་དང༌། །གཟུགས་ཉམས་པས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ཀྱི་ངོས་གཡས་གཡོན་གཉིས་ན་རྐེད་པའི་དབྱི་ཟུར་གྱི་ཆ་གཉིས་ན་གནས་པ་དང༌། རྐུབ་ཚོས་ཀྱི་ལྟག་ན་གནས་པའི་སྒལ་ཚིགས་རུས་པ་ལ་བརྟེན་ཅིང་གནས་པ་དང༌། རྐེད་པ་ཅན་ན་གཞོན་ནུ་ཞེས་བྱ་བའི་གནད་གཉིས་ཡོད་དོ། །གནད་དེ་གཉིས་སྣད་ཅིང་ཕུག་ན་ཁྲག་ཟད་པས་སྐྱ་བོ་བསེང་བསེང་པོར་འགྱུར་ཞིང༌། གཟུགས་དང་གཟི་མདངས་ཟད་པས་ཁ་དོག་མི་སྡུག་པས་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ཀྱི། །རྐེད་པའི་མཚམས་ནི་གང་ཡིན་པ། །རོ་སྨད་ཀྱི་ནི་རྒྱབ་ཕྱོགས་ན། །ཁུང་བུ་ཞེས་བྱའི་གནད་གཉིས་ཡོད། །དེ་སྣད་བསྐྱོད་པ་ཉམས་པ་དང༌། །རོ་སྨད་ཚོར་བ་མེད་པར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ནི་རྐེད་བའི་མཚམས་རོ་སྨད་ཀྱི་ཕྱི་རོལ་གྱི་རྒྱབ་ཀྱི་ཆ་ན་ཁུང་བུ་ཞེས་བྱ་བའི་གནད་


DTG201_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་དེ། དེ་གཉིས་སྣད་ཅིང་ཉམས་པས་ལུས་ཀྱི་རོ་སྨད་ཀྱི་བསྐྱོད་ཅིང་འགུལ་བ་ཉམས་པ་དང༌། རོ་སྨད་ལ་ཚོར་བ་མེད་ཅིང་བེམ་བེམ་པོར་འགྱུར་རོ། །གང་ཞིག་རྩིབ་ལོགས་གཉིས་དང་འབྲེལ། །སྟ་ཟུར་རྩེ་མོ་གཉིས་སྟེང་གི །གནས་ནི་གཡོགས་བར་གྱུར་པ་དང༌། །རོ་སྨད་གཞོན་ནུའི་རུས་པར་གནས། །དེ་སྣད་རོ་སྨད་སྐྲངས་པ་དང༌། །ཉམ་ཆུང་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གནད་གང་ཞིག་རྩིབ་ལོགས་གཉིས་ཀྱི་གནད་དང་འབྲེལ་ཞིང་རྩིབ་ལོགས་ཀྱི་བར་དང་འདབ་འབྱོར་བ་དང༌། སྟ་ཟུར་གྱི་རྩེ་མོ་གཉིས་ཀྱི་སྟེང་གི་གནས་གང་ཡིན་པ་དེ་གཡོགས་ཤིང་བསྒྲིབས་པར་གྱུར་པ་ནི། གནད་རོ་སྨད་ཅེས་བྱ་སྟེ། དེ་ཡང་གཞོན་ནུ་ཞེས་བྱ་བའི་གནད་ཀྱི་རུས་བར་གནས་པ་ཡིན་ལ། གནད་དེ་དག་ཕུག་ཅིང་སྣད་པས་ནི། ལུས་ཀྱི་རོ་སྨད་ཀྱི་ཆ་སྐྲང་པ་དང༌། ཉམ་ཆུང་ཞིང་སྟོབས་ཞན་པ་ཉིད་དུ་གྱུར་ནས། དེའི་འོག་ཏུ་འཆི་བ་ཁོ་ནར་འགྱུར་རོ། །རྩིབ་ལོགས་གཉིས་ཀྱི་ནང་དང་འབྲེལ། །རྐེད་པའི་ངོས་གཉིས་དབུས་གང་གནས། །ཐད་ཀ་དང་ནི་གྱེན་གནས་པ། །རྩིབ་ལོགས་མཚམས་ཏེ་དེ་ཕུག་ན། །ཁོང་པ་ཁྲག་གིས་གང་བ་དང༌། །ལུས་དང་བྲལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། རྩིབ་ལོགས་གཉིས་ཀྱི་ནང་གྲོལ་དང་འབྲེལ་ཅིང་འདབ་འབྱོར་པ། རྐེད་པའི་ངོས་གཉིས་ཀྱི་དབུས་ན་ཐད་ཀ་དང་གྱེན་དུ་གནས་པའི་གནད་གཉིས་ནི་དྲང་སྲོང་རྣམས་ཀྱིས་རྩིབ་ལོགས་ཀྱི་མཚམས་ཞེས་བཤད་དེ། དེ་གཉིས་ཕུག་ཅིང་སྣད་པར་གྱུར་ན། ཁོང་པ་ཁྲག་གིས་གང་ནས་ལུས་དང་བྲལ་ཏེ་འཆི་བ་ཉིད་དུ་འགྱུར་རོ། །ནུ་མ་གཉིས་ཀྱི་ཐད་ཀའི་ཆ། །རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་པ། །རྩ་ཆེན་ཞེས་བྱ་དེ་ཕུག་ན། །ཁྲག་ཟད་ནས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། ནུ་མ་གཉིས་ཀྱི་རྩའི་ཐད་ཀའི་ཆ་ནི་རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་ཅིང་གནས་པའི་གནད་ནི་རྩ་བོ་ཆེ་ཞེས་བྱ་སྟེ། དེ་ཕུག་ན་ཁྲག་ཟད་ནས་འཕྲལ་དུ་འཆི་བར་འགྱུར་རོ། །དཔུང་མགོ་གཉིས་དང་འབྲེལ་བ་ཡི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་སོག་པ་སྟེ། །དེ་སྣད་བསྐམས་ཤིང་ཚོར་བྲལ་འགྱུར། །ཞེས་བྱ་བ་ལ། དཔུང་མགོ་གཉིས་དང་འབྲེལ་བའི་གནས་ལ། སྒལ་ཚིགས་ཀྱི་ངོས་གཉིས་


DTG201_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་འབྲེལ་པ་ནི། སོག་པ་ཞེས་བྱ་བ་དེ་ལ་བརྟེན་པའི་གནད་ཡོད་དོ། །དེ་སྣད་པས་ནི་ལག་ངར་བསྐམས་པ་དང༌། ཚོར་བ་དང་བྲལ་བར་འགྱུར་རོ། །མགྲིན་པ་གཉིས་ཀྱི་ངོས་གཉིས་རྩ། །དཔུང་མགོ་དང་ནི་མགྲིན་པའི་བར། །ཕྲག་པ་ཕྲག་པ་ལ་བརྟེན་གནད། །ད་ཕུག་ལག་ངར་བྱ་བ་ཉམས། །ཞེས་བྱ་བ་ལ། མགྲིན་པ་གཉིས་ཀྱི་ངོས་གཉིས་ཀྱི་མཚམས་གཉིས་ན་དཔུང་པ་དང༌། མགོ་བོ་དང་མགྲིན་པའི་བར་ན་གནས་པའི་གནད་ཕྲག་པ་ཞེས་བྱ་བ་ཡོད་དེ། དེ་ཡང་ཕྲག་པ་ལ་བརྟེན་ཅིང་གནས་ལ། དེ་ལྟ་བུ་དེ་ཕུག་ན་ལག་ངར་གྱི་བྱ་བ་ཉམས་ཤིང་འཇས་ཏེ། བརྐྱང་བ་བ་དང་བསྐུམ་པའི་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །སྲོལ་གང་གི་ནི་ངོས་གཉིས་ན། །འགྲམ་པ་ལ་ནི་བརྟེན་པའི་རྩ། །བཞི་སྟེ་དེ་ལ་སྔོན་པོ་གཉིས། །གཉིས་པའང་མཇིང་པའི་གནད་དུ་བཤད། །དེ་ཕུག་སྐད་འགགས་མི་སྡུག་དང༌། །ལྕེ་ཡིས་རོ་ནི་མི་ཚོར་འགྱུར། །ཞེས་བྱ་བ་ལ། སྲོལ་གོང་གི་ངོས་གཡས་གཡོན་གཉིས་ན་འགྲམ་པ་ལ་བརྟེན་ཅིང་གནས་པའི་རྩ་བཞི་ཡོད་དེ། རྩ་དེ་དག་གི་ནང་ནས་རྩ་གཉིས་ནི་སྔོན་པོ་ཞེས་བྱ་བའི་གནད་ཡིན་ལ། གཉིས་ནི་མཇིང་པའི་གནད་ཡིན་པར་བཤད་དོ། །དེ་ཕུག་ཅིང་བཅད་ན་སྐད་འགགས་པ་ལ་སོགས་པར་འགྱུར་རོ། །དེ་ལ་སྐད་འགགས་པ་ནི་སྐད་ཐམས་ཅད་ནས་ཐམས་ཅད་དུ་འགགས་པར་འགྱུར་རོ། །ཡང་ན་མི་སྡུག་པ་སྟེ་སྐད་གཞན་དུ་འགྱུར་བ་དང༌། རོ་མི་ཚོར་ཞིང་ལྕེ་བེམ་བེམ་པོར་འགྱུར་རོ། །ལྐོག་མའི་སྦུབས་ཀྱི་ངོས་གཉིས་ནས། །ལྕེ་དང་སྣར་ནི་འགྲོ་བའི་རྩ། །སོ་སོར་བཞི་བཞི་ཡོད་མ་མོ། །དེ་བཅད་འཕྲལ་དུ་སྲོག་འཇོམས་སོ། །ཞེས་བྱ་བ་ལ། ལྐོག་མའི་སྦུབས་ཀྱི་གཡས་གཡོན་གཉིས་ནས་ལྕེར་འགྲོ་ཞིང་རྒྱུ་བའི་རྩ་དང༌། དེ་བཞིན་དུ་སྣར་འགྲོ་ཞིང་རྒྱུ་བའི་རྩ་སོ་སོ་ཞིང་བཞི་བཞི་ཡོད་དེ། དེ་ནི་མ་མོ་ཞེས་བྱ་བའི་གནད་ཡིན་ཏེ། དེ་ཕུག་ན་སྐད་ཅིག་མ་དེ་ཉིད་ལ་འཕྲལ་དུ་སྲོག་འཇོམས་ཤིང་འཆི་བར་འགྱུར་རོ། །མགོ་བོ་སྐེ་མཚམས་ལྟག་པ་སྟེ། །དེ་ཕུག་མགོ་བོ་ལྡེམ་པོར་འགྱུར། །ཞེས་བྱ་བ་ལ། མགོ་བོ་དང་སྐེའི་མཚམས་ན་ལྟག་པ་ཞེས་བྱ་བའི་གནད་གཉིས་ཚིགས་མཚམས་ཀྱི་ངོས་གཉིས་ན་གནས་ཏེ། དེ་ཕུག་ན་མགོ་བོ་ལྡེམ་ཞིང་འདར་བར་


DTG201_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྣ་བ་གཉིས་འོག་ལྕོང་བ་ནི། །རྣ་རྩ་ཞེས་བྱ་འོན་པར་འགྱུར། །ཞེས་བྱ་བ་ལ། རྣ་བ་གཉིས་ཀྱི་འོག་ན་ལྕོང་ཞིང་དམའ་བ་ན་རྣ་རྩ་ཞེས་བྱ་བའི་གནད་ཡོད་དེ། དེ་གཉིས་ཕུག་ན་སྒྲ་ཐོས་བ་འཇོམས་ཤིང་འོན་བར་འགྱུར་རོ། །སྣ་ཡི་བུ་ག་གཉིས་དང་ནི། །སྣ་ཡི་ལམ་འགྲོ་མགྲིན་ནང་གནས། །སྦྲུལ་མགོ་ཞེས་བྱ་དེ་བཅད་ན། །དྲི་མི་ཚོར་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། སྤྲུལ་མགོ་ཞེས་བྱ་བའི་གནད་ཀྱི་བྱེ་བྲག་སྣའི་བུ་གའི་གནས་གཡས་གཡོན་གཉིས་དང༌། སྣའི་བུ་གའི་ལམ་དུ་འགྲོ་བ་དང༌། དེ་བཞིན་དུ་མགྲིན་པའི་ནང་ན་གནས་ཤིང་བརྟེན་པར་བྱེད་དེ། དེའི་མིང་ནི་སྦྲུལ་མགོ་ཅན་ཞེས་བྱ་བ་སྟེ། དེ་བཅད་ན་དྲི་མི་ཚོར་ཞིང་སྣའི་དབང་པོ་ཉམས་པར་བྱེད་དོ། །མིག་གཉིས་ཀྱི་ནི་ཕྱི་རོལ་མཚམས། །སྨིན་མ་སྐྱེས་པའི་མཐའ་ཡི་འོག །མིག་ཟུར་སྨིན་སྟེང་དམའ་བར་གནས། །འཁྱིལ་པ་ཕུག་པས་ལོང་བར་འགྱུར། །ཞེས་བྱ་བ་ལ། མིག་གཉིས་ཀྱི་ཕྱི་རོལ་མུར་འགྲམ་གྱི་ཕྱོགས་ཀྱི་མཚམས་སྨིན་མ་སྐྱེས་པའི་རྒྱུན་ཆད་པའི་མཐའ་འོག་ནས་མིག་ཟུར་ཞེས་བྱ་བའི་རྩའི་གནད་ཡོད་དོ། །དེ་བཞིན་དུ་སྨིན་མའི་སྟེང་ན་དམའ་ཞིང་ལྕོང་བ་ལ་འཁྱིལ་པ་ཞེས་བྱ་བའི་གནད་ཡོད་དེ། མིག་ཟུར་དང་འཁྱིལ་པ་ཞེས་བྱ་བ་ནི་གནད་བཞི་པོ་དེ་དག་ཕུག་ན་སྐྱེས་བུ་ལོང་བར་འགྱུར་རོ། །རྣ་མཆན་དཔྲལ་བའི་མཐའ་ན་ནི། །མུར་འགྲམ་ཞེས་བྱ་འཕྲལ་འཆི་བྱེད། །ཅེས་བྱ་བ་ལ། རྣ་བའི་མཆན་དང་དཔྲལ་བའི་མཐའ་བར་ན་མུར་འགྲམ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེ་ཕུག་ན་སྐྱེས་བུ་དེ་འཕྲལ་ལ་འཆི་ཞིང་མྱུར་དུ་དུས་བྱེད་པར་འགྱུར་རོ། །མུར་འགྲམ་གཉིས་སྟེང་སྐྲ་མཚམས་ན། །གདེག་པ་ཞེས་བྱ་གཞག་བྱ་ཡང༌། །སྨིན་མཚམས་བར་གནས་གསུམ་ཆར་ལའང༌། །ཟུག་རྔུ་དག་ནི་མ་ཕྱུང་ཞིང༌། །སྨིན་ནས་རང་ཉིད་བྱུང་ན་འཚོ། །ཕྱུང་ན་འཕྲལ་དུ་འཆི་བར་འགྱུར། །ཞེས་བྱ་བ་ལ། མུར་འགྲམ་གཉིས་ཀྱི་སྟེང་མ་ལྟག་སྐྲ་མཚམས་ཀྱི་སྟེང་ན་གདེག་པ་ཞེས་བྱ་བའི་གནད་ཡོད་ལ། ཡང་གཞག་པར་བྱ་བའི་གནད་ནི་སྨིན་མཚམས་ཀྱི་བར་ན་ཡོད་དེ། གདེག་པ་གཉིས་པོ་དང་ལྡན་པ་སྟེ། གནད་གསུམ་ཆར་ལ་


DTG201_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་གྱི་ཟུག་རྔུས་ཟུག་ན། དེ་མ་ཕྱུང་བར་དུས་གཞན་ཞིག་ན་སྨིན་ནས་རང་ཉིད་བྱུང་བར་གྱུར་ན་འཚོ་བར་འགྱུར་གྱི་ཟུག་དེ་ཕྱུང་ན་སྐྱེས་བུ་དེ་འཕྲལ་དུ་འཆི་བར་འགྱུར་རོ། །ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་བ་དག །རྐན་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་གནད་ནི་དེ་རྣམས་ཀྱི། །གནད་ནི་སུམ་མདོ་རིས་ཞེས་བྱ། །དེ་བཅད་སྲོག་ནི་འཕྲལ་དུ་འདོར། །ཞེས་བྱ་བ་ལ། ལྕེ་དང་མིག་དང་སྣ་དང་རྣ་བའི་བུ་ག་སྟེ། རྩ་སྒོ་བཞི་པོ་འདུ་ཞིང་འཕྲད་པར་གྱུར་བ་དག །རྐན་གྱི་ཕྱོགས་སུ་ཁ་བཞི་པར་གནས་པ་དང༌། དེ་བཞིན་དུ་བུ་ག་དང་འབྲེལ་བའི་གནད་ནི་སུམ་མདོ་རིས་ཞེས་བྱ་སྟེ། གནད་དེ་རྣམས་བཅད་ན་སྐྱེས་བུའི་སྲོག་འཕྲལ་དུ་འདོར་བར་འགྱུར་རོ། །ཐོད་པ་ཡི་ནི་མཚམས་ལྔ་པོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཐའ། །དེ་སྣད་པས་ནི་མགོ་འཁོར་དང༌། །སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། །ཞེས་བྱ་བ་ལ། མགོ་བོའི་ཐོད་པའི་མཚམས་ལྔ་པོ་ནི། མཚམས་ཀྱི་མཐའ་ཞེས་བྱ་བའི་གནད་ཡོད་དེ། དེ་ཐད་ཀ་དང་གྱེན་དུ་འགྲོ་བས་གནས་པ་ཡིན་ལ། མཚམས་ཀྱི་མཐའི་གནད་དེ་རྣམས་སྣད་བས་ནི་མགོ་འཁོར་བ་དང༌། སྨྱོ་ཞིང་དྲན་པ་ཉམས་པའི་ནད་ཀྱིས་སྐྱེས་བུ་འཆི་བར་འགྱུར་རོ། །སྤྱི་བོའི་སྟེང་ན་གཙུག་འཁྱིལ་བའི། །རྩ་དང་ལྡན་སྦུབས་འདུས་པ་ན། །སྤུ་འཁྱིལ་བདག་པོ་ཞེས་བྱ་བའི། །གནད་ཀྱིས་སྲོག་ནི་འཇིག་པར་བྱེད། །ཅེས་བྱ་བ་ལ། མགོ་བོའི་སྟེང་གི་གཙུག་རྩ་འཁྱིལ་པའི་མཚམས་འདུས་པ་སྤུ་འཁྱིལ་བའི་གནས་ཀྱི་གནད་ནི་མིང་བདག་པོ་ཞེས་བྱ་སྟེ། གནད་དེ་བཅོམ་པ་ན་སྲོག་འཕྲལ་དུ་འཇིག་ཅིང་འདོར་བར་འགྱུར་རོ། །གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་ནི་གནད་ཅེས་བྱ། །ཞེས་བྱ་བ་ལ། འདི་ནི་ཡང་གནད་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་པ་ཡིན་ཏེ། ལུས་ཀྱི་ཕྱོགས་གང་དུ་མནན་ན་ཤིན་ཏུ་འགུལ་ཞིང་འཕར་བ་དང༌། ཡང་དེ་བཞིན་དུ་མནན་པར་གྱུར་ན་མི་བཟོད་པར་ན་བ་དེ་ནི་གནད་ཡིན་པར་ཤེས་པར་བྱའོ། །ཤ་རྒྱུས་རུས་པ་རྩ་ཆེན་དང༌། །རྩ་དང་ཚིགས་ནི་འདུས་པ་རུ། །གནད་ཅེས་བྱ་སྟེ་དེས་ན་དེར། །སྲོག་ནི་ལྷག་པར་གནས་པ་ཡིན། །ཞེས་བྱ་བ་ལ། ཤ་ལ་སོགས་པ་ནས་ཚིགས་ཀྱི་བར་རང་རང་གི་རིགས་མཐུན་པ་ལ་ལྟོས་པ་འདུས་ཤིང་ཕྲད་པར་གྱུར་པ་དེ་ནི་གནད་ཅེས་


DTG201_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེ་ནི་ན་ཞིང་མི་བདེ་བར་བྱེད་པ་ཡིན་ནོ། །རྒྱུ་དེས་ན་གནད་རྣམས་སུ་སྲོག་ལྷག་པར་གནས་པ་ཡིན་པས་དེར་གནོད་པ་བྱས་པས་སྲོག་ལ་ལྷག་པར་གནོད་པ་ཡིན་ནོ། །མང་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བསྟན། །ཞེས་བྱ་བ་ལ། གནད་གྲངས་མང་དུ་བསྟན་མོད་ཀྱི་ཤ་ལ་སོགས་པ་ལ་གནས་པའི་རྣམ་པ་འདིས་གནད་ཀྱི་གྲངས་ནི་རྣམ་པ་དྲུག་ཁོ་ནར་བསྟན་པ་ཡིན་ནོ། །སྲོག་གི་གནས་སུ་ཐུན་མོང་པས། །གནད་ནི་གཅིག་ཏུ་གནས་པའང་ཡིན། །ཞེས་བྱ་བ་ལ། ཡང་ན་གནད་ནི་དྲུག་ཏུ་ཡང་རྣམ་པར་མི་དབྱེའི། གཞན་དུ་ན་སྲོག་གི་གནས་ཡིན་པའི་མཚན་ཉིད་དུ་གཅིག་པའམ། ཐུན་མོང་ཡིན་པས་གནད་ནི་གཅིག་ཁོ་ནར་བསྟན་གྱི། དྲུག་ཏུ་རྣམ་པར་མི་གཞག་གོ །ཤར་གཏོགས་བཅུ་སྟེ་བྱིན་ལག་ཉྭ། །མཐིལ་འཕྲོག་ནུ་འཇིང་ནུ་རྩའོ། །ཞེས་བྱ་བ་ལ། གནད་ལ་ཤའི་རིགས་སུ་གཏོགས་པའི་གནད་ནི་བཅུ་སྟེ། དེ་གང་ཞེ་ན། བྱིན་སྙིང་དང་ལག་ངར་གྱི་ཤའི་གནད་དབང་པོའི་ཆུ་སོ་ཞེས་བྱ་བ་བཞི་དང༌། མཐིལ་འཕྲོག་པ་ཞེས་བྱ་བ་བཞི་དང༌། ནུ་འཇིང་དང་ནུ་རྩེ་གཉིས་ཏེ་བཅུ་ཡིན་ནོ། །རུས་པའི་གནད་བརྒྱད་མུར་འགྲམ་དང༌། །རྐེད་པ་ཅན་དང་གཞོན་ནུ་དང༌། །རོ་སྨད་དང་ནི་སོག་པའོ། །ཞེས་བྱ་བ་ལ། རུས་པ་ལ་གནད་བརྒྱད་ཡོད་དེ། མུར་འགྲམ་གྱི་གནད་གཉིས་དང༌། རྐེད་པ་ཅན་དང་གཞོན་ནུ་ཞེས་བྱ་བ་གཉིས་དང༌། རོ་སྨད་ཅེས་བྱ་བ་གཉིས་དང༌། སོག་པ་ཞེས་བྱ་བ་གཉིས་ཏེ་བརྒྱད་ཡོད་དོ། །རྒྱུས་བའི་གནད་ནི་ཉི་ཤུ་གསུམ། །གཉན་གོང་ཞེས་བྱའི་པིར་དང་ནི། །པིར་མགོ་མིག་ཟུར་རྒྱ་ཚིགས་དང༌། །ཕྲག་པ་གཞག་དང་ཆུ་སོ་ཡི། །ཞེས་བྱ་བ་ལ། རྒྱུས་བའི་གནད་ནི་ཉི་ཤུ་རྩ་གསུམ་སྟེ། གཉན་གོང་གི་གནད་བཞི་དང༌། གྲུ་མོའི་གོང་གཉིས་ཀྱི་པིར་ཞེས་བྱ་བ་བཞི་དང༌། པིར་མགོ་ཞེས་བྱ་བ་བཞི་དང༌། མིག་ཟུར་གྱི་གནད་གཉིས་དང༌། རྒྱ་ཚིགས་བཞི་དང༌། ཕྲག་པ་གཉིས་དང༌། གཞག་ཅེས་བྱ་བ་གཉིས་དང༌། ཆུ་སོ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་མོ། །རྩ་ཆེན་གནད་ནི་རྣམ་དགུ་སྟེ། །གཞང་དང་རེངས་བྲལ་རྣ་རྩ་དང༌། །སུམ་མདོ་རིས་ཞེས་བཤད་པ་ཡིན། །ཞེས་བྱ་བ་ལ། རྩ་ཆེན་པོའི་གནད་ནི་རྣམ་པ་དགུ་ཡོད་པར་བཤད་དེ། གཞང་


DTG201_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་གཅིག་དང༌། རེངས་བྲལ་ཞེས་བྱ་བའི་གནད་དང་གཉིས། རྣ་རྩ་ཞེས་བྱ་བའི་གནད་གཉིས་དང༌། སུམ་མདོ་རིས་ཞེས་བཤད་པ་བཞི་སྟེ་དགུའོ། །རྩ་ལག་ནས་གནད་སུམ་ཅུ་བདུན། །རྩ་ཆེན་གཉིས་དང་མ་མོ་སྔོ། །འགྲམ་པ་མཆན་ཁུང་འཛིན་སྦྲུལ་མགོ །ལྗོན་ཤིང་སྙིང་དང་ལྟེ་བ་དང༌། །རྩིབ་ལོགས་མཚམས་དང་ནུ་མའི་འོག །མི་གསལ་གཞག་དང་བརླ་དབང་དང༌། །དམར་པོ་ཞེས་བྱ་བཞི་བོའོ། །ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་ཀྱི་བྱེ་བྲག་ནི་སུམ་ཅུ་རྩ་བདུན་ཡོད་དེ། རྩ་བོ་ཆེ་གཉིས་དང༌། མ་མོ་བརྒྱད་དང༌། སྔོན་པོ་གཉིས་དང༌། འགྲམ་པའི་རྩ་གཉིས་དང༌། མཆན་ཁུང་འཛིན་པའི་གནད་གཉིས་དང༌། སྦྲུལ་མགོ་གཉིས་དང༌། ལྗོན་ཤིང་གཉིས་དང༌། སྙིང་གི་གཉིས་དང༌། ལྟེ་བའི་གཅིག་དང༌། རྩིབ་ལོགས་མཚམས་ཀྱི་གཉིས་དང༌། ནུ་མའི་འོག་གི་གཉིས་དང༌། མི་གསལ་བ་ཞེས་བྱ་བ་གཉིས་དང༌། གཞག་པ་གཉིས་དང༌། བརླ་དབང་གཉིས་དང༌། དམར་པོ་ཞེས་བྱ་བ་བཞིའོ། །ཚིགས་ལ་ཉི་ཤུ་འཁྱིལ་བ་དང༌། །མཁྲིག་མ་གཉིས་དང་ཁུང་བུ་དང༌། །མཚམས་མཐའ་གྲུ་མོ་ལོང་མོ་དང༌། །ལྟག་པ་པུས་མོ་བདག་པོའོ། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་གནད་ནི་ཉི་ཤུ་སྟེ་འཁྱིལ་པ་ཞེས་བྱ་པའི་གནད་གཉིས་དང༌། མཁྲིག་མ་གཉིས་དང༌། ཁུང་བུ་ཞེས་བྱ་བ་གཉིས་དང༌། མཚམས་ཀྱི་མཐའ་ཞེས་བྱ་བ་ལྔ་དང༌། གྲུ་མོའི་གནད་གཉིས་དང༌། ལོང་མོ་གཉིས་དང༌། ལྟག་པའི་གཉིས་དང༌། པུས་མོའི་གཉིས་དང༌། བདག་པོ་ཞེས་བྱ་བ་གཅིག་སྟེ་ཉི་ཤུའོ། །གཞན་དག་གཞང་ཤའི་གནད་ཅེས་ཟེར། །མཆན་ཁུང་འཛིན་དང་ལྗོན་ཤིང་དང༌། །རྒྱུས་པ་ལ་བརྟེན་རྣ་རྩ་དང༌། །སུམ་མདོ་རིས་དང་རེངས་བྲལ་དང༌། །མིག་འགྲམ་རྩ་ནི་གནད་ཡིན་ཏེ། །རྩ་ཆེན་གནས་པར་དེ་མ་བཤད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་གཞང་གི་གནད་ནི་ཤའི་ནང་དུ་གཏོགས་པས་རྩ་བོ་ཆེའི་གནད་མ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་མཆན་ཁུང་འཛིན་བ་དང༌། ལྗོན་ཤིང་ཞེས་བྱ་བའི་གནད་བཞི་བོ་ནི་རྒྱུས་པ་ལ་བརྟེན་པའི་གནད་ཡིན་གྱི། རྩ་ལ་གནས་པའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་རྣ་རྩ་ཡང་རྩ་ལ་གནས་པ་ཡིན་གྱི་རྩ་བོ་ཆེ་ལ་གནས་པ་མ་ཡིན་ནོ། །


DTG201_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མདོ་རིས་ཀྱི་གནད་བཞི་དང༌། རེངས་བྲལ་ཞེས་བྱ་བའི་གནད་གཉིས་དང༌། མིག་འགྲམ་གྱི་གནད་གཉིས་པོ་དག་ནི་རྩའི་གནད་ཡིན་གྱི་རྩ་བོ་ཆེ་དང་རྒྱུས་པའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བས་ན་དེ་དག་ནི་རྩ་བོ་ཆེ་ལ་གནས་པར་མ་བཤད་དོ། །ཤ་ཡི་གནད་བཅད་ཁྲག་རྒྱུན་འཛག །ཤ་བཀྲུས་འདྲར་འགྱུར་སླ་བ་དང༌། །སྐྱ་ཞིང་དབང་པོ་ཉམས་པ་དང༌། །མྱུར་དུ་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཤར་གཏོགས་ཤིང་གནས་པའི་ཁྲག་གི་རྒྱུན་འཛག་པ་ཤ་བཀྲུས་པ་ལྟ་བུར་གྱུར་པ་དང༌། སླ་ཞིང་རྐྱང་རྐྱང་པོར་གྱུར་པ་དང༌། མདོག་སྐྱ་བ་དང༌། དབང་པོའི་ཚོགས་ཉམས་པ་དང༌། མྱུར་དུ་འཆི་བ་ཁོ་ནར་འགྱུར་རོ། །རུས་གནས་གནད་བཅད་རྐང་བཅས་ན། །སླ་དང་བར་བར་ཆད་ཅིང་འཛག །ཅེས་བྱ་བ་ལ། རུས་པ་ལ་གནས་པའི་གནད་བཅད་ན་རྐང་དང་བཅས་པའི་ཁྲག་འཛག་པ་དང༌། ཤིན་ཏུ་ན་བ་དང༌། སླ་ཞིང་དངས་པ་དང༌། བར་བར་དུ་རྒྱུན་ཆད་ཅིང་འཛག་པར་འགྱུར་རོ། །རྒྱུས་པའི་གནད་བཅད་ན་ཞིང་འཁྲུག །བརྐྱང་བསྐུམ་མི་ཤེས་གནོད་པར་འགྱུར། །འགྲོ་དང་སྟན་གནས་ནུས་པ་ཆུང༌། །དབང་པོ་ཉམས་པའམ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱུས་པར་གནས་པའི་གནད་བཅད་ན། ན་ཞིང་ཀུན་ཏུ་ཤས་ཆེར་འཁྲུགས་པ་དང༌། བརྐྱང་བ་དང་བསྐུམ་མི་ཤེས་པའི་རླུང་ནད་ཀྱི་གནོད་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འགྲོ་བ་ལ་སོགས་པ་ལ་ཡང་ནུས་པ་ཆུང་བར་འགྱུར་ཏེ། འགྲོ་བ་ནི་འགྲོ་ཞིང་བསྐྱོད་པའོ། །གནས་པ་ནི་སྔོན་པའམ་སྟན་ལ་འདུག་པ་སྟེ། དེ་དག་མི་ནུས་པར་གྱུར་པའམ། ཡང་ན་དབང་པོ་ཉམས་ཤིང་མི་གསལ་བའམ། སྲོག་དང་བྲལ་བར་འགྱུར་རོ། །རྩ་ཆེན་གནད་བཅད་ལྦུ་བ་དང༌། །སྒྲ་བཅས་འབྱུང་ཞིང་དྲན་ཉམས་འགྱུར། །ཞེས་བྱ་བ་ལ། རྩ་བོ་ཆེ་ལ་གནས་པའི་གནད་བཅད་ན་ཁྲག་ལྦུ་བ་དང་སྒྲ་དང་བཅས་པ་འབྱུང་ཞིང་དྲན་བ་ཉམས་པར་འགྱུར་རོ། །རྩ་ཡི་གནད་བཅད་ཁྲག་སྐ་ཞིང༌། །རྒྱུན་མི་འཆད་པར་མང་དུ་འབྱུང༌། །དེ་ཟད་མགོ་འཁོར་དབུགས་མི་བདེ། །སྐོམ་རྨོངས་སྐྱིགས་བུས་འདེབས་པས་འཆི། །ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་བཅད་ན་ཁྲག་སྐ་བར་འབྱུང་བ་དང༌། རྒྱུན་མི་འཆད་པར་འབྱུང་བ་དང༌།


DTG201_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འབྱུང་བར་འགྱུར་ལ། དེས་ན་ཁྲག་དེ་ཟད་པས་མགོ་འཁོར་བ་ལ་སོགས་པས་འཆི་བར་བྱེད་པར་འགྱུར་རོ། །ལུས་ནི་གྲ་མ་ལྟ་བུས་ཁྱབ། །འཚོབ་ཀྱང་སྒུར་པོའམ་འཐིང་པོར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་དེའི་ལུས་ནས་ཀྱི་གྲ་མ་ལྟ་བུས་ཁྱབ་པར་སྣང་བ་དང༌། རྨ་དེ་འཚོབ་ཅིང་འབྱོར་པར་གྱུར་ན་ཡང་ལུས་སྒུར་བ་དང་ཡན་ལག་འཇས་ཤིང་འཐེང་པོར་འགྱུར་རོ། །ཚིགས་གནད་སྟོབས་དང་སྤྱོད་པ་ཉམས། །ལུས་སྐེམ་ཚིགས་ནི་སྐྲང་བར་འགྱུར། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་གནད་བཅད་ན་སྟོབས་ཟད་བ་དང༌། ལུས་ཀྱི་གཡོ་འགུལ་གྱི་སྤྱོད་པ་ཉམས་པ་དང༌། ལུས་ཀུན་སྐེམ་ཞིང་སྦེག་པ་དང༌། ཚིགས་ཀྱི་ཚོགས་རྣམས་སྐྲང་བར་འགྱུར་རོ། །ལྟེ་བ་མུར་འགྲམ་བདག་པོ་གཞང༌། །སྙིང་དང་ཆུ་སོ་སུམ་མདོ་རིས། །མ་མོ་བརྒྱད་དང་བཅས་དགུ་པོ། །འཕྲལ་དུ་སྲོག་ནི་གཅོད་པར་བྱེད། །དེ་རྣམས་འཕྲལ་དུ་མི་འཆི་ཡང༌། །ཞག་བདུན་གྱིས་ནི་ངེས་པར་འཆི། །ཞེས་བྱ་བ་ལ། ལྟེ་བ་དང་མུར་འགྲམ་ལ་སོགས་པའི་གནད་བཅུ་དགུ་ཕུག་ཅིང་བཅད་ན་འཕྲལ་དུ་དེའི་མོད་ལ་འཆི་ཞིང་གསོད་པར་བྱེད་ལ། གལ་ཏེ་ཚེའི་ལྷག་མ་ཡོད་ན་ཡང་ཞབས་བདུན་གྱིས་ངེས་པར་འཆིའོ། །དེ་ལས་ལྷག་པར་ནི་ངེས་པར་མི་འཚོའོ། །རེངས་བྲལ་མཐིལ་འཕྲོག་རྩིབ་ལོགས་མཚམས། །རྐེད་པ་ཅན་གཞོན་མཚམས་ཀྱི་མཐའ། །མུར་རྩ་དབང་པོ་ཆུ་སོའི་གནད། །རྒྱབ་ཚིགས་མི་གསལ་རྩ་ཆེན་དང༌། །རོ་སྨད་ནུ་འཇིང་སུམ་ཅུ་གསུམ། །ཟླ་བའམ་ཟླ་ཕྱེད་སོན་ནས་ནི། །དུས་གཞན་དུ་ནི་འཆི་བར་བྱེད། །ཅེས་བྱ་བ་ལ། རེངས་བྲལ་ལ་སོགས་པའི་གནད་སུམ་ཅུ་རྩ་གསུམ་ཕུག་ཅིང༌། སྣད་པ་ནི་འཕྲལ་དུ་འཆི་བར་མི་བྱེད་ན་ཡང་ཟླ་བ་ཕྱེད་དམ་ཟླ་བ་གཅིག་གིས་འཆི་བར་འགྱུར་རོ། །བརྡེག་དང་གཞག་པ་ཞེས་བྱ་གསུམ། །དེར་ནི་ཟུག་རྔུ་བྱུང་གྱུར་ན། །རླུང་གིས་ཤ་དང་ཚིལ་རྐང་དང༌། །ཀླད་རྒྱས་དག་ནི་སྐེམས་པར་བྱེད། །མཚོན་ཕྱུང་ལུད་པ་དབུགས་མི་བདེ། །འབྱུང་ཞིང་སྲོག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། བརྡེག་པ་ཞེས་བྱ་བའི་གནད་གཉིས་དང་གཞག་པ་ཞེས་བྱ་བ་སྟེ། གསུམ་པོ་དེ་དག་ཏུ་མཚོན་གྱིས་ཟུག་རྔུ་ཟུག་པ་ཕྱུང་ན་འཆི་བར་འགྱུར་གྱི། །ཟུག་རྔུ་མ་ཕྱུང་བར་ནི་མྱུར་དུ་འཆི་བར་


DTG201_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །ཅིའི་ཕྱིར་ཟུག་རྔུ་ཕྱུང་བས་འཆི་ཞེས་བྱ། དེ་ཟུག་རྔུ་ཕྱུང་ཡང་རླུང་བྱུང་སྟེ། དེས་ལུད་པ་དང་དབུགས་མི་བདེ་བ་བསྐྱེད་ནས་སྲོག་འཇོམས་པར་འགྱུར་ལ། ཅི་ཞིག་བྱས་ནས་འཇོམས་ཤེ་ན། ཤ་ལ་སོགས་བ་བསྐམས་པས་གསོད་པར་བྱེད་དོ། །སྦྲུལ་མགོ་མིག་ཟུར་རྣ་རྩ་དང༌། །སྔོན་པོ་འགྲམ་གནས་ལྟག་པའི་གནད། །ཕྲག་པའམ་ཕྲག་སོགས་འཁྱིལ་པ་དང༌། །ལྗོན་ཤིང་བརླ་དབང་ཁུང་བུ་དང༌། །མིག་དམར་བུས་མོའི་གནད་དང་བཅས། །མཆན་འཛིན་པིར་འདྲ་གྲུ་མོའི་གནད། །དེ་ལྟར་གནད་ནི་བཞི་བཅུ་བཞིས། །རྐང་ལག་འཇས་པར་བྱེད་འགྱུར་རམ། །གལ་ཏེ་ཚབས་ཆེར་སྣད་གྱུར་ན། །དེས་ནི་སྲོག་ཀྱང་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྦྲུལ་མགོ་ལ་སོགས་པའི་གནད་བཞི་བཅུ་རྩ་བཞི་སྣད་པས་ནི། རྐང་ལག་འཇས་ཤིང་འཕྱེ་བོ་ལ་སོགས་པའི་གནོད་པ་སྐྱེད་པར་འགྱུར་ལ། གལ་ཏེ་དེ་དག་བསོད་ནམས་མ་ཡིན་པ་ལ་སོགས་པའི་དབང་གིས་སྣད་ཚབས་ཆེན་སྲོག་འཇོམས་ཤིང་འཆི་བ་ཉིད་དུ་འགྱུར་རོ། །པིར་མགོ་འདྲ་དང་ལོང་མོ་དང༌། །མཁྲིག་མའི་གནད་བརྒྱད་ནད་ཚབས་སྐྱེད། །ཅེས་བྱ་བ་ལ། པིར་མགོ་འདྲ་བ་ལ་སོགས་པའི་གནད་བརྒྱད་པོ་ཕུག་པས་ནི་ཤིན་ཏུ་ནང་ཚབས་ཆེན་པོ་སྐྱེད་པར་འགྱུར་བ་ཡིན་ནོ། །དེ་ལས་ལྗོན་ཤིང་མཆན་ཁུང་འཛིན། །བརླ་དང་པིར་མགོ་ལྟ་བུ་སྟེ། །བཅུ་གཉིས་སོར་གཅིག་ཚད་ཡིན་ནོ། །ཞེས་བྱ་བ་ལ། གནད་དེ་རྣམས་ལས་ལྗོན་ཤིང་ལ་སོགས་པ་གནད་བཅུ་གཉིས་ཀྱི་ཚད་ནི་རང་གི་སོར་ཚད་ཀྱི་སོར་གཅིག་གི་ཚད་དུ་གནས་པ་ཡིན་ནོ། །མཁྲིག་མ་དང་ནི་ལོང་མོ་དང༌། །ནུ་མའི་རྩ་བ་སོར་གཉིས་ཚད། །ཅེས་བྱ་བ་ལ། གནད་དེ་རྣམས་ལ་མཁྲིག་མའི་གནད་གཉིས་དང༌། ལོང་མོའི་གནད་གཉིས་དང༌། ནུ་མའི་གནད་གཉིས་ཏེ། གནད་དྲུག་པོ་དེ་དག་གི་ཚད་ནི་སོར་གཉིས་སུ་གནད་པ་ཡིན་ནོ། །པུས་མོ་གྲུ་མོ་སོར་གསུམ་ཚད། །ཅེས་བྱ་བ་ལ། པུས་མོའི་གནད་གཉིས་དང༌། གྲུ་མོའི་གནད་གཉིས་ཏེ། བཞི་པོའི་ཚད་ནི་སོར་གསུམ་ཡིན་ནོ། །གཞང་དང་ཆུ་སོ་ལྟེ་བ་སྙིང༌། །སྔོན་པོ་མཚམས་མཐའ་མ་མོ་དང༌། །པིར་འདྲ་སུམ་མདོ་རིས་འགྲམ་པ། །གནད་ནི་ཉི་ཤུ་རྩ་དགུའི་ཚད། །རང་གི་ལག་མཐིལ་


DTG201_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཡིན་ནོ། །ཞེས་བྱ་བ་ལ། གཞང་ཁ་ལ་སོགས་པའི་གནད་ཀྱི་ཁྱད་པར་ཉི་ཤུ་རྩ་དགུ་རང་གི་ལག་མཐིལ་ཙམ་གྱི་ཚད་དུ་གནས་པ་ཡིན་ནོ། །ལྷག་མ་གནད་ནི་ལྔ་བཅུ་དྲུག །སོར་ཕྱེད་ཀྱི་ནི་ཚད་དུ་འདོད། །ཅེས་བྱ་བ་ལ། དེ་ལྟར་ཚད་བཤད་པའི་གནད་ཀྱི་ལྷག་མ་ཚད་མ་བཤད་པ་དག་ནི་ལྷག་མ་ཡིན་ལ། དེ་དག་ནི་གྲངས་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་དག་གི་ཚད་ནི་རང་གི་སོར་ཕྱེད་ཡོད་པར་འདོད་དོ། །གཞན་དག་གནད་དེ་ཏིལ་འབྲུ་སྟེ། །འབྲས་ཙམ་གྱི་ནི་ཚད་དུ་འདོད། །ཅེས་བྱ་བ་ལ། སྨན་པ་གཞན་དག་ནི་གནད་དེ་དག་ཏིལ་འབྲུ་ཙམ་གྱི་ཚད་དུ་གནས་པར་འདོད་ལ། གཞན་དག་ནི་འབྲས་ཙམ་གྱི་ཚད་དུ་ཡོད་དོ། །ཞེས་འདོད་དོ། །རྩ་བཞིར་བཤད་པ་གང་ཡིན་པ། །ལུས་ཀུན་བརྟས་པར་བྱེད་བ་རྣམས། །དེ་ནི་གནད་ལ་གནས་པ་ཡིན། །ཞེས་བྱ་བ་ལ། སྔར་གང་རྩ་བཞི་པོར་རླུང་དང་མཁྲིས་པ་དང་བད་ཀན་འདྲེས་པ་དང༌། ནད་མེད་པ་སྟེ་རྩ་བཞི་པོ་གྲངས་བདུན་བརྒྱ་ཡོད་པར་སྔར་བཤད་ལ། གང་ཡིན་པ་དེས་ནི་ལུས་མ་ལུས་པ་ཐམས་ཅད་ལ་བརྟས་ཤིང་ཚིམ་པར་བྱེད་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གནད་ལ་གནས་ཤིང་བརྟན་པ་ཡིན་ནོ། །དེས་ན་དེ་ཕུག་ཁྲག་དྲག་འབྱུང༌། །ལུས་ཟུངས་རྣམས་ནི་ཟད་པའི་ཕྱིར། །རླུང་འཕེལ་ནད་ནི་མི་བཟད་འདེབས། །རླུང་གིས་མཁྲིས་པ་རྒྱས་པར་བྱེད། །མཁྲིས་པ་རྒྱས་པར་གྱུར་བས་ན། །སྐོམ་དང་མགོ་འཁོར་སྐམ་དང་མྱོས། །ཞེས་བྱ་བ་ལ། གང་གི་ཕྱིར་རྩ་ཐམས་ཅད་གནད་ལ་གནས་པ་ཡིན་པའི་རྒྱུ་དེས་ན། རྩ་དེ་ཕུག་ཅིང་ཁྲག་དྲག་ཏུ་ཕྱུང་ཞིང་ཤས་ཆེར་བརྟེན་ན་དེས་ན་ལུས་ཟུངས་བདུན་པོ་རྣམས་ཟད་པར་བྱེད་པར་འགྱུར་ལ། ལུས་ཟུངས་དེ་ཟད་པས་རླུང་ནད་སྐྱེ་ཞིང་འཕེལ་བའི་གནས་སྐབས་སུ་གྱུར་ནས་མི་བཟད་པའི་ནད་ཀྱིས་འདེབས་ཤིང་ན་བ་དང༌། གཟེར་བ་ལ་སོགས་པའི་ཚོར་བ་དེ་སྐྱེ་ཞིང་འདེབས་ལ། ཡང་རླུང་དེ་མཁྲིས་པའི་ཚོགས་ཀྱི་ནད་རྒྱས་ཤིང་འཕེལ་བར་བྱེད་པར་འགྱུར་རོ། །མཁྲིས་པ་དེས་རྒྱས་ཤིང་བདོ་བར་འགྱུར་རོ། །སྐོམ་དད་དང་མགོ་འཁོར་བ་དང༌། ཁ་སྐམས་པ་དང༌། མྱོས་པའི་ནད་སྐྱེ་བར་འགྱུར་རོ། །ལུས་རྔུལ་ཚིགས་འབྱེ་ལུས་ལྷོད་དང༌། །དེ་ནི་གཤིན་རྗེའི་དབང་དུ་འགྲོ། །ཞེས་བྱ་བ་ལ། དེས་ན་གནད་དུ་


DTG201_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཅིང་སྣད་པའི་སྐྱེས་བུ་དེ་ལུས་རྡུལ་ཞིང་ཚིགས་འབྱེ་བ་དང༌། ལུས་ལྷོད་ཅིང་ཤིག་ཤིག་པོར་གྱུར་བས། དེ་གཤིན་རྗེའི་དབང་དུ་འགྲོ་ཞིང་འཆི་བར་འགྱུར་རོ། །གནད་གཅོད་ན་ནི་མྱུར་བ་རུ། །ལུས་ཀྱི་ཚིགས་ནི་ཆོད་འགྱུར་ཏེ། །ཚིགས་ཀྱི་ཕྱོགས་སུ་བཅད་པས་ན། །རྩ་ནི་འཁུམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། གནད་གཅོད་ཅིང་སྣད་པར་གྱུར་བ་ན་མྱུར་བ་ཉིད་དུ་ལུས་ཀྱི་རྐང་པ་དང་ལག་པ་ལ་སོགས་པའི་ཚིགས་ཆོད་ཅིང་སྣད་བར་འགྱུར། ཅིའི་ཕྱིར་ཞེ་ན། ཚིགས་ཀྱི་ཕྱོགས་སུ་བཅད་པའི་ཕྱིར། རྩ་ཐམས་ཅད་ཀྱང་འཁུམས་ཤིང་གཅོད་པར་བྱེད་པ་ཡིན་ནོ་དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག །ཁྲག་གནས་ན་ནི་གནས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག་ནི་ཤས་ཆེར་ཁྲག་ལ་གནས་པའི་ཕྱིར། དེའི་ནང་ན་གནས་ཞིང་སྐྱོན་མེད་ན་ནི། སྲོག་དེ་ཡང་གནས་པར་འགྱུར་བ་ཡིན་ནོ། །དེ་བས་གནད་མིན་ལེགས་ཕོག་ནི། །ངེས་པར་འཆི་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་དེ་ཕུག་ཅིང་ཆོད་པས་ནི་སྲོག་ཆགས་འཆི་བར་བྱེད་པ་ཡིན་གྱི། གཞན་དུ་སྣད་ཅིང་རྨ་བྱུང་བ་ཙམ་གྱིས་ནི་འཆི་བར་མི་འགྱུར་རོ། །དེ་བས་ན་གནད་མ་ཡིན་པར་ལོག་པར་ཕོག་ཅིང་སྣད་པར་གྱུར་ན། མདའ་བརྒྱ་ཕོག་ཀྱང་འཆི་བར་མི་འགྱུར་བའི་གནད་ནི་ཡོད་པ་ཁོ་ན་ཡིན་ནོ། །འགའ་ཞིག་སྨན་པའི་ཡོན་ཏན་དང༌། །ཕྱོགས་གཅིག་ཏུ་ནི་ཕོག་པ་ཡིས། །འཚོ་བར་གྱུར་ཡང་དེ་ཡི་ནི། །དབང་པོ་མ་ཚང་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་སྲོག་ཆགས་འགའ་ཞིག་གནད་དུ་ཕོག་བ་ཡོད་ན། ཡང་སྨན་པ་མཁས་པས་བཅོས་བའི་ཡོན་ཏན་ནམ། གནད་ཀྱི་ཕྱོགས་གཅིག་གི་མཐར་ཕོག་པས་གནད་དུ་ཕོག་ཀྱང་འཚོ་བར་འགྱུར་མོད་ཀྱི། འོན་ཀྱང་དེའི་དབང་པོ་མཚང་ཞིང་ཞ་བོའམ་འཐེང་པོ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་བས་འབད་དེ་གནད་དུ་ནི། །ཐལ་སྨན་མེ་བཙའ་ལ་སོགས་སྤང༌། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་ལ་ཕོག་ཅིང་སྣད་པ་ནི་གནོད་བ་དང་བཅས་ཤིང་སྲོག་ལ་གནོད་པ་བྱེད་བ་ཡིན་བ་དེ་བས་ན་ཐལ་སྨན་རྣོན་པོ་དང༌། མེ་བཙའ་གདབ་བ་ལ་སོགས་པ་ཡང་གནད་དུ་མི་བྱ་བར་སྤང་བར་བྱའོ། །སོགས་པ་སྨོས་པས་ནི་བསེ་ཤིང་གི་འབྲས་བུ་དང༌། ཀ་པིད་ཐའི་ཁུ་བ་ལ་


DTG201_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དག་འབད་དེ་གནད་དུ་མ་ཕོག་པར་སྤང་ཞིང་དོར་བར་བྱའོ། །གནང་དུ་ཕོག་ན་ཆུང་ངུས་ཀྱང༌། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་དུ་ཕོག་ན་ཚབས་ཆུང་དུས་ཀྱང་ཕལ་ཆེར་ཞེས་བ་མང་དུ་ཤིན་ཏུ་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དེ་བཞིན་གནད་ལ་བརྟེན་པའི་ནད། །རབ་ཏུ་འབད་པས་གསོ་བར་བྱ། །ཞེས་བྱ་བ་ལ། གནད་དུ་ཕོག་ཅིང་སྣད་པ་ལ་འབའ་ཞིག་གིས་གནོད་པ་སྐྱེད་པར་མ་ཟད་ཀྱི། གནད་རྣམས་ཀྱང་གནད་རྣམས་ལ་བརྟེན་ཅིང་གནས་པར་གྱུར་ན། མཚོན་གྱིས་ཕོག་བ་དང་འདྲ་བར་གནོད་པ་སྐྱེད་པ་ཡིན་པས། དེ་ནི་ཤིན་ཏུ་འབད་ཅིང་བརྩོན་པས་གསོ་དགོས་པའམ། འབད་པས་གསོས་ཀྱང་འཚོ་བ་དཀའ་བ་ཡིན་པར་སྟོན་ཏོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནད་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ལ་ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གནད་ཀྱི་བྱེ་བྲག་ཤེས་པར་བྱས་པའི་འོག་ཏུ་འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། འཆི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གནད་ཅེས་བྱ་བ་ལ། འཆི་བ་དེ་ཡང་རང་བཞིན་སྔ་མ་ལས་འགྱུར་བའི་མཚན་ཉིད་འཆི་ལྟས་ཀྱི་རྣམ་པར་འགྲོ་བ་རྣམས་སྔར་གནས་པས་ན། འདིར་སྨོས་པ་ཡིན་ནོ། །ལུས་ཀྱི་འགྱུར་བ་ནི་རང་བཞིན་སྔ་མ་ལས་གཞན་དུ་འགྱུར་བ་སྟེ། དེའི་བྱེ་བྲག་གམ་ཁྱད་པར་ཤེས་ཤིང་རྟོགས་པར་བྱ་ན། གང་ན་ཡོད་པ་དེ་བཤད་པར་བྱའོ། །ཞེས་པའོ། །འགྱུར་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཇི་ལྟར་འབྲས་བུ་མེ་ཏོག་དང༌། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །ཞེས་བྱ་བ་ལ། ཚུལ་ཇི་ལྟར་འབྲས་བུ་འབྱུང་བར་འགྱུར་བའི་སྔོན་དུ་མེ་ཏོག་འབྱུང་བ་དང༌། མེ་འབྱུང་བའི་སྔོན་དུ་དུ་བ་འབྱུང་བ་དང༌། ཆར་འབབ་པའི་དུས་སུ་སྤྲིན་འདུས་པ་དག་ནི་རྒྱུ་སྔར་བྱུང་བ་འབྲས་བུ་ཕྱིས་འབྱུང་བའི་མཚན་མ་ཡིན་པ་ལྟར། ཚུལ་དེ་བཞིན་དུ་རང་བཞིན་ལས་གཞན་དུ་འགྱུར་བ་ལས་འཆི་བར་ཤེས་པར་


DTG201_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ལྟས་སམ་མཚན་མ་ཡིན་པས། དེ་ལས་ཕྱིས་ངེས་པར་འཆི་བར་འགྱུར་བར་སྟོན་པ་ཡིན་ནོ། །འཆི་ལྟས་མེད་ན་མི་འཆི་ལ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་བྱ་བ་ལ། གང་ལ་སྔར་འཆི་བར་འགྱུར་བའི་མཚན་མའི་ལྟས་མེད་ན། ལྟས་ཀྱིས་མཚོན་པའི་འཆི་བར་ཡང་མེད་པས་མི་འཆི་ལ། དེ་བཞིན་དུ་འཆི་ལྟས་སྣང་བ་ལས་ཀྱང་འཚོ་བར་འགྱུར་བ་མ་ཡིན་ནོ། །འཆི་ལྟས་འཆི་ལྟས་མིན་ཞེས་པ། །མི་མཁས་འཆི་ལྟས་མེད་མིན་ཤེས། །ཞེས་བྱ་བ་ལ། ཡང་དག་པར་ན་གང་འཆི་ལྟས་ཉིད་དུ་སྟོན་པར་འོས་པས་དེ་ལ་ཡང་འཆི་ལྟས་མ་ཡིན་པར་ཤེས་ལ། འཆི་ལྟས་མེད་པ་དག་ལ་ཡང་འཆི་ལྟས་མེད་པ་མི་ཤེས་ཏེ། ཅིའི་ཕྱིར་ཞེ་ན། མི་མཁས་ཤིང་འཆི་ལྟས་དང་འཆི་ལྟས་མ་ཡིན་པ་ཤེས་པ་ལ་མ་བྱང་བས། འཆི་ལྟས་ཡོད་མེད་མི་ཤེས་པ་ཡིན་ནོ། །ལ་ལ་རྟེན་དང་བརྟེན་པ་པོའི། །ཁྱད་པར་གྱིས་དེ་གཉིས་སུ་འདོད། །ནད་ཀྱི་ཚུལ་ནི་མང་པོ་ལས། །འཆི་ལྟས་ཚུལ་དུ་འབྱུང་བར་འགྱུར། །ནད་ཞི་ན་ནི་ཞི་འགྱུར་ལ། །བརྟན་པར་གནས་ན་འཆི་བར་འགྱུར། །ཞེས་བྱ་བ་ལ། ཡང་སྨན་པ་གཞན་དག་ནི་འཆི་ལྟས་དེ་རྟེན་གྱི་ལུས་དང༌། བརྟེན་པའི་ནད་ལ་སོགས་པ་ཁྱད་པར་གྱིས་ཏེ། རྣམ་པ་གཉིས་སུ་འདོད་ལ། དེ་ཡང་རླུང་ལ་སོགས་པའི་ནད་ཀྱི་ཚུལ་རྣམ་པ་མང་པོ་ལས་འཆི་ལྟས་གྱི་ཚུལ་དུ་སྣང་ཞིང་འབྱུང་བར་འགྱུར་བདེ་དག་ལས་རླུང་ལ་སོགས་པའི་ནད་ཞི་བར་འགྱུར་ན། དེ་ལས་བྱུང་བ་མཚན་མ་ཡང་ཞི་བར་འགྱུར་ལ་མ་ཞི་བར་བརྟན་པར་གནས་པ་ནི། དེ་ངེས་པར་འཆི་བ་ཉིད་དུ་འགྱུར་བས་འཆི་ལྟས་ཞེས་བྱའོ། །ཞེས་ཟེར་རོ། །གཟུགས་དང་དབང་པོ་སྐད་དང་མདོག །གཟུགས་བརྙན་བྱ་བ་སོགས་པ་དང༌། །དངོས་པོ་དག་ནི་གཞན་ལ་ཡང༌། །ཐ་མལ་པ་ལས་རྒྱུ་མེད་པར། །གཞན་དུ་གྱུར་གང་མདོར་གང་ནི། །འཆི་ལྟས་ཡིན་པར་དེ་ཤེས་བྱ། །ཞེས་བྱ་བ་ལ། གཟུགས་ནི་ཁ་དོག་དང་དབྱི་བས་ཀྱི་རྣམ་པའོ། །དབང་པོ་ནི་མིག་ལ་སོགས་པའོ། །སྐད་ནི་ང་རོའོ། །མདོག་ནི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་རྣམ་པ་ལྔའོ། །གཟུགས་བརྙན་ནི་ཉི་མ་དང་ཆུ་དང་མེ་ལོང་ལ་སོགས་པར་གང་ཞིག་སྣང་བའི་གཟུགས་དང་མཐུན་


DTG201_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་བའོ། །བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་སུ་བྱ་བའི་རྣམ་པ་མང་པོའོ། །སོགས་པ་ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་དངོས་པོ་གཞན་དག་ཀྱང་བསྐུའོ། །དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོར་གཏོགས་པ་དེ་དག་དང༌། འདིར་སྨོས་པའི་རྣམ་པ་གཞན་དག་སྟེ། །བློ་དང་དྲན་པ་དང་རང་བཞིན་བརྟན་པ་ལ་སོགས་པའི་སེམས་ཀྱི་སྤྱོད་པ་དག་ཐ་མ་ལ་པ་སྟེ། རང་བཞིན་དུ་གནས་པ་ལས་རྒྱུ་མེད་པ་སྟེ་འགྱུར་པའི་རྒྱུ་ཡང་མེད་བཞིན་དུ་གློ་བུར་གཞན་དུ་འགྱུར་ཞིང་སྣང་བ་མདོར་བསྡུ་ན། དེ་ལྟ་བུ་གང་ཡིན་པ་དེ་ནི་འཆི་ལྟས་ཡིན་པ་ཤེས་པར་བྱའི། །རྒྱུ་གང་ཡང་རུང་བ་ལས་གཞན་དུ་གྱུར་པ་ནི་འཆི་ལྟས་སུ་ནི་གཟུང་ངོ༌། །སྐྲ་དང་བ་སྤུ་མ་བསྐུས་པར། །སྣུམ་གྱིས་བསྐུས་ལྟར་གང་སྣང་དང༌། །ཞེས་བྱ་བ་ལ། འགྲོ་བ་གང་ཞིག་སྐྲ་དང་སྤུ་རྣམས་མ་བསྐུས་པར་བསྐུས་ཤིང་བྱུགས་པ་ལྟར་སྣང་བ་དེ་ཡང༌། དུས་ཀྱིས་བསྐུས་ཤིང་འཆི་བར་འགྱུར་བ་ཡིན་ནོ། །གང་ཞིག་མིག་ནི་རབ་གཡོ་དང༌། །མི་འགྱུར་ཕྱིར་བྱུང་ཁུང་བུར་ཞུགས། །ཡོ་དང་བགྲད་དང་འཛུམས་པ་དང༌། །བཅུམ་ཞིང་སྨིན་མ་སྨད་པ་དང༌། །འཁྲུལ་དང་མཐོང་བ་ཉམས་པ་དང༌། །སྲེ་མོའི་མིག་ལྟར་བལྟ་བ་དང༌། །ཐི་བ་འདྲ་དང་མགལ་མེ་འདྲ། །མཆི་མ་འཛག་ཅིང་རྫི་མ་འཁྲུགས། །ཞེས་བྱ་བ་ལ། དེ་བཞིན་དུ་མི་གང་ཞིག་མིག་རབ་ཏུ་གཡོ་ཞིང་འགུལ་བ་དང༌། ཡང་ན་མི་འགྱུར་ཞིང་ཧར་ཧར་པོར་འདུག་པ་དང༌། ཡང་ན་ཕྱིར་འབྱུང་ཞིང་གློ་བ་དང༌། ཡང་ན་མིག་འབྲས་ཁོང་དུ་ཞུགས་ཤིང་གཏིང་དུ་སོང་བར་སྣང་བ་དང༌། ཡོ་ཞིང་མ་སྙོམས་པར་སྣང་བ་དང༌། ལྷག་པར་བགྲད་ཅིང་གདངས་པ་དང༌། དེ་བཞིན་དུ་ཤས་ཆེར་འཛུམས་ཤིང་མི་འབྱེད་པ་དང༌། སྨིན་མ་བཅུམ་ཞིང་འདུས་པ་འགྱུར་བའམ། ཁྱད་པར་དུ་སྨད་ཅིང་དམའ་བར་གྱུར་པ་དང༌། ཡང་དེ་བཞིན་དུ་འཁྲུལ་པར་མཐོང་ཞིང་ལོག་པར་མཐོང་བ་དང༌། མཐོང་བ་ཉམས་ཤིང་རྟུལ་བ་དང༌། དེ་བཞིན་དུ་སྲེ་མོའི་མིག་ལྟར་བལྟ་བ་དང༌། ཐི་བའི་མདོག་ལྟར་སྣང་བ་དང༌། མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུར་སྣང་བ་དང༌། རྒྱུ་མེད་པར་མཆི་མ་འཛག་ཅིང་འབྱུང་བ་དང༌། དེ་བཞིན་དུ་རྫི་མ་འཁྲུགས་ཤིང་གཡོ་བར་འགྱུར་བ་སྟེ། དེ་དག་ཀྱང་ནད་ལ་


DTG201_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རྒྱུ་མེད་པར་སྣང་བ་ནི་འཆི་ལྟས་ཡིན་ནོ། །སྣ་ནི་ཤིན་ཏུ་གདངས་པ་དང༌། །ཞོམ་དང་འབྲུམ་ཕྲན་གྱིས་ཁྱབ་དང༌། །སྐྲང་དང་གས་དང་རྙིད་པ་དང༌། །ཞེས་བྱ་བ་ལ། དེ་བཞིན་དུ་གང་ཞིག་གི་སྣ་རྒྱུ་མེད་པར་གློ་བུར་དུ་གདངས་ཤིང་ཡངས་པར་སྣང་བའམ། ཡང་ན་ཞོམ་ཞིང་འདུས་པར་འགྱུར། འབྲུམ་ཕྲན་རྣམས་ཀྱིས་ཀྱང་ཁྱབ་ཅིང་གང་བ་དང༌། སྐྲང་ཞིང་རྒྱས་པར་འགྱུར་བ་དང༌། གས་ཤིང་པགས་པ་ཞིག་པ་ལྟར་སྣང་བ་དང༌། རྙིད་ཅིང་སྐམས་པ་ཡང་འཆི་ལྟས་ཡིན་ནོ། །གང་གི་མ་མཆུ་འཕྱང་བ་དང༌། །ཡ་མཆུ་གྱེན་དུ་བརྫེས་པ་དང༌། །གཉི་ག་འཛམ་བུ་སྨིན་འདྲར་སྣང༌། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མ་མཆུ་ཐུར་དུ་འཕྱངས་པ་དང༌། ཡ་མཆུ་གྱེན་དུ་བརྫེས་ཤིང་ལྡོག་པར་འགྱུར་བའམ། ཡང་ན་མཆུ་གཉིས་ག་འཛམ་བུ་སྨིན་པ་ལྟར་ཁ་དོག་ནག་པོར་སྣང་བ་ཡང་འཆི་ལྟས་སོ། །སོ་ནག་གསེག་མར་བཅས་པ་དང༌། །དམར་ཞིང་སོ་ཞོ་ནག་ནོག་ཅན། །གློ་བུར་རྒྱུ་ནི་འབྱུང་བ་དང༌། །ཞེས་བྱ་བ་ལ། གང་ཞིག་སོ་གནག་པར་གྱུར་བ་དང༌། གསེག་མར་བཅས་པ་སྟེ། རྡོའི་གསེག་མ་ཕྲ་མོ་ལྟ་བུ་བྱུང་བ་དང༌། ཡང་ན་དམར་ཞིང་ཟངས་ལྟར་སྣང་བ་གློ་བུར་དུ་སོ་ཞོ་ཆགས་པའམ། འདམ་གྱིས་བསྐུས་པ་ལྟར་ནག་ནོག་ཏུ་གྱུར་པའམ། གློ་བུར་རྒྱུ་མེད་པར་འཁྲུལ་ཞིང་འབྱུང་བ་ཡང་འཆི་ལྟས་སོ། །ལྕེ་ནི་ཡོ་དང་རྟག་ཏུ་འབྱིན། །སྐྲང་དང་སྐམས་དང་ལྕི་དང་གནག །གོས་དང་རྩུབ་དང་ཚོར་བ་མེད། །ཅེས་བྱ་བ་ལ། གང་གི་ལྕེ་གློ་བུར་དུ་ཡོན་པོར་གྱུར་པ་དང༌། རྟག་ཏུ་ཕྱིར་འབྱིན་པ་དང༌། སྐྲང་ཞིང་སྤོ་བ་དང༌། སྐམས་ཤིང་རིང་པ་དང༌། ལྕི་ཞིང་མཐུག་པ་དང༌། ཁ་དོག་གནག་པ་དང༌། ལྗན་ལྗིན་གྱིས་གོས་པ་དང་བཅས་པ་དང༌། རྩུབ་ཅིང་ཚེར་མས་ཁྱབ་པ་ལྟར་གནས་པ་དང༌། ཚོར་བ་མེད་ཅིང་བེམ་པོར་གྱུར་པ་ཡང་འཆི་ལྟས་སོ། །མཇིང་པས་མགོ་ནི་མི་ཐེག་དང༌། །རང་གི་ལྟག་རྒྱ་བ་ཁུར་ལྟར་ལྕི། །འགྲམ་པས་ཁ་ན་གནས་པ་ཡི། །ཁ་ཟས་བལྡད་པར་མི་ནུས་པ། །ཞེས་བྱ་བ་ལ། མཇིང་པ་ནི་སྐེ་བ་སྟེ། དེས་མགོ་བོ་མི་ཐེག་ཅིང་བརྟེན་པར་མི་ནུས་པ་དང༌། གང་རང་གི་ལྟག་པ་རྒྱབ་ཁུར་ལྟར་ཤིན་ཏུ་ལྕི་བར་སེམས་པ་དང༌། གང་གི་འགྲམ་


DTG201_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁ་ཟས་བལྡད་ཅིང་མིང་པར་མི་ནུས་པ་དེ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་རྒྱུ་མེད་པར་ཡན་ལག །ཤིན་ཏུ་ལྕི་བའམ་ཤིན་ཏུ་ཡང༌། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ནད་ལ་སོགས་པའི་རྒྱུ་མེད་པར་བརླ་དང་དཔུང་པ་ལ་སོགས་པའི་ཡན་ལག་ཤིན་ཏུ་ལྕི་བའམ། ཡང་ན་ལན་འགའ་ཞིག་ཏུ་ཡང་བར་སེམས་པ་ཡང་འཆི་ལྟས་སོ། །དུག་དང་སྣད་པ་མེད་པ་ཡང༌། །བུ་ག་རྣམས་ལས་ཁྲག་འབྱུང་དང༌། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་དུག་འཐུངས་པའམ་ལུས་ལ་སྣད་པ་མེད་པར་གྱུར་ན། མིག་ལ་སོགས་པའི་བུ་ག་རྣམས་ལས་ཁྲག་འབྱུང་བ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་ཕོ་མཚན་ནུབ་པ་དང༌། །རླིག་པ་རབ་ཏུ་འཕྱང་བ་དང༌། །ཞེས་བྱ་བ་ལ། གང་གི་ཕོ་མཚན་ནུབ་ཅིང་གྱེན་དུ་བརྫེས་པ་དང༌། རླིག་པ་ཐུར་དུ་འཕྱང་བའང་འཆི་ལྟས་སོ། །དེ་ལས་གོ་བཟློག་གྱུར་པ་རྣམས། །ཐམས་ཅད་འཆི་བདག་དབང་དུ་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་ཕོ་མཚན་དང་རླིག་པ་དེ་ལས་གོ་བཟློག་པ་སྟེ། ཕོ་མཚན་འཕྱང་བར་གྱུར་ལ། རླིག་པ་ནུབ་པར་གྱུར་པ་ཡང་འཆི་ལྟས་སོ། །དེ་ལྟར་ན། སྐྲ་དང་བ་སྤུ་མ་བསྐུས་པར། །ཞེས་བྱ་བ་ནས། དེ་ལས་གོ་བཟློག་གྱུར་པ་རྣམས། །ཞེས་བྱ་བའི་གཞུང་གིས་བསྟན་པའི་མཚན་མ་དེ་དག་དང་ལྡན་པ་ཐམས་ཅད་ཀྱང་འཆི་བདག་གི་དབང་དུ་འགྱུར་ཞིང་འཆི་བའི་ལྟས་ཡིན་ནོ། །ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །གང་གི་རྩ་རིས་སྔོན་མེད་པར། །ཟླ་བ་ཚེས་པ་ལྟ་བུ་ནི། །དཔྲལ་བའམ་ཆུ་སོའི་སྟེང་ན་གནས། །དེ་ནི་ཟླ་དྲུག་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ནད་མེད་བར་གནས་བ་ལས་རྩ་རིས་སྔོན་མེད་པའི་སར་པ་སྔ་ན་མི་གནས་པ། ཟླ་བ་ཚེས་པ་ལྟ་བུའི་ཡོན་པོ་དཔྲལ་བའམ་ཆུ་སོའི་སྟེང་ན་གནས་པར་གྱུར་ན་སྐྱེས་བུ་དེ་ཟླ་བ་དྲུག་ལས་མི་འཚོ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །ལུས་ཅན་གང་གི་ལུས་ལ་ཆུ། །པདྨའི་འདབ་མ་ལྟ་བུར་ནི། །རྐྱལ་ཚེ་ཆུ་ལ་མི་ཆགས་པ། །དེ་ནི་ཟླ་བ་དྲུག་ན་འཆི། །ཞེས་བྱ་བ་ལ། ལུས་ཅན་དེ་མི་གང་རྐྱལ་ཞིང་ཆུའི་ནང་ན་ཞུགས་པ་ཁྲུས་བྱེད་པ་ན། དེའི་ལུས་ལ་ཆུ་པདྨའི་འདབ་མ་ལ་ཆུ་གཏོར་བའི་ཚུལ་དུ། ཆུ་དེ་འདྲིལ་ཞིང་ཆགས་པར་མ་གྱུར་པ་དེ་ཡང་ཟླ་བ་དྲུག་ནས་འཆི་བ་ཡིན་ནོ།


DTG201_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་དུ་བའམ་སྣུམ་བཅས་སྣང༌། །དེ་ནི་ཟླ་བ་གཅིག་ནས་འཆི། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྤྱི་བོར་དུ་བ་ལྟ་བུའམ། སྣུམ་དང་བཅས་པ་ལྟ་བུར་རྒྱུ་མེད་པར་སྣང་ན། དེ་ནི་ཟླ་བ་གཅིག་ནས་ངེས་པར་འཆི་བར་འགྱུར་རོ། །སྤྱི་པོའམ་སྨིན་མཚམས་གསར་དུ་ནི། །མཚམས་བྱེ་བའམ་གཙུག་འཁྱིལ་སྣང༌། །ནད་མེད་ཞག་ནི་དྲུག་གིས་འཆི། །ནད་པ་ཞག་གསུམ་ནས་འཆི་འགྱུར། །ཞེས་བྱ་བ་ལ། སྤྱི་པོ་སྟེ་མགོ་བོའམ། སྨིན་མཚམས་ཀྱི་གནས་སུ་གསར་དུ་མཚམས་བྱེ་ཞིང་གྱེས་པ་ལྟར་སྣང་བའམ། གཙུག་འཁྱིལ་བ་ལྟ་བུར་སྣང་བ་སྟེ། མཚམས་བྱེ་བ་ནི་རི་མོ་དྲང་པོའོ། །གཙུག་འཁྱིལ་བ་རི་མོ་ཟླུམ་པོར་འཁོར་བའོ། །དེ་ལྟ་བུ་སྣང་ན་ནད་མེད་ཅིང་བདེ་བར་གནས་པ་ནི་ཞག་དྲུག་གིས་འཆི་ལ། ནད་པ་ཞིག་ཡིན་ན་ནི་ཞག་གསུམ་ནས་འཆི་བར་འགྱུར་རོ། །ལྕེ་གནག་ཁ་ནི་མནམ་པ་དང༌། །མིག་གཡས་ཕུགས་སུ་བྲོས་པའམ། །བྱ་ནི་མགོ་ལ་བབས་པ་དག །གང་ཡིན་དེ་ནི་ཡོངས་སུ་སྤངས། །ཞེས་བྱ་བ་ལ། གང་ཞིག་གི་ལྕེའི་མདོག་གནག་པ་དང༌། ཁའི་དྲི་མནམ་པ་དང་བཅས་པ་དང༌། མིག་གཡས་ཕུགས་སུ་བྲོས་ཤིང་ཁུང་བུར་ཞུགས་པ་དང༌། ཡང་ན་མགོ་ལ་བྱ་བབས་ཤིང་འདུག་པ་གང་ཡིན་པ་དེ་ནི་གསོ་བར་མི་བྱ་ཞིང་སྤང་བར་བྱའོ། །གང་ཞིག་ཁྲུས་བྱས་བྱུགས་པ་དང༌། །ལུས་ཀུན་གཤེར་བར་གནས་བཞིན་དུ། །སྙིང་ག་བཞིན་དུ་མྱུར་བར་སྐམས། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་དང་པོར་ཁྲུས་བྱས་ཤིང་དེའི་འོག་ཏུ་བྱུག་པས་བྱུགས་པ་ན་ལུས་ཐམས་ཅད་གཤེར་དང་རླན་དང་བཅས་པར་གནས་བཞིན་དུ་སྙིང་གའི་ཕྱོགས་ཆེར་མྱུར་དུ་སྐམས་པར་གྱུར་ན། མི་དེ་ཟླ་བ་ཕྱེད་ལས་མི་འཚོའོ། །གློ་བུར་དུ་ནི་ལུས་ཀུན་མདོག །ཅིག་ཅར་ཐམས་པ་ལས་ཉམས། །དེ་བཞིན་དུ་ནི་སོགས་པ་དང༌། །རྩུབ་དང་སྣུམ་འགྱུར་འཆི་བ་ཡིན། །ཞེས་བྱ་བ་ལ། གློ་བུར་དུ་རྒྱུ་མེད་པར་ལུས་ཀྱི་མདོག་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་ཐ་མལ་པ་ལས་ཉམས་ཏེ། གཞན་དུ་གྱུར་པ་སྟེ། ཐ་མལ་པའི་མདོག་ནི་དཀར་བ་དང་གནག་པ་ལ་སོགས་པས་ཡོངས་སུ་མྱུར་བའི་མདོག་སྔོ་བ་དམར་བ་ལ་སོགས་པར་གྱུར་པ་དང༌། དེ་བཞིན་དུ་


DTG201_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་དམ། དེའི་ཡན་ལག་ལ་ནད་ལ་སོགས་པ་དང་རྩུབ་པ་དང༌། སྣུམ་པར་གྱུར་ཅིང་གྲང་བ་དང་དྲོ་བ་ལ་སོགས་པ་ཅིག་ཅར་བྱུང་བར་གྱུར་ན་ཡང་འཆི་བར་འགྱུར་བ་ཡིན་ནོ། །གང་གི་སོར་མོ་དྲང་བ་ན། །སྒྲ་མི་འབྱུང་བ་དེ་མི་འཆོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གི་སོར་མོའི་ཕྱོགས་ལ་དྲང་བའམ་མནན་པར་གྱུར་པ་ན། སྒྲ་མི་འབྱུང་བ་དེ་ཡང་འཆི་ལྟས་ཡིན་པས་མི་འཆོའོ། །དེ་བཞིན་ལུད་པ་སྤྲིད་སོགས་ལ། །གང་ཞིག་སྔོན་མེད་སྒྲ་འབྱུང་བའམ། །ཞེས་བྱ་བ་ལ། མི་གང་གི་ལུད་པ་ལུ་བ་དང་སྤྲིད་པ་འབྱུང་བ་དང༌། གཅིན་གཏོར་བ་ལ་སོགས་པའི་སྐབས་སུ་སྔོན་མེད་ཅིང་ཐ་མལ་པའི་རང་བཞིན་ལས་འདས་པའི་སྒྲ་བྱུང་ན་དེ་ཡང་མི་འཚོའི། །དབུགས་འབྱིན་ཐུང་བའམ་རིང་བའམ། །དྲི་མནམ་པའམ་དྲི་ཞིམ་འགྱུར། །ཞེས་བྱ་བ་ལ། མི་གང་ཞིག་དབུགས་འབྱིན་པ་ནི་ཤིན་ཏུ་ཐུང་བའམ། ཤིན་ཏུ་རིང་བར་འགྱུར་པ་དང༌། གློ་བུར་དུ་དྲི་མནམ་པ་དང༌། དྲི་ཞིམ་པར་གྱུར་ན་ཡང་མི་འཚོའོ། །ལུས་ནི་ཁྲུས་བྱས་མ་བྱས་རུང༌། །མི་མ་ཡིན་པའི་དྲི་བྱུང་བའམ། །གོས་རྨ་དྲི་མར་བྱུང་ན་ཡང༌། །དེ་ནས་ལོ་གཅིག་ནས་འཆི་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་གིས་ཁྲུས་བྱས་ཀྱང་རུང་མ་བྱས་ཀྱང་རུང༌། མི་མ་ཡིན་པའི་དྲི་སྟེ། མིའི་སྤྱོད་ཡུལ་ལས་འདས་པའི་དྲི་མི་ཞིམ་པའམ། དྲི་ང་བ་ཡིད་དུ་འོང་བའམ་མི་འོང་བ་འབྱུང་བར་འགྱུར་པ་དང༌། གང་གི་གོས་ལ་རྨའམ་དྲི་མ་ལ་མི་མ་ཡིན་པའི་དྲི་བྱུང་ན་དེ་ནི་ལོ་གཅིག་ནས་འཆི་བར་འགྱུར་པ་ཡིན་ནོ། །གང་ཞིག་ཤིག་དང་སྤྲང་མ་སོགས། །དྲི་ཞིམ་པས་ནི་འདུ་བའམ། དྲི་ང་བ་ཡིས་སྤོང་གྱུར་ན། །དེ་ནི་ལོ་གཅིག་ལས་མི་འཚོ། །ཞེས་བྱ་བ་ལ། མི་གང་ཞིག་ལ་ཤིག་དང་སྤྲང་མ་ལ་སོགས་པ་དྲི་ཞིམ་པོ་བྲོ་བས་འདུ་ཤིང་འཕུངས་པར་གྱུར་པའམ། ཡང་ན་དྲི་ང་བའི་དབང་གིས་སྤང་ཞིང་ལུས་འདོར་བར་འགྱུར་བ་དེ་ཡང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་རྟག་ཏུ་ལུས་ཚ་བ། །གྲང་བ་ཉིད་དུ་སྣང་བ་དང༌། །བསིལ་བ་ཤིན་ཏུ་ཚ་བར་སྣང༌། །རྒྱུ་མེད་པར་ནི་རྡུལ་དང་རེངས། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་རྒྱུ་མེད་པར་རྟག་ཏུ་ལུས་ཚ་བ་འུར་འུར་པོར་འདུག་པའམ། རྟག་ཏུ་གྲང་ཞིང་བསིལ་བར་སྣང་བ་དང༌། ལུས་བསིལ་བ་ཉིད་ལ་ཡང་ཤིན་ཏུ་ཚ་བ་དང༌། དེ་བཞིན་དུ་


DTG201_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པར་ཤས་ཆེར་རྡུལ་བ་དང༌། གྲང་ཞིང་རེངས་པ་དེ་ཡང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་གྲང་བའི་ཆུ་བུར་འབྱུང༌། །ལུས་གྲང་བ་ལས་ཚ་བ་སྐྱེ། །གྲང་གདུངས་ཐན་ལ་མི་དགའ་བ། །དེ་ནི་གཤིན་རྗེའི་དབང་གྱུར་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་ལུས་གྲང་བར་གྱུར་ཀྱང༌། ཆུ་བུར་འབྱུང་བའམ། ལུས་གྲང་བ་ལས་ཚ་བ་སྐྱེས་པ་དང༌། གྲང་བས་གདུངས་ཀྱང་ཚ་བའི་ཐན་པ་ལ་མི་དགའ་ན། དེ་ནི་གཤིན་རྗེའི་དབང་དུ་གྱུར་ཅིང་འཆི་བ་ཡིན་ནོ། །གང་གི་སྙིང་ག་དྲོ་གྱུར་ལ། །ལྟོ་བ་ཤིན་ཏུ་གྲང་གྱུར་ཅིང༌། །བཤང་བ་འཁྲུ་ཞིང་སྐོམ་དད་ཆེ། །དེ་ནི་རོ་དང་འདྲ་བ་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྙིང་ག་དྲོ་ཞིང་ཚ་བར་གྱུར་ཀྱང༌། ལྟོ་བ་ཤིན་ཏུ་གྲང་བར་གྱུར་པ་དང༌། བཤང་བ་སླ་ཞིང་འཁྲུ་བ་དང༌། སྐོམ་དད་ཆེ་ཞིང་སྐོམ་པས་གདུངས་པ་དེ་ཡང་གསོན་བཞིན་དུ་རོ་དང་འདྲ་སྟེ་འཆི་བ་ཡིན་པར་ཤེས་པར་བྱའོ། །བཤང་དང་གཅི་བ་མཆིལ་སྣབས་དང༌། །ཁུ་ཆུ་ཆུ་ནང་ནུབ་གྱུར་པའམ། །མཆིལ་མ་ཁ་དོག་སྣ་ཚོགས་དང༌། །གང་ཡིན་པ་དེ་ཟླ་གཅིག་འཆི། །ཞེས་བྱ་བ་ལ། སྲོག་ཆགས་གང་གི་བཤང་བ་ལ་སོགས་པ་ཆུའི་ནང་དུ་ནུབ་ཅིང་འོག་ཏུ་འགྲོ་བའམ། གང་གི་མཆིལ་མ་ཁ་དོག་མང་ཞིང་སྣ་ཚོགས་པར་སྣང་ན། དེ་ཡང་ཟླ་བ་གཅིག་གིས་འཆི་བར་འགྱུར་རོ། །ས་ནི་ནམ་མཁར་མཐོང་བ་དང༌། །ནམ་མཁའ་སར་ནི་མཐོང་གྱུར་དང༌། །ཞེས་བྱ་བ་ལ། སྐྱེས་བུ་གང་གིས་སྲ་ཞིང་སྟུག་པའི་ས་ནི་ནམ་མཁའི་བར་སྣང་དུ་གྱུར་པར་མཐོང་བ་དང༌། ནམ་མཁའ་ཡང་སའི་རྣམ་པ་ལྟར་གཟུགས་ཅན་དུ་མཐོང་བ་གང་ཡང་རུང་བ་དེ་ནི་འཆི་བར་འགྱུར་རོ། །ཞེས་ཐོག་མ་དང་ཐམས་ཅད་ལ་སྦྱར་བར་བྱའོ། །གཟུགས་མེད་གཟུགས་ཅན་ལྟ་བུ་དང༌། །གཟུགས་ཅན་གཟུགས་མེད་ལྟ་བུར་མཐོང༌། །ཞེས་བྱ་བ་ལ། དངོས་པོ་གང་གཟུགས་མེད་ཅིང་བལྟར་མེད་པ་དེ་གཟུགས་ཅན་སྣང་བ་ལྟར་མཐོང་བ་དང༌། གཟུགས་ཅན་གྱི་རྣམ་པ་ལ་ལ་གཟུགས་མེད་པ་ལྟར་གནས་པར་མཐོང་ཞིང་འཁྲུལ་པ་དེ་ཡང་འཆི་བར་འགྱུར་རོ། །དེ་བཞིན་འོད་ཆེན་འོད་མེད་མཐོང༌། །དཀར་པོ་གནག་དང་ཡོད་པ་མེད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་མེ་ལ་སོགས་པའི་


DTG201_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཅན་གང་ཡིན་པ་འོད་མེད་པར་མཐོང་བ་དང༌། དཀར་པོ་ནི་ནག་པོར་མཐོང་ལ། ནག་པོ་ནི་དཀར་པོར་མཐོང་བ་དང༌། ཡོད་པ་ནི་མེད་པར་མཐོང་ལ། མེད་པ་ནི་ཡོད་པར་མཐོང་བ་དེ་ཡང་འཆི་བར་འགྱུར་རོ། །མིག་ནད་མེད་པར་ཟླ་བ་ནི། །གཟུགས་མངར་རི་མེད་མཐོང་དང༌། །ཞེས་བྱ་བ་ལ། མིག་ལ་ནད་ཀྱི་སྐྱོན་མེད་བཞིན་དུ་ཟླ་བ་གཟུགས་དུ་མར་མཐོང༌། ར་རི་མེད་པ་སྟེ་རི་བོང་གི་མཚན་མ་མེད་པ་མཐོང་ན་དེ་ཡང་འཆི་བར་འགྱུར་རོ། །གཉིད་མ་ལོག་པ་དྲི་ཟ་སྲིན། །ཡི་དྭགས་གཞན་ཡང་དེ་འདྲ་ཞིང༌། །གཟུགས་མི་སྡུག་པར་མཐོང་གྱུར་པ། །གང་ཡིན་དེ་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གཉིད་ཀྱིས་མ་ལོག་པར་དྲི་ཟ་ལ་སོགས་པ་དང༌། གཞན་ཡང་དེ་འདྲ་སྟེ་མིའམ་ཅི་དང༌། ཤ་ཟ་ལ་སོགས་པ་དང༌། གཟུགས་མི་སྡུག་པ་འདིར་མ་སྨོས་སུ་ཟིན་ཀྱང༌། སྐྱེ་གནས་ཐ་དད་པ་ཕྱེ་བའི་མི་མ་ཡིན་པ་དེ་མཐོང་བར་གྱུར་པ་གང་ཡིན་པ་དེ་ཡང་འཆི་ཞིང་དུས་བྱེད་པར་འགྱུར་རོ། །སྨེ་བདུན་དང་ནི་ཉེར་གནས་པའི། །སྐར་མ་སྒྲིབ་བྱེད་མ་མཐོང་དང༌། །དགུ་ཚིགས་གུང་ཚུགས་མ་མཐོང་བ། །དེ་ནི་ལོ་གཅིག་མི་འཚོའི། །ཞེས་བྱ་བ་ལ། སྐྱེས་བུ་གང་སྐར་མ་སྨེ་བདུན་དང་ཉེ་བར་གནས་པའི་སྐར་མ་སྒྲིབ་བྱེད་ཅེས་བྱ་བ་ཆུང་དུ་ཞིག་མ་མཐོང་བ་དང༌། དེ་བཞིན་དུ་དགུ་ཚིགས་ཞེས་བྱ་བ་ནམ་མཁའི་གང་གཱ་ཞེས་གྲགས་པ་དང༌། སྐར་མ་གུང་ཚུགས་མ་མཐོང་བ་དེ་ནི་ལོ་གཅིག་མི་འཚོ་སྟེ་ལོ་འཁོར་བར་མི་འགྱུར་རོ། །འབྲུག་སྒྲ་ཆུ་བོའི་སྒྲ་དང་ནི། །གླིང་བུ་པི་ཝཾ་རྔ་ཡི་སྒྲ། །སྒྲ་གཞན་མེད་པར་ཐོས་པའམ། །ཡོད་པ་ཡང་ཐོས་པར་མ་གྱུར་དང༌། །ཞེས་བྱ་བ་ལ། འབྲུག་སྒྲ་ནས་རྔའི་སྒྲའི་བར་གྱི་སྒྲ་རྣམས་དང༌། སྒྲ་གཞན་གང་ཡིན་པ་དག་མི་གཞན་པ་དག་ཡོད་ཀྱང་མ་ཐོས་པས་དེ་ཐོས་པ་དང༌། དེ་བཞིན་དུ་འབྲུག་སྒྲ་ལ་སོགས་པ་སྒྲ་རྣམས་དང༌། སྒྲ་ཆེ་བ་གཞན་དག་གྲག་པར་གྱུར་བ་གཞན་ཡོད་དུ་ཟིན་ཀྱང་མི་ཐོས་པ་སྟེ། དེ་ལྟ་བུ་དེ་ནི་འཆི་བར་འགྱུར་རོ། །ཞེས་འོག་ནས་སྨོས་པའི་ཚིག་དང་སྦྱར་རོ། །རྣ་བའི་བུ་ག་བཀག་པ་ཡིས། །འུར་འུར་པོ་ཡི་སྒྲ་མི་ཐོས། །ཞེས་བྱ་བ་ལ། གང་ཞིག་རྣ་བའི་བུ་ག་སོར་མོས་བཀག་པ་ན། འུར་འུར་པོའི་སྒྲ་མེ་འབར་བའི་སྒྲ་དང་འདྲ་བ་དེ་མི་ཐོས་པ་ཡང་འཆི་བར་འགྱུར་རོ། །དེ་བཞིན་དྲི་དང་


DTG201_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང་རེག །གང་ཞིག་ལོག་པར་ཤེས་པ་དང༌། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་དྲི་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ཤེས་པ་སྟེ། དྲི་ཞིམ་པ་ནི་དྲི་ང་བར་འཛིན་ལ། དྲི་ང་བ་ནི་དྲི་ཞིམ་པར་འཛིན་པའམ། དེ་བཞིན་དུ་རོ་མངར་བ་ཡིན་ཡང༌། ཁ་བ་ལ་སོགས་པ་གང་ཡང་རུང་བར་འཛིན་པའམ། ཁ་བ་མངར་བ་ལ་སོགས་པ་གང་ཡང་རུང་བར་ཚོར་བའམ། དེ་བཞིན་དུ་རེག་བྱ་ཡང་འཇམ་པ་ནི་རྩུབ་པར་ཤེས་ལ། གྲང་བ་ནི་ཚ་བར་ཤེས་པ་དང༌། དེ་ལས་གོ་བཟློག་པར་ཤེས་པའི་འཁྲུལ་པ་དང་ལྡན་པ་དེ་ཡང་འཆི་བར་འགྱུར་རོ། །ཡང་ན་ཡོང་ཡེ་མི་ཚོར་དང༌། །ཞེས་བྱ་བ་ལ། ཡང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དྲི་ལ་སོགས་པ་མི་ཚོར་ཞིང་ཡོང་ཡེ་མི་ཤེས་པ་དེ་ཡང་འཆི་བར་འགྱུར་རོ། །མེ་མར་ཤི་བའི་དྲི་མི་ཚོར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མེ་མར་ཤི་བར་གྱུར་བའི་དྲི་སྣའི་དབང་པོས་མི་ཚོར་བ་དེ་ཡང་འཆི་བའི་ལྟས་སོ། །ཆོ་ག་བཞིན་བྱས་ནད་སྐྱེས་ལ། །ཆོ་ག་ལོག་པས་བདེར་གནས་དང༌། །ཞེས་བྱ་བ་ལ། མི་གང་ལ་སྨན་དཔྱད་ཀྱི་གཞུང་ལས་བྱུང་བའི་ཆོ་ག་བཞིན་དུ་གསོ་བར་བྱས་ཀྱང༌། ནད་སྐྱེད་ཅིང་ཐུ་བར་འགྱུར་བ་དང་ཡང་གང་ཞིག་སྨན་དཔྱད་ཀྱི་ཆོ་ག་ལྟར་མ་བྱས་བར་སྦྱོར་བ་ལོག་པར་བསྟེན་དུ་ཟིན་ཀྱང་བདེ་བར་གནས་པ་ལྟར་བྱེད་བ་དེ་འཆི་བར་འགྱུར་རོ། །གང་གི་ལུས་ནི་རྡུལ་གཡོགས་འདྲ། །ལུས་ལ་སྣད་པར་མི་ཚོར་དང༌། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ལུས་རྡུལ་གྱིས་གཡོགས་ཤིང་ཕྱག་དར་གྱིས་ཁེབས་པ་ལྟར་རྡུལ་ཅན་གནས་བ་དེ་ཡང་མི་འཚོའོ། །ཡང་གང་གི་ལུས་ལ་མཚོན་གྱིས་སྣད་ཅིང་བཅད་ཀྱང་ཚོར་བ་མེད་པ་དེ་ཡང་འཆི་བར་འགྱུར་བ་ཡིན་ནོ། །དཀའ་ཐུབ་དྲག་དང་ཆོ་ག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེས། །དེ་རྣམས་འཆི་བར་ཤེས་པར་བྱ། །ཞེས་བྱ་བ་ལ། དཀའ་ཐུབ་དྲག་པོའི་སྦྱོར་བ་མེད་པར་དབང་པོ་ལས་འདས་ཤིང་མི་ཤེས་པའི་ཡུལ་མ་ཡིན་པ་ལྷ་ཡུལ་ལ་སོགས་པ་ན་ཡོད་ཅིང་ཤེས་པའི་ཤེས་པ་སྐྱེ་བ་དང༌། ཡང་དེ་བཞིན་དུ་བསྟན་བཅོས་ཇི་ལྟ་བའི་ཡང་དག་པའི་མན་ངག་ཆོ་ག་སྔོན་དུ་འགྲོ་བའི་སེམས་ནང་དུ་བསྡུས་པའི་རྣལ་འབྱོར་སེམས་རྩེ་གཅིག་པ་མེད་པར་དབང་པོ་ལས་འདས་བའི་ཤེས་བ་སྐྱེ་བ་དེ་ཡང་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །སྐད་འགགས་


DTG201_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཞིང་མི་གསལ་དང༌། །གང་ཞིག་སྐད་ནི་འཛེར་གྱུར་དང༌། །སྨྲ་འདོད་པ་ནི་འཕྲལ་དུ་ནི། །བརྗེད་འགྱུར་དེ་ནི་མི་འཚོའོ། །ཞེས་བྱ་བ་ལ། སྐྱེས་བུ་གང་གློ་བུར་དུ་རང་བཞིན་གྱིས་སྐད་འགགས་ནས་དམན་ཞིང་ཞུམ་པ་དང་ལྡན་པ་དང༌། མི་གསལ་ཞིང་བརྡ་སྤྲོད་མ་ནུས་པར་གྱུར་ན་དེ་མི་འཚོ་འོ། །ཡང་དེ་བཞིན་དུ་སྐད་འགྱུར་ཞིང་འཛེར་བ་དང༌། གང་སྨྲ་བར་འདོད་པ་ནི་རྒྱུ་མེད་པར་འཕྲལ་དུ་བརྗེད་པར་འགྱུར་ཞིང༌། ཅི་ཡང་སྨྲ་བར་མི་ནུས་པ་དེ་ཡང་མི་འཚོའོ། །སྐད་གསང་ཤིན་ཏུ་ཉམ་ཆུང་འགྱུར། །མདོག་དང་སྟོབས་ནི་ཉམས་པ་དང༌། །རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་འཆི་བར་འགྱུར། །ཞེས་བྱ་བ་ལ། ཡང་གང་ཞིག་སྨྲ་བའི་སྐད་གསང་དམའ་བར་འགྱུར་བ་དང༌། དེ་བཞིན་མདོག་དང་སྟོབས་ཉམས་ཤིང་བྲི་བ་དང༌། ཟས་དང་སྤྱོད་ལམ་ལ་སོགས་པའི་ནད་སྐྱེ་བའི་རྒྱུ་མེད་པར་ནད་འཕེལ་ཞིང་རྒྱས་པར་འགྱུར་བར་སྣང་བ་དག་ཀྱང་མི་འཚོ་སྟེ་འཆི་བར་འགྱུར་རོ། །སྐད་གསང་ཉམས་པར་གྱུར་བ་དང༌། །བདག་ཉིད་འཆི་བར་སྨྲ་བ་སྟེ། །དེ་འདྲའི་སྒྲ་ནི་ཐོས་པ་དག །རིང་དུ་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། རང་བཞིན་གྱིས་སྐད་གསང་ཉམས་ཏེ། སྐད་ཀྱི་གསང་གཞན་དུ་གྱུར་པ་དང༌། བདག་ཉིད་འཆི་བར་སྨྲ་བ་སྟེ། ཁོ་བོ་ནི་འཆིའོ་འཆིའོ་ཞེས་རྟག་ཏུ་སྨྲ་བ་དང༌། ཡང་དེ་ལྟ་བུའི་སྒྲ་ཐོས་པ་དང༌། ཁྱེད་འཆིའོ་ཁྱེད་ནི་འཆིའོ། །ཞེས་གཞན་སྨྲ་བ་དག་ཐོས་པའི་སྐྱེས་བུ་དེ་འཆི་བར་འགྱུར་བས་རིང་དུ་སྤང་བར་བྱའི་གསོ་བར་མི་བྱའོ། །ལུས་ཀྱི་དབྱིབས་དང་ཚད་དང་ནི། །མདོག་གམ་གཟི་མདངས་གང་དག་གི །གཟུགས་བརྙན་འགྱུར་བའི་རྨི་ལམ་དུ། །མཐོང་ན་དེར་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་དབྱིབས་ནི་རིང་ཐུང་ལ་སོགས་པ་སྟེ། དེ་དག་རང་གི་མཚན་ཉིད་དང་མི་ལྡན་པར་མཐོང་བ་དང༌། ཚད་ནི་ཆུ་ཞེང་ལ་སོགས་པའོ། །མདོག་ནི་སྔོ་བསངས་ལ་སོགས་པའོ། །གཟི་མདངས་ནི་ཁ་དོག་དེ་ཉིད་འབྱེས་པར་བྱེད་ཅིང་རིང་ནས་གསལ་བར་སྣང་པའོ། །དེ་ལྟར་སྐྱེས་བུའི་དབྱིབས་ལ་སོགས་པའི་རྣམ་པ་དེ་དག་གི་གཟུགས་གཞན་དུ་འགྱུར་ཞིང་མི་མཐུན་པར་སྣང་བ་རྨི་ལམ་གྱི་གནས་སྐབས་སུ་མཐོང་ན་ཡང་སྐྱེས་བུ་དེ་འཆི་བར་འགྱུར་བ་ཡིན་ན། གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། ཉི་མ་མེ་ལོང་ཆུ་སོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པ་སྣང་གྱུར་པ། །གཟུགས་


DTG201_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཞེས་ནི་དེ་ལ་བཤད། །ཅེས་བྱ་བ་ལ། གང་གི་ལུས་ལ་ཉི་མ་དང༌། མེ་ལོང་དང་ཆུ་ལ་སོགས་པ་ལུས་ཀྱི་དབྱིབས་དང་ཚད་ཀྱི་རྣམ་པ་གཟུགས་བརྙན་གྱི་གཟུགས་ཅན་དུ་འབྱུང་བར་འགྱུར་བ་ལ་ནི་གཟུགས་བརྙན་ཞེས་བྱའོ། །མདོག་དང་གཟི་མདངས་ལ་བརྟེན་གང༌། །ལུས་གཏོགས་གཟུགས་བརྙན་ལྟ་བུ་ཡིན། །ཞེས་བྱ་བ་ལ། གང་གི་མདོག་དང་གཟི་མདངས་ཀྱི་རྣམ་པ་ལ་བརྟེན་ཅིང་གནས་པ་གང་ཡིན་པ་དེ་ནི་ལུས་སུ་གཏོགས་པ་ཉིད་ཀྱི་གཟུགས་བརྙན་ལྟར་ལོགས་ཤིག་ན་སྣང་བ་ནི་མ་ཡིན་ནོ། །གང་གི་གཟུགས་བརྙན་བཅད་པ་དང༌། །གྱེས་དང་ལྷག་དང་འཁྲུགས་པ་དང༌། །མགོ་མེད་མགོ་གཉིས་ཡོན་པོ་དང༌། །མི་སྡུག་གཞན་དུ་གྱུར་སྣང་བ། །མཚན་ཉིད་ལས་བྱུང་མ་ཡིན་ན། །དེ་ནི་ཚེ་ཟད་ཡིན་ཞེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གི་གཟུགས་བརྙན་བཅད་ཅིང་དུ་མ་བུ་གཉིས་སུ་བྱས་པ་ལྟ་བུར་སྣང་བ་དང༌། དེ་བཞིན་དུ་གྱེས་ཤིང་བཀས་བ་ལྟ་བུ་དང༌། དེ་བཞིན་དུ་ལྷག་པ་སྟེ་ཚད་ལས་ཆེ་བ་དང༌། འཁྲུགས་པ་སྟེ་རྣམ་པར་གཡོ་ཞིང་ཀུན་ཏུ་འཁྲུགས་པའི་རང་བཞིན་ཅན་དང༌། མགོ་མེད་ཅིང་བཅད་པ་ལྟ་བུར་སྣང་བ་དང༌། མགོ་གཉིས་ཡོད་པ་དང༌། མགོ་བོ་ཡོན་པོར་སྣང་པ་དང༌། ཡང་ན་མདོག་མི་སྡུག་པའི་རྣམ་པ་གཞན་དང་གཞན་དུ་སྣང་བའམ། འདིར་བཤད་པ་ལས་གཞན་པ་སྟེ། རྟ་དང་གླང་པོ་དང་བ་ལོང་དང་བོང་བུ་ལ་སོགས་པ་དང་འདྲ་བའི་གཟུགས་སུ་ཉི་མ་དང་མེ་ལོང་དང་ཆུ་ལ་སོགས་པར་སྣང་ན། སྐྱེས་བུ་དེ་ནི་ཚེ་ཟད་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་གཟུགས་བརྙན་ཏེ། དེའི་མཚན་ཉིད་དང་རང་བཞིན་ནམ། བཅོས་པའི་རྒྱུ་ལ་སོགས་པ་ལས་བྱུང་བ་མ་ཡིན་པར་དེ་ལྟར་སྣང་བ་འཆི་ལྟས་ཡིན་པར་ཤེས་པར་བྱའོ། །གང་གི་མིག་གི་རྒྱལ་མོར་ནི། །གཟུགས་བརྙན་སྣང་བར་མ་གྱུར་དང༌། །ཞེས་བྱ་བ་ལ། མི་གང་གི་མིག་གི་རྒྱལ་མོ་ཞེས་འཇིག་རྟེན་ན་གྲགས་པའི་མིག་གི་དབང་པོ་དང་བར་གཞན་གྱི་གཟུགས་སྣང་བར་མ་གྱུར་ན། དེ་ཡང་ཚེ་ཟད་པ་ཡིན་པར་ཤེས་པར་བྱའོ། །ནམ་མཁའ་ལ་སོགས་ལྔ་པོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། །ཞེས་བྱ་བ་ལ། ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ལ། གཟུགས་བརྙན་དབྱིབས་དང་ཁ་དོག་གི་རྣམ་པ་སྣ་ཚོགས་པ་ཡོད་དོ། །ནམ་མཁའ་དངས་ཤིང་སྔོ་བ་དང༌། །སྣུམ་བཅས་མདོག་དང་བཅས་པ་ཡིན། །ཞེས་བྱ་བ་ལ། དེ་


DTG201_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནམ་མཁའི་གཟུགས་བརྙན་ནམ། མདངས་ནི་དངས་ཤིང་དྲི་མ་མེད་པ་དང་ཁ་དོག་སྔོ་བ་དང༌། སྣུམ་པ་དང་བཅས་ཤིང་རྩུབ་བག་མེད་པ་དང༌། མདོག་དང་བཅས་ཤིང་མདངས་དང་ལྡན་པ་ཉིད་ཡིན་ནོ། །རླུང་ལས་རྡུལ་ཅན་དམར་དང་གནག །ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །ཞེས་བྱ་བ་ལ། རླུང་གི་གཟུགས་བརྙན་ལ་ཕྱག་དར་གྱིས་གཏོར་བ་ལྟར་རྡུལ་ཅན་དུ་གྱུར་པ་དང༌། ཁ་དོག་དམར་པ་དང༌། ཁ་དོག་གནག་པ་དང༌། ཐལ་བའི་མདོག་ཏུ་སྣང་བ་དང༌། རྩུབ་ཅིང་མདོག་མདངས་ཉམས་པ་ཡིན་ནོ། །མེ་ཡི་དམར་ཞིང་དངས་པར་སྣང༌། །མདངས་ལྡན་བལྟ་ན་སྡུག་པ་ཡིན། །ཞེས་བྱ་བ་ལ། མེའི་གཟུགས་བརྙན་མདངས་ནི་དམར་ཞིང་དངས་པར་སྣང་ཞིང༌། གསེར་བཙོ་མ་ལྟ་བུ་མདངས་དང་ལྡན་ཞིང་དམར་བ་དང༌། བལྟ་ན་སྡུག་ཅིང་མཛེས་པ་ཡིན་ནོ། །ཆུ་སྐྱེས་བཻ་ཌཱུཪྻ་འདྲར་སྣང༌། །དག་ཅིང་རབ་སྣུམ་བདེ་བ་ཡིན། །ཞེས་བྱ་བ་ལ། ཆུ་ལས་སྐྱེས་བུའི་གཟུགས་བརྙན་ནི་བཻ་ཌཱུཪྻ་ལྟར་སྣང་ཞིང་སྔོ་བ་དང༌། དག་ཅིང་དྲི་མ་མེད་པ་དང༌། །སྣུམ་པའི་མདངས་དང་ལྡན་པ་དང༌། །བདེ་ཞིང་ནད་མེད་པར་སྐྱེད་པ་ཡིན་ནོ། །ས་ཡི་བརྟན་སྣུམ་དག་པ་དང༌། །མཐུག་ཅིང་དཀར་དང་སྔོ་བསངས་ཡིན། །ཞེས་བྱ་བ་ལ། སའི་གཟུགས་བརྙན་བརྟན་ཞིང་མི་འགྱུར་བ་དང༌། མདོག་མདངས་སྣུམ་པ་དང༌། དག་ཅིང་དྲི་མ་མེད་པ་དང༌། མཐུག་ཅིང་གསལ་བ་དང༌། ཁ་དོག་དཀར་བ་དང༌། སྔོ་བ་ལ་སོགས་སུ་གནས་པ་ཡིན་ནོ། །རླུང་ནི་ནད་འཆི་སྡུག་བསྔལ་སྐྱེད། །ཅེས་བྱ་བ་ལ། དེ་དག་གི་ནང་ནས་རླུང་གི་གཟུགས་བརྙན་ནི་ནད་རྣམས་སྐྱེད་པ་དང༌། འཆི་བ་དང་སྡུག་བསྔལ་ཞིང་ཉོན་མོངས་པ་ཆེན་པོ་སྐྱེད་པ་ཡིན་ནོ། །གཞན་དག་བདེ་བ་སྐྱེད་པ་ཡིན། །ཞེས་བྱ་བ་ལ། གཟུགས་བརྙན་ནམ་མདོག་མདངས་དེ་ལས་གཞན་པའི་ཕྱི་མ་བཞི་པོ་ནི་བདེ་བ་སྐྱེད་ཅིང་དགེ་བ་སྟོན་པ་དང༌། ནད་མེད་པ་སྐྱེད་པ་ཡིན་ནོ། །མེ་ཡིས་ཐམས་ཅད་མདོག་ཅན་ཏེ། །དེ་ནི་རྣམ་པ་བདུན་དུ་བཤད། །དམར་དང་སེར་དཀར་ནག་པོ་དང༌། །ལྗང་ནག་སྐྱུ་དང་གནག་པའོ། །ཞེས་བྱ་བ་ལ། མདོག་ཅན་ཐམས་ཅད་ནི་མེའི་རང་བཞིན་ལས་བྱུང་བ་ཡིན་པར་བཤད་དེ། དེ་ཡང་དམར་དང་སེར་བ་ལ་སོགས་པའི་ཁ་དོག་གི་དབྱེ་བས་རྣམ་པ་བདུན་ཡིན་ནོ། །དེ་རྣམས་ལས་ནི་གང་གསལ་འགྱུར། །སྣུམ་དང་དྲི་མ་མེད་དེ་དགེ། །དྲི་མ་ཅན་དང་རྩུབ་པ་དང༌། །ཞུམ་པ་སྡུག་བསྔལ་སྐྱེད་པ་ཡིན། །ཞེས་བྱ་བ་ལ། མདོག་མདངས་


DTG201_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་ནང་ནས་གང་ཞིག་སྣང་ཞིང་གསལ་བར་འགྱུར་བ་དང༌། མདངས་སྣུམ་པ་དང༌། དྲི་མ་མེད་ཅིང་ནག་ནོག་དང་བྲལ་བ་དེ་ནི་དགེ་ཞིང་བདེ་བ་སྐྱེད་པ་ཡིན། དྲི་མ་ཅན་དང་ཁ་དོག་རྩུབ་པ་དང༌། ཞུམ་ཞིང་རྒྱས་པ་མ་ཡིན་པ་རྣམས་ནི་མི་དགེ་སྟེ། སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ནོ། །མདངས་ཀྱི་མདོག་ནི་ཟིལ་གྱིས་གནོན། །འོད་ནི་ཁ་དོག་གསལ་བྱེད་ཡིན། །ཞེས་བྱ་བ་ལ། མདོག་དང་མདངས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། མདངས་ཀྱི་ཁ་དོག་གི་རྣམ་པ་ནག་པོ་དང༌། དཀར་པོ་ལ་སོགས་པ་ཟིལ་གྱིས་མནན་ནས་དེར་གནས་པ་ཡིན་ལ། འོད་ཀྱི་རྣམ་པ་ནི་ལུས་ཀྱི་ཁ་དོག་གསལ་ཤིང་ཆེ་བར་གྱུར་པ་ཡིན་ནོ། །མདངས་ཀྱིས་ཉེ་བར་སྣང་བ་ཡིན། །འདི་ནི་རིང་ནས་སྣང་བ་ཡིན། །ཞེས་བྱ་བ་ལ། གཟི་མདངས་ཀྱི་རྣམ་པ་གང་ཉེ་བར་སྣང་བ་ཡིན་ལ། འབྱུང་བ་ལྔའི་འོད་ནི་ཐག་རིང་པོ་ནས་སྣང་བ་སྟེ། དེའི་ཁྱད་པར་ནི་དེ་ཡིན་ནོ། །གང་ཞིག་མདངས་དང་ཁ་དོག་གི །མཚན་མའི་ཁྱད་པར་མེད་མིན་ཏེ། །མི་རྣམས་མཚན་མ་བཟང་ངན་འབྱུང༌། །དུས་སུ་མདངས་ལ་བརྟེན་པ་ཡིན། །ཞེས་བྱ་བ་ལ། མི་རྣམས་ལ་ནི་མདངས་མེད་པ་དང༌། ཁ་དོག་གི་ཁྱད་པར་འགའ་ཡང་མེད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་མདངས་ཀྱང་མདོག་དང་བཅས་པ་ཡིན་པས་དེ་དང་བྲལ་བ་མ་ཡིན་ནོ། །དེས་ན་མི་རྣམས་ཀྱི་མཚན་མའམ། ལྟས་བཟང་པོ་དང་ངན་པ་འབྱུང་བའི་དུས་སུ་མདངས་ལ་བརྟེན་ཅིང་གནས་ནས་དེའི་ཁྱད་པར་སྟོན་ཅིང་གསལ་བར་བྱེད་དོ། །གང་ཞིག་རྐང་པ་འདྲུད་པ་དང༌། །ཕྲག་པ་གཡོ་བས་འགྲོ་བ་དང༌། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་རྐང་པས་ས་ལ་དྲུད་ཅིང་འགྲོ་བ་དང༌། དེ་བཞིན་ཕྲག་པ་གཡོ་ཞིང་འགུལ་བས་འགྲོ་བ་དེ་ཡང་འཆི་བདག་གི་དབང་དུ་འགྲོ་བ་ཡིན་ནོ། །གང་ཞིག་ཕན་ཟས་མང་ཟོས་ཀྱང༌། །རྟག་ཏུ་སྟོབས་ནི་ཉམས་འགྱུར་དང༌། །ཞེས་བྱ་བ་ལ། གང་ཞིག་གིས་ཕན་ཞིང་རྗེས་སུ་མཐུན་པའི་ཟས་མང་ཞིང་ལྷག་པར་ཟོས་སུ་ཟིན་ཀྱང་རྒྱུན་མི་འཆད་པར་སྟོབས་ཉམས་ཤིང་འབྲི་བར་འགྱུར་བ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་ཉུང་ཟོས་བཤང་གཅི་མང༌། །མང་ཟོས་བཤང་གཅི་ཉུང་བ་དང༌། །ཞེས་བྱ་བ་ལ། ཡང་གང་ཞིག་ཟས་ཉུང་བ་ཟོས་ཀྱང་བཤང་བ་དང་གཅི་བ་མང་ཞིང་འབྱུང་བ་དང༌། དེ་ལས་གོ་བཟློག་པ་དག་ཀྱང་འཆི་ལྟས་ཡིན་ནོ། །ཉུང་ཟོས་བད་ཀན་གྱིས་ཉེན་ཅིང༌། །དབུགས་རིང་འབྱིན་ཅིང་ས་ལ་


DTG201_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེ། །ཞེས་བྱ་བ་ལ། གང་ཞིག་ཟས་ཉུང་དུ་ཟོས་ཀྱང༌། བད་ཀན་གྱིས་ཉེན་ཅིང་གཟིར་བ་དང༌། དབུགས་མི་བདེ་པ་རིང་བོར་འབྱིན་ཅིང་ས་ལ་འགྲེ་ལྡོག་ན་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་དབུགས་རིང་ཕྱུང་ནས་ནི། །ཐུང་ངུ་རྔུབས་ཏེ་ཤུགས་འབྱིན་དང༌། །ཞེས་བྱ་བ་ལ། ཡང་གང་ཞིག་དབུགས་གྱེན་དུ་འབྱིན་པ་རིང་དུ་ཕྱུང་ནས། དེའི་འོག་ཏུ་ཐུང་ངུ་རྔུབས་ཏེ་ཤུགས་འབྱིན་ཅིང་སྡུག་བསྔལ་བར་བྱེད་པ་ཡང་འཆི་ལྟས་སོ། །ཐུང་ངུ་འབྱིན་ཅིང་བསྣུན་པ་ལྟར། །ཤིན་ཏུ་འདར་བར་བྱེད་པ་དང༌། །ཞེས་བྱ་བ་ལ། གང་ཞིག་དབུགས་ཀྱི་རྒྱུན་ཐུང་ངུ་འབྱིན་ཅིང༌། དེའི་འོག་ཏུ་བསྣུན་པ་ལྟར་ཤིན་ཏུ་འགུལ་ཞིང་འདར་བར་བྱེད་པ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་ལག་ངར་བསྐུམ་ནས་ནི། །མགོ་ནི་དཀའ་བས་འདེགས་པ་དང༌། །ཞེས་བྱ་བ་ལ། ཡང་གང་ཞིག་ལག་ངར་བསྐུམ་ནས་མགོ་བོ་ཤིན་ཏུ་དཀའ་བས་འདེགས་ཤིང་བསྐྱོད་པ་ཡང་འཆི་བར་འགྱུར་རོ། །གང་ཞིག་དཔྲལ་བ་ལས་རྡུལ་འཛག །ཚིགས་མཚམས་ལྷོད་པར་གྱུར་པ་དང༌། །ཞེས་བྱ་བ་ལ། ཡང་གང་ཞིག་དཔྲལ་བའི་ཕྱོགས་ནས་རྒྱུ་མེད་པར་རྡུལ་འཛག་པ་དང་རུས་པའི་ཚིགས་ཀྱི་བོག་རེ་ལྷོད་པར་བྱེད་པ་ཡང་དེ་བཞིན་ནོ། །ཉམས་ཆེ་བའམ་ཉམ་ཆུང་གྱུར་པ་གང༌། །ལྡོང་བའི་ཚེ་ན་མི་དྲན་འགྱུར། །ཞེས་བྱ་བ་ལ། གང་ཞིག་ཉམས་སྟོབས་དང་ལྡན་ནམ། །ཉམ་ཆུང་བར་གྱུར་ཀྱང་རུང་སྟེ། མལ་ནས་ལྡང་བའི་སྐབས་སུ་མི་དྲན་ཞིང་མྱོང་བར་འགྱུར་བ་ཡང་དེ་བཞིན་ནོ། །གང་ཞིག་གན་རྐྱལ་ཉལ་ནས་ནི། །རྐང་པ་རྣམ་པར་བསྐྱོད་པ་དང༌། །ཞེས་བྱ་བ་ལ། གང་ཞིག་གློ་གཉིས་མི་འབེབས་པར་གན་རྐྱལ་དུ་ཉལ་ཞིང་རྐང་པ་རྣམ་པར་བསྐྱོད་ཅིང་འགུལ་བར་བྱེད་བ་ཡང་འཆི་ལྟས་སོ། །རྩིག་པ་མལ་སྟན་ལ་སོགས་པར། །གང་ཞིག་རྟག་ཏུ་སྙེས་པ་དང༌། །ཞེས་བྱ་བ་ལ། གང་ཞིག་ཉམ་ཆུང་བས་རྩིག་པ་ལ་སོགས་པར་རྟག་ཏུ་སྙེས་པ་ཡང་དེ་བཞིན་ནོ། །རྒྱུ་མེད་པར་དགོད་མྱོས་ཚུལ་གྱིས། །མཆུ་ལས་ལྡགས་པར་བྱེད་བ་དང༌། །ཞེས་བྱ་བ་ལ། དགོད་པ་ལ་སོགས་པའི་རྒྱུ་མེད་པར་ཤས་ཆེར་དགོད་པ་དང༌། མྱོས་ཤིང་མི་དྲན་པའི་ཚུལ་གྱིས་མཆུ་ལྡགས་པར་བྱེད་པ་ཡང་འཆི་ལྟས་སོ། །ཡ་མཆུ་ལྡགས་པར་བྱེད་པ་དང༌། །སྒྲ་བཅས་པར་ཡང་གང་བྱེད་པ། །ཞེས་བྱ་བ་ལ། ལྕེས་ཡ་མཆུ་ལྡགས་པར་བྱེད་པ་དང༌། ཁ་ནས་སྒྲ་སྣ་ཚོགས་འབྱིན་པ་ཡང་འཆི་ལྟས་སོ། །ལུས་མདོག་ནག་པོ་སེར་པོ་དང༌། །དམར་པོའི་གཟུགས་


DTG201_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་སྣང་བ་དང༌། །ཞེས་བྱ་བ་ལ། ཡང་མི་གང་གི་མདོག་ནག་པོ་ལ་སོགས་པའི་གཟུགས་བརྙན་དུ་སྣང་བ་ཡང་གཤིན་རྗེའི་དབང་དུ་འགྲོ་བ་ཡིན་ནོ། །སྨན་པ་སྨན་དང་ཁ་ཟས་དང༌། །བླ་མ་མཛའ་བཤེས་ལ་སྡང་གང༌། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་གྱུར་ཡིན་པར་ཤེས་པར་བྱའོ། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་སྨན་ལ་སོགས་པ་ལ་ཞེ་སྡང་བ་གང་ཡིན་པ་དང༌། སྔར་བཤད་པ་ཐམས་ཅད་ཀྱང་གཤིན་རྗེའི་དབང་དུ་གྱུར་ཅིང་འཆི་བ་ཡིན་པར་ཤེས་ཤིང་རྟོགས་པར་བྱའོ། །གང་ཞིག་དྲོད་ཆུང་སེམས་གཡེངས་དང༌། །རྟག་ཏུ་མདངས་ངན་ཡིད་མི་བདེ། །ཞེས་བྱ་བ་ལ། ཡང་མི་གང་ཁོང་པའི་མེ་དྲོད་ཆུང་ཞིང་ཞན་པ་དང༌། སེམས་གཡེངས་ཤིང་རྟག་ཏུ་འཁྲུགས་པ་དང༌། མདོག་མདངས་ངན་པ་དང༌། ཡིད་མི་བདེ་ཞིང་མྱ་ངན་གྱིས་ནོན་པ་དེ་ཡང་མིང་འཚོའོ། །གང་ཞིག་གཏོར་མ་བྱ་རོག་ལ། །བྱིན་ཡང་ཟ་བར་མི་བྱེད་དང༌། །ཞེས་བྱ་བ་ལ། ཡང་མི་གང་ཞིག་གི་ཕྱིར་དེའི་མིང་ནས་སྨོས་ཏེ་གཏོར་མ་བྱིན་ཞིང་གཏོར་མ་བྱ་རོག་ལ་སོགས་པས་མཐོང་ནས་ཟ་བར་མི་བྱེད་པ་དེ་ཡང་གཤིན་རྗེའི་ཁྱིམ་དུ་འགྲོ་བར་འགྱུར་རོ། །གང་ཞིག་རྒྱུ་མེད་ཡིད་གཞུངས་དང༌། །མཛེས་ཤིང་ལུས་རྒྱས་དཔལ་ཐོབ་བའམ། །དེ་ལས་ཉམས་པར་གྱུར་པ་དག །དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག །ཅེས་བྱ་བ་ལ། ཡིད་གཞུངས་པ་ལ་སོགས་པའི་རྒྱུ་བཅུད་ཀྱིས་ལེན་པ་ལ་སོགས་པ་མེད་པར་ཡིད་གཞུངས་ཤིང་བློ་རྣོ་བ་དང༌། མདོག་མཛེས་པ་དང༌། ལུས་ཀྱི་ཤ་རྒྱས་པ་དང༌། དཔལ་གྱི་འབྱོར་པ་གློ་བུར་དུ་ཐོབ་བར་གྱུར་བའམ། ཡང་ན་ཡིད་གཞུངས་པ་ལ་སོགས་པ་སྔ་ན་ཡོད་པ་ལས། རྒྱུ་མེད་པར་གློ་བུར་དུ་ཉམས་པར་འགྱུར་བ་དག་ཀྱང་ཡོད་དེ། །དེ་དག་ནི་གཤིན་རྗེའི་ཁྱིམ་དུ་འཇུག་ཅིང་འགྲོ་བའི་ལྟས་ཡིན་ནོ། །ཐ་མལ་བའམ་ནད་པ་ཡིས། །གང་གི་ཡོན་ཏན་སྐྱོན་རང་བཞིན། །སྔ་ལས་གཞན་དུ་འགྱུར་བར་སྣང༌། །དེ་ནི་ཟླ་དྲུག་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་ཐ་མལ་བར་གནས་ཤིང༌། ནད་མེད་པའམ་ནད་པ་ཡང་རུང་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་དང༌། རླུང་ལ་སོགས་པའི་སྐྱོན་གྱི་རང་བཞིན་སྔ་མ་ལས་གཞན་དུ་འགྱུར་ཏེ། རང་གི་རང་བཞིན་སྤངས་ནས་དངོས་པོ་གཞན་དུ་གྱུར་ན་སྐྱེས་བུ་དེ་ཡང་ཟླ་བ་དྲུག་ལས་མི་འཚོའོ། །དད་དང་ཚུལ་ཁྲིམས་དྲན་དང་སྦྱིན། །བློ་གྲོས་སྟོབས་ནི་རྒྱུ་མེད་བར། །འདི་དྲུག་ལས་ནི་ལྡོག་གྱུར་བ། །ཟླ་བ་དྲུག་ནས་འཆི་


DTG201_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཞེས་བྱ་བ་ལ། ཡང་གང་ཞིག་དད་པ་ལ་སོགས་པའི་ཆོས་དྲུག་ལས་རྒྱུ་མེད་པར་ལྡོག་པར་གྱུར་པ་ཡང་འཆི་བར་འགྱུར་རོ། །དེ་ལ་དད་པ་ནི་ལྷ་ལ་སོགས་པ་ལ་ཡིད་དང་ཞིང་མཉེས་པར་བྱེད་པའོ། །ཚུལ་ཁྲིམས་ནི་སྡོམ་པའི་མཚན་ཉིད་དོ། །དྲན་པ་ནི་འདས་པའི་དངོས་པོ་མི་བརྗེད་པའོ། །སྦྱིན་པ་ནི་གཏོང་བའི་དང་ཚུལ་ཅན་ནོ། །བློ་ནི་ཤེས་རབ་བོ། །སྟོབས་ནི་ལུས་ཀྱི་ནུས་པའོ། །འགྲོ་དང་ཚེག་ནི་སྨྱོ་བ་འདྲ། །འདར་རྨོངས་ཟླ་བ་གཅིག་ན་འཆི། །སྐྲ་བྱི་བ་ན་ཚོར་བ་མེད། །ཞག་དྲུག་ནས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། གང་གི་འགྲོ་བའི་ཚུལ་དང༌། སྨར་བའི་ཚིག་སྨྱོན་པ་ལྟ་བུར་འཆོལ་བར་སྤྱོད་པ་དང༌། ལུས་འདར་ཞིང་སེམས་རྨོངས་པར་གྱུར་པ་དག་ནི་ཟླ་བ་གཅིག་ནས་འཆི་བར་འགྱུར་རོ། །ཡང་དེ་བཞིན་དུ་སྐྲ་བྱི་ཞིང་བྲེགས་བ་ན་ཚོར་བ་མེད་པར་འགྱུར་བའི་མི་ཡང་ཞག་དྲུག་ནས་འཆི་བར་འགྱུར་རོ། །གང་ཞིག་ལྐོག་ནད་མེད་པ་རུ། །མིད་པར་ཁ་ཟས་མི་ཆུད་དང༌། །ཞེས་བྱ་བ་ལ། ཡང་མི་གང་ཞིག་ལྐོག་མའི་ནད་གང་ཡང་མེད་པར་ཟས་མ་ཚུད་ཅིང་ཐོགས་པ་དེ་ཡང་འཆི་ལྟས་ཡིན་ནོ། །བྲན་གཡོག་ལོག་པར་བྱེད་གྱུར་པ། །དེ་ནི་འཆི་བ་དང་འདྲར་བཤད། །ཅེས་བྱ་བ་ལ། ཡང་མི་གང་ཞིག་གི་བྲན་གཡོག་གམ་བསྙེན་བཀུར་བ་ལོག་པར་བྱེད་ཅིང་རྒྱུ་མེད་པར་མི་མཐུན་བར་བྱེད་པ་དེ་འཆི་ལྟས་ཡིན་ཏེ། འཆི་བ་དང་འདྲ་བར་ཤེས་པར་བྱའོ། །གང་ཞིག་རྟག་ཏུ་གཉིད་ལོག་པའམ། །གཉིད་མེད་དེ་ཡང་མི་འཚོའོ། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་ཉིན་མཚན་རྟག་པར་གཉིད་ལོག་བའམ། གཉིད་མེད་པ་དེ་ཡང་མི་འཚོའོ། །མཆི་མས་གདོང་ནི་ཁེབས་པ་དང༌། །རྐང་པ་ཤིན་ཏུ་རྡུལ་བ་དང༌། །མིག་ནི་མི་སྡུག་པར་སྣང་བ། །གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་ལ། གང་ཞིག་རྒྱུ་མེད་པར་མཆི་མས་གདོང་ཁེབས་པར་དུ་བ་དང༌། དེ་བཞིན་དུ་རྐང་པ་ཤས་ཆེར་རྡུལ་བ་དང༌། དེ་བཞིན་དུ་མིག་མི་སྡུག་ཅིང་རྙོག་བ་ཅན་དུ་སྣང་བ་དེ་ཡང་གཤིན་རྗེའི་གནས་སུ་འགྲོ་བར་འགྱུར་བའི་མཚན་མ་ཡིན་ནོ། །སྔོན་ཆད་དགའ་བའི་དངོས་ལ་གང༌། །དགའ་མི་འགྱུར་བ་དེ་མི་འཚོ། །ཞེས་བྱ་བ་ལ། གང་གཟུགས་ལ་སོགས་པའི་དངོས་པོ་ལ་སྔོན་ཆད་དགའ་ཞིང་རྩེད་མོ་ཉམས་སུ་མྱང་བ་ལས་དངོས་པོ་དེ་ཉིད་ལ་འཕྲལ་དུ་མི་དགའ་བར་འབྱུང་བ་དེ་ཡང་མི་འཚོའོ། །གང་ཞིག་འཕྲལ་དུ་འགྱུར་བ་ཡི། །མཚན་ཉིད་ཐམས་


DTG201_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྣང་བ་དང༌། འཕྲལ་དུ་ལྡོག་པར་འགྱུར་བ་དག །དེ་ནི་མོད་ལ་འཆི་བར་འགྱུར། །ཞེས་བྱ་བ་ལ། ཡང་མི་གང་ཞིག་རྒྱུ་མེད་པར་འཕྲལ་དུ་གློ་བུར་འགྱུར་བའི་མཚན་ཉིད་རིམས་ལ་སོགས་པ་མཚན་ཉིད་བའམ། ཡང་དེ་ལྟ་བུར་འགྱུར་བ་དག་བཅོས་ཤིང་ཞི་བའི་རྒྱུ་མེད་པར་ལྡོག་ཅིང་ཞི་བར་འགྱུར་ན་སྐྱེས་བུ་དེ་ནི་རིང་པོ་མི་ཐོགས་པར་དེའི་མོད་ལ་འཆི་བར་འགྱུར་རོ། །རིམས་ནི་སྟོབས་དང་ལྡན་པ་དང༌། །གཏིང་དུ་ཞེན་ཅིང་ཡུན་རིང་དང༌། །བླ་བཅས་མགོ་འཁོར་དབུགས་མི་བདེ། །རིད་ཅིང་སྐྲངས་དང་མེ་དྲོད་ཉམས། །ཚིག་མི་གསལ་ཞིང་ཐོགས་པ་དང༌། །མིག་དམར་སྙིང་ནི་གཟེར་བ་དང༌། །སྔ་དྲོ་ལུད་པ་སྐམ་པོ་འབྱུང༌། །ཕྱི་དྲོ་དེ་ལས་གཞན་དུ་འགྱུར། །བད་ཀན་ལུད་པར་བཅས་པ་དང༌། །སྟོབས་དང་ཤ་ནི་ཟད་ནས་འཆི། །ཞེས་བྱ་བ་ལ། རིམས་ཀྱི་ནད་ནི་སྟོབས་དང་ལྡན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་ནས་སྐྱེས་བུ་འཆི་བར་འགྱུར་རོ། །དེ་ཡང་སྟོབས་དང་ལྡན་པའི་ནད་ཚབས་ཆེ་བའོ། །གཏིང་དུ་ཞེན་པ་ནི་ལུས་ཟུངས་ཐམས་ཅད་ཀྱི་ནང་དུ་ཕྱིན་པས་གཏིང་རིང་བའི་མཚན་ཉིད་ཅན་ནོ། །ཡུན་རིང་བའི་དུས་ལོན་པའོ། །བླ་བ་ནི་འབྲེལ་བ་མེད་པའི་ཚིག་མང་དུ་སྨྲ་བ་དེ་དང་བཅས་པའོ། །དེ་བཞིན་མགོ་འཁོར་བ་དང༌། དབུགས་མི་བདེ་བ་དང་བཅས་པ་དང༌། རིད་ཅིང་ལུས་ཟུངས་ཟད་པ་དང༌། སྐྲངས་པ་དང༌། མེ་དྲོད་ཉམས་ཤིང་བྲི་བ་དང༌། ཚིག་མི་གསལ་ཞིང་བརྡ་སྤྲོད་མི་ནུས་པ་དང༌། ཚིག་ཐོགས་ཤིང་མི་ཐོན་པ་དང༌། མིག་དམར་བ་དང༌། སྙིང་ག་ན་ཞིང་གཟེར་བའི་རིམས་དེ་ལྟ་བུས་ནི་ནད་པ་འཆི་བར་འགྱུར་རོ། །དེ་བཞིན་དུ་རིམས་ཀྱིས་ཐེབས་པའི་གང་ཞིག་སྔ་དྲོ་ལུད་པ་སྐམ་པོ་འབྱུང་བའམ། ཕྱི་དྲོ་དེ་ལས་གཞན་པའི་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་འབྱུང་བ་དང༌། ཤ་ཟད་པར་འགྱུར་བས་ནད་པ་དེ་འཆི་བར་བྱེད་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པའམ་མཚོན་ཅན་ནམ། །དམར་དང་སེར་དང་ལྗང་མདོག་དང༌། །ཁྲག་གི་གཟུགས་ནི་རབ་ཏུ་སྣང༌། །བ་སྤུའི་བུ་ག་ནས་འཛག་པ། །ལྐོག་མ་སྙིང་གར་གོས་པ་དང༌། །གོས་ལ་མ་ཆགས་དྲི་ང་བ། །ཤུགས་འབྱུང་ཤིན་ཏུ་མང་བར་འབྱུང༌། །རྒན་པོ་སྐྱ་རྦབ་རིམས་ཐབས་སྐྱུག །ལུད་པ་སྐྲང་དང་ཚད་འཁྲུ་གསོད། །ཅེས་བྱ་བ་ལ། ཁྲག་དང་


DTG201_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་པའི་ནད་ནི་ཚུལ་འདི་འདྲ་ན་སྐྱེས་བུ་གསོད་པར་བྱེད་དོ། །ཤིན་ཏུ་དམར་བ་ནི་ཤས་ཆེར་དམར་བའོ། །ཡང་ན་ཤིན་ཏུ་གནག་པ་དང༌། །ཚོན་ཅན་དེ་དག་ཁ་དོག་སྣ་ཚོགས་པར་སྣང་ཞིང་འཇའ་ལྟར་སྣང་བ་དང༌། ཟངས་ལྟར་དམར་བ་ལ་སོགས་པའི་གཟུགས་སུ་ཁྲག་གི་མདོག་ལྟར་སྣང་ན་འཆི་བར་འགྱུར་བའམ། །གསོད་པར་བྱེད་པ་ཡིན་ནོ། །ཡང་དེ་བཞིན་དུ་བ་སྤུའི་བུ་ག་རྣམས་ལས་འཛག་ཅིང་འབྱུང་བ་དང་ལྐོག་མ་དང་སྙིང་ག་དང་ཁའི་ཕྱོགས་སུ་ཅིག་ཅར་གོས་ཤིང་ཆགས་པ་དང༌། དེ་བཞིན་དུ་ཁྲག་མཁྲིས་པ་གང་གོས་ལ་ཆགས་བ་དང༌། དེ་བཞིན་དུ་མི་འདོད་པ་དང༌། དེ་བཞིན་དུ་ཤིན་ཏུ་དྲི་མནམ་ཞིང་མི་ཞིམ་པ་དང༌། དེ་བཞིན་དུ་ཤུགས་ཀྱིས་འབྱུང་ཞིང་འཆད་ནས་ཀྱང་འབྱུང་བ་དང༌། ཤིན་ཏུ་མང་དུ་འབྱུང་ན་ཡང་གསོད་པར་བྱེད་དོ། །དེ་བཞིན་དུ་རྒས་ཤིང་ན་ཚོད་ཡལ་བ་དང༌། སྐྱ་རྦབ་དང་རིམས་ཀྱིས་བཏབ་ཅིང་སྐྱུག་པ་དང༌། ལུད་པ་ལུ་ཞིང་གྲང་བ་དང༌། ཚད་པས་འཁྲུ་བའི་བླ་བརྣན་དང་ལྡན་ཡང་གསོད་པར་འགྱུར་རོ། །ལུད་པ་དབུགས་མི་བདེ་རིམས་སྐྱུགས། །སྐོམ་དང་ཚད་འཁྲུ་འོར་ནད་ཅན། །ཞེས་བྱ་བ་ལ། ལུད་པ་ལུ་བ་དང་དབུགས་མི་བདེ་བས་ཐེབས་པའི་སྐྱེས་བུ་ནི་རིམས་ལ་སོགས་པ་དང་ལྡན་ན་དེ་འཆི་བར་འགྱུར་རོ། །གཅོང་ཆེན་སྦོས་དང་རྩིབ་ལོགས་གཟེར། །ཁྲག་སྐྱུགས་ཕྲག་པ་ཚ་ན་འཆི། །ཞེས་བྱ་བ་ལ། གཅོང་ཆེན་པོས་ཐེབས་པའི་ནད་པ་ནི། །སྦོས་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་རོ། །སྐྱུགས་པ་ཤུགས་དང་ལྡན་པ་དང༌། །བཤང་གཅི་དྲི་ཡོད་ཚོན་ཅན་དང༌། །ལུད་པ་བཤང་ནག་ཁྲག་དང་བཅས། །དབུགས་མི་བདེ་ཡུན་རིང་ན་འཆི། །ཞེས་བྱ་བ་ལ། སྐྱུགས་པའི་ནད་ཀྱིས་བཏབ་པའི་སྐྱེས་བུ་ནི། སྐྱུགས་པའི་ཤུགས་དྲག་པོ་ལ་སོགས་པ་དང་ལྡན་ཞིང་ཡུན་རིང་དུ་གནས་པ་ཡིན་ན་འཆི་བར་བྱེད་དོ། །སྐོམ་དད་ནད་གཞན་གྱིས་ཉམས་དམད། །ལྕེ་འབྱུང་དྲན་པ་སྟོར་ན་འཆི། །ཞེས་བྱ་བ་ལ། སྐོམ་དད་ཅན་གྱི་ནད་པ་ནི་གཞན་གྱིས་ཉམས་དམད་པ་རིམས་ལ་སོགས་པས་ཤིན་ཏུ་རྨྱ་བར་བྱ་བ་དང༌། ལྕེ་ཕྱིར་འབྱིན་ཅིང་སྡུད་མི་ཤེས་པ་དང༌། དྲན་པ་སྟོར་ཞིང་བརྒྱལ་བ་དང་བཅས་ན་འཆི་བར་འགྱུར་རོ། །ཆང་ནད་ཤིན་ཏུ་གྲང་བས་ཉེན། །ཤ་ཟད་


DTG201_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་མར་གདོང་བསྐུས་འདྲ། །ཞེས་བྱ་བ་ལ། ཆང་ནད་ཀྱིས་བཏབ་པའི་མི་ནི་ཤིན་ཏུ་གྲང་བས་ཉེན་ཅིང་ལྷགས་པས་གདུངས་པ། ཤ་ཟད་ཅིང་སྟོབས་འབྲི་བ་དང༌། ཏིལ་མར་གྱིས་གདོང་བསྐུས་པ་འདྲ་ན་འཆིའོ། །གཞང་འབྲུམ་རྐང་ལག་ལྟ་བ་དང༌། །བཤང་སྒོ་རླིག་པའི་ཁ་སྐྲངས་དང༌། །སྙིང་ག་རྩིབ་ལོགས་ཡན་ལག་ན། །སློན་བྲོ་གཞང་རྣམས་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ། གཞང་འབྲུམ་གྱིས་བཏབ་པའི་མི་ནི་རྐང་པ་དང་ལག་པ་ལ་སོགས་པ་སྐྲངས་པ་དང༌། སྙིང་ག་ན་བ་ལ་སོགས་པའི་མཚན་ཉིད་དང་ལྡན་ན་འཆིའོ། །ཚད་འཁྲུ་མཆེར་བའི་དུམ་བུ་དང༌། །ཤ་བཀྲུས་པའམ་སྣུམ་ནག་དང༌། །ཏིལ་མར་འོ་མ་མར་འདྲ་ཡང༌། །ཞོ་དང་རྐང་ཞག་ཆང་སྙིང་དང༌། །ཀླད་པ་སྣག་ཚ་འདྲ་བ་དང༌། །ཤ་བརྡུངས་ཆུ་དང་སྦྲང་རྩི་དང༌། །རབ་དམར་གནག་དང་སྣུམ་བག་དང༌། །རྣག་འདྲ་སྐ་སླ་གནག་དང་བཅས། །ལུས་ཟུངས་སྣ་ཚོགས་འབྱུང་བ་དང༌། །བཤང་བ་མེད་པའམ་ཆེ་བའམ། །འབྱར་བག་སྦྲང་མ་ལྟ་བུ་དང༌། །རི་མོ་ཅན་དང་ཚོན་ཅན་དང༌། །གཞང་གི་གཉེར་མ་ཕྱིར་འབྱུང་དང༌། །སྒྲ་གཅན་རུས་ཚིགས་གཟེར་བ་དང༌། །བཤང་སྒོ་བྱེ་ཞིང་སྟོབས་ཟད་དང༌། །ཟས་ནི་མ་ཉམས་འབྱུང་བ་དང༌། །སྐོམ་བཅས་རིམས་དང་སྐྱུགས་པ་དང༌། །ལུས་ཚ་ལྟོ་སྦོས་རྒྱུན་འཁྲུ་འཆི། །ཞེས་བྱ་བ་ལ། ཚད་བར་འཁྲུ་བ་ནི། མཆེར་པའི་དུམ་བུ་ལྟ་བུ་ནས། རྒྱུན་དུ་འཁྲུ་བའི་བར་གྱི་མཚན་ཉིད་དང་ལྡན་ན་སྐྱེས་བུ་དེ་ནི་འཆི་ཞིང་གསོད་པར་བྱེད་དོ། །འདི་དག་གི་ཚིག་གི་དོན་ནི་གོ་སླའོ། །རྡེའུ་འགགས་རླིག་པ་སྐྲངས་པ་དང༌། །གཅིན་འགགས་ནད་ཀྱིས་ཉམ་ཐག་གསོད། །ཅེས་བྱ་བ་ལ། གཅིན་ནད་རྡེའུ་འགགས་པའི་ནད་ནི་རླིག་པ་སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་ན། སྐྱེས་བུ་གསོད་པར་བྱེད་དོ། །གཅིན་སྙི་སྐོམ་དད་ཚ་འབྲུམ་བཅས། །ཤ་རུལ་ཚད་པར་འཁྲུ་བས་འཆི། །ཞེས་བྱ་བ་ལ། གཅིན་སྙི་བ་ལ་སོགས་པའི་ནད་ནི་སྐོམ་དད་ལ་སོགས་པ་དང་བཅས་ན་ནད་པ་འཆི་བར་འགྱུར་རོ། །ཐོར་བུའི་ནད་ནི་སྙིང་ག་རྒྱབ། །ནུ་མ་ཕྲག་པ་སྤྱི་བོར་བྱུང༌། །ཚིགས་དང་རྐང་པ་ལག་ལ་གནས། །ཞེས་བྱ་བ་ལ། ཐོར་བུའི་ནད་ནི་གནད་དང་སྙིང་


DTG201_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་སོགས་པར་བྱུང་ན་འཆིའོ། །གཅིན་སྲི་ནད་ཅན་སྟོབས་ཆུང་དང༌། ཤ་རྣམས་ཐམས་ཅད་འདྲུལ་པ་དང༌། །སྐོམ་དད་ཚ་སྨྱོས་རིམས་བཏབ་འཆི། །མེ་དཔལ་གནད་ནི་འགགས་པ་དང༌། །སྐྱིགས་བུ་མགོ་འཁོར་དབུགས་མི་བདེ། །ཞེས་བྱ་བ་ལ། གཅིན་སྲི་བའི་ནད་ནི་སྟོབས་ཆུང་བ་ལ་སོགས་པ་དང་ལྡན་ན་འཆིའོ། །སྐྲན་ནི་རྒྱ་ཆེ་ཀུན་ནས་ཟླུམ། །སྲ་ཞིང་རུས་སྦལ་ལྟར་མཐོ་དང༌། །རྩ་མངོན་རིམས་བཏབ་སྐྱུགས་པ་དང༌། །སྐྱིགས་བུ་ལྟོ་སྦོས་ཟུག་གཟེར་བཅས། །ལུད་པ་ཆམ་པ་སྙིང་འཕར་དང༌། །ཚད་འཁྲུ་སྐྲང་དང་དབུགས་མི་བདེ། །ཞེས་བྱ་བ་ལ། སྐྲན་ནི་རྒྱ་ཆེར་གནས་ཤིང༌། ཁྱོན་ཆེ་བ་དང༌། ཀུན་ནས་ཟླུམ་ཞིང་ཁ་ཞེང་ཆེ་བ་དང༌། རྡོ་ལྟར་སྲ་བ་དང༌། རུས་སྦལ་ལྟར་རྒྱབ་མཐོ་བ་དང༌། རྩས་ཁྱབ་ཅིང་མངོན་པ་དང༌། རིམས་ཀྱིས་བཏབ་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་རོ། །དམུ་རྫིང་བཤང་གཅི་འགགས་པ་དང༌། །དབུགས་མི་བདེ་སྐྲང་སྐྱིགས་བུ་དང༌། །རིམས་མགོ་འཁོར་བརྒྱལ་སློན་ཅིང་འཁྲུ། །ཉམ་ཆུང་མི་ནི་གསོད་འགྱུར་ཞིང༌། །མིག་སྐྲང་བ་དང་མཆན་ཁུད་དང༌། །པགས་བ་རུལ་ཞིང་སྲབ་པ་དང༌། །བཀྲུ་སྨན་གྱིས་བཀྲུས་ལྟོ་སྦོས་ཤིང༌། །ཡང་དང་ཡང་དུ་འཕེལ་བ་འཆི། །ཞེས་བྱ་བ་ལ། དམུ་རྫིང་ཅན་ནི་བཤང་གཅི་འགགས་པ་དང་ལྡན་ཞིང་ཉམ་ཆུང་བ་ཡིན་ན་གསོད་པར་འགྱུར་བ་ཡང་དེ་བཞིན་དུ་གཞན་མིག་སྐྲང་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་བ་ཡིན་ནོ། །སྐྱ་རྦབ་སྐྲང་དང་བཅས་པ་དང༌། །མིག་དང་སེན་མོ་སེར་པོར་སྣང༌། །སྙོམས་ཚ་ཡིག་འཆུས་དང་སློན། །བརྒྱལ་དང་ལྟོ་སྦོས་ཚད་འཁྲུ་འཆི། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་ནི་སྐྲངས་པ་ལ་སོགས་པ་དང་བཅས་པ་ཡིན་ན། ནད་པ་གསོད་ཅིང་འཆི་བ་ཡིན་ནོ། །སྐྲངས་ནད་བླ་བརྣན་སྣ་ཚོགས་ལྡན། །སྐྱེས་པ་རྐང་གཉིས་དང་པོ་སྐྲངས། །བུད་མེད་མགོ་ནས་སྐྲངས་ན་འཆི། །གཉི་ག་མཚན་དང་མཆན་ཁུང་སྐྲངས། །ཞེས་བྱ་བ་ལ། སྐྲངས་ནད་ནི་རིམས་ནད་དང་དབུགས་མི་བདེ་བ་ལ་སོགས་པའི་བླ་བརྣན་སྣ་ཚོགས་པ་དང་ལྡན་པ་དང༌། རྐང་པ་གཉིས་སུ་དང་པོར་སྐྲངས་པ་ན་སྐྱེས་པ་འཆི་ལ། བུད་མེད་ཀྱི་མགོ་ན་ཟུག་སྟེ་སྐྲངས་ན་འཆིའོ། །སྐྱེས་པ་དང་བུད་མེད་གཉི་ག་ཡང་ཕོ་མཚན་ནམ་མོ་


DTG201_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ནམ་མཆན་ཁུང་དུ་སྐྲངས་ན་འཆིའོ། །རི་མོར་བཅས་འཛག་སྐྱུགས་པ་དང༌། །རིམས་དང་ཚད་འཁྲུ་དབུགས་མི་བདེ། །ཞེས་བྱ་བ་ལ། ཡང་ནད་དེ་ནད་གཞི་སྣ་ཚོགས་པ་དང་ལྡན་པའི་རི་མོ་དང་བཅས་པ་དང༌། ནད་གཞི་ཇི་ལྟ་བ་བཞིན་དུ་འཛག་པ་དང། སྐྱུག་པ་ལ་སོགས་པ་བཅས་པའི་སྐྲངས་ནད་ཀྱིས་ཀྱང་གསོད་བར་འགྱུར་རོ། །སྐྲངས་པའི་ཐ་མར་རིམས་ཚད་འཁྲུ། །དེ་གཉིས་ཟད་མཐར་སྐྲངས་པ་དང༌། །ལུས་ཅན་ཉམ་ཆུང་གྱུར་བ་དག །སྐྲངས་པར་གྱུར་ན་འཆི་བར་འགྱུར། །ཞེས་བྱ་བ་ལ། སྐྲངས་པའི་ནད་མཐའ་མའམ་རྗེས་ལ་གང་ལ་རིམས་སམ་ཚད་པར་འཁྲུ་བ་འབྱུང་བར་འགྱུར་བའམ། ཡང་རིམས་དང་ཚད་པར་འཁྲུ་བ་ཟད་པའི་མཐར་སྐྲངས་བར་གྱུར་པ་སྟེ། དེ་ལྟ་བུའི་སྐྲངས་པ་དང༌། རིམས་དང་ཚད་པར་འཁྲུ་བར་བཅས་པ་ནི་འཆི་བར་འགྱུར་རོ། །དེ་ལས་ཀྱང་ཁྱད་པར་དུ་ཉམ་ཆུང་བར་འགྱུར་བ་དག་སྐྲངས་ནས་འཆི་བར་འགྱུར་རོ། །གང་ཞིག་སྐྲངས་པ་རྐང་པར་གནས། །བྱིན་པའི་ཉྭར་ནི་ཕྱིན་པ་དང༌། །དཔྱི་ཡི་བར་དུ་གནོད་གྱུར་པ། །དེ་ནི་སྨན་པས་སྤང་བར་བྱ། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྐྲངས་པ་རྐང་པར་གནས་པ་དེ་བྱིན་པའི་ཉ་ཞེས་བྱ་བ་བྱིན་པའི་རྒྱབ་ཀྱི་ཚར་ཕྱིན་ནས་དེ་བསྐྱོད་པར་བྱས་པ་དང༌། དཔྱིའི་བར་དུ་གནོད་ཅིང་ཉམ་ཐག་པར་བྱེད་པ་དེ་ལྟ་བུའི་ནད་པ་སྨན་པས་སྤང་ཞིང་དོར་བར་བྱའོ། །གང་གི་གདོང་ལག་རྐང་པ་ནི། །ལྷག་པར་སྐམས་པར་གྱུར་པ་འམ། །ལུས་མ་གཏོགས་འདི་ཤས་ཆེར་སྐྲངས། །དེ་ནི་ཟླ་བ་གཅིག་ན་འཆི། །ཞེས་བྱ་བ་ལ། ནད་པ་གང་གི་གདོང་དང་ལག་པ་དང༌། རྐང་པ་རྣམས་ལྷག་པར་བསྐམས་ཤིང་ཤ་བྲི་བར་གྱུར་བའམ། ལུས་མ་གཏོགས་པར་གདོང་ལ་སོགས་པ་འདིར་ཤས་ཆེར་སྐྲངས་པར་གྱུར་ན། དེ་ནི་ཟླ་བ་གཅིག་ནས་འཆི་བར་འགྱུར་བ་ཡིན་ནོ། །མེ་དབལ་ལུད་པ་ཁ་དོག་ཉམས། །རིམས་བརྒྱལ་ཡན་ལག་བཅག་སྙམ་སེམས། །མགོ་འཁོར་ཁ་སྐམས་སྙིང་ག་ན། །ལུས་སྙོམ་ཚད་པར་འཁྲུ་ལྡན་སྤང༌། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་ལ་ནི་བླ་བརྣན་ལུད་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་བས་དེ་སྤང་བར་བྱའོ། །མཛེ་ནི་ཡན་ལག་


DTG201_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདྲུལ་བ་དང༌། །མིག་དམར་སྐད་ནི་འགགས་པ་དང༌། །དྲོད་ཉམས་སྲིན་བུ་རྣམས་ཀྱིས་གཙེས། །སྐོམ་དད་ཚད་བས་འཁྲུ་ལྡན་འཆི། །ཞེས་བྱ་བ་ལ། མཛེའི་ནད་ནི་ཡན་ལག་འདྲུལ་ཞིང་འཆད་པ་ནས། ཚད་པས་འཁྲུ་བའི་བར་དང་ལྡན་ན་འཆི་བར་འགྱུར་རོ། །རླུང་ནད་པགས་པས་ཚོར་མེད་བྱེད། །ལུས་འདར་སྐྲང་དང་ནད་ཀྱིས་གཟིར། །ཞེས་བྱ་བ་ལ། རླུང་ནད་ནི་པགས་པས་ཚོར་བ་མེད་ཅིང་བེམ་པོར་འགྱུར་བ་དང༌། ཚིགས་ཀྱི་མཚམས་བྱེ་ཞིང་ལྷོད་པ་དང༌། ལུས་འདར་བ་ལ་སོགས་བའི་ནད་ཀྱིས་གཟིར་ན་སྤང་བར་བྱའོ། །དྲེག་ནད་རྨོངས་ཤིང་བརྒྱལ་བ་དང༌། །མྱོས་དང་གཉིད་ཆེ་རིམས་མགོ་རེངས། །ཡི་ག་འཆུས་དང་དབུགས་མི་བདེ། །འཁུམས་ཤིང་ཆུ་བུར་རུལ་བ་འདྲ། །ཞེས་བྱ་བ་ལ། རླུང་དང་ཁྲག་ཏུ་འདྲེས་པའི་དྲེག་ནད་ནི། རྨོངས་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་རོ། །མགོ་ནད་ཡིག་འཆུས་དབུགས་མི་བདེ། །རྨོངས་བག་འཁྲུ་ཞིང་སྐོམ་མགོ་འཁོར། །སྐད་འགགས་ལུས་ཟུངས་མེ་དྲོད་ཟད། །ལུས་ཉམ་ཆུང་ནད་ཀུན་གསོད་བྱེད། །ཅེས་བྱ་བ་ལ་སོགས་པའི་ནད་ཐམས་ཅད་ནི་མགོའི་ནད་ལ་སོགས་པས་ལུས་ཉམ་ཆུང་བར་གྱུར་པའི་ནད་པ་གསོད་ཅིང་འཇོམས་པར་བྱེད་དོ། །རླུང་གི་ནད་དང་བརྗེད་བྱེད་དང༌། །མཛེ་ནད་ཁྲག་ནི་དམུ་རྫིང་གཅོང༌། །སྐྲན་ཅན་གཅིན་ནད་ལྡན་པ་ཡིས། །ཤ་ཟད་ནད་ཚབས་ཆུང་ཡང་སྤང༌། །ཞེས་བྱ་བ་ལ། རླུང་གི་ནད་ལ་སོགས་པས་ཤ་ཟད་ཅིང་ལུས་ཤིན་ཏུ་ཉམ་ཆུང་ན་འཕྲལ་དུ་ནད་ཚབས་ཆུང་བ་ལྟར་སྣང་ཡང་དེ་མི་འཚོ་བས་སྤང་བར་བྱའོ། །ཤ་དང་སྟོབས་ནི་ཤིན་ཏུ་ཟད། །ནད་འཕེལ་ཡི་ག་འཆུས་པ་དག །ནད་པ་གང་ལ་སྣང་འགྱུར་ཏེ། །ཟླ་བ་ཕྱེད་དང་གཉིས་ན་འཆི། །ཞེས་བྱ་བ་ལ། ནད་པ་གང་ཞིག་ལུས་ཀྱི་ཤ་དང་སྟོབས་ཤིན་ཏུ་ཟད་པར་གྱུར་ཅིང༌། ནད་རབ་ཏུ་འཕེལ་བ་དང༌། ཡིག་འཆུས་བའི་མཚན་ཉིད་ནད་པ་གང་ཞིག་ལ་སྣང་བར་གྱུར་པ་དེ་ནི་ཟླ་བ་ཕྱེད་དང་གཉིས་ནས་ངེས་པར་འཆི་བར་འགྱུར་རོ། །རླུང་ནད་གཏུན་འདྲ་འཕེལ་འགྱུར་ཞིང༌། །མི་བཟད་སྙིང་གར་གནས་པ་དང༌། །སྐོམ་དད་ཀྱིས་ནི་ཡོངས་གདུངས་པ། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །ཅེས་བྱ་བ་ལ། རླུང་ནད་རྡོ་འམ་ལྕགས་ཀྱི་གཏུན་འདྲ་བ་འཕེལ་ཞིང་རྒྱས་པར་གྱུར་པ་


DTG201_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དང། བརྣག་མི་བཟོད་པར་ན་བ་སྙིང་གར་གནས་ཤིང་བརྟེན་པ་དང༌། སྐོམ་དད་ཀྱིས་ཡོངས་སུ་གདུངས་ཤིང་ཁྱབ་པར་བྱེད་པ་ནི་འཕྲལ་དུ་དེའི་མོད་ལ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །རླུང་ནད་ཉ་ནི་ལྷོད་བྱེད་ཅིང༌། །སྣ་ནི་ཡོན་པོར་འཆུས་བྱེད་བ། །གང་གི་འགྲམ་པ་ཟད་པར་སྣང༌། །འཕྲལ་དུ་སྲོག་ནི་འཕྲོག་པ་ཡིན། །ཞེས་བྱ་བ་ལ། ཡང་རླུང་ནད་ཀྱིས་བྱིན་པའི་ཉྭ་ལྷོད་པར་བྱེད་པ་དང༌། སྣ་ཡོན་པོར་བྱེད་ཅིང་འཆུས་པར་བྱེད་པའམ། ཡང་ན་འགྲམ་པ་ཟད་ཅིང་བཞོག་པ་ལྟར་སྣང་བར་བྱེད་པ་ཡང་ནད་པའི་སྲོག་འཕྲལ་དུ་འཕྲོག་ཅིང་ཉམ་ཆུང་བས་འཆི་བར་བྱེད་པ་ཡིན་ནོ། །རླུང་ནད་ལྟེ་བ་གཞང་ཁར་སོང༌། །ཡང་ན་བརླ་ཕྲག་གཉིས་ན་གནས། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རླུང་གི་ནད་ལྟེ་བ་དང་གཞང་གི་བར་དུ་སོང་ཞིང་གནས་པའམ། ཡང་ན་བརླ་ཕྲག་གམ་ཆུ་སོར་གནས་པ་ཡང་འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །སྟོབས་ལྡན་རླུང་ནི་ཉམ་ཆུང་བ། །གཞང་དང་སྙིང་གར་གནས་བྱེད་པའམ། །ཞེས་བྱ་བ་ལ། སྟོབས་དང་ལྡན་པའི་རླུང་གི་ནད་ཀྱིས་མི་ཉམ་ཆུང་བའི་གཞང་དང་སྙིང་གར་གནས་པར་བྱེད་ཅིང་འཛིན་པར་བྱེད་པ་ཡང་འཕྲལ་དུ་གསོད་པར་བྱེད་པ་ཡིན་ནོ། །དྲི་མ་ཆུ་སོའི་ལྟག་ལྟེ་བ། །བཀག་སྟེ་ནད་ནི་སྐྱེད་པ་དང༌། །ཞེས་བྱ་བ་ལ། རླུང་གིས་བཤང་གཅི་དྲི་མ་བཀག་པ་དང༌། ཆུ་སོའི་ལྟག་དང་ལྟེ་བ་བཀག་སྟེ། ནད་སྐྱེད་པར་བྱེད་པ་ཡང་འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །ཆུ་སོར་གཟེར་བར་བྱེད་འགྱུར་ལ། །སྐོམ་དད་འཁྲུ་བར་བྱེད་པ་དང༌། །ཞེས་བྱ་བ་ལ། ཡང་ཆུ་སོར་རླུང་དྲག་ཏུ་གཟེར་བར་བྱེད་པ་དང༌། སྐོམ་དད་ཆེ་ཞིང་དྲག་ཏུ་འཁྲུ་བར་བྱེད་པ་དེ་ཡང་དེ་དང་འདྲའོ། །ཆུ་སོ་བཤང་སྒོར་གནས་ནས་ནི། །རླུང་ནི་དབུགས་མི་བདེ་སྐྱེད་དང༌། །ཞེས་བྱ་བ་ལ། ཡང་ན་རླུང་ནད་ཆུ་སོ་བཤང་སྒོར་གནས་ནས་དབུགས་མི་བདེ་བའི་ནད་སྐྱེད་པར་བྱེད་པ་དག་ཀྱང་འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །རྩིབ་མའི་རྩེ་མོ་འདེགས་བྱེད་ཅིང༌། །སྙིང་གར་རླུང་ནི་བརྟེན་པ་དང༌། །མིག་བགྲད་འགྱུར་བ་མེད་བྱེད་དང༌། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །ཅེས་བྱ་བ་ལ། ཡང་རླུང་ནད་རྩིབ་མའི་རྩེ་མོ་འདེགས་ཤིང་འགྱེད་པར་བྱེད་པ་དང༌། དེ་བཞིན་སྙིང་གར་བརྟེན་ཅིང་གནས་པ་དང༌། མིག་བགྲད་ཅིང་ཕན་ཚུན་འགྱུར་བ་མེད་པར་བྱེད་པ་དག་ཀྱང་དེའི་མོད་ལ་འཕྲལ་དུ་སྲོག་འཕྲོག་


DTG201_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡིན་ནོ། །འཕྲལ་དུ་རིམས་དང་ཚ་བས་བཏབ། །སྐོམ་དད་བརྒྱལ་དང་སྟོབས་ཟད་དང༌། །ཚིགས་མཚམས་བྲལ་བར་གྱུར་པ་རྣམས། །ཉེ་བར་འཆི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། འཕྲལ་དུ་གློ་བུར་དུ་རིམས་དང་ཚ་བ་ལ་སོགས་པ་སྐྱེ་བར་འགྱུར་བ་ཡང་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །ནད་པར་གང་གི་གདོང་བ་ལས་རྡུལ་ནི་ཤས་ཆེར་བྱུང་གྱུར་ཅིང༌། །ཁར་ཆགས་རིམས་ཀྱིས་གདུངས་པ་རྣམས། །དེ་ཡང་འཚོ་བར་དཀའ་བ་ཡིན། །ཞེས་བྱ་བ་ལ། ནང་པར་བ་ལང་གཟས་ལ་འགྱེད་བའི་དུས་སུ་གང་གི་གདོང་ལས་རྡུལ་ཤས་ཆེར་མི་ཟད་བར་འབྱུང་ཞིང་འཛག་པར་འགྱུར་བ་དང་ཁར་དྲི་མ་ཤས་ཆེར་ཆགས་པའི་རིམས་ཀྱི་གདུངས་པ་དེ་ནི་འཚོ་བར་དཀའ་བ་ཡིན་ནོ། །གང་གི་ལུས་ལ་འབྲུམ་ཕྲན་ནི། །བྱི་རུའི་མདོག་འདྲ་སྣང་གྱུར་པ། །བྱུང་ནས་མྱུར་དུ་མི་སྣང་འགྱུར། །དེ་ནི་རིང་པོར་མི་ཐོགས་འཆི། །ཞེས་བྱ་བ་ལ། ཡང་མི་གང་གི་ལུས་ལ་འབྲུམ་བུ་ཕྲ་མོ་བྱི་རུའི་མདོག་ལྟར་དམར་བར་སྣང་བར་གྱུར་པ་དང༌། ཡང་གང་གི་ལུས་ལ་འབྲུམ་ཕྲན་བྱུང་ནས་དེ་མ་ཐག་ཏུ་མི་སྣང་བར་གྱུར་ན་དེ་ཡང་འཆི་བར་འགྱུར་རོ། །འབྲུམ་པ་སྲན་ཆུང་བཤུས་འདྲ་ཞིང༌། །དེ་བཞིན་བྱི་རུའི་མདོག་འདྲ་ལ། །ནང་དུ་ཁ་བལྟ་ཚད་འབྲུམ་འདྲ། །འབྲུམ་བུས་ལུས་ནི་འཇིག་བྱེད་ཡིན། །ཞེས་བྱ་བ་ལ། འབྲུམ་པ་སྲན་ཆུང་པགས་པ་བཤུས་པ་ལྟར་དམར་བ་དང༌། བྱི་རུའི་མདོག་ལྟར་དམར་བ་དང་ཁ་ནང་དུ་བལྟས་པ་འབུར་བ་དང༌། ཚད་འབྲུམ་གྱི་རྣམ་པ་ཤིན་ཏུ་ཕྲ་བར་གནས་པ་དེས་ཀྱང་ལུས་འཇིག་པར་བྱེད་པ་ཡིན་ནོ། །མིག་སེར་གདོང་སེར་རྒྱས་པ་དང༌། །མུར་འགྲམ་གཉིས་ཀྱི་ཤ་ཟད་ལ། །སྐྲག་ཅིང་ལུས་ནི་ཚ་བ་དག །གང་ཡིན་དེ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། མིག་གི་ཕྱོགས་སེར་ཞིང་གདོང་ཡང་སེར་ལ་སྐྲངས་ཏེ་རྒྱས་པ་ལྟར་སྣང་བ་དང༌། མུར་འགྲམ་གྱི་ཕྱོགས་ཀྱི་ཤ་ལྷག་པར་ཟད་པ་དང༌། སྐྲག་ཅིང་འཇིགས་པ་དང༌། ལུས་ཚ་བ་ཤས་ཆེ་བའི་ནད་པ་གང་ཡིན་པ་དེ་ཡང་སྤང་བར་བྱའོ། །རྒྱུ་མེད་ཕྲུགས་པ་དག་ལས་རྨ། །འཕེལ་ཞིང་མཆེད་པར་བྱེད་པ་དང༌། །ཞེས་བྱ་བ་ལ། རྒྱུ་མེད་ཅིང་གློ་བུར་དུ་པགས་པ་ཕྲུགས་པ་ཙམ་ལས་རྨ་བྱུང་བར་གྱུར་ལ། དེ་ཡང་འཕེལ་ཞིང་མཆེད་པར་བྱེད་པ་དེ་ཡང་སྤང་བར་བྱའོ། །རླུང་སྐྱེས་གང་ཞིག་ན་བ་མེད། །མཁྲིས་པ་ལས་གྱུར་ཚ་བ་མེད། །བད་ཀན་ལས་གྱུར་རྣག་མེད་དང༌། །གང་ཞིག་ནད་སྐྱེ་ཟུག་གཟེར་མེད། །ཕྱེ་མས་ཁྱབ་དང་རྙིང་པར་སྣང༌། །གང་དུ་གློ་བུར་དག་ཏུ་ནི། །རྒྱལ་མཚན་མདུང་ལ་སོགས་གཟུགས་སྣང༌། །རྨ་དེ་ཐམས་


DTG201_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤང་བར་བྱ། །ཞེས་བྱ་བ་ལ། ཡང་རྨ་གང་ཞིག་རླུང་ལས་གྱུར་པ་ཡིན་དུ་ཟིན་ཀྱང་ན་ཞིང་ཟུག་མེད་པ་དེ་ཡང་སྤང་བར་བྱའོ། །དེ་བཞིན་དུ་མཁྲིས་པ་ལས་གྱུར་པ་ཡིན་ཡང་དེའི་རང་བཞིན་ཚབ་མེད་པ་དང༌། བད་ཀན་ལས་གྱུར་པ་ཡིན་ཡང་འདྲུལ་ཞིང་རྣག་པ་མེད་པ་དང༌། ནད་ཀྱི་གནས་སུ་བྱུང་ཡང་ཟུག་ཅིང་ལྷང་ལྷང་པོར་ན་བ་མེད་པ་དང༌། ཡང་རྨ་གང་ཕྱེ་མས་གཏོར་བ་མེད་པ་ཕྱེ་མས་ཁྱབ་པ་ལྟར་སྣང་བ་དང༌། རྙིང་ཞིང་རེངས་པ་ལྟར་སྣང་བ་དང༌། ཡང་རྨ་གང་གློ་བུར་དུ་རྒྱུ་མེད་པར་རྒྱལ་མཚན་དང་མདུང་རྩེ་གསུམ་པ་དང༌། དགྲ་སྟ་ལ་སོགས་པའི་གཟུགས་སུ་སྣང་བར་གྱུར་པ་སྟེ། དེ་ལྟ་བུའི་རྨ་ཐམས་ཅད་གསོར་མི་རུང་བས་སྤང་བར་བྱའོ། །མཚན་བར་རྡོལ་ནི་བཤང་གཅི་རླུང༌། །འབྱུང་ཞིང་སྲིན་བུས་གཙེས་པ་དང༌། །པུས་མོ་ཕན་ཚུན་འབྱེར་བ་དང༌། །རྐང་པ་བཏེག་ནས་ལྟུང་གྱུར་དང༌། །ཡང་དང་ཡང་དུ་ཁ་བསྒྱུར་བའི། །ནད་པ་དེ་ནི་འཚོ་མི་འགྱུར། །ཞེས་བྱ་བ་ལ། མཚན་བར་རྡོལ་བའི་ནད་ཀྱིས་བཏབ་པའི་མི། བཤང་བ་དང་གཅི་བ་དང་འཕྱེན་མང་དུ་འབྱུང་བ་དང༌། སྲིན་བུས་ཤིན་ཏུ་གཙེས་པ་དང༌། པུས་མོས་པུས་མོ་བཅེར་ཞིང་བསྐྱོད་པ་དང༌། རྐང་པ་བཏེག་ནས་ས་ལ་ལྟུང་བར་འགྱུར་བ་དང༌། དེ་བཞིན་དུ་ཁ་ཡང་དང་ཡང་དུ་བསྒྱུར་བའི་ནད་པ་དེ་འཚོ་བར་མི་འགྱུར་རོ། །སོ་ཡིས་སེན་མོའི་རྩེ་གཅོད་ཅིང༌། །སེན་མོས་སྐྲ་དང་རྩ་གཅོད་དང༌། །ཞེས་བྱ་བ་ལ། སོ་ཡིས་སེན་མོའི་རྩེ་མོ་གཅོད་ཅིང་ཟ་བར་བྱེད་པ་དང༌། ནད་པ་སེན་མོས་སྐྲའམ་རྩ་རྣམས་གཅོད་པར་བྱེད་པ་ཡང་མི་འཚོའོ། །ས་ལ་ཤིང་བུས་འདྲི་བ་དང༌། །བོང་བས་བོང་བ་བརྡེག་པ་དང༌། །ཞེས་བྱ་བ་ལ། ཡང་ནད་པ་གང་ས་ལ་ཤིང་བུས་ཡི་གེ་འདྲི་བ་དང༌། དེ་བཞིན་དུ་བོང་བས་བོང་བ་བརྡེག་ཅིང་བསྣུན་པ་དེ་ཡང་མི་འཚོའོ། །སྤུ་ལྡང་གཅིན་ནི་སྐ་བ་དང༌། །ལུད་པ་སྐམས་ཤིང་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ། ཡང་ནད་པ་གང་རྒྱུ་མེད་པར་སྤུ་ལྡང་བ་དང༌། གཅིན་སྐ་བ་དང༌། ལུད་པ་ཤས་ཆེར་སྐམས་པ་དེ་ཡང་མི་འཚོའོ། །སྐད་ཅིག་དགོད་ཅིང་སྦྱུགས་གླུ་ལེན། །མལ་སྟན་རྐང་པས་བརྡེག་པ་དང༌། །སྐད་ཅིག་རེ་རེས་བུ་ག་སོལ། །ནད་པ་གང་ཡིན་དེ་མི་འཚོ། །ཞེས་བྱ་བ་ལ། སྐད་ཅིག་སྐད་ཅིག་ཅིང་དགོད་པ་དང༌། སྐད་ཅིག་རེ་རེར་སྦྱུགས་གླུ་ལེན་པ་དང༌། །སྐད་ཅིག་མ་རེ་རེ་ཞིང་མལ་སྟན་ལ་རྐང་པས་བརྡེག་པ་དང༌། དེ་བཞིན་དུ་སྐད་ཅིག་


DTG201_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མ་རེ་རེ་ལ་སྣ་དང་རྣ་བ་དང་ཁ་ལ་སོགས་པའི་བུ་ག་སོལ་བའི་ནད་པ་གང་ཡིན་པ་དེ་ཡང་མི་འཚོའོ། །གདོང་ལ་སྨེ་བ་ངོ་ཁབས་དང༌། །མཛེར་སྐྱེས་སོ་སེན་ཐིག་ལེ་ཆགས། །ལྟོ་བར་སྣ་ཚོགས་རྩ་སྣང་བ། །གློ་བུར་བྱུང་བ་དེ་མི་འཚོ། །ཞེས་བྱ་བ་ལ། ཡང་ནད་པ་གང་ཞིག་གདོང་ལ་གློ་བུར་རམ་འཕྲལ་དུ་སྣ་བ་ལ་སོགས་པ་སྐྱེས་སམ་དེ་བཞིན་དུ་སོ་དང་སེན་མོར་ཐིག་ལེ་ལྟ་བུར་དཀར་པོ་ཆགས་པ་གློ་བུར་དུ་བྱུང་བ་དང༌། ལྟོ་ལ་དབྱིབས་དང་ཁ་དོག་སྣ་ཚོགས་པའི་རྩ་སྔོན་ཆད་མེད་པ་དུ་མ་སྣང་བར་འགྱུར་བ་གློ་བུར་དུ་བྱུང་བའི་ནད་པ་དེ་མི་འཚོ་སྟེ་འཆི་ལྟས་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །གྱེན་དུ་དབུགས་རྩེག་དྲོད་ཡལ་ཞིང༌། །བརླ་ཕྲག་གཉིས་སུ་གཟེར་གྱིས་ཉེན། །དཔལ་དང་རྣམ་པར་བྲལ་གྱུར་པ། །བློ་དང་ལྡན་པས་ཡོངས་སུ་སྤང༌། །ཞེས་བྱ་བ་ལ། ཡང་ནད་པ་གང་གྱེན་དུ་དབུགས་མི་འབྱུང་བ་ཡང་དང་ཡང་དུ་རྩེག་པའམ། དྲོད་ཡལ་ཞིང་བྲལ་བ་དང༌། བརླ་རྩ་གཉིས་སུ་གཟེར་གྱིས་ཉེན་ཅིང་ན་བ་དང༌། དཔལ་གྱི་འབྱོར་བ་དང་བྲལ་བར་གྱུར་པའི་ནད་པ་དེ་ནི་སྨན་པ་བློ་དང་ལྡན་པས་སྤང་བར་བྱའོ། །གང་གི་ནད་ནི་འཕེལ་འགྱུར་དང༌། །རང་བཞིན་ཡོངས་སུ་ཉམས་པ་ནི། །གང་ལ་འཕྲལ་དུ་འབྱུང་འགྱུར་བའི། །དེ་ནི་མོད་ལ་འཆི་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་ནད་ཤས་ཆེར་འཕེལ་བར་འགྱུར་བ་དང༌། །རང་བཞིན་རྣལ་མ་ལས་ཡོངས་སུ་ཉམས་ཤིང་བྲི་བ་འཕྲལ་དུ་གློ་བུར་དུ་བྱུང་ན་དེ་ཡང་འཆི་ལྟས་ཡིན་ནོ། །སྨན་པས་ནད་པ་གང་ཞིག་ལ། །སྨན་གྱི་བྱ་བ་བྱས་གྱུར་པ། །འབད་ཀྱང་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ། །ཞེས་བྱ་བ་ལ། སྨན་པས་ནད་པ་གང་ཡང་རུང་བ་ཞིག་ལ། སྨན་མར་ལ་སོགས་པའི་སྨན་གྱི་བྱ་བ་བྱས་ཤིང་སྦྱོར་བ་བྱས་པ་འབད་ཅིང་སྒྲིམ་པ་སྟེ་བྱས་པར་གྱུར་ཀྱང་སོས་པར་མ་གྱུར་ན། དེའི་སྲོག་གམ་འཚོ་བ་རྙེད་པར་དཀའ་སྟེ་འཆི་བ་ཡིན་ནོ། །མཁས་ཤིང་མང་དུ་གྲུབ་པ་དང༌། །ཆོ་ག་བཞིན་དུ་བྱིན་གྱུར་ཀྱང༌། །སྨན་གྱི་བྱ་བ་མ་གྲུབ་གང༌། །དེ་ལ་གསོ་བའི་ཐབས་མེད་དོ། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་བ་ལ་མཁས་ཤིང་རོ་དང་ནུས་པ་དང་འཇུ་བའི་ཁྱད་པར་ལ་སོགས་པ་ལ་བྱང་ཞིང་ལན་མང་དུ་སྦྱར་བར་གྲུབ་སྟེ། །བྱ་བ་བྱས་པ་ཡང་ཡིན་ལ། དེ་བཞིན་དུ་སྨན་དཔྱད་ཀྱི་བསྟན་བཅོས་ལས་བྱུང་བའི་ཆོ་ག་བཞིན་དུ། དུས་དང་ཡུལ་དང་ཚད་ལ་སོགས་པ་ལེགས་པར་བརྟགས་ཏེ། ནད་པ་ལ་བྱིན་ཞིང་སྦྱོར་བ་བྱས་སུ་ཟིན་ཀྱང་སྨན་གྱི་བྱ་བ་ནད་བསལ་བའི་ལས་


DTG201_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་གང་ཡིན་བ་དེ་ལ་ནི་ནད་གསོ་བའི་ཐབས་མེད་པ་ཡིན་པར་ཤེས་པར་བྱའོ། །གང་གི་སྨན་ནི་སྦྱོར་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག །མདོག་དང་རོ་སོགས་ལོག་གྱུར་ན། །ནད་མེད་ཡིན་ཡང་དེ་མི་འཚོ། །ཞེས་བྱ་བ་ལ། ནད་པ་གང་གིས་སྨན་མར་དང༌། ཕྱེ་མ་དང༌། ལྡེ་གུ་ལ་སོགས་པ་སྦྱོར་བ་དང༌། འབྲས་ཆན་ལ་སོགས་པ་ཁ་ཟས་གཡོ་བ་ན། རྒྱུ་མེད་པར་ཕྱིན་ཅི་ལོག་ཏུ་གྱུར་ཅིང༌། གློ་བུར་དུ་ཁ་དོག་དང་རོ་ལ་སོགས་པར་རང་བཞིན་གཞན་དུ་གྱུར་ན། དེས་ནད་མེད་ཅིང་བདེ་བར་གནས་པ་ཡང་མི་འཚོའོ། །གང་གི་གནས་སུ་ཤིང་བཅས་མེ། །རླུང་མེད་པར་ནི་ཤི་གྱུར་དང༌། །ནད་པ་གང་གི་ཁྱིམ་དུ་ནི། །སྣོད་ནི་ཤིན་ཏུ་མང་པོ་དག །ཆག་གམ་ལྷུང་བར་གྱུར་པ་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ། །ཞེས་བྱ་བ་ལ། ཡང་ནད་པ་གང་གི་གནས་སུ་མེ་ཤིང་དང་བཅས་པར་ཡང་གནས་ནས་འབར་ལ། རླུང་ཡང་མེད་པར་གྱུར་ལ་གློ་བུར་དུ་ཆུ་བླུགས་པ་ལྟར་ཤི་བར་གྱུར་པ་དང༌། ཡང་ནད་པ་གང་གི་ཁྱིམ་དུ་སྣོད་སྤྱད་ཤིན་ཏུ་མང་པོ་ཡང་དང་ཡང་དུ་ལྷུང་བར་གྱུར་པའམ། གང་གི་ཁྱིམ་དུ་སྣོད་ལག་པ་ནས་ཡང་དང་ཡང་དུ་ལྷུང་བར་གྱུར་བ་ན། དེའི་སྲོག་ཀྱང་རྙེད་པར་འགྱུར་བ་མ་ཡིན་ནོ། །མི་གང་ཉམ་ཆུང་གྱུར་པ་ཡང༌། །གློ་བུར་སོས་པར་སྣང་གྱུར་པ། །དེ་ཡི་སྲོག་ཀྱང་མ་ངེས་པ། །ཡིན་པར་རྒྱུན་ཤེས་བུས་བཤད་དོ། །ཞེས་བྱ་བ་ལ། ཡང་ནད་པ་གང་ཤིན་ཏུ་ཉམ་ཆུང་ཞིང་སྟོབས་དང་མི་ལྡན་པ་གློ་བུར་དུ་རྒྱུ་མེད་པར་སོས་ཤིང༌། ནད་མེད་པ་ལྟར་སྣང་བ་དེའི་སྲོག་ཀྱང་མ་ངེས་པ་ཡིན་ནོ། །ཞེས་རྒྱུན་ཤེས་ཀྱི་བུས་བཤད་པ་ཡིན་ནོ། །ཉེ་དུ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་མཉན་པར་མི་བྱ་ལ། །སྨན་པས་སྨྲ་བར་མི་བྱ་ཞིང༌། །དེ་ཡི་གསོ་བའང་ཁས་མི་བླང། །ཞེས་བྱ་བ་ལ། ནད་པའི་ཉེ་དུ་དང་དགའ་བཤེས་པ་རྣམས་ཀྱིས་ནད་པ་དེ་འཚོ་བ་འམ་འཆི་ཞེས་དྲིས་ཀྱང༌། འཆི་ལྟས་ཀྱིས་མཚོན་པའི་འཆི་བ་དེ་ནི་མཉན་པར་མི་བྱ་ཞིང༌། ཡིད་གདུང་བར་བྱེད་པའི་རྒྱུ་ཡིན་པས་སྨན་པ་དེས་འདི་ནི་འཆི་བར་འགྱུར་ཞེས་སྨྲ་བར་མི་བྱ་བ། ཚེ་ཟད་པའི་ནད་དེ་གསོ་དཔྱད་ཀྱིས་གསོ་ཞིང་བཅོས་པ་ཁས་བླང་བར་ཡང་མི་བྱ་སྟེ། དེ་ལྟ་བུའི་ནད་པ་སྨན་པས་བཅོས་སུ་ཟིན་ཀྱང་ངལ་བ་དོན་མེད་འགྱུར་རོ། །གཤིན་རྗེའི་ཕོ་ཉ་ཤ་ཟ་སོགས། །གཞན་གྱིས་ཉེ་བར་བསྟེན་པ་གང༌། །སྨན་གྱིས་སྟོབས་ནི་འཇོམས་པས་ན། །དེ་ཕྱིར་དེ་ནི་ཡོངས་སུ་སྤང༌། །ཞེས་བྱ་བ་ལ། གང་གི་ཕྱིར་ཚེ་ཟད་པ་ལ་ནི། གཤིན་


DTG201_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕོ་ཉ་ལ་སོགས་པས་ཉེ་བར་བསྟེན་ཅིང་གནས་པ་ཡིན་པས་དེའི་ཕྱིར་ནད་པ་དེ་ཡོངས་སུ་སྤང་བར་བྱའོ། །འོ་ན་དེས་ཉེས་བ་ཅི་ཞིག་བྱེད་ཅེ་ན། ཤ་ཟ་དང་སྲིན་པོ་ལ་སོགས་པ་དེ་དག་ནི་བཅུད་ཀྱིས་ལེན་པ་ལ་སོགས་པའི་སྨན་གྱིས་སྟོབས་ནད་མེད་པ་འཇོམས་ཤིང་མེད་པར་བྱེད་པས། ནད་རྣམས་ཇི་ལྟ་ཇི་ལྟ་བ་བཞིན་དུ་ཞི་བར་བྱེད་པའི་ཐབས་གཞན་དུ་བྱེད་པས་སྦྱོར་བ་མི་འགྲུབ་པའི་ཕྱིར་སྤང་བར་བྱའོ། །ཚེ་ཡི་རིག་བྱེད་འབྲས་བུ་ཀུན། །ཚེ་ཤེས་པ་ལ་གནས་པ་ཡིན། །དེ་བས་འཆི་ལྟས་རྣམ་པ་ཀུན། །སྨན་པས་འབད་དེ་ཤེས་པར་བྱ། །ཞེས་བྱ་བ་ལ། ཚེའི་རིག་བྱེད་ཀྱི་འབྲས་བུ་ནི་ནད་མེད་པས་བྱེད་པ་ལ་སོགས་པའི་ཚུལ་ཏེ། དེ་ལྟ་བུ་མ་ལུས་པ་ཀུན་ཚེ་ཤེས་པའི་སྨན་པ་རྣམས་ལ་གནས་ཤིང་རྒྱུད་ལ་ཡོད་པ་ཡིན་པས་དེ་བས་ན་འཆི་ལྟས་ཀྱི་རྣམ་པ་ཐམས་ཅད་དེ་ནད་མེད་པར་གནས་པ་དང༌། ནད་པའི་མཚན་མ་གང་དག་ཡིན་པ་ཀུན་སྨན་པས་འབད་པར་ལྡན་པས་ཤེས་པར་བྱའོ། །དེ་ཡང་ཚེའི་རིག་བྱེད་ཀྱི་འབྲས་བུ་ནི་འདི་དག་ཡིན་ཏེ། གང་ཚེ་གནས་པའི་ཚད་ཤེས་པ་དང༌། དེའི་ཚེ་སྲུང་ཞིང་བསྐྱངས་པ་ཡིན་པས་དེ་གཉིས་ཀ་ཡང་ཤེས་པར་བྱ་དགོས་སོ། །ཚེ་དང་བསོད་ནམས་གཉི་ག་ཟད། །དེ་གཉིས་ཟད་པར་མ་གྱུར་ཀྱང༌། །ཡང་བ་ནི་མ་སྤངས་པས། །སྲོག་ཆགས་རྣམས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། འདི་ལྟར་ཚེ་ཟད་ཅིང་འཆི་བར་འགྱུར་བ་ནི། ཡང་དག་པའི་དོན་མཐོང་བའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་རྒྱུ་རྣམ་པ་བཞི་བཤད་དེ། ཚེ་ཟད་པ་ཞེས་བྱ་བ་རང་གི་ལས་ཉེ་བར་བསགས་པའི་ཚེ་གནས་པའི་ཚེ་ཚད་ཟད་ཅིང་མཐར་ཐུག་པ་དང༌། དེ་བཞིན་དུ་བསོད་ནམས་ཟད་པ་སྟེ། སྔོན་ཆད་ལེགས་པར་སྤྱད་པར་བྱས་པའི་འབྲས་བུ་ཟད་པར་གྱུར་པ་དང༌། གཉི་ག་ཟད་པ་དེ་བཤད་མ་ཐག་པའི་ཚེ་དང་བསོད་ནམས་གཉིས་ཀ་ཟད་པ་དང༌། ཡང་དེ་བཞིན་གཉིས་ཀ་མ་ཟད་ཅིང་གནས་པ་ཡིན་དུ་ཟིན་ཀྱང༌། ཡ་ང་བ་མཚོན་དང་དུག་ལ་སོགས་པ་མ་སྤངས་ཤིང་ཆུ་དང་གཡང་ས་ལ་སོགས་པར་ལྷུང་བ་སྟེ། བཞི་པོ་དེ་དག་གིས་སྲོག་ཆགས་རྣམས་འཆི་ཞིང་སྲོག་དང་བྲལ་བར་བཤད་ལ། དེ་ལས་གོ་བཟློག་པ་ཚེ་དང་བསོད་ནམས་ལ་སོགས་པ་མི་ཟད་པ་ཡང་བ་སྤང་བས་ནི་འཚོ་བར་འགྱུར་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།


DTG201_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལུས་ཀྱི་གནས་ཀྱི་ཕོ་ཉ་ལ་སོགས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། ནད་པ་ལ་བརྟེན་པའི་འཆི་ལྟས་ཀྱི་མཚན་ཉིད་བཤད་ནས། ཕོ་ཉ་འམ་བང་ཆེན་ལ་སོགས་པའི་རིགས་ཀྱི་ཚུལ་དྲིས་བ་ལས་སྨན་པ་ཆས་པ་ལ་སོགས་པའི་ཚེ་ནད་པ་ལ་དགེ་བ་དང༌། མི་དགེ་བའི་མཚན་མ་སྟོན་པ་ཡིན་པས་ན་དེའི་འོག་ཏུ་འདི་བརྩམ་པ་ཡིན་ནོ། །ཕོ་ཉ་ནི་གཞན་གྱིས་བསྒོ་བ་བྱེད་པའི་མངག་གཞུག་པ་ལ་སོགས་པ་སྨོས་པས་ནི། སྨན་པ་དང་ཕྲད་པའི་ཚུལ་དག་དང༌། ཡིད་ཀྱིས་རྟོགས་པ་དང་ཆས་པ་དང་ལམ་དུ་ཞུགས་པ་དང༌། ཁྱིམ་དུ་འཇུག་པའི་སྐབས་ཀྱི་མཚན་མ་བཟང་ངན་མཐོང་བ་དང༌། རྨི་ལམ་མཐོང་བ་བསྡུ་བར་བྱ་སྟེ། དེ་ལྟ་བུ་ཤེས་པར་བྱ་བ་ལ་ཕན་འདོགས་ཤིང་དགོས་བའི་དོན་དེ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ནོ། །ཡ་མཚན་ཅན་དང་དགེ་སྦྱོང་དང༌། །རིགས་མཐུན་པས་ནི་གྲུབ་པར་འགྱུར། །དེ་ལས་གོ་བཟློག་ཕོ་ཉ་ནི། །ལས་ནི་འགྲུབ་མིན་རྟགས་སུ་འགྱུར། །ཞེས་བྱ་བ་ལ། ཡ་མཆན་ཅན་ནི་བརྟུལ་ཞུགས་ཀྱི་བྱེ་བྲག་ལ་གནས་པའི་ཕྱི་རོལ་པའོ། །དགེ་སྦྱོང་ནི་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའོ། །རིགས་མཐུན་པ་ནི་རིགས་འདྲ་བ་སྟེ། དེ་ལྟ་བུའི་ཕོ་ཉ་འོངས་པར་གྱུར་ན། གསོ་བའི་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལས་གོ་བཟློག་པ་སྟེ། ཡ་མཚན་ཅན་ལ་སོགས་པའི་ཕོ་ཉ་དེ་ལས་གོ་བཟློག་པར་རིགས་མི་མཐུན་པ་ཡིན་ན་གསོ་བའི་ལས་མི་འགྲུབ་ཅིང་དོན་མེད་པའི་མཚན་མ་ཡིན་ནོ། །དམན་དང་འཇིགས་རེངས་དངངས་པ་དང༌། །རྩུབ་དང་བཀྲ་མི་ཤིས་སྨྲ་དང༌། །མཚོན་ཆ་དབྱུག་ཐོགས་མགོ་རེག་དང༌། །མ་ནིང་སྨ་ར་རལ་པ་ཅན། །བཀྲ་མི་ཤིས་པའི་མིང་དང་ལྡན། །སྡིག་ལས་བུད་མེད་དྲི་མ་ཅན། །མང་པོ་ནད་པ་མི་སྡུག་དང༌། །ཕྲེང་བ་བྱུག་པ་དམར་པོས་བརྒྱན། །ཏིལ་མར་འདམ་བསྐུས་གོས་རྙིང་དང༌། །མདོག་ངན་རླན་ཅན་གོས་གཅིག་གྱོན། །བོང་བུ་རྔ་མོ་མ་ཧེ་ཞོན། །ཤིང་དང་བོང་བ་ཉིད་པ་དང༌། །རིང་ནས་འབོད་པའི་ཕོ་ཉ་འོངས། །སྨན་པས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། ཕོ་ཉ་


DTG201_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐུན་པ་ཡིན་དུ་ཟིན་ཀྱང༌། འདི་ལྟར་དམན་པ་དང༌། འཇིགས་པ་ལ་སོགས་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ན་སྨན་པ་འགྲོ་བར་མི་བྱ་སྟེ། དེ་དག་གསོ་བ་དོན་མེད་པར་འགྱུར་བའི་ལས་ཡིན་ནོ། །དེ་ལ་དམན་པ་ནི་ཞུམ་ཞིང་སྒྱིད་ལུག་པ་དང་བཅས་པའོ། །འཇིགས་པ་ནི་སྐྲག་པའོ། །རེངས་པ་ནི་དྲག་པའོ། །སྡངས་པ་ནི་སྦྲུལ་ལ་སོགས་པས་སྡངས་ཤིང་བྲེད་པའོ། །རྩུབ་ཅིང་ཞེས་བྱ་བ་ནི་སྙིང་རྗེ་མེད་པར་སྨྲ་བའོ། །བཀྲ་མི་ཤིས་པར་སྨྲ་བ་ནི་ཡིད་དུ་འོང་བའི་ཚིག་མི་ཤེས་པར་སྨྲ་བའོ། །མཚོན་ཆ་ཐོགས་པ་ནི་དགྲ་ཆ་ཐོགས་པའོ། །དབྱུག་པ་ཐོགས་པ་ནི་དབྱུག་པ་འཆང་བའོ། །མགོ་རེག་ནི་སྐྲ་བྲེགས་པའོ། །མ་ནིང་ནི་བུ་ཚ་མེད་པའོ། །སྨ་ར་དང་རལ་པ་ཅན་ནི་སྨ་ར་འཕྱང་བ་དང༌། རལ་པ་སྐྲ་འཕྱང་བ་དང་ལྡན་པའོ། །བཀྲ་མི་ཤིས་པའི་མིང་དང་ལྡན་པ་ནི་སྡིག་ཅིང་མི་ཤིས་པའི་མིང་ཅན་ནོ། །སྡིག་པའི་ལས་ཅན་ནི་ངེས་པར་སྤྱོད་པའི་ལས་བྱེད་པའོ། །བུད་མེད་ནི་མོ་རིགས་སོ། །དྲི་མ་ཅན་ནི་གོས་དྲི་མ་ཅན་གྱོན་པའོ། །མང་པོ་ནི་ཅིག་ཅར་དུ་མ་འོངས་པའོ། །ནད་པ་ནི་ནད་ཀྱིས་ཉམ་ཐག་པའོ། །མི་སྡུག་པ་ནི་ཡན་ལག་མི་མཛེས་པའོ། །ཕྲེང་བ་དང་བྱུག་པ་དམར་པོས་བརྒྱན་པ་ནི། མེ་ཏོག་དམར་པོའི་ཕྲེང་བ་དང་བྱུག་པ་དམར་པོས་ལུས་བརྒྱན་པའོ། །ཏིལ་མར་འདམ་བསྐུས་ནི། ཏིལ་མར་གྱི་ལྡེ་གུ་འདམ་འདྲ་བས་ལུས་ལ་བྱུགས་པའོ། །གོས་རྙིང་པ་ནི་དེངས་པའོ། །མདོག་ངན་པ་ནི་མདོག་ངན་པའོ། །རླན་ཅན་ནི་ཆུས་བངས་པའོ། །གོས་གཅིག་གྱོན་པ་ནི། སྟོད་གཡོགས་སམ་སྨད་གཡོགས་གཅིག་གྱོན་པའོ། །བོང་བུ་དང་རྔ་མོ་དང་མ་ཧེ་ཞོན་པ་ནི་དེ་ལ་ཞོན་ཏེ་འོངས་པའོ། །ཤིང་དང་བོང་པ་ལ་སོགས་པ་ཉིད་ཅིང་འཇིག་པ་དང༌། དེ་བཞིན་ཐག་རིང་པོ་ནས་འབོད་ཅིང་ཀུ་ཅོ་འདོན་པའི་ཕོ་ཉ་འོངས་ན་ཡང་སྨན་པ་འགྲོ་བར་མི་བྱའོ། །དེ་སྤང་ཞིང་དོར་བར་བྱའོ། །བཀྲ་མི་ཤིས་པ་སེམས་དང་སྨྲ། །གཅེར་བུ་གཅོད་དང་འཇིག་པ་དང༌། །མཚུན་གཏོར་མེ་ལ་སྲེག་པ་དང༌། །འཆི་བ་རྣམས་ལ་སྟེར་བ་དང༌། །སར་ཉལ་སྐྲ་བཤིག་སྐུད་པ་དང༌། །ངུ་དང་མ་བསྡམས་གནས་སྐབས་སུ། །སྨན་


DTG201_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་ཚེ་ཕོ་ཉ་འོངས། །མི་ནི་འཆི་བར་སྟོན་པ་ཡིན། །ཞེས་བྱ་བ་ལ། སྨན་པ་ལ་ཕོ་ཉ་འོངས་པའི་ཚེ། བཀྲ་མི་ཤིས་པའི་དངོས་པོ་ཡིད་ལ་སེམས་སམ། ཁ་ནས་སྨྲ་བའམ། གཅེར་བུར་འདུག་ཅིང་གོས་མེད་པར་འདུག་པ་དང༌། རྩ་ལ་སོགས་པ་གཅོད་པའི་སྐབས་སུའམ། བོང་བ་ལ་སོགས་པ་འཇིག་པའི་སྐབས་སུ་འམ། མཚུན་གཏོར་མེ་ལ་སྲེག་ཅིང་གནས་པ་འམ། ཡང་འཆི་བ་རྣམས་ལ་མཚུན་གཏོར་སྟེར་ཅིང་གཏོར་ལ་སྐབས་སུ་ས་ལ་ཉལ་ཞིང་གནས་པ་དང༌། སྐྲ་བཤིག་ཅིང་བཀྲོལ་བ་དང༌། མར་གྱིས་ལུས་བསྐུད་ཅིང་བྱུགས་པའམ། ངུ་ཞིང་མྱ་ངན་བྱེད་པ་འམ། མ་བསྡམས་ཤིང་མི་གཙང་བར་གནས་པའི་སྐབས་སུ་ཕོ་ཉ་འོངས་པར་གྱུར་ན། ནད་པ་འཆི་ཞིང་སྲོག་འདོར་བ་སྟོན་པའི་ལྟས་ཡིན་ནོ། །ནད་དང་མཚན་ཉིད་མཚུངས་པ་ཡི། །ཡུལ་ལམ་དུས་སུ་སྨན་པ་གནས། །བང་ཆེན་འབོད་དུ་འོངས་མཐོང་ན། །ནད་པ་དེ་ནི་གསོ་མི་བྱ། །ཞེས་བྱ་བ་ལ། ནད་པ་གང་རིམས་ལ་སོགས་པ་དག་ན་བ་དང༌། ཡོན་ཏན་ནམ་མཚན་ཉིད་འདྲ་ཞིང་མཚུངས་པའི་ཡུལ་ལམ་དུས་ཏེ། དེ་ལྟ་བུའི་ཡུལ་ལམ་དེའི་དུས་སུ་སྨན་པ་གནས་ཤིང་འདུག་པ་ན། བང་ཆེན་ཕོ་ཉ་སྨན་པ་ལ་འབོད་ཅིང་སྦྲོན་དུ་འོངས་པ་མཐོང་ན་ནད་དེ་སྨན་པས་བཅོས་ཤིང་གསོ་བར་མི་བྱའོ། །ནད་པ་དང་ཡུལ་དུས་མཚུངས་པའི་ཚུལ་འདི་ལྟར་བད་ཀན་ལས་བྱུང་བའི་རིམས་ལ་སོགས་པ་ནད་ཀྱིས་བཏབ་པས་ཕོ་ཉ་སྨན་པ་ཆུ་མང་ཞིང་རླན་གྱི་ཡུལ་ན་གནས་པ་འམ། ནང་པར་གྱི་སྐབས་སུ་ཕོ་ཉ་འོངས་ན་མི་ཤིས་པ་ཡིན་ནོ། །མཁྲིས་པའི་ནད་ལ་མེ་ལ་སོགས་པའི་ཚ་བའི་ཡུལ་དང༌། ཉི་མ་ཕྱེད་ཀྱི་དུས་སུ་ཕོ་ཉ་འོངས་ན་མི་ཤིས་པ་ཡིན་ནོ། །རླུང་གི་ནད་ལ་ནི་རྩུབ་པ་དང༌། གྲང་བ་དང༌། རྡོ་དང༌། བྱེ་མ་དང། གཤག་མ་ལ་སོགས་པའི་ཕྱོགས་སུ་དགོངས་ཀ་ཕོ་ཉ་འོངས་ན་མི་ཤིས་པ་ཡིན་ནོ། །ལྟེ་བ་ཁ་དང་སྣ་རེག་དང༌། །སྐྲ་དང་སྤུ་དང་སེན་མོ་སོ། །མཚན་རྒྱབ་ནུ་མ་མགྲིན་པ་དང༌། །ལྟོ་དང་སྲིན་ལག་དག་དང་ནི། །རས་བལ་ཕུབ་མ་ཞ་ཉེ་རྩ། །རུས་པ་གཏུན་བརྡུང་ཕྱགས་


DTG201_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ། །ཞབས་མ་གོས་ཀྱི་མཐའ་མ་དང༌། །ཐལ་བ་སོལ་བ་ཁ་ཚར་སོགས། །ཐག་པ་གཏུན་དང་ཞགས་པ་སྲང༌། །གཞན་ཡང་ཐོག་གི་ཞགས་པ་ཐོགས། །ཕོ་ཉ་དེ་འདྲ་མངོན་དུ་མཐོང༌། །འཆི་བ་དག་ཏུ་སྟོན་པ་ཡིན། །ཞེས་བྱ་བ་ལ། ཡང་ཕོ་ཉ་དེའི་མཚན་ཉིད་འདི་དག་དང་ལྡན་པ་ཡང་མི་ཤིས་ཤིང་འཆི་བའི་མཚན་མ་ཡིན་པར་སྟོན་ཏེ། དེ་ན་དེའི་ཚེ་ཕོ་ཉ་གང་དག་འོང་བ་ལྟེ་བ་ལ་སོགས་པར་རེག་པ་དེ་ནི་མི་ཤིས་པ་ཡིན་པས་དེ་ཡང་སྤང་བར་བྱའོ། །དེ་བཞིན་མཚན་ཕྱེད་ཉི་མའི་གུང༌། །ཐུན་མཚམས་དང་ནི་དུས་ཚིགས་དང༌། །ཚེས་དྲུག་ཚེས་བཞི་ཚེས་དགུ་དང༌། །སྒྲ་གཅན་མཇུག་རིངས་འཆར་དུས་སོགས། །བྲ་ཉེ་སྨིན་དྲུག་སྐག་ཆུ་སྟོད། །གྲེ་དང་ཁྲུམས་སྟོད་སྣུབས་དང་ནི། །གང་དུ་ཕོ་ཉ་ནད་པ་ཡི། །མཚན་ཉིད་ལ་ནི་བརྟེན་པའི་ཚིག །མི་དགེ་སྨྲ་དང་མི་ཤིས་མཐོང༌། །དེར་ནི་སྨན་པ་འགྲོ་མི་བྱ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྨན་པ་ནད་པའི་གམ་དུ་འགྲོ་བ་ན། མཚན་ཕྱེད་ལ་སོགས་པའི་དུས་དང༌། ཚེས་དྲུག་ལ་སོགས་པའི་ཚེས་གྲངས་གསུམ་དང༌། སྒྲ་གཅན་དང་མཇུག་རིངས་འཆར་པའི་དུས་དང༌། སོགས་པ་ཞེས་སྨོས་པས་ཉི་མ་དང༌། ཟླ་བ་གཟས་ཟིན་པར་མཐོང་བའི་དུས་དང་བྲ་ཉེ་ལ་སོགས་པའི་སྐར་མ་ལ་བབ་པའི་ཉིན་ཞག་ལ་སྨན་པ་འགྲོ་བར་མི་བྱའོ། །ཡང་གནས་གང་དུ་ཕོ་ཉ་འོངས་པ་དེ་ནད་པའི་མཚན་ཉིད་དམ་རང་བཞིན་ལ་བརྟེན་པའི་ཚིག་གཟུགས་དང་སྒྲ་ལ་སོགས་པ་མི་ཤིས་པའི་རྣམ་པར་སྨྲ་བ་དང༌། མི་ཤིས་པ་མཐོང་བར་གྱུར་ན། སྨན་པས་ནད་པ་གསོ་བའི་ཕྱིར་འགྲོ་བར་མི་བྱའོ། །དབང་པོ་མ་ཚང་མི་རོ་འམ། །མི་རུས་ཀྱིས་ནི་བརྒྱན་པ་འམ། །ཆད་དང་ཚིག་དང་ཉམས་ཆག་དང༌། །དེ་ཡི་ཚིག་ཏུ་སྨྲ་བ་འམ། །རོ་ནི་ཚ་དང་དྲག་པའམ། །དྲི་ནི་ཤས་ཆེར་རུལ་བ་འམ། །རེག་བྱ་རྒྱ་ཆེར་མི་བཟད་དང༌། །གང་ཡང་དེ་འདྲ་གཞན་དག་ནི། །དེ་ཀུན་མདུན་དུ་སྨྲ་བ་འམ། །ཡང་ན་དེ་སྐད་སྨྲ་བའི་ཚེ། །ཕོ་ཉ་འོངས་པར་མཐོང་ན་ནི། །ནད་པ་དེ་ནི་གསོ་མི་བྱ། །ཞེས་བྱ་བ་ལ། ཡང་དབང་པོ་མ་ཚང་བ་ལ་སོགས་པའི་ཚིག་མི་ཤིས་པ་འདི་དག་གམ།


DTG201_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་འདི་དང་ཆ་འདྲ་བ་དག་དང༌། ཀྱི་ཧུད་ཀྱི་ཧུད་ཅེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་ཚིག་དག་གམ། མདོར་ན་ནད་པ་ལ་བརྟེན་པའི་ཚིག་མི་ཤིས་པ་སྟོན་པར་བྱེད་པ། བརྫུན་དུ་སྨྲ་ཞིང་འོངས་པར་རམ། །ཡང་ན་ནད་པའི་ཚིག་གླེང་སློང་བའི་སྐབས་མི་ཤེས་པར་ཟེར་བའི་ཚེ། ཕོ་ཉ་འོངས་ཤིང་དེ་ཉིད་ཀྱི་ཚེ་བང་ཆེན་ལྷགས་ན། བང་ཆེན་བདག་པོ་ནད་པ་གསོ་བར་མི་བྱའོ། །དེ་ལ་འདིར་དབང་པོ་མ་ཚང་བ་ནི་མིག་ལ་སོགས་པ་དབང་པོ་གང་ཡང་རུང་བ་ཉམས་པ་སྟེ། །ཞར་བ་དང་ཞ་བོ་ལ་སོགས་པའོ། །མི་རོ་ནི་མི་ཤི་བའོ། །མི་རུས་ཀྱིས་བརྒྱན་པ་ནི་མི་རུས་དང༌། དེའི་ཁྲག་དང་གོས་ལ་སོགས་པས་བརྒྱན་པའོ། །ཆད་པ་ནི་ཐག་པ་ལ་སོགས་ཆད་པའོ། །ཚིག་པ་ནི་གོས་ལ་སོགས་པའོ། །ཉམས་ཤིང་ཆག་པ་ནི་སྣོད་སྤྱད་ལ་སོགས་པའོ། །དེའི་ཚིག་ཏུ་སྨྲ་བ་ནི། ཆད་དོ་ཆག་གོ །ཉམས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །རོ་ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །རུལ་བ་ནི་མི་རོ་ལ་སོགས་པའི་དྲིའོ། །དེ་བཞིན་དུ་རེག་བྱ་ནི་རྒྱ་ཆེ་ཞིང་ཡངས་པའོ། །མི་བཟད་ཅིང་བཟོད་པར་དཀའ་བ་དང༌། གཞན་ཡང་དེ་དང་ཆ་འདྲ་བའི་ཚིག་དག་སྨྲ་ན་དེ་གསོ་བར་མི་བྱའོ། །ཀྱི་ཧུད་ཀྱི་ཧུད་ཚོ་ངེས་འདེབས། །འོ་དོད་དམོད་མོ་འགྱེལ་སྦྲིད་སྒྲ། །གོས་དང་གདུགས་དང་ལྷམ་འཇིག་དང༌། །སྡུག་བསྔལ་བ་དག་མཐོང་བ་དང༌། །ཤིང་ཆེན་རྒྱལ་མཚན་གང་བའི་སྣོད། །ཆུ་ནང་འབྱིང་བར་མཐོང་བ་དང༌། །གསོད་སོགས་ཡིད་དུ་མི་འོང་སྨྲ། །ཐལ་བ་ཕྱག་དར་གྱིས་གཏོར་དང༌། །བྱི་ལ་སྲམ་དང་སྦྲུལ་དང་ནི། །སྤྲེ་འུས་ལམ་ནི་བཅད་པ་དང༌། །འབར་བའི་ཕྱོགས་སུ་རི་དགས་བྱ། །གདུག་པ་སྒྲ་ནི་སྒྲོགས་པ་དང༌། །འབྲུ་གནག་བུ་རམ་དར་བ་དང༌། །ལན་ཚྭ་ཆང་རྙིང་པགས་པ་དང༌། །ཡུངས་ཀར་ཞག་དང་འབྲུ་མར་དང༌། །རྩྭ་དང་འདམ་བུ་བུད་ཤིང་དང༌། །མ་ནིང་མི་སྲུ་ན་སྨེ་ཤ་ཅན། །རྒྱ་དག་དང་ནི་རྙི་རྣམས་དང༌། །སློན་དང་བཤང་བ་གཏོང་བ་དང༌། །རྣག་དང་མཚན་མ་ངན་པ་མཐོང༌། །སྙིང་པོ་མེད་དང་འཁྲིག་པ་སྤྱོད། །རས་


DTG201_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་དང་དགྲ་བོ་མཐོང༌། །མལ་སྟན་དང་ནི་ཁྱོགས་ལ་སོགས། །ཁ་སྤུབ་ཏུ་ནི་གནས་པར་མཐོང༌། །ནད་པ་དག་དང་གཞན་དག་དང༌། །སྣོད་སོགས་ངན་མཐོང་མི་ཤིས་སོ། །ཞེས་བྱ་བ་ལ། སྨན་པ་འགྲོ་བའི་ཚེ། ཀྱི་ཧུད་ཅེས་བྱ་བ་ལ་སོགས་པ་ཐོས་ཤིང་མཐོང་ན་འང་མི་ཤིས་པ་ཡིན་ནོ། །དེ་ཡང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཅིང་དུ་བ་ནི། ཀྱི་ཧུད་ཀྱི་ཧུད་ཀྱི་ང་རོ་འདོན་པ་སྟེ། འོ་དོད་འབོད་པའི་མི་སྙན་པ་ཟེར་བ་འམ། ཅེ་སྤྱང་ལ་སོགས་པའི་སྒྲའོ། །དམོད་མོ་ནི་རྨོ་མོ་འདེབས་པ་སྟེ། དེ་དག་གི་སྒྲ་ཐོས་པ་དང༌། ཡང་འགྱེལ་ཞིང་ཆག་པ་དང༌། སྦྲིད་པའི་སྒྲ་ཐོས་པ་དང༌། གོས་ལ་སོགས་པ་རལ་ཅིང་འཇིག་པ་དང༌། དེ་བཞིན་དུ་སྡུག་བསྔལ་ཞིང་ཕོངས་པར་གནས་པ་མཐོང་བ་དང༌། དེ་བཞིན་དུ་ཤིང་ཆེན་པོ་དང༌། རྒྱལ་མཚན་ལ་སོགས་པ་དང༌། འབྲུ་ལ་སོགས་པས་གང་བའི་སྣོད་ཆུའི་ནང་དུ་ནུབ་ཅིང་འབྱིང་བར་མཐོང་བ་དང༌། དེ་བཞིན་དུ་བསད་པ་ལ་སོགས་པའི་ཆོ་ག་ཡིད་དུ་མི་འོང་ཞིང་བཀྲ་མི་ཤིས་པར་སྨྲ་བ་སྟེ། གསད་དོ་བཅོམ་མོ་ལྷུང་ངོ་ཞིག་གོ་ཚིག་གོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསང་མཐོན་པོར་སྨྲ་བ་དང༌། དེ་བཞིན་དུ་སྨན་པ་ལམ་དུ་འགྲོ་བ་ན། ཐལ་བ་དང་ཕྱག་དར་ལ་སོགས་པས་གཏོར་ཅིང་གོས་པ་དང༌། ཡང་སྨན་པ་ལམ་དུ་འགྲོ་བ་ན། བྱི་ལ་ལ་སོགས་པས་ལམ་བཅད་པ་དང༌། ཡང་དེ་བཞིན་དུ་འབར་བའི་ཕྱོགས་ཏེ་ཉི་མ་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ན་རི་དགས་དང༌། བྱ་དང༌། སྟག་དང༌། ཁྲ་ལ་སོགས་པ་གདུག་པ་སྒྲ་སྒྲོགས་ན། དེ་ཡང་བཀྲ་མི་ཤིས་པ་ཡིན་ནོ། །ཡང་སྨན་པ་ལམ་དུ་འགྲོ་བ་འམ། ནད་པའི་ཁྱིམ་དུ་འཇུག་པ་ན། འབྲུ་ནག་པོ་ལ་སོགས་པ་མཐོང་བ་ཡང་བཀྲ་མི་ཤིས་པ་སྟོན་པར་བྱེད་པ་ཡིན་པས། རས་ལ་སོགས་པ་ནི། རས་བལ་ཕུབ་མ་ཞ་ཉེ་རྩ། །ཞེས་བྱ་བ་ལ་སོགས་པ་ཕོ་ཉ་བ་འོངས་པའི་སྐབས་སུ་བསྡུ་སྟེ། དེ་དག་ནི་མཐོང་ན་ཡང་མི་ཤིས་པ་ཡིན་ནོ། །དགྲ་བོ་མཐོང་བ་ནི་འདིར་དེའི་སྐབས་སུ་ཡིན་པས་སྨན་པའི་དགྲ་བོ་བཟུང་སྟེ་དེ་མཐོང་བ་ཡང་མི་ཤིས་སོ། །ཡང་དེ་བཞིན་དུ་མལ་སྟན་ཁ་སྦུབས་པ་ལ་


DTG201_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཐོང་བ་ཡང་མི་ཤིས་པ་ཡིན་པས། མཚན་མ་དེ་དག་མཐོང་ན་ཡང་གསོ་བའི་ལས་མི་བརྩམ་མོ། །སྐྱེས་བུའི་མིང་ཅན་བྱ་གཡོན་ནས། །བུད་མེད་མིང་ཅན་གཡས་འདུག་བཟང༌། །ཞེས་བྱ་བ་ལ། འདི་དག་ནི་ལྟས་བཟང་པོ་སྟེ། བྱ་སྐྱེས་པའི་མིང་ཅན་དང་པ་དང༌། ཏི་ཏི་ར་དང༌། པར་པ་ཏ་ཀ་ལ་སོགས་པ་སྟེ། དེ་ནི་གཡོན་ཕྱོགས་ན་གནས་ཤིང་སྐད་སྒྲོགས་པ་བཟང་ལ། བུད་མེད་ཀྱི་མིང་ཅན་ཤ་རི་བ་དང༌། །ལྗོན་མོ་ལ་སོགས་པ་ནི་གཡས་ན་འདུག་ཅིང་སྒྲ་འབྱིན་པ་བཟང་ངོ༌། །བྱ་དང་རི་དགས་གཡས་སྐོར་བཟང༌། །ཁྱི་དང་ཝ་ནི་དེ་ལྟ་མིན། །ཞེས་བྱ་བ་ལ། བྱ་དང་རི་དགས་རྣམས་ནི་གཡོན་ནས་གཡས་སུ་བསྐོར་ཏེ་འགྲོ་བ་བཟང་སྟེ། བྱ་ནི་ཙ་ཤ་དང་ཁུ་བྱུག་ལ་སོགས་པའོ། །རི་དགས་ནི་སྤྲ་ལ་སོགས་པའོ། །ཁྱི་དང་ཝ་ནི་དེ་ལྟར་འགྲོ་བ་བསྔགས་པ་མ་ཡིན་ཏེ། གཞན་དུ་གཡས་ནས་གཡོན་དུ་བསྐོར་ཏེ་འགྲོ་བ་བཟང་ངོ༌། །རི་དགས་རྣམས་ནི་ཟུང་མིན་ཤིས། །ཞེས་བྱ་བ་ལ། རི་དགས་རྣམས་ནི་ཟུང་དུ་མི་ཐེམ་པ་གཅིག་དང་གསུམ་དང་ལྔ་དང་བདུན་ལ་སོགས་པ་འགྲོ་བ་བཟང་ངོ༌། །ཙོ་ཤ་བྱ་རྒོད་ཁཉྫ་རི། །ནེའུ་ལེ་དང་རྨ་བྱ་རྣམས། །མཐོང་བ་རྟག་ཏུ་ཤིས་པ་ཡིན། །ཞེས་བྱ་བ་ལ། ཙོ་ཤ་དང་བྱ་རྒོད་ལ་སོགས་པ་མཐོང་བ་ནི། རྟག་ཏུ་ཤིས་ཤིང་བསྔགས་པ་ཡིན་ནོ། །འུག་པ་བྱི་ལ་སྦྲུལ་མཐོང་བ། །རྣམ་པ་ཀུན་ཏུ་ཤིས་མ་ཡིན། །ཞེས་བྱ་བ་ལ། འུག་པ་ལ་སོགས་པ་མཐོང་བ་ནི་རྣམ་པ་ཀུན་ཏུ་སྟེ། ཐམས་ཅད་ནས་ཐམས་ཅད་དུ་དགེ་བ་མ་ཡིན་ནོ། །གོ་ད་དང་ནི་རི་བོང་སྦྲུལ། །ཛ་བ་ཀ་ནི་མིང་ཐོས་དགེ །མཐོང་དང་སྒྲ་སྒྲོགས་མ་ཡིན་ནོ། །ཞེས་བྱ་བ་ལ། ཡང་འགྲོ་བའི་ཚེ་སྲོག་ཆགས་གོ་ད་ལ་སོགས་པའི་མིང་སྒྲོགས་པ་ཐོས་པ་ནི། དགེ་བ་ཡིན་གྱི། མཐོང་བ་དང་སྒྲ་སྒྲོགས་པ་ཐོས་པ་ནི་དགེ་བ་མ་ཡིན་ནོ། །དྲེད་དང་སྤྲེའུ་དེ་ལས་བཟློག །ཅེས་བྱ་བ་ལ། དྲེད་དང་སྤྲེའུ་དག་ནི་གོང་མ་དེ་ལས་བཟློག་པ་སྟེ། མཐོང་བ་དང་སྒྲ་སྒྲོགས་པ་ཐོས་པ་ནི་དགེ་བ་ཡིན་གྱི། མི་སྒྲོགས་པ་ཐོས་པ་ནི་དགེ་བ་མ་ཡིན་ནོ། །


DTG201_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བའི་ཕྱོགས་སུ་འཇའ་ཚོན་མཐོང༌། །མི་ཤིས་རྒྱབ་ཏུ་མཐོང་ན་ཤིས། །ཞེས་བྱ་བ་ལ། འཇའ་ཚོན་དཔྲལ་བའི་ཕྱོགས་ཀྱི་དྲང་ཐད་ན་མདུན་ན་གནས་པ་ནི་མི་ཤིས་པ་ཡིན་ལ། མདུན་དུ་ཕྱོགས་པ་མ་གཏོགས་པ་རྒྱབ་ཏུ་གནས་ཤིང་འཆར་བ་ནི་དགེ་ཞིང་ཤིས་པ་ཡིན་ནོ། །མེ་ཡིས་གང་བའི་སྣོད་དག་ནི། །ཆག་དང་ཁོང་སྟོང་གནས་པ་དང༌། །ཞེས་བྱ་བ་ལ། ལམ་དུ་འགྲོ་བ་ན་མེས་གང་བའི་སྣོད་ལྷུང་ཞིང་ཆག་པར་གྱུར་པའམ། ཁོང་སྟོང་དུ་གནས་ན་ནི་མི་ཤིས་པ་ཡིན་ནོ། །ནད་པ་འཆི་འགྱུར་ཁྱིམ་དུ་ནི། །སྨན་པ་འཇུག་པར་བྱེད་པའི་ཚེ། །ཞོ་སོགས་བཀྲ་ཤིས་འོག་ནས་བཤད། །གང་བའི་སྣོད་ཕྱིར་བྱུང་མཐོང་དང༌། །ཞེས་བྱ་བ་ལ། ནད་པ་འཆི་བར་འགྱུར་ཞིང་ཉེ་བར་སྲོག་དང་འབྲལ་བར་འགྱུར་བའི་ཁྱིམ་དུ་སྨན་པ་འཇུག་པར་བྱེད་པ་ན། དུས་དེ་ཉིད་ཀྱི་ནད་པའི་ཁྱིམ་ནས་ཞོ་དང་འབྲུ་ལ་སོགས་པས་གང་བའི་སྣོད་འོག་ནས་འབྱུང་བའི་བཀྲ་ཤིས་ཀྱི་རྫས་གང་ཡང་རུང་བ་ཕྱིར་འབྱུང་བར་མཐོང་ན་ཡང་མི་ཤིས་པ་ཡིན་ནོ། །ཕོ་ཉ་ལ་སོགས་མི་ཤིས་མཐོང༌། །དེ་ལྟའི་ནད་པ་སྤང་བར་བྱ། །དེ་ལས་གཞན་པར་སྙིང་རྗེའི་རྒྱུད། །དག་པས་འབད་དེ་གསོ་བར་བྱའོ། །ཞེས་བྱ་བ་ལ། ཕོ་ཉ་ལ་སོགས་པ་ཇི་སྐད་སྨོས་པ་ལྟ་བུ་བཀྲ་མི་ཤིས་པ་མཐོང་ན་ནད་པ་དེ་སྨན་པས་སྤང་བར་བྱ་ཞིང་གསོ་བར་མི་བྱའོ། །དེ་ལས་གཞན་པ་ཕོ་ཉ་ལ་སོགས་པ་བཀྲ་ཤིས་པའི་རྣམ་པ་མཐོང་ན། སྨན་པས་སྙིང་བརྩེ་ཞིང་ཕན་པར་འདོད་པས། སེམས་ཀྱི་རྒྱུད་དག་ཅིང་སྐྱོན་མེད་པར་བྱ་སྟེ། མ་ཡེངས་ཤིང་འབད་པས་ནད་དེ་གསོ་བར་བྱའོ། །ཞོ་འབྲུ་བུ་རམ་ཤིང་དང་ཁྲེ། །སྦྲང་རྩི་ཞུན་མར་པྲི་ཡང་ཀུ། །ནས་ཐུག་དངུལ་རྡོ་བུམ་པ་དང༌། །དྲིལ་བུ་མར་མེ་ཆུ་སྐྱེས་དང༌། །དཱུར་བ་ཉ་དང་ཤ་རློན་དང༌། །འབྲས་ཡོས་འབྲས་བུ་ཁ་ཟས་དང༌། །བུམ་པ་རིན་པོ་ཆེ་ཡིས་གང༌། །བུ་མོ་གཞོན་དང་ཤིང་རྟ་དང༌། །མི་ནི་གོ་འཕང་མཐོ་བ་དང༌། །ལྷ་རྣམས་དང་ནི་རྒྱལ་པོ་དང༌། །གོས་དཀར་གྱོན་དང་མེ་ཏོག་དཀར། །ཁྱིམ་དང་རྔ་ཡབ་རྟ་དཀར་མཐོང༌། །དམ་པ་བྲམ་ཟེ་གཙུག་ཏོར་དུང༌། །རྟ་བབས་དང་ནི་གཡུང་དྲུང་དང༌། ས་ནི་བརྐོས་


DTG201_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་དང༌། །མེ་ནི་རབ་ཏུ་འབར་བ་དང༌། །བཟའ་བཏུང་ཡིད་དུ་འོང་བ་དང༌། །མི་ཡིས་ཤིང་རྟ་ལེགས་གང་དང༌། །བ་ནི་བེའུ་དང་བཅས་པ་འམ། །རྒོད་མ་བུད་མེད་བུ་བཙས་དང༌། །ཤང་ཤང་ཏེའུ་ཤ་བཀྲ་དང༌། །དང་པ་ཁུ་བྱུག་རྨ་བྱ་དང༌། །ས་ར་ས་ནི་སྒྲ་སྙན་སྒྲོགས། །དེ་བཞིན་ཕྱུགས་གཅིག་བཏགས་པ་དང༌། །གདུ་བུ་མེ་ལོང་ཡུངས་ཀར་དང༌། །གི་ཝང་རྣམས་ནི་མཐོང་བ་དང༌། །བྱུག་པ་དྲི་ཞིམ་གྱིས་བྱུགས་དང༌། །ཁུ་བ་དཀར་ཞིང་མངར་བ་དང༌། །ཁྱུ་མཆོག་དེ་བཞིན་བ་ལང་རྣམས། །རྗེས་སུ་མཐུན་པའི་སྒྲ་སྒྲོགས་དང༌། །རི་དགས་བྱ་དང་མི་རྣམས་ནི། །ཡིད་འོང་སྒྲ་སྙན་སྨྲ་བ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང༌། །མངོན་པར་བསྟོད་པར་བྱེད་པ་དང༌། །རྫ་རྔ་དུང་དང་རྔ་བོ་ཆེ། །སྒྲ་དང་བཀྲ་ཤིས་སྒྲ་སྒྲོགས་པ། །བྲམ་ཟེ་རིག་བྱེད་འདོན་པ་དང༌། །བདེ་བའི་རླུང་ནི་རྗེས་མཐུན་རྒྱུ། །ལམ་དང་ཁྱིམ་དུ་འཇུག་ཚེ་ཡོད། །ནད་སོས་མཚན་ཉིད་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཞོ་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་མཐོང་བ་དང་རེག་པ་དང༌། མིས་ཐོགས་པ་དག་ལམ་དུ་འགྲོ་ཞིང་རྒྱུ་བ་དག་ཁྱིམ་གྱི་ནང་དུ་འགྲོ་བ་ཡོད་ན། ནད་པ་དེ་ནད་སོས་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །འབྲུ་ནི་ནས་ལ་བྱའོ། །ལ་ལ་ནི་འབྲས་ལ་བྱའོ། །ཞེས་ཟེར་རོ། །བུ་རམ་ཤིང་ནི་པོན་ད་ལ་སོགས་པ་སྦོམ་ཕྲས་ཕྱེ་བའོ། །ཁྲེ་ནི་འབྲུའི་ཁྱད་པར་རོ། །ཆུ་སྐྱེས་ནི་པདྨ་ལ་སོགས་པའོ། །ཉ་དང་ཤ་ནི་གཉི་ག་རློན་པའོ། །ཁ་ཟས་ནི་ཟས་གང་ཡང་རུང་བའོ། །རིན་པོ་ཆེ་ནི་བཻ་ཌཱུཪྻ་ལ་སོགས་པའོ། །མི་གོ་འཕང་མཐོ་བ་ནི་ཤེས་རབ་དང༌། ཐོས་པ་དང༌། གཏོང་བ་དང༌། དཔའ་རྩལ་དང༌། རྒྱལ་པོས་བཀུར་བ་ལ་སོགས་པའོ། །ཉིན་རེ་ཞིང་འཕེལ་ཞིང་རྒྱས་པའི་སྐྱེས་བུ་མཐོང་ན་ཡང་ཤིས་པ་ཡིན་ནོ། །དེ་བཞིན་དུ་ལྷའི་སྐུ་གཟུགས་མཐོང་བ་དང༌། རྒྱལ་པོ་མཐོང་བ་དང༌། གོས་དཀར་པོ་གོན་པ་དང༌། སུ་མ་ན་ལ་སོགས་པའི་མེ་ཏོག་དཀར་པོ་མཐོང་བ་ཡང་ཤིས་པ་ཡིན་ནོ། །དམ་པ་ནི་ཆོས་དང་ལྡན་པའི་སྐྱེས་བུའོ། །གཙུག་ཏོར་ནི་མགོ་ལ་སོགས་པའོ། །


DTG201_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་ནི་ལྷའི་ཁང་པ་ལ་སོགས་པའི་མདུན་དུ་ཤིང་རྒྱན་ཅན་བསྒྲེང་བའོ། །གཡུང་དྲུང་ནི་བཀྲ་ཤིས་ཞེས་བྱ་བའི་མཚན་མའོ། །ཤིང་རྟ་ལེགས་པར་གང་བ་ནི་བཀྲ་ཤིས་པར་གནས་པའོ། །ཕྱུགས་གཅིག་བཏགས་པ་ནི་ར་ལ་སོགས་པའི་ཕྱུགས་གཅིག་བརྟོད་པའོ། །གདུ་བུ་ནི་རྒྱན་གྱི་དམ་པའོ། །ཁྱུ་མཆོག་དང་བ་ལང་རྣམས་རྗེས་སུ་མཐུན་པའི་སྒྲ་སྒྲོགས་པ་ནི། ཁྲོས་ཤིང་འཁྲུགས་པའི་སྒྲ་མ་ཡིན་པའི་སྒྲ་འདོན་པའོ། །ཡང་དེ་བཞིན་དུ་རི་དགས་ལ་སོགས་པ་ཡིད་དུ་འོང་བའི་སྐད་སྒྲོགས་པ་ནི་བཀྲ་ཤིས་པར་སྨྲ་བའོ། །གདུགས་ལ་སོགས་པ་བསྒྲེང་བ་ནི་གྱེན་དུ་གདེགས་པའོ། །བ་དན་ནི་རྣམ་པར་རྒྱལ་བའི་བ་དན་ནོ། །དེ་བཞིན་དུ་མངོན་པར་བསྟོད་པ་ནི་གང་རྒྱལ་པོ་ལ་སོགས་པའི་འཁོར་གྱི་ཚོགས་བཀྲ་ཤིས་སྨྲ་བ་ལ་སོགས་པའོ། །རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲ་བའི་སྒྲ་དང༌། རྫ་རྔ་ལ་སོགས་པའི་སྒྲ་གྲག་པ་དང༌། དེ་བཞིན་དུ་བྲམ་ཟེ་རིག་བྱེད་འདོན་པའི་སྒྲ་གྲག་པ་དང༌། དེ་བཞིན་དུ་རླུང་རྩུབ་ཅིང་རྡུལ་ཅན་མ་ཡིན་པ་བདེ་བ་དང་ལྡན་ཞིང་རྗེས་སུ་མཐུན་པར་རྒྱུ་ཞིང་ལྡང་བ་སྟེ། དེ་དག་ཐམས་ཅད་མཐོང་བ་དང༌། རེག་པ་དང༌། སྨྲ་བའི་སྒྲ་སྒྲོགས་པ་བཀྲ་མི་ཤིས་པའི་རྣམ་པ་བསལ་ཞིང་སྤངས་ནས། ནད་སོས་པ་ལ་སོགས་པའི་ཡོན་ཏན་གྱི་མཆོག་སྟོན་པ་ཡིན་ནོ། །ཚིག་གི་དོན་གཞན་དག་ནི་གོ་བར་ཟད་དོ། །དེ་ལྟར་ཕོ་ཉ་དགེ་བཤད་ནས། དེ་འོག་རྨི་ལམ་བཤད་བྱ་སྟེ། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་ཚིག་གོ །ཕོ་ཉ་ནི་ཡ་མཚན་ཅན་ལ་སོགས་པའི་ཕོ་ཉའོ། །ཞོ་ལ་སོགས་པ་ནི་ལྟས་དགེ་བ་སྟེ། དེ་དག་བཤད་ནས། དེའི་འོག་ཏུ་རྨི་ལམ་གྱི་མཚན་མ་དགེ་བ་དང༌། མི་དགེ་བ་སྟོན་པར་བྱེད་པ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ནོ། །རྨི་ལམ་ཤི་བའི་མི་རྣམས་དང༌། །ལྷན་ཅིག་ཆང་འཐུང་ཁྱིས་དྲངས་གང༌། །མི་དེ་རིམས་ཀྱི་གཟུགས་ཅན་གྱི། །འཆི་བདག་གིས་ནི་མྱུར་ཁྱེར་འགྱུར། །ཞེས་བྱ་བ་ལ། མི་གང་ཞིག་ལེགས་པར་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སྔོན་ཆད་ཤི་བའི་མི་རྣམས་


DTG201_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ་ཆང་འཐུང་ཞིང་ཁྱིས་དྲངས་ཤིང་དྲུད་པར་རྨིས་པའི་མི་གང་ཡིན་པ་དེ་ནི། རིང་པོ་མི་ཐོགས་པར་རིམས་གྱི་གཟུགས་ཅན་གྱི་འཆི་བདག་གིས་ཁྱེར་ཞིང་དབང་དུ་འགྱུར་རོ། །ལུས་དང་གོས་དང་ཕྲེང་བ་དམར། །བུད་མེད་རྒོད་པས་དྲངས་རྨིས་གང། །དེ་ནི་ཁྲག་མཁྲིས་དག་གིས་འཆི། །ཞེས་བྱ་བ་ལ། ཡང་མི་གང་ཞིག་ལུས་ཀྱི་མདོག་དམར་བ་དང༌། ཕྲེང་བ་དམར་ཞིང་བུད་མེད་རྒོད་པས་དབང་མེད་པར་དྲངས་པར་རྨིས་ན་མི་དེ་ནི་ཁྲག་དང་མཁྲིས་པའི་འཆི་བདག་གིས་ཁྱེར་བར་འགྱུར་རོ། །མ་ཧེ་རྟ་ཕག་བོང་བུ་དང༌། །རྔ་མོ་ཞོན་ཏེ་ལྷོ་ཕྱོགས་འགྲོ། །དེ་ནི་གཅོང་ཆེན་ནད་ཀྱིས་འཆི། །ཞེས་བྱ་བ་ལ། ཡང་མི་གང་ཞིག་མ་ཧེ་ལ་སོགས་པ་གང་ཡང་རུང་བ་ལ་ཞོན་ཏེ་ལྷོ་ཕྱོགས་གཤིན་རྗེའི་གནས་སུ་འགྲོ་ན། དེ་ནི་གཅོང་ཆེན་པོའི་ནད་ཀྱིས་འཆི་བར་འགྱུར་རོ། །ལྕུག་མ་ཚེར་ཅན་འོད་མའམ། །ཏ་ལ་སྙིང་གར་སྐྱེས་པ་རྨི། །གང་ཡིན་དེ་ནི་སྐྲན་གྱིས་འཆི། །ཞེས་བྱ་བ་ལ། ཡང་མི་གང་ལྕུག་མ་ཚེར་མ་ཅན་སྙིང་གར་སྐྱེས་པ་རྨི་བའམ། འོད་མའམ། ཏ་ལའི་ཤིང་སྙིང་གར་སྐྱེས་པ་རྨི་ན་སྐྲན་གྱི་གཟུགས་ཅན་གྱི་འཆི་བདག་གིས་འཆི་བར་འགྱུར་རོ། །གང་ཞིག་མེ་ནི་མི་འབར་ལ། །སྦྱིན་སྲེག་བྱེད་ཅིང་མར་གྱིས་བསྐུས། །གཅེར་བུར་འདུག་དང་པདྨ་ནི། །སྙིང་གར་བྱུང་རྨི་མཛེ་ཡིས་འཆི། །ཞེས་བྱ་བ་ལ། ཡང་མི་གང་ཞིག་མེ་མི་འབར་བ་སྟེ། མེ་ལྕེ་མེད་པ་ལ་སྦྱིན་སྲེག་བྱེད་པར་རྨི་བ་དང༌། མར་གྱིས་ལུས་བསྐུས་ཤིང་གཅེར་བུར་འདུག་ལ། པདྨ་སྙིང་ག་ནས་བྱུང་ཞིང་སྐྱེ་བར་རྨིས་ན། དེ་མཛེ་ནད་ཀྱིས་འཆི་བའི་དུས་བྱེད་པར་འགྱུར་རོ། །གང་ཞིག་སྨེ་ཤ་ཅན་ལྷན་ཅིག །སྣུམ་མང་འཐུང་བར་རྨི་བ་དེ། །གཅིན་ནད་ཀྱིས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། ཡང་མི་གང་ཞིག་རིགས་ངན་སྨེ་ཤ་ཅན་གྱི་རིགས་དང་ལྷན་ཅིག་མར་དང༌། ཏིལ་མར་ལ་སོགས་པའི་སྣུམ་མང་པོ་འཐུང་བར་རྨིས་ན། དེ་གཅིན་ནད་ཀྱི་གཟུགས་ཅན་གྱི་འཆི་བདག་གིས་ཁྱེར་ཞིང་དབང་དུ་བྱས་པར་འགྱུར་རོ། །སྲིན་པོ་ལྷན་ཅིག་གར་བྱེད་ཅིང༌། །ཆུ་ལ་བྱིང་རྨི་སྨྱོ་བྱེད་འཛིན། །ཞེས་བྱ་བ་ལ།


DTG201_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་གང་ཞིག་སྲིན་པོ་རྣམས་དང་ལྷན་ཅིག་གར་གྱི་བྱ་བ་བྱེད་ཅིང་ཆུ་ལ་ནུབ་པ་རྨིས་ན། སྨྱོ་བྱེད་ཀྱི་གཟུགས་ཅན་གྱི་འཆི་བདག་གིས་ཁྱེར་བར་འགྱུར་རོ། །ར་རོ་གར་བྱེད་ཤི་བ་ཡི། །མིས་ཁྱེར་རྨི་བ་བརྗེད་བྱེད་འཛིན། །ཞེས་བྱ་བ་ལ། ཡང་གང་ཞིག་རྨི་ལམ་གྱི་ནང་དུ་ར་རོ་ཞིང་གར་བྱེད་ལ་འཆི་བའི་མིས་ཁྱེར་ཞིང་ཁྲིད་པར་རྨི་བ་དེ་བརྗེད་བྱེད་ཀྱི་གདོན་གྱིས་བཟུང་ནས་འཆི་བར་འགྱུར་རོ། །བོང་བུ་རྔ་མོ་བྱི་ལ་སྤྲེའུ། །སེང་གེ་སྟག་དང་ཁྭ་དག་དང༌། །ཝ་འམ་མི་རོ་ལ་ཞོན་རྨིས། །དེ་ནི་འཆི་བདག་ཁར་སོང་ཡིན། །ཞེས་བྱ་བ་ལ། ཡང་མི་གང་ཞིག་རྨི་ལམ་དུ་བོང་བུ་ལ་སོགས་པ་ལ་ཞོན་པ་རྨིས་པ་དེ་ནི་འཆི་བདག་གི་ཁའི་ནང་དུ་སོན་ཅིང་ཆུད་པ་ཡིན་ནོ། །སྣུམ་ཁུར་ཤ་ཁུ་ལི་ཟོས་རྨིས། །སད་ནས་དེ་འདྲ་སློན་གྱུར་པ། །གང་ཡིན་དེ་ནི་འཚོ་མི་འགྱུར། །ཞེས་བྱ་བ་ལ། ཡང་དག་གི་རྨི་ལམ་དུ་སྣུམ་ཁུར་ལ་སོགས་པ་ཟོས་པ་རྨིས་ནས། སད་པའི་འོག་ཏུ་སྣུམ་ཁུར་ལ་སོགས་པ་དེ་འདྲ་སློན་པར་གྱུར་ན་དེ་འཆི་བར་འགྱུར་རོ། །ཉི་ཟླ་གཟས་ཟིན་རྨིས་མིག་ན། །ཉི་མ་ཟླ་བ་ལྟུང་བ་ཡི། །རྨི་ལམ་མཐོང་ན་ལོང་བར་འགྱུར། །ཞེས་བྱ་བ་ལ། ཡང་གང་གི་རྨི་ལམ་དུ་ཉི་མ་དང་ཟླ་བ་གཟས་བཟུང་ཞིང་དམར་བ་རྨིས་ན། དེ་མིག་ནད་ཀྱིས་བཏབ་པར་འགྱུར་རོ། །ཡང་ཉི་མ་དང་ཟླ་བ་དེ་ཉིད་ས་ལ་ལྷུང་བ་རྨི་ལམ་དུ་མཐོང་བར་འགྱུར་ན། དེ་གཏན་དུ་ལོང་བར་འགྱུར་ཞིང་མཐོང་བ་ཉམས་པར་འགྱུར་རོ། །སྤྱི་བོར་འོད་མའི་ལྕུག་སོགས་སྐྱེས། །དེ་བཞིན་བྱ་རོག་ཚང་འཆའ་དང། །མགོ་བོ་ཆད་པར་རྨིས་པ་དང༌། །ཁྭ་དང་བྱ་རོག་སོགས་ཀྱིས་བསྐོར། །ཞེས་བྱ་བ་ལ། གང་དག་གི་རྨི་ལམ་དུ་འོད་མ་ལ་སོགས་པའི་ཤིང་གི་ལྕུག་མ་སྐྱེས་པ་ནས། བྱ་རོག་དང་འུག་པ་ལ་སོགས་པའི་སྲོག་ཆགས་ཀྱིས་བསྐོར་བའི་བར་དེ་དག་ཀྱང་མི་འཚོའོ། །དེ་བཞིན་ཡི་དྭགས་ཤ་ཟ་མ། །བྱད་མ་སྨེ་ཤ་ཅན་གྱིས་བསྐོར། །ཞེས་བྱ་བ་ལ། དེ་བཞིན་དུ་ཡི་དྭགས་ནས་སྨེ་ཤ་ཅན་གྱིས་བསྐོར་བ་རྨི་བ་ཡང་མི་འཚོའོ། །འོད་མའི་ཚལ་དང་ཚེར་མ་དང༌། །རྩྭ་ཡི་ཚང་ཚིང་ནང་དུ་ཆུད། །ཅེས་བྱ་བ་ལ། འོད་མའི་ཚལ་ལ་སོགས་པའི་ཚང་ཚིང་ཤིན་ཏུ་


DTG201_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྟུག་པའི་ནང་དུ་ཆུད་ཅིང་ཉམ་ཐག་པར་རྨིས་པ་ཡང་མི་འཚོའོ། །གཡང་སར་ལྷུང་དང་དུར་ཁྲོད་ཉལ། །ཕྱག་དར་ཐལ་བའི་ནང་དུ་ལྷུང༌། །ཞེས་བྱ་བ་ལ། གཡང་སའི་ཁྲོད་དུ་ལྷུང་བ་དང༌། དུར་ཁྲོད་དང་དུར་སའི་ནང་དུ་ཉལ་བར་རྨིས་པ་དང༌། ཕྱག་དར་རམ་ཐལ་བའི་ཕུང་པོའི་ནང་དུ་ལྷུང་བར་རྨིས་པ་དེ་ཡང་མི་འཚོའོ། །ཆུ་དང་འདམ་ལ་སོགས་པར་ནུབ། །ཆུ་རྒྱུན་གྱིས་ནི་མྱུར་དུ་ཁྱེར། །ཞེས་བྱ་བ་ལ། ཡང་མི་གང་ཞིག་ཆུ་ལ་སོགས་པའི་ནང་དུ་ནུབ་ཅིང་བྱིང་བའམ། ཆུ་རྒྱུན་འབབ་པའི་ཤུགས་ཀྱིས་མྱུར་དུ་ཁྱེར་བར་རྨི་ན་དེ་ཡང་མི་འཚོའོ། །གླུ་གར་དང་ནི་རོལ་མོ་དང༌། །གོས་དང་ཕྲེང་བ་དམར་པོ་འཆང༌། །ཞེས་བྱ་བ་ལ། ནད་པའི་རྨི་ལམ་དུ་གླུ་ལེན་པ་ལ་སོགས་པ་རྨི་ཞིང་གོས་ལ་སོགས་པ་དམར་པོ་འཆང་བ་ཡང་མི་ཤིས་ཏེ་འཆི་བར་འགྱུར་བ་ཡིན་ནོ། །ལུས་འཕེལ་ན་ཚོད་རྒས་པ་དང༌། །བག་མ་ལེན་ཞིང་ཁ་སྤུ་འདྲེག །ཅེས་བྱ་བ་ལ། ཡང་རྨི་ལམ་དུ་ལུས་ཀྱི་ཡན་ལག་འཕེལ་བ་དང༌། ན་ཚོད་རྒས་པ་དང༌། བག་མ་ལེན་ཅིང་འདུས་པ་དང༌། སྐྲ་དང་ཁ་སྤུ་འདྲེག་པ་རྨི་བ་ཡང་མི་ཤིས་པ་ཡིན་ནོ། །ཟས་བཙོས་སྣུམ་ཟ་ཆང་འཐུངས་དང། །སྐྱུགས་དང་འཁྲུ་བ་རྨི་བ་དང༌། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ཁ་ཟས་བཙོས་པ་དང༌། སྣུམ་བག་ཟ་བ་དང༌། ཆང་མང་པོ་འཐུངས་པ་དང༌། སྐྱུགས་པ་དང༌། འཁྲུ་བ་རྨི་བ་ཡང་མི་ཤིས་པ་ཡིན་ནོ། །ལྕགས་དང་གསེར་དག་རྙེད་པ་དང༌། །བཙོང་དང་རྩོད་ལས་ཕམ་པ་དང༌། །ཞེས་བྱ་བ་ལ། རྨི་ལམ་དུ་ལྕགས་དང་གསེར་གཉིས་རྙེད་པ་དང༌། བཙོང་བ་དང༌། རྩོད་ཅིང་འཐབ་པ་ལས་ཕམ་པར་འགྱུར་བ་རྨི་ན་ཡང་མི་དགེའོ། །མཆིལ་ལྷམ་གཉིས་ནི་སྟོར་བ་དང༌། །རྐང་པགས་ལྷུང་བ་རྨི་བ་དང༌། །ཞེས་བྱ་བ་ལ། ལྷམ་མམ་མཆིལ་ལྷམ་གཉིས་སྟོར་བ་རྨིས་པའམ། དེ་བཞིན་དུ་རྐང་པ་གཉིས་ཀྱི་པགས་པ་ས་ལ་ལྟུང་བར་རྨི་བ་ཡང་མི་དགེ་བ་ཡིན་ནོ། །ཤིན་ཏུ་དགའ་དང་རབ་ཁྲོས་པའི། །ཤི་བའི་གཉེན་གྱིས་སྤྱོས་པ་དང༌། །ཞེས་བྱ་བ་ལ། རྨི་ལམ་དུ་ཤིན་ཏུ་དགའ་ཞིང་རངས་པ་དང༌། རབ་ཏུ་


DTG201_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ཤིང་འཁྲུགས་པའི་སྔོན་ཆད་ཤི་བའི་ཉེ་དུ་ཕ་མ་ལ་སོགས་པས་ཡིད་སྤྱོས་པ་རྨིས་པ་ཡང་མི་དགེའོ། །མར་མེ་གཟའ་དང་སྐྲར་མ་དང༌། །སོ་མིག་ལྷ་ཡི་གཟུགས་རྣམས་ནི། །ལྷུང་བ་འམ་འཇིག་པ་རྨིས་པ་འམ། །རི་བོ་རལ་བར་གྱུར་པ་དང༌། །ཞེས་བྱ་བ་ལ། རྨི་ལམ་གྱི་ནང་དུ་མར་མེ་ལ་སོགས་པ་ལྷུང་ཞིང་འགྱེལ་བ་འམ། འཇིག་ཅིང་བརླག་པར་རྨིས་པ་ཡང་ཤིན་ཏུ་མི་དགེ་བ་ཡིན་ནོ། །དེ་བཞིན་དུ་རི་བོ་རལ་ཞིང་འཇིག་པ་རྨིས་པ་ཡང་མི་ཤིས་པ་ཡིན་ནོ། །ནགས་ཚལ་འབར་བའི་ནང་དང་ནི། །སྡིག་ཅན་ཁྱིམ་དུ་འཇུག་པ་དང༌། །རོ་བསྲེགས་པ་དང་མུན་པར་ཞུགས། །མ་ཡི་མངལ་དུ་ཞུགས་པ་དང༌། །ཞེས་བྱ་བ་ལ། ནགས་ཚལ་མེ་ཏོག་འབར་བའི་ནང་དུ་འཇུག་པ་དང༌། དེ་བཞིན་དུ་རྐུན་པོ་ལ་སོགས་པ་སྡིག་ཅན་གྱི་ཁྱིམ་དུ་འཇུག་པ་དང༌། དེ་བཞིན་དུ་རོ་བསྲེགས་པའི་གནས་དང༌། མུན་པར་ཞུགས་ཤིང་ཆུད་པ་དང༌། མའི་མངལ་དུ་སླར་ཞུགས་ཤིང་གནས་པར་རྨིས་པ་ཡང་རྨི་ལམ་མི་དགེ་བ་ཡིན་ནོ། །བྲག་དང་ཁང་པར་སར་ལྷུང་དང༌། །དེ་བཞིན་ཉ་ཡིས་མིད་པ་དང༌། །ཞེས་བྱ་བ་ལ། བྲག་གི་རྩེ་དང་ཁང་པ་བརྩེགས་མ་དང༌། གཞན་ཡང་དེ་ལྟ་བུའི་གནས་མཐོན་པོ་ནས་ལྷུང་བ་རྨིས་པ་དང༌། དེ་བཞིན་དུ་ཉས་མེད་ཅིང་ཟོས་པ་རྨིས་པ་ཡང་ཤིས་པ་མ་ཡིན་ནོ། །ཆོས་གོས་གྱོན་པའི་མི་སྲུན་དང༌། །གཅེར་བུ་དབྱུག་པ་ཐོགས་པ་དང༌། །མིག་དམར་ཁ་དོག་གནག་པ་ནི། །མཐོང་བ་གང་ཡང་ཤིས་མ་ཡིན། །ཞེས་བྱ་བ་ལ། ཆོས་གོས་ཚོན་ཅན་གྱོན་པ་དང༌། གཟུགས་ཤིན་ཏུ་མི་སྡུག་པ་དང༌། མི་སྲུན་པར་སྟོན་པ་དང༌། གཅེར་བུ་གོས་མེད་པ་དང༌། ལག་ན་དབྱུག་པ་ཐོགས་པ་དང༌། སྐྱེས་བུ་མིག་དམར་ཞིང་ཁ་དོག་ཤིན་ཏུ་གནག་པའི་གཟུགས་རྨི་ལམ་དུ་མཐོང་བ་སྟེ། དེ་དག་ནི་ནམ་ཡང་བཀྲ་ཤིས་ཤིང་དགེ་བར་འགྱུར་བ་མ་ཡིན་ནོ། །བུད་མེད་སྡིག་ཅན་གདོང་གནག་དང༌། །སྐྲ་དང་སེན་མོ་ནུ་མ་རིང༌། །གོས་དང་ཕྲེང་བ་དམར་པོ་ཐོགས། །རྨིས་པ་དུས་མཚན་ཡིན་པར་འདོད། །ཅེས་བྱ་བ་ལ། རྨི་ལམ་གྱི་ནང་དུ་བུད་མེད་སྡིག་ཅན་མི་སྲུན་པའི་


DTG201_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རས་ཅན་སྣག་ཚ་ལྟར་གནག་པ། སྐྲ་དང་སེན་མོ་དང་ནུ་མ་རིང་ཞིང་འཕྱང་བ། གོས་ལ་སོགས་པ་དམར་པོ་གྱོན་ཞིང་ཐོགས་པ་རྨི་ལམ་དུ་རྨིས་པ་ནི་དུས་མཚན་ཏེ། དེ་ནི་གཤིན་རྗེའི་འཁོར་དུས་མཚན་ཞེས་བྱ་བ་ཡིན་པར་སློབ་དཔོན་དག་འདོད་དོ། །ནད་ནི་སྟོབས་དང་ལྡན་པ་ཡིས། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་འགྱུར་ཏེ། །ནད་པ་འཆི་བར་འགྱུར་བ་ཡིན། །ནད་མེད་ཐེ་ཚོམ་བཅས་གྱུར་ཞིང༌། །འགའ་ཞིག་ཐར་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀྱི་དྲི་མ་སྟོབས་དང་ལྡན་ཞིང་ཤིན་ཏུ་ཤས་ཆེ་བར་གྱུར་པས། ཡིད་ཆེས་པར་བྱ་བ་སེམས་གང་དུ་འཇུག་ཅིང་རྒྱུ་བའི་བུ་གའི་རྒྱུན་སྲང་ནད་ཀྱིས་བཀག་ཅིང༌། གང་གི་ཕྱིར་མི་བཟད་ཅིང་གནོད་པ་བྱེད་ལ། བཀྲ་མི་ཤིས་པར་འགྱུར་བའི་རྨི་ལམ་མཐོང་བར་འགྱུར་ལ། དེ་ལྟ་བུ་གང་ཞིག་མཐོང་བ་དེ་ནད་ཀྱིས་ཉམ་ཐག་པའི་ནད་པ་ནི་འཆི་བར་འགྱུར་ལ། གང་ཞིག་ནད་མེད་ཅིང་ཐ་མལ་པར་གནས་པས་རྨི་ལམ་དེ་ལྟ་བུ་མཐོང་བར་གྱུར་ན། དུས་གཞན་ཞིག་ན་ནད་ཀྱིས་བཏབ་ནས་འཆི་བ་འམ་འཚོ་བ་གཏོལ་མེད་པའི་ཐེ་ཚོམ་དང་བཅས་པར་འགྱུར་ལ། དེ་ལས་ཀྱང་འགའ་ཞིག་རྨི་ལམ་ངན་པ་ཞི་བར་འགྱུར་བའི་རྒྱུ་བསྟེན་པའི་ཤུགས་ཀྱིས་འཆི་བ་ལས་ཐར་བར་འགྱུར་ཞིང་འཚོ་བར་འགྱུར་བ་ཡིན་ནོ། །མཐོང་དང་ཐོས་དང་ཉམས་མྱོང་དང༌། །གསོལ་བ་བཏབ་དང་བརྟགས་པ་དང༌། །འབྱུང་བར་འགྱུར་དང་ནད་ལས་བྱུང། །རྨི་ལམ་རྣམ་པ་བདུན་དུ་བཤད། །ཅེས་བྱ་བ་ལ། རྨི་ལམ་གྱི་དབྱེ་བ་ནི་མཐོང་བ་ལ་སོགས་པའི་རྣམ་པས་རྣམ་པ་བདུན་དུ་ཡོད་དོ། །དེ་ལ་མཐོང་བའི་རྨི་ལམ་ནི་གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མིག་གིས་མཐོང་ཞིང་ཉམས་སུ་མྱོང་བ་དེ་རྨི་ལམ་གྱི་གནས་སྐབས་སུ་དེ་འདྲ་བའི་རྣམ་པར་རྨིས་པ་མཐོང་བའོ། །ཐོས་པ་ནི་རྣ་བའི་དབང་པོས་སྒྲ་ཙམ་དུ་ཐོས་པའོ། །ཉམས་སུ་མྱོང་བ་ནི་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བའོ། །གསོལ་བ་བཏབ་པ་ནི། དོན་དུ་གཉེར་ཞིང་ཡིད་ལ་འདོད་པའི་དོན་གསོལ་བ་བཏབ་པའོ། །


DTG201_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བརྟགས་ཤིང་ཡིད་ལ་བྱེད་པའོ། །འབྱུང་བར་འགྱུར་བ་ནི་ཕྱིས་ངེས་པར་འབྱུང་བར་འགྱུར་བའོ། །ནད་ལས་བྱུང་བ་ནི་རླུང་དང༌། མཁྲིས་པ་དང་བད་ཀན་ལས་བྱུང་བར་གྱུར་པའོ། །དེ་ལས་དང་པོའི་ལྔ་པོ་དང། །རང་གི་རང་བཞིན་ཉིན་མོ་བརྗེད། །ཤིན་ཏུ་རིང་ཐུང་འབྲས་བུ་མེད། །ཆ་འདྲེས་པ་ཡི་རང་བཞིན་ཅན། །ཞེས་བྱ་བ་ལ། རྨི་ལམ་དེ་དག་གི་ནང་ནས། དང་པོའི་རྨི་ལམ་ལྔ་པོ་མཐོང་བ་ལ་སོགས་པ་ལྔ་ནི་འབྲས་བུ་མེད་ཅིང་མི་བདེན་པ་ཡིན་ནོ། །དེ་བཞིན་དུ་རང་གི་རང་བཞིན་གྱི་ནད་གཞི་ལས་བྱུང་བ་དང༌། རྗེས་སུ་མཐུན་པ་དེ་ཡང་འབྲས་བུ་མེད་པ་ཡིན་ཏེ། རླུང་གི་རང་བཞིན་ཅན་ལ་རླུང་གི་རང་བཞིན་དང་མཐུན་པ་རྨིས་པའི་རྨི་ལམ་དང༌། མཁྲིས་པའི་རང་བཞིན་ཅན་ལ་མཁྲིས་པ་དང་རྗེས་སུ་མཐུན་པའི་རྨི་ལམ་ནས། ཆ་འདྲེས་པའི་རང་བཞིན་ཅན་ལ། ཆ་འདྲེས་པའི་རང་བཞིན་ཅན་གྱི་རྨི་ལམ་རྨིས་པ་ཡང་དོན་མེད་པ་ཡིན་ནོ། །དེ་བཞིན་དུ་ཉིན་མོ་རྨིས་པ་ཡང་རྨིས་ནས་བརྗེད་པ་དང༌། ཤིན་ཏུ་ཡུན་རིང་པ་དང༌། ཤིན་ཏུ་ཡུན་ཐུང་བ་ཡང་འབྲས་བུ་མེད་པ་ཡིན་ནོ། །མཚན་སྟོད་རྨི་ལམ་འབྲས་བུ་རིང༌། །མཐོང་བ་ཆུང་ངུ་བྱེད་པ་ཡིན། །ཞེས་བྱ་བ་ལ། མཚན་སྟོད་ཕྱེད་པ་ཡན་ཆད་རྨི་ལམ་རྨིས་པ་ནི་དེའི་འབྲས་བུ་ཐག་རིང་བ་ཡིན་ལ། མཐོང་བ་དེ་ཡང་ཤས་ཆུང་ཞིང་མཐོང་བ་ཞན་པ་ཡིན་ནོ། །ནང་པར་མཐོང་དང་གཉིད་མ་ལོག །མི་མཐུན་གཏམ་གྱིས་བར་མ་ཆོད། །དེ་ཡི་ཉིན་པར་འབྲས་ཆེན་འགྱུར། །ཞེས་བྱ་བ་ལ། ནང་པར་བ་ལང་གཟས་ལ་གཏོང་བའི་ཚེ། རྨི་ལམ་མཐོང་བ་དེ་ནི། དེའི་ཉིན་པར་ཉིད་འབྲས་བུ་ཆེན་པོ་མཐོང་བ་ཡིན་ནོ། །ཡང་རྨི་ལམ་དེ་མཐོང་ནས་གཉིད་ཀྱིས་མ་ལོག་ཅིང་རྨི་ལམ་གཞན་གྱིས་བར་མ་ཆོད་པ་དང༌། དེ་བཞིན་དུ་དེ་དང་མི་མཐུན་པའི་ཚིག་གིས་ཆོད་པར་མ་གྱུར་ན། དེ་དེའི་ཉིན་པར་མཐོང་ཞིང་འབྲས་བུ་དང་ཡང་བཅས་པ་ཡིན་ནོ། །སྦྱིན་དང་སྦྱིན་སྲེག་ལ་སོགས་ཀྱིས། །རྨི་ལམ་འབྲས་བུ་ཆུང་བར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་རྨི་ལམ་ངན་པ་ཞིག་རྨིས་ན་


DTG201_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་དེ་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་ལ་སོགས་པ་བྱས་ན། རྨི་ལམ་ངན་པ་དེ་འབྲས་བུ་ཆུང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་བརྟུལ་ཞུགས་དང་གཙང་སྦྲ་དང་སེམས་ནང་དུ་འདུ་ཞིང་བསམ་གཏན་ལ་མཉམ་པར་འཇོག་པ་དང༌། ཏིང་ངེ་འཛིན་དང༌། བཀྲ་ཤིས་ཀྱི་ཆོ་ག་བྱས་པ་ལ་སོགས་པ་བསྡུའོ། །གང་ཞིག་རྨི་ལམ་ངན་མཐོང་ནས། །སླར་ཡང་གནས་སྐབས་དེ་ཉིད་དུ། །རྨི་ལམ་བཟང་པོ་མཐོང་གྱུར་ན། །འབྲས་བུ་བཟང་པོ་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ། གང་ཞིག་གིས་རྨི་ལམ་ངན་ཞིང་མི་དགེ་བ་མཐོང་ཞིང་རྨིས་ནས་ཡང་གནས་སྐབས་དེ་ཉིད་དུ་རྨི་ལམ་ངན་པའི་རྗེས་ལ་རྨི་ལམ་བཟང་ཞིང་དགེ་བར་གྱུར་པ་མཐོང་ན། སྐྱེས་བུ་དེས་འབྲས་བུ་བཟང་པོ་ཉིད་འཐོབ་པར་འགྱུར་གྱི། རྨི་ལམ་ངན་པའི་དབང་དུ་མི་འགྱུར་རོ། །ལྷ་དང་བྲམ་ཟེ་ཁྱུ་མཆོག་དང༌། །བ་ལང་རྒྱལ་པོ་མཛའ་བཤེས་གསོན། །སྐྱེས་བུ་དམ་པ་གྲགས་ལྡན་དང༌། །མེ་འབར་བ་དང་དངས་པའི་མཚོ། །བུ་མོ་ཁྱེའུ་སེར་བ་དང༌། །གོས་དཀར་གྱོན་ཞིང་མདངས་དང་ལྡན། །སྐྱེས་བུས་བཟའ་དང་ལུས་འབར་དང༌། །ཁྲག་གིས་ལུས་ཀུན་བྱུགས་པ་དག །གང་གིས་མཐོང་བར་གྱུར་པ་དང༌། །ཞེས་བྱ་བ་ལ། ལྷ་ལ་སོགས་པའི་རྨི་ལམ་བཟང་པོ་འདི་ལྟ་བུ་གང་གིས་མཐོང་བ་དེ་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །ལྷ་ནི་བརྒྱ་བྱིན་དང་ཆུ་ལྷ་ལ་སོགས་པའོ། །མཛའ་བཤེས་ནི་མཛའ་བོ་སྟེ་དེ་ཡང་གསོན་པོའོ། །སྐྱེས་བུ་དམ་པ་ནི་ཆོས་དང་ལྡན་པའི་ངང་ཚུལ་ཅན་ནོ། །གྲགས་ལྡན་ནི་སྙན་པས་ཀུན་ཏུ་ཁྱབ་པའི་མིའོ། །མེ་འབར་བ་ནི་ཤིང་མང་པོ་དང་བཅས་ཤིང་འབར་བའོ། །དངས་པའི་མཚོ་ནི་རྙོག་པ་མེད་པའི་མཚོའོ། །བུ་མོ་དང་ཁྱེའུ་ནི་ན་ཚོད་དང་པོ་ལ་གནས་པ་སྟེ། དེ་ཡང་ཁ་དོག་སེར་བ་དང༌། གོས་དཀར་པོ་གྱོན་ཞིང་མདངས་དང་ལྡན་ཞིང་གཟུགས་བཟང་བའོ། །སྐྱེས་བུ་ཟ་བ་ནི་མིའི་ཟས་ཟ་བའོ། །ལུས་འབར་བ་ནི་ལུས་མེའི་ཕུང་པོ་ལྟར་འབར་བའོ། །ཁྲག་གིས་ལུས་ཀུན་བསྒོས་པ་ནི་ཁྲག་གིས་བསྒོས་ཤིང་བྱུགས་པ་སྟེ། དེ་ལྟ་བུའི་རྣམ་པ་གང་གིས་རྨི་ལམ་དུ་མཐོང་བ་དེ་ནི་དགེ་བ་ཡིན་ནོ། །གདུགས་


DTG201_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤ་རློན་མེ་ལོང་དུག །སྣ་མ་དཀར་པོས་གོས་པ་དང༌། །མི་གཙང་གིས་བྱུགས་འབྲས་བུ་རྙེད། །ཅེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་རྨི་ལམ་གྱི་ནང་དུ་གདུགས་ལ་སོགས་པ་རྙེད་པ་རྨིས་པ་དེས་ཀྱང་ཚེ་རིང་བ་ལ་སོགས་པ་ཐོབ་བར་འགྱུར་རོ། །དུག་ནི་ཧ་ལ་ཧ་ལ་འམ་བཙན་དུག་ལ་སོགས་པའོ། །སྣ་མའི་མེ་ཏོག་དཀར་པོ་ནི་བར་བར་ན་ཁ་དོག་རྣམ་པ་བཞི་དང་ལྡན་པའོ། །མི་གཙང་བས་བྱུགས་པ་ནི་བཤང་བས་ལུས་ལ་བྱུགས་པའོ། །འབྲས་བུ་ནི་ཨ་མྲའི་ཤིང་ཐོག་དང༌། སྐྱུ་རུ་ར་དང༌། སྟརྒའི་འབྲས་བུ་ལ་སོགས་པའོ། །རི་བོ་ཁང་བཟངས་འབྲས་བཅས་ཤིང༌། །འཛེག་དང་སེང་གེ་གླང་ཆེན་རྨི། །རྟ་དང་བ་ལང་དག་ལ་ཞོན། །ཞེས་བྱ་བ་ལ། རྨི་ལམ་དུ་རི་བོར་འཛེག་པ་ལ་སོགས་པ་རྨིས་པ་ཡང་བདེ་བ་ཐོབ་པར་འགྱུར་རོ། །རི་བོ་ནི་བྲག་རིའོ། །ཁང་བཟངས་ནི་ཁང་པ་བརྩེགས་པའི་སྟེང་ངོ༌། །འབྲས་བུ་དང་བཅས་པའི་ཤིང་ནི་ཤིང་ཏོག་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་དག་ལ་འཛེག་པ་དང༌། ཆུ་བོ་མཚོ་བྲན་རྒྱ་མཚོ་བརྒལ། །ཞེས་བྱ་བ་ལ། ཡང་མི་གང་ཞིག་རྨི་ལམ་དུ་ཆུ་བོ་ལ་སོགས་པ་ལས་བརྒལ་ཞིང་ཐར་བར་རྨིས་པ་དེ་ཡང་བདེ་བ་ཐོབ་པར་འགྱུར་རོ། །ཤར་དང་བྱང་དུ་འགྲོ་བ་དང༌། །བགྲོད་མིན་འགྲོ་དང་ཤི་བ་དང༌། །ཞེས་བྱ་བ་ལ། ཡང་མི་གང་ཤར་རམ་བྱང་གི་ལམ་དུ་རྨི་ལམ་དུ་འགྲོ་བ་རྨི་བ་དང༌། བགྲོད་མིན་འགྲོ་བ་སྟེ། རང་དང་རིས་མི་མཐུན་པའམ། གདོལ་པ་ལ་སོགས་པ་སྤྱོད་པ་རྨིས་པ་དང། བདག་ཉིད་ཤི་བར་རྨི་བ་དེ་ཡང་ཚེ་རིང་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །ཉམ་ང་ལས་ཐར་ལྷ་རྣམས་དང༌། །ཕ་མས་མངོན་པར་བསྟོད་པ་དང༌། །ངུ་དང་ལྷུང་ལས་ལྡང་བ་དང༌། །དགྲ་བོ་ཕམ་པར་བྱས་པ་ནི། །གང་རྨིས་ཚེ་རིང་ནད་མེད་དང༌། །ནོར་མང་པོ་ནི་རྙེད་པར་འགྱུར། །ཞེས་བྱ་བ་ལ། ཡང་གང་ཞིག་ཉམ་ང་ཞིང་དགོས་པའི་གནས་ལས་ཐར་ཞིང་བྱུང་བ་དང༌། དེ་བཞིན་དུ་ལྷ་དང་ཕམ་ལ་སོགས་པས་རྨི་ལམ་གྱི་ནང་དུ་བསྟོད་པ་དང་བཀུར་བ་རྨི་བ་དང༌། ཡང་གང་ཞིག་ངུ་ཞིང་མཆི་མ་འབྱིན་པ་དང༌། དེ་བཞིན་དུ་ས་ལ་ལྷུང་ཞིང་འགྱེལ་བ་


DTG201_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡང་བ་དང༌། དེ་བཞིན་དུ་སྡང་བར་སེམས་པའི་དགྲ་བོ་ཕམ་པར་བྱས་པའི་རྨི་ལམ་སྐྱེས་བུ་གང་ཞིག་རྨིས་པར་བྱས་པ་དེ་ཚེ་སྟེ་སྲོག་གནས་པ་དང༌། ནད་མེད་པ་སྟེ་བདེ་བར་གནས་པ་དང༌། ནོར་དང་འབྱོར་པ་མང་པོ་རྙེད་ཅིང་ཐོབ་པར་འགྱུར་རོ། །དེ་བཞིན་ནད་པའི་གཡོག་འཁོར་ནི། །བཀྲ་ཤིས་ཆོ་ག་ཕུན་སུམ་ཚོགས། །དད་ལྡན་རྗེས་སུ་མཐུན་པ་དང༌། །ནོར་མང་བསྡུས་པར་གྱུར་པ་དང༌། །སྙིང་སྟོབས་མཚན་ཉིད་དང་ལྡན་ཞིང༌། །སྨན་པ་བྲམ་ཟེ་སོགས་ལ་གུས། །གསོ་དཔྱད་རྣམས་ལ་སྐྱོ་བ་མེད། །དེ་ནི་ནད་མེད་འགྱུར་མཚན་ཉིད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་ཉེ་དུ་དང་ཆུང་མ་དང་བྲན་ལ་སོགས་པའི་གཡོག་འཁོར་ཡོན་ཏན་དང་ལྡན་པ་དང༌། བཀྲ་ཤིས་ཤིང་དམ་པའི་སྤྱོད་པའི་ཆོ་གའི་རྗེས་སུ་མཐུན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། ནད་པ་དད་པ་དང་ལྡན་པས་སྨན་དཔྱད་བྱས་པས་ངའི་ནད་ལེགས་པར་སོས་སོ་ཞེས་ཡིད་ཆེས་པ་དང་ལྡན་པ་དང༌། དེ་བཞིན་དུ་སྨན་པའི་མན་ངག་དང་རྗེས་སུ་མཐུན་པར་བྱེད་ཅིང་གུས་པ་དང༌། དེ་བཞིན་དུ་ནོར་མང་དུ་བསྡུས་ཤིང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། སྙིང་སྟོབས་ཀྱི་མཚན་ཉིད་གཙང་སྦྲ་དང་ཡོད་པར་ལྟ་བ་ལ་སོགས་པ་དང་ལྡན་པ་དང༌། དེ་བཞིན་དུ་སྨན་པ་དང་བྲམ་ཟེ་ལ་སོགས་པ་ལ་གུས་ཤིང་འདུད་པ་དང༌། དེ་བཞིན་དུ་གསོ་དཔྱད་ཀྱི་སྦྱོར་བ་སྨན་བཏུང་བ་ལ་སོགས་པ་ལ་སྐྱོ་ཞིང་སྒྱིད་ལུག་པ་མེད་པ་སྟེ། འཁོར་དང་རང་གི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི་ནད་མེད་ཅིང་བདེ་བ་ཉིད་དུ་འགྱུར་བའི་མཚན་ཉིད་དམ་རྟགས་ཡིན་ནོ། །རྟག་ཏུ་ཤིས་པ་སྡུད་པ་དང༌། །བཀྲ་མི་ཤིས་པ་རྣམ་པར་སྤང༌། །འདི་དག་དེ་ཉིད་མཐོང་བ་ཡི། །དྲང་སྲོང་རྣམས་ཀྱིས་ཤིས་པར་བཤད། །ཅེས་བྱ་བ་ལ། ཡང་དུས་རྟག་ཏུ་བཀྲ་ཤིས་པར་འགྱུར་བའི་དངོས་པོ་སྡུད་ཅིང་ཉེ་བར་བསགས་པ་དང༌། བཀྲ་མི་ཤིས་པའི་དངོས་པོ་ཉེ་བར་སྤྱོད་པའི་མཚན་ཉིད་ཐམས་ཅད་ཉེ་བར་སྤོང་ཞིང་འདོར་བར་འགྱུར་བ་སྟེ། སྡུད་པ་དང་སྤང་བ་འདི་དག་ནི་དེ་ཁོ་ན་ཉིད་མཐོང་ཞིང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་


DTG201_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་རྣམས་ཀྱིས་བཀྲ་ཤིས་ཤིང་དགེ་བར་འགྱུར་བར་བཤད་པ་དེས་ཀྱང་ནད་མེད་པའི་མཚན་ཉིད་དུ་བཤད་དོ། །དེ་ལྟར་འདི་ནི་སྐྱེ་དང་འཆི། །མཚན་ཉིད་གང་ཕྱིར་བཤད་པས་ན། །དེ་ཕྱིར་ལུས་ཀྱི་གནས་ཡིན་པས། །འདི་ནི་ལུས་ཀྱི་གནས་སུ་བཤད། །ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པ་སྟེ། ལུས་ཀྱི་གནས་འདིར་ལུས་དེའི་སྐྱེ་བ་དང་འཆི་བའི་མཚན་ཉིད་གང་ཡིན་པ་གང་གི་ཕྱིར་བཤད་ཅིང་བསྟན་པ་ནས། རྒྱུ་དེའི་ཕྱིར་ལུས་ཀྱི་གནས་ཀྱི་སྐྱེ་བ་དང་འཆི་བ་ཡིན་པས། གནས་འདི་ནི་ལུས་ཀྱི་གནས་ཡིན་ནོ་ཞེས་བཤད་ཅིང་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།ལུས་ཀྱི་གནས་ཏེ་གནས་གཉིས་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། གོང་དུ་ནི་ལུས་ཐམས་ཅད་བཤད་པ་ཡིན་ལ། དེ་ལ་རིམས་ལ་སོགས་པའི་ནད་ཐམས་ཅད་འབྱུང་བར་འགྱུར་བས། དེ་རྣམ་པར་འཇིག་པས་ནད་གཞིའི་གནས་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ནད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནད་ཐམས་ཅད་དོ། །རྒྱུ་གང་གིས་ངེས་པར་འབྱིན་ཞིང་བསྐྱེད་ལ་འབྱུང་བར་འགྱུར་བ་ནི་ནད་གཞི་སྟེ། དེ་ལྟར་ན་ནད་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་བཤད་པར་བྱའོ་ཞེས་པའོ། །དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ལ་སོགས་པའི་སྐྲས་ཀྱང༌། ནད་དང་སྡིག་པ་རིམས་གནོད་བྱེད། །འགྱུར་བྱེད་སྡུག་བསྔལ་མ་ཞུའི་སྐྱོན། །ཟད་བྱེད་འཚོ་དཀའ་མཁུན་གནོད་སྐྱེད། །མིང་གི་རྣམ་གྲངས་སྒྲས་བཤད་དོ། །ཞེས་བྱ་བ་ལ། ནད་ལ་སོགས་པའི་སྒྲ་ནི་གཅིག་གིས་གཅིག་བཤད་པའི་རྣམ་གྲངས་ཚིག་དོན་


DTG201_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟོན་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ནད་ཅེས་བྱ་ཞེ་ན། སྡིག་པ་ལ་སོགས་པའི་མིང་གི་རྣམ་པས་སྡུག་བསྔལ་བ་ལ་སོགས་པའི་དོན་གྱིས་ན་ནད་ཅེས་བྱའོ། །ནད་གཞི་སྔར་བྱུང་ཚུལ་དང་ནི། །དེ་བཞིན་ཚུལ་ཕྱེད་གོམས་བྱེད་དང༌། །དཀྱིལ་གྱུར་ཤེས་པར་བྱེད་པ་སྟེ། །ནད་ནི་རྣམ་པ་ལྔར་ཤེས་བྱ། །ཞེས་བྱ་བ་ལ། ནད་རྣམས་ཀྱི་ཚུལ་ནི་ནད་གཞི་ལས་དཀྱིལ་དུ་གྱུར་པའི་བར་དུ་རྣམ་པ་ལྔར་ཤེས་ཤིང་རྟོགས་པར་བྱའོ། །དེ་དག་གི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། གཞི་དང་རྒྱུ་དང་སྐྱེ་མཆེད་དང༌། །རྐྱེན་དང་སློང་བར་བྱེད་པའི་རྒྱུ། །རྣམ་གྲངས་ཀྱིས་ནི་ནད་གཞིར་བཤད། །ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཀྱི་སྒྲ་འདི་དག་གིས་དང་པོ་ནད་གཞིའི་མཚན་ཉིད་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ། །གང་གིས་སྔར་བྱུང་ཚུལ་ཤེས་པས། །ནད་ནི་འབྱུང་བར་འདོད་འགྱུར་ལ། །བྱེ་བྲག་ཕྱེད་པར་མ་གྱུར་པ། །ནད་ཀྱི་ཚུལ་ནི་ཇི་བཞིན་པར། །ཆུང་ཕྱིར་མཚན་ཉིད་མི་གསལ་བའོ། །ཞེས་བྱ་བ་ལ། སྔར་བྱུང་བའི་ཚུལ་ལམ། རྟགས་གང་གིས་ནད་ཀྱི་གཞི་སྔར་བྱུང་བའི་ཚུལ་ཤེས་ཤིང་རྟོགས་པར་འགྱུར་བ་ནི་ནད་འབྱུང་ཞིང་ཕྱིས་མི་ལྡང་བར་ནི་འདོད་པར་འགྱུར་ལ། ནད་རླུང་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཕྱེད་ཅིང་གསལ་བར་མ་གྱུར་ལ། རིམས་ལ་སོགས་པའི་ནད་ཀྱི་ཚུལ་ཕྱིས་ཇི་ལྟ་བར་འབྱུང་བའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་དེའི་རྟགས་དང་མཚན་ཉིད་མི་གསལ་ཞིང་མངོན་དུ་མི་སྣང་བ་དེ་ནི་སྔར་བྱུང་བའི་ཚུལ་ཞེས་བྱའོ། །དེ་ཉིད་གསལ་བ་ཉིད་གྱུར་པ། །ཚུལ་ཕྱེད་པ་ཞེས་བྱ་བར་བཤད། །ཅེས་བྱ་བ་ལ། སྔར་བྱུང་བའི་ཚུལ་དེ་ཉིད་གསལ་ཞིང་བྱེ་བྲག་ཕྱེད་པར་གྱུར་པ་ལ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བར་བཤད་དོ། །དབྱིབས་དང་གསལ་མངོན་རྟགས་དང་ནི། །མཚན་ཉིད་མཚན་མ་རྣམས་ཡིན་ནོ། །ཞེས་བྱ་བ་ལ། ནད་ཀྱི་ཚུལ་ཕྱེད་པ་དེའི་མིང་གི་རྣམ་གྲངས་སྒྲའི་ཚུལ་གཞན་གྱིས་བསྟན་པ་ནི། །དབྱིབས་དང་གསལ་བ་ལ་སོགས་པའོ། །རྒྱུ་དང་ནད་དང་མི་མཐུན་ཞིང༌། །མི་མཐུན་པ་ཡི་དོན་བྱེད་པའི། །སྨན་དང་ཟས་དང་སྤྱོད་ལམ་རྣམས། །ཉེ་བར་


DTG201_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བས་བདེ་གྱུར་པ། །ཉམས་བརྟས་བྱེད་པར་ཤེས་བྱ་སྟེ། །དེ་ནི་གོམས་པ་ཞེས་བྱར་བཤད། །ཅེས་བྱ་བ་ལ། གོམས་ཤིང་བརྟེན་པར་བྱེད་པས་ན་གོམས་པ་སྟེ། ཉེ་བར་བསྒྱུར་བ་གང་གིས་ལུས་བདེ་བར་འགྱུར་བ་དེ་ལ་དྲང་སྲོང་རྣམས་ཀྱིས་གོམས་པ་ཞེས་བྱ་བར་བཤད་དོ། །གང་གིས་ཉེ་བར་བསྒྱུར་བ་གོམས་པ་ཞེ་ན། སྨན་ལ་སོགས་པ་སྟེ། སྨན་ནི་ཨ་རུ་ར་དང༌། སླེ་ཏྲེས་ལ་སོགས་པའོ། །ཟས་ནི་སཱ་ལུ་རྩ་སྣར་ལ་སོགས་པའོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེ་བར་སྤྱོད་པའི་ཁྱད་པར་ཏེ་རྩོལ་བ་དང༌། གཉིད་མ་ལོག་པ་དང༌། གླུ་དང་ཁ་ཏོན་འདོན་པ་དང༌། བསམ་གཏན་ལ་སོགས་པ་དང་ལྡན་པའོ། །དེ་དག་ཀྱང་ནད་ཀྱི་རྒྱུ་དང་ནད་དང་མི་མཐུན་པའི་དོན་བྱེད་ཅིང༌། ནད་གཞིར་འགྱུར་བའི་ཚུལ་ལས་གོ་བཟློག་པ་དང༌། དེ་བཞིན་དུ་ནད་ཀྱི་རྒྱུ་དེ་དག་དང་མི་མཐུན་པའི་དོན་བྱེད་པའོ། །ནད་ཀྱི་རྒྱུ་དང་མི་མཐུན་པར་བསྟེན་པ་ལ། རྒྱུ་དང་མི་མཐུན་པ་ནི་དཔེར་ན་རྟས་པར་བྱེད་པ་ལས་བྱུང་བའི་ནད་ལས་ཉམས་དམད་པ་དང༌། ཉམས་དམད་པ་ལས་བྱུང་བ་ལ་རྟས་པར་བྱེད་པ་དང༌། རྩུབ་པ་ལས་བྱུང་བ་སྣུམ་པ་དང༌། སྣུམ་པ་ལས་བྱུང་བ་ལ་རྩུབ་པར་བྱ་བ་དང༌། སྤྱོད་ལམ་མི་མཐུན་པ་ནི། གཉིད་ལོག་པ་ལས་བྱུང་བ་ལ་གཉིད་མ་ལོག་པར་བྱ་བ་དང༌། གཉིད་མ་ལོག་པ་ལས་བྱུང་བ་ལ་གཉིད་ལོག་པར་བྱ་བ་དང༌། འདུག་པ་ལས་བྱུང་བ་ལ་བརྩལ་བར་བྱ་བ་དང༌། བརྩལ་བ་ལས་བྱུང་བ་ལ་འདུག་པར་བྱ་བ་སྟེ། དེ་དག་ལ་སོགས་པ་ནི་རྒྱུ་དང་མི་མཐུན་པའོ། །ནད་དང་མི་མཐུན་པ་ནི་དཔེར་ན། རིམས་ནད་ལ་གླ་སྒང་དང་པར་པ་ཏ་ལ་སོགས་པ་སྦྱིན་པ་དང༌། གཅིན་ནད་ལ་སྐྱེར་པ་དང་ནས་ཐུག་ལ་སོགས་པ་སྦྱིན་པ་ལྟ་བུ་དང༌། སྤྱོད་ལམ་ནི་སྣུམ་གྱི་ཆོ་གའི་སྐབས་སུ་བཤད་པ་དང་འདྲ་བར་ཐམས་ཅད་གོ་བཟློག་པའོ། །མི་མཐུན་པའི་བྱེད་པ་ནི་དཔེར་ན་ཆང་ལས་བྱུང་བའི་ནད་ལ་ཆང་ཉིད་བྱིན་ན། ཆང་ལས་བྱུང་བའི་ནད་ཉེ་བར་ཞི་བར་འགྱུར་ཞིང་སྨན་དུ་འགྱུར་བ་དང༌། ཟས་ནི་དཔེར་ན་ཚད་པ་འཁྲུ་བའི་ནད་ལ། ནས་དང་མ་ཤ་དང་རྒྱ་སྣེའུ་ལ་སོགས་པ་བྱིན་པས་


DTG201_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་འགྱུར་བ་དང༌། སྤྱོད་ལམ་ནི་དཔེར་ན་མེས་ཚིག་པ་ལ་མེས་བསྲོ་བ་ཉིད་ཕན་པ་ལྟ་བུ་དང༌། གཞན་ཡང་དཔེར་ན་སྐྱུགས་པའི་ནད་ལ་སྐྱུག་སྨན་བཏང་བ་དང༌། ཁ་ཟས་ཀྱང་དེ་འབྱིན་པར་བྱེད་པས་སཱ་ལུ་ལ་སོགས་པ་བྱིན་པ་དང༌། སྤྱོད་ལམ་ནི་སོར་མོ་དང་ཨུཏྤ་ལའི་ཆུ་ལ་སོགས་པས་སློན་དུ་གཞུག་པ་ལྟ་བུ་དེ་ལ་ནི་ཉེ་བར་བསྒྱུར་བས་བདེ་བར་འགྱུར་བའི་གོམས་པ་ཞེས་བྱ་སྟེ། གང་གི་ཕྱིར་དེ་ཉིད་གོམས་པ་ནི་ནད་ཞི་བར་བྱེད་པས་ན་གོམས་པ་ཞེས་བྱའོ། །དེ་ལས་བཟློག་པའི་མ་གོམས་ནད། །མི་འཕྲོད་ནད་ཅེས་བྱ་བའོ། །ཞེས་བྱ་བ་ལ། གོང་མ་དེ་ལས་བཟློག་པ་མ་གཏོགས་པ་སྟེ། གོམས་པའི་མཚན་ཉིད་ཇི་སྐད་དུ་བསྟན་པའི་ཉེ་བར་བསྒྱུར་བ་དེ་དང་མི་མཐུན་པ་དང༌། སྨན་ལ་སོགས་པ་བསྟེན་པས་སྡུག་བསྔལ་ཐོབ་པར་འགྱུར་ཞིང་བདེ་བ་ལས་ཉམས་པར་བྱེད་པ་དེ་ལ་ནི་མི་འཕྲོད་པ་ཞེས་བྱ་སྟེ། དེ་ཉིད་ནི་མ་གོམས་པའི་ནད་ཅེས་བྱའོ། །གང་གིས་ནད་ནི་དཀྱེལ་གྱུར་པས། །ཇི་བཞིན་རྗེས་སུ་འཕེལ་འགྱུར་ཞིང༌། །ནད་རྣམས་རྫོགས་ཤིང་མངོན་གྱུར་པ། །སྐྱེས་ཤིང་འོངས་པ་དཀྱེལ་གྱུར་ཡིན། །ཞེས་བྱ་བ་ལ། རྣམ་པ་གང་གིས་རླུང་ལ་སོགས་པའི་ནད་དཀྱེལ་དུ་གྱུར་ཅིང་སོགས་པ་དང༌། ཇི་ལྟ་བ་བཞིན་དུ་རྗེས་སུ་འཕེལ་ཞིང་ཤས་ཆེར་སྐྱི་བར་འགྱུར་བས་ནད་ཀྱི་ཚུལ་ལམ་དབྱིབས་ཀྱི་ཁྱད་པར་སོ་སོར་སྐྱེས་ཤིང་ནད་རྣམས་རྫོགས་པར་གྱུར་ནས། མངོན་དུ་གྱུར་པ་དེ་ལ་ནི་དཀྱེལ་སྐྱེས་པ་ཞེས་བྱའོ། །ཡང་དེ་ཉིད་ནི་སྐྱེས་ཤིང་འོངས་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་ནི་གྲངས་བརྟག་གཙོ་བོ་དང༌། །སྟོབས་དང་དུས་ཀྱིས་ཕྱེ་བ་ཡིན། །ཞེས་བྱ་བ་ལ། དཀྱེལ་སྐྱེས་པ་ནི་གྲངས་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་གྱུར་པ་ཡིན་ནོ། །གྲངས་ནི་ཇི་ལྟར་འདི་ཉིད་ལས། །རིམ་ནི་བརྒྱད་དུ་བཤད་པ་ཡིན། །ཞེས་བྱ་བ་ལ། དབྱེ་བ་དེ་ཡང་ཇི་ལྟར་ན་ནད་གཞི་བསྟན་པ་འདི་ཉིད་ལས་རིམ་རྣམ་པ་བརྒྱད་ཡོད་པར་བཤད་པ་ལྟ་བུ་ནི་རེ་ཞིག་གྲངས་ཀྱི་རྣམ་པ་བཤད་པ་ཡིན་ཏེ། དེ་ཡང་དེ་བཞིན་དུ་ཁྲག་དང་མཁྲིས་པ་ནི་རྣམ་པ་གསུམ་དང༌།


DTG201_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལུད་པ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཡིན་པར་ཤེས་པར་བྱའོ། །ནད་རྣམས་སྤྱིར་ནི་བསྡུས་བ་ལས། །ཆ་ཤས་དབྱེ་བ་བརྟག་པ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཐ་མི་དད་པ་སྤྱིར་གཅིག་ཏུ་བསྡུས་པ་ལས་ཆ་ཤས་སུ་དབྱེ་ཞིང་ཆ་རེ་རེ་བགོས་པ་ནི་བརྟག་པ་ཞེས་བྱའོ། །རང་དབང་གཞན་དབང་གཉིས་ལས་ནི། །ནད་རྣམས་གཙོ་བོར་བཤད་པ་ཡིན། །ཞེས་བྱ་བ་ལ། རང་དང་གཞན་གྱི་དབང་དུ་ཞེས་བྱ་བ་རྗེས་སུ་འབྲེལ་པ་ཡོད་པ་དང༌། རྗེས་སུ་འབྲེལ་པ་མེད་པའི་ཚུལ་རྣམ་པ་གཉིས་ལས་ནད་རྣམས་ལ་གཙོ་བོར་གྱུར་པ་ཞེས་བཤད་པ་ཡིན་ནོ། །རྒྱུ་སོགས་མ་ལུས་ཕྱོགས་གཅིག་ལས། །སྟོབས་ནི་ཆེ་ཆུང་ཤེས་པར་བྱ། །ཞེས་བྱ་བ་ལ། ནད་ཀྱི་རྒྱུ་ནི་ནད་གཞི་སྔར་བྱུང་བའི་ཚུལ་དང༌། ཚུལ་ཕྱེད་པ་དང༌། གོམས་པ་རྣམས་མ་ལུས་པ་འམ། ཕྱོགས་གཅིག་ལས་སྟོབས་ཆེ་ཆུང་གི་བྱེ་བྲག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། ནད་གཞི་ལ་སོགས་པ་བཞི་པོ་དེ་དག་ལས་མ་ལུས་པའི་ཁྱད་པར་ཐ་དད་པར་འགྱུར་རོ། །ནད་རེ་རེ་ཞིང་བསྟན་བཅོས་རྩོམ་པར་བྱེད་པས་ནད་ཀྱི་རྒྱུར་བཤད་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མ་ལུས་པར་ནད་སྐྱེད་པར་བྱེད་པའི་ཡན་ལག་ཏུ་གྱུར་པ་ཡིན་ནམ། འོན་ཏེ་ཕྱོགས་གཅིག་གིས་ཀྱང་ནད་སྐྱེད་པར་འགྱུར། དེ་བཞིན་དུ་མཚན་ཉིད་ཀྱང་རྣམ་པ་ཐམས་ཅད་དུ་རྫོགས་པ་ཡིན་ནམ། མ་རྫོགས་པ་ཡོད་ཅེས་རྟོགས་ན། དེའི་ཕྱིར་སྨྲས་པ་ནི། ཉིན་མཚན་དུས་དང་ཟས་ཟོས་ཆས། །ཉེས་པ་ཇི་བཞིན་ནད་ཀྱི་དུས། །ཞེས་བྱ་བ་ལ། ཉིན་མོ་དང་མཚན་མོ་དང་དུས་དང་ཟས་ཟོས་པ་ནི་ཉིན་མཚན་དུས་དང་ཟས་ཟོས་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ཆ་ནི་ཆ་ཤས་ཏེ། དེས་ཉེས་པ་ཇི་ལྟར་འབྱུང་བ་ནི་ནད་ཀྱི་དུས་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་ན་དུས་ཀྱི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །དེ་ལྟར་ནད་གཞིའི་དོན་བཤད་ནས། །ཞེས་བྱ་བ་ལ། དེ་ལྟར་མདོར་བསྡུས་པའི་རྣམ་པ་འདིས་ནད་གཞི་ཞེས་བྱ་བའི་ཚིག་གི་དོན་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ནི་རྒྱས་པར་བཤད་པར་བྱ། །ཞེས་བྱ་བ་ལ། ནད་གཞིའི་དོན་དེ་འོག་ནས་གཞུང་


DTG201_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པར་བྱེད་པས་རྒྱ་ཆེར་སྟོན་ཅིང་འཆད་པ་ཡིན་ནོ། །ནད་རྣམས་ཀུན་གྱི་ནད་གཞི་ནི། །ནད་ནི་འཁྲུགས་པར་གྱུར་པ་ཡིན། །ཞེས་བྱ་བ་ལ། གནོད་པར་གྱུར་པའི་ནད་མ་ལུས་པ་ཀུན་གྱི་རྒྱུ་འམ་གཞི་ནི་རླུང་དང་མཁྲིས་པ་དང་བད་ཀན་ཏེ། ནད་ཀྱི་སྐྱོན་གསུམ་པོ་འཁྲུགས་ཤིང་གཡོས་པར་གྱུར་པ་ལས་ལྡང་ཞིང་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ནི་གནོད་འགྱུར་སྣ་ཚོགས་པ། །བསྟེན་པས་ལྡང་བར་འགྱུར་བར་བཤད། །ཅེས་བྱ་བ་ལ། དེ་རྣམས་ལྡང་བའི་རྒྱུ་ནི་ཟས་དང་སྤྱོད་ལམ་ལ་སོགས་པ་གནོད་པར་འགྱུར་བ་རྣམ་པ་སྣ་ཚོགས་པ་བསྟེན་པས་རླུང་ལ་སོགས་པའི་ནད་ལྡང་ཞིང་འབྱུང་བར་འགྱུར་རོ། །གསུམ་པོའི་སྦྱོར་བ་རྣམ་པ་གསུམ། །གནོད་འགྱུར་སྔར་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་གསུམ་པོའི་སྦྱོར་བ་རྣམ་པ་གསུམ་པོ་ཆུང་བ་དང༌། ལོག་པ་དང༌། དྲག་པའི་མཚན་ཉིད་གནོད་པར་འགྱུར་བ་སྔར་མདོའི་གནས་ཀྱི་སྐབས་སུ་བཤད་པ་ཡིན་ནོ། །ཁ་དང་ཚ་དང་བསྐ་ཅུང་ཟད། །རྩུབ་དང་བཅུད་མེད་སྲ་བ་དང༌། །བཀག་དང་ནན་གྱིས་བཙིར་བ་དང༌། །མཚན་མོ་མི་ཉལ་སྐད་ཆེར་སྨྲ། །སྦྱངས་པའི་སྦྱོར་དྲགས་མྱ་ངན་འཇིགས། །སེམས་ལས་དྲག་ཤུལ་བུད་མེད་དྲགས། །སོ་ག་ཉིན་མཚན་ཟས་ཞུའི་རྗེས། །རླུང་གི་ནད་ནི་ལྡང་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་རླུང་གི་ནད་ནི་ཁ་བ་དང་ཚ་བ་ལ་སོགས་པས་ལྡང་ཞིང་འཁྲུགས་པར་འགྱུར་རོ། །ཆུང་དུ་ཟ་བ་ནི་ཅུང་ཟད་ཟའོ། །བཅུད་མེད་པར་ཟ་བ་ནི་བརྔ་ཞིང་བཏུ་བའི་དུས་ལས་ཡོལ་བའི་འབྲུ་གང་ཡིན་པ་དེ་ནི་བཅུད་མེད་པ་ཞེས་བྱ་སྟེ། དེ་ཡང་ལུང་ལས། འབྲུ་ནི་མ་སྨིན་ཐལ་ཆེས་པ། །བཅུད་མེད་ཟས་ནི་ཡིན་ཞེས་བྱ། །ཞེས་བཤད་པ་ཡིན་ནོ། །བཀག་པ་ནི་བཤང་གཅི་ལ་སོགས་པ་འབྱུང་བའི་ཤུགས་བཀག་པའོ། །ནན་གྱིས་བཙིར་བ་ནི་དེ་རྣམས་མི་འབྱུང་བཞིན་དུ་བཙིར་བའོ། །མཚན་མོ་མི་ཉལ་བ་ནི་མཚན་མོ་གཉིད་མ་ལོག་པའོ། །སྐད་ཆེར་སྨྲ་བ་ནི་གསང་ཆེ་ཞིང་ང་རོ་ཆེན་པོ་དང་སྨྲ་བའོ། །སྦྱངས་པའི་སྦྱོར་བ་དྲགས་པ་ནི་སློན་སྨན་ལ་སོགས་པའི་སྦྱོར་བ་དྲགས་པའོ། །མྱ་ངན་ནི་


DTG201_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གདུང་བ་སྟེ། དེ་དག་ལ་སོགས་པས་རླུང་ནད་ལྡང་བར་འགྱུར་རོ། །དེ་ཡང་དུས་ནི་སོ་གའི་རྗེས་ཏེ་དབྱར་གྱི་དུས་དང༌། དེ་བཞིན་དུ་ཉིན་མོའི་རྗེས་ཏེ་དགོངས་ཀ་དང༌། མཚན་མོའི་རྗེས་ཏེ་ཐོ་རངས་དང༌། ཟས་ཞུ་བའི་རྗེས་ཏེ་ཁ་ཟས་ཞུ་ཟིན་པའི་རྗེས་ལ་རླུང་གི་ནད་ལྡང་ཞིང་འཁྲུགས་པར་བྱེད་དོ། །མཁྲིས་པ་ཚ་དང་སྐྱུར་དང་རྣོ། །ལན་ཚྭ་བྲོ་དང་ལུས་ཚ་དང༌། །སྟོན་ཀ་ཉིན་ཕྱེད་མཚན་ཕྱེད་དང༌། །ཚ་བའི་དུས་སུ་ལྡང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་སྨན་ཚ་བ་དང་སྐྱུར་བ་ལ་སོགས་པས་ལྡང་ཞིང་འཁྲུགས་པར་འགྱུར་རོ། །ཚ་བའི་དུས་སུ་ནི་ཁ་ཟས་ཚ་ཞིང་སྨིན་ཏེ་སྐྱུར་པོར་གྱུར་པའི་སྐབས་ལ་བྱའོ། །མངར་སྐྱུར་ལན་ཚྭ་སྣུམ་པ་དང༌། །ལྕི་དང་བད་ཀན་སྐྱེད་བསིལ་དང༌། །འདུག་དང་བདེ་དང་གཉིད་མ་ཞུ། །ཉིན་པར་གཉིད་ལོག་བརྟས་དྲགས་དང༌། །སློན་སོགས་སྦྱོར་བ་ཉེས་པ་དང༌། །ཟོས་མ་ཐག་དང་དཔྱིད་ཀྱི་དུས། །སྔ་དྲོ་མཚན་སྟོད་བད་ཀན་ལྡང༌། །ཞེས་བྱ་བ་ལ། བད་ཀན་གྱི་ནད་ནི་རོ་མངར་བ་ལ་སོགས་པས་ལྡང་ཞིང་འཁྲུགས་པར་བྱེད་པར་འགྱུར་རོ། །འདུག་བཞིན་པ་ནི་ལས་ཀྱི་བྱ་བ་སྤངས་ཏེ་གནས་པའོ། །སློན་པ་ལ་སོགས་པའི་སྦྱོར་བ་ཉེས་པ་ནི་ལོག་པར་འགྱུར་རོ། །ཟོས་མ་ཐག་པ་ནི་ཟས་ཟོས་ནས་མངར་པོར་གྱུར་པའི་སྐབས་དང༌། དཔྱིད་ལ་སོགས་པའི་དུས་སུ་ཡང་བད་ཀན་ལྡང་ཞིང་འཁྲུགས་པར་འགྱུར་རོ། །འདྲེས་པ་ལ་ནི་ལྡན་པ་ཡིན། །ཞེས་བྱ་བ་ལ། སྔར་བཤད་པའི་རྒྱུ་དེ་དག་ཆ་འདྲེས་པར་གྱུར་པ་ལས་ལྡན་པ་སྟེ། རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་འདྲེན་མ་ལྡང་བ་ཡིན་ནོ། །ཐམས་ཅད་བསྟེན་ལས་འདུས་པར་འགྱུར། །ཞེས་བྱ་བ་ལ། སྔར་བཤད་པའི་རྒྱུ་ཁབ་དང་ཚ་བ་དང་མངར་བ་ལ་སོགས་པ་ཐམས་ཅད་མ་ལུས་པར་བསྟེན་པ་ལས་རླུང་དང་བད་ཀན་དང་མཁྲིས་པ་གསུམ་འདུས་པའི་ནད་ལྡང་བར་འགྱུར་རོ། །དེ་བཞིན་གཞན་ཡང་འདྲེས་མར་ཟོས། །མ་ཞུ་མ་སྙོམས་མི་འཕྲོད་དང༌། །ལྷག་པར་ཟོས་པ་ལ་སོགས་དང༌། །ཆང་དང་བཏུང་བ་ཉེས་པ་དང༌། །ཚོད་མ་སྐམ་དང་ལ་ཕུག་རྗེན། །ཏིལ་ཚིགས་ས་ཞག་སོ་བའི་ཆང༌། །


DTG201_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུལ་ཤ་སྐམ་ཤ་རིད་རྣམས། །དེ་དང་དེ་ཡིས་ཉེས་གསུམ་སྐྱེད། །དེ་བཞིན་ཁ་ཟས་སྦོས་པ་དང༌། །དུས་ཚིགས་ལོག་པ་བདུན་གྱི་རླུང༌། །གདོན་ཞུགས་དུག་དང་དབྱིག་དུག་ཟོས། །བེའུ་སྣབས་ནད་འཁྲུགས་རི་རྩར་གནས། །བཙས་སྐར་ལ་ནི་གཟའ་ཞུགས་དང༌། །ལོག་པར་སྦྱོར་བ་ཐམས་ཅད་དང༌། །སྡིག་པའི་ལས་ལ་བརྟེན་པ་དང༌། །བུད་མེད་བུ་བཙས་ལོག་པར་བྱུང༌། །གསོ་བ་ལོག་པར་བྱས་ལས་ལྡང༌། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྔར་བཤད་པ་དེ་དག་བསྟེན་ཅིང་སྤྱད་པ་ལས་འདུས་པའི་ནད་ལྡང་བར་འགྱུར་བར་མ་ཟད་ཀྱི། འདྲེན་མར་ཟོས་པ་ལ་སོགས་པ་འདི་དག་གིས་ཀྱང་འདུས་པའི་ནད་ལྡང་བར་འགྱུར་རོ། །ཟོས་པ་ནི་ཚིག་ཀུན་དང་སྦྱར་ཏེ་འདྲེན་མར་ཟ་བ་ནི་འཕྲོད་པ་དང་མི་འཕྲོད་པ་དང་གནོད་པ་ཅན་དྲི་མ་ཅན་ཟོས་པའོ། །མ་ཞུ་བ་ནི་ཁ་ཟས་སྔ་མ་མ་ཞུ་བར་ཟོས་པའོ། །མི་སྙོམས་པར་ཟ་བ་ནི་ཟས་ཀྱི་དུས་ལ་བབ་པའམ། དུས་ལས་མ་ཡོལ་བའམ། ཚད་ལས་ལྷག་པའམ། ཚད་ལས་ཆུང་དུ་ཟོས་པའམ། མི་འཕྲོད་པ་ནི་རི་བོང་གི་ཤ་དང་ལ་བུག་རློན་པ་དུས་གཅིག་ཟོས་པའམ། ཉ་དང་འོ་མ་ལྷན་ཅིག་ཟོས་པ་ལ་སོགས་པའོ། །ཟས་ལྷག་པར་ཟ་བ་ནི་འགྲངས་ཤིང་ཟོས་པའི་རྗེས་ལ་ཟོས་པའོ། །ཉེས་པའི་ཆང་ནི་ཁ་དོག་དང་བྲི་དང་རོ་ལ་སོགས་པའི་ཉེས་པ་སྟེ། ཕལ་ཆེར་རུལ་ཞིང་དྲི་མི་ཞིམ་པ་ལ་སོགས་པའོ། །དེ་བཞིན་དུ་བཏུང་བའི་རྣམ་པ་གཞན་ཡང་རུལ་ཞིང་ཁ་དོག་ལ་སོགས་པའི་ཉེས་པ་དང་ལྡན་པའོ། །ཚོད་མ་སྐམ་པོ་ནི་རྒྱ་སྣེའུ་ལ་སོགས་པའི་ཚོད་མ་སྐམ་པོའོ། །ཏིལ་ཚིགས་ནི་ཏིལ་གྱི་འབའ་ཚའོ། །ས་ཞག་དང་སོ་བའི་ཆང་ནི་ས་དང་སོ་བ་འདྲེས་པ་ལས་ཆང་དུ་བྱས་པའོ། །ཡང་ཤའི་རྣམ་པ་རུལ་ཞིང་ཞིག་པ་དང༌། སྐམ་ཞིང་ཁུ་བཅུད་མེད་པ་དང༌། རིད་པ་སྟེ་རུས་པ་དང་རྩ་རྒྱུས་ཙམ་ལུས་པ་ཟོས་པ་དང༌། གཞན་ཡང་འདིར་མ་སྨོས་སུ་ཟིན་ཀྱང་དེ་ལྟ་བུ་ནད་སྐྱེད་པར་བྱེད་པའི་རྣམ་པ་འདི་དག་དང་ཆ་འདྲ་བ་དག་གིས་ཀྱང་ངེས་པར་གསུམ་འདུས་པ་ཞེས་བྱ་བའི་ནད་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་ཁ་ཟས་སྤོས་པ་སྟེ་སྔར་གང་ལ་གོམས་


DTG201_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་ཟས་སྤངས་ནས་གཞན་ཟོས་པའོ། །དེ་བཞིན་དུ་དུས་ཚིགས་ལོག་པ་ནི་དམན་པ་དང་ལོག་པའི་སྦྱོར་བ་དང་ལྡན་ནོ། །མདུན་གྱི་རླུང་ནི་མདུན་ཕྱོགས་ནས་ལྡང་བའི་རླུང་ངམ་ཤར་ནས་ལྡང་བའི་རླུང་ངོ༌། །དེ་བཞིན་དུ་གདོན་ཞུགས་པ་ནི་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་གདོན་ལུས་ལ་ཞུགས་ཤིང་ཀུན་ཏུ་འཛིན་པའོ། །ཡང་དེ་བཞིན་དུ་དུག་དང་དབྱིག་དུག་སྟེ། མ་སྦྱར་བ་དང་སྦྱར་བའི་དུག་ཟོས་པའོ། །དེ་བཞིན་དུ་མ་ཞུ་བའི་བེའུ་སྣབས་ཀྱི་ནད་འཁྲུགས་ཤིང་ལྡང་བ་དང༌། རིའི་རྩར་གནས་ཤིང་འདུག་པ་དང༌། བཙས་པའི་ཚེ་སྐར་མ་གང་བབ་པ་ལ་ཉི་མ་ལ་སོགས་པའི་གཟའ་ཞུགས་ཤིང་གནོད་པར་བྱས་པ་དང༌། དེ་བཞིན་དུ་ཁ་ཟས་ལོག་པར་ཟོས་པ་ལ་སོགས་པ་ལོག་པའི་སྦྱོར་བ་སྣ་ཚོགས་བསྟེན་པ་དང༌། སྡིག་པའི་ལས་སྲོག་གཅོད་པ་དང༌། རྐུབ་ལ་སོགས་པ་ལ་བསྟེན་ཞིང་སྤྱོད་པ་དང༌། བུད་མེད་བུ་བཙས་པའི་དུས་སུ་ལོག་པར་བྱུང་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པ་དང༌། དེ་བཞིན་དུ་གསོ་བ་ལོག་པར་བྱས་ཤིང་ལེགས་པར་མ་བཅོས་པ་དག་ལས་ཀྱང་ནད་དུ་འགྱུར་རོ། །དེ་ལྟར་སོ་སོའི་ནད་ལྡང་བས། །ནད་ཀྱི་གནས་སུ་འགྲོ་བྱེད་པ། །རྩ་སྦུབས་རྣམས་སུ་ཕྱིན་པ་དང༌། །ནད་རྣམས་ལུས་ལ་མྱུར་དུ་སྐྱེད། །ཅེས་བྱ་བ་ལ། དེ་ལྟར་གོང་དུ་བཤད་པའི་རྣམ་པས་ནད་སོ་སོ་ཐ་དད་པར་ལྡང་ཞིང་འཁྲུགས་པས་རླུང་ལ་སོགས་པའི་ནད་རྣམས་ལུས་ལ་མྱུར་དུ་སྐྱེད་ཅིང་འབྱུང་བར་འགྱུར་རོ། །ཅི་ཞིག་བྱས་པས་ནད་སྐྱེད་ཅེ་ན། ནད་ཀྱི་གནས་གང་ཡང་རུང་བར་འགྲོ་བར་བྱེད་པའི་ནད་དེས་རྩའི་སྦུབས་བཅུད་རྒྱུ་བའི་སར་སོང་ཞིང་ཕྱིན་ནས། གནོད་པ་སྐྱེད་པའི་རྒྱུར་འགྱུར་ཏེ། དངོས་སུ་ན་ནད་ཀྱི་གནས་བཅུད་རྒྱུ་བར་བྱེད་པའི་རྩར་གནོད་པ་དེ་དག་ཞུགས་པས་ནད་ལྡང་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་དང་པོའི་རྣམ་པར་འགྲེལ་པའོ།། །།


DTG201_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིམས་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་ཐམས་ཅད་ཀྱི་ནད་གཞི་བཤད་པའི་འོག་ཏུ་རིམས་ཀྱི་ནད་གཞི་བཤད་པའི་དགོས་པ་ནི། རིམས་དེ་ནད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ནད་རྣམས་ཀྱི་གཙོ་བོ་ནི་རིམས་ཡིན་ནོ་ཞེས་བཤད་པས་སོ། །རིམས་ནི་ནད་བདག་སྡིག་ཅན་དང༌། །འཆི་བདག་མདངས་ཟ་འཆི་བྱེད་ཡིན། །ཁྲོས་པས་མྱུར་བའི་མཆོད་སྦྱིན་བརླག །དྲག་པོ་དཔྲལ་བའི་མིག་ལས་བྱུང༌། །སྐྱེ་དང་འཆི་ཚེ་རྨོངས་བྱེད་པ། །མི་འཕྲོད་སྣ་ཚོགས་བསྟེན་ལས་བྱུང༌། །མི་བཟད་མིང་ནི་སྣ་ཚོགས་པས། །སྐྱེ་གནས་དུ་མ་རྣམས་ལ་གནས། །ཞེས་བྱ་བ་ལ། རིམས་དེ་ནི་ནད་ཀྱི་བདག་པོ་སྟེ། ནད་ཐམས་ཅད་ཀྱི་རྒྱལ་པོ་འམ་གཙོ་བོ་ཡིན་ནོ། །སྡིག་ཅན་ནི་སྡིག་པའི་རང་བཞིན་ཅན་ནོ། །འཆི་བདག་ནི་སྲོག་ཆགས་ཐམས་ཅད་འཆི་བ་ལ་སྦྱོར་བའོ། །མདངས་ཟ་བ་ནི་ལུས་ལ་ཡོད་པའི་མདངས་ཟ་ཞིང་སྤྱོད་པའོ། །འཆི་བར་བྱེད་པ་ནི་སྲོག་ཆགས་རྣམས་ཟད་ཅིང་མཐར་ཕྱིན་པར་བྱེད་པའོ། །ཁྲོས་པ་ནི་ལྷ་ཆེན་པོ་ཁྲོས་པའི་བ་ལས་བྱུང་བའོ། །མྱུར་བའི་མཆོད་སྦྱིན་བརླག་པ་ནི་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བའི་མཆོད་སྦྱིན་བརླག་ཅིང་འཇིག་པར་བྱེད་པའོ། །དེ་ཡང་ལྷ་ཆེན་པོ་དྲག་པོའི་མིག་གསུམ་པ་ལས་བྱུང་བས། ཁྲོས་པའི་དཔྲལ་བའི་མིག་ལས་བྱུང་ཞེས་བྱའོ། །སྐྱེ་དང་འཆི་ཞེས་བྱ་བ་ནི་བཅས་པ་ན་འཆི་བའི་དུས་བྱེད་པའི་ཚེ་སྟེ། དེ་དག་གི་སྐབས་སུ་རྨོངས་པར་བྱེད་ཅིང་དང་པོ་སྐྱེས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་མི་འཕྲོད་པ་སྣ་ཚོགས་བསྟེན་པ་ལས་བྱུང་བ་ཡིན་ལ། ཡང་དེ་ནི་མི་བཟད་ཅིང་བརྣག་པར་དཀའ་བ་ཡིན་ཞིང་ནད་ཀྱི་མིང་སྣ་ཚོགས་པ་ལ་སོགས་པའི་ཚུལ་གྱིས་རྟ་དང་གླང་པོ་ལ་སོགས་པ་སྐྱེ་གནས་དུ་མ་ཐ་དད་པ་རྣམས་ཀྱི་ལུས་ལ་གནས་ཏེ། གླང་པོ་ཆེའི་ལུས་ལ་ནི་སྨིན་མ་འཛིན་པ་ཞེས་བྱ་ལ། རྟའི་ལུས་ལ་ནི་སོ་སོའི་ཞེས་བྱ་བ་དང༌། ལུག་གི་ལུས་ལ་ནི་ཏལ་བ་ཞེས་བྱ་བ་ལ་སོགས་པའི་མིང་གིས་གནས་པ་ཡིན་ནོ། །དེ་ནི་ནད་རྣམས་སོ་སོར་འདྲེས། །འདུས་


DTG201_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་གློ་བུར་ལས་བརྒྱད་འགྱུར། །ཞེས་བྱ་བ་ལ། རིམས་དེ་ནི་རྣམ་པ་བརྒྱད་དུ་འགྱུར་ཏེ། དེ་ཡང་རླུང་དང་མཁྲིས་པ་དང་བད་ཀན་སོ་སོ་དང༌། དེ་བཞིན་དུ་འདྲེས་པ་སྟེ། གཉིས་གཉིས་འདྲེས་པའི་ལྡན་པ་དང༌། ནད་གཞི་གསུམ་ཆར་འདུས་ཤིང་ཚོགས་པ་དང༌། དེ་བཞིན་དུ་གློ་བུར་གྱི་རིམས་ནི་བརྒྱད་པ་ཡིན་ནོ། །དེ་ལྟར་ནད་གཞི་སོ་སོའི་གསུམ་དང༌། འདྲེས་པའི་གསུམ་དང༌། འདུས་པའི་གཅིག་དང༌། གློ་བུར་བའི་གཅིག་སྟེ་བརྒྱད་དུ་འགྱུར་རོ། །དེ་ལ་ནད་རྣམས་རང་རང་ནི། །རྒྱུ་ལས་འཁྲུགས་ཏེ་ལྡང་བ་ཡིས། །མ་ཞུའི་གནས་སུ་ཞུགས་གྱུར་པ། །ལྷན་ཅིག་གནས་ནས་རྩ་སྒོ་བཀག །ཞུ་བའི་གནས་ནས་མེ་དྲོད་ནི། །ཕྱི་རོལ་དུ་ནི་འབྱིན་པར་བྱེད། །དེ་དང་ལྷན་ཅིག་མངོན་ཁྱབ་ནས། །ལུས་ཀུན་ཚ་བར་བྱེད་པ་ཡིན། །ཡན་ལག་ཤིན་ཏུ་ཚ་བྱེད་པར། །རིམས་ནི་དེ་ཡིས་སྐྱེད་པར་བྱེད། །ཅེས་བྱ་བ་ལ། དེ་ལ་ནད་གཞི་རྣམས་ནི་ཉེས་པ་འདི་དང་འདི་དག་བྱེད་ཅིང་རིམས་སྐྱེད་ཅིང་འབྱུང་བར་བྱེད་དོ། །དེ་ཡང་རང་རང་གི་རྒྱུ་ཇི་སྐད་བཤད་པ་ལས་རྣམ་པར་འཁྲུགས་ཤིང་གཡོས་པར་གྱུར་པ་ལས་ལྡང་ཞིང་ནད་འབྱུང་བར་འགྱུར་བ་ན། རྒྱུ་དེས་མ་ཞུ་བའི་གནས་སུ་སོང་ནས། མ་ཞུ་བ་ལུས་ཟུངས་ཀྱི་དང་པོ་དངས་མ་ཞེས་བྱ་བ་མས་སྦྱིན་པའི་ནང་དུ་ཞུགས་ནས་དེ་ལྷན་ཅིག་གནས་ཏེ། དངས་མ་དང་རྡུལ་རྒྱུ་བར་བྱེད་པའི་རྩ་སྒོ་རྣམས་ཀྱི་ཁ་བཀག་ཅིང་བཅད་ནས། ཞུ་བའི་གནས་ལྟེ་བའི་ཕྱོགས་ནས་ཁོད་པའི་མེ་དྲོད་གང་དག་ཡིན་པ་དེ་ཕྱི་རོལ་དུ་འབྱིན་པར་བྱེད་ཅིང་ཕྱུང་ནས་མེའི་དྲོད་དེ་དང་ལྷན་ཅིག་ཏུ་མངོན་པར་རྒྱུ་ཞིང་ཁྱབ་པར་བྱས་ནས། ལུས་མ་ལུས་པ་ཀུན་ཚ་བས་ཁྱབ་པར་བྱེད་ཅིང༌། ཀུན་ཏུ་གདུང་ལ་ལུས་ཤིན་ཏུ་དྲོ་ཞིང་ཚ་བ་ཉིད་དུ་བྱེད་པར་འགྱུར་རོ། །དེས་ན་ཡན་ལག་རྣམས་ཀྱང་ཤིན་ཏུ་ཚ་བར་བྱེད་ཅིང་ལུས་དང་ཡན་ལག་ཐམས་ཅད་ནས་ཆེར་ཚ་བ་བསྐྱེད་པའི་རིམས་སུ་ནད་ཀྱི་དྲི་མ་དེས་སྐྱེད་པར་བྱེད་ཅིང་དཀྱེལ་རྫོགས་པར་བྱེད་པ་ཡིན་ནོ། །རྩ་སྒོ་བཀག་པས་དེ་འོག་ཏུ། །རྡུལ་ནི་མང་དུ་མི་འབྱུང་ངོ༌། །ཞེས་བྱ་བ་ལ། ནད་དེས་རྩའི་སྒོ་བཀག་ཅིང་གགས་བྱས་པའི་ཕྱིར། དེའི་


DTG201_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གམ་རྗེས་ལ་ལུས་ཚ། ཡང༌། རྡུལ། ཕྱི་རོལ་དུ་མང་དུ་མི་འབྱུང་ངོ༌། །དེ་ཡི་སྔོན་ཚུལ་སྒྱིད་ཞན་དང༌། །ཉམས་མི་དགའ་ཞིང་ལུས་ལྕི་ལ། །རོ་མི་ཚོར་ཞིང་ཡི་ག་འཆུས། །གླལ་འབྱུང་མིག་འཁྲུགས་མཆི་མར་བཅས། །ཡན་ལག་ན་ཞིང་འཇུ་སྟོབས་ཆུང༌། །ཉམ་ཆུང་གཉིད་ནི་ཆེ་བ་དང༌། །སྤུ་ལྡང་བྱ་རྨྱང་བྱེད་འདོད་དང༌། །བྱིན་པའི་ཉྭ་ན་ལུས་སྙོམ་དང༌། །ཕན་པར་བསྟན་པ་མི་བཟོད་ཁྲོ། །སྐྱུར་དང་ཚ་དང་དྲོད་ལ་སྲེད། །ཁ་ཟས་མངར་བ་ལ་མི་དགའ། །བྱིས་པ་ལ་སྡང་སྐོམ་དད་ཆེ། །སྒྲ་མེ་གྲང་ལྷགས་རླུང་དང་ཆུ། །གྲིབ་མ་ཉིན་མཚན་རྒྱུ་མེད་པར། །དགའ་དང་མི་དགའ་དག་ཏུ་བྱེད། །དེ་རྗེས་རིམས་ནི་གསལ་བར་འགྱུར། །ཞེས་བྱ་བ་ལ། རིམས་དེའི་སྔོན་དུ་འབྱུང་བའི་ཚུལ་ནི་མི་གསལ་བའི་རྟགས་ཏེ། དེ་དག་ཀྱང་གང་ཞེ་ན། ངལ་ཞིང་སྒྱིད་ངན་པར་འགྱུར་བ་དང༌། ཉམས་མི་དགའ་བ་སྟེ་སྟན་དང་གནས་ལ་སོགས་པ་དང༌། གཅིག་ཏུ་སེམས་མངོན་པར་དགའ་བ་མེད་ཅིང་སེམས་སོ་ན་མི་གནས་པ་དང༌། ལུས་ཁོང་ལྕི་ཞིང་གདེགས་པར་དཀའ་བ་སྙམ་དུ་སེམས་པ་དང༌། ཁས་རོ་མི་ཚོར་ཞིང་བེམ་པོར་གྱུར་པ་དང༌། ཁ་ཟས་ཡི་གར་མི་འོང་ཞིང་སྲེད་པ་མེད་པ་དང༌། གླལ་ཞིང་ཁ་གདངས་པ་དང༌། མིག་འཁྲུགས་ཤིང་མི་སྡུག་ལ་མཆི་མ་འབྱུང་བ་དང་བཅས་པ་དང༌། ཡན་ལག་ན་བ་སྟེ་ཡན་ལག་རྣམས་གཅུས་པ་སྙམ་དུ་སེམས་པ་དང༌། བརྡུངས་པའམ་བསྡམས་པ་སྙམ་དུ་སེམས་པ་དང༌། ཁ་ཟས་འཇུ་བའི་སྟོབས་ཆུང་ཞིང་འཇུ་མི་ནུས་པ་དང༌། ཉམས་སྟོབས་ཆུང་ཞིང་ནུས་པ་ཞན་པ་དང༌། གཉིད་ཆེ་ཞིང་བྱིང་བ་དང༌། བ་སྤུ་རྣམས་ལྡང་ཞིང་བཤོར་བ་དང༌། དེ་བཞིན་དུ་ཡན་ལག་རྣམས་བསྐྱོད་པ་ལ་སོགས་པའི་བྱ་རྨྱང་བྱེད་འདོད་པ་དང༌། བྱིན་པ་གཉིས་ཀྱི་ཉྭ་བཙིར་བ་ལྟར་ན་བ་དང༌། ལུས་སྙོམ་ཞིང་ལྕི་བ་དང༌། ཟས་དང་སྤྱོད་ལམ་ལ་སོགས་པ་ཕན་པར་བསྟན་པའི་གདམས་པ་མི་བཟོད་ཅིང་ཁྲོ་བ་དང༌། རོ་སྐྱུར་བ་དང༌། ཚ་བ་ལ་སོགས་པའི་བྱེ་བྲག་ལ་དགའ་བ་དང༌། ཁ་ཟས་མངར་པོ་ལ་སོགས་པ་རྣམས་


DTG201_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་དགའ་ཞིང་འདོད་པ་མེད་པ་དང༌། དེ་བཞིན་དུ་བྱིས་པ་ནུ་ཞོ་འཐུངས་པ་སྐྱེ་བོ་མ་ལུས་པའི་ཡིད་དགེ་བར་བྱེད་པ་དག་ལ་ཡང་ཁྲོ་ཞིང་འཁྲུགས་པ་དང༌། དེ་བཞིན་དུ་སྐོམ་དད་ཆེ་ཞིང་སྐོམ་དད་ཀྱིས་ཤིན་ཏུ་གདུངས་པ་དང༌། དེ་བཞིན་དུ་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་རྒྱུ་མེད་ཅིང་དགོས་པ་མེད་པར་ཆེད་འགའ་ནི་དགའ་བར་འགྱུར་བ་དང༌། ཆེད་འགའ་ནི་མི་དགའ་བར་བྱེད་དེ། ལན་འགའ་ཉན་བར་འདོད་ན་ཡང་ཞེ་སྡང་བར་བྱེད་ལ། ལན་འགའ་ནི་འདོད་པ་སྐྱེད་པར་བྱེད་པ་དང༌། མེ་ལ་སོགས་པ་ལ་ཡང་རྒྱུ་མེད་པར་ཆེད་འགའ་བསྟེན་པར་དགའ་ལ། ཆེད་འགའ་ནི་བསྟེན་པར་མི་དགའ་སྟེ། དེ་ལྟ་བུའི་མཚན་ཉིད་བྱུང་ན། དེའི་རྗེས་ལ་རིམས་ཀྱི་མཚན་ཉིད་གསལ་ཞིང་དཀྱེལ་སྐྱེས་པ་ཉིད་དུ་འགྱུར་རོ། །རིམས་ཐེབས་འབྱང་ཉེའི་ཚེ་ནད་ཚབས། །ཆུང་ཞིང་ཚ་བ་མི་སྙོམས་ལ། །ཡན་ལག་དེ་དང་དེར་འཕོ་ཞིང༌། །ན་བ་དེ་དང་དེར་གཡོ་འགྱུར། །རྐང་པ་བེམ་པོ་རེངས་པ་དང༌། །བྱིན་སྙིང་ན་ཞིང་ངལ་བ་དང༌། །ཚིགས་རྣམས་བྱེ་བ་ལྟ་བུར་སེམས། །བརླ་དང་རྐེད་པ་ན་བ་དང༌། །རྒྱབ་ནི་བརྡུངས་པ་ལྟ་བུར་སེམས། །ལྟོ་བ་བཙིར་བ་སྙམ་སེམས་དང༌། །རུས་པ་བཅད་པ་སྙམ་པ་དང༌། །རྩིབ་མ་ལྷག་པར་ན་བ་དང༌། །སྙིང་ནི་བཙིར་སྙམ་སེམས་ཤིང་ཟུག །བྲང་དུ་བཙུགས་པ་ལྟ་བུར་གཟེར། །ཕྲག་པ་བརྡུངས་སྙམ་དཔུང་པ་ནི། །བཅོམ་སྙམ་སེམས་ཤིང་སྒྲོག་རུས་ན། །འགྲམ་པས་ཁ་ཟས་བལྡད་མི་ནུས། །གླལ་འབྱུང་རྣ་བ་སྒྲ་དང་བཅས། །མུར་འགྲམ་ཟུག་ཅིང་མགོ་བོ་ན། །ལྕེ་ཡིས་རོ་ནི་མི་ཚོར་རམ། །ཡང་ན་ཁ་བསྐ་བྲོ་བར་འགྱུར། །དྲི་མ་རྣམས་ནི་སྲི་བ་དང༌། །ལྤགས་མིག་ཁ་དང་སེན་མོ་དང༌། །བཤང་སོགས་རྩུབ་ཅིང་དམར་བ་དང༌། །མཆིལ་མང་ཡིག་འཆུས་སྲེད་ཆུང༌། །ཟས་མི་འཇུ་ཞིང་རྡུལ་མི་འབྱུང། །གཉིད་ཡར་མཆུ་དང་གྲེ་བ་སྐམ། །སྐོམ་དད་ཆེ་ཞིང་ལུད་པ་སྐམ། །ལུད་པ་ལུ་ཞིང་སྐྱུགས་པ་སྐམ། །སེམས་ཞུམ་ལུས་ཀྱི་བ་སྤུ་ལྡང༌། །པགས་པ་སོ་དག་བརྩེ་བ་དང༌། །རྐང་ལག་འདར་ཞིང་སྦྲིད་པ་ཐོགས། །མགོ་འཁོར་ཚིག་ནི་བླ་བ་དང༌། །དྲོད་བག་ལ་དགའ་


DTG201_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྨྱང་བྱེད། །རླུང་གི་རིམས་སུ་ཤེས་པར་བྱ། །ཞེས་བྱ་བ་ལ། རླུང་གི་རིམས་ཀྱིས་བཏབ་པའི་མཚན་མའམ་རྟགས་ནི་འདི་དག་ཡིན་ཏེ། རིམས་ཀྱིས་ཐེབས་པ་ནི་དང་པོ་མགོ་ཟུག་པ་སྟེ། ཚ་བ་ལ་སོགས་པ་འབྱུང་བར་མགོ་རྩོམ་པའོ། །འབྱང་དུ་ཉེ་བ་ནི་འབྲེལ་ཞིང་འབྱང་བར་བསྐྱོད་པའོ། །ནད་ཚབས་ནི་ནད་ཀྱི་ཚུལ་སྣ་ཚོགས་པའོ། །ཆུང་བ་ནི་ཤུགས་དལ་བའོ། །མི་སྙོམས་པ་ནི་རིམས་ཀྱིས་ཐེབས་པ་ལ་སོགས་པའོ། །དེ་དག་གི་ཚུལ་མི་སྙོམས་ཤིང་རྣམ་པ་ཐ་དད་པར་གནས་པའོ། །ཡང་ན་དེ་དག་མགོ་ལ་སོགས་པའི་ཡན་ལག་དེ་དང་དེར་རྣམ་པར་ཚོར་བར་འགྱུར་ཞིང༌། འོག་ནས་བཤད་པའི་ནད་ཀྱི་ཚོར་བ་དེ་དང་དེ་དག་རྣམ་པར་གཡོ་ཞིང་མལ་གཅིག་ན་མི་གནས་པར་འགྱུར་རོ། །རྐང་པ་བེམ་པོ་ནི་ཚོར་བ་མེད་ཅིང་སེམས་དང་བྲལ་བ་ལྟར་གནས་པའོ། །རེངས་པ་ནི་ལུས་ཤིང་ལྟར་རེངས་ཤིང་གྱོང་པའོ། །བྱིན་སྙིང་ན་བ་ནི་བཙིར་བ་སྙམ་པའམ། བྲུད་པ་སྙམ་སེམས་པའོ། །ངལ་བ་ནི་དུབ་པའོ། །ཚིགས་རྣམས་བྱེ་བ་ལྟ་བུར་སེམས་པ་ནི། གཉིས་སུ་གཤགས་པ་ལྟར་སེམས་པའོ། །བརླན་བ་ནི་རང་གི་བྱ་བ་མི་ནུས་ཤིང་ཞུམ་པའོ། །རྐེད་པ་ན་བ་ནི་མནན་པ་འམ་ཟགས་པ་སྙམ་སེམས་པའོ། །རྒྱབ་བརྡུངས་པ་སྙམ་སེམས་པ་ནི་གྲུགས་པ་སྙམ་སེམས་པའམ། ཕྱིར་བཏགས་པ་སྙམ་དུ་སེམས་པའོ། །ལྟོ་བ་བཙིར་བ་སྙམ་སེམས་པ་ནི་ལག་པས་བཙིར་ཞིང་མནན་པ་ལྟར་སེམས་པའོ། །རུས་པ་བཅད་པ་ལྟར་སེམས་པ་ནི་མཚོན་གྱིས་བཅད་པ་ལྟར་ཚ་ཞིང་ན་བའོ། །དེ་ལས་ཀྱང་ཁྱད་པར་དུ་རྩིབ་ལོགས་སུ་གཏོགས་པའི་རུས་པ་བཅད་པ་སྙམ་སེམས་ཤིང་ལྷག་པར་ན་བ་དང༌། སྙིང་ག་བཙིར་ཞིང་བསྡམས་པ་ལྟ་བུར་སེམས་ཤིང་ནང་དུ་ཞུགས་པའི་ཚུལ་གྱིས་ན་བ་དང༌། བྲང་དུ་ལྕག་ཡུ་བཙུགས་པ་ལྟ་བུར་སེམས་ཞིང་གཟེར་བ་དང༌། ཡང་གཟེར་བ་དེ་ཉིད་ཀྱིས་ཕྲག་པའི་ཕྱོགས་ཁྱབ་ཅིང་ན་བ་དང༌། དཔུང་པའི་ཕྱོགས་ཐོ་བས་བཅོམ་པ་ལྟ་བུར་སེམས་ཤིང་ན་བ་དང༌། སྒྲོག་རུས་ཀྱི་ཕྱོགས་སུ་ཏིལ་བཙིར་བའི་


DTG201_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་གྱིས་བཙིར་བ་ལྟར་སེམས་ཤིང་ན་བ་དང༌། འགྲམ་པས་ཁ་ཟས་བལྡད་མི་ནུས་ཤིང་ཉམ་ཆུང་བ་དང༌། ཁ་གདངས་པ་དང་བཅས་པའི་གླལ་དང་བྱ་རྨྱང་བྱེད་པ་དང༌། རྣ་བ་འབོད་པ་ལྟ་བུའི་སྒྲ་དང་བཅས་པ་དང༌། མུར་འགྲམ་གཉིས་སུ་ཁབ་ཀྱིས་གཙགས་པ་ལྟར་ན་བ་དང༌། མགོ་བོའི་ཕྱོགས་གཟེར་ཞིང་ན་བ་དང༌། ལྕེས་རོ་མི་ཚོར་བ་སྟེ་ལྕེས་རོའི་ཁྱད་པར་མི་ཤེས་པ་དང༌། ཡང་དེ་བཞིན་དུ་ཁར་རོ་བསྐ་བའི་བག་ཏུ་ཟ་བ་དང༌། བཤང་བ་དང༌། གཅི་བ་དང༌། རྡུལ་ལ་སོགས་པའི་དྲི་མ་རྣམས་སྲི་བ་དང༌། པགས་པ་ལ་སོགས་པའི་ཁ་དོག་དམར་ཞིང་རྩུབ་པར་འགྱུར་བ་དང༌། མཆིལ་མ་མང་ཞིང་བད་ཀན་འཛག་པ་དང༌། ཡི་ག་འཆུས་ཤིང་ཟས་ལ་སོགས་པའི་བློ་མི་སྐྱེ་བ་དང༌། སྲེད་པ་ཆུང་བ་སྟེ་ཟས་ལ་སོགས་པ་ལ་ལྷག་པར་དགའ་བ་མེད་པ་དང༌། ཁ་ཟས་མི་འཇུ་བ་སྟེ། ཟོས་པའི་ཟས་ཀྱང་མི་འཇུ་བའི་སྟོབས་ཆུང་བ་དང༌། རྡུལ་མི་འབྱུང་བའི་ཕྱི་རོལ་དུ་མི་ཐོན་པ་དང༌། གཉིད་ཡར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་འགྱུར་བ་དང༌། ལུད་པ་ནས། སྐྱུགས་པའི་བར་སྐམ་ཞིང་ཁ་ཟས་ལ་སོགས་པ་མི་འབྱུང་བ་དང༌། སེམས་ཞུམ་ཞིང་སྡུག་བསྔལ་བས་ཡིད་ཞུམ་པ་དང༌། ལུས་ཀྱི་བ་སྤུ་ལྡང་ཞིང་བཤོར་བ་དང༌། པགས་པ་དང་སོ་གཙགས་པ་སྙམ་སེམས་ཤིང་བརྩེ་བ་དང༌། རྐང་ལག་འདར་ཞིང་འགུལ་བ་དང༌། སྦྲིད་པ་ཐོགས་ཤིང་མི་ཐོན་པ་དང༌། མགོ་འཁོར་ཞིང་འཁོར་ལོ་བསྐོར་བ་ལྟར་སེམས་པ་དང༌། ཚིག་བླ་བ་སྟེ་འབྲེལ་པ་མེད་པའི་ཚིག་མང་དུ་སྨྲ་བ་དང༌། དྲོད་བག་ལ་དགའ་བ་སྟེ་མེ་དང་ཉི་ཚན་བསྟེན་འདོད་པ་དང༌། བྱ་རྨྱང་བྱེད་པ་སྟེ་ཡན་ལག་བརྐྱང་ཞིང་སྡུད་འདོད་པ་རྣམས་འབྱུང་བར་འགྱུར་བ་སྟེ། དེ་དག་ནི་རླུང་ལས་གྱུར་པའི་རིམས་ནད་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ། །ལུས་ཀུན་ཅིག་ཅར་ཁྱབ་པ་དང༌། །བླ་ཞིང་ཁའི་རོ་ཁ་བ་དང༌། །བསིལ་འདོད་ཁ་སྣར་ཐོར་བུ་འབྱུང༌། །མགོ་འཁོར་བརྒྱལ་མྱོས་སྙིང་མི་དགའ། །བཤང་སླ་མཁྲིས་པ་སློན་པ་དང༌། །མཆིལ་མ་ཁྲག་


DTG201_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྒྲེགས་པ་སྐྱུར། །ཐོར་བུ་དམར་པོ་འབྱུང་བ་དང༌། །པགས་པ་ལ་སོགས་སེར་རྩ་སྔོ། །རྡུལ་འབྱུང་དབུགས་ནི་མནམ་པ་དང༌། །སྐོམ་དང་རབ་ཆེ་མཁྲིས་པའི་རིམས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། ལུས་ཀུན་ཅིག་ཅར་ཁྱབ་པ་དང༌། །ཞེས་བྱ་བ་ལ། མགོ་ལ་སོགས་པའི་ཡན་ལག་དང༌། ལུས་ཀུན་ཚ་བ་ལ་སོགས་པའི་འུར་འུར་པོས་ཅིག་ཅར་དུས་གཅིག་ཏུ་ཁྱབ་སྟེ་ན་བ་དང༌། དེ་བཞིན་དུ་བླ་ཞིང་ཚིག་འཆོལ་བ་དང༌། ཁའི་ནང་ཁ་བ་བྲོ་བར་འགྱུར་པ་དང༌། བསིལ་བ་འདོད་ཅིང་གྲང་བ་ལ་དགའ་བ་དང༌། ཁ་དང་སྣའི་ནང་ན་ཐོར་བུ་འབྱུང་ཞིང་ཤུ་བ་སྨིན་པ་དང༌། བརྒྱལ་ཞིང་འབོགས་པ་དང༌། མྱོས་པ་སྟེ་འོག་ནས་ཆང་ནད་ཀྱི་སྐབས་སུ་བཤད་པ་ལྟ་བུའི་མྱོས་པ་དང་ལྡན་པ་དང༌། སེམས་མི་དགའ་བ་སྟེ་བློ་མལ་ན་མི་གནས་ཤིང་འཕྱོ་བ་དང༌། བཤང་བ་སླ་ཞིང་འཁྲུ་བ་དང༌། མཁྲིས་པ་སློན་ཞིང་སྐྱུགས་པ་དང༌། ཁ་ནས་མཆིལ་མ་ཁྲག་དང་བཅས་པ་འབྱུང་བ་དང༌། སྒྲེགས་པ་རོ་སྐྱུར་པོར་འབྱུང་བ་དང༌། ཐོར་བུ་འམ་འབྲུམ་ཕྲན་དམར་པོ་ཏལ་ཏིལ་འབྱུང་བར་འགྱུར་བ་དང༌། པགས་པ་དང་ལྕེ་དང་གདོང་དང་གཅིན་གྱི་མདོག་སེར་ཞིང་རྩ་སྔོ་བ་དང༌། ལུས་རྡུལ་འབྱུང་ཞིང་ཚ་བ་དང༌། དབུགས་འབྱུང་བའི་དྲི་མནམ་ཞིང་རུལ་བ་དང༌། སྐོམ་དད་ཀྱི་ཤས་ཤིན་ཏུ་ཆེ་བ་འབྱུང་སྟེ། མཚན་ཉིད་འདི་དག་དང་ལྡན་པ་ནི་མཁྲིས་པའི་རིམས་ཡིན་ནོ། །ལྷག་པར་ཡི་ག་འཆུས་ཤིང་རྨོངས། །བུ་ག་འགགས་ཤིང་རིམས་ཤུགས་དལ། །མཆིལ་མང་ཁ་ནང་མངར་བ་བྲོ། །དང་ག་ལྕི་ཞིང་དབུགས་མི་བདེ། །ཆམ་བཏབ་སྙིང་ན་སྐྱུག་པ་འབྱུང༌། །ལུད་པ་ལུས་རེངས་ལྤགས་སོགས་སྐྱ། །ཡན་ལག་ཐོར་བུ་གྲང་མོ་འབྱུང༌། །སྙོམ་ཞིང་ལུས་འདར་བད་ཀན་རིམས། །ཞེས་བྱ་བ་ལ། རིམས་ཐམས་ཅད་ལས་བད་ཀན་གྱི་རིམས་ཀྱི་མཚན་ཉིད་ནི་ལྷག་པར་རམ་ཁྱད་པར་དུ་ཡི་ག་འཆུས་པར་འགྱུར་བ་དང༌། སེམས་རྨོངས་བག་ཏུ་འགྱུར་ཞིང་བྱིང་བ་དང༌། བུ་གའི་


DTG201_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འགགས་ཤིང་དྲི་མ་རྣམས་འབྱུང་བ་ཐོགས་པ་དང༌། རིམས་ཀྱི་ཤུགས་དལ་ཞིང་ནད་ཚབས་ཆུང་བ་དང༌། མཆིལ་མ་མང་ཞིང་ལྗན་ལྗིན་ཆེ་བ་དང༌། ཁ་ནང་རོ་མངར་བ་བྲོ་བ་དང༌། སྙིང་ག་ལྕི་ཞིང་དང་ག་མེར་མེར་པོར་འདུག་པ་དང༌། དབུགས་མི་བདེ་བ་དང༌། ཆམ་བས་བཏབ་ཅིང་སྣ་ཆུ་འཛག་པ་དང༌། སྙིང་ན་ཞིང་འཁྱིལ་པ་དང༌། སྐྱུག་པ་འབྱུང་ཞིང་བོད་པ་དང༌། ལུད་པ་ལུ་བ་དང༌། ལུས་ཀྱི་ཡན་ལག་རེངས་པར་འགྱུར་བ་དང༌། པགས་པ་ལ་སོགས་པ་སྟེ། པགས་པ་དང༌། སེན་མོ་དང༌། གདོང་དང༌། ལྕེ་དང༌། བཤང་བ་དང༌། གཅི་བ་རྣམས་སྐྱ་ཞིང་དཀར་བ་དང༌། མགོ་དང་ལག་ངར་ལ་སོགས་པའི་ཡན་ལག་རྣམས་ཐོར་བུ་འམ་འབྲུམ་བུ་བད་ཀན་གྱི་རང་བཞིན་ཅན་གྲང་མོ་འབྱུང་བ་དང༌། སྙོམ་པ་སྟེ་གཉིད་ཀྱིས་ནོན་པ་ལྟར་ཡུལ་རྣམས་ངེས་པར་འཛིན་པར་མི་ནུས་པ་དང༌། ལུས་འདར་བ་སྟེ་གྲང་ལྷགས་ཀྱིས་ལུས་ཀྱི་ཁོང་འདར་བར་གྱུར་པའོ། །དེ་ཡང༌། ཆུ་བསིལ་དག་གིས་རེག་པ་དང༌། །ཁྱད་པར་དུ་ནི་དགུན་དུས་སུ། །གྲང་བས་ཉེན་ཏེ་སྐྲང་འགྱུར་བ། །བད་ཀན་ལས་བྱུང་ལུས་འདར་ཡིན། །ཞེས་བཤད་པ་ཡིན་ཏེ། མཚན་ཉིད་དེ་དག་དང་ལྡན་པ་ནི་བད་ཀན་གྱི་རིམས་ཡིན་ནོ། །རང་གི་དུས་སུ་ཐམས་ཅད་ནི། །འབྱུང་ཞིང་འཕེལ་བ་ཉིད་འགྱུར་བ། །ནད་གཞིར་བཤད་པའི་མི་མཐུན་བསྟེན། །བསྒྱུར་བས་བདེ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། རིམས་ནད་རང་རང་གི་དུས་ཉིན་མོ་དང་མཚན་མོ་དང༌། ཟས་ཟོས་པའི་སྐབས་དང་འབྲེལ་པའི་དུས་དེར་རང་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རིམས་ཐམས་ཅད་འབྱུང་ཞིང་སྐྱེ་བ་དང༌། འཕེལ་ཞིང་རྒྱས་པ་ཉིད་དུ་འགྱུར་བ་དང༌། ནད་གཞི་ཉིད་དུ་བཤད་པའི་མཁྲིས་པའི་རིམས་ལ་ཚ་བ་ལ་སོགས་པ་མི་མཐུན་པ་བསྟེན་པས་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ལ། དེ་བསྒྱུར་ཞིང་བདེ་བ་དང་འབྲེལ་པར་བྱས་པས་ནི་བདེ་བར་བྱེད་པ་ཡིན་ནོ། །རང་རང་མཚན་མ་འདྲེས་པ་ནི། །ལྡན་པའི་རིམས་ཡིན། ཞེས་བྱ་བ་ལ། སྔར་སྨོས་པའི་རང་རང་གི་མཚན་མ་འདྲེས་པར་གྱུར་པ་ལས་ནི་དེའི་


DTG201_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལྡན་པའི་རིམས་ཏེ། ནད་གཉིས་གཉིས་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །དེ་ནས་རླུང་དང་མཁྲིས་པའི་རིམས་ཀྱི་མཚན་མ་འདྲེས་པ་དང་མ་འདྲེས་པ་དང་ལྡན་པ་ནི་རླུང་དང་མཁྲིས་པ་དང་ལྡན་པའི་རིམས་ཡིན་པར་ཤེས་པར་བྱའོ། །རླུང་དང་བད་ཀན་གྱི་མཚན་མ་གཉིས་ཀ་དང་ལྡན་པ་ནི་རླུང་དང་བད་ཀན་གྱི་ལྡན་པའི་རིམས་ཡིན་ལ། མཁྲིས་པ་དང་བད་ཀན་གཉིས་ཀའི་མཚན་མ་དང་ལྡན་པ་ནི་མཁྲིས་པ་དང་བད་ཀན་དང་ལྡན་པའི་རིམས་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ནི། མགོ་ན་བརྒྱལ་སློན་ལུས་ཚ་རྨོངས་བག་འགྱུར། །གྲེ་བ་ཁ་སྐམ་མི་དགའ་རུས་ཚིགས་ན། །གཉིད་མེད་མགོ་འཁོར་སྤུ་ལྡང་སྐོམ་དད་ཆེ། །ཁ་གླལ་ཚིག་མང་རླུང་མཁྲིས་འདྲེས་པའི་རིམས། །ཞེས་བྱ་བ་ལ། གཞན་ཡང་ཞེས་བྱ་བ་ནི་བསྡུ་བ་སྟེ། རླུང་དང་མཁྲིས་པ་གཉིས་འདྲེས་པའི་མཚན་ཉིད་ནི་མགོ་ན་བ་ལ་སོགས་པ་ཡང་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །མགོ་ན་བ་ནི་མགོ་ལྷང་ལྷང་པོར་ན་ཞིང་ཟུག་པའོ། །བརྒྱལ་བ་ནི་མི་དྲན་པའོ། །སློན་པ་ནི་སྐྱུག་པའོ། །ལུས་ཚ་བ་ནི་ཡན་ལག་ཚ་བ་འུར་འུར་པོར་འདུག་པའོ། །རྨོངས་བག་ནི་སེམས་རྨོངས་པའོ། །གྲེ་བ་ནང་ཁ་སྐམ་པ་ནི་རླན་མེད་པའོ། །རུས་ཚིགས་ན་བ་ནི་བརྡུངས་པ་སྙམ་དུ་སེམས་པའོ། །ཚིག་མང་བ་ནི་བླ་བའོ། །ཚ་མེད་ཡི་ག་འཆུས་ཤིང་ཀླད་ཚིགས་ན། །ཆམ་པ་ལུད་པ་དབུགས་མི་བདེ་བཤང་སྲི། །ཁོང་བསིལ་རྨོངས་བག་རབ་རིབ་མགོ་འཁོར་རྨྱ། །བད་ཀན་རླུང་འདྲེས་རིམས་ཀྱི་མཚན་མ་ཡིན། །ཞེས་བྱ་བ་ལ། གཞན་ཡང་བད་ཀན་རླུང་འདྲེས་པ་ལས་བྱུང་བའི་ལྡན་པའི་རིམས་ཀྱི་མཚན་ཉིད་ནི། ཚ་བ་མེ་ལ་སོགས་པ་ཡང་ཡིན་པར་ཤེས་པར་བྱ་སྟེ། ཚ་བ་མེད་པ་ནི་རིམས་ཀྱི་ཚ་བའི་གདུང་བ་ཆུང་བའོ། །གཞན་དག་ནི་གོ་བར་ཟད་དོ། །ལུས་རྡུལ་རེངས་དང་ཚ་བ་སིལ་སོར་མི་གནས། །སྐོམ་དད་ལུད་པ་བད་ཀན་མཁྲིས་བག་འབྱུང༌། །རྨོངས་བག་རྨྱ་དང་ཁ་བྲོ་ཁར་དྲི་ཆགས། །བད་ཀན་མཁྲིས་པ་འདྲེས་པའི་རིམས་ཀྱི་རྟགས། །ཞེས་བྱ་བ་ལ། གཞན་ཡང་བད་


DTG201_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀན་དང་མཁྲིས་པ་ལས་བྱུང་བ་ལྡན་པའི་རིམས་ཀྱི་མཚན་མ་ནི། ལུས་རྡུལ་བ་དང་ཁོང་རེངས་པ་ལ་སོགས་པ་ལས་ཤེས་པར་བྱའོ། །རེངས་པ་ནི་ཡན་ལག་རེངས་པའོ། །ཚ་བ་དང་བསིལ་བ་དུས་ལ་མི་གནས་པ་ཡན་ལག་གྲང་ཞིང་ལན་འགའ་ཚ་སྟེ་རྒྱུད་གཅིག་ཏུ་མི་གནས་པའོ། །ཁར་དྲི་མ་ཆགས་པ་ནི་ལྗན་ལྗིན་གྱིས་གོས་པའོ། །ཀུན་ལས་འབྱུང་བ་རྟགས་ཀུན་ལྡན། །འདིར་ཡང་ཐང་རེ་ཚ་བ་དང༌། །དེ་བཞིན་གྲང་དང་ཉིན་མོ་ནི། །གཉིད་ཆེ་མཚན་མོ་གཉིད་མེད་བྱུང་བའམ། །རྟག་པར་གཉིད་འོང་བའམ་ཡང་ན་ཡང༌། །རྡུལ་ཆེར་འབྱུང་བའམ་རྡུལ་མི་འབྱུང༌། །གླུ་དང་གར་དང་དགོད་སོགས་པ། །སྤྱོད་པ་ངན་པ་ལ་འཇུག་ཅིང༌། །མིག་དམར་མཆི་མ་འཛག་དང་བཅས། །ཞུམ་ཞིང་རྫི་མ་འཁྲུགས་པར་སྣང༌། །བྱིན་སྙིང་རྩིབ་ལོགས་ན་བ་དང༌། །མགོ་བོ་རུས་ཚིགས་ན་མགོ་འཁོར། །རྣ་བ་སྒྲ་དང་ནད་བཅས་དང༌། །མགུལ་པ་གྲ་མས་གང་སྙམ་སེམས། །ལྕེ་རྩུབ་ཀུན་ནས་བསྲེགས་ལྟར་སྣང༌། །ལུས་ལྕི་ཚིགས་ནི་འབྱེ་སྙམ་སེམས། །མཆིལ་མར་ཁྲག་མཁྲིས་བད་ཀན་འབྱུང༌། །མགོ་བོ་གཡོ་ཞིང་སྐོམ་དད་ཆེ། །ཐོར་བུ་འབྲུམ་ཕྲན་མཐའ་འཁོར་བ། །དམར་ཞིང་གནག་པ་འབྱུང་བར་འགྱུར། །སྙིང་ན་བཤང་གཅི་སྲི་བ་འམ། །ཡང་ན་ཉུང་བའམ་རབ་མང་འབྱུང༌། །ཁ་ནང་སྣུམ་ཞིང་ཉམས་སྟོབས་ཆུང༌། །གཅོམ་ཆུང་འགྱུར་ཞིང་བླ་བ་དང༌། །ནད་སྨིན་དཀའ་ཞིང་རྨུགས་པ་དང༌། །རྒྱུན་དུ་གྲེ་བ་འཛེར་བ་ནི། །འདུས་པའི་རིམས་ཏེ་མངོན་རྨུགས་བྱེད། །དེ་ནི་མདངས་འཕྲོག་ཅེས་ཀྱང་བཤད། །ཅེས་བྱ་བ་ལ། ནད་གཞི་ཐམས་ཅད་ལས་བྱུང་བ་ཡིན་པས་ན་ཀུན་ལས་བྱུང་སྟེ། དེ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རིམས་ཀྱི་མཚན་ཉིད་དུ་བཤད་པ་ཐམས་ཅད་དང་ལྡན་པ་ཡིན་ལ། འདུས་པ་ལས་གྱུར་པའི་རིམས་འདིར་མཚན་ཉིད་གཞན་ཡང་སྐད་ཅིག་གམ། ཐང་ཅིག་རེ་རེ་ཞིང་ཡང་དང་ཡང་དུ་ལུས་ཚ་བར་འགྱུར་བ་དང༌། དེ་བཞིན་དུ་ཐང་ཅིག་རེ་རེ་ཞིང་གྲང་བར་འགྱུར་བ་དང༌། ཉིན་མོ་ནི་གཉིད་ཆེར་


DTG201_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ཞིང་ཤས་ཆེར་འཐིབས་པར་འགྱུར་བ་དང༌། མཚན་མོ་ནི་གཉིད་མེད་ཅིང་ཡར་བར་འགྱུར་བའམ། ཡང་ན་ཉིན་མཚན་རྟག་པར་རྒྱུན་དུ་གཉིད་འོང་བའམ། ཉིན་མཚན་རྟག་པར་གཉིད་མེད་པར་འགྱུར་བའམ། ཡང་དེ་བཞིན་དུ་རྡུལ་ཤས་ཆེར་འབྱུང་ཞིང་མང་དུ་འཛག་ལ། ཅུང་ཟད་ཙམ་གྱི་རྡུལ་ཡང་མི་འབྱུང་བར་འགྱུར་བ་དང༌། གླུ་ལ་སོགས་པའི་སྤྱོད་པ་ངན་ཅིང་དམན་པ་ལ་འཇུག་པར་དགའ་བ་དང༌། མིག་ཁ་དོག་དམར་བ་དང༌། མཆི་མའི་རྒྱུན་འཛག་པ་དང་བཅས་ཤིང་མི་སྡུག་པར་སྣང་བ་དང༌། ཞུམ་ཞིང་ཡོ་བ་དང༌། རྫི་མ་འཁྲུགས་ཤིང་མིག་གི་སྤུ་གཡོས་པར་སྣང་བ་དང༌། བྱིན་སྙིང་ལ་སོགས་པ་ན་བ་དང༌། རྣ་བར་སྒྲ་དྲག་པ་དང་བཅས་ནས་ན་ཞིང་གཟེར་བ་དང༌། མགུལ་པ་སྟེ་གྲེ་བ་གྲ་མའི་ཚོགས་ཀྱིས་གང་ཞིང་ཁྱབ་པ་སྙམ་དུ་སེམས་པ་དང༌། ལྕེ་ཚེར་མ་ལྟར་རྩུབ་པ་དང༌། ཀུན་ནས་བསྲེགས་ཤིང་ཚིག་པ་ལྟར་སྣང་བ་དང༌། ལུས་ཀྱི་ཁོང་ལྕི་བ་དང༌། ཡན་ལག་གི་ཚོགས་བྱེ་ཞིང་ཞིག་པ་སྙམ་དུ་སེམས་པ་དང༌། མཆིལ་མར་ཁྲག་དང་མཁྲིས་པ་དང་བད་ཀན་གྱི་རྣམ་པར་འབྱུང་བ་དང། མགོ་བོ་གཡོ་ཞིང་འདར་བ་ཐོར་བུ་དང་འབྲུམ་ཕྲན་མགོ་བོ་འམ་པགས་པ་མཐའ་འཁོར་བ་ཟླུམ་པོ་འབྱུང་ཞིང༌། དེ་ཡང་མདོག་ནག་པ་དང་དམར་བར་འབྱུང་བར་འགྱུར་བ་དང༌། སྙིང་ན་ཞིང་གཟེར་བ་དང༌། བཤང་གཅི་ལ་སོགས་པའི་དྲི་མ་རྣམས་སྲི་ཞིང་མི་འབྱུང་བའམ། ཡང་ན་ཉུང་ཞིང་ཅུང་ཟད་འབྱུང་བའམ། ཤིན་ཏུ་མང་ཞིང་ཤས་ཆེར་འབྱུང་བར་འགྱུར་བ་དང༌། ཁའི་ནང་སྣུམ་ཞིང་འབྱིལ་བ་དང༌། ཉམས་སྟོབས་ཆུང་ཞིང་ཟད་པ་དང༌། གཅོམ་ཆུང་ཞིང་དམའ་བ་དང༌། བླ་ཞིང་ཚིག་འཆོལ་པ་མང་དུ་སྨྲ་བ་དང༌། ནད་སྨིན་པར་དཀའ་ཞིང་ཡུན་རིངས་ནས་འབྱང་བ་དང༌། ཤས་ཆེར་རྨུགས་པ་དང་རྒྱུན་མི་ཆད་པར་རྟག་ཏུ་གྲེ་བ་འཛེར་ཞིང་སྒྲ་མི་གསལ་བ་ངར་ངར་པོ་འབྱུང་བ་སྟེ། མཚན་ཉིད་དེ་དག་དང་ལྡན་པ་ནི་འདུས་པའི་རིམས་ཞེས་བཤད་པ་སྟེ། དེ་ཉིད་ལ་ནི་མིང་


DTG201_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་གྲངས་སུ་མངོན་པར་རྨུགས་པར་བྱེད་པ་དང༌། མདངས་འཕྲོག་པར་བྱེད་པ་ཞེས་བཤད་ཅིང་བཏགས་པ་ཡིན་ནོ། །ནད་ཀྱིས་བཀག་ཅིང་མེ་དྲོད་ཉམས། །མཚན་མ་ཐམས་ཅད་རྫོགས་གྱུར་པ། །གསོར་མི་རུང་སྟེ་དེ་ལས་གཞན། །གསོ་དཀའ་འམ་དབང་པོ་མ་ཚང་འགྱུར། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་དང་བཤང་བ་དང་གཅི་བ་ལ་སོགས་པའི་ནད་ཀྱི་སྐྱོན་གྱིས་འབྱུང་བའི་རྒྱུན་བཀག་ཅིང་མེ་དྲོད་ཉམས་པར་གྱུར་པ་དང༌། དེ་བཞིན་དུ་ཇི་སྐད་སྨོས་པའི་མཚན་ཉིད་ཐམས་ཅད་རྫོགས་པར་གྱུར་ན་གསོར་མི་རུང་སྟེ། གསོ་བར་མི་ནུས་པ་ཡིན་ནོ། །དེ་ལས་གཞན་པ་འདུས་པའི་རིམས་དེ་ནད་ཀྱི་ཚབས་ཆུང་ཞིང་མཚན་ཉིད་མ་རྫོགས་ན། དེ་གསོ་དཀའ་བར་འགྱུར་བའམ། དབང་པོ་མ་ཚང་བ་སྟེ་ལུས་ངག་གི་ལས་ཀྱི་རྟེན་ཉམས་པར་འགྱུར་རོ། །གཞན་ཡང་འདུས་པ་ལས་བྱུང་བ། །གང་དུ་མཁྲིས་པ་ལོགས་ཤིག་གནས། །པགས་པའམ་ནང་གྲོལ་ཚ་བ་དག །འདེབས་པའམ་ཚ་བ་སྔ་ཕྱིས་འབྱུང༌། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་རིམས་སྔ་མ་ལས་མཚན་ཉིད་གཞན་དུ་འབྱུང་བར་གྱུར་པ་སྟེ། འདུས་པའི་རིམས་གང་ལས་མཁྲིས་པ་ལོགས་ཤིག་ན་གནས་ཤིང༌། ལན་འགའ་ནི་པགས་པར་གནས་པ་འམ། ལན་འགའ་ནི་ནང་གྲོལ་ན་གནས་ནས་ཚ་བ་སྐྱེད་པར་བྱེད་པ་སྔར་བྱུང་བའམ། ཕྱིས་འབྱུང་བའི་མཚན་ཉིད་ཅན་ནི་གསོ་དཀའ་བ་ཡིན་ནོ། །དེ་བཞིན་བད་ཀན་རླུང་གྲང་བ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རླུང་དང་བད་ཀན་ལོགས་ཤིག་ཏུ་ཐ་དད་པར་གནས་ཤིང་སྔ་ཕྱིར་གྲང་བར་བྱེད་པ་ནི་གསོ་དཀའ་བ་མ་ཡིན་ནོ། །དེ་གཉིས་ཚ་སྔ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། འདུས་པའི་ནད་དེ་གཉིས་ལས་ཚ་བ་སྔ་བའི་ནད་ནི་གསོ་དཀའ་ཞིང་བཅོས་པར་དཀའ་བ་ཡིན་ནོ། །གྲང་སྔ་དེར་ནི་མཁྲིས་པ་ཡིས། །བད་ཀན་གཤེར་བ་སྐམ་པ་དང༌། །གྲང་བ་ཞི་བྱས་ཁ་སྐྱུར་བརྒྱལ། །མྱོས་དང་སྐོམ་དད་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། གྲང་བ་སྔར་བྱུང་བའི་འདུས་པའི་རིམས་དེར་ནི་མཁྲིས་


DTG201_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚ་བས་བད་ཀན་གྱི་གཤེར་བག་སྐམ་པར་གྱུར་པ་དང༌། སྐྱུར་བ་ལ་སོགས་པའི་འགྱུར་བ་བཞིར་འབྱུང་བར་འགྱུར་ལ། དེ་བཞིན་དུ་གྲང་བ་ཞི་བས་ཀྱང་བཞི་པོ་དེ་དག་ཉིད་སྐྱེ་བར་འགྱུར་རོ། །ཚ་བ་སྔ་མ་དེ་རྗེས་ལ། །རྨུགས་སློན་མཆིལ་མང་ཁོང་སྙོམ་འགྱུར། །ཞེས་བྱ་བ་ལ། དང་པོ་ཚ་བ་སྐྱེ་བར་འགྱུར་བའི་འདུས་པའི་རིམས་ལ་ཚ་བ་དེའི་རྗེས་ལ་རྨུགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །གློ་བུར་དྲག་ཤུལ་ལས་བྱུང་དང༌། །མངོན་ཟིན་བྱད་བྱས་དམོད་བྱུང་བཞི། །ཞེས་བྱ་བ་ལ། རིམས་བརྒྱད་པོ་གློ་བུར་བ་ཞེས་བྱ་བ་ལ་ནི་དྲག་ཤུལ་ལས་བྱུང་བ་དང༌། མངོན་པར་ཟིན་པ་དང༌། བྱད་བྱས་པ་དང༌། དམོད་པ་ལས་བྱུང་བའི་དབྱེ་བས་རྣམ་པ་བཞི་ཡོད་དོ། །དེ་ལ་སྨས་བཅད་མེས་ཚིག་སོགས། །ངལ་བ་དྲག་ཤུལ་ལས་བྱུང་ཡིན། །ཞེས་བྱ་བ་ལ། གློ་བུར་བའི་རིམས་ཀྱིས་དྲག་ཤུལ་ལས་བྱུང་བ་ཞེས་བྱ་བ་འདིར་མཚོ་ན་གྱིས་སྨས་ཤིང་བཅད་པ་ལ་སོགས་པ་ལས་རིམས་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་ངལ་ཞིང་ལམ་གྱིས་དུབ་པ་ལས་བྱུང་བའི་ལུས་ཉོན་མོངས་པ་ལས་དྲག་ཤུལ་ལས་བྱུང་བའི་ནད་འབྱུང་བར་འགྱུར་རོ། །དེར་ནི་ཕལ་ཆེར་རླུང་ནད་ཀྱིས། །ཁྲག་ནི་གནོད་ཅིང་འཁྲུགས་བྱས་པས། །ན་བཅས་མདོག་ཉམས་སྐྲང་དང་བཅས། །ཟུག་གཟེར་བཅས་པའི་རིམས་སྐྱེད་འགྱུར། །ཞེས་བྱ་བ་ལ། དྲག་ཤུལ་ལས་བྱུང་བའི་རིམས་དེར་ཕལ་ཆེར་རམ་མང་དུ་རླུང་གི་ནད་ཀྱི་དབང་གིས་ཁྲག་ལ་གནོད་པར་བྱས་ཤིང་རྣམ་པར་འཁྲུགས་པར་འགྱུར་བ་ལས་ན་བ་སོགས་པ་དང་བཅས་པའི་རིམས་སྐྱེ་བར་འགྱུར་རོ། །གདོན་ཞུགས་སྨན་གྱི་དྲི་དང་དུག །ཁྲོས་འཇིགས་མྱ་ངན་གདོན་ལས་བྱུང༌། །མངོན་པར་ཟིན་ལས་བྱུང་རིམས་ཡིན། །ཞེས་བྱ་བ་ལ། གདོན་ཞུགས་པ་ལ་སོགས་པ་ལས་བྱུང་བའི་རིམས་ནི་མངོན་པར་ཟིན་པའམ། གཞན་གྱིས་བྱས་པའི་རྒྱུ་ལས་བྱུང་བའི་རིམས་ཡིན་ནོ། །གདོན་ནི་ལྷ་ལ་སོགས་པའི་འོག་ནས་བཤད་པ་རྣམས་སོ། །འདིར་གདོན་རྒྱུ་མེད་


DTG201_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་ཅིང་དུ། །ཞེས་བྱ་བ་ལ། རིམས་ཀྱི་གནས་སྐབས་འདིར་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་གདོན་གྱིས་ནི་རྒྱུ་མེད་པར་གློ་བུར་དུ་ཆེད་འགའ་ནི་དགོད་པ་དང༌། ཆེད་འགའ་ནི་དུ་བར་འགྱུར་རོ། །སྨན་གྱི་དྲི་སྐྱེས་བརྒྱལ་བ་དང༌། །སྦྲིད་པ་ཀླད་ནད་སྐྲངས་པར་འགྱུར། །ཞེས་བྱ་བ་ལ། སྨན་གྱི་དྲི་ལས་སྐྱེས་པའི་གློ་བུར་བའི་རིམས་ནི་བརྒྱལ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་འབྱུང་བར་འགྱུར་རོ། །དུག་ལས་བརྒྱལ་དང་ཚད་པར་འཁྲུ། །མདོག་ནག་ལུས་ཚ་སྙིང་ནད་འབྱུང༌། །ཞེས་བྱ་བ་ལ། འདིར་དུག་ལས་བྱུང་བའི་རིམས་ནི་བརྒྱལ་བ་ལ་སོགས་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་རོ། །ཁྲོས་པས་ལུས་འདར་ཀླད་ནད་འགྱུར། །ཞེས་བྱ་བ་ལ། ཤིན་ཏུ་ཁྲོས་པ་ལས་ནི་ལུས་འདར་ཞིང་གཡོ་བ་དང༌། དེ་བཞིན་དུ་ཀླད་ནད་འབྱུང་བར་འགྱུར་རོ། །མྱ་ངན་འཇིགས་ལས་བླ་བར་འགྱུར། །ཞེས་བྱ་བ་ལ། མྱ་ངན་འཇིགས་པ་ལས་བྱུང་བའི་རིམས་ནི་བླ་ཞིང་བབ་ཅོལ་མང་དུ་སྨྲ་བར་འགྱུར་རོ། །འདོད་ལས་མགོ་འཁོར་ཡིད་འཆུས་ཚ། །ངོ་ཚ་གཉིད་བློ་བརྟན་ཉམས་འགྱུར། །ཞེས་བྱ་བ་ལ། འདོད་པས་གདུངས་པ་ལས་སྐྱེས་པའི་རིམས་མགོ་འཁོར་བ་དང༌། ཡི་ག་འཆུས་པ་དང༌། ལུས་དང་སྙིང་ག་ཚ་བར་འགྱུར་བ་དང༌། དེ་བཞིན་དུ་དོ་ཚ་ཤེས་པ་དང༌། གཉིད་དང༌། བློ་གྲོས་དང༌། བརྟན་ཞིང་མི་འགྱུར་བ་དེ་དག་ཉམས་ཤིང་ཟད་པར་འགྱུར་རོ། །གདོན་ལ་སོགས་པ་འདུས་པའི་རིམས། །འཇིག་ཚོགས་གསུམ་ནི་རླུང་གི་རིམས། །ཁྲོས་པས་མཁྲིས་པ་ལྡང་བར་འགྱུར། །ཞེས་བྱ་བ་ལ། གདོན་དང་སྨན་དང་དུག་ལས་བྱུང་བའི་རིམས་གསུམ་གྱིས་ནི་ཉེས་པ་གསུམ་འདུས་པའི་རིམས་སུ་འགྱུར་རོ། །འཇིགས་པ་དང་མྱ་ངན་དང་འདོད་པ་གསུམ་ལས་བྱུང་བའི་རིམས་ཀྱིས་ནི་རླུང་འཁྲུགས་པའི་རིམས་སུ་འགྱུར་རོ། །ཁྲོས་པ་ལས་བྱུང་བའི་རིམས་ཀྱིས་ནི་མཁྲིས་པ་ལྡང་ཞིང་འཁྲུགས་པར་འགྱུར་རོ། །དམོད་པ་བྱད་བྱས་ལས་བྱུང་གང༌། །འདུས་པའི་རིམས་ནི་མི་བཟད་པ། །དེ་ནི་ཤིན་


DTG201_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟོད་དཀར་བཤད། །ཅེས་བྱ་བ་ལ། དམོད་པ་དང་བྱད་བྱས་པ་ལས་བྱུང་བའི་རིམས་གང་ཡིན་པ་འདུས་པའི་རིམས་མི་བཟོད་ཅིང་རྣོ་བ་དང༌། ཤིན་ཏུ་བཟོད་པར་དཀའ་ཞིང་བརྣག་མི་ནུས་པར་འགྱུར་རོ་ཞེས་སྨན་དཔྱད་ཀྱི་གཞུང་རྩོམ་པའི་དང་སྲོང་རྣམས་ཀྱིས་བཤད་པའམ། བདག་གི་སློབ་དཔོན་ལ་སོགས་ཀྱིས་བཤད་དོ། །ཅེས་པའོ། །དེ་ལ་བྱད་བྱས་སྔགས་ཀྱིས་ནི། །སྦྱིན་སྲེག་བྱས་པ་བཞིན་དུ་བྱས། །ཐོག་མར་སེམས་འབབ་དེ་འོག་ལུས། །དེ་ནས་ཐོར་བུ་མགོ་འཁོར་སྐོམ། །ཚ་བཅས་བརྒྱལ་བས་ཟིན་གྱུར་པའི། །རིམས་ནི་ཉིན་རེ་བཞིན་དུ་འཕེལ། །ཞེས་བྱ་བ་ལ། འདི་དག་གི་ནང་ནས་བྱད་བྱས་པའི་སྔགས་ནི་སྲིད་སྲུང་གི་རིག་བྱེད་ལ་སོགས་པ་ལས་བཤད་པའི་བྲམ་ཟེའི་ངན་སྔགས་ལ་སོགས་སོ། །སྦྱིན་སྲེག་བྱས་ཤིང་སྲེགས་ཤིག་སྲེགས་ཤིག་ཅེས་སྨྲ་བཞིན་དུ་མེ་ལ་བསྲེག་རྫས་འཛུད་པ་ན། གང་ལ་བྱས་པ་དེ་ཐོག་མ་ཁོ་ནར་དེའི་སེམས་ལ་འབབ་ཅིང་ཚ་བ་ཉམས་སུ་མྱོང་བར་བྱེད་ལ། དེའི་འོག་ཏུ་ནི་ལུས་ཚ་བར་བྱེད་ཅིང་ཚ་བའི་རིམས་ཀྱིས་འདེབས་ལ། དེ་ནས་ཐོར་བུ་དང༌། མགོ་འཁོར་བ་ལ་སོགས་པས་ཟིན་ཞིང་རིམས་དེ་ནི་ཉིན་གཅིག་བཞིན་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་རིམས་ནི་བརྒྱད་དུ་བཤད། །ཅེས་བྱ་བ་ལ། དེ་ལྟར་རྣམ་པ་དེ་དག་གིས་ནད་གཞི་དང་གློ་བུར་བ་ལས་བྱུང་བའི་དབྱེ་བས་རིམས་ནི་གྲངས་བརྒྱད་ཡོད་པར་ཚེའི་རིག་བྱེད་ལ་མཁས་པ་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ། །དེ་དག་མདོར་ན་རྣམ་གཉིས་ཏེ། །ལུས་དང་སེམས་ཀྱི་རིམས་དང་ནི། །གྲང་དང་ཚ་དང་ཕྱི་ནང་གནས། །རང་བཞིན་དང་ནི་གྱུར་པ་དང༌། །གསོར་རུང་གསོར་མི་རུང་བ་དང༌། །སྨིན་དང་མ་སྨིན་ཞེས་བྱའོ། །ཞེས་བྱ་བ་ལ། ཡང་རིམས་འདི་ནི་རྣམ་པ་གཉིས་ཡོད་དེ། ལུས་ཀྱི་རིམས་དང་སེམས་ཀྱི་རིམས་ཞེས་བྱ་བ་གཉིས་དང༌། གྲང་བ་དང་ཚ་བ་གཉིས་དང༌། ཕྱི་རོལ་ན་གནས་པ་དང༌། ནང་ན་གནས་པ་ཞེས་བྱ་བ་གཉིས་དང༌། རང་བཞིན་དང་གཞན་དུ་གྱུར་པ་ཞེས་བྱ་བ་གཉིས་དང༌། གསོར་རུང་


DTG201_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གསོར་མི་རུང་བ་ཞེས་བྱ་བ་གཉིས་དང༌། སྨིན་པ་དང་མ་སྨིན་པ་ཞེས་བྱ་བ་གཉིས་སོ། །ལུས་རིམས་ཐོག་མར་ལུས་ཚ་བྱེད། །སེམས་ཀྱི་དང་པོར་སྙིང་ཚ་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་རིམས་ནི་ཐོག་མར་ཏེ། དང་པོར་ལུས་ཚ་བར་བྱེད་ལ། དེའི་འོག་ཏུ་ནི་སྙིང་ཚ་བར་འགྱུར་རོ། །སེམས་ཀྱི་རིམས་ཀྱིས་ནི་དང་པོར་སྙིང་ཚ་བར་བྱེད་ལ། དེའི་འོག་ཏུ་ནི་ལུས་ཚ་བར་བྱེད་དོ། །རླུང་དང་བད་ཀན་ཅིག་ཅར་ནི། །འབྱུང་ཚེ་གྲང་བའི་རིམས་སུ་འགྱུར། །མཁྲིས་པ་དང་ལྡན་ཚ་བ་སྟེ། །འདྲེས་པས་འདྲེས་པའོ། །ཞེས་བྱ་བ་ལ། རླུང་ནི་ཟུང་དུ་འཇུག་པ་ཡིན་པས་བད་ཀན་དང་ལྷན་ཅིག་ཏུ་གནས་ཤིང་ཅིག་ཅར་འབྱུང་བའི་དུས་ན་ནི་གྲང་བའི་རིམས་སུ་འགྱུར་ལ། དེ་བཞིན་དུ་མཁྲིས་པ་དང་རླུང་དུ་འཇུག་ཅིང་མཁྲིས་པ་དང་ལྡན་པའི་ཚེ་ན་ནི་ཚ་བའི་རིམས་སུ་འགྱུར་རོ། །འདྲེས་པ་སྟེ་བད་ཀན་དང་མཁྲིས་པ་གཉི་ག་དང་རླུང་འདྲེས་པའི་ཚེ་ན་ནི་རླུང་དེ་ཟུང་དུ་འཇུག་པ་ཡིན་ལ་ཆེད་འགའ་ཚ་བར་འགྱུར་རོ། །ཆེད་འགའ་གྲང་བར་འགྱུར་རོ། །ནང་གནས་པ། རིམས་ནད་དཀྱེལ་ནི་བསྐྱེད་འགྱུར་ནས། །ནང་ན་ན་ཞིང་བཤང་གཅི་སྲི། །ཞེས་བྱ་བ་ལ། ནང་ན་གནས་པའི་རིམས་ནི་ནང་དུ་ཆུད་ཅིང་བརྟེན་པ་ཡིན་པས་ནད་ཀྱི་དཀྱེལ་བསྐྱེད་ཅིང་འཕེལ་བར་འགྱུར་ནས། ནང་དེ་ཉིད་ན་མི་བཟད་པར་ན་བ་དང༌། བཤང་བ་ལ་སོགས་པའི་དྲི་མ་སྲི་བར་འགྱུར་རོ། །ཕྱི་རོལ་རིམས་ནི་ཚ་བ་དང༌། །ཕྱི་རོལ་གནས་པ་གསོ་བར་སླ། །ཞེས་བྱ་བ་ལ། ཕྱི་རོལ་གྱི་རིམས་ནི་ཚ་བའི་དངོས་པོ་ཡང་ཕྱི་རོལ་ན་གནས་པ་ཡིན་གྱི། ནང་ན་གནས་པ་མ་ཡིན་ལ། དེ་ཉིད་ནི་གསོ་བར་སླ་ཞིང་བཅོས་པར་སླ་བ་ཡིན་ནོ། །ཚིག་འདིས་ནི་ནང་ན་གནས་པའི་རིམས་ནི་དོན་གྱི་ཤུགས་ཀྱིས་གསོ་དགའ་བ་ཡིན་ནོ་ཞེས་སྟོན་ཏོ། །དབྱར་དང་སྟོན་དང་དཔྱིད་དུས་སུ། །རླུང་སོགས་རིམ་འབྱུང་རང་བཞིན་རིམས། །ཞེས་བྱ་བ་ལ། དབྱར་ལ་སོགས་པའི་དུས་གསུམ་དུ་རིམ་པ་ཇི་ལྟ་བ་བཞིན་དུ་རླུང་ལ་སོགས་པ་རིམ་བཞིན་དུ་འབྱུང་བ་ནི་རང་བཞིན་གྱི་རིམས་ཞེས་བྱ་སྟེ། དབྱར་གྱི་དུས་སུ་


DTG201_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རླུང་གི་རིམས་ཡིན་ནོ། །སྟོན་ནི་མཁྲིས་པའོ། །དཔྱིད་ནི་བད་ཀན་གྱིའོ། །གཞན་དུ་གྱུར་པ་དེ་གསོ་དཀའ། །ཕལ་ཆེར་རླུང་ནི་རང་བཞིན་རིམས། །ཡིན་ཡང་གསོ་བར་དཀའ་བ་ཡིན། །ཞེས་བྱ་བ་ལ། དེ་ལྟར་བཤད་པ་ལས་རྣམ་པ་གཞན་པ་དེ་ནི་འགྱུར་བའི་རིམས་ཞེས་བྱ་སྟེ། དེ་ཡང་དངོས་སུ་ན་དུས་ཚིགས་རྣམས་སུ་རིམ་བཞིན་དུ་མ་བྱུང་བ་སྟེ། དཔེར་ན་དབྱར་གྱི་ཚེ་མཁྲིས་པ་དང་བད་ཀན་ལས་བྱུང་བ་དང༌། སྟོན་གྱི་ཚེ་རླུང་དང་བད་ཀན་ལས་བྱུང་བ་དང༌། དཔྱིད་ཀྱི་དུས་སུ་རླུང་དང་མཁྲིས་པ་ལས་འབྱུང་བར་འགྱུར་བའམ། དེ་བཞིན་དུ་དུས་ཚིགས་ཐམས་ཅད་དུ་ཡང་རླུང་ལས་གྱུར་པའི་ཞེས་བྱ་བ་རང་བཞིན་ལས་གཞན་དུ་གྱུར་པའི་རིམས་དེ་དག་ནི་གསོ་བར་དཀའ་བ་ཡིན་པས། དེ་ལས་ཕལ་ཆེར་རླུང་ལས་གྱུར་པའི་རིམས་ནི་རང་བཞིན་གྱི་རིམས་ཡིན་ཡང་གསོ་དཀའ་བ་ཡིན་ན། དེ་ལས་གཞན་དུ་གྱུར་པའི་རིམས་ལྟ་སྨོས་ཀྱང་ཅི་དགོས། ཕལ་ཆེར་ཞེས་པ་ནི་མ་ལུས་པར་དེ་ལྟར་མ་ཡིན་པའི་དོན་ཏེ། ལ་ལར་ནི་བསོད་ནམས་ཀྱི་དབང་གིས་རླུང་ལས་གྱུར་པ་ཡིན་ཡང་གསོ་སླ་བ་ནི་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དབྱར་དུས་རླུང་ནད་ལྡང་གྱུར་ན། །མཁྲིས་པ་བད་ཀན་ལྡན་རིམས་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་དབྱར་གྱི་དུས་སུ་རླུང་ནད་ལྡང་ཞིང་འཁྲུགས་པར་གྱུར་ནས་རིམས་སྐྱེད་པར་བྱེད་པ་དེའི་ཚེ། མཁྲིས་པ་དང་བད་ཀན་དང་ལྡན་པའི་རིམས་སུ་འགྱུར་གྱི། དེ་དང་མི་ལྡན་པ་མ་ཡིན་ཏེ། དེའི་ཚེ་རིམས་དེ་རླུང་ལས་གྱུར་པ་ཡིན་དུ་ཟིན་ཀྱང་མཁྲིས་པ་དང་བད་ཀན་དང་ལྡན་པས་མངོན་པར་ལྡང་བར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །སྟོན་ཀ་མཁྲིས་པས་ནད་སློང་སྟེ། །བད་ཀན་དེ་ཡི་གྲོགས་བྱེད་འགྱུར། །དེར་ནི་སྨྱུང་བ་བྱས་གྱུར་ཀྱང༌། །གནོད་པར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བ་ལ། སྟོན་ཀའི་དུས་སུ་མཁྲིས་པ་འཁྲུགས་ནས་རིམས་སྐྱེད་པར་བྱེད་ལ། རིམས་སྐྱེད་པར་རྩོམ་པའི་མཁྲིས་པ་དེའི་སྟོབས་སམ་གྲོགས་སྐྱེད་པ་ནི་བད་ཀན་ཡིན་པས། དེས་གྲོགས་བྱས་ནས་སྐྱེ་བར་འགྱུར་ཏེ། རིམས་ནི་མ་ཞུ་བའི་གནས་ལ་


DTG201_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་འབྱུང་བའི་ཕྱིར་རོ། །དེས་གནས་སྐབས་དེར་ནི་བད་ཀན་དང་མཁྲིས་པ་གཉིས་ནི་སྨྱུང་བར་བྱས་པས་གསོ་བར་བྱ་ཞིང་བཅོས་དགོས་པ་ཡིན་པས་ན། གནས་སྐབས་འདིར་སྨྱུང་བ་བྱས་པ་ལས་གནོད་ཅིང་ནད་དུ་འགྱུར་བའི་འཇིགས་པ་ཡོད་པ་ཡིན་ནོ། །བད་ཀན་དཔྱིད་ལྡང་དེ་ཡང་ནི། །དེ་རྗེས་རླུང་དང་མཁྲིས་པ་འབྱུང༌། །ཞེས་བྱ་བ་ལ། དཔྱིད་ཀྱི་དུས་སུ་ནི་བད་ཀན་འཁྲུགས་ཤིང་ལྡང་ནས་རིམས་སྐྱེད་པར་བྱེད་པ་ཡིན་ལ། བད་ཀན་ཡང་དེའི་རྗེས་ལ་རླུང་དང་མཁྲིས་པ་གཉིས་གྲོགས་བྱེད་ཅིང་སྟོབས་སྐྱེད་པར་འགྱུར་རོ། །ཉམས་སྟོབས་ཆེ་ཞིང་ནད་ཚབས་ཆུང༌། །བླ་བརྣན་མེད་རིམས་གསོ་བར་སླ། །ཞེས་བྱ་བ་ལ། སྐྱེས་བུ་ལང་ཚོ་ཕུན་སུམ་ཚོགས་པ་ལ་སོགས་པ་ཉམས་སྟོབས་ཆེ་བ་དང༌། དེ་བཞིན་དུ་ནད་ཚབས་ཀྱི་དཀྱེལ་ཆུང་བ་དང༌། ལུད་པ་དང་དབུགས་མི་བདེ་བའི་བླ་བརྣན་མེད་པའི་རིམས་ནད་གང་ཡིན་པ་དེ་ནི་མྱུར་དུ་བདེ་བར་བྱ་བར་ནུས་པས་ན་གསོ་སླ་བ་ཡིན་ནོ། །རྣམ་ཀུན་འགྱུར་བ་ཞེས་བྱ་བར། །གསོར་མི་རུང་བར་སྔར་བཤད་དོ། །ཞེས་བྱ་བ་ལ། ཡོང་ཡེ་རྣམ་པ་ཐམས་ཅད་དུ་ལུས་ཀྱི་འགྱུར་བ་ཤེས་པར་བྱ་བའི་ལུས་ཀྱི་གནས་སུ་གསོར་མི་རུང་བའི་མཚན་ཉིད་ཅན་གྱི་རིམས་སྔར་བཤད་དེ། རིམས་ནི་ཚབས་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིག་སྔར་བཤད་པ་ཡིན་ནོ། །རིམས་ཀྱི་ནད་ཚབས་ཆེ་ཞིང་ཚ། །ཁོང་རྨྱ་ཉམ་ཆུང་གཅིན་མང་དང༌། །བཤང་སྲི་ཁ་ཟས་མི་འཇུ་ལ། །བཀྲེས་ཆུང་མ་སྨིན་རིམས་མཚན་ཉིད། །ཅེས་བྱ་བ་ལ། རིམས་མ་སྨིན་པའི་མཚན་ཉིད་འདི་དག་ཡིན་ཏེ། རིམས་ཀྱི་ནད་ཚབས་གནད་དང་ཚིགས་ལ་སོགས་པ་ན་བའི་ཚབས་ཆེ་ཞིང༌། དེ་བཞིན་དུ་ཁོང་ཤིན་ཏུ་རྨྱ་ཞིང་ཉམ་ཆུང་བ་ཡིན་ཏེ། སྟོབས་དང་སྲོག་པར་བཅས་པ་གཅིན་མང་དུ་འབྱུང་བ་དང༌། བཤང་གཅི་སྲི་ཞིང་མི་འབྱུང་བ་དང༌། ཁ་ཟས་འཇུ་བར་མི་བྱེད་པ་དང༌། བཀྲེས་པ་མེད་ཅིང་ཟས་མི་འདོད་པ་སྟེ། འདི་དག་ནི་རིམས་མ་སྨིན་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །རིམས་ཤུགས་སྟོབས་ཆེ་སྐོམ་དད་ཆེ། །བླ་ཞིང་མགོ་འཁོར་


DTG201_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་མི་བདེ། །བཤང་གཅི་བདེར་འབྱུང་ནད་བསྐྱོད་པ། །སྨིན་པར་འགྱུར་བའི་མཚན་མ་ཡིན། །ཞེས་བྱ་བ་ལ། རིམས་སྨིན་པའི་ཉེ་བའི་མཚན་མ་ནི་རིམས་ཀྱི་ཤུགས་དྲག་ཅིང་སྟོབས་ཆེ་བ་དང༌། དེ་ཉིད་ཀྱིས་ན་སྐོམ་དད་ཆེ་བ་དང༌། བླ་ཞིང་ཚིག་འཁྱལ་པ་དང༌། བཤང་གཅི་བདེ་བར་འབྱུང་ཞིང་མི་སྲི་བ་དང༌། ནད་བསྐྱོད་ཅིང་བསློངས་པ་ལྟར་སྣང་བ་ཡིན་ནོ། །མ་སྨིན་གོ་བཟློག་མཚན་ཉིད་དང༌། །ཞག་བདུན་སྨྱུང་བྱས་ལས་སྨིན་བཤད། །ཅེས་བྱ་བ་ལ། རིམས་སྨིན་ཅིང་ནད་མེད་པའི་མཚན་ཉིད་ནི་རིམས་ནད་ཚབས་ཆེ་བ་ལ་སོགས་པ་གོ་བཟློག་པ་ལས་ཤེས་པར་བྱ་སྟེ། རིམས་ནད་ཀྱི་ཚབས་ཆུང་བ་བྲི་བ་དང༌། ཁོང་རྨྱ་ཞིང་ཉམ་ཆུང་བ་དང༌། གཅིན་ཉུང་བ་དང༌། བཤང་བ་བདེ་བར་འབྱུང་བ་ལ་སོགས་པ་དེ་ནི་རིམས་མ་ཞུ་བ་མེད་པའི་མཚན་ཉིད་ཡིན་ལ། དེ་བཞིན་དུ་ཞག་བདུན་གྱི་བར་དུ་སྨྱུང་བ་བྱས་པ་ལས་རིམས་དེ་སྨིན་ཏེ་སྨིན་ཞིང་འཇུ་བ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། ལུས་ཟུངས་ཀུན་གནས་ནད་རྣམས་ནི། །ཞག་བདུན་གྱིས་ནི་སྨིན་པར་འགྱུར། །རིམས་ནད་ཕལ་ཆེར་ནད་རྣམས་ནི། །སྨྱུང་བྱས་སྨིན་པ་ཡིན་ཞེས་བཤད། །ཅེས་བཤད་པ་ཡིན་ནོ། །རིམས་ནི་ནད་ཀྱི་དུས་དང་ནི། །སྟོབས་ཆུང་ཆེ་ལས་རྣམ་ལྔར་བཤད། །ཕལ་ཆེར་འདུས་པར་གྱུར་པ་ཡི། །རིམས་སུ་མང་དུ་འགྱུར་བར་བཤད། །རྒྱུན་དང་རྟག་པ་ཉིན་གཅིག་པ། །ཉིན་གསུམ་པ་དང་ཉིན་བཞི་པའོ། །ཞེས་བྱ་བ་ལ། རིམས་ནད་ཀྱི་གྲངས་ནི་འོག་ནས་བཤད་པའི་རྒྱུན་ལ་སོགས་པའི་རྣམ་པ་ལྔ་ཡོད་དོ་ཞེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །དེ་གང་ལས་ཇི་ལྟར་ཞེ་ན། དུས་དང་ཡུལ་དང་སྟོབས་ཆེ་ཆུང་ལས་གྱུར་ཏེ། རླུང་ལ་སོགས་པའི་རིམས་ནད་སྟོབས་ཆེ་བ་དང་སྟོབས་ཆུང་བའི་དབང་དང༌། ཡང་དེ་བཞིན་དུ་རིམས་ནད་འབྱུང་བའི་ནད་གཞི་འཁྲུགས་པའི་དུས་དང༌། ཡུལ་སྟོབས་ཆུང་བ་དང་སྟོབས་ཆེ་བའི་དབང་གིས་སམ། ཡང་ན་ནད་རྣམས་ཀྱི་དུས་ཡིན་པས་ན་ནད་ཀྱི་དུས་ཏེ། ཉིན་


DTG201_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་མཚན་མོ་དང་དུས་ཚིགས་དང་ཟས་ཟོས་པའི་ཆ་དེའི་སྟོབས་ཆེ་ཆུང་ལས་ནད་ཟད་པ་དང༌། འཕེལ་བའི་རྒྱུར་འགྱུར་བ་ཡིན་ལ། དེ་ཡང་རྣམ་ལྔར་བཤད་དོ། །དེ་ལས་ཀྱང་འདུས་པའི་རིམས་ནི་ཕལ་ཆེར་རམ། མང་དུ་ནད་གཞི་གསུམ་འདུས་པ་ལས་ཕལ་ཆེར་འདུས་པའི་རིམས་སུ་འགྱུར་བར་བཤད་དོ། །ཕལ་ཆེར་ཞེས་སྨོས་པ་ནི་རྣམ་པར་འགྱུར་བ་ཡོད་པའི་དོན་ཏེ། དེ་ཡང་གཞུང་གཞན་ལས། རླུང་ལས་ཕལ་ཆེར་རྟག་པར་འགྱུར། །མཁྲིས་ལས་ཕལ་ཆེར་ཉིན་གསུམ་པ། །ཕལ་ཆེར་བད་ཀན་ལས་ཉིན་གཅིག །འདུས་པ་ལས་ནི་བཞི་པ་ཡིན། །ཞེས་བཤད་པ་ཡིན་ནོ། །རྒྱུན་དང་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པོའི་མིང་བསྟན་པ་ཡིན་ནོ། །ལུས་ཟུངས་བཤང་གཅི་རྒྱུ་བ་ཡི། །བུ་ག་ནད་ཀྱིས་ཁྱབ་བྱས་པས། །ལུས་ཀུན་ཚ་བར་གྱུར་ནས་ནི། །གནོད་བྱ་སོགས་དང་མཉམ་པར་འཕེལ། །སྟོབས་ཆེ་ལུས་ལྕི་རྐང་ལག་རེངས། །ཁྱད་པར་དུ་ནི་དངས་མར་གནས། །གཉེན་པོས་བཅོས་དཀའ་བཟོད་པར་དཀའ། །རྒྱུན་གྱི་རིམས་སུ་འགྱུར་བ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པས་ན་ཤིན་ཏུ་བཟོད་པར་དཀའ་བའི་རྒྱུན་གྱི་རིམས་སུ་འགྱུར་ཞིང་སྐྱེད་པར་བྱེད་དོ། །དེ་ཡང་ལུས་ཟུངས་ལ་སོགས་པར་རྒྱུ་ཞིང་འགྲོ་བར་བྱེད་པའི་བུ་ག་རྣམས་ནང་ཀྱིས་ཁྱབ་པར་བྱས་ཤིང་ཀུན་ཏུ་ཕྱིན་པར་བྱས་ལ། དེར་ནད་དེ་ལུས་མ་ལུས་པ་ཀུན་དུ་རིམས་ཀྱི་ཚ་བས་ཚ་བར་འགྱུར་ཞིང་ཚ་བའི་གདུང་བས་གཟིར་བར་བྱས་པ་དང༌། དེ་བཞིན་དུ་གནོད་པར་བྱ་བ་དངས་མ་དང༌། དུས་ཚིགས་དང༌། ཡུལ་དང༌། རང་བཞིན་དེ་དང་ཆ་མཉམ་པར་འཕེལ་ཞིང་རྒྱས་པར་བྱས་པ་སྟེ། གནོད་བྱ་ནི་ལུས་ཟུངས་བདུན་དང་དྲི་མ་རྣམས་སོ། །དུས་ཚིགས་ནི་དབྱར་ཀ་ལ་སོགས་པའོ། །ཡུལ་ནི་རླན་ལ་སོགས་པའོ། །རང་བཞིན་ནི་བདུན་ནོ། །དེ་ཡང་སྟོབས་ཆེ་བ་སྟེ་ནུས་པ་དང་ལྡན་པ་དུས་ཡུན་རིད་པོ་ལ་སོགས་པ་དང༌། དེ་བཞིན་དུ་ལྕི་ཞིང་བརྣག་དཀའ་ལ། ལུས་ཀྱིས་མི་ཐེགས་པ་སྙམ་དུ་སེམས་པ་དང༌། ཡན་ལག་


DTG201_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རེངས་ཤིང་བསྐྱོད་མི་ནུས་པ་དང༌། ཁྱད་པར་དུ་ཡང་ལྷག་པར་དངས་མ་ཞེས་བྱ་བའི་ལུས་ཟུངས་ལ་གནས་པའི་གཉེན་པོས་བཅོས་པར་དཀའ་ཞིང་གསོ་བའི་ཐབས་ཅིས་ཀྱང་བཟློག་ཏུ་མེད་པ་སྟེ། གནོད་བྱ་ལ་སོགས་པ་དང་ཆ་མཉམ་པའི་ཕྱིར་རོ། །ཡང་དེ་བཞིན་དུ་བཟོད་པར་རབ་ཏུ་དཀའ་བ་སྟེ། སྡུག་བསྔལ་ཞིང་བརྣག་པར་མི་ནུས་པའི་རིམས་ལ་ནི་རྒྱུན་གྱི་རིམས་ཞེས་བྱ་སྟེ། དེ་ལྟ་བུར་འགྱུར་བ་ཡིན་ནོ། །དེ་ཡི་དྲོད་ཀྱིས་དྲི་མ་དང༌། །ལུས་ཟུངས་མྱུར་དུ་ཟད་པར་བྱེད། །དེ་འོག་རྣམ་ཀུན་ལུས་ཟུངས་སོགས། །དག་པའམ་མ་དག་རིམས་ཀྱིས་ནི། །རླུང་དང་མཁྲིས་པ་བད་ཀན་ཞག །བདུན་ནམ་བཅུའམ་བཅུ་གཉིས་གནས། །ཕལ་ཆེར་མཚམས་ལས་མི་འདའ་བར། །འཚོ་བའམ་འཆི་བ་དག་ཏུ་བྱེད། །ཅེས་བྱ་བ་ལ། རིམས་དེའི་དྲོད་ཀྱི་ཚ་བས་དྲི་མ་སྟེ་བཤང་བ་ལ་སོགས་པ་དང༌། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་ནང་དུ་ཞུགས་པའི་རྒྱུས་རིམས་དེས་དྲི་མ་རྣམས་ཟད་པར་བྱེད་པའམ། ལུས་ཟུངས་རྣམས་ཀྱང་ཟད་པར་བྱས་ནས་དེའི་འོག་ཏུ་རྣམ་པ་ཀུན་དུ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་ལུས་ཟུངས་བཤང་བ་དང་གཅི་བ་དང་བཅས་པ་དག་སྟེ། རིམས་ཀྱི་ཚ་བས་དྲི་མ་མེད་པར་བྱས་པའམ། ཡང་ན་ཡན་ལག་འགའ་ལུས་ཟུངས་ལ་སོགས་པ་མ་དག་ཅིང་ལྗན་ལྗིན་དང་བཅས་པའི་རིམས་ཀྱིས་གྲངས་ཇི་ལྟ་བ་བཞིན་དུ་རླུང་ལ་སོགས་པའི་ནད་གཞི་ལས་ཞག་བདུན་ནམ་བཅུའམ་བཅུ་གཉིས་ཀྱི་བར་དུ་ཕལ་ཆེར་གནས་པའི་མཚམས་སམ། དུས་ཀྱི་ངེས་པ་ལས་ནི་མི་འདའ་བར་རྗེས་སུ་གནས་ཏེ། ཅིའི་ཕྱིར་ཞེ་ན། དུས་དེ་ཙམ་གྱི་ནང་དུ་འཆི་བའམ། རིམས་ཀྱིས་གཏོང་བར་འགྱུར་བའམ། འཆི་ཞིང་གསོད་པར་འགྱུར་ཏེ། ཉིན་ཞག་འདི་ཙམ་གྱིས་གཏོང་བའམ་གསོད་པར་འགྱུར་རོ། །དེ་ཡང་གང་རླུང་ཤས་ཆེ་བ་ལས་བྱུང་བ་དེ་ནི་ཕལ་ཆེར་ཞག་བདུན་གྱིས་གཏོང་བའམ་འཆི་བར་འགྱུར་རོ། །དེ་བཞིན་དུ་མཁྲིས་པ་ཤས་ཆེ་བ་ལས་བྱུང་བ་ནི་ཞག་བཅུས་སོ། །


DTG201_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བད་ཀན་ཤས་ཆེ་བ་ལས་བྱུང་བ་ནི་བཅུ་གཉིས་ཀྱིས་བྱེ་བྲག་ཕྱེད་པར་འགྱུར་བ་ནི་རིམས་ཀྱིས་སྦྱར་བའི་དོན་ནོ། །དེ་སྐད་མེ་བཞིན་འཇུག་གིས་བཤད། །ཅེས་བྱ་བ་ལ། དེ་ལྟ་བུ་དེ་ནི་སྨན་དཔྱད་ཀྱི་གཞུང་རྩོམ་པར་བྱེད་པ་དྲང་སྲོང་མེ་བཞིན་འཇུག་ཅེས་བྱ་བས་བཤད་པའི་གཞུང་ཡིན་ནོ། །ལྗང་སྔོན་གྱིས་ནི་བཤད་པའི་གཞུང༌། །བདུན་པ་ཉིས་བལྡབ་གྱུར་པ་ཡིན། །དེ་བཞིན་དགུ་དང་བཅུ་གཅིག་བལྡབ། །འདི་ནི་ནད་གཞི་གསུམ་གྱི་ཚིག །འཚོ་དང་འཆི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དྲང་སྲོང་ལྗང་སྔོན་ཞེས་བྱ་བས་བཤད་པའི་གཞུང་ནི་འོག་ནས་བཤད་པའི་ཚུལ་འདིར་སྟོན་པ་ཡིན་ཏེ། བདུན་པ་ནི་ཉིས་བལྡབ་ཏུ་བརྩི་སྟེ། རླུང་གི་རིམས་ཀྱིས་ཞག་བཅུ་བཞི་ན་དངས་མ་ལ་སོགས་པ་དང་མ་དག་པ་གང་ཡིན་པ་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་ཞག་བཅུ་བཞིས་འཚོ་བའམ་འཆི་བར་འགྱུར་བ་བྱེ་བྲག་ཕྱེད་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི་ཞག་དགུ་པ་སྟེ། དེ་ཡང་ཉིས་བལྡབ་ཏུ་བརྩིས་ལ་ཞག་བཅྭ་བརྒྱད་དུ་བྱ་སྟེ། མཁྲིས་པ་ཤས་ཆེ་བའི་རིམས་ནི་ཞག་བཅྭ་བརྒྱད་ཀྱིས་འཚོ་བའམ། འཆི་བའི་བྱེ་བྲག་ཕྱེད་པར་འགྱུར་རོ། །དེ་བཞིན་དུ་གསུམ་པ་ནི་ཞག་བཅུ་གཅིག་པ་ཡིན་ཏེ། འདི་ཉིས་བལྡབ་ཏུ་བྱས་པས་ཞག་ཉི་ཤུ་རྩ་གཉིས་ཀྱིས་བད་ཀན་གྱི་ཤས་ཆེ་བའི་རིམས་ཀྱི་བྱེ་བྲག་ཕྱེད་པར་འགྱུར་ཏེ། འདི་དག་ནི་ནད་གཞི་གསུམ་ལས་བྱུང་བའི་རིམས་ཀྱི་དུས་ཚིགས་ཀྱི་བྱེ་བྲག་རྣམ་པར་གཞག་པ་ཡིན་ནོ། །རིམས་དུས་དག་དང་མ་དག་ལས། །ཡུན་རིང་དུས་སུ་གནས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་དག་པའི་ནད་དང་བཤང་བ་དང་གཅི་བ་ལེགས་པར་སྨིན་པ་རྩེ་ཞིལ་ཞིང་མ་སྨིན་པའི་སྐྱོན་མེད་པ་ཡིན་ལ། དེ་ལས་གོ་བཟློག་པ་ནི་མ་སྨིན་པ་ཡིན་ཏེ། དག་པ་དང་མ་དག་པ་དེ་གཉིས་ཆ་འདྲེས་པ་ལས་ནི་དུས་ཡུན་རིང་མོ་ཞིག་ཏུ་གནས་ཤིང་སྔར་བཤད་པའི་དུས་ལས་ཡུན་རིང་དུ་གནས་ཏེ། གང་གི་ཚེ་ལུས་ཟུངས་ཀྱི་དངས་མ་ལ་ལ་ནི་དག་ཅིང་སྨིན། ལ་ལ་ནི་མ་དག་ཅིང་མ་སྨིན་པར་འགྱུར་ན། དེའི་ཚེ་རྒྱུན་གྱི་རིམས་འབྱང་ཞིང་འདོར་


DTG201_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་གྱི། ཡུན་རིང་དུ་གནས་པ་ཁོ་ནར་འགྱུར་རོ། །ནད་རྩེ་ཞིལ་བ་ཉམ་ཆུང་དང༌། །ཁ་ཟས་མི་འཕྲོད་སོགས་བསྟེན་པས། །ནད་དཀྱེལ་ཆུང་ཡང་གནོད་བྱ་སོགས། །བརྟེན་ཏེ་སྟོབས་ཆེ་ཉིད་གྱུར་ལས། །གཉེན་པོར་བཅས་ཤིང་འཕེལ་འབྲི་གནས། །མི་བཟད་པ་ནི་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ནད་ཀྱི་རྩེ་ཞིལ་ཞིང་ནད་ལས་ཐར་བའི་སྐྱེས་བུ་ཉམ་ཆུང་ཞིང་ལུས་རིད་པར་གྱུར་པ་དང༌། ཁ་ཟས་མི་འཕྲོད་པ་ལ་སོགས་པ་བསྟེན་པ་སྟེ། ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་མི་མཐུན་ཞིང་མི་འཕྲོད་པ་བསྟེན་པའི་རྒྱུས་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་དཀྱེལ་ཆུང་ཞིང་སྟོབས་ཤིན་ཏུ་ཞན་པ་ཡིན་ཡང་མི་བཟད་པའི་རིམས་རྒྱུན་གྱི་རིམས་ལ་སོགས་པར་འགྱུར་རོ། །དེ་ཡང་ཚ་བ་མི་བཟོད་པ་ལ་སོགས་པའི་ཚུལ་གྱིས་འདེབས་པ་ན་མི་བཟད་པའི་རིམས་ཞེས་བྱའོ། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། གནོད་བྱ་ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་ཞིང་གནས་པ་སྟེ། ལན་འགའ་ནི་གནོད་བྱ་ལ་སོགས་པས་ཁྲག་ལ་སོགས་པ་གང་ཡང་རུང་བ་བརྟེན་ལ། ལན་འགའ་ནི་ཉིན་མཚན་ལ་སོགས་པའི་དུས་ལ་བརྟེན་ལ། ལན་འགའ་ནི་རླུང་ལ་སོགས་པའི་རང་བཞིན་ལ་བརྟེན་ཏེ། དེ་ནི་ཚབས་ཆེན་པོར་འགྱུར་བའི་སྟོབས་དང༌། ནུས་པ་ཐོབ་པར་འགྱུར་རོ། །དེ་ཡང་གཉེན་པོ་དང་བཅས་པ་ཡིན་ཞིང་བཅོས་པའི་ཐབས་ཡོད་པ་མ་ཡིན་ལ། ཡང་དེ་ནི་འཕེལ་བ་དང་འབྲི་བ་གཉིས་པོ་ལ་བརྟེན་ཞིང་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་ནི་ནད་ཀྱི་སྟོབས། །རང་གི་དུས་སུ་རིམས་སྟོབས་སྐྱེད། །ཅེས་བྱ་བ་ལ། ཉམ་ཆུང་བ་ལ་སོགས་པ་དེ་རྣམས་ཀྱི་རང་གི་དུས་ཉིན་མཚན་དང༌། དུས་ཀྱི་ཆ་ནི་མཚན་ཉིད་ཅན་དུ་རིམས་ཀྱི་སྟོབས་སྐྱེད་ཅིང་འཕེལ་བར་འགྱུར་བ་ཡིན་ནོ། །སླར་ཡང་དེ་དག་བཅོས་ཐབས་ནི། །སྟོབས་ཆེ་ཆུང་ལས་ལྡོག་པར་བྱེད། །ཅེས་བྱ་བ་ལ། མི་བཟད་པའི་རིམས་ཀྱི་རྩོམ་པ་དེ་སླར་ལྡོག་ཅིང་རང་གི་བྱ་བ་འགག་པར་འགྱུར་བ་ནི་བཅོས་ཐབས་ཀྱི་


DTG201_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེ་ཆུང་ལས་ལྡོག་པར་འགྱུར་ཏེ། བཅོས་ཐབས་ནི་གཉེན་པོ་སྟེ་ལུས་ཟུངས་དང་དུས་ལ་སོགས་པ་ཆ་མི་མཉམ་པ་ནི་གཉེན་པོའམ། བཅོས་ཐབས་ཀྱི་སྟོབས་ཡིན་ལ། དེ་སྟོབས་ཆུང་བར་བྱས་པ་ནི་ནུས་པ་ཟད་པར་བྱས་པ་སྟེ། རྒྱུ་དེས་ལྡོག་པར་འགྱུར་རོ། །ནད་ཟད་རིམས་ནི་ཕྲར་གྱུར་པ། །བཅུད་ལ་སོགས་པ་ཉིད་ལ་ཐིམ། །ཞེས་བྱ་བ་ལ། ནད་ཟད་པ་ནི་ནད་ཀྱི་ནུས་པ་ནི་བྲི་བར་གྱུར་ལ། རིམས་ནི་ཕྲ་ཞིང་ཤེས་པར་དཀའ་བར་གནས་པ་ནི་དངས་མ་ལ་སོགས་པའི་ལུས་ཟུངས་ཉིད་ལ་ཐིམ་ཞིང་མི་སྣང་བར་འགྱུར་རོ། །ཐིམ་པས་ལུས་རིད་ཤ་མདོག་ཉམས། །རྨོངས་བག་ལ་སོགས་དེ་ཡིས་སྐྱེད། །ཅེས་བྱ་བ་ལ། རིམས་དེ་ལུས་ཟུངས་ལ་ཐིམ་པས་ནི་ལུས་རིད་པ་ལ་སོགས་པའི་མཚན་ཉིད་སྐྱེད་ཅིང་འབྱུང་བར་བྱེད་དོ། །ཉེ་ཞིང་ཁ་ནི་བྱེ་བའི་ཕྱིར། །དངས་མ་རྒྱུ་བའི་རྩ་སྒོ་ནས། །ལུས་ཀུན་མྱུར་དུ་ཁྱབ་པ་ནི། །ནད་ཀྱིས་སྐྱེ་བར་བྱེད་པ་ཡིན། །དེས་ན་རྒྱུན་དུ་རྟག་རིམས་འགྱུར། །ཞེས་བྱ་བ་ལ། རྩ་སྒོ་བར་གང་ཉེ་བར་གནས་ཤིང་ཁ་བྱེ་བར་གྱུར་པ་ཉིད་ཀྱི་ཕྱིར། དངས་མ་རྒྱུ་བའི་རྩའི་སྒོ་རྣམས་ལས་རླུང་ལ་སོགས་པའི་ནད་གང་ཡང་རུང་བས་ལུས་ཀུན་ཁྱབ་ཅིང་ཕྱིན་པར་བྱས་ནས། ནད་དེས་ལུས་ཐམས་ཅད་ཁྱབ་པའི་ཕྱིར། རྒྱུ་དེས་རིམས་དེ་རྟག་ཅིང་རྒྱུན་མི་འཆད་པར་འབྱུང་བར་འགྱུར་བ་ཡིན་ལ། དེ་ཡང་ཚ་བ་ལ་སོགས་པའི་རྒྱུན་མ་ཆད་པར་རྒྱུན་དུ་འབྱུང་བས་ན། རྒྱུན་གྱི་རིམས་འགྱུར་བ་ཡིན་ནོ། །དེ་ལས་བཟློག་པ་ཚུལ་མི་འདྲ། །མི་སྙོམས་རྩོལ་བ་མི་མཉམ་པ། །བྱ་བའི་དུས་མིན་མཉམ་ཡུན་རིང༌། །ཞེས་བྱ་བ་ལ། དེ་ལས་བཟློག་པ་ནི་སྔ་མ་རྒྱུན་གྱི་རིམས་དེ་ལས་བཟློག་པ་སྟེ། ཚ་བའི་རྒྱུན་བར་བར་དུ་ཆད་པ་ལ་སོགས་པའི་ཚུལ་མི་འདྲ་བ་བཞི་ལས་རྟག་པའི་རིམས་སུ་གཞག་སྟེ། ཚུལ་མི་མཐུན་པ་ནི་རིང་ཞིང་ཤིན་ཏུ་རིང་བ་དང༌། ཁ་བྱེ་ཞིང་ཤིན་ཏུ་བྱེ་བ་དང༌། དངས་མས་བཅུད་རྩའི་སྦུབས་སུ་ནད་ཀྱིས་ལུས་མ་ལུས་པ་ལ་མྱུར་དུ་ཁྱབ་པར་མི་བྱེད་པ་སྟེ། ཚུལ་དེ་དག་གི་རྒྱུན་དེ་དག་


DTG201_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྟག་པ་ལ་སོགས་པའི་རིམས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ཡང་རྟག་པ་ལ་སོགས་པའི་རིམས་དེ་དག་ནི་ཆ་མི་སྙོམས་པ་ཡིན་ཏེ། རྒྱུ་གང་གིས་མི་སྙོམས་པ་ཡིན་ཞེ་ན། རྩོམ་པ་མི་སྙོམས་པའི་ཕྱིར་ཏེ། དུས་ཀྱི་འགྱུར་བ་མི་མཉམ་པའི་ཕྱིར་རོ། །རྩོམ་པ་མི་མཉམ་པ་དེ་ཡང་མཁྲིས་པ་དང་རླུང་གཉིས་སྤྱི་ནས་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུ་དང༌། བྱ་བ་མི་མཉམ་པ་ནི། ཤ་དང་ཚིལ་གྱི་ནུས་པ་དྲོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དུས་མི་མཉམ་པ་ནི་རིམས་ཀྱིས་འདེབས་པའི་ཉིན་ཞག་སྟེ། དེ་ནི་ཉིན་མཚན་ལན་གཉིས་ལྡང༌། །གཞན་དག་ཉིན་རེ་ལན་རེ་ཡིན། །ཞེས་བྱ་བ་ལ་སོགས་པ་དེ་ཡང་ལན་འགའ་ནི་ཉིན་མོ་ལྔ་དང༌། ལན་འགའ་ནི་མཚན་མོ། ལན་འགའ་ནི་ཉི་མ་ཕྱེད། ལན་འགའ་ནི་དགོངས་ཀ་ལྡང་བར་འགྱུར་རོ། །དེ་བཞིན་དུ་ནི་ཡུན་རིང་དུ་འབྲེལ་པ་ཅན་ཡང་ཡིན་པས་ན་ཡུན་རིང་སྟེ། དུས་ཡུན་རིང་ཞིག་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ། །ཕལ་ཆེར་ནད་ནི་ཁྲག་ལ་བརྟེན། །རྟག་པའི་རིམས་ནི་བྱེད་པར་འགྱུར། །དེ་ཡང་ཉིན་མཚན་ལན་གཉིས་ལྡང༌། །ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་མང་དུ་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་ཁྲག་ལ་བརྟེན་ཅིང་གནས་ནས་རྟག་པའི་རིམས་སྐྱེད་ཅིང་འབྱུང་བར་བྱེད་པར་འགྱུར་ལ། དེ་ཡང་ཉིན་མཚན་གཅིག་གི་ནང་དུ་ལན་གཉིས་ལྡང་བར་འགྱུར་ཏེ། འདིར་ཉིན་པར་ལན་གཉིས་ལྡང་ལ་མཚན་མོ་ལན་ཅིག་ལྡང་ངོ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ལ། གཞན་དུ་ལན་འགའ་ནི་ཉིན་གཅིག་ལ་ལན་གཉིས་ལྡང་བར་འགྱུར་ལ། ལན་འགའ་ནི་ཉིན་མཚན་གཉིས་ལ་རེ་རེ་ལྡང་བར་འགྱུར་རོ། །ཉིན་གཅིག་ཉིན་རེ་ལན་རེ་ལྡང༌། །དེ་ནི་ཤ་ཡི་རྩ་ལ་བརྟེན། །ཞེས་བྱ་བ་ལ། རིམས་ཉིན་གཅིག་པ་ནི་ཉིན་ཞག་གཅིག་གི་ནང་དུ་ལན་རེ་རེ་ཞིག་ལྡང་བར་འགྱུར་ལ། ཉིན་གཅིག་པའི་རིམས་དེ་ནི་ཤའི་བཅུད་ཀྱི་དངས་མ་རྒྱུ་བའི་རྩ་ལ་བརྟེན་ཅིང་གནས་པ་ཡིན་ནོ། །གསུམ་པ་ཚིལ་གྱི་རྩ་ལ་གནས། །ཞེས་བྱ་བ་ལ། རིམས་


DTG201_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་གསུམ་པའི་ནད་ནི་ཚིལ་གྱི་རྩའི་ནད་ལ་གནས་པས་རིམས་ཉིན་གསུམ་པ་སྐྱེད་པར་བྱེད་དོ། །མཁྲིས་པ་རླུང་གཉིས་སྤྱི་ནས་འཛིན། །བད་ཀན་མཁྲིས་གྱུར་སུམ་མདོ་ན། །རླུང་དང་བད་ཀན་རྒྱབ་ནས་འཛིན། །དེ་ནི་ཞག་གཅིག་གིས་ཆོད་ཡིན། །ཞེས་བྱ་བ་ལ། རིམས་ཉིན་གསུམ་པ་ལས་གྱུར་པ་ཡིན་དུ་ཟིན་ཀྱང༌། མཁྲིས་པ་དང་རླུང་གཉིས་ཤས་ཆེ་བ་ནི་སྤྱི་བོ་སྟེ་མགོ་ནས་འཛིན་པ་ཡིན་ལ། བད་ཀན་དང་མཁྲིས་པ་ཤས་ཆེ་ན་ནི་སུམ་མདོ་ཞེས་བྱ་བ་དཔུང་པ་གཉིས་དང༌། གཉའ་བ་འདུས་པའི་མཚམས་སུན་ཞིང་དེ་ནས་ཟུག་པར་འགྱུར་རོ། །རླུང་དང་བད་ཀན་ཤས་ཆེ་ན་ནི་རྒྱབ་ནས་ན་ཞིང་དེ་ནས་འཛིན་པ་ཡིན་ནོ། །ཡང་རིམས་ཉིན་གསུམ་པ་དེ་ནི་ཞག་གཅིག་གིས་ཆོད་པ་ཡིན་ནོ། །ཉིན་བཞི་པའི་རིམས་ནས་ཚིལ་དང༌། །རྐང་དང་ནུས་པའི་ནང་ན་གནས། །གཞན་དག་ཚིལ་ཉིད་ལ་གནས་ཟེར། །དེ་ཡི་ནུས་པ་བསྟན་པ་ནི། །བད་ཀན་གྱིས་ནི་བྱིན་གཉིས་ན། །རླུང་གིས་ཀླད་པ་ན་བར་བྱེད། །རུས་རྐང་གཉིས་ཀར་ཞུགས་པ་ཡིན། །ཉིན་བཞི་པ་ནི་གོ་བཟློག་པའོ། །ཉིན་གསུམ་པས་ནི་ཉིན་གཉིས་ན། །ཉིན་གཅིག་ན་བར་མི་བྱེད་དོ། །ཞེས་བྱ་བ་ལ། རིམས་ཉིན་བཞི་པའི་མཚན་ཉིད་ནི་རླུང་ལ་སོགས་པའི་ནད་རྐང་དང་རུས་པ་གང་ཡང་རུང་བའི་གནས་སུ་འདུག་ཅིང་བརྟེན་ནས་ནད་འབྱུང་བར་འགྱུར་ཏེ། ལན་འགའ་ནི་རྐང་ལ་གནས་ནས་ནད་སྐྱེད་དོ། །ལན་འགའ་ནི་རུས་པ་ལ་གནས་ནས་ནད་སྐྱེད་པ་ཡིན་ནོ། །ཡང་སྨན་པ་གཞན་དག་ནི་ཉིན་བཞི་པའི་རིམས་ཀྱི་གནས་ཀྱང་ཉིན་གསུམ་པ་དང་འདྲ་བར་ཚིལ་ཉིད་ལ་གནས་ནས་ལྡང་ངོ་ཞེས་ཟེར་རོ། །རིམས་ཉིན་བཞི་པ་དེའི་ནུས་མཐུ་ནི་རྣམ་པ་གཉིས་ཡོད་པར་བསྟན་ཏེ། གང་གི་ཚེ་བད་ཀན་གྱི་ཤས་ཆེ་བ་དེའི་ཚེ་ན་དང་པོ་བྱིན་པ་གཉིས་ནས་ཟུག་ཅིང་ན་བར་འགྱུར་ལ། དེ་རླུང་གི་ཤས་ཆེ་བ་ཡིན་ན་ནི་དང་པོར་ཀླད་པ་ན་བར་བྱེད་པ་ཡིན་ནོ། །དེ་ཡང་རེས་འགའ་ནི་རུས་པ་ལ་གནས་ལ། རེས་འགའ་ནི་རྐང་ལ་ཞེན་ཅིང་གནས་པ་ཡིན་ནོ། །རེས་འགའ་ནི་རུས་པ་དང་རྐང་གཉིས་ཀ་ལ་ཞུགས་ཏེ། །


DTG201_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡིན་ལ། གཉི་གར་ཞུགས་པ་དེའི་མཚན་ཉིད་ནི་ཉིན་བཞི་པ་གཅིག་ལ་གོ་བཟློག་པ་ཡིན་ནོ། །དེ་ཡང་ཉི་མ་གཉིས་ཀྱི་བར་དུ་རྒྱུན་མི་འཆད་པ་ནས་དེའི་འོག་ཏུ་ཉིན་གཅིག་ན་བར་བྱེད་ལ། དེ་ལྟར་ཉིན་གཅིག་ན་བ་མེད་ནས་ཡང་ཉི་མ་གཉིས་ཀྱི་བར་དུ་ན་བར་བྱེད་པ་ཡིན་ནོ། །འདིས་ནི་མཚན་ཉིད་གཅིག་བསྟན་པ་ཡིན་ལ། དེ་ལས་གོ་བཟློག་པའི་རྣམ་པ་གཞན་པ་ནི་ཉིན་གཅིག་རིམས་ནད་དེ་ཐུ་ནས་ཉི་མ་གཉིས་ཀྱི་བར་དུ་ཅུང་ཟད་བྱ་སྟེ། ཉི་མ་གསུམ་པ་ལ་ཡང་ཐུ་བར་བྱེད་པའི་རིམས་ཀྱིས་ན་བ་ཡིན་ཏེ། དེ་ནི་གཉིས་པའོ། །ནད་རྣམས་ཀྱི་ནི་སྟོབས་ཆེ་ཆུང༌། །ཟས་དང་སྤྱོད་པ་ལས་འབྱུང་ཞིང༌། །དེ་བཞིན་རིམས་རྣམས་འབྱུང་བ་ནི། །ཡིད་དང་ལས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཡང་དུས་དེའི་ཚེ་རླུང་ལ་སོགས་པའི་ནད་རྣམས་ཀྱི་སྟོབས་སམ་མཐུ་ཆེ་ཆུང་ལས་འབྱུང་བ་དང༌། ཟས་དང་སྤྱོད་ལམ་ལ་སོགས་པ་ལས་རིམས་ནད་དུ་འགྱུར་ལ། དེ་བཞིན་དུ་ཡིད་ཀྱི་སྟོབས་ཆེ་ཆུང་དང༌། ལས་སྔོན་ཆད་སྤྱོད་པའི་སྟོབས་ཆེ་ཆུང་ལས་རིམས་རྣམས་སྐྱེ་བར་འགྱུར་ལ། དེ་ཡང་ལན་འགའ་ནི་རྟག་པའི་རིམས་སུ་འགྱུར་རོ། །ལན་འགའ་ནི་ཉིན་གཅིག་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། དེ་ལས་གོ་བཟློག་པ་དག་ཏུ་ཡང་འགྱུར་ལ། ཆེད་འགའ་ནི་ཉིན་བཞི་པར་གྱུར་ནས། ཉིན་གསུམ་པ་དང་ཉིན་གཅིག་པ་ལ་སོགས་པར་འགྱུར་རོ། །ནད་ཀྱིས་ལུས་ཟུངས་དཀྲུགས་གྱུར་པ། །ནད་སོས་ཉི་ཚེ་ཞུ་བར་འགྱུར། །དེ་ཚེ་ནད་པ་དབུགས་དྲག་རྔུལ། །མཁུན་ཞིང་སློན་བྱེད་འགྲེ་བ་དང༌། །ལུས་འདར་ཚིག་མང་ཚ་བ་དང༌། །ལུས་གྲང་བཞིན་མདོག་ཉམས་པ་དང༌། །དྲན་སྟོར་རིམས་ཀྱི་ཤུགས་ཀྱིས་གཟེར། །ཁྲོས་པའི་ཚུལ་གྱིས་ལྟ་བ་དང༌། །བཤང་བ་ནད་དང་སྒྲར་བཅས་པ། །སླ་བ་ཤུགས་དྲག་འབྱུང་བ་ཡིན། །ཞེས་བྱ་བ་ལ། སོགས་པའི་ནད་གང་ཡང་རུང་བས་དངས་མ་ལ་སོགས་པའི་ལུས་ཟུངས་དཀྲུགས་ཤིང་གློགས་པར་གྱུར་པའི་རིམས་དེ་ནད་


DTG201_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སོས་པ་དང༌། ཉེ་བའི་ཚེ་ན་ལུས་ཟུངས་དེ་ཉིད་ལ་ཐིམ་ཞིང་ཞུ་བར་འགྱུར་རོ། །དེ་ནས་ནད་དེ་ཞུ་བའི་དབང་གིས་དེའི་ཚེ་ནད་པ་དེ་ལ་དབུགས་ཀྱི་རྔམ་པ་ཅུང་ཟད་དྲག་ཏུ་འབྱུང་ཞིང་རྔུལ་ཏེ་བ་སྤུའི་བུ་ག་རྣམས་ནས་ཆུ་འཛག་པ་དང༌། དེ་བཞིན་དུ་མཁུན་ཞིང་སྒྲ་མི་གསལ་བར་འདོན་ཞིང་སློན་པ་སྟེ། བད་ཀན་དང་མཁྲིས་པ་ལ་སོགས་པ་སྐྱུགས་པར་བྱེད་པ་དང༌། དེ་བཞིན་དུ་མལ་ལམ་སའི་སྟེང་དུ་འགྲེ་ཞིང་ལུས་འགྱུར་བ་དང༌། ལུས་འདར་ཞིང་གཡོ་བ་དང༌། ཚིག་མར་པོར་སྨྲ་བ་སྟེ། དགོས་པ་ཡོད་པ་དེ་དགོས་པའི་ཚིག་མང་དུ་སྨྲ་བ་དང༌། ལུས་ཚ་བ་དང་གྲང་བའི་རྣམ་པ་དུས་གཅིག་ཏུ་སྨྲ་བར་འགྱུར་བ་དང༌། མདོག་ཉམས་ཤིང་གཟི་མདངས་མེད་པ་དང༌། དྲན་པ་སྟོར་ཞིང་འདུ་ཤེས་མི་གསལ་བ་དང༌། དེ་བཞིན་དུ་རིམས་ཀྱི་ཤུགས་ཀྱིས་གཟིར་ཞིང་རིམས་ནད་ཀྱི་ཤུགས་ལྷག་པར་སྐྱེ་བ་ལྟར་བྱེད་པ་དང༌། ཁྲོས་ཤིང་འཁྲུགས་པ་ལྟ་བུའི་ཚུལ་དུ་སྡང་མིག་གིས་ལྟ་བར་བྱེད་པ་དང༌། དེ་བཞིན་དུ་བཤང་བ་ཡང་རླུང་ལ་སོགས་པའི་ནད་དང་རླུང་གི་སྒྲ་དང་བཅས་པ་སླ་བག་ཏུ་ཤུགས་སུ་འབྱུང་བར་འགྱུར་བ་ཡིན་ནོ། །ལུས་ཀྱི་ཡང་ཞིང་རྨྱ་དང་རྨོངས་བག་ཚ་བ་མེད། །ཁ་ན་ཐོར་བུ་འབྱུང་དང་དབང་པོ་བརྟས་ཤིང་བདེ། །ཡིད་ནི་སོར་གནས་རྔུལ་སྦྲིད་བདེར་འབྱུང་ཡི་ག་འབྱེད། །མགོ་བོ་གཡའ་བ་རིམས་ནད་བྱང་བའི་མཚན་མ་ཡིན། །ཞེས་བྱ་བ་ལ། མཚན་མ་དེ་དག་གི་རྗེས་ལ་རིམས་ནད་བྱང་བ་ཉིད་དུ་འགྱུར་བའི་མཚན་མ་ནི་ལུས་ཡང་བར་འགྱུར་ཞིང༌། ཁོང་ལྕི་བའི་བག་མེད་པ་དང་ལུས་རྨྱ་བ་དང༌། །རྨོངས་བག་དང་ཚ་བ་མེད་པ་སྟེ། རྨྱ་ཞིང་ཉམ་ཆུང་བ་དང༌། རྨོངས་བག་གིས་འདུ་ཤེས་སྟོར་བ་དང༌། ཚ་ཞིང་རྣོ་བར་གྱུར་པའི་རྣམ་པ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ཁའི་ནང་དུ་ཐོར་བུ་སྨིན་པ་ཕྲ་མོ་འབྱུང་བ་དང༌། མིག་ལ་སོགས་པའི་དབང་པོ་རྣམས་བརྟས་ཤིང་རང་གི་ལས་ཀྱི་བྱ་བ་བདེ་བླག་ཏུ་བྱེད་པར་ནུས་པ་དང༌། ལུས་བདེ་ཞིང་ནད་ཀྱི་ཚོར་བ་མེད་པ་དང༌། ཡིད་སོ་ལ་གནས་པ་དང༌། སེམས་ཀྱི་རང་བཞིན་སྔོན་ཆད་སྙིང་


DTG201_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཅན་ལ་སོགས་པ་གང་གི་ཤས་ཆེ་བ་དེ་དེ་བཞིན་དུ་ལྡན་པར་འགྱུར་བ་དང༌། དེ་བཞིན་དུ་རྔུལ་དང་སྦྲིད་པ་བདེ་བླག་ཏུ་ཐོན་ཞིང་འབྱུང་བ་དང༌། དེ་བཞིན་དུ་བཀྲེས་ཤིང་ཟས་ལ་འདོད་པ་སྐྱེ་བའི་ཡི་ག་འབྱེད་པ་འབྱུང་བར་འགྱུར་བ་དང༌། མགོ་བོ་གཡའ་ཞིང་ཕྲུགས་འདོད་པ་སྐྱེ་བར་འགྱུར་ཏེ། འདི་དག་ནི་རིམས་བྱང་བའི་རྟགས་སམ་མཚན་མ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁྲག་དང་མཁྲིས་པ་དང་ལུད་པའི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། རིམས་ཀྱི་ཚ་བ་ལས་ཁྲག་མཁྲིས་སྐྱེ་བར་འགྱུར་བར་བཤད་པས། དེའི་ཕྱིར་དེ་མྱུར་དུ་གསོད་པ་ཡིན་པས། རིམས་ཀྱི་ནད་གཞིའི་ལེའུའི་འོག་ཏུ་ཁྲག་དང་མཁྲིས་པའི་ནད་གཞི་བརྩམས་པ་ཡིན་ནོ། །ལུད་པ་ཡང་ཁྲག་དང་མཁྲིས་པ་དང་འདྲ་བར་གནོད་པ་མྱུར་དུ་སྐྱེད་པ་ཡིན་པས་དེ་ཡང་ལེའུ་འདིར་བཤད་པ་ཡིན་ནོ། །རབ་དྲོ་རབ་རྣོ་ཚ་དང་སྐྱུར། །ལན་ཚྭ་ལ་སོགས་ཚ་བ་དང༌། །ཁྲེ་རྒོད་ཨུཏྤ་ལ་ཡི་ཟས། །དེ་བཅས་ཤིན་ཏུ་བསྟེན་དྲགས་དང༌། །མཁྲིས་པ་ཅན་གྱི་མཁྲིས་ནད་ནི། །གཤེར་དང་ཁྲག་རྒྱས་ནད་དུ་འགྱུར། །དེ་ནི་ཕན་ཚུན་འདྲེས་གྱུར་པས། །ལུས་ཀུན་ཁྱབ་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་ཤིན་ཏུ་དྲོ་ཞིང་ཚ་བའི་ཤས་ཆེ་བ་དང་རབ་ཏུ་རྣོ་ཞིང་དྲགས་པ་དང༌། སྐྱུར་བའི་རོ་ཤས་ཆེར་བསྟེན་པ་དང༌། ལན་ཚྭའི་རོ་ལ་སོགས་པ་རོ་རྣོ་བ་ཤས་ཆེར་བསྟེན་པ་དང༌། ཚ་བག་ལ་གནས་པ་དང༌། དེ་བཞིན་དུ་ཁྲེ་རྒོད་ལ་སོགས་པའི་ཟས་བསྟེན་པར་དྲགས་ཤིང་ཤས་ཆེ་བ་དང༌། ཡང་དེ་བཞིན་དུ་ཚ་ཞིང་རྣོ་བ་ལ་སོགས་པ་མཁྲིས་པ་སྐྱེད་པའི་ཁ་ཟས་སྐོམ་ཚད་ལས་ལྷག་པར་བསྟེན་ཞིང་ཟོས་པས་མཁྲིས་པའི་ནད་གཤེར་བ་དང༌། ཁྲག་གི་ནད་རྒྱས་ཤིང་ལྡང་བར་འགྱུར་ལ། ཁྲག་དང་མཁྲིས་པ་


DTG201_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་ཤིང་གཅིག་པུར་གྱུར་པ་དང༌། ཁྲག་གི་མདོག་ཅན་ཉིད་དུ་གྱུར་ནས་ལུས་མགོ་ནས་རྐང་གི་བར་དུ་མ་ལུས་པར་ཀུན་ཁྱབ་ཅིང་བྱེར་བར་འགྱུར་བ་ཡིན་ནོ། །མཁྲིས་པ་ཁྲག་ལས་གྱུར་པ་དང༌། །འདྲེས་དང་གནོད་བྱ་ལས་དང་གཅིག །མདོག་དང་དྲི་ནི་རྗེས་མཐུན་པས། །ཁྲག་གི་མིང་དུ་བསྟན་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་གང་ཡིན་པ་སྟེ་ཁྲག་གི་མིང་དུ་བསྟན་ཏེ། ཁྲག་དང་མཁྲིས་པ་གསོ་བ་ལ། ཁྲག་ནི་ཐུར་སོང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཚུལ་གྱིས་དེའི་མིང་དུ་འགྱུར་བ་ཡིན་ཏེ། གང་གི་ཕྱིར་མཁྲིས་པ་ནི་ཁྲག་ལས་གྱུར་པ་ཡིན་ཞིང་ཁྲག་ལས་སྐྱེས་པ་ཡིན་ནོ། །དེ་ཡང་གཞུང་འདི་ཉིད་ལས། བད་མཁྲིས་དྲི་མ་བུ་ག་རུ། །རྔུལ་དང་སེན་མོ་བ་སྤུ་དང༌། །སྣུམ་དང་མིག་དང་པགས་པ་ཚིལ། །རིམ་བཞིན་ལུས་ཟུངས་དྲི་མ་ཡིན། །ཞེས་སྨོས་པ་ཡིན་པས་ན། དེའི་ཕྱིར་ཁྲག་གི་སྙིགས་མ་ནི་མཁྲིས་པ་ཡིན་ལ། དེ་བཞིན་དུ་འདྲེས་པ་སྟེ། གཅིག་ལ་གཅིག་ཆ་འདྲེས་པའི་གནད་དང༌། དེ་བཞིན་དུ་གནོད་བྱ་ལས་ཀྱང་འབྱུང་སྟེ། གང་གི་ཕྱིར་ཁྲག་ནི་མཁྲིས་པ་ཉིད་ཀྱིས་མྱུར་དུ་གནོད་པར་འགྱུར་ལ། དེ་བཞིན་དུ་ཁྲག་གིས་མཁྲིས་པ་ལ་གནོད་པར་འགྱུར་བ་ཡིན་ཏེ། དེ་ལ་གནས་པའི་ཕྱིར་རོ། །དེ་ཡང་གཞུང་འདི་ཉིད་ལས། འཕེལ་དང་ཟད་པར་བྱ་བའི་སྨན། །གཅིག་གི་གང་ཡིན་པ་དེ་གཞན་ཡིན། །ཞེས་བཤད་པ་ཡིན་ནོ། །མདོག་དང་དྲི་ཡང་དེ་གཉིས་རྗེས་སུ་མཐུན་པ་ཡིན་ཏེ། མཁྲིས་པ་དེ་ནི་ཁ་དོག་དང་དྲི་ཡང་ཁྲག་དང་རྗེས་སུ་མཐུན་པས་དེའི་ཕྱིར། མཁྲིས་པ་ཡང་དྲི་དང་ཁ་དོག་ཁྲག་དང་མཚུངས་པས་ཁྲག་གི་མིང་དུ་བསྟན་ཞིང་བཤད་པ་ཡིན་ནོ། །དེ་ནི་ཁྲག་གནས་མཆིན་པ་དང༌། །མཆེར་པ་ལས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་དེ་གཉིས་ནི་ཁྲག་གི་གནས་ཏེ། ཁྲག་དང་མཁྲིས་པ་རྒྱུ་བའི་རྩ་སྦུབས་ནས་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་མཆིན་པ་དང་མཆེར་པ་ཡང་ཁྲག་གི་གནས་ཡིན་པས་དེ་གཉིས་ལས་འབྱུང་བར་འགྱུར་རོ། །མགོ་བོ་ལྕི་ཞིང་ཡི་ག་


DTG201_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཆུས། །བསིལ་འདོད་སྒྲེགས་པ་དུད་ཅན་སྐྱུར། །སྐྱུག་ཅིང་སྐྱུགས་མདོག་བཙོག་པར་སྣང༌། །ལུད་པ་དབུགས་མི་བདེ་མགོ་འཁོར། །ཁོང་སྙོམ་ཁྲག་དམར་ཉ་དྲི་བྲོ། །ཁ་དྲི་མི་ཞིམ་སྐད་འགགས་ལ། །མིག་ལ་སོགས་པའི་ཁ་དོག་ནི། །དམར་དང་ལྗང་དང་སེར་པོར་སྣང༌། །རྨི་ལམ་དུ་ཡང་ཁ་དོག་དེ། །འདིར་ནི་མཐོང་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་འདི་ཕྱིས་འབྱུང་བར་གྱུར་ན། ནད་ཀྱི་སྔར་བྱུང་བའི་ཚུལ་མགོ་བོ་ལྕི་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །མགོ་བོ་ལྕི་བ་ནི་དང་པོ་མགོ་བོ་མི་ཐེགས་པ་སྙམ་སེམས་པའོ། །སྒྲེགས་པ་དུ་བ་ཅན་ནི་སྒྲེགས་པ་དུ་བ་ལྟར་དཀུ་བ་འབྱུང་བའོ། །སྐྱུར་བ་ནི་སྒྲེགས་པའི་རོ་སྐྱུར་བག་ཏུ་འབྱུང་བའོ། །སྐྱུག་པ་ནི་སློན་པའོ། །སྐྱུགས་པའི་མདོག་བཙོག་པ་ནི་ཁ་དོག་མི་སྡུག་པ་དང༌། དྲི་ང་བ་དང༌། རོ་མི་ཞིམ་པར་སྣང་བའོ། །གཞན་ནི་གོ་བར་ཟད་དོ། །ཁྲག་དེ་ཉ་དམར་པོ་རོ་ཧི་ཏ་ཞེས་བྱ་བའི་དྲི་ལྟར་ཤིན་ཏུ་དྲི་མནམ་པའམ། ཁྲག་ཉིད་ཀྱི་མདོག་དམར་ལ་དྲི་ང་བར་སྣང་བ་དང༌། ཁའི་དྲི་མི་ཞིམ་ཞིང་མནམ་པ་སྔར་བྱུང་བའི་ཚུལ་ལས་དེ་ཤེས་པར་བྱའོ། །དེ་བཞིན་དུ་སྐད་འགགས་ཤིང་སུབས་པ་དང༌། དེ་བཞིན་དུ་མིག་དང་པགས་པ་དང༌། གདོང་དང༌། ལྕེ་དང༌། བཤང་བ་དང༌། གཅིན་ལ་སོགས་པ་ཁ་དོག་དམར་བ་དང༌། དུད་པ་ལྟར་ལྗང་བ་དང༌། སེར་པོར་སྣང་བ་ལས་ཤེས་པར་བྱ་ལ། ཡང་དེ་བཞིན་དུ་རྨི་ལམ་གྱི་ནང་དུ་ཡང་ཁ་དོག་དམར་པོ་དང༌། ལྗང་གུ་དང༌། སེར་པོར་མཐོང་བར་འགྱུར་བ་ཡིན་ནོ། །སྟོད་དུ་སྣ་མིག་རྣ་བ་ཁ། །སྨད་དུ་བཤང་སྒོ་ཕོ་མོའི་མཚན། །བ་སྤུའི་བུ་ག་ཀུན་ལས་ཀྱང༌། །ཁྲག་རབ་རྒྱས་པ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་དེ་སྟོད་དུ་སྣ་དང་མིག་དང་རྣ་བ་དང་ཁའི་སྒོ་བདུན་ནས་འབྱུང་བར་འགྱུར་བ་དང༌། སྨད་དུ་བཤང་སྒོ་དང་ཕོ་མཚན་དང་མོ་མཚན་ཏེ་བུ་ག་གསུམ་ལས་འབྱུང་བར་འགྱུར་ལ། དེ་བཞིན་དུ་བ་སྤུའི་བུ་ག་མ་ལུས་པ་ཀུན་ལས་ཀྱང་འབྱུང་སྟེ། རྡུལ་འབྱུང་


DTG201_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་སྒོ་ཐམས་ཅད་ལས་ཀྱང་འབྱུང་བ་སྟེ། ཁྲག་རྒྱས་པ་འབྱུང་བར་འགྱུར་བའི་སྒོ་ནི་དེ་དག་ཡིན་ནོ། སྟོད་ཀྱི་བད་ཀན་ཡིན་གསོ་སླ། །དེ་ནི་བཀྲུ་སྨན་བཏང་བས་གསོ། །སྨན་མང་ཡོད་ཅིང་མཁྲིས་པ་ཡི། །སྨན་གྱི་མཆོག་ནི་བཀྲུ་སྨན་ཡིན། །ཟླ་ལ་ཡོད་པའི་བད་ཀན་ཡང༌། །དེར་ནི་དེ་ཡིས་སྦྱངས་བྱས་འགྱུར། །དེ་ལ་སྨན་ནི་མངར་དང་བསྐ། །བད་ཀན་དག་ལ་ཕན་བ་ལ། །གང་གཏོགས་དང་གིས་བད་ཀན་སེལ། །ཁ་དང་བསྐ་བ་སྨོས་ཅི་དགོས། །ཞེས་བྱ་བ་ལ། སྟོད་ཀྱི་ཆར་བྱུང་བའི་བད་ཀན་དང་མཁྲིས་པ་གང་ཡིན་པ་དེ་ནི་བད་ཀན་རྒྱས་པ་ལས་གྱུར་པ་ཡིན་པའི་ཕྱིར། གསོ་སླ་ཞིང་བཅོས་པར་སླ་བ་ཡིན་ལ། དེ་ཡང་བཀྲུ་སྨན་བཏང་བས་ལམ་བསྒྱུར་ཏེ་གསོ་དགོས་པ་ཡིན་ནོ། །དེ་བཞིན་དུ་སྨན་ཡང་མང་དུ་ཡོད་པ་སྟེ། སྨན་རོ་མངར་བ་དང་ཁ་བ་དང་བསྐ་བ་རྣམས་ཕན་པའི་ཕྱིར་རོ། །ཡང་སྟོད་དུ་བྱུང་བའི་ཁྲག་མཁྲིས་ལ་མཁྲིས་པའི་ནད་ལ་ཕན་པའི་སྨན་བྱ་བ་ནི་སྨན་གྱི་མཆོག་ཡིན་ཏེ། སྟོད་དུ་བྱུང་བའི་ཁྲག་དང་མཁྲིས་པའི་ཟླ་ལ་བད་ཀན་ཡོད་བ་དེ་བཀྲུ་སྨན་བྱས་པས་གང་ཡིན་པ་དེ་སྦྱང་ཞིང་དག་པར་འགྱུར་རོ། །བད་ཀན་སྦྱངས་ཤིང་དག་པའི་སྐྱེས་བུ་དེ་ལ་སྨན་མངར་བ་རྣམས་ཀྱི་ཁུ་བ་ལ་སོགས་པ་རྣམས་ཀྱང་བད་ཀན་ལ་ཕན་པ་ཡིན་ཏེ། དོན་དུ་བད་ཀན་གནོད་པའི་མངར་རམ། བད་ཀན་ལ་ཕན་པར་གྱུར་ན་བད་ཀན་འབའ་ཞིག་ཡོད་པ་དེ་ལ་རང་བཞིན་གྱིས་བད་ཀན་སེལ་བར་བྱེད་པའི་སྨན་ཁ་བ་དང་བསྐ་བ་དག་བྱིན་ན་ཕན་པར་འགྱུར་ཞིང་བསྔགས་པ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ཐུར་དུ་འབྱུང་བའི་རླུང་ཡིན་ཕྱིར། །དེ་ནི་སྐྱུག་སྨན་བཏང་བས་གསོ། །མཁྲིས་པའི་སྨན་ནི་ཉུང་བ་ཡིན། །སྒྱུག་སྨན་མཁྲིས་པའི་སྨན་མཆོག་ཡིན། །ཟླ་ལ་ཡོད་པའི་རླུང་ནད་ཀྱང༌། །དེ་ནི་དེ་ཡིས་ཞི་མི་འགྱུར། །དེ་ལ་རོ་ནི་མངར་བསྐོལ་བ། །འབའ་ཞིག་ཕན་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཐུར་དུ་འབྱུང་ཞིང་རོ་སྨད་ཀྱི་ལམ་ནས་འབབ་པའི་ཁྲག་དང་མཁྲིས་པ་ནི་རླུང་ནད་ཤས་ཆེ་བ་ལས་བྱུང་བའི་ཕྱིར། དེ་གསོ་བ་ཙམ་དུ་བྱས་པ་ལས་གཏན་བསལ་


DTG201_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བར་དཀའ་བ་ཡིན་ལ། དེ་ཡང་སྐྱུག་སྨན་བཏང་བས་གསོ་ཞིང་སློན་དུ་འབྱུང་བ་ནི་དེའི་གསོ་བ་ཡིན་ནོ། །ཁྲག་དང་མཁྲིས་པ་དེ་ནི་སྨན་ཤིན་ཏུ་ཉུང་བ་ཡིན་ཞིང་མངར་བ་འབའ་ཞིག་གིས་གསོ་དགོས་པ་ཡིན་ལ། ལམ་བསྒྱུར་བའི་སྐྱུག་སྨན་གཏང་བ་དེ་ནི་མཁྲིས་པའི་སྨན་གྱི་མཆོག་ཀྱང་མ་ཡིན་ལ། ཟླ་ལ་ཡོད་པའི་རླུང་ནད་གཞན་དབང་དུ་བྱེད་པ་དེ་ཡང་སྐྱུག་སྨན་གྱིས་ཞི་བར་མི་འགྱུར་ལ། འོག་ཏུ་འབབ་བའི་ཁྲག་དང་མཁྲིས་པ་དེ་ལ་ནི་སྨན་རོ་མངར་བ་ཁོ་ན་བསྐོལ་བ་ལ་སོགས་པ་ཕན་པ་ཡིན་གྱི། ཁ་བའི་སྨན་ཁུ་བ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱིས་རླུང་སྐྱེད་པ་ཡིན་པའི་ཕྱིར་རོ། །བད་ཀན་རླུང་ནི་འདྲེས་པའི་ནད། །གཉི་གར་འབྱུང་བ་གསོ་དཀའ་སྟེ། །བཟློག་པའི་ཐབས་ནི་མེད་ཕྱིར་དང༌། །སྨན་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་དང་བད་ཀན་དང་འདྲེས་པའི་ནད་ལས་བྱུང་བར་གྱུར་ནས་ལུས་ཀྱི་སྟོད་དང་ལུས་ཀྱི་སྨད་གཉིས་ཀ་ལས་འབྱུང་བ་དེ་ནི་ཤིན་ཏུ་བཅོས་པར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བཟློག་པར་མི་ནུས་པ་ཡིན་ཏེ། དེའི་ཕྱིར་ནད་ཀྱི་ལམ་བཟློག་ཅིང་བསྒྱུར་ནས་བཅོས་པའི་ཐབས་མེད་པའི་ཕྱིར་དང༌། དེ་བཞིན་དུ་དེ་ལྟ་བུའི་ནད་དང་འཚམ་ཞིང་གཉི་ག་ལས་མི་འབྱུང་བའི་སྨན་ཡོད་པ་མ་ཡིན་པས། གསོར་མི་རུང་བ་ཡིན་ནོ། །འདི་ལས་བཟློག་པར་བྱ་བའི་ཐབས། །སྦྱང་བའང་ཡོད་པ་མ་ཡིན་ཏེ། །སྦྱངས་པས་བཟློག་པར་བྱ་བ་དག །སྨན་པས་ཁྲག་མཁྲིས་གསོ་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་དང་མཁྲིས་པའི་ནད་རྒྱས་ཏེ་བྱུང་བ་འདི་ལ་སྨྱུང་བ་བྱ་བ་སྨན་དཔྱད་ཀྱི་ཐབས་ཡིན་ན། སྦྱང་བ་དེ་ནི་གང་ཞིག་བཏང་ན་གཉི་གནས་འབྱུང་བའི་ཁྲག་མཁྲིས་བད་ཀན་དང་རླུང་འདྲེས་པར་གྱུར་བ་དེ་དུས་གཅིག་ཏུ་འམ་གཞན་དུ་ཁྲིད་ཅིང་སེལ་བར་བྱེད་པ་དེ་ལྟ་བུའི་བཟློག་པར་བྱ་བའི་ཐབས་སུ་གྱུར་པའི་སྦྱང་བ་གང་ཡང་ཡོད་པ་མ་ཡིན་ལ། ཁྲག་དང་མཁྲིས་པའི་ནད་ལ་ནི་སྦྱངས་བས་མི་མཐུན་པར་བཟློག་ཅིང་ལམ་བསྒྱུར་བ་ཉིད་


DTG201_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྨན་པས་བཅོས་དགོས་ན། ལམ་གཉིས་ནས་འབྱུང་བ་འདི་ནི་བཟློག་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་ཐུར་དུ་འབབ་པ་ལས་ལྟོས་ཏེ། སྐྱུག་སྨན་བཏང་ན་ནི་སྟོད་དུ་འབྱུང་བ་བཟློག་པར་མི་འགྱུར་ལ། སྟོད་དུ་འབྱུང་བ་ལས་ལྟོས་ཏེ་བཀྲུ་སྨན་བཏང་ན་ནི་ཐུར་དུ་འབྱུང་བ་མི་བཟློག་པས་བཅོས་པའི་ཐབས་མེད་པ་ཡིན་ནོ། །མཁྲིས་པ་ཉེ་བར་ཞི་བ་ཡང༌། །འདི་ལས་ཡོང་ཡེ་ཡོད་མ་ཡིན། །འདྲེས་པར་གྱུར་པའི་ནད་ལ་ནི། །ཐམས་ཅད་སེལ་བའི་ཞི་བྱ་ཕན། །ཞེས་བྱ་བ་ལ། འདི་ལ་སྦྱང་བ་ཉེ་བར་ཞི་བར་བྱ་བའི་ཐབས་རྣམ་པ་ཐམས་ཅད་དུ་མེད་པ་དེ་བཞིན་དུ་ཞི་བར་བྱ་བའི་ཐབས་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་སྟོད་དུ་བྱུང་བའི་བད་ཀན་དང་འབྲེལ་པ་ལ་ཕན་པར་འགྱུར་བ་ཁ་བ་དང་བསྐ་བ་ལ་སོགས་པའི་སྨན་བཏང་ན་ནི། དེ་རླུང་ལ་གནོད་པས་ཐུར་དུ་འབྱུང་བ་འཕེལ་བར་འགྱུར་ལ། གང་སྨད་དུ་བྱུང་བའི་རླུང་ལས་གྱུར་པ་ལ་ཕ་པ་སྨན་མངར་བ་བྱིན་ན་ནི། དེ་བད་ཀན་ལ་གནོད་པས་སྟོད་དུ་འབྱུང་བ་འཕེལ་བར་འགྱུར་རོ། །དེ་བས་ན་ལམ་གཉིས་ཀ་ནས་འབྱུང་བའི་ཁྲག་མཁྲིས་འདི་ལ་ནི་སྦྱང་བ་དང་འདྲ་བར་ཞི་བར་བྱ་བའི་ཐབས་ཀྱང་ཡོང་ཡེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ནད་འདྲེས་པར་གྱུར་ཅིང་ཕྱོགས་གཅིག་ཏུ་གནས་ལ་བྱ་བ་ཅིག་རྩོམ་པར་འགྱུར་བའི་ནད་ལ་ནི་ཐམས་ཅད་སེལ་བ་སྟེ། ནད་གཞི་གསུམ་ཆར་སེལ་བའི་ཞི་བར་བྱ་བས་ཕན་པ་ཡིན་ན། སྟོད་སྨད་ཀྱི་ལམ་གཉིས་ཀ་ནས་འབྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་ནད་གཞི་གསུམ་ཆར་སེལ་བར་འགྱུར་བའི་སྨན་ཡོད་པ་མ་ཡིན་ཏེ། ནད་གཞི་གསུམ་ཐ་དད་པར་གནས་པ་ཡིན་པའི་ཕྱིར་རོ། །དེ་ལ་ནད་དང་རྗེས་མཐུན་པའི། །གཏར་ག་བཏབ་སྟེ་བརྟག་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་དེ་ལ་ནི་གཏར་ག་བཏབ་སྟེ་ཁྲག་ཕྱུང་ལ། ཁྲག་འདི་ནི་རླུང་འཁྲུགས་པ་ཡིན་ནོ། །འདི་ནི་མཁྲིས་པ་འཁྲུགས་པ་ཡིན་ནོ། །འདི་ནི་མཁྲིས་པ་འཁྲུགས་པ་ཡིན་ནོ། །འདི་ནི་བད་ཀན་འཁྲུགས་པའོ། །འདི་ནི་འདྲེས་པའམ་ལྡན་པ་འཁྲུགས་པའོ། །འདི་ནི་འདུས་


DTG201_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གྱུར་པ་ཡིན་ནོ། །ཞེས་གཏར་གས་བཏོན་པའི་ཁྲག་ཉིད་ལ་བརྟག་པར་བྱ་སྟེ། རླུང་ཁྲག་གནག་དང་དམར་དང་རྩུབ། །ཅེས་བྱ་བ་ལ་སོགས་པས་ནི་རླུང་ལས་གྱུར་པ་དང༌། མཁྲིས་ཁྲག་སེར་ལ་རྩ་གནག་མནམ། །ཞེས་བྱ་བ་ལ་སོགས་པས་ནི་མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ཁྲག་ནི་འཇམ་ལ་སྐྱ། །ཞེས་བྱ་བ་ལ་སོགས་པས་ནི་བད་ཀན་ལས་གྱུར་པ་ནས། ཉེས་གསུམ་དྲི་མ་རྙོག་པ་ཅན། །ཞེས་བྱ་བའི་བར་གྱིས་འདྲེས་པ་དང་འདུས་པ་ལས་གྱུར་བར་ཤེས་པར་བྱའོ། །བླ་བརྣན་བྱུང་བར་གྱུར་པ་དག །འགྱུར་བར་ཤེས་ལས་རྟོགས་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་དེ་བླ་བརྣན་བྱུང་བར་གྱུར་པ་དག་ནི་ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས། ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པའམ་འཚོ་བའམ། །ཞེས་བྱ་བ་ལ་སོགས་པ་ལས་རྟོགས་པར་བྱའོ། །དེ་ལ་ལུད་པ་མྱུར་གནོད་བྱེད། །དེ་ཕྱིར་དེ་ཉིད་བཤད་པར་བྱ། །ཞེས་བྱ་བ་ལ། ནད་དེ་རྣམས་ཀྱི་ནང་ནས་ལུད་པ་ནི་གནོད་པ་མྱུར་དུ་སྐྱེད་ཅིང་ཁྱད་པར་དུ་མི་བདེ་བར་བྱེད་པ་ཡིན་པས། དེའི་ཕྱིར་ལུད་པ་དེའི་མཚན་ཉིད་གང་དག་ཡིན་པ་བཤད་པར་བྱའོ། །ལུད་པ་རླུང་མཁྲིས་བད་ཀན་དང༌། །གློ་རྡོལ་གློ་གཅོང་ལ་ལྔར་བཤད། །ཅེས་བྱ་བ་ལ། ལུད་པ་ནི་རླུང་ལས་གྱུར་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡོད་དོ་ཞེས་ལྷའི་མིག་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །ཐམས་ཅད་མ་གསོས་ཟད་བྱེད་འགྱུར། །ཕྱི་མ་བཞིན་དུ་སྟོབས་ཆེན་ཡིན། །ཞེས་བྱ་བ་ལ། ལུད་པ་དེ་དག་ཐམས་ཅད་མ་གསོས་ཤིང་བཏང་སྙོམས་སུ་བཞག་ན་མཐར་ཟད་བྱེད་ཀྱི་གློ་གཅོང་ཆེན་པོར་འགྱུར་བའམ། མཐར་འཆི་བ་ཉིད་དུ་འགྱུར་ལ། ལུད་པ་དེ་རྣམས་ཀྱང་ཕྱི་མ་བཞིན་དུ་སྟོབས་ཆེ་སྟེ། རླུང་གི་ལུད་པ་བས་ནི་མཁྲིས་པའི་ལུད་པ་སྟོབས་ཆེ་ལ། དེ་བས་ནི་བད་ཀན་ལུད་པ་སྟོབས་ཆེ། དེ་བས་ནི་གློ་རྡོལ་བའི་ལུད་པ་སྟོབས་ཆེ། དེ་བས་ནི་གློ་གཅོང་ཟད་བྱེད་ཀྱི་ལུད་བ་སྟོབས་ཆེ་ཞིང་ཤུགས་


DTG201_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པ་ཡིན་ནོ། །དེ་རྣམས་འབྱུང་བར་འགྱུར་བའི་རྟགས། །གྲེ་བ་གཡའ་ཞིང་ཡི་ག་འཆུས། །གྲེ་ནང་གྲ་མས་གང་སྙམ་སེམས། །ཞེས་བྱ་བ་ལ། ལུད་པ་དེ་རྣམས་ཕྱིས་འབྱུང་བར་འགྱུར་ཞིང་སྐྱེ་བ་ལ་སོགས་པའི་རྟགས་སམ་མཚན་མ་ནི་གྲེ་བ་གཡའ་ཞིང་ཡི་ག་འཆུས་པར་འགྱུར་བ་དང༌། གྲེ་བའི་ནང་ཐམས་ཅད་ནས་ཀྱི་གྲ་མས་གང་བ་སྙམ་དུ་སེམས་ཤིང་རྩུབ་པར་འགྱུར་རོ། །དེ་ལ་ཐུར་རྒྱུའི་རླུང་གནོད་འགྱུར། །སྟོད་དུ་སོང་སྟེ་བྲང་དུ་ཕྱིན། །དེ་ཚེ་མགུལ་པའི་ནང་དུ་ཞེན། །མགོ་བོའི་རྩ་རྣམས་བཀང་ནས་ནི། །དེ་ནས་ཡན་ལག་འདེགས་པ་ལྟར། །གཡེངས་བྱེད་མིག་རྡོལ་ཙམ་དུ་ན། །རྒྱབ་བྲང་རྩིབ་ལོགས་ན་ཞིང་ཟུག །ཁ་རུ་འབྱུང་ཞིང་རྒྱུ་བ་ན། །ལུད་པ་སྣོད་ཆག་འདྲའི་སྒྲ་འབྱུང༌། །ཞེས་བྱ་བ་ལ། དེ་ལ་ལུད་པ་ཐམས་ཅད་ལ་ཐུར་དུ་རྒྱུ་བའི་རླུང་གནོད་པ་དང་བཅས་ཤིང་ཐུར་དུ་འབྱུང་དུ་མ་སྟེར་བས་དེ་སྟོད་དུ་སོང་སྟེ་བྲང་དུ་ཕྱིན་པར་གྱུར་པ་ལ། དེའི་ཚེ་དེས་ཤུགས་བརྒལ་བ་ལས་མགུལ་པ་ཡན་ཆད་ཀྱི་བར་ཞེན་ཅིང་གནས་ནས། མགོ་བོའི་རྩ་སྒོ་རྣམས་ནས་ཞུགས་ཏེ། གནས་དེ་དག་བཀང་ཞིང་ཁྱབ་པར་བྱེད་ལ། དེ་ནས་དེའི་འོག་ཏུ་ལུས་ཀྱི་ཡན་ལག་རྣམས་གྱེན་དུ་བསྐྱོད་ཅིང་འདེགས་པ་ལྟར་བྱེད་པས་རྣམ་པར་གཡེངས་པར་བྱེད་ལ། དེ་བཞིན་དུ་མིག་གཉིས་ཕྱུང་ཞིང་རྡོལ་བ་ཙམ་དུ་ན་བ་དང་རྒྱབ་དང་བྲང་དང་རྩིབ་ལོགས་ཀྱི་ཕྱོགས་རྣམས་ཀྱང་ན་ཞིང་ཟུག་པ་དང་བཅས་པས་རླུང་དེ་ཁའི་སྒོར་རྒྱུ་ཞིང་འབྱུང་བར་བྱེད་དེ། །དེའི་ཚེ་ལུད་པ་སྣོད་ཆག་པའི་སྒྲ་འབྱུང་ཞིང་ཁར་སོགས་བཅག་པའི་སྒྲ་དང་བཅས་པ་འདྲ་བར་འབྱུང་བར་འགྱུར་རོ། །ནད་གཞིའི་དབྱེ་བས་ནད་ཀྱང་ནི། །ཐ་དད་ཤུགས་དང་བཅས་པ་ཡིན། །ནད་གང་སྒྲ་ནི་མི་སྙོམས་པ། །དེ་ལས་ལུད་པ་འབྱུང་བ་ཡིན། །ཞེས་བྱ་བ་ལ། ནད་གཞིའི་རྒྱུའི་བྱེ་བྲག་དབྱེ་བས་རྒྱུ་ཐ་དད་པའི་ཕྱིར་ལུད་པའི་ནད་ཀྱང་རྣམ་པ་ཐ་དད་ཅིང་རླུང་དེ་ཤུགས་སམ་སྟོབས་དང་བཅས་པ་ཡིན་ལ། དེས་ན་ལུད་པའི་ནད་གང་ཡིན་པའི་སྒྲ་ཡང་མི་སྙོམས་ཤིང་སྒྲ་ཆེ་བ་


DTG201_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ལུད་པ་དེ་འབྱུང་བ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་ལ་རླུང་ནི་རང་བཞིན་གྱི་ཤུགས་དང་བཅས་པ་ཡིན་ལ། ཤུགས་དེ་ཡང་རྒྱུ་སྣ་ཚོགས་པའི་དབང་གིས་ཆེ་བའམ་ཆུང་བར་འགྱུར་ལ། གང་དེ་དང་ཕྲད་པའི་སྒྲ་དེ་ཡང་རྒྱུའི་ཁྱད་པར་གྱི་དབང་གིས་གནོད་པ་སྣ་ཚོགས་པ་སྐྱེད་པར་འགྱུར་རོ། །རླུང་ནད་སྐྱེད་པ་རླུང་འཁྲུགས་པ། །བྲང་དང་གྲེ་བ་ཁ་སྐམ་ཞིང༌། །སྙིང་བྲང་རྩིབ་ལོགས་ཀླད་པ་གཟེར། །རྨོངས་བག་ཁོང་འཁྲུགས་སྒད་འགགས་ཤིང༌། །ལུད་པ་སྐམ་པོ་འབྱུང་བྱེད་ཅིང༌། །ན་བའི་ཤུགས་དྲག་སྒྲ་ཆེར་འབྱུང༌། །ལུས་ཀུན་བརྩེ་བཅས་བད་ཀན་སྐམ། །འཐོན་པར་དཀའ་ཞིང་ཉུང་དུ་འབྱུང༌། །ཞེས་བྱ་བ་ལ། རླུང་ནད་སྐྱེད་པར་བྱེད་པའི་ཁ་ཟས་དང་སྤྱོད་ལམ་རྩུབ་ཅིང་གྲང་བ་ལ་སོགས་པ་བསྟེན་པ་དང༌། ལམ་དང་བུད་མེད་ལ་སོགས་པས་དུབ་པ་དག་གིས་རླུང་ནད་དེ་འཁྲུགས་ཤིང་ལྡང་བར་གྱུར་ན། བྲང་དང་གྲེ་བ་དང་ཁ་ཤིན་ཏུ་སྐམ་པར་བྱེད་པ་དང༌། སྙིང་ག་ལ་སོགས་པར་གཟེར་བར་བྱེད་པ་དང༌། ལུད་པ་སྐམ་པོ་བད་ཀན་དང་མཆིལ་སྣབས་མེད་པར་འབྱུང་བར་བྱེད་པ་དང༌། དེ་བཞིན་དུ་ཚ་བའི་ཚབས་ཆེ་བ་དང༌། ཤུགས་འབྱུང་བ་དྲག་པོ་དང༌། སྒྲ་ཆེན་པོ་འབྱུང་བ་དང་བཅས་པ་ཡིན་ནོ། །ཡང་ལུད་པ་དེ་ནི་ལུས་དང་ཡན་ལག་བརྩེ་བ་དང་བཅས་པ་དང༌། བད་ཀན་ནམ་མཆིལ་སྣབས་ནང་ནས་འཐོན་པ་ཤིན་ཏུ་དཀའ་བ་འབྱུང་ཞིང་ཉུང་ཞིག་འབྱུང་བ་ཡིན་ནོ། །མཁྲིས་པས་མིག་དང་བད་ཀན་སེར། །ཁ་ནང་ཁ་ཞིང་རིམས་མགོ་འཁོར། །ཁྲག་མཁྲིས་སློན་ཞིང་སྐོམ་དད་ཆེ། །སྐད་འགགས་དུད་འདྲ་སྐྱུར་བ་དང༌། །ལུད་པའི་ཤུགས་ཀྱི་རྒྱུན་འབྱུང་བ། །སྐར་མདའ་འཕྲོ་བ་ལྟ་བུར་སྣང༌། །ཞེས་བྱ་བ་ལ། ལུད་པ་མཁྲིས་པ་ལས་གྱུར་པ་ལས་ནི་མིག་སེར་བ་དང༌། བད་ཀན་འབྱུང་བ་སེར་པར་འབྱུང་བ་དང༌། དེ་བཞིན་དུ་ཁའི་ནང་ཁབ་ཁྲོ་བ་དང༌། རིམས་ལ་སོགས་པ་འབྱུང་བར་འགྱུར་རོ། །


DTG201_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུད་པ་དུད་པ་འདྲ་བ་འབྱུང་ཞིང་དྲི་སྐྱུར་བ་འབྱུང་བ་དང༌། ལུད་པ་འབྱུང་བའི་ཤུགས་ཀྱི་རྒྱུན་རྟག་ཏུ་འབྱུང་ཞིང་སྐར་མདའི་ཚོགས་འཕྲོ་བ་ལྟར་མཐོང་བར་འགྱུར་བའམ། རྨ་བྱའི་སྒྲོ་ལྟར་ཁ་དོག་སྣ་ཚོགས་སྣང་བར་འགྱུར་རོ། །བད་ཀན་ལས་བྲང་ནད་ཚབས་ཆུང༌། །མགོ་ལྕི་སྙིང་ག་གང་སྙམ་སེམས། །གྲེ་བར་བསྐུས་འདྲ་སྙོམ་པར་བྱེད། །ཆམ་འདེབས་ཟས་སྐྱུག་ཡི་ག་འཆུས། །སྤུ་བརྩེ་ལུད་པ་སྐམ་པ་དང༌། །སྣུམ་ཞིང་དཀར་བ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པའི་མཚན་ཉིད་ནི་བྲང་དུ་ཟུག་ཅིང་ན་བ་དང༌། ན་བའི་ཚབས་ཆུང་བ་དང༌། མགོ་བོ་ལྕི་ཞིང་བེམ་བེམ་པོར་འདུག་པ་དང༌། སྙིང་ག་མེར་མེར་པོར་གང་བ་སྙམ་དུ་སེམས་པ་དང༌། གྲེ་བར་ཆགས་ཤིང་འདམ་པ་བསྐུས་པ་སྙམ་དུ་སེམས་པ་དང༌། ལུས་དང་ཡན་ལག་སྙོམ་ཞིང་ལྕི་བ་དང༌། ཆམ་པས་འདེབས་པ་དང༌། ཁ་ཟས་སྐྱུག་ཅིང་སློན་པ་དང༌། སྤུ་བཤོར་ཞིང་བརྩེ་བ་དང༌། ལུད་པ་སྐམ་པ་དང༌། སྣུམ་པ་དང༌། དཀར་བར་འབྱུང་བ་ནི་བད་ཀན་གྱི་མཚན་ཉིད་ཡིན་ནོ། །སྟོབས་འགྱེད་ལ་སོགས་དྲག་ཤུལ་རྣམས། །མི་ནུས་བཞིན་བྱས་དེ་དང་དེས། །རླུང་གིས་བྲང་ནང་གློ་དྲལ་ལ། །མཁྲིས་པ་རྗེས་འབྲངས་དཀྱེལ་གྱུར་པ། །འཁྲུགས་ཏེ་ལུད་པ་ལུ་བར་བྱེད། །དེ་ནི་བད་ཀན་ཁྲག་བཅས་དང༌། །སེར་ཞིང་གནག་ལ་སྐམ་པ་དང༌། །རིལ་རིལ་བོར་མནམ་མང་དུ་འབྱུང༌། །འབྱུང་ཚེ་གྲེ་བ་ན་བ་དང༌། །བྲང་ནི་དྲལ་བ་སྙམ་དུ་སེམས། །ཁབ་ནི་རྣོན་པོས་ཕུག་སྙམ་སེམས། །གཟེར་གྱིས་འདེབས་པར་བྱེད་པ་དང༌། །ཚིགས་འབྱེ་རིམས་དང་དབུགས་མི་བདེ། །སྐད་འགགས་ལུས་འདར་སྐོམ་དད་ཆེ། །ཕུག་རོན་ལྟ་བུར་མཁུན་འབྱིན་ཏོ། །རྩིབ་ལོགས་གཟེར་འགྱུར་དེ་ནས་ནི། །རིམ་གྱིས་སྟོབས་དང་མེ་དྲོད་དང༌། །ནུས་པ་ཉམས་ནི་འབྲི་བར་འགྱུར། །ཟད་བྱེད་ཀྱིས་གཅིན་ཁྲག་དང་བཅས། །རྒྱབ་དང་རྐང་པ་ན་བར་འགྱུར། །ཞེས་བྱ་བ་ལ། སྟོབས་འགྱེད་པ་ནི་ལག་སྟོབས་འགྱེད་ཅིང་རྩལ་བསྐྱོད་པ་ལ་སོགས་


DTG201_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལ་སོགས་པ་ཞེས་སྨོས་པ་ནི། བུད་མེད་བསྟེན་དྲགས་པ་དང༌། ཁུར་དང་ལས་ཀྱིས་དུབ་པ་དང༌། གླང་པོ་ཆེ་དང་རྟ་འདུལ་བ་ལ་སོགས་པའི་དྲག་ཤུལ་རྣམས་མི་ནུས་བཞིན་དུ་བྱས་པ་དག་བསྡུའོ། །དེ་ལྟར་སྟོབས་འགྱེད་པ་ལ་སོགས་པའི་དྲག་ཤུལ་མི་ནུས་བཞིན་དུ་ནན་གྱིས་རྩོམ་པར་བྱེད། །བསྟེན་པར་བྱས་པའི་རྒྱུ་རྣམ་པ་མང་པོ་དེ་དང་དེས་རླུང་འཁྲུགས་པས་བྲང་གི་ནང་གི་གློ་འབྲལ་ཞིང༌། །མཁྲིས་པ་རྗེས་སུ་འབྲངས་པ་ཟླ་ལ་ཡོད་ན་དེ་སྟོབས་སྐྱེ་ཞིང་དཀྱེལ་དུ་གྱུར་པས་ལུད་པ་ལུ་བར་བྱེད་པ་ཡིན་ནོ། །དེ་ནས་ལུད་པ་དེས་བད་ཀན་ཁྲག་དང་བཅས་པ་དང༌། ཁ་དོག་སེར་བ་དང༌། རྩ་གནག་པ་དང༌། སྐམ་ཞིང་ལྗན་ལྗིན་མེད་པ་དང༌། རིལ་རིལ་པོར་གནས་ལ་མནམ་པ་དག་མང་དུ་འབྱུང་ཞིང་སློན་ལ་འབྱུང་བའི་ཚེ་གྲེ་བའི་ནང་ན་ཞིང་གཟེར་བ་དང་བཅས་པའོ། །བྲང་གི་ཕྱོགས་དབྲལ་ཞིང་གཤགས་པ་སྙམ་དུ་སེམས་པ་དང༌། ཡང་བྲང་དེ་ཉིད་ཁབ་རྣོན་པོས་ཕུག་ཅིང་གཙགས་པ་སྙམ་དུ་སེམས་པ་དང༌། གཟེར་གྱིས་འདེབས་པ་དང། ཇི་ལྟ་བུའི་ཚུལ་དུ་འབྱུང་ཞེ་ན། ཚིགས་བྱེ་བ་སྙམ་དུ་སེམས་པ་ལ་སོགས་པའི་གནོད་པ་དང་བཅས་པར་འགྱུར་བ་དང༌། ཡང་དེ་བཞིན་དུ་ཕུག་རོན་ལྟར་སྒྲ་མི་གསལ་བའི་ཚིག་ཏུ་མཁུན་ཞིང་འབྱིན་པ་དང༌། རྩིབ་ལོགས་ཀྱི་ཕྱོགས་གཟེར་བ་དང་བཅས་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ལུད་པ་ཅན་གྱི་སྐྱེས་བུ་དེས་དུས་ཀྱི་རིམ་གྱིས་ལུས་ཀྱི་སྟོབས་ལ་སོགས་པ་འབྲི་བར་འགྱུར་རོ། །དེ་ལ་སྟོབས་ནི་ཁུ་ཆུའོ། །མེ་དྲོད་ནི་ཟས་འཇུ་ཞིང་སྨིན་པར་བྱེད་པའི་ཕོ་བའི་མེ་དྲོད་དོ། །ནུས་པ་ནི་ཉམས་སྟོབས་སོ། དེ་ཟད་ཅིང་ཉམས་པས་ཅིར་འགྱུར་ཞེ་ན། གཅིན་ཁྲག་དང་བཅས་པར་འགྱུར་བ་དང༌། རྒྱབ་དང་རྐང་པ་མི་བཟད་པར་ན་བར་འགྱུར་རོ། །གཙོ་བོ་རླུང་ནི་འཁྲུགས་པ་ཡིས། །ལུས་ཟུང་ཟད་བྱེད་ནད་རྒྱལ་པོ། །གློ་གཅོང་གི་ནི་གནས་བྱེད་ཅིང༌། །ལུད་པ་ལུ་


DTG201_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བད་ཀན་བྱུང༌། །རྣག་འདྲ་མནམ་ཞིང་སེར་བ་དང༌། །རུལ་ཞིང་རྩ་སྔོ་དམར་བ་དང༌། རྩིབ་ལོགས་བཏོན་པ་ལྟར་སེམས་ཤིང༌། །སྙིང་ནི་ལྷུང་བ་སྙམ་དུ་བྱེད། །རྒྱུ་མེད་དྲོ་དང་གྲང་བ་འདོད། །ཟས་མང་ཟ་ཞིང་ཉམས་སྟོབས་ཟད། །བཞིན་ནི་སྣུམ་ཞིང་དང་བར་སྣང༌། །མིག་ནི་མདངས་ལྡན་བལྟ་སྡུག་འགྱུར། །དེ་ནས་དེ་ལས་ཟད་བྱེད་འགྱུར། །ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། གློ་གཅོང་དང་ལྡན་པའི་སྐྱེས་བུ་ལ་ནི་རླུང་གཙོ་བོར་གྱུར་པས། འོག་ནས་བཤད་པའི་གློ་གཅོང་གི་ནད་ཀྱི་རྒྱུ་རྣམས་ཀྱིས་འཁྲུགས་ཤིང་ལྡང་བར་འགྱུར་ལ། དེས་ལུས་ཟུངས་རྣམས་ཟད་པར་བྱས་ནས། ནད་ཀྱི་རྒྱལ་པོ་ཟད་བྱེད་དམ། །གློ་གཅོང་ཞེས་བྱ་བའི་གནས་གཞིར་བྱུང་ལ། རྒྱུ་དེས་ན་ལུད་པ་ལུ་བར་འགྱུར་རོ། །དེས་ན་སྐྱེས་བུ་དེ་བད་ཀན་འབྱུང་ཞིང་སློན་པར་ཕལ་ཆེར་རྣག་ལ་སོགས་པའི་མཚན་ཉིད་དང་ལྡན་པར་འབྱུང་བར་འགྱུར་རོ། །རྩིབ་ལོགས་བཏོན་པ་ལྟར་སེམས་པ་ནི་གནས་དེ་དག་བསྒུལ་ཞིང་ཕྱུང་བ་སྙམ་དུ་སེམས་པར་འགྱུར་རོ། །ཡང་དེ་བཞིན་དུ་གློ་གཅོང་གི་ལུད་པ་དེ་སྙིང་ལ་གནས་ནས་ལྷུང་ཞིང་འབྱུང་བ་སྙམ་བྱེད་པ་དང༌། རྒྱུ་མེད་པར་གློ་བུར་དུ་ཚ་བ་དང་གྲང་བ་འདོད་ཅིང་བསྟེན་པས་དགའ་བར་བྱེད་དེ། གྲང་བས་ཉེན་པ་མེད་པར་དྲོ་བ་འདོད་པ་དང༌། ཚ་བས་ཉེན་པ་མེད་པར་གྲང་ཞིང་བསིལ་བ་འདོད་པར་འགྱུར་བ་དང༌། ཁ་ཟས་མང་དུ་ཟོས་སུ་ཟིན་ཀྱང་ཉམས་སྟོབས་འབྲི་ཞིང་ཆུང་བར་འགྱུར་བ་དང༌། བཞིན་རས་སྣུམ་ཞིང་ཅུང་ཟད་དང་བ་དང་ལྡན་པར་འགྱུར་བ་དང༌། མིག་མདངས་དང་ལྡན་ཞིང་བལྟ་ན་སྡུག་པ་མཐོང་ན་དགའ་བར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ལུད་པ་ཅན་གྱི་སྐྱེས་བུ་དེ་ལ་ཟད་བྱེད་ཀྱི་ཚུལ་ཐམས་ཅད་དེ་གཅོང་ཆེན་པོའི་མཚན་ཉིད་མ་ལུས་པར་འབྱུང་བར་འགྱུར་རོ། །དེ་ལྟར་གློ་རྡོལ་ལས་བྱུང་ལུད། །ཉམ་ཆུང་ལུས་ནི་འཇིག་བྱེད་དེ། །སྟོབས་ལྡན་གསོ་བ་ཙམ་དུ་རུང༌། །གློ་གཅོང་ལས་བྱུང་དེ་དང་འདྲ། །ཞེས་བྱ་བ་ལ། སྔར་བཤད་པའི་མཚན་ཉིད་དེ་ལྟར་ན་གློ་རྡོལ་བ་ལས་བྱུང་བའི་ལུད་པ་འདིས་ནི་


DTG201_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཉམ་ཆུང་ཞིང་སྟོབས་ཟད་པའི་ལུས་འཇིག་ཅིང་འཇོམས་པར་བྱེད་པ་ཡིན་ལ། སྐྱེས་བུ་སྟོབས་དང་ལྡན་པ་ལ་ནི་རེ་ཞིག་གསོ་བ་ཙམ་དུ་རུང་བ་ཡིན་ནོ། །གློ་གཅོང་ལས་བྱུང་བའི་ལུད་པ་ཡང་གློ་རྡོལ་གྱི་ལུད་པ་དང་ཚུལ་འདྲ་བ་ཡིན་ནོ། །དེ་གཉིས་གསར་བྱུང་མགོན་ལྡན་འགྲུབ། །ཅེས་བྱ་བ་ལ། གློ་རྡོལ་བ་དང་གློ་གཅོང་ལས་བྱུང་བའི་ལུད་པ་དེ་གཉིས་གསར་དུ་བྱུང་ཞིང་ནད་ཀྱིས་བཏབ་ནས་རིང་པོ་མ་ལོན་པར་ཡང་ཡིན་ནོ། །མགོན་དང་ལྡན་པ་དེ་གསོ་བའི་ཡན་ལག་བཞི་ཅར་དང་ལྡན་པས་ལེགས་པར་གསོས་ན་འགྲུབ་ཅིང་འཚོར་རུང་བ་ཡིན་ནོ། །ནད་གཞི་ཐ་དད་གསུམ་གསོར་རུང༌། །ཞེས་བྱ་བ་ལ། ལུད་པ་དེ་དག་གི་ནང་ནས་ནད་གཞི་ཐ་དད་པའི་ལུད་པ་རླུང་དང་མཁྲིས་པ་བད་ཀན་ལས་བྱུང་བ་ནི་གསོར་རུང་བ་ཡིན་ནོ། །གཉིས་འདྲེས་ཀུན་ཀྱང་རྒན་པོ་ནི། །ན་ཚོད་ཟད་བཏབ་འཚོ་བ་ཙམ། །ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པ་ལས་བྱུང་བའི་ལུད་པ་གང་ཡིན་པ་དེ་ནི་གསོ་བ་ཙམ་དུ་བྱར་རུང་བ་ཡིན་ལ། ཡང་ལུད་པ་གསོར་རུང་བར་བཤད་ལ། ནད་གཞི་ཐ་དད་པ་ལས་བྱུང་བ་དག་ཀྱང་མི་རྒན་པ་ལས་བྱུང་ཞིང༌། ན་ཚོད་དེངས་ཤིང་ཟད་པ་ལ་བཏབ་ན་རེ་ཞིག་གསོ་བ་ཙམ་དུ་བྱར་རུང་བ་ཡིན་ནོ། །ལུད་པ་ཡལ་བར་བོར་བ་ལས། །དབུགས་མི་བདེ་དང་ཟད་བྱེད་སློན། །སྐད་འགགས་ལ་སོགས་ནད་འབྱུང་འགྱུར། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །ཞེས་བྱ་བ་ལ། གང་གི་ཕྱིར་ལུད་པ་ཡལ་བར་བོར་ཞིང་མ་བཅོས་པ་ལས་དབུགས་མི་བདེ་བ་ལ་སོགས་པའི་ནད་འབྱུང་བར་འགྱུར་བས། དེའི་ཕྱིར་ལུད་པ་གསར་པ་དེ་མྱུར་དུ་གསོ་ཞིང་སྨན་དཔྱད་ཀྱིས་བཅོས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་དབུགས་མི་བདེ་བ་དང་སྐྱིགས་བུས་བཏབ་པའི་ནད་གཞི་


DTG201_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། དབུགས་མི་བདེ་བ་ནི་ལུད་པ་ལས་འབྱུང་སྟེ། འདི་ཉིད་ལས་ལུད་པ་འཕེལ་བ་ལས་དབུགས་མི་བདེ་བ་འབྱུང་བར་གཞུང་རྩོམ་པས་བཤད་པ་ཡིན་ནོ། །དེ་བས་ན་འདིའི་འོག་ཏུ་དབུགས་མི་བདེ་བའི་ནད་གཞི་བཤད་པ་ཡིན་ལ། སྐྱིགས་བུ་ཡང་དེའི་རྐྱེན་གྱིས་འབྱུང་བས་དབུགས་མི་བདེ་བའི་ཞར་ལ་སྐྱིགས་བུ་ཡང་བཤད་པ་ཡིན་ཏེ། ལུད་པ་འཕེལ་བའམ་སྔར་ནད་གཞི། །འཁྲུགས་ལས་དབུགས་མི་བདེ་འབྱུང་འགྱུར། །མ་ཞུ་ཚད་འཁྲུ་སློན་དུག་འཐུངས། །སྐྱ་རྦབ་རིམས་བཏབ་ལས་ཀྱང་འབྱུང༌། །ཞེས་བྱ་བ་ལ། ལུད་པ་འཕེལ་བ་ནི་ལུད་པ་ཤས་ཆེར་རྒྱས་པ་སྟེ། དེ་ལས་དབུགས་མི་བདེ་བ་འབྱུང་བར་འགྱུར་རོ། །ཡང་ན་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པའི་སྐབས་སུ་སྔར་བཤད་པའི་ནད་གཞི་ཁ་བ་དང༌། ཚ་བ་དང་དྲོ་བའི་བག་ཟོས་པ་ལས་ནད་གཞི་འཁྲུགས་པས་དབུགས་མི་བདེ་བ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མ་ཞུ་བ་ལ་སོགས་པའི་ནད་ཀྱིས་བཏབ་པ་ལས་དབུགས་མི་བདེ་བ་འབྱུང་བར་འགྱུར་རོ། །ཕྲན་ཚེགས་མུན་ཅན་ཆད་པ་དང༌། །ཆེན་པོ་གྱེན་འབྱུང་རྣམ་པ་ལྔ། །ཞེས་བྱ་བ་ལ། དབུགས་མི་བདེ་བ་ནི་ཕྲན་ཚེགས་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡོད་དོ། །བད་ཀན་གྱིས་ནི་རྒྱུ་ལམ་བཀག །རླུང་ནི་སྣ་ཚོགས་ཁྱབ་པར་གནས། །སྲོག་དང་ཟས་སྐོམ་རྒྱུ་བའི་ལམ། །སྦུ་གུ་ནད་ཀྱིས་བཀག་པས་ན། །མ་ཞུའི་གནས་ནས་འབྱུང་བའི་དབུགས། །བྲང་གནས་དབུགས་མི་བདེ་བར་བྱེད། །ཅེས་བྱ་བ་ལ། རླུང་གང་བད་ཀན་གྱི་རྒྱུ་བའི་ལམ་གྱི་སྒོ་བཀག་ནས། རླུང་དེ་སྣ་ཚོགས་པར་ཐམས་ཅད་དུ་ཁྱབ་སྟེ་གནས་ནས་ལྡང་བར་འགྱུར་ལ། ཡང་རླུང་དེ་སྲོག་ལ་སོགས་པ་རྒྱུ་བའི་ལམ་གྱི་བུ་ག་ནད་ཀྱིས་འཁྲུགས་པར་བྱས་པས་མ་ཞུ་བའི་གནས་ནས་བྱུང་བའི་དབུགས་གང་ཡིན་པ་དེ་བྲང་ན་གནས་ཤིང་བརྟེན་ནས་དབུགས་མི་བདེ་བར་བྱེད་པ་ཡིན་ནོ། །དེ་ཡི་སྔོན་ཚུལ་སྙིང་རྩིབ་ལོགས། །གཟེར་ཞིང་སྲོག་རླུང་མི་མཐུན་རྒྱུ། །སྤོས་དང་མུར་


DTG201_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ན་བ་ཡིན། །ཞེས་བྱ་བ་ལ། དེའི་སྔོན་ཚུལ་ནི་དབུགས་དེ་སྔར་བྱུང་བའི་ནད་ཀྱི་ཚུལ་ལམ་རྟགས་ནི་སྙིང་ལ་སོགས་པ་གཟེར་བ་དང༌། སྲོག་ཅེས་བྱ་བའི་རླུང་མི་མཐུན་པ་རྒྱུ་ཞིང་ཕྱིན་ཅི་ལོག་ཏུ་འགྲོ་བ་དང༌། ལྟོ་སྦོས་པ་དང་མུར་འགྲམ་གཉིས་སུན་ཞིང་ཟུག་པར་འགྱུར་རོ། །དེས་ནི་དྲག་ཤུལ་འགྲངས་དྲགས་པས། །བསྐྱོད་པའི་རྔམ་བ་ཕྲན་ཚེགས་འགྱུར། །དེ་ནི་རང་ཉིད་ཞི་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་དབུགས་མི་བདེ་བ་རྣམས་ཀྱི་ནང་ནས་ཕྲན་ཚེགས་ནི་དྲག་ཤུལ་ལ་སོགས་པས་བསྐྱོད་པའི་རླུང་ལས་འབྱུང་བར་འགྱུར་རོ། །དེ་ལ་དྲག་ཤུལ་ནི་ལུས་དུབ་པར་བྱེད་པའི་ལས་ཁུར་འདེགས་པ་ལ་སོགས་པའོ། །འགྲངས་དྲགས་པ་ནི་ཚད་ལས་ལྷག་པར་མང་དུ་ཟོས་པའོ། །དེ་དག་གིས་བསྐྱོད་པ་ནི་ལྡང་བར་བྱེད་པ་སྟེ། དེ་ལྟ་བུའི་རྔམ་པ་ནི་ཕྲན་ཚེགས་ཡིན་ལ། ཆུང་ངུ་ཕྲན་ཚེགས་དེ་ནི་གསོ་བའི་སྨན་དཔྱད་བྱ་མི་དགོས་པར་དུས་ཅུང་ཟད་ཅིག་ངལ་བསོ་བ་ཙམ་གྱིས་རང་ཉིད་ཉེ་བར་ཞི་བར་འགྱུར་རོ། །རླུང་གིས་རྩ་སྦུབས་ལོག་རྒྱུ་བྱེད། །བད་ཀན་སློངས་པར་གྱུར་ནས་ནི། །ཀླད་པ་མགུལ་པའི་ནད་སོང་སྟེ། །བྲང་དང་རྩིབ་ལོགས་ན་བར་བྱེད། །ལུད་པའི་ངར་སྒྲ་འཛེར་མི་དྲན། །ཆམ་པ་མི་བཟད་ཡི་ག་འཆུས། །མི་བཟད་ཤུགས་ནི་སྐྱེད་བྱེད་ཅིང༌། །དབུགས་མི་བདེ་བ་དེའི་ཤུགས་ཀྱིས། །སྲོག་ལ་གནོད་འགྱུར་ལུད་པའི་མཐར། །སྐད་ཅིག་བདེ་བར་བྱེད་པ་ཡིན། །ཉལ་ཚེ་ཤིན་ཏུ་མི་བདེ་ལ། །འདུག་ན་ཅུང་ཟད་བདེ་བར་འགྱུར། །མིག་གདངས་དཔྲལ་བའི་ཕྱོགས་ནས་ནི། །རྡུལ་འཛག་ཤིན་ཏུ་ན་བས་ཉེན། །ཁ་སྐམ་དབུགས་ནི་བསྟུད་མར་འབྱུང༌། །དྲོ་བ་འདོད་ཅིང་འདར་དང་བཅས། །ཆར་འབབ་གྲང་དང་སེར་བུས་ཕོག །བད་ཀན་སྐྱེད་པས་རྣམ་པར་འཕེལ། །མུན་ཅན་དེ་ནི་འཚོ་བྱ་ཙམ། །ཉམས་ལྡན་གསར་དུ་བཏབ་གསོ་བླ། །ཞེས་བྱ་བ་ལ། རླུང་གིས་མི་མཐུན་པ་རྒྱུ་ཞིང་རྩའི་སྦུབས་སུ་ལོག་པར་རྒྱུ་བར་བྱེད། དེས་བད་ཀན་སློངས་ཤིང་སྟོད་དུ་བསྐྱོད་པར་འགྱུར་བ་དང༌། ཀླད་པ་དང་


DTG201_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་བའི་ནང་དུ་སོང་ཞིང་ཀུན་ཏུ་ཁྱབ་སྟེ། བྲང་དང་རྩིབ་ལོགས་ན་ཞིང་གཟེར་བར་བྱེད་ནས་ལུད་པ་ལ་སོགས་པའི་ཤུགས་མི་བཟད་པ་སྐྱེད་པར་བྱེད་དོ། །དབུགས་མི་བདེ་པ་ཡང་ཤུགས་མི་བཟད་པས་སྲོག་ལ་གནོད་ཅིང་འཚེ་བར་བྱེད་དེ། གང་གི་སྲོག་ཅེས་བྱ་བའི་རླུང་ལ་གནོད་ཅིང་གཟེར་བར་བྱེད་པ་དེ་ནི་སྲོག་ལ་གནོད་པའི་དབུགས་མི་བདེ་བ་ཞེས་བྱའོ། །ཡང་ན་སྲོག་ནི་འཚོ་བའི་དབང་པོའམ་སྟོབས་ལ་བྱ་ལ། དེ་དབུགས་མི་བདེ་བའི་ཤུགས་ཀྱིས་གནོད་པར་བྱས་པས་སྡུག་བསྔལ་བར་འགྱུར་རོ། །ལུད་པའི་མཐའ་ནི་བད་ཀན་དང༌། སྣབས་ལ་སོགས་པ་འདོར་བའི་མཐར་སྐད་ཅིག་གམ་ཐང་ཅིག་ཙམ་གྱི་བར་དུ་བདེ་བར་གནས་པར་བྱེད་པ་ཡིན་ནོ། །ཡང་དེ་ནི་མལ་ན་གནས་ཤིང་ཉལ་བའི་ཚེ་ཤིན་ཏུ་མི་བདེ་ཞིང་སྡུག་བསྔལ་བས་དབུགས་འབྱིན་པར་བྱེད་པ་ཡིན་ལ། དེ་ནས་ལངས་ཏེ་ཙོག་ཙོག་པོ་ལ་སོགས་པའི་ཚུལ་དུ་འདུག་ན་ཅུང་ཟད་བདེ་ཞིང་ཤུགས་ངལ་བ་ཡིན་ནོ། །མིག་གདངས་པ་ནི་གྱེན་དུ་བལྟ་བའོ། །དཔྲལ་བའི་ཕྱོགས་ནས་རྡུལ་འཛག་པ་ནི་རྡུལ་འབྱུང་ཞིང་དྲི་མ་རླན་ཅན་དུ་འཛག་པའོ། །ཤིན་ཏུ་ན་བས་ཉེན་པས་ནི་བརྣག་པར་དཀའ་བའི་ནད་ཀྱིས་ཉམ་ཐག་པར་འགྱུར་རོ། །ཁ་སྐམ་པ་ནི་ཁྱད་པར་དུ་ཁ་སྐམ་ཞིང་རླན་མེད་པའོ། །ཡང་དེ་བཞིན་དུ་དབུགས་བསྟུད་མར་འབྱུང་ཞིང་ཡང་ཡང་དུ་རྩེག་མར་འགྱུར་བ་དང༌། དྲོ་བའི་བག་ཡིད་ལ་འདོད་ཅིང་བསྟེན་པར་དགའ་བ་དང་ལུས་འདར་བ་དང་བཅས་པ་ཡིན་ནོ། །ཡང་དབུགས་མི་བདེ་བ་དེ་ནི་ཆར་མི་འབབ་པ་ལ་སོགས་པ་བད་ཀན་སྐྱེད་པའི་ཁ་ཟས་དང་སྤྱོད་ལམ་གྱིས་རྣམ་པར་འཕེལ་ཞིང་དཀྱེལ་སྐྱེ་བར་འགྱུར་རོ། །མུན་པ་ཅན་གྱི་དབུགས་མི་བདེ་བ་དེ་ནི་གསོ་བར་བྱ་བ་ཙམ་ཡིན་ལ། དེ་ཉམས་སྟོབས་དང་ལྡན་པའི་སྐྱེས་བུ་དེ་ལ་གསར་དུ་བཏབ་པ་ཡིན་ན་ནི་གསོ་བླ་བ་ཡིན་ནོ། །རིམས་དང་བརྒྱལ་ལས་བྱུང་གྲང་བའི། །སྨན་གྱིས་ཞི་སྟེ་རབ་མུན་ཅན། །ཞེས་བྱ་བ་ལ། དབུགས་མི་བདེ་བ་མུན་པ་ཅན་ཞེས་བྱ་བ་དེ་ཉིད་གང་གི་ཚེ་རིམས་དང་བརྒྱལ་བ་ལས་བྱུང་བར་གྱུར་པ་དེའི་ཚེ་གྲང་ཞིང་བསིལ་


DTG201_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྨན་དང་བཟས་ཀྱིས་དེ་ཞི་ཞིང་བསལ་བར་གྱུར་པ་དེའི་ཚེ། དེ་ལ་རབ་ཏུ་མུན་པ་ཅན་ཞེས་བྱའོ། །དབུགས་ཆད་དབུགས་འབྱིན་རྒྱུན་ཆད་བའི། །གནད་གཅོད་ནད་ཀྱིས་གཟིར་བར་བྱེད། །རྡུལ་བཅས་བརྒྱལ་དང་སྤོས་དང་བཅས། །ལྒང་པ་ཚ་ཞིང་གཅིན་འགགས་བྱེད། །མིག་མི་སྡུག་ཅིང་ཐུར་དུ་བལྟ། །མིག་གཅིག་དམར་ཞིང་དྲན་པ་སྟོར། །ཁ་སྐམ་སྨྲེ་ཞིང་སྐད་གདངས་དམའ། །གཟི་མདངས་ཉམས་ཤིང་སེམས་བྲལ་བའོ། །ཞེས་བྱ་བ་ལ། དབུགས་རྒྱུན་ཆད་པ་ཞེས་བྱ་བ་ནི། དབུགས་རྒྱུན་ཆད་པའི་ཚུལ་གྱིས་འབྱིན་པར་བྱེད་ཀྱི། བར་མི་ཆད་པར་མི་བྱེད་པར་མི་འབྱིན་ཞིང་རྔུབ་པ་མ་ཡིན་བ་དང༌། གནད་གཅོད་པའི་ཚུལ་གྱིས་གཟིར་ཞིང་ཉམ་ཐག་པར་བྱེད་པ་དང༌། རྡུལ་དང་བཅས་པར་བརྒྱལ་ཞིང་དེ་གཉིས་དང་ལྡན་པ་དང༌། སྟོད་སྨད་དུ་རླུང་རྒྱུ་བ་འགགས་པས་སྦོས་པ་དང་བཅས་པ་དང༌། ལྒང་པ་ཚ་ཞིང་ཆུ་སོའི་ཕྱོགས་ལྷག་པར་ཚ་བ་དང༌། གཅིན་འགགས་པར་བྱེད་པ་དང༌། མིག་མི་སྡུག་ཅིང་གཅིག་ཏུ་སོང་མི་གནས་པར་གྱུར་པར་བྱེད་པ་དང༌། ཐུར་དུ་བལྟ་ཞིང་ས་ལ་རྟོགས་པ་དང༌། མིག་གཅིག་དམར་བར་སྣང་བ་དང༌། དྲན་པ་སྟོར་ཞིང་སེམས་ཤས་ཆེར་མི་གསལ་བ་དང༌། ཁ་སྐམ་པ་དང༌། སྨྲེ་སྔགས་ཀྱི་ཚིག་ཏུ་སྨྲ་བ་དང༌། སྐད་གདངས་དམའ་ཞིང་ཞུམ་པ་དང༌། མདོག་དང་གཟི་མདངས་ཉམས་ཤིང་ཡལ་བ་དང༌། སེམས་དང་བྲལ་ཞིང་དྲན་པ་མེད་པ་ཡིན་ནོ། །ཆེན་པོ་ང་རོ་ཆེར་འབྱུང་ཞིང༌། །སྒྲ་ཆ་སྡུར་པ་དྲག་པ་དང༌། །བསྐྱོད་པ་བཞིན་དུ་འབྱུང་འགྱུར་ཞིང༌། །ཁྱུ་མཆོག་རྒྱགས་པའི་ང་རོ་འདྲ། །ཤེས་དང་རྣམ་ཤེས་རབ་ཉམས་ཤིང༌། །མིག་འཁྲུལ་བཞིན་ནི་གྱུར་པ་དང༌། །རོ་སྟོད་ཞུམ་པར་འགྱུར་བ་དང༌། །བཤང་གཅི་འགགས་ཤིང་སྐད་གདངས་ཉམས། །མགུལ་སྐམ་ཡང་དང་ཡང་མེ་སྨྲ། །རྣ་བ་མུར་འགྲམ་ཀླད་བ་ན། །ཞེས་བྱ་བ་ལ། དབུགས་མི་བདེ་བ་ཆེན་པོ་ཞེས་བྱ་བ་དབུགས་རྒྱུ་བ་ཆེན་པོ་འབྱུང་ཞིང་ང་རོ་ཆེན་པོ་དང་ལྡན་པས་དབུགས་འབྱུང་བར་


DTG201_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་སྒྲེགས་པ་རབ་ཏུ་ཆེ་བ་དང༌། སྡུར་པ་དྲག་པོ་སྣ་ནས་འབྱིན་པར་བྱེད་པ་དང༌། བསྐྱོད་ཅིང་འགུལ་བ་བཞིན་དུ་རྔམ་པ་དྲག་པར་འགྱུར་ཞིང་དབུགས་མི་རྩོམ་པའི་ཤུགས་གཡོ་བ་དང་བཅས་པ་ལས་བྱུང་སྟེ། ཁྱུ་མཆོག་རྒྱགས་པ་ལྟ་བུའི་དབུགས་རྒྱུན་ཏུ་འབྱུང་བ་དང༌། ཤེས་པ་དང་རྣམ་པར་ཤེས་པའི་ཁྱད་པར་གང་དག་ཡོད་པ་རབ་ཏུ་ཉམས་པར་འགྱུར། ཤེས་པ་ནི་ཁོང་དུ་ཆུད་པའོ། །རྣམ་པར་ཤེས་པ་ནི་ཁྱད་པར་གྱི་ཤེས་པ་སྟེ། དེ་དག་ཀྱང་ཉམས་པའོ། །གཞན་ཡང་མིག་འཁྲུལ་བ་དང༌། རང་བཞིན་ཡོངས་སུ་གྱུར་ཅིང་མི་སྡུག་པ་དང་ལྡན་པ་དང༌། རོ་སྟོད་ཞུམ་ཞིང་རྣམ་པར་འགྱུར་བ་དང་ལྡན་པས་དབུགས་འབྱིན་པ་དང༌། དེ་བཞིན་དུ་བཤང་བ་དང་གཅི་བ་འགགས་ཤིང་སྲི་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །གྱེན་འབྱུང་དབུགས་ནི་རིང་དུ་འབྱིན། །སླར་ནི་ཐུར་དུ་རྔུབ་མི་ནུས། །བད་ཀན་གྱིས་ཁ་རྩ་སྒོ་འགགས། །རླུང་ནི་འཁྲུགས་པས་གཟིར་འགྱུར་བ། །གྱེན་དུ་བལྟ་ཞིང་འཁྲུལ་བྱེད་བས། །མིག་ནི་ཀུན་ཏུ་ལྟ་བྱེད་པ། །གནད་རྣམས་ཆད་པར་བྱེད་བཞིན་དུ། །སྐད་འགགས་སྨྲེ་སྔགས་འདོན་པར་བྱེད། །ཅེས་བྱ་བ་ལ། གྱེན་དུ་འབྱུང་བ་ཞེས་བྱ་བའི་དབུགས་མི་བདེ་བ་ལས། དབུགས་རིང་བ་གྱེན་དུ་རིང་དུ་འབྱིན་ཞིང་གཏོང་ལ། དབུགས་དེ་ཕྱུང་ནས་སླར་ཐུར་དུ་རྔུབ་ཅིང་སྡུད་པར་མི་ནུས་ཏེ། ཡང་ནང་དུ་སྡུད་པར་མི་ནུས་ཞེས་བྱ་བའི་དོན་ནོ། །ཡང་དེའི་རྣམ་པ་ནི་བད་ཀན་གྱིས་ཁ་དང་རྩའི་སྒོ་རྣམས་འགགས་ཤིང་བར་མཆོད་པར་བྱས་པས་རླུང་གི་ནད་འཁྲུགས་ཤིང་ལྡང་བར་འགྱུར་བས་གཟིར་ཞིང་ཤས་ཆེར་གནོད་པར་བྱས་པ་དང༌། མིག་གྱེན་དུ་བལྟ་ཞིང་འདེགས་པར་བྱེད་ལ། འཁྲུལ་ཞིང་ནོར་བར་བྱས་པས་ཕན་ཚུན་ཀུན་ཏུ་ལྟ་ཞིང་རྟོགས་པར་བྱེད་པ་དང༌། དེ་བཞིན་དུ་གནད་རྣམས་ཆད་པར་འགྱུར་བ་བཞིན་དུ་སྡུག་བསྔལ་ཞིང་ཉམ་ཐག་པའི་སྨྲེ་སྔགས་སྐད་གསང་འགགས་ཤིང་ནང་དུ་འདུས་བར་གྱུར་པའི་ཚུལ་གྱིས་སྨྲེ་སྔགས་འདོན་པར་བྱེད་དོ། །འདི་དག་མ་ཚང་


DTG201_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསོར་རུང་ལ། །ཚང་ན་ངེས་པར་སྲོག་འཕྲོག་བྱེད། །ཅེས་བྱ་བ་ལ། དབུགས་མི་བདེ་བ་འདི་དག་ཐམས་ཅད་ཀྱང་མཚན་ཉིད་འདི་དག་མ་རྫོགས་ན་གསོར་རུང་ཞིང་བཅོས་སུ་འདོད་པ་ཡིན་ལ། གལ་ཏེ་འདི་དག་རང་རང་གི་མཚན་ཉིད་རྫོགས་ཤིང་ཚང་བ་ཡིན་ན་ནི་ངེས་པར་གདོན་མི་ཟ་བར་སྲོག་འཕྲོག་ཅིང་འཚོ་བ་གཅོད་པར་འགྱུར་བ་ཡིན་ནོ། །དབུགས་མི་བདེ་རྒྱུ་སྔོན་ཚུལ་དང༌། །གྲངས་དང་རང་བཞིན་རྟེན་གཅིག་ཡིན། །ཞེས་བྱ་བ་ལ། དེ་ལ་སྐྱིགས་བུའི་ནད་ནི་དབུགས་མི་བདེ་བ་དང༌། རྒྱུ་ལ་སོགས་པའི་ནད་གཅིག་ཡིན་ཏེ། འདིར་གཅིག་ཅེས་བྱ་བ་ནི་མཚུངས་པའི་མིང་གི་རྣམ་གྲངས་ཏེ། དེས་ན་སྐྱིགས་བུ་དང་དབུགས་མི་བདེ་བ་ནི་རྒྱུ་ལ་སོགས་པ་ཚུལ་འདྲ་བར་གྱུར་པ་ཡིན་ནོ། །དེ་ཡང་ལུད་པའི་རྒྱུ་ནི་ལུད་པ་འཕེལ་བའམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྔར་འབྱུང་བའི་ཚུལ་ནི་སྙིང་རྩིབ་ལོགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་དེ་དག་ཐམས་ཅད་ཚུལ་གཅིག་ཅིང་འདྲ་བ་ཡིན་བས་ཞེས་བྱ་བའོ། །སྐྱིགས་བུ་ཟས་བྱུང་ཕྲན་ཚེགས་དང༌། །ཟུང་དང་ཆེན་པོར་འབྱུང་བ་དང༌། །ཟ་བ་དག་དང་རྣམ་པ་ལྔ། །ཞེས་བྱ་བ་ལ། སྐྱིགས་བུ་ཟས་ལས་བྱུང་བ་ལ་སོགས་པའི་དབྱེ་བས་མིང་རྣམ་པ་ལྔ་ཡིན་ནོ། །དེ་ལ་རླུང་གིས་རིང་ཟོས་དང༌། །རྩུབ་ཚ་སྲ་དང་མ་གོམས་པའི། །ཟས་དང་སྐོམ་གྱིས་བཙིར་གྱུར་པའི། །རླུང་གིས་སྐྱིགས་བུ་ནད་མེད་དང༌། །སྒྲ་མི་དྲག་ཅིང་སྦྲིད་འབྱུང་སྟེ། །ཞེས་བྱ་བ་ལ། དེ་ལ་སྐྱིགས་བུ་ནི་རླུང་གིས་བསྐྱེད་པར་འགྱུར་ལ། དེ་ཡང་ཁ་ཟས་རིང་བག་ཏུ་ཟོས་པ་དང༌། དེ་བཞིན་དུ་རྩུབ་པ་དང༌། ཚ་བ་དང་སྲ་བའི་བག་ཟས་ཟོས་པ་དང༌། སྔོན་ཆད་མ་གོམས་ཤིང་མ་བསྟེན་པའི་ཟས་སྐོམ་ཟོས་ཤིང་འཐུངས་པས་བཙིར་ཞིང་བསྡམས་པར་གྱུར་པའི་རླུང་གིས་སྐྱིགས་བུའི་རྣམ་པ་ནད་མེད་ཅིང་སྡུག་བསྔལ་བའི་ཚོར་བ་མེད་པ་སྒྲ་མི་དྲག་པའི་རྗེས་ལ་སྦྲིད་པ་འབྱུང་བར་འགྱུར་བའི་སྐྱིགས་བུས་འདེབས་པར་འགྱུར་ཏེ། དེ་ནི་ཟས་ལས་བྱུང་བ་ཞེས་བྱའོ། །གང་ཞིག་གོམས་པའི་ཟས་སྐོམ་


DTG201_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཞི་འགྱུར་སྐྱིགས་བུ་ཟས་བྱུང་ཡིན། །ཞེས་བྱ་བ་ལ། ཡང་སྐྱིགས་བུ་གང་སྔར་གོམས་ཤིང་བསྟེན་པའི་ཟས་དང་སྐོམ་གང་ཡང་རུང་བ་བཏང་བས་ཞི་ཞིང་ཆད་པར་འགྱུར་བའི་སྐྱིགས་བུ་དེ་ནི་ཟས་ལས་བྱུང་ཞེས་བྱའོ། །དྲག་ཤུལ་གྱིས་རླུང་ཅུང་ཟད་བསྐྱོད། །སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར། །ནམ་ཚོང་རྩ་ནས་འབྱུང་བྱེད་ཅིང༌། །དེ་ནི་ཤུགས་དལ་འཇམ་པ་ཡིན། །རྩོལ་བ་དྲག་པོ་འཕེལ་འགྱུར་ལ། །ཟས་ཟོས་ཙམ་གྱིས་དལ་བར་འགྱུར། །ཞེས་བྱ་བ་ལ། དྲག་ཤུལ་གྱི་རྩོལ་བས་རླུང་ཅུང་ཟད་ཅིག་བསྐྱོད་དེ་སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར་ལ། དེ་ཡང་ནམ་ཚོང་གི་རྩ་བ་ནས་འབྱུང་ཞིང་ལྡང་བར་འགྱུར་ལ། དེ་ལྟར་ཆུང་དུ་བསྐྱོད་པ་ལས་ཕྲན་ཚེགས་འབྱུང་བའི་ཕྱིར་སྐྱིགས་བུ་དེའི་ཤུགས་དལ་ཞིང་ཚབས་ཆུང་ལ་དལ་ཞིང་ཤས་ཆེར་ན་བར་མི་བྱེད་པ་ཡིན་ནོ། །དེ་ཡང་རྩོལ་བ་དྲག་པོའི་ཤུགས་བསྟེན་པས་ནི་འཕེལ་བར་འགྱུར་ལ། ཁ་ཟས་གང་ཡང་རུང་བ་ཟོས་པ་ཙམ་གྱིས་ནི་དེའི་མོད་ཁོ་ན་ལ་རྒྱུ་བ་དལ་ཞིང་ཤུགས་བུལ་བར་འགྱུར་རོ། །ཟུང་འབྱུང་ཚིགས་ནི་རིང་བ་ལ། །གང་ཞིག་ཟས་ལས་འབྱུང་འགྱུར་བ། །འཇུ་བར་ཉེ་བའི་ཚེ་ན་འདེབས། །ཟས་ཞུ་ཟིན་ནས་འཕེལ་འགྱུར་བའོ། །མགོ་དང་མགུལ་པ་འདར་བྱེད་ཅིང༌། །སྦོ་དང་ཤིན་ཏུ་སྐོམ་དད་སྐྱེད། །བླ་དང་སློན་དང་ཚད་པར་འཁྲུ། །མིག་གདངས་གླ་ལ་ནི་འབྱུང་བར་འགྱུར། །སྐྱིགས་བུ་ཟུང་འབྱུང་ཤུགས་དྲག་པ། །གཞུང་དང་བཅས་པར་དེ་ཤེས་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་ཟུང་དུ་འབྱུང་བ་ཞེས་བྱ་བ་ནི། ཚིགས་རིང་པོས་ཆོད་པ་གང་ཤུགས་གཉིས་གཉིས་བསྟུད་མར་འབྱུང་བ་ཡིན་ལ། དེ་ཡང་ཁ་ཟས་འཇུ་བ་དང་ཉེ་ཞིང་སྨིན་པ་ལ་ཕྱོགས་པའི་ཚེ་འབྱུང་བར་འགྱུར་ལ། ཟས་ཞུ་ཟིན་ནས་ནི་འཕེལ་བར་འགྱུར་བ་ཡིན་ནོ། །གཞན་ཡང་སྐྱིགས་བུས་བཏབ་པའི་སྐྱེས་བུའི་མགོ་དང་མགུལ་པ་འདར་ཞིང་སྐྱོད་པར་བྱེད་པ་དང༌། ལྟོ་སྤོ་བ་དང༌། སྐོམ་དད་ཤིན་ཏུ་སྐྱེ་ཞིང་སྐོམ་གྱིས་གདུངས་པ་དང༌། གླལ་བ་ལ་སོགས་པ་དང་ལྡན་པར་འགྱུར་ལ། སྐྱིགས་བུ་ཟུང་དུ་བྱུང་བ་ཞེས་བྱ་བ་


DTG201_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཤུགས་དྲག་པ་དང་ཞུ་བའི་ཚེ་ན་འབྱུང་བས་ན་ཞུ་བ་དང་བཅས་པ་ཞེས་བྱ་བར་ངེས་སོ། །སྐྱིགས་བུ་ཆེན་པོ་འབྱུང་བའི་ཚུལ། །སྨིན་མ་མུར་འགྲམ་གཉིས་རེངས་ཤིང༌། །མིག་ནས་མཆི་འཛག་ཧར་བར་བལྟ། །ལུས་རིངས་ཚིག་ནི་ཐོགས་བྱེད་ཅིང༌། །དྲན་དང་འདུ་ཤེས་འཁྲུལ་བར་བྱེད། །མེད་པའམ་སྦུབས་ནི་འགགས་བྱེད་ཅིང༌། །གནད་ཀྱི་ཚོགས་ནི་སྐྱོད་བར་བྱེད། །རྒྱབ་སྒུ་ལུས་ནི་ཁོང་སྐེམ་བྱེད། །རྩ་བ་ཆེ་ཞིང་སྒྲ་ཆེ་ལ། །ནད་ཚབས་ཆེ་ཞིང་སྟོབས་ཆེར་འབྱུང༌། །ཞེས་བྱ་བ་ལ། སྐྱིགས་བུ་ཆེན་པོ་ཞེས་བྱ་བ་འབྱུང་བའི་ཚུལ་ནི་སྨིན་མ་དང་མུར་འགྲམ་གཉིས་རེངས་པ་ལ་སོགས་པ་དང་ལྡན་པ་འབྱུང་བར་འགྱུར་ཏེ། སྨིན་མ་གཉིས་དང་མུར་འགྲམ་གཉིས་ན་ཞིང་བསྐྱོད་མི་ཤེས་པ་ལ་སོགས་པ་དང་ལྡན་པ་དང༌། ལུས་རེངས་ཤིང་བསྐྱོད་མི་ཤེས་པར་བྱེད་པ་དང༌། དེ་བཞིན་དུ་ཚིག་ཐོགས་ཤིང་ལྐུགས་པར་བྱེད་པ་དང༌། དྲན་པ་དང་འདུ་ཤེས་ཏེ་དངོས་པོ་མ་བརྗེད་པ་དང༌། སེམས་འཁྲུགས་ཤིང་ཉམས་པར་བྱེད་པ་དང༌། དེ་བཞིན་དུ་ཟས་རྒྱུ་བའི་ལམ་མེད་པར་འགགས་པ་དང༌། སྙིང་ལ་སོགས་པའི་གནད་ཀྱི་ཚོགས་བསྐྱོད་ཅིང་གཡོ་བར་བྱེད་པ་དང༌། རྒྱབ་སྒུ་ཞིང་འཁྱོག་པ་དང༌། ལུས་ཀྱི་ཁོང་སྐེམ་པར་བྱེད་པ་ཡིན་ལ། དེ་ནི་རྩ་བ་ཆེ་ཞིང་རྒྱུན་རིང་པ་དང༌། སྒྲ་ཆེར་འབྱུང་བ་དང༌། ནད་ཚབས་ཆེ་ཞིང་ཤུགས་དྲག་པ་དང༌། སྟོབས་དང་ནུས་པ་ཆེན་པོར་འབྱུང་བ་ཡིན་པས་ན་དེ་ནི་ཆེན་པོ་ཞེས་བྱའོ། །ཞུ་བའི་གནས་སམ་ལྟེ་འོག་ནས། །སྔ་མ་འདྲ་བར་གང་ཞིག་འབྱུང༌། །དེ་འདྲའི་ཚུལ་ནི་བསྟུད་མར་འབྱུང༌། །གླལ་དང་རྐང་ལག་བྱ་རྨྱང་བྱེད། །བྲག་ཅ་ཟབ་འབྱུང་ཟབ་མོའོ། །ཞེས་བྱ་བ་ལ། སྐྱིགས་བུ་ཟབ་མོ་ཞེས་བྱ་བ་ནི་ཞུ་བའི་གནས་མཁྲིས་པའི་གནས་སམ། ལྟེ་བའི་འོག་ནས་འབྱུང་བར་བྱེད་ལ། དེ་ཡང་འབྱུང་ཞིང་རྒྱུ་བའི་ཚུལ་ནི་སྐྱིགས་བུ་ཆེན་པོའི་མཚན་ཉིད་ཇི་སྐད་བཤད་པ་དང་ཚུལ་འདྲ་བར་འབྱུང་ཞིང༌། སྨིན་མ་མུར་འགྲམ་གཉིས་རེངས་ཤིང༌། །རྒྱབ་སྒུ་ལས་ནི་ཁོང་སྐེམ་བྱེད། །


DTG201_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་བར་གྱི་མཚན་ཉིད་དང་ལྡན་པར་འགྱུར་ལ། དེ་ལས་ཀྱང་ཁྱད་པར་དུ་དེ་བསྟུད་མར་འབྱུང་ཞིང་གླལ་བ་དང༌། བྱ་རྨྱང་བྱེད་ཅིང་རྐང་ལག་སྐྱོད་པར་བྱེད་པ་དང༌། བྲག་ཅའི་སྒྲ་ཟབ་ཏུ་འབྱུང་བར་བྱེད་པས་ན་འདིའི་མིང་ནི་ཟབ་མོ་ཞེས་བྱའོ། །དེ་རྣམས་ལས་ནི་དང་པོ་ཡི། །གཉིས་པོ་གསོ་བར་བྱ་བ་ཡིན། །ཞེས་བྱ་བ་ལ། སྐྱིགས་བུ་ལྔ་པོ་དེ་རྣམས་ལས་ཟས་ལས་བྱུང་བ་དང༌། ཕྲན་ཚེགས་ཞེས་བྱ་བའི་སྐྱིགས་བུ་གཉིས་ནི་གསོ་སླ་བ་ཡིན་པས་གསོ་བར་བྱ་ལ། ཐ་མ་གཉིས་དང་ཟུང་འབྱུང་བ། །མཚན་ཉིད་ཀུན་རྫོགས་ཤུགས་དྲག་སྤང། །ཞེས་བྱ་བ་ལ། ཐ་མའི་སྐྱིགས་བུ་གཉིས་པོ་དང༌། སྐྱིགས་བུ་ཆེན་པོ་དང༌། སྐྱིགས་བུ་ཟབ་མོ་བྱ་བ་གཉིས་ནི་སྤང་བར་བྱ་ལ། དེ་བཞིན་དུ་ཟུང་དུ་འབྱུང་བ་ཞེས་བྱ་བའི་སྐྱིགས་བུ་རང་གི་མཚན་ཉིད་དམ་རྟགས་ཀུན་རྫོགས་ཤིང་མ་ལུས་པ་དང་ལྡན་ལ། ཤུགས་དྲག་པ་ནི་སྤང་བར་བྱ་སྟེ་གསོར་མི་རུང་ངོ༌། །འདི་དག་ཐམས་ཅད་ཡུན་རིང་བསགས། །རྒན་པོ་བུད་མེད་ཀྱིས་དུབ་དང༌། །ནད་ཀྱིས་ཉམ་ཆུང་ཟས་བཅད་པ། །གློ་རྡོལ་ནད་ཅན་སྤང་བར་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་འདི་དག་ཐམས་ཅད་ཡུན་རིང་དུ་བསགས་ཤིང་རྒྱུན་རིང་པོ་གནས་པ་དང༌། མི་རྒན་པོ་དང༌། བུད་མེད་ལ་ཉལ་པོ་དྲགས་པས་དུབ་པ་དང༌། ནད་ཀྱིས་ལུས་ཀྱི་ཉམས་དམད་ཅིང་སྟོབས་ཟད་པ་དང༌། དེ་བཞིན་དུ་ཟས་བཅད་ཅིང་སྨྱུང་བ་བྱས་པ་དང༌། གློ་རྡོལ་བའི་ནད་དང་ལྡན་པ་ལ་སྐྱིགས་བུས་བཏབ་པ་སྤང་བར་བྱ་སྟེ་གསོར་མི་རུང་ངོ༌། མི་རྒན་གྱིས་འཆི་བྱེད་མོད་ཀྱི། །སྐྱིགས་བུ་དབུགས་མི་བདེ་བ་ལྟར། །ནད་གཞན་མྱུར་དུ་གསོད་མི་བྱེད། །འདི་དག་འཆི་ཚེ་ངེས་འབྱུང་འགྱུར། །ཞེས་བྱ་བ་ལ། ནད་པ་དེ་ལྟ་བུ་དག་ནི་སྐྱིགས་བུ་དང་དབུགས་མི་བདེ་པ་འབའ་ཞིག་ཏུ་མ་ཟད་ཀྱི། རིམས་ལ་སོགས་པ་ནད་ཐམས་ཅད་ཀྱིས་ཀྱང་འཆི་བར་བྱེད་མོད་ཀྱི། ནད་དེ་དག་ལས་འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། སྐྱིགས་བུ་དང་དབུགས་མི་བདེ་བ་གཉིས་ཀྱིས་མྱུར་དུ་གསོད་པར་བྱེད་པ་དེ་ལྟར་ནད་ཀྱི་དངོས་པོ་གཞན་གྱིས་མྱུར་དུ་གསོད་ཅིང་འཆི་བར་མི་བྱེད་དེ། གང་གི་ཕྱིར་


DTG201_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་ནི་འཆི་ཞིང་སྲོག་དང་བྲལ་བའི་ཚེ་ངེས་པར་གདོན་མི་ཟ་བར་འབྱུང་བར་འགྱུར་བ་ཡིན་ནོ། །ཚིག་འདི་དག་གིས་ནི་དེ་གཉིས་མྱུར་དུ་གསོ་དགོས་པར་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གློ་གཅོང་ཆེན་པོ་ཟད་བྱེད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ལུད་པ་བཏང་སྙོམས་སུ་བཞག་ཅིང་མ་བཅོས་ན་དབུགས་མི་བདེ་བ་དང་ཟད་བྱེད་འབྱུང་བར་འགྱུར་རོ་ཞེས་བཤད་པས་ན། དེའི་ཕྱིར་དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །གློ་གཅོང་ཆེན་པོ་ཟད་བྱེད་ཅེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །ནད་ནི་དུ་མ་རྗེས་འབྲང་ཞིང༌། །ནད་མང་སྔོན་དུ་འགྲོ་བར་འགྱུར། །རྒྱལ་པོ་ཟད་བྱེད་སྐེམ་བྱེད་དང༌། །ནད་ཀྱི་རྒྱལ་པོ་ཞེས་ཀྱང་བཤད། །ཅེས་བྱ་བ་ལ། ཟད་བྱེད་ཀྱི་རྗེས་སུ་ནད་དུ་མ་མང་པོ་ཞིག་འབྲང་ཞིང་རྒྱུ་བར་བྱེད་ལ། དེ་བཞིན་དུ་ནད་མང་པོ་སྔོན་དུ་འགྲོ་ཞིང་ཐོག་མར་རྒྱུ་བས་ནད་དེ་ནི་ནད་ཀྱི་རྒྱལ་པོ་ཞེས་བྱ་ཞིང་མིང་གི་རྣམ་གྲངས་བཞི་པོ་གནོད་པའི་རྒྱལ་པོ་དང༌། ཟད་བྱེད་དང༌། སྐེམ་བྱེད་དང༌། ནད་ཀྱི་རྒྱལ་པོ་ཞེས་བྱ་བར་བཤད་པ་ཡིན་ནོ། །རྒྱུ་སྐར་རྣམས་དང་བྲམ་ཟེ་ཡི། །རྒྱལ་པོའི་གཅོང་དུ་སྔོན་གྱུར་ཅིང༌། །གང་ཡང་ནད་ཀྱི་རྒྱལ་པོར་འགྱུར། །དེ་ཕྱིར་གནོད་པའི་རྒྱལ་པོར་བཤད། །ཅེས་བྱ་བ་ལ། སྣར་མ་ལ་སོགས་བའི་རྒྱུ་སྐར་རྣམས་དང༌། བྲམ་ཟེ་རྣམས་ཀྱི་རྒྱལ་པོ་ནི་ཟླ་བ་ཡིན་ལ། དེ་ཡང་སྔོན་བསྐལ་པ་དང་པོའི་ཚེ། ཟླ་བ་སྣར་མ་ལ་མཆོག་ཏུ་ཆགས་པས་གཅོང་ཆེན་པོའི་ནད་བྱུང་བར་གྱུར་ལ། དེ་བས་ན་ནད་འདི་ལ་ནང་ཀྱི་རྒྱལ་པོ་ཞེས་བྱའོ། །དེས་ནི་རྒྱལ་པོའི་ནད་ཡིན་པས་ནད་ཀྱི་རྒྱལ་པོ་ཞེས་དྲུག་པའི་མཚམས་སྦྱར་བས་བསྒྲུབ་པའམ། ཡང་ན་ཟད་བྱེད་ཀྱི་ནད་ཀྱང་ཡིན་ལ། རྒྱལ་པོ་ཡང་ཡིན་པས་ནད་ཀྱི་རྒྱལ་པོ་སྟེ། ནད་རྣམས་ཀྱི་ནང་ན་གནས་ཤིང་རིམས་ལ་སོགས་པའི་ནད་


DTG201_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་ཡོངས་སུ་བསྐོར་ལ། བཤད་མ་ཐག་པའི་ཚུལ་དུ་ནད་དུ་མ་རྗེས་སུ་འབྲང་ཞིང༌། ནད་མང་པོ་སྔོན་དུ་འགྲོ་བས་གཅོང་ཆེན་པོ་ལ་གནོད་པའི་རྒྱལ་པོ་ཞེས་བྱའོ་ཞེས་མངོན་པར་ཤེས་པ་དང་ལྡན་པའི་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །ལུས་དང་སྨན་ནི་ཟད་བྱད་ཅིང། །ཟད་ལས་འབྱུང་བས་ཟད་བྱེད་ཡིན། །ཞེས་བྱ་བ་ལ། ལུས་དང་སྨན་གྱི་དངོས་པོ་གཉིས་ཟད་པ་ནི་མེད་པར་བྱེད་པ་སྟེ། དེ་བས་ན་ལུས་དང་སྨན་ཟད་པར་བྱེད་པའི་ནད་འདི་ལ་ཟད་བྱེད་ཅེས་བྱ་སྟེ། གང་གི་ཕྱིར་ནད་འདི་སྐྱེས་པར་གྱུར་ན། ལུས་ཟད་ཅིང་འཇུ་བར་འགྱུར་པ་དང༌། སྨན་མང་པོ་ཡང་ཟད་ཅིང་གཏུགས་པར་བྱེད་པས་ན། ནད་འདི་ལ་ཟད་བྱེད་ཅེས་བྱའོ། །ཡང་ན་ཟད་པ་ལས་བྱུང་བས་ན་ཟད་བྱེད་དེ། ལུས་ཟུངས་རྣམས་ཟད་པའི་རྒྱུ་ལས་བྱུང་བས་ན་མིང་ཟད་བྱེད་ཅེས་བྱ་བའོ། །དངས་སོགས་སྐེམས་པས་སྐེམ་བྱེད་ཡིན། །དེ་རྣམས་དེ་ལས་གསལ་བས་རྒྱལ། །ཞེས་བྱ་བ་ལ། དངས་མ་ལ་སོགས་པའི་ལུས་ཟུངས་བདུན་པོ་སྐེམ་ཞིང་རེངས་པར་བྱེད་པས་ན། དེ་ལ་སྐེམ་བྱེད་ཅེས་བྱའོ། །ཡང་ནད་དེ་རྣམས་ཀྱི་ནང་ན་རགས་ཤིང་གསལ་ལ་ནུས་པ་ཆེ་བས་ན་ནད་ཀྱི་རྒྱལ་པོ་ཞེས་བྱའོ། །དྲག་ཤུལ་བསྟེན་དང་ཤུགས་བཀག་དང༌། །ཁུ་ཆུ་དངས་མ་སྣུམ་ཟད་དང༌། །ཟས་སྐོམ་ཆོ་ག་དང་བྲལ་བསྟེན། །བཞི་པོ་འདི་དག་དེ་ཡི་རྒྱུ། །ཞེས་བྱ་བ་ལ། གཅོང་ཆེན་པོའི་རྒྱུ་ནི་མ་ལྕོགས་བཞིན་དུ་དྲག་ཤུལ་གྱི་ལས་བྱེད་པ་ལ་སོགས་པ་བསྟེན་དྲགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དྲག་ཤུལ་གྱི་སྟོབས་འགྱེད་པ་ལ་སོགས་པའི་ལས་ཉམས་ཀྱིས་ལྕོགས་པར་དཀའ་བ་བསྟེན་ཞིང༌། ལུས་དང་ངག་དང་ཡིད་ལ་གནོད་པར་འགྱུར་བའི་རྩོལ་བ་དྲག་པོ་བྱེད་པའོ། །ཤུགས་བཀག་པ་ནི་ངོ་ཚ་པ་སོགས་པའི་རྒྱུས་བཤང་བ་དང་གཅི་བ་དང་འཕྱེན་ལ་སོགས་པ་བཀག་ཅིང་བསྡམས་པའོ། །ཁུ་ཆུ་ལ་སོགས་པ་ཟད་པ་ནི་རང་གི་རྒྱུ་ལས་བྱུང་བ་ཟད་ཅིང་དེངས་པར་བྱེད་པའོ། །ཟས་དང་སྐོམ་གཉིས་ཀྱི་ཆོ་ག་དང་བྲལ་བར་བསྟེན་པ་ནི་སྨན་དཔྱད་ཀྱི་བསྟན་བཅོས་དང་མི་


DTG201_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བསྟེན་ཞིང༌། དེའི་ཆོ་ག་དང་མི་མཐུན་པར་བྱས་ནས་མི་འཕྲོད་པ་ཟ་བའོ། །དེ་ཡིས་རླུང་དང་མཁྲིས་པ་དང༌། །བད་ཀན་བསླངས་ནས་ཐམས་ཅད་དུ། །ལུས་ཀྱི་ཚིགས་ཀུན་ལ་ཞུགས་ཏེ། །དེ་ཡིས་རྩ་སྒོ་ལ་གནོད་ཅིང༌། །བུ་གའི་སྒོ་ནི་བཀག་པའམ། །ཡང་ན་ཤིན་ཏུ་ཁ་བྱེ་འགྱུར། །སྟོད་སྨད་ཐད་ཀར་གནས་ནས་ནི། །རང་གི་ནད་ནི་ཇི་བཞིན་སྐྱེད། །ཅེས་བྱ་བ་ལ། དྲག་ཤུལ་ལ་སོགས་པ་དེ་དག་གིས་རླུང་བསླང་ཞིང་འཁྲུགས་པར་བྱས་པས་ན། རྒྱས་ཤིང་འཕེལ་བར་བྱས་པ་དང། མཁྲིས་པ་བསླངས་ནས་རང་གི་གནས་ལས་གྱེན་དུ་འཕོ་ཞིང་རྒྱས་པར་བྱེད་པ་དང༌། དེ་བཞིན་དུ་བད་ཀན་བསླངས་ནས་སྟོད་སྨད་དང་རྩིབ་ལོགས་ལ་སོགས་པ་ཐམས་ཅད་དུ་ཁྱབ་ཅིང་ལུས་ཀྱི་ཚིགས་ཀུན་གྱི་ནང་དུ་ཞུགས་ཏེ། ཚིགས་དག་ལ་གནོད་ཅིང་རབ་ཏུ་ན་བར་བྱེད་པ་དང༌། ཡང་དེ་བཞིན་དུ་དེས་ལུས་ཐམས་ཅད་ཁྱབ་པའི་རྩ་སྒོ་ལ་ཡང་གནོད་ཅིང་བཅོམ་པ་དང༌། དེ་བཞིན་དུ་བུ་ག་རྣམས་ཀྱི་འབྱུང་ཞིང་རྒྱུ་བའི་སྒོ་བཀག་ནས་གནས་པར་འགྱུར་བ་འམ། ཡང་ལན་འགའ་རྩའི་སྒོ་འམ། ཁ་བྱེ་ཞིང་རྒྱས་པར་བྱས་ནས་ལན་འགའ་ནི་སྟོད་དུ་འགྲོ། །ལན་འགའ་ནི་རོ་སྨད་དམ་རྩིབ་ལོགས་སུ་ཐད་ཀར་སོང་ནས་རང་རང་གི་ནད་ཇི་ལྟ་བ་བཞིན་དུ་བསྐྱོད་དེ་སྟོད་དུ་རྒྱུ་ན་ནི་རོ་སྟོད་ཀྱི་ནད་སྐྱེད་པར་བྱེད་ལ། སྨད་དུ་རྒྱུ་ན་ནི་རོ་སྨད་ཀྱི་ནད་སྐྱེད་པར་བྱེད། ཐད་ཀར་འགྲོ་ན་ནི་རྩིབ་ལོགས་ཀྱི་ནད་སྐྱེད་པར་བྱེད་དོ། །དེ་འབྱུང་འགྱུར་བའི་སྔོན་ཚུལ་ནི། །ཆམ་འདེབས་སྦྲིད་པ་ཤིན་ཏུ་མང༌། །མཆིལ་མ་ཁ་ནས་རོ་མངར་བྲོ། །ལུས་དང་མེ་དྲོད་ཉམ་ཆུང་བྱེད། །གཞོང་སྣོད་ཟས་སྐོམ་ལ་སོགས་ནི། །གཙང་ཡང་མི་གཙང་ཉིད་དུ་མཐོང༌། །ཕལ་ཆེར་ཟས་དང་སྐོམ་སྩོགས་ལ། །སྦྲང་མ་རྩ་དང་སྐྲ་སོགས་འབབ། །སྙིང་འཕར་སློན་བྲོ་ཡི་ག་འཆུས། །ཁ་ཟས་ཟོས་ཀྱང་ཉམས་སྟོབས་ཟད། །ལག་པར་ལྟ་ཞིང་རྐང་གདོང་སྐྲང༌། །མིག་ནི་ཤིན་ཏུ་དཀར་པོར་སྣང༌། །ལག་ངར་དག་ནི་འཇལ་བར་འདོད། །ལུས་ལ་


DTG201_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་བར་མཐོང༌། །བུད་མེད་ཆང་དང་ཤ་ལ་དགའ། །སྨོད་དང་ཀླད་པ་འགེབས་པར་བྱེད། །སྐྲ་དང་སེན་མོ་ཤིན་ཏུ་འཕེལ། །རྨི་ལམ་དུ་ནི་ཕྱེ་མ་ལེབ། །རྩངས་པ་སྡིག་སྦྲུལ་གཅན་གཟན་སྤྲེའུ། །བྱ་རྣམས་ཀྱིས་ནི་གཙེས་པར་མཐོང༌། །སྐྲ་རུས་ཕུབ་མ་ཐལ་སོགས་ཀྱི། །ཕུང་པོ་ལ་ནི་འཛེག་པ་དང༌། །ཡུལ་དང་གྲོང་ནི་སྟོང་པ་དང༌། །ཆུ་ཀླུང་སྐམ་པར་རྨི་ལམ་མཐོང༌། །སྐར་མདའ་རི་བོ་ལྟུང་བ་དང༌། །ལྗོན་ཤིང་རྣམས་ནི་འབར་བ་རྨི། །ཞེས་བྱ་བ་ལ། གཅོང་ཆེན་པོ་ཞེས་བྱ་བའི་ནད་དེ་འབྱུང་བར་འགྱུར་ཞིང༌། སྐྱེ་བཞིན་པའི་ཚུལ་སྔར་བྱུང་བའི་རྟགས་ནི་ཆམ་པ་ལ་སོགས་པ་ཡིན་ཏེ། ཆམ་པ་ནི་སྣ་ནས་འཛག་པའི་ནད་དེས་འདེབས་སོ། །སྦྲིད་པ་ཤིན་ཏུ་མང་བ་ནི་སྦྲིད་པ་དྲག་ཏུ་འབྱུང་ཞིང་མང་བའོ། །མཆིལ་མ་མང་བ་ནི་བད་ཀན་གྱི་ལྗན་ལྗིན་ཁ་ནས་མང་དུ་འོང་པའོ། །ཁའི་ནང་རོ་མངར་བར་བྲོ་བ་ནི་མངར་བ་ཉིད་ཡིན་ནོ། །ལུས་དང་མེ་དྲོད་ཉམ་ཆུང་བ་ནི་ལུས་ཁོང་རྨྱ་ཞིང་ཞུམ་པ་དང༌། ཟས་འཇུ་བར་བྱེད་མི་ནུས་པའོ། གཞོང་པ་དང་སྣོད་ཕྲ་མོ་ལ་སོགས་པ་གཙང་བ་ཡང་མི་གཙང་བ་ཉིད་དུ་མཐོང་བ་ནི་དེའི་ཚེ་ལོག་པའི་ཤེས་པ་སྐྱེ་ཞིང་འཁྲུལ་བ་འབྱུང་བར་འགྱུར་བའོ། །ཡང་ཕལ་ཆེར་ཟས་སྐོམ་ལ་སོགས་པར་སྦྲང་མ་ལ་སོགས་པ་ལྟུང་ཞིང་འབབ་པར་འགྱུར་བ་དང༌། སྙིང་འཕར་ཞིང་རྒལ་པ་ལ་སོགས་པ་དང༌། ལག་པ་གཉིས་ལ་ཡང་དང་ཡང་དུ་ལྟ་ཞིང་རྟོགས་པར་འགྱུར་བ་དང༌། རྒྱུ་མེད་པར་རྐང་པ་དང་གདོང་སྐྲང་བར་འགྱུར་བ་དང༌། དེ་བཞིན་དུ་མིག་གཉིས་ཤིན་ཏུ་དཀར་ཞིང་སྐྱ་བར་འགྱུར་བ་དང༌། དེ་བཞིན་དུ་ལག་ངར་གཉིས་འཇལ་བར་འདོད་ཅིང་ངའི་ལག་ངར་ཚད་ཇི་ཙམ་དུ་སོང་ཞེས་ཤེས་པར་འདོད་ཅིང་འཇལ་བ་དང༌། རང་གི་ལུས་མཛེས་ཤིང་སྐྱོན་མེད་ལ་འཇིགས་པའི་བག་མེད་པར་གྱུར་པ་ལ་ཡང་མི་སྡུག་ཅིང་འཇིགས་སུ་རུང་བར་མཐོང་བའི་ལོག་པའི་ཤེས་པ་སྐྱེ་བར་འགྱུར་བ་དང༌། བུད་མེད་དང་ཆང་དང་ཤ་ལ་དགའ་ཞིང་མངོན་པར་འདོད་པ་བསྐྱེད་བ་དང༌། ཡང་དེ་དག་


DTG201_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་སྨོད་པར་ཡང་བྱེད་པ་དང༌། ཀླད་པ་སྟེ་སྤྱི་བོ་གོས་ཀྱིས་འགེབས་པར་བྱེད་པ་དང༌། སྐྲ་དང་སེན་མོ་རྣམས་ཤིན་ཏུ་འཕེལ་ཞིང་རིང་བར་འགྱུར་བ་དང༌། རྨི་ལམ་གྱི་ནང་དུ་ཕྱེ་མ་ལེབ་ལ་སོགས་པས་གཙེས་ཤིང་མནན་པར་མཐོང་བ་དང༌། དེ་བཞིན་དུ་སྐྲ་ལ་སོགས་པའི་ཕུང་པོ་ལ་འཛེག་པར་རྨི་བ་དང༌། ཡུལ་དང་གྲོང་སྟོང་ཞིང་སྐྱེ་བོ་མི་གནས་པ་རྨི་ལམ་དུ་མཐོང་བ་དང༌། ཆུ་རྣམས་སྐམས་ཤིང་གྲོག་པོ་སྟོང་པ་རྨི་ལམ་དུ་མཐོང་བ་དང༌། སྐར་མདའ་ལྟུང་བ་དང༌། རི་བོ་ལྟུང་ཞིང་བསྙིལ་བ་རྨི་བ་དང༌། ལྗོན་ཤིང་བཟང་བ་རྣམས་ལས་སྐྱེས་པ་དེ་དག་འབར་ཞིང་མེའི་ཕུང་པོར་འགྱུར་བ་རྨི་བ་སྟེ། མཚན་མ་དེ་དག་འབྱུང་བར་འགྱུར་རོ། །སྟོད་དུ་གནས་ན་ཆམ་པས་འདེབས། །ལུད་པ་ལུ་ཞིང་དབུགས་མི་བདེ། །ཕྲག་པ་སྤྱི་བོ་ན་བ་དང༌། །སྐད་འགགས་ཡི་ག་འཆུས་པར་འགྱུར། །སྨད་གནས་བཤང་སླ་རྟུག་སྐམ་བྱེད། །ནང་གྲོལ་ནང་གནས་སློན་པར་བྱེད། །ཐད་ཀར་གནས་པས་རྩིབ་ལོགས་ཟུག །ཚིགས་ལ་གནས་ན་རིམས་སུ་འགྱུར། །ཞེས་བྱ་བ་ལ། གཅོང་ཆེན་པོའི་ནད་རོ་སྟོད་དུ་གནས་ན་ཆམ་པས་འདེབས་པ་ལ་སོགས་པ་ནད་བདུན་སྐྱེད་པར་འགྱུར་རོ། །ནད་དེ་རོ་སྨད་དུ་སོང་བས་ནི་བཤང་བ་སླ་བའམ་རྟུག་སྐམ་དུ་འགྱུར་ཏེ། རྟུག་པ་སླ་བ་ནི་ཞིག་ཅིང་འཁྲུ་བར་འགྱུར་བའོ། །སྐམ་པ་ནི་སྲ་ཞིང་འགགས་ཏེ་འཁྲེན་པར་འགྱུར་བ་སྟེ། དེ་ལས་ལན་འགའ་ནི་སླ་བར་འགྱུར་ལ། ལན་འགའ་ནི་སྐ་བར་འགྱུར་གྱི། དེ་གཉིས་ཆ་མཉམ་པར་མི་འགྱུར་རོ། །ནད་དེ་ནང་གྲོལ་གྱི་ནང་ན་གནས་པ་ནི་སློན་ཞིང་འདོར་བར་བྱེད་དོ། །ཐད་ཀར་གནས་པའི་ནད་ཀྱིས་ནི་རྩིབ་ལོགས་སུ་ཟུག་ཅིང་ན་བར་འགྱུར་རོ། །ནད་དེ་ནི་ཚིགས་ལ་གནས་པས་ནི་རིམས་སྐྱེད་པར་འགྱུར་རོ། །དེ་ལྟར་ནད་ཚུལ་བཅུ་གཅིག་ནི། །གཅོང་ཆེན་ལྡན་ལས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གཅོང་ཆེན་པོའི་ནད་དེ་དང་ལྡན་པ་ལ་ཆམ་བ་ལ་སོགས་པ་ནད་བཅུ་གཅིག་པ་འབྱུང་ཞིང་སྐྱེ་བར་འགྱུར་རོ། །དེ་ལ་རྩ་སྦུབས་རྣམས་བཀག་པ་


DTG201_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་སྐམས་པར་འགྱུར་བ་ཡིན་ལ། དེ་རྣམས་ཁ་བྱེ་བ་ལས་ནི་རྒྱས་པར་འགྱུར་རོ། །དེས་ན་གྲངས་ཀྱིས་འདི་གཉིས་གང་ཡང་རུང་བ་གཅིག་གིས་བཟུང་གི །གཉི་ག་དུས་གཅིག་ཏུ་འབྱུང་བ་ནི་མི་སྲིད་དོ། །དེ་རྣམས་ཀྱི་གྲངས་ནི་ཆམ་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཕྲག་པ་ན་བ་དང༌། སྤྱི་བོ་ན་བ་དང༌། སྐད་འགགས་པ་དང༌། ཡི་ག་འཆུས་པ་དང༌། བཤང་བསླ་བ་དང༌། རྟུག་པ་སྐམ་པ་དང༌། སློན་པ་དང༌། རྩིབ་ལོགས་ཟུག་པ་དང༌། རིམས་ཏེ་བཅུ་གཅིག་པོ་འདི་དག་ནི་ཟད་བྱེད་ཀྱི་ནད་ཡིན་ནོ། །དེ་རྣམས་ཀྱི་ནི་བླ་བརྣན་དག །སྐད་འགགས་བྲང་དུ་ན་བ་དང༌། །ཁ་གླལ་ལུས་གྲུགས་མཆིལ་སྣབས་མང༌། །དྲོད་ཉམས་ཁ་མནམ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཆམ་པ་ལ་སོགས་པ་དེ་རྣམས་ཀྱི་བླ་བརྣན་ནི་སྐད་འགགས་པ་ལ་སོགས་པ་བདུན་ཡིན་བར་ཤེས་པར་བྱ། ནད་སྔ་ན་གནས་པའི་སྟེང་དུ་ནད་ཕྱི་མ་བྱུང་ནས་སྡུག་བསྔལ་དང་རྗེས་སུ་འབྲེལ་པར་བྱེད་པ་ནི་བླ་བརྣན་ཞེས་བྱའོ། །དེ་ལ་རླུང་གྱུར་ཀླད་པ་དང༌། །རྩིབ་ལོགས་ཟུག་ཤ་ཡན་ལག་ན། །སྐད་འགགས་མགུལ་པ་སུབས་པར་འགྱུར། །ཞེས་བྱ་བ་ལ། དེ་ལ་རླུང་གི་ཤས་ཆེ་བ་ལས་གྱུར་པའི་གཅོང་ཆེན་པོ་ནི། ཀླད་པ་ན་བ་ལ་སོགས་པའི་མཚན་མ་འབྱུང་བར་འགྱུར་རོ། །མཁྲིས་རྒྱས་རྐང་ལག་ཕྲག་པ་ཚ། །ཚད་འཁྲུ་ཁྲག་ཏུ་སློན་པ་དང༌། །ཁ་མནམ་རིམས་འདེབས་མྱོས་པར་འགྱུར། །ཞེས་བྱ་བ་ལ། དེ་ལ་མཁྲིས་པ་ཤས་ཆེ་བ་ལས་བྱུང་བའི་གཅོང་ཆེན་པོ་ནི། རྐང་པ་དང་ལག་པ་དང༌། ཕྲག་པ་ཚ་བ་ལ་སོགས་པའི་ནད་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །བད་ཀན་ལས་གྱུར་ཡི་ག་འཆུས། །སློན་ལུད་ལུས་དང་ཡན་ལག་ལྕི། །མཆིལ་སྣབས་མང་ཞིང་ཆམ་པས་འདེབས། །དབུགས་མི་བདེ་སྐད་འགགས་དྲོད་ཉམས། །ཞེས་བྱ་བ་ལ། བད་ཀན་རྒྱས་པ་ལས་གྱུར་བའི་གཅོང་ཆེན་པོའི་ནད་ནི་ཡི་ག་འཆུས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ནད་ཀྱིས་མེ་དྲོད་ཉམ་ཆུང་བས། །འབྱར་བཅས་བད་ཀན་རྒྱས་གྱུར་


DTG201_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྩ་སྦུབས་སྒོ་ནི་འགགས་པ་དང༌། །ལུས་ཟུངས་དྲོད་ནི་ཆུང་གྱུར་པས། །དངས་མ་རང་གི་གནས་སུ་ནི། །མ་ཞུ་བླ་བརྣན་དེ་དང་དེ། །སྐྱེད་ཅིང་ཤ་སོགས་མི་འགྱུར་ལ། །ཁྲག་ནི་གྱེན་དུ་འབྱུང་བར་བྱེད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་མེ་དྲོད་ཆུང་ཞིང་ནུས་པ་བྲི་བ་ལ་སོགས་པའི་རྒྱུས་འབྱར་བག་དང་བཅས་པའི་བད་ཀན་རྒྱས་པར་འགྱུར་ལ། རྩ་སྦུབས་ཀྱི་སྒོ་རྣམས་འགགས་ཤིང་བཀག་པར་གྱུར་པ་དང༌། དེ་བཞིན་དུ་ལུས་ཟུངས་ཀྱི་དྲོད་ཉམ་ཆུང་བར་གྱུར་བས་དངས་མ་རང་གི་གནས་སུ་ལེགས་པར་མ་ཞུ་ཞིང་སྨིན་པར་ནུས་པའི་དངས་མ་དེ་ལས་བླ་བརྣན་སྐད་འགགས་པ་དང༌། བྲང་དུ་ན་བ་ལ་སོགས་པ་རང་གི་རྒྱུ་ལས་བྱུང་བ་དེ་དང་དེ་སྐྱེད་ཅིང་འབྱུང་བར་འགྱུར་ལ། དེས་ན་ཤ་ལ་སོགས་པའི་ལུས་ཟུངས་སུ་མི་འགྱུར་བ་དང༌། དེ་བཞིན་དུ་ཁྲག་གྱེན་དུ་འབྱུང་ཞིང་མཆིལ་མ་ལ་སོགས་པ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །ཁོང་པ་ཉིད་དུ་ཟས་འཇུ་བས། །དངས་མར་འགྱུར་བར་མི་བྱེད་ཅིང༌། །ཕལ་ཆེར་དྲི་མ་ཉིད་འགྱུར་གྱི། །ལུས་ཟུངས་འཕེལ་བར་མི་བྱེད་དོ། །ཞེས་བྱ་བ་ལ། གང་གི་ཕྱིར་གཅོང་ཆེན་པོའི་ནད་འདི་ཡོད་པ་ལ། ཁོང་པའི་དྲོད་ཀྱིས་ཁ་ཟས་འཇུ་བར་བྱེད་ཀྱི། མེ་དྲོད་གཞན་གྱིས་དངས་མ་ལ་སོགས་པའི་རིམ་པ་སྨིན་པར་མི་བྱེད་དོ། །དེའི་ཕྱིར་འཕྲལ་དུ་དྲི་མ་བཤང་གཅི་ཉིད་དུ་འགྱུར་བས་ཟུངས་རྣམས་འཕེལ་ཤིང་རྒྱས་པར་མི་བྱེད་དེ། དངས་མའི་བཅུད་ལུས་ཀྱང་བརྟས་ཤིང་ཚིམ་པར་མི་བྱེད་དོ་ཞེས་བྱ་བའི་དོན་ནོ། །དངས་མ་ཁྲག་ཏུ་མི་འགྱུར་ན། །ཤར་འགྱུར་བ་ལྟ་སྨོས་ཅི་དགོས། །ཟད་བྱེད་ཅན་ནི་བཤང་འཕེལ་བ། །འབའ་ཞིག་གིས་ནི་གནས་པར་བྱེད། །ཅེས་བྱ་བ་ལ། གཅོང་ཆེན་གྱི་སྐྱེས་བུ་དེའི་ལུས་ཟུངས་དངས་མ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཁྲག་ཏུ་མི་འགྱུར་ན། ཤའི་ལུས་ཟུངས་རྒྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཟད་བྱེད་དང་ལྡན་པའི་སྐྱེས་བུ་བཤད་བ་འབའ་ཞིག་ཉེ་བར་འཕེལ་བས་གནས་པར་འགྱུར་གྱི། དངས་མས་ཁྲག་ལ་སོགས་པ་


DTG201_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་མི་འགྱུར་རོ་ཞེས་འབའ་ཞིག་གི་སྒྲ་ངེས་པར་བཟུང་བ་ཡིན་ནོ། །མཚན་མ་ཆུང་ཡང་ཉམ་ཆུང་ཞིང༌། །ནད་ཀྱིས་སྨན་གྱི་སྟོབས་མི་བཟོད། །སྤང་བྱ། ཅེས་བྱ་བ་ལ། ཆམ་པ་ལ་སོགས་པའི་མཚན་མ་རྣམས་དང༌། དེ་བཞིན་དུ་སྙིང་ག་དང་རྩིབ་ལོགས་གཟེར་བ་ལ་སོགས་པའི་ནད་ཀྱི་མཚན་མ་ཆུང་དུ་ཟིན་ཀྱང༌། མི་མཉམ་སྟོབས་ཆུང་ཞིང་ནད་ཀྱིས་སྨན་གྱི་སྟོབས་བསྟེན་པར་མི་བཟོད་པ་གང་ཡིན་པ་དེ་ནི་སྤར་བར་བྱ་སྟེ་གསོར་མི་རུང་ངོ༌། །དེ་ལས་གཞན་པ་ནི། །ཐམས་ཅད་ལྡན་ཡང་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ལས་གཞན་བའི་ནད་ཀྱིས་ཉམས་ཀྱི་སྟོབས་བཟོད་ཅིང༌། ཉམས་སྟོབས་དང་ལྡན་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ཡང་གསོར་རུང་བ་ཡིན་པས་ནད་པ་ཉམས་སྟོབས་དང་ལྡན་པ་ནི་རྣམ་པ་ཐམས་ཅད་དུ་གསོ་བར་བྱའོ། །དེ་ཡན་ཆད་དུ་གཅོང་ཆེན་པོའི་ནད་བཤད་ཟིན་ནས། དེ་ནས་དེའི་འོག་ཏུ་དེའི་ཡན་ལག་ཏུ་གྱུར་པ་སྐད་འགགས་པ་ལ་སོགས་པའི་ནད་སྟོན་པའི་ཕྱིར་སྨྲས་པ་ནི། ནད་ནི་སྣ་རེ་འདུས་པ་དང༌། །ཟད་བྱེད་ཚིལ་ལས་གྱུར་པ་དྲུག །སྐད་འགགས་ཀྱི་ནི་དབྱེ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ནད་སྣ་རེ་རེ་ཞེས་པ་རླུང་དང་མཁྲིས་པ་དང་བད་ཀན་དང་སོ་སོ་ལས་གྱུར་པ་གསུམ་དང༌། གསུམ་ཅར་འདུས་པ་ལས་གྱུར་ཏེ་བཞི་པ་དང༌། ཟད་བྱེད་ལས་གྱུར་པ་དང༌། ཚིལ་ལས་གྱུར་པ་སྟེ། དྲུག་པོ་དེ་དག་ནི་སྐད་འགགས་པའི་དབྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་ལས་རླུང་གཡོ་ཉམ་ཆུང་རྩུབ། །གྲེ་བ་གྲམས་གང་སྙམ་བྱེད། །དེ་ལ་སྣུམ་དྲོ་འོ་མས་ཕན། །ཞེས་བྱ་བ་ལ། དེ་ལ་སྐད་འགགས་པ་དྲུག་གི་ནང་ནས་རླུང་ལས་གྱུར་པའི་སྐད་འགགས་པ་ནི་གཡོ་ཞིང་སྐད་འགྱུར་ཏེ་མི་བརྟན་པ་དང༌། ལུས་ཉམ་ཆུང་ཞིང་ཁོང་རྨྱ་བ་དང༌། རྩུབ་བག་ཏུ་གནས་པ་དང༌། གྲེ་བ་ནས་ཀྱི་གྲ་མས་གང་བ་སྙམ་དུ་བྱེད་ཅིང་ན་བ་ཡིན་ལ། དེ་ལ་སྣུམ་བག་དང༌། དྲོ་བ་དང༌། འོ་མས་ཕན་པ་ཡིན་ནོ། །མཁྲིས་པ་ལས་གྱུར་རྐན་ལྐོག་ཚ། །སྐམ་ཞིང་སྨྲ་བར་མི་ནུས་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐད་


DTG201_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་ནི། རྐན་དང་ལྐོག་མའི་ཕྱོགས་སུ་ཚ་བར་འགྱུར་བ་དེ་དག་ཉིད་སྒམ་པ་དང༌། སྨྲ་བར་མི་ནུས་ཤིང་ཚིག་མི་ཐོན་པ་ཡིན་ནོ། །བད་ཀན་མགུལ་པ་བྱུགས་སྙམ་བྱེད། །སྐད་ཀྱི་གསང་དམའ་ངར་ངར་འཛེར། །ཐོགས་བཅས་འགྱུར་རོ་ཐམས་ཅད་ཀྱི། །མཚན་མ་ཐམས་ཅད་ལྡན་པ་ཡིན། །ཞེས་བྱ་བ་ལ། དེ་ཡང་སྒྲ་ངར་ངར་པོར་འདོན་ཞིང་འཛེར་བ་དང༌། ཐོགས་པ་དང་བཅས་པ་སྟེ། བར་བར་དུ་འཁྲུལ་ཞིང་བརྗེད་པར་འགྱུར་བ་ཡིན་ནོ། །ཐམས་ཅད་ཀྱི་ཞེས་ནད་གཞི་གསུམ་པོ་ཐམས་ཅད་ལས་བྱུང་བའི་སྐད་འགགས་པ་ནི་མཚན་མ་གསུམ་པོ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ཟད་བྱེད་ལས་ནི་དྲུད་སྙམ་བྱེད། །དུ་བས་བདུགས་ལྟར་ཤིན་ཏུ་ན། །ཞེས་བྱ་བ་ལ། ཟད་བྱེད་ཅེས་ཏེ་གཅོང་ཆེན་པོ་ལས་བྱུང་བའི་སྐད་འགགས་པ་ནི་ལྡོག་མ་དྲུད་པ་སྙམ་དུ་སེམས་ཤིང་ན་བ་དང༌། ལྐོག་མ་དང་རྐན་གྱི་ཕྱོགས་དུ་བས་བདུགས་པ་ལྟར་ཤིན་ཏུ་ན་བ་དང་སྨྲ་བ་ན་ཡང་དུ་བས་སུབས་ཏེ་སྨྲ་བ་སྙམ་དུ་སེམས་པར་འགྱུར་རོ། །ཚིལ་གྱུར་བད་ཀན་བདག་ཉིད་ཅན། །ཚིག་གི་བརྡ་སྤྲོད་མི་ནུས་འགྱུར། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་སྐད་འགགས་པ་ནི་མགུལ་པ་བྱུགས་པ་སྙམ་དུ་བྱེད་པ་ལ་སོགས་པ་བད་ཀན་གྱི་སྐབས་སུ་བཤད་པ་དང་མཚན་ཉིད་འདྲ་བ་ཡིན་ནོ། །ཡང་དེ་བཞིན་དུ་ཚིག་བརྡ་སྤྲོད་བར་མི་ནུས་ཤིང་ཤིན་ཏུ་མི་གསལ་བར་སྨྲ་བ་ཡིན་ནོ། །འདིར་ནི་འདུས་དང་ཐ་མར་སྤང༌། །ཞེས་བྱ་བ་ལ། འདིར་སྐད་འགགས་པ་འདི་དག་གི་ནང་ནས་ནད་གཞི་ཐམས་ཅད་འདུས་པ་ལས་གྱུར་པ་དང༌། ཚིལ་ལས་གྱུར་པའི་སྐད་འགགས་པ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཡི་ག་འཆུས་པའི་ནད་རྣམས་ནི། །ལྕེ་སྙིང་གནས་པ་སོ་སོ་དང༌། །འདུས་པ་དང་ནི་ཡིད་ཀྱི་ནི། །གདུང་བ་ལས་གྱུར་ལྔ་པ་ཡིན། །ཞེས་བྱ་བ་ལ། ཡི་ག་འཆུས་པའི་ནད་ནི་རླུང་ལ་སོགས་པའི་ནད་ལྕེ་དང་སྙིང་ག་ལས་གནས་པ་སོ་སོ་སྟེ། གསུམ་པོ་སོ་སོ་ལས་གསུམ་དུ་འགྱུར་ལ། འདུས་པའི་ནད་ལྕེ་དང་སྙིང་ལ་


DTG201_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལས་བཞི་པར་འགྱུར་རོ། །ཡིད་ཀྱི་གདུང་བ་མྱ་ངན་དང་ཁྲོ་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་པ་ལས་ཡིག་འཆུས་པ་ལྔ་པར་འགྱུར་རོ། །ཁ་ནི་བསྐ་དང་ཁ་མངར་བྲོ། །རླུང་སོགས་གསུམ་དང་རིམ་བཞིན་སྦྱར། །ཞེས་བྱ་བ་ལ། རླུང་ལ་སོགས་པ་ལས་ཡི་ག་འཆུས་པ་ལས་གྱུར་པའི་མཚན་མ་ནི་རིམ་བཞིན་ཁ་བསྐ་བ་ལ་སོགས་པར་འགྱུར་ཏེ། རླུང་ལས་གྱུར་པས་ནི་ཁ་བསྐ་བར་འགྱུར་རོ། །མཁྲིས་པ་ལས་གྱུར་བས་ནི་ཁ་ཁ་བར་འགྱུར་རོ། །བད་ཀན་ལས་གྱུར་པས་ནི་ཁ་མངར་བར་འགྱུར་རོ། །ཀུན་ལས་གྱུར་པ་རོ་བྲོ་མེད། །ཅེས་བྱ་བ་ལ། ནད་གཞི་ཐམས་ཅད་འདུས་པ་ལས་གྱུར་པའི་ཡི་ག་འཆུས་པ་ནི་རོ་བྲོ་བ་མེད་པ་སྟེ། དྲི་ང་བ་ཡོད་མེད་ཀྱི་ངེས་པ་འདི་ལྟར་བྲོ་ཞེས་བྱ་བར་བརྡ་སྤྲོད་མི་ནུས་སོ། །མྱ་ངན་ཁྲོ་སོགས་ནད་ཇི་བཞིན། །ཞེས་བྱ་བ་ལ། མྱ་ངན་དང་ཁྲོ་བ་ལ་སོགས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ནད་ཇི་ལྟ་བ་ཉིད་ལས་མི་འདའ་བ་ཡིན་ཏེ། རོ་བསྐ་བ་ལ་སོགས་པ་གང་ཡང་རུང་བ་དང་ལྡན་པ་ཡིན་ནོ། །དེ་ལ་མྱ་ངན་དང་འཇིགས་པས་གདུང་བའི་ཡིད་ལས་ནི་རླུང་འཁྲུགས་པར་འགྱུར་ཞིང་བསྐ་བ་ཡིན་ནོ། །ཁྲོ་བ་ལས་གྱུར་པས་མཁྲིས་པ་སྐྱེད་པར་འགྱུར་བ་ཡིན་པས་ཁ་བ་ཡིན་ནོ། །འདོད་པས་གདུང་བ་ལས་ནི་བད་ཀན་འཁྲུགས་པས་མངར་བ་བྲོ་བ་ཡིན་ནོ། །སློན་བྲོ་ནད་གཞི་སྣ་རེ་ཀུན། །མི་སྡུག་ཡུལ་ལས་བྱུང་ལྔ་བ། །ཞེས་བྱ་བ་ལ། སློན་བྲོ་བ་ནི་རྣམ་པ་ལྔ་སྟེ། ནད་གཞི་གསུམ་སྣ་རེ་ལས་བྱུང་བ་གསུམ་དང༌། ཀུན་འདུས་པ་ལས་བྱུང་བ་གཅིག་དང༌། མི་སྡུག་པའི་དོན་ནམ་ཡུལ་ཡིད་དུ་མི་འོང་བའི་ཡུལ་ལམ་དོན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལས་བྱུང་བ་ནི་ལྔ་བ་ཡིན་ནོ། །འདི་དག་སྟོད་དུ་རྒྱུ་བའི་རླུང༌། །འཁྲུགས་པས་ནད་ནི་ཐམས་ཅད་ཕུལ། །ཞེས་བྱ་བ་ལ། ཡི་ག་འཆུས་པ་འདི་དག་ནི་སྟོད་དུ་རྒྱུ་བ་ཞེས་བྱ་བའི་རླུང་འཁྲུགས་ཤིང་རང་གི་ཐ་མལ་པའི་རང་བཞིན་ལས་གཞན་དུ་གྱུར་པ་དེས་བད་ཀན་མདང་མཁྲིས་པ་ལ་སོགས་པའི་ནད་ཐམས་ཅད་གྱེན་དུ་སློང་ཞིང་སྟོད་དུ་


DTG201_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བས་ནམ་ཚོང་ཡན་ཆད་ནས་ཁའི་བར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་རྣམས་བ་སློངས་ན་ཁ་ཚ་བྲོ། །མཆིལ་མང་ཡི་ག་འཆུས་སྔོན་བྱུང༌། །ཞེས་བྱ་བ་ལ། སློན་བྲོ་བ་དེ་རྣམས་ལ་ནི་ནད་སློང་ཞིང་བསློངས་ནས་ཁ་ཚ་བྲོ་བ་ལ་སོགས་པ་སྔར་བྱུང་བ་ཡིན་པས་ན། སྔོན་བྱུང་བ་སྟེ་འདི་དག་ནི་ནད་ཀྱི་སྔར་བྱུང་བའི་ཚུལ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །རླུང་གྱུར་ལྟེ་བ་རྒྱབ་ཏུ་ཟུག །རྩིབ་ལོགས་ན་ཞིང་ཟས་སློན་ནས། །ཅུང་ཟད་འབྱུང་ཞིང་ཆད་པ་དང༌། །རོ་བསྐ་ལྦུ་བ་ཅན་དུ་སྐྱུག །སྒྲེགས་པའི་སྒྲ་བཅས་མདོག་གནག་ལ། །སླ་ཞིང་འབྱུང་དཀའ་སྒྲ་དང་བཅས། །ལུད་པ་ཁ་སྐམ་ཀླད་སྙིང་ན། །སྐད་འགགས་པ་དང་ཁོང་སྙོམ་བཅས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སློན་བྲོ་བ་ནི་ལྟེ་བ་དང་རྒྱབ་ཀྱི་ཕྱོགས་ན་ཞིང་ཟུག་པ་དང༌། རྩིབ་ལོགས་གཟེར་བ་དང༌། སྐྱུག་པ་ཁ་ཟས་གྱེན་དུ་འབྱུང་བ་དང༌། དེའི་འོག་ཏུ་ཅུང་ཟད་འབྱུང་ཞིང་བར་བར་དུ་ཆད་པའི་ཚུལ་གྱིས་རོ་བསྐ་བའི་རྣམ་པ་ལས་ལྦུ་བ་ཅན་སྐྱུག་པར་འགྱུར་རོ། །སྒྲེགས་པ་སྒྲ་དང་བཅས་པར་འབྱུང་བ་དང༌། ཁ་དོག་གནག་པ་དང༌། སླ་ཞིང་དངས་པར་འབྱུང་བ་དང༌། འབྱུང་བར་དཀའ་ཞིང་སྒྲ་དང་བཅས་པར་འབྱུང་བ་དང༌། དེ་བཞིན་དུ་ལུད་པ་ལ་སོགས་པ་དང་བཅས་པར་འགྱུར་རོ། །མཁྲིས་གྱུར་ཐལ་ཆུ་འདྲ་བ་ལ། །དུད་ཁ་ལྗང་སྔོན་མདོག་སེར་སྐྱུག །ཁྲག་བཅས་རོ་སྐྱུར་ཚ་ཞིང་དྲོ། །སྐོམ་དད་བརྒྱལ་ཚ་གདུང་བཅས་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ནི་ཐལ་ཆུ་དང་འདྲ་བར་འབྱུང་ཞིང་ཁ་དོག་དུད་ཁར་གནས་པའམ། དུ་བ་ལྟར་ཚ་ཞིང་དཀུ་བའི་སྒྲེགས་པ་དང་བཅས་པ་ཁ་དོག་ལྗང་ཁུ་དང་སྔོན་པོ་དང་སེར་པོ་སྐྱུག་ཅིང་ཁྲག་དང་བཅས་པར་འབྱུང་ལ། རོ་ནི་སྐྱུར་བ་དང་ཚ་བ་དང་ལྡན་ཞིང་དྲོ་བའི་བག་ཏུ་སློན་ལ་སྐོམ་པ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །བད་ཀན་ལས་གྱུར་སྣུམ་པ་བསིལ། །ནལ་ནལ་པོར་འདུག་དྲ་བ་རིས། །རོ་མངར་ལན་ཚྭ་བྲོ་ཚབས་ཆེ། །ཆགས་ཤིང་བ་སྤུ་བརྩེ་བར་བྱེད། །གདོང་སྐྲང་ཁ་ནང་མངར་བ་བྲོ། །སྙོམ་ཞིང་སྙིང་ན་


DTG201_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལུད་པ་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ནི་སྣུམ་བག་ཏུ་སློན་ཞིང་སྐྲང་པ་དང༌། བད་ཀན་གྱི་རྒྱུན་ནལ་ནལ་པོར་འཛག་པ་དང༌། སྐྱུག་པ་དྲ་བ་རིས་སམ་སྐར་ཁུང་གི་ཚུལ་དུ་གནས་པ་དང༌། རོ་མངར་ཞིང་ལན་ཚྭ་བྲོ་བ་དང༌། ཚབས་ཆེ་ཞིང་མང་དུ་འབྱུང་བ་དང༌། གྲེ་བར་ཆགས་ཤིང་འབྱར་བ་དང༌། བ་སྤུ་པགས་པ་བརྩེ་ཞིང་རེག་མི་བཟོད་པ་དང༌། གདོང་སྐྲང་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །གསུམ་ཆར་ལས་བྱུང་རྟགས་ཀུན་ལྡན། །འཆི་ལྟས་ལས་བཤད་གང་དེ་སྤང༌། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་ཆར་ལས་བྱུང་བ་ནི་མཚན་ཉིད་ཐམས་ཅད་དང་ལྡན་པ་སྟེ། དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཡང་འཆི་ལྟས་ཀྱི་སྐབས་སུ་བཤད་པའི་སློན་བྲོ་བའི་ནད་ཤུགས་དྲག་པ་དང༌། བཤང་གཅི་བྲོ་བ་ལ་སོགས་པ་དེ་ཡང་སྤང་བར་བྱ་སྟེ་གསོར་མི་རུང་ངོ༌། །རུལ་དང་མི་གཙང་བཙོག་པ་དང༌། །སྐྱུག་བྲོ་མཐོང་དང་ཐོས་སོགས་ཀྱིས། །ཡིད་གདུངས་སྙིང་ལ་ཕོག་གྱུར་སློན། །མི་སྡུག་ཡུལ་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། རུལ་པ་ལ་སོགས་པའི་དངོས་པོ་མཐོང་བ་དང་ཐོས་པ་དང་མནམ་པ་དང་ཟོས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པས་ཡིད་གདུངས་ཤིང་སེམས་བཅོམ་པར་འགྱུར་ལ། སྙིང་ལ་ཕོག་ཅིང་གནོད་པར་གྱུར་ནས། སློན་པ་གང་ཡིན་པ་དེ་ནི་མི་སྡུག་པའི་ཡུལ་ལས་བྱུང་བ་ཞེས་བྱ་བ་སྟེ། མངོན་པར་མི་འདོད་པའི་ཡུལ་དང་ཕྲད་པ་ལས་བྱུང་བའོ། །ཡིད་མི་བདེ་སྐོམ་སྲིན་བེའུ་སྣབས། །རླུང་སོགས་ཉིད་ལ་གནས་པར་བརྟག །ཅེས་བྱ་བ་ལ། སྲིན་བུ་ལ་སོགས་པ་བཞི་པ་ནི་རླུང་ལ་སོགས་པ་སློ་ན་བྲོ་བ་གསུམ་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བརྟག་ཅིང་དཔྱད་ལ་ཤེས་པར་བྱའི། རླུང་ལ་སོགས་པ་མེད་པར་དེ་རྣམས་འབྱུང་བར་མི་འགྱུར་རོ། །ཡིད་མི་བདེ་བ་ནི་སྦྲུམ་མ་ཟླ་གཉིས་ལོན་ཕན་ཆད་མངལ་བསལ་ནས་འབྱུང་བ་ལ་བྱའོ། །གཟེར་དང་འཕར་དང་སྙིང་ན་བ། །བྱེ་བྲག་ཏུ་ནི་སྲིན་བུའི་ནད། །སྲིན་བུའི་སྙིང་ནད་མཚན་མ་ལས། །དེ་ནི་ཤེས་པར་བྱ་བ་


DTG201_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་བྱ་བ་ལ། སྲིན་བུའི་ནད་ལས་སྐྱེས་པའི་སློན་བྲོ་བ་ནི་གཟེར་ལ་སོགས་པའི་ཁྱད་པར་བཤད་པ་ཡིན་ལ། དེ་བཞིན་དུ་སྲིན་བུའི་ནད་ཀྱི་མཚན་མ་མིག་གནག་པ་ལ་སོགས་པ་ལས་ཤེས་པར་བྱའོ། །སྙིང་ནད་ནད་ནི་རེ་རེ་འདུས། །སྲིན་བུ་ལས་གྱུར་རྣམ་ལྔར་བཤད། །ཅེས་བྱ་བ་ལ། སྙིང་ནད་ནི་རླུང་མཁྲིས་པ་བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། སྲིན་བུ་ལས་གྱུར་པ་སྟེ། རྣམ་པ་ལྔ་ཡོད་པར་བཤད་དོ། །རླུང་གིས་ཤིན་ཏུ་ཟུག་ཅིང་ན། །གས་དང་གཤགས་པ་སྙམ་དུ་སེམས། །བཅོམ་སྙམ་སེམས་ཤིང་སྐམ་ལ་རེངས། །སྙིང་ག་སྟོང་སྙམ་ཟག་པར་བྱེད། །རྒྱུ་མེད་ཞུམ་ཞིང་མི་དགའ་ལ། །འཇིགས་ཤིང་སྒྲ་ནི་མི་བཟོད་ཅིང༌། །འཕར་ཞིང་འགྲེ་ལ་གཅུས་སྙམ་བྱེད། །རྨོངས་བག་དབུགས་ཐུང་གཉིད་ཆུང་འགྱུར། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་ནི་སྙིང་དུ་ཟུག་ཅིང་གཟེར་བ་དང༌། བཙུགས་པ་ལྟར་ན་བ་དང༌། དེ་བཞིན་དུ་སྙིང་གས་པ་སྙམ་དུ་སེམས་ཤིང་ན་བ་དང༌། ཚལ་པར་གཤགས་པ་སྙམ་དུ་སེམས་ཤིང་ན་བ་དང༌། གྲུགས་པ་སྙམ་དུ་སེམས་པ་དང༌། ཁོང་སྐམ་པར་གྱུར་པ་དང༌། རེངས་ཤིང་གང་བ་སྙམ་དུ་སེམས་པ་དང༌། སྙིང་ག་སྟོང་ཞིང་མེད་པ་སྙམ་དུ་སེམས་པ་དང༌། ཟག་ཅིང་གཡོས་ལ་སེམས་འཕྱོ་བ་དང༌། རྒྱུ་མེད་པར་གློ་བུར་དུ་སེམས་ཞུམ་ཞིང་མི་དགའ་སྟེ་མྱ་ངན་དུ་བྱེད་པ་དང༌། འཇིགས་ཤིང་དངས་པ་དང༌། སྒྲ་མི་བཟོད་ཅིང་ཚིག་ཐོགས་པ་ལ་སོགས་པ་ལ་འཁྲུལ་པ་དང༌། འཕར་ཞིང་འགུལ་བ་དང༌། ས་ལ་འགྲེ་ཞིང་ལྡོག་པ་དང༌། སྙིང་གཅུས་པ་སྙམ་དུ་དུང་དུང་པོར་ན་བ་དང༌། རྨོངས་བག་ཏུ་གྱུར་ཅིང་མི་དྲན་པ་དང༌། དབུགས་ཐུང་ཞིང་འཚུབས་པ་དང༌། གཉིད་ཆུང་ཞིང་ཡར་བ་སྟེ་མཚན་ཉིད་དེ་དག་དང་ལྡན་པར་འགྱུར་རོ། །མཁྲིས་གྱུར་སྐོམ་དད་མགོ་འཁོར་བརྒྱལ། །ཚ་རྡུལ་སྙིང་སྐྱུར་ལུས་སྙོམ་བྱེད། །མཁྲིས་པ་སྐྱུར་བ་སློན་པར་བྱེད། །དུད་པ་ཁར་སོང་སེར་རིམས་འདེབས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་ནི་སྐོམ་དད་ལ་


DTG201_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འབྱུང་བར་འགྱུར་རོ། །སྙིང་ག་སྐྱུར་བ་དང་ཚ་ཞིང་སྒྲེགས་པར་སྐྱུར་བའོ། །བད་ཀན་ལས་གྱུར་སྙིང་ག་རེངས། །ཁོང་ན་རྡོ་བཅུག་ལྟ་བུར་ལྕི། །དྲོད་ཉམས་མཆིལ་མང་ལུད་པ་ལུ། །གཉིད་ཆེ་སྙོམ་རིམས་ཡི་ག་འཆུས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་བའི་སྙིང་ནད་ལ་ནི་སྙིང་ག་རེངས་ཤིང་མི་འགུལ་བར་ན་བ་དང༌། ཁོང་ན་རྡོ་བཅུག་པ་ལྟར་སེམས་ཤིང་ནང་ན་རྡོ་ཡོད་པ་ལྟ་བུར་ལུས་ལྕི་བ་དང༌། དེ་བཞིན་དུ་མེ་དྲོད་ཉམས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཉེས་གསུམ་མཚན་ཉིད་ཐམས་ཅད་ལྡན། །ཞེས་བྱ་བ་ལ། རླུང་དང་བད་ཀན་དང་མཁྲིས་པ་གསུམ་འདུས་པ་ལས་བྱུང་བའི་སྙིང་ནད་ནི་དེ་གསུམ་ཆར་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པར་འགྱུར་རོ། །སྲིན་བུས་མིག་ནི་གནག་པ་དང༌། །མུན་པར་ཞུགས་སྙམ་བྱེད་སྙིང་འཕར། །ལུས་སྐམ་གཡའ་ཞིང་བད་ཀན་འཛག །འདི་ནི་རྟག་ཏུ་སོག་ལེ་ཡིས། །སྙིང་ལ་འདྲུད་པ་ལྟ་བུར་སེམས། །མི་བཟད་ནད་དེས་མྱུར་གསོད་པས། །དེ་ནི་རིངས་པར་གསོ་བར་བྱ། །ཞེས་བྱ་བ་ལ། སྲིན་བུ་ལས་གྱུར་པའི་སྙིང་ནད་ནི་མིག་གནག་པར་གྱུར་པ་དང༌། མུན་པའི་ནང་དུ་ཞུགས་པ་ལྟར་མུན་འཐིབས་ཞེས་བྱེད་པ་དང༌། སྙིང་འཕར་ཞིང་བརྒལ་བ་དང༌། ལུས་སྐམ་ཞིང་ཤ་ཟད་པ་དང༌། ཁ་ནས་བད་ཀན་ལྗན་ལྗིན་འཛག་པ་དང༌། ཡང་རྟག་ཏུ་སྙིང་ལ་སོག་ལེས་འདྲུད་ཅིང་གཤགས་བ་ལྟ་བུར་སེམས་ཏེ། སྲིན་བུ་སྙིང་ན་བ་ཞེས་བྱ་བའི་ནད་མི་བཟད་པ་དེས་ནི་མྱུར་དུ་གསོད་ཅིང་འཆི་བར་བྱེད་པས་རིང་ཞིང་མྱུར་བར་གསོ་བར་བྱ་སྟེ། གནད་ཆེན་པོ་སྙིང་ཞེས་བྱ་བ་འབུས་ཟོས་པ་ནི་བསད་པ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྙིང་ནད་ཀྱི་མཚན་ཉིད་བཤད་ནས། ད་སྐོམ་དད་ཀྱི་ནད་བཤད་པར་བྱ་སྟེ། སྐོམ་དད་རླུང་མཁྲིས་བད་ཀན་དང༌། །འདུས་པ་དངས་མ་ཟད་པ་དང༌། །ནད་འདྲེས་པ་ལས་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་དབྱེ་བས་སྐོམ་དད་རྣམ་པ་དྲུག་ཡོད་དོ། །ནད་དང་འདྲེས་པ་ནི་རིམས་ལ་སོགས་པ་ནད་གཞི་གཞན་དང་འདྲེས་པའི་རྐྱེན་


DTG201_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐོམ་དད་དུ་གྱུར་པའོ། །དེ་ལྟར་གྱུར་པ་ཐམས་ཅད་ལ། །རླུང་མཁྲིས་གཉིས་ནི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ལ། དེ་ལྟར་སྐོམ་དད་ཐམས་ཅད་ལྡང་ཞིང་འབྱུང་བའི་རྒྱུ་ནི་རྣམ་པ་གཉིས་ཏེ། མཁྲིས་པ་དང་རླུང་ཡིན་པར་ཤེས་པར་བྱའོ། །དེ་འཁྲུགས་ལུས་ཟུངས་བསིལ་བ་ནི། །སྐམས་ནས་ལྡང་བར་འགྱུར་བ་ཡིན། །ལུས་ཀུན་འདར་ཞིང་མགོ་འཁོར་ཚ། །སྐོམ་དད་ཁོང་ཚ་རྨོངས་པར་བྱེད། །ཅེས་བྱ་བ་ལ། རླུང་དང་མཁྲིས་པ་དེ་དག་ལྡང་ཞིང་འཁྲུགས་པར་འགྱུར་བ་ནི་ལུས་ཟུངས་བསིལ་བ་སྟེ། དངས་མ་འམ་བད་ཀན་སྐམས་ནས་ལྡང་ཞིང་འབྱུང་བར་འགྱུར་ལ། རླུང་དང་མཁྲིས་པ་འཁྲུགས་པར་བྱེད་པ་དེ་ཡང་ལུས་ཐམས་ཅད་འདར་ཞིང་མགོ་འཁོར་བ་ལ་སོགས་པ་བྱེད་པ་ཡིན་བར་ཤེས་པར་བྱའོ། །ལྕེ་དྲུད་མགུལ་བ་གློ་བ་དང༌། །སྐམ་དང་སྐོམ་འཐུངས་རྒྱུ་བ་དང༌། །སྐམ་པས་སྐོམ་དད་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། སྐོམ་དད་ཐམས་ཅད་ནི་ལྕེ་དྲུད་པ་ལ་སོགས་པ་སྐམ་ནས་འབྱུང་བ་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཀྱི་ནི་སྤྱི་མཚན་ཉིད། །ཁ་སྐམ་སྐོམ་གྱིས་མི་ངོམས་དང༌། །ཟས་ལ་མི་དགའ་སྐད་འགགས་དང༌། །གྲེ་བ་ལྕེ་མཆུ་རྩུབ་པར་འགྱུར། །ལྕེ་འབྱིན་བྱེད་ཅིང་ཁོང་སྙོམ་ལ། །བླ་ཞིང་སེམས་ནི་མྱོས་པ་དང༌། །དེ་བཞིན་སྐོམ་གདུངས་ནད་དུ་འགྱུར། །ཞེས་བྱ་བ་ལ། སྐོམ་དད་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་ཐུན་མོང་གི་མཚན་ཉིད་དེ་སྐམས་པ་ནས་སྐོམ་དད་དུ་གྱུར་པའི་བར་གྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་སྐོམ་གྱིས་གདུངས་པའི་ནད་ནི་ནད་མི་འབྱུང་བར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ལུས་སྐམས་རྨྱ་ཞིང་འོན་པ་དང༌། །རྨོངས་བག་མགོ་འཁོར་སྙིང་ནད་དེ། །འདི་ལྟ་བུ་ཡི་ནད་རྣམས་ནི། །སྐོམ་པས་གདུངས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཡང་སྐོམ་དད་ཀྱིས་གདུངས་པ་ལས་ལུས་སྐམས་པ་ལ་སོགས་པའི་ནད་རྣམས་ཀྱང་སྐྱེ་བར་འགྱུར་རོ། །རླུང་གྱུར་ཁོང་རྨྱ་ཉམ་ཆུང་ལ། །མུར་འགྲམ་ཟུག་ཅིང་ཀླད་པ་འཁོར། །སྣ་ལྕེས་དྲི་དང་རོ་མི་ཚོར། །འོན་ཞིང་གཉིད་མེད་ཉམས་སྟོབས་


DTG201_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། །ཆུ་གྲང་འཐུངས་ན་སྐོམ་འཕེལ་འགྱུར། །ཞེས་བྱ་བ་ལ། སྐོམ་དད་ཀྱིས་གདུངས་པ་ལུས་སྐམས་པ་ལ་སོགས་པའི་ནད་རྣམས་ཀྱང་སྐྱེ་བར་འགྱུར་རོ། །རླུང་ལས་གྱུར་པའི་སྐོམ་དད་ནི་ཁོང་རྨྱ་བ་ལ་སོགས་པར་འགྱུར་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །མཁྲིས་པ་ཁ་ནང་རོ་ཁ་བརྒྱལ། །མངར་པོར་མཐོང་ཞིང་རྟག་པར་ནི། །ཁ་སྐམ་ཁོང་ཚ་དབུགས་མནམ་པའོ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐོམ་དད་ནི་ཁའི་ནང་གི་རོ་ཁ་བ་ནས་དབུགས་མནམ་པའི་བར་དུ་འགྱུར་རོ། །བད་ཀན་ལྡང་བས་སྐོམ་རྒྱུའི་རྩ། །བཀག་པས་རླུང་ནི་འཁྲུགས་གྱུར་ནས། །དེ་ཚེ་དེ་ཡིས་བད་ཀན་ནི། །འདམ་བཞིན་དེ་ཡིས་སྐེམ་པར་བྱེད། །མགུལ་པ་གྲ་མས་གང་སྙམ་སེམས། །གཉིད་ཆེ་ཁ་ནང་མངར་བར་བྲོ། །ལྟོ་བ་མགོ་བོ་ཚོར་བ་ཆུང༌། །རྨོངས་བག་སློན་གྱུར་ཡི་ག་འཆུས། །ལུས་སྐམ་ཁ་ཟས་མི་འཇུའོ། །ཞེས་བྱ་བ་ལ། བད་ཀན་འཁྲུགས་ཤིང་ལྡང་བས་ཆུ་རྒྱུ་བར་བྱེད་པའི་རྩ་སྒོ་རྣམས་སུ་རླུང་རྒྱུ་བ་བཀག་ཅིང་གཡོགས་པ་དང༌། དེའི་ཚེ་རླུང་དེས་བད་ཀན་དེ་སྐམ་པར་བྱེད་པ་ནི་འདམ་ལྟར་སྐེམ་པར་བྱེད་དོ། །དཔེར་ན་ཕྱིའི་རླུང་གིས་འདམ་སྐེམ་པར་བྱེད་པ་བཞིན་དུ་རླུང་གིས་བད་ཀན་སྐེམ་པར་བྱེད་དེ། དེ་ནས་བད་ཀན་སྐམས་པས་མགུལ་པ་གྲ་མས་གང་བ་སྙམ་དུ་སེམས་ཤིང་ཚལ་རྩུབ་པར་འགྱུར་རོ། །གཞན་ཡང་གཉིད་ཆེ་ཞིང་ཁའི་ནང་མངར་བར་བྲོ་བར་འགྱུར་བ་ལ་སོགས་པའི་མཚན་ཉིད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཀུན་ལས་གྱུར་པ་རྟགས་ཀུན་ལྡན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་གྱིས་བསྐྱེད་པའི་སྐོམ་དད་ནི་འདུས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་འགྱུར་རོ། །བེའུ་སྣབས་ལས་གྱུར་ཁ་ཟས་ནི། །མིད་དཀའ་རླུང་མཁྲིས་ལས་གྱུར་ཡིན། །ཞེས་བྱ་བ་ལ། བེའུ་སྣབས་ལས་གྱུར་པའི་སྐོམ་དད་ནི་ཁ་ཟས་མིད་པར་དཀའ་ཞིང་ཐོགས་པར་འགྱུར་བ་དེ་ལས་ནི་མཁྲིས་པ་དང་རླུང་ལས་གྱུར་པའི་མཚན་ཉིད་དང་ལྡན་པར་འགྱུར་རོ། །ཚ་བས་ངལ་བས་འཕྲལ་དུ་ན། །ཆུ་གྲང་བསྟེན་གྱུར་སྐོམ་དད་


DTG201_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ཁོང་པར་ཚ་བ་བསྡུས་པ་ཡིན། །སྐོམ་དད་དེ་ནི་མཁྲིས་སྐྱེས་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་ཚ་བས་ངལ་ཞིང་དུབ་པར་གྱུར་ལ། དེ་འཕྲལ་དུ་དེའི་མོད་ལ་ཆུ་གྲང་བསྟེན་ཞིང་ཁྲུས་ལ་སོགས་པ་བྱས་པས། ཕྱི་རོལ་གྱི་ཚ་བ་ཁོང་པའི་ནང་དུ་བསྡུས་ཏེ། དེའི་དབང་གིས་སྐོམ་དད་སྐྱེས་པ་གང་ཡིན་པ་དེ་ནི་མཁྲིས་པ་ལས་སྐྱེས་པ་འབྱུང་བ་ཡིན་ནོ། །གང་ཡང་ཆང་དྲགས་མེ་དྲོད་རྣོ། །སྣུམ་ཟོས་སྐྱེས་པའང་མཁྲིས་འབྱུང་ཡིན། །ཞེས་བྱ་བ་ལ། ཡང་སྐོམ་དད་གང་ཆང་མང་དུ་འཐུངས་ཤིང་དྲགས་པ་ལས་གྱུར་པ་དེ་ཡང་མཁྲིས་པ་ལས་གྱུར་པ་ཉིད་ཡིན་པར་ཤེས་པར་བྱའོ། །ཡང་དེ་བཞིན་དུ་མེ་དྲོད་རྣོ་ཞིང་ཤས་ཆེ་བ་ལས་སྣུམ་ཟོས་པ་ལས་བྱུང་བའི་སྐོམ་དད་དེ་ཡང་མཁྲིས་པ་ལས་བྱུང་བར་ཤེས་པར་བྱའོ། །སྣུམ་ཞིང་སྐྱུར་དང་ལན་ཚྭའི་བག །ཟོས་པས་བད་ཀན་ལས་སྐྱེས་འགྱུར། །ཞེས་བྱ་བ་ལ། ཁ་ཟས་སྣུམ་བག་ལ་སོགས་པ་ཟོས་པ་ལས་སྐོམ་དད་སྐྱེས་པ་ནི་བད་ཀན་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ཟད་བྱེད་ལས་ནི་སྐོམ་དད་འགྱུར། །དངས་མ་ཟད་དང་མཚན་ཉིད་འདྲ། །ཞེས་བྱ་བ་ལ། ཟད་བྱེད་ལས་སྐོམ་དད་དུ་གྱུར་པ་གང་ཡིན་པ་དེ་ནི་དངས་མ་ཟད་པའི་མཚན་ཉིད་དེ། དངས་མ་ཟད་ནས་རྩུབ་ལ་སྐེམ། །ཉམ་ཆུང་སྒྲ་ནི་ཞེས་བྱ་བ་སྨོས་པ་ཡིན་པས་འདི་ཉིད་ལས་ཤེས་པར་བྱའོ། །ཁོང་སྐམ་གཅིན་ནད་རིམས་ནད་སོགས། །ཡུན་རིང་ནད་ནི་རིམས་སྐོམ་ནད། །གང་ཞིག་སྐོམ་དད་མི་བཟད་སྐྱེས། །དེ་ནི་འདྲེས་ལས་བྱུང་བར་བཤད། །ཅེས་བྱ་བ་ལ། ཁོང་སྐམ་པ་ལ་སོགས་པ་དང་འདྲེས་པ་དང་སྐོམ་དད་གང་མི་བཟད་ཅིང་བརྣག་པར་དཀའ་བ་སྐྱེས་པ་དེ་ནི་འདྲེས་པ་ལས་བྱུང་བའི་མཚན་ཉིད་ཅན་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆང་ནད་ཀྱི་ནད་གཞི་བཤད་པར་བྱའོ། །


DTG201_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། རླུང་ལ་སོགས་པ་ལྡང་ཞིང་འཁྲུགས་པའི་གཞི་གཅིག་པ་དང༌། ཉེས་པ་གསུམ་ལས་བྱུང་བར་ཚུལ་མཐུན་པས་གཅོང་ཆེན་པོའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །ཆང་གི་ནད་དུ་གྱུར་པས་ན་ཆང་གི་ནད་དམ། ཆང་ལས་མྱོས་པ་ལ་སོགས་པའི་ཉེས་པར་གྱུར་པས་ན་ཆང་ནད་དེ། མྱོས་པའི་རྒྱུ་ལས་བྱུང་བའི་ནད་ཅེས་བྱ་བའི་དོན་ནོ། །དེ་ཡང་མྱོས་པ་ནི་སེམས་དང་ལུས་ཟུངས་འགྱུར་བར་བྱེད་པ་ཡིན་ལ། དེ་ཡང་ཆང་ལ་སོགས་པས་མྱོས་པར་གྱུར་པས་ན། དེའི་རྒྱུ་ནི་ཆང་ཡིན་པར་བཤད་དོ། །རྣོ་དང་དྲོད་ཆེ་རྩུབ་དྲག་སྐྱུར། །ཉལ་པོ་འདོད་མྱུར་བྱེད་དང་ཡང༌། །གསལ་དང་དང་བར་བྱེད་པར་བཤད། །མདངས་ནི་འདི་ལས་གོ་བཟློག་ཡིན། །ཞེས་བྱ་བ་ལ། ཆང་ནི་རྣོ་བ་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་པར་བཤད་ལ། མདངས་ནི་ཆང་གི་ཡོན་ཏན་ཇི་སྐད་དུ་བཤད་པ་འདི་ལས་གོ་བཟློག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། རྡུལ་བ་དང་གྲང་བ་དང་སྣུམ་པ་དང་རགས་པ་དང་མངར་བ་དང་བརྟན་པ་དང༌། ཡུན་རིང་པོར་བྱེད་པ་དང༌། ལྕི་བ་དང༌། འཇམ་པ་དང༌། འབྱར་བག་ཅན་ཡིན་ནོ། །དུག་ཀྱང་རྣོ་སྩོགས་ཡིན་མོད་ཀྱིས། །སེམས་ལ་གནོད་པར་བྱེད་པ་ཡིན། །ནུས་པས་འཆི་བར་བྱེད་པས་ན། །དུག་ནི་ལྷག་པར་མཐུ་ཆེའོ། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུ་པོ་འདི་དག་ནི་ཆང་འབའ་ཞིག་ཏུ་མ་ཟད་ཀྱི་དུག་ལའང་ཡོད་མོད་ཀྱི། དེའི་ཁྱད་པར་ནི་སེམས་ལ་ལྷག་པར་གནོད་ཅིང་འཁྲུལ་པར་བྱེད་པའི་རང་བཞིན་ཅན་གྱི་ནུས་པ་དུག་ལ་ཡོད་པས་ན། གང་གིས་འཆི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་ནུས་པ་དུག་ལ་ཡོད་པའི་ཕྱིར། དུག་གི་ནུས་པ་ཆང་བས་ལྷག་པར་མཐུ་ཆེ་ཞིང་ནུས་པ་ལྷག་པ་ཡིན་ནོ། །ཆང་ནི་རྣོ་སོགས་ཡོན་ཏན་གྱི། །མདངས་ཀྱི་ཡོན་ཏན་རྟུལ་ལ་སོགས། །བཅུ་པོ་བཅུ་ཡིས་འཁྲུགས་བྱས་ནས། །སེམས་ནི་སྒྱུར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུས་མདངས་ཀྱི་ཡོན་ཏན་རྟུལ་བ་ལ་སོགས་པ་བཅུ་པོ་ཟིལ་གྱིས་མནན་ཞིང་འཁྲུགས་པར་བྱས་ཤིང་


DTG201_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་དཀྲུགས་ནས་སེམས་སྒྱུར་ཞིང་རྣམ་པ་གཞན་དུ་གྱུར་པར་བྱེད་པ་ཡིན་ནོ། །ར་རོ་དང་པོ་གཉིས་པ་ཡིས། །བག་མེད་པ་ཡི་གནས་ལ་གནས། །རྣམ་རྟོག་ངན་འཇོམས་རྨོངས་པ་རྣམས། །བདེ་བ་ཡིན་སྙམ་སེམས་པར་འགྱུར། །ཞེས་བྱ་བ་ལ། ར་རོ་བའི་ཤུགས་དང་པོ་དང་ར་རོ་བའི་ཤུགས་གཉིས་པས་ནི་བག་མེད་པའི་གནས་ལ་གནས་པ་སྟེ། བག་མེད་པའི་ཉེས་པར་སྤྱོད་པ་རྣམས་འབྱུང་བར་བྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དེ་ཉིད་ཀྱིས་ནི་རང་གི་རྣམ་རྟོག་ངན་པ་བཅོམ་ཞིང་སེམས་ཀྱི་ཀུན་དུ་རྟོག་པས་བརླག་པར་གྱུར་པ་ཡིན་ལ། དེ་ཉིད་ནི་རྨོངས་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་བྱེད་པ་སྟེ། དེ་རྣམས་ནི་ར་རོ་བའི་ཤུགས་དང་པོ་དང༌། གཉིས་པའི་སྐབས་ལ་གནས་པས་ན། དེ་བདེ་བ་ཡིན་པར་ཤེས་ཤིང་ཤིན་ཏུ་བདེ་བ་ཁོ་ནར་འཛིན་གྱིས། དེ་ལྟ་བུའི་བདག་ཉིད་ཅན་གྱི་བདེ་བ་ཡིན་པར་ནི་མི་རྟོགས་སོ། །འདིར་བག་མེད་པ་ནི་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ལས་མི་དགེ་བ་རྣམས་འབྱུང་བའི་རྒྱུ་ལས་བྱ་ལ། དེ་འབྱུང་བའི་གནས་ལ་གནས་པ་ནི་ར་རོའི་ཤུགས་དང་པོ་དང་གཉིས་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །འབྲིང་དང་ཆེན་པོ་བར་གྱི་ཚེ། །རྡུལ་དང་མུན་པའི་རང་བཞིན་ཅན། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །རྨོངས་པས་མི་བྱ་ཅི་ཡང་མེད། །ཅེས་བྱ་བ་ལ། འབྲིང་དང་ཆེན་པོ་སྟེ་ར་རོ་བའི་ཤུགས་གཉིས་པ་དང༌། གསུམ་པའི་བར་མཚམས་སུ་ཕྱིན་པའི་སྐྱེས་བུ་དེ་རྡུལ་དང་མུན་པའི་རང་བཞིན་དུ་ཐོབ་པས་ན། མི་བྱ་བ་ཅི་ཡང་མེད་དེ་མི་དགེ་བ་ཐམས་ཅད་མི་བྱ་བ་ཅི་ཡང་མེད་དོ། །རྡུལ་དང་མུན་པའི་རང་བཞིན་ཅན། །སྨོས་པས་ནི་སྐྱེས་བུ་སྙིང་སྟོབས་ཅན་ནི་ནམ་མཁའ་ཡང་འདི་ལྟ་བུའི་གནས་སྐབས་ཅན་དུ་མི་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །ཞེས་བྱ་བ་བསྟན་པ་ནི་རང་དབང་ཅན་དུ་ཅི་དགར་སྤྱོད་པ་ཡིན་ཏེ། དཔེར་ན་གླང་པོ་ཆེ་མྱོས་པ་ལྕགས་ཀྱུ་མེད་པ་དག་ན་མི་སྲུན་པའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་འདྲ་བར་ར་རོ་བ་འབྲིང་དང་ཆེན་པོའི་བར་ཚིགས་སུ་


DTG201_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ནི་སྐྱེས་བུ་རྨོངས་པ་སྡིག་པ་མི་དགེ་བའི་ལས་ཅི་ཡང་མི་བྱ་བ་མེད་དེ་ཐམས་ཅད་བྱེད་དོ་ཅེས་བྱ་བའི་དོན་ནོ། །འདི་ནི་ཁ་ན་མ་ཐོའི་གནས། །འདི་ནི་ཚུལ་ཁྲིམས་འཆལ་བའི་གཞི། །ཞེས་བྱ་བ་ལ། ར་རོ་བ་འབྲིང་དང་ཆེན་པོའི་བར་ཚིགས་ནི་ཁ་ན་མ་ཐོ་བ་སྟེ། སྨད་པར་བྱ་བ་ཡིན་པས་བརྗོད་ཀྱིས་མི་ལང་བའི་སྡིག་པ་རྣམས་ཀྱི་གནས་དང་གཞི་ནི་འདི་དག་ཉིད་ཡིན་ནོ། །ཡང་འདི་ཉིད་ནི་ཚུལ་ཁྲིམས་འཆལ་ཞིང་བསླབ་པ་ཉམས་པའི་གནས་སམ་གཞི་ཡང་འདི་དག་ཡིན་ནོ། །འདི་གཅིག་ངན་འགྲོར་འགྲོ་བའི་ལམ། །མང་པོ་སྟོན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ར་རོ་བའི་གནས་སྐབས་ཀྱི་ཁྱད་པར་འདི་ཉིད་ནི་ངན་སོང་གསུམ་དུ་འགྲོ་བའི་ལམ་དུ་མའི་རྒྱུ་ཡིན་ཞིང་ལམ་མང་པོ་དེ་དག་ཏུ་ཁྲིད་ཅིང་སྟོན་པར་བྱེད་པའི་སློབ་དཔོན་ཡིན་ནོ། །ར་རོ་གསུམ་པའི་ཚེ་ན་ནི། །སེམས་མེད་པར་ནི་རོ་ལྟར་ཉལ། །ཞེས་བྱ་བ་ལ། ར་རོ་བའི་ཤུགས་ཆེན་པོར་ཕྱིན་ཅིང༌། དེ་ལ་གནས་པའི་ཚེ་ན་ནི་སེམས་མེད་པར་རོ་ལྟར་ཉལ་ཏེ། ཐོ་ཡོར་རམ། རྩིག་པའམ། མི་རོ་དང་འདྲའོ་ཞེས་བྱ་བའི་དོན་ནོ། །ཉེས་པའི་བདག་ཉིད་ཤི་བ་ལས། །ཤིན་ཏུ་མ་རུངས་གནས་སྐབས་ཐོབ། །ཅེས་བྱ་བ་ལ། ཉེས་པའི་བདག་ཉིད་དེ་ཤི་བ་ལས་ཀྱང་ཆེས་ཐུ་བའི་མ་རུངས་པའི་གནས་སྐབས་ཐོབ་པར་འགྱུར་རོ། །ཆོས་དང་ཆོས་མིན་བདེ་དང་སྡུག །དོན་དང་དོན་མིན་ཕན་དང་གནོད། །གང་ལ་ཆགས་པ་མི་ཤེས་པ། །དེ་ལ་མཁས་པས་ཇི་ལྟར་བསྟེན། །ཞེས་བྱ་བ་ལ། གང་ལ་ཆགས་ཤིང་མངོན་པར་ཞེན་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཤེས་ཤིང་རྟོགས་པར་མི་འགྱུར་བའི་ཆང་དེ་ལ་མཁས་པ་བློ་དང་ལྡན་པས་ཇི་ལྟར་བསྟེན་པར་བྱ་སྟེ། བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ནི་སྦྱིན་པ་གཏོང་བ་དང༌། དཀོན་མཆོག་མཆོད་པ་ལ་སོགས་པའོ། །ཆོས་མ་ཡིན་པ་ནི་སྲོག་གཅོད་པ་ལ་སོགས་པའི་སྡིག་པའི་ལས་བྱེད་པའོ། །བདེ་བ་ནི་མཐོ་རིས་ལ་སོགས་པའི་བདེ་བའོ། །སྡུག་བསྔལ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དོན་ནི་རྒྱལ་པོའི་ཁྲིམས་སུ་བྱ་བའམ། དོན་དུ་བསྒྲུབ་པར་བྱའོ། །


DTG201_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ཡིན་པ་ནི་གཞུང་ལུགས་འཆོལ་བའོ། །ཕན་པ་དང་གནོད་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་སྟེ། དེ་དག་གི་བྱེ་བྲག་མི་ཤེས་པའོ། །ཆང་ལས་མྱེས་འཇིགས་མྱ་ངན་དང༌། །ཁྲོ་དང་སྲོག་དང་བྲལ་བ་ནས། །སྨྱོ་བྱེད་མྱོས་དང་བརྒྱལ་བར་བཅས། །བརྗེད་བྱེད་བཅས་པ་ཀུན་སོང་ནད། །ཅེས་བྱ་བ་ལ། ཆང་ལ་ནི་མྱོས་པ་ལ་སོགས་པ་གནས་ཏེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་སོང་ནད་ཅེས་བྱ་བ་ནི་འོག་ནས་བཤད་པའི་ནད་རོ་དང་འདྲ་བར་བྱེད་པ་སྟེ། མིང་གི་རྣམ་གྲངས་སུ་ན་ལྟུང་བར་བྱེད་པ་ཞེས་ཀྱང་བྱའོ། །གང་དུ་དྲན་པ་ཉམས་གཅིག་ཡོད། །དེར་ནི་མི་དགེ་ཐམས་ཅད་འབྱུང༌། །ཞེས་བྱ་བ་ལ། མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། གང་དུ་ཆང་གང་ལ་དྲན་པ་ཉམས་པ་གཅིག་པུ་ཡོད་པ་དེར་ནི། དངོས་པོ་གང་དང་གང་དག་ཡོད་པ་ཐམས་ཅད་མི་དགེ་བའི་ཚུལ་ཐམས་ཅད་འབྱུང་ཞིང་ཆོས་མ་ཡིན་པ་ཉིད་དུ་འགྱུར་རོ། །མི་འཕྲོད་ཟས་ནི་ཟོས་པས་ཀྱང༌། །ནད་དམ་ཡང་ན་འཆི་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་མི་འཕྲོད་པའམ་མི་རིགས་པར་སྦྱར་བའི་ཟས་ཟོས་པས། ཟས་དེ་སྲོག་གི་རྟེན་ཡིན་ཡང་ནད་ཉིད་སྐྱེད་པར་འགྱུར་བ་འམ། འཆི་བར་འགྱུར་བ་ཡིན་ན་ཆང་ལྟ་སྨོས་ཀྱང་ཅི་དགོས། ཆང་གི་སྡེ་ཚན་གསུམ་བློ་ལྡན། །ངོ་ཚ་སོགས་ཀྱང་འཇིག་པར་བྱེད། །ཅེས་བྱ་བ་ལ། གང་ཡང་ཆང་གི་ཉེས་དམིགས་ནི་ཤས་ཆེར་བསྟེན་པས་སྡེ་ཚན་གསུམ་ལ་སོགས་པ་ཉམས་ཤིང་འཇིག་པར་བྱེད་པ་ཡིན་ཏེ། སྡེ་ཚན་གསུམ་ནི་སྐྱེས་བུས་བཙལ་བར་བྱ་བའི་ཆོས་དང་ནོར་འདོད་པའོ། །བློ་ནི་ཤེས་རབ་བོ། ཉམས་སྟོབས་ལྡན་དང་ཟས་ཟོས་དང༌། །ཟས་ཆེར་ཟ་དང་སྣུམ་ངག་ཟ། །སྙིང་སྟོབས་ལང་ཚོར་ལྡན་པ་དང༌། །རྟག་ཏུ་ཆང་འཐུང་དེའི་རིགས་སྐྱེས། །ཚིལ་དང་བད་ཀན་ཤས་ཆེ་ལ། །རླུང་དང་མཁྲིས་པ་ཤས་ཆུང་དང༌། །མེ་དྲོད་ཆེ་ཞིང་བརྟན་པ་རྣམས། །ཤས་ཆེར་ར་རོར་མི་འགྱུར་རོ། །ཞེས་བྱ་བ་ལ། སྐྱེས་བུ་སྟོབས་དང་ལྡན་ཞིང་ཉམས་འཚག་བཟང་བ་དག་གིས་ཆང་འཐུངས་ན་ཤས་ཆེར་


DTG201_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ར་རོ་བར་མི་འགྱུར་ཞིང་དེའི་འགྱུར་བར་མི་སྐྱེའོ། །ཡང་དེ་བཞིན་དུ་ཁ་ཟས་ལེགས་པར་ཟོས་ཟིན་པའི་རྗེས་ལ་འཐུངས་པ་དང༌། ཟས་ཆེར་ཟ་ཞིང་མང་དུ་ཟོས་པ་དང༌། སྣུམ་བག་དང་ལྡན་པའི་ཁ་ཟས་ཟོས་པ་འམ། རང་བཞིན་གྱིས་སྙིང་སྟོབས་ཆེ་བ་དང༌། ལང་ཚོ་དང་ལྡན་ཞིང་དར་ལ་བབ་པ་དང༌། རྟག་ཏུ་ཆང་འཐུངས་ཤིང་གོམས་པ་དང༌། དེའི་རིགས་ལས་སྐྱེས་པ་སྟེ། ཆང་འཐུངས་ཤིང་སྲེད་པའི་རིགས་རྒྱུད་དུ་བྱུང་བ་དང༌། བད་ཀན་དང་ཚིལ་གྱི་ཤས་ཆེ་ཞིང་མང་བ་དང༌། རླུང་ངང་མཁྲིས་བ་ཤས་ཆེ་ཞིང་བརྟན་པ་སྟེ། དེ་ཐམས་ཅད་ཀྱིས་ཆང་འཐུངས་སུ་ཟིན་ཀྱང་ར་རོ་བར་མི་འགྱུར་རོ། །དེ་ལས་བཟློག་པ་ཆང་དད་ཅན། །ཁྲོས་དང་ཆང་རྩུབ་སྐྱུར་ཤས་ཆེ། །མ་ཞུར་བཅས་དང་མང་འཐུངས་པ། །གང་ཡིན་ཤས་ཆེར་ར་རོར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་བསྟན་པ་ལས་གོ་བཟློག་པ་ཉམས་སྟོབས་ཆུང་བ་དང༌། ཁ་ཟས་མ་ཟོས་པ་དང༌། ཁ་ཟས་ཉུང་དུ་ཟོས་པ་དང༌། རྩུབ་བག་ཟོས་པ་དང༌། སྙིང་སྟོབས་ཆུང་བ་དང༌། དར་ལ་བབ་པ་ལས་ཡོལ་བ་དང༌། རྟག་ཏུ་ཆང་མི་འཐུང་བ་དང༌། ཆང་འཐུངས་པའི་རིགས་སུ་མ་སྐྱེས་པ་དང༌། ཚིལ་དང་བད་ཀན་ཟད་པ་དང༌། །རླུང་དང་མཁྲིས་པ་ཤས་ཆེ་བ་དང༌། ཁོང་པའི་མེ་དྲོད་ཆུང་ཞིང་མི་བརྟན་པ་དག་གིས་ཆང་འཐུངས་ན་ཤས་ཆེར་ར་རོ་བར་འགྱུར། ཡང་དེ་བཞིན་དུ་ཆང་དད་ཅན་ཏེ་ཆང་ལ་སྲེད་ཅིང་ཡིད་རྟོན་པ་དང་ཁྲོས་ཤིང་འཁྲུགས་པ་དང༌། ཆང་སྐྱུར་ཞིང་རྩུབ་པ་ཤས་ཆེ་བ་དང༌། དེ་བཞིན་དུ་ཆང་མ་ཞུ་བ་སྟེ། སྔ་དེ་ཞག་འཐུངས་པའི་ཆང་མ་ཞུ་བའི་རྗེས་ལ་འཐུངས་པ་དང༌། དེ་བཞིན་དུ་ཤིན་ཏུ་མང་དུ་འཐུངས་པས་ཤིན་ཏུ་ར་རོ་བར་འགྱུར་རོ། །རླུང་མཁྲིས་བད་ཀན་ཀུན་ལས་བྱུང༌། །ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་རེ་རེ་དང༌། ཀུན་འདུས་པ་ལས་གཅིག་སྟེ་ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཀུན་ཀྱང་ཀུན་ལས་སྐྱེས་མོད་ཀྱི། །ཤས་ཆེ་བ་ལས་མིང་དུ་བཏགས། །ཞེས་བྱ་བ་ལ། ཆང་ནད་ཀུན་ཀྱང་ཉེས་པ་གསུམ་ཆར་


DTG201_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་མོད། འོན་ཀྱང་ནད་གཞི་གང་དང་གང་ཤས་ཆེ་བ་དེ་དང་དེ་ལས་ཕྱེ་སྟེ་མིང་དུ་བཏགས་པ་ཡིན་ནོ། །དེ་རྣམས་ཀྱི་ནི་སྤྱི་མཚན་ཉིད། །རྨོངས་དང་སྙིང་ནི་ན་བ་དང༌། །འཁྲུ་ཞིང་རྟག་ཏུ་སྐོམ་དད་ཆེ། །ཚ་གྲང་རིམས་འདེབས་ཡི་ག་འཆུས། །མགོ་བོ་རྩིབ་རུས་ན་དང་འདར། །གནད་འཇིག་ལྟག་པ་ན་བ་དང༌། །བརླ་རེངས་རབ་རིབ་ཁྱེར་བ་དང༌། །ལུད་པ་དབུགས་མི་བདེ་གཉིད་མེད། །རྡུལ་ཆེར་འབྱུང་ཞིང་བཤང་བ་འགགས། །སྐྲང་ཞིང་སེམས་ནི་འཁྲུལ་བ་དང༌། །བླ་ཞིང་སློན་པར་བྱེད་པ་དང། །མགོ་འཁོར་རྨི་ལམ་ངན་མཐོང་བའོ། །ཞེས་བྱ་བ་ལ། ཆང་ནད་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་རྣམ་པར་དབྱེ་བ་མེད་པར་ཐུན་མོང་གི་རྟགས་ནི་འདི་དག་ཡིན་ནོ། །སེམས་རྨོངས་ཤིང་ཤིན་ཏུ་བླུན་བག་ཏུ་འགྱུར་བ་དང༌། སྙིང་ན་ཞིང་འཕར་བ་དང༌། འཁྲུ་ཞིང་བཤང་བ་སླ་བ་དང༌། རྟག་པར་རྒྱུན་མི་འཆད་པར་སྐོམ་དད་ཆེ་བ་དང༌། རིམས་ཚ་བ་དང་གྲང་བའི་བག་དག་གིས་བཏབ་པར་འགྱུར་བའམ། ཡང་ན་ཚ་གྲང་སྟེ་མཁྲིས་པ་དང་བད་ཀན་གྱི་མཚན་ཉིད་དང་ལྡན་པར་འགྱུར་བ་དང༌། མགོ་ལ་སོགས་པར་ན་བ་དང། ལུས་འདར་ཞིང་འགུལ་བ་དང༌། གནད་རྣམས་འཇིག་ཅིང་འབྱེ་བ་སྙམ་དུ་སེམས་པ་དང༌། ལྟག་པའི་ཕྱོགས་ན་ཞིང་ཟུག་པ་དང༌། བརླ་རེངས་ཤིང་འགྱུར་བ་མི་བདེ་བ་དང༌། མིག་རབ་རིབ་ཁྱེར་ཞིང་མི་གསལ་བ་དང༌། ལུད་པ་ལ་སོགས་པ་འབྱུང་བ་དང༌། སེམས་འཁྲུལ་ཞིང་ཉམས་པ་ལ་སོགས་པའོ། །རླུང་གྱུར་ཁྱད་པར་གཉིད་མི་འོང༌། །དབུགས་མི་བདེ་ཞིང་ཀླད་ན་འདར། །རྨི་ལམ་དུ་ནི་འཕྱན་ཞིང་འཕུར། །གཤིན་པོ་རྣམས་དང་གཏམ་སྨྲ་རྨི། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཆང་ནད་ནི་ཁྱད་པར་བྱེ་བྲག་ཏུ་གཉིད་མི་འོང་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་རྨི་ལམ་གྱི་ནང་ན་འཕྱན་ཞིང་ཡུལ་གཞན་ནས་གཞན་དུ་འགྲོ་བར་རྨི་བ་དང༌། ནམ་མཁའ་ལ་འཕུར་ཞིང་ལྡིང་བར་རྨི་བ་དང༌། སྔོན་ཆད་ཤི་བའི་ཉེ་དུ་ལ་སོགས་པ་གཤིན་པོ་རྣམས་དང་ལྷན་ཅིག་


DTG201_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་སྨྲ་བ་རྨི་བར་འགྱུར་རོ། །མཁྲིས་ལས་ལུས་ཚ་སྐད་འགགས་དང༌། །རྨོངས་བག་ཚད་འཁྲུ་སྐོམ་མགོ་འཁོར། །ལུས་མདོག་ལྗང་དང་སེར་བ་དང༌། །མིག་དང་མཁུར་ཚོས་དམར་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་རྒྱས་པ་ལས་གྱུར་པའི་ཆང་ནད་ནི་ལུས་ཚ་བ་ལ་སོགས་པར་འགྱུར་རོ། །བད་ཀན་གྱིས་སློན་སྙིང་ན་དང༌། །གཉིད་ཆེ་གྲང་འདར་ཡན་ལག་ལྕི། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བ་ལས་གྱུར་པའི་ཆད་ནད་ནི་སློན་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །གྲང་འདར་ནི་གྲང་ལྷགས་ཀྱིས་ཕོག་པའི་ལུས་འདར་བའོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། ནད་གཞི་ཀུན་འདུས་པ་ལས་བྱུང་བའི་ཆང་ནད་ནི་མཚན་ཉིད་ཀུན་འདྲེན་མ་དང་ལྡན་པ་ཡིན་ནོ། །ཆང་སྤངས་པ་ལས་འཕྲལ་དུ་ནི། །མང་དུ་འཐུང་ངམ་མ་གོམས་འཐུངས། །དེ་ལས་འཇོམས་དང་ལུས་སྐམ་ནད། །རླུང་ལས་སྡུག་བསྔལ་ལྡན་པ་འབྱུང༌། །ཉམ་ཆུང་བ་ལ་མཆོག་ཏུ་འབྱུང༌། །ཞེས་བྱ་བ་ལ། ཆང་དང་འཕྲོད་པར་གྱུར་པ་ལས་ཀྱང་དེ་སྤངས་ཏེ་དུས་ཡུན་རིང་པོར་ལོན་པ་ལས་ཆང་དེ་ཉིད་མོད་ལ་མང་དུ་འཐུངས་པའམ། ཡང་ན་སྔར་མ་གོམས་པའི་ཆང་གཞན་འཐུངས་པར་གྱུར་ན། རྒྱུ་དེ་ལས་འཇོམས་བྱེད་ཅེས་བྱ་བའི་ནད་དང་ལུས་སྐམ་ཞེས་བྱ་བའི་ཆང་ནད་གཉིས་པོ་རླུང་ལ་སོགས་པ་ལས་སྦུག་བསྔལ་ཞིང་གསོ་བར་དཀའ་བ་འབྱུང་བར་འགྱུར་རོ། །རྣམ་པ་དེ་གཉིས་ནི་སྐྱེས་བུ་ཉམས་སྟོབས་ཆུང་བ་ལ་མཆོག་ཏུ་ཤས་ཆེར་འབྱུང་བར་འགྱུར་རོ། །འཇོམས་པས་བད་ཀན་མཆིལ་མ་མང༌། །ལྐོག་མ་སྐམས་ཤིང་གཉིད་རབ་ཆེ། །སྒྲ་གྲག་མི་བཟོད་གློང་བག་འགྱུར། །ཞེས་བྱ་བ་ལ། ཆང་ནད་འཇོམས་པར་བྱེད་པ་ཞེས་བྱ་བ་དེའི་མཚན་མ་བད་ཀན་དང་མཆིལ་མའི་ལྗན་ལྗིན་མང་དུ་འབྱུང་བར་འགྱུར་བ་དང༌། དེ་བཞིན་ལྐོག་མ་སྐམ་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ལུད་སྐམ་ཡན་ལག་མགོ་རབ་ན། །སྙིང་ནད་མགུལ་ནད་རྨོངས་བག་དང༌། །ལུད་པ་སྐོམ་དད་སློན་རིམས་འདེབས། །ཞེས་བྱ་བ་ལ། ཆང་ནད་ལུད་པ་སྐམ་པ་ཞེས་བྱ་བ་བྱུང་བར་གྱུར་ན། དེའི་


DTG201_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ནི་ཡན་ལག་དང་མགོ་བོ་ཤས་ཆེར་ན་ཞིང་མི་བདེ་བ་ནས་རིམས་ཀྱིས་འདེབས་པའི་བར་དུ་འབྱུང་བར་འགྱུར་རོ། །གང་ཞིག་ཆང་རྣམས་སྤངས་པས་ནི། །དབང་པོ་ཐུལ་ཞིང་བརྟགས་ཏེ་བྱེད། །ནམ་ཡང་དེ་ལ་ལུས་སེམས་ཀྱི། །སྐྱོན་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ཆང་སྤངས་ཤིང་ཆང་མི་འཐུང་བའི་བརྟུལ་ཞུགས་བླངས་པ་དེ་ནི་དབང་པོ་ཐུལ་ཞིང་ཞི་ལ་བརྐམ་ཤས་ཆུང་བ་དང༌། བརྟགས་ཏེ་བྱེད་པ་སྟེ་བྱ་བ་རྣམས་ལ་བློ་སྔོན་དུ་སོང་བས་འཇུག་པར་འགྱུར་བ་དང༌། དེ་བཞིན་དུ་ཡང་སྐྱེས་བུ་དེའི་ལུས་ལ་དུས་ནམ་ཡང་ལུས་དང་སེམས་ཀྱི་ནད་ཀྱི་སྐྱོན་རྣམས་འབྱུང་བར་མི་འགྱུར་ཏེ། ལུས་ལས་བྱུང་བའི་ནད་རིམས་ལ་སོགས་པ་དང༌། སེམས་ལས་བྱུང་བའི་ནད་བརྗེད་བྱེད་ལ་སོགས་པ་འབྱུང་བར་མི་འགྱུར་ཞིང་དེའི་གནོད་པས་ཉེན་པར་མི་འགྱུར་རོ། །རྡུལ་དང་མུན་པ་མི་འཕྲོད་ཟས། །མཆོག་ཏུ་བསྟེན་ལས་ནད་གསུམ་འབྱུང༌། །དངས་མ་ཁྲག་དང་སེམས་རྒྱུ་བའི། །རྩ་སྦུབས་བཀག་པ་ལས་བྱུང་བ། །མྱོས་དང་བརྒྱལ་དང་ཀུན་སོང་ནད། །ཕྱི་མ་བཞིན་དུ་སྟོབས་རབ་ཆེ། །ཞེས་བྱ་བ་ལ། རྡུལ་དང་མུན་པའི་རང་བཞིན་ལ་མཆོག་ཏུ་བསྟེན་པ་དང༌། ཁ་ཟས་མི་འཕྲོད་པ་ཟ་བ་ལ་མཆོག་ཏུ་བསྟེན་ཅིང་གནས་པར་བྱེད་པ་མི་ལ་མྱོས་པ་དང་བརྒྱལ་བ་དང༌། ཀུན་དུ་སོང་བ་ཞེས་བྱ་བའི་ནད་དེ་རྣམ་པ་གསུམ་འབྱུང་བར་འགྱུར་རོ། །དེ་ཡང་དངས་མ་དང་ཁྲག་དང་སེམས་རྒྱུ་བར་བྱེད་པའི་རྩ་སྦུབས་ལུས་ལ་གང་དག་ཡོད་པ་དེ་བཀག་ཅིང་ཆོད་བ་ལས་འབྱུང་བར་འགྱུར་ཞིང་རྒྱུ་བྱེད་པ་ཡིན་ལ། ཡང་དེ་དག་ནི་ཕྱི་མ་བཞིན་དུ་སྟོབས་དང་ནུས་པ་ཆེ་བ་ཡིན་ཏེ། དེ་ན་མྱོས་པ་བས་ནི་བརྒྱལ་བ་སྟོབས་དང་ལྡན་པ་ཡིན་ལ། དེ་བས་ནི་ཀུན་དུ་སོང་བ་སྟོབས་དང་ལྡན་པ་ཡིན་ནོ། །འདིར་མྱོས་ནད་སྣ་རེ་རེ་ཀུན། །ཁྲག་ཆང་དུག་རྣམས་ལས་ཀྱང་འབྱུང༌། །ཞེས་བྱ་བ་ལ། འདིར་མྱོས་པ་དང་བརྒྱལ་བ་དང་ཀུན་དུ་སོང་བ་ཞེས་བྱ་བ་གསུམ་གྱི་ནང་ནས་མྱོས་པ་ནི་རྣམ་པ་བདུན་ཏེ། ནད་གཞི་རེ་རེ་ལས་


DTG201_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་གསུམ་དང༌། འདུས་པ་ལས་གྱུར་པ་དང༌། ཁྲག་དང་ཆང་དང་དུག་ལས་གྱུར་པ་རྣམས་སོ། །དེ་དག་ཀྱང་ཕྱི་མ་བཞིན་དུ་སྟོབས་ཆེ་བ་ཡིན་ནོ། །རླུང་ལས་གཏམ་ལ་ཆགས་པ་དང༌། །མང་སྨྲ་ཉུང་སྨྲ་སྤྱོད་པ་འཁྲུལ། །ལུས་ནི་རྩུབ་གནག་དམར་བ་ཡི། །མྱོས་པ་རླུང་ལས་སྐྱེས་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མྱོས་པ་ནི་གཏམ་སྨྲ་བ་ལ་ཆགས་པར་འགྱུར་བ་དང༌། མང་དུ་སྨྲ་བ་ལ་དགའ་བ་དང༌། མྱུར་དུ་སྨྲ་ཞིང་རིངས་པར་སྨྲ་བ་དང༌། སྤྱོད་པ་འཁྲུལ་ཞིང་ཉམས་པ་དང༌། ལུས་རྩུབ་པ་དང༌། དམར་བའི་བག་ཏུ་གནས་པ་ནི་རླུང་ལས་སྐྱེས་པ་ཡིན་ནོ། །མཁྲིས་པ་ལས་ཁྲོ་དམར་བ་དང༌། །སེར་པོར་སྣང་ཞིང་རྩོད་ལ་དགའ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མྱོས་པ་ནི་ལུས་ཀྱི་མདོག་དམར་ཞིང་སེར་བར་སྣང་བ་དང༌། རྩོད་ཅིང་འཐབ་མོ་ལ་དགའ་བ་ཡིན་ནོ། །བད་ཀན་ཆིག་ཉུང་འབྲེལ་སྨྲ་སྐྱ། །སེམས་ལས་ཆེ་ཞིང་ལེ་ལོ་ཆེ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མྱོས་པ་ནི་ཚིག་ཉུང་ཞིང་འབྲེལ་པར་སྨྲ་བ་དང༌། ཁ་དོག་དཀར་ཞིང་སྐྱ་བ་དང༌། སེམས་ལས་ཆེ་ཞིང་ལེ་ལོ་ཆེ་བ་ཡིན་ནོ། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མྱོས་པ་ནི་མཚན་ཉིད་ཀུན་དང་ལྡན་པའི་མཚན་ཉིད་ཅན་ཡིན་ནོ། །ཁྲག་ལས་མིག་དང་ཡན་ལག་རེངས། །མཁྲིས་པའི་མཚན་ཉིད་ལྡན་པ་ཡིན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མྱོས་པ་ནི་མིག་སེར་ཞིང་ཧར་བག་ཏུ་གནས་པ་དང༌། ཡན་ལག་རེངས་ཤིང་འགྱུར་མི་ཤེས་པ་ཡིན་ནོ། །གཞན་ཡང་མཁྲིས་པས་མྱོས་པའི་མཚན་ཉིད་ཁྲོ་བ་དང༌། མདོག་དམར་ཞིང་སེར་བ་དང་རྩད་པ་ལ་དགའ་བ་ཡིན་ནོ། །ཆང་གིས་ཡན་ལག་སྐད་སྤྱོད་འགྱུར། །ཞེས་བྱ་བ་ལ། ཆང་ལས་གྱུར་པའི་མྱོས་པ་ནི་ཡན་ལག་དང་སྐད་དང་སྤྱོད་པ་གཞན་དུ་འགྱུར་བ་འབྱུང་བར་འགྱུར་ཏེ། ཡན་ལག་འགྱུར་བ་འབྱུང་བར་འགྱུར་ཏེ། ཡན་ལག་འགྱུར་བ་ནི་ལུས་རྣམ་གཞན་དུ་འགྱུར་བའོ། །སྐད་འགྱུར་བ་ནི་སྐད་གདངས་ཉམས་ཤིང་འགགས་པའོ། །སྤྱོད་བ་འགྱུར་བ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཉམས་ཤིང་སྔར་


DTG201_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལས་གཞན་དུ་གྱུར་པའོ། །དུག་གིས་འདར་ཞིང་གཉིད་རབ་ཆེ། །དེ་ནི་ཀུན་ལས་མྱོས་ཚབས་ཆེ། །ཞེས་བྱ་བ་ལ། དུག་གིས་མྱོས་པར་གྱུར་པ་ནི་འདར་ཞིང་ལུས་འགུལ་བ་དང༌། གཉིད་ཤིན་ཏུ་ཆེ་ཞིང་སྟུག་པ་ཡིན་ནོ། །དེ་ནི་མྱོས་པ་ཀུན་ལས་ཤིན་ཏུ་ཚབས་ཆེར་མྱོས་པ་ཡིན་ཏེ་ནད་ཀྱིས་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཁྲག་སོགས་པ་ཡིས་རླུང་སོགས་པའི། །མཚན་ཉིད་ལྷག་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་ཆང་དང་དུག་ལས་གྱུར་པའི་མྱོས་པ་ལས་རླུང་ལ་སོགས་པའི་ནད་རང་གི་མཚན་ཉིད་ལྷག་པར་མཚན་ཉིད་ཀྱིས་ཤེས་པར་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། ཁྲག་དང་ཆང་དང་དུག་གི་མཚན་ཉིད་བཤད་མོད་ཀྱི། རླུང་ལ་སོགས་པ་གང་ཡང་རུང་བ་ལྷག་པར་གནས་པ་ཡིན་ནོ་ཞེས་ཤེས་པར་རོ། །དེ་ལྟར་མྱོས་པའི་མཚན་ཉིད་བཤད་ནས། བརྒྱལ་བའི་མཚན་ཉིད་བཤད་པར་བྱ་སྟེ། བརྒྱལ་བ་རླུང་གི་བདག་ཉིད་ཅན། །ནམ་མཁའ་དམར་སྔོ་གནག་པར་ནི། །མཐོང་ཞིང་མུན་པར་ཞུགས་སྙམ་སེམས། །མྱུར་དུ་སངས་པར་བྱེད་པ་དང༌། །སྙིང་ན་འདར་ཞིང་མགོ་འཁོར་ལ། །སྐེམ་ཞིང་བཞིན་མདོག་དམར་ནག་འགྱུར། །ཞེས་བྱ་བ་ལ། བརྒྱལ་བའི་ནད་རླུང་ལས་གྱུར་པའི་བདག་ཉིད་ཅན་ལ་ནི། སྐྱེས་བུས་ནམ་མཁའི་མེ་ཏོག་ཁ་དོག་དམར་བ་དང་སྔོ་བ་དང་གནག་པར་མཐོང་བར་འགྱུར་ཞིང་མུན་པར་ཞུགས་པ་སྙམ་དུ་མུན་འཐིབས་ཞེས་བྱེད་པར་འགྱུར་བ་དང༌། མྱུར་དུ་སངས་ཤིང་དྲན་པ་རྙེད་པར་འགྱུར་བ་དང༌། སྙིང་ན་ཞིང་འདར་བ་ནས། བཞིན་རས་དང་ལུས་ཀྱི་མདོག་དམར་ནག་ཏུ་སྣང་བར་འགྱུར་རོ། །མཁྲིས་བས་དམར་བའམ་སེར་པོར་ནི། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །སངས་ནས་རྔུལ་དང་བཅས་པ་དང༌། །ཚ་སྐོམ་གདུངས་པས་ཉེན་པ་དང༌། །འཁྲུ་ཞིང་ཁ་དོག་སེར་དང་དམར། །མིག་དམར་སེར་བར་སྣང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་བརྒྱལ་བ་ནི་ནམ་མཁའི་མདོག་དམར་བོའམ། སེར་པོ་ཉིད་དུ་མཐོང་པར་འགྱུར་


DTG201_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། མུན་འཐིབས་ཞེས་བྱེད་ཅིང་རྨོངས་ནས་མི་དྲན་པར་འགྱུར་རོ། །དེ་ནས་སངས་ནས་དྲན་པ་རྙེད་པ་དང༌། ལུས་རྡུལ་ཞིང་ཚ་བ་ལ་སོགས་པས་གདུངས་ཤིང་ཉེན་པར་འགྱུར་བ་དང༌། བཤང་བ་འཁྲུ་ཞིང་སླ་བ་དང༌། ཁ་དོག་སེར་ཞིང་དམར་བར་སྣང་བ་དང༌། མིག་དམར་ཞིང་སེར་བར་སྣང་བས་ལྟ་བར་འགྱུར་རོ། །བད་ཀན་གྱིས་ནི་སྤྲིན་ལྟ་བུར། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །རིངས་ནས་སངས་པར་འགྱུར་བ་དང༌། །སྙིང་ན་བཅས་པས་མཆིལ་མ་མང༌། །པགས་པ་རློན་པས་གཡོགས་པ་བཞིན། །ཡན་ལག་ལྕི་ཞིང་ཚོར་བ་ཆུང༌། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་བརྒྱལ་བར་གྱུར་པའི་མཚན་མ་ནི་ནམ་མཁའ་གཉིས་པར་གཡོགས་པ་ལྟ་བུར་མཐོང་བ་དང༌། མུན་འཐིབས་ཞེས་བྱེད་ཅིང་མི་དྲན་པར་འགྱུར་བ་དང༌། བརྒྱལ་ནས་ཡུན་རིང་ཞིག་ནས་སངས་པར་འགྱུར་བ་དང༌། སྙིང་འཕར་ཞིང་ན་བ་དང་བཅས་པའི་མཆིལ་མ་དང་བད་ཀན་གྱི་ལྗན་ལྗིན་མང་པོ་འབྱུང་བ་དང༌། པགས་པ་རློན་པས་གཡོགས་ཤིང་དཀྲིས་པ་བཞིན་དུ་ཡན་ལག་དང་བཅས་བའི་ལུས་ལྕི་ཞིང་ཚོར་བ་ཆུང་བར་འབྱུང་བར་འགྱུར་རོ། །ཉེས་པ་གསུམ་གྱི་མཚན་ཀུན་ལྡན། །བརྗེད་བྱེད་གཉིས་པ་ལྟ་བུ་སྟེ། །མྱུར་དུ་འགྱེལ་ཞིང་བརྒྱལ་འགྱུར་ཏེ། །འཇིགས་རུང་སྤྱོད་པ་མེད་པ་ཡིན། །ཞེས་བྱ་བ་ལ། ནད་གཞིའི་ཉེས་པ་གསུམ་ཆར་གྱིས་བསྐྱེད་པའི་བརྒྱལ་བ་ནི་མཚན་ཉིད་དེ་དག་ཐམས་ཅད་དང་ལྡན་པ་དང༌། བརྗེད་བྱེད་གཉིས་པ་ཡིན་ཞིང་དྲན་པ་ཉམས་པར་འགྱུར་ལ། བརྗེད་བྱེད་ཀྱིས་ཟིན་པ་ལྟར་མྱུར་དུ་འགྱེལ་ཞིང་དྲན་པ་མེད་པར་བརྒྱལ་བར་འགྱུར་ལ། ཁྱད་པར་ནི་བརྗེད་བྱེད་ཀྱི་གདོན་ལྟ་བུ་དང༌། འཇིགས་སུ་རུང་བའི་སྤྱོད་པ་མེད་པར་གཞན་ཐམས་ཅད་ཚུལ་མཐུན་པ་ཡིན་ནོ། །ལུས་ཅན་མྱོས་དང་བརྒྱལ་བ་ཡིས། །ནད་ལ་ཤུགས་ཡོད་གྱུར་ཀྱང་ནི། །རང་ཉིད་ཞི་བར་འགྱུར་བ་ཡིན། །ཀུན་ཞུགས་སྨན་མེད་པར་མི་ཞི། །ཞེས་བྱ་བ་ལ། ལུས་ཅན་ཏེ་མི་རྣམས་ལ་མྱོས་པ་དང་བརྒྱལ་བའི་རླུང་ནད་ལ་སོགས་པའི་ཤུགས་དྲག་པོ་ཡོད་


DTG201_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟིན་ཀྱང༌། རང་ཉིད་སྨན་གྱིས་བཅོས་མི་དགོས་པར་རང་ཉིད་ཞི་ཞིང་ལྡོག་པར་འགྱུར་གྱི། ཀུན་དུ་ཞུགས་པ་འམ་ཀུན་དུ་སོང་བ་ཞེས་བྱ་བའི་བརྒྱལ་བའི་ནད་ནི་སྨན་གྱིས་མ་བཅོས་པར་ཞི་ཞིང་ལྡོག་པར་མི་འགྱུར་རོ། །ཀུན་དུ་ཞུགས་པ་ཞེས་གང་ཞིག་ལ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ནད་ནི་ཤིན་ཏུ་སྟོབས་ཆེ་བ། །འདུས་པ་ལས་གྱུར་ཀུན་ཞུགས་པ། །སྲོག་གི་གནས་ལ་བརྟེན་པ་ཡིས། །ལུས་དང་ངག་ཡིད་སྤྱོད་པ་འཕྲོག །དེ་ཡིས་སྐྱེས་བུ་རོ་དང་ནི། །ཤིང་དང་རྩིག་པ་འདྲ་བར་བྱེད། །རིངས་པར་གསོ་བར་མ་བྱས་ན། །མྱུར་དུ་འཆི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཤིན་ཏུ་སྟོབས་ཆེ་ཞིང་དཀྱེལ་ཆེར་སོགས་པ་རང་གི་རྒྱུའི་ཁྱད་པར་གྱི་ཚོགས་པས་ནུས་པ་ཐམས་ཅད་འདུས་པར་གྱུར་ཅིང་གསུམ་ཆར་བྱ་བའི་རྩོམ་པ་གཅིག་ལ་ཞུགས་ཤིང་འབྲས་བུ་གཅིག་འབྱེད་པར་བྱེད་པའི་ཀུན་དུ་ཞུགས་པའི་ནད་སྲོག་གི་གནས་སྙིང་གའི་གནད་ལ་བརྟེན་ཅིང་འདུག་པར་གྱུར་པ་ན་ཀུན་དུ་ཞུགས་པ་ཞེས་བྱ་བའི་བརྒྱལ་བའི་ནད་དུ་འགྱུར་ཏེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་འཕྲོག་ཅིང་བསྡུས་ནས་ཀུན་དུ་ཞུགས་པ་དེས་སྐྱེས་བུ་ཤི་བའི་རོ་དང་འདྲ་བར་འགྱུར་གྱི། ཤིང་དང་རྩིག་པ་ལྟར་སེམས་མེད་པར་བྱེད་པ་ཡིན་ལ། དེས་ན་གལ་ཏེ་ནད་དེ་དག་གསོ་བ་མྱུར་དུ་མ་བྱས་ན་མྱུར་ཞིང་རིངས་པ་ཉིད་དུ་སྲོག་དང་བྲལ་བར་བྱེད་པ་ཡིན་ནོ། །མཚོ་ཟབ་ཆུ་སྲིན་མང་པོ་ཅན། །ཆུ་འཇིང་འཇུག་ངོགས་མེད་པར་ནི། །ཀུན་ཞུགས་པ་ནི་ནུབ་བྱེད་ལས། །མི་ནི་མྱུར་དུ་གདོན་པར་བྱ། །ཞེས་བྱ་བ་ལ། དེ་བས་ན་སྨན་པས་ཀུན་དུ་ཞུགས་པ་ཞེས་བྱ་བའི་ནད་མི་བཟད་པས་ཟིན་ཅིང་སྡུག་བསྔལ་དེའི་འདམ་དུ་བྱིང་བའི་མི་མྱུར་དུ་གདོན་བར་བྱ་སྟེ། དེ་ཡང་དཔེར་ན་མཚོ་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་ལ། ཆུ་སྲིན་བྱིས་པ་གསོད་ལ་སོགས་པའི་སྲོག་ཆགས་གདུག་པ་མང་པོས་གང་བའི་ཆུ་འཇིང་ཕ་རོལ་དུ་བྱུང་བའི་འཇུག་ངོགས་མེད་པར་ནུབ་པར་གྱུར་པ་དག་ནི། ཉམ་ང་བའི་གནས་ཡིན་པས་མྱུར་དུ་གདོན་དགོས་


DTG201_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲའོ། །རིགས་པས་བརྟེན་དང་ཕྲལ་བའི་ཆང་འཐུངས་པས། །མྱོས་དྲེགས་ཁྲོ་དང་བྲལ་བའི་རང་བཞིན་ཅན། །རང་གི་དགྲ་བོས་ཡོངས་སུ་འཁྱུད་འགྱུར་ཞིང༌། །རིགས་དང་མི་རིགས་མཉམ་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཆང་རིགས་ཤིང་འོས་པར་བརྟེན་པ་དང་བྲལ་བ་སྟེ་འོག་ནས་སྨོས་པའི་སྟོབས་དང་དུས་ལ་སོགས་པ་དང་སྦྱར་བ་མེད་པ་ནི། རིགས་པར་བརྟེན་པ་དང་བྲལ་བ་ཞེས་བྱ་བ་སྟེ། དེ་ལྟ་བུའི་རིགས་པར་བརྟེན་པ་མེད་པ་ཆང་འཐུངས་པས་ནི་མྱོས་པ་ལ་སོགས་པར་དང་གིས་ཏེ། ལུས་དང་ལྷན་ཅིག་སྐྱེས་པའི་དགྲ་བོ་འཇིག་རྟེན་འདི་དང་ཕྱི་མའི་ཡོན་ཏན་འཇོམས་ཤིང་འཕྲོག་པར་བྱེད་པས་དགྲ་བོ་ལྟར་གནོད་པར་བྱེད་པའི་དགྲ་བོ་རྣམས་ཡོངས་སུ་འཁྱུད་པར་གྱུར་ཅིང་ཤིན་ཏུ་བརྩེ་བར་གྱུར་ཕ་མ་ཡིན་ཞིང༌། དེ་བཞིན་དུ་རིགས་པ་དང་མི་རིགས་པ་ཆ་མཉམ་ཞིང་མཚུངས་པ་ཉིད་དུ་སེམས་པར་འགྱུར་བ་སྟེ། བྱ་བ་དང་བྱ་བ་མ་ཡིན་པའི་བྱེ་བྲག་ཕྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །སྟོབས་དང་དུས་དང་ཡུལ་དང་གོམས་པ་དང༌། །རང་བཞིན་གྲོགས་དང་ན་ཚོད་ནད་རྣམས་ནི། །ལེགས་བརྟགས་དེ་དང་རྗེས་མཐུན་གང་ཞིག་འཐུང༌། །དེ་ནི་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ཉམས་སྟོབས་དང༌། དུས་ལ་སོགས་པའི་མཚན་ཉིད་དམ་རང་བཞིན་བློས་ལེགས་པར་རྟོགས་ཤིང་སོ་སོར་ཕྱེད་ནས་དེ་དང་མཚུངས་པར་སྐྱེས་བུ་གང་ཞིག་ཆང་རན་ཞིང་དུས་ལ་བབ་པར་འཐུངས་པ་དེ་ནི་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་ཏེ། སྐྱེས་བུ་རིགས་པ་དང་ལྡན་པར་འཐུངས་པས་གནོད་པ་མེད་པར་ལུས་བདེ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཞང་འབྲུམ་གྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ཇི་ལྟར་ཀུན་དུ་ཞུགས་པ་ཞེས་བྱ་བའི་ནད་བཤད་མ་ཐག་བ་དེ་ནི་སྲོག་གི་


DTG201_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྙིང་ལ་བརྟེན་ཅིང་འབྱུང་བ་དེ་བཞིན་དུ། འདིར་ཡང་སྲོག་གི་གནས་གཞང་ལ་བརྟེན་ཏེ་འབྱུང་བས་ན་སྲོག་གི་གནས་ལ་བརྟེན་པར་ཆོས་མཐུན་པའི་ཕྱིར། དེའི་འོག་ཏུ་འདི་བརྩམས་བ་ཡིན་ནོ། །དགྲ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ། །གཞང་འབྲུམ་བྱུང་བས་གསོད་བྱེད་པས། །དེ་ཕྱིར་བཤང་བའི་ལམ་འགེགས་པས། །གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། གཞང་འབྲུམ་ནི་གཞང་ཁར་ཤའི་མཛེར་པ་སྦོམ་པོ་སྐྱེས་པ་ཡིན་ལ། དེ་ནི་དགྲ་བོ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ་འཕྲོག་ཅིང་གཞང་འབྲུམ་དུ་སྐྱེས་པས་གསོད་པར་བྱེད་པའི་ཕྱིར་ངེས་པར་ཚིག་གི་ཚུལ་གྱིས་ན་གཞང་འབྲུམ་ཞེས་བྱའོ། །ནད་ཀྱིས་ལྤགས་ཚིལ་ཤ་རྣམས་ནི། །གནོད་བྱས་དབྱིབས་ནི་སྣ་ཚོགས་པའི། །ཤ་ཡི་མྱུ་གུ་གཞང་སོགས་སུ། །སྐྱེས་དེ་གཞང་འབྲུམ་ཡིན་པར་བཤད། །ཅེས་བྱ་བ་ལ། ནད་ཅེས་བྱ་བ་ནི་རླུང་ལ་སོགས་པ་སྟེ། དེས་པགས་པ་དང་ཚིལ་དང་ཤ་རྣམས་ལ་གནོད་ཅིང་མ་རུངས་པར་བྱས་ནས། དབྱིབས་དང་ཁ་དོག་སྣ་ཚོགས་ཤིང་ཐ་དད་པའི་ཤའི་མྱུ་གུ་ཤ་མཛེར་སྦོམ་པོ་ལྟ་བུ་གནོད་པ་སྣ་ཚོགས་སྐྱེད་པ་གཞང་ལ་སོགས་པར་སྐྱེས་ཤིང་བྱུང་བར་གྱུར་པ་དེ་ལ་ནི་གཞང་འབྲུམ་གྱི་ནད་ཅེས་བྱ་བ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་དོ། །ལྷན་ཅིག་སྐྱེས་དང་ཕྱིས་འབྱུང་དང༌། །སྐམ་དང་ཁྲག་ཏུ་འཛག་པ་ཡི། །དབྱེ་བས་མདོར་ན་རྣམ་གཉིས་ཡིན། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་དེ་ནི་མདོར་ན་རྣམ་པ་གཉིས་ཡིན་ཏེ། ལ་ལ་ནི་ལྷན་ཅིག་སྐྱེས་ཏེ་འབྱུང་བ་ཡིན་ལ། ལ་ལ་སྐྱེས་ནས་ཕྱིས་འབྱུང་བར་འགྱུར་བ་དང༌། ཡང་དེ་བཞིན་དུ་སྐམ་བ་དང་གཤེར་བའི་དབྱེ་བས་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། ལ་ལ་ནི་སྐམ་པོར་གནས་པ་ཡིན་ལ། ལ་ལ་ནི་ཁྲག་འཛག་བ་དང་བཅས་པ་ཡིན་ནོ། །གཞང་ནི་རྒྱུ་མ་སྦོམ་པོར་བརྟེན། །སོར་ནི་ཕྱེད་དང་ལྔ་ཡོད་དོ། །ཞེས་བྱ་བ་ལ། གཞང་ནི་རྒྱུ་མའི་ཞབས་རྒྱུ་མ་སྦོམ་པོ་ལ་བརྟེན་ཅིང་གནས་པ་དེའི་ཚད་ནི་སོར་ཕྱེད་དང་ལྔ་ཡོད་པ་ཡིན་ནོ། །གཉེར་གསུམ་སོར་ནི་ཕྱེད་དང་


DTG201_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ཞེས་བྱ་བ་ལ། གཞང་དེ་ནི་གཉེར་མའི་རིམ་པ་གསུམ་རེ་རེ་ཞིང་སོར་ཕྱེད་དང་གཉིས་གཉིས་ཡོད་དོ། །རིམ་པ་དེ་ཡི་ནང་མ་ནི། །ཕྱིར་འཕུལ་བར་མ་སེལ་བ་ཡིན། །དེ་ཡི་ཕྱི་རོལ་འཛུམས་པ་ཡིན། །ཞེས་བྱ་བ་ལ། རིམ་པ་དེ་རྣམས་ཀྱི་རིམ་པ་ནང་མ་འམ། ཕུགས་མ་ནི་དྲི་མ་རྣམས་ཕྱིར་འཕུལ་ཞིང་འབབ་པར་བྱེད་པ་ཡིན་ལ། གཉེར་མའི་རིམ་པ་བར་མ་ནི་དྲི་མ་རྣམས་སེལ་ཞིང་ཕྱིར་འབྱིན་པ་ཡིན་པས་ན་སེལ་བ་ཞེས་བྱ་ལ། ཕྱི་རོལ་གྱི་གཉེར་མ་ནི་དྲི་མ་ལ་སོགས་པ་མི་འབྱུང་བར་སྡོམ་ཞིང་འཛུམས་པར་བྱེད་པས་ན་འཛུམས་པ་ཞེས་བྱའོ། །དེ་ཡི་ཕྱི་རོལ་སོར་གཅིག་ཁ། །ནས་ནི་ཕྱེད་དང་གཉིས་ཀྱི་ཚད། །དེ་ཕན་ཆད་ནི་སྤུ་སྐྱེ་འགྱུར། །ཞེས་བྱ་བ་ལ། འཛུམས་པ་དེའི་ཕྱི་རོལ་སོར་གཅིག་ནི་གཞང་ཁ་ཞེས་བྱ་ལ། གཞང་ཁ་དེའི་ཚད་ནི་ནས་ཕྱེད་དང་གཉིས་ཀྱི་ཚད་ཡིན་ནོ། །གཞང་ཁའི་ཚིགས་དེ་ཐམས་ཅད་ནི་རྐུབ་ཏུ་སྤུ་སྐྱེ་བར་འགྱུར་རོ། །དེ་ལ་ལྷན་ཅིག་སྐྱེས་པའི་རྒྱུ། །གཉེར་མའི་ས་བོན་གནོད་འགྱུར་ཉིད། །གཞང་འབྲུམ། ཞེས་བྱ་བ་ལ། དེ་ལ་ལྷན་ཅིག་སྐྱེས་པ་དང་ཕྱིས་འབྱུང་བའི་གཞང་འབྲུམ་གཉིས་ལས། ལྷན་ཅིག་སྐྱེས་པའི་གཞང་འབྲུམ་འབྱུང་བའི་རྒྱུ་ནི་གཉེར་མ་དེ་འབྱུང་ཞིང་དང་པོར་སྐྱེས་པ་ཉིད་ཀྱི་ཚེ། དེའི་ས་བོན་ཁུ་ཁྲག་ལ་སོགས་པ་ལ་རླུང་ལས་གོས་པར་གནོད་པར་གྱུར་པ་དེ་ཉིད་ལས་གཞང་འབྲུམ་འབྱུང་བའོ། །ས་བོན་གནོད་པ་ཡང༌། ཕ་མས་མི་འཕྲོད་ཟོས་པ་དང༌། །སྔོན་ལས། ཞེས་བྱ་བ་ལ། ས་བོན་དེ་ལ་གནོད་པར་བྱེད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཕ་དང་མས་ཁ་ཟས་མི་འཕྲོད་པ་གཞང་འབྲུམ་སྐྱེད་པའི་རྒྱུ་ཟོས་པ་དང༌། སྔོན་བདག་ཉིད་ཀྱིས་དེ་ལྟ་བུའི་ནད་འབྱུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པའོ། །དེ་གཉིས་དང་འདུས་པ། འཁྲུགས་པ་ལས་གྱུར་དེ་དག་ནི། །གསོར་མི་རུང་བ་ཉིད་དུ་བཤད། །ཅེས་བྱ་བ་ལ། ཕ་དང་མའི་གནོད་པའི་རྒྱུ་དང༌། སྔོན་གྱི་ལས་དེ་གཉིས་དང༌། ནད་གཞི་འདུས་པར་འཁྲུགས་པ་གང་ཡིན་པ་ལས་གྱུར་པ་དེ་དག་ནི་གང་གི་ཕྱིར་གསོར་མི་རུང་བ་ཉིད་ཡིན་ཏེ་ལྷན་ཅིག་སྐྱེས་པ་ཡིན་པའི་


DTG201_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རིགས་འབྱུང་ནད་ཀུན་དེ་དང་འདྲ། །ཞེས་བྱ་བ་ལ། ནད་གཞན་གང་ཡང་རུང་བ་ཀུན་ཀྱང་དེ་དང་འདྲ་སྟེ། དང་པོ་ལྷན་ཅིག་སྐྱེས་པ་ནི་གསོར་མི་རུང་ངོ་ཞེས་ཚིག་འདིས་སྟོན་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཁྱད་པར་དུ། །རྩུབ་ཅིང་བརྟ་བར་དཀའ་བ་དང༌། །ནང་དུ་ཁ་བལྟས་དཀར་བ་དང༌། །བླ་བརྣན་མི་བཟད་ཅན་གསོ་དཀའ། །ཞེས་བྱ་བ་ལ། ལྷན་ཅིག་སྐྱེས་པའི་གཞང་འབྲུམ་དེ་ཡང་ཁྱད་པར་འདི་དག་དང་ལྡན་ན་ལྷག་པར་གསོ་དཀའ་སྟེ། རེག་པ་རྩུབ་པར་གནས་པ་དང༌། བརྟ་ཞིང་བརྟགས་པར་དཀའ་བ་དང༌། ཁ་ནང་དུ་བལྟ་ཞིང་ཕྱིར་མི་ཕྱོགས་པ་དང༌། ཁ་དོག་དཀར་པ་དང༌། བླ་བརྣན་གྱི་ནད་མི་བཟད་པ་ཡོད་པ་ནི་གསོ་དཀའ་ཞིང་བཅོས་སུ་མི་རུང་བ་ཡིན་ནོ། །ཅིག་ཤོས་དྲུག་སྟེ་ནད་ཐ་དད། །འདྲེས་དང་འདུས་པ་ཁྲག་ལས་བྱུང༌། །ཞེས་བྱ་བ་ལ། ལྷན་ཅིག་འབྱུང་བ་ལས་ཅིག་ཤོས་སུ་གྱུར་པའི་ཕྱིར་འབྱུང་བའི་གཞང་འབྲུམ་ནི་རྣམ་པ་དྲུག་ཡོད་དེ། ནད་ཐ་དད་པ་ལས་བྱུང་བ་གསུམ་དང་འདྲེས་པ་ལས་བྱུང་བ་དང་འདུས་པ་ལས་བྱུང་བ་དང་ཁྲག་ལས་བྱུང་བའོ། །རླུང་དང་བད་ཀན་གཉིས་ལས་སྐམ། །ཁྲག་དང་མཁྲིས་པ་ལས་རླན་ཅན། །ཞེས་བྱ་བ་ལ། དེ་ལ་གཞང་འབྲུམ་སྐམ་པོ་ཁྲག་མི་འཛག་པ་ནི་རླུང་དང་བད་ཀན་གཉིས་འདུས་པས་ཟིན་པ་ལས་འབྱུང་བར་འགྱུར་རོ། །གཞང་འབྲུམ་རླན་ཅན་ཁྲག་འཛག་པ་ནི་ཁྲག་དང་མཁྲིས་པ་འདྲེས་པས་ཟིན་པ་ལས་འབྱུང་བར་འགྱུར་རོ། །ནད་རྣམས་ལྡང་རྒྱུ་སྔར་བཤད་པ། །ཞེས་བྱ་བ་ལ། ནད་རྣམས་ལྡང་ཞིང་འཁྲུགས་པའི་རྒྱུ་གང་ཡིན་པ་ནི་སྔར་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པའི་སྐབས་སུ་བཤད་ཅིང་བསྟན་པ་ཡིན་ནོ། །འཁྲུགས་པ་དེ་ཡིས་ཁོང་པ་ཡི། །མེ་དྲོད་ཉམས་ཤིང་བཤང་བ་འཕེལ། །གཞན་ཡང་ཉལ་པོ་རབ་དྲགས་དང༌། །བཞོན་པས་ཁོང་འཁྲུགས་སྟན་དག་ནི། །མ་སྙོམས་སྲ་དང་ཙོག་པུར་འདུག །འཇམ་རྩི་གཅེའུ་ས་དང་ནི། །རྡོ་དང་གོས་ཀྱིས་བྲུད་པ་དང༌། །ཤིན་ཏུ་གྲང་བའི་ཆུས་བཀྲུས་དང༌། །རྟག་ཏུ་འཁྲུ་བར་


DTG201_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། །བཤང་དང་གཅི་དང་འཕྱེན་གྱི་ཤུགས། །བཀག་དང་ནན་གྱིས་བཙིར་བ་དང༌། །རིམས་དང་སྐྲན་དང་ཚད་པར་འཁྲུ། །འོར་ནད་སྐྱ་རྦབ་བེའུ་སྣབས་ཀྱིས། །སྐེམ་བྱས་གནོད་པར་འགྱུར་བ་ཡི། །སྤྱོད་པ་བསྟེན་ལས་འབྱུང་བར་འགྱུར། །བུད་མེད་ཟླ་གྲངས་མ་ཚད་འཕྱིལ། །ཟླ་བ་རྫོགས་པས་གཟིར་ལས་འབྱུང༌། །དེ་འདྲ་དག་དང་གཞན་ཡང་རླུང༌། །ཐུར་སེལ་འཁྲུགས་པས་དྲི་མ་ནི། །གཞང་གི་གཉེར་མར་དེ་གཞག་པས། །དེ་ནི་མི་མངོན་གྱུར་པས་གནས། །གཞང་འབྲུམ་འབྱུང་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ནད་ལྡང་བའི་རྒྱུ་དེས་ཁོང་བའི་མེ་དྲོད་ཉམས་ཤིང་བྲི་ལ་བཤང་བ་ཞེས་བྱ་བའི་དྲི་མ་འཕེལ་བར་བྱེད་པ་དང༌། རྒྱུ་གཞན་ཡང་བུད་མེད་ལ་འཁྲིག་པ་སྤྱད་པའི་ཉལ་པོ་དྲགས་པར་བྱ་བ་དང༌། བཞོན་པ་ལས་ཁོང་འཁྲུགས་པ་སྟེ། རྟ་ལ་སོགས་པའི་བཞོན་པ་མི་སྲུན་པས་གཡེངས་ཤིང་འཁྲུགས་པར་བྱས་པ་དང༌། སྟན་མཐོ་དམན་མ་སྙོམས་པ་ལ་འདུག་པ་དང༌། སྟན་སྲབ་པ་ལ་འདུག་པ་དང༌། རྟག་ཏུ་ཙོག་པུར་འདུག་པ་དང༌། འཇམ་རྩི་གཅེའུ་ལེགས་པར་མ་བཏང་བས་སྣད་པ་དང༌། ས་གཞི་དང་རྡོ་ལ་སོགས་པས་བྲུད་དེ་སྣད་པར་བྱས་པ་དང༌། ཤིན་ཏུ་རྒྱུན་མི་འཆད་པར་ཆུ་གྲང་མོས་བཀྲུས་ཤིང་རེག་པར་བྱས་པ་དང༌། རྟག་པར་རྒྱུན་ཏུ་འཁྲུ་བར་བྱེད་པ་དང༌། བཤང་བ་ལ་སོགས་པའི་ཤུགས་འབྱུང་བ་བཀག་ཅིང་བརྣག་པ་དང༌། དེ་དག་ཉིད་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་དང༌། རིམས་ལ་སོགས་པའི་ནད་ཀྱིས་སྐེམ་ཞིང་རིད་པར་བྱས་པ་དང༌། ལུས་ལ་སོགས་པ་ལ་གནོད་ཅིང་གདུང་བར་འགྱུར་བའི་ལས་ཀྱི་སྤྱོད་པ་བསྟེན་པ་དེ་དག་ལས་གཞང་འབྲུམ་འབྱུང་བར་འགྱུར་རོ། །ཡང་བུད་མེད་རྣམས་ལ་ནི་ནད་དེ་དག་གི་སྟེང་དུ་ཟླ་བ་མ་ཚང་ཞིང༌། མངལ་ན་གནས་པའི་སེམས་ཅན་སྐྱེ་བའི་དུས་ལ་མ་བབ་ཅིང༌། འཕྱིལ་བ་དང་ཟླ་བ་རྫོགས་ཤིང་ཚང་བར་འདུག་ཀྱང་དེ་གཟིར་བ་སྟེ་གནོད་པ་དང་བཅས་པར་བུ་བཙས་པ་ལས་གཞང་འབྲུམ་འབྱུང་བར་འགྱུར་རོ། །ནད་ཀྱི་རྒྱུ་དེ་འདྲ་བ་དེ་དག་དང༌། རྣམ་པ་གཞན་ཡང་ཐུར་དུ་


DTG201_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བ་ཞེས་བྱ་བའི་རླུང་འཁྲུགས་ཤིང་གནོད་པར་འགྱུར་བས་དྲི་མ་སོགས་པར་བྱེད་དེ། །གཞང་གི་གཉེར་མའི་གནས་སུ་བཀག་ནས་གནས་པར་བྱེད་ལ། དེས་ན་གཞང་གི་གཉེར་མ་དེ་རྣམས་སུ་ནི་མི་མངོན་པར་གནས་ཤིང་གསེབ་ཏུ་ཞུགས་པ་དེ་དག་རུལ་བར་འགྱུར་བའི་གནོད་པས་ཉེན་ནས་གཞང་འབྲུམ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ཡི་སྔོན་ཚུལ་མེ་དྲོད་ཉམས། །བརླ་ནི་རེངས་ཤིང་ན་བ་དང༌། །བྱིན་པའི་ཉྭ་ན་མགོ་འཁོར་ཞིང༌། །ཡན་ལག་ན་ཞིང་མིག་གཉིས་སྐྲང༌། །བཤང་བ་འཁྲུ་བ་འམ་ཡང་ན་སྲི། །རླུང་ཆེན་ནང་ནས་འཁྱིལ་བ་དང༌། །ཕལ་ཆེར་ལྟེ་བའི་འོག་ནས་རྒྱུ། །ནད་བཅས་བཅད་པ་ལྟ་བུར་སེམས། །དཀའ་བར་འབྱུང་ཞིང་སྒྲ་ཅན་འབྱུང༌། །རྒྱུ་མ་ཀྲུལ་ཀྲུལ་ཟེར་ཞིང་སྤོ། །སྐེམ་ཞིང་སྒྲེགས་པ་མང་དུ་འབྱུང༌། །གཅིན་མང་བཤང་ཉུང་ཡི་ག་འཆུས། །སྒྲེགས་པ་དུད་འདྲ་སྐྱུར་བ་འབྱུང༌། །མགོ་དང་རྒྱབ་དང་བྲང་དུ་གཟེར། །སྙོམ་ཞིང་ཁ་དོག་ཉམས་པ་དང༌། །གློང་བག་དབང་པོ་ཉམ་ཆུང་དང༌། །ཁྲོ་ཞིང་བསྙེན་བཀུར་དཀའ་བ་དང༌། །མ་ཞུ་སྐེམ་ནད་སྐྱ་རྦབ་དང༌། །དམུ་རྫིང་རྣམས་ལ་སོམ་ཉི་སྐྱེས། །ཞེས་བྱ་བ་ལ། གཞང་འབྲུམ་དེ་རྣམས་ཀྱི་སྔོན་བྱུང་བའི་ཚུལ་ལམ། གཟུགས་ནི་ཕོ་བའི་མེ་དྲོད་ཉམས་ཤིང་བྲི་བ་དང༌། བརླ་ཐོག་ཐག་ན་བ་དང༌། བྱིན་པ་གཉིས་ཀྱི་ཉ་གཅུས་པ་སྙམ་དུ་སེམས་ཤིང་ན་བ་ལ་སོགས་པ་དང༌། བཤང་བ་ཆེད་འགའ་ནི་འཁྲུ་ཞིང་སླ་ལ། ཆེད་འགའ་ནི་སྲི་ཞིང་རྟུག་སྐམ་དུ་འབྱུང་བ་དང༌། རླུང་ཆེ་ཞིང་མང་བ་དང༌། རྒྱུ་མའི་ལམ་བཀག་ནས་ནད་ནང་དུ་འཁྱིལ་ཞིང་མི་ཐོན་པ་དང༌། དེ་ཉིད་ཀྱིས་ན་ཕལ་ཆེར་ནད་ལྟེ་བའི་ནང་ན་རྒྱུ་ཞིང་ཟུག་པ་དང༌། ཕན་ཚུན་གཟེར་བའི་ནད་དང་བཅས་པ་དང༌། རྒྱུ་མའི་ནང་ཀུན་དུ་བཅད་པ་སྙམ་དུ་སེམས་པ་དང༌། འབྱུང་བར་དཀའ་ཞིང་ཐོགས་ལ་ཕྱིར་འབྱུང་བ་ཡང་སྒྲ་ཅན་དུ་འབྱུང་བ་དང༌། རྒྱུ་མའི་ནང་ཕན་ཚུན་ཀྲུལ་ཀྲུལ་ཟེར་ཞིང་འཁྲོག་པ་དང་སྦོ་བ་དང༌། སྐེམ་ཞིང་རིད་པ་ལ་སོགས་པ་དང༌། སྒྲེགས་པ་དུད་པ་དང་འདྲ་བར་དཀུ་བར་འོང་ཞིང་སྐྱུར་བར་འབྱུང་བ་དང༌། མགོ་ལ་སོགས་


DTG201_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟེར་ཞིང་ན་བ་དང༌། སྙོམ་ཞིང་ན་བ་དང༌། ལས་ལ་མི་བརྩོན་པ་དང༌། ཁ་དོག་ཉམས་པ་སྟེ། ཐལ་བའི་རང་བཞིན་གྱི་ཁ་དོག་ལས་གཞན་དུ་གྱུར་བ་མེད་པ་དང༌། སྤྲོ་བ་མེད་པ་དང༌། དབང་པོ་ཉམ་ཆུང་ཞིང་རང་རང་གི་ལས་ལ་འཇུག་མི་ནུས་པ་དང༌། ཁྲོ་ཞིང་སེམས་འཁྲུགས་པ་དང༌། བསྙེན་བཀུར་དཀའ་ཞིང་སྡུག་བསྔལ་བས་བསྙེན་བཀུར་བྱ་དགོས་པ་དང༌། མ་ཞུ་བའི་གནས་དམུ་རྫིང་གི་བར་གྱི་གནས་རྣམས་ཡོད་པར་སོམ་ཉི་སྐྱེས་ཤིང་དོགས་པར་འགྱུར་བ་ཡིན་ནོ། །གཞང་འབྲུམ་སྐྱེ་བར་གྱུར་པ་ལ། །འདི་དག་ཉིད་ནི་འཕེལ་བར་འགྱུར། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་སྐྱེས་ཤིང་བྱུང་བར་གྱུར་པ་ལ། སྔར་བྱུང་བའི་ཚུལ་གྱིས་རྟགས་འདི་དག་ཉིད་འཕེལ་ཞིང་དེའི་ཚུལ་གསལ་བ་ཉིད་དུ་འགྱུར་རོ། །དེ་ཡིས་འོག་གི་ལམ་བཀག་པས། །ཐུར་དུ་སེལ་བའི་རླུང་ལྡོག་སྟེ། །ལུས་དང་དབང་པོ་ཀུན་གནས་པའི། །རླུང་གཞན་ཐམས་ཅད་འཁྲུགས་པར་བྱེད། །དེ་བཞིན་བཤང་གཅི་མཁྲིས་པ་དང༌། །བད་ཀན་ལུས་ཟུངས་རྟེན་བཅས་པ། །འཁྲུགས་ཤིང་མེ་དྲོད་ཉམས་པར་བྱེད། །ཅེས་བྱ་བ་ལ། གཞང་འབྲུམ་དེས་འོག་གི་ལམ་བཤང་སྒོ་ཞེས་བྱ་བ་བཀག་པས་ཐུར་དུ་སེལ་བའི་རླུང་འབྱུང་བར་ལྡོག་པ་ན་ལམ་བཀག་པའི་ཕྱིར་རླུང་དེ་སླར་ལྡོག་པར་བྱེད་ལ། དེ་ལྟར་ལྡོག་པ་དེས་ལུས་དང་དབང་པོའི་ཚོགས་ཀུན་ལ་གནས་ཤིང་བརྟེན་པའི་རླུང་དང་མེ་དང་མཉམ་དུ་གནས་པ་དང༌། ཁྱབ་བྱེད་དང་སྟོད་དུ་རྒྱུ་བ་དང། སྲོག་ཅེས་བྱ་བ་ཐམས་ཅད་འཁྲུགས་ཤིང་གཡོ་བར་བྱེད་ལ། དེ་བཞིན་དུ་བཤང་གཅི་ལ་སོགས་པ་རྟེན་ནམ་གནས་དང་བཅས་པ་དང་འཁྲུགས་ཤིང་གཡོ་བར་བྱེད་ལ། ཁོང་པའི་མེ་དྲོད་ཀྱང་ཉམས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནས་གཞང་འབྲུམ་ནད་ཅན་ལ། །ཕལ་ཆེར་ཐམས་ཅད་ཉེར་འབྱུང་བ། །སྐེམ་ཞིང་མཆོག་ཏུ་བསྐྱོད་མི་ནུས། །སྟོབས་ཟད་ཁོང་རྨྱ་བཞིན་མདངས་ཉམས། །ལུས་ལྷོད་སྙིང་པོ་མེད་འགྱུར་ཞིང༌། །འབུས་ཟོས་པ་ཡི་ཤིང་འདྲ་ལ། །བླ་བརྣན་མ་ལུས་དག་གིས་འདེབས། །ཇི་སྐད་བཤད་པའི་གནད་


DTG201_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ཞིང༌། །ལུད་པ་སྐམ་དང་སྐད་འགགས་དང༌། །ཁས་རོ་མི་ཚོར་ཆམ་འདེབས་སྤོ། །སྒྱིད་སྐྱུར་རྐང་ལག་ན་ཞིང་སློན། །སྦྲིད་པ་སྐྲང་དང་རིམས་ནད་དང༌། །ཁུ་བ་ཟད་ཅིང་རབ་རིབ་སློན། །རྡེའུ་ཆགས་ནད་ཀྱིས་གཟིར་བ་དང༌། །སྐད་འགགས་ཞུམ་ལ་སེམས་ཁོང་ཆུད། །མཆིལ་མ་མང་འདོར་ཡི་ག་འཆུས། །རུས་ཚིགས་ཀུན་དང་སྙིང་ལྟེ་བ། །གཞང་དང་རྣ་རྩར་གཟེར་དང་བཅས། །གཞང་ནས་འབྲུ་ནི་མ་སྨིན་བཙོས། །ཁུ་བ་ལྟ་བུའི་སྦྱིན་བག་འཛག །རྟུག་སྐམ་སྤྱིན་པའང་སླ་བར་འགྱུར། །སྨིན་དང་མ་སྨིན་བར་བར་འཁྲུ། །སྐྱ་ཞིང་སེར་དང་སྔོན་པོ་ཡི། །ཁྲག་ནི་སྦྱིན་བག་འཁྲུ་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་སྔོན་པོའི་ཚུལ་གྱི་འོག་ཏུ་གཞང་འབྲུམ་གྱི་ནད་ཅན་ལ་ཕལ་ཆེར་འབྱུང་བར་འགྱུར་བའི་ཚུལ་ནི་སྐེམ་ཞིང་སྦེག་པ་དང༌། མཆོག་ཏུ་སྨྲ་འམ་ཤིན་ཏུ་བསྐྱོད་པར་མི་ནུས་ཤིང་རྩོལ་བ་ཆུང་པ་དང༌། ཉམས་སྟོབས་ཟད་ཅིང་ནུས་པ་ཆུང་བ་དང༌། ཁོང་པ་རྨྱ་ཞིང་སྒྱིད་ཞན་པ་དང༌། བཞིན་མདངས་ཉམས་ཤིང་བཞིན་རས་ཀྱི་མདོག་མི་སྡུག་པ་དང༌། ལུས་ལྷོད་ཅིང་བྱ་བ་མི་ལྕོགས་པ་དང༌། སྙིང་པོ་ལྟར་སྲ་ཞིང་མཁྲང་བའི་བག་མེད་དེ། དེ་ཡང་དཔེར་ན་འབུས་ཟོས་པའི་ཤིང་ལྟར་ཤིན་ཏུ་སྙི་ཞིང་སྙིང་པོ་མེད་པ་ཡིན་ནོ། །དེ་བཞིན་དུ་བླ་བརྣན་གྱི་ནད་དུ་མ་གཞན་ཇི་སྐད་བཤད་པ་རྣམས་ཀྱིས་ཀྱང་འདེབས་པར་འགྱུར་བ་དང༌། དེ་བཞིན་དུ་སྔར་ཇི་སྐད་བཤད་པའི་གནད་རྣམས་གཟིར་ཞིང་གནོད་པར་འགྱུར་བ་དང༌། དེ་བཞིན་དུ་ལུད་པ་ལ་སོགས་པས་གནོད་ཅིང་ཉེན་པར་འགྱུར་བ་དང༌། ཡང་དེ་བཞིན་དུ་སྐད་འགགས་པ་དང༌། སྐད་གསང་ཞུམ་པར་འགྱུར་བ་དང༌། སེམས་ཁོང་དུ་ཆུད་ཅིང་ཡིད་ལ་བྱེད་པས་གནས་པ་དང༌། མཆིལ་མ་མང་དུ་འབྱུང་ཞིང་བད་ཀན་ལས་ཀྱིས་ལྗན་ལྗིན་མང་དུ་འདོར་བ་དང༌། ཡི་ག་འཆུས་པ་ལ་སོགས་པའི་ནད་དང་བཅས་པར་འགྱུར་བ་དང༌། དེ་བཞིན་དུ་མ་སྨིན་པ་བཙོས་པའི་ཁུ་བ་ལྟ་བུར་སྦྱིན་བག་ཏུ་འདུག་ཅིང་འབྱིལ་བ་གཞང་ཁ་ནས་འཛག་པར་འགྱུར་བ་དང༌། དེ་བཞིན་དུ་བར་སྐབས་བར་སྐབས་


DTG201_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལན་འགའ་ནི་བཤང་བ་སྲི་ཞིང་འགགས་པས་རྟུག་སྐམ་དུ་འགྱུར་ལ། ལན་འགའ་ནི་འཁྲུ་ཞིང་སླ་བག་ཏུ་འབྱུང་བར་འགྱུར་ལ། དེ་བཞིན་དུ་ལན་འགའ་ནི་སྨིན་པར་འཁྲུ། ལན་འགའ་ནི་མ་སྨིན་པར་འཁྲུ་བ་ནས་སྦྱིན་བག་ཏུ་འཁྲུ་བར་འགྱུར་རོ། །གཞང་འབྲུམ་རླུང་ཤས་ཆེ་ལས་གྱུར། །སྐེམ་ཞིང་ཙེག་ཙེག་ཚ་བ་དང༌། །རྙིད་ཅིང་དམར་ནག་རེངས་པ་དང༌། །མི་སྙོམས་རྩུབ་ཅིང་སྲ་བ་དང༌། །ཕན་ཚུན་མི་འདྲ་ཡོ་བ་དང༌། །རྩེ་མོ་རྣོ་ཞིང་གས་པ་དང༌། །བིམ་པ་རྒྱ་ཤུག་ཁརྫུ་ར། །རས་བལ་ས་བོན་དང་འདྲ་ཞིང༌། །ལ་ལ་ཀ་དམ་མེ་ཏོག་འདྲ། །ལ་ལ་ཡུངས་ཀར་ལྟ་བུར་སྐྱེས། །མགོ་དང་ཕྲག་པ་རྩིབ་ལོགས་བརླ། །ཆུ་སོ་དག་ཏུ་ལྷག་བར་ན། །སྦྲིད་པ་སྒྲེགས་པ་བཤང་བ་སྲི། །སྙིང་འཕར་ཡི་ག་འཆུས་པ་སྐྱེད། །ལུད་དབུགས་མི་བདེ་མེ་དྲོད་ཉམས། །རྣ་བ་སྒྲ་བཅས་མགོ་འཁོར་བྱེད། །དེས་ཉེན་རྟུག་སྐམ་ཉུང་དུ་ནི། །སྒྲ་བཅས་སྐ་སླ་འདྲེན་མ་དང༌། །ན་ཞིང་ལྦུ་བ་འབྱར་བག་ཅན། །རྟུག་སྐམ་ཚུལ་གྱིས་འབྱུང་བར་འགྱུར། །པགས་པ་སེན་མོ་བཤང་གཅི་དང༌། །མིག་དང་གདོང་ནི་གནག་པར་འགྱུར། །སྐྲན་དང་མཆེར་པ་དམུ་རྫིང་དང༌། །གཏུན་འདྲ་དེ་ཉིད་ལས་འབྱུང་འགྱུར། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་རླུང་གི་ཤས་ཆེ་ཞིང་རྒྱས་པ་ལས་ནི་གཞང་འབྲུམ་སྐམ་ཞིང་ཁྲག་མི་འཛག་ཅིང་སྐམ་པ་དང༌། ཡུངས་ཀར་གྱི་ལྡེ་གུས་བསྐུས་པ་ལྟར་ཚ་བའི་བག་ཙེག་ཙེག་པོར་བྱེད་པ་དང༌། རྙིད་ཅིང་རྩེ་མོ་ཡོ་བ་དང༌། མདོག་དམར་ནག་ཏུ་འདུག་པ་དང༌། ཕུར་པ་ལྟར་རེངས་ཤིང་འགྲེང་བ་དང༌། དབྱིབས་མཐོ་དམན་མི་སྙོམས་པ་དང༌། སོག་ལེའི་ཁ་ལྟར་རྩུབ་པ་དང༌། རྡོ་ལ་རེག་པ་ལྟར་སྲ་བ་དང༌། དབྱིབས་ཕན་ཚུན་གཅིག་ལ་གཅིག་མི་འདྲ་བ་དང༌། ཡོ་ཞིང་གཞུ་ལྟར་གུག་པ་དང༌། རྩེ་མོ་ལྟར་རྣོ་བ་དང༌། རྩེ་མོ་གས་ཤིང་ཁ་བྱེ་བ་དང༌། བིམ་པ་ཞེས་བྱ་བ་འབྲས་བུ་དམར་པོ་ཞིག་ཡོད་པའམ། རྒྱ་ཤུག་ཕྲ་མོའི་འབྲས་བུའམ་ཤིང་ཁ་རྫུ་རའི་འབྲས་བུའམ་རས་བལ་གྱི་ས་བོན་དང་འདྲ་ཞིང་མཚུངས་པར་སྐྱེ་བ་དང༌། ཡང་ལ་ལ་ནི་ཀ་དམ་པའི་མེ་ཏོག་དང་འདྲ་བར་སྐྱེ་ལ། གཞང་


DTG201_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུམ་ལ་ལ་ཡུངས་ཀར་གྱི་ཚད་ཙམ་དུ་ཕྲ་བ་སྐྱེ་བར་འགྱུར་བ་དང༌། ཡང་དེ་བཞིན་དུ་མགོ་བོ་ལ་སོགས་པ་ལྷག་པར་ན་ཞིང་ཟུག་པ་དང༌། སྦྲིད་པ་ལ་སོགས་པ་མང་བ་དང༌། བཤང་བ་སྲི་བ་ལ་སོགས་པ་ནས། རྟུག་སྐམ་གྱི་ཚུལ་གྱིས་བཤང་བ་འབྱུང་བར་འགྱུར་བ་དང༌། པགས་པ་ལ་སོགས་པ་གནག་པར་འགྱུར་བ་དང༌། ཡང་རླུང་གི་གཞང་འབྲུམ་དེ་ཉིད་ལས་སྐྲན་ལ་སོགས་པ་ཡང་འབྱུང་བར་འགྱུར་བ་ཡིན་ནོ། །མཁྲིས་ཤས་ཆེ་ལ་རྩེ་མོ་ནི། །སྔོ་ཞིང་དམར་སེར་དཀར་བར་སྣང༌། །ཕྲ་ཞིང་དྲི་མ་རྣམ་ཁྲག་སླ་འཛག །སྲབ་ཅིང་འཇམ་ལ་ལྷོད་པ་ཡིན། །མཆེར་པའི་དུམ་བུ་ནེ་ཙོའི་ལྕེ། །སྲིན་པུ་པད་པའི་མཆུ་འདྲར་སྣང༌། །ཚ་ཞིང་རྣགས་ལ་རིམས་དང་རྔུལ། །སྐོམ་དད་ཡི་ག་འཆུས་རྨོངས་སྐྱེད། །བཤང་དྲོ་སླ་ཞིང་སྔོ་ལ་ཚ། །སེར་ཞིང་དམར་བར་འཁྲུ་བར་འགྱུར། །ནས་རུལ་ནང་འདྲ་པགས་པ་དང༌། །སེན་སོགས་སྔོ་སེར་ལྗང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བ་ལས་གྱུར་པའི་གཞང་འབྲུམ་ནི་འབྲུམ་བུའི་རྩེ་མོ་སྔོན་པོ་དང༌། ཁ་དོག་དམར་སེར་དང་དཀར་པོར་སྣང་བ་དང༌། ཕྲ་ཞིང་ཆུང་བ་ལ་སོགས་པ་དང༌། མཚེར་པའི་དུམ་བུ་ལ་སོགས་པ་གང་ཡང་རུང་བའི་རྣམ་པ་འདྲ་བ་ཚ་བ་ལ་སོགས་པའི་བླ་བརྣན་རྐེད་པ་དང༌། བཤང་བ་དྲོ་ཞིང་སླ་བ་ལ་སོགས་པ་གང་ཡང་རུང་བའི་རྣམ་པར་འཁྲུ་བ་དང༌། ནས་རུལ་བའི་ནང་གི་དབྱིབས་འདྲ་བ་དང༌། པགས་པ་དང་སེན་མོ་དང་མིག་དང་བཞིན་དང་དྲི་མ་རྣམས་སྔོ་ཞིང་སེར་བ་དང་ལྗང་བར་འགྱུར་རོ། །བད་ཀན་ཤས་ཆེ་རྩ་བ་སྦོམ། །མཐུག་ཅིང་ནད་ཀྱི་ཤུགས་དལ་དཀར། །སྐྲངས་ཤིང་རྒྱས་ལ་སྣུམ་པ་དང༌། །འགྲེང་ཞིང་ཟླུམ་ལ་ལྕི་ཞིང་བརྟན། །འབྱར་བག་ཚོར་བ་ཆུང་ཞིང་འཇམ། །གཡའ་ཞིང་རེག་ན་དགའ་བར་བྱེད། །ཀ་རི་ར་པ་ན་ས་ཡི། །རུས་པ་བ་ཡི་ནུ་སོར་འདྲ། །ཆུ་སོར་ཟུག་ཅིང་སྦོ་གཞང་ན། །ལྟེ་བ་ལྒང་པ་བཅད་སྙམ་སེམས། །ལུད་པ་དབུགས་མི་བདེ་སྙིང་ན། །མཆིལ་མང་ཆམ་འདེབས་ཡི་ག་འཆུས། །གཅིན་སྲི་མགོ་བོ་ཚོར་བ་མེད། །གྲང་བའི་


DTG201_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནི་སྐྱེད་པར་བྱེད། །ཁ་ཆུ་འཛག་ཅིང་མེ་དྲོད་ཉམས། །སློན་ཞིང་མ་ཞུའི་ནད་ཀུན་སྐྱེད། །བཤང་བ་ཚིལ་འདྲ་བད་ཀན་མང༌། །འཁྲུ་དང་བཅས་པ་འབྱུང་བར་འགྱུར། །འཛག་པར་མི་བྱེད་རྡོལ་མི་བྱེད། །པགས་པ་ལ་སོགས་སྣུམ་ཞིང་དཀར། །ཞེས་བྱ་བ་ལ། གཞང་འབྲུམ་བད་ཀན་ཤས་ཆེ་ཞིང་བདོ་བ་ལས་གྱུར་པའི་ནད་ནི་རྩ་བ་སྦོམ་ཞིང་ཆེ་བ་དང༌། མཐུག་ཅིང་ལྷུན་ཆེ་བ་དང༌། ནད་ཀྱི་ཤུགས་དལ་ཞིང་མི་དྲག་པ་དང༌། མདོག་དཀར་བ་ལ་སོགས་པའི་རྣམ་པ་ནས་རེག་ན་དགའ་བའི་བར་གྱི་མཚན་ཉིད་དང་ལྡན་པ་དང༌། ཤིང་ཀ་རི་རའི་འབྲས་བུའི་རུས་པའམ། པ་ན་སའི་འབྲས་བུའི་རུས་པ་དང་དབྱིབས་འདྲ་བ་དང༌། དེ་བཞིན་དུ་བའི་ནུ་སོར་གྱི་དབྱིབས་འདྲ་བ་ཡིན་ལ། དེ་བཞིན་དུ་ཆུ་སོར་ཟུག་པ་ལ་སོགས་པའི་ནད་སྐྱེད་པ་དང༌། བཤང་བ་ཚིལ་ལ་སོགས་པ་འབྱུང་བར་འགྱུར་བ་དང༌། ཁྲག་ལ་སོགས་པ་འཛག་པར་མི་བྱེད་ཅིང༌། རྡོལ་བའམ་ཁ་བྱེ་བར་ཡང་མི་བྱེད་པ་དང༌། པགས་པ་དང་མིག་དང་སེན་མོ་ལ་སོགས་པ་སྣུམ་ཞིང་མདོག་དཀར་བར་འགྱུར་བ་ཡིན་ནོ། །འདྲེས་ལས་མཚན་ཉིད་འདྲེས་མ་ཡིན། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། གཉིས་པ་འདྲེས་པ་ལས་བྱུང་བའི་མཚན་ཉིད་ནི་གང་དག་ལས་བྱུང་བ་དེ་དག་འདྲེས་མར་སྣང་བ་ཡིན་ལ། ནད་གསུམ་འདུས་པ་ལས་བྱུང་བ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ཁྲག་ཤས་ཆེ་ལས་གཞང་འབྲུམ་ནི། །མཁྲིས་པའི་མཚན་ཉིད་འདྲ་བ་ལ། །ནྱ་གྲོ་དྷ་ཡི་མྱུ་གུ་འདྲ། །བྱི་རུ་འོལ་མ་སེ་མདོག་འདྲ། །ཤིན་ཏུ་ཚ་དྲོ་ན་བ་དང༌། །བཤང་བ་ཤུགས་ཀྱིས་རབ་བཙིར་ལས། །འཕྲལ་དུ་ཁྲག་ནི་འབྱུང་བ་དང༌། །དེ་ཉིད་ཤིན་ཏུ་འཛག་པར་འགྱུར། །སྦལ་པ་འདྲ་ཞིང་ཁྲག་ཟད་ལས། །བྱུང་བའི་སྡུག་བསྔལ་གྱིས་ཉེན་འགྱུར། །མདོག་སྟོབས་སྤྲོ་བ་ཉམས་པ་དང༌། །མདངས་འཕྲོག་དབང་པོ་ཞན་པར་འགྱུར། །ཞེས་བྱ་བ་ལ། ཁྲག་ཤས་ཆེ་ཞིང་རྒྱས་པ་ལས་གྱུར་པའི་གཞང་འབྲུམ་ནི་མཁྲིས་པའི་མཚན་ཉིད་ཀྱི་རྣམ་པ་དང་འདྲ་བར་འབྱུང་བ་དང༌། དབྱིབས་ཤིང་ནྱ་གྲོ་དྷའི་མྱུ་གུ་དང་འདྲ་ཞིང༌།


DTG201_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་བྱི་རུའམ་འོལ་མ་སེ་ལྟར་དམར་བ་ཡིན་ལ། གཞང་འབྲུམ་དེ་ནི་ཚ་ཞིང་དྲོ་བ་དང༌། ན་བ་དང་བཤང་བ་ཤུགས་ཀྱིས་རབ་ཏུ་བཙིར་བ་ལས་འཕྲལ་དུ་ཁྲག་འབྱུང་ཞིང༌། ཁྲག་དེ་ཉིད་ཡང་དང་ཡང་དུ་ཤིན་ཏུ་འཛག་པར་འགྱུར་བ་དང༌། དབྱིབས་སྦལ་པ་འདྲ་བ་དང༌། ཁྲག་ཟད་པ་ལས་བྱུང་ཞིང་སྐྱེས་པའི་སྡུག་བསྔལ་བརྣག་པར་དཀའ་བས་ཉེན་ཅིང་གཟིར་བར་འགྱུར་བ་དང༌། མདོག་ལ་སོགས་པ་ཉམས་ཤིང་བྲི་བར་གྱུར་པ་དང༌། མདངས་ཕྲོགས་ཤིང་ཉམས་པ་དང༌། དབང་པོ་ཉམ་ཆུང་ཤིང་ནུས་པ་ཞན་པར་འགྱུར་བ་ཡིན་ནོ། །མུངྒ་ཀོ་དྲ་བའི་ཕྱེ་མ། །ཙ་ན་ཀ་རི་ར་སོགས་པ། །རྩུབ་དང་བཤང་བ་སྲི་བས་རླུང༌། །རང་གནས་འཁྲུགས་པ་སྟོབས་ལྡན་པས། །ཐུར་དུ་རྒྱུ་བའི་བུ་ག་ནི། །བཀག་སྟེ་སྨད་དུ་རབ་སྐམས་ནས། །བཤང་བ་གཅི་བ་འཕྱེན་རྣམས་ནི། །འགགས་པས་ནད་ནི་མི་བཟད་སྐྱེད། །དེ་ཡིས་ཁོང་པ་རྒྱབ་རྩིབ་ལོགས། །སྙིང་གར་ནད་ནི་ཤིན་ཏུ་སྐྱེད། །ལྟོ་སྦོས་གསུས་པ་ན་བ་དང༌། །སྙིང་གཅུ་རྒྱུ་མ་བཅད་སྙམ་སེམས། །ཆུ་སོར་ཤིན་ཏུ་ཟུག་པ་དང༌། །མཁུར་བར་སྐྲང་པ་འབྱུང་བར་འགྱུར། །རླུང་ནི་གྱེན་དུ་སོང་གྱུར་ན། །དེ་ལ་སློན་རིམས་ཡི་ག་འཆུས། །སྙིང་ནད་བེའུ་སྣབས་མ་ཞུ་དང༌། །གཅིན་སྲི་བཤང་བ་འཁྲུ་བ་དང༌། །འོན་དང་རབ་རིབ་དབུགས་མི་བདེ། །མགོ་ནད་ལུད་པ་ཆམ་པས་འདེབས། །ཡིད་ཀྱིས་འགྱུར་བ་སྐོམ་དང་ཁྲག །མཁྲིས་པ་སྐྲན་དང་དམུ་རྫིང་སོགས། །རླུང་གི་ནད་གཏོགས་དེ་དང་དེ། །ཤིན་ཏུ་མི་བཟད་འབྱུང་བར་འགྱུར། །གཞང་འབྲུམ་གྱེན་དུ་འཁྱིལ་གྱུར་པ། །འདི་ནི་མཆོག་ཏུ་གནོད་བྱེད་ཡིན། །ཞེས་བྱ་བ་ལ། སྲན་མུངྒ་དང༌། རྩ་འབྲུ་ཀོ་དྲ་བ་ལ་སོགས་པ་རྩུབ་པ་དང༌། བཤང་བ་སྲི་བར་བྱེད་པའི་ཟས་ཀྱིས་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གི་གནས་འཁྲུགས་ཤིང་ལྡང་བར་གྱུར་པ་སྟོབས་དང་ལྡན་ཞིང་ནུས་པ་ཆེ་བས་ཐུར་དུ་རྒྱུ་ཞིང་འབབ་པའི་བུ་ག་གང་ཡིན་པ་དེ་བཀག་ཅིང་བཅད་ནས། རོ་སྨད་དུ་བཤང་བ་དེ་དག་རབ་ཏུ་སྐམས་ནས། བཤང་བ་དང་གཅི་བ་དང་འཕྱེན་རྣམས་བཀག་


DTG201_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཕྱིར་མ་འཐོན་པའི་ནད་ཤིན་ཏུ་མི་བཟད་ཅིང་བརྣག་པར་དཀའ་བ་སྐྱེད་པར་འགྱུར་ལ། བཤང་བ་ལ་སོགས་པ་འགགས་པ་དེས་ཁོང་པ་ལ་སོགས་པར་ནད་ཤིན་ཏུ་གནོད་པ་སྐྱེད་ལ། ལྟོ་སྦོས་པ་དང་གསུས་པ་གཅུས་པ་ལྟ་བུར་ན་བ་དང༌། སྙིང་གཅུས་པ་སྙམ་དུ་སེམས་ཤིང་མཆིལ་མ་འབྱུང་བ་དང༌། རྒྱུ་མའི་ནང་གྲིས་བཅད་པ་སྙམ་དུ་སེམས་པ་དང༌། ཆུ་སོའི་ཕྱོགས་སུ་ཟུག་ཅིང་ན་བ་དང༌། མཁུར་བ་གཉིས་ལ་སྐྲང་པ་འབྱུང་བར་འགྱུར་བ་དང༌། རླུང་དེ་རོ་སྟོད་དུ་གྱེན་དུ་སོང་བར་གྱུར་ན། རྒྱུ་དེ་ལས་སློན་པ་ལ་སོགས་པའི་ནད་རླུང་ལས་གྱུར་པའི་ནད་གྲངས་མེད་པ་མི་བཟད་པ་དུ་མ་དག་འབྱུང་བར་འགྱུར་བ་དང༌། གཞང་འབྲུམ་གྱི་རྒྱུས་རླུང་གྱེན་དུ་འཁྱིལ་པ་ལས་གྱུར་པའི་ནད་འདི་ནི་མཆོག་ཏུ་མི་བཟད་པར་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ཡིན་ནོ། །རླུང་ཤས་ཆེ་བའི་ཁོང་པར་ནི། །དེ་མེད་པར་ཡང་དེ་འབྱུང་འགྱུར། །ཞེས་བྱ་བ་ལ། ཁོང་པ་རླུང་གི་ཤས་ཆེ་ཞིང་ལྟོ་བར་རླུང་ནད་རྒྱས་པར་གྱུར་པའི་སྲོག་ཆགས་རྣམས་ནི་གཞང་འབྲུམ་གྱི་རྒྱུ་དེ་མེད་པར་ཡང་གྱེན་དུ་འཁྱིལ་བ་ཞེས་བྱ་བའི་རླུང་ནད་འབྱུང་བར་འགྱུར་རོ། །ལྷན་ཅིག་སྐྱེས་དང་ནད་གསུམ་ལྡན། །ཕུགས་མའི་གཉེར་མར་གང་གནས་པ། །དེ་དག་གསོར་མི་རུང་བ་ཡིན། །མེ་དྲོད་སྟོབས་ཆེ་སོགས་ཀྱིས་འཚོ། །ཞེས་བྱ་བ་ལ། གང་གི་ལུས་ལ་གཞང་འབྲུམ་ལྷན་ཅིག་སྐྱེས་པར་གྱུར་པ་དེ་ནི་གསོར་མི་རུང་བ་ཡིན་ལ། ཕྱིས་འབྱུང་བ་ཡིན་དུ་ཟིན་ཀྱང་ནད་གཞི་གསུམ་ཆར་ལས་སྐྱེས་པ་དང༌། གཉེར་མ་ཕུགས་མར་གནས་པ་གང་ཡིན་བ་དེ་དག་ཀྱང་གསོར་མི་རུང་བ་ཡིན་ལ། ཡང་དེ་ནི་མེ་དྲོད་ཀྱི་སྟོབས་ཆེ་བ་ལ་སོགས་པས་རེ་ཞིག་འཚོ་བ་ཙམ་དུ་གནས་སུ་རུང་སྟེ། སོགས་པ་ཞེས་སྨོས་པས་ལུས་ཀྱི་སྟོབས་དང༌། སྨན་གྱི་སྦྱོར་བ་དང༌། གོམས་པ་དང༌། སྔོན་གྱི་ལས་ལ་སོགས་པ་བསྡུའོ། །འདྲེས་ལས་གྱུར་དང་གཉེར་མ་ནི། །བར་མར་གནས་པ་གང་ཡིན་པ། །ལོ་གཅིག་ཡན་ཆད་ལོན་གྱུར་པ། །དེ་དག་གསོ་དཀའ་ཡིན་པར་བཤད། །ཅེས་བྱ་བ་ལ། ཡང་གཞང་འབྲུམ་ནད་གཞི་གཉིས་འདྲེས་པར་


DTG201_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། དེ་བཞིན་དུ་གཉེར་མ་རིམ་པ་གཉིས་པར་བརྟེན་ཞིང་གནས་པ་དང༌། དེ་བཞིན་དུ་ལོ་གཅིག་ཡན་ཆད་ལོན་ཞིང་ལོ་འདས་པར་གྱུར་པ་དེ་དག་ནི་གསོ་དཀའ་བ་ཡིན་པར་བཤད་དོ། །ཕྱི་རོལ་གཉེར་མར་བྱུང་བ་དང༌། །ནད་གཅིག་ཤས་ཆེ་ལས་བྱུང་དང༌། །སྐྱེས་ནས་རིང་པོར་མ་ལོན་གང༌། །གཞང་འབྲུམ་དེ་ནི་གསོ་བར་སླ། །ཞེས་བྱ་བ་ལ། ཡང་གཞང་འབྲུམ་གང་ཕྱི་རོལ་གྱི་གཉེར་མའི་རིམ་པར་བརྟེན་ཞིང་བྱུང་བ་དང༌། དེ་བཞིན་དུ་ནད་གཞི་གཅིག་ཤས་ཆེ་ཞིང་རྒྱས་པ་ལས་བྱུང་བ་དང༌། དེ་བཞིན་དུ་སྐྱེས་ནས་ཡུན་རིང་པོར་མ་ལོན་ཞིང་ལོ་གཅིག་མན་ཆད་ཀྱི་ནང་དུ་བྱུང་བར་གྱུར་པའི་གཞང་འབྲུམ་དེ་ནི་གསོ་སླ་ཞིང་བཅོས་སུ་རུང་བ་ཡིན་ནོ། །ཕོ་མཚན་སོགས་ཀྱི་འོག་ནས་ནི། །རང་རང་སྐབས་བཤད། ཅེས་བྱ་བ་ལ། ཕོ་མཚན་དང༌། མོ་མཚན་དང༌། རྣ་བ་དང་སྣ་གོང་ལ་སོགས་པར་ཡང་འབྲུམ་བུ་འབྱུང་མོད་ཀྱི། དེ་དག་ནི་འོག་ནས་ལྦ་བའི་ནད་ཀྱི་མཚན་ཉིད་ཤེས་པར་བྱ་བ་ལ་སོགས་པ་རང་རང་གི་ལེའུ་ལས་བཤད་དོ། །ལྟེ་བར་སྐྱེས། རྟ་བླ་བ་ཡི་ཁ་འདྲ་ཞིང༌། །འབྱར་བག་ཅན་ལ་འཇམ་པ་ཡིན། །ཞེས་བྱ་བ་ལ། ལྟེ་བར་སྐྱེས་པའི་འབྲུམ་བུ་ནི་སྲོག་ཆགས་རྟ་བླ་བ་ཞེས་བྱ་བའི་འབུ་ཞིག་ཡོད་པའི་ཁ་དང་དབྱིབས་འདྲ་ཞིང་འབྱར་བག་ཅན་ལ་རེག་ན་འཇམ་པ་ཡིན་ནོ། །པགས་པའི་མཛེར་པ་སྨྲས་པ་ནི། །ཁྱབ་བྱེད་ཀྱིས་ནི་བད་ཀན་བསྡུས། །པགས་པའི་ཕྱི་རོལ་ཐོར་བུར་བྱེད། །མཛེར་པ་འདྲ་ཞིང་རྩུབ་པར་གནས། །པགས་པའི་མཛེར་པ་ཡིན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རླུང་ཁྱབ་བྱེད་ཀྱིས་བད་ཀན་གྱི་ཚོགས་བསྡུས་ནས་ཐོར་བུར་འབྱུང་བར་བྱེད་དེ། དེ་ཡང་པགས་པའི་ཕྱི་རོལ་དུ་གནས་པར་བྱེད་ཅིང་ཤའི་མཛེར་པ་འདྲ་བར་རྩུབ་ཅིང་རེག་ན་མི་བདེ་བར་གནས་པ་ཡིན་ལ། དེ་ནི་མཛེར་པ་དང་འདྲ་བས་ན། པགས་པའི་མཛེར་པ་ཡིན་པར་མངོན་ཤེས་ཅན་གྱི་དྲང་སྲོང་རྣམས་ཀྱིས་ཤེས་ཤིང་ཁོང་དུ་ཆུད་པ་ཡིན་ནོ། །རླུང་གིས་ཟུག་ཅིང་རྩུབ་པར་འགྱུར། །མཁྲིས་པས་གནག་ལ་དམར་རྩར་འགྱུར། །བད་ཀན་གྱིས་ནི་སྣུམ་ཉིད་


DTG201_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང། །རྨེན་བུའི་མདོག་དང་འདྲ་བར་འགྱུར། །ཞེས་བྱ་བ་ལ། པགས་པའི་མཛེར་པ་དེ་རླུང་ལས་གྱུར་པ་ཡིན་ན། ཟུག་ཅིང་ན་ལ་རེག་པ་རྩུབ་པར་འགྱུར་རོ། །མཁྲིས་པ་ལས་གྱུར་ན་མདོག་གནག་ལ་རྩ་དམར་བར་འགྱུར་རོ། །བད་ཀན་ལས་གྱུར་པ་ཡིན་ན་ནི་པགས་པའི་མཛེར་པ་དེ་སྣུམ་པ་ཉིད་དང༌། རྨེན་བུའི་མདོག་དང་འདྲ་ཞིང་མཚུངས་པ་ཡིན་ནོ། །བློ་དང་ལྡན་པས་མྱུར་བར་ནི། །འབད་དེ་གཞང་འབྲུམ་གསོ་བར་བྱ། །དེ་ཡིས་གཞང་ནི་མྱུར་བཀག་ནས། །དམུ་རྫིང་ནད་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། བློ་དང་ལྡན་ཞིང་མཁས་པའི་སྨན་པས་མྱུར་ཞིང་རིངས་པར་འབད་པ་དང་ལྡན་པས་གཞང་འབྲུམ་གྱི་ནད་གསོ་བར་བྱའོ། །ཅིའི་ཕྱིར་ཞེ་ན། གཞང་འབྲུམ་གྱི་ནད་དེས་གཞང་གི་སྒོ་མྱུར་དུ་འགགས་པར་བྱས་ནས། འོག་ནས་བཤད་པའི་དམུ་རྫིང་གི་ནད་གང་ཡིན་པ་དེས་སྐྱེད་ཅིང་འབྱུང་བར་འགྱུར་བ་ཡིན་པས། དེའི་ཕྱིར་ནད་དེ་ཤིན་ཏུ་མྱུར་བ་ཁོ་ནར་གསོ་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཚད་པར་འཁྲུ་བ་དང་ཕོ་བའི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་གཞིའི་འོག་ཏུ་འདི་བརྩམས་པའི་འབྲེལ་པ་ནི། ཟས་དང་རླུང་དག་ཤུགས་དགག་པ་ལ་སོགས་པ་རྒྱུ་ཐུན་མོང་ཡིན་པས་བཤད་པ་ཡིན་ནོ། །ནད་གཞི་སྣ་རེ་ཀུན་དང་ནི། །འཇིགས་དང་མྱ་ངན་ལས་གྱུར་པའི། །ཚད་པར་འཁྲུ་བ་རྣམ་དྲུག་ཡིན། །ཞེས་བྱ་བ་ལ། ཚད་པར་འཁྲུ་བའི་ནད་ནི་རླུང་ལ་སོགས་པ་ནད་གཞི་སྣ་རེ་ལས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པ་དང༌། དེ་བཞིན་དུ་འཇིགས་པ་ལས་གྱུར་པ་དང༌། མྱ་ངན་ལས་གྱུར་པ་སྟེ། ཚད་པར་འཁྲུ་བ་ནི་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ནི་ཆུ་འཐུངས་དྲགས་པ་དང༌། །ཤ་རིད་ཤ་སྐམ་མ་གོམས་པའི། །ཏིལ་གྱི་ཁུ་བ་མ་སྨིན་འབྲུ། །ཆང་རྩུབ་ཁ་ཟས་ཚོད་མ་ཟིན། །གཞང་འབྲུམ་སྣུམ་བག་དྲགས་པ་དང༌། །འབུ་དང་ཤུགས་ནི་བཀག་ལས་འབྱུང༌། །ཞེས་བྱ་བ་


DTG201_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡང་ཚད་པར་འཁྲུ་བ་དེ་ནི་ཆུ་འཐུངས་དྲགས་པ་ལ་སོགས་པ་ལས་ཤིན་ཏུ་སྐྱེ་ཞིང་འབྱུང་བར་འགྱུར་རོ། །ཡང་དེ་བཞིན་དུ་ཤ་རིད་དང༌། ཤ་སྐམ་རུལ་བག་ཟོས་པ་དང༌། དེ་བཞིན་དུ་སྔར་ཟ་མ་མྱོང་ཞིང་མ་ཟོས་པར་ཏིལ་བཏགས་པའི་ཁུ་བ་ཟོས་པ་དང༌། དེ་བཞིན་དུ་མ་སྨིན་པའི་འབྲུ་ལས་བྱས་པའི་ཁ་ཟས་ཟོས་པ་དང༌། ཆང་རྩུབ་ཅིང་མང་བར་འཐུངས་པ་དང༌། དེ་བཞིན་དུ་ཟས་ཀྱི་ཚོད་མ་ཟིན་པར་གསུད་བག་ཏུ་ཟོས་པ་དང༌། གཞང་འབྲུམ་གྱིས་བཏབ་པ་དང༌། སྣུམ་བག་མང་དུ་ཟོས་ཤིང་དྲགས་པ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། བཤང་བ་ལ་སོགས་པའི་ཤུགས་བཀག་པ་ལས་ཀྱང་ཆད་པར་འཁྲུ་བ་འབྱུང་བར་འགྱུར་རོ། །དེ་འདྲས་རླུང་ནི་འཁྲུགས་པ་ཡིས། །ཆུ་ཁམས་ཐུར་དུ་བསྐྱོད་གྱུར་ལ། །དེ་ཉིད་ཀྱིས་ནི་མེ་དྲོད་ཉམས། །དེ་འོག་ཁོང་པ་ཁྱབ་ནས་ནི། །བཤང་བ་སླ་བ་ཉིད་དུ་བྱེད། །དེ་ལྟར་ཚད་འཁྲུ་འབྱུང་བར་བཤད། །ཅེས་བྱ་བ་ལ། འདིར་མ་བཤད་པ་དེ་དང་ཚུལ་མཐུན་པ་དག་གིས་རླུང་འཁྲུགས་ཤིང་ལྡང་བར་གྱུར་ནས། ཆུའི་ཁམས་ལུས་ལ་གང་ཡོད་པ་ཐུར་དུ་བསྐྱོད་ཅིང་འབྱུང་བར་བྱེད་པར་འགྱུར་ལ། དེའི་འོག་ཏུ་དེའི་ཁམས་དེ་ཉིད་ཀྱིས་ཕོ་བའི་མེ་དྲོད་ཤིན་ཏུ་ཉམ་ཆུང་བར་བྱས་ནས། དེ་ནས་དེའི་འོག་ཏུ་ཆུའི་ཁམས་དེ་ཉིད་ཀྱིས་ལྟོ་བའི་ནང་བཤང་བས་ཁྱབ་པར་བྱས་ནས། དེ་ནས་བཤང་བ་དེ་སླ་ཞིང་གཤེར་བག་ཉིད་དུ་བྱེད་པར་འགྱུར་ཏེ། ཚད་པར་འཁྲུ་བ་ནི་ཚུལ་དེ་ལྟར་འབྱུང་བ་ཡིན་པར་བཤད་ཅིང་བརྟགས་པ་ཡིན་ནོ། །དེ་ཡི་འབྱུང་འགྱུར་མཚན་མ་ནི། །བཤང་ལམ་སྙིང་ག་ལྟོ་བར་ཟུག །ལུས་སྙོམ་བཤང་བ་སྲི་བ་དང༌། །སྦོ་ཞིང་ཁ་ཟས་མི་འཇུ་བའོ། །ཞེས་བྱ་བ་ལ། ཚད་པར་འཁྲུ་བ་དེ་ཕྱིས་འབྱུང་བར་འགྱུར་བའི་མཚན་མའམ་རྟགས་ནི་བཤང་བ་ལས་གཞང་ཁའི་ཕྱོགས་དང་སྙིང་ག་དང་ལྟོ་བའི་ཕྱོགས་སུ་ཟུག་ཅིང་ན་བ་དང༌། ལུས་དང་ཡན་ལག་སྙོམ་ཞིང་ལྕི་བ་དང༌། བཤང་བ་སྲི་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལས་རླུང་གྱུར་བཤང་ཆུར་བཅས། །ཉུང་ཞིག་འབྱུང་ཞིང་གཟེར་སྒྲ་བཅས། །འགགས་


DTG201_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འབྱུང་བར་འགྱུར་བ་དང༌། །རྩུབ་སླ་ལྦུ་བར་བཅས་པའམ། །གོང་བུར་ཡང་དང་ཡང་དུ་འབྱུང༌། །དེ་བཞིན་བུ་རམ་ཚིག་པ་འདྲ། །སྦྱིན་བག་བཅས་ཤིང་བཅད་སྙམ་སེམས། །ཁ་སྐམ་གཞང་ནི་སྣད་པ་དང༌། །སྤུ་ལངས་བ་དང་འཁྲུ་བ་ཡིན། །ཞེས་བྱ་བ་ལ། ཚད་པར་འཁྲུ་བ་དེ་དག་གི་ནང་ནས་རླུང་ལས་གྱུར་པའི་འཁྲུ་བ་ནི་བཤང་བ་ན་བ་དང་ཆུར་བཅས་ཏེ། ཆུ་རུལ་བ་ལྟ་བུ་འབྱུང་བ་དང༌། མཁྲེགས་ཤིང་ཉུང་ཞིག་འབྱུང་བ་དང༌། སྒྲ་དང་བཅས་ཤིང་གཟེར་བ་དང་བཅས་པར་འབྱུང་བར་འགྱུར་བ་དང༌། འགགས་ཤིང་སྐ་བར་འབྱུང་བར་འགྱུར་བ་དང། མདོག་རྩུབ་པ་དང༌། སླ་ཞིང་རྐྱང་རྐྱང་པོར་འབྱུང་བ་དང༌། ལྦུ་བ་དང་འདྲེན་མར་འབྱུང་བ་དང༌། གོང་བུར་ཆགས་ཤིང་བར་བར་ན་མདུད་པ་ཡོད་བ་འདྲ་བར་འབྱུང་བ་དང༌། ཡང་དང་ཡང་དུ་སྐད་ཅིག་མ་རེ་རེར་འབྱུང་བ་དང༌། དེ་བཞིན་དུ་བུ་རམ་ཚིག་པའི་མདོག་འདྲ་བར་འབྱུང་བ་དང༌། སྦྱིན་བག་ལ་སོགས་པའི་རྣམ་པ་དང་ལྡན་པར་འཁྲུ་བ་ཡིན་ནོ། །མཁྲིས་པས་སེར་ཞིང་གནག་པ་དང༌། །སྔོ་ཞིང་དུ་བའི་མདོག་འདྲ་ལ། །ཁྲག་བཅས་ཤིན་ཏུ་དྲི་མནམ་པ། །སྐོམ་དད་བརྒྱལ་ཚ་རྡུལ་དང་བཅས། །གཟེར་བཅས་གཞང་ཁ་ཚ་དང་བཅས། །གཞང་ཁར་ཐོར་བུ་འབྱུང་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཚད་པར་འཁྲུ་བ་ནི། འཁྲུ་བའི་མདོག་སེར་པོ་ལ་སོགས་པར་འཁྲུ་བར་འགྱུར་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །བད་ཀན་ལས་གྱུར་སྐ་བ་དང༌། །འབྱར་བག་སྐ་ཞིང་ནལ་ནལ་པོ། །སྣུམ་ཞིང་བེའུ་སྣབས་བད་ཀན་བཅས། །རྒྱུན་དུ་འཁྲུ་ཞིང་ལྕི་ལ་མནམ། །སྐ་ཞིང་ནད་རྗེས་འབྲང་བ་དང༌། །གཉིད་ཆེ་ཁོང་སྙོམ་ཡི་ག་འཆུས། །ཉུང་ཟད་ཉུང་ཟད་འཁྲུ་དང་བཅས། །བ་སྤུ་བརྩེ་ཞིང་གློངས་བཅས་དང༌། །ཆུ་སོ་ལྟོ་བ་གཞང་ཁ་ལྕི། །བཤང་ཡང་བཤང་བ་མ་བཏང་སྙམ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཚད་པར་འཁྲུ་བ་ནི་འཁྲུ་བ་སྐ་ཞིང་གར་གར་པོར་འབྱུང་བར་འགྱུར་བ་དང༌། འབྱར་བག་ལ་སོགས་པ་དང་བཅས་པར་འབྱུང་བ་དང༌། ཁོང་སྙོམ་པ་ནི་བྱ་བ་རྣམས་ལ་སྤྲོ་བ་ཆུང་བའོ། །གློངས་པ་ནི་ནད་རྣམས་བསྐྱོད་པར་གྱུར་པའོ། །ལྕི་བ་ནི་ཆུ་སོ་དང་


DTG201_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་དང་གཞང་ཁ་ཀུན་ཏུ་ལྕི་ཞིང་སྦོམ་པ་སྙམ་དུ་སེམས་པའོ། །བཤང་ཡང་བཤང་བ་མ་བཏང་བ་སྙམ་དུ་སེམས་པ་ནི་བཤང་བ་བཤང་ཞིང་འདོར་དུ་ཟིན་ཀྱང་ཁོང་ལྕི་བསམ་བཤང་བ་སྙམ་དུ་སེམས་ཤིང་ཡང་དང་ཡང་དུ་འབྱུང་བར་འགྱུར་རོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། ནད་གཞི་ཀུན་འདུས་པ་ལས་སྐྱེས་པའི་ཚད་པར་འཁྲུ་བ་ནི་ནད་གཞི་གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འཇིགས་པས་སེམས་ནི་འཁྲུགས་གྱུར་པ། །རླུང་གིས་མཁྲིས་བཅས་བཤང་བ་ནི། །སླ་བྱེད་དེ་ནས་འཁྲུ་བ་ནི། །ཚ་ཞིང་སླ་ལ་འཕྱོ་བ་དང༌། །མཚན་མ་རླུང་མཁྲིས་ལས་བྱུང་འདྲ། །མྱ་ངན་ལས་བྱུང་དེ་དང་འདྲ། །ཞེས་བྱ་བ་ལ། འཇིགས་པའི་རྒྱུས་སེམས་འཁྲུགས་ཤིང་གློངས་པར་གྱུར་པ་རླུང་གིས་མཁྲིས་པ་དང་བཅས་པའི་བཤང་བ་སླ་ཞིང་གཤེར་བར་བྱེད་ལ། དེ་ནས་དེའི་འོག་ཏུ་ཚད་པར་འཁྲུ་བ་འབྱུང་བར་འགྱུར་བ་ནི་འཁྲུ་བའི་རང་བཞིན་ཚ་ཞིང་དྲོ་བ་དང༌། སླ་ཞིང་གར་བག་མེད་པ་དང༌། འཕྱོ་ཞིང་ཆུར་མི་འབྱིང་བ་དང༌། མཚན་མ་རླུང་དང་མཁྲིས་པ་ལས་བྱུང་བ་དང་འདྲ་བ་ཡིན་པར་སློབ་དཔོན་རྣམས་ཀྱིས་བཤད་དོ། །མྱ་ངན་ལས་བྱུང་བའི་ཚད་པར་འཁྲུ་བའི་མཚན་ཉིད་ཀྱང་རླུང་དང་མཁྲིས་བ་ལས་བྱུང་བའི་ཚུལ་དེ་དང་མཚུངས་ཤིང་འདྲ་བ་ཡིན་པར་བཤད་དོ། །མདོར་ན་ཚད་འཁྲུ་རྣམ་གཉིས་ཏེ། །མ་ཞུར་བཅས་དང་མ་ཞུ་མེད། །ཁྲག་བཅས་ཁྲག་མེད། ཅེས་བྱ་བ་ལ། ཚད་པར་འཁྲུ་བ་ནི་མདོར་ན་རྣམ་པ་གཉིས་ཡིན་ཏེ། སྨིན་པ་དང་མ་སྨིན་པའི་རྣམ་པ་འམ། ཁྲག་དང་བཅས་པའམ་ཁྲག་མེད་པའི་རྣམ་པས་སོ། །དེ་ལས་ནི། །དང་པོ་བཤང་གཅི་ཆུར་འབྱིང་འགྱུར། །དྲི་མནམ་ལྟོ་ནི་སྦོ་བ་དང༌། །མཁྲེགས་ཤིང་མཆིལ་སྣབས་ཤིན་ཏུ་མང༌། །ཞེས་བྱ་བ་ལ། ཚད་པར་འཁྲུ་བ་སྨིན་པ་དང་མ་སྨིན་པ་དེ་གཉིས་ཀྱི་ནང་ནས། དང་པོ་མ་སྨིན་པའི་འཁྲུ་བའི་མཚན་ཉིད་ནི་འཁྲུ་བར་འབྱུང་བའི་བཤང་བ་དེ་རང་བཞིན་ལྕི་ཞིང༌། ཆུ་ལ་བཅུག་ན་ནང་དུ་འབྱིང་ཞིང་ནུབ་པར་འགྱུར་བ་དང༌། དྲི་མནམ་ཞིང་ང་བ་དང༌། ལྟོ་སྦོ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །སྨིན་པ་དེ་ལས་བཟློག་


DTG201_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཞེས་བྱ་བ་ལ། བཤང་བ་སྨིན་པའི་མཚན་ཉིད་དེ་ལས་གོ་བཟློག་པ་ཡིན་ཏེ། བཤང་བ་ཡང་ཞིང་ཆུར་མི་འབྱིང་བ་དང༌། ལྷག་པར་དྲིང་བ་མེད་པ་དང༌། ལྟོ་སྦོ་པ་ལ་སོགས་པ་མེད་པ་ཡིན་ནོ། །བད་ཀན་སྨིན་པའང་ཆུ་ནང་འབྱིང༌། །ཞེས་བྱ་བ་ལ། བད་ཀན་གྱི་རྒྱུ་ལས་ཚད་པར་འཁྲུ་བ་ནི། སྨིན་ཞིང་མ་ཞུ་བ་མེད་པ་ཡིན་ཡང་ཆུའི་ནང་དུ་འབྱིང་བར་འགྱུར་བ་ཡིན་ནོ། །གང་ཞིག་ཚད་འཁྲུ་འབད་པ་ནི། །མེད་དེས་ཕོ་བའི་ནད་དུ་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ལ་ཚད་པའི་ནད་ཀྱིས་ཐེབས་པར་གྱུར་ནས་སྤང་བར་བྱ་བའི་དངོས་པོ་སྤང་བར་བྱ་བ་ལ་འབད་པ་མེད་པར་གྱུར་ན། དེས་གྲང་བ་ལ་སོགས་པའི་ཕོ་བའི་ནད་དུ་འགྱུར་རོ། །མེ་དྲོད་ཉམས་པར་བྱེད་པ་ཡི། །ཟས་བསྟེན་པ་ཡིས་མེ་དྲོད་ཉམས། །ཞེས་བྱ་བ་ལ། ཕོ་བའི་ནད་དེ་ཡང་ཁོང་པའི་མེ་དྲོད་ཉམས་པར་བྱེད་པའི་ཁ་ཟས་དང་བཏུང་བ་བསྟེན་ཞིང་ལོངས་སྤྱོད་པ་ལས་མེ་དྲོད་ཉམས་ཤིང་གྲང་བའི་ཕོ་བའི་ནད་དུ་འགྱུར་རོ། །ཕོ་བའི་ནད་དང་ཚད་པར་འཁྲུ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། གང་ཞིག་ཞུ་ནས་བཤང་བ་ནི། །བེའུ་སྣབས་བཅས་དང་བེའུ་སྣབས་མེད། །འཁྲུ་བ་དེ་ནི་ཚད་འཁྲུ་སྟེ། །རང་བཞིན་གྱིས་ནི་མྱུར་གསོད་བྱེད། །ཅེས་བྱ་བ་ལ། ནད་ཀྱི་ཁྱད་པར་གང་དག་གིས་ཟས་ཞུ་བར་གྱུར་ནས་བཤང་བ་བེའུ་སྣབས་དང་བཅས་པའམ། བེའུ་སྣབས་མེད་པའི་རྣམ་པར་འཁྲུ་བར་གྱུར་པ་ནི་ཚད་པར་འཁྲུ་བ་ཞེས་བྱ་སྟེ། དེ་ནི་རང་གི་རང་བཞིན་གྱིས་མྱུར་དུ་གསོད་ཅིང་གནོད་པར་བྱེད་པ་ཡིན་ནོ། །མ་ཞུ་ཁ་ཟས་མ་ཞུ་དང༌། །ཞུ་བ་སྨིན་པའང་མི་འཁྲུ་འགྱུར། །རྒྱུ་མེད་ཡང་དང་ཡང་སྲི་བའམ། །རྒྱུ་མེད་ཡང་ཡང་སླ་བར་འབྱུང༌། །ཕོ་བར་མ་ཞུ་སོགས་ཤིང་འཁྲུ། །ཡུན་རིང་ན་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཕོ་བ་གྲང་བའི་མ་ཞུ་བའི་ནད་ནི་བཤང་བ་མ་ཞུ་བའི་བེའུ་སྣབས་སམ། ཟས་དང་བཅས་པར་ངེས་པར་འཁྲུ་བར་འགྱུར་ལ། ཟས་ཞུ་ནས་ནི་བཤང་བ་སྲི་བར་འབྱུང་བར་མི་འགྱུར་བས་མ་སྨིན་པར་འཁྲུ་བར་འགྱུར་རོ། །ཡང་རྒྱུ་མེད་པར་གློ་བུར་དུ་བཤང་བ་དེ་ཡང་དང་ཡང་དུ་སྲི་བ་དང༌།


DTG201_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལན་འགའ་ནི་རྒྱུ་མེད་པར་བཤང་བ་དེ་སླ་བར་ཡང་དང་ཡང་དུ་འབྱུང་ཞིང་འཁྲུ་བར་འགྱུར་རོ། །ཡང་ཕོ་བའི་མ་ཞུ་བ་དེ་ནི་ཡུན་རིང་དུ་སོགས་ཤིང་བཤང་བ་འཁྲུ་བ་དང༌། ཡུན་རིང་པོར་ན་བར་བྱེད་ཅིང་མྱུར་དུ་གསོད་པར་མི་བྱེད་པ་ཡིན་ནོ། །དེ་ནི་ནད་སྣ་རེ་རེ་འདུས། །ལས་བྱུང་རྣམ་པ་བཞི་ཡིན་ནོ། །ཞེས་བྱ་བ་ལ། ཕོ་བ་མ་ཞུ་བའི་ནད་དེ་ནི་རྣམ་པ་བཞི་ཡོད་དེ། རླུང་ལ་སོགས་པའི་ནད་གཞི་རེ་རེ་ནས་སྐྱེས་པ་དང༌། འདུས་པ་ལས་བྱུང་བའི་བཞི་ཡིན་ནོ། །དེ་ཡི་སྔོན་ཚུལ་སྙོམ་པ་དང༌། །རིང་ནས་འཇུ་ཞིང་སྐྱུར་བག་འབྱུང༌། །མཆིལ་མང་ཁ་ཡིས་དྲི་མི་ཚོར། །རྨྱ་སྙོམ་སྐོམ་ཞིང་ཡི་ག་འཆུས། །ལྟོ་སྦོ་སློན་ནི་བྲོ་བ་དང༌། །རྣ་བ་རྒྱུ་མ་སྒྲ་དང་བཅས། །ཞེས་བྱ་བ་ལ། ཕོ་བ་མ་ཞུ་བ་གྲང་བའི་ནད་དེ་ཕྱིས་འབྱུང་བའི་ཚུལ་ནི་ཡན་ལག་སྙོམ་ཞིང་ཉམ་ཆུང་བ་དང༌། ཕོ་བའི་མེ་དྲོད་ཞན་ཞིང་ཟས་རིད་ནས་འཇུ་བ་དང༌། དེ་བཞིན་དུ་སྒྲེགས་པ་སྐྱུར་བག་འབྱུང་བ་ལ་སོགས་པ་ཡིན་ནོ། །སྤྱི་ཡི་མཚན་ཉིད་སྐེམ་པ་དང༌། །དུ་བ་མུན་དང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མགོ་ན་བཤང་བ་འགགས། །རྐང་པ་ལག་པ་སྐྲངས་པར་འགྱུར། །ཞེས་བྱ་བ་ལ། ཕོ་བའི་ནད་བཞི་ཆར་གྱི་སྤྱིའི་ཐུན་མོང་གི་མཚན་ཉིད་ནི་ལུས་སྐོམ་ཞིང་རིད་པ་ནས་རྐང་པ་དང་ལག་པ་སྐྲངས་པར་འགྱུར་བའི་བར་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་ལ་རྐན་སྐམས་ཤིང༌། །རབ་རིབ་རྣ་བར་སྒྲ་འབྱུང་དང༌། །རྩིབ་ལོགས་བརླ་དང་ཆུ་སོར་ན། །བཤང་བ་ཡང་དང་ཡང་དུ་འབྱུང༌། །ཡང་ཡང་སྦོ་ཞིང་གསུད་པ་དང༌། །རོ་རྣམས་ཀུན་ལ་བརྐམ་པ་དང༌། །བཀྲེས་སྐོམ་རྒྱུ་མ་བཅད་སྙམ་སེམས། །ཟས་ཞུ་ནས་ནི་སྦོ་བ་དང༌། །ཟས་ཟོས་ནས་ནི་བདེ་བར་འགྱུར། །རླུང་གི་སྙིང་ནད་སྐྲན་གཞང་འབྲུམ། །མཛེར་པ་སྐྱ་རྦབ་འབྱུང་བར་དོགས། །བཤང་བ་འབྱུང་དཀའ་སྐ་སླར་འབྱུང༌། །དེ་ཡང་བེའུ་སྣབས་སྒྲ་ཅན་འབྱུང༌། །གཞང་ན་ལུད་པ་དབུགས་མི་བདེ། །ཞེས་བྱ་བ་ལ། དེ་ལ་ཕོ་བའི་ནད་བཞི་པོའི་ནང་ནས་རླུང་ལ་སོགས་པའི་ཕོ་བའི་མཚན་ཉིད་ནི་རྐན་སྐམས་པར་འགྱུར་བ་དང༌། མིག་རབ་རིབ་ཀྱིས་འདེབས་པ་དང༌། རྣ་


DTG201_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྒྲ་ཟི་ཟི་པོར་འབྱུང་བ་དང༌། རྩིབ་ལོགས་ལ་སོགས་པ་ན་བར་འགྱུར་བ་དང༌། མངར་བ་ལ་སོགས་པའི་རོ་རྣམས་ཀུན་ལ་བརྐམ་ཞིང་ཆགས་པ་དང༌། རྒྱུ་མ་བཅད་པ་བཞིན་དུ་སེམས་ཤིང་ན་བ་དང༌། ཟས་ཞུ་ནས་ལྟོ་སྤོ་བར་འགྱུར་བ་དང༌། དེ་ལྟར་ན་ན་བས་ཁ་ཟས་ཟོས་ཤིང་ལོངས་སྤྱད་ན་སླ་བར་འགྱུར་བ་དང༌། རླུང་ལས་གྱུར་པའི་སྙིང་ནད་ལ་སོགས་པ་འབྱུང་བར་དོགས་ཤིང་ཡིད་གཉིས་སུ་འགྱུར་བ་དང༌། ཡུན་རིང་ཞིག་ན་བཤང་བ་འབྱུང་ཞིང་ཐོགས་ལ་ན་བར་འགྱུར་བ་དང༌། སྐ་བ་དང་སླ་བ་ལ་སོགས་པའི་ཁྱད་པར་ལྡན་པར་འབྱུང་བ་ཡིན་ནོ། །མཁྲིས་པ་སྔོ་ཞིང་སེར་བ་དང༌། །སེར་པོ་སླ་བག་འཁྲུ་བར་འགྱུར། །མནམ་ཞིང་སྒྲེགས་སྐྱུར་སྙིང་ལྐོག་ཚ། །ཡི་ག་འཆུས་ཞིང་སྐོམ་དད་ཆེ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ནི་འཁྲུ་བ་སྔོ་ཞིང་སེར་བ་འདྲེས་མར་འབྱུང་བའམ། སེར་པོར་འབྱུང་བ་ལ་སོགས་པ་ཡིན་ནོ། །བད་ཀན་ལས་གྱུར་འཇུ་དཀའ་ཞིང༌། །ཟས་སློན་ཡི་ག་འཆུས་པ་དང༌། །ཁར་ཆགས་མཆིལ་མ་མང་བ་དང༌། །ལུད་པ་སྙིང་ནད་ཆམ་པས་འདེབས། །སྙིང་ག་མེར་མེར་པོར་སེམས་ཤིག །ལྟོ་བ་ཆོར་བ་ཆུང་ཞིང་ལྕི། །སྒྲེགས་པ་དྲི་མནམ་མངར་འབྱུང་སྙོམ། །བུད་མེད་མི་དགའ་མེ་དྲོད་ཆུང༌། །བེའུ་སྣབས་བད་ཀན་འདྲེས་པར་འཁྲུ། །བཤང་བ་ལྕི་བར་འབྱུང་བར་འགྱུར། །རིད་པ་མིན་ཡང་ཉམས་སྟོབས་ཆུང༌། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཕོ་བ་མ་ཞུ་བའི་ནད་ཀྱིས་འཁྲུ་བ་ནི། ཁ་ཟས་འཇུ་བར་དཀའ་ཞིང་རིང་ཞིག་ནས་འཇུ་བར་འགྱུར་བ་ལ་སོགས་པའི་ནད་ཀྱིས་འདེབས་པ་དང༌། སྙིང་མེར་མེར་པོར་གྱུར་ཅིང་ཁེངས་པ་སྙམ་དུ་སེམས་པ་དང༌། ལྟོ་བར་ཚོར་བ་ཆུང་ཞིང་ལུས་ལྕི་བ་དང༌། སྒྲེགས་པ་མནམ་ཞིང་ཤས་ཆེ་བའི་ལེགས་པར་མི་འབྱུང་བ་དང༌། ཡན་ལག་སྙོམ་པ་དང༌། བུད་མེད་ལ་དགའ་བ་མེད་ཅིང་ཉལ་པོ་ལ་མི་གདུང་བ་དང་མེ་དྲོད་ཆུང་ཞིང་བཤང་བ་བེའུ་སྣབས་ལ་སོགས་པ་དང་ལྡན་པར་འབྱུང་བ་དང༌། རིད་པ་མ་ཡིན་ཞིང་ཤ་མ་ཟད་ཀྱང་ཉམས་སྟོབས་ཆུང་ཞིང་ནུས་བ་ཞན་པར་འགྱུར་བ་ཡིན་ནོ། །ཀུན་སྐྱེས་མཚན་ཉིད་


DTG201_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མར་ལྡན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་ལས་བྱུང་བའི་ཕོ་བའི་ནད་ནི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་རྟགས་ཀུན་ཏུ་འདྲེས་པ་ཡིན་ནོ། །མ་སྙོམས་ལ་སོགས་མེ་དྲོད་གསུམ། །ཡན་ལག་ཆར་ཕྱེ་གང་བཤད་པ། །དེ་ཡང་ཕོ་བའི་ནད་དུ་འགྱུར། །ཞེས་བྱ་བ་ལ། མ་སྙོམས་པ་ལ་སོགས་པའི་མེ་དྲོད་གསུམ་པོ་སྟེ། མེ་དྲོད་མ་སྙོམས་པ་དང༌། མེ་དྲོད་ཤས་ཆེ་ཞིང་རྣོ་བ་དང༌། ཞན་ཞིང་རྟུལ་བ་གསུམ་པོ་ལུས་ཀྱི་གནས་སུ་ཡན་ལག་ཆར་ཕྱེ་བའི་སྐབས་སུ་བཤད་པ་གང་ཡིན་པ་དེ་ཡང་ཕོ་བའི་ནད་དུ་འགྱུར་བའི་རྒྱུ་ཡིན་ནོ། །སྙོམས་པ་བདེར་གནས་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། ཡང་མེ་དྲོད་མ་ཉམས་ཤིང་སྙོམས་པ་གང་ཡིན་པ་དེ་ནི་ལུས་བདེ་བར་གནས་ཤིང་ནད་མེད་པའི་རྒྱུ་ཡིན་ནོ། །རླུང་ནད་རྡེའུ་ནད་མཛེ་ནད་དང༌། །གཅིན་སྙི་དམུ་རྫིང་མཚན་པར་རྡོལ། །གཞང་འབྲུམ་ཕོ་ནད་ཅེས་བྱ་བརྒྱད། །ནད་ཆེན་གསོ་བར་དཀའ་བ་ཡིན། །ཞེས་བྱ་བ་ལ། ཕོ་བའི་ནད་ཀྱི་ཞར་ལ་རླུང་ནད་ལ་སོགས་པ་བརྒྱད་པོ་ནི་ནད་ཆེན་པོ་ཡིན་ཞིང་ཤིན་ཏུ་གསོ་དཀའ་བ་ཡིན་པར་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འབྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན་འགགས་པའི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་ནི་འདི་ཡིན་ཏེ། དྲི་མ་རེག་པའི་ནད་གཞིའི་ལེའུ་བཤད་ནས། གཅི་བ་ཞེས་བྱ་བའི་དྲི་མ་དངས་པའི་ནད་གཞིའི་ལེའུ་གཉིས་ཀྱིས་བཤད་པ་ཡིན་ཏེ། གཅིན་འགགས་པ་ནི་གཅིན་སྲི་བ་ལ་སོགས་པ་སྟེ། དེའི་ནད་གཞི་བཤད་པར་བྱའོ་ཞེས་པའོ། །ལྒང་པ་ལྒང་པའི་མགོ་ཕོ་མཚན། །རྐེད་པ་རླིག་པ་གཞང་ཁ་ནི། །གཞང་ཁའི་རུས་པར་བརྟེན་གྱུར་ཞིང༌། །གཅིག་ཏུ་འབྲེལ་བ་ཡིན་པར་བཤད། །ཅེས་བྱ་བ་ལ། ལྒང་པ་ལ་སོགས་པ་ལུས་ཀྱི་ཆར་གཏོགས་པ་རྣམས་ནི་འབྲེལ་བ་གཅིག་ཅིང་མདོར་བསྡུས་པ་གཅིག་ཡིན་པར་བཤད་ལ། དེ་དག་གི་གནས་སམ་རྟེན་ནི་གཞང་གི་


DTG201_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་གནས་ཏེ་དེ་དང་འབྲེལ་ལོ་ཞེས་བྱ་བའི་དོན་ནོ། །ལྒང་པ་ཁ་ནི་ཐུར་བལྟས་ཀྱང༌། །གཅིན་འཛག་པ་ཡི་རྩ་སྒོ་ནས། །རྒྱུན་མི་འཆད་པར་འཛག་པ་ཡིས། །ངོས་གཉིས་ནས་ནི་ཕྲེའུས་འགེངས། །ཞུགས་པ་གང་ཡིན་དེ་ཡིས་ནི། །གཅིན་འགགས་པ་དང་གཅིན་སྙི་བའི། །གསོ་དཀའ་གནད་ལ་བརྟེན་པའི་ནད། །ཉི་ཤུ་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ལྒང་པ་དེ་ནི་ཁ་ཐུར་དུ་བལྟས་ཏེ་གནས་པ་ཡིན་དུ་ཟིན་ཀྱང༌། གཅིན་འཛག་ཅིང་རྒྱུ་བར་བྱེད་པའི་རྩའི་སྦུབས་ཕྲ་མོ་ལས་རྒྱུན་མི་འཆད་པར་འཛག་ཅིང་འབབ་པར་བྱེད་པའི་རྩའི་ངོས་གཉིས་ན་གནས་པ་དེ་ལས་གཅིན་གྱི་ཕྲེའུ་འཛག་པས་ལྒང་པ་འགེངས་པར་བྱེད་ལ། གང་ལས་ཞུགས་པའི་རྩ་དེ་ཉིད་ཀྱི་སྒོ་ནས་རླུང་ལ་སོགས་པའི་ནད་ཞུགས་ནས། དེ་ལས་གཅིན་འགགས་པའི་ནད་ཉི་ཤུ་དང༌། གཅིན་སྙི་བའི་ནད་ཉི་ཤུ་གསོ་ཞིང་བཅོས་པར་དཀའ་བའི་གནད་ཀྱི་ནད་སྐྱེད་པར་འགྱུར་རོ། །ལྒང་པ་ཆུ་སོ་ཕོ་མཚན་ན། །ཅུང་ཟད་ཡང་དང་ཡང་དུ་འབྱུང༌། །སྲི་བ་རླུང་ལས་གྱུར་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་གཅིན་སྲི་བའི་མཚན་ཉིད་ནི། སྐྱེས་བུ་ལྒང་བ་དང་ཆུ་སོའི་ཕྱོགས་ཕོ་མཚན་ལྷག་པར་ན་ཞིང། །གཅིན་ཅུང་ཟད་ཡང་དང་ཡང་དུ་འབྱུང་བ་ཡིན་ནོ། །མཁྲིས་པ་ལས་གྱུར་སེར་ཚ་ན། །མདོག་དམར། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྲི་བའི་གཅིན་གྱི་མདོག་སེར་པོར་འབྱུང་བའམ། མདོག་དམར་ཞིང་ཁྲག་འདྲ་བར་འབྱུང་ལ། དེ་དག་ཀྱང་ཚབ་དང་ན་བ་དང་བཅས་པར་འབྱུང་བ་ཡིན་ནོ། །བད་ཀན་ལས་གྱུར་པ། ལྒང་པ་ཕོ་མཚན་ལྕི་ཞིང་སྐྲངས། །འབྱར་བག་དལ་གྱིས་འབྱུང་ཞིང་ཐོགས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གཅིན་འགགས་པ་ནི། ལྒང་པ་དང་ཕོ་མཚན་གཉིས་ལྕི་བ་དང༌། སྐྲངས་པར་འགྱུར་བ་དང༌། འབྱར་བག་དང་བཅས་ཤིང་ཐོགས་པ་དང་བཅས་པས་འགགས་ཤིང་གཅིན་འབྱུང་བར་འགྱུར་རོ། །ནད་ཀུན་ལས་བྱུང་མཚན་ཀུན་ལྡན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་པའི་གཅིན་སྲི་བ་ནི་ནད་ཀྱི་མཚན་ཉིད་གསུམ་ཅར་དང་


DTG201_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡིན་ནོ། །གང་ཚེ་རླུང་གིས་ལྒང་པའི་ཁ། །བཀག་པ་དེ་ཚེ་གཅིན་མཁྲིས་པ། །བད་ཀན་ཁུ་ཆུར་བཅས་པ་ནི། །རིམ་གྱིས་སྐམས་པར་བྱས་པ་ལས། །མི་བཟད་རྡེའུ་ཆགས་འགྱུར་ཏེ། །བ་ལང་མཁྲིས་པར་གི་ཝང་ལྟར། །ཐམས་ཅད་བད་ཀན་ལ་བརྟེན་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རླུང་གིས་ནད་འཁྲུགས་པར་གྱུར་ནས། ལྒང་པའི་ཁ་བཀག་ནས་གནས་པ་དེའི་ཚེ་གཅིན་མཁྲིས་པ་དང་བཅས་པའམ། བད་ཀན་དང་བཅས་པའམ། ཁུ་ཆུ་དང་བཅས་པ་རིམ་གྱིས་སྐམ་པར་བྱེད་ཀྱི། གཅིན་འབའ་ཞིག་སྐམ་པར་ནི་མི་བྱེད་ལ། དེའི་ཚེ་ནི་རྡེའུ་ཆགས་པར་འགྱུར་ཏེ། དེ་ཡང་མི་བཟད་པར་ན་ལ། གསོ་དཀའ་ཞིང་ཐོགས་པར་འགྱུར་རོ། །དེ་ཡང་དཔེར་ན་བ་ལང་གི་མཁྲིས་པ་སྐམ་ཞིང་འཐས་པས་རིམ་གྱིས་གི་ཝང་སྐྱེ་བ་དང་འདྲ་བར་རྡེའུ་ཆགས་པར་འགྱུར་རོ། །དེ་ཡང་ཐམས་ཅད་བད་ཀན་ལ་བརྟེན་ཞིང་གནས་པར་འགྱུར་རོ། །འདི་ཡི་སྔོན་ཚུལ་མཚན་ཉིད་ནི། །ལྒང་པ་སྦོ་ཞིང་དེ་ཡི་ནི། །ཉེ་འཁོར་ཀུན་ཏུ་རབ་ཏུ་ན། །གཅིན་ཡང་ལྷག་པར་དབྲེ་བྲོ་ཞིང༌། །གཅིན་འགགས་རིམས་འདེབས་ཡི་ག་འཆུས། །ཞེས་བྱ་བ་ལ། དེ་ནས་རྡེའུ་ཆགས་པ་འདིའི་སྔོན་བྱུང་བའི་མཚན་ཉིད་དམ་རྟགས་ནི་ལྒང་པ་སྤོ་ཞིང་རྒྱས་པ་དང༌། དེ་བཞིན་དུ་དེའི་ཉེན་ཀོར་ལྒང་པའི་མགོ་དང༌། ཕོ་མཚན་དང་རླིག་པ་ལ་སོགས་པ་ཀུན་ཏུ་ཐོག་ཐག་རབ་ཏུ་ན་ཞིང་ཟུག་པ་དང༌། གཅིན་དབྲེ་བ་ལ་སོགས་པར་འགྱུར་རོ། །སྤྱི་ཡི་མཚན་ཉིད་ལྟེ་བ་དང༌། ལྒང་མགོ་ལྒང་པའི་སྲུབས་ན་ཞིང༌། །དེ་ཡིས་གཅིན་འབྱུང་སྒོ་བཀག་པས། །གཅིན་གྱི་རྒྱུན་ནི་འཆད་ཅིང་འབྱུང༌། །དེ་བྱུང་ཟིན་ནས་བདེ་བར་བྱེད། །སླ་ཞིང་བ་ལང་ཚིལ་འདྲ་ལ། །དེ་བསྐྱོད་པ་ཡིས་ཁྲག་ཏུ་འགྱུར། །དྲག་ཤུལ་སྤྱོད་པས་རབ་ཏུ་ན། །ཞེས་བྱ་བ་ལ། སྤྱིའི་མཚན་ཉིད་དང་ཐུན་མོང་གི་རྟགས་ནི་ལྟེ་བ་ལ་སོགས་པར་ན་ཞིང་ཟུག་པ་དང༌། རྡེའུ་ཆགས་པ་དེས་གཅིན་འབྱུང་བའི་རྒྱུན་སྲང་གི་སྒོ་བཀག་པས། གཅིན་གྱི་རྒྱུན་ཆད་ཅིང་སྲུས་སྲུས་འབྱུང་བ་དང༌། དེ་བྱུང་ཟིན་ཞིང་དེ་དང་བྲལ་ནས་བདེ་བར་བྱེད་པ་ཡིན་པའམ། ཡང་ན་རྡེའུ་ས་བཀག་པ་


DTG201_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གྱུར་ན་བདེ་བར་འབྱུང་བ་ཡིན་ནོ། །གཅིན་འབྱུང་བ་དེ་ཡང་དངས་ཤིང་སླ་ལ་བ་ལང་གི་ཚིལ་འདྲ་བ་འབྱུང་ངོ༌། །ཡང་དེ་བསྐྱོད་ཅིང་རྟ་ལ་སོགས་པའི་བཞོན་པས་གཡེངས་པར་གྱུར་ན་ཁྲག་ཏུ་འབྱུང་བར་འགྱུར་ལ། དྲག་ཤུལ་གྱི་སྤྱོད་ལམ་ཚར་བཅད་དེ་རྒྱུག་པ་འམ། སྨྱུང་བ་བྱས་པས་རབ་ཏུ་ན་ཞིང་མི་བདེ་བར་འགྱུར་རོ། །དེ་ལ་རླུང་གྱུར་ཤིན་ཏུ་ན། །སོ་འཐམས་སྔོམ་ཞིང་ལུས་འདར་ལ། །ཕོ་མཚན་ཉིད་ཅིང་ལྟེ་བ་འཚིར། །རྒྱུན་དུ་ན་ཞིང་མཁུན་པར་བྱེད། །བཤང་བ་འཕྱེན་དང་བཅས་པར་འབྱུང༌། །གཅིན་གྱི་ཐིགས་པ་ཡང་ཡང་འོང༌། །རྡེའུ་གནག་ཅིང་རྩུབ་པ་དང༌། །ཆུ་སོར་ཚེར་མས་གང་སྙམ་བྱེད། །ཅེས་བྱ་བ་ལ། རྡེའུ་ཆགས་པ་དེ་རྣམས་ཀྱི་ནང་ནས་རླུང་ལས་གྱུར་པའི་རྡེའུ་ཆགས་པར་གྱུར་པ་ནི། ཤིན་ཏུ་ན་བས་གཟིར་ཞིང་དེ་ཉིད་ཀྱིས་ན་སོ་འཐམས་པར་སྡོམ་ཞིང་ཀྲིག་ཀྲིག་འཆའ་བར་འགྱུར་བ་དང༌། ལུས་འདར་ཞིང་བསྐྱོད་པ་དང༌། ཕོ་མཚན་ཉེད་པར་བྱེད་པ་དང༌། ལྟེ་བའི་ཕྱོགས་ལག་པ་གཉིས་ཀྱིས་འཚིར་པར་བྱེད་པ་དང༌། ཉིན་མཚན་རྒྱུན་དུ་མཁུན་ཞིང་ང་རོ་འབྱིན་པ་དང༌། བཤང་བ་འཕྱེན་དང་བཅས་པར་འབྱུང་བ་ལ་སོགས་པ་ཡིན་ནོ། །མཁྲིས་པས་ལྒང་པ་ཚ་བ་དང༌། །བཙོས་པ་སྙམ་བྱེད་རབ་ཏུ་དྲོ། །གོ་བྱེའི་འབྲས་བུའི་དབྱིབས་འདྲ་ལ། །རྡེའུ་མདོག་དམར་ཞིང་སེར་ལ་གནག །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྡེའུ་ཆགས་པས་ནི་ལྒང་པ་ཤིན་ཏུ་ན་ཞིང་བཙོས་པ་སྙམ་བྱེད་ལ། དེ་བཞིན་དུ་རབ་ཏུ་དྲོ་བ་དང་ལྡན་པར་འགྱུར་རོ། །རྡེའུའི་དབྱིབས་ཀྱང་བསེ་ཤིང་གི་འབྲས་བུའི་དབྱིབས་དང་འདྲ་ལ། རྡེའུའི་ཁ་དོག་ཀྱང་དམར་སེར་དུ་འདུག་ཅིང་རྩ་གནག་པ་ཡིན་ནོ། །བད་ཀན་གྱིས་བསིལ་ལྕི་བ་དང༌། །ལྒང་པའི་ནང་དུ་ཟུག་ཅིང་ན། །རྡེའུ་ཆེ་ཞིང་འཇམ་པ་ལ། །སྦྲང་རྩིའི་མདོག་གམ་ཡང་ན་དཀར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྡེའུ་ཆགས་པས་ནི་རེག་ན་བསིལ་བ་དང་རང་བཞིན་ལྕི་བ་དང༌། ལྒང་པའི་ནང་ལག་པས་མཉེས་ཤིང་བཙུགས་པ་ལྟར་ན་བ་ལ་སོགས་པ་ཡིན་ནོ། །འདི་དག་བྱིས་པ་རྣམས་ལ་ནི། །ཕལ་ཆེར་འབྱུང་བར་འགྱུར་བ་ཡིན། །གནས་དང་


DTG201_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ནི་ཆུང་བའི་ཕྱིར། །བཟུང་དང་དབྱུང་བ་བདེ་བ་ཡིན། །ཞེས་བྱ་བ་ལ། རྡེའུ་ཆགས་པ་གསུམ་པོ་འདི་དག་ནི་ཕལ་ཆེར་རམ། མང་དུ་བྱིས་པ་རྣམས་ལ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ཡང་བྱིས་པ་རྣམས་ལ་འབྱུང་བ་ནི་རྡེའུ་བཟུང་བ་དང་དབྱུང་བ་བདེ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་དང་ཤ་ཆུང་བའི་ཕྱིར་ཏེ། ལྒང་པ་ཆུང་བ་ཉིད་ཀྱི་ཕྱིར་དང༌། ཤ་ཆུང་ཞིང་སྲབ་པའི་ཕྱིར་བཟུང་བ་དང༌། དབྱུང་བ་གཉིས་ཀ་བདེ་བ་ཡིན་ནོ། །མི་ཆེན་ཁུ་བ་ལས་བྱུང་རྡེའུ། །ཁུ་བ་བཀག་པས་འབྱུང་བར་འགྱུར། །གནས་ལས་འཕོས་པ་ཕྱིར་མ་བྱུང༌། །རླིག་པར་གནས་པ་རླུང་གིས་ནི། །སྐམས་ནས་ཉེ་བར་བསྡུས་གྱུར་པ། །དེ་ནི་ཁུ་བ་རྡེའུ་ཆགས་ཡིན། །ལྒང་པར་གཅིན་ནི་སྲི་བྱེད་ཅིང༌། །ཚ་ཞིང་སྐྲང་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། མི་ཆེན་པོ་ལྟ་བུ་ལས་བྱུང་བའི་རྡེའུ་འབྱུང་བར་འགྱུར་ལ། དེ་ཡང་ཁུ་བ་བཀག་པའི་གཞི་ལས་བྱུང་ལ། དེ་ཡང་ཁུ་བ་གནས་ལས་འཕོས་པར་གྱུར་ཅིང༌། ཉལ་པོ་སྤྱད་པའི་བར་ཆད་དུ་གྱུར་པས། ཕྱི་མ་ལམ་ལོག་པར་སོང་བ་དེ་རླིག་པ་དག་གི་བར་ན་གནས་པས་ན། རླུང་གིས་བསྡུས་ཏེ་ཁུ་བ་དེ་སྐམས་ནས་གོང་པོར་བྱས་པ་དེ་ནི་ཁུ་བའི་རྡེའུ་ཆགས་པ་ཞེས་བྱ་ལ། དེ་ཡང་ལྒང་པར་གཅིན་སྲི་བ་ལ་སོགས་པར་བྱེད་ཅིང་རླིག་པ་སྐྲང་བར་བྱེད་པ་ཡིན་ནོ། །དེ་ནི་སྐྱེས་མ་ཐག་ཏུ་ནི། །ཁུ་བ་ཞུ་སྟེ་སླ་བར་འགྱུར། །ཞེས་བྱ་བ་ལ། རྡེའུ་སྐྱེས་མ་ཐག་རིང་པོ་མ་ལོན་པར་ཁུ་བ་ཞུ་ཞིང་སླ་བག་ཏུ་འབྱུང་བར་འགྱུར་རོ། །ཕྱོགས་དེར་མནན་ན་ཞུ་བར་བྱེད། །ཅེས་བྱ་བ་ལ། རྡེའུ་དེ་ཕྱོགས་གང་དུ་ཆགས་པའི་ཕྱོགས་དེར་མནན་པ་ཙམ་གྱིས་ཞུ་ཞིང་འབྱུང་བར་འགྱུར་རོ། །རྡེའུ་གསེག་མ་ལྟ་བུར་གནས། །རླུང་གིས་ཕྱེ་མར་བཤིག་གྱུར་པ། །དེ་འདིར་ཚུལ་བཞིན་འབྱུང་ཞེས་བྱ། །གཅིན་དང་ལྷན་ཅིག་ཕྱིར་འབྱུང་འགྱུར། །ལུགས་བཞིན་མི་འབྱུང་རྡེའུ་ཆགས། །ཞེས་བྱ་བ་ལ། ཁུ་བ་རྡེའུ་ཆགས་པ་རླུང་གིས་ཕྱེ་མར་བཤིག་པ་ནི། གསེག་མ་ལྟ་བུ་ཞེས་བྱ་སྟེ་གསེག་མ་ཕྱེ་མ་ལྟ་བུ་དེ་རླུང་ཚུལ་བཞིན་དུ་འབྱུང་བར་འགྱུར་བས་ནི་གཅིན་དང་ལྷན་ཅིག་ཕྱིར་འབྱུང་


DTG201_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ལ། རླུང་ལུགས་བཞིན་མི་འབྱུང་སྟེ། འཁྱིལ་ན་ནི་རྡེའུ་ཆགས་པར་བྱེད་ཀྱི། གཅིན་དང་ལྷན་ཅིག་ཕྱིར་འབྱུང་བར་མི་བྱེད་དོ། །གཅིན་ནི་བཀག་པར་བྱས་གྱུར་པས། །རླུང་གིས་ལྒང་བའི་ཁ་བཀག་ནས། །གཅིན་འགགས་ན་ཞིང་གཡའ་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུས་གཅིན་འབྱུང་བ་ནན་གྱིས་བཀག་པར་གྱུར་པས་དེའི་སྐྱོན་གྱིས་རླུང་གིས་ལྒང་པའི་སྒོ་བཀག་ནས་གཅིན་འགགས་ཤིང་གཡའ་བའི་ནད་སྐྱེད་པར་འགྱུར་རོ། །ལན་འགའ་རང་གནས་ལས་སྤངས་ནས། །ལྒང་པ་རྒྱས་ཏེ་ཁ་ཆེ་ཞིང༌། །མངལ་འདྲ་སྦོམ་ཞིང་ལོག་པར་འདུག །དེར་ནི་ན་ཞིང་ཚ་བར་བྱེད། །འཕར་ཞིང་གཅུས་པ་སྙམ་དུ་སེམས། །ཐིགས་པ་ཙམ་དུ་འཛག་པ་དང༌། །ལྒང་བཙིར་རྒྱུན་ནི་འབྱུང་བར་འགྱུར། །རྣམ་པ་གཉིས་པོ་འདི་དག་ནི། །རླུང་གི་ལྒང་པའི་ནད་ཅེས་བྱ། །གསོ་དཀའ་གཉིས་པ་རླུང་གི་ཡིན། །མཐུ་ཆེ་ཤིན་ཏུ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། ཡང་རླུང་ལན་འགའ་སྟེ། ཚེ་འདི་འམ། ཚེ་རབས་གཞན་གྱི་རྒྱུའི་དབང་གིས་རང་གི་འདུག་པའི་གནས་ལས་སྤངས་ཤིང་བསྐྱོད་དེ། ལྒང་པ་དེ་རྒྱས་པར་བྱས་ནས་ཁའི་ཞེང་ཆེ་བ་མངལ་འདྲ་བ་དང༌། སྦོམ་ཞིང་ལོག་པར་འདུག་པ་རང་གི་ཚད་ལས་ཆེ་ལ་གནས་ལས་འཕོས་ཏེ་ལོག་པར་འདུག་པར་གྱུར་ན་ལྒང་པ་དེར་ན་བ་ལ་སོགས་པར་འགྱུར་ལ། གཅིན་ཐོགས་པ་ཙམ་དུ་ཉུང་ཞིག་འཛག་པར་འགྱུར་ལ། ལྒང་པ་བཙིར་ན་རྒྱུན་དུ་འབབ་ཅིང་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་གཉིས་པོ་དེ་དག་ནི་རླུང་ལས་གྱུར་པའི་ལྒང་པའི་ནད་ཅེས་བྱ་བའོ། །དེ་ནི་གསོ་དཀའ་བ་ཡིན་ལ། དེ་གཉིས་ལས་ཀྱང་གཉིས་པ་ནི་རླུང་ཤས་ཆེ་བའི་ཕྱིར་ཤིན་ཏུ་ཡང་གསོ་དཀའ་བ་ཡིན་ནོ། །བཤང་ལམ་དང་ནི་ལྒང་པ་ཡི། །བར་ན་རླུང་ནི་བརྟེན་གྱུར་པ། །གཏུན་འདྲ་སྲ་ཞིང་མཐོ་བ་དང། །མི་འགྱུར་གནས་བྱེད་མདུད་པ་ཅན། །རླུང་ནད་གཏུན་འདྲ་དེ་སྦོས་བཅས། །བཤང་གཅི་འཕྱེན་ནི་འགག་བྱེད་ཡིན། །ཞེས་བྱ་བ་ལ། བཤང་བའི་ལམ་དང་གཞང་དང་ལྒང་པའི་བར་ན་རླུང་བརྟེན་ཞིང་གནས་པར་འགྱུར་བ་དེ་ནི་གཏུན་འདྲ་ཞིང་དེའི་རྣམ་པ་ཅན་


DTG201_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། གཞན་ཡང་མཐོ་ཞིང་མཐུག་ལ་མི་འགྱུར་བར་གནས་པའི་མདུད་པ་ཅན་ལྟ་བུ་དེ་ནི་ལྟོ་སྦོས་པ་དང་བཅས་པའི་ནད་སྐྱེད་པར་འགྱུར་རོ། །ལོག་རྒྱུ་འཁྱིལ་བར་བྱེད་པ་ཡི། །རླུང་གིས་ཆུ་སོར་མི་བཟད་གཟེར། །གཅིན་ལ་ཞུགས་ཏེ་འཁྱིལ་བྱེད་ཅིང༌། །རེངས་བྱེད་ལྕི་ཞིང་གཅུས་སྙམ་བྱེད། །གཅིན་ནི་ཉུང་ཤས་ཉུང་ཤས་འབྱུང༌། །ཡང་ན་བཤང་གཅི་གཏོང་ཚེ་འབྱུང༌། །འདི་ནི་རླུང་ནད་འཁྱིལ་བ་ཡིན། །ཞེས་བྱ་བ་ལ། རླུང་ཐུར་དུ་རྒྱུ་བའི་ལམ་འགགས་ཏེ་འཁྱིལ་ནས་ཟླུམ་པོར་གནས་པ་དེ་ཆུ་སོར་བརྟེན་པར་གྱུར་ན། མི་བཟད་པའི་གཟེར་བསྐྱེད་དེ་གཅིན་ལ་ཞུགས་ནས་གཅིན་དེ་འཁྱིལ་ཞིང་སྲི་བར་བྱེད་པ་ལ་སོགས་པའི་ཚུལ་བྱེད་པའམ། ཡང་ན་གཅིན་ཉུང་ཤས་ཉུང་ཤས་འཛག་པར་འགྱུར་རོ། །དེ་ལྟ་བུའི་རླུང་ལས་གྱུར་པའི་གཅིན་ནད་དེ་ནི་འཁྱིལ་པ་ཞེས་བྱ་བ་ཡིན་ནོ། །གཅིན་ནི་ཡུན་རིང་བཀག་གྱུར་པ། །སྲི་ཞིང་འབྱུང་བར་མི་འགྱུར་ལ། །གཅིན་ཐོན་ནས་ནི་ནད་ཚབས་འབྲི། །ཞེས་བྱ་བ་ལ། ཡང་གཅིན་ཡུན་རིང་ཞིག་བཀག་ཅིང་བརྣག་པར་གྱུར་པ་ནི་ཕྱིས་གཏོང་བའི་ཚེ་སྲི་ཞིང་བདེ་བླག་ཏུ་འབྱུང་བར་མི་འགྱུར་ལ་དེ་ནི་གཅིན་ཐོན་ནས་ནད་ཚབས་འབྲི་བའི་གཅིན་ནད་ཅེས་བྱའོ། །གཅིན་བཀག་པ་ཡིས་གནོད་གྱུར་པ། །གང་ཚེ་རླུང་གིས་བཟློག་གྱུར་པ། །ལྟེ་བའི་འོག་ནས་ལྟེ་བའི་བར། །གཅིན་གྱིས་གང་གྱུར་དེ་ཡི་ཚེ། །རབ་ཏུ་ན་ཞིང་སྦོ་པ་དང༌། །ཟས་མི་ཞུ་ཞིང་མེ་དྲོད་འགགས། །དེ་ནི་ལྟོར་གཅིན་འགགས་ཞེས་བྱ། །ཞེས་བྱ་བ་ལ། གཅིན་བཀག་ཅིང་བརྣག་པའི་སྐྱོན་གྱིས་ནད་དུ་གྱུར་པ་དེ་ནི་དུས་གང་གི་ཚེ་རླུང་གིས་གྱེན་དུ་བཟློག་པར་གྱུར་པའི་ཚེ་ལྟེ་བའི་འོག་ནས་ལྟེ་བའི་བར་དུ་ན་བ་ལ་སོགས་པའི་ནད་སྐྱེད་པར་འགྱུར་ཏེ། དེ་ནི་ལྟེ་བར་གཅིན་འགགས་པ་ཞེས་བྱའོ། །གཅིན་འབྱུང་བུ་ག་འཆུས་པ་འམ། །རླུང་གིས་བཀག་ནས་གཅིན་ཉུང་འབྱུང༌། །ལྒང་པ་མཚན་སྦུབས་ནོར་བུར་ནི། །གནས་ནས་དེ་འོག་རིམ་གྱིས་འཛག །ནད་བཅས་པའམ་ནད་མེད་པ། །གཅིན་ནི་ཆད་དང་བཅས་པར་འབྱུང༌། །ལྷག་མ་


DTG201_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཏེ་མཚན་ལྕི་ཡིན། །ཞེས་བྱ་བ་ལ། གཅིན་འབྱུང་བའི་བུ་ག་འཆུས་པ་ལ་སོགས་པའི་སྐྱོན་ནམ། ཡང་ན་རླུང་གིས་བཀག་པས་གཅིན་ཉུང་དུ་འབྱུང་ཞིང་སྲི་བར་འགྱུར་བ་དང༌། དེ་ཡང་ལྒང་པའམ་མཚན་གྱི་སྦུབས་སམ། ཕོ་མཚན་གྱི་རྩེ་མོ་ནོར་བུ་ཞེས་བྱ་བ་ལ་གནས་ནས་རིམ་གྱིས་འཛག་པར་འགྱུར་ཞིང༌། དེ་ནད་དང་བཅས་པའམ་ནད་མེད་པར་གཅིན་ཆད་ཅིང་སྲི་བག་དང་བཅས་པས་འབྱུང་ལ། འབྱུང་བའི་ལྷག་མ་ལུས་པས་དེ་མཚན་ལྕི་བར་འགྱུར་བ་ཡིན་ཏེ་ཕོ་མཚན་ཁོང་ལྕི་བའོ། །ལྒང་པའི་ཁ་ནང་ཟླུམ་ཞིང་སྲ། །ཅུང་ཞིག་འཕྲལ་དུ་འབྱུང་འགྱུར་ན། །གཅིན་སོགས་རྡེའུ་ལྟ་བུ་ནི། །གཅིན་གྱི་མདུད་པར་དེ་བཤད་དོ། །ཞེས་བྱ་བ་ལ། ལྒང་པའི་ཁའི་ནང་ཟླུམ་པོར་གནས་ལ་སྲ་བར་གྱུར་ཅིང་ཅུང་ཞིག་འཕྲལ་དུ་འབྱུང་ལ། དེ་ལྟ་བུའི་ནད་དེ་ནི་རྡེའུ་ས་འོག་གས་པ་ལྟ་བུར་ན་ལ། མཚན་མ་དེ་ལྟ་བུར་ན་བ་ལ་ནི་གཅིན་གྱི་མདུད་པ་ཞེས་བྱའོ། །གཅིན་སྙོམས་པ་ལས་ཉལ་པོ་བྱས། །རླུང་གིས་ཁུ་བ་བསྐྱོད་གྱུར་པ། །གནས་ལས་བསྐྱོད་ཅིང་གཅིན་གཏོང་ཆེ། །སྔོན་ནམ་ཕྱི་ནས་ཐལ་ཆུ་དང༌། །མདོག་འདྲ་འབྱུང་བར་འགྱུར་བ་ཡིན། །ཁུ་བ་འདྲེས་པར་དེ་བཤད་དོ། །ཞེས་བྱ་བ་ལ། གཅིན་སྙོམས་ཤིང་འབྱུང་བར་འདོད་པ་དང༌། སྐྱེས་པས་བུད་མེད་ལ་ཉལ་པོ་བྱས་ནས་རླུང་གིས་ཁུ་བ་བསྐྱོད་ཅིང་གཡོས་པར་གྱུར་པས་གནས་ལས་བསྐྱོད་ཅིང་འཕོས་པར་གྱུར་པ་དེ་གཅིན་གཏོང་པའི་གཅིན་གྱི་སྔོན་དུ་འམ་གཅིན་གྱི་ཕྱི་ནས་ཐལ་ཆུ་དང་མདོག་འདྲ་བར་གྱུར་པ་དེ་ནི་ཁུ་བ་དང་གཅིན་འདྲེས་པ་ཞེས་བྱའོ། །རྩུབ་ཅིང་སྐེམ་ལ་རླུང་གིས་ནི། །གང་ཚེ་རྟུག་སྐམ་ནད་གྱུར་པ། །གཅིན་འབྱུང་བུ་གར་སོང་ནས་ནི། །བཤང་བ་དང་འདྲེས་དེ་ཡི་ཚེ། །གཅིན་ནི་བཤང་བའི་དྲི་ཅན་འབྱུང༌། །བཤང་བ་འགགས་པར་དེ་བཤད་དོ། །ཞེས་བྱ་བ་ལ། སྐྱེས་བུ་ཁོང་རྩུབ་ཅིང་སྐེམ་པོར་གྱུར་པ་དག་རླུང་གི་ནད་ཀྱིས་གང་གི་ཚེ་རྟུག་སྐམ་གྱི་ནད་དུ་འགྱུར་ཞིང་གྱེན་དུ་བསྐྱུར་བར་གྱུར་པ་ན། དེའི་ཚེ་གཅིན་འབྱུང་བའི་བུ་གར་སོང་ཞིང་ཀུན་ཏུ་ཁྱབ་པ་དང༌། བཤང་བ་དང་གཅིན་འདྲེས་


DTG201_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ལ། དེས་ན་གཅིན་དེ་བཤང་བའི་དྲི་མ་ཅན་དུ་འགྱུར་ཞིང་འབྱུང་ལ། དེ་ལྟ་བུའི་གཅིན་སྲི་བ་དེ་ནི་བཤང་བ་འགགས་པའི་གཅིན་སྲི་བ་ཞེས་བྱ་བར་བཤད་དོ། །མཁྲིས་པ་དྲག་ཤུལ་ཁ་ཟས་ནི། །རྣོ་ཚ་ཉི་ཚན་ལ་སོགས་ཀྱིས། །འཕེལ་ཞིང་རླུང་ནི་ཞུགས་གྱུར་པ། །ལྒང་པའི་ཉེན་ཀོར་ཚ་ཞིང་ན། །གཅིན་ནི་སེར་པོར་འགྱུར་བའམ། །ཡང་ན་ཁྲག་བཅས་ཁྲག་ཉིད་འབྱུང༌། །ཚ་ཞིང་སྲི་ལ་ཡང་ཡང་འབྱུང༌། །དེ་ནི་ཚ་རླུང་ཞེས་བྱར་བཤད། །ཅེས་བྱ་བ་ལ། མཁྲིས་པའི་ཤས་ཆེ་ཞིང་རྩོལ་བ་དྲག་པོ་ལ་སོགས་པས་རླུང་ཞུགས་པས་བསྐྱོད་པར་གྱུར་པ་ལ་ནི་ལྒང་པའི་ཉེན་ཀོར་ཚ་བ་ལ་སོགས་པའི་ནད་འབྱུང་སྟེ། དེ་ནི་གཅིན་སྲི་བའི་ཚ་རླུང་ཞེས་བྱ་བ་ཡིན་ནོ། །རྩུབ་ཅིང་ལུས་ནི་རྨྱ་བ་ཡི། །ལྒང་པར་གནས་པའི་མཁྲིས་པ་རླུང༌། །གཅིན་ཟད་ཚ་དང་ན་བར་བཅས། །སྐྱེད་པ་དེ་ཡང་དེ་སྐད་བཤད། །བད་ཀན་མཁྲིས་པ་གཉིས་ཀ་ལ། །རླུང་གིས་བསྐྱོད་པར་གྱུར་ན་ནི། །དེ་ཚེ་གཅིན་སྲི་སེར་བ་དང༌། །དམར་ཞིང་དཀར་ལ་སྐ་བ་འབྱུང༌། །དེ་ནི་ཚ་བཅས་གི་ཝང་ངམ། །དུང་གི་ཕྱེ་མའི་མདོག་འདྲ་འམ། །ཡང་ན་སྐམ་ཞིང་མདོག་ཀུན་ལྡན། །དེ་ནི་གཅིན་ཉམས་ནད་དུ་བཤད། །ཅེས་བྱ་བ་ལ། སྐྱེས་བུ་ཁོང་རྩུབ་ཅིང་ལུས་རྨྱ་ཞིང་ཉམ་ཆུང་བར་གྱུར་པ་ལ། གང་གི་ཚེ་ལྒང་པར་གནས་པའི་མཁྲིས་པ་དང༌། རླུང་གཉིས་ནི་གཅིན་ཟད་པ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ཡང་མཁྲིས་པ་དང་རླུང་ལས་གྱུར་པའི་གཅིན་སྲི་བའི་ནད་ཅེས་བྱ་བར་དེ་སྐད་དུ་བཤད་དོ། །ཡང་གང་གི་ཚེ་མཁྲིས་པ་དང་བད་ཀན་གཉིས་ལ་ཡང་རླུང་གིས་བསྐྱོད་ཅིང་གཡོས་པར་གྱུར་པ་དེའི་ཚེ། གཅིན་ཤས་ཆེར་སྲི་ཞིང་ཁ་དོག་སེར་པོ་ལ་སོགས་པ་དང་བཅས་པར་འགྱུར་རོ། །དེ་ཡང་ཚ་བ་དང་བཅས་ཤིང་གི་ཝང་ལ་སོགས་པ་གང་ཡང་རུང་བའི་མདོག་གམ། ཡང་ན་སྐམ་ཞིང་མདོག་ཐམས་ཅད་དང་ལྡན་པར་འབྱུང་སྟེ། དེ་ནི་གཅིན་ཉམས་པའི་ནད་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་འགགས་ལས་བྱུང་བའི། །མཚན་ཉིད་རྒྱ་ཆེར་བཤད་ནས་ནི། །


DTG201_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོག་གཅིན་སྙི་ལས་བྱུང་བའི། །ནད་གཞིའི་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྔར་རྣམ་པར་སྤྱད་པའི་ཚུལ་གྱིས་གཅིན་འགགས་ཤིང་སྲི་བ་ལས་བྱུང་བའི་ནད་ཀྱི་མཚན་ཉིད་རྒྱ་ཆེར་བཤད་ཅིང་བསྟན་ནས། །དེའི་འོག་ཏུ་གཅིན་སྙི་ཞིང་འཛག་པ་ལས་བྱུང་བའི་ནད་གཞིའི་མཚན་ཉིད་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན་སྙི་བ་ཟ་ཁུའི་ནད་དམིགས་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི། དེ་འོག་གཅིན་སྙི་བ་ལས་བྱུང་བའི་ནད་གཞིའི་མཚན་ཉིད་བཤད་པ་ཡིན་ནོ་ཞེས་གཞུང་རྩོམ་པ་ཉིད་ཀྱིས་བཤད་པ་ལས་ཤེས་པར་བྱའོ། །གཅིན་སྙིའི་ནད་ནི་ཉི་ཤུ་སྟེ། །ཞེས་བྱ་བ་ལ། གཅིན་སྙི་བའི་ནད་ནི་ཉི་ཤུར་འགྱུར་རོ། །སྟེ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་བད་ཀན་ལས་གྱུར་བཅུ། །མཁྲིས་པ་ལས་དྲུག་རླུང་གྱུར་བཞི། །ཞེས་བྱ་བ་ལ། དེ་ལ་གཅིན་སྙི་བའི་ནད་ཉི་ཤུ་ལས། གཅིན་ནད་ཟ་ཁུ་བཅུ་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། ཆུ་འདྲ་བ་དང༌། བུ་རམ་ཤིང་གི་ཁུ་བ་འདྲ་བ་དང༌། གར་པོ་དང༌། ཆང་འདྲ་བ་དང༌། འབྲས་བཏགས་པའི་ཆུ་འདྲ་བ་དང༌། ཁུ་ཆུ་འདྲ་བ་དང༌། བྱེ་མ་ལྟ་བུ་དང༌། བསིལ་མོ་དང༌། བགས་ཀྱིས་འབྱུང་བ་དང༌། ཁ་ཆུ་ལྟར་འབྱུང་བའི་ཟ་ཁུ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པ་ནི་དྲུག་སྟེ། ནས་ཚིག་འཁུས་པའི་ཐལ་ཆུ་འདྲ་བ་དང༌། སྔོན་པོ་དང༌། ནག་པོ་དང༌། སྐྱེར་པ་འདྲ་བ་དང༌། བཙོད་ཁུ་འདྲ་བ་དང༌། ཁྲག་འདྲ་བ་སྟེ་རྣམ་པ་དྲུག་ཡིན་ནོ། །རླུང་ལས་གྱུར་པ་ནི་བཞི་སྟེ། ཞག་དང༌། རྐང་དང༌། གླང་པོ་ཆེའི་ཟ་ཁུ་དང༌། སྦྲང་རྩི་ལྟ་བུའི་གཅིན་སྙི་བའི་ནད་དོ། །དེ་རྣམས་ཚིག་གཅིན་བད་ཀན་སྐྱེད། །ཟས་དང་སྐོམ་གྱི་ཚུལ་ལས་ནི། །ཕལ་ཆེར་དེ་དག་འབྱུང་བར་བྱེད། །མངར་


DTG201_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱུར་དང་ལན་ཚྭ་དང༌། །ལྕི་ཞིང་འབྱིལ་ལ་བསིལ་བ་དང༌། །འབྲུ་མར་ཆང་དང་གཤེར་བའི་ཤ་།དར་བ་བུ་རམ་བུ་རམ་ཤིང༌། །གནས་གཅིག་སྟན་གཅིག་ལ་རྟག་གནས། །མལ་སྟན་ཆོ་གར་མི་ལྡན་ལ། །བརྟེན་ནད་གཅིན་སྙིའི་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། གཅིན་སྙི་བའི་ནད་ཉི་ཤུ་པོ་དེ་དག་ནི་ལས་དང་ཁ་ཟས་དང༌། སྤྱོད་ཚུལ་དང་གཅིན་དང་བད་ཀན་སྐྱེད་པར་བྱེད་པ་དེ་ལས་བྱུང་ཞིང༌། ཕལ་ཆེར་ཏེ་མང་དུ་དེ་དག་འབྱུང་ཞིང༌། གཅིན་སྙི་བའི་ནད་སྐྱེད་པར་བྱེད་པའི་རྒྱུ་ཡིན་ལ། གཞན་ཡང་མངར་བ་ནས་བུ་རམ་ཤིང་གི་བར་གྱི་དངོས་པོ་མིང་གིས་སྨོས་པའི་ཟས་དང་སྐོམ་ཡང་དེ་འབྱུང་བར་བྱེད་པ་ཡིན་ལ། སྤྱོད་ལམ་གྱི་རྣམ་པ་གནས་གཅིག་དང་སྟན་གཅིག་ལ་རྟག་ཏུ་གནས་པ་ལ་སོགས་པའི་བྱ་བ་དེས་བསྐྱེད་པར་གཏོགས་པ་དང༌། མལ་སྟན་ཆོ་ག་དང་མི་ལྡན་པ་སྟེ་སྟན་རླན་ཅན་དང་གྲང་བ་ལ་སོགས་པའི་ལམ་ན་གནས་པ་ལས་གཅིན་ནད་སྐྱེད་པར་བྱེད་པར་འགྱུར་རོ། །བད་ཀན་འཁྲུགས་པས་ལྒང་བར་གཅིན། །སྙི་འགྱུར་ལུས་གཤེར་རྔུལ་ཚིལ་དང༌། །ཤ་གློངས་ལྒང་པར་བརྟེན་གཅིན་སྙི། །མཁྲིས་པས་ཁྲག་ཀྱང་ཟད་བྱས་ནས། །བད་ཀན་སོགས་ཟད་གཅིན་ནད་སྐྱེད། །ཅེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་ལུས་ཀྱི་གཤེར་བ་ག་དང་རྔུལ་ལ་སོགས་པས་གློངས་ཤིང་གནོད་པར་བྱས་ལ། ཁྲག་ཀྱང་ཟད་པར་བྱས་ནས་བད་ཀན་ལས་གྱུར་པ་ཡང་ཟད་པར་བྱས་ཏེ། གཅིན་ལ་གནས་པའི་མཁྲིས་པས་གཅིན་ནད་ཟ་ཁུ་སྐྱེད་པར་བྱེད་དོ། །རླུང་འཁྲུགས་པ་དང་དེ་ཟད་ལས། །ལུས་ཟུངས་ལྒང་པར་འཁུས་ཏེ་སྐྱེད། །ཅེས་བྱ་བ་ལ། ལུས་ཟུངས་རྣམས་ལ་རླུང་འཁྲུགས་ཤིང་ལྡང་བ་དང༌། མཁྲིས་པ་ལ་སོགས་པ་ཟད་པས་དངས་མ་ལ་སོགས་པའི་ལུས་ཟུངས་ལུས་ཀྱི་བཅུད་དུ་གྱུར་པ་ལྒང་པར་འཁུས་ཤིང་འདུས་པར་བྱས་ནས་གཅིན་སྙི་བའི་ནད་སྐྱེད་པར་བྱེད་དོ། །དེ་བྱུང་གསོ་བྱ་འཚོ་ཙམ་དང༌། །སྤང་བྱ་གཅིན་ནད་རྣམ་གསུམ་འགྱུར། །མདོར་ན་མི་མཐུན་བྱ་བ་དང༌། །ནད་དམིགས་


DTG201_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཉིད་ཀྱིས་འབྱུང༌། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་དང་རླུང་དེ་དག་ལས་བྱུང་བའི་གཅིན་སྙི་བའི་ནད་ནི་གསོ་བར་བྱ་བ་དང༌། རེ་ཞིག་འཚོ་བ་ཙམ་དུ་གནས་པ་དང་སྤང་བར་བྱ་བ་སྟེ། རྣམ་པ་གསུམ་དུ་འགྱུར་ལ། དེ་ཡང་མདོར་ན་མི་མཐུན་པར་བྱ་བ་སྟེ། གང་གི་ཕྱིར་སྣུམ་པ་ལ་སོགས་པ་རླུང་ནད་ལ་ཕན་པ་དེ་ནི་བད་ཀན་ལ་གནོད་ལ། གང་ཁ་བ་དང་བསྐ་བ་ལ་སོགས་པ་བད་ཀན་ལ་ཕན་པ་དེ་ནི་རླུང་ལ་གནོད་དོ། །དེ་བཞིན་དུ་མཁྲིས་པ་ལ་ཕན་པ་བསིལ་བ་དང༌། མངར་བ་དག་ནི་རླུང་དང་བད་ཀན་ལ་གནོད་དེ། གཞན་ཡང་ནད་དམིགས་ཆེན་པོའི་དཔྱད་ཀྱིས་ཀྱང་འབྱུང་སྟེ། མི་མཐུན་པ་གསོ་བས་ལུས་ཟུངས་ཟད་ཅིང་སྐེམ་པའི་ལུས་འཇིག་པར་བྱེད་པའི་ནད་དམིགས་ཆེན་པོའི་ཚུལ་གྱིས་ཀྱང་འབྱུང་ངོ༌། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། །གཅིན་ནི་རྙོག་མ་ཅན་དུ་འབྱུང༌། །གནོད་དང་གནོད་བྱ་ཁྱད་མེད་ཀྱང༌། །དེ་དུས་ཁྱད་པར་ཉིད་དང་ནི། །གཅིན་གྱི་མདོག་སོགས་དབྱེ་བ་ཡིས། །གཅིན་སྙིའི་དབྱེ་བ་བརྟག་པར་བྱ། །ཞེས་བྱ་བ་ལ། གཅིན་ནད་དེ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། རྟགས་ནི་གཅིན་རྙོག་མ་ཅན་དུལ་དུལ་པོ་མང་དུ་འབྱུང་བར་འགྱུར་བ་ཡིན་ནོ། །གཅིན་སྙིའི་དབྱེ་བ་དུ་མར་འགྱུར་བ་དེ་ནི་འདུས་ཤིང་ཕྲད་པའི་ཁྱད་པར་ཉིད་དེ། གནོད་པ་དང་གནོད་པར་བྱ་བའི་འཕེལ་འབྲིའི་ཁྱད་པར་ཉིད་དང༌། གཅིན་གྱི་མདོག་དང་རོ་དང་དྲི་དང་རེག་བྱའི་ཁྱད་པར་ལས་གཅིན་སྙི་བའི་དབྱེ་བ་བརྟག་པར་བྱ་ཞིང་ཡོངས་སུ་ཤེས་པར་བྱའོ། །དང་ཞིང་མང་ལ་དཀར་ཞིང་བསིལ། །དྲིང་མེད་ཅིང་ཆུ་འདྲ་ལ། །གཅིན་སྙི་ཆུ་ཡི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་སྙི་བའི་ནད་ཆུའི་ཟ་ཁུ་ཞེས་བྱ་བ་ནི་དང་ཞིང་རྙོག་མ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཆུའི་རྣམ་པ་དང་འདྲ་བའི་གཅིན་འབྱུང་བར་འགྱུར་བ་ཡིན་ནོ། །ཅུང་ཟད་རྙོག་ཅན་སྤྱིན་བག་ཅན། །བུ་རམ་ཤིང་ཁུ་ལྟ་བུར་མངར། །ཟ་ཁུ་བུ་རམ་ཤིང་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་བུ་རམ་ཤིང་ཁུ་ལྟ་བུ་ནི་ཅུང་ཟད་རྙོག་པ་ཡོད་པ་ལ་སོགས་པ་ལ་བུ་རམ་ཤིང་


DTG201_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁུ་བ་ལྟར་ཤིན་ཏུ་མངར་བའི་གཅིན་འབྱུང་བ་ཡིན་ནོ། །ཞག་ལོན་ན་ནི་སྐ་བར་འགྱུར། །ཟ་ཁུ་གར་པོ་ཞེས་བྱའོ། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་གར་པོ་ནི་གཅིན་མཚན་མོ་འདས་ཀྱི་བར་དུ་མ་གཅིས་པར་བཞག་པ་སྟེ་སྐ་བ་གར་པོར་འབྱུང་བ་ཡིན་ནོ། །སྟེང་ན་དངས་མ་འོག་ན་སྐ། །ཆང་འདྲ་ཆང་གི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཆང་གི་ཟ་ཁུ་ཞེས་བྱ་བ་ལ་ཕྱིར་འབྱུང་བ་ན་སྟེང་གི་ཕྱོགས་དངས་མར་གནས་ཤིང་འོག་སྐ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བུའི་གཅིན་འབྱུང་བ་ལ་བྱའོ། །བ་སྤུ་ལྡང་ཞིང་འབྲས་བཏགས་འདྲ། །དཀར་ཞིང་མང་འབྱུང་འབྲས་ཕྱེ་འདྲ། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་འབྲས་ཕྱེ་འདྲ་བ་ནི། གཅིན་འབྱུང་བ་ན་བ་སྤུ་ལྡང་ཞིང་བ་ཤོར་ལ། གཅིན་ཉིད་འབྲས་བཏགས་པ་འདྲ་བ་དཀར་པོར་འབྱུང་ཞིང་མང་དུ་འབྱུང་བ་ཡིན་ནོ། །ཁུ་ཆུ་འདྲ་བའམ་ཁུ་བ་འདྲེས། །ཁུ་བ་འདྲ་བའི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་ཁུ་ཆུ་འདྲ་བ་ནི་གཅིན་ཁུ་བ་དང་བཅས་པར་འབྱུང་བའམ། ཁུ་བ་དང་འདྲ་བར་གཅིས་པ་ལ་བྱའོ། །གཅིན་ནི་བྱེ་ཚིགས་དྲི་མ་ཅན། །བྱེ་མའི་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ། གཅིན་ནད་བྱེ་མའི་ཟ་ཁུ་ཞེས་བྱ་བ་ནི་བྱེ་མའི་ཚིགས་མ་འདྲ་བར་དྲི་མ་ལུས་པའི་གཟུགས་ཅན་འདྲ་བ་དག་ཏུ་འབྱུང་བ་ཡིན་ནོ། །གཅིན་སྙི་མང་དུ་འབྱུང་ཞིང་བསིལ། །མངར་བ་དེ་བསིལ་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་བསིལ་བའི་ཟ་ཁུ་ཞེས་བྱ་བ་ནི་གཅིན་འབྱུང་བའི་རེག་པ་བསིལ་ཞིང་མང་དུ་འབྱུང་ལ། རོ་མངར་བ་དག་ཏུ་འབྱུང་བ་ཡིན་ནོ། །དལ་གྱིས་ཉུང་ཟད་ཉུང་ཟད་འབྱུང༌། །བགས་ཀྱིས་འབྱུང་བའི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་བགས་ཀྱིས་འབྱུང་བའི་ཟ་ཁུ་ཞེས་བྱ་བ་ནི་གཅིན་འབྱུང་བའི་རྒྱུན་དལ་གྱིས་ཉུང་ཟད་ཉུང་ཟད་དུ་ཆད་ཅིང་ཆད་ཅིང་འབྱུང་བ་ཡིན་ནོ། །ཁ་ཆུ་འདྲ་བའི་ནལ་ནལ་པོ། །འབྱིལ་བག་ཁ་ཆུའི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་འདྲ་བ་ནི་ཁ་ཆུ་འདྲ་བར་ཟ་ཁུ་ནལ་ནལ་པོར་འབྱུང་ཞིང་འབྱར་བག་


DTG201_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འབྱུང་བ་ཡིན་ནོ། །དེ་ལྟར་བད་ཀན་ལས་གྱུར་པའི་གཅིན་སྙི་བ་བཅུར་བཤད་པ་ཡིན་ནོ། །དྲི་རོ་ཁ་དོག་རེག་བྱ་ནི། །ནས་ཚིག་འཁུས་འདྲ་ནས་ཚིག་ཅན། །ཞེས་བྱ་བ་ལ། གཅིན་ནད་ནས་ཚིག་འཁུས་པའི་ཐལ་བ་འདྲ་བ་ནི་ནས་ཚིག་འཁུས་པའི་ཐལ་བའི་ཆུ་དང་དྲི་དང་རོ་ལ་སོགས་པ་འདྲ་ཞིང་མཚུངས་པ་ལ་བྱའོ། །ཟ་ཁུ་སྔོན་པོ་ཁ་དོག་སྔོ། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་སྔོན་པོ་ཞེས་བྱ་བ་ནི་འདབ་མ་སྔོན་པོའི་ཁུ་བ་འདྲ་བའི་གཅིན་འབྱུང་བ་ལ་བྱའོ། །ཟ་ཁུ་ནག་པོ་སྣག་ཚ་འདྲ། །ཞེས་བྱ་བ་ལ། ཟ་ཁུ་ནག་པོ་ནི་སྣག་ཚའི་མདོག་ལྟར་གཅིན་ནག་པོ་འབྱུང་བ་ལ་བྱའོ། །གཅིན་སྙི་ཚ་ཞིང་མདོག་སེར་བ། །དེ་ནི་སྐྱེར་པ་འདྲ་བ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་སྐྱེར་པ་འདྲ་བ་ནི་གཅིན་ཚ་ཞིང་གཅིན་གྱི་མདོག་སྐྱེར་པའི་ཁུ་བ་འདྲ་བར་འབྱུང་བ་ཡིན་ནོ། །མནམ་ཞིང་བཙོད་ཀྱི་ཁུ་བ་འདྲ། །བཙོད་ཀྱི་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ། ཟ་ཁུ་བཙོད་འདྲ་བ་ཞེས་བྱ་བ་ནི་དྲི་མནམ་ཞིང་བཙོད་ཀྱི་ཁུ་བ་འདྲ་བ་མནམ་པའི་གཅིན་འབྱུང་བ་ལ་བྱའོ། །དྲི་ང་ཚ་ཞིང་ལན་ཚྭར་བཅས། །ཁྲག་འདྲ་ཁྲག་གི་ཟ་ཁུ་ཡིན། །ཞེས་བྱ་བ་ལ། ཟ་ཁུ་ཁྲག་འདྲ་བ་ནི་དྲི་ང་ཞིང་མནམ་ལ་ཚ་ཙེག་ཙེག་བྱེད་པ་དང༌། ཅུང་ཟད་ལན་ཚྭ་བྲོ་བ་དང༌། ཁྲག་གེ་མདོག་འདྲ་བར་འབྱུང་བ་ཡིན་ཏེ། དེ་ལྟར་ན་མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་དྲུག་བཤད་པ་ཡིན་ནོ། །ཞག་གི་ཟ་ཁུ་ཞག་དང་འདྲེས། །ཞག་ཉིད་གཅིན་དུ་འབྱུང་བ་ཡིན། །ཞེས་བྱ་བ་ལ། ཟ་ཁུ་ཞག་འདྲ་བ་ནི་ཞག་འདྲེན་མར་འབྱུང་བའམ། ཞག་ཉིད་གཅིན་གྱི་རྣམ་པར་འབྱུང་བ་ཡིན་ནོ། །རྐང་འདྲེས་པའམ་རྐང་ཉིད་ནི། །ཡང་དང་ཡང་འབྱུང་རྐང་ཟ་ཁུ། །ཞེས་བྱ་བ་ལ། ཟ་ཁུ་རྐང་འདྲ་བ་ཞེས་བྱ་བ་ནི་རྐང་དང་འདྲེས་པ་དང༌། རྐང་ཉིད་ཡང་དང་ཡང་དུ་གཅིན་དུ་ཟ་ཁུར་འབྱུང་བ་ནི་གཅིན་ནད་རྐང་འདྲ་བའི་ཟ་ཁུ་ཞེས་བྱའོ། །གླང་ཆེན་མྱོས་ལྟར་རྒྱུན་དུ་ནི། །གཅིན་ཤུགས་དལ་བར་འབྱུང་འགྱུར་ལ། །ཆུ་སེར་བཅས་ཤིང་རྙོག་བཅས་འབྱུང༌། །གླང་ཆེན་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ།


DTG201_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེའི་ཟ་ཁུ་ནི་གླང་པོ་ཆེ་དྲེགས་པས་མྱོས་པ་ལྟར་རྒྱུན་དུ་འབྱུང་ཞིང་གཅིན་གྱི་ཤུགས་དལ་གྱིས་འཛག་ཅིང་འབྱུང་བར་འགྱུར་ལ། ཆུ་སེར་དང་བཅས་པར་འབྱུང་ཞིང་འཛག་པར་འགྱུར་བ་ལ་བྱའོ། །སྦྲང་རྩིའི་ཟ་ཁུ་སྦྲང་རྩི་འདྲ། །ཞེས་བྱ་བ་ལ། ཟ་ཁུ་སྦྲང་རྩི་འདྲ་བ་ཞེས་བྱ་བ་སྦྲང་རྩི་དང་འདྲ་ཞིང་རོ་ཡང་བསྐ་བ་དང་མངར་བར་འབྱུང་བ་ཡིན་ནོ། །དེ་ནི་རྣམ་པ་གཉིས་སུ་འགྱུར། །ལུས་ཟུངས་ཟད་པས་རླུང་འཁྲུགས་པ་འམ། །ནད་ཀྱིས་རྩ་སྦུབས་བཀག་སྟེ་འབྱུང༌། །ཞེས་བྱ་བ་ལ། སྦྲང་རྩི་འདྲ་བའི་ཟ་ཁུ་དེ་ནི་རྣམ་པ་གཉིས་སུ་འབྱུང་བར་འགྱུར་རོ་ཞེས་གྲགས་ཏེ། ལུས་ཟུངས་རྣམས་ཟད་པ་ལས། རླུང་འཁྲུགས་པས་ནད་དུ་གྱུར་བ་ནི་རྣམ་པ་གཅིག་ཡིན་ནོ། །ཡང་ན་ནད་གཞི་གསུམ་གང་ཡང་རུང་བས་རྩ་སྦུབས་བཀག་སྟེ། རླུང་རྒྱུར་མ་སྟེར་བ་ལས་བྱུང་བ་ནི་རྣམ་པ་གཉིས་ཡིན་ནོ། །ནད་ཀྱིས་བཀག་པའི་མཚན་མ་དག །དེ་ནི་རྒྱུ་མེད་པར་འབྱུང་ཞིང༌། །སྐད་ཅིག་ཟད་སྟོང་གང་འགྱུར་བ། །གསོ་བར་དཀའ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཟ་ཁུ་སྦྲང་རྩི་འདྲ་བ་ཞེས་བྱ་བ་དེ་རླུང་ལ་སོགས་པའི་ནད་ཀྱིས་ལྒང་པའི་ཁ་བཀག་ཅིང༌། སྦུ་གུ་འགགས་པར་བྱས་པའི་མཚན་མ་འམ། རྟགས་ནི་འབྱུང་ཞིང་སྐྱེ་བའི་རྒྱུ་མེད་པར་སྐད་ཅིག་ཅིང་སྟོང་པར་འགྱུར་ལ། སྟོང་པ་ཉིད་ལས་ཀྱང་ཆེད་འགའ་འགེངས་ཤིང་གང་བ་ལྟ་བུར་སྣང་བར་འགྱུར་ཏེ། དེ་ནི་གསོ་བར་དཀའ་བ་ཉིད་ཡིན་ནོ། །ཐམས་ཅད་དུས་སུམ་བཅོས་ན། །སྦྲང་རྩི་འདྲ་བའི་ཟ་ཁུར་འགྱུར། །གང་ཞིག་ཐམས་ཅད་མངར་འགྱུར་བས། །ཕལ་ཆེར་སྦྲང་རྩིའི་ཟ་ཁུ་ཡིན། །སྦྲང་རྩིའི་ཟ་ཁུ་ཞེས་བྱ་ཀུན། །མངར་བ་ལས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་ཐམས་ཅད་ཀྱང་སྦྲང་རྩིའི་ཟ་ཁུ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཐམས་ཅད་དུས་སུ་མ་བཅོས་ཤིང་མ་གསོས་ན་སྦྲང་རྩི་འདྲ་བའི་ཟ་ཁུར་འགྱུར་བ་དང༌། ཡང་གང་ཞིག་གཅིན་ནད་ཐམས་ཅད་མངར་བའི་བག་ལས་མངར་


DTG201_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་འགྱུར་ཞིང༌། ཕལ་ཆེར་སྦྲང་རྩི་ལྟ་བུའི་མདོག་ཅན་ཡིན་པས་སྦྲང་རྩིའི་ཟ་ཁུ་ཞེས་བྱ་བའི་སྒྲར་བཤད་དོ། །ཟས་མི་འཇུ་ཞིང་ཡི་ག་འཆུས། །སློན་ལུད་གཉིད་ཆེ་ཆམ་པས་འདེབས། །བད་ཀན་ལས་བྱུང་ཟ་ཁུ་ལ། །བླ་བརྣན་དེ་དག་འབྱུང་བར་འགྱུར། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་ཟ་ཁུ་ལ་ནི་ཟས་མི་འཇུ་བ་ལ་སོགས་པའི་བླ་བརྣན་འབྱུང་བར་འགྱུར་རོ། །ཕོ་མཚན་ལྒང་པར་ཟུག་པ་དང༌། །རླིག་འབྲས་བྱེ་ཞིང་རིམས་ཀྱིས་འདེབས། །ཚ་སྐྱུར་སྐོམ་དད་བརྒྱལ་དང་འཁྲུགས། །མཁྲིས་པ་ལས་གྱུར་བླ་བརྣན་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་ཕོ་མཚན་དང་ལྒང་པའི་ཕྱོགས་སུ་ཁབ་ཀྱིས་ཕུག་པ་ལྟར་ཟུག་པ་དང༌། རླིག་འབྲས་བྱེ་བར་འགྱུར་བ་ལ་སོགས་པའི་བླ་བརྣན་འབྱུང་བར་འགྱུར་རོ། །རླུང་ལས་སྐྱེས་པའི་སྙིང་འཕར་ཞིང༌། །ལུས་འདར་སྙིང་ན་ཟས་ལ་བརྐམ། །གཟེར་ཞིང་གཉིད་མེད་སྐེམ་པ་དང༌། །ལུད་པ་དབུགས་མི་བདེ་བ་འབྱུང༌། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཟ་ཁུའི་ནད་ལ་ནི་སྙིང་འཕར་པ་ལ་སོགས་པའི་བླ་བརྣན་འབྱུང་བར་འགྱུར་རོ། །ཁམ་ཕོར་རུས་སྦལ་འདྲ་བ་ཅན། །སྒུ་པོ་མེ་དཔལ་ཕྲ་མོ་དང༌། །སྲན་ཆུང་འདྲ་དང་ཡུངས་ཀར་འདྲ། །བུ་བཅས་འབྱུང་དང་བི་ད་རི། །ཁོང་འབྲས་ཞེས་བྱའི་འབྲས་འབྲུམ་བཅུ། །གཅིན་ནད་མ་བཅོས་པ་ལས་འབྱུང༌། །ཚིགས་དང་གནད་དང་ཤ་ཆེ་བའི། །སྲོག་གི་གནས་སུ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་དེ་མ་བཅོས་པ་ལས་ནི་ཁམ་ཕོར་འདྲ་བ་ལ་སོགས་པའི་འབྲས་ཀྱི་ནད་བཅུ་པོ་འབྱུང་བར་འགྱུར་ལ། དེ་ཡང་ཁྱད་པར་དུ་ནི་ཚིགས་དང་གནད་རྣམས་དང༌། ཤ་ཆེ་བ་ལ་སོགས་པ་སྲོག་གི་གནས་སུ་འབྱུང་ཞིང་སྐྱེ་བར་འགྱུར་རོ། །མཐའ་མ་མཐོ་ཞིང་དབུས་མ་དམའ། །གནག་ཅིང་རྣག་དང་ནད་བཅས་པ། །དབྱིབས་དང་ཚད་ནི་ཁམ་ཕོར་འདྲ། །ནོར་བུ་ཁམ་ཕོར་ཞེས་བྱའོ། །ཞེས་བྱ་བ་ལ། འབྲས་གང་མཐའ་མ་ཀུན་ནས་མཐོ་ཞིང་


DTG201_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མ་དམའ་བར་འདུག་པས་ཁམ་ཕོར་གྱི་དབྱིབས་འདྲ་ལ། ཁ་དོག་གནག་ཅིང་རྣག་དང་ནད་དུ་བཅས་པ་ནི་འབྲས་སམ་ཐོར་བུ་ཁམ་ཕོར་ལྟ་བུ་ཞེས་བྱའོ། །ནང་དུ་ཟུག་ཅིང་ན་བྱེད་ལ། །ཉེ་འཁོར་དག་ཏུ་ཆེར་མཆེད་ཅིང༌། །འཇམ་ཞིང་རུས་སྦལ་རྒྱབ་འདྲ་བའི། །འབྲས་ནད་རུས་སྦལ་ཅན་ཞེས་བྱ། །ཞེས་བྱ་བ་ལ། རུས་སྦལ་ཅན་ཞེས་བྱ་བའི་འབྲས་ནད་ནི་ནང་དུ་ཤས་ཆེར་ཟུག་ཅིང་ན་བར་བྱེད་ལ། རྩའི་ཉེ་འཁོར་དུ་མཆེད་ཅིང་སྦོམ་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །སྲ་ཞིང་རྩ་ཡི་དྲ་བ་ཅན། །སྣུམ་ཞིང་འཛག་ལ་ཁྱོན་ཆེ་བ། །ན་ཞིང་ནང་ཟུག་བུ་ག་ནི། །ཕྲ་མོར་ལྡན་པ་དྲ་བ་ཅན། །ཞེས་བྱ་བ་ལ། ཐོར་བུ་དུ་བ་ཅན་ཞེས་བྱ་བ་ནི། སྲ་ཞིང་རྩུབ་པ་དང༌། རྩ་རིས་ཀྱི་དྲ་བས་ཁེབས་པ་དང༌། སྣུམ་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །ནང་དུ་ཟུག་ཅིང་ན་ལ་རྣགས། །རྒྱབ་བམ་ལྟོ་བ་དག་ཏུ་ནི། །ཐོར་བུ་ཆེན་པོ་ཁ་དོག་གནག །སྒུ་བོར་འདུག་པས་སྒུ་བོར་བཤད། །ཅེས་བྱ་བ་ལ། འབྲས་ནད་སྒུར་པོ་ཞེས་བྱ་བ་ནི། ནད་ཚབས་ཆེ་ཞིང་ནང་དུ་ཟུག་ལ་རྣག་ཀྱང་ནང་དུ་རྣགས་པ་ནི། རྒྱབ་ལ་སོགས་པའི་ཕྱོགས་གང་ཡང་རུང་བར་སྐྱེ་བ་ཡིན་ནོ། །སྐྱེས་མ་ཐག་ཏུ་པགས་པ་ཚ། །ཤིན་ཏུ་ན་བྱེད་མེ་དབལ་ཏེ། །དམར་ཞིང་གནག་ལ་གས་པ་དང༌། །ཚ་ཞིང་རྨུགས་བྱེད་མེ་དཔལ་ཕྲ། །ཞེས་བྱ་བ་ལ། མེ་དཔལ་ཕྲ་མོ་ཞེས་བྱ་བའི་ནད་ནི་སྐྱེས་མ་ཐག་གི་རྗེས་ཐོགས་ཉིད་ལ་པགས་པ་ཚ་ཞིང་བསྲེགས་བ་སྙམ་དུ་སེམས་ལ། ཤིན་ཏུ་ན་བའི་མེ་དཔལ་ཀུན་ཏུ་མཆེད་པར་བྱེད་ཅིང་མདོག་དམར་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །སྲན་ཆུང་འདྲ་བའི་ཚད་དང་དབྱིབས། །མཉམ་པས་སྲན་ཆུང་ཅན་ཡིན་ཏེ། །ཚད་དང་དབྱིབས་ནི་ཡུངས་ཀར་འདྲ། །མྱུར་དུ་སྨིན་ཞིང་ནད་ཚབས་ཆེ། །ཞེས་བྱ་བ་ལ། འབྲུམ་བུ་སྲན་ཆུང་ཞེས་བྱ་བ་ནི་ཚད་དང་དབྱིབས་སྲན་ཆུང་དང་འདྲ་བ་


DTG201_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུ་ཚད་དང་དབྱིབས་ཡུངས་ཀར་འདྲ་བའི་འབྲུམ་ཕྲན་ཡང་ཡོད་དེ། དེ་ནི་མྱུར་དུ་སྨིན་ཞིང་ནད་ཚབས་ཆེ་བ་ཡིན་ནོ། །ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས། །ཡོངས་སུ་བསྐོར་བས་ཆུ་བུར་ཅན། །བུ་བཅས་ཆེ་ཞིང་མང་བ་ལ། །རབ་ཕྲའི་འབྲུམ་བུས་ཁྱབ་གྱུར་པའོ། །ཞེས་བྱ་བ་ལ། འབྲས་ནད་བུ་བཅས་ཞེས་བྱ་བ་ནི་ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས་ཡོངས་སུ་བསྐོར་ཅིང༌། དེ་བཞིན་དུ་ལྷུན་ཆེ་བ་དང༌། མང་ཞིང་ཤིན་ཏུ་ཕྲ་བ་དང༌། དུ་མས་ཁྱབ་ཅིང་གཡོགས་པ་ཡིན་ནོ། །ལྡུམ་བུ་བི་ད་རི་ལྟར་ཟླུམ། །སྲ་བ་བི་ད་རི་ཞེས་བྱ། །ཞེས་བྱ་བ་ལ། བི་ད་རི་ཞེས་བྱ་བའི་འབྲས་ནད་ནི་ལྡུམ་བུ་བི་ད་རི་ཞེས་བྱ་བའི་དབྱིབས་ལྟར་ཟླུམ་པོར་གནས་ལ། རྡོ་ལྟར་ཤིན་ཏུ་སྲ་བ་ཡིན་ནོ། །ཁོང་འབྲས་གཞན་དུ་བཤད་པ་ཡིན། །ཞེས་བྱ་བ་ལ། ཁོང་འབྲས་ཞེས་བྱ་བའི་ནད་ནི་སྐབས་གཞན་དུ་བཤད་དེ། འདིའི་རྗེས་ཐོགས་ཀྱི་ལེའུ་ལས་བཤད་པ་ཡིན་ནོ། །དེ་ལ་དང་པོའི་འབྲས་ནད་གསུམ། །བུ་བཅས་དང་ནི་བི་ད་རི། །ཚིལ་ཆེན་ལས་བྱུང་བརྣག་དཀའ་ཡིན། །ཞེས་བྱ་བ་ལ། དེ་ལ་འབྲས་ཀྱི་ནད་འདི་དག་གི་ནང་ནས་དང་པོའི་གསུམ་པོ་ཁར་ཐོར་ཞེས་བྱ་བ་དང༌། རུས་སྦལ་ཞེས་བྱ་བ་དང༌། དྲ་བ་ཅན་ཞེས་བྱ་བ་གསུམ་དང༌། བུ་བཅས་དང་བི་ད་རི་ཞེས་བྱ་བ་ལྔ་པོ་གལ་ཏེ་ཚིལ་ཆེ་བའི་མི་འབྱུང་ན་བརྣག་པར་དཀའ་ཞིང་ནད་ཚབས་ཆེ་བ་ཡིན་ནོ། །གཞན་དག་མཁྲིས་པ་ཤས་ཆེ་ཞིང༌། །ཚིལ་ཆུང་ལས་བྱུང་བརྣག་ནུས་འགྱུར། །ཞེས་བྱ་བ་ལ། སྔ་མ་ལས་གཞན་པའི་འབྲས་ནད་ལྷག་མ་ལྔ་པོ་མཁྲིས་པའི་ནད་ལས་བྱུང་ཞིང༌། མི་ཚིལ་ཆུང་བ་ལས་བྱུང་བ་ཡིན་ན། དེ་ནི་བརྣག་ནུས་ཤིང་ནད་ཚབས་ཆུང་ལ་གསོ་སླ་བ་ཡིན་ནོ། །དེ་རྣམས་ནད་ཤས་ཇི་ལྟར་ཆེའི། །གཅིན་སྙི་བ་ཡི་དབང་ལས་འབྱུང༌། །ཞེས་བྱ་བ་ལ། འབྲས་བུའི་ནད་དེ་རྣམས་ནི་གཅིན་སྙི་


DTG201_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནད་ཀྱི་དབང་ལས་བྱུང་ཞིང༌། རང་རང་གི་ནད་ཇི་ལྟར་ཤས་ཆེ་བ་བཞིན་དུ་དེའི་རྣམ་པར་འབྱུང་བར་འགྱུར་རོ། །བད་ཀན་གྱི་ཟ་ཁུ་ལ་ནི་བད་ཀན་ཤས་ཆེ་བར་འགྱུར་ལ། རླུང་དང་མཁྲིས་པ་ཤས་ཆེ་བའི་ཟ་ཁུ་ལས་ཀྱང་རླུང་དང་མཁྲིས་པའི་འབྲས་ནད་དུ་འགྱུར་རོ། །འདི་དག་ཟ་ཁུ་མེད་པར་ནི། །གནོད་གྱུར་ཚིལ་ལས་འབྱུང་འགྱུར་ཏེ། །ཇི་སྲིད་དངོས་པོ་མི་སྣང་བ། །དེ་སྲིད་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། ཐོར་དུའི་ནད་འདི་དག་ནི་ཟ་ཁུའི་ནད་མེད་པར་མི་ཚིལ་ཆེས་པ་ལས་ནད་དུ་གྱུར་པ་དག་ལས་འབྱུང་བར་འགྱུར་ཏེ། དེ་ནི་ཇི་སྲིད་རང་གི་དངོས་པོ་ལྟོ་དང་རྒྱབ་ལ་སོགས་པ་གསལ་པོར་མི་སྣང་བ་དེ་སྲིད་ཀྱི་བར་དུ་ཤེས་ཤིང་རྟོགས་པར་མི་འགྱུར་རོ། །ཁ་དོག་ལྗང་བའམ་དམར་བའི་གཅིན། །ཟ་ཁུའི་སྔོན་ཚུལ་མེད་པ་ཡིས། །གཅིན་འབྱུང་གང་དེ་ཟ་ཁུ་མིན། །དེ་ནི་ཁྲག་མཁྲིས་ཡིན་ཞེས་བྱ། །ཞེས་བྱ་བ་ལ། གང་ཞིག་གཅིན་གྱི་མདོག་ལྗང་བ་ལ་སོགས་པར་བྱུང་ལ། སྔོན་དུ་བྱུང་བའི་ཚུལ་མེད་པ་དེ་ནི་ཟ་ཁུའི་ནད་ཡིན་པར་སློབ་དཔོན་གྱིས་མ་བཤད་དེ། གཅིན་ནི་ཁྲག་མཁྲིས་ཀྱི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ལུས་རྡུལ་ཡན་ལག་མནམ་ཞིང་ལྷོད་པ་དང༌། །སྟན་དང་མལ་དང་གཉིད་ཀྱི་བདེ་ལ་ཆགས། །སྙིང་མིག་རྣ་བ་ཁ་ལྕེ་བྱུགས་སྙམ་བྱེད། །ལུས་སྦོམ་སྐྲ་དང་སེན་མོ་རིང་བ་དང༌། །བསིལ་བག་དགའ་ཞིང་གྲེ་བ་རྐན་སྐམས་ཤིང༌། །ཁ་ནང་རོ་མངར་རྐང་མཐིལ་ལག་མཐིལ་ཚ། །གང་དུ་གཅིས་པར་གྲོག་མ་འདུ་འགྱུར་བ། །གཅིན་ནད་ཟ་ཁུའི་ཚོགས་ནི་ཕྱིས་འབྱུང་ཚུལ། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུའི་ཚོགས་ཉི་ཤུ་པོ་ཕྱིས་འབྱུང་བར་འགྱུར་བའི་རྟགས་སམ་ཚུལ་སྔོན་དུ་འབྱུང་བ་ནི། ལུས་ལ་རྡུལ་འཛག་པ་དང༌། ཡན་ལག་དྲིང་ཞིང་མནམ་ལ་ལྷོད་ཅིང་རྨྱ་བ་དང༌། སྟན་ལ་སོགས་པ་ལ་འདུག་པའི་བདེ་བ་ལ་ཆགས་ཤིང་


DTG201_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པ་དང༌། སྙིང་ག་ལ་སོགས་པ་ལུས་ཀྱི་བུ་ག་རྣམས་སུ་དྲི་མ་འཕེལ་བས་བྱུགས་ཤིང་རྐྱང་ནུལ་བྱས་པ་སྙམ་དུ་སེམས་པ་དང༌། ལུས་མ་ཐུག་ཅིང་སྦོམ་པ་དང༌། དེ་བཞིན་དུ་སྐྲ་ལ་སོགས་པ་ཤིན་ཏུ་རིང་ཞིང་འཕེལ་བ་དང༌། བསིལ་བག་ལ་དགའ་ཞིང་གྲང་བ་འདོད་པ་དང༌། གྲེ་བ་དང་རྐན་སྐམས་པར་འགྱུར་བ་ལ་སོགས་པ་ཡིན་ནོ། །ཟ་ཁུ་སྦྲང་རྩིའི་མདོག་འདྲ་འབྱིལ་བ་དང༌། །སྦྲང་རྩིའི་རོ་འདྲ་བ་ལ་གཉིས་སུ་རྟོག །ལུས་བརྟས་བད་ཀན་ཅན་གྱི་ཟ་ཁུའམ། །ཉེས་པ་ཟད་པས་རླུང་གི་བདག་ཅན་ཡིན། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་སྦྲང་རྩིའི་མདོག་འདྲ་བ་ལ། ལྕི་ཞིང་འབྱིལ་བ་ཤལ་མ་ལིའི་ཁུ་བ་འདྲ་བར་གནས་པ། སྦྲང་རྩིའི་རོ་ལྟར་མངར་བ་ལ། སྐྱེས་བུ་བློ་དམན་པ་དག་ཚུལ་གཉིས་སུ་རྟོག་ཅིང་དཔྱོད་པར་བྱེད་དེ། ལུས་ཀྱི་ཉམས་བརྟས་པར་བྱས་པའི་དབང་གིས་ཅི་འདི་བད་ཀན་ལས་བྱུང་བ་ཡིན་ནམ། ཡང་བད་ཀན་ལ་སོགས་པའི་ཉེས་པ་ཟད་པར་བྱས་པའི་ཉམས་དམད་པ་ལས་བྱུང་བའི་རླུང་གི་བདག་ཉིད་ཅན་ཡིན་ནོ། །ཞེས་བློ་ཞན་པ་དག་རྟོག་པར་བྱེད་པར་འགྱུར་རོ། །སྔོན་ཚུལ་བཅས་པའི་བད་མཁྲིས་ཟ་ཁུ་དང༌། །གང་ཡང་རིམ་གྱིས་རླུང་ནད་ཟ་ཁུར་འགྱུར། །མཁྲིས་པ་ལས་གྱུར་གང་ཡིན་གསོ་བར་དཀའ། །གལ་ཏེ་ཚིལ་ནད་ཤས་ཆུང་གྱུར་གསོ་སླ། །ཞེས་བྱ་བ་ལ། སྔོན་བྱུང་བའི་ཚུལ་གྱིས་ལུས་རྔུལ་བ་ལ་སོགས་པ་དང་བཅས་པར་འབྱུང་བའི་བད་ཀན་དང༌། མཁྲིས་པ་ལས་གྱུར་པའི་ཟ་ཁུ་ནི་གསོ་དཀའ་བ་ཡིན་ལ། དེ་བཞིན་དུ་གང་ཡང་རིམ་གྱིས་བད་ཀན་ལ་སོགས་པ་ལས་འབྱུང་བའི་རླུང་ནད་ཀྱི་ཟ་ཁུ་དེ་ཡང་གསོ་དཀའ་བ་ཡིན་ནོ། །དེ་བཞིན་དུ་མཁྲིས་པ་ལས་རིམ་གྱིས་བྱུང་བའི་ཟ་ཁུར་གྱུར་པ་ནི་གསོ་བར་དཀའ་བ་ཡིན་ལ། གསོར་རུང་བ་ནི་མཁྲིས་པ་ལས་གྱུར་པ་ཡང་ཡིན་ལ། ཚིལ་གྱི་ནད་ཤས་ཆེ་བ་ཡང་མ་ཡིན་ན་


DTG201_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བར་སླ་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་རླུགས་དང་སྐྲན་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། གཅིན་སྙི་བའི་ནད་གཞིའི་ལེའུའི་སྐབས་སུ་སློབ་དཔོན་གྱིས། ཁོང་འབྲས་གཞན་དུ་བཤད་པ་ཡིན། །ཞེས་བྱ་བ་ལ། དེའི་ཕྱིར་འདི་བརྩམས་པ་ཡིན་ལ། རྒྱུ་རླུགས་དང་སྐྲན་ནད་དག་དེ་དང་ཚུལ་མཐུན་པར་ལེའུ་འདི་བརྩམས་པ་ཡིན་ནོ། །ཁ་ཟས་ཁེངས་བུ་རབ་ཚ་དང༌། །རྩུབ་དང་སྐམ་དང་ཚ་གྱུར་ཟོས། །ཉལ་བའི་སྤྱོད་པ་མི་བདེ་བས། །ཁྲག་ནད་སྐྱེད་འགྱུར་དེ་དང་དེས། །པགས་པ་ཤ་ཚིལ་རུས་པ་དང༌། །ཁྲག་དང་ཆུ་བ་ཆུ་བ་ཆེ། །ཕྱི་དང་ནང་དུ་སྐྲངས་གྱུར་པ། །རྩ་བ་ཆེ་ཞིང་ནད་ཚབས་ཆེ། །ཟླུམ་པའམ་འཇོང་པར་གནས་པ་གང༌། །ཁོང་འབྲས་དེ་ནི་རྣམ་པ་དྲུག །ནད་དམིགས་སྣ་རེ་འདུས་པ་དང༌། །ཁྲག་དང་སྨས་པ་ལས་བྱུང་བའོ། །ཞེས་བྱ་བ་ལ། ཁ་ཟས་གཡོས་ཟིན་ནས་མཚན་མོ་འདས་ཤིང་ཞག་ལོན་པའི་ཁེངས་བུ་ལ་སོགས་པ་རྒྱུད་དུ་ཟོས་པ་དང༌། ཁྲག་ནད་སྐྱེད་པར་འགྱུར་བའི་རྒྱུ་གཞན་དག་ཏུ་བསྟེན་པ་དེ་དང་དེས་ནད་བསྐྱེད་པས་པགས་པ་ལ་སོགས་པའི་ཕྱི་དང་ནང་གི་ཆ་ལ་བརྟེན་ཏེ་སྐྲངས་བར་གྱུར་པ་གང་ཡིན་པ་དེ་རྩ་བ་ཆེ་ཞིང་དབྱུང་བར་དཀའ་ལ། ནད་ཚབས་ཆེ་ཞིང་བརྣག་པར་དཀའ་བའི་སྐྲང་པ་ཟླུམ་ཞིང་ཁ་ཞེང་ཆེ་བའམ། འཇོང་པར་གནས་ཤིང་དཔངས་རིང་བ་གང་ཡིན་པ་དེ་ནི་ཁོང་འབྲས་ཞེས་བྱ་ལ། ཁོང་འབྲས་དེ་ནི་རླུང་ལ་སོགས་པའི་ནད་སྣ་རེ་རེ་འདུས་པ་དང༌། ཁྲག་དང་སྨས་པ་ལས་བྱུང་བ་སྟེ་རྣམ་པ་དྲུག་ཡིན་ནོ། །འདིར་ཕྱིའི་ཡན་ལག་དེ་དང་དེར། །རབ་ན་མདུད་པ་འདྲ་ལ་མཐོ། །ཞེས་བྱ་བ་


DTG201_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འདིར་ཁོང་འབྲས་གཉིས་ཡོད་པའི་ནང་ནས་ཕྱི་ནི་ལྟེ་བ་དང༌། གཞང་ལ་སོགས་པའི་ཡན་ལག་དེ་དང་དེར་མི་བཟད་པར་རབ་ཏུ་ན་བ་དང༌། མདུད་པ་བྱས་ཤིང་བརྒྱུས་པ་ལྟར་རྡོག་རྡོག་པོར་འདུག་པ་དང༌། མཐོ་ཞིང་འཕགས་པ་ཡིན་ནོ། །ནང་གི་ཤིན་ཏུ་མི་བཟད་ཅིང༌། །གཏིང་རིང་སྐྲན་ལྟར་སྲ་བ་ཡིན། །གྲོག་མཁར་ལྟ་བུར་མཐོ་བ་དང༌། །མེ་དང་མཚོན་ལྟར་མྱུར་གསོད་བྱེད། །ཅེས་བྱ་བ་ལ། ནང་གི་ཁོང་འབྲས་ནི་ཤིན་ཏུ་མི་བཟད་ཅིང་བརྣག་པར་དཀའ་བར་ན་བ་དང༌། གཏིང་རིང་ཞིང་ནང་དུ་ནུབ་པ་དང༌། སྐྲན་ལྟར་སྲ་ཞིང་རེམ་རེམ་པོར་གནས་པ་དང༌། གྲོག་མཁར་གྱིས་སྤུངས་པའི་རྩེ་མོ་ལྟར་མཐོ་བར་གནས་པ་དང༌། ཕྱིའི་ཁོང་འབྲས་པས་ནང་གི་ཁོང་འབྲས་མྱུར་དུ་གསོད་པར་བྱེད་པ་ཡིན་ཏེ། དེ་ཡང་མེ་དང་མཚོན་གྱིས་མྱུར་དུ་གསོད་པར་བྱེད་པ་དང་འདྲ་བ་འདར་ཡང་མྱུར་དུ་གསོད་པར་བྱེད་པ་ཡིན་ནོ། །ལྟེ་བ་ཆུ་སོ་མཆིན་མཆེར་པ། །གློ་དང་སྙིང་ལྟོ་བརླ་རྩ་དང༌། །མཁལ་མ་གཉིས་སམ་གཞང་དུའང་འབྱུང༌། །ཞེས་བྱ་བ་ལ། ཁོང་འབྲས་དེ་ནི་ལྟེ་བ་དང་ཆུ་སོ་ལ་སོགས་པའི་གནས་གང་ཡང་རུང་བའི་ལུས་ཀྱི་ཕྱོགས་གཅིག་ཏུ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལ་རླུང་གྱུར་ནད་ཚབས་དྲག །དམར་ནག་རིང་ཞིག་ལོན་ནས་ནི། །འབྱུང་ཞིང་སྨིན་པ་དབྱིབས་མི་སྙོམས། །རན་ཞིང་མགོ་འཁོར་སྦོ་བ་དང༌། །གཡོ་ཞིང་འཕོ་ལ་སྒྲ་དང་བཅས། །ཞེས་བྱ་བ་ལ། ཁོང་འབྲས་དེ་རླུང་ལས་གྱུར་པ་ནི་ནད་ཚབས་དྲག་ཅིང་རྣོ་བ་དང༌། མདོག་དམར་ནག་ཏུ་གནས་པ་དང༌། ཡུན་རིང་ཞིག་ལོན་ནས་འབྱུང་ཞིང་སྨིན་པ་ཡིན་གྱི། མྱུར་དུ་འབྱུང་ཞིང་སྨིན་པ་མ་ཡིན་པ་དང༌། ནད་ཀྱི་དབྱིབས་མཐོ་དམན་དང་ཆེ་ཆུང་མི་སྙོམས་པ་དང༌། ཚད་ཧ་ཅང་མི་ཆེ་ཞིང་རན་པ་ལ་སོགས་པ་ཡིན་ནོ། །མཁྲིས་གྱུར་ཟངས་ལྟར་དམར་རྩ་གནག །སྐོམ་དང་ཚ་རིམས་རྨོངས་བག་སྐྱེད། །ལྡང་ཞིང་སྨིན་པ་མྱུར་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨོངས་པ་ནི། མདོག་དམར་བ་ལ་སོགས་པ་གང་


DTG201_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་བ་དང་ལྡན་པ་དང༌། སྐོམ་པ་ལ་སོགས་པ་དང་ལྡན་པར་ལྡང་ཞིང་འབྱུང་བ་དང་སྨིན་ཞིང་རྣགས་པ་མྱུར་བ་ཡིན་ནོ། །བད་ཀན་ལས་སྐྱ་གཡའ་དང་བཅས། །སློན་ཞིང་བསིལ་ལ་སླ་བ་དང༌། །གླལ་ཞིང་ལྕི་ལ་ཡི་ག་འཆུས། །འབྱུང་ཞིང་སྨིན་པ་ཡུན་རིང་ཐོགས། །ཞེས་བྱ་བ་ལ། དེ་ལ་བད་ཀན་ལས་གྱུར་པའི་ཁོང་འབྲས་ནི་ཁ་དོག་དཀར་ཞིང་སྐྱ་བ་དང༌། གཡའ་བ་ལ་སོགས་པའི་ནད་དང་བཅས་པ་དང༌། འབྱུང་བ་དང་སྨིན་པའི་དུས་ཡུན་རིང་དུ་འགོར་བ་ཡིན་ནོ། །འདུས་པ་ལས་གྱུར་འདྲེན་མ་ཡིན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཁོང་འབྲས་ནི་མཚན་ཉིད་འདྲེན་མ་དང་ལྡན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིར་ནི་ཕྱི་ནང་གཉིས་མཚན་ཉིད། །དོན་གྱི་དབང་ལས་ཤེས་པར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་བཞི་པོ་འདིར་རབ་ཏུ་ན་བ་དང༌། ཤིན་ཏུ་མི་བཟད་པར་ན་བའི་རང་གི་མཚན་ཉིད་ཀྱིས་ཕྱི་དང་ནང་གཉིས་ཀྱི་མཚན་ཉིད་དོན་གྱི་དབང་ལས་ཤེས་པར་བྱ་སྟེ། རིགས་མཐུན་པ་དང་མི་མཐུན་པའི་མཚན་ཉིད་ཤེས་པ་ལས་ཕྱི་ནང་གི་མཚན་ཉིད་རྣམ་པར་དབྱེ་བར་བྱ་ཞིང་ཤེས་པར་བྱའོ། །དེ་ནི་འདི་སྐད་སྟོན་ཏེ། རླུང་ལས་གྱུར་པའི་ཁོང་འབྲས་ཀྱི་མཚན་ཉིད་ཕྱི་དང་ནང་དུ་རྣམ་བར་ཕྱེ་སྟེ་མ་བཤད་མོད་ཀྱི། འོན་ཀྱང་དམར་བ་ཉིད་ལ་སོགས་པ་ཕྱི་རོལ་དུ་སྣང་བར་རིག་པ་དེ་ནི་དེ་ཉིད་ལས་ཤེས་པར་བྱ་ལ། གང་ཡང་ལྟོ་སྦོ་བ་དང་ཡི་ག་འཆུས་པ་ལ་སོགས་པ་ནང་གི་རྣམ་པ་ཡིན་པར་འཐད་པ་དེ་ནི་དེ་ཉིད་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ། །འབྲུམ་བུ་ནག་པོས་ཁེབས་ཤིང་གནག །རབ་ཚ་ན་ཞིང་རིམས་ཀྱིས་འདེབས། །མཁྲིས་པའི་རྟགས་ལྡན་ཕྱིའམ་ནང༌། །ཁྲག་གྱུར་བུད་མེད་ཉིད་ལ་འབྱུང། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་ཁོང་འབྲས་གང་ཡིན་པ་དེ་ནི་འབྲུམ་བུ་ནག་པོས་ཁེབས་ཤིང་གང་བ་ཡིན་ལ། མདོག་ནི་གནག་པ་ཡིན་ཞིང་རབ་ཏུ་ཚ་བ་ལ་སོགས་པ་དང་ལྡན་པ་དང༌། མཁྲིས་པའི་རྟགས་ཟངས་ལྟར་དམར་བ་ལ་སོགས་པ་


DTG201_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དེ་ནི་ཕྱིའི་ཡིན་ཡང་རུང་ནང་གི་ཡིན་ཡང་རུང་སྟེ། དེ་ནི་བུད་མེད་ཁོ་ན་ལ་འབྱུང་གི་སྐྱེས་པ་ལ་ནི་མ་ཡིན་ནོ། །མཚོན་ལ་སོགས་པས་སྨས་པ་ཡིས། །རྨ་བྱུང་མི་འཕྲོད་བསྟེན་པ་ལས། །རྨ་ཁའི་ཚ་བ་རླུང་གིས་ཕུལ། །ཁྲག་བཅས་མཁྲིས་པ་འབྱུང་བར་བྱེད། །ཁོང་འབྲས་བླ་བརྣན་ནད་མང་ཞིང༌། །ཁྲག་མཁྲིས་མཚན་ཉིད་ཅན་དག་བྱེད། །ཅེས་བྱ་བ་ལ། གང་མཚོན་དང་རྡོ་ལ་སོགས་པས་སྨས་ཤིང་སྣད་པར་གྱུར་པ་དེས་རྨ་བྱུང་བ་དང༌། མི་འཕྲོད་པའི་ཁ་ཟས་བསྟེན་ཅིང་ལོངས་སྤྱད་པས་རྨ་ཁའི་ཚ་བ་རླུང་གིས་ཕུལ་ཞིང་བསྐྱོད་པ་དང་བཅས་པའི་མཁྲིས་པ་འབྱུང་ཞིང་འཛག་པར་འགྱུར་བ་དེ་ལས་ཁོང་འབྲས་བླ་བརྣན་གྱི་ནད་མང་ཞིང་ཁྲག་དང་མཁྲིས་པའི་མཚན་ཉིད་དང་ལྡན་པར་འབྱུང་བར་འགྱུར་རོ། །བླ་བརྣན་དེ་ཡི་དབྱེ་བ་ཡང༌། །གནས་ཀྱི་དབྱེ་བ་ལས་བཤད་དོ། །ཞེས་བྱ་བ་ལ། ཁོང་འབྲས་དེ་རྣམས་ཀྱི་བླ་བརྣན་ནད་བསླངས་ཐབས་སུ་བྱུང་བ་དེའི་དབྱེ་བ་ནི། རང་རང་གི་གནས་སམ་རྟེན་གྱི་དབྱེ་བ་ལས་ཐ་དད་པར་གྱུར་བར་དྲང་སྲོང་རྣམས་ཀྱིས་བཤད་དོ། །ལྟེ་བར་བྱུང་ན་སྐྱིགས་བུ་སྟེ། །ཞེས་བྱ་བ་ལ། ཁོང་འབྲས་དེ་ལྟེ་བར་བྱུང་ན་བླ་བརྣན་སྐྱིགས་བུ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཆུ་སོར་གཅིན་འགགས་རྣག་ཏུ་འགྱུར། །ཞེས་བྱ་བ་ལ། ཆུ་སོར་ཁོང་འབྲས་བྱུང་ན་གཅིན་འགགས་ཤིང་འབྱུང་དཀའ་ལ། རྣག་དང་བཅས་ཤིང་དྲི་མནམ་པར་འབྱུང་བར་འགྱུར་རོ། །མཆེར་པ་དབུགས་མི་བདེ། ཞེས་བྱ་བ་ལ། མཆེར་པར་ཁོང་འབྲས་བྱུང་ན་དབུགས་མི་བདེ་བའི་བླ་བརྣན་འབྱུང་བར་འགྱུར་རོ། །མཆིན་པར། །དབུགས་འབྱུང་འགགས་སྐོམ་མགོ་འཁོར་འགྱུར། །ཞེས་བྱ་བ་ལ། མཆིན་པར་ཁོང་འབྲས་བྱུང་ན་དབུགས་འབྱུང་བ་འགགས་ཤིང་སྐོམ་དད་དང༌། མགོ་འཁོར་བའི་ནད་ཀྱིས་འདེབས་པའི་བླ་བརྣན་འབྱུང་བར་འགྱུར་རོ། །གློ་བར་བྱུང་ན་ལྐོག་ནད་འགྱུར། །ཞེས་བྱ་བ་ལ། ཁོང་འབྲས་གློ་བར་བྱུང་ན་ལྐོག་མའི་ནད་རྣམས་སུ་འགྱུར་རོ། །སྙིང་བྱུང་ཡན་ལག་ཀུན་གཟིར་སྙམ། །རབ་རྨོངས་མུན་


DTG201_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྲོས་སྙམ་དུ་བྱེད། །སྙིང་འཕར་ན་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁོང་འབྲས་སྙིང་ལ་བྱུང་ན་ལུས་ཀྱི་ཡན་ལག་ཀུན་དང་སྙིང་ག་ཤིན་ཏུ་གཟིར་བ་སྙམ་སེམས་ཤིང་བསྐྱོད་མི་ནུས་པ་ལྟ་བུར་འགྱུར་བ་དང༌། དེ་བཞིན་དུ་རབ་ཏུ་རྨོངས་ཤིང་འདུ་ཤེས་སྟོར་བར་འགྱུར་བ་དང༌། མུན་པར་ཞུགས་པ་སྙམ་དུ་སེམས་པ་དང༌། སྙིང་འཕར་ཞིང་གཡོ་བ་དང༌། ན་བ་དང་བཅས་པར་འགྱུར་རོ། །ལྟོ་བརྩི་བ་ལོགས་ཕྲག་པའི་བར། །ན་ཞིང་ལྟོ་སྦོས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁོང་འབྲས་ལྟེ་བར་བྱུང་ན་ལྟེ་བ་དང༌། རྩིབ་ལོགས་ཀྱི་བར་དང༌། ཕྲག་པ་གཉིས་ཀྱི་བར་དུ་ན་བ་དང༌། ལྟོ་བ་དེ་ཉིད་སྦོས་ཤིང་ཁྲུལ་ཁྲུལ་ཟེར་བ་འབྱུང་བར་འགྱུར་རོ། །ཆུ་སོ་མདོམས་བར་བྱུང་བརླ་ན། །ཞེས་བྱ་བ་ལ། ཁོང་འབྲས་ཆུ་སོ་དང་མདོམས་བར་དུ་བྱུང་ན་བརླན་ཞིང་འགུལ་མི་ཤེས་པར་འགྱུར་རོ། །མཁལ་མར་བྱུང་ན་རྐེད་པ་རྒྱབ། །རྩིབ་ལོགས་སུ་ནི་ན་བར་འགྱུར། །ཞེས་བྱ་བ་ལ། ཁོང་འབྲས་མཁལ་མ་གཉིས་སུ་བྱུང་ན་རྐེད་པ་དང་རྒྱབ་དང་རྩིབ་ལོགས་སུ་ན་ཞིང་ཟུག་པར་འགྱུར་རོ། །གཞང་དུ་རླུང་ནི་ཐུར་འབྱུང་འགགས། །ཞེས་བྱ་བ་ལ། གཞང་གི་ནང་དུ་ཁོང་འབྲས་བྱུང་ན་རླུང་ཐུར་དུ་འབྱུང་བའི་གགས་བྱེད་ཅིང་ནང་དུ་འཁྱིལ་བར་འགྱུར་རོ། །ཞུ་དང་མ་ཞུ་ཕྱེད་ཉིད་ཞུ། །དེ་དག་འོར་ནད་ལྟ་བུར་བཤད། །ཅེས་བྱ་བ་ལ། ཞུ་བའི་གནས་དང་མ་ཞུ་བའི་གནས་དང་ཕྱེད་ཙམ་ཞུ་བ་སྟེ། ལེགས་པར་མ་ཞུ་བའི་གནས་སུ་བྱུང་བ་དེ་དག་ནི་འོར་ནད་དམ་སྐྲང་བག་གི་ནད་ཀྱི་མཚན་ཉིད་དང་འདྲ་བར་བཤད་དེ། སྐྲང་པ་ཆུང་བ་ནད་ཚབས་ཆུང༌། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོན་ཏོ། །ལྟེ་བ་ཡན་ཆད་སྨིན་ཁར་འཛག །ཅེས་བྱ་བ་ལ། ཁོང་འབྲས་ལྟེ་བ་ཡན་ཆད་ཀྱི་ནང་ན་ཡོད་པ་དེ་དག་སྨིན་པར་གྱུར་ན། ཁའི་སྒོ་ནས་རྣག་ལ་སོགས་པའི་ནད་རྣམས་འཛག་ཅིང་འབྱུང་བར་འགྱུར་རོ། །ལྟེ་བ་མན་ཆད་གཞང་དུ་འཛག །ཅེས་བྱ་བ་ལ། ལྟེ་བ་མན་ཆད་ཀྱི་ནང་ན་ཁོང་འབྲས་གནས་པ་ལས་སྨིན་པར་གྱུར་པ་གང་དག་ཡིན་པ་


DTG201_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཞང་གི་སྒོར་རྣག་ལ་སོགས་པ་འཛག་པར་འགྱུར་རོ། །ལྟེ་བར་གནས་པ་གཉིས་ཀར་འཛག །ཅེས་བྱ་བ་ལ། ཁོང་འབྲས་ལྟེ་བའི་ནང་དུ་བྱུང་ན་ལུས་ཀྱི་དབུས་ན་གནས་པ་ཡིན་པའི་ཕྱིར་ཁ་དང་གཞང་གཉིས་ཀ་ནས་འབྱུང་ཞིང་འཛག་པ་ཡིན་ནོ། །ཁོང་འབྲས་ཀྱི་ནི་ནད་དམིགས་རྣམས། །འཛག་ལས་རྨ་ལྟར་ཤེས་པར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་གཞི་རླུང་ལ་སོགས་པ་ནི་རང་གི་འཛག་པ་ཇི་ལྟ་བ་ལས་རྨའི་ཚུལ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་རྨ་ལ་རྣག་དང་གཤེར་བག་འཛག་པའི་ཚུལ་ལས་ནད་གཞིའི་ཚུལ་ཤེས་པར་བྱ་བ་མདོའི་གནས་སུ་ཇི་སྐད་བཤད་པ་དེ་བཞིན་དུ་འདིར་ཡང་ཚུལ་དེ་དང་འདྲ་བར་བརྟག་པར་བྱའོ། །དེ་ལས་འདུས་པ་ལས་གྱུར་དང༌། །སྙིང་དང་ལྟེ་བ་ཆུ་སོར་གནས། །ཕྱི་འམ་ནང་དུ་བྱེ་བའམ། །སྨིན་ཏེ་ཁ་ནས་འཛག་པ་ནི། །ཉམ་ཆུང་བླ་བརྣན་ལྡན་པ་སྤང། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཁོང་འབྲས་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །དེ་བཞིན་དུ་རླུང་ལ་སོགས་པ་འབའ་ཞིག་ལས་གྱུར་པ་ཡིན་ཡང་སྙིང་ག་དང་ལྟེ་བ་དང་ཆུ་སོར་གནས་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ནང་ངམ་ཕྱིར་ཁ་བྱེ་ཞིང་སྨིན་ཏེ་ཟག་པ་ཡང་སྤང་བར་བྱའོ། །ཡང་སྙིང་ག་ལ་སོགས་པར་གནས་པ་སྨིན་ཏེ་ཁ་ནས་འཛག་པར་གྱུར་པ་ཉམ་ཆུང་བའི་ནད་པ་ལ་བྱུང་བ་ཡང་སྤང་བར་བྱའོ། །དེ་བཞིན་དུ་བླ་བརྣན་གྱི་ནད་ཡོད་པ་དག་ཀྱང་སྤང་བར་བྱའོ། །དེ་བཞིན་བུད་མེད་བུ་བཙས་པའམ། །སྦྲུམ་མའམ་ནུ་ཞོ་ཡོད་པ་དང༌། །ནུ་ཞོ་མེད་པའི་ནུ་མ་ཡི། །རྩ་སྒོ་ཁ་བྱེར་ཕྱིན་གྱུར་ནས། །ཕྱི་ཡི་ཁོང་འབྲས་མཚན་ཉིད་ཅན། །སྐྲངས་ཤིང་སྲ་བ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཇི་ལྟར་ཁོང་འབྲས་ཞེས་བྱ་བའི་ནད་ཁོང་དུ་ཟོས་པ་ལ་སོགས་པས་སྐྱེ་བ་བཞིན་དུ་བུད་མེད་བུ་བཙས་པའམ། སྦྲུམ་མ་ནུ་མར་ནུ་ཞོ་དང་བཅས་པའམ། ནུ་ཞོ་མེད་པའི་ནུ་མའི་རྩ་ཁ་བྱེ་བར་ཕྱིན་ནས་ཕྱིའི་ཁོང་འབྲས་ཀྱི་མཚན་ཉིད་རབ་ཏུ་ན་བ་དང༌། མདུད་པ་འདྲ་ཞིང་མཐོ་བ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ཡང་སྐྲང་པ་དང་འདྲ་བའི་རང་


DTG201_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འབྱུང་བར་འགྱུར་རོ། །དེ་ནི་ནུ་མའི་ཁོང་འབྲས་ཞེས་བྱ་བ་ཡིན་ནོ། །བུ་མོ་རྣམས་ཀྱི་ནུ་རྩའི་སྒོ། །ཕྲ་བས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། ནུ་མའི་ཁོང་འབྲས་དེ་ནི་བུ་མོ་གཞོན་ནུ་ལ་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ནུ་མའི་རྩ་སྒོ་ཤིན་ཏུ་ཕྲ་བས་དེ་འབྱུང་བར་མི་འགྱུར་བ་ཡིན་ནོ། །རླུང་ནི་རྒྱུ་ལམ་འགགས་པས་འཁྲུགས། །སྐྲང་དང་གཟེར་ནི་སྐྱེད་ཅིང་རྒྱུ། །ཆུ་སོ་རླིག་པར་ཕྱིན་པ་དང༌། །རླིག་པར་རྒྱུ་བའི་རྩ་དག་ནི། །བཙིར་ནས་རླིག་པ་པགས་པ་དག །འཕེལ་ཞིང་རླིག་རླུགས་ཉིད་དུ་བྱེད། །ཅེས་བྱ་བ་ལ། རླུང་རང་གི་རྒྱུ་བའི་ལམ་འགགས་ཤིང་ཕན་ཚུན་རྒྱུ་བའི་གོ་སྐབས་སུ་ཆུད་པར་གྱུར་པས་འཁྲུགས་ཤིང་ནད་སྐྱེད་པས་ན་སྐྲང་བ་དང༌། གཟེར་བའི་ནད་སྐྱེད་ཅིང་རྒྱུ་ནས་རླིག་པ་སྐྲང་བར་བྱེད་ཅིང༌། ཆུ་སོ་དང་རླིག་པར་ཕྱིན་ནས་དེ་ལ་བརྟེན་ཏེ། རླིག་པའི་གནས་སུ་རྒྱུ་བའི་རྩ་དག་རབ་ཏུ་བཙིར་ཞིང་གནོད་པར་བྱས་ནས། རླིག་པ་དང་པགས་པ་འཕེལ་ཞིང་རྒྱས་པའི་རླིག་རླུགས་ཉིད་བྱེད་པར་འགྱུར་རོ། །ནད་ཁྲག་གཅིན་ཚིལ་རྒྱུ་མ་ལས། །རླིག་རླུགས་དེ་ནི་རྣམ་བདུན་འགྱུར། །ཞེས་བྱ་བ་ལ། རླིག་རླུགས་ཞེས་བྱ་བའི་ནད་དེ་ནི་ནད་དམིགས་སོ་སོ་དང༌། ཁྲག་ལས་བྱུང་བ་དང༌། གཅིན་དང༌། ཚིལ་དང༌། རྒྱུ་མ་ལས་བྱུང་བ་སྟེ་རྣམ་པ་བདུན་ཡིན་ནོ། །རྒྱུ་མ་གཅིན་སྐྱེས་པའམ་རླུང༌། །རྒྱུ་མའི་དབྱེ་བ་འབའ་ཞིག་གཞན། །ཞེས་བྱ་བ་ལ། རྒྱུ་མའམ། གཅིན་ལས་སྐྱེས་པའི་རླིག་རླུགས་དག་ཀྱང་རླུང་ལས་གྱུར་པ་དང་འདྲ་མོད་ཀྱི། རྒྱུ་མ་འབའ་ཞིག་གི་དབྱེ་བས་ཐ་དད་པ་ཡིན་ཞིང་གཞན་ཡང་མ་ཡིན་ནོ། །རླུང་གྱུར་རྐྱལ་པ་གང་འདྲ་ཞིང༌། །རེག་ན་རྩུབ་ཅིང་རྒྱུ་མེད་ན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རླིག་རླུགས་ནི་རྐྱལ་པ་རླུང་གིས་གང་བ་འདྲ་ཞིང༌། རེག་ན་རྩུབ་པ་དང༌། དེ་བཞིན་དུ་རྒྱུ་མེད་པར་གློ་བུར་དུ་ན་བར་བྱེད་པ་


DTG201_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །མཁྲིས་གྱུར་ཨུ་དུམྺཱ་ར་ཡི། །འབྲས་བུ་སྨིན་འདྲ་ཚ་དྲོ་འདྲུལ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ནི་ཨུ་དུམྺཱ་རའི་འབྲས་བུ་སྨིན་པ་དང་མདོག་འདྲ་ལ། དེ་བཞིན་དུ་ཚ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །བད་ཀན་ལས་བསིལ་ལྕི་ཞིང་སྣུམ། །གཡའ་ཞིང་སྲ་ལ་ནད་ཚབས་ཆུང༌། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ནི། བསིལ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཁྲག་གྱུར་གནག་ཅིང་འབྲུམ་བུས་ཁྱབ། །མཁྲིས་པའི་རླིག་རླུགས་མཚན་ཉིད་ལྡན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རླིག་རླུགས་ནི་སྣག་ཚ་ལྟར་གནག་ཅིང༌། འབྲུམ་བུ་ནག་པོས་ཁྱབ་པ་དང༌། མཁྲིས་པའི་རླིག་རླུགས་ཀྱི་མཚན་ཉིད་ཨུ་དུམྺཱ་རའི་འབྲས་བུ་སྨིན་པ་དང་འདྲ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཚིལ་གྱུར་རླིག་རླུགས་བད་ཀན་འདྲ། །འཇམ་ཞིང་ཏཱ་ལའི་འབྲས་བུར་མཚུངས། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ནི། བསིལ་ཞིང་སྣུམ་པ་ལ་སོགས་པ་བད་ཀན་གྱི་མཚན་ཉིད་དང་འདྲ་བ་དང༌། ཡང་དེ་འཇམ་ཞིང་ཏཱ་ལའི་འབྲས་བུ་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །གཅིན་བརྣག་པ་ལ་བརྟེན་པ་རྣམས། །གཅིན་ལས་འབྱུང་བར་དེ་འགྱུར་ཏེ། །རྐྱལ་པ་ཆུ་ཡིས་གང་བ་ལྟར། །གཡོ་འགྱུར་ནད་དང་བཅས་ཤིང་འཇམ། །གཅིན་འགགས་པ་དང་རླིག་པ་ཡི། །འོག་ཏུ་སྐྲང་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཅིན་སྙོམས་ལ་བརྣག་ཅིང་ནན་གྱིས་འགེག་པར་བྱེད་པ་ལ་བརྟེན་པའི་སྐྱེས་བུ་རྣམས་ལ་ནི། གཅིན་ལས་བྱུང་བའི་རླིག་རླུགས་འབྱུང་བར་འགྱུར་རོ། །དེ་ནི་རྐྱལ་པ་ཆུས་གང་བ་ལྟར་གཡོ་ཞིང་འགུལ་བར་འཁྲུག་པར་འགྱུར་ལ། དེ་ཡང་ནད་དང་བཅས་ཤིང་འཇམ་ཞིང་མཉེན་པར་འགྱུར་བ་དང༌། དེ་བཞིན་དུ་གཅིན་འགགས་ཤིང་སྲི་བ་དང༌།


DTG201_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རླིག་པའི་འོག་ཏུ་གདུ་བུ་ལྟར་སྐྲང་བར་བྱེད་པར་འགྱུར་རོ། །རླུང་འཁྲུགས་པ་ཡི་ཟས་དང་ནི། །ཆུ་གྲང་ལ་ནི་རྐྱལ་པ་དང༌། །ཤུགས་བཀག་བཙིར་དང་ཁུར་དང་ལམ། །ཡན་ལག་ལོག་པར་གཅུས་པ་དང༌། །རླུང་འཁྲུགས་པ་ནི་གཞན་གྱིས་ཀྱང༌། །གང་ཚེ་རྒྱུ་མ་ཕྲ་མོའི་ཆ། །རླུང་གིས་ལོག་པར་ཕུལ་འགྱུར་ཏེ། །རང་གི་གནས་ནས་ཐུར་དུ་བསྐྱོད། །ཆུ་སོའི་ཚིགས་སུ་ཕྱིན་པ་དང༌། །དེ་ཚེ་མདུད་པ་ལྟར་གློ་འགྱུར། །ཞེས་བྱ་བ་ལ། རླུང་འཁྲུག་པར་བྱེད་པའི་ཁ་ཟས་རྩུབ་པ་དང༌། བསྐ་བ་ལ་སོགས་པ་བསྟེན་པ་དང༌། དེ་བཞིན་དུ་ཆུ་གྲང་མོ་ལ་རྐྱལ་གྱིས་བརྒལ་བ་དང༌། དེ་བཞིན་དུ་བཤང་གཅི་ལ་སོགས་པའི་ཤུགས་འབྱུང་བ་བཀག་པ་དང༌། ནན་གྱིས་བཙིར་པ་དང༌། ཁུར་ལ་སོགས་པས་གནོད་པར་འགྱུར་བའི་རྒྱུ་གཞན་དག་གིས་རླུང་འཁྲུགས་པར་གྱུར་པའི་དུས་གང་གི་ཚེ་རྒྱུ་མ་ཕྲ་མོའི་ཆ་སྟེ། རྒྱུ་མ་ཕྲེའུ་ཕྱོགས་གཅིག་ལོག་པར་ཕུལ་ཏེ། རང་གི་གནས་ནས་ཐུར་དུ་བསྐྱོད་ཅིང་ཆུ་སོའི་ཚིགས་སུ་རླུང་གནས་པ་དེའི་ཚེ། མདུད་པ་ལྟར་གློ་བའི་སྐྲང་བག་སྐྱེད་པར་འགྱུར་རོ། །ཡལ་བར་བོར་ན་རླིག་པ་ཆེར་སྐྱེ་ཞིང༌། །སྦོ་ཞིང་ན་ལ་རེངས་པར་རླུང་གིས་བྱེད། །རབ་ཏུ་གཟེར་ཞིང་ནང་ན་སྒྲ་དང་བཅས། །གང་བར་བྱེད་ཅིང་བཅུག་ཀྱང་སླར་འབྱུང་བྱེད། །ཅེས་བྱ་བ་ལ། ནད་དེ་ཡལ་བར་བོར་ཞིང་གསོ་བ་མ་བྱས་ན། རླིག་པ་སྐྱེ་ཞིང་འཕེལ་བར་འགྱུར་བ་དང༌། ལྟོ་སྦོ་ཞིང་རེངས་པར་རླུང་དེས་སྐྱེད་པར་བྱེད་པ་དང༌། ཡང་རླུང་དེས་རབ་ཏུ་གཟེར་ཞིང་ཉེན་པས་རླུང་སྒྲ་དང་བཅས་ཤིང་ཀྲུལ་ཀྲུལ་ཟེར་བ་དང༌། ཡང་རླུང་གིས་གང་བར་བྱེད་ཅིང་ཕྱུང་བ་དེ་བཅུག་ཀྱང་སླར་འབྱུང་བར་བྱེད་པ་ཡིན་ནོ། །རྒྱུ་རླུགས་འདི་ནི་གསོ་དཀའ་སྟེ། །རླུང་གི་རླིག་རླུགས་འདྲ་བ་ཡིན། །རྩུབ་ཅིང་གནག་ལ་དམར་བའི་རྩ། །ཕྲ་མོའི་དྲ་བས་ཁེབས་པ་ཡིན། །ཞེས་བྱ་བ་ལ། རྒྱུ་


DTG201_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རླུགས་ཞེས་བྱ་བའི་ནད་འདི་ནི་གསོ་དཀའ་ཞིང་བཅོས་པར་མི་ནུས་པ་ཡིན་ལ། ཡང་དེ་ནི་རླུང་གི་རླིག་རླུགས་དང་མཚན་མ་འདྲ་བ་ཡིན་ཏེ། རླུང་གྱུར་རྐྱལ་བ་གང་འདྲ་ཞིང༌། །རེག་ན་རྩུབ་ཅིང་རྒྱུ་མེད་ན། །ཞེས་བྱ་བའི་གཞུང་གིས་བསྟན་པ་ཡིན་ནོ། །ཡང་དེ་བཞིན་དུ་རྩུབ་ཅིང་མདོག་གནག་ལ་དམར་བའི་རྩའི་ཚོགས་ཕྲ་མོའི་དྲ་བས་ཁེབས་ཤིང་ཁྱབ་པར་འགྱུར་བ་ཡིན་ནོ། །སྐྲན་བརྒྱད་ནད་ནི་སོ་སོ་དང༌། །འདྲེས་དང་འདུས་པ་ལས་གྱུར་དང༌། །ཟླ་མཚན་གྱི་ནི་ཉེས་པ་ཡིས། །བརྒྱད་པ་བུད་མེད་རྣམས་ལ་འབྱུང༌། །ཞེས་བྱ་བ་ལ། སྐྲན་ནི་རྣམ་པ་བརྒྱད་ཡོད་དེ། དེ་ཡང་རླུང་ལ་སོགས་པའི་ནད་གཞི་སོ་སོ་ལས་བྱུང་བ་གསུམ་དང༌། ནད་གཞི་གཉིས་གཉིས་དང་འདྲེས་པའི་ལྡན་པ་ལས་གྱུར་བ་གསུམ་དང༌། ནད་གཞི་གསུམ་ཅར་འདུས་པ་ལས་གྱུར་པ་གཅིག་དང༌། བུད་མེད་རྣམས་ལ་ཟླ་མཚན་གྱི་ནད་ཀྱི་ཉེས་པ་ལས་བྱུང་བ་གཅིག་སྟེ། དེ་ལྟར་ན་སྤྱིར་བརྒྱད་ཡིན་ནོ། །རིམས་དང་སློན་དང་ཚད་འཁྲུ་སོགས། །སྐྱུག་སྨན་སོགས་དང་ལས་རྣམས་ཀྱིས། །སྐེམ་གྱུར་རླུང་སྐྱེས་ཟས་ཟ་དང༌། །བཀྲེས་ཏེ་ཆུ་གྲང་འཐུངས་གྱུར་པའམ། །སྐོམ་འཐུངས་རྗེས་ལ་གང་ཞིག་ནི། །རྐྱལ་དང་མཆོད་པ་ལ་སོགས་པ། །བསྟེན་པས་ལུས་ནི་དཀྲུགས་བྱས་དང༌། །སློན་མི་བྲོ་ཡང་སྐྱུགས་པ་དང༌། །རླུང་ལ་སོགས་པ་འབྱུང་བ་ཡི། །ཤུགས་བཀག་པའམ་གཅིན་བཙིར་བའམ། །སྣུམ་དང་དུགས་ནི་མ་བསྟེན་པར། །སྦྱང་བའི་ལས་ནི་བྱེད་པ་དང༌། །སྦྱངས་ཟིན་མྱུར་དུ་ཚ་བ་དང༌། །བད་ཀན་སྐྱེད་པའི་ཟས་སྐོམ་སྤྱད། །རླུང་རྒྱས་པ་ཡི་ནད་རྣམས་ནི། །སོ་སོའམ་འདྲེས་པའམ་འཁྲུགས་གྱུར་པའམ། །ཀུན་ནས་ཁྲག་དང་བཅས་འཁྲུགས་པས། །སྦུབས་ཅན་ལ་ནི་བརྟེན་གྱུར་ནས། །སྟེང་འོག་ལམ་ནི་བཀག་ནས་སུ། །གཟེར་སྔོན་འགྲོ་ཞིང་རེག་ཏུ་རུང༌། །ཤིན་ཏུ་མཐོ་ཞིང་མདུད་པའི་གཟུགས། །སྐྲན་ནི་སྐྱེད་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ།


DTG201_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲན་འབྱུང་བའི་རྒྱུ་ནི་རིམས་ལ་སོགས་པའི་ནད་རྣམས་དང༌། དེ་བཞིན་དུ་སྐྱུག་སྨན་ལ་སོགས་པ་སྟེ། སྐྱུག་སྨན་དང་བཀྲུ་སྨན་དང༌། བཀྲུ་སྨན་དྲག་པོ་མས་གཏོང་བ་དང༌། འཇམ་རྩི་དང༌། མགོ་བོའི་བཀྲུ་སྨན་ཞེས་བྱ་བའི་དཔྱད་ཀྱི་སྦྱོར་བ་ཉེས་པ་དང༌། དེ་བཞིན་དུ་དྲག་ཤུལ་གྱི་ནད་རྣམས་ཀྱིས་སྐེམ་ཞིང་སྦེགས་པར་གྱུར་པ་དང༌། རླུང་སྐྱེས་པའི་ཟས་རྩུབ་ཅིང་ཁ་བ་ལ་སོགས་པ་ཟ་བ་དང༌། དེ་བཞིན་དུ་བཀྲེས་ཤིང་ཟས་ཟ་བར་འདོད་པའི་སྐབས་སུ་ཟས་མ་ཟོས་པར་ཆུ་གྲང་མོ་འཐུང་བའམ། ཡང་ན་སྐོམ་འཐུངས་བའི་རྗེས་ལ་རྐྱལ་བ་དང་མཆོང་བ་དང་ཉལ་པོ་བསྟེན་པ་དང༌། རྟ་རྒྱུག་པ་ལ་སོགས་པ་ལ་བརྟེན་ཅིང༌། ལུས་འཁྲུགས་ཤིང་བསྐྱོད་པར་བྱས་པ་དང༌། ཡང་ན་སློན་མི་བྲོ་བ་བཞིན་དུ་ནན་གྱིས་སློན་ཞིང་སྐྱུགས་པ་དང༌། རླུང་དང་བཤང་གཅི་ལ་སོགས་པའི་ཤུགས་འབྱུང་བར་ལྡོག་བཞིན་དུ་ནན་གྱིས་བཀག་ཅིང་བརྣག་པ་དང༌། དེ་དག་ནན་གྱིས་བཙིར་བ་དང༌། ཡང་ན་སྣུམ་དང་དུགས་ཀྱི་ཆོ་ག་ཡང་དང་ཡང་དུ་བྱ་བ་མ་བསྟེན་ཅིང་གོམས་པར་མ་བྱས་པར་སྦྱང་བའི་ལས་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པ་གཏང་བ་དང༌། ཡང་ན་སྦྱངས་ཟིན་ཅིང་སྐྱུག་སྨན་བཏང་བ་ལ་སོགས་པ་བྱས་ཟིན་པའི་རྗེས་ཐོགས་ཉིད་ལ་མྱུར་བར་ལུས་ཚ་བར་བྱེད་པའི་ཟས་སྐོམ་ལ་བསྟེན་པ་དང༌། དེ་བཞིན་དུ་བད་ཀན་སྐྱེད་པའི་ལྗན་ལྗིན་འཕེལ་བའི་ཟས་སྐོམ་ལོངས་སྤྱད་པ་དང༌། དེ་བཞིན་དུ་རླུང་རྒྱས་ཤིང་འཕེལ་བའི་ནད་ཀྱི་དྲི་མ་རྣམས་སོ་སོར་འཁྲུགས་པར་འགྱུར་བ་འམ། གཉིས་པའི་ལྡན་པ་འཁྲུགས་པའམ། ཡང་ན་གཞི་ཐམས་ཅད་འཁྲུགས་པའམ། ཁྲག་དང་བཅས་པས་འཁྲུགས་ཤིང་གཡོས་པས་སྦུབས་ཆེན་པོ་སྟེ། ལྟོ་བ་ཞེས་བྱ་བའི་ལུས་ཀྱི་དབྱིབས་ཀྱི་ཆ་དེ་ལ་བརྟེན་ཅིང་གནས་ནས་དེའི་འོག་ཏུ་རྩ་བོ་ཆེའི་ནང་དུ་ཞུགས་ཏེ། སྟེང་དང་འོག་གི་ལམ་བཀག་ནས་སྐྲན་སྐྱེད་པར་འགྱུར་ལ་དེ་ཡང་གཟེར་སྔོན་དུ་འགྲོ་བའི་སྒོ་ནས་ནད་སྐྱེད་པར་འགྱུར་ཞིང༌། རེག་ཏུ་རུང་བ་ཤིན་ཏུ་མཐོ་ཞིང་འབུར་བར་མདུད་པའི་གཟུགས་ཅན་ལྟར་རིལ་རིལ་པོར་གནས་པའི་སྐྲན་ཞེས་བྱ་བ་སྐྱེད་པར་འགྱུར་བ་ཡིན་ནོ། །སྐེམ་པས་བད་ཀན་མཁྲིས་བཤང་


DTG201_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །རྒྱུན་སྲང་འགགས་པར་གྱུར་པ་ཡིས། །རླུང་ནི་ཁོང་པར་གནས་བཅས་པ། །རྩུབ་པས་སྲ་བར་གྱུར་པ་ཡིན། །རང་གནས་ལྡང་གྱུར་རང་དབང་ཅན། །གཞན་གནས་ལ་བརྟེན་གཞན་དབང་ཅན། །གོང་པོར་གྱུར་པས་གཟུགས་མེད་ཀྱང༌། །གཟུགས་ཅན་ལྟར་གནས་སྐྲན་ཞེས་བྱ། །ཆུ་སོ་ལྟེ་བ་སྙིང་ག་དང༌། །རྩིབ་ལོགས་ལ་ནི་གནས་པ་ཡིན། །ཞེས་བྱ་བ་ལ། སྐེམ་ཞིང་ལུས་ཟུངས་ཟད་པས་ལན་འགའ་ཞིག་རླུང་འཁྲུགས་ཤིང་ལྡང་བར་འགྱུར་ལ། ལན་འགའ་ཞིག་ནི་བད་ཀན་དང་མཁྲིས་པ་དང་བཤང་བ་རྒྱུ་བའི་བུ་གའི་ལམ་སྲང་འགགས་པར་འགྱུར་བས་འཁྲུགས་པར་འགྱུར་ལ། འཁྲུགས་པའི་རླུང་དེ་ཁོང་པའི་ནང་དུ་གནས་བཅས་ཤིང་བརྟེན་པར་གྱུར་པ་ཡིན་ལ། དེས་ན་རྩུབ་པའི་རྒྱུས་སྲ་ཞིང་མཁྲང་བར་གྱུར་པ་ཡིན་ལ། རླུང་དེ་རང་གི་གནས་ན་གནས་པའི་ཚེ་ན་ནི་རང་དབང་ཅན་ཞེས་བྱ་བ་ལ། རང་གི་གནས་བད་ཀན་དང་མཁྲིས་པའི་གནས་ལ་བརྟེན་པའི་ཚེ་ན་ནི་གཞན་དབང་ཅན་ཞེས་བྱའོ། །ཡང་ནད་དེ་ནི་གོང་པོར་གནས་པས་ན་རེག་ཏུ་རུང་བར་གྱུར་པས། རླུང་དེ་གཟུགས་མེད་པ་སྟེ་སྲ་བ་མ་ཡིན་དུ་ཟིན་ཀྱང་གཟུགས་ཅན་ལྟ་བུར་གནས་ཤིང་མདུད་པའི་གཟུགས་སུ་འདུག་པས་མིང་སྐྲན་ཞེས་བྱ་བར་བཏགས་པ་ཡིན་ནོ། །དེ་ཡང་ཆུ་སོ་ལ་སོགས་པའི་གནས་སུ་གནས་པ་ཡིན་ཏེ། ཆུ་སོ་དང་ལྟེ་བ་སྙིང་ག་དང་རྩིབ་ལོགས་གཡས་གཡོན་ཏེ་ལྔར་གནས་པ་ཡིན་ནོ། །རླུང་ལས་མཇིང་པ་ཀླད་པ་གཟེར། །རིམས་འདེབས་མཆེར་ན་རྒྱུ་མ་འཁྲུག །བཤང་སྲི་ཁབ་ཀྱིས་གཙགས་སྙམ་ན། །དབུགས་འབྱིན་ཡང་དང་ཡང་མི་ཕྱིན། །ལུས་རེངས་ཁ་ནི་སྐམ་པ་དང༌། །སྐེམ་ཞིང་མེ་དྲོད་མི་སྙོམས་དང༌། །ལྤགས་སོགས་གནག་ཅིང་རྩུབ་པ་དང༌། །རླུང་སྐྲན་གཡོ་བ་ཡིན་པའི་ཕྱིར། །དབྱིབས་ནི་བརྟག་པར་མི་མངོན་ཞིང༌། །གནས་འཕེལ་འབྲི་དང་ན་བ་དང༌། །གྲོག་མས་ཁྱབ་པ་ལྟ་བུར་ནི། །སྐྲན་ནི་འགུལ་ཞིང་ཟུག་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ནད་ནི་མཇིང་བ་དང་ཀླད་པ་གཟེར་བ་ལ་སོགས་པའི་ནད་ཀྱིས་འདེབས་པར་


DTG201_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང༌། ཁབ་ཀྱིས་གཙགས་བ་སྙམ་དུ་ན་ཞིང་ཟུག་པ་དང༌། དབུགས་འབྱིན་པར་དཀའ་ཞིང་ཡང་དང་ཡང་དུ་མི་ཐོན་པ་དང༌། ལུས་རེངས་ཤིང་འགྱུར་མི་ཤེས་པ་དང༌། སྐེམ་ཞིང་རིད་པ་དང༌། པགས་པ་དང་མིག་དང་སེན་མོ་དང་གདོང་དང་ལྕེ་ལ་སོགས་པ་གནག་པ་དང༌། རླུང་གི་རང་བཞིན་གཡོ་ཞིང་མི་བརྟེན་པ་ཡིན་པའི་ཕྱིར་དབྱིབས་དང་རང་བཞིན་བརྟག་པར་དཀའ་ཞིང་གནས་གཅིག་ན་མི་འདུག་པ་དང༌། འཕེལ་བ་དང་འབྲི་བར་སྣང་བ་དང༌། ན་ཞིང་ཟུག་པ་དང་གྲོག་མས་ཁྱབ་ཅིང་གང་བ་ལྟ་བུར་སྐྲན་དེ་འགུལ་བ་དང༌། ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་ལས་ཚ་ཞིང་སྒྲེགས་སྐྱུར་བརྒྱལ། །འཁྲུ་ཞིང་ལུས་རྡུལ་སྐོམ་རིམས་འདེབས། །པགས་པ་ལ་སོགས་སེར་བོར་སྣང༌། །སྐྲན་ནི་རེག་པར་མི་བཟོད་དང༌། །ཚ་ཞིང་འབར་ལ་དྲོ་བ་དང༌། །རང་གི་གནས་ནི་བསྲེགས་སྙམ་བྱེད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ནི་ཚ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང༌། སྐྲན་མང་ཞིང་རེག་པར་མི་བཟོད་ཅིང་ན་བ་དང༌། ཚ་འུར་འུར་པོ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །བད་ཀན་སློན་བག་ཡི་ག་འཆུས། །མེ་དྲོད་ཉམས་ཤིང་གྲང་རིམས་འདེབས། །ཆམ་པ་ཁོང་སྙོམ་དང་ག་ལྕི། །ལུད་པ་ལུ་ཞིང་ལྤགས་སོགས་དཀར། །སྐྲན་ཕུགས་རིང་ཞིང་སྲ་བ་དང༌། །ལྕི་ཞིང་རང་གནས་བརྟན་ནད་ཆུང༌། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ནད་ནི་སློན་བག་ལ་སོགས་པ་དང་ལྡན་པར་ན་ཞིང་པགས་པ་དང་སེན་མོ་ལ་སོགས་པ་དཀར་ཞིང་སྐྱ་བ་དང༌། དེ་བཞིན་དུ་སྐྲན་ཕུགས་རིང་ཞིང་རྡོ་ལྟར་སྲ་བ་དང༌། ལྕི་ཞིང་ཚོར་བ་མེད་པ་ལྟ་བུ་དང༌། རང་གི་གནས་ན་བརྟན་པར་གནས་ཤིང་མི་འགྱུར་བ་དང་ནད་ཚབས་ཆུང་ཞིང་རྒྱུ་བ་དལ་བ་ཡིན་ནོ། །ཕལ་ཆེར་རང་གནས་འདུག་པ་དང༌། །རང་གི་དུས་སུ་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། སྐྲན་དེ་དག་ནི་ཕལ་ཆེར་ནད་རང་རང་གི་གནས་ན་འདུག་ཅིང་བརྟེན་ལ། རང་རང་གི་ལྡང་བའི་དུས་སུ་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་རླུང་


DTG201_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པའི་སྐྲན་ནད་ཕལ་ཆེར་ནི་དཀུའི་ཕྱོགས་སུ་གནས་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ནི་ཕལ་ཆེར་ལྟེ་བ་ལ་གནས་སོ། །བད་ཀན་ལས་གྱུར་པའི་སྐྲན་ནི་ཕལ་ཆེར་རྩིབ་ལོགས་གཉིས་དང་སྙིང་གར་གནས་སོ། །རང་གི་དུས་ནི་ཉིན་མཚན་དང་ཟས་ཟོས་པ་ལ་སོགས་པ་ནད་རང་རང་འབྱུང་བའི་དུས་སུ་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའི་སྐྲན་ལྷག་པར་ལྡང་ཞིང་ན་བར་འགྱུར་རོ། །གཉིས་ལས་བྱུང་བའི་སྐྲན་གསུམ་པོ། །མཚན་ཉིད་འདྲེན་མར་ལྡན་པ་ཡིན། །ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པ་ལས་བྱུང་བའི་སྐྲན་གསུམ་ནི་མཚན་ཉིད་གཉིས་པོ་གང་དག་ཡིན་པ་དེའི་ཆ་འདྲེན་མ་དང་ལྡན་པ་ཡིན་ནོ། །ཀུན་སྐྱེས་མི་བཟད་ན་ཞིང་ཚ། །མྱུར་སྨིན་སྲ་མཐོ་དེ་གསོ་དཀའ། །ཞེས་བྱ་བ་ལ། ནད་གཞི་གསུམ་པོ་ཀུན་འདུས་པ་ལས་སྐྱེས་པའི་སྐྲན་ནི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་མི་བཟད་པར་ན་བ་དང༌། ལྷག་པར་ཚ་བ་དང༌། མྱུར་དུ་སྨིན་པ་དང་སྲ་ཞིང་དཔངས་མཐོ་བ་ཡིན་ཏེ། དེ་ནི་གསོ་དཀའ་བ་ཡིན་པས་གསོ་དཔྱད་ཀྱིས་བཅོས་ཀྱང་མི་འཚོའོ། །ཁྲག་གི་སྐྲན་ནི་གང་ཡིན་པ། །དེ་ནི་བུད་མེད་ཉིད་ལ་འབྱུང༌། །ཞེས་བྱ་བ་ལ། སྐྲན་བརྒྱད་པ་ཁྲག་ལས་གྱུར་པའི་སྐྲན་ནི་བུད་མེད་ཁོ་ན་ལ་འབྱུང་གི་སྐྱེས་པ་ལ་ནི་འབྱུང་བར་མི་འགྱུར་རོ། །ཟླ་མཚན་དུས་སམ་བུ་གསར་བཙས། །ཡང་ན་མངལ་གྱི་ནད་ཅན་གྱིས། །བུད་མེད་རླུང་སྐྱེད་བསྟེན་གྱུར་པས། །རླུང་ནི་འཁྲུགས་པར་གྱུར་པ་ལས། །ཟླ་རེ་འབྱུང་བར་བྱེད་པ་ཡི། །ཟླ་མཚན་མངལ་དུ་བཀག་པས་ནི། །དེ་ནི་མངལ་ཆགས་འདྲར་སྣང་ཞིང༌། །མཚན་མ་གསལ་བར་སྟོན་བྱེད་དེ། །སྙིང་འཕར་ནུ་འཛག་ཡིད་མི་བདེ། །སྐེམ་པ་ལ་སོགས་ཚུལ་དུ་སྣང༌། །ཞེས་བྱ་བ་ལ། ཟླ་མཚན་དང་ལྡན་པའམ། ཟླ་མཚན་གྱི་དུས་ལ་བབ་པ་གསར་དུ་བཙས་པའམ། ཟླ་བམ་ཚང་བར་འཕྱིལ་བར་གྱུར་པ་དང༌། ཡང་ན་བུད་མེད་མངལ་ནད་ཅན་གྱིས་རླུང་སྐྱེད་པར་བྱེད་པའི་ཟས་དང་སྐོམ་བསྟེན་ཅིང་སྤྱད་པར་གྱུར་པས། བུད་མེད་དེའི་རླུང་གི་ནད་འཁྲུགས་པར་གྱུར་པ་ལས་


DTG201_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་རེ་རེ་ཞིང་རྒྱུ་བར་བྱེད་པའི་ཟླ་མཚན་བཀག་ཅིང་ཕྱིར་འབྱུང་དུ་མི་སྟེར་བས་ཟླ་རེ་འབྱུང་བ་དེ་མངལ་ན་བུ་ཆགས་པ་ལྟ་བུའི་ཚུལ་དེ་སོགས་ཤིང་འཕེལ་བར་གྱུར་ནས། མངལ་དུ་ཆགས་པའི་མཚན་མ་སྣང་ཞིང་གསལ་བར་སྟོན་པར་བྱེད་དེ། སྙིང་འཕར་བ་ལ་སོགས་པའི་མཚན་མ་སྣང་བ་ཡིན་ནོ། །དེ་ནས་རིམ་གྱིས་རླུང་འདྲེས་དང༌། །མཁྲིས་པ་ཡི་ནི་རྒྱུ་ཡིས་ན། །རླུང་དང་མཁྲིས་པ་ལས་བྱུང་བའི། །སྐྲན་ནི་ཁྲག་དེ་སྐྱེད་བྱེད་ཡིན། །ན་ཞིང་སྲ་ལ་ཚ་ཞིང་འཁྲུ། །སྐོམ་དད་རིམས་སོགས་བླ་བརྣན་འབྱུང༌། །ནད་ཀྱི་ཁྲག་ལ་བརྟེན་པས་ན། །མངལ་གནས་དག་ཏུ་ལྷག་པར་གཟེར། །མངལ་ནས་དྲི་ང་འཛག་པ་དང༌། །ན་ཞིང་འཕར་ལ་ཟུག་པར་བྱེད། །ཅེས་བྱ་བ་ལ། དུས་ཀྱི་རིམ་གྱིས་རླུང་དང་ཁྲག་དེ་འདྲེས་ཤིང་འདུས་པར་གྱུར་པ་དང༌། མཁྲིས་པའི་རྒྱུར་གྱུར་པ་ཉིད་ཀྱིས་ནད་ཁྲག་དེ་རླུང་དང་མཁྲིས་པ་ལས་བྱུང་བའི་སྐྲན་གྱི་ནད་ཁྲག་དེ་སྐྱེད་པར་བྱེད་ཅིང་བླ་བརྣན་གྱི་ནད་ན་ཞིང་སྲ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ལྷག་པར་ཡང་ནད་ཀྱི་ཁྲག་ལ་བརྟེན་ཅིང་གནས་པས། མངལ་གྱི་གནས་སུ་ལྷག་པར་གཟེར་ཞིང་ན་བ་དང༌། མངལ་ནས་དྲི་ང་བ་འཛག་པ་དང༌། སོགས་པར་བྱེད་པར་འགྱུར་རོ། །མངལ་ཆགས་འདྲ་ཡང་ཡན་ལག་མེད། །འོན་ཀྱང་སྐྲན་ནི་འགུལ་གཟེར་ལྡན། །དེ་ཉིད་དེར་ནི་གོང་པོར་གནས། །ལན་འགའ་འགུལ་བར་བྱེད་པ་ཡིན། །འདི་ནི་ལྟོར་འཕེལ་མི་བྱེད་ཀྱི། །སྐྲན་ཉིད་འཕེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་ཁྲག་གི་སྐྲན་ཆགས་པ་དེ་མངལ་ན་བུ་ཆགས་པ་དང་ཆ་འདྲ་ན་ཡང་ཡན་ལག་ལ་སོགས་པ་དང་ལྡན་པའི་སེམས་ཅན་ཡོད་པ་མ་ཡིན་གྱི། འོན་ཀྱང་འགུལ་ཞིང་གཟེར་བ་དང་ལྡན་པ་ཡིན་ནོ། །ཡང་སྐྲན་དེ་ཉིད་ནི་མངལ་གྱི་གནས་དེར་གོང་པོར་གཟུགས་ཅན་དུ་གནས་ལ། ལན་འགའ་ཡུན་རིང་ཞིག་ནས་འགུལ་བར་བྱེད་པ་ཡིན་ནོ། །ཡང་འདིའི་མངལ་དུ་བུ་ཆགས་ནས་འཕེལ་བར་བྱེད་


DTG201_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་གྱི། །གཞན་དུ་ཁྲག་ལས་ཆགས་པའི་སྐྲན་ཉིད་འཕེལ་བར་བྱེད་པ་ཡིན་ནོ། །རང་གི་ནད་གཞི་ལ་བརྟེན་ནས། །དེས་དེར་སྐྲན་ནད་ཐམས་ཅད་སྐྱེད། །ཡུན་རིང་ནས་ནི་སྨིན་འགྱུར་བའམ། །ཡང་ན་མ་སྨིན། ཞེས་བྱ་བ་ལ། ནད་རང་རང་གི་ནད་གཞིའི་ཚུལ་ལ་བརྟེན་ཅིང་གནས་ནས་སྐྲན་ཐམས་ཅད་སྐྱེ་བར་འགྱུར་བ་ཡིན་ལ། རྒྱུ་དེས་ན་ཡུན་རིང་ཞིག་ནས་སྨིན་པར་འགྱུར་བའམ། ཡང་ན་སྨིན་པར་མི་འགྱུར་རོ། །ཁོང་འབྲས་ཀྱང༌། ནད་ཁྲག་ལ་ནི་བརྟེན་པའི་ཕྱིར། །ཤིན་ཏུ་མྱུར་བར་སྨིན་པར་འགྱུར། །དེ་ཕྱིར་མྱུར་དུ་ཚ་འགྱུར་བས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ཅེས་བྱ་བ་ལ། ཡང་ཁོང་འབྲས་སུ་གྱུར་པ་ནི་ཁྲག་ནད་ཤིན་ཏུ་གནོད་པར་བྱེད་པ་ལ་བརྟེན་ཅིང་གནས་པ་ཡིན་པའི་ཕྱིར་ཤིན་ཏུ་མྱུར་ཞིང་རིངས་པར་སྨིན་ཅིང་རྡོལ་བར་འགྱུར་རོ། །དེ་ནད་ཀྱི་ཕྱིར་མྱུར་དུ་ཚ་ཞིང་སྲེག་པར་བྱེད་པས་དེ་ལ་མིང་ཁོང་འབྲས་ཞེས་བྱ་བར་བཤད་དོ། །ནང་གནས་སྐྲན་ནི་ཆུ་སོ་དང༌། །ལྟོ་བ་མཆིན་པ་སྙིང་ན་ཞིང༌། །མེ་དྲོད་མདོག་ཉམས་ཉམས་སྟོབས་འབྲི། །ཤུགས་ནི་འགག་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ནང་ན་གནས་ཤིང་བརྟེན་པའི་མཚན་མ་ནི་ཆུ་སོ་ལ་སོགས་པར་ན་བ་དང༌། མེ་དྲོད་ལ་སོགས་པ་ཉམས་ཤིང་འབྲི་བ་ནི་བཤང་གཅི་ལ་སོགས་པའི་ཤུགས་འབྱུང་བ་འགག་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་དེ་ལས་བཟློག་པ་སྟེ། །ཁོང་པའི་ཡན་ལག་ནད་ཚབས་ཆུང༌། །ཕྱོགས་དེའི་མདོག་ནི་ཉམས་པ་དང༌། །ཕྱི་རོལ་དུ་ནི་མཐོང་ཞིང་འཕགས། །ཞེས་བྱ་བ་ལ། ཕྱི་རོལ་དུ་བྱུང་བའི་སྐྲན་ནི་ནང་དུ་འབྱུང་བའི་སྐྲན་གྱི་མཚན་མ་དེ་ལས་གོ་བཟློག་པ་ཡིན་ཏེ། ཆུ་སོ་ལ་སོགས་པར་ན་བར་མི་འགྱུར་བ་དང༌། མེ་དྲོད་ལ་སོགས་པ་ཉམས་པར་མི་འགྱུར་བ་དང༌། ཤུགས་མི་འགག་ཅིང་བདེ་བླག་ཏུ་འབྱུང་བ་དང་ཁོང་པའི་ཡན་ལག་ལྟེ་བ་ལ་སོགས་པར་ནད་ཚབས་ཆུང་ཞིང་ཤས་ཆེ་བར་མིན་པ་དང༌། སྐྲན་ཆགས་པའི་ཕྱོགས་དེའི་མདོག་ཉམས་ཤིང་ཁ་དོག་གཞན་དུ་འགྱུར་བ་དང༌། དེ་བཞིན་དུ་ཕྱི་རོལ་དུ་


DTG201_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་མཐོང་ཞིང་འཕགས་པ་ཡིན་ནོ། །ལྟོ་སྦོ་ལྷག་པར་མི་བཟད་ན། །རྒྱུ་མའི་སྒྲ་བཅས་མི་བཟད་ན། །སྦོ་བཅས་ལྟོ་བ་ན་བ་དང༌། །རླུང་གི་ནད་ཀྱིས་སྟེང་འོག་བཀག །དེ་ནི་ཧེན་གྱི་ཞེས་བྱར་བཤད། །ཅེས་བྱ་བ་ལ། ལྟོ་སྦོ་ཞིང་སྒྲ་དང་བཅས་པ་དང༌། སྟེང་འོག་ཏུ་རླུང་གི་ལམ་བཀག་པས་ལྷག་བར་མི་བཟད་བར་ན་ཞིང༌། བརྣག་པར་དཀའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི། ལྟོ་སྦོ་ཧེན་གྱི་ནད་ཅེས་བྱ་བ་ཡིན་པར་སློབ་དཔོན་གྱིས་བཤད་དོ། །སྲ་ཞིང་གཏུན་འདྲ་མ་དུད་པ་ཅན། །གཏུན་འདྲ་གྱེན་དུ་མཐོ་བར་གནས། །ཧེན་གྱི་མཚན་ལྡན། ཞེས་བྱ་བ་ལ། ནད་གང་སྲ་ཞིང་རྡོའི་གཏུན་འདྲ་ཞིང་མདུད་པ་ཅན་དུ་གནས་ལ། གཏུན་རྡོ་དང་དབྱིབས་འདྲ་ཞིང་གྱེན་དུ་མཐོ་བར་འཇོང་བག་ཏུ་གནས་པ་ཧེན་གྱི་མཚན་ཉིད་དང་ལྡན་པ་ནི་གཏུན་འདྲ་བ་ཞེས་བྱའོ། །གཏུན་བུ་ནི། འཕྲེད་གནས་དེ་དང་ཚུལ་འདྲ་ཡིན། །ཞེས་བྱ་བ་ལ། གཏུན་བུ་ཞེས་བྱ་བའི་ནད་ནི་འཕྲེད་དུ་ཐད་ཀར་གནས་ཀྱི། གྱེན་དུ་འགྲོ་བ་མ་ཡིན་ལ། ནད་ཀྱི་ཚུལ་ནི་གཏུན་འདྲ་བ་དང་མཚུངས་ཏེ། དེ་ལྟ་བུའི་ནད་ལ་ནི་གཏུན་བུ་ཞེས་བྱའོ། །ཞུ་བའི་གནས་ནས་གཞང་ཕོ་མཚན། །རླུང་ནི་མི་བཟད་ན་ཞིང་རྒྱུ། །ཐུར་དུ་ཟུག་པ་ཡིན་པར་བཤད། །ཅེས་བྱ་བ་ལ། ཞུ་བའི་ནད་ལྟེ་བའི་འོག་ཏུ་གནས་གཞང་དང་ཕོ་མཚན་དག་ཏུ་རླུང་རྒྱུ་ཞིང༌། ལྷག་པར་ན་བར་བྱེད་པ་དེ་ནི་ཐུར་དུ་ཟུག་པ་ཞེས་བྱའོ། །དེ་ལས་བཟློག་པ་གྱེན་དུ་ཟུག་པའོ། །ཞེས་བྱ་བ་ལ། གྱེན་དུ་ཟུག་བ་ཞེས་བྱ་བའི་ནད་ནི་དེ་ལས་བཟློག་པ་སྟེ། གཞང་དང་ཕོ་མཚན་གྱི་གནས་ནས་ལྟེ་བར་གྱེན་དུ་ཟུག་ཅིང་ན་ལ་གྱེན་དུ་ཟུག་པ་ཞེས་བྱའོ། །སྒྲེགས་པ་མང་ཞིང་བཤང་བ་འགགས་པ་དང༌། །འགྲངས་ཟ་མི་ནུས་རྒྱུ་མ་སྒྲ་དང་བཅས། །སྦོ་ཞིང་ཧེན་ལངས་ཁ་ཟས་འཇུ་མི་ནུས། །སྐྲན་ནི་ཉེར་འབྱུང་མཚན་མ་ཡིན་པར་བཤད། །ཅེས་བྱ་བ་ལ། མི་གང་ལ་སྐྲན་ཉེ་བར་འོངས་པར་འགྱུར་བའི་སྔར་འབྱུང་བའི་ཚུལ་ནི་སྒྲེགས་པ་མང་པོ་ཡང་དང་ཡང་དུ་འབྱུང་བར་འགྱུར་བ་དང༌། བཤང་བ་འགགས་ཤིང་སྲི་བ་


DTG201_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དང། །འགྲངས་ཤིང་ཚིམ་པར་ཟ་མ་ནུས་པ་དང༌། རྒྱུ་མ་སྒྲ་དང་བཅས་ཤིང་མི་གསལ་བའི་སྒྲ་ཀྲུལ་ཀྲུལ་ཟེར་བ་དང༌། སྦོ་ཞིང་ལྟོ་རྒྱས་ལ་ཧེན་ལངས་པ་དང༌། མེ་དྲོད་ཞན་པས་ཁ་ཟས་འཇུ་བར་མི་བྱེད་པ་སྟེ། དེ་དག་ནི་སྐྲན་རིང་པོ་མི་ཐོགས་པར་འབྱུང་བར་འགྱུར་པའི་མཚན་མ་ཡིན་པར་སློབ་དཔོན་གྱིས་བསྟན་ཅིང་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་དམུ་རྫིང་གི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་ན་ཁོང་འབྲས་ལ་སོགས་པ་དང་ཚུལ་འདྲ་བས་འདི་བརྩམས་པ་ཡིན་ནོ། །ནད་ཀུན་མེ་དྲོད་ཉམས་ལས་སྐྱེ། །ལྷག་པར་དམུ་རྫིང་ནད་སྐྱེ་ཞིང༌། །མ་ཞུ་དྲི་མ་ཅན་གྱི་ཟས། །དྲི་མ་སོགས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་ཐམས་ཅད་ཀྱང་ཕོ་བའི་མེ་དྲོད་ཉམས་པ་ལས་སྐྱེ་བར་འགྱུར་བ་ཡིན་མོད་ཀྱི། ཁྱད་པར་དུ་འམ། ལྷག་པར་དམུ་རྫིང་གི་ནད་ནི། ཕོ་བའི་མེ་དྲོད་ཉམས་པ་ལས་སྐྱེ་བར་འགྱུར་ལ། དེ་བཞིན་དུ་མ་ཞུ་བ་རྣམ་པ་བཞི་དང༌། དྲི་མ་ཅན་གྱི་ཟས་རུལ་པ་དང༌། ཞག་ལོན་པའི་ཁེངས་བུ་དང༌། འདྲེན་མ་ལ་སོགས་པའི་སྐྱོན་དང་ལྡན་པ་བསྟེན་པ་དང༌། དེ་བཞིན་དུ་ནད་ཀྱི་དྲི་མ་ཡུན་རིང་དུ་སོགས་ཤིང་འཕེལ་བར་འགྱུར་བ་ལས་དམུ་རྫིང་གི་ནད་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དེ་དག་ནི་ནད་ཀྱི་རྒྱུ་བསྟན་པ་ཡིན་ནོ། །ནད་ཀྱིས་ཆུ་ནི་རྒྱུ་བའི་རྩ། །སྟེང་དང་འོག་ཏུ་བཀག་ནས་ནི། །སྲོག་དང་ཐུར་སེལ་ལ་གནོད་དེ། །པགས་པ་ཤ་ཡི་བར་གནས་ནད། །ལྟོ་བ་བཀང་སྟེ་དམུ་རྫིང་སྐྱེད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་ཆུའམ། བད་ཀན་གྱི་ཚོགས་རྒྱུ་བའི་རྩ་ལུས་ཀྱི་སྟེང་འོག་ཏུ་རྒྱུ་བ་བཀག་ནས་རྒྱུ་དེས་སྲོག་ཅེས་བྱ་བའི་རླུང་ལ་སོགས་པས་གནོད་ཅིང་འཁྲུགས་པར་བྱས་ནས་པགས་པ་དང་ཤའི་བར་ན་ཡོད་པའི་ནད་དྲངས་ཏེ། ལྟོ་བ་བཀང་ནས་དམུ་རྫིང་སྐྱེད་


DTG201_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྱུང་བར་བྱེད་པ་ཡིན་ནོ། །དེ་ཡང་རྣམ་པ་བརྒྱད་འགྱུར་ཏེ། །ནད་གཞི་ཐ་དད་འདུས་མཆེར་པ། །དྲི་མ་འགགས་དང་རྒྱུ་རྡོལ་དང༌། །ཞེས་བྱ་བ་ལ། དམུ་རྫིང་དེ་ཡང་གྲངས་ཀྱི་དབྱེ་བ་རྣམ་པ་བརྒྱད་དུ་འགྱུར་ཏེ། རླུང་དང་མཁྲིས་པ་བད་ཀན་གྱི་ནད་གཞི་ཐ་དད་པ་ལས་བྱུང་བ་གསུམ་དང༌། གསུམ་ཆར་འདུས་པ་ལས་བྱུང་བ་གཅིག་དང༌། མཆེར་པ་ལས་བྱུང་བ་དང༌། དྲི་མ་འགགས་པའི་དམུ་རྫིང་དང༌། རྒྱུ་མ་རྡོལ་བའི་དམུ་རྫིང་དང༌། ཆུའི་དམུ་རྫིང་སྟེ་རྣམ་པ་བརྒྱད་དོ། །དེས་གཟིར་རྐན་དང་མཆུ་བསྐམས་ཤིང༌། །རྐང་པ་ལག་པ་གསུས་པ་སྐྲངས། །སྤྱོད་པ་ཁ་ཟས་ཉམས་སྟོབས་འབྲི། །སྐེམ་ཞིང་གསུས་པ་ཆེར་སྐྱེས་ལ། །མི་ནི་ཡི་དྭགས་གཟུགས་ཅན་འགྱུར། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་དེས་གཟིར་ཅིང་ཉེན་པའི་མི་ནི་རྐན་དང་མཆུ་བསྐམས་པར་གྱུར་པ་དང༌། རྐང་པ་དང་པགས་པ་དང་ལྟོ་བ་སྐྲངས་པ་དང༌། ལུས་ཀྱི་སྤྱོད་པ་ཉམས་པ་དང༌། ཁ་ཟས་ཟ་བའི་རྩོལ་བ་ཉམས་པ་དང༌། ལུས་ཀྱི་ཉམས་སྟོབས་འབྲི་ཞིང་ཟད་པ་དང༌། སྐེམ་ཞིང་ཤ་དང་ཁྲག་ཟད་པ་དང༌། གསུས་པ་ཆེར་སྐྱེས་ཤིང་རྒྱས་པར་འགྱུར་ཏེ། མདོར་ན་མི་དེ་ཡི་དྭགས་ཀྱི་གཟུགས་ཅན་ལྟ་བུའམ། འཆི་བ་དང་འདྲ་བར་འགྱུར་རོ། །དེ་ནི་འབྱུང་འགྱུར་མཚན་མ་དག །བཀྲེས་པ་མེད་ཅིང་ཟས་ཀུན་ནི། །རིང་ནས་ཚ་ཞིང་སྐྱུར་བཅས་འཇུ། །འཇུ་དང་མི་འཇུ་མི་ཤེས་ལ། །འགྲངས་པར་ཟ་ཡང་མི་ནུས་ཤིང༌། །སྟོབས་ནི་རྟག་ཏུ་ཟད་པར་འགྱུར། །ཅུང་ཟད་བསྐྱོད་ཀྱང་དབུགས་མི་བདེ། །བཤང་བ་འཕེལ་ཞིང་འགགས་པར་བྱེད། །རྐང་པ་གཉིས་སུ་ཅུང་ཟད་སྐྲང༌། །ཆུ་སོར་ན་ཞིང་ཟས་ཡང་བ། །ཅུང་ཟད་ཟོས་ཀྱང་གསུས་པ་རྒྱས། །རྩ་རྒྱས་ལྟོ་བའི་གཉེར་མ་འཇིག །ཅེས་བྱ་བ་ལ། དམུ་རྫིང་དེ་ཉེ་བར་འབྱུང་བའི་མཚན་ཉིད་དམ་སྔར་བྱུང་བའི་ཚུལ་ནི་ཟས་མ་ཟོས་ཀྱང་བཀྲེས་པའི་བག་མེད་པ་དང༌། །རོ་དྲུག་དང་ལྡན་པའི་ཁ་ཟས་ཀུན་ཀྱང་ཚ་བ་ངང་བཅས་ཤིང་སྐྱུར་བག་


DTG201_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པས་རིང་ཞིག་ལོན་ནས་གདོད་འཇུ་བ་དང༌། ཟས་ཟོས་བ་ཞུ་བར་གྱུར་ཏམ། ཞུ་བར་མ་གྱུར་པ་བློས་རྟོགས་ཤིང་ཤེས་པར་མི་འགྱུར་བ་དང༌། འགྲངས་བར་ཟ་ཞིང་ལོངས་སྤྱད་པར་མི་ནུས་པ་དང༌། ལུས་ཀྱི་སྟོབས་ཉིན་མཚན་རྟག་ཏུ་ཟད་ཅིང་འབྲི་བར་འགྱུར་བ་དང༌། ལུས་བསྐྱོད་པའི་གཡོ་འགུལ་གྱི་བྱ་བ་ཅུང་ཟད་བྱས་ཀྱང༌། དབུགས་མི་བདེ་ཞིང་བརྩེགས་པ་དང༌། བཤང་བ་ནང་དུ་འཕེལ་ཞིང་སོགས་ལ་ཕྱིར་མི་འབྱུང་བར་འགགས་པ་དང༌། དེ་བཞིན་དུ་རྐང་པ་སྐྲངས་པ་ནས་ལྟོ་བའི་གཉེར་མ་འཇིག་ཅིང་མི་སྣང་བའི་བར་གྱི་མཚན་མ་འབྱུང་བར་འགྱུར་རོ། །དམུ་རྫིང་ནད་ནི་ཐམས་ཅད་ལ། །སྙོམ་ཞིང་ཉམ་ཆུང་འགྱུར་བ་དང༌། །དྲི་མ་སྲི་ཞིང་མེ་དྲོད་ཆུང༌། །ཚ་ཞིང་སྐྲངས་ལ་གསུས་པ་སྦོ། །མཇུག་ཏུ་ཆུ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དམུ་རྫིང་ཐམས་ཅད་ཀྱི་སྤྱིའི་མཚན་མ་ནི་སྙོམ་པ་ལ་སོགས་པ་ཡིན་ཏེ། །སྙོམ་པ་ནི་གཉིད་ཀྱིས་མྱོས་པ་སྙམ་དུ་ཡུལ་འཛིན་པར་མི་ནུས་པའོ། །ཚ་བ་ནི་ལུས་ཚ་བ་འུར་འུར་པོས་ཁྱབ་པའོ། །དམུ་རྫིང་དེ་དག་ཐམས་ཅད་ཀྱི་མཇུག་གམ་མཐར་ནི་ལྟོ་བའི་ནང་དུ་ཆུ་འབྱུང་ཞིང་དེས་གང་བར་འགྱུར་རོ། །ཐམས་ཅད་ཆུ་མེད་བར་དུ་སྨུག །སྐྲང་མེད་ཁུར་ལྟར་ལྕི་མ་ཡིན། །རྩ་དྲའི་སྐར་ཁུང་རིས་ཀྱིས་ཁེབས། །རྟག་ཏུ་སྒྲ་ནི་འུར་འུར་ཟེར། །རླུང་གིས་ལྟེ་བ་རྒྱུ་མར་ཞུགས། །ཤུགས་བསྐྱེད་ནད་ནི་འཇིག་པར་འགྱུར། །སྙིང་ག་ལྟེ་བ་རྐེད་པ་དང༌། །གཞང་དང་ཆུ་སོ་ན་བར་བྱེད། །རླུང་ནི་སྒྲ་དང་བཅས་པར་རྒྱུ། །བཤང་བ་འགགས་ཤིང་གཅི་བ་ཉུང༌། །མེ་དྲོད་ཆུང་མིན་སྐམ་པ་མིན། །ཁ་ནི་རོ་བྲོ་མེད་མ་ཡིན། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་ཐམས་ཅད་ནི། དམུ་ཆུར་མ་གྱུར་པར་ཤ་མདོག་སྨུག་ཅིང་དམར་བར་སྣང་ལ། སྐྲང་པའི་ཚབས་མི་ཆེ་ཞིང་ཅུང་ཟད་སྐྲངས་པ་དང༌། ཁུར་བུ་ལྟར་ཤིན་ཏུ་ལྕི་བ་མ་ཡིན་པ་དང༌། རྩའི་དྲ་བའི་ཚོགས་ཀྱིས་སྐར་ཁུང་ལྟར་གཡོགས་ཤིང་ཁེབས་པ་དང༌། རྟག་ཏུ་དུས་ཐམས་ཅད་དུ་ཁོང་པའི་ནང་ན་སྒྲ་འུར་འུར་པོར་གྲག་ཅིང་བར་སྣང་གི་འབྲུག་ལྟར་སྒྲ་གྲག་པ་དང༌། རླུང་ལྟེ་བ་དང་རྒྱུ་མར་ཟུག་ཅིང་ན་བར་བྱེད་པ་ནས།


DTG201_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་ཤུགས་བསྐྱེད་ཅིང་བྱུང་ནས་འཇིག་སྟེ་མི་སྣང་བར་འགྱུར་བ་དང༌། ཡང་རླུང་གིས་སྙིང་ག་ལ་སོགས་པར་ན་ཞིང་ཟུག་པར་བྱེད་པ་དང༌། ཡང་རླུང་དེ་ལྟོ་བའི་ནང་ན་སྒྲ་དང་བཅས་ཤིང་རྒྱུ་ཞིང་ཕན་ཚུན་འགྲོ་བ་དང༌། བཤང་བ་འགགས་ཤིང་སྲི་བར་བྱེད་པ་དང། གཅིན་གྱི་ཚོགས་ཉུང་བར་བྱེད་པ་དང༌། ཁོང་པའི་མེ་དྲོད་ཤིན་ཏུ་ཆུང་བ་མ་ཡིན་པ་དང༌། སྐམ་ཞིང་ཟས་ལ་གདུ་བ་མ་ཡིན་པ་དང༌། །ཁའི་ནང་ན་རོ་བྲོ་བ་མེད་པ་མ་ཡིན་ཏེ་རོ་དང་བཅས་པ་ཡིན་ནོ། །དེ་ལ་རླུང་གི་དམུ་རྫིང་ནི། །རྐང་ལག་རླིག་པ་ལྟོ་བ་སྐྲང༌། ལྟོ་བ་རྩིབ་ལོགས་རྐེད་རྒྱབ་ན། །ཚིགས་རྣམས་བྱེ་བ་སྙམ་དུ་སེམས། །ལུད་པ་སྐམ་ཞིང་ཡན་ལག་སྙོམ། །རོ་སྨད་ལྕི་ཞིང་བཤང་གཅི་འགགས། །པགས་པ་ལ་སོགས་གནག་ལ་སྨུག །གློ་བུར་དུ་ནི་འཕེལ་ཞིང་འབྲི། །གསུས་པར་ཟུག་ཅིང་ན་བ་དང༌། །རྩ་བྲན་ནག་པོས་ཁྱབ་ཅིང་རྒྱས། །བརྡབས་ན་རྐྱལ་པ་དབུགས་ཀྱིས་ནི། །གང་བ་ལྟ་བུའི་སྒྲ་དང་ལྡན། །འདིར་རླུང་ནད་དང་སྒྲར་བཅས་པས། །ཐམས་ཅད་དུ་ནི་རྒྱུ་བར་བྱེད། །ཅེས་བྱ་བ་ལ། དེ་ལ་དམུ་རྫིང་རྣམས་ཀྱི་ནང་ནས། རླུང་ལས་གྱུར་པའི་དམུ་རྫིང་ནི་རྐང་པ་དང་ལག་པ་ལ་སོགས་པ་སྐྲང་བར་འགྱུར་བ་དང༌། རུས་པའི་ཚིགས་ན་ཞིང་ཞིག་པ་སྙམ་དུ་སེམས་པ་དང༌། ལུད་པ་བད་ཀན་མེད་པར་སྐམ་པོར་འབྱུང་བ་དང༌། ཡན་ལག་སྙོམ་ཞིང་གྲུགས་བ་སྙམ་དུ་སེམས་པ་དང༌། ལུས་ཀྱི་རོ་སྨད་ལྕི་ཞིང་གདེག་དཀའ་བ་སྙམ་དུ་སེམས་པ་དང། བཤང་གཅི་དྲི་མ་འགགས་ཤིང་སྲི་བ་དང༌། པགས་པ་དང་སེན་མོ་དང་མིག་དང་ལྕེ་དང་བཤང་བ་ལ་སོགས་པ་མདོག་གནག་ཅིང་སྨུག་པར་སྣང་བ་དང༌། རྒྱུ་མེད་པར་གློ་བུར་དུ་དེའི་ལྟོ་བ་ཆེར་འཕེལ་ཞིང་འབྲི་བར་འགྱུར་བ་དང༌། ཟུག་ཅིང་ཤས་ཆེར་ན་བ་དང༌། རྩ་བྲན་གྱི་ཚོགས་ནག་པོས་ཁྱབ་ཅིང་རྒྱས་པར་འགྱུར་བ་དང༌། ལྟོ་བ་ལ་ལག་པ་ལ་སོགས་པས་བརྡབས་ཤིང་བསྣུན་ན་རྐྱལ་བ་དབུགས་ཀྱིས་གང་བ་ལ་མནན་པ་ལྟ་བུའི་སྒྲ་དང་ལྡན་པ་དང༌། དམུ་རྫིང་འདི་ལ་རླུང་སྒྲ་དང་བཅས་པས་ཐམས་ཅད་དུ་རྒྱུ་ཞིང་འགྲོ་བར་བྱེད་པ་ཡིན་ནོ། །མཁྲིས་


DTG201_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམུ་རྫིང་རིམས་འདེབས་རྒྱས། །ལུས་ཚ་སྐོམ་དང་ཁ་རོ་ཁ། །མགོ་འཁོར་ཚད་འཁྲུ་པགས་པ་སོགས། །སེར་ཞིང་གསུས་པའི་མདོག་རྩ་སྔོ། །རྩ་ནི་དམར་སེར་དག་གིས་ཁྱབ། །རྡུལ་དང་ཚ་བར་བཅས་པས་སྲེག །ངད་འབྱུང་རེག་ན་འཇམ་པ་དང༌། །མྱུར་དུ་སྨིན་ཅིང་ཉེར་གདུང་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་དམུ་རྫིང་ནི་རིམས་ཀྱིས་འདེབས་པ་ལ་སོགས་པ་འབྱུང་བ་དང༌། པགས་པ་དང་སེན་མོ་ལ་སོགས་པ་མདོག་སེར་བ་དང༌། གསུས་པའི་མདོག་རྩ་སྔོ་བར་སྣང་བ་དང༌། རྩའི་མདོག་དམར་པོ་དང་སེར་པོ་དག་གིས་ཁེབས་པ་དང༌། ལུས་རྡུལ་ཞིང་ཚ་བ་དང་བཅས་པས་མེ་ལྟར་སྲེག་པར་བྱེད་པ་དང༌། ངད་འབྱུང་ཞིང་དུ་བ་འཐུལ་བ་ལྟ་བུ་འབྱུང་བར་འགྱུར་བ་དང༌། རེག་ན་འཇམ་ཞིང་མཉེན་པ་དང༌། མྱུར་དུ་སྨིན་ཅིང་ཚོས་པར་མི་འགྱུར་བ་དང༌། ཉེ་བར་གདུང་ཞིང་བསྲེག་པར་འགྱུར་བ་ཡིན་ནོ། །བད་ཀན་དམུ་རྫིང་ལྷུ་ཚིགས་ན། །ཚོར་བ་མེད་ཅིང་སྐྲང་ལ་ལྕི། །གཉིད་ཆེ་སློན་ཞིང་ཡི་ག་འཆུས། །ལུད་པ་དབུགས་མི་བདེ་ལྤགས་སོགས། །སྐྱ་ཞིང་ལྟོ་བ་མཁྲང་ལ་སྣུམ། །རྩ་ཡི་རི་མོས་ཁྱབ་ཅིང་ཆེ། །རིང་ནས་འཕེལ་ཞིང་སྲ་བ་དང༌། །རེག་ན་གྲང་ཞིང་གསུས་པ་ལྕི། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་ནི་ཡན་ལག་གི་ལྷུ་ཚིགས་ན་ཞིང་སྙོམ་པ་དང༌། ཚོར་བ་མེད་ཅིང་བེམ་བེམ་པོར་འགྱུར་བ་དང༌། སྐྲང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང༌། པགས་པ་ནས་བཤང་གཅིའི་བར་དུ་སྐྱ་ཞིང་དཀར་བ་དང༌། ལྟོ་བ་སྲ་ཞིང་རེམ་རེམ་པོར་འདུག་པ་དང༌། །རྩ་རིས་ཀྱི་མདོག་སྐྱབས་ཁྱབ་པ་དང༌། ཆེ་ཞིང་སྦོམ་པ་དང༌། རིང་ཞིག་ནས་འཕེལ་ཞིང་རྒྱས་པ་དང༌། རྡོ་ལྟར་སྲ་བ་དང༌། རེག་ན་གྲང་ཞིང་བསིལ་བ་དང༌། གསུས་པ་ལྕི་ཞིང་བརྟན་པ་ཡིན་ནོ། །གནས་གསུམ་འཁྲུགས་པ་དེ་དང་དེ། །བུད་མེད་ཀྱིས་བྱིན་དྲི་མ་རྡུལ། །དབྱིག་དུག་དུག་སོགས་ཀྱིས་གནོད་འགྱུར། །ཁག་བཅས་དྲི་མ་བསགས་པ་ནི། །ལྟོར་སོང་གནོད་པ་སྐྱེད་བྱེད་དེ། །ཁ་སྐམ་མགོ་འཁོར་བརྒྱལ་བཅས་པའི། །


DTG201_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་གསུམ་ལྡན་པའི་དམུ་རྫིང་སྐྱེད། །མྱུར་དུ་སྨིན་ཅིང་མི་བཟད་ན། །དེ་ནི་གྲང་དང་རླུང་དང་ཆར། །ཕྲད་པས་ཤིན་ཏུ་གནོད་པར་འགྱུར། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་སྐྱེད་པར་བྱེད་པའི་རྒྱུ་ནད་ཐམས་ཅད་ཀྱི་ནད་གཞིའི་སྐབས་སུ་བཤད་པ་རྣམ་པ་མང་པོ་དེ་དང་དེ་དག་དང༌། དེ་བཞིན་དུ་བུད་མེད་ཀྱིས་དབང་དུ་བྱས་པའི་ཕྱིར། སྲོག་ཆགས་ཀྱི་ཡན་ལག་ལས་བྱུང་བའི་སྐྲ་ལ་སོགས་པ་དྲི་མ་དང་རྡུལ་འབྱིན་པར་འགྱུར་བ་དང༌། དེ་བཞིན་དུ་དབྱིག་དུག་དང་དུག་ལ་སོགས་པ་བྱིན་པས་གནོད་པར་གྱུར་པས་ཁྲག་དང་བཅས་པའི་རླུང་ལ་སོགས་པའི་ནད་ཀྱི་དྲི་མ་བསལ་ཞིང་འཕེལ་བར་འགྱུར་བ་དེ་ལྟོ་བར་སོང་ཞིང༌། ཕྱིན་ནས་གནོད་པའི་ནད་སྐྱེད་ཅིང་འབྱུང་བར་བྱེད་དེ། དེ་ཁ་སྐམ་པ་ལ་སོགས་པ་དང་ལྡན་པའི་དམུ་རྫིང་ནད་གཞི་གསུམ་གྱི་མཚན་མ་དང་ལྡན་པ་སྐྱེད་པར་བྱེད་པ་དེ་ནི་མྱུར་དུ་སྨིན་ཞིང་བརྣག་པར་དཀའ་བར་མི་བཟད་པར་ན་བ་ཡིན་ནོ། །ཡང་དམུ་རྫིང་གི་ནད་དེ་ནི་གྲང་བ་ལ་སོགས་པ་དང་ཕྲད་པས་ཤིན་ཏུ་གནོད་ཅིང་ནད་འཕེལ་བར་འགྱུར་རོ། །མང་དུ་ཟོས་པས་བསྐྱོད་པ་དང༌། །བཞོན་པ་དྲག་ཏུ་འགྲོ་བ་དང༌། །ལས་ལམ་ཉལ་པོ་དྲགས་པས་དུབ། །སྐྱུག་སྨན་དྲགས་དང་ནད་ཀྱིས་སྐེམ། །གཡོན་ལོགས་གནས་པའི་མཆེར་པ་ནི། །གནས་ལས་འཕོས་ཏེ་འཕེལ་བ་དང༌། །ཡང་ན་དངས་མ་སོགས་པས་ཁྲག །རྒྱས་བྱས་དེ་ནི་འཕེལ་གྱུར་དང༌། །དེ་ནི་གཏུན་བུ་བཞིན་རབ་སྲ། །དེ་ནས་རུས་སྦལ་རྒྱལ་འདྲ་བར། །རིམ་གྱིས་འཕེལ་བར་འགྱུར་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར་བྱེད། །ལུད་པ་དབུགས་མི་བདེ་སྐོམ་དད། །ཁ་ཡིས་རོ་ནི་མི་ཚོར་ཞིང༌། །ལྕི་ཞིང་ན་ལ་རིམས་ཀྱིས་འདེབས། །ཤ་མདོག་སྐྱ་ཞིང་མི་སྡུག་ལ། །བརྒྱལ་ཞིང་སློན་པར་བྱེད་པ་དང༌། །ཚ་ཞིང་མྱོས་དང་ལྡན་པར་འགྱུར། །རྩ་མདོག་དམར་བའམ་མི་སྡུག་བའམ། །སྔོ་ཞིང་སེར་ལ་རི་མོར་བཅས། །ཞེས་བྱ་བ་ལ། མང་དུ་ཟོས་ཤིང་ཧ་ཅང་འགྲངས་དྲགས་པས་བསྐྱོད་པ་དང༌། རྟ་དང་རྔ་མོ་ལ་སོགས་པའི་བཞོན་པས་


DTG201_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བསྐྱོད་ཅིང་འགྲོ་བ་དང༌། ལས་དང་ལམ་གྱིས་དུབ་པ་ལ་སོགས་པས་གཡོན་ལོགས་ན་གནས་པའི་མཆེར་པ་གནས་ལས་འཕོས་ཏེ་འཕེལ་ཞིང་རྒྱས་པར་འགྱུར་བ་དང༌། ཡང་ན་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་ཁྲག་འཕེལ་ཞིང་རྒྱས་པར་བྱས་པའི་དབང་གིས་མཆེར་པ་དེ་འཕེལ་བས་གནས་ལས་འཕོས་པའམ། རང་གི་གནས་ཉིད་དུ་འཕེལ་བར་གྱུར་ལ། དེ་ནས་ནི་མཆེར་པ་དེ་དང་པོར་གཏུན་བུ་ལྟར་སྲ་བར་འགྱུར་ལ། དེ་ནས་དེའི་འོག་ཏུ་རུས་སྦལ་གྱི་རྒྱབ་འདྲ་བར་རིམ་གྱིས་འཕེལ་ཞིང་རྒྱས་པར་འགྱུར་གྱི་ཅིག་ཅར་འགྱུར་བ་ནི་མ་ཡིན་གྱི། དེ་ལྟར་ལྟོ་བར་དམུ་རྫིང་ཆགས་པར་འབྱུང་པར་བྱེད་ལ་དེ་ཡང་དབུགས་མི་བདེ་བ་ལ་སོགས་པ་ནས་རྩ་རིས་སྔོ་ཞིང་སེར་བའི་བར་དུ་འགྱུར་རོ། །དེ་ལ་རིམ་གྱིས་ནད་རྣམས་ནི། །བཤང་འགགས་ནད་དང་ལྟོ་སྦོས་དང༌། །རྨོངས་བག་སྐོམ་ཚ་རིམས་ཀྱིས་འདེབས། །ལུས་ལྕི་ལྟོ་སྲ་ཡི་ག་འཆུས། །ཞེས་བྱ་བ་ལ། མཆེར་པའི་སྐྲན་དེ་ལ་རླུང་ལ་སོགས་པའི་ནད་རྣམས་ནི་རིམ་བཞིན་དུ་བཤང་བ་འགགས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་བཤང་བ་འགགས་པ་དང་ན་བ་དང༌། ལྟོ་སྦོས་པ་ལས་ནི་རླུང་ཡིན་པར་ཤེས་པར་བྱའོ། །རྨོངས་བག་དང་སྐོམ་དད་ཚ་བ་དང་རིམས་ཀྱིས་འདེབས་པ་ལས་ནི་མཁྲིས་པ་ཡིན་པར་ཤེས་པར་བྱའོ། །ལུས་ལྕི་བ་དང་ལྟོ་སྲ་བ་དང་ཡི་ག་འཆུས་པ་ལས་ནི་བད་ཀན་ཡིན་པར་ཤེས་པར་བྱའོ། །མཆེར་བ་ལྟ་བུར་མཆིན་གཡས་ལོགས། །གནས་འཕོས་དམུ་རྫིང་སྐྱེད་ཅེས་བྱ། །ཞེས་བྱ་བ་ལ། ཇི་ལྟར་མཆེར་བ་གཡོན་ལོགས་ན་འདུག་སྟེ། རྒྱུའི་ཁྱད་པར་གྱིས་འཕོས་ཤིང་ལྷུང་ནས་འཕེལ་བར་འགྱུར་བ་དེ་བཞིན་དུ་མཆིན་པ་གཡས་ལོགས་ན་གནས་པ་ཡང་འཕོས་ཤིང་ཐུར་དུ་ལྷུང་ལ་འཕེལ་བར་གྱུར་ནས་དམུ་རྫིང་སྐྱེད་པར་ཤེས་པར་བྱའོ། །བྱ་སྒྲོ་སྤུ་དང་བཅས་པའི་ཟས། །ཟོས་པས་བཤང་ལམ་གནས་འགགས་ཏེ། །གཞང་འབྲུམ་དང་ནི་རྟུག་སྐམ་དང༌། །རྒྱུ་མར་ཆགས་པའི་ཟས་ཀྱིས་ཀྱང༌། །ཐུར་དུ་སེལ་བའི་རླུང་འཁྲུགས་ཏེ། །བཤང་བས་བད་མཁྲིས་


DTG201_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར་བྱེད། །དེས་ནི་ཚ་སྐོམ་རིམས་སྦྲིད་འབྱུང༌། །ལུད་པ་དབུགས་མི་བདེ་བརླན། །ཀླད་སྙིང་ལྟེ་བ་གཞང་ཁ་ན། །དྲི་མ་འགགས་སློན་ཡི་ག་འཆུས། །ལྟོ་བར་རླུང་ནི་འཁྱིམས་པར་བྱེད། །བརྟན་ཞིང་རྩ་ནི་སྔོ་ལ་སྨུག །རྩ་རིས་སྣང་བའམ་མི་སྣང་འགྱུར། །ཕལ་ཆེར་ལྟེ་བའི་འོག་ཏུ་ནི། །བ་ལང་མཇུག་འདྲ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། བྱ་སྒྲོ་ཕྲ་མོ་དང་སྤུའི་ཚོགས་དང་བཅས་པའི་ཟས་ཟོས་ཤིང་ལོངས་སྤྱད་པས་བཤང་བའི་ལམ་གྱི་གནས་འགགས་ཤིང་འབྱུང་དུ་མི་རུང་བར་འགྱུར་བ་དང༌། གཞང་འབྲུམ་གྱིས་གཞང་འགགས་པར་བྱས་པའམ། རྒྱུ་མར་ཆགས་ཤིང་ཐོགས་པར་བྱེད་པའི་ཟས་སྲན་མ་མ་ཤ་དང་ཟར་མ་ལ་སོགས་པ་ཟོས་པས་ཐུར་དུ་སེལ་བའི་རླུང་འཁྲུགས་པར་འགྱུར་ཏེ། བཤང་བ་ལ་སོགས་པས་བཀག་ནས་ལྟོ་སྲ་བར་དམུ་རྫིང་ཆགས་པར་གྱུར་ཏེ། ལྟོར་འཁྱིལ་ཞིང་དྲི་མ་འགགས་པའི་དམུ་རྫིང་དེས་ནད་པ་ལ་ཚ་ཞིང་སྐོམ་པ་ལ་སོགས་པ་འབྱུང་བར་འགྱུར་བ་དང༌། ལྟོ་བར་རླུང་འཁྱིམས་ཏེ་རླུང་ཕྱིར་འབྱུང་བར་མི་བྱེད་ཅིང་ནང་དུ་འཁྱིལ་བར་བྱེད་པ་དང༌། བརྟན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང༌། ཡང་དམུ་རྫིང་དེ་ནི་ཕལ་ཆེར་མང་དུ་ལྟེ་བའི་འོག་ཏུ་དབྱིབས་བ་ལང་གི་མཇུག་མ་འདྲ་བར་འབྱུང་ཞིང་སྐྱེ་བར་འགྱུར་རོ། །རུས་སོགས་ཟུག་རྔུར་བཅས་པའི་ཟས། །ཟོས་སམ་ཤིན་ཏུ་དྲག་ཟོས་པ། །རྒྱུ་མ་རྡོལ་ལམ་གས་གྱུར་ནས། །བུ་ག་དེ་ནས་མ་ཞུ་བར། །སྤྱིར་འཛག་བཤང་ལམ་ལས་འབྱུང་ཞིང༌། །བཤང་བཅས་ཉུང་ཤས་ཉུང་ཤས་ནི། །ཤ་རུལ་ལྟ་བུར་མནམ་པ་ནི། །སྦྱིན་བག་དམར་སེར་འབྱུང་བར་འགྱུར། །ལྷག་མ་ཡིས་ནི་ལྟོ་བ་འགེངས། །དམུ་རྫིང་མི་བཟད་སྐྱེ་བར་འགྱུར། །དེ་ནི་ལྟེ་བ་མན་ཆད་རྒྱས། །ཆུས་གང་ལྟ་བུར་མྱུར་དུ་འགྱུར། །ནད་ཀྱི་ཚུལ་ནི་ཤས་ཆེར་ལྡན། །དབུགས་མི་བདེ་སྐམ་མགོ་འཁོར་ཁྱབ། །རྒྱུ་རྡོལ་དམུ་རྫིང་ཞེས་བཤད་དེ། །གཞན་དག་རྒྱུ་མ་འཛག་ཅེས་ཟེར། །ཞེས་བྱ་བ་ལ། རུས་པ་དང་རྩ་དང་ཚེར་མ་དང་རྡོ་དང་རྭ་དང་ཤིང་གི་ཚལ་བ་ལ་སོགས་པའི་


DTG201_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཟུག་རྔུ་དང་བཅས་པའི་ཁ་ཟས་ཟོས་པར་གྱུར་པའམ། ཡང་ན་ཤིན་ཏུ་དྲག་ཅིང་ཤས་ཆེར་ཟོས་པས་གང་གི་རྒྱུ་མ་རྡོལ་ཅིང་བུ་ག་དང་བཅས་པར་འགྱུར་བ་དང༌། གས་པར་གྱུར་ནས་རྡོལ་བའམ། གས་བའི་བུ་ག་དེ་ནས་ཕྱིར་འཛག་ཅིང་ཟས་མ་ཞུ་བ་ཁོ་ནར་ཕྱིར་འཛག་པར་གྱུར་ཅིང་བཤང་བའི་ལམ་ནས་འབྱུང་བར་བྱེད་ལ། དེ་ཡང་བཤང་བ་དང་བཅས་པར་ཉུང་ཤས་ཉུང་ཤས་འབྱུང་ཞིང༌། འབྱུང་བ་དེ་ཡང་ཤ་རུལ་ཏེ་མི་རོའི་དྲི་ལྟར་ཤིན་ཏུ་མནམ་པར་འབྱུང་ཞིང༌། ཤིང་ཤལ་མ་ལིའི་ཐང་ཆུ་ལྟར་སྦྱིན་ཞིང་འབྱར་བག་ཏུ་གནས་པ་ལ། མདོག་དམར་ཞིང་རྩ་སེར་བར་འབྱུང་བར་འགྱུར་རོ། །བཤང་བའི་ལམ་ལས་བྱུང་བའི་ལྷག་མས་ནི་ལྟོ་བ་འགེངས་ཤིང་རྒྱས་པར་བྱས་ནས་དམུ་རྫིང་གི་ནད་མི་བཟད་ཅིང་བརྣག་པར་དཀའ་བ་སྐྱེ་ཞིང་འབྱུང་བར་འགྱུར་ལ། དམུ་རྫིང་དེ་ནི་ལྟེ་བ་མན་ཆད་རྒྱས་ཤིང་འཕེལ་བར་འགྱུར་ལ། །དེ་ཡང་ལྟོ་བ་ཆུས་གང་བ་ལྟ་བུའི་དམུ་རྫིང་དུ་མྱུར་ཞིང་རིང་པོར་མི་ཐོགས་པར་འགྱུར་རོ། །དེ་ནི་ནད་ཀྱི་ཚུལ་ཤས་ཆེ་ཞིང་ནད་ཀྱི་རྟགས་སྟོབས་དང་ལྡན་པའི་ཚབས་པོ་ཆེ་དང་ལྡན་པ་ཡིན་ལ། དབུགས་མི་བདེ་བ་ལ་སོགས་པས་ཀྱང་ཁྱབ་ཅིང་ཟིལ་གྱིས་མནན་པ་ཡིན་ནོ། །དམུ་རྫིང་དེ་ནི་རྒྱུ་མ་རྡོལ་བའི་དམུ་རྫིང་ཞེས་བྱའོ། །ཞེས་སློབ་དཔོན་གྱིས་བཤད་དོ། །དྲང་སྲོང་གཞན་དག་ནི་དམུ་རྫིང་དེ་ཡོངས་སུ་འཛག་པའི་དམུ་རྫིང་ཞེས་བྱའོ། །ཞེས་ཟེར་རོ། །སྣུམ་འཐུངས་ལ་སོགས་བྱས་ནས་ནི། །འཕྲལ་དུ་ཆུ་གྲང་འཐུངས་པའམ། །མེ་དྲོད་བྲི་བའམ་ཧ་ཅང་ནི། །སྐོམ་པས་ཆུ་འཐུངས་དྲགས་པའམ། །རླུང་དང་བད་ཀན་འཁྲུགས་ཆུར་འདྲེས། །ཆུ་ཡི་ལམ་ནི་བཀག་གྱུར་པས། །དེ་ཉིད་གནས་དེར་འཕེལ་བར་འགྱུར། །དེ་འོག་དམུ་རྫིང་གྱུར་པ་ཡིན། །དེ་ནས་དམུ་རྫིང་དེ་ལས་ནི། །སྐོམ་དད་རྐུབ་ཏུ་ཆུ་འཛག་བཅས། །དབུགས་མི་བདེ་ལུད་ཡི་ག་འཆུས། །སྣ་ཚོགས་མདོག་ལྡན་རྩ་ཡིས་ཁྱབ། །རྐྱལ་བ་ཆུས་གང་རེག་པ་འདྲ། །བསྐྱོད་ན་སྒྲ་གྲག་ལུས་འདར་ལ། །དམུ་རྫིང་ཆེན་པོས་ཆེ་ཞིང་སྣུམ། །བརྟན་ཞིང་དེ་ནི་ལྟེ་བ་ཟླུམ། །ཞེས་བྱ་བ་ལ། མི་གང་ཞིག་སྣུམ་


DTG201_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འཐུངས་པར་གྱུར་པ་དང༌། སོགས་པ་ཞེས་བྱ་བ་སྨོས་པས་སྐྱུག་སྨན་དང༌། བཀྲུ་སྨན་ལ་སོགས་པ་བྱས་ཤིང་བཏང་ཟིན་པའི་རྗེས་ལ་འཕྲལ་དུ་སྟེ་རིང་པོ་མ་ལོན་པ་ཉིད་དུ་ཆུ་གྲང་བསྐོལ་བ་མ་ཡིན་པ་འཐུངས་པ་དང༌། ཡང་ན་ཆུ་གྲང་ལ་སོགས་པ་འཐུངས་དྲགས་པས་ཕོ་བའི་མེ་དྲོད་བྲི་ཞིང་ཉམས་པ་དང༌། ཡང་ན་ཧ་ཅང་སྐོམ་ཆེས་པ་སྟེ། ཟས་བཅད་པ་ལ་སོགས་པས་རུས་པ་དང་རྒྱུས་པ་ཙམ་ལུས་པར་གྱུར་པས་ཆུ་འཐུངས་དྲགས་ཏེ། གནོད་པ་དེའི་རྒྱུས་རླུང་འཁྲུགས་ཤིང་ལྡང་བར་འགྱུར་བ་དང༌། བད་ཀན་ཀྱང་འཁྲུགས་པར་གྱུར་ནས་ཆུ་རྒྱུ་བའི་ལམ་གྱི་རྒྱུན་སྲང་བཀག་ཅིང༌། རླུང་དང་བད་ཀན་དེ་གཉིས་ལྟོ་བར་གནས་ཤིང་ཆུ་དེ་ཉིད་དེར་གནས་ཤེད་དེ་ལས་འཕེལ་ཞིང་རྒྱས་པར་གྱུར་བས། དེའི་འོག་ཏུ་ཆུའི་དམུ་རྫིང་དུ་གྱུར་པ་ཡིན་ནོ། །དེ་ནས་དེའི་འོག་ཏུ་དམུ་རྫིང་དེ་སྐོམ་དད་ལ་སོགས་པ་དང་ལྡན་པར་འགྱུར་བ་དང༌། རྐྱལ་པ་ཆུས་གང་བ་ལ་རེག་པ་དང་འདྲ་བར་ཆུའི་དམུ་རྫིང་དེ་ཕན་ཚུན་བསྐྱོད་ན་སྒྲ་གྲག་པ་དང་བཅས་པ་ལ་སོགས་པ་དང༌། ལྟེ་བ་ཀུན་ནས་ཟླུམ་ཞིང་འཁྱིལ་བའི་རང་བཞིན་ཅན་དུ་གནས་པ་ཡིན་ནོ། །ཐམས་ཅད་ཡལ་བར་བོར་ན་ནི། །ནད་ནི་རང་གནས་ལས་འཕོས་ཏེ། །སྨིན་པས་སླ་ཞིང་ཟག་འགྱུར་བ། །ཚིགས་དང་རྩ་སྒོ་ལས་ཀྱང་འཛག །ཕྱི་ཡི་རྩ་སྒོ་ནས་རྡུལ་འབྱུང༌། །འགགས་ནས་ཐད་ཀར་འཁྱིལ་ཞིང་གནས། །ཆུ་དེ་ཉིད་ནི་འཕེལ་འགྱུར་ཞིང༌། །སྦྱིན་བག་གྱུར་ནས་དེའི་ཚེ་ནི། །ལྟོ་བ་ལྕི་ཞིང་སྲ་ལ་ཟླུམ། །བརྡབས་ན་སྒྲ་ནི་མི་འབྱུང་ཞིང༌། །མདོག་འཇམ་རྩ་རིས་མི་སྣང་ལ། །ལྟོ་བ་དང་ནི་རྒྱབ་དུ་འགྲོ། །དེ་རྗེས་ཆུ་ཡི་དམུ་རྫིང་སྐྱེ། །ལྟོ་བར་འཕེལ་ཞིང་དེ་ལས་ལྷག །རྩ་ནུབ་གྱུར་པའི་དམུ་ཆུ་ནི། །དམུ་རྫིང་བཤད་པའི་མཚན་ཉིད་ལྡན། །ཞེས་བྱ་བ་ལ། དམུ་རྫིང་དེ་ཐམས་ཅད་ཀྱང་ཡལ་བར་བོར་ཞིང་གསོ་བ་མ་བྱས་ན། རླུང་ལ་སོགས་པའི་ནད་རང་གི་གནས་ནས་འཕོས་ནས་རང་གི་གནས་སྤངས་ཏེ། སྨིན་ཅིང་གཤེར་བས་སླ་ཞིང་རྣག་ཟག་པར་བྱེད་པར་འགྱུར་བས་ཚིགས་དང་རྩའི་སྒོ་ནས་ཀྱང་ཟག་ཅིང་འབྱུང་བར་འགྱུར་ལ། ཕྱི་


DTG201_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་རྩའི་སྒོ་བ་སྤུའི་བུ་གནས་རྡུལ་འབྱུང་བ་འགགས་ཤིང་འབྱུང་དུ་མི་སྟེར་བས། ཐད་ཀར་འཁྱིལ་ཅིང་ཡན་ལག་ཏུ་འགྲོ་བས་གནས་ལ་སྔར་གནས་པའི་ཆུ་དེ་ཉིད་འཕེལ་ཞིང་སོགས་པར་བྱས་ནས་སྦྱིན་བག་ཏུ་བྱེད་ལ། དེ་ནས་དེའི་འོག་ཏུ་དེའི་ཚེ་ལྟོ་བ་དེ་ལྕི་བ་ལ་སོགས་པར་འགྱུར་ལ། ལག་པས་བརྡབས་ན་ཡང་སྒྲ་མི་འབྱུང་བ་ལ་སོགས་པར་འགྱུར་ལ། དེ་ནས་དེའི་རྗེས་ལ་དམུ་རྫིང་དེར་ཆུའི་དམུ་རྫིང་འབྱུང་བར་འགྱུར་ཞིང་སྐྱེ་བར་འགྱུར་ཏེ་ཆུ་དེ་ལྟོ་བར་ལྕི་ཞིང་རྒྱས་པར་འགྱུར་བ་དང༌། རྩ་རྣམས་ནུབ་ཅིང་མི་སྣང་བར་འགྱུར་བ་དང༌། ཆུའི་དམུ་རྫིང་བཤང་བའི་མཚན་ཉིད། །སྐོམ་དད་རྐུབ་ཏུ་ཆུ་འཛག་བཅས། །ཞེས་བྱ་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །རླུང་དང་མཁྲིས་པ་བད་ཀན་མཆེར། །འདུས་པའི་ཆུ་ཡི་དམུ་རྫིང་རྣམས། །ཕྱི་མ་བཞིན་དུ་གསོ་བར་དཀའ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་དམུ་རྫིང་ནི་ཕྱི་མ་བཞིན་དུ་གསོ་བར་དཀའ་བ་ཡིན་ཏེ། རླུང་གི་དམུ་རྫིང་བས་ནི་མཁྲིས་པའི་དམུ་རྫིང་གསོ་བར་དཀའ་བ་ཡིན་ལ། དེ་བས་ནི་བད་ཀན་གྱི་དམུ་རྫིང་གསོ་བར་དཀའ་བས་ན། ཆུའི་དམུ་རྫིང་ནི་ཤིན་ཏུ་གསོ་བར་དཀའ་བ་ཡིན་ནོ། །གཞན་དག་ཕལ་ཆེར་ཟླ་ཕྱེད་གསོད། །ཅེས་བྱ་བ་ལ། དམུ་རྫིང་དེ་ལས་གཞན་པ་གཉིས་པོ་དྲི་མ་འགགས་པ་ལས་གྱུར་པའི་དམུ་རྫིང་དང༌། རྒྱུ་མ་རྡོལ་བ་ལས་བྱུང་བའི་དམུ་རྫིང་དག་ནི་ཕལ་ཆེར་ཏེ་མང་དུ་ཟླ་བ་ཕྱེད་ལོན་པ་དང་ནད་པ་དེ་གསོད་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཐམས་ཅད་ཆུར་གྱུར་འཆི་ལྟས་ལེའུ། །ལས་བཤད་བླ་བརྣན་ལྡན་པའང་གསོད། །ཅེས་བྱ་བ་ལ། དམུ་རྫིང་ཐམས་ཅད་དེ་རླུང་ལས་གྱུར་པ་ལ་སོགས་པ་ཀུན་ཀྱང་ཆུར་སྐྱེས་པ་སྟེ། ཆུའི་དམུ་རྫིང་དུ་གྱུར་པ་དང༌། དེ་བཞིན་དུ་འཆི་ལྟས་ལས་བཤད་པའི་བླ་བརྣན་དང་ལྡན་པ་སྟེ། སྣ་དང་མིག་དང་མཚན་མ་ཡོ། །ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་དམུ་རྫིང་ཡང་གསོད་པ་ཡིན་ནོ། །སྐྱེས་ནས་དམུ་རྫིང་གྱུར་པ་དག །ཕལ་ཆེར་གསོ་བར་དཀའ་བར་བཤད། །སྟོབས་ལྡན་ཆུར་ནི་མ་གྱུར་ཞིང༌། །གསར་དུ་བྱུང་བ་འབད་པས་གསོ། །


DTG201_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། སྐྱེས་ནས་བྱུང་བའི་དམུ་རྫིང་དུ་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་གསོ་བར་དཀའ་བ་ཡིན་ནོ། །མི་སྟོབས་དང་ལྡན་ཞིང་ན་ཚོད་དར་ལ་བབ་པ་ལ་དམ་རྫིང་དེ་སྐྱེས་པར་གྱུར་ཅིང༌། ཆུར་མ་གྱུར་ཏེ་གསར་དུ་བྱུང་བ་དག་ནི་གསོར་རུང་མོད་ཀྱི། སྤྱིར་གསོ་བར་དཀའ་བའི་ནད་ཡིན་པས་འབད་པ་དང་ལྡན་པ་ཁོ་ནས་གསོ་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྱ་རྦབ་དང་འོར་ནད་དང་མེ་དབལ་གྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་གཞིའི་འོག་ཏུ་སྐྱ་རྦབ་ཀྱི་ནད་གཞི་བཤད་པ་ནི། དམུ་རྫིང་གི་ནད་སྐྱེས་ན་སྐྱ་རྦབ་ལ་སོགས་པ་ཡང་འབྱུང་བར་འགྱུར་བས། དེའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཇི་སྐད་བཤད་པའི་ནད་འཁྲུགས་པས། །མཁྲིས་པ་ལྷག་པར་ལྡང་གྱུར་ལ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང་ལ་གནས་པའི་མཁྲིས་པ་ནི། །གཏོར་ཏེ་རྩ་ཆེན་བཅུའི་ནང་བཀྲམ། །ལུས་ཀུན་ལ་ནི་ཁྱབ་གྱུར་པས། །བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་བར་དུ་གནས་ནས་ནི། །ཤ་དང་པགས་པ་དེ་དག་ལས། །ལྤགས་མདོག་ཐ་དད་དཀར་བ་དང༌། །སེར་ཞིང་ལྗང་སྔོན་བྱེད་པར་འགྱུར། །དེ་ལས་སྐྱ་བའི་ཤས་ཆེ་བས། །དེ་ཕྱིར་སྐྱ་རྦབ་ནད་ཅེས་བཤད། །ཅེས་བྱ་བ་ལ། ནད་རྣམས་ཇི་སྐད་བཤད་པའི་ཁ་བ་དང་ཚ་བ་དང་མངར་བ་ལ་སོགས་པའི་ནད་གཞི་ལྡང་བའི་རྒྱུས་འཁྲུགས་ཤིང་ལྡང་བར་འགྱུར་ལ། མཁྲིས་པ་ལྷག་པར་ཤས་ཆེ་བར་ལྡང་ཞིང་འཁྲུགས་པར་གྱུར་ན་སྐྱ་རྦབ་ཀྱི་ནད་སྐྱེད་པར་འགྱུར་རོ། །དེ་ལ་ནད་དེ་རྣམས་ཀྱི་ནང་ནས་རླུང་གི་ནད་གང་ཡིན་པ་དེ་ནི་སྟོབས་དང་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས། སྙིང་གར་གནས་པའི་མཁྲིས་པ་གང་ཡིན་པ་དེ་གཏོར་ཞིང་བྱེར་བར་བྱེད་ལ། དེས་ན་མཁྲིས་པ་དེ་སྙིང་ལ་བརྟེན་པའི་རྩ་བོ་ཆེ་བཅུར་བཀྲམ་ཞིང་ཕྱིན་པར་བྱས་ནས་ལུས་མ་ལུས་བ་ཀུན་ལ་ཁྱབ་ཅིང་བྱེར་


DTG201_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ནས་བད་ཀན་ལ་སོགས་པ་ལ་གནོད་པར་བྱས་ནས། དེ་པགས་པ་དང་ཤ་གཉིས་ཀྱི་བར་དུ་གནས་ཏེ། མཁྲིས་པ་དེ་པགས་པའི་མདོག་རྣམ་པ་ཐ་དད་ཅིང་དུ་མར་གྱུར་པ་སྐྱ་ཞིང་དཀར་བ་དང་སེར་པོ་དང་ལྗང་སྔོན་དུ་བྱེད་པར་འགྱུར་རོ། །མདོག་དེ་དག་ལས་གང་གི་ཕྱིར་སྐྱ་ཞིང་དཀར་བའི་ཤས་ཆེ་བས་ན་རྒྱུ་དེའི་ཕྱིར་ནད་དེ་ལ་སྐྱ་རྦབ་ཀྱི་ནད་ཅེས་བྱའོ་ཞེས་དྲང་སྲོང་དག་གིས་བཤད་དོ། །ནད་དེས་ལུས་ནི་ལྕི་བ་དང༌། །ལུས་ཟུངས་རྣམས་ནི་ལྷོད་པ་དང༌། །མདངས་ཀྱི་ཡོན་ཏན་ཟད་གྱུར་ཅིང༌། །དེ་ལས་ཁྲག་དང་ཚིལ་ཆུང་སྟེ། །སྙིང་པོ་མེད་ཅིང་དབང་པོ་ལྷོད། །ཡན་ལག་བརྡུངས་པ་སྙམ་བྱེད་ཅིང༌། །སྙིང་ནི་ཟག་པ་སྙམ་དུ་སེམས། །མིག་ཕུགས་སྐྲང་ཞིང་ཉམས་ལ་ན། །མཆིལ་མང་སྐད་གདངས་དམའ་བ་དང༌། །ཟས་མི་འདོད་ཅིང་གྲང་མི་བཟོད། །སྤུ་འབྱི་མེ་དྲོད་ཉམས་པ་དང༌། །རོ་སྨད་འབྱིང་ཞིང་རིམས་ཀྱིས་འདེབས། །དབུགས་མི་བདེ་ཞིང་རྣ་སྒྲ་འབོད། །མགོ་འཁོར་ངལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེས་ལུས་ཀྱི་ཁོང་ལྕི་བ་དང༌། །དངས་མ་ལ་སོགས་པའི་ལུས་ཟུངས་ལྷོད་ཅིང་གཅིག་ཏུ་འདུས་པ་ཞིག་པ་དང༌། མདངས་ཀྱི་ཡོན་ཏན་གང་དག་ཡོད་པ་དེ་ཟད་ཅིང་ཉམས་པར་འགྱུར་བ་དང༌། རྒྱུ་དེ་དག་གིས་མིའི་ཁྲག་དང་ཚིལ་ཆུང་བ་ལ་སོགས་པར་འགྱུར་བ་དང༌། སྙིང་པོ་ནི་ལུས་ཀྱི་སྟོབས་ལ་བྱ་སྟེ་དེ་མེད་པར་འགྱུར་བ་དང༌། དབང་པོའི་ཚོགས་རྣམས་ལྷོད་ཅིང་བྱ་བའི་སྦྱར་བ་ལས་ཉམས་པ་དང༌། ལག་ངར་ལ་སོགས་པའི་ཡན་ལག་རྣམས་བརྡུངས་པ་སྙམ་དུ་སེམས་པ་དང༌། ན་བར་འགྱུར་བ་དང༌། སྙིང་ཟག་ཅིང་འཁྲུགས་པར་འགྱུར་བ་དང༌། མིག་གི་ཕུགས་སྐྲང་ཞིང་གློ་བ་དང༌། མིག་ཉམས་ཤིང་མི་སྡུག་པ་དང༌། མཆིལ་མ་མང་བ་ལ་སོགས་པ་དང་ལྡན་པ་དང༌། རོ་སྨད་འབྱིང་ཞིང་ནང་དུ་ཞུམ་པར་འགྱུར་བ་དང༌། དེ་བཞིན་དུ་རིམས་ཀྱིས་འདེབས་པ་ལ་སོགས་པ་འབྱུང་བར་ཤེས་པར་བྱའོ། །དེ་ནི་ནད་གཞི་ཐ་དད་འདུས། །ས་ཞག་ཟོས་ལས་རྣམ་ལྡར་འགྱུར། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེ་རྣམ་པ་ལྔ་ཡོད་དེ་ནད་གཞི་ཐ་དད་པ་ལས་གྱུར་པ་གསུམ་དང༌། གསུམ་ཆར་


DTG201_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལས་གྱུར་པ་གཅིག་དང༌། ས་ཞག་ཟོས་པ་ལས་གྱུར་པ་ནི་ལྔ་པ་ཡིན་ནོ། །འདི་ཡི་སྔོན་ཚུལ་སྙིང་འཕར་ཞིང༌། །པགས་པ་རྩུབ་པར་གྱུར་པ་དང༌། །ཡི་ག་འཆུས་ཤིང་གཅིན་མདོག་སེར། །རྡུལ་མེད་ཁོང་པའི་མེ་དྲོད་ཉམས། །ལུས་རྨྱ་ངལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་འདིའི་སྔོན་དུ་བྱུང་བའི་ཚུལ་ནི། སྙིང་ཅུང་ཟད་འཕར་བ་དང༌། ལ་ལར་པགས་པ་རྩུབ་པར་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་གྱུར་ལུས་ན་ཟུག །རྩ་སེན་མིག་དང་བཤང་གཅི་རྣམས། །མདོག་གནག་རྩུབ་ལ་འདར་བ་དང༌། །སྐྲང་སྦོ་ཁ་ཡིས་རོ་མི་ཚོར། །རྟུག་སྐམ་རྩིབ་ལོགས་ཀླད་པ་ན། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེ་རླུང་ལས་གྱུར་པ་ནི་ལུས་ན་ཞིང་མི་བདེ་བ་དང༌། ཁབ་ཀྱིས་ཕུག་པ་ལྟར་ཟུག་པ་དང༌། རྩ་དང་སེན་མོ་ལ་སོགས་པ་མདོག་དམར་ཞིང་རྩུབ་པ་དང༌། ལུས་འདར་བ་དང༌། སྐོམ་དད་ལ་སོགས་པས་ཉེན་པར་འགྱུར་བ་ཡིན་ནོ། །མཁྲིས་ལས་རྩ་དང་སེན་མོ་སོགས། །ལྗང་སྔོན་རིམས་འདེབས་མུན་འཐིབས་བྱེད། །སྐོམ་དད་རྡུལ་བརྒྱལ་བསིལ་བ་འདོད། །ལུས་མནམ་ཁ་ནང་ཁ་བ་དང༌། །འཁྲུ་ཞིང་སྒྲེགས་པ་སྐྱུར་ལ་ཚ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ནི། རྩ་དང་སེན་མོ་དང་མིག་དང༌། བཤང་བ་དང༌། གཅི་བ་ལྗང་སྔོན་ལ་སོགས་པའི་མདོག་ཏུ་སྣང་བ་དང༌། རིམས་ཀྱིས་འདེབས་པ་ལ་སོགས་པར་འགྱུར་རོ། །བད་ཀན་རྩ་སོགས་དཀར་བ་དང༌། །གློངས་ཤིང་ཁ་ནང་ལན་ཚྭ་བྲོ། །བ་སྤུ་ལྡང་ཞིང་སྐད་འགགས་ལ། །ལུད་པ་ལུ་ཞིང་སློན་པར་བྱེད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ནི། །རྩ་དང་སེན་མོ་ལ་སོགས་པ་དཀར་བ་དང༌། བ་སྤུ་ལྡང་ཞིང་བརྩེ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདུས་གྱུར་མཚན་མ་འདྲེས་བརྣག་དཀའ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་སྐྱ་རྦབ་ནི་ནད་གཞི་གསུམ་ཆར་གྱི་མཚན་ཉིད་འདྲེས་མ་དང་ལྡན་ལ། དེ་ཡང་རྣག་ཅིང་བཟོད་པར་དཀའ་བ་ཡིན་ནོ། །ས་ཞག་བསྐ་བས་རླུང་སྐྱེད་ལ། །ཚྭ་བྲོ་མཁྲིས་པ་མངར་བད་ཀན། །དངས་མ་ལ་སོགས་


DTG201_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་འགྱུར་ཞིང༌། །རྩུབ་པས་ཟས་ཟོས་རྩུབ་གྱུར་ནས། །ཞུ་བས་རྩ་སྦུབས་འགགས་བྱས་ཏེ། །སྔ་མ་བཞིན་དུ་སྐྱ་རྦབ་སྐྱེད། །དེ་ནས་ལྟེ་བ་རྐང་པ་དང༌། །ཁ་དང་ཕོ་མཚན་སྐྲང་བར་བྱེད། །བཤང་བ་སྲིན་བུ་དང་བཅས་འཁྲུ། །བད་ཀན་ཁྲག་དང་བཅས་པ་འབྱུང༌། །ཞེས་བྱ་བ་ལ། ས་ཞག་ཟོས་ན་དེའི་རོ་བསྐ་བས་ནི་རླུང་སྐྱེད་ཅིང་གནོད་པར་བྱེད་ལ། ལན་ཚྭ་བྲོ་བས་ནི་མཁྲིས་པ་སྐྱེད་པར་བྱེད། །མངར་བག་ལས་ནི་བད་ཀན་སྐྱེད་པར་བྱེད་ཅིང༌། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ལ་ཡང་གནོད་ཅིང་འཁྲུགས་པར་འགྱུར་བ་དང༌། དེའི་རྩུབ་པའི་རྒྱུས་ཁ་ཟས་ཟོས་པ་རྩུབ་པོར་གྱུར་ནས་ས་ཞག་དེ་ཞུ་བར་གྱུར་པ་དང༌། དེས་རྩ་སྦུབས་ཀྱི་སྒོ་འགག་ཅིང་རྒྱུར་མི་རུང་བར་བྱས་ཏེ་རྩ་སྦུབས་དེ་དག་སྔ་མ་བཞིན་དུ་སྐྱ་རྦབ་ཀྱི་ནད་སྐྱེད་བར་བྱེད་དོ། །དེ་ནས་དེའི་འོག་ཏུ་ལྟེ་བ་ལ་སོགས་བ་སྐྲང་བར་བྱེད་པ་དང༌། བཤང་བ་སྲིན་བུ་དང་བཅས་པར་འཁྲུ་ཞིང་འབྱུང་བ་དང༌། ཁྲག་དང་བཅས་པའི་བད་ཀན་ཁ་ནས་འབྱུང་བར་འགྱུར་པ་ཡིན་ནོ། །གང་ཞིག་སྐྱ་རྦབ་ནད་ཀྱིས་བཏབ། །དེ་ཡིས་མཁྲིས་སྐྱེད་ཟས་ཟོས་པས། །ཁོང་པ་ཡན་ལག་གནས་མཁྲིས་གནས། །བཤང་ཁྲག་བསྲེགས་ཏེ་མིག་སེར་སྐྱེད། །ཅེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དང་ལྡན་པའི་མི་གང་ཞིག་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱེད་པའི་ཟས་དང་སྐོམ་ལ་སོགས་པ་བསྟེན་ཅིང་ཟོས་པས། མི་དེའི་ཁོང་པ་དང་ཡན་ལག་ལ་བརྟེན་ཅིང་གནས་པའི་མཁྲིས་པས་མིག་སེར་སྐྱེད་པར་བྱེད་དོ། །ཅི་ཞིག་བྱས་ནས་སྐྱེད་པར་བྱེད་ཅེ་ན། ཁྲག་དང་ཤ་བསྲེགས་ཤིང་ཚིག་པར་བྱས་པས་མིག་སེར་སྐྱེད་པར་བྱེད་དོ། །དེས་ནི་མིག་དང་པགས་པ་གདོང༌། །བཤང་གཅི་སེན་མོ་ཁ་དོག་སེར། །ལུས་ཚ་སྐོམ་དད་ཟས་མི་འཇུ། །སྦལ་འདྲ་དབང་པོ་ཉམ་ཆུང་འགྱུར། །ཞེས་བྱ་བ་ལ། མིག་སེར་གྱི་ནད་དེས་མིག་ལ་སོགས་པ་མདོག་སེར་པོར་འགྱུར་ལ། དེ་བཞིན་དུ་ལུས་ཚ་བ་ལ་སོགས་པ་དང་ལྡན་པ་དང༌། སྔལ་བ་སེར་པོ་ལྟ་བུའི་མདོག་དང་ལྡན་པ་དང༌། དབང་པོ་རྣམས་ཉམ་ཆུང་ཞིང་རང་གི་ཡུལ་འཛིན་པར་མི་ནུས་པ་ཡིན་ནོ། །དེ་ནི་མཁྲིས་པའི་ཤས་ཆེ་ན། །སྐྱ་རྦབ་ནད་མེད་བར་དེ་འབྱུང༌། །ཞེས་བྱ་


DTG201_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། མིག་སེར་གྱི་ནད་འདི་ནི་མཁྲིས་པ་སྐྱེད་པར་བྱེད་བའི་དངོས་བོ་བསྟེན་པ་དང་མཁྲིས་པའི་རང་བཞིན་ཤས་ཆེ་བས་མཁྲིས་པ་ཤིན་ཏུ་རྒྱས་པར་གྱུར་པ་ནི། སྐྱ་རྦབ་ཀྱི་ནད་མེད་པར་ཡང་ཁོང་བ་དང་ཡན་ལག་ལ་བརྟེན་པའི་མཁྲིས་པ་མིག་སེར་སྐྱེད་པར་བྱེད་དོ། །ཡལ་བར་བོར་ན་ཆེར་སྐྲངས་ཏེ། །གསོ་དཀའ་མིག་སེར་འོར་ཐབས་ཡིན། །ཞེས་བྱ་བ་ལ། མིག་སེར་གྱི་ནད་དེ་ཉིད་གསོ་བ་མ་བྱས་པར་ཡལ་བར་བོར་ན། ཚ་བས་ཆེར་སྐྲངས་པར་གྱུར་བ་དེ་ནི་མིག་སེར་འོར་ཐབས་ཞེས་བྱ་སྟེ། དེ་ནི་གསོ་དཀའ་ཞིང་བཅོས་པར་དཀའ་བ་ཡིན་ནོ། །ཧ་ལི་ས་ནི་ལྗང་ནག་སེར། །རླུང་མཁྲིས་མགོ་འཁོར་སྐོམ་དད་ཆེ། །བུད་མེད་ལ་དགའ་རིམས་ཆུང་འདེབས། །ཁོང་རྨྱ་མེ་དྲོད་ཉམས་སྟོབས་འབྲི། །ཧ་ལི་ས་ཀ་ཁྲག་ངན་གྱུར། །ཆུ་སེར་ཅན་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ། གང་གི་ཚེ་སྐྱ་རྦབ་ཀྱི་ནད་མཁྲིས་པ་ཤས་ཆེ་བས་ལྡང་ཞིང་གནས་ལ་སེར་བར་འགྱུར་ལ། རླུང་དང་མཁྲིས་བ་ཤས་ཆེ་བ་ལས་མགོ་འཁོར་བ་ལ་སོགས་པ་འབྱུང་བ་དང༌། རིམས་ཅུང་ཟད་ཙམ་གྱིས་འདེབས་པ་དང༌། ཁོང་རྨྱ་བ་ལ་སོགས་པར་འགྱུར་ཏེ། ནད་དེའི་མིང་ནི་ཧ་ལི་ས་ཀ་ཞེས་བྱ་བ་ཁྲག་ངན་པ་ལས་གྱུར་པ་དང༌། དེ་བཞིན་དུ་ཆུ་སེར་ཅན་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་རྣམས་ཀྱི་ནི་བླ་བརྣན་སྔར། །འོར་ནད་གཙོ་བོ་ཡིན་པར་བཤད། །དེ་ཕྱིར་དེ་ཉིད་བཤད་པར་བྱའོ། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེ་རྣམས་ཀྱི་བླ་བ་རྣན་སྔར་འཆི་ལྟས་ཀྱི་ལེའུའི་སྐབས་སུ་འོར་ནད་སྐྲངས་པ་ཁོ་ན་གཙོ་བོ་ཡིན་པར་བཤད་ཅིང་བསྟན་པས། དེའི་ཕྱིར་འོར་ནད་སྐྱ་རྦབ་ཀྱི་འོག་ཏུ་བཤད་ཅིང་བསྟན་པར་བྱའོ། །དེ་ཡང༌། སྐྱ་རྦབ་འོར་ནད་བཅས་པ་དང༌། །རྨིག་དང་སེན་མོ་སེར་པོར་སྣང༌། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཡིན་ནོ། །རླུང་འཁྲུགས་གྱུར་པས་བད་ཀན་དང༌། །ཁྲག་དང་མཁྲིས་པ་ཕྱི་རོལ་རྩར། །འཕྲོས་བྱས་དེ་ཡང་རྒྱུན་སྲང་འགགས། །པགས་པ་ཤ་ལ་གནས་གྱུར་ཏེ། །འོར་ནད་མཐོང་ཞིང་སྐྲང་བར་བྱེད། །ཅེས་བྱ་བ་ལ། རླུང་འཁྲུགས་


DTG201_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་ལྡང་བར་གྱུར་པས་བད་ཀན་དང་ཁྲག་དང་མཁྲིས་པ་ཕྱི་རོལ་གྱི་རྩར་འཕྲོས་ཤིང་བྱེ་བར་བྱས་ནས། བད་ཀན་ལ་སོགས་པ་དེ་དག་ཀྱང་ཕན་ཚུན་འགྲོ་བའི་རྒྱུན་སྲང་འགགས་པས་པགས་པ་དང་ཤ་ལ་གནས་ཏེ་འོར་ནད་དུ་འགྱུར་ཞིང་མཐོང་ཞིང་མཁྲང་བར་གྱུར་པའི་སྐྲང་པའི་ནད་དུ་འགྱུར་རོ། །དེ་བས་ཐམས་ཅད་འདུས་གྱུར་བཤད། །ཅེས་བྱ་བ་ལ། རྒྱུ་དེ་བས་ན་འོར་ནད་ཐམས་ཅད་ནི་ནད་གཞི་གསུམ་འདུས་པ་ལས་གྱུར་པ་ཡིན་ནོ་ཞེས་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་རྣམས་ཀྱིས་བཤད་དོ། །རྒྱུ་རྣམས་ཀྱི་ནི་བྱེ་བྲག་ལས། །གཟུགས་བྱེད་དགུ་ཡི་བདག་ཉིད་ཅན། །ནད་གཞི་ཐ་དད་གཉིས་དང་ཀུན། །སྣད་དང་དུག་གིས་ཕོག་ལས་བྱུང༌། །ཞེས་བྱ་བ་ལ། འོར་ནད་ཀྱི་རྒྱུ་སོ་སོར་ངེས་པའི་བྱེ་བྲག་གཟུགས་ཀྱི་མཚན་ཉིད་ཀྱི་དབྱེ་བ་རྣམ་པ་དགུའི་བདག་ཉིད་ཅན་དུ་འགྱུར་ཏེ། དེ་ཡང་རླུང་ལ་སོགས་པ་ནད་གཞི་ཐ་དད་ལས་གྱུར་པ་གསུམ་དང༌། གཉིས་གཉིས་འདྲེས་པ་ལས་གྱུར་པ་གསུམ་དང༌། ཐམས་ཅད་འདུས་པ་ལས་གྱུར་པ་གཅིག་སྟེ་དེ་ལྟར་བདུན་དང༌། སྣད་པ་ལས་གྱུར་པ་དང་དུག་གིས་ཕོག་པ་ལས་བྱུང་བ་གཉིས་ཏེ་སྤྱིར་དགུ་ཡིན་ནོ། །ཡང་ན་རང་དང་གློ་བུར་གཉིས། །ཡན་ལག་ཀུན་སྐྲང་ཕྱོགས་གཅིག་གཉིས། །ཞེས་བྱ་བ་ལ། ཡང་ན་འོར་ནད་ནི་རྣམ་པ་གཉིས་ཏེ། ནང་ན་རང་ལ་ཡོད་པའི་ཉེས་པའི་གཞི་ལས་བྱུང་བ་དང༌། གློ་བུར་བའི་ཉེས་པ་དུག་དང་སྣད་པ་ལས་བྱུང་བ་གཉིས་སོ། །ཡང་རྣམ་པ་གཉིས་ཏེ། ལུས་ཀྱི་ཡན་ལག་ཀུན་སྐྲང་བའི་འོར་ནད་དང༌། ཡན་ལག་གི་ཕྱོགས་གཅིག་ཏུ་འབྱུང་བའོ། །ཁྱབ་དང་མཐོ་དང་མདུད་པ་ཡི། །དབྱིབས་ཀྱི་དབྱེ་བས་གསུམ་དུའང་འདོད། །ཅེས་བྱ་བ་ལ། ཡང་འོར་ནད་དེ་ནི་ཁྱབ་པ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་པར་དྲང་སྲོང་རྣམས་འདོད་ཅིང་བཤད་དེ། ཁྱབ་པ་ནི་རྒྱ་ཆེ་བའོ། །མཐོ་བ་ནི་གྲོག་མཁར་ལྟར་བགས་ཀྱིས་མཐོ་བའོ། །མདུད་པ་ཅན་ནི་མདུད་པ་ལྟར་ཏོག་ཏོག་པོར་འདུག་པའོ། །དེ་ལྟར་ན་ཁྱད་པར་དེ་དག་གི་འོར་ནད་ནི་རྣམ་པ་གསུམ་ཡིན་པར་འདོད་དོ། །འོར་ནད་ཀྱི་ནི་སྤྱི་ཡི་རྒྱུ། །ནད་ལས་སྐྱེས་པ་ཁྱད་པར་ཉིད། །ནད་ལས་སྨྱུང་སོགས་


DTG201_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཉམ་ཆུང༌། །མྱུར་དུ་ལྷག་པར་ཟོས་ལས་འབྱུང༌། །ཞེས་བྱ་བ་ལ། ལྷན་ཅིག་སྐྱེས་པ་དང་གློ་བུར་བའི་འོར་ནད་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གི་རྒྱུ་ནི་འོག་ནས་བཤད་པ་ཡིན་ལ། ནད་གཞི་ལས་བྱུང་བའི་འོར་ནད་ཀྱི་མཚན་ཉིད་ནི་རྒྱུའི་ཁྱད་པར་ལྷག་པ་གཞན་ཡོད་དེ། དེ་བཞིན་དུ་གློ་བུར་བའི་རྒྱུ་ནི་རིམས་ལ་སོགས་པའི་ནད་དང༌། སྐྱུག་སྨན་ལ་སོགས་པའི་ལས་དང༌། སྨྱུང་བ་བྱས་ཤིང་ཟས་བཅད་པ་དང༌། སོགས་པ་ཞེས་སྨོས་པ་ལས་ཀྱིས་དུབ་པ་ལ་སོགས་པ་ཉམ་ཆུང་ཞིང་རིད་པར་གྱུར་པའི་མིས་མྱུར་དུ་སྟེ། དེའི་མོད་ལ་ཟས་དྲག་པར་ཟོས་ན་འོར་ནད་སྐྱེད་པར་འགྱུར་རོ། །དེ་ནས་གཞན་ཡང་ལྕི་བ་དང༌། །སྐྱུར་དང་སྣུམ་བསིལ་ལན་ཚྭ་དང༌། །ཐལ་སྨན་རྣོན་པོ་ཚ་བ་དང༌། །མྱ་ངན་ཆུ་གཉིད་དྲགས་དང་ཡར། །ཟས་ཟོས་ཤ་ལྕི་ཤ་སྐམ་དང༌། །མ་ཞུ་ངལ་དང་བུད་མེད་དྲགས། །རྐང་གིས་ལམ་དུ་འགྲོ་བའམ། །བཞོན་པས་དྲག་ཏུ་བསྐྱོད་འགྱུར་ཡིན། །ཞེས་བྱ་བ་ལ། དེ་ནས་གཞན་ཡང་ནད་མེད་པར་གནས་པ་དག་གིས་ཟས་དང་སྐོམ་ལྕི་བ་ལ་སོགས་པ་ཤས་ཆེར་དྲགས་པ་བསྟེན་པས་འོར་ནད་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་མ་ཞུ་བ་ལ་སོགས་པས་ནད་སྐྱེད་པ་ཡིན་ནོ། །ལུད་པ་དབུགས་མི་བདེ་ཚད་འཁྲུ། །གཞང་འབྲུམ་ལྟོ་བའི་ནད་དང་ནི། །མངལ་ནས་ཁྲག་ཟག་རིམས་ཀྱིས་བཏབ། །གསུད་དང་ཆུ་སེར་སློན་ཉེས་དང༌། །སྦྲུམ་མ་དང་ནི་མེ་དབལ་གྱི། །ནད་དང་སྐྱ་རྦབ་དག་གིས་བཏབ། །གཞན་ཡང་ལོག་པར་གསོས་གྱུར་པའི། །ནད་དེ་བྲང་དུ་གནས་ན་ནི། །སྟོད་སྐྲང་ཆུ་སོར་གནས་སྨད་སྐྲང༌། །དབུས་ན་གནས་པ་རབ་ཏུ་སྐྲང༌། །ཡན་ལག་ཀུན་ཁྱབ་ཐམས་ཅད་སྐྲང༌། །ཉིང་ལག་ལ་བརྟེན་དེ་སྐྲང་བྱེད། །ཅེས་བྱ་བ་ལ། ལུད་པ་ལ་སོགས་པའི་ནད་རྣམས་དང༌། དེ་ལས་གཞན་པའི་ནད་རྣམས་ལེགས་པར་གསོས་ཤིང་སྨན་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པ་བཞིན་དུ་གསོས་པར་གྱུར་ན་འོར་ནད་ཀྱི་རྒྱུར་འགྱུར་ཏེ། རྒྱུ་དེས་རླུང་ལ་སོགས་པའི་ནད་འཁྲུགས་པར་འགྱུར་བ་དེ་བྲང་ན་གནས་པ་ལུས་ཀྱི་རོ་སྟོད་ཀྱི་ཆ་སྐྲང་པར་བྱེད་ལ། ཆུ་སོར་གནས་ན་ཆུ་སོ་མན་ཆད་ཀྱི་རོ་སྨད་སྐྲང་བར་འགྱུར་རོ། །


DTG201_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཏེ་ལྟེ་བ་དང་རྐེད་པའི་ཕྱོགས་སུ་གནས་ན་ལུས་ཀྱི་བར་གྱི་ཕྱོགས་སུ་སྐྲང་བར་འགྱུར་རོ། །ལུས་ཀྱི་ཡན་ལག་ཀུན་ལ་ཁྱབ་པར་གནས་ན་ཐམས་ཅད་སྐྲང་བར་འགྱུར་རོ། །ཡན་ལག་རེ་རེའི་ཉིང་ལག་ལ་གནས་ན་གང་ལ་གནས་པའི་ཉིང་ལག་ཉིད་སྐྲང་བར་བྱེད་པར་འགྱུར་རོ། །དེ་ཡི་སྔོན་ཚུལ་རྩ་རྣམས་ཚ། །ཡན་ལག་སྙོམ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། འོར་ནད་ཀྱི་སྔོན་བྱུང་བའི་ཚུལ་ནི་མིག་ལ་སོགས་པའི་རྩ་རྣམས་ཤིན་ཏུ་མི་བཟོད་པར་ཚ་བ་དང༌། ཡན་ལག་རྣམས་སྙོམ་ཞིང་ན་བར་བྱེད་པ་ཡིན་ནོ། །རླུང་ལས་སྐྲང་བ་འཕོ་ཞིང་རྩུབ། །སྤུ་རྩུབ་སྨུག་ཅིང་གནག་པ་དང༌། །ལྤགས་འཁུམས་འདར་བརྩེ་རེག་ན་ན། །ན་ཞིང་ཟུག་པ་བེམ་བེམ་པོ། །མྱུར་བར་ལྡང་ཞིང་མྱུར་དུ་ཞི། །སྐྲང་བ་མནན་ན་དམའ་བར་འགྱུར། །སྣུམ་དང་དྲོ་བས་མཉེས་ན་ཞི། །མཚན་མོ་ཆུང་ཞིང་ཉིན་མོ་ཆེ། །པགས་པ་ཡུངས་ཀར་ལྡེ་གུ་ཡིས། །བསྐུས་ལྟར་ཚ་བ་ཙག་ཙག་བྱེད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་འོར་ནད་ནི། འཕོ་ཞིང་གནས་མ་ངེས་པ་དང༌། རེག་ན་རྩུབ་པ་དང༌། སྤུ་རྩུབ་བར་གནས་པ་དང༌། མདོག་སྨུག་ཅིང་གནག་པ་དང༌། པགས་པ་འཁུམས་ཤིང་གཉེར་མ་ཡོད་པ་ལ་སོགས་པ་དང་ལྡན་པ་དང༌། དེ་བཞིན་དུ་མྱུར་དུ་ལྡང་ཞིང་འབྱུང་ལ། མྱུར་དུ་རབ་ཏུ་ཞི་བར་འགྱུར་བ་དང༌། སྐྲང་བའི་ཕྱོགས་ལག་པས་མནན་ན་དམའ་ཞིང་ཀུང་ཀུང་པོར་འགྱུར་བ་དང༌། སྣུམ་བསྐུས་ཤིང་དྲོད་བག་ཏུ་བྱས་ཏེ་མཉེས་ན་ཞི་བར་འགྱུར་བ་དང༌། མཚན་མོ་སྐྲང་བ་བྲི་ཞིང་ཆུང་ལ། ཉིན་མོ་སྐྲང་བ་ཆེ་ཞིང་འཕེལ་བ་དང༌། པགས་པ་ཡང་ཡུངས་ཀར་བཏགས་པའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་བྱེད་པ་དང་ལྡན་པ་ཡིན་ནོ། །མཁྲིས་པ་རྩ་སེར་དམར་ལ་གནག །སྤུ་ནི་དམར་སེར་གྱུར་པ་དང༌། །མྱུར་དུ་ལྡང་དང་ཞི་མི་འགྱུར། །དང་པོར་དབུས་སུ་བྱུང་དང་སྲབ། །སྐོམ་བཅས་ཚ་ཞིང་རིམས་འདེབས་རྡུལ། །མནམ་ཞིང་འདྲུལ་ལ་སྣུམ་མགོ་འཁོར། །བསིལ་བག་འདོད་ཅིང་ཐུར་དུ་འཁྲུ། །དྲི་མནམ་རེག་ན་མི་བཟོད་འཇམ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འོར་ནད་ནི། །མདོག་


DTG201_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ལ་སོགས་པར་སྣང་བ་དང༌། སྤུའི་མདོག་དམར་སེར་དུ་གྱུར་པ་དང༌། མྱུར་དུ་ལྡང་ཞིང་འབྱུང་བ་དང༌། ཞི་བར་མི་འགྱུར་བ་དང༌། ཐོག་མར་དབུས་ཀྱི་ཕྱོགས་ནས་སྐྲངས་ཤིང་མཆེད་པ་དང༌། པགས་པ་སྲབ་བ་ལ་སོགས་པ་དང་ལྡན་པ་དང། །རེག་ན་མི་བཟོད་ཅིང་ན་ལ་འཇམ་ཞིང་མཉེན་པ་ཡིན་ནོ། །བད་ཀན་གཡའ་སྤུ་པགས་པ་དཀར། །མཁྲང་ཞིང་བསིལ་ལ་ལྕི་བ་དང༌། །སྣུམ་ཞིང་འཇམ་ལ་བརྟན་ཞིང་འཐས། །གཉིད་ཆེ་སློན་ཞིང་མེ་དྲོད་ཉམས། །མནན་ན་མི་འབྱིང་ལྡང་དཀའ་ཞིང༌། །ཞི་དཀའ་མཚན་མོ་སྐྲངས་ཚབས་ཆེ། །འོད་མ་གཙགས་བུ་སོགས་དྲལ་ཡང༌། །ཁྲག་མི་འབྱུང་བར་སྦྱིན་བག་འཛག །དྲོ་དང་རེག་པ་ལ་མངོན་དགའ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འོར་ནད་ནི་སྐྲང་པ་གཡའ་བ་དང༌། སྤུ་དང་པགས་པ་དཀར་ཞིང་སྐྱ་བ་དང༌། མཁྲང་ཞིང་སྲ་བ་དང༌། རེག་ན་བསིལ་བ་དང༌། སྣུམ་པ་ལ་སོགས་པ་དང་ལྡན་ཞིང༌། གཉིད་ཆེ་བ་ལ་སོགས་པར་བྱེད་པ་དང༌། མནན་ན་འབྱིང་ཞིང་སྤོ་བར་མི་བྱེད་པ་དང༌། ལྡང་ཞིང་སྐྱེ་བ་དང་ཞི་བ་དཀའ་བ་དང༌། མཚན་མོ་སྐྲངས་ཚབས་ཆེ་ཞིང་ཉིན་མོ་སྐྲངས་ཚབས་ཆུང་བ་དང༌། འོད་མའི་ཚལ་པ་དང༌། གཙགས་བུ་ལ་སོགས་པས་དབྲལ་བ་ཡང་ཁྲག་མི་འབྱུང་བར་རིང་ཞིག་ན་སྦྱིན་བག་ནལ་ནལ་པོ་འབྱུང་བ་དང༌། དྲོ་བ་ལ་དགའ་བ་དང༌། རེག་ཅིང་བྱུགས་ན་དགའ་བ་ཡིན་ནོ། །གཉིས་བྱུང་གསུམ་པོར་ཇི་བཞིན་པ། །རྒྱུ་དང་མཚན་མ་འདྲེན་མ་ཡིན། །ཞེས་བྱ་བ་ལ། ནད་གཉིས་ལས་བྱུང་བའི་འོར་ནད་གསུམ་ནི་རྒྱུ་དང་དབྱིབས་ཀྱི་མཚན་མ་འདྲེན་མ་དང་ལྡན་པ་ཡིན་ནོ། །འདུས་པ་ཀུན་གྱི་བདག་ཉིད་ཅན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་འོར་ནད་ནི་མཚན་མ་ཐམས་ཅད་དང་ལྡན་པའི་བདག་ཉིད་ཅན་ཡིན་ནོ། །མཚོན་ལ་སོགས་པས་སྣད་གྱུར་ཅིང༌། །བཅད་དམ་དབྲལ་ལམ་སྨས་ལ་སོགས། །ཁ་བ་མེ་དང་རྒྱ་མཚོའི་རླུང༌། །བསེ་རྩི་ཀ་པི་ཀ་ཆུ་ཡི། །ཁུ་བ་གྲ་མ་སོགས་རེག་པས། །སྐྲང་བ་མཆེད་པར་འགྱུར་བ་ཡིན། །ཤིན་ཏུ་ཚ་ཞིང་དམར་


DTG201_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང༌། །ཕལ་ཆེར་འཁྲིས་པའི་མཚན་ཉིད་ཅན། །ཞེས་བྱ་བ་ལ། མཚོན་ཆ་ལ་སོགས་པས་སྣད་ཅིང་རྨ་ཕྱུང་ལ། བཅད་པ་དང་དབྲལ་བ་དང༌། རྨ་ཕུག་པ་ལ་སོགས་པ་ལས་བྱུང་བའི་འོར་ནད་དང༌། སོགས་པ་སྨོས་པས་བརྡུངས་པ་དང༌། བཅག་པ་དང༌། བསྣུན་པ་དང། །ལྷུང་བ་དང༌། བཅིངས་པ་དང༌། དཀྲིས་པ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་ཁ་བས་ཕྱིད་པ་དང༌། མེས་ཚིག་པ་དང༌། དེ་བཞིན་དུ་རྒྱ་མཚོ་ལས་བྱུང་བའི་རླུང་གིས་ཕོག་པ་དང༌། བསེ་ཤིང་གི་མེ་ཏོག་དང་ཐང་ཆུས་ཕོག་པ་དང༌། ཀ་པི་ཀ་ཆུའི་ཞེས་བ་ཁ་སྲལ་ཕྲེའུ་ཨད་མ་ཀུབ་ཏ་ཞེས་བྱ་བའི་གྲ་མས་རེག་ན་ཡང་སྐྲང་པར་འགྱུར་ཞིང༌། སྐྲང་པ་དེ་ཕན་ཚུན་མཆེད་ཅིང་བྱེར་བར་འགྱུར་བ་དང༌། ཤིན་ཏུ་ཚ་ཞིང་དྲོ་བ་དང༌། མདོག་དམར་པོར་སྣང་བ་ཡིན་ལ། ཕལ་ཆེར་ཏེ་མང་དུ་མཁྲིས་པ་དང་མཚན་ཉིད་འདྲ་བ་ཡིན་ནོ། །དུག་སྐྱེས་སྲོག་ཆགས་དུག་ཅན་ནི། །ལུས་ལ་སོང་དང་གཅིན་གྱིས་ཕོག །སྲོག་ཆགས་དུག་མེད་པ་ཡི་ཡང༌། །སོ་དང་མཆེ་བ་སེན་མོས་ཟུག །གཅིན་རྟུག་ཁུ་བས་སྨེས་པ་དང༌། །དྲི་མ་ཅན་གྱི་གོས་ཀྱིས་རེག །དུག་ཤིང་རླུང་ལ་རེག་པ་དང༌། །དབྱིག་དུག་ཕྱེ་མས་རེག་ལས་བྱུང༌། །མཉེན་ཞིང་གཡོ་ལ་འཕྱང་བ་དང༌། །མྱུར་གསོད་ཚ་ཞིང་ན་བར་བྱེད། །ཅེས་བྱ་བ་ལ། དུག་ལས་སྐྱེས་པའི་འོར་ནད་ནི་སྦྲུལ་ལ་སོགས་པའི་སྲོག་ཆགས་དུག་ཅན་གྱིས་རེག་ཅིང་ལུས་ལ་སོང་བ་དང༌། དེ་བཞིན་དུ་དེའི་གཅིན་གྱིས་ཕོག་པ་དང༌། སྲོག་ཆགས་དུག་མེད་པ་དག་གི་ཡང་གཅིན་དང་རྟུག་པས་ཕོག་པ་དང༌། ཡང་ཞེས་སྨོས་པ་ནི་དུག་དང་བཅས་པ་བསྡུ་བ་སྟེ། དེ་དག་གི་སོ་དང་མཆེ་བ་དང་སེན་མོས་ཟིན་ཅིང་ཟུག་པ་དག་ཀྱང་འོར་ནད་དུ་འགྱུར་རོ། །དེ་བཞིན་དུ་གཅིན་དང་རྟུག་པ་དང་ཁུ་ཆུས་སྨེས་པར་བྱས་པ་དང༌། དེ་བཞིན་དུ་དྲི་མ་དང་བཅས་པའི་གོས་ཀྱིས་རེག་པས་ཀྱང་འོར་ནད་དུ་འགྱུར་རོ། །དེ་བཞིན་དུ་དུག་གིས་ཤིང་ལ་རེག་པ་དང༌། དུག་དང་འདྲེས་པའི་རླུང་ལ་རེག་པ་དང༌། དེ་བཞིན་དུ་དབྱིག་དུག་སྦྱར་མར་བྱས་པའི་ཕྱེ་མས་རེག་པ་ལས་ཀྱང་འོར་ནད་འབྱུང་བར་འགྱུར་རོ། །སྐྲངས་པ་དེ་ནི་མཉེན་


DTG201_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཇམ་པ་དང༌། གཡོ་ཞིང་འཕོ་བ་དང༌། འཕྱང་བག་ཏུ་གནས་པ་དང༌། མྱུར་དུ་གསོད་པར་བྱེད་པ་དང༌། ཚ་བར་བྱེད་པ་དང༌། ན་བར་བྱེད་པ་ཡིན་ནོ། །འོར་ནད་གསར་བྱུང་བླ་བརྣན་མེད། །གསོ་སླ། ཞེས་བྱ་བ་ལ། འོར་ནད་གསར་དུ་བྱུང་ཞིང་སྐྱེས་ནས་རིང་པོར་མ་ལོན་པ་དང༌། བླ་བརྣན་གྱི་ནད་གཞན་གྱིས་མ་གཅོས་པ་དག་ནི་གསོ་བར་སླ་ཞིང་སྨན་དཔྱད་ཀྱིས་བཅོས་པར་ནུས་པ་ཡིན་ནོ། །གསོ་དཀའ་སྔར་བཤད་ཟིན། ཞེས་བྱ་བ་ལ། འོར་ནད་གསོ་བར་མི་རུང་བ་ནི་སྔར་ལུས་ཀྱི་འགྱུར་བ་བཤད་པའི་ལེའུའི་སྐབས་སུ་བླ་བརྣན་དུ་མར་ལྡན་པའི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་ཅིང་བསྟན་ཟིན་པ་ཡིན་ནོ། །མེ་དཔལ་ནད་དང་སྣད་པའི་བར། །གནོད་པ་འོར་ནད་མཚུངས་པ་ཡིན། །ཞེས་བྱ་བ་ལ། མེ་དཔལ་གྱི་ནད་ནི་ནད་གཞི་སོ་སོ་དང་གཉིས་འདྲེས་པ་དང༌། ཐམས་ཅད་འདུས་པ་ལས་གྱུར་པ་དང༌། །སྣད་པའི་བར་ལས་བྱུང་བ་སྟེ། །མེ་དཔལ་རྣམ་པ་བརྒྱད་ཡིན་ནོ། །དེ་བཞིན་དུ་གནོད་པ་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་ལས་གྱུར་པའི་འོར་ནད་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །དེ་ནི་ཕྱི་ནང་གཉིས་ཀ་སྟེ། །གསུམ་ན་གནས་པ་ཡིན་པར་བཤད། །ཅེས་བྱ་བ་ལ། མེ་དཔལ་དེ་ནི་ཕྱི་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡོད་དོ་ཞེས་དྲང་སྲོང་རྣམས་ཀྱི་བཤད་དེ། ལ་ལ་ནི་ཕྱི་རོལ་ན་གནས་པ་ཡིན་ལ། ལ་ལ་ནི་ནང་ན། ལ་ལ་ནི་གཉི་ག་ན་གནས་པ་ཡིན་ནོ། །ཕྱི་མ་བཞིན་དུ་གསོ་བར་དཀའ། །ཞེས་བྱ་བ་ལ། མེ་དཔལ་དེ་ཡང་ཕྱི་མ་བཞིན་དུ་གསོ་ཞིང་བཅོས་པར་དཀའ་སྟེ། དེ་ཡང་ཕྱི་རོལ་ན་གནས་པ་བས་ནི་ནང་ན་གནས་པ་རབ་ཏུ་གསོ་བར་དཀའ་ལ། ནང་ན་གནས་པ་བས་ནི་གཉིས་ཀ་ན་གནས་པ་མཆོག་ཏུ་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་ནད་ནི་ཇི་བཞིན་དུ། །འཁྲུགས་པའི་རྒྱུ་ཡིས་ལྡང་གྱུར་ལ། །ཁྱད་པར་དུ་ནི་ཚ་བ་ཡིས། །ལུས་ལ་མྱུར་དུ་མཆེད་པར་བྱེད། །དེ་ཡང་ནང་གནས་ནང་དུ་མཆེད། །ཕྱིར་གནས་ཕྱིར་མཆེད་གཉིས་ཀར་གནས། །གཉིས་ཀར་མཆེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། མེ་དཔལ་གྱི་ནད་དེ་ནི་རླུང་ལ་སོགས་པའི་ནད་


DTG201_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་འཁྲུགས་ཤིང་གཡོ་བར་འགྱུར་བའི་རྒྱུ། ཁ་བ་དང་ཚ་བ་དང་བསྐ་བ་ལ་སོགས་པའི་རྒྱུས་ལྡང་བར་འགྱུར་ལ། ཁྱད་པར་དུ་ནི་ཚ་ཞིང་སྲེག་པར་བྱེད་པའི་མཚན་ཉིད་ཅན་གྱི་སྨན་དང་ཟས་དང༌། སྤྱོད་ལམ་གྱིས་ལྡང་ཞིང་ནད་དེས་ལུས་ལ་མྱུར་དུ་མཆེད་ཅིང་རྒྱས་པར་བྱེད་དོ། །དེ་ཡང་ཇི་ལྟར་མཆེད་ཅེ་ན། ནང་ན་གནས་པའི་མེ་དཔལ་ནི་ནང་ན་མཆེད་ཅིང་རྒྱས་པར་བྱེད་ལ། ཕྱི་རོལ་དུ་གནས་པ་ནི་ཕྱི་རོལ་ཉིད་དུ་མཆེད་ལ། གཉིས་ཀར་གནས་ཤིང་བརྟེན་པ་ནི་ཕྱི་དང་ནང་གཉིས་ཀར་མཆེད་ཅིང་རྒྱས་པར་བྱེད་པ་ཡིན་ནོ། །དེ་ལ་ནང་ན་གནས་པ་ནི། །གནས་རྣམས་ཚ་གདུང་མྱོས་པར་བྱེད། །བུ་ག་རྣམས་ལ་གནོད་པ་དང༌། །སྐོམ་དད་རབ་ཆེ་གཅིན་ནད་སོགས། །མི་སྙོམས་པར་ནི་འབྱུང་བ་དང༌། །མེ་དྲོད་མྱུར་ཉམས་ལས་ཤེས་བྱ། །ཞེས་བྱ་བ་ལ། དེ་ལས་ནང་ན་གནས་པ་ལ་སོགས་པའི་མེ་དཔལ་གྱི་ནང་ནས་ནང་ན་གནས་པའི་མེ་དབལ་ནི་གནད་རྣམས་ཚ་བ་ལ་སོགས་པའི་མཚན་མ་ལས་ཤེས་ཤིང་རྟོགས་པར་བྱ་སྟེ། སྙིང་ལ་སོགས་པའི་གནད་རྣམས་ཚ་ཞིང་སྡུག་བསྔལ་གྱིས་གདུངས་པ་དང༌། མྱོས་ཤིང་རྨོངས་བག་ཏུ་བྱེད་པ་དང༌། ནང་དུ་བུ་བའི་སྒོ་རྣམས་ལ་གནོད་ཅིང་གཟིར་ལ་ཁྱད་པར་དུ་བསྐྱོད་པ་དང༌། དེ་བཞིན་དུ་སྐོམ་དད་ལྷག་པར་རབ་ཏུ་ཆེ་བ་དང༌། བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས་མི་སྙོམས་ཤིང་ལེགས་པར་མི་འབྱུང་བ་དང༌། ཁོང་པའི་མེ་དྲོད་དང་ལུས་ཀྱི་སྦུབས་ཤིན་ཏུ་མྱུར་བར་ཉམས་པ་ལས་ཤེས་ཤིང་རྟོགས་པར་བྱའོ། །ཕྱི་རོལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ལ། ཕྱི་རོལ་ཏུ་གནས་པའི་མེ་དབལ་གྱི་མཚན་ཉིད་ནི་ནང་ན་གནས་པའི་མེ་དབལ་གྱི་མཚན་ཉིད་ལས་གོ་བཟློག་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་གྱུར་མེ་དཔལ་ནི། །རླུང་གི་རིམས་དང་ནད་ཐབས་འདྲ། །སྐྲང་ཞིང་འགུལ་ལ་ཟུག་པ་དང༌། །ཡན་ལག་སྙོམ་ཞིང་བ་སྤུ་བརྩེ། །ཞེས་བྱ་བ་ལ། དེ་ལ་མེ་དཔལ་གྱི་ནད་རླུང་ལས་གྱུར་པ་ནི་རླུང་གི་རིམས་དང་ན་བའི་མཚན་ཉིད་འདྲ་བ་ཡིན་པར་ཤེས་པར་བྱ་ལ། །ཡང་དེ་བཞིན་དུ་མེ་དབལ་དེ་ནི་སྐྲང་བ་ལ་སོགས་པ་དང་ཡང་ལྡན་


DTG201_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །མཁྲིས་གྱུར་མྱུར་དུ་མཆེད་ཅིང་འགྲོ། །མཁྲིས་རིམས་རྟགས་ལྡན་ཤིན་ཏུ་དམར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་མེ་དབལ་ནི་ལུས་ལ་མྱུར་དུ་མཆེད་ཅིང་ཁྱབ་པར་བྱེད་པ་དང༌། མཁྲིས་པའི་རིམས་ཀྱི་མཚན་ཉིད་ཇི་སྐད་སྨོས་པའི་རྟགས་དང་ལྡན་པ་དང་ཤིན་ཏུ་ཤས་ཆེར་དམར་བ་ཡིན་ནོ། །བད་ཀན་ལས་གཡའ་རེག་ན་འཇམ། །བད་ཀན་ལས་བྱུང་རིམས་འདར་ན། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་མེ་དབལ་ནི་ཤས་ཆེར་གཡའ་བ་དང༌། རེག་ན་འཇམ་པ་དང༌། བད་ཀན་ལས་བྱུང་བའི་མེ་དཔལ་དང་རིམས་དང་ཚུལ་འདྲ་ཞིང་མཚུངས་པ་ཡིན་ནོ། །མེ་དཔལ་སོགས་ཀུན་ཡལ་བར་བོར། །རང་གི་ནད་ཚུལ་བསགས་གྱུར་ན། །དེ་ནི་སྨིན་རྡོལ་རང་རང་གི །མེ་དཔལ་རྨ་ཡི་མཚན་ཉིད་འཛིན། །ཞེས་བྱ་བ་ལ། མེ་དབལ་ཐམས་ཅད་ཡལ་བར་བོར་ཞིང་གསོ་བར་མ་བྱས་ན། རང་གི་ནད་རླུང་ལ་སོགས་པའི་ཚུལ་བསགས་ཤིང་འཕེལ་བར་འགྱུར་ཏེ། རླུང་གི་མཚན་ཉིད་ཀྱིས་ནི་རླུང་གི་མེ་དབལ་འཕེལ་བར་འགྱུར་ལ། མཁྲིས་པའི་མཚན་ཉིད་ཀྱིས་ནི་མཁྲིས་པའི་མེ་དབལ་འཕེལ་ཞིང་སྩོགས་པར་འགྱུར་ལ། བད་ཀན་གྱི་མཚན་ཉིད་ཀྱིས་ནི་བད་ཀན་གྱི་མེ་དཔལ་སོགས་པར་འགྱུར་རོ། །དེ་བཞིན་དུ་སྨིན་ཞིང་རྡོལ་བ་སྟེ། དང་པོར་སྨིན་ནས་ཕྱིས་རྡོལ་བར་འགྱུར་བ་ཡིན་པས་ན་སྨིན་ཞིང་རྡོལ་བ་ཞེས་བྱའོ། །དེ་བཞིན་དུ་རླུང་ལས་གྱུར་པ་རང་རང་གི་རྨའི་མཚན་ཉིད་གང་ཡིན་པ་དེ་འཛིན་ཞིང་འཕྱང་བར་བྱེད་དེ། རྨའི་ལེའུ་ལས། །དེ་ལས། རླུང་ལས་སྔོ་ནག་སྨུག་པ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། མཁྲིས་པ་ལས་གྱུར་སྨིན་ཞེས་བྱ་བ་ལ་སོགས་པ་འོག་ནས་སྨོས་པ་ཡིན་ནོ། །རླུང་མཁྲིས་ལས་ནི་རིམས་འདེབས་སློན། །བརྒྱལ་ཞིང་ཚད་འཁྲུ་སྐོམ་མགོ་འཁོར། །རུས་ཚིགས་ཆག་སྙམ་མེ་དྲོད་ཉམས། །མུན་ཞུགས་སྙམ་སེམས་ཡི་ག་འཆུས། །ཡན་ལག་ཐམས་ཅད་མེ་མདག་ནི། །འབར་བས་ཁྱབ་པ་ལྟ་བུར་ཚ། །ཕྱོགས་ནི་གང་དང་གང་དུ་མཆེད། །ཁྱབ་པས་ཡན་ལག་དེ་དང་དེར། །མེ་མདག་ཞི་བ་ལྟར་གནག་པའམ། །སྔོ་བ་འམ་དམར་


DTG201_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁྱབ་བྱེད་ལ། །མེས་བསྲེགས་ལྟ་བུར་ཆུ་བུར་འབྱུང༌། །མྱུར་དུ་མཆེད་ཅིང་ཁྱབ་པར་བྱེད། །གནད་ཀྱི་རྗེས་འཇུག་མེ་དབལ་ནི། །དེ་ནས་སྟོབས་རབ་སྐྱེས་པའི་རླུང༌། །ཡན་ལག་ན་ཞིང་དྲན་པ་སྟོར། །གཉིད་ཡར་དབུགས་ཀྱི་རྔམ་པ་དྲག །སྐྱིགས་བུས་འདེབས་ཤིང་འདི་ལྟ་བུའི། །གནས་སྐབས་དེས་ནི་ཐོབ་པར་འགྱུར། །ས་དང་མལ་ཁྲི་སྟན་སོགས་ལ། །གང་དུའང་བདེ་བ་མི་འཐོབ་ཅིང༌། །འགྲེ་ཞིང་སྡུག་བསྔལ་མྱོང་བ་དང༌། །ལུས་སེམས་ངལ་ལས་བྱུང་བ་ཡིས། །གཉིད་ཀྱི་རྨོངས་བག་སད་དཀའ་བ། །དེ་ནི་མེ་འདྲའི་མེ་དཔལ་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་ནི་མེ་དང་འདྲ་བའི་མེ་དབལ་དུ་འགྱུར་ལ། དེ་ཡང་རིམས་ཀྱིས་འདེབས་པ་ལ་སོགས་པ་དང་ལྡན་པ་དང༌། །ལུས་ཀྱི་ཡན་ལག་ཐམས་ཅད་མེ་མདག་འབར་བས་ཁྱབ་ཅིང་གཏོར་བ་ལྟ་བུར་རབ་ཏུ་ཚ་བ་དང༌། ཡང་མེ་དཔལ་དེ་ལུས་ཀྱི་ཕྱོགས་གང་དང་གང་དུ་མཆེད་ཅིང་ཁྱབ་པའི་ལུས་ཀྱི་ཡན་ལག་གི་ཕྱོགས་དེ་དང་དེར་མེ་མདག་འབར་བ་ཞི་བ་བཞིན་དུ་གནག་ཅིང་སྔོ་བ་དང་དམར་བས་ཁྱབ་པར་འགྱུར་རོ། །ཡང་མེ་དཔལ་དེ་ནི་མེས་བསྲེགས་པ་ལྟ་བུར་ཆུ་བུར་གྱིས་མྱུར་དུ་མཆེད་པར་བྱེད་ཅིང་ཀུན་ཏུ་ཁྱབ་པར་བྱེད་པར་འགྱུར་ཏེ། དེ་ཡང་རླུང་དང་མཁྲིས་པའི་རྒྱུ་ཉིད་ཀྱིས་མྱུར་བ་ཁོ་ནར་ཁྱབ་པར་བྱེད་པ་ཡིན་ནོ། །ཡང་དེ་བཞིན་དུ་སྙིང་ལ་སོགས་པའི་གནད་ཀྱི་རྗེས་སུ་འཇུག་པར་བྱེད་ཅིང་མེ་དབལ་དེས་དེའི་འོག་ཏུ་སྟོབས་རབ་ཏུ་སྐྱེས་པའི་རླུང་དེས་ཡན་ལག་ན་ཞིང་གཟེར་བར་བྱེད་པ་དང༌། དྲན་པ་སྟོར་ཞིང་བརྒྱལ་བར་བྱེད་པ་དང༌། གཉིད་ཡར་ཞིང་མེད་པ་དང༌། དབུགས་ཀྱི་རྔམ་པ་དྲག་ཏུ་འབྱུང་བ་དང༌། སྐྱིགས་བུའི་ནད་ཀྱིས་འདེབས་པ་དང༌། མེ་དཔལ་གྱི་ནད་དང་ལྡན་པའི་སྐྱེས་བུ་དེ་འདི་ལྟ་བུའི་གནས་སྐབས་འཐོབ་ཅིང་མྱོང་བར་འགྱུར་ཏེ། སེམས་མལ་ན་བདེ་བར་མི་གནས་པའི་དབང་དུ་གྱུར་བས་ས་དང་མལ་ཁྲི་དང་སྟན་ལ་སོགས་པ་གང་དུ་གནས་སུ་ཟིན་ཀྱང་ལུས་དང་སེམས་བདེ་བ་མི་འཐོབ་པ་ཡིན་ལ། དེ་ལྟར་མི་བདེ་བ་ཉིད་ཀྱིས་ཕན་ཚུན་འགྲེ་ཞིང་ལྡོག་ལ་སྡུག་བསྔལ་གྱི་ཚོར་བ་


DTG201_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་བ་དང༌། ལུས་དང་སེམས་ངལ་ཞིང་དུབ་པ་ལས་བྱུང་བ་གཉིད་ཀྱི་རྨོངས་བག་ཉམས་སུ་མྱོང་ཞིང༌། དེ་ཡང་སད་པར་ཤིན་ཏུ་དཀའ་བ་ཡིན་ནོ། །བད་ཀན་གྱིས་ནི་བཀག་པའི་རླུང༌། །བད་ཀན་དེ་བརྟོལ་མང་དུ་བྱེད། །ཁྲག་འཕེལ་བ་ཡིས་ཁྲག་བརྟོལ་ཏེ། །པགས་པ་ཆུ་བ་ཤ་ལ་གནས། །གནོན་བྱས་ཐོར་བུ་ཕྲ་ཞིང་རིམ། །ཟླུམ་ཞིང་སྦོམ་ལ་སྲ་བ་ཡི། །མཛེར་པའི་ཕྲེང་བ་ཆགས་བྱེད་ཅིང༌། །མདོག་དམར་རབ་ན་རིམས་ཀྱིས་འདེབས། །ལུད་པ་དབུགས་མི་བདེ་ཚད་འཁྲུ། །ཁ་སྐམ་སྐྱིགས་བུ་སློན་མགོ་འཁོར། །རྨོངས་བག་མདོག་ཉམས་བརྒྱལ་དང་ལུས། །ཡན་ལག་ན་ཞིང་མེ་དྲོད་ཉམས། །དེ་ལྟར་མཛེར་པའི་མེ་དབལ་ནི། །བད་ཀན་རླུང་འཁྲུགས་ལས་གྱུར་ཡིན། །ཞེས་བྱ་བ་ལ། བད་ཀན་དང་རླུང་འཁྲུགས་པ་ལས་ནི་མཛེར་པའི་མེ་དཔལ་ཞེས་བྱ་བའི་ནད་དུ་འགྱུར་ཏེ། དེ་ཡང་བད་ཀན་གྱི་ནད་ཀྱིས་རླུང་དེ་བཀག་ཅིང་འབྱུང་དུ་མི་སྟེར་བ་དང༌། རླུང་གིས་བད་ཀན་དེ་བརྟོལ་ཞིང་ཕྱེ་ནས་དུམ་བུ་མང་དུ་བྱས་པའམ། ཡང་ཁྲག་འཕེལ་བར་གྱུར་པའི་མིའི་ཁྲག་ཕྱེ་ཞིང་དུམ་བུར་བརྟོལ་ནས་མཛེར་པའི་ཕྲེང་བའམ་རྨེན་བུའི་ཕྲེང་བ་སྐྱེད་པར་བྱེད་དོ། །དེ་ཡང་པགས་པ་ལ་སོགས་པ་ལ་གནས་པའི་ཁྲག་གིས་གནོད་ཅིང་འཁྲུགས་པར་བྱས་ནས། ཐོར་བུ་ཕྲ་བ་ལ་སོགས་པའི་མཚན་ཉིད་ཅན་དང་མདོག་དམར་བའི་ཕྲེང་བ་ཆགས་པར་བྱེད་ལ། མཛེར་པའི་ཕྲེང་བ་དེ་ཡང་ནང་དུ་ན་ཞིང་རིམས་ཀྱིས་འདེབས་པ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ལྟར་བཤད་པའི་མཛེར་པའི་མེ་དབལ་འདི་ནི་བད་ཀན་དང་རླུང་འཁྲུགས་པ་ལས་གྱུར་པ་ཡིན་ནོ། །བད་ཀན་མཁྲིས་ལས་རིམས་འདེབས་རེངས། །གཉིད་ཆེ་སློན་བག་ཀླད་པ་ན། །ཡན་ལག་ན་ཞིང་བྱ་རྨྱང་འདོད། །བླ་ཞིང་མགོ་འཁོར་ཡི་ག་འཆུས། །རྩུབ་ཅིང་དྲོད་ཉམས་རུས་ཆག་སྙམ། །སྐམ་ཞིང་དབང་པོ་མི་གསལ་ལྕི། །བེའུ་སྣབས་འཁྲུ་ཞིང་དང་ག་འཁྱིལ། །དེ་ནི་རྩ་སྦུབས་རྣམས་སུ་འགྲོ། །ཕལ་ཆེར་མ་ཞུ་གནས་ན་ཞུགས། །ཕྱོགས་གཅིག་ཏུ་ནི་རབ་མི་ན། །


DTG201_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་བུ་སེར་པོ་དམར་པོ་དང༌། །དཀར་པོས་ཕྱོགས་ཀུན་ཁྱབ་པར་བྱེད། །ནོར་བུ་ལྟར་སྣང་གནག་ཅིང་སྣུམ། །དྲི་མ་ཅན་ལ་སྐྲང་ཞིང་ལྕི། །རྣག་པའི་ཟབས་ཆེ་རབ་ཏུ་ཚ། །རེག་ན་འཇིག་ཅིང་རྣགས་པ་དང༌། །འདམ་ལྟར་ཤ་ནི་ཞིག་གྱུར་ཅིང༌། །རྩ་རྒྱུས་གསལ་བར་སྣང་བ་ཡིན། །མི་ཡི་རོ་ལྟར་མནམ་མེ་དབལ། །དེ་ནི་འདམ་འདྲ་ཞེས་བྱར་བཤད། །ཅེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་ནི་འདམ་འདྲ་བ་ཞེས་བྱ་བའི་མེ་དབལ་འབྱུང་བར་འགྱུར་རོ། །དེར་ཡང་མཚན་མ་རིམས་ཀྱིས་འདེབས་པ་ལ་སོགས་པ་སྣང་སྟེ། ཡན་ལག་ན་ཞིང་བྱ་རྨྱང་བྱེད་འདོད་པ་ནི་ཕན་ཚུན་རྐྱོང་ཞིང་འདེགས་པར་བྱེད་པའོ། །རུས་པ་ཆག་པ་སྙམ་སེམས་པ་ནི་རུས་པ་དཀྲུམ་པ་སྙམ་དུ་བྱེད་པའོ། །དང་ག་འཁྱིལ་བ་ནི་ཞལ་ཞལ་བྱས་སྙམ་དུ་སེམས་ཤིང་བད་ཀན་ལ་སོགས་པ་འཁྱིལ་བའོ། །མེ་དབལ་དེ་ཡང་ཕལ་ཆེར་མ་ཞུ་བའི་གནས་ནུ་མ་དང་ལྟེ་བའི་བར་དུ་ཞུགས་ནས། དེའི་ཕྱོགས་གཅིག་ལ་བརྟེན་ཏེ་ལྷག་པར་ན་བར་མི་བྱེད་དོ། །ཡང་ན་དེ་བཞིན་དུ་ཐོར་བུ་མདོག་སེར་པོ་ལ་སོགས་པས་ཁྱབ་ཅིང་གང་བར་བྱེད་པ་དང༌། ནོར་བུའི་མདོག་ལྟ་བུར་སྣང་བ་སྟེ། གནག་ཅིང་སེར་སྐྱར་གནས་པ་དང༌། ཕལ་ཆེར་མདོག་ནག་པོ་དང་སྨུག་པོར་གནས་པ་དང༌། དྲི་མ་ཅན་ལ་སོགས་པ་དང་ལྡན་པ་དང༌། རྣག་པའི་ཟབས་ཆེ་ཞིང་ནང་དུ་ནུབ་པ་དང༌། ཤས་ཆེར་རབ་ཏུ་ཚ་བ་དང༌། ལག་པ་ལ་སོགས་པས་རེག་ན་འཇིག་ཅིང་ཉམས་ལ་རྣགས་པ་འདམ་ལྟར་གནས་ཤིང་ཤ་རྣམས་ཞིག་པར་འགྱུར་པ་དང༌། དེ་ཉིད་ཀྱིས་རྩ་རྒྱུས་ལ་སོགས་པ་གསལ་བར་སྣང་ཞིང་གསལ་བ་དང༌། མི་རོ་ལྟར་ཤིན་ཏུ་མནམ་ཞིང་དྲི་ང་བའི་མེ་དབལ་གྱི་ནད་དེ་ནི་འདམ་འདྲ་བའི་མེ་དབལ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ལུས་ཟུངས་ཀུན་ལ་རབ་ཁྱབ་བྱེད། །ཅེས་བྱ་བ་ལ། མེ་དཔལ་ནད་གཞི་ཀུན་ལས་སྐྱེས་པ་ནད་གཞི་གསུམ་ཅར་གྱི་མཚན་ཉིད་དང་ལྡན་པ་ཡིན་ལ། ཡང་དེས་ནི་ལུས་ཟུངས་ཐམས་ཅད་ལ་ཁྱབ་ཅིང་མཆེད་པར་བྱེད་པ་ཡིན་ནོ། །ཕྱི་ཡི་རྒྱུ་ཡི་སྨས་ལས་འཁྲུགས། །ཁྲག་བཅས་མཁྲིས་པ་སྐྱེད་བྱེད་དེ། །


DTG201_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དཔལ་དུ་ནི་རླུང་གིས་བྱེད། །རྒྱ་སྲན་ཀུ་ལངྠ་འདྲ་བའི། །འབྲུམ་བུས་ཁྱབ་སྐྲང་རིམས་འདེབས་ན། །ཤིན་ཏུ་ཚ་ལ་དམར་ཞིང་སྔོ། །ཞེས་བྱ་བ་ལ། ཕྱི་རོལ་གྱི་རྒྱུ་མཚོན་ཆ་ལ་སོགས་པས་སྨས་པར་གྱུར་པ་ལས། རླུང་འཁྲུགས་པར་གྱུར་ན་ཁྲག་དང་བཅས་པའི་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱས་ནས། མེ་དཔལ་གྱི་ནད་རླུང་གིས་སྐྱེད་པར་བྱེད་ལ། དེ་ཡང་རྒྱ་སྲན་ཀུ་ལངྠ་འདྲ་བའི་འབྲུམ་ཕྲན་གྱིས་ཁྱབ་ཅིང་ཁེབས་པར་བྱེད་པ་དང༌། སྐྲང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ནད་དམིགས་ཐ་དད་ལས་གྱུར་གསུམ། །གཉིས་གྱུར་བླ་བརྣན་མེད་གསོ་བླ། །ཞེས་བྱ་བ་ལ། ནད་དམིགས་ཐ་དད་པ་ལས་གྱུར་པའི་མེ་དབལ་གསུམ་སྐྱེད་ཅིང་གསོ་སླ་བ་ཡིན་ནོ། །དེ་བཞིན་དུ་ནད་གཞི་གཉིས་འདྲེས་པ་ལས་གྱུར་པའི་མེ་དབལ་བླ་བརྣན་མེད་པ་དག་ཀྱང་གསོ་སླ་བ་ཡིན་ནོ། །དེ་ལ་བླ་བརྣན་ནི་ལུས་ཀྱི་འགྱུར་བ་ཤེས་པའི་ལེའུ་ལས་སྨོས་པའི་སྐེམ་པ་དང་ཁ་དོག་མི་སྡུག་པ་ལ་སོགས་པ་ཡིན་ནོ། །རྨ་དང་འདུས་པ་ལས་བྱུང་དང༌། །ཐམས་ཅད་གནད་ནི་ཁྱབ་པ་དང༌། །རྩ་དང་ཆུ་བ་ཤ་འདྲུལ་དང༌། །མི་རོའི་དྲི་འདྲ་རུལ་གསོ་དཀའ། །ཞེས་བྱ་བ་ལ། མེ་དབལ་གཉིས་པོ་རྨ་འམ་གནད་པའི་ནད་ལས་བྱུང་བ་དང༌། འདུས་པ་ལས་བྱུང་བ་ནི་གསོ་དཀའ་བ་ཡིན་ནོ། །ཐམས་ཅད་དེ་ནད་གཞི་ཐ་དད་པ་དང་ནད་གཞི་གཉིས་ལས་བྱུང་བའི་མེ་དབལ་ཐམས་ཅད་ཀྱང་གནད་རྣམས་ཁེབས་ཤིང་ཁྱབ་པ་ནི་གསོ་དཀའ་ལ། དེ་བཞིན་དུ་རྨ་ལ་སོགས་པ་འདྲུལ་ཞིང་ཞིག་པ་ཡང་གསོ་དཀའོ། །དེ་བཞིན་དུ་ཁྱད་པར་མི་རོའི་དྲི་འདྲ་ཞིང་ཤིན་ཏུ་མནམ་པ་དེ་ཡང་གསོ་དཀའ་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་མཛེ་དང་ཤ་བཀྲ་དང་གཟི་གུ་དང་སྲིན་བུའི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། པགས་པའི་ནད་དུ་ཚུལ་གཅིག་པས་མེ་དབལ་གྱི་རྗེས་ལ་མཛེ་


DTG201_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ལ་སོགས་པ་བསྟན་པའི་ལེའུ་བརྩམས་པ་ཡིན་ནོ། །ཁ་ཟས་སྤྱོད་ལམ་ལོག་པ་དང༌། །ཁྱད་པར་དུ་ནི་མི་འཕྲོད་བསྟེན། །དམ་པ་སྨོད་དང་སྲོག་གཅོད་དང༌། །གཞན་གྱི་ནོར་འཕྲོག་སོགས་བསྟེན་དང༌། །སྡིག་པའི་ལས་ནི་འཕྲལ་བྱས་དང༌། །སྔོན་ཆད་བྱས་པས་ནད་བསླངས་ནས། །རྩ་ལ་ཐད་ཀར་གྲམ་ནས་ནི། །ཤ་དང་པགས་པ་ཆུ་སེར་ཁྲག །གནོད་བྱས་སླ་བར་གྱུར་ནས་ནི། །དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། །པགས་པའི་མདོག་ནི་མི་སྡུག་བྱེད། །མི་བཟད་དེ་ནི་མཛེ་རུ་བཤད། །ཅེས་བྱ་བ་ལ། ཟས་དང་སྤྱོད་ལམ་ལོག་པ་སྟེ། །ཟས་གྲང་ཆེས་པ་དང་ཚ་ཆེས་པ་དང༌། ཡ་བ་ཀ་ལ་སོགས་པ་ཟོས་པ་དང༌། དེ་བཞིན་དུ་སྤྱོད་པ་ལ་སོགས་པ་སྟེ། གསོད་པ་དང་རྐུ་བ་ལ་སོགས་པའི་སྡིག་པ་བྱས་པ་དང༌། ཁྱད་པར་དུ་ཡང་མི་འཕྲོད་པའི་ཁ་ཟས་དང་ཉ་དང་འོ་མ་ལྷན་ཅིག་བཟའ་བ་དང༌། སྦྲང་རྩི་དང་རླན་ཅན་གྱི་ཤ་ལྷན་ཅིག་ཟོས་པ་ལ་སོགས་པ་མི་འཕྲོད་པའི་རྣམ་པ་ཟས་ཀྱི་ལེའུ་ལས་སྨོས་པ་ལྟ་བུ་བསྟེན་པ་དང༌། དེ་བཞིན་དུ་ཁྱད་པར་དུ་འགལ་བའི་སྤྱོད་པ་བྱེད་ཅིང༌། རྣམ་པར་འཚེ་ཞིང་གཞན་ལ་གནོད་པ་དང༌། ཚིག་རྩུབ་པོར་སྨྲ་བ་དང༌། གཞན་ལ་གནོད་པར་སེམས་པ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མི་དགེ་བ་བྱས་པ་དང༌། སྐྱེས་བུ་དམ་པ་ལ་སྨོད་པ་ལ་སོགས་པའི་སྡིག་པའི་ལས་འཕྲལ་དུ་ཚེ་འདིར་བྱས་པ་དང༌། ཡང་ན་སྔོན་ཆད་བྱས་ཤིང་བསགས་པ་ལ་གོམས་པར་བྱས་པས། རླུང་ལ་སོགས་པའི་ནད་ཀྱི་ཚོགས་རྣམས་བསླང་ཞིང་བསྐྱེད་ནས་གནོད་པར་གྱུར་པ་རྩ་ལ་ཐད་ཀར་གྲམ་ཞིང་ཞུགས་ནས། པགས་པ་ལ་སོགས་པ་ལ་གནོད་པར་བྱས་ཤིང་ནད་བསྐྱེད་ནས་སླ་ཞིང་ཞུམ་པར་བྱས་ནས། དེ་ནས་དེའི་འོག་ཏུ་ནད་དེ་རྣམས་ཕྱི་རོལ་ཏུ་བྱུང་ཞིང་ཐོན་པར་འགྱུར་ཏེ། པགས་པའི་མདོག་མི་སྡུག་ཅིང་སྔ་མ་ལས་གཞན་དུ་གྱུར་པའི་མདོག་དུ་མར་བྱེད་པའི་ནད་དེ་ནི་མཛེ་ཞེས་བྱའོ། །ཞེས་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་དོ། །གང་ཕྱིར་དུས་ལས་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ཞེས་བྱ་བ་ལ། ཅིའི་ཕྱིར་མཛེ་ཞེས་བྱ་ཞེ་ན། གང་གི་ཕྱིར་རང་གི་གསོ་བའི་


DTG201_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ་པ་དེ་ལས་ཡལ་བར་བོར་ཞིང་གསོ་བར་མ་བྱས་ན་ནད་དེ་ལས་ཐམས་ཅད་མ་རུང་ཞིང་གནོད་པར་བྱེད་པས་ན་དེའི་ཕྱིར་མིང་མཛེ་ཞེས་བྱ་བར་བཤད་དོ། །ལུས་ཟུངས་ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་འདྲུལ་བར་བྱེད་པར་འགྱུར། །རྡུལ་བཅས་རུལ་ཞིང་མནམ་པ་དང༌། །སྲིན་བུ་ཕྲ་མོ་མི་བཟད་སྐྱེད། །སྤུ་ལྤགས་ཆུ་བ་རྩ་ཆེན་དང༌། །རུས་པ་སྙི་བ་རིམ་བཞིན་ཟ། །དེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་ཡིན་པར་བཤད། །ཅེས་བྱ་བ་ལ། མཛེའི་ནད་དེ་དངས་མ་ལ་སོགས་པའི་ལུས་ཟུངས་ཐམས་ཅད་དུ་ཞུགས་ཤིང་ནང་དུ་ཁྱབ་པར་བྱས་ནས་ལུས་ཟུངས་དེ་དག་ཐམས་ཅད་འདྲུལ་ཞིང་གཤེར་བར་བྱས་ནས་ལུས་ལ་འབུ་སྐྱེད་པར་བྱེད་ལ། འབུ་དེ་ཡང་ཤིན་ཏུ་ཕྲ་བ་དང༌། མི་བཟད་ཅིང་བརྣག་པར་དཀའ་བའི་ནད་སྐྱེད་པར་བྱེད་པ་དེས་སྤུ་ལ་སོགས་པ་ཟ་བར་བྱེད་ཅིང༌། རུས་པ་སྙི་བའི་རྣ་བ་དང་སྣའི་ཕྱོགས་ན་གནས་པའི་རུས་པ་མཉེན་པ་ལ་བྱ་སྟེ་དེ་དག་ཟ་བར་བྱེད་དོ། །དེ་བས་རྒྱུ་དེའི་ཕྱིར་ཤ་བཀྲ་ལ་ནི་འདྲུལ་བ་དང་འབུ་ལ་སོགས་པ་མེད་དེ། དེ་པགས་པའི་ཕྱི་རོལ་དུ་གནས་པ་ནི་མཛེ་ལས་གཞན་པ་ཡིན་ནོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ནད་གཞི་གསུམ་དང་འདྲེས་པ་དང༌། །འདུས་གྱུར་མཛེ་ནད་རྣམ་པ་བདུན། །ཞེས་བྱ་བ་ལ། མཛེ་ནད་ནི་རྣམ་པ་བདུན་ཡོད་དེ། ནད་གཞི་ཐ་དད་པ་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པ་གསུམ་དང༌། ཉེས་པ་དེ་དག་ཉིད་སྣ་གཉིས་གཉིས་འདྲེས་པ་ལས་གྱུར་པ་གསུམ་དང༌། དེ་གསུམ་ཆར་འདུས་པ་ལས་གྱུར་པ་གཅིག་སྟེ་དེ་ལྟར་བདུན་ནོ། །ཀུན་ཀྱང་ཉེས་གསུམ་ལས་བྱུང་ཡང༌། །དེ་ལས་ལྷག་པ་ལས་མིང་འདོགས། །ཞེས་བྱ་བ་ལ། མཛེ་ནད་ཀུན་ཀྱང་ནད་གཞི་གསུམ་ལས་གྱུར་པ་ཡིན་མོད་ཀྱི། དེ་ལས་ཉེས་པ་གང་ཤས་ཆེ་ཞིང་ལྷག་པར་གནས་པ་ལས་རླུང་ལས་གྱུར་པ་ལ་སོགས་པའི་མིང་དུ་འདོགས་པ་ཡིན་ནོ། །རླུང་གི་མཛེ་ནི་ཐོད་པ་འདྲ། །ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་འདུས་པ་ལས་གྱུར་པའི་རིམས་ནི་ཐོད་པ་འདྲ་བ་ཞེས་བྱའོ། །མཁྲིས་


DTG201_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཨུ་དུམ་བཱ་ར་སྟེ། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བའི་འདུས་པ་ལས་གྱུར་པའི་རིམས་ནད་ནི་ཨུ་དུམ་བཱ་ར་ཞེས་བྱ་བ་འབྱུང་བར་འགྱུར་རོ། །བད་ཀན་ལས་གྱུར་ཟླུམ་གླང་ཤུ། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བའི་འདུས་པ་ལས་གྱུར་པའི་མཛེ་ནི་མཛེ་དང་ཟླུམ་པོ་ཞེས་བྱ་བ་དང་གླང་ཤུ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །རླུང་མཁྲིས་ལས་སྐྱེས་རི་ཤྱའི་ལྕེ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་གཉིས་ཤས་ཆེ་བ་ལས་ནི་རི་ཤྱའི་ལྕེ་ཞེས་བྱ་བའི་མཛེ་ནད་འབྱུང་བར་འགྱུར་རོ། །བད་རླུང་ལས་གྱུར་པགས་པ་གཅིག །འབྲུམ་ཕྲན་དང་ནི་ཤ་བཀྲ་དང༌། །འབྲས་བྱེར་ཆུ་སེར་ཞེས་བྱའོ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ཤས་ཆེ་བ་ལས་ནི་མཛེ་ནད་པགས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །བད་ཀན་མཁྲིས་པ་ལས་བྱུང་བ། །ཤུ་བ་རྨ་ཁ་བརྒྱ་བ་དང༌། །པདྨ་དཀར་པོ་འབྲུམ་བུར་བཅས། །གཡན་པ་པགས་པ་མྱགས་པའོ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་གཉིས་ཤས་ཆེ་བ་ལས་གྱུར་པའི་མཛེ་ནད་ནི་ཤུ་བ་ལ་སོགས་པ་དྲུག་འབྱུང་བར་འགྱུར་རོ། །འདུས་པ་ལས་གྱུར་འོལ་མ་སེ། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་ཆ་མཉམ་པ་ལས་ནི་འོལ་མ་སེ་ཞེས་བྱ་བའི་མཛེ་ནད་འབྱུང་བར་འགྱུར་ཏེ། དེ་ལྟར་ན་མཛེ་ནད་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ། །དང་པོའི་གསུམ་དང་ཤུ་བ་དང༌། །འོལ་མ་སེ་དང་པདྨ་དཀར། །རི་ཤྱའི་ལྕེ་ཞེས་བྱ་བ་སྟེ། །འདི་བདུན་མཛེ་ནད་ཆེན་པོ་ཡིན། །ཞེས་བྱ་བ་ལ། མཛེ་ནད་དེ་དག་གི་ནང་ནས་དང་པོའི་གསུམ་པ་སྟེ། ཐོད་པ་ལྟ་བུ་དང༌། ཨུ་དུམ་བཱ་ར་དང༌། ཟླུམ་པོ་སྟེ་གསུམ་དང༌། མཛེ་ནད་ཤུ་བ་དང༌། འོལ་མ་སེ་དང༌། པདྨ་དཀར་པོ་དང༌། རི་ཤྱའི་ལྕེ་ཞེས་བྱ་བ་སྟེ། བདུན་པ་འདི་དག་ནི་མཛེ་ནད་ཆེན་པོ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །མཛེ་ནད་སྔོན་བྱུང་མཚན་མ་ནི། །ཤིན་ཏུ་འཇམ་པའམ་རེག་ན་རྩུབ། །རྡུལ་འབྱུང་མི་འབྱུང་མདོག་མི་སྡུག །ལུས་ཚ་གཡའ་ཞིང་ལྤགས་ཚོར་མེད། །ཐོར་བུ་ཕྲའུ་མཐོ་བ་དང༌། །རྨ་ནི་ལྷག་པར་གཟེར་བ་དང༌། །མྱུར་དུ་འབྱུང་ཞིང་རིང་དུ་གནས། །འཚོབས་པ་དག་ཀྱང་རྩུབ་


DTG201_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །རྒྱུ་ཆུང་གིས་ཀྱང་ནད་ཆེར་ལྡང༌། །བ་སྤུ་བརྩེ་ཞིང་ཁྲག་མདོག་གནག །ཅེས་བྱ་བ་ལ། མཛེ་ནད་ཐམས་ཅད་ལ་སྔོན་དུ་བྱུང་བའི་ཚུལ་ནི་འདི་དག་ཡིན་ཏེ། པགས་པའི་མཐར་ཆེད་འགའ་ནི་འཇམ། ཆེད་འགའ་ནི་ཤིན་ཏུ་རྩུབ་པ་དང༌། ཆེད་འགའ་ནི་རྡུལ་འབྱུང༌། ཆེད་འགའ་ནི་རྡུལ་མི་འབྱུང་བ་དང༌། མདོག་ཤིན་ཏུ་མི་སྡུག་པར་སྣང་བ་དང༌། ལུས་ཀྱི་ཡན་ལག་ཐམས་ཅད་ཚ་བ་འུར་འུར་པོས་ཁྱབ་པ་དང༌། ཐོར་བུ་ཏལ་ཏིལ་མཐོ་བར་ཆགས་པ་དང༌། རྨ་གས་པ་དང༌། ཚིག་པ་དང༌། སྣད་པ་ལས་བྱུང་བ་རྣམས་ལྷག་པར་ན་ཞིང་གཟེར་བ་དང༌། །ཡང་རྨ་དེ་དག་ཉིད་མྱུར་དུ་འགྱུར་ཞིང་སྨིན་པར་བྱེད་ལ། མྱུར་དུ་འབྱུང་ཞིང་སྨིན་པ་དང༌། རྨ་ཉིད་དུ་རིང་དུ་གནས་ཤིང་མི་འདྲུབས་པ་དང༌། གལ་ཏེ་རྨ་འཚོབས་པ་དག་ཀྱང་རེག་ན་རྩུབ་ཅིང་མི་བདེ་བ་ཉིད་དུ་འགྱུར་པ་དང༌། རྨ་དེ་འཇིག་པར་འགྱུར་བའི་རྒྱུ་ཆུང་ངུ་དག་གིས་ཀྱང་སླར་ཞིག་ཅིང་ནད་ཆེར་ལྡང་བར་འགྱུར་བ་དང༌། བ་སྤུ་རྣམས་བརྩེ་ཞིང་བཤོར་བ་དང༌། ཁྲག་གི་མདོག་ནག་པོ་ཉིད་དུ་སྣང་བར་འགྱུར་བ་ཡིན་ནོ། །ཐོད་པ་ལྟ་བུ་གནག་ཅིང་སྨུག །རྩུབ་སྲ་ཚོར་བ་ཆུང་ལ་སྲབ། །ཁྱབ་ཅིང་མཐའ་མ་མི་མཉམ་ལ། །བ་སྤུ་ལངས་པས་ཁྱབ་པར་བྱེད། །ཤིན་ཏུ་ཟུག་ཅིང་གཡའ་བ་ཆུང༌། །མྱུར་དུ་ཁྱབ་བྱེད་ཐོད་པ་འདྲ། །ཞེས་བྱ་བ་ལ། མཛེ་ནད་ཐོད་པ་ལྟ་བུ་ཞེས་བྱ་བ་ནི་ཐོད་པའི་རུས་པ་སྨུག་ནག་ལྟ་བུའི་མདོག་ཅན་དུ་གནས་པ་དང༌། ལུས་རེག་ན་རྩུབ་པ་དང༌། སྲ་ཞིང་མཁྲང་བ་དང༌། པགས་པ་ཚོར་བ་ཆུང་ཞིང་བེམ་བེམ་པོར་གནས་པ་དང༌། སྲབ་ཅིང་ཟབས་ཆུང་བ་དང༌། ཁྱབ་ཅིང་རྒྱ་ཆེ་བ་དང༌། མཐའ་མ་མི་མཉམ་ཅིང་རིང་ཐུང་དུ་འདུག་པ་དང༌། དེ་བཞིན་དུ་བ་སྤུ་ལངས་ཤིང་བཤོར་བས་ཁྱབ་ཅིང་རྒྱས་པ་དང། ཤིན་ཏུ་ཟུག་ཅིང་ནད་ཚབས་ཆེ་བ་དང༌། ཤས་ཆེར་མི་གཡའ་བ་ལ་སོགས་པ་ཡིན་ནོ། །ཨུ་དུམ་བཱ་ར་སྨིན་པ་ལྟར། །པགས་སྤུ་སྨུག་རྩ་དཀར་བས་ཁྱབ། །ཤས་ཆེར་མཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནད་དང་ཁྲག་ཤས་ཆེར། །མྱུར་དུ་སྨིན་ཅིང་འདྲུལ་


DTG201_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །འབུ་ཅན་ཨུ་དུམ་བཱ་ར་ཡིན། །ཞེས་བྱ་བ་ལ། ཨུ་དུམ་བཱ་ར་ཞེས་བྱ་བའི་མཛེ་ནད་ནི་ཨུ་དུམ་བཱ་རའི་འབྲས་བུ་སྨིན་པ་ལྟར་པགས་པ་དང་སྤུ་ནག་པོར་གནག་པ་དང༌། རྩ་དཀར་ཞིང་སྐྱ་ལ་ཁྱབ་ཅིང་ཁེབས་པ་དང༌། ཤས་ཆེར་མཐུག་ཅིང་ལྷུན་སྡུག་པ་དང༌། ཤས་ཆེར་འདྲུལ་ཞིང་རྣགས་པ་དང༌། ཚ་བ་དང༌། ནད་ཀྱི་ཚབས་ཆེ་ཞིང་ཁྲག་གི་ཤས་ཆེ་བ་དང༌། མྱུར་དུ་སྨིན་པ་ལ་སོགས་པ་ཡིན་ནོ། །བརྟན་ཞིང་འཐས་ལ་ལྕི་ཞིང་འཇམ། །དཀར་དམར་མྱུར་དུ་མི་མཆེད་ལ། །ཕན་ཚུན་འདབ་འབྲེལ་ཤུ་བ་སློན། །གཡའ་ཞིང་རྣག་ཆེ་འབུས་གང་ལ། །མཐའ་མ་འཇམ་ཞིང་སེར་པོར་སྣང༌། །གོར་གོར་པོར་གནས་ཟླུམ་པོ་ཡིན། །ཞེས་བྱ་བ་ལ། མཛེ་ནད་ཟླུམ་པོ་ཞེས་བྱ་བ་ནི། ཀུན་ནས་ཟླུམ་པར་གནས་པ་ཡིན་ཏེ། དེའི་མཚན་ཉིད་ནི་བརྟན་ཞིང་མི་འགྱུར་བ་དང༌། འཐས་ཤིང་སྲ་བར་ཆགས་པ་དང། ལྕི་བ་ལ་སོགས་པའི་རང་བཞིན་ཅན་དང༌། ཕན་ཚུན་གཅིག་ལ་གཅིག་འདབ་འབྲེལ་བར་སྐྱེ་བ་དང༌། ཤུ་བ་སློན་ཞིང་གྱེན་དུ་འབུར་བ་དང༌། གཡའ་བ་ལ་སོགས་པ་ཚབས་ཆེ་བ་དང༌། མཐའ་མ་རེག་ན་འཇམ་ཞིང་མདོག་སེར་བར་སྣང་བ་དང༌། ཟླུམ་པོའི་དབྱིབས་གོར་གོར་པོའི་ཚུལ་དུ་གནས་པ་ཡིན་ནོ། །གཡའ་ཞིང་ཕྲ་ཙག་གནག་པ་དང༌། །ཆུ་སེར་མང་བ་གླང་ཤུ་ཡིན། །ཞེས་བྱ་བ་ལ། མཛེ་ནད་གླང་ཤུ་ཞེས་བྱ་བ་ནི། གཡའ་བ་དང་བཅས་ཤིང་འབྲུམ་ཕྲན་ཕྲ་མོ་ཙག་ཙག་པོས་ཁྱབ་པ་ཡིན་ཞིང༌། མདོག་གནག་པ་དང༌། ཆུ་སེར་མང་དུ་འཛག་པ་ཡིན་ནོ། །རྩུབ་ཅིང་སྲ་ལ་མཐའ་མ་དམར། །ནང་ན་གནག་ཅིང་མཐོ་བ་དང༌། །ཟུག་ཅིང་ཚ་ལ་ན་ཞིང་རྣག །འབྲུམ་བུ་རྩུབ་པོས་ཁྱབ་པ་དང༌། རི་ཤྱའི་ལྕེ་ནི་དབྱིབས་འདྲ་བ། །འབུ་མང་རི་ཤྱའི་ལྕེ་འདྲར་བཤད། །ཅེས་བྱ་བ་ལ། རི་ཤྱའི་ལྕེ་འདྲ་བ་ཞེས་བྱ་བའི་མཛེ་ནད་ནི་སྲོག་ཆགས་རི་ཤྱའི་ལྕེ་འདྲ་བ་ཡིན་ལ། དེའི་མཚན་ཉིད་ནི་མདོག་ཤིན་ཏུ་རྩུབ་ཅིང་རེག་ན་མི་བདེ་བ་དང༌། མཐའ་མ་དམར་བ་དང༌། ནང་གི་དབུས་ཀྱི་ཁ་དོག་གནག་པ་དང༌། དབུས་མ་དེ་ཉིད་མཐོ་ཞིང་གློ་བ་དང༌། །དེ་བཞིན་དུ་ཟུག་པ་ལ་སོགས་


DTG201_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ་དང༌། འབྲུམ་བུ་ཕྲ་མོ་རྩུབ་པས་ཁྱབ་ཅིང་རྒྱས་པ་དང༌། འབུའི་ཚོགས་ཤིན་ཏུ་མང་བ་ཡིན་ནོ། །གླང་པོའི་ལྤགས་འདྲ་རེག་རྩུབ་ལྤགས། །ཞེས་བྱ་བ་ལ། པགས་པ་ཞེས་བྱ་བའི་མཛེ་ནད་ནི། གླང་པོ་ཆེའི་པགས་པ་དང་འདྲ་བར་མཐུག་ཅིང་རེག་ན་རྩུབ་པ་ཡིན་ནོ། །གཅིག་པུར་བཤད་ལ་གཞི་ཆེ་བ། །རྡུལ་མི་འབྱུང་ཞིང་ཉ་ལྤགས་འདྲ། །ཞེས་བྱ་བ་ལ། གཅིག་པུ་ཞེས་བྱ་བའི་མཛེ་ནད་ནི་འབྱུང་བའི་གནས་ཀྱི་གཞི་ཆེ་ཞིང་ལྷུན་སྡུག་པ་དང༌། དེ་བཞིན་དུ་རྡུལ་མི་འབྱུང་བ་དང༌། ཉའི་པགས་པ་དང་འདྲ་བ་ཡིན་ནོ། །འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །རེག་ན་རྩུབ་དང་ལྡན་པ་དང༌། །གཡའ་ཞིང་སྲ་ལ་གནག་པ་ཡིན། །ཞེས་བྱ་བ་ལ། འབྲུམ་བུ་ཕྲ་མོ་ཞེས་བྱ་བའི་མཛེ་ནད་ནི་ཏུག་ཏུག་པོ་ཞེས་བྱ་བ་ཡན་ལག་གི་ཕྱོགས་འདར་ཞིང་དྲོད་པ་ལས་ཏུག་ཏུག་པོར་འབྱུང་བ་སྟེ། དེ་དང་འདྲ་བར་རེག་ན་རྩུབ་པ་དང༌། གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཤ་བཀྲ་ནང་རྩུབ་ཕྱི་རོལ་འཇམ། །ཕྲུགས་ན་གློག་པ་འབྱུང་བ་དང༌། །རེག་ན་འཇམ་ཞིང་སྲབ་པ་ལ། །ཀུ་བའི་མེ་ཏོག་ལྟར་དམར་དཀར། །ཕལ་ཆེར་རོ་སྟོད་དག་ཏུ་འབྱུང༌། །ཞེས་བྱ་བ་ལ། མཛེ་ནད་ཤ་བཀྲ་ཞེས་བྱ་བ་ནི་ནང་ན་རྩུབ་པར་གནས་པ་ལ་ཕྱི་རོལ་གྱི་མཐའ་ཅུང་ཟད་འཇམ་པར་གནས་ཏེ། དེ་ཕྲུགས་པར་གྱུར་ན་གློག་པའི་རྡུལ་འབྱུང་བར་འགྱུར་ཞིང༌། རེག་ན་འཇམ་ཞིང་མཉེན་པ་ལ་ཟབས་ཆུང་བས་སྲབ་ཅིང་ཀུ་བའི་མེ་ཏོག་ལྟར་རྩ་དམར་པོ་ཤིན་ཏུ་དཀར་བ་ཡིན་ནོ། །དེ་ཡང་ཕལ་ཆེར་ཤས་ཆེར་རོ་སྟོད་ཀྱི་རྒྱབ་ལ་སོགས་པར་འབྱུང་བ་ཡིན་ནོ། །རྨེན་བུ་དམར་པོ་གཡའ་དང་ལྡན། །ཁྱབ་པར་བྱེད་པའི་འབྲས་ཞེས་བྱ། །ཞེས་བྱ་བ་ལ། འབྲས་བྱེར་བ་ཞེས་བྱ་བའི་མཛེ་ནད་ནི་རྨེན་བུ་དམར་པོ་ཤིན་ཏུ་གཡའ་བ་དང་ལྡན་པས་ཁྱབ་ཅིང་ཁེབས་པ་ལ་བྱའོ། །རྐང་པ་ལག་པ་གས་པ་དང། །མི་བཟད་ན་ཞིང་གཡའ་ཚབས་ཆུང༌། །རྐང་ལག་ཞིག་པ་ཞེས་བྱའོ། །ཞེས་བྱ་བ་ལ། རྐང་ལག་ཞིག་པ་ཞེས་བྱ་བའི་མཛེ་ནད་ནི་ལག་པ་དང་རྐང་པ་གས་ཤིང་སེར་ཀ་ཤས་ཆེར་འབྱུང་བ་དང༌། མི་བཟད་པར་ན་ཞིང་ཅུང་ཟད་ཙམ་གཡའ་བ་ཡིན་ནོ། །ཐོར་བུ་དམར་


DTG201_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཁྱབ་པ་དང༌། །རིང་དུ་མཆེད་ཅིང་དཱུར་བ་འདྲ། །པགས་པ་ཟར་མའི་མེ་ཏོག་འདྲ། །གཡའ་ཞིང་བརྟན་པར་གནས་པ་དང༌། །ཟླུམ་པོར་འབྱུང་བ་ཤུ་བ་ཡིན། །ཞེས་བྱ་བ་ལ། ཤུ་བ་ཞེས་བྱ་བའི་མཛེ་ནད་ནི་ཐོར་བུ་ཕྲ་མོ་དམར་པོས་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང༌། དེ་བཞིན་དུ་རིང་དུ་མཆེད་ཅིང་རྒྱ་ཆེར་འཕྲོས་པ་དང༌། །མདོག་རྩྭ་དཱུར་བ་འདྲ་བར་ལྗང་བ་དང༌། པགས་པ་ཟར་མའི་མེ་ཏོག་འདྲ་བང་སྔོ་བ་དང༌། གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རྩ་བ་སྦོམ་ཞིང་ཚ་བཅས་ན། །དམར་ཞིང་སྨུག་ལ་རྨ་ཁ་མང༌། །རྣག་ཅིང་འབུ་མང་ཁ་བརྒྱ་པ། །ཕལ་ཆེར་ཀུན་ཏུ་སྐྱེ་བ་ཡིན། །ཞེས་བྱ་བ་ལ། མཛེ་ནད་རྨ་ཁ་བརྒྱ་པ་ཞེས་བྱ་བ་ལ། རྩ་བ་སྦོམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ཞིང༌། རྨའི་ཚོགས་ཁ་མང་དུ་གནས་པ་ལ་སོགས་པ་ཡིན་ཏེ། དེ་ཡང་ལུས་ཕལ་མོ་ཆེར་ཀུན་ཏུ་སྐྱེ་ཞིང་འབྱུང་བ་ཡིན་ནོ། །མཐའ་མ་དམར་ཞིང་དབུས་ན་དཀར། །གཡའ་ཚ་ན་དང་བཅས་པ་དང༌། །མཐོ་ཞིང་རི་མོ་བརྟན་པས་ཁྱབ། །པདྨའི་འདབ་མ་ལྟར་རྒྱས་ཤིང༌། །སྟུག་ཅིང་ཆུ་སེར་ཁྲག་མང་ལ། །ཕལ་ཆེར་མྱུར་རྡོལ་པད་དཀར་ཡིན། །ཞེས་བྱ་བ་ལ། མཛེ་ནད་པདྨ་དཀར་པོ་ཞེས་བྱ་བའི་མཚན་ཉིད་ནི། གང་དུ་འབྱུང་བའི་མཚན་མ་ཐོག་ཐག་དམར་བ་དང༌། དབུས་ན་པདྨ་དཀར་པོ་ལྟར་དཀར་བ་དང་གཡའ་བ་ལ་སོགས་པ་དང་ལྡན་པ་དང༌། གློ་ཞིང་མཐོ་བ་དང་རྩ་རིས་བརྟན་པས་ཀུན་ཏུ་ཁྱབ་ཅིང་པདྨའི་འདབ་མ་ལྟར་རྩའི་རི་མོ་རྩ་དམར་བས་རྒྱས་པ་དང༌། དེ་ཉིད་མཐུག་ཅིང་ཟབས་ཆེ་བ་དང༌། ཆུ་སེར་དང་ཁྲག་གི་ཤས་ཆེ་ཞིང་མང་བ་དང་མྱུར་དུ་རྡོལ་ཅིང་ཞིག་པར་འགྱུར་བ་ཡིན་ནོ། །པགས་པ་སྲབ་པའི་འབྲུམ་བུ་དཀར། །དམར་བས་གང་བ་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། མཛེ་ནད་འབྲུམ་བུ་ཞེས་བྱ་བ་ནི་པགས་པ་སྲབ་པའི་འབྲུམ་བུ་མདོག་དཀར་དམར་དུ་གནས་པས་གང་ཞིང་ཁྱབ་པ་ཡིན་ནོ། །གཡའ་བའི་ནད་ནི་གཡའ་བ་དང༌། །འདྲུལ་ཞིང་ལྷག་པར་ན་བ་དང༌། །འབྲུམ་བུ་ཕྲ་གནག་མང་པོ་ནི། །ཕལ་ཆེར་རྐུབ་ལག་གྲུ་མོར་འབྱུང༌། །ཞེས་བྱ་བ་ལ། མཛེ་ནད་གཡའ་བ་ཞེས་བྱ་བ་ནི་འབྲུམ་བུ་ཕྲ་མོ་


DTG201_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་གནག་པ་མང་པོར་འབྱུང་ལ། །དེ་ཡང་གནས་ནི་ཕལ་ཆེར་རྐུབ་དང་ལག་སོར་དང་གྲུ་མོ་ལ་སོགས་པར་འབྱུང་ཞིང་ལྷག་པར་གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཐོར་བུ་བཅས་ཤིང་རེག་མི་བཟོད། །གཡའ་ཞིང་དྲོ་ཚ་ན་དང་བཅས། །དམར་ལ་པགས་པ་མྱགས་པ་ཡིན། །ཞེས་བྱ་བ་ལ། མཛེ་ནད་པགས་པ་མྱགས་པ་ཞེས་བྱ་བ་ནི། ཐོར་བུའི་ཚོགས་དང་བཅས་པ་དང༌། ལྷག་པར་ཡང་རེག་ན་མི་བཟོད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འོལ་མ་སེ་ནི་རབ་ཚ་ན། །སྟོད་ནི་དམར་ཞིང་གནག་པ་སྟེ། །འོལ་མ་སེ་ཡི་འབྲས་བུ་འདྲ། །མཛེ་ཡི་མཚན་མ་ཀུན་དང་ལྡན། །དེ་བས་ཁ་དོག་དུ་མར་འགྱུར། །ཞེས་བྱ་བ་ལ། མཛེ་ནད་འོལ་མ་སེ་ཞེས་བྱ་བ་རབ་ཏུ་མི་བཟད་པར་ན་ཞིང་ན་བ་དང་ལྡན་པ་དང༌། སྟོད་དམར་ཞིང་སྨད་གནག་པས་འོལ་མ་སེ་ཞེས་བྱ་བའི་འབྲས་བུ་དང་འདྲ་བ་ཡིན་ནོ། །འོལ་མ་སེ་འདྲ་བའི་མཛེ་ནད་དེ་ཡང་མཛེའི་མཚན་མ་མ་ལུས་པ་ཀུན་དང་ལྡན་པ་ཡིན་ལ། དེ་བས་ན་དེ་ནི་ཁ་དོག་གཅིག་དང་མི་ལྡན་གྱི། ཁ་དོག་ཐ་དད་པར་འགྱུར་རོ། །མཛེ་ནད་རྣམས་མཚན་མ་དེ་ལས་མཛེར་གྱུར་པ་ནི་མཚན་མ་དེ་ལས་ཞེས་བྱ་བ་ལ། ཐོད་པ་ལྟ་བུ་ལ་སོགས་པའི་མཛེ་ནད་གཞིར་ཤས་ཆེ་ཞིང་རྒྱས་པ་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་བ་དེ་ལས་བཤད་པའི་ནད་ཀྱི་མཚན་མ་དང་ལས་གཡོ་བ་དང་ཁྱབ་པ་བསྟན་པ་ཡིན་པའམ། ཡང་ན་མཚན་མ་ཡང་ཡིན་ལ་ལས་ཀྱང་ཡིན་པས་ན་མཚན་མ་ལས་ཏེ། རླུང་གི་ནི་གཡོ་བ་ལ་སོགས་པ་དང༌། མཁྲིས་པའི་དམར་བ་དང༌། ཚ་བ་ལ་སོགས་པ་དང༌། བད་ཀན་གྱི་ནི་འཇམ་པ་དང༌། སྲ་བ་ལ་སོགས་པ་སྟེ་མཚན་མའི་ལས་དེ་དག་གིས་ནད་ཀྱི་ཤས་རྒྱས་པ་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །མཛེ་ནད་ནད་གཞི་ཤས་ཆེ་བ། །ནད་དབྱེ་ཤེས་ལས་བཤད་པ་ཡིན། །མཚན་མ་ལས་ཀྱིས་བསྟན་པ་ཡི། །ནད་ཀུན་རྒྱས་པ་ལས་བྱུང་དང༌། །གང་ཡང་འཆི་ལྟས་ལས་བཤད་དང༌། །རུས་རྐང་ཁུ་ཆུ་ལ་གནས་སྤང༌། །ཞེས་བྱ་བ་ལ། མཛེ་ནད་ནད་གཞི་གསུམ་གྱི་མཚན་ཉིད་རྒྱས་པ་ལས་


DTG201_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནི་སྤང་བར་བྱའོ། །དེ་བཞིན་དུ་འཆི་ལྟས་ཀྱི་ལེའུ་ལས། མཛེ་ནི་ཡན་ལག་ཞིག་པ་དང༌། །ཞེས་བྱ་བ་ལ་སོགས་པས་བཤད་པ་དེ་ཡང་སྤང་བར་བྱའོ། །གཞན་ཡང་མཛེ་གང་ཡང་རུང་བ་ལ་སོགས་པར་གནས་པ་དེ་ཡང་སྤང་བར་བྱ་སྟེ་གསོར་མི་རུང་ངོ༌། །ཚིལ་ལ་གནས་པ་འཚོ་བ་ཙམ། །ཞེས་བྱ་བ་ལ། ཚིལ་ལ་གནས་པའི་མཛེ་ནད་ནི་རེ་ཞིག་མི་ན་བར་འཚོ་བ་ཙམ་དུ་བྱར་རུང་ངོ༌། །མཁྲིས་འདྲེས་ཤ་ཁྲག་གནས་གསོ་དཀའ། །ཞེས་བྱ་བ་ལ། མཛེ་ནད་མཁྲིས་པ་འདྲེས་པ་ལས་བྱུང་བ་གསོ་བར་དཀའ་སྟེ། མཁྲིས་པ་དང་བད་ཀན་འདྲེས་པ་ལས་གྱུར་པའམ། མཁྲིས་པ་དང་རླུང་འདྲེས་པ་ལས་གྱུར་པ་ནི་མཁྲིས་འདྲེས་ཞེས་བྱའོ། །དེ་བཞིན་དུ་ཤ་དང་ཁྲག་ལ་གནས་པའི་མཛེ་ནད་ཀྱང་གསོ་དཀའོ། །རླུང་དང་བད་ཀན་ལས་གྱུར་དང༌། །ལྤགས་གནས་ནད་གཅིག་གྱུར་གསོ་སླ། །ཞེས་བྱ་བ་ལ། མཛེ་ནད་བད་ཀན་དང་རླུང་རེ་རེའམ་འདྲེས་པ་ལས་གྱུར་པ་ནི་གསོ་སླ་བ་ཡིན་ནོ། །དེ་བཞིན་དུ་པགས་པ་ལ་གནས་པའི་མཛེ་ནད་ཀྱང་གསོ་སླའོ། །དེ་བཞིན་དུ་ནད་གཞི་གཅིག་ལས་བྱུང་བའི་མཛེ་ཡང་གསོ་སླའོ། །དེ་ལ་པགས་པར་གནས་པའི་མཛེ། །ཟུག་ཅིང་རྩུབ་ལ་མདོག་མི་སྡུག །ཅེས་བྱ་བ་ལ། དེ་ལ་མཛེའི་ནད་དེ་རྣམས་ཀྱི་ནང་ནས་པགས་པ་ལ་གནས་པའི་མཛེ་ནད་ནི་ཟུག་ཅིང་ན་བ་ལ་སོགས་པར་འགྱུར་རོ། །ཁྲག་གནས་རྡུལ་འབྱུང་གཉིད་ཆེ་སྒང༌། །ཞེས་བྱ་བ་ལ། ཁྲག་ལ་གནས་པའི་མཛེ་ནད་ནི་རྡུལ་འབྱུང་བ་ལ་སོགས་པར་འགྱུར་རོ། །ཤ་ལ་གནས་པ་རྐང་པ་དང༌། །ལག་པར་འབྲུམ་བུ་འབྱུང་བ་དང༌། །ཞེས་བྱ་བ་ལ། ཤ་ལ་གནས་པའི་མཛེ་ནད་ནི་རྐང་པ་དང་ལག་པར་འབྲུམ་བུ་འབྱུང་བར་འགྱུར་རོ། །ཚིགས་གནས་ལྷག་པར་ཚིགས་འདྲུལ་སྐེམ། །རྐང་པ་འཇས་འགྱུར་ཚིལ་གནས་པ། །ཡན་ལག་ཞིག་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཚིགས་རྣམས་ལ་གནས་པའི་མཛེ་ནད་ནི་ལྷག་པར་ཚིགས་འདྲུལ་ཞིང་རྣག་པ་དང༌། སྐེམ་ཞིང་རིད་པ་དང༌། རྐང་པ་འཇས་ཤིང་འགྲོ་མི་ནུས་པར་འགྱུར་རོ། །ཚིལ་ལ་གནས་པའི་མཛེ་ནི་ལུས་ཀྱི་ཡན་ལག་གི་ཚོགས་ཞིག་ཅིང་འདྲུལ་བར་འགྱུར་


DTG201_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རུས་པ་རྐང་གནས་སྣ་ཞོམ་ཞིང༌། །མིག་དམར་སྐད་ནི་འགགས་པ་དང༌། །རྨ་ལ་འབུ་ཞུགས། ཞེས་བྱ་བ་ལ། རུས་པ་དང་རྐང་ལ་ཞུགས་པའི་མཛེ་ནད་ནི་སྣ་ཞོམ་ཞིང་ཉམས་པ་དང༌། མིག་གཉིས་དམར་ཞིང་སླེ་སླེ་པོར་འགྱུར་བ་དང། །སྐད་འགགས་ཤིང་སུབས་པ་དང༌། རྨ་ལ་འབུ་ཞུགས་པར་འགྱུར་རོ། །ཁུ་བར་གནས། བུ་དང་ཆུང་མར་བཅས་ལ་འབྱུང༌། །ཞེས་བྱ་བ་ལ། མཛེ་ནད་ཁུ་ཆུ་ལ་གནས་པ་ནི་རང་གི་བུ་དང་ཆུང་མ་དང་བཅས་པ་ལ་མཛེ་འབྱུང་བར་འགྱུར་རོ། །ཁྲག་སོགས་ལ་ནི་རིམ་བཞིན་དུ། །མཚན་མ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁྲག་ལ་སོགས་པ་སྟེ། ཁྲག་དང་ཤ་དང་ཚིལ་དང་རུས་པ་དང་རྐང་དང་ཁུ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་མཚན་མ་ཐམས་ཅད་འབྱུང་བར་འགྱུར་ཏེ། ཁྲག་ལ་སོགས་པ་ནི་ཁུ་བའི་གོང་ན་གནས་པ་ཡིན་ཏེ། དེས་ན་ལུས་ཟུངས་གང་ལ་གནས་པའི་མཛེ་ནད་གོང་མ་གང་ཡིན་པ་དེ་ལ་དེའི་མཚན་མ་འབྱུང་སྟེ། དེས་ན་ཁྲག་ལ་གནས་པའི་མཛེ་ནད་ལ་པགས་པའི་མཚན་མ་ཟུག་པ་ལ་སོགས་པ་འབྱུང་བར་འགྱུར་ལ། མ་ཞུ་བའི་གནས་ལ་གནས་པའི་མཛེ་ལ་ནི་པགས་པ་དང་ཁྲག་གི་མཚན་མ་འབྱུང་ངོ༌། །ཚིལ་ལ་གནས་པ་ནི་པགས་པ་དང་ཁྲག་དང་ཤ་ལ་གནས་པའི་མཚན་མ་འབྱུང་བར་འགྱུར་ཏེ། དེ་བཞིན་དུ་ཁུ་བ་ལ་གནས་པའི་མཛེ་ལ་མཚན་མ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལྟར་མཛེ་ནད་བཤད་ནས། ད་ནི་ཤ་བཀྲ་གཟི་གུའི་ནད་བཤད་པར་བྱ་སྟེ། གཟི་གུ་མཛེ་དང་གཅིག་ལས་འབྱུང༌། །དེ་ནི་ཤ་བཀྲ་ཆུ་དང་ནི། །ཡོངས་སུ་འཛག་པ་ཞེས་བྱར་བཤད། །ནད་གཞི་གསུམ་ལ་བརྟེན་ཞིང་འབྱུང༌། །ཞེས་བྱ་བ་ལ། ཤ་བཀྲའི་ནད་གཟི་གུ་ནི་མཛེ་ནད་དང་ནད་གཞི་གཅིག་པ་ཡིན་ཞིང༌། དེ་བཞིན་དུ་གནོད་པ་དང་གནོད་བྱ་ལ་སོགས་པ་རྣམས་ཀྱང་གཅིག་པ་ཡིན་ནོ། །དེའི་མིང་ནི་ཤ་བཀྲ་གཟི་གུ་དང༌། ཆུ་དང་ཡོངས་སུ་མི་འཛག་པ་ཞེས་བྱ་བར་སློབ་དཔོན་གྱིས་བཤད་དོ། །དེ་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གཞི་


DTG201_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བརྟེན་ཅིང་ནད་གང་ཁྲག་དང་ཤ་དང་ཚིལ་གྱི་མཚན་ཉིད་གང་ཡིན་པ་དག་ལ་བརྟེན་ཅིང་འབྱུང་བ་ཡིན་པས་དེ་སྐད་ཅེས་བྱའོ། །རླུང་ལས་རྩུབ་ཅིང་སྨུག་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཤ་བཀྲ་གཟི་གུ་ནི་རེག་ན་རྩུབ་ཅིང་ཁ་དོག་སྨུག་པ་ཡིན་ནོ། །མཁྲིས་གྱུར་པདྨའི་འདབ་ལྟར་དམར། །ཚ་ཞིང་བ་སྤུ་འབྱི་བར་བྱེད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཤ་བཀྲ་ནི་པདྨའི་འདབ་མ་ལྟར་ཤིན་ཏུ་དམར་བ་དང་ཚ་བ་དང་བཅས་ཤིང་སྤུ་འབྱི་བར་བྱེད་པ་ཡིན་ནོ། །བད་ཀན་ལས་སྐྱ་སྟུག་ཅིང་ལྕི། །གཡའ་བཅས། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཤ་བཀྲ་ནི་སྟུག་ཅིང་ལྕི་བ་དང་གཡའ་བ་དང་བཅས་པ་ཡིན་ནོ། །རིམ་བཞིན་ཁྲག་དང་ནི། །ཤ་དང་ཚིལ་ལ་བརྟེན་པར་བཤད། །ཅེས་བྱ་བ་ལ། ཤ་བཀྲ་གཟི་གུ་དེ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཤ་ལ་སོགས་པ་ལ་བརྟེན་པར་བཤད་དེ། དེ་ལ་རླུང་ལས་ནི་ཁྲག་ལ་བརྟེན་པ་ཡིན་ནོ། །མཁྲིས་པ་ལས་ནི་ཤ་ལ་བརྟེན་པ་ཡིན་ནོ། །བད་ཀན་ལས་ནི་ཚིལ་ལ་བརྟེན་པ་ཡིན་ནོ། །འདི་དག་མདོག་ནི་གཉིས་ཀ་ཡིན། །དེ་ནི་ཕྱི་མ་བཞིན་གསོ་དཀའ། །ཞེས་བྱ་བ་ལ། ཤ་བཀྲ་འདི་དག་གི་མདོག་ནི་གཉིས་ཀ་ལ་བརྟེན་པའི་དབྱེ་བས་ཕྱེ་བ་ཡིན་ཏེ། ཁྲག་ལ་བརྟེན་ན་ནི་ཁ་དོག་གནག་པ་ཡིན་ལ། ཤ་ལ་བརྟེན་ན་ནི་ཟངས་ལྟར་དམར་བ་ཡིན་ལ། ཚིལ་ལ་བརྟེན་ན་ནི་དཀར་བ་ཡིན་ནོ། །དེ་ཡང་ཕྱི་མ་བཞིན་དུ་གསོ་དཀའ་སྟེ། ཁྲག་དང་རླུང་ལས་བྱུང་བ་བས་ནི་ཤ་དང་མཁྲིས་པ་ལས་བྱུང་བ་གསོ་དཀའ་ལ། དེ་བས་ནི་ཚིལ་ལ་བརྟེན་པ་ནས། བད་ཀན་ལས་བྱུང་བ་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །སྤུ་དཀར་མ་ཡིན་སྲབ་པ་དང༌། །ཕན་ཚུན་མ་འདྲེས་གསར་དུ་བྱུང༌། །མེས་མ་བསྲེགས་པ་གསོ་བར་སླ། །ཞེས་བྱ་བ་ལ། ཤ་བཀྲའི་ནད་གང་སྤུ་དཀར་བ་མ་ཡིན་པ་དང༌། སྲབ་ཅིང་ཟབས་སུ་ཆུང་བ་དང༌། ཕན་ཚུན་གཅིག་ལ་གཅིག་མ་འདྲེས་པ་དང༌། སྐྱེས་ནས་རིང་པོར་མ་ལོན་པ་དང༌། མེས་བསྲེགས་པ་ལས་བྱུང་བ་མ་ཡིན་པ་ནི་གསོ་བར་སླའོ། །དེ་ལས་གཞན་པ་གསོ་དཀའ་ཡིན། །མདོམས་དང་ལག་མཐིལ་མཐུར་བྱུང་བ། །གསར་


DTG201_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུང་ཡང་གསོ་བར་དཀའ། །ཞེས་བྱ་བ་ལ། སྔར་བཤད་པ་དེ་ལས་གཞན་པ་བ་སྤུ་དཀར་བ་དང་མཐུག་པ་དང་ཕན་ཚུན་འདྲེས་པ་དང་ཡུན་རིང་པོ་ལོན་པ་དང༌། མེས་བསྲེགས་པ་ལས་བྱུང་བ་ཡིན་ན་ནི་གསོ་དཀའ་བ་ཡིན་ནོ། །དེ་བཞིན་དུ་མདོམས་ལ་སོགས་པར་བྱུང་བ་ནི་གསར་དུ་བྱུང་བ་ཡིན་ན་ཡང་གསོ་བར་དཀའ་བས་སྤང་བར་བྱ་བ་ཉིད་ཡིན་ནོ། །ནད་རྣམས་ཕལ་ཆེར་ཟས་དང་ནི། །མལ་གཅིག་རེག་སོགས་ལ་བརྟེན་ནས། །ཐམས་ཅད་འགོ་སྟེ་མིག་ནད་དང༌། །མཛེ་ནད་ལྷག་པར་འགོ་བ་ཡིན། །ཞེས་བྱ་བ་ལ། ནད་ཕལ་ཆེར་ཏེ། མང་དུ་འགོ་བའི་ངང་ཚུལ་ཅན་ཡིན་ཞིང་ལུས་ལས་ལུས་སུ་འཕོ་བ་ཡིན་ཏེ། ཇི་ལྟར་འཕོ་ཞ་ན། ཟས་ལྷན་ཅིག་ཟོས་པ་ལ་སོགས་པས་འཕོ་སྟེ། གང་གི་ཆེ་ནད་པ་དང་ལྷན་ཅིག་ཏུ་ཟ་ཞིང་མལ་གཅིག་ཏུ་ཉལ་བ་དང་རེག་པ་ལ་སོགས་པ་བྱས་ན། དེའི་ཚེ་ནད་མེད་པའི་མི་ལ་ཡང་ནད་ཐམས་ཅད་མ་ལུས་པར་འཕོ་བ་ཡིན་མོད་ཀྱི། དེ་ལས་ཀྱང་ཁྱད་པར་མཛེ་ནད་ལ་སོགས་པ་པགས་པའི་ནད་དང༌། མིག་གི་ནད་ནི་ཤས་ཆེར་འཕོ་ཞིང་འགོ་བ་ཡིན་ནོ། །ཤ་བཀྲ་གཟི་གུའི་ནད་བཤད་ནས། །ད་ནི་སྲིན་བུའི་ནད་བཤད་དེ། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྲིན་བུ་རྣམ་པ་གཉིས་སུ་བཤད། །ཅེས་བྱ་བ་ལ། སྲིན་བུའི་ནད་ནི་ཕྱི་ན་གནས་པ་དང་ནང་ན་གནས་པའི་དབྱེ་བས་རྣམ་པ་གཉིས་ཡོད་དོ། །ཞེས་བྱ་བ་མངོན་བར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཕྱི་ཡི་དྲི་མས་བད་ཀན་ཁྲག །བཤང་སྐྱེས་དབྱེ་བས་རྣམ་བཞི་ཡིན། །ཞེས་བྱ་བ་ལ། སྲིན་བུའི་ནད་ནི་སྐྱེ་གནས་ཀྱི་དབྱེ་བས་རྣམ་པ་བཞི་ཡོད་དེ། ལ་ལ་ནི་ཕྱིའི་དྲི་མ་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་བད་ཀན་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་ཁྲག་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་བཤང་བ་ལས་སྐྱེས་པ་ཡིན་ནོ། །མིང་ལས་རྣམ་པ་ཉི་ཤུར་འགྱུར། །ཞེས་བྱ་བ་ལ། མིང་གི་དབྱེ་བའི་གནས་བཤང་བ་རྣམས་ཀྱིས་དེ་རྣམ་པ་ཉི་ཤུར་འགྱུར་རོ། །དེ་ལ་ཕྱི་ཡི་ཁྲག་ལས་བྱུང༌། །ཚད་དབྱིབས་མདོག་ནི་ཏིལ་འབྲུ་འདྲ། །སྐྲ་དང་གོས་ལ་བརྟེན་པ་ཡིན། །ཕྲ་ཞིང་རྐང་པ་མང་ལ་


DTG201_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མིང། །ཤིག་དང་སྲོ་མ་ཞེས་བྱའོ། །གཉིས་ཀས་ཐོར་བུ་འབྲུམ་བུ་དང༌། །གཡན་པ་དག་ནི་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། དེ་ལ་སྲིན་བུ་དེ་རྣམས་ཀྱི་ནང་ནས་ཕྱིའི་སྲིན་བུ་ནི་ཁྲག་དྲི་མ་ཅན་ལས་བྱུང་སྟེ། གང་གི་ཚེ་ཁྲུས་ལ་སོགས་པས་དག་པར་མ་བྱས་པ་དེའི་ཚེ་ཤིག་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ཡང་ཚད་དང་དབྱིབས་དང་མདོག་ནི་ཏིལ་འབྲུ་ལྟ་བུ་ཡིན་ལ། གནས་ནི་སྐྲ་དང་གོས་ལ་བརྟེན་ཅིང་འདུག་ལ། ལུས་ནི་ཕྲ་ཞིང་རྐང་པ་མང་བ་ཡིན་ལ། དེའི་མིང་ནི་རྣམ་པ་གཉིས་ཏེ། ཤིག་ཅེས་བྱ་བ་དང༌། སྲོ་མ་ཞེས་བྱ་བ་ཡིན་ནོ། །དེས་ཀྱང་ལུས་ལ་ཐོར་བུ་ལ་སོགས་པ་སྐྱེད་ཅིང་འབྱུང་བར་བྱེད་དོ། །ནང་གི་མཛེ་དང་རྒྱུ་གཅིག་སྟེ། །ཞེས་བྱ་བ་ལ། ནང་གི་འབུ་ནི་མཛེ་དང་རྒྱུ་གཅིག་ཅིང་མཚུངས་པ་ཡིན་པས་ན་ཁ་ཟས་དང་སྤྱོད་ལམ་ལོག་པ་དང་ཁ་ཟས་མི་འཕྲོད་པ་ལ་སོགས་པ་བསྟེན་པས་ཡིན་ནོ། །དེ་ལས་བད་ཀན་ལས་མང་སྐྱེ། །ཟས་མངར་བུ་རམ་འོ་མ་དང༌། །ཚ་དང་འབྲས་སར་ཆན་ལ་དགའ། །ཞེས་བྱ་བ་ལ། ནང་ན་གནས་པའི་སྲིན་བུ་དེ་རྣམས་ལས་ཀྱང་ཕལ་ཆེར་རམ་མང་དུ་བད་ཀན་ལས་སྐྱེས་པའི་འབུ་ནི་ཟས་མངར་བ་ལ་སོགས་པ་ལ་དགའ་ཞིང་དེས་འཕེལ་བར་འགྱུར་རོ། །མི་གཙང་བྱུང་བཅས་བཤང་ལམ་ལས། །ལོ་མ་འདབ་མ་ལ་སོགས་དགའ། །ཞེས་བྱ་བ་ལ། བཤང་བ་ལས་བྱུང་བའི་འབུ་ནི་བཤང་བ་མང་བ་དང་ལོ་མ་ལ་དགའ་ཞིང་དེས་འཕེལ་བར་འགྱུར་རོ། །བད་ཀན་མ་ཞུའི་གནས་སུ་བྱུང༌། །སྐྱེས་ནས་ཀུན་ཏུ་འགྲོ་བ་ཡིན། །ལ་ལ་འབྲེང་པ་འདྲ་བ་ཡིན། །ལ་ལ་སྲིན་བུ་ཁོལ་མ་འདྲ། །ཁ་ཅིག་མྱུ་གུ་འབུས་པ་འདྲ། །ཕྲ་ཞིང་རིང་ལ་ཆུང་བ་དང༌། །དཀར་ཞིང་དམར་བར་སྣང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་མ་ཞུ་བའི་གནས་ལྟེ་བ་ཡན་ཆད་དུ་བྱུང་བ་ནི་སྐྱེས་ཤིང་འཕེལ་ན་ཡན་མན་ཀུན་ཏུ་སྟེང་འོག་ཏུ་འགྲོ་བ་ཡིན་ལ། སྲིན་བུ་དེ་དག་ཀྱང་འབྲེང་པ་འདྲ་བ་ཡིན་ནོ། །སྲིན་བུ་ལ་ལ་ནི་ཁོལ་མ་འམ་རྟ་བླ་བ་འདྲ་བ་ཡིན་ནོ། །ཁ་ཅིག་ནི་འབྲས་ཀྱི་མྱུ་གུ་འདྲ་ཞིང་དཀར་ལ་སྲ་བ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་ནི་ཕྲ་ཞིང་རིང་བའི་རྣམ་


DTG201_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲ་བ་ཡིན་ནོ། །ལ་ལ་ནི་ཆུང་ཞིང་ཕྲ་བ་ཡིན་ནོ། །མདོག་ནི་དཀར་བ་དང་དམར་བ་ཉིད་དུ་ཕལ་ཆེར་སྣང་བ་ཡིན་ནོ། །དེ་ཡི་མིང་ནི་རྣམ་བདུན་ཏེ། །རྒྱུ་མ་ཟད་དང་ལྟོ་ན་འཁྱིལ། །སྙིང་ཟ་ཡ་མཚན་ཆེན་པོ་དང༌། །མི་མངོན་རྒྱུ་དང་འཇག་མ་འདྲ། །དྲི་ཞིམ་ཞེས་བྱ། ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་ཀྱི་མིང་གི་དབྱེ་བ་ནི། རྒྱུ་མ་ཟ་བ་ལ་སོགས་པ་རྣམ་པ་བདུན་ཡིན་ཏེ། དེ་རྣམས་ནི། སྙིང་འཕར་ཁ་ཆུ་འཛག་པ་དང༌། །ཟས་མི་འཇུ་ཞིང་ཡི་ག་འཆུས། །བརྒྱལ་ཞིང་མི་དྲན་རིམས་འདེབས་སློན། །སྐོམ་ཞིང་སྦྲིད་པ་ཆམ་པས་འདེབས། །ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་ནི་སྙིང་འཕར་བ་ལ་སོགས་པ་བྱེད་པར་འགྱུར་ཏེ། སྙིང་འཕར་བ་ནི་བད་ཀན་ཚོགས་གྱེན་དུ་འཕར་བར་བྱེད་པ་དང༌། ཁ་ཆུ་འཛག་པ་ནི་ཁ་ནས་བད་ཀན་འཛག་པ་དང༌། ཁ་ཟས་མི་འཇུ་བ་ལ་སོགས་པ་བྱེད་པ་ཡིན་ནོ། །ཁྲག་རྒྱུ་བ་ཡི་རྩ་ནང་ན། །ཁྲག་ལས་བྱུང་བའི་སྲིན་བུ་ཕྲ། །ཟླུམ་ཞིང་རྐང་མེད་ཟངས་ལྟར་དམར། །ཕྲ་ཞིང་ལ་ལ་བལྟར་མི་སྣང༌། །ཞེས་བྱ་བ་ལ། འདི་རྣམས་ཀྱི་གནས་ནི་ཁྲག་རྒྱུ་བའི་རྩ་བོ་ཆེའི་ནང་ནས་རྒྱུ་ཞིང་དེ་ཡང་སྲིན་བུ་ཤིན་ཏུ་ཕྲ་བ་དང་ཟླུམ་པ་ལ་སོགས་པ་ཡིན་ལ། ཤིན་ཏུ་ཕྲ་ཞིང་ཆུང་བ་ཡིན་པས་ན་ལ་ལ་བལྟར་མི་སྣང་བ་ཡིན་ནོ། །སྐྲ་རྩ་ཟ་ཞིང་སྤུ་འབྱི་བྱེད། །སྤུ་གླིང་ཨུ་དུམ་བཱ་ར་འདྲ། །ཞགས་པ་བཅས་དང་ཐོང་ཀ་སྟེ། །དྲུག་པོ་དེ་དག་མཛེ་ལས་གཅིག །ཅེས་བྱ་བ་ལ། ཡང་སྲིན་བུ་དེ་དག་ནི་མིང་སྐྲ་ཟ་བ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་དྲུག་ཡིན་ལ། ཡང་དེ་དག་ནི་མཛེ་དང་ལས་གཅིག་སྟེ། སྤུ་ལྡང་བ་དང༌། གཡའ་བ་དང༌། ཟུག་པ་ལ་སོགས་པ་དང༌། སྐྲ་དང་ཁ་སྤུ་ལ་སོགས་པ་འབྱི་བ་དང༌། ཆུ་བ་དང༌། ཤ་དང་རྩ་དང་རུས་པ་སྙི་བ་དང་ཟ་བར་ལས་གཅིག་པ་ཡིན་ནོ། །ཞུ་བའི་གནས་སུ་མི་གཙང་སྐྱེས། །འཕེལ་ནས་ཐུར་དུ་རྒྱུ་བར་བྱེད། །ཅེས་བྱ་བ་ལ། བཤང་བ་ལས་བྱུང་བའི་སྲིན་བུ་ནི་ཞུ་བའི་གནས་སུ་འབྱུང་སྟེ། དེ་འཕེལ་ཞིང་སྐྱེས་པར་གྱུར་པ་ན་ཐུར་དུ་རྒྱུ་ཞིང་འགྲོ་བར་བྱེད་དོ། །དེ་ནི་ཆེར་འཕེལ་གྱུར་པ་ན། །གང་ཚེ་མ་ཞུའི་


DTG201_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཞུགས། །དེ་ཚེ་སྒྲེགས་པ་དབུགས་འབྱུང་བ། །ཕྱི་ས་ལྟ་བུར་མནམ་པར་འགྱུར། །ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་དུས་གང་གི་ཚེ་མ་ཞུ་བའི་གནས་སུ་ཞུགས་པར་གྱུར་པ་དེའི་ཚེ་མི་དེ་སྒྲེགས་པ་དང་དབུགས་འབྱུང་བ་ཕྱིས་ལྟ་བུར་ཤིན་ཏུ་མནམ་པར་འགྱུར་རོ། །ཟླུམ་ཞིང་ལུས་ཕྲ་སྦོམ་པོ་དང༌། །སྨུག་དང་སེར་དང་དཀར་དང་གནག །ཅེས་བྱ་བ་ལ། སྲིན་བུ་དེ་དག་གི་དབྱིབས་ནི་ཟླུམ་པ་དང་ཕྲ་བ་དང་སྦོམ་པོར་འགྱུར་ལ། མདོག་ནི་སྨུག་པ་ལ་སོགས་པ་གང་ཡང་རུང་བ་དང་ལྡན་པ་ཡིན་ནོ། །སྲིན་བུ་དེ་མིང་རྣམ་ལྔ་སྟེ། །ཁམ་གྱིས་ཟ་དང་དལ་གྱིས་འགྲོ། །མྱོང་བར་བྱེད་དང་བརྐམ་པ་དང༌། །ལུས་ལ་གནོད་བྱེད་ཅེས་བྱའོ། །ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་ཀྱི་མིང་ཁམ་གྱིས་ཟ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །དེས་འཁྲུ་གཟེར་དང་རྟུག་སྐམ་བྱེད། །སྐེམ་ཞིང་མདོག་ནི་སྐྱ་བ་དང༌། །བ་སྤུ་ལྡང་ཞིང་མེ་དྲོད་ཉམས། །ལྕི་གཡའ་གཞང་ནི་ཕྱིར་འབྱུང་བྱེད། །ཅེས་བྱ་བ་ལ། བཤང་བ་དེ་ལས་བྱུང་བའི་སྲིན་བུ་དེ་རྣམས་ཀྱིས་ནི་འཁྲུ་བ་ནས། གཞང་ཕྱིར་འབྱུང་བའི་བར་དུ་སྐྱེད་པར་བྱེད་དོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རླུང་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་ཆེན་པོ་ཡིན་པར་མཚན་ཉིད་མཐུན་པས། མཛེ་ནད་ཀྱི་འོག་ཏུ་རླུང་ནད་ཀྱི་ནད་གཞི་བཤད་ཅིང་བརྩམས་པ་ཡིན་ནོ། །རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི་སྣ་ཚོགས་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །ནད་དང་ནད་མེད་རྒྱུ་གཅིག་པུ། །ཞེས་བྱ་བ་ལ། དོན་དང་དོན་མ་ཡིན་པའི་དགེ་མི་དགེའི་ལས་གཉིས་པོ་དེ་དག་དེ་བྱེད་ཅིང་རྫོགས་པར་བྱེད་པའི་གཞི་དེ་ལ་རླུང་དེ་ནི་སྲིད་པ་སྣ་ཚོགས་པའི་རྒྱུར་གྱུར་པ་གཅིག་པུ་ཁོ་ན་ཡིན་ལ། ཁྱད་པར་རམ་ལྷག་པར་ནི་ལུས་ལ་ཕན་པར་བྱེད་བ་དང༌། ནད་དང་ནད་མེད་པའི་རྒྱུ་གཅིག་པུ་ཉིད་


DTG201_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནི་ཀུན་བྱེད་ཀུན་བདག་ཉིད། །སྣ་ཚོགས་གཟུགས་ཅན་སྐྱེ་དགུའི་བདག །འབྱིན་བྱེད་འཛིན་བྱེད་ཁྱབ་འཇུག་གཙོ། །སྡུད་བྱེད་འཆི་བདག་གཤིན་རྗེར་འགྱུར། །དེ་པས་དེ་ལྡར་མི་འགྱུར་བར། །རྟག་ཏུ་འབད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ། ཡང་རླུང་དེ་ནི་ལུས་ལ་སོགས་པ་ཐམས་ཅད་སྐྱེད་པ་དང༌། སྒྲིབ་པ་ཡང་འཛིན་པ་ལ་སོགས་པའི་བྱ་བ་ཀུན་བྱེད་པས་ཀུན་བྱེད་ཅེས་བྱའོ། །དེ་བཞིན་དུ་ཀུན་གྱི་བདག་ཉིད་ཀྱང་ཡིན་ཏེ། དེ་ནི་ཐམས་ཅད་ཀྱི་སྲོག་ཡིན་པའི་ཕྱིར་རོ། །དེ་བཞིན་སྣ་ཚོགས་པའི་གཟུགས་ཅན་ཡང་ཡིན་ཏེ། རྣམ་པ་ཐ་དད་པའི་རང་བཞིན་ཅན་ནོ། །དེ་ཉིད་ནི་སྐྱེ་དགུ་རྣམས་གནས་པར་བྱེད་པས་ན་སྐྱེ་དགུའི་བདག་གོ །དེ་འབྱིན་པར་བྱེད་པ་ཡང་ཡིན་ཏེ་དེ་ཕྱི་དང་ནང་གི་དངོས་པོ་སྐྱེད་པར་བྱེད་པ་ཡང་ཡིན་ལ། སྣ་ཚོགས་པ་འཛིན་པས་ན་འཛིན་པར་བྱེད་པ་ཡང་ཡིན་ནོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རང་བཞིན་ཅན་ཡིན་པས་ན་ཁྱབ་འཇུག་གོ །དེ་བཞིན་དུ་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཙོ་བོའོ། །འགྲོ་བ་རྣམས་སྡུད་ཅིང་འཆིང་བར་བྱེད་པས་ན་སྡུད་བྱེད་དོ། །དེ་ཉིད་ཀྱིས་ན་འཆི་བདག་སྟེ་འགྲོ་བ་འཇིག་པར་བྱེད་པའོ། །དེས་ན་འགྲོ་བ་རྣམས་མཐར་འཆི་བར་བྱེད་པས་ན་གཤིན་རྗེ་ཉིད་དང་འདྲ་བར་བྱ་བའི་ཕྱིར་གཤིན་རྗེའོ། །གང་གི་ཕྱིར་རླུང་འདིའི་རང་བཞིན་དེ་ལྟ་བུ་ཡིན་པ་དེའི་ཕྱིར་རླུང་དེ་ནི་ལྡང་ཞིང་འཁྲུགས་པར་མི་འགྱུར་བར་རྟག་པར་དུས་ཐམས་ཅད་དུ་འབད་པ་ཁོ་ནར་བྱའོ། །དེ་ཡིས་ཐ་མལ་གཞན་གྱུར་བས། །ནད་ཀྱི་བྱེ་བྲག་ཤེས་པར་བཤད། །བསྡུས་དང་རྒྱས་པ་དེ་མིང་གནས། །རྒྱུ་བའི་ལམ་ནི་རེ་རེ་ལྔ། །ནད་ཚུལ་ཤེས་པར་བཤད་པ་ཡིན། །ཞེས་བྱ་བ་ལ། རླུང་དེའི་ལས་ཐ་མལ་པ་ནི་ནད་ཀྱི་བྱེ་བྲག་ཤེས་པར་དབུགས་འབྱུང་བ་དང་རྔུབ་པ་ལ་སོགས་པ་ཡིན་པར་བཤད་ལ། དེ་བཞིན་དུ་གཞན་དུ་གྱུར་པའི་ལས་ཀྱང༌། རླུང་ནི་འཕེལ་བར་གྱུར་པ་ཡིས། །སྐེམ་དང་མདོག་ནག་དྲོ་བག་དགའ། །འདར་དང་ལྟོ་སྦོས་བཤང་བ་སྲི། །སྟོབས་དང་གཉིད་དང་དབང་པོ་ཉམས། །སྨྲ་མང་མགོ་འཁོར་ཞོམ་


DTG201_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཅེས་བྱ་བ་ལ། འདི་ནི་འགྱུར་བའི་བཤད་པ་ཡིན་ནོ། །དེ་ལ་ཐ་མལ་བ་ནི་རང་བཞིན་གནས་པ་སྟེ། གཞན་དུ་མ་གྱུར་པ་ལ་བྱ་ལ། གཞན་དུ་གྱུར་པ་ནི་ནད་འཁྲུགས་ཤིང་གནོད་པར་གྱུར་པ་ལ་བྱའོ། །དེ་བཞིན་དུ་རླུང་ནད་འདི་མདོར་བསྡུས་པ་དང་རྒྱས་པར་བྱས་པའི་སྒོ་ནས་མིང་དང་གནས་གང་དང་གང་ཡིན་པ་དང༌། རྒྱུ་བའི་ལམ་གང་དང་གང་ཡིན་པ་ཡང་རེ་རེ་ཞིང་ལྔ་ལྔར་ནད་ཀྱི་བྱེ་བྲག་ཤེས་པར་བཤད་ཅིང་བསྟན་པ་ཡིན་ཏེ། དེ་ལ་མིང་ནི་སྲོག་ཅེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡིན་ལ། གནས་ཀྱང་སྤྱི་བོ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་སྟེ། ཇི་ལྟར་སྲོག་ཅེས་བྱ་བའི་རླུང་ནི་སྤྱི་བོ་ལ་གནས་པ་ཡིན་པ་དང༌། གྱེན་དུ་རྒྱུ་བ་ནི་བྲང་ན་གནས་པ་དང༌། ཁྱབ་བྱེད་ནི་སྙིང་ལ་གནས་པ་དང༌། མེ་དང་མཉམ་དུ་གནས་པ་ནི་ཕོ་བའི་མེ་དྲོད་དང་ལྷན་ཅིག་གནས་པ་དང༌། ཐུར་དུ་སེལ་བ་ནི་གཞང་ལ་གནས་པ་ཡིན་ནོ། །རྒྱུ་བ་ནི་རྣམ་པ་ལྔ་སྟེ། སྲོག་ཅེས་བྱ་བའི་རླུང་ནི་བྲང་དང་ལྐོག་མར་རྒྱུ་ལ། དེའི་ལས་ནི་གློ་བ་ལ་སོགས་པ་བརྟན་པར་འཛིན་པ་ཡིན་ནོ། །སྟོད་དུ་རྒྱུ་བ་ནི་སྣ་དང་ལྟེ་བར་རྒྱུ་ལ་ལས་ཀྱི་བྱ་བ་ནི་ཚིག་འབྱིན་པ་ལ་སོགས་པ་ཡིན་ནོ། །ཁྱབ་བྱེད་ནི་ལུས་མ་ལུས་པ་ལ་རྒྱུ་ལ་ལས་ནི་འགྲོ་བ་ལ་སོགས་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པ་ཁོང་པར་རྒྱུ་ལ་བྱ་བའི་ལས་ནི་ཟས་འཛིན་པ་ལ་སོགས་པ་ཡིན་ནོ། །ཐུར་དུ་སེལ་བ་ནི་གཞང་ལ་སོགས་པར་རྒྱུ་སྟེ། བྱ་བའི་ལས་ནི་བཤང་གཅི་འབྱིན་པ་ལ་སོགས་པ་ཡིན་ནོ། །འདིར་ནི་ནད་ཀྱི་རྣམ་གྱུར་པ། །དེ་ཡི་དབྱེ་བ་ནད་གཞི་དང༌། །མཚན་ཉིད་བཅས་བ་ཉིད་དུ་བཤད། །གྲངས་མེད་ཀྱང་ནི་བརྒྱད་ཅུ་ཡི། །གྲངས་སུ་སྔར་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། ཡང་ལེའུ་འདིར་ནི་རླུང་དེའི་རྣམ་བར་གྱུར་པའི་ལས་ཐ་དད་བར་དབྱེ་བའི་ཚུལ་ནི་ནད་གཞིའི་རྒྱུ་དང་བཅས་པ་དང༌། དེ་བཞིན་དུ་མཚན་ཉིད་ཀྱི་ཚུལ་ཇི་ལྟ་བུ་ཡིན་པ་དང་བཅས་པ་བཤད་དེ། དེ་ཡང་གྲངས་མེད་ཅིང་ཚད་བཟུང་དུ་མེད་དུ་ཟིན་ཀྱང་བརྒྱད་ཅུའི་


DTG201_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་ངེས་པར་འཆད་པར་སྔར་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ལུས་ཟུངས་ཟད་བྱེད་བསྟེན་དྲགས་པས། །རླུང་ནི་འཁྲུགས་པར་བྱེད་འགྱུར་ཏེ། །སྦུ་གུ་སྟོང་པར་རྒྱུ་གྱུར་པ། །དེ་ཉིད་ཤིན་ཏུ་འགེངས་པར་བྱེད། །ནད་གཞན་གྱིས་ནི་གང་བ་དེར། །ཁེབས་པས་མཐུ་ཅན་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ལུས་ཟུངས་བདུན་པོ་ཟད་པར་བྱེད་པའི་སྨན་དང་ཟས་དང་སྤྱོད་ལམ་ཚད་ལས་དྲགས་པར་ལྷག་པར་བསྟེན་པས་རླུང་ནད་འཁྲུགས་ནས་ལྡང་བར་འགྱུར་ཏེ། དེ་ནི་སྟོང་ཞིང་སྦུ་གུར་གནས་པའི་རྒྱུན་སྲང་དག་ཏུ་རྒྱུ་ཞིང་འགྲོ་བར་བྱེད་པས་ན་སྦུ་གུ་སྟོང་པ་དེ་དག་ཤིན་ཏུ་འགེངས་ཤིང་རྒྱས་པར་བྱས་ནས་ལྡང་བར་བྱེད་དོ། །དེ་ལས་ནད་གཞན་གྱིས་གང་བ་དེར་ཕྱིན་ཞིང་དེ་དག་ཁེབས་པར་བྱས་ནས། རླུང་དེ་མཐུ་ཅན་མི་བཟད་པ་ཉིད་དུ་ལྡང་བར་འགྱུར་རོ། །དེ་ལྟར་ན་རླུང་ནི་རྣམ་པ་གཉིས་ལྡང་སྟེ། ལུས་ཟུངས་ཟད་པ་དང༌། ནད་ཀྱིས་ཁེབས་པ་ལས་ལྡང་བ་ཡིན་ནོ། །དེ་ལ་ཞུ་བའི་གནས་སུ་ཞུགས། །གཟེར་དང་རྒྱུ་མ་སྒྲ་བཅས་སྦོ། །བཤང་འགགས་རྡེའུ་ནད་གཞང་འབྲུམ་སྐྱེ། །རྒྱབ་དང་རྐེད་པ་མཇུག་ཏོར་ན། །རོ་སྨད་ཀྱི་ནི་ཕྱོགས་དེ་རུ། །མི་བཟད་གནོད་པ་དེ་དེ་སྐྱེད། །ཅེས་བྱ་བ་ལ། དེ་ལ་ཞུ་བའི་གནས་སུ་ཞུགས་པ་འཁྲུགས་པར་གྱུར་ན། གཟེར་ལ་སོགས་པ་སྐྱེད་པར་འགྱུར་ལ། དེ་བཞིན་དུ་ལྟེ་བ་མན་ཆད་ལུས་ཀྱི་རོ་སྨད་ཀྱི་ཕྱོགས་དེ་དང་དེར་མི་བཟད་ཅིང་བརྣག་པར་དཀའ་བའི་ནད་ཀྱི་གནོད་པའི་བླ་བརྣན་དུ་མ་དེ་དང་དེ་དག་སྐྱེད་པར་བྱེད་དོ། །མ་ཞུའི་གནས་ཞུགས་སྐོམ་དང་སློན། །ལུད་པ་དབུགས་མི་བདེ་གསུད་ནད། །ལྐོག་མ་འགགས་ཤིང་སྒྲེགས་མང་ན། །ལྟེ་བ་ཡན་ཆད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། མ་ཞུ་བའི་གནས་ལྟེ་བ་ཡན་ཆད་དུ་རླུང་ཞུགས་པར་གྱུར་ན་སྐོམ་དང་ལ་སོགས་པ་སྐྱེད་པར་འགྱུར་རོ། །རྣ་བ་སོགས་ཞུགས་དབང་པོར་གནོད། །ཅེས་བྱ་བ་ལ། རྣ་བ་ལ་སོགས་པ་དབང་པོའི་བུ་ག་རྣམས་སུ་རླུང་ཞུགས་པར་གྱུར་ན་མིག་ལ་སོགས་པའི་དབང་པོ་རྣམས་ལ་གནོད་ཅིང་མ་


DTG201_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་བྱེད་པར་འགྱུར་རོ། །པགས་ཞུགས་གས་ཤིང་རྩུབ་པར་བྱེད། །ཅེས་བྱ་བ་ལ། རླུང་པགས་པར་གནས་ཏེ་འཁྲུགས་པ་ནི་པགས་པ་ཤས་ཆེར་གས་ཤིང་རྩུབ་པར་བྱེད་པར་འགྱུར་རོ། །ཁྲག་ཞུགས་གཉིད་སྟུག་མི་བཟད་ན། །ཚ་ཞིང་དམར་ལ་མདོག་མི་སྡུག །ཐོར་འབྱུང་ཁ་ཟས་སྲ་བར་གནས། །ཡི་ག་འཆུས་སྐོམ་མགོ་འཁོར་ན། །ཞེས་བྱ་བ་ལ། རླུང་ཁྲག་ལ་གནས་ཏེ་འཁྲུགས་ན་ནི་གཉིད་སྟུག་པ་ལ་སོགས་པར་འགྱུར་བ་དང༌། ཐོར་བུ་ཞེས་བྱ་བ་ཚིགས་རྣམས་སུ་རྩ་སྦོམ་པ་རྨེན་བུ་ལྟར་འབྱུང་བ་དང༌། དེ་བཞིན་དུ་ཁ་ཟས་ཁྱད་པར་དུ་མི་འཇུ་ཞིང་སྲ་བ་རེམ་རེམ་པོར་གནས་པ་དང༌། དེ་ཉིད་ཀྱིས་ན་ཡི་ག་འཆུས་པར་འགྱུར་བ་དང༌། སྐོམ་པ་ལ་སོགས་པར་འགྱུར་རོ། །ཤ་ཚིལ་ལ་གནས་རྨེན་བུ་དང༌། རབ་ཏུ་ཟུག་ཅིང་ལུས་རྩུབ་ལ། ལུས་ལྕི་རབ་ན་རེངས་པ་དང༌། ཁུ་ཚུར་དབྱུག་པས་ཕོག་སྙམ་བྱེད། །ཅེས་བྱ་བ་ལ། ཤ་དང་ཚིལ་ལ་གནས་ནས་འཁྲུགས་པའི་རླུང་ནི་རྨེན་བུ་ལ་སོགས་པ་སྐྱེད་པར་བྱེད་པ་དང༌། ཁུ་ཚུར་རམ་དབྱུག་པས་ཕོག་ཅིང་བསྣུན་པ་ལྟར་ན་བར་བྱེད་པ་ཡིན་ནོ། །རུས་གནས་བརླ་དང་རུས་ཚིགས་ན། །མི་བཟད་གཟེར་ཞིང་ཉམས་སྟོབས་ཟད། །ཅེས་བྱ་བ་ལ། རླུང་དེ་རུས་པ་ལ་གནས་ཏེ་འཁྲུགས་ན་བརླ་ལ་སོགས་པ་མི་བཟད་པར་གཟེར་བ་དང༌། དེ་བཞིན་དུ་ཉམས་སྟོབས་ཟད་པར་བྱེད་པར་འགྱུར་རོ། །རྐང་གནས་རུས་པ་ཁོང་སྟོང་ཞིང༌། །གཉིད་མེད་རྟག་ཏུ་ན་བ་ཡིན། །ཞེས་བྱ་བ་ལ། རླུང་རྐང་ལ་གནས་ཏེ་འཁྲུགས་པ་ནི་རུས་པ་ཁོང་སྟོང་དུ་བྱེད་ཅིང་རྐང་ཟད་པ་དང་གཉིད་མེད་ཅིང་ཡར་བ་དང༌། རྟག་པར་རྒྱུན་མི་འཆད་པར་ན་བར་བྱེད་པ་ཡིན་ནོ། །ཁུ་བར་གནས་པ་མྱུར་འབྱུང་ལ། །འགགས་བའམ་མདོག་འགྱུར་ཉིད་དུ་འགྱུར། །མངལ་གྱི་ཁུ་བར་གནས་དེ་བཞིན། །ཞེས་བྱ་བ་ལ། ཁུ་བར་གནས་ཏེ་རླུང་འཁྲུགས་པ་ནི་ཁུ་ཆུ་མྱུར་པར་འབྱིན་པར་བྱེད་པ་དང༌། ཡང་ན་འགགས་ཤིང་མི་འབྱུང་བར་བྱེད་པའམ། མདོག་གཞན་དུ་འགྱུར་བར་བྱེད་པ་ཉིད་དུ་བྱེད་པར་འགྱུར་


DTG201_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མངལ་དུ་གནས་པའི་ཁུ་བར་རླུང་ཞུགས་པའི་ནད་ཀྱང་དེ་དང་འདྲ་སྟེ། མྱུར་དུ་ཟག་པ་དང༌། འགགས་པ་དང༌། མདོག་འགྱུར་བར་བྱེད་དེ། ཁུ་བ་ལ་གནས་པའི་རླུང་འཁྲུགས་པས་མངལ་ཆགས་པ་དེ་འཇིག་ཅིང་ཚུལ་འདི་ལྟར་བྱེད་པར་འགྱུར་རོ། །རྩ་རྣམས་སྟོང་ཞིང་སྦོ་བར་འགྱུར། །ཞེས་བྱ་བ་ལ། རྩ་ལ་གནས་པའི་རླུང་འཁྲུགས་པར་གྱུར་ན་རྩ་དེ་ཉིད་ཁོང་སྟོང་དུ་གནས་པ་དང་རླུང་གིས་རྒྱས་ཤིང་སྦོས་པར་བྱེད་དོ། །ཆུ་བར་གནས་པ་གཟུགས་འཇས་དང༌། །སྒུར་དང་ད་རྒན་ནད་དུ་འགྱུར། །ཞེས་བྱ་བ་ལ། ཆུ་བར་གནས་ཏེ་རླུང་འཁྲུགས་པར་གྱུར་ན་ལྷུ་གཟུགས་འཇས་ཤིང་འཐེང་བ་དང་སྒུར་བ་དང༌། ད་རྒན་གྱི་ནད་སྐྱེད་པར་བྱེད་པར་འགྱུར་རོ། །ཚིགས་ལ་གནས་པའི་རླུང་སྐྲང་བ། །རྐྱལ་པ་རླུང་གིས་གང་རེག་འདྲ། །བརྐྱང་དང་བསྐུམ་པར་བྱེད་པ་ཡིས། །བསྐྱོད་པ་ན་དང་བཅས་པར་འགྱུར། །ཞེས་བྱ་བ་ལ། ཚིགས་ལ་གནས་ཏེ་རླུང་འཁྲུགས་ན་ནི་སྐྲང་བར་འགྱུར་ཞིང༌། སྐྲང་པ་དེ་ཡང་རྐྱལ་པ་རླུང་གིས་གང་བ་ལ་རེག་པ་དང་འདྲ་བར་འགྱུར་བ་དང༌། དེ་བཞིན་དུ་རྐང་ལག་བརྐྱང་བ་དང་བསྐུམ་པར་བྱེད་པའི་བསྐྱོད་པ་དེ་དག་ན་ཞིང་ཟུག་པ་དང་བཅས་པར་འགྱུར་རོ། །ཡན་ལག་ཀུན་ལ་བརྟེན་པ་ནི། །ཟུག་ཆག་སྙམ་སེམས་འགུལ་བ་དང༌། །རེངས་དང་ཚོར་བ་མེད་པ་དང༌། །ཚིགས་འཁུམས་འདར་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཡན་ལག་ཐམས་ཅད་ལ་བརྟེན་ཏེ་རླུང་འཁྲུགས་པར་གྱུར་པ་ན་ཟུག་པ་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །གང་ཚེ་རྩ་ཆེན་ཀུན་ལ་གནས། །ཡང་དང་ཡང་དུ་འཁྲུགས་གྱུར་པ། །དེ་ཚེ་ཡན་ལག་ལ་འཇུག་པས། །ནད་ནི་ལུས་ལ་འཇུག་ཅེས་བྱ། །ཞེས་བྱ་བ་ལ། དུས་གང་གི་ཚེ་རླུང་རྩ་བོ་ཆེ་ཀུན་ལ་གནས་ཏེ་འཁྲུགས་པར་གྱུར་པ་དེའི་ཚེ་ལུས་ཐམས་ཅད་ཡང་དང་ཡང་དུ་འཁྲུགས་ཤིང་གནོད་པར་བྱེད་ཅིང་ཡན་ལག་ཐམས་ཅད་ལ་འཇུག་པས་ཟིལ་གྱིས་གནོན་པར་བྱེད་པས་ན། རླུང་ནད་དེ་ནི་ལུས་ལ་འཇུག་པ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །རོ་སྨད་དུ་ནི་འགགས་པའི་རླུང༌། །གྱེན་དུ་


DTG201_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྟེ་སྙིང་གར་གནས། །སྙིང་གའི་སྤུ་གུར་ཞུགས་ནས་ནི། །མགོ་བོ་ཡན་ལག་བཅས་པར་ཟུག །ལུས་ནི་ཀུན་ཏུ་ཞུགས་གྱུར་ནས། །དེ་ནི་གཞུ་ལྟར་སྒུ་པོར་བྱེད། །དབུགས་འབྱིན་དཀའ་ཞིང་མིག་རེངས་ཧར། །ལྷོད་ཅིང་འཛུམས་པར་བྱེད་འགྱུར་ལ། །དེ་ནས་ཕུག་རོན་ལྟ་བུར་མཁུན། །དྲན་པ་མེད་དེ་གཞན་དབང་ཅན། །དེ་ཉིད་ཨ་བ་ཏ་ནར་བཤད། །ཅེས་བྱ་བ་ལ། རོ་སྨད་དུ་རླུང་ཞུགས་པར་གྱུར་ཅིང་རྒྱུན་སྲང་གི་ལམ་འགགས་པར་གྱུར་ན་རོ་སྨད་ནས་གྱེན་དུ་སོང་སྟེ་སྙིང་གར་གནས་ཤིང་བརྟེན་ན་སྙིང་གའི་རྩའི་སྦུ་གུའི་ནང་དུ་ཞུགས་ནས་སྙིང་དང་མགོ་བོ་དང་མུར་འགྲམ་ལ་སོགས་པར་ཟུག་ཅིང་ན་བར་བྱེད་དོ། །དེ་བཞིན་དུ་ལུས་ཀུན་ཏུ་ཞུགས་པར་གྱུར་ཅིང་བསྡུས་པར་གྱུར་ནས་ནད་པ་དེའི་ལུས་གཞུ་ལྟར་སྒུར་པོ་ཉིད་དུ་བྱེད་ཅིང་འགུགས་པར་བྱེད་དོ། །དེ་ལྟ་བུའི་མི་དེ་ནི་དབུགས་འབྱུང་བར་དཀའ་ཞིང་རྔམ་པ་ཅན་དུ་འབྱུང་བ་དང༌། མིག་རེངས་ཤིང་ཧར་ཧར་པོར་འདུག་པ་དང༌། ལྷོད་ཅིང་གནས་ལས་འཆུག་པ་དང༌། འཛུམས་ཤིང་འབྱེད་མི་ཤེས་པར་འགྱུར་ལ། དེ་ནས་དེའི་འོག་ཏུ་ཕུག་རོན་ལྟར་མཁུན་ཞིང་སྒྲ་མི་གསལ་བར་འབྱིན་པར་བྱེད་པ་དང༌། དྲན་པ་མེད་དེ་འདུ་ཤེས་མི་གསལ་བ་ཉིད་དེ་ནད་དེ་གཞན་དབང་ཅན་ཞེས་བཤད་དོ། །ལ་ལ་དག་གི་གཞུང་གིས་ནི་ནད་དེ་ཉིད་ཨ་བ་ཏ་ན་ཞེས་བྱའོ་ཞེས་ཟེར་རོ། །རླུང་གིས་སྙིང་ནི་བཏང་གྱུར་ན། །སྐད་ཅིག་ཙམ་དུ་བདེ་ལ་རེག །སླར་ཞུགས་ན་ནི་ན་བར་བྱེད། །ཅེས་བྱ་བ་ལ། གཞན་དབང་ཅན་ཞེས་བྱ་བའི་ནད་དེ་ལ་རླུང་གིས་སྙིང་ག་བཏང་ཞིང་དེར་མི་གནས་པར་གྱུར་ན་སྐད་ཅིག་ཙམ་དུ་བདེ་བ་ལ་གནས་ཤིང་ནད་མེད་པར་འགྱུར་རོ། །ཡང་དེ་སླར་ཞུགས་ཤིང་གནས་པར་གྱུར་ན་སྐད་ཅིག་ན་ཞིང་མི་བདེ་བར་བྱེད་པར་འགྱུར་རོ། །དེ་ནི་མངལ་འཇིག་ལས་བྱུང་དང༌། །ཁྲག་ནི་ལྷག་པར་འཛག་གྱུར་དང༌། །སྣད་པ་དག་ལས་བྱུང་གྱུར་པ། །ཤིན་ཏུ་གསོ་བར་དཀའ་བར་འགྱུར། །ཞེས་བྱ་བ་ལ། གཞན་དབང་ཅན་ཞེས་བྱ་བའི་རླུང་ནད་དེ་མངལ་འཇིག་པ་ལ་སོགས་པའི་རྒྱུ་གསུམ་ལས་


DTG201_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནི་གསོ་བར་དཀའ་བར་འགྱུར་རོ། །མཇིང་བ་རེངས་པའི་རླུང་ཞུགས་ཤིང༌། །གང་ཚེ་རྩ་ཆེན་ལ་གནས་པ། །ལུས་ཀུན་ཁྱབ་པར་གྱུར་པ་ན། །དེ་ཚེ་ནམ་ཚོང་འགུགས་པར་བྱེད། །ལུས་ནི་གཞུ་ལྟར་ནང་དུ་གུག །མིག་རེངས་ཤུགས་ནི་འབྱིན་པར་བྱེད། །གླལ་འབྱུང་སོ་ནི་འཆའ་བ་དང༌། །བད་ཀན་སྐྱུགས་པར་བྱེད་པར་འགྱུར། །རྩིབ་ལོགས་ཟུག་ཅིང་ཚིག་མི་ཐོན། །འགྲམ་པ་རྒྱབ་དང་མགོ་བོ་ན། །འདི་ནི་ནང་དུ་གུག་ཅེས་བྱ། །ཞེས་བྱ་བ་ལ། མཇིང་བ་ནི་གཉའ་བ་ལ་བརྟེན་པའི་གནས་ཉིད་གཉིས་ཡོད་དེ། དེ་དག་ཏུ་རླུང་ཞུགས་ནས་གང་གི་ཚེ་རྩ་ཆེན་པོར་ཕྱིན་ནས་གནས་པར་གྱུར་ཞིང་ལུས་ཐམས་ཅད་ཁྱབ་ཅིང་ཁེབས་པར་གྱུར་པ་དེའི་ཚེ་ནམ་ཚོང་འགུགས་ཤིང་ཡོན་པོར་བྱེད་ལ། དེ་བཞིན་དུ་ལུས་ཀྱང་གཞུ་ལྟར་ནང་དུ་འགུགས་པར་བྱེད་ཅིང་སྒུར་པོར་བྱེད་ལ། མིག་གཉིས་རེངས་ཤིང་འབྱེད་པ་དང་འཛུམས་མི་ཤེས་པ་དང༌། རང་གི་ཤུགས་ཆགས་པ་དང༌། གུག་པོར་བྱེད་པ་ལ་སོགས་པའི་ནད་སྣ་ཚོགས་པའི་ཚུལ་སྐྱེད་པར་བྱེད་པ་དང༌། དེ་བཞིན་དུ་གླལ་མང་དུ་འབྱུང་བ་དང༌། སོ་ཀྲིག་ཀྲིག་འཆའ་བ་དང༌། བད་ཀན་སྐྱུག་ཅིང་སློན་པར་བྱེད་པ་དང༌། རྩིབ་ལོགས་གཉིས་སུ་ཟུག་ཅིང་ན་བ་དང༌། ཚིག་མི་ཐོན་པ་དང༌། འགྲམ་པ་ལ་སོགས་པ་ན་བར་བྱེད་དེ། འདི་ལྟ་བུའི་ནད་འདི་ནི་ནང་དུ་གུག་པའི་རླུང་ནད་ཅེས་བྱའོ། །ཕྱི་ཡི་དེ་དང་འདྲ་བ་ལ། ལུས་ནི་ཕྱིར་དགྱེ་བྱེད་པ་དང༌། །མགོ་བོ་རྒྱབ་དུ་འདྲེན་བྱེད་ཅིང༌། །དེ་ལ་བྲང་ནི་ཤིན་ཏུ་འབུར། །གཉའ་བ་བཅོམ་པ་ལྟར་ན་ཞིང༌། །སོ་དང་ཁ་ནི་མདོག་མི་སྡུག །རྡུལ་ཞིང་ལུས་ནི་ལྷོད་པར་བྱེད། །ཕྱིར་དགྱེད་གཞུ་རེངས་ཞེས་བྱ་ཞིང༌། །དེ་ལ་ཤུགས་དྲག་ཅེས་ཀྱང་བཤད། །ཅེས་བྱ་བ་ལ། ཕྱིར་དགྱེ་བ་ཞེས་བྱ་བའི་རླུང་ནད་གཞན་དག་ནི་ཚུལ་དེ་དང་འདྲ་ཞིང་མཚུངས་པ་ལས། འདིར་ཁྱད་པར་ན་འདི་ཡིན་ཏེ། ལུས་ཕྱིར་དགྱེ་ཞིང་རྒྱབ་ཏུ་སྒུ་བར་བྱེད་ལ། མགོ་བོ་རྒྱབ་དུ་ཡོ་བར་འདྲེན་ཞིང་འགུགས་པར་བྱེད་པ་དང༌། ཕྱིར་དགྱེ་བ་ཞེས་བྱ་བའི་ནད་དེ་ལ་བྲང་ཤིན་ཏུ་འབུར་ཞིང་མཐོ་བ་དང༌། གཉའ་བ་ན་ཞིང་བརྡུངས་པ་ལྟར་སེམས་པ་དང༌། དེ་བཞིན་དུ་སོ་དང་ཁའི་མདོག་མི་སྡུག་པ་དང༌། རྡུལ་ཤིན་ཏུ་མང་དུ་འབྱུང་བ་དང༌། ལུས་ལྷོད་ཅིང་ཤིག་ཤིག་པོ་


DTG201_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་བྱེད་དེ། རླུང་ནད་དེ་ནི་ཕྱིར་དགྱེད་བ་ཞེས་བྱའོ། །ཞེས་བཤད་པ་ལ། ལ་ལ་ན་རེ་ནི་གཞུངས་རེངས་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ནི་དེ་ལ་ཤུགས་དྲག་པོ་ཞེས་བྱའོ་ཞེས་ཀྱང་བཤད་དོ། །གནད་ལ་གནས་པའི་རྨར་ཞུགས་ཏེ། །རླུང་གིས་བསྐྱོད་བར་གྱུར་པ་དང༌། །རྐང་པ་ནས་ནི་མགོ་བོའི་བར། །ལུས་ལ་ནད་ཀྱིས་ཁྱབ་བྱེད་པ། །སྐོམ་ཞིང་ལུས་ནི་སྐྱ་གྱུར་པ། །རྨ་ཡི་ད་རྒན་དེ་སྤང་བྱ། །ཞེས་བྱ་བ་ལ། གནད་ལ་གནས་ཤིང་བརྟེན་པའི་རྨར་ཞུགས་པའི་རླུང་ལ་སོགས་པའི་ནད་དེ་རླུང་གིས་བསྐྱོད་ཅིང་བསྣན་པར་གྱུར་ན། རྐང་པ་ནས་མགོ་བོའི་བར་གྱི་ལུས་ཐམས་ཅད་ལ་ནད་ཀྱིས་ཁྱབ་ཅིང་ཟིལ་གྱིས་གནོན་པར་བྱེད་དེ། རྨའི་ད་རྒན་དེ་ལྟ་བུ་དེ་སྐོམ་དད་ཆེ་ཞིང་ལུས་སྐྱ་བ་ལས་བྱུང་བ་དེ་ནི་གསོ་དཀའ་བ་ཡིན་པས་སྤང་ཞིང་དོར་བར་བྱའོ། །ལུས་ལ་འཇུག་པའི་རླུང་ཀུན་ནི། །ཤུགས་དང་བྲལ་ནས་བདེ་བར་འགྱུར། །ཞེས་བྱ་བ་ལ། སྔར་བཤད་པའི་རླུང་ནད་ལུས་ལ་འཇུག་པ་ལ་སོགས་པ་དེ་རྣམས་ལ་རླུང་གི་ཤུགས་དང་བྲལ་ཞིང༌། ཤུགས་ཞི་བར་གྱུར་ན་དེ་ནི་བདེ་ཞིང་ནད་མེད་པར་འགྱུར་བ་ཡིན་ནོ། །ལྕེ་ནི་བྲུད་དྲགས་སྐམ་ཟོས་གནོད། །འགྲམ་པའི་རྩ་བར་གནས་རླུང་འཁྲུགས། །འགྲམ་པ་གཉེས་ནི་བསྐྱོད་བྱས་ནས། །ཁ་ནི་གདངས་བར་བྱེད་པའམ། །ཡང་ན་འཛུམས་པར་བྱེད་པར་འགྱུར། །འགྲམ་པ་ཉམས་པར་བྱེད་པ་དེས། །ཟ་དང་སྨྲ་བ་དཀའ་བར་འགྱུར། །ཞེས་བྱ་བ་ལ། ལྕེ་བྲུད་དྲགས་ཤིང་སོ་ཤིང་ལ་སོགས་པས་གནོད་པར་བྱས་པ་དང༌། ཟས་སྐམ་པོ་ཟོས་ཤིང་བཅས་པ་དང༌། ཁུ་ཚུར་དང་རྡོ་ལ་སོགས་པས་སྣད་པས་འགྲམ་པའི་རྩ་བར་གནས་པའི་རླུང་འཁྲུགས་ཤིང་ལྡང་བར་གྱུར་ནས། འགྲམ་པ་གཉིས་བསྐྱོད་ཅིང་རང་གི་གནས་ནས་འགུལ་བར་བྱས་ནས། ཁ་རྟག་ཏུ་གདངས་པར་བྱེད་པ་དང༌། ཡང་ན་ཁ་འཛུམས་ཤིང་འབྱེད་མི་ཤེས་པར་བྱེད་པར་འགྱུར་ཏེ། ནད་དེ་ནི་འགྲམ་པ་ལ་གནས་ནས་ཉམས་པར་བྱེད་པ་ཞེས་བྱ་སྟེ། འགྲམ་པ་བསྐྱོད་ཅིང་ཉམས་བར་བྱེད་པ་དེས་ཟས་ཟབ་དང་ཚིག་ཏུ་སྨྲ་བ་ཤིན་ཏུ་དཀའ་བར་བྱེད་པར་འགྱུར་རོ། །སྨྲ་བར་བྱེད་པའི་རྩ་གནས་རླུང༌། །ལྕེ་ནི་ལྡིབ་པར་བྱེད་འགྱུར་ཞིང༌། །ལྕེ་ལྡེབས་དེས་ནི་བཟའ་བཏུང་དང༌། །སྨྲ་བ་ལ་སོགས་མི་ནུས་


DTG201_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བྱ་བ་ལ། སྨྲ་བར་བྱེད་པ་ཞེས་བྱ་བའི་རྩ་གང་ཡིན་པ་ལ་གནས་པར་གྱུར་པའི་རླུང་ནི་ལྕེ་ལྡིབས་ཤིང་ལྐུགས་པར་བྱེད་པར་འགྱུར་ཏེ། ནད་དེ་ནི་ལྕེ་ལྡིབས་པ་ཞེས་བྱ་བ་ཡིན་ཏེ། ནད་དེས་ནི་བཟའ་བ་ལ་སོགས་པ་ལ་ལོངས་སྤྱད་པར་མི་ནུས་པ་ཡིན་ནོ། །མགོ་བོས་ཁུར་ནི་ཁྱེར་བ་དང༌། དགོད་དྲགས་མང་དུ་སྨྲ་བ་དང༌། །སྡངས་དང་འཆུས་ཏེ་སྦྲིད་པ་གཏོང༌། །གཞུ་སྲ་འདྲེན་པར་བྱེད་པ་དང༌། །སྔས་ནི་མི་མཉམ་ལ་ཉལ་དང༌། །སྲ་བ་འཆའ་བར་བྱེད་པ་དང༌། །རླུང་སྐྱེད་པ་ནི་དེ་དང་དེས། །རླུང་འཕེལ་རོ་སྟོད་ལ་ཞུགས་ནས། །གདོང་གི་གཞོགས་ཕྱེད་ཡོན་པོར་བྱེད། །སྨྲ་དང་དགོད་དང་ལྟ་བའང་ཡོ། །དེ་ནས་དེ་ཡི་དེ་ཡི་མགོ་འགུལ་ཞིང༌། །ཚིག་མི་ཕྱིན་ལ་མིག་རེངས་ཤིང༌། །སོ་འགུལ་སྐད་ནི་འགགས་པ་དང༌། །སྒྲ་མི་ཐོས་ཤིང་སྦྲིད་པ་ཐོགས། །དྲི་མི་ཚོར་ཞིང་དྲན་ཉམས་རྨོངས། །གཉིད་ལོག་པ་ན་སྡངས་པར་འགྱུར། །མཆིལ་མ་གཡོན་དུ་འདོར་བ་དང༌། མིག་གཅིག་འཛུམས་པར་འགྱུར་བ་དང༌། །ནམ་ཚོང་ཡན་ཆད་མི་བཟད་ན། །གཞོགས་ཕྱེད་དག་གམ་རོ་སྨད་ན། །ལ་ལས་དེ་གཞོགས་ཕྱེད་ནད་བཤད། །གཞན་དག་ཕྱོགས་གཅིག་གུག་ཅེས་ཟེར། །ཞེས་བྱ་བ་ལ། མགོ་བོས་ཁུར་ལྕི་བ་ཁྱེར་ཞིང་གནས་གཞན་ནས་གཞན་དུ་འདེགས་པ་དང༌། དགོད་དྲགས་པ་ལ་སོགས་པ་དང་ལུས་འཆུས་ཏེ་སྦྲིད་པ་གཏོང་བ་ལ་སོགས་པ་དང་སྲ་བའི་ཟས་འཆའ་བར་བྱེད་པ་སྟེ། དེ་དག་གིས་ནི་རླུང་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ལ། དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་འདིར་མ་བཤད་པའི་རླུང་སྐྱེད་པར་བྱེད་པའི་དངོས་པོ་གང་ཡིན་པ་དེ་དང་དེས་རླུང་འཕེལ་བར་གྱུར་ནས་ལུས་ཀྱི་རོ་སྟོང་ལ་ཞུགས་ཏེ་གནས་པ་དང༌། དེས་གདོང་གི་གཞོགས་ཕྱེད་ཡོན་པོར་བྱེད་པར་འགྱུར་ལ། དེ་བཞིན་དུ་ཚིག་སྨྲ་བར་བྱེད་པ་དང༌། དགོད་པར་བྱེད་པ་དང༌། ལྟ་བར་བྱེད་པ་ན་ཡང་ཡོན་པོར་བྱེད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་མི་དེའི་མགོ་འགུལ་ཞིང་ལྡེག་ལ་འདར་བར་འགྱུར་བ་དང༌། ཚིག་མི་ཕྱིན་ཅིང་ཐོགས་པ་དང༌། མིག་རེངས་ཤིང་ཧར་ཧར་པོར་ལྟ་བ་དང༌། སོ་འགུལ་ཞིང་གཡོ་བ་ལ་སོགས་པ་མཆིལ་མ་གཡོན་དུ་འདོར་གྱིན་དྲང་པོར་མི་འདོར་བ་དང༌། མིག་གཅིག་འཛུམས་པར་བྱེད་པ་


DTG201_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དང། ནམ་ཚོང་ཡན་ཆད་མགྲིན་པ་ལ་སོགས་པ་མི་བཟད་པར་ན་བ་དང༌། ལུས་ཀྱི་གཞོགས་ཕྱེད་དམ། ཡང་ན་རོ་སྨད་དུ་ན་བར་བྱེད་དེ། ནད་དེ་ནི་གཞོགས་ཕྱེ་དན་བའི་རླུང་ནད་ཅེས་བྱའོ་ཞེས་བཤད་ལ། གཞན་དག་ནི་ཕྱོགས་གཅིག་གུག་པ་ཞེས་བྱའོ་ཞེས་ཟེར་རོ། །རླུང་ནི་ཁྲག་ལ་བརྟེན་གྱུར་ཏེ། །སྤྱི་བོ་འཛིན་པའི་རྩར་ཞུགས་པ། །རྩུབ་ཅིང་ནད་བཅས་མདོག་གནག་བྱེད། །རྩ་འཛིན་དེ་ནི་གསོར་མི་རུང༌། །ཞེས་བྱ་བ་ལ། རླུང་ནི་ཁྲག་ལ་བརྟེན་ནས་རྒྱུ་སྟེ་སོང་ནས་སྤྱི་བོ་འཛིན་པ་ཞེས་བྱ་བའི་རྩར་ཞུགས་པར་གྱུར་པ་ནི་རྩུབ་ཅིང་ན་བ་དང་བཅས་པ་དང༌། མདོག་གནག་པར་བྱེད་པར་འགྱུར་རོ། །དེ་ལྟ་བུའི་ནད་དེ་ནི་རྩ་འཛིན་པ་ཞེས་བྱ་སྟེ་གསོ་ཞིང་བཅོས་པར་མི་ནུས་པ་ཡིན་ནོ། །རླུང་གིས་དེ་ལ་གཞོགས་ཕྱེད་བཟུང༌། །རྩ་དང་རྒྱུས་པ་བསྐམས་བྱས་ནས། །གཞོགས་ཕྱེད་གང་ཡང་རུང་ལ་གནོད། །ཚིགས་ཀྱི་སྦྲེལ་མཚམས་ལྷོད་པར་བྱེད། །དེ་ཡིས་ལུས་ཕྱེད་ཐམས་ཅད་ནི། །ལུས་སྦྱོར་མི་ནུས་ཚོར་བ་མེད། །དེ་ནི་ཕྱོགས་གཅིག་ནད་ཅེས་ཟེར། །གཞན་དག་ཕྱོགས་གཅིག་སྐམས་པར་འཆད། །ཅེས་བྱ་བ་ལ། རླུང་གིས་ལུས་ཀྱི་གཞོགས་ཕྱེད་བཟུང་ཞིང་དེར་གནས་པར་བྱས་པ་དང༌། རྩ་དང་རྒྱུས་པ་བསྐམས་པར་བྱས་ནས། ལུས་ཀྱི་གཡས་སམ་གཡོན་གྱི་གཞོགས་ཕྱེད་གང་ཡང་རུང་བ་ལ་གནོད་ཅིང་མི་ཤིས་པར་བྱེད་ལ། ཚིགས་རྣམས་ཀྱི་བོག་རེའི་སྦྲེལ་མཚམས་ལྷོད་ཅིང་ཤིག་ཤིག་པོར་བྱེད་པ་དང༌། ནད་པ་དེའི་ལུས་ཀྱི་གཞོགས་ཕྱེད་ཀུན་མ་ལུས་པར་ལུས་ལ་སྦྱོར་བར་མི་ནུས་ཤིང་གཡོ་འགུལ་གྱི་བྱ་བ་བྱེད་མི་ནུས་པ་དང༌། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པའི་ནད་དེ་ནི་ཕྱོགས་གཅིག་གི་ནད་ཅེས་ཟེར་རོ། །དྲང་སྲོང་གཞན་དག་ནི་ཕྱོགས་གཅིག་སྐམས་པ་ཞེས་འཆད་དོ། །ལུས་ཀུན་རླུང་ནད་དེ་དང་འདྲ། །ཡན་ལག་ཀུན་ལ་བརྟན་པ་ཡིན། །ཞེས་བྱ་བ་ལ། ཕྱོགས་གཅིག་སྐམས་པ་དང་ལུས་ཀུན་ལ་ཞུགས་པའི་རླུང་ནད་ནི་ཚོར་བ་མེད་པ་ལ་སོགས་པ་ཚུལ་འདྲ་བ་ཡིན་ལ། དེ་ནི་ཡན་ལག་ཐམས་ཅད་ལ་བརྟེན་པའི་ནད་ཅིས་བྱ་བར་ཤེས་པར་བྱའོ། །རླུང་ནད་ཉི་ཚེས་གཞོགས་ཕྱེད་སྐམས། །ཤིན་ཏུ་གསོ་དཀའ་ཡིན་པར་བཤད། །ཅེས་བྱ་བ་ལ། རླུང་ནད་ཉི་ཚེ་ནད་གཞན་དང་མ་འདྲེས་པ་གང་


DTG201_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེས་གཞོགས་ཕྱེད་སྐམས་པར་གྱུར་པ་ནི་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །གཞན་དང་འདྲེས་པ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། ནད་གཞན་བད་ཀན་དང་མཁྲིས་པ་གང་ཡང་རུང་བ་དང་རླུང་འདྲེས་པར་གྱུར་པའི་གཞོགས་ཕྱེད་སྐམས་པའང་གསོ་དཀའ་བ་ཡིན་ནོ། །ཟད་བྱེད་རྒྱུ་ཅན་སྤང་བར་བྱ། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་རྒྱུ་ལས་བྱུང་བའི་གཞོགས་ཕྱེད་སྐམས་པ་ནི་སྤང་བར་བྱ་སྟེ་གསོར་མི་རུང་ངོ༌། །མ་ཞུ་བད་ཀན་ལྡན་པ་ཡིས། །རྒྱུན་སྲང་བཀག་སྟེ་ལུས་རེངས་པས། །བརྐྱང་བསྐུམ་ཀུན་ལས་ཉམས་གྱུར་པ། །ཤིང་འདྲ་ཤིང་ལྟར་རེངས་པ་ཡིན། །ཞེས་བྱ་བ་ལ། རླུང་ནད་མ་ཞུ་བ་དང་བད་ཀན་དང་བཅས་པ་དག་གིས་རླུང་གི་རྒྱུ་བའི་ལམ་བཀག་སྟེ། ལུས་རེངས་ཤིང་འགྱུར་མི་ཤེས་པར་བྱས་པས་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་ལུས་ཀྱི་སྤྱོད་པ་ཀུན་ལས་ཉམས་པར་གྱུར་པ་ནི་དབྱུག་ལྟར་རེངས་པ་ཡིན་པས་ན། ཤིང་ལྟར་རེངས་པ་ཞེས་བྱའོ། །ཕྲག་པའི་རྩ་བར་ཞུགས་པའི་རླུང༌། །དེར་གནས་རྩ་ནི་འཁུམས་བྱས་ཏེ། །དཔུང་པ་བསྐྱོད་པར་མི་ནུས་བྱེད། །དཔུང་པ་འཇས་པའི་རླུང་ནད་ཡིན། །ཞེས་བྱ་བ་ལ། རླུང་ཕྲག་པའི་རྩ་བར་གནས་ཏེ། དེ་ན་གནས་པའི་རྩ་འཁུམས་ཤིང་འདུས་པར་བྱས་ནས། དཔུང་པ་བསྐྱོད་བསྒུལ་མི་ནུས་པར་བྱེད་པའི་རླུང་ནད་སྐྱེད་པར་བྱེད་དོ། གང་ཞིག་ལག་མཐིལ་སོར་མོར་འབྲེལ། །ཆུ་བ་རྒྱབ་ཏུ་འཁུམས་བྱེད་ཅིང༌། །ལག་ངར་བྱ་བ་ཉམས་བྱེད་པ། །རླུང་དེ་བི་ཤ་ཙེ་རུ་བཤད། །ཅེས་བྱ་བ་ལ། ནད་གང་ཞིག་ལག་པའི་མཐིལ་དུ་ཕྱོགས་ཤིང་དེ་དང་འབྲེལ་པ་ཆུ་བ་འདུས་པ་ཞེས་བྱ་བའི་ཆུ་བ་རྒྱབ་ཏུ་འཁུམས་པར་བྱེད་ཅིང༌། ལག་ངར་གྱི་རྒྱབ་ཏུ་རླུང་གིས་འཁུམས་པར་བྱེད་ནས་ལག་ངར་གྱི་བྱ་བའི་ལས་གང་དག་ཡིན་པ་ཐམས་ཅད་ཉམས་པར་བྱེད་དེ། གཡོ་འགུལ་གྱི་བྱ་བ་ཐམས་ཅད་མི་ནུས་པར་བྱེད་པའི་རླུང་ནད་དེ་ནི་མིང་བི་ཤ་ཙེ་ཞེས་བྱ་བ་ཡིན་ནོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །གང་ཚེ་རླུང་ནི་རྐེད་པར་གནས། །བརླ་ཡི་ཆུ་བའི་ནང་དུ་ཞུགས། །དེ་ཚེ་མི་དེ་འཐེང་པོར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རླུང་གི་ནད་རྐེད་པའི་ཕྱོགས་སུ་གནས་ཤིང་བརྟེན་པར་གྱུར་ནས་བརླའི་ཆུ་བའི་ནང་དུ་ཞུགས་ཤིང་ཞེན་པར་གྱུར་པ་དེའི་ཚེ་མི་དེ་འཐེང་པོར་གྱུར་ཏེ་རྐང་


DTG201_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་ཅིང་འཆལ་བའི་འཐེང་པོར་འགྱུར་རོ། །བརླ་གཉིས་ལ་ཞུགས་འཕྱེ་བོར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རྐེད་པར་གནས་པའི་རླུང་དེ་བརླ་གཉིས་ཀ་ལ་ཞུགས་པར་གྱུར་པ་དེའི་ཚེ་བརླ་གཉིས་ཀའི་སྤྱོད་པ་ཉམས་པས་འཕྱེ་བོར་འགྱུར་རོ། །གང་ཞིག་འགྲོ་བར་རྩོམ་པ་ན། །ལུས་འདར་འཐེང་པོ་ལྟར་འགྲོ་བ། །ཚིགས་ཀྱི་སྤྲེལ་མཚམས་ལྷོད་གྱུར་པ། །དེ་ནི་སྲན་མའི་འཐེང་པོར་བཤད། །ཅེས་བྱ་བ་ལ། སྐྱེས་བུ་གང་འགྲོ་བར་རྩོམ་ཞིང་འགྲོ་བའི་བྱ་བ་འདོར་ཞིང་གཡོ་ལ་འཐེང་པོ་ལྟ་བུར་འགྲོ་བའི་སྐྱེས་བུ་དེ་ནི་ཚིགས་ཀྱི་བོག་རེའི་སྦྲེལ་མཚམས་ལྷོད་ཅིང་ཉམས་པར་གྱུར་པ་ཡིན་ཏེ། དེ་ནི་མིང་སྲན་མ་ལྟར་འཐེང་པ་ཞེས་བྱའོ། །ཁ་ཟས་དྲོ་གྲང་སྐམ་རློན་འདྲེས། །ལྕི་དང་སྣུམ་ཆེས་བསྟེན་པ་དང༌། །ཞུ་དང་མ་ཞུ་མི་བདེས་བསྐྱོད། །ཉིན་ཉལ་མཚན་གཉིད་མ་ལོག་པས། །མ་ཞུ་ཤིན་ཏུ་སོགས་གྱུར་ཏེ། །གལ་ཏེ་བརླ་ནང་ཞུགས་གྱུར་ན། །བད་ཀན་ཚིལ་དང་རླུང་བཅས་པ། །ནད་གཞན་ཟིལ་གྱིས་མནན་ནས་ནི། །བརླ་རུས་ནང་དུ་གང་བྱས་ཏེ། །བད་ཀན་གྱིས་ཏེ་རེངས་གྱུར་ལ། །དེ་ཚེ་དེ་ཡིས་བརླ་རེངས་བྱེད། །འདེགས་མི་ནུས་གྲང་ཚོར་བ་མེད། །གཞན་གྱི་ཡིན་སྙམ་སེམས་ཤིང་ལྕི། །མི་བཟད་པར་ནི་འགྲོ་བ་ཉམས། །སེམས་ཁོང་ཆུད་ཅིང་ཡན་ལག་ན། །སྙོམ་སློན་རིམས་འདེབས་ཡི་ག་འཆུས། །རྐང་པ་སྒྱིད་ཞན་འདེགས་པར་དཀའ། །བེམ་བེམ་པོར་འདུག་ལྡན་པ་ཡིན། །དེ་ནི་བརླ་རེངས་ནད་ཅེས་བཤད། །གཞན་དག་ཕྱུག་པོའི་རླུང་ཞེས་ཟེར། །ཞེས་བྱ་བ་ལ། ཁ་ཟས་ཀྱི་བག་དྲོ་གྲང་ལ་སོགས་པར་འདྲེན་མར་བསྟེན་པ་དང༌། ཞུ་བ་དང་བཅས་པའི་མ་ཞུ་བ་ནི་ཞུ་བ་དང་མ་ཞུ་བ་སྟེ། ལ་ལ་ནི་ཞུ་ཞིང་སྨིན་པ་ཡིན་ལ། ལ་ལ་ནི་མ་ཞུ་ཞིང་མ་སྨིན་པ་ཡིན་ཏེ། ལེགས་པར་ཚོས་པ་དང༌། མ་ཚོས་པ་དག་གིས་མི་བདེ་བར་གྱུར་པ་དང༌། དེ་བཞིན་དུ་མི་བདེ་ཞིང་སྡུག་བསྔལ་བའི་རྣམ་པ་ལ་བརྟེན་པས་བསྐྱོད་ཅིང་འཁྲུགས་པར་བྱས་པས་མ་ཞུ་བ་ཤིན་ཏུ་ཤས་ཆེར་སོགས་པར་འགྱུར་ལ། དེ་བཞིན་དུ་ཉིན་པར་གཉིད་ལོག་ཅིང་ཉལ་བ་དང༌། གཉིད་མ་ལོག་པ་དག་ཡུན་རིང་དུ་བསྟེན་ཀྱང་མ་ཞུ་བ་ཤིན་ཏུ་ཤས་ཆེར་སོགས་པར་འགྱུར་ཏེ། མ་ཞུ་བ་དེ་གལ་ཏེ་བརླ་དང་


DTG201_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པའི་ནང་དུ་ཞུགས་པར་གྱུར་ན། མ་ཞུ་བ་དེ་བད་ཀན་དང་ཚིལ་དང་རླུང་དང་བཅས་པར་འགྱུར་བ་ཡིན་གྱི། མ་ཞུ་བ་དེ་ནི་རླུང་དང་བད་ཀན་གྱི་ནད་གཞན་ལ་ལྟོས་པ་ཟིལ་གྱིས་མནན་ཅིང་མཐུ་ཆུང་བར་བྱེད་ལ། དེའི་ཕྱིར་མ་ཞུ་བ་དེས་བད་ཀན་གྱི་གཡོ་བ་མེད་པར་བྱས་ཤིང་བརླའི་རུས་པའི་ནང་དུ་གང་བར་བྱེད་པ་ན་དེའི་ཚེ་བརླ་རེངས་ཤིང་བསྐྱོད་མི་ཤེས་པར་འགྱུར་ཏེ། དེ་བས་དེའི་ནད་དེས་བརླ་རེངས་པར་བྱེད་ཅིང་འགྱུར་མི་ཤེས་པར་འདེགས་ཤིང་བསྐྱོད་མི་ཤེས་མི་ནུས་པ་དང༌། གྲང་ཞིང་ཚོར་བ་མེད་པ་དང༌། གཞན་གྱི་ཡིན་པར་སྙམ་དུ་སེམས་ཤིང་རང་གི་ལུས་ལས་བྱུང་བ་སྙམ་དུ་མི་སེམས་པ་དང༌། དེ་བཞིན་དུ་མི་བཟད་པར་ན་ཞིང་བརྣག་པར་དཀའ་བ་ལ་སོགས་པར་འགྱུར་བ་དང༌། སེམས་ཁོང་དུ་ཆུད་པ་ལ་སོགས་པ་དང་ལྡན་པར་འགྱུར་ཏེ། ནད་དེ་ནི་བརླ་རེངས་ཀྱི་ནད་ཅེས་བྱའོ་ཞེས་ཚེའི་རིག་བྱེད་ཤེས་པའི་སློབ་དཔོན་དག་གིས་བཤད་དོ། །དྲང་སྲོང་གཞན་དག་གིས་ཕྱུག་པོའི་རླུང་ནད་ཅེས་བྱའོ་ཞེས་ཟེར་རོ། །རླུང་དང་ཁྲག་ལས་སྐྱེས་པའི་སྐྲང༌། །པུས་མོའི་སྟེང་བྱུང་ནད་ཚབས་ཆེ། །ཅེ་སྦྱང་མགོ་ལྟར་སྦོམ་གྱུར་པ། །ཅེ་སྤྱང་མགོ་འདྲ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། རླུང་དང་ཁྲག་ལས་སྐྱེས་པའི་སྐྲང་པ་པུས་མོའི་སྟེང་དུ་བྱུང་བ་དེ་ནི་ནད་ཚབས་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ནི་ཅེ་སྤྱང་གི་མགོ་འདྲ་པར་སྦོམ་ཞིང་ཆེ་བར་སྐྲང་པ་ཡིན་པས་ཅེ་སྤྱང་གི་མགོ་འདྲ་བའི་རླུང་ནད་ཅེས་བྱའོ། །རྐང་པ་ན་ཞིང་མི་མཉམ་འདོར། །ངལ་བ་ལས་ནི་གང་ཚེ་རླུང༌། །ལོང་མོར་གནས་ཏེ་ནད་སྐྱེད་པ། །དེ་ནི་རླུང་ནད་ཚེར་མར་བཤད། །ཅེས་བྱ་བ་ལ། རྐང་པ་ས་ལ་མི་མཉམ་ཞིང་མི་མཉམ་པར་འདོར་བའམ། ཡང་ན་ངལ་ཞིང་དུབ་པ་ལས་དུས་གང་གི་ཚེ་རླུང་བྱིན་པ་དང༌། རྐང་པ་ལ་བརྟེན་ནས་ལོང་མོར་གནས་པའི་ནད་སྐྱེད་པར་གྱུར་པའི་རླུང་ནད་དེ་ནི་ཚེར་མ་ལྟ་བུ་ཞེས་བཤད་དོ། །རྟིང་པ་སོར་མོར་འབྲེལ་པ་ཡི། །ཆུ་བར་རླུང་གིས་གནོད་གྱུར་གང༌། །བརླ་ནས་འཇུག་པར་བྱེད་པ་དེ། །གཟུགས་འཁུམས་ཞེས་ནི་བྱ་བར་བཤད། །ཅེས་བྱ་བ་ལ། རྟིང་པར་གནས་ནས་སོར་མོ་དང་འབྲེལ་བར་འགྱུར་བའི་ཆུ་བའི་ཚོགས་གང་ཡིན་པར་རླུང་དེས་གནོད་


DTG201_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེད་པར་གྱུར་ནས། བརླའི་བར་དུ་གྱེན་དུ་འཇུག་པར་བྱེད་ཅིང་བསྡུས་ཤིང་འཁུམས་པར་བྱེད་པ་གང་ཡིན་པ་དེ་ནི་དྲང་སྲོང་དག་གིས་གཟུགས་འཁུམས་པའི་རླུང་ནད་ཅེས་བྱ་བར་བཤད་དོ། །བི་ཤ་ཙི་དང་གཟུགས་འཁུམས་བཤད། །མི་བཟད་ན་བ་ཁ་ལི་ར་བཤད། །ཅེས་བྱ་བ་ལ། སྔར་ལག་ངར་དུ་ཞུགས་པའི་རླུང་ནད་ཀྱི་བི་ཤ་ཙི་དང༌། འདས་མ་ཐག་པའི་གཟུགས་འཁུམས་པའི་རླུང་ནད་གཉིས་པོ་མི་བཟད་པ་དང་ལྡན་པར་སྣང་བ་ནི་རླུང་ནད་ཁ་ལི་ཞེས་བྱ་བར་བཤད་དོ། །གང་གི་རྐང་པ་བརྩེ་གྱུར་ཞིང༌། །བེམ་བེམ་པོར་ནི་གྱུར་པ་དག །བད་ཀན་རླུང་འཁྲུགས་ལས་གྱུར་པ། །རྐང་པ་བརྩེ་བར་དེ་བཤད་དོ། །ཞེས་བྱ་བ་ལ། མི་གང་གི་རྐང་པ་གཉིས་བརྩེ་ཞིང་ཚ་བ་ཙག་ཙག་པོར་བྱེད་པའི་སྒོ་ནས་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་དག་ནི་བད་ཀན་དང་འདྲེས་པ་ལས་གྱུར་པ་ཡིན་ལ། ནད་དེ་ནི་རྐང་པ་བརྩེ་བ་ཞེས་བྱའོ་ཞེས་བཤད་དོ། །མཁྲིས་པ་ཁྲག་དང་བཅས་པའི་རླུང༌། །རྐང་པ་གཉིས་སུ་ཚ་བྱེད་ཅིང༌། །ཁྱད་པར་དུ་ནི་འགྲོ་ཚེ་ཚ། །དེ་ནི་རྐང་ཚ་ཞེས་བྱར་བཤད། །ཅེས་བྱ་བ་ལ། རླུང་གི་ནད་མཁྲིས་པ་དང་ཁྲག་དང་བཅས་པར་གྱུར་པ་ལས་རྐང་པ་གཉིས་སུ་ཚ་བ་འུར་འུར་པོར་གྱུར་པ་གང་ཡིན་པ་དང། ཁྱད་པར་དུ་ཡང་འགྲོ་ཞིང་འཆག་པའི་ཚེ་ལྷག་པར་ཚ་བར་གྱུར་པའི་ནད་དེ་ནི་རྐང་པ་ཚ་བ་ཞེས་བྱའོ་ཞེས་བཤད་དོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། རླུང་ལས་གྱུར་པ་ཡིན་པར་ཆོས་མཐུན་པ་ཡིན་པས་ན། རླུང་ནད་ཀྱི་འོག་ཏུ་ལེའུ་འདི་བརྩམས་པ་ཡིན་ནོ། །དེ་ཡང་རླུང་དང་ཁྲག་ལས་སྐྱེས་པའི་སྐྲང་ཞེས་སྨོས་པ་ཡིན་ནོ། །ཁྲག་ནི་འཁྲུགས་པར་བྱེད་པའི་ཟས། །ཚ་བ་དང་ནི་མི་འཕྲོད་པ། །བསྟེན་དང་སྦྱོར་བ་ལོག་པ་དང༌། །ཉིན་ཉལ་མཚན་གཉིད་མ་ལོག་དང༌། །ཉལ་པོ་དྲགས་དང་སྐྱིད་པར་གནས། །འཆག་པའི་སྤྱོད་པ་མ་པ་སྟེན་དང༌། །སྣད་དང་སྦྱང་བ་མ་བྱས་པས། །མི་ཡི་ཁྲག་ནི་འཁྲུགས་གྱུར་ཅིང༌། །རླུང་སྐྱེད་ཟོས་པས་རླུང་ནད་ནི། །


DTG201_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་ལ། །དང་པོར་གནོད་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁྲག་འཁྲུགས་ཤིང་སྐྱེད་པར་བྱེད་པའི་ཟས་འབྲུ་དང་སྲོག་ཆགས་ཆུ་ན་སྤྱོད་པའི་ཤ་དང༌། རྒྱ་སྲན་ཀུ་ལངྠ་དང༌། མོན་སྲན་གྲེའུ་དང༌། ནིམ་པ་བ་དང༌། སྐྱུར་བ་དང༌། ཆང་དང་དར་བ་དང༌། ཞོ་སྐྱུར་པོ་ལ་སོགས་བསྟེན་པ་དང༌། མི་འཕྲོད་པའི་ཟས་གཤེར་བའི་ཤ་དང༌། མོན་སྲན་གྲེའུ་ལྷན་ཅིག་བཟའ་བ་དང་སྦྲང་རྩི་དང་མར་ཆ་མཉམ་པར་ཟ་བ་ལ་སོགས་པ་ཇི་སྐད་བཤད་པ་དང༌། འདིར་མ་སྨོས་སུ་ཟིན་ཀྱང་ཁྲག་སྐྱེད་པར་བྱེད་པའི་སྤྱོད་ལམ་དང༌། ཁ་ཟས་ལ་སོགས་པ་དེ་དག་བསྟེན་ཅིང་གོམས་པར་བྱེད་པ་དང༌། དེ་བཞིན་དུ་སྦྱོར་བ་ལོག་པ་སྟེ་སྨན་དཔྱད་ཀྱི་གཙུག་ལག་ལས་བྱུང་བ་བཞིན་དུ་བསྟེན་པར་མ་བྱས་པའི་སྦྱོར་བ་ལོག་པ་དང༌། དེ་བཞིན་དུ་ཉིན་པར་ཤས་ཆེར་གཉིད་ལོག་པ་དང༌། མཚན་མོའི་དུས་སུ་གཉིད་མ་ལོག་པ་དང༌། ཉལ་པོ་དྲགས་ཤིང་བུད་མེད་བསྟེན་པ་དྲགས་པ་དང༌། ཕལ་ཆེར་སྐྱིད་དེ་བར་གནས་ཤིང་རྟག་ཏུ་བདེ་བ་དང་ལྡན་ལ་ལུས་འཇམ་ཤ་ཅན་དུ་གྱུར་པས་འཆག་ཅིང་འགྲོ་བའི་སྤྱོད་ལམ་མ་བསྟེན་གྱི། རྟག་ཏུ་དལ་བར་འདུག་ལ་བསྐྱོད་ཅིང་རྩོལ་བ་མི་བྱེད་པ་དང༌། སྣད་པ་སྟེ་མཚོན་ཆའི་ཚོགས་ཀྱི་ཁྱད་པར་གང་ཡང་རུང་བས་སྣད་ཅིང་རྨ་བྱུང་བ་དང༌། སྦྱང་བ་མ་བྱས་ཏེ་དྲི་མའི་ཚོགས་མ་བསལ་ཅིང་མ་བཏོན་པས་མིའི་ཁྲག་འཁྲུགས་ཤིང་ལྡང་བར་འགྱུར་ཞིང་རླུང་སྐྱེད་ཅིང་འཁྲུགས་པའི་ཟས་ཁ་བ་དང༌། ཁུང་བུ་དང༌། བསྐ་བ་ལ་སོགས་པ་ཟོས་པ་ལ་གོམས་ཤིང་མང་དུ་བསྟེན་པས་རླུང་ནད་འཕེལ་ཞིང་དང་པོ་སོགས་པར་གྱུར་ལ། དེའི་འོག་ཏུ་འཁྲུགས་ཤིང་ལྡང་བར་གྱུར་ནས། ལམ་ལོག་པ་གཞན་དུ་ཞུགས་པ་དང༌། ཁྲག་ཀྱང་དེ་དང་འདྲ་བར་སོགས་ཤིང་འཕེལ་བ་དང༌། འཁྲུགས་ཤིང་ལྡང་བར་གྱུར་ནས་ལམ་འགག་པར་བྱ་བ་དེ་ཉིད་ཀྱིས་དང་པོར་གནོད་ཅིང་སྐྱེད་པར་འགྱུར་བ་ཡིན་ནོ། །དེ་ནི་ཕྱུག་པོའི་རླུང་ནད་དང༌། །འཐེང་ནད་སྟོབས་འཇིག་རླུང་ཁྲག་འདྲེས། །མིང་དུ་དེ་ནི་རྣམ་པར་བཤད། །ཅེས་བྱ་བ་ལ། དྲེག་ནད་དེ་ནི་ཕྱུག་པོའི་རླུང་ནད་དང་འཐེང་པོའི་ནད་དང་སྟོབས་འཇིག་པ་དང༌།


DTG201_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཁྲག་འདྲེས་པའི་ནད་ཅེས་བྱ་བར་མིང་གི་རྣམ་གྲངས་སུ་སློབ་དཔོན་གྱིས་བཤད་པ་ཡིན་ནོ། །དེ་ཡང་དང་པོར་རྐང་པར་རྒྱུ། །མཆོག་ཏུ་བཞོན་སོགས་འཕྱང་ལས་བྱུང༌། །ཞེས་བྱ་བ་ལ། དྲེག་ནད་དེ་ཡང་དང་པོར་རྐང་པ་གཉིས་སུ་རྒྱུག་ཅིང་འབྱུང་བར་འགྱུར་རོ། །མཆོག་ཏུའམ་ཁྱད་པར་དུ་ནི་རྟ་ལ་སོགས་པའི་བཞོན་པ་ལ་ཞོན་ཏེ། རྐང་པ་འཕྱང་བར་བྱས་པ་ལས་དེ་འབྱུང་བར་འགྱུར་རོ། །དེ་ཡི་འབྱུང་འགྱུར་མཚན་ཉིད་ནི། །མཛེ་ནི་འབྱུང་འགྱུར་མཚན་མར་མཚུངས། །དེ་བཞིན་ལུས་ཉམས་ཡན་ལག་ལྷོད། །པུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པའི་ཚིགས་རྣམས་སུ། །གཡའ་ཞིང་འགུལ་དང་ན་བ་དང༌། །ཆག་སྙམ་སེམས་ཤིང་ཚོར་མེད་ལྕི། །ཡང་དང་ཡང་དུ་ལྡང་བ་དང༌། །སླར་ཡང་ཞི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། དྲེག་ནད་དེ་ཕྱིས་འབྱུང་བར་འགྱུར་བའི་མཚན་ཉིད་སྔར་བྱུང་བའི་ཚུལ་ནི་མཛེ་འབྱུང་བར་འགྱུར་བའི་མཚན་མ་དང་མཚུངས་པ་ཡིན་ཏེ། ཤིན་ཏུ་འདར་བའམ་རེག་ན་རྩུབ། །ཚུལ་འབྱུང་མི་འབྱུང་མདོག་མི་སྡུག །ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཡིན་ནོ། །དེ་བཞིན་དུ་མཚན་མ་གཞན་ཡང་ལུས་ཉམས་ཤིང་ཤིག་ཤིག་པོར་འགྱུར་བ་དང༌། ཡན་ལག་རྣམས་ལྷོད་བ་དང༌། པུས་མོ་ལ་སོགས་པར་གཡའ་བ་ལ་སོགས་པའི་ནད་ཡང་དང་ཡང་དུ་ལྡང་ཞིང་ཡང་ཡང་དུ་སླར་ཞི་བར་འགྱུར་བ་དང༌། དེ་ནས་སླར་ལྡང་དུ་བ་བྱེད་པ་ཡིན་ནོ། །རྐང་པ་གཉིས་ཀྱི་རྩ་བར་གནས། །ལན་འགའ་ལག་པ་དག་དུ་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཞེས་བྱ་བ་ལ། དྲེག་ནད་དེ་རྐང་པ་གཉིས་ཀྱི་རྩ་བར་གནས་ཤིང་རྟེན་བྱས་ནས། ལན་འགའ་ནི་ལག་པ་གཉིས་ཀྱི་རྩ་བར་ཡང་གནས་པར་བྱེད་དེ། བྱི་བའི་དུག་ལྡང་བར་བྱེད་པ་དང༌། དང་པོར་ལུས་ཀྱི་ཕྱོགས་གཅིག་ཏུ་གནས་ནས། དེའི་འོག་ཏུ་ལུས་མ་ལུས་པར་ཁྱབ་ཅིང་མཆེད་པར་བྱེད་དོ། །ཐོགས་མར་པགས་པ་ཁྲག་ལ་གནས། །བྱུང་བ་རྟོགས་པར་སླ་ཞེས་བྱ། །ཞེས་བྱ་བ་ལ། དྲེག་ནད་དེ་ཐོག་མར་ཏེ་དང་པོར་པགས་པ་དང་ཁྲག་ལ་གནས་ཤིང་བརྟེན་ནས་བྱུང་བ་དེ་ནི་དྲེག་ནད་རྟོགས་པར་སླ་བ་ཞེས་བྱའོ། །དེ་ནས་རིམ་གྱིས་ལུས་ཟུངས་ཀུན། །ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ། །


DTG201_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་སྔར་བཤད་པ་ལས་གཞན་པའི་ལུས་ཟུངས་ཚིལ་ལ་སོགས་པ་ཀུན་ཁྱབ་ཅིང་ཞུ་བར་གྱུར་ནས་འབྱུང་བ་དེ་ནི་གཏིང་ན་གནས་ཏེ་རྟོགས་པར་དཀའ་བ་ཞེས་བྱའོ། །རྟོགས་སླ་པགས་གཡའ་ལ་སོགས་ལྡན། །ཟངས་ལྟར་དམར་དང་སྔོ་བ་དང༌། བྱ་རྨྱང་བཅས་ཤིང་རབ་དྲོ་ཚ། །ཞེས་བྱ་བ་ལ། དྲེག་ནད་རྟོགས་པར་སླ་བ་ནི་པགས་པ་གཡའ་བ་དང༌། འགུལ་བ་དང༌། གཟུགས་ལ་སོགས་པ་དང་ལྡན་པ་དང༌། དེ་བཞིན་དུ་ཟངས་ལྟར་དམར་བ་དང༌། སྔོ་བའི་མདོག་ཏུ་སྣང་བ་དང༌། བྱ་རྨྱང་བྱེད་འདོད་པ་དང་བཅས་པ་དང༌། མི་བཟད་པར་རབ་ཏུ་ཚ་བ་ཡིན་ནོ། །རྟོགས་དཀའ་སྔར་བས་ལྷག་པར་ན། །སྐྲང་ཞིང་མཁྲང་ལ་ཚོས་པར་བྱེད། །གཞང་དང་ཚིགས་དང་རུས་པ་རྐང༌། །བཅད་སྙམ་སེམས་ཤིང་ནང་དུ་རྒྱུ། །ཤུགས་དང་ལྡན་ཚེ་སྒུར་པོ་དང༌། །ཞ་པོ་འཐེང་བོར་བྱེད་འགྱུར་ལ། །ལུས་ནི་ཀུན་ཏུ་རྒྱུ་བ་ཡིན། །ཞེས་བྱ་བ་ལ། དྲེག་ནད་རྟོགས་པར་དཀའ་བ་ཞེས་བྱ་བ་ནི། དྲེག་ནད་སྔ་མ་རྟོགས་པར་བླ་བ་བས་ལྷག་པར་ན་ཞིང་གཏིང་ཟབ་པར་སྐྲང་བ་དང༌། མཁྲང་ཞིང་སྲ་བ་དང༌། ཚོས་ཤིང་སྨིན་པར་བྱེད་པ་དང༌། གཞང་ལ་སོགས་པ་བཅད་པ་སྙམ་དུ་སེམས་ཤིང་ནད་ནང་དུ་རྒྱུ་བ་དང་དེ་ཤུགས་དང་ལྡན་ཞིང་ཤས་ཆེར་བདེ་བའི་ཚེ་ན་སྒུར་པོའམ་འཇས་པའམ་འཐེང་པོར་བྱེད་པར་འགྱུར་བ་དང༌། རླུང་དེ་མགོ་ནས་རྐང་པའི་བར་དུ་ལུས་ཐམས་ཅད་དུ་རྒྱུ་ཞིང་འབྱམ་པ་ཡིན་ནོ། །དེ་ལ་རླུང་ཤས་ཆེ་གྱུར་ན། །གཟེར་འགུལ་ཟུག་པའི་ཤས་ཆེ་ཞིང༌། །སྐྲང་པ་རྩུབ་ཅིང་གནག་པ་དང༌། །སྔོ་ཞིང་འཕེལ་ལ་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམས་ཤིང་ལུས་བཅུམ་ཤིན་ཏུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་བ་མེད། །ཅེས་བྱ་བ་ལ། དེ་ལ་དྲེག་ནད་རླུང་གི་ཤས་ཆེ་བ་ནི་གཟེར་བ་ལ་སོགས་པར་འགྱུར་ཏེ། གཟེར་བ་ནི་རྒྱུན་མི་འཆད་པར་ན་བའོ། །ཟུག་པ་ནི་བར་བར་དུ་ཆད་ཅིང་སྡོད་དེ་ན་བའོ། །ལུས་བཅུམ་པ་ནི་ཡན་ལག་དམ་དུ་བཅངས་པ་སྙམ་སེམས་པའོ། །གྲང་བ་ལ་མི་དགའ་བ་ནི་གྲང་བ་ལ་སྡང་ཞིང་མི་དགའ་བའོ། །རེག་ན་བདེ་བ་ནི་གྲང་བདེ་ཉིད་ཀྱིས་རེག་ན་བདེ་བར་འགྱུར་བའོ། །ཁྲག་ཤས་ཆེ་སྐྲང་རབ་ཏུ་ཟུག །དམར་


DTG201_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚ་བ་ཙེག་ཙེག་བྱེད། །སྣུམ་དང་རྩུབ་པས་ཞི་མི་འགྱུར། །གཡའ་དང་འདྲུལ་བར་ལྡན་པ་ཡིན། །ཞེས་བྱ་བ་ལ། ཁྲག་གི་ཤས་ཆེ་ཞིང་རྒྱས་པ་ལས་བྱུང་བའི་དྲེག་ནད་ཀྱི་མདོག་དམར་བ་དང༌། ཡུངས་ཀར་བཏགས་པའི་ལྡེ་གུས་བསྐུས་བ་ལྟར་ཚ་བ་ཙེག་ཙེག་བྱེད་པ་དང༌། ཟས་དང་སྤྱོད་ལམ་སྣུམ་པ་དང་རྩུབ་པས་ཞི་ཞིང་བདེ་བར་མི་འགྱུར་བ་ཡིན་ནོ། །གཞན་ཡང་གཡའ་བ་ལ་སོགས་པ་དང་ལྡན་ནོ། །མཁྲིས་གྱུར་ཚ་ཞིང་རྨོངས་བག་དང༌། །རྡུལ་ཞིང་བརྒྱ་ལ་མྱོས་སྐོམ་དད་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །སྐྲང་ཞིང་སྨིན་ལ་ཤིན་ཏུ་དྲོ། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་ཞིང་བདོ་བ་ལས་གྱུར་པའི་དྲེག་ནད་ནི་ཚ་ཞིང་གདུང་པ་སྣ་ཚོགས་དང་ལྡན་པ་དང༌། རྨོངས་བག་ལ་སོགས་པ་དང་ལྡན་པར་འགྱུར་རོ། །བད་ཀན་གྱིས་འགུལ་མི་ཤེས་ལྕི། །ཚོར་མེད་སྣུམ་ཞིང་གྲང་བ་དང༌། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བར་གྱུར་པའི་དྲེག་ནད་ནི་འགུལ་མི་ཤེས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། །ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པའི་ལྡན་པ་ལས་བྱུང་བ་ནི། དྲེག་ནད་ཀྱི་མཚན་ཉིད་འདྲེན་མ་དང་ལྡན་པར་འགྱུར་རོ། །ནད་གཅིག་ལས་གྱུར་གསར་གསོ་སླ། །ཞེས་བྱ་བ་ལ། དྲེག་ནད་དེ་ནད་གཞི་གཅིག་ལས་བྱུང་བར་གྱུར་པ་དང༌། གསར་དུ་བྱུང་ཞིང་རིང་བོར་མ་ལོན་པ་ནི་གསོ་སླ་བ་ཡིན་ནོ། །ནད་གཉིས་ལས་བྱུང་འཚོ་བཙམ། །ཞེས་བྱ་བ་ལ། དྲེག་ནད་ནད་གཞི་གཉིས་ལས་བྱུང་བ་ནི་མི་ལ་བ་ཙམ་དུ་འཚོ་བར་ནུས་པ་ཙམ་ཡིན་ནོ། །འདུས་པ་ལས་གྱུར་ཆུ་སེར་འཛག །རེངས་དང་ཐོར་བུ་འཕྱང་བ་སྤང༌། །ཞེས་བྱ་བ་ལ། དྲེག་ནད་དེ་ནད་གཞི་གསུམ་ཆར་འདུས་པ་ལས་བྱུང་བ་དང༌། ཆུ་སེར་འཛག་པར་བྱེད་པ་དང༌། རེངས་ཤིང་འགྱུར་མི་ཤེས་པ་དང༌། ཐོར་བུ་འཕྱང་བར་བྱེད་པ་དེ་ནི་སྤང་ཞིང་དོར་བར་བྱའོ། །རླུང་ནི་ཡན་ལག་ཚིགས་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་པའི། །ནད་ཀྱིས་སྲོག་ནི་འཕྲོག་པར་བྱེད། །ཅེས་བྱ་བ་ལ། རླུང་ནི་ཡན་ལག་གི་ཚིགས་རྣམས་ཀྱི་ནང་དུ་ཞུགས་ཏེ་གནས་ནས་ཁྲག་རྒྱུ་བའི་ལམ་ལ་མྱུར་དུ་གནོད་ཅིང་འཇོམས་པར་


DTG201_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། རླུང་ཁྲག་དེ་གཉིས་འདྲེས་ཤིང་འཁྲུགས་པར་གྱུར་ན་རླུང་གི་ནད་ཀྱིས་མིའི་སྲོག་འཕྲོག་ཅིང་འཇོམས་པར་བྱེད་དོ། །ལྔ་ཡི་བདག་ཉིད་ཅན་རླུང་ལས། །སྲོག་རྩུབ་དྲག་ཤུལ་སྨྱུང་བ་དང༌། །འགྲངས་དྲགས་སྣད་དང་ལམ་གྱིས་དུ་བ། །ཤུགས་བཀག་ནན་གྱིས་བཙིར་བ་ཡིས། །འཁྲུགས་ནས་མིག་ལ་སོགས་པ་ལ། །ཉེ་བར་གནོད་པ་སྐྱེད་བྱེད་ཅིང༌། །ཆམ་པ་ཉམ་ཐག་སྐམ་ལུད་པ། །དབུགས་མི་བདེ་སོགས་ནད་མར་སྐྱེད། །ཅེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཞེས་བྱ་བའི་རླུང་ལྔ་ཡོད་པ་ལས་ཀྱང༌། སྲོག་ཅེས་བྱ་བའི་རླུང་ནི་རྩུབ་པ་ལ་སོགས་པས་འཁྲུགས་པར་གྱུར་ནས། མིག་ལ་སོགས་པའི་དབང་པོ་ལ་གནོད་པར་བྱེད་དེ། ཆམ་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་དོ། །སྟོད་རྒྱུ་སྦྲིད་པ་སྒྲེགས་པ་དང༌། །སྐྱུག་པ་གཉིད་ནི་བཀག་པ་དང༌། །ཁུར་ལྕི་འདེགས་དང་དྲག་ཏུ་ངུ༌། །དགོད་དྲགས་སོགས་ཀྱིས་ནད་འཁྲུགས་ཏེ། མགུལ་པ་འགགས་ཤིང་སེམས་ཉམས་ལ། །ཆམ་འདེབས་སློན་ཞིང་ཡི་ག་འཆུས། །མགུལ་པར་ལྦ་བ་སོགས་པར་སྐྱིད་ཅིང༌། །ནམ་ཚོང་ཡན་ཆད་རྟེན་ནས་སྐྱེད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བ་ཞེས་བྱ་བའི་རླུང་ནི་སྲིད་པ་བཀག་པ་ལ་སོགས་པས་འཁྲུགས་ཤིང་ལྡང་བར་བྱེད་དེ། མགུལ་པ་འགགས་པ་ལ་སོགས་པའི་ནད་རྣམས་དང༌། ནམ་ཚོང་ཡན་ཆད་ཀྱི་ནད་འདིར་མ་སྨོས་པ་གཞན་དག་ཀྱང་སྐྱེད་པར་བྱེད་དོ། །ཁྱབ་བྱེད་འགྲོ་དང་འདུག་དྲགས་དང༌། །རྩེད་མོ་དྲགས་དང་མི་བཟོད་སྤྱོད། །ཁ་ཟས་མི་མཐུན་རྩུབ་འཇིགས་དགའ། །ཡི་མུག་སོགས་ཀྱིས་འཁྲུགས་པར་གྱུར། །ཁུ་བ་སྟོབས་དང་སྤྲོ་བ་ཉམས། །སྐྲང་དང་སེམས་གཡེངས་རིམས་ཀྱིས་འདེབས། །ཡན་ལག་ཀུན་ལ་ཟུག་པ་དང༌། །སྤུ་བརྩེ་ཡན་ལག་ཚོར་བ་མེད། །མཛེ་དང་མེ་དཔལ་གཞན་ཡང་ནི། །ལུས་ཀུན་ཁྱབ་པའི་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་འགྲོ་དྲགས་པ་དང་འདུག་དྲགས་པ་ལ་སོགས་པས་འཁྲུགས་ཤིང་ལྡང་བར་གྱུར་ནས་ཁུ་བ་ཟད་ཅིང་ཉལ་པོ་མི་ནུས་པ་ལ་སོགས་པའི་ནད་རྣམས་དང༌། ལུས་ཀྱི་ཡན་ལག་མ་ལུས་པ་ལ་ཁྱབ་པའི་ནད་ཐམས་ཅད་སྐྱེད་པར་འགྱུར་


DTG201_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མཉམ་གནས་འདུ་བ་མ་སྙོམས་དང༌། །གྲང་དང་འདྲེན་མའི་ཟས་ཟོས་དང༌། །དུས་མིན་གཉིད་ལོག་མཚན་མོ་ནི། །གཉིད་མ་ལོག་ལ་སོགས་ཀྱིས་འཁྲུགས། །གཟེར་དང་སྐྲན་དང་ཕོ་ནད་སོགས། །ཞུ་དང་མ་ཞུར་གནས་ནད་སྐྱེད། །ཅེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་ནི་གནས་མ་སྙོམས་པ་དང༌། འདུ་བ་མ་སྙོམས་པ་ལ་སོགས་པས་འཁྲུགས་པར་གྱུར་ནས། གཟེར་ལ་སོགས་པའི་ནད་ཞུ་བ་དང་མ་ཞུ་བའི་གནས་ལ་བརྟེན་ཅིང་གནས་པ་རྣམས་སྐྱེད་ཅིང་འབྱུང་བར་བྱེད་དོ། །ཐུར་སེལ་ཟས་ནི་རྩུབ་ལ་ལྕི། །ཤུགས་བཀག་པ་དང་མི་སྲུན་བཞོན། །ཁྱོགས་དང་བཞོན་དང་སྟན་ལ་གནས། །འགྲོ་བ་བསྟེན་ནི་དྲགས་པ་ཡིས། །འཁྲུགས་ནས་གསོ་བར་དཀའ་བའི་ནད། ཞུ་བའི་གནས་ལ་བརྟེན་པ་སྐྱེད། །གཅིན་དང་ཁུ་ཆུའི་ནད་གཞང་འབྲུམ། །གཞང་འབྱུང་ལ་སོགས་མང་པོ་སྐྱེད། །ཅེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ནི་ཟས་རྩུབ་པ་ལ་སོགས་པ་དང་བཞོན་པ་དང༌། ཁྱོགས་ལ་སོགས་པ་བསྟེན་པར་དྲགས་ཤིང་ཡང་དང་ཡང་དུ་སྐྱོད་པར་བྱེད་པ་དག་གིས་འཁྲུགས་པར་གྱུར་ནས། གསོ་ཞིང་བཅོས་པར་དཀའ་བའི་ནད་ཞུ་བའི་གནས་ལ་བརྟེན་པ་དང་གཅིན་ནད་ལ་སོགས་པ་རྣམས་དང། གཞན་ཡང་ནད་མང་པོ་སྐྱེད་པར་འགྱུར་རོ། །རླུང་ཀུན་མ་ཞུར་ལྡན་པ་ནི། །སྙོམ་དང་འགུལ་མི་ཤེས་ཁོང་ལྕི། །སྣུམ་དང་སྒྱིད་ཞན་ཡི་ག་འཆུས། །གྲང་སྐྲན་མེ་དྲོད་ཉམས་བྱེད་ཅིང༌། །ཚ་དང་རྩུབ་པ་མངོན་འདོད་ཅིང༌། །དེ་ཟོས་བདེ་འགྱུར་ལས་ཤེས་བྱ། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པས་ཞུགས་པའི་རླུང་གི་ནད་ཀུན་མ་ཞུ་བ་དང་ལྡན་པ་ཡིན་པར་ནི་སྙོམ་ལས་ཤེས་པར་བྱའོ། །འགུལ་མི་ཤེས་པ་ནི་ལ་ལ་དག་ན་རེ་མུན་པར་ཞུགས་པ་སྙམ་བྱེད་པའི་ནད་ལ་བྱའོ་ཞེས་ཟེར་རོ། །ཚ་བ་ལ་སོགས་པ་མངོན་པར་འདོད་པ་ནི་དེ་ལ་དགའ་བ་དང༌། དེ་དག་ཉིད་ཟོས་པས་བདེ་བ་དང༌། རྗེས་སུ་འབྲེལ་པ་ཡིན་པ་ལས་ཤེས་པར་བྱའོ། །མ་ཞུ་བ་དང་མི་ལྡན་པ། །སྙོམ་སོགས་གོ་ནི་བཟློག་པ་ཡིན། །ཞེས་བྱ་བ་ལ། རླུང་ཐམས་ཅད་མ་ཞུ་བ་མི་ལྡན་ཞིང༌། །བྲལ་བའི་མཚན་ཉིད་ནི་བཤད་མ་ཐག་པའི་སྙོམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་ཤེས་པར་བྱའོ། །དེ་ནས་རླུང་གིས་འདྲེས་པ་ཡི། །དབྱེ་བ་


DTG201_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་མཁྲིས་ལ་སོགས་པའི་མང་པོ་དང་འདྲེས་ཤིང་ལྡན་པར་གྱུར་པ་ལས་འཁྲུགས་པའི་མཚན་ཉིད་ཀྱི་དབྱེ་བ་མང་པོ་གང་དག་ཡིན་པ་དེ་ཤེས་པར་བྱའོ། །མཁྲིས་པས་འདྲེས་རྟགས་ཚ་བ་དང༌། །སྐོམ་གཟེར་མགོ་འཁོར་མུན་འཐིབས་བྱེད། །ཚ་དྲོ་སྐྱུར་དང་ལན་ཚྭ་བྲོ། །ཚྭ་ཞིང་གྲང་བ་འདོད་པ་ཡིན། །ཞེས་བྱ་བ་ལ། རླུང་མཁྲིས་པ་དང་འདྲེས་ཤིང་དེ་དང་ལྡན་པའི་རྟགས་ནི་ལུས་ཚ་བ་དང༌། སྐོམ་པ་ལ་སོགས་པའི་ཚུལ་ལས་ཤེས་པར་བྱའོ། །བསིལ་ཞིང་ཁོང་ལྕི་གཟེར་བ་དང༌། །ཚ་བ་སོགས་པོས་སྨྱུང་བ་དང༌། །རྩོལ་དང་རྩུབ་པས་ལྷག་པར་བདེ། །དྲོད་འདོད་བད་ཀན་ལྡན་པ་ཡིན། །ཞེས་བྱ་བ་ལ། བད་ཀན་དང་འདྲེས་པའི་རླུང་གི་མཚན་ཉིད་ནི་བསིལ་བ་ལ་སོགས་པ་དང་ལྡན་ཞིང༌། རྟགས་ནི་ཚ་བ་དང་བསྐ་བ་དང་ཁ་བ་ཟོས་པ་དང༌། སྨྱུང་བ་ལ་སོགས་པས་ལྷག་པར་འགྱུར་བ་ཡིན་ནོ། །ཁྲག་བཅས་ཚ་ཞིང་ན་དང་བཅས། །པགས་པའི་ཤ་ནང་ཤིན་ཏུ་ཟུག །སྐྲང་པ་མདོག་དམར་འགྱུར་བ་དང༌། །ཐིག་ལེ་དམར་པོ་འབྱུང་བ་ཡིན། །ཞེས་བྱ་བ་ལ། རླུང་ཁྲག་དང་འདྲེས་ཏེ་འཁྲུགས་པ་ནི་ཚབ་ལ་སོགས་པ་དང་བཅས་པ་དང༌། སྐྲང་པའི་མདོག་དམར་བར་འགྱུར་བ་དང༌། ཐིག་ལེ་དམར་པོ་ཏལ་ཏིལ་འབྱུང་བར་འགྱུར་བ་ཡིན་ནོ། །ཤ་དང་འདྲེས་པ་མཁྲང་བ་དང༌། །མདོག་འགྱུར་འབྲུམ་བུ་ཕྲ་མོ་འབྱུང༌། །སྤུ་བརྩེ་ལུས་ལ་གྲོག་མ་ནི། །རྒྱུ་བ་སྙམ་དུ་སེམས་པར་འགྱུར། །ཞེས་བྱ་བ་ལ། ཤ་དང་འདྲེས་ནས་འཁྲུགས་པའི་རླུང་ནི་སྐྲང་པ་སྲ་ཞིང་མཁྲང་བ་དང༌། མདོག་མི་སྡུག་པར་འགྱུར་བ་དང༌། དེ་བཞིན་དུ་འབྲུམ་བུ་ཕྲ་མོ་ཡང་སྲ་ཞིང་མདོག་མི་སྡུག་པར་འགྱུར་བ་དང༌། སྤུ་བརྩེ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །ཚིལ་དང་འདྲེས་པ་གསོ་དཀའ་དང༌། །གཡོ་ཞིང་སྣུམ་ལ་འཇམ་གྲང་བར། །ལུས་ལ་གྲང་ཞིང་ཡི་ག་འཆུས། །དེ་ནི་ཕྱུག་པོའི་རླུང་ནད་ཡིན། །ཞེས་བྱ་བ་ལ། ཚིལ་དང་འདྲེས་བའི་རླུང་ནད་ནི་ཕྱུག་པོའི་རླུང་ཡིན་ནོ། །ཞེས་ཚིག་འདིས་ཤེས་པར་བྱ་སྟེ། ཡན་ལག་དེར་སྐྲང་པ་དང་གཡོ་ཞིང་འཕོ་བ་དང༌། སྣུམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རུས་པ་དང་ལྡན་རེག་ན་ཚ། །བཙིར་ན་མངོན་བར་དགའ་བ་དང༌། །ཁབ་ཀྱིས་རབ་ཏུ་གཙགས་སྙམ་བྱེད། །ཡན་ལག་ན་ཞིང་ཟུག་པ་ཡིན། ཞེས་བྱ་བ་ལ། རུས་པ་དང་འདྲེས་པའི་རླུང་ནད་ནི་རེག་ན་


DTG201_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་འུར་འུར་པོར་འདུག་པ་དང༌། ལག་པ་གཉིས་ཀྱིས་བཙིར་ཞིང་མན་ནན་མངོན་བར་དགའ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །རྐང་དང་ལྡན་ལ་ལུས་སྒུ་ཞིང༌། །གླལ་མང་དཀྲིས་པ་སྙམ་དུ་སེམས། །རབ་ཏུ་ན་ལ་ལག་གཉིས་ཀྱིས། །བཙིར་ན་བདེ་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། རྐང་དང་འདྲེས་ཤིང་ལྡན་པ་ལས་འཁྲུགས་པའི་རླུང་ནི་ལུས་གུད་ཅིང་སྒུར་བ་དང༌། གླལ་མང་དུ་འབྱུང་བ་དང༌། རས་ལ་སོགས་པས་དམ་དུ་དཀྲིས་པ་སྙམ་དུ་སེམས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཁུ་བ་དང་འདྲེས་དྲག་ཏུ་འབྱུང༌། །ཡང་ན་མི་འབྱུང་འབྲས་བུ་མེད། །ཅེས་བྱ་བ་ལ། ཁུ་བ་དང་འདྲེས་བའི་རླུང་ནི་ཁུ་པའི་ཤུགས་དྲག་ཏུ་འབྱུང་བར་བྱེད་པའམ། ཡང་ན་མི་འབྱུང་བར་འགྱུར་ཞིང༌། ཁུ་བའི་འབྲས་བུ་མངལ་དུ་ཆགས་བདེ་མེད་པར་འགྱུར་རོ། །ཟས་འདྲེས་ཁོང་བར་མ་ཞུ་ན། །ཞུ་ནས་ནད་དེ་བདེ་བར་འགྱུར། །ཞེས་བྱ་བ་ལ། རླུང་ཟས་དང་འདྲེས་བར་གྱུར་ན་ཟོས་མ་ཐག་ཁོང་བར་ན་ཞིང་གཟེར་བར་འགྱུར་ལ། ཟས་དེ་ཞུ་ནས་ནི་མེད་དེ་བདེ་བར་འགྱུར་རོ། །གཅིན་དང་རླུང་འདྲེས་ལྒང་པ་སྤོ། །གཅིན་ནི་འགགས་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཅིན་དང་རླུང་འདྲེས་ཏེ་འཁྲུགས་ན་ནི་ལྒང་པ་སྦོ་ཞིང་རླུང་གིས་གང་བ་དང༌། གཅིན་འགགས་ཤིང་སྲི་བར་འགྱུར་རོ། །བཤང་འདྲེས་ཐུར་དུ་འབྱུང་བ་འགགས། །རང་གི་གནས་སུ་ཡོངས་སུ་གཅོད། །སྣུམ་ཟོས་མྱུར་དུ་འཇུ་བར་འགྱུར། །ཟས་ཟོས་ལྟོ་ནི་སྤོས་པ་དང༌། །ཟས་ཀྱིས་བཤང་པ་ཕུལ་ནས་ནི། །ན་ཞིང་སྐམ་པོ་རྙོག་ཅན་འབྱུང༌། །ཞེས་བྱ་བ་ལ། བཤང་བ་དང་འདྲེས་པར་གྱུར་བའི་རླུང་ནི་ཐུར་དུ་འབྱུང་བའི་རྒྱུ་བ་འགགས་ཤིང་སྲི་བར་བྱེད་པ་དང༌། རང་གི་གནས་སུ་ཞུ་བའི་གནས་ཡོངས་སུ་གཅོད་ཅིང་གྲིས་གཅད་པ་སྙམ་དུ་བྱེད་པ་དང༌། དེ་ལ་སྣུམ་ཟོས་ན་མྱུར་དུ་ཇུ་ཞིང་སྨིན་པར་འགྱུར་བ་དང༌། ཟས་ཟོས་ན་ལྟོ་སྦོ་ཞིང་རྒྱས་པར་འགྱུར་བ་དང༌། དེ་ལ་ཟས་ཀྱིས་བཤང་བ་ཕུལ་ཞིང་བཙིར་ནས་དེའི་འོག་ཏུ་ན་བར་བྱེད་ཅིང་སྐམ་པ་དྲི་མ་ཅན་འབྱུང་བར་འགྱུར་རོ། །རླུང་ནི་ལུས་ཟུངས་ཀུན་དང་འདྲེས། །བརཱ་དང་ཆུ་སོ་རྒྱབ་ཏུ་ན། །རླུང་ནི་ལོག་སོང་མི་བདེ་ཞིང༌། །སྙིང་ནི་རབ་ཏུ་ན་བར་བྱེད། །ཅེས་བྱ་བ་ལ། རླུང་དངས་མ་ལ་སོགས་པའི་ལུས་ཟུངས་ཀུན་དང་འདྲེས་པར་གྱུར་ན། བརླ་ལ་


DTG201_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ན་བར་འགྱུར་རོ། །དེ་བཞིན་དུ་རླུང་ནི་ལམ་ལོག་པར་སོང་ཞིང་མི་མཐུན་པར་རྒྱུ་བ་དང༌། ཤིན་ཏུ་མི་བདེ་བར་བྱེད་པ་ལ་སོགས་པ་རླུང་གིས་བྱེད་པར་འགྱུར་རོ། །སྲོག་དང་མཁྲིས་པ་འདྲེས་གྱུར་འཁྲུགས། །མགོ་འཁོར་བརྒྱལ་དང་ལུས་ཚ་འགྱུར། །ལེགས་པར་མ་ཞུ་སློན་པར་བྱེད། །ཅེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་མཁྲིས་པ་དང་གཅིག་ཏུ་འདྲེས་ཏེ་འཁྲུགས་ཤིང་ལྡང་བར་གྱུར་ན་མགོ་འཁོར་བ་ལ་སོགས་པ་སྐྱེད་པ་དང༌། ཟས་ལེགས་པར་མ་ཞུ་བ་སྟེ། ཕྱེད་ཙམ་དུ་ཞུ་བའམ། མ་ཞུ་བ་ཉིད་ཀྱི་གནས་སྐབས་ན་སློན་པར་འགྱུར་རོ། །སྟོད་རྒྱུ་མགོ་འཁོར་སྩོགས་པ་དང༌། །ནང་དུ་ཚ་ཞིང་སྟོབས་ཟད་འགྱུར། །ཞེས་བྱ་བ་ལ། རླུང་སྟོད་དུ་རྒྱུ་བ་དེ་མཁྲིས་པར་གྱུར་ན། མགོ་འཁོར་བ་ལ་སོགས་པ་སྔར་བཤད་པ་དང༌། དེ་བཞིན་དུ་ཁོང་པའི་ནང་ཚ་ཞིང་སྟོབས་ཟད་པར་འགྱུར་རོ། །ཁྱབ་བྱེད་རྨོངས་བག་ལུས་ཀུན་ནི། །ཚ་ཞིང་ངལ་ལ་ལུས་སྤྱོད་འགག །ལུས་ཚ་ནད་དང་བཅས་པ་ཡིན། །ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་གྱུར་ན། རྨོངས་བག་ལ་སོགས་པ་འབྱུང་བ་དང༌། ལུས་ཀྱི་སྤྱོད་པའི་གཡོ་འགུལ་འགགས་ཤིང་མི་འབྱུང་བ་དང༌། ལུས་ཚ་བ་དང་བཅས་པ་དང༌། ན་བ་དང་བཅས་པ་ཡིན་ནོ། །མཉམ་གནས་དྲོད་ཀྱིས་གནོད་རྡུལ་ཆེ། །མི་དགའ་སྐོམ་དད་ཚ་བཅས་འགྱུར། །ཞེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་གྱུར་ན། དྲོད་ཀྱིས་ལུས་ལ་གནོད་པར་འགྱུར་བ་དང༌། རྡུལ་ཤས་ཆེར་འབྱུང་བ་དང༌། ཡིད་མི་དགའ་བ་ལ་སོགས་པ་དང་བཅས་པར་འགྱུར་རོ། །ཐུར་དུ་སེལ་བས་དྲི་མ་ནི། །ཁ་དོག་སེར་པོ་འབྱུང་པ་དང༌། །ཟླ་མཚན་ཆེར་འཕེལ་མོ་མཚན་དང༌། །ཕོ་མཚན་རྐུབ་ཏུ་ཚ་བར་འགྱུར། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་གྱུར་ན། དྲི་མ་ཞེས་བྱ་བ་བཤང་བ་དང་གཅི་བ་ཁ་དོག་སེར་ཞིང་ལྗང་བར་འབྱུང་བ་དང༌། བུད་མེད་ཀྱི་ཟླ་མཚན་འཕེལ་ཞིང་མོ་མཚན་དང་རྐུབ་ཚ་བ་དང༌། སྐྱེས་པའི་ཕོ་མཚན་དང༌། རྐུབ་ཚ་བར་འགྱུར་རོ། །སྲོག་ནི་བད་ཀན་འདྲེས་གྱུར་པ། །ལུས་ལྷོད་སྐོམ་དད་ཡི་ག་འཆུས། །མཆིལ་མང་སྒྲེགས་པ་སྦྲིད་མང་སློན། །དབུགས་འབྱུང་དབུགས་རྡུབ་ཐོགས་པ་ཡིན། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན།


DTG201_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྷོད་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྟོད་རྒྱུ་ལུས་ནི་ལྕི་བ་དང༌། །ཚིག་ཐོགས་སྐད་འགགས་ཡི་ག་འཆུས། །སྟོབས་དང་ཁ་དོག་ཉམས་པར་བྱེད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བ་ཞེས་བྱ་བའི་རླུང་བད་ཀན་དང་འདྲེས་བར་གྱུར་ན། ལུས་ལྕི་བ་ནས་བ་དོག་ཉམས་པའི་བར་དུ་བྱེད་པར་འགྱུར་རོ། །ཁྱབ་བྱེད་རུས་ཚིགས་རེངས་པ་དང༌། །ཡན་ལག་ཐམས་ཅད་ལྕི་བ་དང༌། །འགྲོས་ནི་ཤིན་ཏུ་འཁྱོར་བ་ཡིན། །ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། རུས་པ་དང་ཚིགས་རེངས་པ་ལ་སོགས་པ་དང༌། འགྲོས་ཤིན་ཏུ་འཁྱོར་ཞིང་འཁྲུལ་བར་འགྱུར་རོ། །མཉམ་གནས་ཡན་ལག་གྲང་བྱེད་ཅིང༌། །རྡུལ་མི་འབྱུང་ཞིང་དྲོད་ཆུང་འགྱུར། །ཞེས་བྱ་བ་ལ། མཉམ་དུ་གནས་པ་ཞེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། ལུས་ཀྱི་ཡན་ལག་ཤིན་ཏུ་གྲང་བ་ལ་སོགས་པར་འགྱུར་རོ། །ཐུར་སེལ་བཤང་དང་གཅི་བ་ནི། །བད་ཀན་བཅས་པར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཐུར་དུ་སེལ་བཞེས་བྱ་བའི་རླུང་ནད་བད་ཀན་དང་འདྲེས་པར་གྱུར་ན། བཤང་བ་དང་གཅི་བ་བད་ཀན་དང་བཅས་པར་ཕྱིར་འབྱུང་བར་འགྱུར་རོ། །དེ་ལྟར་རླུང་ནི་གཞན་འབྲེལ་པ། །ཉི་ཤུ་རྩ་གཉིས་ཡིན་ཞེས་བྱ། །ཞེས་བྱ་བ་ལ། དེ་ལྟར་ན་རྣམ་པ་དེ་དག་གི་ཚུལ་ཇི་ལྟར་བརྟགས་པ་འདིས་རླུང་གི་ནད་གཞན་དང་འབྲེལ་ཞིང་འདྲེས་པ་ལས་བྱུང་བ་ཉི་ཤུ་རྩ་གཉིས་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་མཁྲིས་པ་དང་བད་ཀན་གཉིས་དང་ཁྲག་ལ་སོགས་པ་ལུས་ཟུངས་དྲུག་དང་ཟས་དང་གཅི་བ་དང་བཤང་བ་དང་ལུས་ཟུངས་ཀུན་དང་འདྲེས་པ་དང༌། སྲོག་ལ་སོགས་པ་ལྔ་མཁྲིས་པ་དང་འདྲེས་པ་ལྔ་དང༌། བད་ཀན་དང་འདྲེས་པ་ལྔ་སྟེ། དེ་ལྟར་ཉི་ཤུ་རྩ་གཉིས་ཡིན་ནོ། །དེ་བཞིན་སྲོག་ལ་སོགས་པའི་རླུང༌། །ཕན་ཚུན་རིམ་བཞིན་འདྲེས་གྱུར་པ། །ཀུན་ཀྱང་འཁྲུགས་པར་གྱུར་པ་དེ། །ཉི་ཤུར་འགྱུར་བ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། སྲོག་ལ་སོགས་པའི་རླུང་ལྔ་པོ་ཕན་ཚུན་གཅིག་ཅིང་འདྲེས་པར་གྱུར་པ་ནི་རིམ་བཞིན་དུ་རྣམ་པ་ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་སྲོག་ལ་སོགས་པ་བཞི་པོ་དང༌། རིམ་བཞིན་དུ་འདྲེས་པར་གྱུར་པ་ལས་རླུང་ལྔ་པོ་དེ་དག་རེ་རེ་ཞིང་བཞི་བཞིར་འགྱུར་ཏེ། དེ་ལྟར་ན་ཉི་ཤུར་འགྱུར་རོ། །དེ་ཡང་སྲོག་ཅེས་བྱ་བའི་རླུང་ནི་


DTG201_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་དུ་རྒྱུ་བ་ལ་སོགས་པའི་རླུང་དང་སོ་སོར་འདྲེས་པར་གྱུར་ལ། སྟོད་དུ་རྒྱུ་བ་ནི་སྲོག་ལ་སོགས་པ་བཞི་དང་འདྲེས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །སྲོག་དང་སྟོད་རྒྱུ་ལྷན་ཅིག་འཁྲུགས། །དབུགས་འབྱུང་དབུགས་རྔུབ་དཀའ་བ་དང། །ཆམ་འདེབས་མགོ་འཁོར་ན་བར་བྱེད། །སྙིང་ན་ཁ་ནི་སྐོམ་པར་འགྱུར། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་སྟོད་དུ་རྒྱུ་བའི་རླུང་དང་ལྷན་ཅིག་འཁྲུགས་པར་གྱུར་ན་དབུགས་དབྱུང་བ་དང༌། རྔུབ་པ་དཀའ་ཞིང་འགགས་པར་འགྱུར་བ་དང༌། དེ་བཞིན་དུ་ཆམ་པས་འདེབས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྟོད་རྒྱུའི་རླུང་ནི་སྲོག་དང་འདྲེས། །མདོག་དང་གཟི་མདངས་སྟོབས་ཟད་བྱེད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བའི་རླུང་ནི་སྲོག་ཅེས་བྱ་བའི་རླུང་འཁྲུགས་པར་བྱས་ཤིང་འདྲེས་པར་གྱུར་ན་མདོག་ལ་སོགས་པ་ཟད་པར་བྱེད་དོ། །ཕྱོགས་འདིས་འགྲེས་པ་ལྷག་མ་རྣམས། །སྨན་པས་ཉེ་བར་སྦྱར་བར་བྱ། །རླུང་གི་གནས་དང་འཕེལ་དང་འབྲི། །ལས་རྣམས་ལེགས་པར་བརྟག་པར་བྱའོ། །ཞེས་བྱ་བ་ལ། ཕྱོགས་ཙམ་བསྟན་པའི་ཚུལ་འདིས་རླུང་ལྔ་པོ་ཐམས་ཅད་ཀྱི་འགྲེས་པའི་ཚུལ་བཤད་པ་ཡིན་ནོ། །དེའི་ཆ་སྨན་པས་ཉེ་བར་སྦྱར་བར་བྱ་ཞིང་ཤེས་པར་བྱ་སྟེ། སྲོག་ལ་སོགས་པ་རླུང་ལྔ་པོའི་གནས། ནད་ཀྱི་བྱེ་བྲག་ཤེས་པ་ལས་བཤད་པའི་ཚུལ་གྱིས་བརྟགས་ཤིང་ཉེ་བར་དཔྱད་པ་དང༌། དེ་བཞིན་དུ་དེའི་ལས་མཆིལ་སྣབས་འདོར་བ་ལ་སོགས་པ་ལས་འཕེལ་བ་དང་འབྲི་བ་བརྟག་པར་བྱའོ། །དེས་ན་འདི་སྐད་སྟོན་ཏེ། རླུང་འདི་ནི་གནས་འདི་ན་གནས་པ་ལ། དེ་ལ་གནས་ནས་ལས་འདི་དག་བྱེད་པར་བཤད་ལ། དེ་ནི་ད་ལྟར་ཚུལ་འདིས་འཕེལ་བའམ་འབྲི་བར་སྣང་བས་ན། དེའི་ཕྱིར་དེ་ནི་འདིས་བསྒྲིབས་ཤིང་འདི་དང་འདྲེས་པ་ཡིན་ནོ། །ཞེས་རྗེས་སུ་དཔག་པར་བྱའོ། །སྲོག་ལ་སོགས་པ་ལྔ་པོ་ནི། །འཁྲུགས་པས་ཕན་ཚུན་འདྲེས་པ་ཡིན། །ཞེས་བྱ་བ་ལ། སྲོག་ལ་སོགས་པ་རླུང་ལྔ་པོ་དག་ནི་ཕན་ཚུན་འཁྲུགས་ཤིང་སྒྲིབ་པར་བྱེད་པ་དང༌། འཁྲུགས་པར་བྱས་པའི་ཚུལ་གྱིས་ནད་སྐྱེད་པས་ཕན་ཚུན་གཅིག་ལ་གཅིག་


DTG201_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཤིང་བསྒྲིབས་ལ་འཁྲུགས་པར་བྱེད་པ་ཡིན་ནོ། །མཁྲིས་པ་ལ་སོགས་བཅུ་གཉིས་དང༌། །འདྲེས་པར་གྱུར་ཏེ་འདྲེན་མ་ཡིན། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པ་རླུང་ལྔ་པོ་དེ་དག་ནད་བཅུ་གཉིས་ལུས་ཟུངས་དྲུག་དང༌། ཁྲག་དང་ཟས་དང་བཤང་བ་དང༌། གཅི་བ་དང་འདྲེས་པ་སྟེ། རྣམ་པ་བཅུ་གཉིས་ཡིན་ནོ། །འདྲེས་པ་དེ་ནི་འདྲེན་མ་ཡིན་ཏེ། སྲོག་ཅེས་བྱ་བའི་རླུང་དེ་ལ་སོགས་པ་དེ་དག་གིས་འདྲེས་པར་གྱུར་ན་འདྲེན་མ་ཡིན་ཏེ། ཕན་ཚུན་འདྲེ་བར་བྱེད་པ་དང༌། འདྲེ་བར་བྱ་བའི་ངོ་བོར་གནས་པ་ཡིན་ནོ། །མཁྲིས་པ་སོགས་ལས་འདྲེས། ཞེས་བྱ་བ་ལ། མཁྲིས་པ་ལ་སོགས་པ་གཉིས་ལ་སོགས་པར་ཕྲད་པའི་འདྲེས་པར་གྱུར་པའོ། །དེ་བཞིན། །འདྲེན་མ་རྣམ་པ་དུ་མ་ཡིན། །རབ་དང་རབ་མཆོག་བརྟགས་པ་ཡིས། །འདྲེས་པ་གྲངས་མེད་འགྱུར་བ་ཡིན། །ཞེས་བྱ་བ་ལ། དེ་དང་མཚུངས་པས་ན་དེ་བཞིན་ཏེ། སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་དང༌། མཁྲིས་པ་ལ་སོགས་པ་དེ་དང་འདྲེས་པར་གྱུར་པ་རྣམ་པ་མང་པོས་ནད་ཀྱི་འདྲེན་མ་ནི་རྣམ་པ་དུ་མ་ཡིན་ཏེ། གྲངས་མེད་པར་འགྱུར་བ་དང༌། རབ་དང་རབ་མཆོག་གི་དབྱེ་བའི་བརྟགས་པས་གྲངས་མེད་པར་འགྱུར་ཏེ། སྲོག་ལ་སོགས་པ་དང་མཁྲིས་པ་ལ་སོགས་པ་ཅུང་ཟད་རབ་ཏུ་ལྷག་པ་དང༌། རབ་མཆོག་ཏུ་ལྷག་པ་སྟེ། དེ་ལྟར་བརྟགས་པ་རྣམ་པ་དུ་མར་ཕྱེ་བས་འདྲེས་པའི་ཚུལ་ནི་གྲངས་མེད་པར་འགྱུར་ཏེ། རྩིས་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་རང་གི་མཚན་ཉིད་དང༌། །རིམ་གྱིས་བདེ་བར་འགྱུར་བ་ལས། །རྟོགས་དཀའ་ཡིན་ཏེ་ཡང་ཡང་བརྟག །མ་ཡེངས་པས་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། འདྲེས་པའི་ནད་དེ་སྲོག་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་དཔག་ཏུ་མེད་པའི་དབྱེ་བས་ཕྱེ་བ་ནི་ཤིན་ཏུ་རྟོགས་པར་དཀའ་ཞིང་ཤེས་པར་མི་ནུས་པ་ཡིན་དུ་ཟིན་ཀྱང༌། རང་གི་མཚན་ཉིད་འབྱུང་བའི་ཚུལ་རང་རང་གི་ནད་ཀྱི་རྟགས་ཇི་ལྟར་བྱུང་བ་དང༌། རིམ་གྱིས་བདེ་བར་འགྱུར་བ་སྟེ། ཟས་དང་སྤྱོད་ལམ་ལ་སོགས་པ་སྣ་ཚོགས་ཀྱི་ཉེ་བར་སྦྱོར་བ་དང༌། རང་ཉིད་ཀྱིས་གོམས་པར་གྱུར་པ་ལས་རྟོགས་པར་དཀའ་བ་ཡིན་དུ་ཟིན་ཀྱང་ཡང་དང་ཡང་དུ་བརྟག་པར་བྱ་ཞིང་སྨན་པས་མ་ཡེངས་ཤིང་དེ་ཤེས་པ་ལ་


DTG201_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པར་སེམས་གཞན་དུ་མ་འཕྱོས་པར་ཤེས་ཤིང་རྟོགས་པར་བྱའོ། །ཁྱད་པར་སྲོག་ནི་འཚོ་བ་ཡིན། །སྟོད་དུ་རྒྱུ་བ་སྟོབས་ཞེས་བརྗོད། །དེ་གཉིས་གནོད་པར་གྱུར་པ་ལས། །ཚེ་དང་སྟོབས་ནི་ཟད་པར་འགྱུར། །ཞེས་བྱ་བ་ལ། ཁྱད་པར་རམ་མཆོག་ཏུ་རླུང་ཐམས་ཅད་ལས་སྲོག་ཅེས་བྱ་བའི་རླུང་ནི་འཚོ་བ་ཞེས་བྱ་བ་ཡིན་ལ། སྟོད་དུ་རྒྱུ་བའི་རླུང་ནི་སྟོབས་ཞེས་བྱ་བ་ཡིན་པར་བརྗོད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ནི་སྲོག་ཅེས་བྱ་བ་དང༌། སྟོད་དུ་རྒྱུ་བ་དེ་གཉིས་ལས་གནོད་པར་གྱུར་ཅིང་འདྲེས་པར་གྱུར་ན་རང་གི་ལས་ཉམས་ཤིང་དེ་བཞིན་དུ་ཚེ་དང་སྟོབས་ཟད་པར་འགྱུར་རོ། །རླུང་ནི་འདྲེས་པ་མ་ཤེས་པའམ། །ཤེས་ཀྱང་ལོ་གཅིག་ལོན་པ་ནི། །འབད་ཀྱང་གསོ་དཀའ་ཡིན་པའམ། །གསོ་བའི་ཐབས་ནི་མེད་པ་ཡིན། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་ཕན་ཚུན་འདྲེས་པར་གྱུར་པའམ། རེ་རེ་མཁྲིས་པ་ལ་སོགས་པ་དང་འདྲེས་པ་ལས་འདྲེན་མ་དུ་མར་གྱུར་པ་ལས་དེ་མ་ཤེས་ཤིང་མ་རྟོགས་པའམ། ཕྱིན་ཅི་མ་ལོག་པར་ཤེས་སུ་ཟིན་ཀྱང་འཁྲུགས་ནས་ལོ་གཅིག་ལོན་ཅིང་འདས་པར་གྱུར་པ་ནི་རབ་ཏུ་འབད་པས་གསོས་ཀྱང་གསོ་བར་དཀའ་བ་ཡིན་ཞིང་ཚེགས་ཆེན་པོས་བཅོས་པར་མི་ནུས་པ་ཡིན་པའམ། ཡང་ན་རྣམ་པ་ཐམས་ཅད་དུ་གསོ་བའི་ཐབས་མེད་པ་ཡིན་ནོ། །དེ་བས་ན་འདྲེན་མ་དེ་ནི་ངེས་པས་བརྟག་ཅིང་ཤེས་པར་བྱ་དགོས་སོ། །འདྲེས་ནད་ཡལ་བར་བོར་ན་ནི། །ཁོང་འབྲས་མཆེར་པ་སྙིང་ནད་དང༌། །སྐྲན་དང་མེ་དྲོད་ཉམས་ལ་སོགས། །བླ་བརྣན་དེ་ལས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རླུང་གི་འདྲེན་མེད་དག་ཡལ་བར་བོར་ཞིང་གསོ་བར་མ་བྱས་ན། ཁོང་འབྲས་ལ་སོགས་པའི་བླ་བརྣན་འབྱུང་བར་འགྱུར་ཏེ། དེ་བས་ན་ཤིན་ཏུ་འབད་པས་དེ་བསྲུང་ཞིང་གསོ་བ་དང་བཅོས་པ་ཁོ་ནར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པ་སྟེ་གནས་གསུམ་པའི་འགྲེལ་པ་རྫོགས་སོ།། །།


DTG201_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིམས་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་གནས་ཀྱི་འོག་ཏུ་གསོ་བའི་གནས་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་ནད་ཡོངས་སུ་བརྟགས་ནས་དེའི་རྗེས་ལ་གསོ་བ་བྱ་དགོས་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། དང་པོ་ནད་ནི་ཡོངས་བརྟགས་ལ། །དེ་རྗེས་སྨན་ནི་བརྟག་བྱ་ཞིང༌། །དེ་ནས་ལས་བྱ་སྨན་པ་ཡིས། །ཤེས་པ་སྔོན་འགྲོས་ཡང་དག་སྤྱད། །ཅེས་བཤད་པ་ཡིན་ནོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ནི། གཞུང་རྩམ་པར་བྱེད་པ་བདག་ཉིད་སྨན་དཔྱད་ཀྱི་ལུང་གི་རྗེས་སུ་འཇུག་པ་ཡིན་པར་སྟོན་པ་ཡིན་ནོ། །གང་ཕྱིར་མ་ཞུ་གནས་མ་ཞུ། །རྒྱུན་སྲང་བཀག་སྟེ་མེ་དྲོད་ཉམས། །རིམས་ཀྱིས་ཉེས་པ་སྐྱེད་བྱེད་པས། །སྔོན་ཚུལ་བྱུང་དང་རིམས་སོགས་ལའང༌། །དེ་ཕྱིར་སྨྱུང་བ་བྱ་དགོས་ལ། །སྟོབས་ནི་འབད་པས་བསྲུང་བར་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་མ་ཞུ་བའི་གནས་ལ་གནས་པའི་ནད་རླུང་ལ་སོགས་པ་གང་ཡིན་པ་དེ་མ་ཞུ་བ་དང་བཅས་པར་གནས་པ་ན་མ་ཞུ་བ་སྟེ། དེས་རྒྱུན་སྲང་གི་བུ་ག་བཀག་ཅིང་རྒྱུར་མི་རུང་བར་བྱས་ནས་ཁོང་པའི་མེ་དྲོད་ཉམས་ཤིང་འབྲི་བར་བྱེད་ནས་རིམས་སྐྱེད་ཅིང་འབྱུང་བར་བྱེད་པས་ན། དེའི་ཕྱིར་རིམས་ལ་ནི་དང་པོ་སྨྱུང་བ་བྱ་དགོས་སོ། །རིམས་ཕྱིས་འབྱུང་བར་འགྱུར་བའི་སྔོན་གྱི་ཚུལ་གསལ་བར་འབྱུང་ཞིང་སྣང་བར་གྱུར་པའམ། རིམས་ལ་སོགས་པ་གསལ་བ་ཉིད་དུ་སྣང་ན་ཡང་སྨྱུང་བ་བྱ་ཞིང༌། ནད་པའི་ཉམས་སྟོབས་འབད་པས་བསྲུང་ཞིང་བསྐྱང་བར་བྱའོ། །སྟོབས་ནི་ནད་མེད་པ་ཡི་གནས། །བྱ་བའི་རིམས་ནི་ནད་མེད་དོན། །ཞེས་བྱ་བ་ལ། ནད་མེད་པ་ནི་བདེ་བར་གནས་པ་སྟེ། དེ་ནི་ལུས་ཀྱི་ཉམས་སྟོབས་ལ་གནས་ཤིང་བརྟེན་པ་ལས་འབྱུང་བར་འགྱུར་བ་ཡིན་ནོ། །གང་འདི་ནད་བསལ་བར་བྱ་བའི་ཕྱིར་གསོ་བའི་དཔྱད་དུ་བྱེད་པའི་མཚན་ཉིད་ཅན་དེ་ཡང་ནད་མེད་པའི་དོན་ཡིན་པ་དེའི་ཕྱིར་བྱེད་པ་ཡིན་ནོ། །སྨྱུང་བྱས་ནད་ནི་ཉམས་སྨད་ཅིང༌། །མེ་དྲོད་སྐྱེད་དང་ཁོང་ཡང་འགྱུར། །བདེ་ཞིང་བཀྲེས་སྐོམ་ཡི་ག་འབྱེད། །ཟས་འཇུ་སྟོབས་དང་མདངས་སྐྱེད་འགྱུར། །ཞེས་བྱ་བ་ལ། དང་པོར་སྨྱུང་བ་བྱས་པས་ནད་ཉམས་སྨད་པར་བྱས་


DTG201_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། དེ་བཞིན་དུ་ཕོ་བའི་མེ་དྲོད་སྐྱེད་ཅིང་འབྱུང་བ་དང་ནད་ཉམས་སྨད་པས་ཡང་ཞིང་རིམས་བྲི་བར་གྱུར་ན་བདེ་ཞིང་ཐ་མལ་པ་ཉིད་དུ་གནས་པ་དང༌། བཀྲེས་ཤིང་ཟས་འདོད་པ་དང༌། སྐོམ་སྟེ་བཏུང་བ་འདོད་པ་དང་ཡི་ག་བྱེ་སྟེ་ཟས་འདོད་པ་སྐྱེ་བ་དང༌། ཟས་འཇུ་ཞིང་སྨིན་པར་འགྱུར་བ་དང༌། སྟོབས་དེ་ནུས་པ་སྐྱེ་བར་འགྱུར་བ་དང༌། མདངས་ཞེས་བྱ་བ་ལུས་ཟུངས་ཐམས་ཅད་བརྟས་པར་བྱེད་པ་སྐྱེ་བར་འགྱུར་རོ། །དེ་ལ་ཕལ་ཆེར་བད་ཀན་ནད། །གློངས་དང་གཡོས་པར་གྱུར་པ་དང༌། །དང་གར་འཁྱིལ་བཅས་མཆིལ་མ་མང༌། ཟས་ལ་མི་དགའ་ལུད་པ་གསུད། །ཟོས་མ་ཐག་ཏུ་རིམས་འདེབས་པ། །ཁྱད་པར་དུ་ནི་མ་ཞུར་འབྱུང༌། །སྐྱུག་སྨན་བཏང་འོས་སྐྱུག་སྨན་བསྔགས། །ཞེས་བྱ་བ་ལ། རིམས་དེ་ལ་དྲི་མ་སྟེ་ཕལ་ཆེར་བད་ཀན་ལ་སོགས་པ་ནད་གཞན་ལ་ལྟོས་ན་ཤས་ཆེ་ཞིང་སྟོབས་དྲག་པ་དང༌། གློངས་ཤིང་བསྐྱོད་པ་དང༌། གཡོས་པ་སྟེ་ཕལ་ཆེར་ཕྱིར་འབྱུང་དུ་ཉེ་བར་གྱུར་པ་དང༌། དེ་བཞིན་དུ་ནད་གང་དང་གར་འཁྱིལ་ཞིང་མེར་མེར་བོར་གྱུར་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བད་ཀན་དེ་ལ་སྐྱུག་སྨན་བཏང་བ་བསྔགས་པ་ཡིན་ལ། དེ་ཡང་གང་ཞིག་ལ་གཏང་ཞེ་ན། སྐྱུག་སྨན་བཏང་བར་འོས་པ་སྟེ། སྔར་སྐྱུག་སྨན་བཏང་བའི་ཆོ་གའི་སྐབས་སུ་བཤད་པའི་སྐྱུག་སྨན་བཏང་བར་འོས་པ་ལ་གཏང་བར་བྱའོ། །དེ་ལས་གཞན་དུ་བྱས་ན་ནི། །དབུགས་མི་བདེ་དང་ཚད་འཁྲུ་སློན། །སྙིང་ནད་མི་བཟད་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ། སྐྱུག་སྨན་བཏང་བ་དང། དེ་ལས་གཞན་པ་སྟེ་ནད་མ་གློངས་པ་ལ་སོགས་པའི་ཚུལ་བཏང་བར་གྱུར་ན་དབུགས་མི་བདེ་བ་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར་རོ། །པོ་སོན་པི་པི་ལིང་བཅས་པ། །དུག་མོ་ཡུངས་སམ་ཤིང་མངར་ནི། །ཆུ་དྲོན་སྦྲང་རྩིར་བཅས་པའམ། །ཡང་ན་རྒྱ་མཚར་ལྡན་པ་བླུད། །ཀར་ཀ་ཏ་འམ་པ་ཏོ་ལ། །ནིམ་པ་སྤ་ཡི་ལོ་མའི་ཆུའམ། །འབྲས་ཡོས་ཀྱི་ནི་སྐྱོ་མའམ། །བུ་རམ་ཤིང་ཁུའང་ཆང་སྦྱར་བཏུང༌། །ཞེས་བྱ་བ་ལ། དེ་ལ་པོ་སོན་ཆ་ནི་མ་དན་ཕ་ལ་སྟེ། དེ་པི་པི་ལིང་ལ་སོགས་པ་དང་བཅས་ཤིང་སྦྱར་བ་དང༌། ཡང་ན་དུག་མོ་ཉུང་ཏེ། ཨིནྡྲ་


DTG201_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བ་དང་བཅས་པ་དང༌། ཡང་ན་ཤིང་མངར་ཞེས་པ་མ་དུ་ཡཥྚི་དང་བཅས་པ་དང༌། ཆུ་དྲོན་ཞེས་པ་ཆུ་དྲོ་འཇམ་ཙམ་དང་སྦྲང་རྩི་དང་སྦྱར་བ་བླུད་པའམ། ཡང་ན་རྒྱམ་ཚ་དང་བཅས་པའི་ཆུ་དྲོན་པོ་དག་བླུད་པར་བྱའོ། །ཡང་ན་ཀར་ཀ་ཏ་ལ་སོགས་པ་གང་ཡང་རུང་བའི་ལོ་མ་བསྐོལ་བའི་ཆུ་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་འབྲས་ཡོས་ལས་བྱས་པའི་སྐྱོ་མའམ། བུ་རམ་ཤིང་གི་ཁུ་བའམ། ཆང་སྣ་ཚོགས་པ་ཇི་ལྟར་འོས་པ་དང་པོ་སོན་ཆ་བླུད་པར་བྱའོ། །ཉམས་སྟོབས་དུས་ཀྱི་དབྱེ་ཤེས་པས། །ཆོ་གའི་གནས་ལས་བཤད་པ་ཡི། །སྐྱུག་སྨན་དག་ནི་རབ་ཏུ་གཏང༌། །ཞེས་བྱ་བ་ལ། ཉམས་སྟོབས་དང་དུས་ཀྱི་དབྱེ་བ་ཤེས་པའི་སྨན་པ་གང་ཡིན་པ་དེས་ཆོ་གའི་གནས་ལས་བཤད་པ་སྟེ་སྐྱུག་སྨན་དག་གཏང་ཞིང་སྦྱིན་པར་བྱའོ། །སྐྱུག་སྨན་གྱི་ནི་སྦྱོར་བ་དག །བྱས་པར་གྱུར་ཏམ་མ་བྱས་ཀྱང༌། །རིམས་ནད་ཅན་ལ་རྣམ་སྦྱང་བྱ། །ནད་ནི་བསྐྱོད་པར་གྱུར་པ་དག །སྨིན་དང་ཞི་བར་བྱ་ཕྱིར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་གས་སྐྱུག་སྨན་གྱི་སྦྱོར་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་རིམས་ནད་ཅན་གྱི་སྐྱེས་བུ་ལ་སྨྱུང་བ་ལ་སོགས་པའི་རྣམ་པར་སྦྱང་བའི་ཆོ་ག་བྱ་སྟེ། ཅིའི་ཕྱིར་ཞེ་ན། རིམས་སྐྱེད་པར་བྱེད་པའི་ནད་གློངས་ཤིང་བསྐྱོད་པར་བྱ་བ་དག་སྨིན་ཅིང་མ་ཞུ་བ་མེད་པར་བྱ་བའི་ཕྱིར་དང་ཞི་ཞིང་བསལ་བར་བྱ་བའི་ཕྱིར་རྣམ་པར་སྦྱང་བའི་ཆོ་ག་བྱའོ། །ཐལ་བས་གཡོགས་པའི་མེ་བཞིན་དུ། །མ་ཞུས་ཁེབས་ཟས་འཇུ་མི་འགྱུར། །དེ་བས་ཉེས་པ་སྨིན་བྱའི་ཕྱིར། །རིམས་དང་ལྡན་ལ་སྨྱུང་བ་བྱ། །ཞེས་བྱ་བ་ལ། ཕོ་བའི་མེ་དྲོད་རླུང་ལ་སོགས་པའི་ནད་ཀྱི་སྐྱོན་གཞན་གྱིས་གཡོགས་ཤིང་ཁེབས་པར་གྱུར་ན་ཟས་འཇུ་བར་བྱེད་མི་ནུས་པ་སྟེ། དཔེར་ན་ཕྱི་རོལ་གྱི་མེ་ཐལ་བས་གཡོགས་པར་གྱུར་ན་དངོས་པོ་འཚེད་ཅིང་སྨིན་པར་བྱེད་མི་ནུས་སོ། །དེ་བཞིན་དུ་ནང་གི་མེ་ཡང་མ་ཞུ་བས་ཁེབས་ཤིང་གཡོགས་ན་ཟས་འཇུ་བར་མི་ནུས་སོ། །དེ་བས་ན་རིམས་དང་ལྡན་པའི་མི་ལ་ནི་དང་པོ་ཁོ་ནར་སྨྱུང་བ་བྱ་བ་གཅེས་ཏེ། དེ་ཡང་ནད་ཀྱི་ཉེས་པ་སྨིན་པར་གྱུར་གྱི་བར་དུ་བྱ་ཞིང་ནད་མ་ཞུ་བ་མེད་པར་གྱུར་གྱི་བར་དུ་དེ་ལ་སྨྱུང་བ་བྱའོ། །རླུང་དང་བད་ཀན་རིམས་སྐོམ་དང༌། །


DTG201_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཚན་ཉུང་ཤས་ཉུང་ཤས་བཏུང༌། །དེས་ནི་བད་ཀན་ཞུ་གྱུར་ནས། །སྐོམ་དང་མྱུར་དུ་སེལ་བར་བྱེད། །མེ་དྲོད་སྐྱེད་ཅིང་བུ་གའི་རྒྱུན། །འཇམ་པར་བྱས་ནས་སྦྱོང་བར་བྱེད། །ཞེན་པའི་རླུང་མཁྲིས་རྡུལ་དང་ནི། །བཤང་གཅི་བདེ་བར་འབྱིན་པར་བྱེད། །གཉིད་རྨོངས་ཡི་ག་འཆུས་པ་སེལ། །སྲོག་ནི་འཛིན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱི་རིམས་ལ་ནད་པ་སྐོམ་དད་སྐྱེས་པར་གྱུར་ན་ཆུ་བསྐོལ་བཏུང་བར་བྱ་སྟེ། དེ་ཡང་ཆུ་ཚན་ཉུང་ཤས་ཅུང་ཞིག་བཏུང་བར་བྱའོ། །དེས་ཅི་ཞིག་བྱེད་ཅེ་ན། ཆུ་ཚན་དེས་རྩ་སྤུབས་ཀྱི་རྒྱུན་སྲང་འགག་པར་བྱེད་པའི་བད་ཀན་འཐས་པའི་ཚུལ་དུ་གནས་པ་དེས་ཞུ་ཞིང་སླ་བའི་ཚུལ་དུ་བྱས་ནས་སྐོམ་དད་གང་ཡིན་པ་དེ་མྱུར་དུ་སེལ་ཞིང་ལྡོག་པར་བྱེད་དོ། །དེ་བཞིན་དུ་ཕོ་བའི་མེ་དྲོད་ཀྱང་བསྐྱེད་ཅིང་སྦར་ནས་ནང་གི་བུ་གའི་རྒྱུན་གང་དག་ཡིན་པ་དེ་འཇམ་ཞིང་མཉེན་པར་བྱས་ནས་བུ་ག་དེ་དག་ཉིད་སྦྱོང་ཞིང་དག་པར་བྱེད་པ་དང༌། དེ་བཞིན་དུ་ཞེན་ཅིང་བུ་གའི་སྒོ་རྣམས་སུ་ཆགས་པའི་རླུང་ལ་སོགས་པ་བདེ་བར་འབྱིན་པར་བྱེད་ཅིང་ལུགས་དང་མཐུན་པར་འབྱུང་བར་བྱེད་པ་དང༌། དེ་བཞིན་དུ་གཉིད་དང་རྨོངས་བག་ལ་སོགས་པ་སེལ་བར་བྱེད་པ་དང༌། སྲོག་འཛིན་ཅིང་གནས་པ་ཡིན་ལ་དེ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཆུ་གྲང་དེ་ལས་བཟློག་པ་སྟེ། །ནད་ཀྱི་ཚོགས་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། ཆུ་གྲང་ནི་ཆུ་ཚན་གྱི་ཡོན་ཏན་དེ་ལས་གོ་བཟློག་པའི་མཚན་ཉིད་ཅན་ཡིན་ཞིང༌། ནད་ཀྱི་ཚོགས་གང་དག་ཡོད་པ་དེ་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། །ཆུ་ཚན་ཡོན་ཏན་དེ་འདྲ་ཡང༌། །གཅིག་ཏུ་མཁྲིས་པས་ལྡན་རིམས་དང༌། །མཁྲིས་ཤས་ཆེ་དང་ཕྱོགས་གཅིག་ཚ། །ཀུན་ཚ་རྨོངས་བག་ཚད་པར་འཁྲུ། །ཆང་དུབ་ལས་བྱུང་སོ་ག་དང༌། །གཅོང་སྐེམ་ཁྲག་མཁྲིས་ཅན་མི་བླུད། །ཅེས་བྱ་བ་ལ། ཆུ་ཚན་བཤད་མ་ཐག་པའི་ཡོན་ཏན་བད་ཀན་ཞུ་བར་གྱུར་པ་དང༌། མེ་དྲོད་སྐྱེད་པ་ལ་སོགས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་དུ་ཟིན་ཀྱང་གཅིག་ཏུ་མཁྲིས་པ་ལས་གྱུར་པའི་རིམས་དང་ལྡན་པའི་མི་དང་ནད་གཞན་དག་མཁྲིས་པ་ཤས་ཆེ་ཞིང་རྒྱས་པ་དང་ལྡན་པ་དང༌།


DTG201_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཚ་བ་ལ་སོགས་པའི་ནད་དེ། དེ་ལ་ཕྱོགས་གཅིག་ཚ་བ་ནི་མིག་ལ་སོགས་པའི་དབང་པོ་ཚ་བ་དང༌། ཀུན་ཚབ་སྟེ་ལུས་ཐམས་ཅད་ཚ་བ་དང༌། དེ་བཞིན་དུ་ཆང་དང་དུག་གཉིས་ལས་བྱུང་བའི་རིམས་ལ་ཆུ་ཚན་དེ་བླུད་པར་མི་བྱའོ། །དེ་བཞིན་དུ་སོ་གའི་དུས་སུའང་རང་བཞིན་གྱི་ཆུ་ཚན་བཏུང་དུ་མི་རུང་ངོ༌། །དེ་བཞིན་དུ་གཅོང་ཆེན་པོས་ཐེབས་ཏེ་སྐེམས་པར་གྱུར་པའི་སྐྱེས་བུ་དང༌། ཁྲག་མཁྲིས་ལས་གྱུར་པའི་ནད་ཡོད་པ་སྟེ། དེ་དག་ལ་སྐོམ་དད་ཡོད་དུ་ཟིན་ཀྱང་ཆུ་ཚན་བླུད་དུ་མི་རུང་ངོ༌། །དེ་དག་ལ་ཅི་ཞིག་སྦྱིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ལ་གླ་སྒང་ཙནྡན་དང༌། །བཅའ་སྒ་པར་པ་ཏ་དང་ནི། །པུ་ཤེལ་ཙེ་དང་བ་ལེ་ཀ །བསྐོལ་ཆུ་བསྒྲངས་བླུད་རིམས་སྐོམ་སེལ། །ཞེས་བྱ་བ་ལ། གཅིག་ཏུ་མཁྲིས་པའི་ནད་ཡོད་པ་ལ་སོགས་པ་དེ་དག་ལ་ནི་གླ་སྒང་ལ་སོགས་པ་དང༌། བསྐོལ་བའི་ཚུ་བསྒྲངས་པ་ཕན་ཏེ། དེ་ནི་རིམས་དང་སྐོམ་དད་སེལ་བ་ཡིན་ནོ། །འདིར་ཆུ་དང་སྨན་དག་གི་ཚད་ནི་གཞུང་གཞན་དག་ལས་བསྟན་ཏེ། གང་ཞིག་ཆུར་བསྐོལ་བསྒྲངས་གྱུར་པ། །གླ་སྒང་ལ་སོགས་པ་ཏོ་ལ། །ཡན་ལག་དྲུག་པ་ལ་སོགས་སྦྱར། །དེ་ལས་ཞོ་རེ་བཅུ་གནས་ནི། །ཆུ་ནི་བྲེ་གང་ནང་དུ་བསྐོལ། །དེ་ནས་བཞི་ཆ་ལུས་བྱས་ཏེ། །སྐོམ་དད་ལ་སོགས་ཞི་ཕྱིར་བཏུང༌། ཞེས་བཤད་པ་དང༌། དེ་བཞིན་དུ་གཞན་དག་ལས་ཀྱང༌། སྨན་མང་བསྐོལ་བ་སྐ་བ་ཡིན། །སྨན་ཉུང་ཆུ་བསྐོལ་དངས་མ་ཡིན། །ཞེས་སྨོས་པ་ཡིན་ནོ། །མཁྲིས་པ་མེད་པར་ཚ་མི་འབྱུང༌། །ཚ་བ་མེད་པར་རིམས་ཡོད་མིན། །དེ་བས་མཁྲིས་པ་ལ་གནོད་སྤང༌། །མཁྲིས་ཤས་ཆེ་བས་ལྷག་པར་སྤང༌། །ཞེས་བྱ་བ་ལ། རིམས་ནད་ཐམས་ཅད་ལ་ནི་མཁྲིས་པ་མེད་ཅིང་དེ་མ་གཏོགས་པར་ཚ་བ་མི་འབྱུང་སྟེ། ཚ་བ་ནི་མཁྲིས་པའི་རང་བཞིན་ལས་བྱུང་བ་ཡིན་པའི་ཕྱིར་རིམས་ལ་ཚ་བ་གང་དག་ཡོད་པ་དེ་ནི་མཁྲིས་པ་ལས་སྐྱེས་པ་ཡིན་ནོ། །ཚ་བ་དེ་མེད་པར་ཡང་རིམས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རིམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་དང་པོ་ཚ་བ་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་བས་ན་མཁྲིས་པ་ལ་གནོད་པའི་ཁ་ཟས་དང་སྤྱོད་ལམ་དང་སྨན་མཁྲིས་པ་སྐྱེད་པར་བྱེད་པའི་རིམས་


DTG201_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡང་ཕལ་ཆེར་སྤང་བར་བྱ་བ་ཉིད་ཡིན་ནོ། །དེ་ལས་ཀྱང་མཁྲིས་པ་ཤས་ཆེ་ཞིང་མཁྲིས་པ་རྒྱས་པ་ལས་གྱུར་པའི་རིམས་ལ་ནི་མཁྲིས་པ་སྐྱེད་པར་བྱེད་པ་དེ་ལྷག་པར་ཡང་སྤང་བར་བྱའོ། །དེ་ནས་ལྷག་པར་ཞེས་སྨོས་པའི་སྒྲ་འདིས་ནི་རླུང་དང་མཁྲིས་པ་ལས་གྱུར་པའི་རིམས་ལ་མཁྲིས་པ་སྐྱེད་པར་བྱེད་པའི་སྨན་ལ་སོགས་པ་ཅུང་ཟད་ཅིག་སྤང་བར་མི་བྱ་བ་ཡང་ཡོད་དོ། །ཞེས་སྟོན་པ་ཡིན་ནོ། །ཁྲུས་དང་བསྐུ་དང་བྱུག་པ་དང༌། །སྨྱུང་བ་ལྷག་མ་སྤང་བར་བྱ། །ཞེས་བྱ་བ་ལ། རིམས་ཐམས་ཅད་ལ་ཁྲུས་བྱ་བ་ལ་སོགས་པ་སྤང་བར་བྱའོ། །དེ་བཞིན་དུ་སྨྱུང་བ་ལྷག་མ་རྣམས་ཀྱང་སྤང་བར་བྱ་སྟེ། གནས་སྐབས་ཀྱི་ཁྱད་པར་གྱི་དབང་དུ་བཤད་པའི་སྨྱུང་བ་མ་གཏོགས་པར་སྨྱུང་བ་གཞན་དག་སྤང་བར་བྱའོ། །དེ་ཡང་གནས་སྐབས་སུ་དགོས་པ་ནི། སྨྱུང་བ་ནི་རིམས་ལ་སྐྱུག་སྨན་གཏང་བ་དང༌། ཟས་བྲི་ཞིང་གཅད་པའི་སྨྱུང་བ་ཡིན་ཏེ། དེ་མ་གཏོགས་བཀྲུ་སྨན་གཏང་པ་ལ་སོགས་པ་གང་ཡིན་པ་དེ་དག་རིམས་སར་པ་ལ་སྤང་བར་བྱའོ། །མ་ཞུ་གཟེར་འཇོམས་སྨན་ལྟ་བུ། །མ་ཞུ་རིམས་ནི་མི་བཟད་ལ། །སྨན་བཏུང་མི་བྱེད་ཡིས་ནི། །ལྷག་པར་མ་ཞུ་འཕེལ་བར་འགྱུར། །ལྟོ་བ་མ་ཞུས་ཁྱབ་པ་ལ། །འོ་མ་སྦྲུལ་ལ་བླུད་དང་མཚུངས། །ཞེས་བྱ་བ་ལ། མ་ཞུ་བ་དང་བཅས་པའི་རིམས་མི་བཟད་ཅིང་བརྣག་པར་དཀའ་བའི་ནད་དང་ལྡན་པ་ལ་སྨན་བསྐོལ་བ་དང༌། བསྒྲངས་པ་དང༌། སྐྱོ་མ་ལ་སོགས་པ་བཏུང་བར་མི་བྱ་སྟེ། དཔེར་ན་མ་ཞུ་ཞིང་ཟས་ཀྱི་ལྷག་མ་ལུས་པ། མི་བཟད་པར་ན་བ་ལ་གསུད་པ་ལ་སོགས་པའི་ནད་ལ་གཟེར་འཇོམས་པའི་སྨན་རྩི་པོ་ཆེ་གསུམ་པ་ལ་སོགས་པ་བླུད་པར་མི་བྱ་སྟེ། སྨན་འཇུ་མི་ནུས་པས་སླར་ལ་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་ཡང་མདོ་གནས་ལས། །མ་ཞུ་མི་བཟད་པས་ཉེན་ཀྱང༌། །གཟེར་འཇོམས་སྨན་ནི་བཏུང་མི་བྱ། །བེའུ་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱི་སྨན་ནི་བཏུང་མི་ནུས། །འདི་ཡིས་ནད་པ་འཕྲལ་དུ་ནི། །ཐུ་ཞིང་འཆི་བ་དག་ཏུ་འགྱུར། །ཞེས་སྨོས་པ་དེ་དྲན་པའི་ཕྱིར་འདི་སྐད་སྨོས་པ་ཡིན་ནོ། །དེ་བས་ན་གླ་སྒང་དང་པར་པ་ཏ་ལ་སོགས་པའི་སྨན་


DTG201_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ་བ་ལ་སོགས་པའི་སྦྱོར་བ་བྱས་པ་འཐུངས་པ་དེས་ན་ལྷག་པར་ཡང་མ་ཞུ་བ་མང་དུ་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ། །གང་གིས་སྐྱེད་ཅེ་ན། མི་གང་ལྟོ་བར་མ་ཞུ་བས་ཁྱབ་ཅིང་ཟིལ་གྱིས་མནན་པར་གྱུར་པའི་རིམས་ནད་ཅན་དེ་ལ་བླུད་ན་འཕེལ་བར་འགྱུར་རོ། །དེ་བཞིན་དུ་མ་ཞུ་བས་ཁྱབ་པའི་ལྟོ་བར་སྨན་བླུད་པ་དེ་ནི་མ་ཞུ་བ་དེ་ཉིད་སླར་འཕེལ་བར་འགྱུར་རོ། །རླུང་དང་བད་ཀན་བདག་ཉིད་དེར། །ལྐོག་ནད་ཆམ་པ་དབུགས་མི་བདེ། །བྱིན་པ་ཚིགས་རུས་གཟེར་གྱུར་ལ། །རྡུལ་འབྱུང་བ་ནི་རབ་བསྔགས་ཏེ། །རྡུལ་དང་བཤད་གཅི་ཕྱེན་བདེར་འབྱུང༌། །མེ་དྲོད་སྐྱེད་ཅིང་ཟས་འཇུ་བྱེད། །ཅེས་བྱ་བ་ལ། རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་རིམས་བྱུང་བར་གྱུར་པ་ལ། ལྐོག་མའི་ནད་ལ་སོགས་པ་ཇི་སྐད་སྨོས་པའི་ནད་བྱུང་བར་གྱུར་ན། རྡུལ་འབྱུང་བ་ཞེས་བྱ་བའི་གསོ་བར་བྱ་བ་རབ་ཏུ་བསྔགས་པ་ཡིན་ཏེ། རྡུལ་འབྱུང་བའི་ཆོ་ག་དེ་བྱས་ན་ཁོང་དུ་ཞེན་པའི་རྡུལ་ལ་སོགས་པ་བདེ་བར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མེ་དྲོད་སྐྱེད་ཅིང་ཕོ་བས་ཟས་བདེ་བླག་ཏུ་འཇུ་བར་བྱེད་པའི་ནུས་པ་སྐྱེད་པར་བྱེད་དོ། །སྣུམ་འཐུངས་ཆོ་གར་བཤད་པ་ནི། །རྣམ་པ་ཀུན་ཏུ་སྤྱད་པར་བྱ། །ཞེས་བྱ་བ་ལ། སྣུམ་འཐུངས་པའི་ཆོ་ག་སྣུམ་འཐུངས་པའི་ལེའུའི་སྐབས་སུ་བཤད་པ་དག །ཆུ་དྲོན་དག་གིས་ཉེར་སྤྱོད་བྱ། །ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་བསྟེན་ཅིང་སྤྱད་པར་བྱའོ། །སྨྱུང་དང་དུགས་བྱ་དུས་དང་ནི། །ནས་ཐུག་ཏིག་ཏའི་ཁུ་བ་རྣམས། །དྲི་མ་རྣམས་ནི་སྨིན་བྱེད་པ། །རིམ་མམ་གནས་སྐབས་ཇི་བཞིན་སྦྱིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་དྲི་མ་མ་སྨིན་པ་རྣམས་ནི་སྨྱུང་བ་ལ་སོགས་པ་བསྟེན་པས་སྨིན་པར་འགྱུར་ཏེ། དེ་ཡང་ཇི་སྐད་དུ་བཤད་པའི་རིམ་གྱིས་སམ་གནས་སྐབས་གང་ལ་བབ་པ་དེ་ལས་མི་འགྱུར་ཚུལ་གྱིས་སྦྱིན་པར་བྱ་སྟེ། དེ་ཡང་རིམ་པའི་ཚུལ་ནི་དང་པོར་སྨྱུང་བ་བྱ་ཞིང་ཟས་བཅད་པར་བྱའོ། །དེའི་འོག་ཏུ་དུགས་བྱ། དེ་ནས་དུགས་དེ་ཞག་དྲུག་གི་བར་དུ་བྱ་བ་དང༌། དེ་ནས་ནས་ཐུག་སྦྱིན་ནོ། །དེའི་འོག་ཏུ་ཏིག་ཏའི་ཁུ་བ་བླུད་པར་བྱ་སྟེ། སྨིན་པ་གསར་དུ་བྱུང་བ་ལ་བྱའོ། །རླུང་ནད་ཉི་ཚེ་ཟད་བྱེད་དང༌། །གློ་བུར་བ་དང་རིམས་རྙིང་ལ། །སྨྱུང་བ་མི་བྱེད་ལ་


DTG201_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཉམས་མི་སྨོད་པའི་ཞི་བྱ་ཕན། །ཞེས་བྱ་བ་ལ། རླུང་ནད་ཉི་ཚེ་ལས་གྱུར་པའི་རིམས་ན་བ་དང༌། དེ་བཞིན་དུ་ཟད་བྱེད་ལས་གྱུར་པའི་རིམས་དང༌། རིམས་ནད་གློ་བུར་བས་ཐེབས་བ་དང༌། རིམས་རྙིང་པ་དག་ལ་ནི་སྨྱུང་བའི་ཆོ་ག་མི་བྱ་སྟེ། རླུང་ནད་ཉི་ཚེ་ལ་སོགས་པའི་རིམས་ན་བ་དེ་དེ་དག་ལ་ཞི་བར་བྱ་བའི་སྦྱོར་བ་ཕན་ལ། ཞི་བ་དེ་ཡང་ཉམས་སྨོད་ཅིང་སྐེམས་པར་མི་འགྱུར་བ་དེ་ལྟ་བུའི་ཞི་བར་བྱ་བའི་ཐབས་བསྟེན་ན་ཕན་ཞིང་བསྔགས་པ་ཡིན་ནོ། །དེ་ལ་མ་ཞུའི་རིམས་ཚུལ་ལྡན། །ཉམས་སྨད་མི་བྱར་ཤེས་པར་བྱ། །ཞེས་བྱ་བ་ལ། རིམས་དེ་ལ་མ་ཞུ་བའི་རིམས་ཀྱི་མཚན་ཉིད་དང་ལྡན་ཞིང༌། དེའི་རང་བཞིན་སྔར་སྨོས་བ་རིམས་ཀྱི་བླ་བརྣན་མི་བཟད་པ་ལ་སོགས་པ་ལྡན་པ་ལ་ཡང༌། ཉམས་སྨད་པར་མི་བྱ་བར་ཤེས་པར་བྱའོ། །གསོ་བའི་ཐབས་གཉིས་ཤེས་བ་ལས། །བརྟགས་ཏེ་སྨྱུང་བར་བྱ་བ་ཡིན། །ཞེས་བྱ་བ་ལ། གསོ་བའི་ཐབས་གཉིས་སྟོན་པར་བཤད་པའི་སྨྱུང་བའི་མཚན་ཉིད་ཀྱིས་ཡང་དག་པར་རྟོགས་པར་བྱ་སྟེ། དེ་ཡང༌། དབང་པོ་དང་ཞིང་དྲི་མ་དག །བདེ་བར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨྱུང་བ་ལེགས་པར་བྱས་པ་རྟོགས་པར་བྱས་ལ། ཤིན་ཏུ་སྐེམས་པ་ལ་སོགས་པ་ནི་སྨྱུང་དྲགས་པས་ཤེས་པར་བྱའོ། །སྨྱུང་བྱས་མཚན་མར་ལྡན་པ་ནི། །དེ་ལ་ཐུག་སླ་ལ་སོགས་བླུད། །རང་གི་སྨན་དང་ཇི་བཞིན་བསྐོལ། །དང་པོར་ཐུག་སླ་ལ་སོགས་སྦྱིན། །ཞེས་བྱ་བ་ལ། རིམས་ནད་ཅན་སྨྱུང་བ་བྱས་ཟིན་པའི་མཚན་མ་དང་ལྡན་པ་དེ་ལ་ནི་ཐུག་པ་སླ་བ་སྟེ་འབྲས་ཐུག་རྐྱང་རྐྱང་པོ་དང་པོར་བླུད་པར་བྱའི། སྐ་བར་ནི་མ་ཡིན་ཏེ། དེ་ཡང་དང་པོར་ནི་ཐུག་པ་སླ་བ་འབྲས་ཐུག་རྐྱང་རྐྱང་པོ་བླུད་པར་བྱའོ། །དེ་ནས་ཐུག་པ་ཡིད་ཙམ་སྐ་བ་དང་ཐུག་པ་གར་མོ་བླུད་པར་བྱའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། །བུད་ཤིང་གིས་ནི་མེ་བཞིན་དུ། །དེ་ཡི་མེ་དྲོད་དེས་སྐྱེད་དེ། །དེ་ཡང་སྨན་གྱི་སྦྱོར་བ་ལས། །ཡང་དང་མེ་དྲོད་འབར་བར་བྱེད། །གཤེར་ཞིང་དྲོ་བས་རྡུལ་བར་བྱེད། །སླ་བས་སྐོམ་དད་རབ་ཞི་བྱེད། །ཁ་ཟས་ཡིན་ཕྱིར་སྲོག་བརྟེན་ལ། །ཁུ་བ་ཡིན་པས་ཡང་བ་ཉིད། །རིམས་དང་འཕྲོད་པས་རིམས་


DTG201_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད། །དེ་བས་དང་པོར་ཐུག་པ་སོགས། །རིམས་ལ་བློ་དང་ལྡན་པས་སྦྱིན། །ཞེས་བཤད་པ་ཡིན་ནོ། །དུས་ཇི་སྲིད་ཀྱི་བར་དུ་བྱ་ཞེ་ན། ཞག་དྲུག་བར་དུའམ་གང་ཚེ་རིམས། །རྩེ་ཞིལ་གྱུར་པའི་བར་དུ་སྦྱིན། །དེ་ཡིས་ཤིང་གི་མེ་བཞིན་དུ། །དེ་ཡི་མེ་དྲོད་འཕེལ་བར་བྱེད། །ཅེས་བྱ་བ་ཡིན་ཏེ། རིམས་ཀྱིས་དང་པོར་བཏབ་པ་ནས་བརྩམས་ཏེ་ཞག་དྲུག་གི་བར་དུ་སྦྱིན་པར་བྱ་བ་འམ། ཡང་ན་གང་གི་ཚེ་རིམས་རྩེ་ཞིལ་ཞིང་ཚ་བའི་གདུང་བ་ལ་སོགས་པ་ཅུང་ཟད་ཞི་བར་གྱུར་པ་དང༌། ཤུགས་དལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་རིམས་ནད་ན་བའི་ནད་པ་དེ་ལ་ཐུག་པ་དེ་དག་བླུད་ཅིང་སྦྱིན་པར་བྱའོ། །དེས་ན་ཞག་དྲུག་གི་གོང་ཡན་ཆད་དུ་སྨྱུང་བ་བྱས་ཟིན་པའི་མཚན་ཉིད་མེད་པར་གྱུར་ཅིང་གང་ལ་ཐུག་པ་བླུད་པ་དེས་རིམས་རྩེ་ཞིལ་བར་གྱུར་བ་དེ་སྲིད་ཀྱི་བར་དུ་དེ་སྦྱིན་པར་བྱའོ། །དང་པོར་འབྲས་ཡོས་ཐུག་འཇུ་སླ། །བཅའ་སྒ་པི་པི་ལིང་དང་བཅས། །འུ་སུ་རྒྱམ་ཚར་བཅས་པ་སྦྱིན། །སྐྱུར་འདོད་སེའུ་འབྲུ་བཅས་པ་བཏུང༌། །ཞེས་བྱ་བ་ལ། དེ་ཡང་དང་པོར་ཏེ་ཐོག་མར་འབྲས་ཡོས་ཀྱི་ཐུག་པ་བླུད་པར་བྱའོ། །དེ་ནས་ལེགས་པར་འཇུ་སླ་བའི་འབྲས་ཐུག་བཅའ་སྒ་ལ་སོགས་པས་བཏབ་པ་རྒྱམ་ཚ་དང་བཅས་པ་བླུད་པར་བྱས་ལ། དེ་བཞིན་དུ་རོ་སྐྱུར་བ་འདོད་པའི་སྐྱེས་བུ་ལ་ནི་སེའུ་འབྲུ་དང་བཅས་ཤིང་བཏབ་པའི་ཐུག་པ་བླུད་པར་བྱའོ། །འཁྲུ་བའམ་མཁྲིས་པ་མང་བ་ལ། །སྦྲང་རྩི་བཅའ་སྒ་བཏབ་བསྒྲངས་བླུད། །ཅེས་བྱ་བ་ལ། འཁྲུ་བས་བཏབ་པའམ་མཁྲིས་པ་མང་བ་དག་ལ་ནི་ཐུག་པ་དེ་སྦྲང་རྩི་དང་བཅའ་སྒ་བཏབ་སྟེ་བསྒྲངས་པ་བླུད་པར་བྱ་ལ། དེ་ཡང་ཐུག་པ་སླ་བ་ནས་བརྩམས་ཏེ་བཏུང་བར་བྱའོ། །ཆུ་སོ་རྩིབ་ལོགས་ཀླད་པ་གཟེར། །གཟེ་མ་བྱ་ཀྲི་བསྐོལ་བ་བླུད། །ཅེས་བྱ་བ་ལ། ནད་པ་གང་ཆུ་སོ་ལ་སོགས་པར་གཟེར་བའི་ནད་ཡོད་པར་ནི་གཟེ་མ་དང་བྱ་ཀྲི་སྟེ། ཀཎྜ་ཀ་རི་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །རིམས་འཁྲུར་ཀྲྀཥྞ་པརྞི་དང༌། །བ་ལ་བིལ་བ་བཅའ་སྒ་དང༌། །ཨུཏྤལ་འུ་སུ་བསྐོལ་རིམས་འཁྲུར། །ཐུག་སྐྱུར་སྨིན་དང་དྲོད་སྐྱེད་ཡིན། །ཞེས་བྱ་བ་ལ། རིམས་དང་ཚད་པར་འཁྲུ་བའི་ནད་གཉིས་ཡོད་པ་ལ་ནི་


DTG201_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀཥྞ་པརྞི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་སེའུ་འབྲུའི་ཁུ་བས་སྐྱུར་པོར་བྱས་པ་སྦྱིན་པར་བྱ་སྟེ། དེས་ནི་མ་ཞུ་བ་རྣམས་སྨིན་པ་དང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །སྐྱིགས་བུ་ལུད་པ་དབུགས་མི་བདེ། །གཟེར་ཅན་རྩ་བ་ཆུང་ངུ་ལྔ། །ཞེས་བྱ་བ་ལ། སྐྱིགས་བུ་ལ་སོགས་པ་སྐྱིགས་བུ་ནས་གཟེར་གྱི་བར་དང་ལྡན་པའི་ནད་པ་ལ་ནི་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་ཐུག་པ་སྦྱིན་པར་བྱ་སྟེ། བྲི་ཧ་ཏི་དང་ཀཎྜཀཱ་རི་དང་ཨ་ཤུ་མི་ཏི་གཉིས་དང་གཟེ་མ་སྟེ་ལྔ་དང་བསྐོལ་བའི་ཐུག་པ་སྦྱིན་པར་བྱའོ། །བད་ཀན་གྱིས་ཉེན་ནས་ཐུག་ནི། །རྩ་བ་ཆེན་པོ་ལྔ་པ་སྦྱིན། །ཞེས་བྱ་བ་ལ། བད་ཀན་གྱི་ནད་ཀྱིས་ཉེན་པའི་ནད་པ་ལ་ནི་བིལ་བའི་རྩ་བ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང༌། ནས་ཐུག་བཙོས་པའི་ཐུག་པ་བླུད་པར་བྱའོ། །རྟུག་པ་འགགས་ལ་ནད་བཅས་པ། །པི་པི་ལིང་དང་སྐྱུ་རུ་ར། །བཏབ་པའི་ནས་ཐུག་མར་དང་བརྔོས། །དྲི་མ་ནད་ནི་བདེ་འབྱུང་བྱེད། །ཅེས་བྱ་བ་ལ། ནད་པ་གང་ཞིག་རྟུག་འགགས་ཀྱི་ནད་ཀྱིས་བཏབ་པ་ལ་ནི་ནས་ཐུག་བླུད་དེ། དེ་ཡང་པི་པི་ལིང་དང་སྐྱུ་རུ་ར་བཏབ་པ་ལ་ནས་དེ་མར་དང་བརྔོས་པ་ལས་བྱས་པའི་ཐུག་པ་སྦྱིན་པར་བྱ་སྟེ། དེས་ནི་དྲི་མ་དང་ནད་གང་དག་ཡོད་པ་དེ་བདེ་བར་འབྱུང་བར་བྱེད་དོ། །ལྟོ་བར་རྟུག་འགགས་ནད་བཅས་ལ། །དབྱི་མོ་པི་པི་ལིང་རྩ་བ། །རྒུན་འབྲུམ་དོང་ག་སྐྱུ་རུ་ར། །ཞེས་བྱ་བ་ལ། ལྟོ་བར་རྟུག་པ་འགགས་པར་གྱུར་ཅིང་དེ་ཡང་ན་ཞིང་ཐུག་པ་དང་བཅས་པ་ལ་ནི་དབྱི་མོ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །ཁོང་པ་བཅད་པ་སྙམ་བྱེད་ལ། །རྒྱ་ཤུག་ད་ཏྲིག་ས་ལ་པར། །ཀྲྀཥྞ་པརྞི་བིལ་བ་བླུད། །ཅེས་བྱ་བ་ལ། ཁོང་པའི་ནང་གྲིས་བཅད་པ་སྙམ་དུ་སེམས་པའི་ནད་ལ་རྒྱ་ཤུག་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །ད་ཏྲིག་ནི་བྲྀཀྵ་ཨཾ་པ་ལའོ། །རྡུལ་མེད་གཉིད་མེད་སྐོམ་པས་ཉེན། །ཁ་ར་དོང་གྲ་སྐྱུ་རུ་རའོ། །རྒྱ་ཤུག་ཁ་ར་རྒུན་འབྲུམ་དང༌། །ཐལ་ཏྲེས་གླ་སྒང་ཙནྡན་ནི། །སྐོམ་དང་སློན་དང་བཅས་པ་བླུད། །སྦྲང་རྩིར་བཅས་པ་རིམས་འཇོམས་ཡིན། །དེ་དག་ཐུག་པའི་སྨན་ཡིན་ཏེ། །ཤ་ཁུ་ཡུ་ཤ་སོགས་པའང་སྦྱར། །ཞེས་བྱ་བ་ལ།


DTG201_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་མེད་པ་དང་གཉིད་མེད་ཅིང་ཡང་བ་དང་སྐོམ་པས་ཉེན་ཅིང་གདུངས་པ་ལ་ཁ་ར་དཀར་པོ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །ཐུག་པ་དང་སྦྱར་བ་བསྟེན་པའི་སྨན་འདི་དག་ནི་ཤ་ཁུ་ལ་སོགས་པ་དང་ཡང་སྦྱར་ཏེ་བླུད་པར་བྱའོ། །དེ་ཡང་བསྡུས་པ་ལས། ཐུག་པ་དང་སྦྱར་སྨན་གཉིས་ཀྱིས། །ཤ་ཁུ་ཡུ་ཤ་ལ་སོགས་པའང་སྦྱར། །ཞེས་སྨོས་པ་ཡིན་ཏེ། ཤ་བཙོས་པའི་ཁུ་བ་དང༌། ཡུ་ཤ་ཞེས་བྱ་བ་མོན་སྲན་སྡེའུ་མུངྒ་ལ་སོགས་པ་བསྐོལ་བའི་ཁུ་བ་ལས་བྱས་པའི་བཏུང་བ་ཡིན་ནོ། །སོགས་པ་སྨོས་པས་ནི་བཏུང་བ་གཞན་དང་ཞོག་ཆུ་དང་དར་བ་དང༌། རྒུན་འབྲུམ་ལ་སོགས་པ་བསྐོལ་བའི་བཏུང་བ་ན་ཀ་དང༌། ཚོད་མ་ལ་སོགས་པ་དང་ཡང་སྦྱར་བར་བྱའོ། །དེ་ཡང༌། ཐུག་པ་ཤ་ཁུ་ཡུ་ཤ་སོགས། །རོ་བཟང་བཏུང་བ་ལ་སོགས་ལས། །སྨན་གྱི་ཚད་ནི་སྦྱར་བར་བྱ། །འཇིག་རྟེན་གྲགས་དང་ཅི་རིགས་སྦྱར། །ཡང་ན་ཇི་སྲིད་སྨན་གྱིས་ནི། །དེ་དང་འཚམ་པ་ཉིད་བྱ་ཞིང༌། །ནད་དང་ལྟོ་ཚོད་ན་ཚོད་སྟོབས། །རྣམ་པར་བརྟགས་ནས་སྦྱར་བྱ་ཡི། །ཚད་ཀྱི་ངེས་པ་ཡོད་མ་ཡིན། །ཞེས་བཤད་མོད་ཀྱི། འོན་ཀྱང་སྨན་པ་མཁས་པ་རྒན་པོ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱེད་པ་གང་དག་མཐོང་བ་དེ་འདིར་བསྟན་པར་བྱ་སྟེ། འབྲས་ཡོས་ཀྱི་ཚད་ནི་སྲང་གཅིག་ལ་བྱའོ། །ལ་ལར་ནི་འབྲས་སྲང་གཅིག་ཙམ་ལས་བྱེད་པ་སྣང་ངོ༌། །བསྐོལ་བའི་སྨན་ནི་སྲང་ཕྱེད་ལས་བྱའོ། །སྦྱར་བའི་སྨན་ནི་སྤྱིར་ཞོ་གཉིས་སོ། །ཆུ་ནི་སྲང་སུམ་ཅུ་རྩ་གཉིས་བསྐོལ་ལ་ལྷག་མ་སྲང་སུམ་ཅུ་ལུས་པ་དང༌། དེའི་འོག་ཏུ་འབྲས་ཡོས་ལ་སོགས་པ་དང་ཐུག་པར་བསྐོལ་བར་བྱའོ། །ཆང་ལས་བྱུང་དང་ཆང་རྒྱུན་བསྟེན། །བད་ཀན་མཁྲིས་པའི་གནས་ཞུགས་ནས། །དེ་གཉིས་ཤས་ཆེ་འམ་སོ་ག་འམ། །སྐོམ་དང་སློན་དང་ཚད་པས་ཉེན། །ཁྲག་ནི་སྟོད་དུ་འབྱུང་བ་སྟེ། །དེ་ལ་ཐུག་པ་མི་བླུད་ཀྱི། །འབྲས་ཕྱེའི་སྐྱོ་མ་རིམས་འཇོམས་པའི། །འབྲས་བུའི་ཁུ་བ་སྦྲང་རྩི་དང༌། །ཁ་ར་དཀར་བཅས་བླུད་པར་བྱ། །ཞེས་བྱ་བ་ལ། ཆང་འཐུངས་པ་ལས་རིམས་སུ་གྱུར་པ་ལ་སོགས་པ་ལ་ནི་ཐུག་པ་བླུད་པ་སློབ་དཔོན་གྱིས་མ་བསྔགས་ཏེ། འདོད་པར་བྱ་བ་མ་


DTG201_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ཡང་ཆང་ལས་བྱུང་བ་ནི་ཆང་འཐུངས་དྲགས་པ་ལས་རིམས་ནད་ཀྱིས་བཏབ་པའོ། །ཡང་ཡང་དེ་བཞིན་དུ་ཆང་རྒྱུན་དུ་བསྟེན་པའི་མི་དང༌། བད་ཀན་དང་མཁྲིས་པའི་ནད་ལྟ་བར་ཞུགས་པ་དང་དེ་གཉིས་ཏེ་འདས་མ་ཐག་པའི་བད་ཀན་དང་མཁྲིས་པ་ཤས་ཆེ་བ་དང༌། སོ་གའི་དུས་དང་སྐོམ་དད་ལ་སོགས་པས་ཉེན་པ་དང༌། ཁྲག་དང་མཁྲིས་པ་སྟོད་དུ་འབྱུང་ཞིང་གྱེན་དུ་ལུད་པ་དེ་དེ་ལྟ་བུའི་རིམས་ནད་ཅན་དེ་ལ་ཐུག་པ་བླུད་པའི་སྐབས་ཡིན་ཡང༌། ནས་ཐུག་ལ་སོགས་པའི་ཐུག་པ་མི་སྦྱིན་གྱི། དེ་ལ་ནི་སྐྱོ་མ་འབྲས་ཡོས་ཀྱི་ཕྱེ་ལས་བྱས་པ་བླུད་པར་བྱ་སྟེ། དེ་ཡང་རིམས་འཇོམས་པར་བྱེད་པའི་འབྲས་བུའི་ཁུ་བ་རྒུན་འབྲུ་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་བསྐོལ་ཏེ་བསྒྲངས་པའམ། དེ་མ་རྙེད་ན་སྐམ་པོར་ཆུ་དང་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་ཁ་ར་དཀར་པོ་དང་བཅས་ཤིང་སྦྱར་བ་དེ་ལ་བླུད་པར་བྱའོ། །དེ་ནས་སྐྱོ་མ་ཞུ་ནས་ནི། །བཀྲེས་ན་ནས་ཐུག་འབྲས་བརྔོས་པའི། །འབྲས་ཆན་དག་ནི་བཟའ་བྱ་ཞིང༌། །ཤ་ཁུ་སླ་བའི་ཁུ་བའམ། །མུངྒ་འུར་བའི་ཁུ་བཅས་བཟའ། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་སྐྱོ་མ་འཐུངས་པ་དེ་ཞུ་བའི་རྗེས་ལ་ཉིན་ཞག་དེ་ཉིད་ལ་བཀྲེས་ཤིང་ཟས་འདོད་པར་གྱུར་པའི་ཟས་ཀྱི་དུས་གཉིས་པར་འབྲས་བརྔོས་པ་ལས་གཡོས་པའི་འབྲས་ཆན་བཟའ་བར་བྱ་བའམ་ནས་ཐུག་བཏུང་བར་བྱའོ། །དེ་ཡང་གང་དང་ལྷན་ཅིག་བཟའ་ཞེ་ན། ཤ་ཉུང་དུ་དག་གི་ཤ་ཁུ་ཤིན་ཏུ་སླ་ཞིང་ཡང་ལ་བཅུད་ཆུང་བའམ། ཡང་ན་སྲན་མུངྒ་སྟེ། མོན་སྲན་སྡེའུ་དང་བྱ་འུར་པ་ཞེས་བྱ་བའི་ཤ་ཁུ་བ་དང་བཅས་པ་བཟའ་བར་བྱའོ། །དེ་ཡང། ཤ་ཆུང་སོགས་ཀྱི་ཁུ་བ་སླ། །ཤ་ཉུང་སླ་བ་ཡིན་པར་བཤད། །ཅེས་བྱ་བ་ལ། ལ་ལ་དག་གིས། ཤ་ཁུ་ཚད་ཆེན་མ་ཡིན་སླ། །ཤ་ཁུ་སླ་བ་ཡིན་པར་བཤད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཞག་དྲུག་འདི་བཟླས་ཏེ། །ཉམས་སྟོབས་ནད་ནི་བསྲུང་བར་བྱ། །ཞེས་བྱ་བ་ལ། ཐུག་པ་ལ་སོགས་པའི་རིམ་པའི་ཚུལ་འདི་ལྟ་བུས་རིམས་ཀྱིས་བཏབ་པའི་གནས་སྐབས་དང་པོ་འདི་འདས་ཤིང་བཟླ་བར་བྱ་སྟེ། ནད་པས་ལུས་ཀྱི་ཉམས་སྟོབས་


DTG201_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང། ནད་ཀྱི་འཕེལ་འབྲིའི་ཚུལ་ལས་བསྲུང་བར་བྱ་སྟེ། ནད་ནི་འདིར་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་རེ་རེ་འམ་གཉིས་འདྲེས་པ་འམ་འདུས་པ་དག་ལ་བྱའོ། །དེ་ནས་སྨྱུང་བ་ལ་སོགས་པས། །སྨིན་པའི་ནད་ནི་ལྷག་མ་རྣམས། །སྨིན་པའམ་ཡང་ན་ཞི་བྱའི་ཕྱིར། །སྨན་ཁུའི་སྦྱོར་བའི་བྱ་བ་བསྔགས། །ཞེས་བྱ་བ་ལ། དེ་ནས་ཐུག་པ་ལ་སོགས་པ་རིམ་པར་སྤྱད་པའི་རྗེས་ལ་སྨྱུང་བ་ལ་སོགས་པ་སྟེ་སྨྱུང་བ་དང་དུགས་བྱ་བ་དང་དུགས་དང་ནས་ཐུག་དང་སྨན་བསྐོལ་བའི་ཁུ་བ་ཁ་བས་རིམས་རྩོམ་པའི་ནད་སྨིན་པར་གྱུར་པ་དང༌། ནད་ལྷག་མ་རྣམས་སྨིན་པ་འམ་ཞི་བར་བྱ་བའི་ཕྱིར་སྨན་ཁུའི་སྦྱོར་བའི་རྣམ་པ་ལྔ་པོར་རང་གི་ཁུ་བའམ། ལྡེ་གུ་འམ། བསྐོལ་ཏེ་བསྒྲངས་པ་དང༌། སྐྱོ་མར་བྱ་བའི་རྣམ་པར་ཕྱེ་བ་དག་བྱ་བ་ནི་ནད་ཕལ་པོ་ཆེ་ལ་བསྔགས་པ་ཡིན་ནོ། །མཁྲིས་ལ་མཆོག་ཏུ་ཁ་བ་སྟེ། །བད་ཀན་ལ་ནི་ཆེ་བ་བླུད། །ཅེས་བྱ་བ་ལ། སྨན་བསྐོལ་བའི་ཁུ་བ་དེ་ཡང་མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་ཁྱད་པར་རམ་མཆོག་ཏུ་རོ་ཁ་བའི་སྨན་གྱི་ཁུ་བ་བླུད་པར་བྱ་སྟེ། མཆོག་ཏུ་ཞེས་སྨོས་པས་ནི་སྨན་ཁ་བ་དེ་ནི་བད་ཀན་ལ་ཡང་བླུད་པར་བྱའོ། །ཞེས་སྟོན་པ་ཡིན་ནོ། །ཚ་བའི་སྨན་བསྐོལ་བ་ནི་བད་ཀན་གྱི་རིམས་ཁོ་ན་ལ་སྦྱིན་པར་བྱའི་མཁྲིས་པ་ལ་ནི་མ་ཡིན་ནོ། །བད་ཀན་མཁྲིས་པ་སེལ་བྱེད་ཀྱང༌། །བསྐ་བ་བསྔགས་པ་མ་ཡིན་ཏེ། །རིམས་སར་དྲི་མ་འགགས་བྱེད་པས། །བསྐ་བས་མི་བཟད་རིམས་སྐྱེད་ཅིང༌། །དང་ག་འཁྱིལ་དང་ཡི་ག་འཆུས། །སྐྱིགས་བུ་དབུགས་མི་བདེ་ཡང་བསྐྱེད། །ཅེས་བྱ་བ་ལ། །རོ་བསྐ་བ་ནི་བད་ཀན་དང་མཁྲིས་པ་སེལ་བ་ཡིན་དུ་ཟིན་ཀྱང་རིམས་སར་པ་ལ་ནི་བཏང་བ་བསྔགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དྲི་མ་འགགས་པར་བྱེད་པའི་རྒྱུས་རོ་བསྐ་བ་བླུད་པས་ནི་མི་བཟད་པའི་རིམས་སྐྱེད་པར་བྱེད་པ་དང་དེ་བཞིན་དུ་སྙིང་ནད་དང་ག་འཁྱིལ་པ་ལ་སོགས་པ་སྐྱེད་པར་འགྱུར་རོ། །དེ་ཡང་རིམས་སར་པ་ལ་ནི་རོ་བསྐ་བས་ནད་འཐས་ཤིང་སྲ་བར་བྱེད་ནས། ཕྱི་རོལ་དུ་ཡང་འབྱིན་པར་མི་བྱེད་ལ། ནང་དུ་ཡང་སྨིན་ཅིང་འཇུ་བར་བྱེད་དེ། སླར་ཞིང་ཡན་མན་གྱི་རྒྱུན་སྲང་ངམ། ལམ་ལོག་པར་བྱས་ནས་རིམས་འཕེལ་བར་བྱེད་དོ། །


DTG201_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དྲང་སྲོང་ཙ་ར་ཀས། །བསྐ་བའི་རོས་ནི་ནད་བཀག་སྟེ། །རིམས་སར་འཐས་པར་བྱེད་འགྱུར་ཞིང༌། །སྲ་བར་བྱེད་ཀྱི་སྨིན་མི་བྱེད། །མི་བཟད་རིམས་ནི་སྐྱེད་པར་བྱེད། །ཅེས་བཤད་པ་དང༌། སྦྱོར་བའི་དབང་དུ་བྱས་ནས་ནི། །བསྐ་བས་བཀག་པ་མ་ཡིན་གྱི། །གང་ཞིག་བསྐ་བས་བསྐ་འགྱུར་བ། །དེ་ནི་རིམས་སར་དག་ལ་སྤང༌། །ཞེས་བཤད་པ་ཡིན་ནོ། །ལ་ལ་ཞག་བདུན་ནས་སྨན་གཏོང༌། །གཞན་དག་ཞག་ནི་བཅུ་ལོན་ནས། །ཁ་ཅིག་ཟས་ཡང་ཟོས་ནས་གཏོང༌། །མ་ཞུ་ཤས་ཆེ་ལ་མི་གཏང༌། །ཞེས་བྱ་བ་ལ། སློབ་དཔོན་ལ་ལས་ནི་ཞག་བདུན་པའི་རྗེས་ལ། ཞག་བརྒྱད་པའི་ཞག་གི་ཚེ་སྨན་གླ་སྒང་དང་པར་པ་ཏ་ལྡུམ་བུ་སྐྲ་བཟངས་ཞེས་བྱ་བ་ལ་སོགས་པ་རིམས་འཇོམས་པའི་སྨན་གཏང་བར་བྱའོ། །ཞེས་ཟེར་རོ། །སློབ་དཔོན་གཞན་དག་ནི་ཞག་བཅུ་ལོན་པའི་རྗེས་ལ་སྨན་གཏང་བར་བྱའོ། །ཞེས་ཟེར་རོ། །ཡང་སྲོག་འཚོ་བའི་སློབ་དཔོན། ཅིག་ན་རེ་གང་གིས་ཁ་ཟས་ཡང་བར་ཟོས་པར་གྱུར་པ་དང༌། དེའི་འོག་ཏུ་སྨན་སྦྱིན་ཏེ། ཞག་དྲུག་ལོན་ནས་སྨན་གཏང་བར་བྱའོ། །ཞེས་ཟེར་བ་ནས། དེ་ཡན་ཆད་བཀག་པ་ཉིད་ཡིན་ནོ། །ཚད་འདི་དག་ཐམས་ཅད་ནི་ནད་ཀྱི་གནས་སྐབས་ཀྱི་དབང་གི་སྦྱོར་བ་དང་འཚམ་པ་ཉིད་ཡིན་པའི་ཕྱིར་རོ། །མ་ཞུ་བ་ཤས་ཆེ་ཞིང་རྒྱས་པར་གྱུར་པ་ལ་ནི་སྨན་དེ་ཞག་བཅུ་འདས་ཟིན་ཀྱང་སྦྱིན་པར་བྱ་སྟེ། འདི་ནི་སྔར་སྨོས་པའི་ཕྱོགས་གསུམ་ཆར་ལ་བཀག་པ་ཡིན་ནོ། །མ་ཞུ་བ་ཤས་ཆེ་བ་ལ་སྨན་མི་བཏང་བའི་དགོས་པ་གང་ཡིན་པ་འདིར་སྨྲས་པ་ནི། གང་ཕྱིར་མི་བཟད་རིམས་ཉེན་ལ། །ནད་ཀྱི་ཤུགས་ནི་འབྱུང་འགྱུར་བ། །མ་སྨིན་པ་ལ་སྨན་གྱིས་ནི། །རིམས་ནི་སླར་འཕེལ་བྱེད་པ་འམ། །ནད་ནི་ཤིན་ཏུ་སོགས་པ་ཡིས། །སྙོམ་དང་རྨོངས་བག་སྐྱེད་པར་བྱེད། །ཅེས་བྱ་བ་ཡིན་ཏེ། རྒྱུ་གང་གི་ཕྱིར་མི་བཟད་པའི་རིམས་ཀྱིས་ཉེན་པའི་སྐྱེས་བུ་ལ་ནི་ནད་ཀྱི་ཤུགས་འབྱུང་བར་འགྱུར་བས་ན་སྨན་བླུད་པར་གྱུར་ན་མ་སྨིན་ཅིང་མ་ཞུ་བ་ཉིད་ཀྱིས་རིམས་དེ་སླར་འཕེལ་ཞིང་རྒྱས་པ་དང་འབར་བར་བྱེད་དོ། །ཡང་ན་རིམས་སར་པ་ཤིན་ཏུ་སོགས་ཤིང་འཕེལ་བར་འགྱུར་བའི་ནད་ལ་སྨན་བཏང་ན་སྙོམ་པ་དང་རྨོངས་


DTG201_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བག་གི་ནད་སྐྱེ་བར་བྱེད་ཅིང་སླར་རིམས་དེ་འཕེལ་བར་འགྱུར་རོ། །འོ་ན་གང་གི་ཚེ་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། གང་ཚེ་རིམས་རྩེ་ཞིལ་ལུས་ཡང༌། །དྲི་མ་ལ་སོགས་གཡོས་གྱུར་པ། །རིམས་བཏབ་ཡུན་རིང་མ་ལོན་ཡང༌། །དེ་ཚེ་སྨན་ནི་སྦྱིན་པར་བྱ། །ཞེས་བྱ་བ་ཡིན་ཏེ། དུས་གང་གི་ཚེ་རིམས་རྩེ་ཞིལ་ཞིང་ཤུགས་དལ་བ་དང༌། དེ་བཞིན་དུ་ལུས་ཡང་ཞིང་མ་སྨིན་པའི་ནད་ཀྱིས་གནོན་པ་དང༌། དྲི་མ་བད་ཀན་དང་མཁྲིས་པ་བཤང་བ་ལ་སོགས་པ་གཡོས་པར་གྱུར་ཞིང་གནས་ལས་འཕགས་ཏེ་འགགས་པར་མ་གྱུར་པ་དེའི་ཚེ་རིམས་ཀྱིས་བཏབ་པ་དེ་ཡུན་རིང་པོ་མ་ལོན་ཞིང་ཞག་དྲུག་མ་འདས་སུ་ཟིན་ཀྱང་སྨན་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །གླ་སྒང་པར་པ་ཏར་བཅས་པའམ། །བཅའ་སྒ་འམ་ཡང་ན་བྱི་ཚེར་བ། །བསྐོལ་པ་བསྒྲངས་པའི་ཁུ་བ་བླུད། །པ་ཐ་པུ་ཤེལ་པ་ལ་ཀ །བླུད་པ་འམ་དེ་བཞིན་དུ་ནི་མ་པ། །སླེ་ཏྲེས་གླ་སྒང་དོང་གྲ་རྣམས། །འདི་ནི་ཅི་རིགས་པར་བླུད་བྱ། །ནད་སྨིན་བྱེད་པའི་སྨན་ཁུ་བ། །རིམས་དང་སྐོམ་དད་ཡི་ག་འཆུས། །ཁས་རོ་མི་ཚོར་མ་ཞུ་འཇོམས། །ཞེས་བྱ་བ་ལ། ནད་ལ་སོགས་པའི་དབྱེ་བས་པར་པ་ཏ་ཞེས་བྱ་བ་སྐྲ་བཟངས་ལན་འགའ་ནི་གླ་སྒང་དང་སྦྱར་བར་བྱའོ། །ལན་འགའ་ནི་བཅའ་སྒ་དང་སྦྱར་ཏེ་བཏང་ངོ༌། །ཡང་ན་བྱི་ཚེར་བ་ཞེས་བྱ་བ་དུར་ལ་བ་དང་སྦྱར་ཏེ་བསྐོལ་བའི་ཁུ་བའམ། ཡང་ན་བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །ཡང་ན་པར་པ་ཏ་དང་པུ་ཤེལ་ཙེ་དང་བ་ལ་ཀ་དང་བཅས་པ་གསུམ་པོ་དེ་དག་བསྐོལ་བའི་ཁུ་བ་དྲོ་བའམ། གྲང་བ་བླུད་པར་བྱའོ། །ཡང་དེ་བཞིན་དུ་ནིམ་པ་ཞེས་བྱ་བ་རྩ་མཁྲིས་དང་སླེ་ཏྲེས་ལ་སོགས་པ་སྨན་བཞི་པོ་བསྐོལ་བ་དྲོ་བའམ། གྲང་བ་བླུད་པར་བྱའོ། །འདིར་སྨན་བསྐོལ་བའི་ཚད་ནི། སྨན་སྲང་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ་ཏེ། སྨན་གྱི་ཁུ་བ་སྲང་བཞི་ལུས་པ་བཏུང་བར་བྱ་ལ། བསྒྲངས་པ་ནི་སྨན་སྲང་གཅིག་ལ་ཆུ་སྲང་དྲུག་ལུས་པར་བྱའོ། །གླ་སྒང་དང་པར་པ་ཏ་ལ་སོགས་པའི་སྨན་གྱི་ཁུ་བ་འདི་ནད་ལ་སོགས་པའི་ཚུལ་ལས་བརྟགས་ཏེ། སྨན་གང་རིམས་གང་དང་གང་ལ་བཏང་བར་འོས་པ་སྟེ། དེ་ལ་ཅི་རིགས་


DTG201_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླུད་ཅིང་སྦྱིན་པར་བྱ་སྟེ། སྨན་གྱི་ཁུ་བ་འདི་ནི་ནད་སྨིན་པར་བྱེད་པ་དང༌། རིམས་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །དུག་མོ་ཉུང་དང་པ་ཏོ་ལའི། །ལོ་མ་དང་ནི་བུ་ཙེ་ཤེལ། །པ་ཏོ་ལ་གླ་སྒང་ཐལ་ཏྲེས་དང༌། །པ་ཏ་དང་ནི་བུ་ཙེ་ཤེལ། །པ་ཏོ་ལ་ནི་མ་འབྲས་བུ་གསུམ། །རྒུན་འབྲུ་གླ་སྒང་དུག་མོ་ཡུངས། །ཀི་ར་ཏིག་ཏ་སླེ་ཏྲེས་དང༌། །བཅའ་སྒ་དང་ནི་ཙནྡན་དཀར། །སླེ་ཏྲེས་གླ་སྒང་སྐྱུ་རུ་སྦྲང༌། །ཚིགས་བཅད་ཕྱེད་ཀྱིས་རྫོགས་བྱས་པ། །ལྔ་པོ་འདི་དག་རྟག་རིམས་སོགས། །ལྔ་པོ་ཞི་བར་བྱེད་པར་འདོད། །ཅེས་བྱ་བ་ལ། དུག་མོ་ཡུངས་ལ་སོགས་པའི་སྨན་ཚིགས་སུ་བཅད་པ་ཕྱེད་ཀྱིས་རྫོགས་པར་བྱས་པས་རྟག་པའི་རིམས་ལྔ་པོའི་རྒྱུན་དང༌། རྟག་པ་ཉིན་གཅིག་པ། ཉིན་གསུམ་པ་དང་བཞི་པ་ཞེས་བྱ་བ་བརྟན་པ་རྟག་པའི་རིམས་ནས། ཉིན་བཞི་པའི་རིམས་ཀྱི་བར་བཞི་པོ་དེ་དག་ལ་ཅི་རིགས་པར་སྦྱར་ན་རླུང་གི་རིམས་ལ་ཕན་པ་ཡིན་ནོ། །རླུང་གི་རིམས་ལ་བྱི་ཚེར་བ། །བཅའ་སྒ་སླེ་ཏྲེས་གླ་སྒང་ཕན། །ཡང་ན་པི་པི་ལིང་རྩ་བ། །སླེ་ཏྲེས་དང་ནི་བཅའ་སྒ་འམ། །རྩ་བ་ལྔ་པ་ཆུང་དུ་ཕན། །ཞེས་བྱ་བ་ལ། ཡང་ན་རླུང་གི་རིམས་ལ་བྱི་ཚེར་བ་ལ་སོགས་པ་སྨན་བཞི་ཕན་པ་ཡིན་ནོ། །ཡང་ན་རླུང་གི་རིམས་ལ་པི་པི་ལིང་གི་རྩ་བ་ལ་སོགས་པའི་སྦྱོར་བ་བྱིན་ན་ཕན་པ་ཡིན་ནོ། །ཡང་ན་རྩ་བ་ལྔ་པ་ཆུང་དུའི་སྦྱོར་བ་ཕན་པ་ཡིན་ནོ། །མཁྲིས་རིམས་གླ་སྒང་དུག་མོ་ཉུང༌། །པུ་ཙེ་ཤེལ་ནི་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི། །གླ་སྒང་ལ་སོགས་པའི་སྨན་གསུམ་པོ་སྦྲང་རྩི་དང་བཅས་པ་སྨན་བསྐོལ་བའི་ཁུ་བའི་སྦྱོར་བ་བྱས་ཏེ་བླུད་ན་ཕན་ནོ། །དེ་བཞིན་གླ་སྒང་པར་པ་ཏ། །བྱི་ཚེར་རྩ་མཁྲིས་བཅས་པ་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་མཁྲིས་པའི་རིམས་ལ་ནི། གླ་སྒང་དང༌། པར་པ་ཏ་དང༌། བྱི་ཚེར་བ་དང༌། རྩ་མཁྲིས་ཞེས་བྱ་བ་བུ་ནིམ་པ་དང་བཅས་པ་བསྐོལ་ཏེ་བླུད་ན་ཕན་པ་ཡིན་ནོ། །བད་ཀན་དུག་མོ་ཉུང་སོགས་ཏེ། ཞེས་བྱ་བ་ལ། བད་ཀན་གྱི་རིམས་ལ་དུག་མོ་ཡུངས་ལ་སོགས་པའི་སྡེ་ཚན་ཕན་ཏེ། དུག་མོ་ཡུངས་ལ་སོགས་པའི་སྡེ་ཚན་ནི་སྔར་སྐྱུག་སྨན་ལ་


DTG201_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྡེ་ཚན་གྱི་སྐབས་སུ་དུག་མོ་ཡུངས་དང་མུར་བ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཡང་ན་བ་ཤ་གླ་སྒང་དང༌། །བཅའ་སྒ་བྱི་ཚེར་བསྐོལ་བ་ཕན། །ཞེས་བྱ་བ་ལ། ཡང་ན་བད་ཀན་གྱི་རིམས་ལ་ནི་བ་ཤ་ཀ་ལ་སོགས་པ་ཕན་པ་ཡིན་ནོ། །པི་པི་ལིང་རྩ་ཨ་རུ་ར། །དོང་ག་གླ་སྒང་པུ་ཙེ་ཤེལ། །བད་ཀན་རླུང་འདྲེས་བཤང་འགགས་པས། །ན་བ་སྨིན་ཞིང་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། བཤང་བ་འགགས་པ་ལ་སོགས་པ་དང་ལྡན་པའི་རིམས་ལ་ནི། པི་པི་ལིང་ལ་སོགས་པའི་ཁུ་བ་བསྐོལ་བའི་ཁུ་བ་བླུད་ན་སྨིན་པ་དང༌། དྲོད་སྐྱེད་པར་བྱེད་དོ། །རླུང་མཁྲིས་ལས་བྱུང་རིམས་ལ་ནི། །རྒུན་འབྲུ་ཤིང་མངར་མ་དུ་ཀ །སེང་ཕྲོམ་ཏང་པ་ལ་ཐལ་ཏྲེས་དང༌། །གླ་སྒང་སྐྱུ་རུ་བ་ལེ་ཀ །པདྨ་གེ་སར་ཤུག་པ་དང༌། །པད་རྩ་ཙནྡན་ཨུ་ཤི་ར། །བ་རུ་ཤ་ཀ་ཨུཏྤལ་སྔོ། །རྒུན་སོགས་སྐྱོ་མའམ་བསྐོལ་བསྒྲངས་པ། །མེ་ཏོག་ཛཱ་ཏིའི་དྲིས་བསྒོས་ཏེ། །ཁར་འབྲས་ཡོས་སྦྲང་རྩིར་སྦྱར། །རླུང་མཁྲིས་རིམས་ནི་འཇོམས་བྱེད་ཅིང༌། །ཆང་ནད་སློན་བརྒྱལ་ཚ་མགོ་འཁོར། །ངལ་དང་སྟོད་ཀྱི་ཁྲག་མཁྲིས་ནད། །སྐོམ་དད་མིག་སེར་དག་ཀྱང་སེལ། །ཞེས་བྱ་བ་ལ། རྒུན་འབྲུ་དང་ཤིང་མངར་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པའམ། སྐྱོ་མ་ལ་མེ་ཏོག་ཛཱ་ཏི་ཞེས་བྱ་བ་སྣ་མའི་དྲིས་བསྒོས་པ་དང་ཁར་དང་འབྲས་ཡོས་དང་སྦྲང་རྩི་དང་སྦྱར་བས་རླུང་དང་མཁྲིས་པ་ལས་གྱུར་པའི་རིམས་འཇོམས་པར་བྱེད་ཅིང༌། དེ་བཞིན་དུ་ཆང་ནད་ལ་སོགས་པ་ལས་གྱུར་པའི་རིམས་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་འཕྲལ་དུ་བཏགས་ཏེ་བཙགས་ནས་སྦྱར་བའི་སྨན་ནི་སྐྱོ་མ་ཞེས་བྱ་ལ། སྨན་བསྐོལ་བའི་ཁུ་བ་མཚན་མོ་བཞག་པ་ནི་བསྒྲངས་པ་ཞེས་བྱའོ། །པུ་ཙེ་ཤེལ་བཏགས་སྣོད་སར་པ། །གཙང་མ་དག་ཏུ་བསྐོལ་ནས་ནི། །བཙིར་བའི་ཁུ་བ་མར་དང་སྦྱར། །ཁུ་བ་དེས་ནི་རིམས་ཚད་སེལ། །ཞེས་བྱ་བ་ལ། སྨན་པུ་ཙེ་ཤེལ་བཏགས་པ་རྫ་མའི་སྣོད་སར་པ་གཙང་ཞིང་མ་སྨས་པ་དག་ཏུ་ཁུ་བ་བསྐོལ་བའི་ཚུལ་དུ་བསྐོལ་ནས། དེའི་ཁུ་བ་འཁྲུལ་འཁོར་གྱིས་བཙིར་ཏེ་ཕྱུང་བའི་ཁུ་བ་མར་དང་སྦྱར་བ་འཐུངས་ན་རིམས་དང་ཚ་བ་སེལ་བར་འགྱུར་རོ། །


DTG201_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བད་ཀན་རླུང་འདྲིས་ཤུ་དག་དང༌། །པུ་ཙེ་ཤེལ་དང་པ་ཏ་དང༌། །དོང་ག་དུང་མོ་ཡུངས་བསྐོལ་ཕན། ཞེས་བྱ་བ་ལ། བད་ཀན་དང་རླུང་འདྲེས་པ་ལས་གྱུར་པའི་རིམས་ལ་ཤུ་དག་ལ་སོགས་པ་སྨན་ཁུ་བར་བསྐོལ་བའི་སྦྱོར་བ་ཕན་ནོ། །ཡང་ན་སླེ་ཏྲེས་བསྐོལ་བ་ཡི། ཁུ་བར་པི་པི་ལིང་གི་ནི། །ཕྱེ་མ་བཏབ་སྟེ་འཐུངས་ན་ཕན། །ཞེས་བྱ་བ་ལ། ཡང་ན་བད་ཀན་དང་རླུང་འདྲེས་པ་ལས་གྱུར་པའི་རིམས་ལ་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་བཏགས་པའི་ཕྱེ་མ་བཏབ་སྟེ་འཐུངས་ན་ནད་དེ་སེལ་ཞིང་ཕན་པར་འགྱུར་རོ། །བྱ་གྷྲི་བཅའ་སྒ་སླེ་ཏྲེས་བསྐོལ། །པི་པི་ལིང་གི་ཕྱེ་མར་བཅས། །བད་ཀན་རླུང་རིམས་དབུགས་མི་བདེ། །ལུད་པ་ཆམ་པ་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། བྱ་གྷྲི་ཞེས་བྱ་བ་ཀཎྜ་ཀ་རི་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་གི་ཕྱེ་མ་བཏབ་པ་ནི། བད་ཀན་དང་རླུང་གི་རིམས་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །གླ་སྒང་འུ་སུ་ཨ་རུ་ར། །བཅའ་སྒ་སྐྲ་ལོ་པུ་ཏི་ཀ །ཤུ་དག་ག་བྲ་ཀད་ཕ་ལ། །ཐང་ཤིང་ཤིང་ཀུན་སྦྲང་རྩིར་བཅས། །རླུང་དང་བད་རིམས་མཆིལ་མ་མང༌། །ལྟོ་དང་སྙིང་ག་རྩི་བ་ལོགས་ན། །ལྐོག་ནད་ཁ་ནི་སྐྲངས་པ་དང། །ལུད་པ་དབུགས་མི་བདེ་རྣམས་སེལ། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པ་བསྐོལ་བའི་སྦྱོར་བས་ཁུ་བར་བཅས་པ་ནི་རླུང་དང་བད་ཀན་གྱི་རིམས་དང༌། དེ་བཞིན་དུ་མཆིལ་མ་མང་བ་དང༌། ལྟོ་ན་བ་ལ་སོགས་པ་སེལ་ཞིང་འཇོམས་པ་ཡིན་ནོ། །བསྐོལ་བ་འདི་དག་ལ་སྨན་པ་རྒན་པོ་དག་ནི་ཤིང་ཀུན་ཞོ་གཉིས་དང་ནམ་གཉིས་དང་སྦྱོར་བ་བྱའོ། །དོང་ག་སོགས་ཏེ་སྦྲང་རྩིར་བཅས། །བད་ཀན་མཁྲིས་གྱུར་རིམས་འཇོམས་སོ། །ཞེས་བྱ་བ་ལ། དོང་གལ་སོགས་པའི་སྡེ་ཚན་སྔར། །དོང་ག་དུག་མོ་ཡུངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་བསྐོལ་བའི་སྦྱོར་བས་བསྐོལ་ཏེ་སྦྲང་རྩི་དང་བཅས་པར་བླུད་པ་ནི། བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་སེལ་བར་བྱེད་དོ། །དེ་བཞིན་པུ་ཙེ་ཤེལ་དང་ནི། །བ་ཤ་ཀ་དང་པུ་ཤེལ་ཙེ། །ཀྱི་ལྕེ་བ་དང་འབྲས་བུ་གསུམ། །སླེ་ཏྲེས་དང་ནི་པ་ཏོ་ལ། །བོང་ང་དཀར་པོ་ནིམ་པ་དང༌། །མུར་བ་བྱི་ཚོར་བ་ཡང་ཕན། །


DTG201_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། ཡང་དེ་བཞིན་དུ་པུ་ཙེ་ཤེལ་ལ་སོགས་པའི་སྨན་བསྐོལ་བ་སྦྲང་རྩི་དང་བཅས་པ་ནི་སྔ་མ་དང་འདྲ་བར་བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་འཇོམས་སོ། །ཀྱི་ལྕེ་བ་ནི་ཏྲཱ་ཡ་མ་ཎའོ། །བོང་ང་དཀར་པོ་ནི་ཨ་ཏི་བི་ཤའོ། །འདུས་པའི་རིམས་ལ་བྱ་གྷྲི་དང༌། །ཐང་ཤིང་སྐྱེར་པ་གླ་སྒང་དང༌། །པ་ཏོ་ལོ་མ་ནིམ་པའི་ཤུན། །འབྲས་གསུམ་པུ་ཙེ་ཤེལ་ཡང་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་རིམས་ནད་ལ་ནི་བྱ་གྷྲི་ལ་སོགས་པའི་སྨན་བསྐོལ་བ་ཕན་ནོ། །རླུང་དང་བད་ཀན་ཤས་ཆེའི་རིམས། །ལུད་དབུགས་མི་བདེ་རྩིབ་ལོགས་ཟུག །དོང་གྲ་པུཥྐར་མཱུ་ལ་དང༌། །སླེ་ཏྲེས་ཀཎྜ་ཀ་རི་ཕན། །ཞེས་བྱ་བ་ལ། རླུང་དང་བད་ཀན་ཤས་ཆེ་ཞིང་རྒྱས་པ་ལས་བྱུང་བའི་རིམས་ལུད་པ་ལ་སོགས་པ་དང་ལྡན་པ་ནི་དོང་གྲ་ལ་སོགས་པ་བསྐོལ་བའི་ཁུ་བ་ཕན་ནོ། །རྒུན་འབྲུ་མ་དུ་ཀའི་མེ་ཏོག །པ་རུ་ཤ་ཀ་ཀྱི་ལྕེ་བ། །པུ་ཤེལ་ཙེ་དང་པུ་ཙེ་ཤེལ། །འབྲས་བུ་གསུམ་དང་ཏང་པ་ལ་བཅས། །བསྐོལ་ཏེ་བསྒྲངས་པར་གྱུར་པ་ཡི། །ཁུ་བ་དེ་ནི་དུས་འཐུངས་ན། །རིམས་ནི་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པ་སྨན་བསྐོལ་བ་བསྒྲངས་པའི་ཁུ་བ་དེ་འཐུངས་ན་ནད་གཞི་སོ་སོ་དང༌། གཉིས་འདྲེས་པ་དང༌། འདུས་པ་ལས་གྱུར་པའི་རིམས་ཐམས་ཅད་འཇོམས་པ་ཡིན་ནོ། །ཛཱ་ཏི་གླ་སྒང་སྐྱུ་རུ་ར། །བྱི་ཚེར་བསྐོལ་བ་དེ་འདྲར་ཕན། །ཞེས་བྱ་བ་ལ། ཛཱ་ཏི་ལ་སོགས་པ་སྨན་བཞི་པོ་བསྐོལ་ཏེ་བསྒྲངས་པ་འཐུངས་པ་ཡང་སྔ་མ་དང་འདྲ་བར་རིམས་ཐམས་ཅད་སེལ་ཞིང་ཕན་པར་འགྱུར་རོ། །བཤང་འགགས་རྒུན་འབྲུ་པུ་ཙེ་ཤེལ། །ཀྱི་ལྕེ་བུ་རམ་འབྲས་བུ་གསུམ། །ཞེས་བྱ་བ་ལ། རིམས་ནད་ཅན་གང་བཤང་བ་འགགས་པའི་ནད་ཀྱིས་བཏབ་ན་དེ་ལ་ནི་རྒུན་འབྲུ་ལ་སོགས་པའི་སྨན་བསྐོལ་ཏེ་བླུད་པར་བྱའོ། །བསྐོལ་བ་འདི་ལ་བུ་རམ་ནི་སྲང་གཅིག་ཙམ་དང་སྦྱར་བའི་ཆུ་བཙགས་པ་དང་སྦྱོར་བར་བྱེད་དོ། །སྨན་ཞུ་ནས་ནི་ཐུག་པ་སོགས། །སྤྱད་བྱ། །ཞེས་བྱ་བ་ལ། སྨན་ཞུ་ཞིང་སྨིན་པར་གྱུར་ནས་ཐུག་པ་ལ་སོགས་པའི་ཁ་ཟས་སྤྱད་ཅིང་བསྟེན་པར་བྱའོ། །བད་ཀན་ཅན་གྱིས་མིན། །བད་ཀན་གྱིས་བརླན་ལུས་ལ་ནི། །


DTG201_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ལ་ཆར་འབབ་འཕེལ་བ་ལྟར། །ཐུག་པ་ཡིས་ནི་བད་ཀན་སྐྱེད། །ཅེས་བྱ་བ་ལ། བད་ཀན་དང་ལྡན་པའི་ནད་པས་ནི་སྨན་དེ་བླུད་ནས་ཞུ་བའི་རྗེས་ལ་ཐུག་པ་ནས་སོགས་ཟས་སུ་སྤྱད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བད་ཀན་གྱིས་བརླན་ཅིང་བངས་པའི་རིམས་ནད་ཅན་གྱི་ལུས་དང་ལྡན་པ་ལ་ཐུག་པ་བྱིན་ན་བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་དེ། དཔེར་ན་ས་རྡུལ་གྱི་ཚོགས་འཕེལ་བར་འགྱུར་བ་དང་འདྲའོ། །དེའི་ཕྱིར་ཐོག་མ་ཉིད་དུ་ཡང༌། །ཡུ་ཤ་རྒྱ་སྲན་ཙ་ན་ཀ །སྲན་མ་སོགས་བྱས་ཡང་བ་དང༌། །རྩུབ་ཅིང་རོ་ཁ་ལྡན་ཡིད་འོང༌། །ཡི་ག་འབྱེད་བྱེད་གཡོས་ལེགས་སྦྱིན། །ཞེས་བྱ་བ་ལ། དེའི་ཕྱིར་བད་ཀན་དང་ལྡན་པའི་རིམས་ནད་ཅན་ལ་ཐོག་མ་སྟེ་དང་པོའི་ཞག་དྲུག་པ་ཉིད་ལ་སྨྱུང་བ་བྱས་པའི་རྟགས་དང་ལྡན་པའི་འོག་ཏུ་ཐུག་པ་སྦྱིན་པའི་དུས་ཉིད་ཡིན་དུ་ཟིན་ཀྱང༌། རྒྱ་སྲན་ཀུ་ལངྠ་ལ་སོགས་པ་ལས་བྱས་པའི་ཡུ་ཤ་སྟེ་སྲན་ཁུ་ཡང་བ་ཞེས་པ་ཚད་ཆུང་ངུར་བྱས་པ་རྩུབ་ཅིང་སྣུམ་གྱིས་མ་བཏབ་པ་རོ་ཁ་བ་དང་ལྡན་ཞིང་དེས་བསྲེས་པ་ཡིད་དུ་འོང་ཞིང་སེམས་དགའ་བར་བྱེད་པ། ཡི་ག་འབྱེད་པར་བྱེད་ཅིང་ཟས་ལེན་པར་བྱེད་པ། གཡོས་ལེགས་ཤིང་ལེགས་པར་སྦྱར་བ་སྦྱིན་པར་བྱའོ། །སཱ་ལུ་རྩ་སྣར་སོགས་འབྲུ་རྙིང༌། །དྲུག་ཅུ་པ་ཡང་རིམས་ལ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་སཱ་ལུ་རྩ་སྣར་ལ་སོགས་པ་སྟེ། འབྲས་ཤུན་པ་དམར་ཞིང་ནང་ཤིན་ཏུ་དཀར་བ་ལ། རཀྟ་ཤཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་སཱ་ལུ་དང་སཱ་ལུ་ཆེན་པོ་དང་ཀ་ལ་མ་ཤཱ་ལི་ཞེས་བྱ་བར་བསྡུའོ། །དེ་དག་ནི་རིམས་རྣམས་ལ་ཤིན་ཏུ་ཕན་པ་ཡིན་ལ། དེ་བཞིན་དུ་འབྲས་དྲུག་ཅུ་པ་ཡང་རིམས་ལ་ཕན་པ་ཡིན་ནོ། །བད་ཀན་ཤས་ཆེར་དེ་བཞིན་ནས། །ཕུབ་མ་མེད་བྱས་ཆག་ཚེའི་ཆན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་ཞིང་རྒྱས་པའི་རིམས་ལ་ནི་ནས་སོ་བ་ཕུབ་མ་གྲུགས་པ་ཆག་ཚེར་བྱས་ཏེ་ཆན་དུ་བཙོས་པ་ཕན་ནོ། །ནད་དང་ལུས་ཟུངས་སྩོགས་སྟོབས་ལས། །རིམས་སེལ་སྨན་ཁུར་བཙོས་འབྲས་ཆན། །ལན་གཉིས་ལན་གསུམ་བཙགས་ནས་ནི། །ཅི་རིགས་པར་ནི་སྦྱིན་པར་བྱ། །ཞེས་བྱ་བ་ལ། འབྲས་དེ་དག་ནི་ནད་དང་ལུས་


DTG201_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་ཀྱི་ཆ་ལས་ལྟོས་ཏེ་སྔར་བཤད་མ་ཐག་པའི་རིམས་སེལ་བའི་སྨན་བསྐོལ་བའི་ཁུ་བས་ནད་དམིགས་ཇི་ལྟ་བ་བཞིན་དུ་སྨན་གྱི་ཁུ་བས་འབྲས་ཆན་བཙོས་པ་ལན་གཉིས་སམ་ལན་གསུམ་གྱི་བར་དུ་བཀྲུས་ཤིང་གཟགས་ཏེ། རིམས་ལ་ཅི་རིགས་པར་སྦྱིན་པར་བྱའོ། །མུངྒ་སོགས་དང་ཀུ་ལངྒའི། །ཡུ་ཤ་ཡང་བས་རིམས་ནད་འཇོམས། །ཞེས་བྱ་བ་ལ། མུངྒ་ལ་སོགས་ཞེས་པ་མུངྒ་དང༌། སྲན་ཆུང་དང༌། ཙ་ན་ཀ་དང༌། རྒྱ་སྲན་ཀུ་ལངྠ་དང༌། མུད་ཀུན་ཏ་ཞེས་བྱ་བའི་སྲན་མ་ལ་སོགས་པ་ལ་ཡང་ཞིང་ཚད་ཆུང་བར་བྱས་པའི་སྲན་ཁུ་ཡུ་ཤས་ཀྱང་རིམས་ནད་འཇོམས་ཤིང་སེལ་བར་འགྱུར་རོ། །ཚོད་མ་ཀ་ར་བེ་ལ་དང༌། །ཀར་ཀོ་ཏ་དང་ལ་ཕུག་གཞོན། །པར་བ་ཏ་དང་བར་ཏ་ཀ །ནིམ་པའི་མེ་ཏོག་པ་ཏོ་ལའི། །འབྲས་བུ་དང་ནི་ལོ་མ་ལས། །ལེགས་པར་གཡོས་པའི་ཚོད་མ་བསྔགས། །ཞེས་བྱ་བ་ལ། རིམས་ནད་ལ་ཚོད་མ་ནི་ཀ་ར་བཱི་ར་ལ་སོགས་པ་ལས་བྱས་པའི་ཚོད་མ་ཕན་ནོ། །ཤིན་ཏུ་ཡང་བའི་ཤ་དང་ནི། །སྐམ་སའི་སྲོག་ཆགས་ཤ་ཁུ་ནི། །ཀཎྜ་ཀ་རི་པ་རུ་ཤ །ཨགྣི་མནྠ་རྒུན་འབྲུ་དང༌། །སྐྱུ་རུ་ར་དང་སེའུ་འབྲུ་དང༌། །པི་པི་ལིང་དང་བཅའ་སྒ་དང༌། །འུ་སུ་ཟིར་རྒྱམ་ཚར་བཅས། །ཕལ་ཆེར་ཁ་ར་སྦྲང་རྩི་ཆེར། །ལྡན་པའི་གཡོས་བྱས་མ་བྱས་པ། །ཞེས་བྱ་བ་ལ། སྐམ་ན་གནས་པའི་སྲོག་ཆགས་དགོ་བ་དང༌། རི་བོང་དང༌། ཤ་བཀྲ་དང་སྲེག་པ་དང༌། ཀ་བིན་ཛ་ལ་དང༌། ཀུ་རུང་ག་ལ་སོགས་པའི་ཤ་ཁུ་དག་རིམས་ནད་ཅན་ལ་ཕན་ནོ། །དེ་ཡང་ཀཎྜ་ཀ་རི་ལ་སོགས་པ་དང་ནད་དམིགས་ཀྱི་ཚུལ་ཇི་ལྟ་བ་ལས་སྦྱར་བ་ཕལ་ཆེར་ལ་ཁ་ར་དཀར་པོ་དང་སྦྲང་རྩི་ལ་སོགས་པ་ཤས་ཆེ་ཞིང་མང་བ་དང་ལྡན་པའི་གཡོས་སུ་བྱས་པ་སྟེ་སྣུམ་ལ་སོགས་པ་བཏབ་པའམ། གཡོས་སུ་མ་བྱས་པ་སྟེ་སྣུམ་ལ་སོགས་པ་མ་བཏབ་པ་ཤ་ཁུ་བྱས་ཏེ། དེ་ཡང་བསྡུས་པ་ལས། གཡོས་བྱས་མ་བྱས་དེ་དག་ནི། །སྣུམ་སོགས་བཅས་དང་མེད་ཅེས་བྱ། །ཞེས་བཤད་པ་ཡིན་ནོ། །མི་སྐྱུར་དར་བ་བསྐོལ་བ་དང༌། །ཡི་གར་འོང་ཞིང་སླ་བ་དང༌། །ལེགས་པར་བསྐོལ་བའི་ཚོད་མ་ཕན། །ཞེས་བྱ་བ་ལ།


DTG201_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་མ་དེ་ཤིན་ཏུ་མི་སྨྱུར་བའི་དར་བ་དང་བསྐོལ་ཞིང་གཡོས་པ་དང༌། ཡི་ག་འབྱེད་ཅིང་ཡི་གར་འོང་བ་དང༌། སླ་ཞིང་དང་བ་དང༌། ལེགས་པར་བསྐོལ་བ་སྟེ། མེས་ཚོས་པར་བཙོས་ན་ཕན་པའོ། །དེ་ནི་བཏུང་བའི་ཕྱིར་ཡང་སྦྱིན། །ཆུ་བསྐོལ་བསྒྲངས་པར་གྱུར་པ་དང། །གོམས་པར་གྱུར་པའི་དབང་ལས་ནི། །ཆང་ཡང་བླུད་པར་བྱ་བ་ཡིན། །ཞེས་བྱ་བ་ལ། ཚོད་མའི་ཁུ་བ་དེ་བཏུང་བའི་ཕྱིར་རམ། དོན་དུ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཆུ་བསྐོལ་ཏེ་བསྒྲངས་པ་གང་ཡིན་པ་ཡང་བཏུང་བ་སྟེ་འཚལ་ནན་དུ་སྦྱིན་པར་བྱ་བ་དང༌། གོམས་ཤིང་རྗེས་སུ་མཐུན་པའི་དབང་དུ་བྱས་ནས། ཆང་དག་ཀྱང་བཏུང་བའི་དོན་དུ་བླུད་ཅིང་སྦྱིན་པར་བྱའོ། །རིམས་དང་བཅས་པའམ་རིམས་བྲལ་བ། །དགོངས་ཀ་ཁ་ཟས་ཡང་བ་སྦྱིན། །དེ་ཚེ་བད་ཀན་མེ་དྲོད་འཕེལ། །ཁོང་པའི་མེ་དྲོད་སྟོབས་དང་ལྡན། །ཞེས་བྱ་བ་ལ། རིམས་དང་བཅས་ཤིང་རིམས་ཀྱི་ཤུགས་ཡོད་པའམ། རིམས་དང་བྲལ་ཞིང་རྩེ་ལེགས་པར་ཞི་བ་དག་ལ་དགོངས་ཀ་སྟེ། ཉི་མའི་དུས་སུའང་སྦྱིན་པར་བྱ། །ཉི་མ་ནུབ་པའི་མཐར་ཁ་ཟས་ཡང་བ་སྦྱིན་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་བད་ཀན་མེད་ཅིང་ཟད་པས་མེ་དྲོད་རྣམ་པར་འཕེལ་ཞིང་རྒྱས་པར་འགྱུར་ཏེ། ཁོང་པའི་ཕོ་བའི་མེ་དྲོད་སྟོབས་དང་ལྡན་ཞིང་ནུས་པ་ཡིན་པའི་ཕྱིར་རོ། །ཡང་ན་ཡུལ་གོམས་དབང་ལས་ནི། །ཅི་རིགས་དུས་སུའང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་ཅི་རིགས་ཤིང་ཇི་ལྟར་འཚམ་པའི་དུས་སུ་ཟས་སྦྱིན་པར་བྱ་ལ། དེ་ཡང་ཡུལ་གྱི་གོམས་པའི་དབང་དུ་བྱས་ནས། གང་གི་ཟས་དུས་གང་ཡིན་པ་དེ་ཡང་སྦྱིན་དུ་རུང་ངོ༌། །མེ་དྲོད་ཆུང་ལ་སྔར་ཟོས་ན། །ཟས་མ་ཞུ་བས་གཟིར་བར་འགྱུར། །ཞེས་བྱ་བ་ལ། ཅིའི་ཕྱིར་དགོངས་ཀ་ཟས་སྦྱིན་ཞེ་ན། གང་གི་ཕྱིར་ནང་པར་གྱི་དུས་སུ་མེ་དྲོད་སྟོབས་ཆུང་ཞིང་ཞན་པས། ཉི་མའི་ཆ་དང་པོ་ལ་སྔར་ཟན་ཟོས་ན་ཟན་མ་ཞུ་བས་ནད་པ་དེ་གཟིར་ཞིང་གནོན་པར་འགྱུར་རོ། །སྨན་བསྐོལ་ཁུ་བ་ཕན་ཟས་ཀྱིས། །ཞག་བཅུའི་བར་དུ་སྨྱུང་བ་བྱ། །བད་ཀན་བྲི་ནས་རླུང་མཁྲིས་ནི། །ཤས་ཆེའི་རིམས་ལ་ཞུན་མར་སྦྱིན། །ཞེས་བྱ་བ་ལ།


DTG201_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གླ་སྒང་དང་པར་པ་ཏ་ལ་སོགས་པ་སྨན་བསྐོལ་བའི་ཁུ་བ་དང༌། དེ་བཞིན་དུ་ཕན་པའི་ཟས་ཐུག་པ་དང༌། ཡུ་ཤ་ལ་སོགས་པས་དང་པོ་རིམས་ཀྱིས་བཏབ་པའི་ཞག་བཅུ་འདས་པར་བྱ་ཞིང༌། ཚུལ་འདིས་སྨྱུང་བ་བྱས་པར་གྱུར་ནས། །སྨྱུང་བའི་རིམ་པས་བད་ཀན་བྲི་ཞིང་ཆུང་བར་གྱུར་ལ། རླུང་དང་མཁྲིས་པ་ལྷག་པར་ཤས་ཆེ་ཞིང་སྨྱུང་བ་ཉིད་ཀྱིས་དེ་གཉིས་འཕེལ་བར་གྱུར་ནས་དེའི་ཞུན་མར་སྦྱིན་པར་བྱའོ། །ནད་སྨིན་པ་ལ་བདུད་རྩི་ཡིན། །གཞན་དུ་དེ་ནི་དུག་དང་མཚུངས། །ཞག་བཅུ་འདས་པར་གྱུར་ཀྱང་ནི། །རིམས་ཀྱི་བླ་བརྣན་འཕེལ་བར་བྱེད། །ཅེས་བྱ་བ་ལ། ཞུན་མར་དེ་ཡང་རིམས་ཀྱི་ནད་སྨིན་ཅིང་མ་སྨིན་པའི་སྐྱོན་དང་བྲལ་བ་ལ་བླུད་ན་ནི་བདུད་རྩི་དང་འདྲ་བར་ཕན་པ་ཡིན་ནོ། །དེ་ལས་གཞན་དུ་རིམས་ནད་མ་སྨིན་ཞིང་བད་ཀན་དང་མཁྲིས་པ་ཤས་ཆེ་བའི་རིམས་ལ་མར་གསར་དེ་བྱིན་པ་ནི་དུག་དང་མཚུངས་པར་གནོད་པར་བྱེད་པ་ཡིན་ཏེ། ཞག་བཅུ་འདས་སུ་ཟིན་ཀྱང་ནད་མ་སྨིན་པ་དང་རླུང་ཤས་མེད་པ་ལ་བྱིན་པས་ནི་རིམས་ཀྱི་བླ་བརྣན་ཇི་སྐད་སྨོས་པའི་ལུད་པ་དང༌། ཡི་ག་འཆུས་པ་ལ་སོགས་པ་རྣམས་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་མ་སྨིན་པའི་གནས་སྐབས་དེར་མར་བྱིན་ན་ནི་རིམས་དང་དེའི་བླ་བརྣན་འཕེལ་བར་བྱེད་པ་ཉིད་ཡིན་ནོ། །དེ་ལ་སྨྱུང་བ་ལ་སོགས་རིམས། །བད་ཀན་ཟད་ཀྱི་བར་དུ་བྱ། །ཞེས་བྱ་བ་ལ། དེ་ལ་རིམས་བད་ཀན་གྱི་ཤས་ཆེ་བ་ལ་ནི་སྔར་བཤད་པའི་ཚུལ་དུ་སྨྱུང་བ་ལ་སོགས་པའི་རིམས་ཕ་རོལ་ཁ་བ་དང་ལྡན་པའི་བར་གྱི་སྦྱོར་བ་བྱ་ལ། དེ་ཡང་བད་ཀན་ཟད་ཀྱི་བར་དུ་བྱ་སྟེ། རིམས་སྐྱེད་པར་བྱེད་པའི་བད་ཀན་རྒྱས་པས་དུས་ཇི་སྲིད་ཀྱིས་ཟད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྨྱུང་བ་བྱའོ། །ལུས་དང་ལུས་ཟུངས་སྟོབས་ཞན་པས། །རིམས་རྙིང་དུ་ཡང་འགྱུར་བ་ཡིན། །ཞེས་བྱ་བ་ལ། ལུས་སྟོབས་ཞན་པ་ཉིད་ཀྱི་ཕྱིར་དང༌། ལུས་ཟུངས་སྟོབས་ཞན་པ་ཉིད་ཀྱི་རྒྱུས་རིམས་རྙིང་པར་འགྱུར་གྱི། རང་གི་རང་བཞིན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་གྱིས་སྟོན་པ་ཡིན་ནོ། །མེ་དྲོད་རྩུབ་པས་རིམས་སྐྱེད་བྱེད། །མེ་དྲོད་རྩུབ་པར་གྱུར་པ་ལ། །སྒྱུག་སྨན་དུགས་དང་དུས་དང་ཆུ། །


DTG201_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ་དང་ཁ་ཟས་སྤངས་པ་ཡིས། །རླུང་གི་ཁམས་ནི་གྲོགས་གྱུར་པས། །གང་ཞིག་སྟོབས་ཆེན་གྱུར་པ་ལ། །དེ་ཡི་ཞི་བྱེད་ཞུན་མར་ཏེ། །ཁང་པ་འབར་ལ་ཆུ་བླུགས་མཚུངས། །ཞེས་བྱ་བ་ལ། གང་གི་ཕྱིར་མེ་དྲོད་རྩུབ་མོ་སྨིན་པར་བྱེད་པའི་མེ་དྲོད་ཅེས་བྱ་བའི་མཁྲིས་པ་གང་ཡིན་པ་དེ་གཤེར་བ་དང་བྲལ་བས་མེ་དྲོད་ཉིད་དུ་གྱུར་པས་རྩུབ་པ་ཡིན་ལ། མེ་དྲོད་རིམས་སྐྱེད་པར་བྱེད་པ་རྩུབ་པར་གྱུར་པས་ནད་པ་ཡང་རྩུབ་པར་བྱེད་ཅིང༌། སྐྱུག་སྨན་ལ་སོགས་པས་ཉམས་སྨད་ཅིང་སྨྱུང་བ་བྱས་བའི་གསོ་བས་རྩུབ་པོར་བྱས་པ་དང༌། གང་རླུང་གི་རང་བཞིན་རྟག་ཏུ་རྒྱུ་ཞིང་འགྲོ་བར་བྱེད་པས་གྲོགས་དང་གསོས་བཏབ་པས་རླུང་གི་ཁམས་གང་ཡིན་པ་དེ་སྟོབས་ཆེན་པོར་གྱུར་པ་ལ་དེ་ཞི་བར་བྱ་བའི་ཐབས་ནི་ཞུན་མར་བླུད་པ་ཡིན་ཏེ། ཇི་ལྟར་ཁང་པ་འབར་བར་གྱུར་པ་ལ་ཆུ་བླུགས་པས་ཞི་བར་གྱུར་པ་དང་མཚུངས་སོ། །རླུང་མཁྲིས་སེལ་བའི་མཆོག་ཏུ་ནི། །སྦྱོར་བའི་དབང་ལས་གྱུར་པས་ན། །དེ་ཕྱིར་རང་གི་སྨན་དང་ནི། །ཇི་བཞིན་བསྐོལ་བ་དེ་ལ་སྦྱིན། །ཞེས་བྱ་བ་ལ། ཞུན་མར་དེ་ཡང་རླུང་དང་མཁྲིས་པ་སེལ་བའི་མཆོག་ཡིན་ལ། དེ་ཡང་སྦྱོར་བའི་དབང་ལས་མཆོག་ཏུ་གྱུར་པའམ། །ཡང་ན་བདག་ཉིད་མཆོག་ཡིན་པའི་སྟེང་དུ་སྨན་གྱི་སྦྱོར་བ་བྱས་པ་དང་རྗེས་སུ་མཐུན་ཞིང་རང་གི་མཚན་ཉིད་ཀྱི་ནུས་པ་འཕེལ་བ་དང༌། སྦྱོར་བ་གཞན་དང་རྗེས་སུ་མཐུན་པར་བྱེད་དེ། སྦྱོར་བ་གང་དང་འདྲེས་པ་དེ་དང་ལྷན་ཅིག་རང་གི་བྱ་བ་བྱེད་དོ། །དེ་ཡང་དྲང་སྲོང་ཙ་ར་ཀས། ཇི་ལྟར་ཞུན་མར་དང་འདྲ་བར། །སྣུམ་གཞན་དག་ནི་གང་ཡང་རུང༌། །སྦྱོར་བའི་རྗེས་སུ་མཐུན་པ་ཡིན། །དེ་བས་ཞུན་མར་སྣུམ་ཀུན་མཆོག །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཞུན་མར་ནི་སྦྱོར་བ་དང་རྗེས་སུ་མཐུན་པ་ཡིན་པས། དེའི་ཕྱིར་ཞུན་མར་དེ་ནད་གང་ཡིན་པ་དེའི་གཉེན་པོར་གྱུར་པའི་རང་གི་སྨན་དང་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྐོལ་བའི་རིམས་རྙིང་པར་གྱུར་པ་ལ་བསྐོལ་བར་བྱའོ། །རིམས་དྲོ་མི་མཐུན་པས་སེལ་ལ། །བསིལ་བས་མཁྲིས་བའང་སེལ་བར་བྱེད། །སྣུམ་པས་རླུང་སེལ་བད་ཀན་མར། །མཚུངས་ཀྱང་སྦྱོར་དང་གཡོས་པས་སེལ། །ཞེས་བྱ་བ་


DTG201_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རིམས་ཀྱི་མཚན་ཉིད་དང་མར་གྱི་མཚན་ཉིད་མི་མཐུན་པ་རྩུབ་པ་དང༌། དྲོ་བ་གང་ཡིན་པ་དེ་མར་གྱི་བསིལ་བའི་ཡོན་ཏན་སྣུམ་བ་དང༌། བསིལ་བས་སེལ་བར་བྱེད་ལ། མཁྲིས་པའི་རྣམ་བ་ནི་མར་གྱི་བསིལ་བའི་ཡོན་ཏན་གྱིས་སེལ་བར་བྱེད་ཀྱི། སྣུམ་པའི་ཡོན་ཏན་གྱིས་སེལ་བར་མི་བྱེད་དེ། མཁྲིས་པ་ནི་སྣུམ་པ་དང་བཅས་པ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་རླུང་ནི་མར་གྱི་སྣུམ་བས་སེལ་བ་ཡིན་གྱི། བསིལ་བས་སེལ་བ་མ་ཡིན་གྱི། །རླུང་གི་རང་བཞིན་བསིལ་བ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །སྣུམ་པ་དང་བསིལ་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཀྱིས་བད་ཀན་དང་མར་ཡོན་ཏན་མཉམ་པ་ཡིན་དུ་ཟིན་ཀྱང༌། སྦྱོར་བ་དང་གཡོས་སུ་བྱས་པའི་དབང་ལས་བད་ཀན་སེལ་བར་བྱེད་དེ། དེ་ལ་སྦྱོར་བ་ནི་བད་ཀན་འཇོམས་པར་བྱེད་པའི་སྨན་དང་ལྷན་ཅིག་སྦྱོར་བའོ། །གཡོས་སུ་བྱས་པ་ནི། ཅི་ནས་ཀྱང་བད་ཀན་འཇོམས་པར་བྱེད་པའི་ཡོན་ཏན་འབྱུང་ཞིང་སྐྱེད་པའི་ཚུལ་དུ་གཡོས་པའོ། །སྔར་གྱི་སྨན་ཁུ་མར་བཅས་པ། །ཐམས་ཅད་ནད་དམིགས་ཇི་བཞིན་གཏང༌། །ཞེས་བྱ་བ་ལ། རྒྱུ་དེ་བས་ན་གླ་སྒང་དང་པར་པ་ཏ་ལ་སོགས་པ་རིམས་ཀྱི་སྨན་སྔར་ཇི་སྐད་བསྟན་པའི་ཁུ་བ་དང་མར་དུ་བསྐོལ་བ་དེ་ཐམས་ཅད་ནད་དམིགས་ཇི་ལྟ་བའི་ཚུལ་ལས་རྗེས་སུ་དཔག་སྟེ་གཏང་ཞིང་སྦྱིན་པར་བྱའོ། །འབྲས་བུ་གསུམ་དང་ནིམ་པའི་ཤུན། །ཤིང་མངར་བྲི་ཧ་ཏི་གཉིས་དང༌། །སྲན་ཆུང་འོ་མར་བཅས་བསྐོལ་བ། །མར་ལྡན་རིམས་དང་ལུད་པ་འཇོམས། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང་ནིམ་པའི་ཤུན་ལྤགས་ལ་སོགས་པའི་སྨན་སྲན་ཆུང་གི་ལོ་མ་དང་བཅས་པ་བསྐོལ་ཏེ། སྨན་ཁུའི་སྦྱོར་བ་བྱས་བ་དང་མར་དང་བཅས་པ་ནི་རིམས་དང་ལུད་བ་འཇོམས་པ་ཡིན་ནོ། །འདིར་ཡང་སྨན་པ་རྒན་པོ་མཁས་པ་རྣམས་ནི་འབྲས་བུ་གསུམ་ལ་སོགས་པའི་སྨན་སྤྱིར་སྲང་གཅིག །སྲན་ཆུང་གི་ལོ་མ་སྲང་གཅིག །མར་སྲང་ཕྱེད་དང་སྦྱར་ཏེ་སྟེར་བར་བྱེད་དོ། །བྲི་ཧ་ཏི་གཉིས་ནི་ཀཎྜ་ཀ་རི་དང༌། བྲི་ཧ་ཏི་སྟེ་གཉིས་སོ། །པི་པི་ལིང་དང་ཏིག་ཏ་དུག་མོ་ཡུངས། །ཀཎྜ་ཀ་རི་པུ་ཙེ་ཤེལ་ཐལ་ཏྲེས། །ཏ་མ་ལ་ཀ་སྐྱུ་རུ་ར་


DTG201_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བིལ་བ། །གླ་སྒང་ཙནྡན་ཀྱི་ལྕེ་པུ་ཤེལ་ཙེ། །རྒུན་འབྲུ་བོང་ང་ས་ལ་པརྞི་དང༌། །བསྐོལ་བའི་མར་གྱིས་རིམས་ཀྱི་ནད་དང་ནི། །མེ་དྲོད་མི་སྙོམས་ཧ་ལི་ས་ཀ་དང༌། །ཡི་ག་འཆུས་དང་མི་བཟད་ཚ་བ་དང༌། །སྙོམ་པའི་ནད་དང་རྩིབ་ལོགས་ན་བ་དང༌། །མགོ་ནད་སློན་ནི་མྱུར་དུ་འཇོམས་པར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུ་མར་གྱི་བཞི་ཆ་དང༌། ཆུ་མར་གྱི་བཞི་འགྱུར་དང་བསྐོལ་བའི་སྨན་མར་གྱིས་ནི་རིམས་ལ་སོགས་པའི་ནད་སེལ་བར་བྱེད་ལ། མེ་དྲོད་མི་སྙོམས་པ་ནི་རླུང་གིས་མེ་དྲོད་མི་མཉམ་པར་བྱས་པ་ལུས་ཀྱི་གནས་ཀྱི་སྐབས་སུ་བསྟན་པའོ། །ཧ་ལི་ས་ཀ་ནི་སྐྱ་རྦབ་ཀྱི་ནད་ཀྱི་སྐབས་སུ་རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ཡིན་ནོ། །གཞན་ནི་གོ་བར་ཟད་དོ། །སྨན་མར་བསྐོལ་བའི་ཚད་ནི་ལྡེ་གུ་དང་མར་བཞི་འགྱུར་དུ་བྱས་ཏེ། སྨན་མར་བསྐོལ་བའི་ཚད་བཤད་པ་སྨན་ལས་མར་ནི་བཞི་འགྱུར་ཞེས་བཤད་པའི་ཚུལ་གྱིས་སྦྱར་བར་བྱའོ། །དེ་ནས་སྨན་གྱི་ལྡེ་གུའི་བཞི་འགྱུར་གྱི་མར་བསྐོལ་ལ། འདིར་ཆུ་མ་སྨོས་སུ་ཟིན་ཀྱང༌། མར་གྱི་བཞི་འགྱུར་དུ་བྱ་བ་དང་ཐམས་ཅད་དུ་བསྐོལ་བར་བྱའོ། །དེ་བཞིན་དུ་སྨན་བཏགས་པའི་ཆུ་དང་སྦྲུས་པ་ལ་སྣུམ་ཉི་ཚེ་དང་བསྐོལ་བ་ཆུ་མེད་པར་བྱའོ། །གང་དུ་ཚད་ནི་མ་སྨོས་པ། །དེར་ནི་སྨན་རྣམས་ཆ་མཉམ་བྱ། །ཞེས་སྨོས་པའི་ཚིག་འདིས་ནི། ཚད་ཀྱི་ངེས་པ་མ་སྨོས་པ་འདི་དག་ཏུ་ནི་ཆ་མཉམ་པར་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །གང་སྦྱོར་བ་ངེས་པར་མ་སྨོས་པ་དེར་ནི་ལྡེ་གུ་ཉིད་བྱའི་བསྐོལ་བར་ནི་མི་བྱའོ། །དེས་ན་སྨན་གྱི་ལྡེ་གུ་སྲང་བརྒྱད་སྦྱར་ལ་མར་སྲང་སུམ་ཅུ་རྩ་གཉིས་དང་སྦྱར་ཏེ། ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་བར་བྱའོ། །དེ་བཞིན་དུ། རློན་པ་ཉིས་འགྱུར་གཞུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡང་འདིར་ཤེས་པར་བྱ་སྟེ། འདི་དག་ཚད་མ་སྨོས་པའི་སྨན་མར་ཐམས་ཅད་ལ་འདི་ལྟར་བྱ་བ་ཡིན་པར་ཤེས་པར་བྱའོ། །ཏམ་ལ་ཀ་ནི་པ་ཧུ་པ་ཏྲ་དང་ཨ་ཛ་དྲ་ཞེས་བྱའོ། །ས་ལ་པརྞི་སྨན་སྠི་ར་ཞེས་བྱའོ། །དུར་བྱིད་མ་གཏོགས་སེང་ཕྲོམ་མ་སོགས་བསྐོལ་མར། །


DTG201_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལས་གྱུར་པའི་རིམས་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རིམས་ལ་ནི་སེང་ཕྲོམ་ལ་སོགས་པའི་སྨན་མར་རླུང་ནད་གསོ་བའི་སྐབས་སེང་ཕྲོམ་སྲང་བརྒྱད་ཅེས་བྱ་བ་ལ་སོགས་པ་གཞུང་གིས་བསྟན་པའི་སྨན་མར་ལས་དེར་སྨོས་པའི་ནང་ནས་དུར་བྱིད་མ་གཏོགས་པའི་ཤིང་དེ་བཏོན་ཏེ། སྨན་ལྷག་མ་བསྐོལ་བའི་མར་བླུད་པ་བསྔགས་པ་ཡིན་ནོ། །མཁྲིས་པའི་རིམས་ལ་བུ་ཙེ་ཤེལ་དུག་མར། །ཀྱི་ལྕེ་བར་བསྐོལ་སྨན་མར་གང་ཡིན་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་རིམས་ལ་ནི། པུ་ཙེ་ཤེལ་གྱི་སྨན་མར་མཛེ་ནད་གསོ་བའི་སྐབས་ནས་བཤད་པ་དང༌། དུག་གི་སྨན་མར་ཁྲག་མཁྲིས་གསོ་བའི་སྐབས་ནས་བཤད་པ་དང༌། ཀྱི་ལྕེ་བའི་སྨན་མར་ཁོང་འབྲས་གསོ་བའི་སྐབས་ནས་བཤད་པའི་སྨན་མར་གང་ཡིན་པ་དེ་དག་བླུད་ན་ཕན་ནོ། །བྱི་དང་ག་དང་དབྱི་མོང་ཁ་རུ་ཚ། །པ་ཐ་ཚ་བ་གསུམ་དང་ཙི་ཏྲ་ཀ །ལྕེ་མྱང་ཚ་དང་ནས་ཚིག་འཁུས་ཐལ་བ། །འདི་རྣམས་ཆ་ནི་སྲང་རེར་བྱས་པ་དང༌། །མར་དང་འོ་མ་ཆ་ནི་མཉམ་བྱས་པ། །བྲེ་གང་བསྐོལ་བས་བད་ཀན་རིམས་རྙིང་འཇོམས། །ཞེས་བྱ་བ་ལ། བྱི་དང་ག་ལ་སོགས་པའི་སྨན་བཅུ་པོ་ཆ་སྲང་རེར་བྱས་པ་སྲང་བཅུ་དང། མར་བྲེ་གང་སྟེ། སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་ཡང་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་དང་བཅས་པར་བསྐོལ་བའི་སྨན་མར་ནི་བད་ཀན་ལ་སོགས་པའི་རིམས་རྙིང་པ་འཇོམས་པ་ཡིན་ནོ། །འདིར་ཆུ་མ་སྨོས་སུ་ཟིན་ཀྱང་བྲེ་གསུམ་གཞུག་པར་བྱ་སྟེ། དེ་ལྟར་ན་འོ་མ་དང་ཆུ་སྤྱིར་བསྡུས་ན་མར་གྱི་བཞི་འགྱུར་དུ་འགྱུར་ཏེ། ཆུ་མེད་པར་འོ་མ་འབའ་ཞིག་གིས་སྨན་གྱི་བཞི་འགྱུར་འབྱིན་པར་མི་ནུས་ཏེ། དེ་ཡང་བསྡུས་པ་ལས། འོ་མ་ལ་སོགས་བཅས་བསྐོལ་སྨན། །ཁུ་བ་ལེགས་པར་ཐོན་མི་འགྱུར། །ཞེས་སྨོས་པས་ན་སྨན་པ་མཁས་པའི་མན་ངག་གི་རྗེས་སུ་འབྲངས་ནས་ཆུས་བསྐོལ་བའི་སྔོན་དུ་འགྲོ་བ་དང༌། འོ་མ་ལ་སོགས་པས་བསྐོལ་བར་བྱའོ། །སླེ་ཏྲེས་ཁུ་བ་ལྡེ་གུ་དང༌། །བ་ཤ་ཀ་དང་འབྲས་བུ་གསུམ། །རྒུན་འབྲུ་དང་ནི་བ་ལ་དང༌། །བསྐོལ་བའི་སྨན་མར་རིམས་ནད་འཇོམས། །ཞེས་བྱ་བ་ལ། སླེ་


DTG201_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲེས་ཀྱི་ཁུ་བ་མར་གྱི་བཞི་འགྱུར་གཞུག་པར་བྱ་ཞིང༌། དེ་བཞིན་དུ་ཆུ་དང་བཅས་པའི་ལྡེ་གུ་བྱ་ན་ཡང་མར་གྱི་བཞི་འགྱུར་བྱའོ། །དེ་བཞིན་དུ་བ་ཤ་ཀའི་ཁུ་བ་དང་ལྡེ་གུ་དང༌། འབྲས་བུ་གསུམ་གྱི་ཁུ་བ་དང་ལྡེ་གུ་དང༌། བ་ལེའི་ཁུ་བ་དང་ལྡེ་གུ་སོ་སོར་མར་དང་བསྐོལ་བའི་སྨན་མར་ནི་རིམས་ནད་འཇོམས་པར་བྱེད་པ་ཡིན་ཏེ། སྨན་མར་འདི་དག་ནི་མར་ཁོ་ན་དང་སྦྱར་བར་བྱ་སྟེ། དེས་ནི་རིམས་ལ་ཕན་པ་ཡིན་པའི་ཕྱིར་དང༌། ཞུན་མར་གྱི་སྐབས་ཡིན་པའི་ཕྱིར་རོ། །མར་ཞུ་ནས་ནི་ཤ་འཇམ་ཁུ། །ཁ་ཟས་བཅས་པ་བཟའ་བར་བྱ། །དེས་ནི་སྟོབས་རབ་སྐྱེད་བྱེད་ཅིང༌། །ནད་ནི་ཤིན་ཏུ་ཟད་བྱེད་ཡིན། །ཞེས་བྱ་བ་ལ། སྔར་སྨོས་པའི་སྨན་མར་དེ་དག་གང་ཡང་རུང་བ་བྱིན་ནས་དེ་ཞུ་བར་གྱུར་ཅིང་ལེགས་པར་ཞུ་ཟིན་པ་དང༌། ཤ་འཇམ་ཞིང་སྙི་བ་ལས་བྱས་པའི་ཤ་ཁུ་ཡང་པ་སྦྱིན་པར་བྱ་སྟེ། གང་གི་ཕྱིར་ཤ་ཁུ་དེས་ནི་སྟོབས་རབ་ཏུ་སྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་ལ། སྟོབས་སྐྱེད་པས་ནི་ནད་ཟད་པར་བྱེད་པ་ཡིན་ནོ། །ཀ་ར་བེ་ལ་སོགས་ཁུ་དང༌། །མུངྒ་བད་ཀན་མཁྲིས་འཇོམས་པས། །ཕལ་ཆེར་རླུང་ཤས་ཆེ་རིམས་ལ། །གཟེར་དང་བཤང་བ་འགགས་པ་ནི། །སྐྱེད་ཅིང་རིམས་ནི་འཕེལ་བར་བྱེད། །དེ་ཕྱིར་དེ་ནི་བསྔགས་མ་ཡིན། །ཞེས་བྱ་བ་ལ། སྨན་ཀར་བེ་ལ་ལ་སོགས་བའི་བུ་བ་གང་དག་ཡིན་པ་དེ་ནི་བད་ཀན་དང་མཁྲིས་པ་སེལ་ཞིང་ཤས་ཆེར་རླུང་འཕེལ་བར་བྱེད་པ་ཡིན་པས། དེའི་ཕྱིར་རིམས་རྙིང་པ་རླུང་གི་ཤས་ཆེ་བ་ལ་སྦྱིན་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟེར་ལ་སོགས་པ་འཕེལ་བར་བྱེད་པས་དེའི་ཕྱིར་བསྔགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་བྱས་ཀྱང་ནི། །རིམས་ནི་ཞི་བར་མ་གྱུར་ན། །སྦྱང་འོས་ལ་ནི་སྦྱང་བར་བྱའོ། །ཞེས་བྱ་བ་ལ། དེ་ལྟར་རིམ་བཞིན་དུ་བཅོས་ཤིང་སྨན་མར་བླུད་དུ་ཟིན་ཀྱང་གལ་ཏེ་རིམས་ཞི་ཞིང་བྱང་བར་མ་གྱུར་ན། དེའི་འོག་ཏུ་སྦྱང་བར་བྱ་བར་མི་འོས་པ་སྦྲུམ་མ་དང༌། ཁོང་རྩུབ་པ་དང༌། མེ་དྲོད་ཆུང་བ་ལ་སོགས་པ་མ་གཏོགས་པ་སྐྱུག་སྨན་ལ་སོགས་པས་སྦྱང་བར་བྱ། སྐྱུག་སྨན་ནམ་འཁྲུ་སྨན་གང་ཡིན་པ་བྱའོ། །དེ་ལ་སྐྱུག་སྨན་སྔར་བཤད་པ། །མ་ཞུ་བར་


DTG201_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས་ནད་ལ། །སྟོབས་ཅན་སྟོབས་ནི་བསྲུང་སྟེ་གཏང༌། །ཞེས་བྱ་བ་ལ། རིམས་ནད་ཅན་དེ་ལ་སྔར་བཤད་པའི་སྐྱུག་སྨན། པོ་སོན་ཆ་ཡི་སྙིང་པོར་བཅས། །ཞེས་བྱ་བ་ལ་སོགས་པས་ལེའུ་འདི་ཉིད་ཀྱི་ནང་དུ་སྔར་བསྟན་པ་དག་བླུད་པར་བྱ་ལ། དེ་ཡང་མ་ཞུ་བའི་གནས་ལ་གནས་ཤིང༌། དེ་ལ་བརྟེན་པའི་ནད་ཕལ་ཆེར་བད་ཀན་གྱི་ཤས་ཆེ་བའི་ནད་ལ་གཏང་བར་བྱ་ལ། དེ་ཡང་ནད་པ་ཉམས་སྟོབས་དང་ལྡན་པའི་ཉམས་སྟོབས་དེ་མ་ཉམས་པར་བསྲུངས་ལ་སྨན་གཏང་བར་བྱའོ། །སྨིན་ཞིང་ནད་ནི་ལྷོད་གྱུར་བའམ། །ཆང་དང་དུག་ལས་བྱུང་རིམས་ལ། །ཤ་མ་དུར་བྱིད་འབྲས་བུ་གསུམ། །པི་པི་ལིང་དང་གེ་སར་དང༌། །ཡང་ན་ཚ་བ་གསུམ་སོགས་སྨན། །ཁ་ར་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ནད་སྨིན་ཅིང་མ་ཞུ་བ་མེད་པ་དང༌། ལྷོད་ཅིང་གནས་ལས་གཡོས་པར་གྱུར་པའམ། ཡང་ན་ཆང་ནད་དང་དྲུག་ལས་གྱུར་པའི་རིམས་ལ། ཤ་མ་དུར་བྱིད་ལ་སོགས་པའི་ཕྱེ་མ་ལས་སྦྲུས་པའི་བཀྲུ་སྨན་སྦྱིན་པར་བྱའོ། །ཡང་ན་ཚ་བ་གསུམ་ལ་སོགས་པའི་སྨན་ཆོ་ག་གྲུབ་པ་ལས། ཚ་གསུམ་དྲི་བཟང་གསུམ་གླ་སྒང༌། །ཞེས་བྱ་བ་ལ་སོགས་བས་བཤད་པའི་སྨན་སྦྲང་རྩི་དང་ཁ་ར་དང་བཅས་པ་སྦྱིན་པར་བྱའོ། །དེ་བཞིན་དུ། རྒུན་འབྲུ་སྐྱུ་རུ་རའི་ཁུ་བ། །ཨ་རུ་ར་ནི་རྒུན་ཆུར་བཅས། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་བཀྲུ་སྨན་གྱི་ཕྱིར་རྒུན་འབྲུའི་ཁུ་བ་དང༌། སྐྱུ་རུ་རའི་ཁུ་བ་བླུད་པའམ། ཨ་རུ་རའི་ཕྱེ་མ་རྒུན་ཆུའི་ནང་དུ་བཏབ་སྟེ་བླུད་པར་བྱའོ། །དོང་ག་འོ་མར་བཅས་པའམ། །རྒུན་ཆུ་དང་ནི་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་དོང་ག་དང་འོ་མར་སྦྱར་བའམ། རྒུན་ཆུ་དང་དོང་གར་སྦྱར་བའི་བཀྲུ་སྨན་བླུད་པར་བྱའོ། །འབྲས་བུ་གསུམ་མམ་ཀྱི་ལྕེ་བ། །འོ་མ་རིམས་དང་ལྡན་པས་བཏུང༌། །ཞེས་བྱ་བ་ལ། ཡང་རིམས་དང་ལྡན་པའི་མིས་འབྲས་བུ་གསུམ་དང་འོ་མ་སྦྱར་བའམ། ཀྱི་ལྕེ་བ་དང་འོ་མར་སྦྱར་བ་བཏུང་བར་བྱའོ། །བཀྲུ་སྨན་བཏང་བའི་སྐབས་སུ་ཡང༌། །ཐུག་སླ་ལ་སོགས་རིམ་བཞིན་བླུད། །ཅེས་བྱ་བ་ལ། བཀྲུ་སྨན་བཏང་བའི་སྐབས་སུ་ཡང་ཞེས་བྱ་བའི་ཡང་གི་སྒྲས་


DTG201_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུག་སྨན་བཏང་བའི་སྐབས་སུ་ཡང་ཐུག་པ་སླ་བ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་ཡང་དང་པོར་འབྲས་ཐུག་སླ་པ་རྐྱང་རྐྱང་པོར་བྱིན་ནས། དེའི་འོག་ཏུ་ཐུག་པ་དང་ཐུག་པ་གར་པོ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །རིམ་གྱིས་དྲི་མ་གློངས་གཡོས་ཚེ། །དེ་ལ་རྟག་ཏུ་དགག་མི་བྱ། །ནད་ནི་ཁོང་པར་གནས་སྙེག་ནས། །སྨིན་ཀྱང་གནོད་པ་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། རིམས་ཀྱི་ཚ་བ་ལ་སོགས་པས་ནད་གློངས་ཤིང་བསྐྱོད་པས་སྟོད་དང་སྨད་དུ་གཡོས་ཤིང་བསྐྱོད་ནས་རིམ་གྱིས་བཤད་བ་ཞེས་བྱ་བའི་དྲི་མ་འབྱུང་བར་བྱེད་པ་དེ་ལ་རྟག་ཏུ་དགག་ཅིང་བརྣག་པར་མི་བྱ་སྟེ། གང་གི་ཕྱིར་ནད་སྨིན་པར་གྱུར་ཀྱང་ཞེས་བྱ་བའི་སྒྲས་མ་སྨིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་བཀག་པར་གྱུར་ན་ཁོང་པ་ཞེས་བྱ་བ་ལུས་ཀྱི་ཕྱོགས་སུ་གནས་སྙེག་ཅིང་འདུག་པའི་སྐབས་རྙེད་བས་དེས་ངེས་པར་ནད་ཀྱིས་གནོད་པ་སྐྱེད་པར་འགྱུར་རོ། །ཤིན་ཏུ་ཚབས་ཆེར་བྱུང་གྱུར་ན། །སྨིན་ནས་གཅད་པར་བྱ་བ་ཡིན། །ཞེས་བྱ་བ་ལ། ཡང་ན་བཤང་བ་ཚབས་ཆེར་འབྱུང་བའི་ནད་དེ་ཤིན་ཏུ་ཚབས་ཆེར་བྱུང་བར་གྱུར་ན་མ་སྨིན་པ་སྨིན་པར་བྱས་ནས། བཅད་ཅིང་དགག་པའི་ཉེས་པ་བྱའོ། །མ་སྨིན་བཀག་པའི་ཉེས་པ་ནི། །ནད་བཅོས་ཐབས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ། འཁྲུ་བམ་སྨིན་པ་རང་ཉིད་འབྱུང་བར་གྱུར་པ་བཀག་ཅིང་བཅད་པ་ལས། ནད་ཀྱི་ཉེས་པ་གང་དག་བྱུང་བ་དེ་ནི་ནད་གསོ་བའི་ལེའུའི་སྐབས་སུ་བཤད་པ་ཡིན་ཏེ། དེ་ཡང་དེ་ལས། སྟེང་ངམ་འོག་ཏུ་འབྱུང་བར་རྩོམ། །ནད་ནི་རང་ཉིད་བྱུང་བ་ན། །སྨན་ནི་ནད་ཀྱིས་མི་དགག་སྟེ། །བཀག་ན་དེ་ཉིད་ནད་སྐྱེད་འགྱུར། །ཞེས་བཤད་པ་ཡིན་ནོ། །གང་ཞིག་རྨོངས་པས་མ་སྨིན་པའི། །རིམས་ལ་ནད་འབྱིན་སྨན་གཏོང་བ། །དེ་ནི་སྦྲུལ་ནག་གཉིད་ལོག་ལ། །ལག་པའི་རྩེ་མོས་རེག་དང་མཚུངས། །ཞེས་བྱ་བ་ལ། སྨན་པ་གང་ཞིག་རྨོངས་ཤིང་མི་ཤེས་པས་ནད་མ་སྨིན་པའི་རིམས་ལ་ནད་འབྱིན་པའི་སྨན་བཀྲུ་སྨན་གྱི་རྣམ་པ་གཏོང་ཞིང་ལྡུད་པར་བྱེད་ན། སྨན་པ་དེ་ནི་བདག་ཉིད་ཕུང་ཀྲོལ་བསྐྱེད་པ་ཡིན་ཏེ། དཔེར་ན་སྦྲུལ་ནག་པོ་


DTG201_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་གཉིད་ལོག་པར་གནས་པ་ལ། ལག་པའི་རྩེ་མོས་རེག་ན་དེ་སད་ནས་མ་རུངས་པར་བྱེད་པ་དང་མཚུངས་སོ། །རིམས་ཟད་པ་ལ་སློན་སྨན་དང༌། །བཀྲུ་སྨན་ཕན་པ་མ་ཡིན་ཏེ། །དེ་ལ་འམ་དག་གིས་ནི། །མས་གཏོང་བས་ནི་ནད་བསལ་བྱ། །ཞེས་བྱ་བ་ལ། རིམས་ཀྱིས་ཉམས་ཟད་པར་གྱུར་པའམ། རིམས་ཟད་པའི་མི་ལ་སློན་སྨན་དང་བཀྲུ་སྨན་གཏང་བ་དག་ཕན་པ་མ་ཡིན་ཏེ། བཀྲུ་སྨན་གྱིས་བཅོས་དགོས་པའི་གནས་སྐབས་ལ་བབ་ན་དེ་ལ་འོ་མ་མས་གཏོང་བའི་ནི་རུ་ཧའམ། འཇམ་རྩི་མས་གཏོང་པས་ནད་བསལ་བར་བྱའོ། །འོ་མ་ལ་གོམས་བད་ཀན་ཟད། །ལུས་ཚ་སྐོམ་དད་གཉིས་ཡོད་ན། །རླུང་དང་མཁྲིས་པས་ཉེན་པ་ནི། །ཚད་པར་འཁྲུ་ཡང་འོ་མ་ཕན། །ཞེས་བྱ་བ་ལ། ནད་པ་འོ་མ་ལ་གོམས་ཤིང་དེ་སྦྱིན་པར་འོས་པ་དང༌། ཁྱད་པར་དུ་བད་ཀན་ཟད་ཅིང་བྱང་བ་གང་ཡིན་པ་དེ་ལ་ལུས་ཚ་བ་དང་སྐོམ་དད་ཀྱི་ནད་གཉིས་ཡོད་པ་དང༌། དེ་བཞིན་དུ་རླུང་དང་མཁྲིས་པས་ཉེན་པར་གྱུར་ན་དེ་ལ་འོ་མ་བླུད་ན་ཕན་ཏེ། དེ་ནི་གལ་ཏེ་ཚད་པར་འཁྲུ་བའི་ནད་ཡོད་པ་ལ་ཡང་ཕན་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། །དེ་ལུས་སྨྱུང་བས་གདུངས་པ་དག །མེས་ཚིག་པ་ཡི་ནགས་ལ་ནི། །ཆར་ཆུ་འབབས་པས་སྐྱེད་པ་ལྟར། །རིམས་ནི་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ། འོ་མ་དེས་ལུས་སྨྱུང་བས་གདུངས་ཤིང་ལེན་པར་གྱུར་པ་དག་མྱུར་དུ་འཚོ་ཞིང་བརྟས་པར་བྱེད་དེ། དཔེར་ན་མེས་ཚིག་ཅིང་བསྲེགས་པའི་ནགས་ལ་ཆར་པའི་ཆུ་འབབ་པས་སྐྱེད་ཅིང་སླར་མྱུ་གུ་སྐྲུན་པར་བྱེད་པ་དང་འདྲ་བར་འོ་མ་བླུད་པར་འོས་པའི་ནད་པ་རིམས་ཀྱིས་ལུས་ཟད་པར་བྱས་པ་ལ། འོ་མ་བླུད་ན་ནི་རིམས་དེ་མྱུར་དུ་སེལ་ཞིང་འཇོམས་པར་བྱེད་དོ། །དེ་བས་འོ་མ་སྦྱར་ཏེ་བསྐོལ། །དྲོ་བའམ་བསྒྲངས་པའམ་བཞོས་མ་ཐག །དུས་ཀྱི་དབྱེ་བ་ཤེས་ཏེ་སྦྱིན། །དེ་ལས་གཞན་དུ་རིམས་ཅན་གསོད། །ཅེས་བྱ་བ་ལ། དེ་བས་འོ་མ་དེ་ནི་རྫས་གཞན་དང་སྦྱར་ཏེ་བསྐོལ་བ་དྲོ་བའམ་བསྒྲངས་པ། ཡང་ན་བཞོས་མ་ཐག་གང་ཡིན་པ་དེ་ཇི་ལྟར་འོས་ཤིང་རིགས་པ་དང་དུས་ཀྱི་དབྱེ་བ་ཤེས་ཤིང་བརྟགས་པ་བྱས་ལ། དེ་ལྟ་བུའི་ཚུལ་གྱིས་སྦྱིན་པར་འོས་པའི་ཡུལ་ལ་སྦྱིན་པར་


DTG201_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི། དེ་ལས་གཞན་དུ་དེ་དང་མི་འཚམ་ཞིང་གནོད་བར་འགྱུར་བའི་ཕྱིན་ཅི་ལོག་གི་ཡུལ་ལ་འོ་མ་བླུད་པར་གྱུར་ན། རིམས་ནད་ཅན་གྱི་ནད་པ་དེ་གསོད་པར་འགྱུར་རོ། །འོ་མ་བཅའ་སྒ་འབྲ་གོར་བཅས། །རྒུན་འབྲུ་ཁ་ར་མར་ལྡན་པར། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་བཏབ། །སྐོམ་དད་ལུས་ཚ་རིམས་འཇོམས་བྱེད། །ཅེས་བྱ་བ་ལ། འོ་མ་བཅའ་སྒ་ལ་སོགས་པ་དང་བསྐོལ་ཞིང་བཙོས་ཏེ་བསྒྲངས་པར་སྦྲང་རྩི་བཏབ་པ་ནི་སྐོམ་དད་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་པ་ལ་རྒུན་ཤིང་མངར། །ཙནྡན་ཐལ་ཏྲེས་པི་པི་ལིང། །ཞེས་བྱ་བ་ལ། སྔར་བཤད་པའི་འོ་མ་དེ་དང་འདྲ་བ་ཡིན་པས་དེ་བཞིན་ཏེ། བ་ལ་དང་རྒུན་འབྲུ་ལ་སོགས་པ་དང་བསྐོལ་བའི་འོ་མ་བསྒྲངས་པ་སྦྲང་རྩི་བཏབ་པས་ནི་སྐོམ་དད་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །འོ་མའི་བཞི་འགྱུར་ཆུར་བསྐོལ་བའམ། །པི་པི་ལིང་དང་བསྐོལ་བ་ནི། །རིམས་ཀྱིས་བཏབ་པས་འཐུངས་ན་ནི། །ཀླད་གཟེར་ལུད་པ་དབུགས་མི་བདེ། །རྩིབ་ལོགས་གཟེར་རིམས་རྙིང་ལས་ཐར། །རྩ་བ་ལྔ་བསྐོལ་དེ་དང་འདྲ། །ཞེས་བྱ་བ་ལ། ཡང་བརྟག་པ་གཞན་དུ་ན་འོ་མའི་བཞི་འགྱུར་གྱི་ཆུའི་ནང་དུ་བསྐོལ་ནས་གདུས་པའི་འོ་མ་བཏུང་བའམ། པི་པི་ལིང་དང་བསྐོལ་བའི་འོ་མ་བཏུང་བར་བྱ་སྟེ། འོ་མ་དེ་འཐུངས་ན་རིམས་ནད་ཅན་དེ་ཀླད་གཟེར་ལ་སོགས་པ་ལས་ཐར་བུར་འགྱུར་རོ། །དེ་བཞིན་དུ་རྩ་བ་ལྔ་དང་བསྐོལ་བའི་འོ་མ་སྨན་པ་མཁས་པའི་ལུང་བཞིན་དུ་འཐུངས་ན་ཡང་ཀླད་པ་གཟེར་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཡང་ན་རྩ་བ་ཆེན་པོ་ལྔ་དང་བསྐོལ་བའི་འོ་མ་འཐུངས་ན་ཡང་ཡོན་ཏན་དེ་དང་འདྲ་བ་ཡིན་ནོ། །རིམས་རྙིང་པ་ནི་རིང་ཞིག་ཏུ་གནས་པའི་རིམས་ལ་བྱའོ། །ཨེ་རཎྜའི་རྩ་བསྐོལ་བའམ། །བིལ་བ་གཞོན་ནུ་དང་བསྐོལ་བའམ། །བཞོས་མ་ཐག་གི་འོ་མ་འཐུངས། །རླུང་གི་རིམས་ཀྱིས་ཕྱི་ས་འགགས། །ཁྲག་བཅས་སྦྱིན་བག་ཚད་འཁྲུ་དང༌། །སྐོམ་དད་གཟེར་བཅས་འཁྲུ་ལས་ཐར། །ཞེས་བྱ་བ་ལ། ཡང་ན་འོ་མ་ཨེ་རཎྜའི་རྩ་བ་དང་བསྐོལ་བའམ། བིལ་བ་གཞོན་ནུ་དང་ལྷན་ཅིག་བསྐོལ་བའམ། །


DTG201_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཞོས་མ་ཐག་པའི་འོ་མ་འཐུངས་ན་མི་དེ་རིམས་ལས་ཐར་བར་འགྱུར་བ་དང༌། ཡང་རླུང་གི་རིམས་ཀྱིས་ཕྱི་ས་འགགས་ཤིང་སྲི་བར་གྱུར་པ་དེ་ལས་ཐར་བ་དང༌། དེ་བཞིན་རིམས་གང་ཁྲག་དང་བཅས་པའི་སྦྱིན་བག་ནལ་ནལ་བོར་འཁྲུ་བ་དང༌། དེ་བཞིན་དུ་ཚད་བར་འཁྲུ་བ་དང༌། དེ་བཞིན་དུ་སྐོམ་དད་ལ་སོགས་པ་དང་བཅས་པའི་འཁྲུ་བ་ལས་ཀྱང་ཐར་བར་འགྱུར་རོ། །བཅའ་སྒ་བ་ལ་བྱ་གྲི་དང༌། །གཟེ་མ་བུ་རམ་འོ་མར་བཙོས། །བསྐོལ་འཐུངས་སྐྲངས་བཤད་གཅིན་དང་འཕྱེན། །འགགས་དང་རིམས་དང་ལུད་པ་འཇོམས། །ཞེས་བྱ་བ་ལ། དེ་བཞིན་དུ་བཅའ་སྒ་ལ་སོགས་པ་དང་བསྐོལ་བའི་འོ་མ་འཐུངས་ན་ཡང་རིམས་ནད་ཅན་གྱི་སྐྲངས་པ་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །བྲི་ཤྩི་བ་དང་བིལ་བ་དང༌། །བར་ཤ་བྷུ་དང་བསྐོལ་བ་ཡིས། །རིམས་ཀྱི་སྐྲངས་ནད་སེལ་བ་ཡིན། །ཞེས་བྱ་བ་ལ། བྲིཤྩི་བ་ལ་སོགས་པ་དང་བསྐོལ་བའི་འོ་མ་འཐུངས་ན་ཡང་རིམས་ལས་གྱུར་པའི་སྐྲངས་ནད་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་ལ་བྲི་ཤྩི་བ་དང་བར་ཤ་བྷུ་གཉིས་ཀ་ཡང་བུ་ན་རྣ་བ་ཡིན་ཏེ། བྲི་ཤྩི་བ་ནི་པུ་ན་རྣ་བ་རྩ་བ་ནི་པུ་ན་རྣ་བ་རྩ་བ་དཀར་བ་ཅན་ལ་བྱའོ། །བར་ཤ་བྷུ་ནི་པུ་ན་རྣ་བ་མེ་ཏོག་དམར་པོ་ཅན་ལ་བྱ་སྟེ། མིང་གི་རྣམ་གྲངས་གཞན་དུ་ན་སི་ནི་ན་ཏི་ཀ་ཞེས་བྱའོ། །ཤིང་ཤ་པ་ཡི་སྙིང་པོ་དང༌། །འོ་མ་དག་ཏུ་བསྐོལ་བ་ནི། །རིམས་ནི་མྱུར་དུ་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ཤིང་ཤ་པའི་སྙིང་པོ་ནི་ནང་གི་སྙིང་པོའི་སྲ་བ་ལ་བྱ་སྟེ། སྙིང་པོ་དེ་དང་འོ་མར་བསྐོལ་བ་འཐུངས་ན་རིམས་མྱུར་དུ་འཇོམས་པར་བྱེད་པ་ཡིན་ནོ། །འདིར་སྨན་རྣམས་ཀྱི་ཚད་དང་ཆུའི་ཚད་དང་བསྐོལ་བའི་ལྷག་མ་ལུས་པའི་ཚད་དང་འོ་མའི་ཚད་ནི་སྨན་པ་རྒན་པོ་མཁས་པའི་ཀུན་ཏུ་སྤྱོད་པའི་ལུང་དང་རིགས་པ་དང༌། སྨན་དཔྱད་ཀྱི་བསྟན་བཅོས་ཀྱི་རྩ་བ་ལས་བཤད་པའི་ཚུལ་ལ་བརྟེན་ནས་དཔྱད་པར་བྱ་སྟེ། དེས་ན་དང་པོར་སྨན་གྱི་ཆུ་དང་བསྐོལ་བར་བྱས་ལ། ཆུ་དེ་དང་ནི་འོ་མར་བསྐོལ་བར་བྱས་པ་ནི་རིགས་པ་ཡིན་ནོ། །འདིར་ཆུ་དང་སྨན་གྱི་ཚད་ནི་སྨན་དཔྱད་གྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་པས་བརྟག་པར་བྱ་སྟེ། དེ་ཡང་རྒྱུད་གཞན་ལས། གང་དུ་ཟས་སྐོམ་


DTG201_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྣམས་ནི། །སྦྱོར་བ་བྱེད་པར་འདོད་པ་དང༌། །ནས་ཐུག་ཤ་ཁུ་ཡུ་ཤ་དང༌། །ཤ་ཁུ་ཡང་དང་བཏུང་བ་སོགས། །དེར་ནི་ཚད་དག་སྦྱར་བྱ་བ། །འཇིག་རྟེན་གྲགས་ལས་ཅི་རིགས་བྱ། །ཡང་ན་ཇི་ཙམ་རན་པ་དང༌། །ཤིན་ཏུ་སྨན་རགས་མི་འགྱུར་བྱ། །གང་དུ་ཟས་དང་སྐོམ་ལ་ནི། །ཁྱབ་དྲོ་དེ་ཙམ་སྨན་གཞུག་གོ །དེ་ལས་གཞན་དུ་ནས་ཐུག་སོགས། །ཉེས་པ་སྐྱེད་པར་བྱེད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །མཁས་པ་རྣམས་ཀྱི་བསྟན་བཅོས་ཤེས་པ་དག་འདི་སྐད་ཅེས་འཆད་དེ། འདིར་སྨན་གྱིས་ཤས་ཆེར་ཁྱབ་ཅིང་གྲགས་པར་མི་འགྱུར་བ་དེ་ཙམ་དུ་བཞག་པ་ནི་རན་པ་ཡིན་ནོ་ཞེས་འཆད་དོ། །དེ་ནས་ཆུ་འོ་མའི་ཆིག་འགྱུར་རམ། ཉིས་འགྱུར་རམ། སུམ་འགྱུར་རམ། བཞི་འགྱུར་གྱིས་འོ་མའི་ལྕི་བ་ལ་སོགས་པའི་ནུས་པ་དབྲི་ཞིང་བསྐྱེད་པར་བྱ་བའི་ཕྱིར། ནད་དམིགས་ཇི་ལྟ་བ་ལས་དཔྱད་དེ་འོ་མ་བསྐོལ་བར་བྱའོ། །དེ་ལ་འོ་མ་བསྐོལ་བའི་སྦྱོར་བའི་ཁྲོད་དུ་སྨན་གང་དག་སྨོས་པ་དེ་དག་ཐམས་ཅད་ཆུར་བསྐོལ་ནས། ཆུ་དེས་འོ་མ་བསྐོལ་བར་བྱ་བ་མ་ཡིན་གྱི། གཞན་དུ་ན་མར་དང་འོ་མ་ཤ་ཁ་ར་ལ་སོགས་པ་སྨན་ལ་ལ་ནི་མ་བསྐོལ་བར་དེ་ཉིད་དང་འོ་མ་བསྲེས་ལ་འོ་མ་དེ་བསྐོལ་བར་བྱ་སྟེ། དེ་དག་ནི་འོ་མ་བསྐོལ་བའི་ཆོ་ག་བཤད་པ་ཡིན་ཏེ། །དེ་ལྟར་འོ་མ་བསྐོལ་བར་བྱའོ་ཞེས་འཆད་དོ། །དེ་ཡང་འདི་ལྟར། གླ་སྒང་འོ་མར་བསྐོལ་བ་ནི། །ཉི་ཤུ་འོ་མའི་སུམ་འགྱུར་ཆུར། །བསྐོལ་ཏེ་འོ་མ་ལུས་པ་བཏུང༌། །མ་ཞུ་ནད་དང་བཅས་པ་འཇོམས། །ཞེས་བཤད་པ་འདི་ལ་འོ་མ་ནི་དངོས་སུ་དགོས་པའི་ཕྱིར་དང༌། སྦྱོར་བའི་དབང་དུ་བྱས་པའི་ཕྱིར་གཙོ་བོ་ཡིན་ནོ། །དེ་བཞིན་དུ། སྒོག་སྐྱ་སྐམ་པོ་འབའ་ཞིག་ནི། །སྲང་བཞི་བཙོས་པར་གྱུར་པ་ལ། །འོ་མ་ཆུ་ཡི་བརྒྱད་འགྱུར་བྱས། །འོ་མ་ལྷག་མ་ལུས་པ་བཏུང༌། །ཞེས་བཤད་པ་ཡིན་ནོ། །ནད་སྨིན་ཞུ་བའི་གནས་སོང་ལ། །མས་གཏོང་དྲག་པོས་མེ་སྟོབས་སྐྱེད། །རིམས་བྲལ་སེམས་དགའ་ཡི་ག་འབྱེད། །མྱུར་དུ་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནད་སྨིན་པར་འགྱུར་བ་ཞུ་བའི་གནས་ལྟེ་བ་མན་ཆད་དུ་སོང་ཞིང་ཕྱིན་པ་ལ་བཀྲུ་


DTG201_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དྲག་པོ་དང་ནི་རུ་ཧ་བཏང་བར་གྱུར་ན་མེའི་དྲོད་བསྐྱེད་པ་དང༌། ལུས་ཀྱི་ཉམས་སྟོབས་བསྐྱེད་པ་དང༌། རིམས་དང་བྲལ་ཞིང་སེལ་བ་དང༌། སེམས་དགའ་ཞིང་རངས་པ་དང༌། ཡི་ག་འབྱེད་ཅིང་ཟས་ལེན་པར་བྱེད་དོ། །བཀྲུ་སྨན་མཁྲིས་པའམ་བད་མཁྲིས་འདྲེས། །མཁྲིས་པའི་གནས་སུ་ཞུགས་པ་སེལ། །ཞེས་བྱ་བ་ལ། བཀྲུ་སྨན་གྱི་སྦྱོར་བ་བཏུང་བས་ནི། མཁྲིས་པའི་ནད་མཁྲིས་པའི་གནས་ན་གནས་ཤིང་བརྟེན་པའམ། བད་ཀན་མཁྲིས་པའི་གནས་སུ་ཞུགས་པ་སེལ་བར་བྱེད་དོ། །འཇམ་རྩིས་ནད་ནི་གསུམ་ཆར་དག །ཞུ་བའི་གནས་ལ་བརྟེན་པ་སེལ། །ཞེས་བྱ་བ་ལ། འཇམ་རྩི་བཏང་བས་ནི་རླུང་ལ་སོགས་པའི་ནད་གསུམ་ཆར་ཞུ་བའི་གནས་ལྟེ་བ་མན་ཆད་ལ་བརྟེན་པ་སེལ་ལོ། །འོ་མས་བད་ཀན་མཁྲིས་པ་དག །མཇུག་ཏོ་རྒྱབ་དང་རྐེད་པ་ན། །མེ་དྲོད་ཆེ་ལ་རྟུག་འགགས་པ། །འཇམ་རྩི་མས་གཏོང་སྦྱར་བར་བྱ། །ཞེས་བྱ་བ་ལ། རིམས་ཀྱི་གནས་སྐབས་འདིར་འོ་མས་བད་ཀན་དང་མཁྲིས་པ་དང་ལྡན་པའི་ནད་པ་མཇུག་ཏོ་ལ་སོགས་པ་ན་བར་འགྱུར་གྱི། མེ་དྲོད་ཆེ་བར་གྱུར་པས་རྟུག་པ་འགགས་ཤིང་སྲི་བར་གྱུར་ན་སྣུམ་གྱི་འཇམ་རྩི་མས་གཏོང་བ་སྦྱར་བར་བྱའོ། །ནིམ་པ་པ་ཏོ་ལའི་ལོ་མ། །པུ་ཙེ་ཤེལ་དང་དོང་ག་དང༌། །སྠི་ར་བ་ལ་པོ་སོན་ཆ། །གཟེ་མ་པུ་ཤེལ་བ་ལ་ཀ །འོ་མའམ་ཆུར་ནི་བསྐོལ་བ་དང༌། །འོ་མ་ལྷག་མ་ལུས་པ་ལ། །གླ་སྒང་ཤིང་མངར་པོ་སོན་ཆ། །པི་པི་ལིང་དང་དུག་མོ་ཡུངས། །མར་དང་སྦྲང་རྩི་བསྲེས་པ་ཡི། །འཇམ་རྩི་བཏང་ན་རིམས་འཇོམས་སོ། །ཞེས་བྱ་བ་ལ། ནིམ་པའི་ལོ་མ་ལ་སོགས་པའི་སྨན་དང་འོ་མའམ་ཆུ་དང་བསྐོལ་བ་འོ་མ་ལྷག་མ་ལུས་པ་ལ་གླ་སྒང་ལ་སོགས་པའི་ལྡེ་གུ་དང་བསྲེས་ལ། མར་དང་སྦྲང་རྩི་དང་སྦྱར་བའི་འཇམ་རྩི་བཏང་བ་ནི་རིམས་ནད་ཐམས་ཅད་འཇོམས་ཤིང་སེལ་བ་ཡིན་ནོ། །འདིར་ནིམ་པ་ལ་སོགས་པའི་སྨན་དེ་རྣམས་ཀྱི་བརྒྱད་འགྱུར་གྱི་འོ་མ་དང༌། ཆུ་ཡང་ཚད་དེ་ཙམ་གཞུག་པར་བྱ་སྟེ། བསྐོལ་བའི་ལྷག་མ་སྨོས་པས་སྨན་གྱི་བཞི་འགྱུར་བྱ་བ་ཡིན་མོད་ཀྱི། འོ་མའི་ལྷག་མ་ཞེས་སྨོས་པས་བཞི་འགྱུར་དུ་མི་བྱའོ། །འདིར་ལྡེ་གུ་ནི་སྐ་བའི་བརྒྱད་


DTG201_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཞུག་པར་བྱའོ། །ཡང་ན་ཚོད་ཇི་ཙམ་གྱིས་ཤིན་ཏུ་སྐ་བ་འམ། སླ་བ་མ་ཡིན་པའི་ཚུལ་དུ་མར་དང་སྦྲང་རྩི་གཞུག་པར་བྱའོ། །ཡང་ན། །མར་དང་སྦྲང་རྩི་སོ་སོར་ནི། །སྲང་གསུམ་ཙམ་གྱི་ཚོད་དུ་བྱ། །ཞེས་སྨོས་པ་ལྟར་ཤེས་པར་བྱའོ། །ནིམ་པ་དང་པ་ཏོ་ལ་གཉིས་ཀྱི་ནི་ལོ་མ་ལ་བྱའོ། །སྠི་ར་ནི་ས་ལ་པརྞིའོ། །པརྞི་བཞི་དང་ཤིང་མངར་དང༌། །པོ་སོན་ཆ་དང་པུ་ཤེལ་ཙེ། །དོང་ག་རྣམས་ནི་བསྐོལ་བ་རུ། །ཤིང་མངར་ཤ་ཏ་པུཥྤ་དང༌། །པྲི་ཡང་ཀུ་དང་པོ་སོན་ཆ། །གླ་སྒང་ལྡེ་གུར་བྱས་པ་ལ། །བུ་རམ་དང་ནི་སྦྲང་རྩིར་བཅས། །འཇམ་རྩིས་རིམས་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། མ་ཤ་པརྞི་ལ་སོགས་པའི་སྨན་བསྐོལ་བའི་སྦྱོར་བས་བསྐོལ་བར་ཤིང་མངར་ལ་སོགས་པའི་སྨན་འཇམ་རྩིའི་ཆོ་ག་ལ་སོགས་པའི་རྣམ་པ་ལྟར་ལྡེ་གུ་བྱས་པ་དང་སྦྱར་ཞིང་བུ་རམ་དང་སྦྲང་རྩི་དང་མར་དང་བཅས་པའི་འཇམ་རྩིས་ནི་རིམས་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་པརྞི་བཞི་ནི་མ་ཤ་པརྞི་དང༌། མུངྒ་པརྞི་དང༌། ཀྲྀཥྞ་པརྞི་དང༌། ས་ལ་པརྞིའོ། །པོ་སོན་ཆ་ནི་མ་ད་ལ་ན་ཕ་ལའོ། །དོང་ག་ནི་ཨ་རག་ག་ཏའོ། །ཛི་བན་ཏི་དང་པོ་སོན་ཆ། །མེད་ཤིང་མངར་པི་པི་ལིང༌། །ཤུ་དག་རིད་དྷི་ར་སྣ་དང༌། །བ་ལ་དང་ནི་བིལ་བ་དང༌། ཤུ་ཏི་དང་ནི་ཉེའུ་ཤིང་རྣམས། །མར་དང་ཏིལ་མར་འོ་མ་དང༌། །ཆུ་དང་བཏགས་ཏེ་ལྷན་ཅིག་བསྐོལ། །སྣུམ་ནི་ནད་དང་རྗེས་མཐུན་པའི། །འཇམ་རྩི་རིམས་ལ་གཏང་བར་བྱ། །ཞེས་བྱ་བ་ལ། ཛི་བན་ཏི་ལ་སོགས་པའི་སྨན་རྣམས་མར་དང་ཏིལ་མར་དང༌། འོ་མ་ཆུ་དང་ལྷན་ཅིག་བཏགས་ཏེ་ལྡེ་གུར་བྱས་ཏེ་ལྷན་ཅིག་བསྐོལ་བའི་འཇམ་རྩི་རིམས་ནད་ལ་གཏང་བར་བྱའོ། །འདིར་ནི་ཏིལ་མར་དང་ཞུན་མར་ནི་ཆ་མཉམ་པར་བྱའོ། །ཆུ་དང་འོ་མ་ནི་སྣུམ་གྱི་ཉིས་འགྱུར་བྱའོ། །སྨན་སྤྱིར་བསྡུས་པའི་བཞི་ཆའི་སྣུམ་དང་སྦྱར་ལ་སྣུམ་གྱི་བཞི་ཆའི་ལྡེ་གུ་གཞུག་པར་བྱ་ཞིང༌། སྣུམ་དེ་ཡང་ནད་ཀྱི་ཤས་གང་ཆེ་བ་ལས་དཔགས་ཏེ་དེ་དང་རྗེས་སུ་མཐུན་པར་ཞུན་མར་རམ་ཏིལ་མར་གཞུག་པར་བྱའོ། །གང་ཡང་ཆོག་གྲུབ་པ་ལས། །རིམས་སེལ་བར་ནི་བཤད་པ་ཡི། །འཇམ་རྩི་དག་ཀྱང་གཏང་བར་བྱ། །ཞེས་བྱ་བ་ལ། ཆོ་ག་གྲུབ་པའི་གནས་ལས་


DTG201_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་རྩིའི་སྐབས་སུ་འཇམ་རྩི་གང་ཞིག་རིམས་སེལ་བར་བཤད་པ་དེ་ཡང་རིམས་ནད་ཅན་ལ་སྦྱིན་པར་བྱའོ། །སྣ་ཡི་བཀྲུ་སྨན་རིམས་རྙིང་ལ། །བཏང་ན་ཡི་ག་འབྱེད་བྱད་ཅིང༌། །མགོ་ནི་ལྕི་ཞིང་བད་ཀན་ཆེ། །སེལ་ཞིང་དབང་པོ་གསལ་བྱེད་ལ། །སྣུམ་གྱི་སྣ་སྨན་མགོ་སྟོང་སྙམ། །ལུས་ཚ་མཁྲིས་པ་སེལ་བྱེད་ཡིན། །ཞེས་བྱ་བ་ལ། རིམས་རྙིང་པར་གྱུར་པ་ལ་སྣའི་བཀྲུ་སྨན་གཏང་བར་བྱ་སྟེ། དེས་ནི་ཡི་ག་འབྱེད་པར་བྱེད་པ་དང༌། མགོ་ནད་ལ་སོགས་པ་སེལ་བར་བྱེད་པ་ཡིན་ལ། རིམས་རྙིང་པར་གྱུར་པ་མགོ་བོ་སྟོང་པ་སྙམ་དུ་སེམས་པ་ལ་ནི་གནས་སྐབས་ཀྱི་བྱེ་བྲག་ལ་མཁས་པའི་སྨན་པས་སྣུམ་གྱི་སྣ་སྨན་བཏང་ཞིང༌། ལུས་ཆེ་བ་ལ་སོགས་པ་སེལ་བར་བྱེད་པའི་སྣ་སྨན་ཡང་གཏང་བར་བྱའོ། །དུད་བརྔུབ་མཁུར་བཀང་མཁུར་བ་སྤོ། །ནད་དམིགས་ཇི་བཞིན་སྦྱར་བར་བྱ། །ཆམ་པས་ཁས་རོ་མི་ཚེར་དང༌། །མགོ་དང་ལྐོག་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། དེ་བཞིན་དུ་རིམས་རྙིང་པ་ལ་ནི་དུད་པ་བརྔུབ་པ་ལ་སོགས་པའི་སྦྱོར་བ་མདོའི་གནས་ལས་ཇི་སྐད་བསྟན་པ་དག་ནད་དམིགས་ཀྱི་ཚུལ་དང་སྦྱར་ཞིང་གཏང་བར་བྱ་སྟེ། དེས་ནི་ཆམ་པ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །ཡི་ག་འཆུས་ལ་ཁ་ལུང་གི །གེ་སར་མར་དང་རྒྱམ་ཚར་བཅས། །ཡང་ན་རྒུན་འབྲུ་སྐྱུ་རུ་ར། །ཁ་རའི་ལྡེ་གུ་མཁུར་བར་བཅང༌། །ཞེས་བྱ་བ་ལ། རིམས་རྙིང་པ་ལ་ཡི་ག་འཆུས་པའི་ནད་བྱུང་བར་གྱུར་པ་ན། ཁ་ལུང་ཞེས་བྱ་བ་མ་དུ་ལུང་གའི་གེ་སར་མར་དང་རྒྱམ་ཚར་སྦྱར་བའམ། རྒུན་འབྲུམ་ལ་སོགས་པ་ཆུ་བཏགས་སུ་བྱས་པའི་ལྡེ་གུ་མཁུར་བར་བཅང་ཞིང་ཁར་གཞག་པར་བྱའོ། །རིམས་རྙིང་པགས་པ་ལ་བརྟེན་ལ། །རེག་ན་ཇི་ལྟར་བདེར་འགྱུར་བའི། །སྨན་པ་སིལ་དྲོ་བ་ལས་སྦྱར་བའི། །བསྐུ་བྱུག་ཆུ་བླུགས་ལ་སོགས་བྱ། །མིག་སྨན་དུད་པའི་སྦྱོར་བའང་བྱ། །གློ་བུར་བྱུང་ལ་དེ་དེ་བཞིན། །ཞེས་བྱ་བ་ལ། རིམས་རྙིང་པ་པགས་པ་ཙམ་ལ་བརྟེན་ཞིང་གནས་པའི་ལྷག་མ་ལུས་པ་ལ་རེག་ན་ཅི་ནས་བདེ་ཞིང་ཕན་པར་འགྱུར་བའི་སྨན་བསིལ་བ་དང༌། འཕྲོ་དམ་བདེ་བ་དང་འཕྲོད་པ་ཅི་རིགས་པ་ལས་བདེ་བ་སྐྱེད་པར་འགྱུར་བ་དང་མི་འགལ་


DTG201_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྨན་གྱི་སྦྱོར་བ་བྱས་ལ། སྨན་དེ་བསྐུ་བ་ལ་སོགས་པ་ཅི་རིགས་པར་བྱའོ། །དེ་བཞིན་དུ་རིམས་རྙིང་པ་པགས་པ་ལ་གནས་པ་ལ་མིག་སྨན་དང་དུད་པའི་སྦྱོར་བ་ཇི་སྐད་བསྟན་པ་དག་ཀྱང་བྱའོ། །གློ་བུར་དུ་བྱུང་བའི་རིམས་གདོན་དང་དུག་ལས་བྱུང་བ་ལ་ཡང་རེག་ན་ཇི་ལྟར་བདེ་བའི་སྨན་ལ་སྦྱར་བའི་བསྐུ་བ་དང༌། བྱུག་པ་ལ་སོགས་པ་བྱའོ། །ཚ་ལ་ལན་སྟོང་བཀྲུས་པ་ཡི། །མར་གྱིས་བསྐུ་བ་སྤྱད་པར་བྱ། །ཞེས་བྱ་བ་ལ། རིམས་རྙིང་པ་ལུས་ཆེ་བ་དང་བཅས་པ་ལ་ལན་སྟོང་ཞེས་པའི་མཚོན་པ་ལན་མང་དུ་ཆུའི་ནང་དུ་བཀྲུས་ཤིང་མཉེས་པའི་མར་གྱིས་བསྐུ་བར་བྱ་སྟེ། དེ་ཡང་དང་པོར་མ་བསྲུབས་པ་གང་ཡིན་པ་དེ་ཆུའི་ནང་དུ་བཅུག་ལ། ལག་པ་གཉིས་ཀྱིས་ལན་བརྒྱ་ཕྲག་དུ་མར་ཡང་དང་ཡང་དུ་མཉེ་བར་བྱའོ། །མདོ་གནས་ལས་བཤད་སྨན་གྱི་སྡེ། །མངར་དང་སྐྱུར་དང་བསྐ་བ་དང༌། །དཱུར་བ་ལ་སོགས་རླུང་མཁྲིས་འཇོམས། །སྐྱུག་སྨན་ལ་སོགས་སྡེ་ཚན་བཤད། །ནུས་པ་བསིལ་ཞིང་རེག་ན་གྲང༌། །བསྐོལ་དང་ལྡེ་གུར་བྱས་པ་དང༌། །ཏིལ་མར་འོ་མར་བཅས་བསྐོལ་བ། །བསྐུས་ན་འཕྲལ་དུ་ཚ་རིམས་སེལ། །ཞེས་བྱ་བ་ལ། སྔར་མདོའི་གནས་སུ་བཤད་པའི་སྨན་གྱི་སྡེ་ཚན་མངར་བ་དང་སྐྱུར་བ་དང་བསྐ་བའི་སྨན་མངར་བའི་སྡེ་ཚན་ནི། མར་དང་བུ་རམ་དང་གསེར་ལ་སོགས་པ་དང༌། སྐྱུར་བའི་སྡེ་ཚན་སྐྱུ་རུ་ར་དང་སྟར་བུ་ལ་སོགས་པ་དང༌། བསྐ་བའི་སྡེ་ཆེན་ཨ་རུ་ར་ལ་སོགས་པ་སྟེ། སྡེ་ཚན་དེ་དག་བསྐོལ་བར་བྱ་བའམ། ལྡེ་གུར་བྱ་བའམ། ཏིལ་མར་བསྐོལ་བའམ། །ཡང་ན་དཱུར་བ་ལ་སོགས་པའི་སྡེ་ཚན་ཏེ། དཱུར་བ་དང་ནི་བྱི་ཚེར་བ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཐལ་ཏྲེས་ཀྱིས་མཐར་ཐུག་པ་དང༌། ཏིལ་མར་བསྐོལ་བར་བྱ་བའམ། །སྐྱུག་སྨན་ལ་སོགས་པའི་སྡེ་ཚན་བསྡུས་པའི་སྐབས་སུ་བཤད་པ་ནུས་པ་བསིལ་བ་རེག་ན་གྲང་བ་སྟེ་འཕྲལ་གྱི་རེག་པ་དང༌། ཞུ་བའི་ནུས་པ་གཉིས་ཀ་ཡང་བསིལ་བར་གྱུར་པ་དེ་བསྐོལ་བ་དང༌། ལྡེ་གུར་བྱས་པ་དང༌། ཏིལ་མར་འོ་མ་དང་བཅས་པར་བསྐོལ་བ་དེས་བསྐུས་ན་འཕྲལ་དུ་དེ་རིང་པོ་མི་ཐོགས་པའི་དུས་སུ་ཚ་བའི་རིམས་སེལ་བར་བྱེད་དོ། །འདིར་བསྐོལ་བ་


DTG201_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པས་ནི་སྨན་གྱི་ཁུ་བ་དང་སྦྱར་ལ། ལྡེ་གུ་སྨོས་པས་ནི་ལྡེ་གུ་དང་སྦྱར་ཏེ། ཏིལ་མར་གྱི་ཉིས་འགྱུར་གྱི་འོ་མ་དང་སྦྱར་ཏེ་བཙོས་པ་བསྐུ་བར་བྱའོ། །མགོ་དང་ལུས་ཀྱང་དེ་ཉིད་ནི། །ཅུང་ཟད་རྩིང་པར་བཏགས་པས་བསྐུ། །ཞེས་བྱ་བ་ལ། སྨན་གྱི་སྡེ་དེ་དག་དང་ཏིལ་མར་བསྐོལ་བ་འབའ་ཞིག་ཏུ་མ་ཟད་ཀྱི། །ཚ་བའི་རིམས་དེ་དག་ཞི་བར་བྱ་བའི་ཕྱིར་སྨན་དེ་དག་ཅུང་ཟད་རྩིང་དུ་བཏགས་ཏེ། ཧ་ཅང་ཞིབ་མོར་བཏགས་པ་མ་ཡིན་པས་མགོ་དང་ལུས་བསྐུ་བར་བྱའོ། །གལ་ཏེ་སྨན་འདི་དག་ཤིན་ཏུ་ཞིབ་ཏུ་བཏགས་ཏེ་བསྐུས་ན་སླར་ཞིང་ཆེ་བ་འཕེལ་བར་བྱེད་པ་ནི་རིགས་པ་ཁོ་ན་ཡིན་ནོ། །དེ་ཡང་གཞུང་ལས། ཞིབ་ཏུ་བཏགས་ཤིང་རྟག་བསྐུས་ན། །ལྤགས་གནས་དྲོད་ནི་བཀག་པའི་ཕྱིར། །ཙནྡན་གྱིས་ཀྱང་ཚ་མི་སེལ། །གཞན་དུ་ཨ་ཀ་རུས་སེལ་བསྐྱེད། །དེ་བསྐོལ་ཆུ་ནི་བླུགས་པ་དང༌། །ལུས་འབྱིང་ལ་ཡང་སྦྱར་བར་བྱ། །ཞེས་བྱ་བ་ལ། སྡེ་ཚན་དེ་དག་ཉིད་བསྐོལ་བའི་ཆུ་དྲོ་འཇམ་ལུས་ལ་བླུགས་པ་དང༌། སྨན་ཆུ་དེས་སྣོད་ཆེན་པོ་བཀང་ལ་དེར་ལུས་བྱིང་བ་ལ་ཡང་སྦྱར་བར་བྱའོ། །སྐྱུར་རྩབས་ཆུ་དང་འོ་མ་ཚ། །མར་ལ་སོགས་པའང་དེ་བཞིན་སྦྱར། །ཞེས་བྱ་བ་ལ། དེ་བཞིན་དུ་རང་སྐྱུར་ལ་སོགས་པ་དག་གིས་བླུགས་པ་དང། ལུས་འབྱིང་བའི་སྦྱོར་བ་ཡང་བྱ་སྟེ། དེས་ཀྱང་པགས་པར་གནས་པའི་རིམས་རྙིང་པ་སེལ་བར་བྱེད་དོ། །བིལ་རྐང་ཁ་ལུང་ཨ་མྲ་དང༌། །སེའུ་འབྲུ་སེང་ཕྲོམ་བི་ད་རི། །ཤུ་དག་ལོ་མ་ལས་བྱུང་བའམ། །ལུང་ཐང་གི་ནི་ཝུ་བ་ཡིས། །ལུས་བསྐུས་ཆེ་ན་རྨོངས་བག་དང། །སློན་དང་སྐོམ་དད་ཞི་བར་བྱེད། །ཅེས་བྱ་བ་ལ། བིལ་བའི་རྐང་དེ་བིལ་བའི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་སྨན་ཇི་སྙེད་པ་ལས་རེ་རེ་འམ། མ་ལུས་པའི་ལྡེ་གུས་ལུས་བསྐུས་ན། ཚ་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །གང་ཞིག་ནད་གསོའི་ཐབས་སུ་བཤད། །མཁྲིས་པ་སེལ་བའི་རིམ་པ་དེ། །བསྟེན་པར་བྱས་ན་མྱུར་དུ་ནི། །ཚ་དང་བཅས་པའི་རིམས་སེལ་འགྱུར། །ཞེས་བྱ་བ་ལ། ནད་གསོ་བའི་ལེའུའི་སྐབས་སུ་མཁྲིས་པ་བསལ་བའི་ཆོ་ག་དག་སྔར་བཤད་པ། མཁྲིས་པ་ལ་ནི་མར་སར་བླུད། །ཅེས་བྱ་བ་ལ་སོགས་


DTG201_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞུང་གིས་བསྟན་པ་དེ་བ་སྟེན་ཅིང་གོམས་པར་བྱས་ནས་ཚ་བ་དང་བཅས་པའི་རིམས་སེལ་ཅིང་ཞི་བར་འགྱུར་རོ། །ནུས་པ་དྲོ་ཞིང་རེག་ན་དྲོ། །རྒྱ་སྤོས་གུར་གུམ་ཨ་ག་རུ། །རུ་རྟ་རྡོ་དྲེག་སྟོན་ཡ། །སར་ལ་དང་ཐང་ཤིང་དང༌། །ཆུ་སྲིན་སེན་མོར་སྣ་དང༌། །གུ་གུལ་ཤུ་དག་ལྕ་བ་དང༌། །སུག་སྨེལ་གཉིས་དང་ཙ་རོང་དང༌། །ཙནྡན་སིབ་དང་བྱེའུ་རུག་པ། །ཤི་ཀྲུ་སྤོང་སྤོས་བྱ་མ་ཀ །ཡུངས་ཀར་རྩ་བ་བཅུ་པ་དང༌། །སླེ་ཏྲེས་ཨེ་རཎྜ་གཉིས་དང༌། །བ་རུ་ར་དང་རོ་ཧི་ཤ་།ཏ་མ་ལ་ཡི་ལོ་མ་དང༌། །པུ་ཏིག་དང་ས་ལ་ཀི །འུ་སུ་ཨ་ཟ་མོ་ཏ་དང༌། །ཤུ་ཏི་མ་ཤ་ཀུ་ལངྠ། །ཙིཏྲ་ཀ་དང་པྲ་ཀི་དྱ། །ན་ཀུ་ལ་ནི་རྣམ་གཉིས་དང༌། །གཞན་ཡང་དེ་འདྲའི་བསིལ་བའི་སྨན། །བསྐོལ་དང་ལྡེ་གུར་བྱས་ནས་ནི། །ཆང་དང་སྐྱུར་རྩབས་ལ་སོགས་སྦྱར། །ཏིལ་མར་བསྐོལ་བ་གྲང་རིམས་སྦྱར། །ཞེས་བྱ་བ་ལ། ནུས་པ་ཡང་དྲོ་ཞིང་རེག་པ་ཡང་དྲོ་བ་སྟེ། ཨ་ག་རུ་ལ་སོགས་པའི་སྨན་གང་ཡང་རུང་བ་ལ་ནུས་པ་དང་རེག་པ་གཉི་ག་དྲོ་བ་དང་ལྡན་པ་དེ་དག་བསྐོལ་བའི་སྨན་གྱི་ཆུ་དང༌། ཆང་དང་སྐྱུར་རྩབས་ལ་སོགས་པ་དང་སྦྱར་ལ། ཏིལ་མར་དང་བསྐོལ་བ་དག་གྲང་བའི་རིམས་ལ་སྦྱར་ཞིང་གཏང་བར་བྱའོ། །དེ་ཡང་སྨན་ལྔ་ཡན་ཆད་ནི་སྣུམ་དང་མཉམ་པར་བྱའོ། །ཆང་ལ་སོགས་པ་ནི་གང་རྙེད་པ་དང་སྦྱར་བར་བྱའོ། །སྟོ་ནེ་ཡ་ནི་ཙ་ར་ཏི་དང་ཏ་ལེ་པ་ཏ་ཀ་ཞེས་བྱ་བ་ལ་སོགས་པའི་མིང་གིས་བསྟན་པའོ། །རྡོ་དྲེག་ནི་ཤེ་ལ་པུཥྤའོ། །ས་ར་ལ་ནི་ཤིང་གི་དབྱེ་བ་ཅི་ལ་ཞེས་བྱའོ། །ཐང་ཤིང་ནི་དེ་བ་ད་རུ་ཞེས་བྱའོ། །སུག་སྨེལ་གཉིས་ནི་སུག་སྨེལ་དང་ཨེ་ལ་སྦོམ་པོའོ། །ཙ་རོང་ནི་ཙོ་ར་ཀཻའོ། །སི་བ་ནི་ཧི་མ་གུ་བ་ཏྲའོ། །བྱ་མ་ཀ་ནི་བྲ་བ་དག་དའོ། །རྩ་བ་བཅུ་པ་ནི་རྩ་བ་ཆུང་དུ་ལྔ་པོ་དང༌། རྩ་བ་ཆེན་པོ་ལྔ་བསྡུས་པའོ། །ཨེ་རཎྜ་གཉིས་ནི་ཨེ་རཎྜ་དཀའ་པོ་དང༌། ཨེ་རཎྜ་དམར་པོའོ། །བ་དུ་ར་ནི་མ་སྱ་ཀཥ་ཞེས་བྱའོ། །པུ་ཏི་ཀ་ནི་ཀ་ཏྲི་ནའོ། །ས་ལ་ཀི་ནི་མོ་ཙའི་ཐང་ཆུ་དྲི་ཞིམ་པའོ། །འུ་སུ་ནི་འུ་སུའི་འབྲས་བུའོ། །ཨ་ཟ་མོ་ཏ་ནི་དི་བྱ་ཀཻའོ། །ཤུ་ཏི་ནི་ཤ་ཏ་པུཥྤའོ། །པྲ་ཀི་དྱ་ནི་པུ་ཏི་ཀ་རཉྫའོ། །ན་ཀུ་ལ་གཉིས་ནི་ཙ་བི་ཀ་དང༌། སར་བ་སུ་གནྡྷའོ། །དེ་དྲོ་འཇམ་གྱིས་བསྐུ་བ་དང༌།


DTG201_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཏུ་བཏགས་པས་བྱུག་པར་བྱ། །ཞེས་བྱ་བ་ལ། སྨན་དེ་དང་སྦྱར་བའི་ཏིལ་མར་དེ་དྲོ་འཇམ་ཙམ་དུ་བྱས་པ་ནི་གྲང་བའི་རིམས་ལ་བསྐུ་བར་བྱ་ལ། རྒྱ་སྤོས་ལ་སོགས་པ་ཞིབ་ཏུ་བཏགས་པས་ནི་རིམས་ནད་ཅན་དེ་ལ་བྱུག་པར་བྱའོ། །ཅུང་ཟད་དྲོ་བས་བླུགས་པ་དང༌། །ལུས་འབྱིང་བར་ཡང་བྱ་བ་ཡིན། །ཞེས་བྱ་བ་ལ། རྒྱ་སྤོས་ལ་སོགས་པའི་སྨན་དེ་དག་ཉིད་བསྐོལ་བའི་ཚུ་དྲོ་འཇམ་ཙམ་དུ་བྱས་པས་ནི་གྲང་བའི་ལུས་ལ་བླུགས་པ་དང༌། ལུས་འབྱིང་པའི་སྦྱོར་བ་ཡང་བྱའོ། །ཚ་དང་བ་གཅིན་ཞོ་ག་ཆུ། །འབའ་ཞིག་གིས་ཀྱང་དེ་བཞིན་བྱ། །ཞེས་བྱ་བ་ལ། གྲང་བའི་རིམས་རྙིང་པ་ལ་ནི་ཚ་ལ་སོགས་པ་འདི་དག་འབའ་ཞིག་སྟེ། སྨན་གྱི་སྦྱོར་བ་མ་བྱས་པ་དག་གིས་ཀྱང་ལུས་ལ་བླུགས་པ་དང༌། ལུས་འབྱིང་བའི་སྦྱོར་བདེ་བཞིན་དུ་བྱའོ། །དོང་ག་ལ་སོགས་སྡེ་ཡིས་ཀྱང༌། །བཏུང་དང་བསྐུ་དང་བྱུག་པར་བྱའོ། །ཞེས་བྱ་བ་ལ། སྔར་མདོའི་གནས་སུ་དོང་ག་དང༌། དུག་མོ་ཡུངས་དང༌། པ་ཏ་ལི་ཞེས་བྱ་བ་ལ་སོགས་པའི་སྡེ་ཚན་དག་གིས་ཀྱང་བཏུང་བལ་སོགས་པའི་སྦྱོར་བ་བྱའོ། །བསྐུ་བ་ཡང་དེ་ཉིད་དང་བསྐོལ་བའི་ཏིལ་མར་གྱིས་བསྐུལ། བྱུག་པ་ཡང་ཆུ་ལ་སོགས་པ་དང་བཏགས་པ་དག་གིས་བྱའོ། །བདུག་པ་ཨ་ཀ་རུ་ལས་བྱུང༌། །འོག་ནས་བཤད་པའི་རིམས་ལ་སྦྱར། །ཞེས་བྱ་བ་ལ། གྲང་བའི་རིམས་ལ་དུད་པས་བདུག་པ་ཨ་ཀ་རུའི་སྦོས་ལས་བྱུང་བའི་དུད་པས་བདུག་པར་བྱ་བ་དང༌། འོག་ནས་བཤད་པའི་བདུག་པ་ལའང༌། ཀ་ཤ་ཞེས་བྱ་བ་ལ་སོགས་པའི་མི་བཟད་པའི་རིམས་ལ་གཏང་བར་བྱ་བ་དེ་ཡང་གྲང་བའི་རིམས་ལ་སྦྱར་བར་བྱའོ། །དུགས་ནི་མེས་བྱས་མེས་མ་བྱས། །དུགས་ཀྱི་སྨན་དང་ཁ་ཟས་བསྟེན། །ཞེས་བྱ་བ་ལ། དུགས་ཀྱི་ལེའུ་ལས་བཤད་པའི་དུགས་མེ་ལས་བྱུང་བ་དང༌། མེས་མ་བྱས་པ་དག་ཀྱང་སྦྱར་བར་བྱ་སྟེ། མེས་བྱས་པ་ནི་མི་བདེ་བ་དང༌། ཁ་རླངས་དང༌། ཆུའི་དུགས་ལ་སོགས་པའོ། །མེས་མ་བྱས་པ་ནི་རླུང་མེད་པའི་ཁང་བ་དང༌། དྲག་ཤུལ་གྱི་རྩོད་པ་དང༌། གོས་མཐུག་པོ་བགོ་བ་དང༌། འཇིགས་པ་དང༌། བཅིངས་པ་དང༌། འཐབ་པ་དང༌།


DTG201_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཚན་ལ་སོགས་པ་ལ་བསྟེན་པའོ། །དུགས་ཀྱི་བྱ་བ་བྱེད་པའི་སྨན་དང་ཁ་ཟས་ནི་མཁྲིས་པ་སྐྱེད་པར་བྱེད་པའི་ཟས་དང༌། སྨན་རྒྱ་སྲན་ཀུ་ལངྠ་དང༌། མོན་སྲན་གྲེའུ་དང༌། ནིས་པ་པའི་ཁ་ཟས་དང༌། རླན་ཅན་གྱི་ཤ་ལ་སོགས་པ་སྟེ་དེ་དག་བསྟེན་ཟར་གཞུག་པར་བྱའོ། །ཁང་སྦྲུམ་ས་ཕུག་ཏུ་ཉལ་ཞིང༌། །ལ་བ་དྲེའུ་རྡོག་རེའུ་སྣམ་བགོ །ཞེས་བྱ་བ་ལ། ཡང་གྲང་པའི་རིམས་ཀྱིས་བཏབ་པ་དག་ནི། །ཁང་པ་ཉིས་རིམ་དུ་བྱས་པའི་ཆང་སྦྲུམ་དང༌། ཕུག་ཀྱི་ནང་དུ་ཉལ་དུ་ཞུགས་པ་དང༌། དེ་བཞིན་དུ་ལ་བ་དང༌། དྲེའུ་རྡོག་ལ་སོགས་པ་འདིང་ཞིང་བགོ་བར་བྱའོ། །དུ་བ་མེད་པའི་མདག་མས་གང༌། །ཞུགས་ཤིང་དག་ནི་བསྟེན་པ་དང༌། །ཞེས་བྱ་བ་ལ། ཞུགས་ཤིང་དུ་བ་མེད་ཅིང་ཅུང་ཟད་འབར་བའི་མདག་མས་གང་བ་དག་བསྟེན་ཅིང་འདེ་བར་མི་བྱའོ། །ཆང་ནི་ཚ་བ་གསུམ་བཅས་དང༌། །དར་བ་རྒྱ་སྲན་ཀུ་ལངྠ། །འབྲུ་དང་ཀོ་ཏྲ་བ་དག་ཀྱང༌། །འདར་བའི་རིམས་ཅན་དེ་ལ་སྦྱིན། །ཞེས་བྱ་བ་ལ། གྲང་བའི་རིམས་ནད་ཀྱིས་ལུས་འདར་ཞིང་གྲང་བའི་མི་དེ་ལ་ཚ་བ་གསུམ་དང་བཅས་པའི་སྨན་བླུད་པར་བྱ་སྟེ། ཚ་བ་གསུམ་ནི་པི་པི་ལིང་དང༌། ན་ལེ་ཤམ་དང༌། བཅའ་སྒའོ། །ཡང་ན་དར་བ་ལ་ཚ་བ་གསུམ་བཏབ་བ་བླུད་བའམ། རྒྱ་སྲན་ཀུ་ལངྠ་ལ་སོགས་པ་དག་ཀྱང་ཚ་བ་གསུམ་དང་བཅས་པར་སྦྱིན་བར་བྱའོ། །གྲང་བའི་རིམས་ནད་ཅན་དེ་ལ། །ཆུང་མ་ནུ་མ་རྒྱས་པ་དང༌། །རྒྱན་གྱིས་བརྒྱན་ཏེ་བཞག་པ་དང༌། །ལང་ཚོས་རྒྱགས་ཤིང་ཆང་གིས་མྱོས། །བུད་མེད་ཀྱིས་དེ་འཁྱུད་པར་བྱ། །ཞེས་བྱ་བ་ལ། གང་དེ་གྲང་བའི་རིམས་ཀྱིས་བཏབ་པ་དེ་ལ་ཆུང་མ་ནུ་མ་རྒྱས་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དག་གིས་ཀྱང་འཁྱུད་པར་བྱའོ། །གྲང་དང་བྲལ་བར་ཤེས་ནས་ནི། །དེ་ནས་དེ་སླར་བསལ་བར་བྱ། །ཞེས་བྱ་བ་ལ། གྲང་བའི་འདར་ནད་དང་ལྡན་པ་དེ་གྲང་བ་དང་བྲལ་ཞིང་གྲང་བས་ཉེན་པ་མེད་པར་ཤེས་ཤིང་རྟོགས་ནས། དེ་ནས་དེའི་འོག་ཏུ་བུད་མེད་དེ་ལས་བསལ་ཞིང་བྲལ་བར་བྱའོ། །ནད་གཅིག་འཕེལ་བར་འགྱུར་བ་དང༌། །འགྲིབ་པའམ་ལྡང་བར་གྱུར་པའམ། །མཉམ་གནས་ནད་ནི་བད་ཀན་


DTG201_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །གནས་ཀྱི་རིམ་པས་བསལ་བར་བྱ། །ཞེས་བྱ་བ་ལ། ནད་ཆ་མི་མཉམ་པ་དང་ནད་ཆ་མཉམ་པར་འདུས་པ་ལས། ནད་གཅིག་འཕེལ་བས་ནད་གཅིག་བྲི་བར་གྱུར་ན། ཤས་ཆེ་བའི་ནད་དེ་བསལ་བར་བྱའོ། །ཡང་ན་ནད་གཅིག་འཕེལ་བར་གྱུར་པ་དེར་ནི་གཉིས་འབྲི་བར་གྱུར་ན་གཅིག་པུ་གསོ་བར་བྱ་སྟེ། གང་དུ་གཉིས་འཕེལ་བ་དེར་ནི་གཅིག་འབྲི་བར་གྱུར་ལ། གང་དུ་གཅིག་འཕེལ་བར་གྱུར་པ་དེར་ནི་གཉིས་འབྲི་བར་འགྱུར་རོ། །མཉམ་པར་གནས་པའི་བད་ཀན་གྱི་གནས་ཀྱི་རིམ་པས་བསལ་བར་བྱ་སྟེ། དང་པོ་ཁོ་ནར་ནི་བད་ཀན་གྱི་གཉེན་པོར་གྱུར་པའི་སྨན་གཏང་བར་བྱའོ། །དེའི་འོག་ཏུ་ནི་མཁྲིས་པ་བསལ་བར་བྱའོ། །དེའི་འོག་ཏུ་ནི་རླུང་བསལ་བར་བྱ་སྟེ། བད་ཀན་གྱི་གནས་ན་གནས་པའི་རིམ་པ་དེས་མཉམ་པར་གནས་པའི་ནད་གསོ་བར་བྱའོ། །འདུས་པའི་རིམས་ཀྱི་ཐ་མར་ནི། །གང་གི་རྣ་བའི་རྩ་བ་རུ། །མི་བཟད་སྐྲང་པ་བྱུང་གྱུར་ན། །འགའ་ཞིག་ཐར་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། འདུས་པའི་རིམས་ཀྱིས་བཏབ་པའི་ཐ་མ་དེར་འདུས་པའི་རིམས་ཀྱིས་ལུས་ཟད་པར་བྱས་པའི་མི་ལ་རྣ་བའི་རྩ་བར་མི་བཟད་པར་ན་བའི་སྐྲང་བ་ལས་སྣ་ཚོགས་པའི་དབང་གིས་འབྱུང་བར་འགྱུར་ལ། འབྱུང་བ་དེ་ཡང་སྟེས་དབང་གིས་ནད་པ་འགའ་ཞིག་ཐར་ཞིང་མི་འཆི་བར་འགྱུར་བ་སྲིད་ཀྱི། ཕལ་ཆེར་ནི་འཆི་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་གཏར་གས་དབྱུང་བ་དང༌། །ཞུན་མར་བླུད་པས་མྱུར་བསལ་ཏེ། །བད་མཁྲིས་སེལ་བའི་སྨན་བསྐུ་དང༌། །སྣ་སྨན་མཁུར་བ་བཀང་བས་གསོ། །ཞེས་བྱ་བ་ལ། སྐྲངས་པ་དེ་ལྟ་བུ་དེ་གཏར་ག་གང་བ་སྟེ་ཁྲག་དབྱུང་བ་དང༌། དེ་བཞིན་དུ་ཞུན་མར་བླུད་ཅིང་སྦྱིན་པ་དང༌། དེ་བཞིན་དུ་བད་ཀན་དང་མཁྲིས་པ་སེལ་བའི་སྨན་གྱིས་བསྐུ་བ་དང༌། སྨན་དེ་དག་གིས་སྣ་སྨན་གཏང་བ་དང་མཁུར་བ་བཀང་ཞིང་སྤོ་བའི་ཐབས་ཀྱིས་མྱུར་ཞིང་རིངས་པར་གསོ་ཞིང་བསལ་བར་བྱའོ། །གང་གི་རིམས་ནི་བསིལ་དྲོད་དང༌། །སྣུམ་རྩུབ་སོགས་ཀྱིས་ཞི་མི་འགྱུར། །ཡན་ལག་ཞེན་པ་དེ་རིམས་བཞིན། །ལག་ངར་ལས་ཁྲག་མྱུར་དུ་དབྱུང༌། །ཞེས་བྱ་བ་ལ། མིང་གང་གི་རིམས་ཡན་ལག་ལ་


DTG201_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ཞིང་ལུས་ཟུངས་ཀྱི་རྗེས་སུ་འབྲངས་པ་དེ་ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་བསིལ་བ་ལ་སོགས་པའི་སྨན་གྱིས་ཞི་བར་མ་གྱུར་ན། དེ་ལ་མྱུར་དུ་ལག་ངར་ལ་གཏར་ག་བྱ་ལ། དེ་ཡང་རིམ་གྱིས་བྱའི། ལག་ངར་གཉིས་ལ་ཅིག་ཅར་ནི་མི་བྱའོ། །ཆོ་ག་འདི་ནི་མི་བཟད་པའི། །རིམས་ལའང་ནད་དམིགས་ཇི་བཞིན་བྱ། །རླུང་སོགས་རིམ་གྱིས་ཆ་ཕྱེ་ལ། །ཕྱིས་བཤད་གང་ཡིན་དག་ཀྱང་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ཆོ་ག་དེ་ཉིད་ནི་མི་བཟད་པའི་རིམས་དང་རྟག་པའི་རིམས་ལ་སོགས་པ་དག་ལ་ཡང་ནད་དམིགས་ཇི་ལྟ་བ་བཞིན་ཏེ། རླུང་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཇི་ལྟ་བའི་ཚུལ་ལས་རྗེས་སུ་དཔགས་ནས་བྱ་སྟེ། གང་གི་ཕྱིར་བཤད་པ་དེ་དག་ཀྱང་སྦྱར་བར་བྱའོ། །པ་ཏོ་ལ་དང་པུ་ཙེ་ཤེལ། །གླ་སྒང་ཤིང་མངར་ཨ་རུ་ར། །གཉིས་སམ་གསུམ་མམ་ལྔ་བསྐོལ་བ། །མི་བཟད་རིམས་ནི་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། པ་ཏོ་ལ་སོགས་པའི་སྨན་གསུམ་གསུམ་མམ། བཞི་བཞི་འམ། ལྔ་ལྔ་བསྐོལ་བ་གང་ཡིན་པ་དེས་མི་བཟད་པའི་རིམས་དང་རྟག་པའི་རིམས་ལ་སོགས་པ་སེང་ཞིང་འཇོམས་པར་བྱེད་དོ། །འབྲས་བུ་གསུམ་དང་ཨ་རུ་ར། །སླེ་ཏྲེས་པི་པི་ལིང་སོ་སོར། །ཆོ་ག་དེ་དང་སྦྱར་བའམ། །གོ་བྱེ་བུ་རམ་བཅས་པ་སྦྱིན། །ཞེས་བྱ་བ་ལ། འབྲས་བུ་གསུམ་པའི་སྨན་ཆོ་གའི་སྦྱོར་བའི་ཁུ་བ་ལྡེ་གུ་དང་བསྐོལ་བ་དང༌། བསྒྲངས་པ་སྐྱོ་མར་བྱ་བ་དང༌། དེ་བཞིན་དུ་སྨན་མར་དང་བལྡག་པ་དང༌། ཕྱེ་མ་དང་རི་ལུར་བྱ་བ་བཅུད་ཀྱིས་ལེན་གྱི་ཆོ་ག་ལས་བཤད་པའི་སྦྱོར་བས་ཀྱང་སོ་སོར་སྦྱར་བར་བྱ་སྟེ། ནད་དམིགས་ཀྱི་ཚུལ་ལ་དཔགས་ནས། ལན་འགའ་ནི་འབྲས་བུ་གསུམ་སྦྱིན་པར་བྱའོ། །ལན་འགའ་ནི་ཨ་རུ་ར་ཉི་ཚེ་སྦྱིན་པར་བྱའོ། །ལན་འགའ་ནི་སླེ་ཏྲེས་སྦྱིན་པར་བྱའོ། །ལན་འགའ་ནི་པི་པི་ལིང་སྦྱིན་པར་བྱ་སྟེ། དེ་དག་ནི་སོ་སོའི་སྒྲའི་དོན་ཡིན་ནོ། །ཡང་ན་མི་བཟད་པའི་རིམས་ལ་བུ་རམ་དང་བཅས་པའི་གོ་བྱེ་སྟེ། གསེར་ཤིང་གི་འབྲས་བུ་སྦྱིན་པར་བྱའོ། །རིམས་ཀྱིས་ཐེབས་པའི་ཉིན་ཞག་ལ། །ཉམས་སྨད་པའམ་ཉམས་བརྟ་བྱ། །ཞེས་བྱ་བ་ལ། མི་བཟད་པའི་རིམས་རྟག་པ་ལ་སོགས་པ་བཞི་པོ་དག་ལ་


DTG201_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་གང་གི་ཚེ། རིམས་འོང་ཞིང་འབྱུང་བར་འགྱུར་བའི་ཉིན་ཞག་དེ་ལ་ཉམས་སྨད་ཅིང་སྨྱུང་བས་གསོ་བར་བྱ་བའམ། ཉམས་ཤིན་ཏུ་བརྟ་ཞིང་ལུས་འཕེལ་བར་འགྱུར་བའི་གསོ་བ་དག་ནད་དམིགས་ཀྱི་ཚུལ་ལས་ལྟོས་ཏེ་བྱའོ། །ནད་པར་ཏིལ་མར་སྒོག་སྐྱ་བཅས། །བཟའ་བའམ་ཡང་ན་མར་རྙིང་ངམ། །དེ་བཞིན་ཞོ་དང་འོ་མ་སྦྱིན། །ཞུན་མར་སྲང་དྲུག་པ་དང་ནི། །དགེ་བ་ཆེན་པོའམ་བའི་རྣམ་ལྔ། །ཏིག་ཏ་དུག་དང་བསྐོལ་ཏེ་སྦྱིན། །ཞེས་བྱ་བ་ལ། མི་བཟད་པའི་རིམས་ལ་ནང་པར་རམ་ཟས་ཀྱི་ཐོག་མར་ཏིལ་མར་སྒོག་སྐྱ་དང་བཅས་པ་སྦྱིན་པར་བྱའོ། །ཡང་ན་ནང་པར་རམ་ཟས་ཀྱི་སྔོན་ལ་མར་རྙིང་པ་སྦྱིན་པར་བྱའོ། །ཡང་ན་དེ་བཞིན་དུ་ཞོ་དང་འོ་མ་ནང་པར་རམ་ཟས་ཀྱི་སྔར་སྦྱིན་པར་བྱའོ། །ཡང་ན་ཞུན་མར་སྲང་དྲུག་དང༌། ཚ་བ་ལྔ་དང༌། ནས་ཚིག་འཁུས་པའི་ཐལ་བ་བཅོས་པ་སྨན་མར་གཅོང་ཆེན་པོ་གསོ་བའི་སྐབས་ནས་བཤད་པའམ། དགེ་བ་ཆེན་པོའི་སྨན་མར་སྨྱོ་བྱེད་ཀྱི་གདོན་གསོ་བའི་སྐབས་སུ་བཤད་པའམ། བའི་རྣམ་ལྔའི་སྨན་མར་བརྗེད་བྱེད་ཀྱི་ནད་གསོ་བའི་སྐབས་སུ་བཤད་པའམ། །ཏིག་ཏའི་སྨན་མར་མཛེ་ནད་གསོ་བའི་སྐབས་སུ་བཤད་པའམ། དུག་གི་སྨན་མར་ཁྲག་མཁྲིས་གསོ་བའི་སྐབས་སུ་བཤད་པ་དག་ཀྱང་དེ་བཞིན་དུ་ནང་པར་རམ་ཟས་ཀྱི་ཐོག་མར་ནད་ལ་སོགས་པའི་ཚུལ་ལས་བརྟགས་ཏེ་སོ་སོར་ཅི་རིགས་པར་སྦྱིན་པར་བྱའོ། །འབྲས་བུ་གསུམ་དང་རྒྱ་ཤུག་དང༌། །ཨག་ནི་མན་ཐ་བསྐོལ་བ་རུ། །ཞོ་དང་བསྐོལ་བའི་མར་དག་ཏུ། །སེང་ཕྲོམ་ཤུན་ལྤགས་ལྡེ་གུ་བཏབ། །མི་བཟད་རིམས་ནི་འཇོམས་པའི་མཆོག །ཅེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་ཁུ་བ་མར་གྱི་ཉིས་འགྱུར་དང་ཞོའི་ཉིས་འགྱུར་དུ་བྱས་པ་དང༌། མར་བསྐོལ་ཏེ་སེང་ཕྲོམ་གྱི་ཤུན་ལྤགས་ཀྱི་ལྡེ་གུ་མར་གྱི་བཞི་ཆ་བཅུག་ལ་མར་དེ་བླུད་པ་ནི་མི་བཟད་པའི་རིམས་འཇོམས་པའི་མཆོག་ཡིན་ནོ། །འབྲུ་ཆང་དང་ནི་ཆང་རྙིང་རྣོ། །རྨ་བྱ་གོང་མོ་སྲེག་ཁྱིམ་བྱ། །རླན་ཅན་ཤ་ནི་དྲོད་སྐྱེད་པ། །ཟས་བཅས་དག་ནི་ཅི་འདོད་པར། །བསྟེན་ལ་དེ་བཞིན་གཉིད་ལོག་པའམ། །ཡང་ན་སླར་ནི་སྐྱུག་ཏུ་གཞུག །ཡང་ན་ཞུན་མར་ཚད་ཆེན་པོ། །བླུད་དེ་སླར་


DTG201_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐྱུག་ཏུ་གཞུག །ཞེས་བྱ་བ་ལ། དེ་བཞིན་དུ་ཆང་ལ་སོགས་པ་འཐུངས་ཤིང་ཟོས་པར་བསྟེན་ལ། དེའི་ཉིན་ཞག་གཉིད་ལོག་པར་བྱ་བའམ། ཡང་ན་ཆང་ལ་སོགས་པ་འཐུངས་ཤིང་ཟོས་ནས་དེའི་ཞག་ཉིད་སླར་སྐྱུག་སློན་དུ་གཞུག་གོ །ཡང་ན་ཞུན་མར་ཚད་ཆེན་པོ་བླུད་དེ་ཉིན་ཞག་གཅིག་གིས་ཞུ་བར་འགྱུར་བ་དེ་ཙམ་གྱི་ཚད་འཐུངས་ལ་དེ་སླར་སྐྱུག་ཏུ་གཞུག་པར་བྱའོ། །ཨ་ཛ་གན་དྷ་ནི་ལི་ནི། །དུར་བྱིད་དང་ནི་པུ་ཙེ་ཤེལ། །རིམས་ཀྱིས་འདེབས་ཚེ་སྣུམ་དང་དུགས། །ལེགས་པར་བྱས་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། ཨ་ཛ་གནྡྷ་ལ་སོགས་པའི་སྨན་དག་ཀྱང་རྟག་པའི་རིམས་ལ་སོགས་པ་འོང་ཞིང་འདེབས་པའི་དུས་སུ་ལྡེ་གུར་བྱས་ལ་བླུད་པར་བྱའོ། །དེ་ཡང་སྣུམ་དང་དུགས་ལེགས་པར་བྱས་ནས་དེའི་འོག་ཏུ་བླུད་པར་བྱའོ། །ལྡོང་རོས་རྒྱམ་ཚ་པི་པི་ལིང༌། །ཏིལ་མར་དང་སྦྱར་མིག་སྨན་གཞུག །ཅེས་བྱ་བ་ལ། མི་བཟད་པའི་རིམས་ལ་སོགས་པ་ལ་ལྡོང་རོས་ལ་སོགས་པའི་སྨན་ཏིལ་མར་དང་སྦྱར་བ་མིག་ཏུ་གཞུག་པར་བྱའོ། །ཤིང་ཀུན་སྟག་ཚིལ་ཆ་སྙོམས་བྱ། །རྒྱམ་ཚར་བཅས་པའི་སྣ་སྨན་བྱ། །ཞེས་བྱ་བ་ལ། ཤིང་ཀུན་དང་སྟག་གི་ཚིལ་ཆ་མཉམ་པར་བྱས་པ་ལ། རྒྱམ་ཚ་ཅུང་ཟད་བཅུག་པའི་སྣ་སྨན་དུ་སྦྱར་རོ། །དེ་བཞིན་མར་རྙིང་སེང་གེའི་ཚིལ། །རྒྱམ་ཚ་དག་དང་སྦྱར་ཏེ་གཏང༌། །ཞེས་བྱ་བ་ལ། དེ་བཞིན་དུ་མར་རྙིང་པ་གཅིག་པུ་དག་ཀྱང་སྣ་སྨན་དུ་གཏང་བར་བྱའོ། །དེ་བཞིན་དུ་སེང་གེའི་ཚིལ་རྒྱམ་ཚ་དང་སྦྱར་བ་ཡང་སྣ་སྨན་དུ་གཏང་བར་བྱའོ། །པ་ལ་ཀ་ས་ནིམ་པའི་ལོ། །ཤུ་དག་རུ་རྟ་ཨ་རུ་ར། །ཡུངས་ཀར་ནས་བཅས་མར་སྦྱར་བའི། །བདུག་པའམ་བྱི་ལའི་རྟུག་པས་བདུག །ཅེས་བྱ་བ་ལ། །པ་ལ་ཀ་ས་ལ་སོགས་པའི་སྨན་མར་དང་སྦྱར་ཞིང་མར་གྱིས་བསྐུས་པ་ཡང་མི་བཟད་པའི་རིམས་ལ་སྦྱར་བར་བྱའོ། །ཡང་ན་བྱི་ལའི་རྟུག་པ་འབའ་ཞིག་གི་བདུག་པས་བདུག་པར་བྱའོ། །གུ་གུལ་ཤུ་དག་བྱ་མ་ཀ །ས་རྫ་ར་ས་ནི་མ་པ་དང༌། །ཨརྐ་དང་ནི་ཨ་རུ་ར། །ཐང་ཤིང་བཅས་པའི་སྤོས་སྦྱར་བ། །འདི་ནི་གཞན་གྱིས་མི་ཐུབ་པའི། །བདུག་པ་ཡིན་ཏེ་རིམས་ཀུན་སེལ། །ཞེས་བྱ་བ་ལ། གུ་གུལ་


DTG201_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དང་སྦྱར་བའི་བདུག་སྤོས་ནི་མིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། དེས་ནི་རིམས་ནད་ཐམས་ཅད་སེལ་བ་ཡིན་པས་ཀུན་ལ་སྦྱར་བར་བྱའོ། །སྤོས་བདུག་སྣ་སྨན་གཏང་བྱ་བ། །སེམས་ཀྱིས་བསྒྱུར་བར་གང་བཤད་དང༌། །འཕགས་པ་ལ་བརྟེན་སྨན་གྱིས་ནི། །རིམས་ནད་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། གཞན་ཡང་སྤོས་ལ་སོགས་པ་སེམས་བསྒྱུར་བ་སྟེ། འབྱུང་པོའི་གདོན་དང༌། བརྗེད་བྱེད་དང་སྨྱོ་བྱེད་ཀྱི་གསོ་བའི་སྐབས་སུ་གང་དག་བཤད་པ་དེ་དག་གིས་ཀྱང་རིམས་སེལ་བར་བྱེད་པ་ཡིན་པས་ཀུན་ལ་སྦྱར་བར་བྱའོ། །དེ་བཞིན་དུ་འཕགས་པ་ལ་བརྟེན་པའི་སྨན་ཏེ་སྔགས་དང༌། སྦྱིན་སྲེག་དང༌། གཏོར་མ་སྦྱིན་པ་དང༌། སྡོམ་པ་ལ་གནས་པ་དང༌། སྨྱུང་བ་བྱ་བ་དང༌། སྡིག་པ་བཤགས་པ་དང༌། བཀྲ་ཤིས་ཀྱི་ཆོ་ག་བྱ་བ་དང༌། ཕྱག་འཚལ་བ་དང༌། སྐྱབས་སུ་འགྲོ་བ་ལ་སོགས་པའི་དགེ་བའི་ལས་རྣམས་ཀྱིས་རིམས་ཐམས་ཅད་སེལ་ཞིང་འབྱུང་བར་མི་འགྱུར་རོ། །མཆོག་ཏུ་ཕལ་ཆེར་མི་བཟད་རིམས། །དེ་ནི་གློ་བུར་འོང་རྗེས་འབྲེལ། །ཞེས་བྱ་བ་ལ། མཆོག་གམ་ཁྱད་པར་དུ་རྟག་པའི་རིམས་ལ་སོགས་པ་ནི་འཕགས་པ་ལ་བརྟེན་པ་ལྟར་སྨན་གཞན་གྱིས་དེ་ལྟར་སེལ་བར་མི་འགྱུར་ཏེ། གང་གི་ཕྱིར་མི་བཟད་པའི་རིམས་དེ་དག་ནི། གློ་བུར་དུ་འོང་བ་ཡིན་ཞིང༌། །གདོན་ཞུགས་པ་དང་རྗེས་སུ་འབྲེལ་པ་ལས་བྱུང་བ་དེར་ནི་འཕགས་པ་ལ་བརྟེན་པའི་ལས་ཁོ་ན་སྟོབས་དང་ལྡན་ཞིང་མཐུ་ཆེ་བ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ། །མི་བཟད་རིམས་ཞིར་མ་གྱུར་ན། །རང་གི་གཏར་ག་ཇི་བཞིན་གདབ། །ཅེས་བྱ་བ་ལ། མི་བཟད་པའི་རིམས་གྲང་བ་དང་དྲོ་བ་ལ་སོགས་པའི་གསོ་བས་རྣམ་པ་ཐམས་ཅད་དུ་ཞི་བར་མ་གྱུར་ན། རང་གི་གཏར་ག་ཇི་སྐད་སྨོས་པ་བཞིན་དུ་གདབ་པར་བྱ་སྟེ། ཉིན་གསུམ་པར་ནི་ཁྲག་འཚམ་གདབ། །ཉིན་བཞི་པ་ལ་ལྷག་པའི་འོག །ཞེས་བྱ་བ་ལ་སོགས་པ་སྔར་མདོའི་གནས་སུ་ཇི་སྐད་བཤད་པ་བཞིན་དུ་བྱའོ། །དངས་མ་ལ་གནས་ཐམས་ཅད་ལ། །སྐྱུག་སྨན་གཏང་དང་སྨྱུང་བ་བྱ། །ཞེས་བྱ་བ་ལ། མི་བཟད་པའི་རིམས་ཉིན་བཞི་བའི་བར་དུ་ལུས་ཟུངས་ཀྱི་ནང་ན་དངས་མ་ལ་གནས་པ་ཐམས་ཅད་ལ་ནི་སྐྱུག་


DTG201_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གཏང་བ་དང༌། སྨྱུང་བར་བྱ་བ་དག་བྱའོ། །ཁྲག་ལ་གནས་པ་སྨན་ཆུ་བླུགས། །བསྐུ་དང་བྱུག་དང་གཏར་ག་བྱ། །ཞེས་བྱ་བ་ལ། ཁྲག་ལ་གནས་པའི་རིམས་ཐམས་ཅད་ལ་ནི་སྨན་ཆུ་བླུགས་པ་ལ་སོགས་པ་བྱའོ། །ཤར་གནས་བཀྲུ་སྨན་རྣོན་པོ་བྱ། །ཞེས་བྱ་བ་ལ། ཤ་ལ་གནས་པའི་རིམས་ཐམས་ཅད་ནི་བཀྲུ་སྨན་རྣོན་པོས་ཁྲུས་བྱའོ། །ཚིལ་གནས་ཚིལ་ནི་དབྲི་བར་བྱ། །ཞེས་བྱ་བ་ལ། ཚིལ་ལ་གནས་པའི་རིམས་ཐམས་ཅད་ལ་ནི་ཚིལ་དབྲི་བའི་ཆོ་ག་ཇི་སྐད་སྨོས་པ་བྱའོ། །རུས་པར་གནས་ལ་རླུང་ཞི་བའི། །བསྐུ་དང་དུགས་དང་མཉེ་བ་བྱ། །རིམས་དེར་རླུང་ནད་ཞི་བྱ་དང༌། །ཁྱད་པར་དུ་ནི་འཇམ་རྩི་བྱ། །ཞེས་བྱ་བ་ལ། རུས་པ་ལ་གནས་པའི་རིམས་རྣམས་ལ་ནི་རླུང་ནད་ཞི་བའི་ཐབས་བསྐུ་བ་ལ་སོགས་པ་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་ནི་སྣུམ་གྱི་འཇམ་རྩི་མས་གཏོང་བའི་ཆོ་ག་བྱའོ། །མ་འདྲེས་རླུང་དང་མེ་དབལ་དང༌། །འབྲུམ་བུས་གནོད་གྱུར་རིམས་ལ་ནི། །ཞུན་མར་བླུད་ཅིང་ཙནྡན་བྱུག །སྨན་ཆུ་བླུགས་ཤིང་ཤ་ཁུ་སྦྱིན། །རང་གི་དཔྱད་ནི་ཇི་སྐད་བཤད། །གཏར་ག་ལ་སོགས་དག་གིས་གསོ། །ཞེས་བྱ་བ་ལ། རླུང་མ་འདྲེས་པ་འབའ་ཞིག་ལ་སོགས་པ་ལས་གྱུར་པའི་རིམས་ལ་ནི་ཞུན་མར་བླུད་པ་ལ་སོགས་པ་བྱ་བ་དང༌། རང་གི་དཔྱད་རང་རང་གི་ལེའུའི་སྐབས་སུ་ཇི་སྐད་བཤད་པ་མེ་དབལ་ལ་གཏར་ག་གདབ་པ་ལ་སོགས་པའི་གསོ་དཔྱད་གང་དག་ཡིན་པ་དེ་དག་གིས་གསོ་ཞེས་དཔྱད་དུ་བྱའོ། །གདོན་བྱུང་འབྱུང་པོའི་རིག་པར་བཤད། །གཏོར་མ་སྔགས་ལ་སོགས་པས་གསོ། །ཞེས་བྱ་བ་ལ། གདོན་ལས་བྱུང་ཞིང་དེ་ལས་གྱུར་པའི་རིམས་ལ་ནི། འབྱུང་པོའི་རིག་པར་བཤད་ཅིང་འབྱུང་པོ་ལྡོག་པའི་རིག་སྔགས་ཀྱི་རྣམ་པ་གང་དག་ཡིན་པ་དང༌། གཏོར་མ་དང་སྔགས་ཀྱི་སྦྱོར་བ་ལ་སོགས་པས་གསོ་བར་བྱའོ། །སྨན་དྲི་ལས་བྱུང་མཁྲིས་པ་ནི། །ཞི་བྱ་དུག་སྐྱེས་དུག་གིས་གསོ། །ཞེས་བྱ་བ་ལ། སྨན་གྱི་དྲིས་ཕོག་པ་ལས་བྱུང་བའི་རིམས་ལ་ནི་མཁྲིས་པ་ཞི་བའི་ཐབས་གང་དག་ཡིན་པ་དེས་གསོ་བར་བྱའོ། །དུག་ལས་སྐྱེས་པའི་རིམས་ལ་ནི། །དུག་ཞི་བའི་ཐབས་གང་ཡིན་པས་གསོ་བར་བྱའོ། །


DTG201_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོན་ཇི་ལྟར་ཡིད་འཐད་དང༌། །ནད་ནི་ཇི་ལྟར་ཞི་གྱུར་བ། །ཕན་དང་མི་ཕན་ལ་མཁས་པས། །ཁྲོས་སོགས་ལས་བྱུང་རིམས་བསལ་བྱ། །ཞེས་བྱ་བ་ལ། ཁྲོ་བ་དང་འཇིགས་པ་དང༌། མྱ་ངན་དང་འདོད་པ་ལས་བྱུང་བའི་རིམས་ནི་མངོན་པར་འདོད་པའི་དོན་གང་དག་ཡིན་པ་དང་ཕྲད་པ་དང༌། དེ་བཞིན་དུ་ཇི་ལྟར་ཡིད་འཐད་ཅིང་སེམས་དགའ་བར་བྱས་པས་བསལ་བར་བྱ་བ་དང༌། དེ་བཞིན་དུ་ནད་དམིགས་ཇི་ལྟར་ཞི་བའི་ཚུལ་གྱིས་སྨན་བསྟེན་པ་དང༌། ཕན་པ་དང་མི་ཕན་པ་སྟེ་རིག་པའི་ཚུལ་ལ་མཁས་པས་རིམས་དེ་བསལ་བར་བྱའོ། །ཁྲོས་བྱུང་འདོད་པས་ཞི་བར་འགྱུར། །འདོད་བྱུང་ཁྲོས་པས་ཞི་བར་འགྱུར། །མྱ་ངན་འཇིགས་བྱུང་དེ་གཉིས་ཀྱིས། །འཇིགས་དང་མྱ་ངན་བྱུང་ཅིག་ཤོས། །ཞེས་བྱ་བ་ལ། ཁྲོས་པ་ལས་བྱུང་བའི་རིམས་ནི་འདོད་པའི་ཡུལ་དང་ཕྲད་ཅིང་བསྟེན་པས་ཞི་བར་འགྱུར་རོ། །འདོད་པ་ལས་བྱུང་བའི་རིམས་ནི་ཆགས་པའི་ཡུལ་གང་ཡིན་པ་དེ་ལ་ཁྲོ་བ་བསྐྱེད་པས་ཞི་བར་འགྱུར་རོ། །མྱ་ངན་དང་འཇིགས་པ་ལས་བྱུང་བའི་རིམས་ནི་ཁྲོས་པ་དང་འདོད་པ་ཞི་བས་ཞི་བར་འགྱུར་རོ། །འཇིགས་པའི་ཡུལ་དང་ཁྲོས་པའི་ཡུལ་ལ་ནི་ཡུལ་གྱི་རྣམ་པ་ལ་སོགས་པ་ལ་ལྟོས་ནས། ལན་འགའ་ནི་ཁྲོ་བ་འབྱུང༌། ལན་འགའ་ནི་འདོད་པ་འབྱུང་ལ། དེ་བཞིན་དུ་ཅིག་ཤོས་ཏེ་འདོད་པ་དང་ཁྲོ་བ་ལས་བྱུང་བའི་རིམས་ནི་མྱ་ངན་དང་འཇིགས་པ་ལས་ཞི་བར་འགྱུར་རོ། །དམོད་པ་མངོན་སྤྱོད་སྔགས་ལས་བྱུང༌། །འཕགས་པའི་དོན་ལ་བརྟེན་པས་ཞི། །ཞེས་བྱ་བ་ལ། དྲང་སྲོང་ལ་སོགས་པས་དམོད་པ་བཏབ་པ་ལས་བྱུང་བ་དང༌། མངོན་སྤྱོད་ཀྱི་ལས་དྲག་པོའི་སྦྱིན་སྲེག་བྱས་པ་ལས་བྱུང་བའི་རིམས་ལ་ནི་འཕགས་པ་ལ་བརྟེན་པའི་ཆོ་ག་བཟླས་བརྗོད་དང་སྦྱིན་སྲེག་དང་ལྷ་ལ་མཆོད་པ་དང༌། སྔགས་དང་ནོར་བུ་ལ་སོགས་པས་སེལ་བར་འགྱུར་རོ། །རིམས་དེ་ཐོག་མར་མ་འདྲེས་ལ། །དེ་འོག་དྲི་མས་ཁྱབ་བར་བྱེད། །དེ་བས་ནད་དང་རྗེས་མཐུན་པར། །དེ་ལ་ཁ་ཟས་ལ་སོགས་སྦྱར། །ཞེས་བྱ་བ་ལ། བློ་བུར་བའི་རིམས་འདི་དག་ལ་ཁ་ཟས་ལ་སོགས་པ་སྟེ། ཁ་ཟས་དང་སྤྱོད་ལམ་དང༌། སྨན་ནད་དང་རྗེས་སུ་མཐུན་


DTG201_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནད་ལ་ཕན་པ་ཉིད་དུ་སྦྱར་ཞིང་བརྟག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གློ་བུར་བའི་རིམས་དེ་ནི་ཐོག་མར་ཏེ་ཇེ་དང་པོར་ཚ་བའི་རྣམ་པ་འབའ་ཞིག་ཙམ་དུ་འབྱུང་བར་འགྱུར་བ་ལས། དེའི་འོག་ཏུ་རླུང་ལ་སོགས་པའི་ནད་ཀྱི་དྲི་མས་ཁྱབ་པར་བྱེད་པ་ཡིན་ནོ། །དེ་བས་ན་ཁ་ཟས་ལ་སོགས་པ་ནད་དེ་སེལ་ཞིང་ཕན་པར་འགྱུར་བ་དང༌། རྗེས་སུ་མཐུན་པར་སྦྱར་ཞིང་སྦྱིན་པར་བྱའོ། །རླུང་སོགས་རྒྱུ་ལ་མ་བརྟེན་པར། །རིམས་ནི་རྗེས་འབྲེལ་གནས་མི་བྱེད། །ཅེས་བྱ་བ་ལ། གང་གི་ཕྱིར་རིམས་ནི་རླུང་ལ་སོགས་པའི་ནད་ཀྱི་འགྱུར་བའི་རྒྱུ་ལ་མ་བརྟེན་པར་རྗེས་སུ་འབྲེལ་ཞིང་ཡུན་རིང་དུ་གནས་པར་མི་འགྱུར་གྱི། རིམས་འདི་ལ་རླུང་ལ་སོགས་པ་རྗེས་སུ་འབྲེལ་བར་གནས་པ་ཉིད་ཡིན་ནོ། །རིམས་ཀྱི་དུས་དྲན་བྱུང་དེ་ལ། །ཡིད་འཕྲོག་ཡུལ་གྱིས་བརྗེད་པར་བྱ། །ཞེས་བྱ་བ་ལ། རིམས་ཀྱི་དུས་དང༌། ཤུགས་སེམས་ཤིང་དྲན་པ་ན། རིམས་འདི་འབྱུང་བར་འགྱུར་བ་དེ་ལ་ཡིད་འཕྲོག་པའི་ཡུལ་སྒྲ་ལ་སོགས་པ་སྣ་ཚོགས་པ་དག་གིས་རིམས་འབྱུང་བར་འགྱུར་བའི་དུས་དེ་བརྗེད་ཅིང་མི་དྲན་པར་ཡེངས་པར་བྱའོ། །སྙིང་རྗེས་བརླན་ཅིང་སེམས་དག་པ། །རིམས་ཀུན་འཇིག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། སེམས་ཀྱི་རྒྱུད་སྙིང་རྗེ་བ་སྟེ། གཞན་ལ་སྙིང་བརྩེ་བའི་ཕྱིར་ཤུགས་ཀྱིས་བརླན་ཅིང་བརྩེ་བ་དང་ལྡན་པ་དག་ལ་ནི་རིམས་ཐམས་ཅད་འཇིག་ཅིང་ཉམས་པར་འགྱུར་རོ། །ཉམས་སྟོབས་རྫོགས་པར་འགྱུར་གྱི་བར། །རྩོལ་དང་ཁྲུས་དང་ཉལ་པོ་དང༌། །ཟས་ལྕི་མ་གོམས་ཚ་བྱེད་དང༌། །གང་གཞན་རིམས་སྐྱེད་བྱེད་པ་སྤང༌། །ཞེས་བྱ་བ་ལ། རིམས་ཀྱིས་བཏབ་ཅིང་ཉེན་པར་གྱུར་པའི་མིས་ནི་ལུས་ཀྱི་ཉམས་སྟོབས་ཇི་སྲིད་རྫོགས་ཤིང་བརྟས་པར་གྱུར་བ་དེ་སྲིད་ཀྱི་བར་དུ་རྩོལ་བའི་དྲག་ཤུལ་དང༌། ལུས་ཁྲུས་བྱ་བ་དང༌། བུད་མེད་ལ་ཉལ་པོ་བྱ་བ་དང༌། ཟས་ལྕི་བ་དང༌། སྔར་མ་གོམས་པར་གྱུར་པ་དང༌། ཚ་བ་སྐྱེད་པར་བྱེད་པ་དག་སྤང་བར་བྱའོ། །དེ་བཞིན་དུ་འདིར་མ་སྨོས་ཀྱང་སྤྱིར་རིམས་སྐྱེད་པར་བྱེད་པའི་ཟས་སྐོམ་དང༌། སྤྱོད་ལམ་ལ་སོགས་པ་ཡང་སྤང་བར་བྱའོ། །རིམས་བྲལ་གྱུར་ཀྱང་འཕྲལ་དུ་ནི། །ཟས་ཀུན་བསྟེན་པར་མི་བྱ་སྟེ། །


DTG201_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནི་མྱུར་དུ་ཟློག་བྱེད་ནས། །ཉམ་ཆུང་མི་ནི་མྱུར་གསོད་བྱེད། །ཅེས་བྱ་བ་ལ། རིམས་དང་བྲལ་ཞིང་རིམས་ནད་བྱང་བར་གྱུར་ཀྱང་འཕྲལ་དུ་སྟེ། །དེའི་མོད་ལ་ཟས་ཀུན་འདྲེན་མར་བསྟེན་ཞིང་བཟའ་བར་མི་བྱ་སྟེ། གང་གི་ཕྱིར་ཟས་འཆོལ་པར་ཟོས་པས་རིམས་དང་བྲལ་དུ་ཟིན་ཀྱང་དེ་སླར་ལྡོག་པར་བྱེད་ནས་སྔར་ལུས་དང་ཟུངས་ཉམ་ཆུང་བར་བྱས་པ་ལས་འདས་པའི་ཕྱིར་མི་དེ་མྱུར་དུ་གསོད་པར་བྱེད་དོ། །གང་ཕྱིར་མྱུར་དུ་གསོད་འགྱུར་བས། །དེའི་ཕྱིར་དེ་ནི་ཁྱད་པར་དུ། །གནས་སྐབས་དེ་དང་དེ་དག་ཏུ། །སྨན་དཔྱད་དེ་དང་དེ་དག་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་དེའི་རིམས་ལྡོག་པར་གྱུར་པ་ཡིན་དུ་ཟིན་ཀྱང༌། ཟས་སྐོམ་ལ་སོགས་པ་འཆོལ་བའི་རྒྱུས་སླར་བཟློག་ཅིང་ཟློས་པའི་རིམས་དེ་ནི་རིང་པོར་མི་ཐོགས་པར་མྱུར་དུ་གསོད་པར་བྱེད་པར་འགྱུར་བས། རྒྱུ་དེའི་ཕྱིར་ཟློས་པའི་རིམས་དེ་ནི་ཁྱད་པར་དུ་སྟེ་མཆོག་ཏུ་ནད་གཞན་དག་ལས་བྱེ་བྲག་ཏུ་བྱ་བ་ཡིན་པས་མ་སྨིན་ཞིང་གཏིང་ནས་མཐོང་བའི་གནས་སྐབས་སམ། ནད་སྨིན་པ་དང་མ་སྨིན་པའི་གནས་སྐབས་ཀྱི་ཁྱད་པར་གྱིས་ཕྱེ་ལ། སྨན་དཔྱད་ཀྱི་རྣམ་པ་སྨྱུང་བ་དང༌། དུགས་བྱ་བ་དང༌། ནས་ཐུག་དང༌། སྨན་ཁུ་བ་དང༌། ཤ་ཁུ་དང༌། སྨིན་པར་བྱ་བ་དང༌། འོ་མ་དང་ཞུན་མར་བཏུང་བར་བྱ་བ་ལ་སོགས་པ་འདིར་བཤད་པ་དང༌། མ་བཤད་པའི་སྨན་དང་དཔྱད་ཀྱི་རྣམ་པ་གང་ཡོད་པ་དེ་དང་དེ་དག་འབད་དེ་བྱའོ། །སྨན་དང་ནོར་བུ་སྔགས་དང་བཅས་པ་དང༌། །དམ་པ་བླ་མ་བྲམ་ཟེ་དཀོན་མཆོག་མཆོད། །ཡིད་ནི་དགའ་བར་བྱེད་པའི་ཡུལ་བརྟེན་པས། །ཁྱབ་འཇུག་གིས་བྱས་མ་རུངས་རིམས་ཀྱང་འཇོམས། །ཞེས་བྱ་བ་ལ། སྨན་ལ་སོགས་པས་ནི་ཁྱབ་འཇུག་གིས་བྱས་པའི་རིམས་མ་རུངས་ཤིང་ཤིན་ཏུ་གདུག་པ་དག་ཀྱང་འཇོམས་པར་བྱེད་དོ། །དེ་ལ་སྨན་དང་ནོར་བུ་དང་སྔགས་ནི་སྤྱི་བོར་གདགས་པར་བྱའོ། །དེ་ལ་དམ་པ་ནི་ཆོས་ཀྱི་ངང་ཚུལ་ཅན་དག་གོ །བླ་མ་ནི་ཕ་མ་ལ་སོགས་པའོ། །དཀོན་མཆོག་ནི་འཇིག་རྟེན་ན་མཆོད་པར་འོས་པ་སངས་རྒྱས་ལ་སོགས་པ་སྟེ། དེ་དག་མཆོད་པ་དང༌། ཡིད་དགའ་ཞིང་ཚིམ་པར་བྱེད་པའི་ཡུལ་གཟུགས་ལ་སོགས་པ་ཡིད་དུ་འོང་བ་ལ་བརྟེན་ཞིང་གནས་པར་


DTG201_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ཀྱི་ལེའུ་དང་པོའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁྲག་མཁྲིས་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གསོ་བའི་རིམ་པས་འདིར་ཁྲག་མཁྲིས་བསྟན་པའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཁྲག་མཁྲིས་བདེ་བའི་དུས་སུ་འབྱུང༌། །སྟོབས་ལྡན་སྟོད་འབྱུང་ཤུགས་དལ་ལ། །ཉེས་གཅིག་ལས་བྱུང་གསར་དུ་བཏབ། །བླ་བརྣན་མེད་པ་གསོ་བར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་གང་བཅོས་ན་བདེ་བའི་དུས་དགུན་སྟོད་དང་དགུན་སྨད་ཀྱི་ཚེ་བྱུང་བར་གྱུར་པ་དང༌། མི་ཉམས་སྟོབས་དང་ལྡན་པ་ལ་ལུས་ཀྱི་སྟོད་དུ་བྱུང་བར་གྱུར་པ་དང༌། ནད་ཀྱི་ཤུགས་དལ་ཞིང་དྲག་ཏུ་བྱུང་བ་མ་ཡིན་པ་དང༌། ནད་གཞིའི་ཉེས་པ་གཅིག་ལས་བྱུང་གི །གཉིས་ཡན་ཆད་ལས་བྱུང་བ་མ་ཡིན་པ་དང༌། གསར་དུ་བཏབ་པ་དེ་བྱུང་ནས་རིང་པོ་མ་ལོན་པ་དང༌། བླ་བརྣན་མེད་པ་སྟེ་ལུས་ཀྱི་འགྱུར་བ་ཤེས་པར་བྱ་བའི་ལེའུའི་སྐབས་སུ་ཁྲག་མཁྲིས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ནད་ཀྱི་བླ་ཐབས་ཀྱི་སྐྱོན་མེད་པ་དེ་ལྟ་བུའི་ཁྲག་མཁྲིས་ཀྱི་ནད་དེ་ལྟ་བུ་ནི་གསོ་སླ་བ་ཡིན་པས་གསོ་བར་བྱའོ། །ཁྲག་གང་ནད་གཞི་གཉིས་ལས་སྐྱེས། །ཞི་ཞིང་ཞི་ཞིང་སླར་ལྡང་དང༌། །ལམ་ནས་ལམ་གཞན་འགྲོ་བ་གང༌། །ཐུར་དུ་འབྱུང་བ་གསོ་བ་ཙམ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་གཞི་གཉིས་ལས་སྐྱེས་པ་དེ་ཡང་མིན་ཙམ་དུ་གསོ་བར་བྱ་བ་ཡིན་ལ། དེ་བཞིན་དུ་ཞི་ཞིང་ཞི་ཞིང་ཞེས་བྱ་བ་སླར་ལྡོག་ཅིང་བདེ་བར་འགྱུར་ནས་ཡང་དང་ཡང་དུ་སླར་ལྡང་ཞིང་འཁྲུགས་པར་གྱུར་པ་དེ་ཡང་མི་ན་ཙམ་དུ་གསོར་རུང་བ་ཡིན་ནོ། །དེ་བཞིན་དུ་ལམ་གཞན་ནས་གཞན་དུ་འགྲོ་བ་སྟེ། ཁ་དང་སྣ་དང་མིག་དང་རྣ་བ་དང་བྲང་དང་འོག་ནས་རྒྱུ་བའི་ལམ་བཤད་སྒོ་དང༌། གཅིན་སྒོ་དང༌། མངལ་གྱི་གནས་དག་ཏུ་སྤོ་ཞིང་འགྲོ་བ་སྟེ། སྟོད་ནས་ཐུར་དུ་རྒྱུ་ལ། ཐུར་དུ་འགོ་ནས་ཀྱང་སྟོད་དུ་འགྲོ་བ་དེ་དག་ཀྱང་གསོ་བ་ཙམ་དུ་བྱ་བ་ཡིན་


DTG201_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་བཞིན་དུ་ཁྲག་མཁྲིས་ཀྱི་ནད་གང་ཐུར་དུ་འབྱུང་ཞིང༌། འོག་གི་ལམ་ཉི་ཚེ་ནས་ཤུགས་རན་པར་འབྱུང་བ་གང་ཡིན་པ་དེ་ཡང་རེ་ཞིག་མི་ན་བར་འཚོ་བ་ཙམ་དུ་གསོར་རུང་ངོ༌། །ཤས་ཆེར་འབྱུང་ཞིང་མེ་དྲོད་ཉམས། །ཉེས་གསུམ་ལམ་གཉིས་ལས་བྱུང་སྤང༌། །ཞེས་བྱ་བ་ལ། སྟོད་ཀྱི་ལམ་མམ། སྨད་ཀྱི་ལམ་ནས་ཤས་ཆེར་འབྱུང་ཞིང་འབྱུང་བའི་ཤུགས་དྲག་པོའི་ཁྲག་མཁྲིས་གང་ཡིན་པ་དེ་ཡང་གསོར་མི་རུང་སྟེ་སྤང་བར་བྱ་སྟེ། ཁྲག་ཤས་ཆེར་བྱུང་བས་མི་ལྡོག་པ་ཡིན་པའི་ཕྱིར་རོ། །ཁོང་པ་མེ་དྲོད་ཞན་པའི་སྐྱེས་བུ་ལ་སྟེང་ངམ་འོག་ནས་ཁྲག་ཤས་ཆེར་བྱུང་བ་དེ་ཡང་སྤང་བར་བྱ་སྟེ། མི་དྲོད་ཞན་པ་ལ་ནི་སྨན་སྐྱུར་པ་དང་ཚ་བ་ཕན་ན། དེ་ཁྲག་དང་མཁྲིས་པ་ལ་གནོད་པས་ཕན་ཚུན་འགལ་བའི་ཕྱིར་དེ་ཡང་གསོར་མི་རུང་བ་ཡིན་ནོ། །དེ་བཞིན་དུ་ནད་གཞི་གསུམ་ཆར་ལས་བྱུང་བ་དང༌། སྟེང་འོག་གི་ལམ་གཉིས་ཀ་ལས་དུས་གཅིག་བྱུང་བ་དེ་ཡང་སྤང་བར་བྱ་སྟེ། གསོར་མི་རུང་ངོ༌། །ནད་གཞི་ཟས་དང་གནས་དང་ནི། །ནད་ཀྱི་གྲོགས་དང་སྟོབས་དག་དང༌། །ཡུལ་དང་དུས་ཀྱི་གནས་སྐབས་སོགས། །ཤེས་བྱ་དང་པོར་སྨྱུང་བ་འམ་བརྟ། །དེ་བཞིན་སྦྱང་དང་ཞི་བྱ་བས། །ཁྲག་དང་མཁྲིས་པ་གསོ་བར་བྱ། །ཞེས་བྱ་བ་ལ། ནད་གཞི་ལ་སོགས་པའི་མཚན་ཉིད་ཤེས་པར་བྱས་ལ། དེའི་འོག་ཏུ་སྟོད་དུ་འབྱུང་བའམ། སྨད་དུ་འབྱུང་བའི་མཁྲིས་པ་ལ་ཐོག་མར་ཏེ་དང་པོ་ཁོ་ནར་སྨྱུང་བར་བྱས་པའམ། ཡང་ཉམས་བརྟས་པར་བྱ་བའམ། ཡང་སྦྱང་བའམ། ཞི་བའི་ཆོ་ག་བྱའོ། །དེ་ལ་ནད་གཞི་ནི་ཤིན་ཏུ་ཚ་ཞིང་རྣོ་བའི་ཟས་ལ་སོགས་པའོ། །གནས་ནི་སྟེང་དང་འོག་གི་མཚན་ཉིད་ཅན་ནོ། །ནད་ཀྱི་གྲོགས་ནི་གཙོ་བོ་མཁྲིས་པ་ཞེས་བྱ་བ་དེའི་གྲོགས་རླུང་དང་བད་ཀན་གྱིས་བྱས་པའོ། །སྟོབས་ནི་རྣམ་པ་གསུམ་སྟེ། དེ་དག་དང༌། ཡུལ་དང༌། དུས་ཀྱི་གནས་སྐབས་ཀྱང་ཤེས་པར་བྱའོ། །ཡུལ་ནི་གཉིས་ཏེ། ལུས་ཀྱི་གནས་ཀྱི་ཡུལ་དང༌། ས་གཞིའི་ཡུལ་ཇི་སྐད་བཤད་པ་དག་གོ །དུས་ནི་གྲང་བ་དང༌། ཚ་བ་དང༌། ཆར་གྱི་དུས་ཏེ་རྣམ་པ་གསུམ་མོ། །སོགས་པའི་སྒྲས་ནི་ཁོང་པའི་མེ་དྲོད་དང༌། ཟས་ཀྱི་རྣམ་པ་དང༌། ཉམས་སྟོབས་དང༌།


DTG201_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་དབང་དང༌། རང་བཞིན་དང༌། སྙིང་སྟོབས་དང༌། ན་ཚོད་ཀྱི་རྣམ་པའི་གནས་སྐབས་གང་དག་ཡིན་པ་ཤེས་པར་བྱས་ལ། སྨྱུང་བ་ལ་སོགས་པའི་གསོ་བའི་ལས་བྱའོ། །བརྟ་བ་ལས་བྱུང་སྟོབས་ལྡན་པ། །ནད་གཞི་མང་པོ་ལས་བྱུང་བ། །གྱེན་འབྱུང་བཀྲུ་སྨན་གཏོང་བས་གསོ། །ཐུར་འབྱུང་སྐྱུག་སྨན་གྱིས་གསོ་བྱ། །ཞེས་བྱ་བ་ལ། ཉམས་བརྟ་བ་ལས་བྱུང་བའི་ཁྲག་དང་མཁྲིས་པ་རྒྱས་པར་གྱུར་པ་ཡང་ཡིན་ཞིང་ནད་པ་དེ་སྟོབས་དང་ལྡན་པ་ཡང་ཡིན་ལ། ནད་གཞི་མང་པོ་ལས་བྱུང་བ་ཡང་ཡིན་ནོ། །གྱེན་དུ་བྱུང་བ་ཡང་ཡིན་ན་བཀྲུ་སྨན་བཏང་བས་གསོ་ཞིང་བཅོས་པར་བྱའོ། །ཡང་རྣམ་པ་དེ་ལྟ་བུ་དག་གིས་ཁྲག་མཁྲིས་ཐུར་དུ་བྱུང་ན་སྐྱུག་སྨན་བཏང་སྟེ་དྲངས་པས་གསོ་བར་བྱའོ། །སྨྱུང་བྱ་བརྟ་བྱ་ལ་ལྟོས་བྱ། །ཞེས་བྱ་བ་ལ། དེ་དག་ཀྱང་སྨྱུང་བ་བྱ་ཞིང་ཉམས་དབྲི་བར་བྱ་བའམ། བརྟ་བར་བྱ་ཞིང་ཉམས་འཚག་བསྐྱེད་པར་བྱ་བར་འོས་པ་གང་དག་ཡིན་པ་དེ་ལ་ལྟོས་ནས་དེ་བསྐྱེད་པར་བྱའོ། །སྟོད་དུ་བྱུང་བ་ཁ་བ་དང༌། །བསྐ་བའི་སྨན་ཁུ་སྨྱུང་བ་དང༌། །ཡན་ལག་དྲུག་སྨན་བཅའ་སྒ་མེད། །འཐུངས་ན་ཞི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་ལུས་ཀྱི་སྟོད་དུ་བྱུང་བ་ལ་ནི་ཁ་བ་དང༌། བསྐ་བའི་སྨན་གྱི་ཁུ་བས་ཞི་བར་བྱའོ། །དེ་བཞིན་དུ་སྨྱུང་བས་ཞི་བར་བྱ་བ་དང༌། དེ་བཞིན་དུ་ཡན་ལག་དྲུག་པའི་སྨན་གྱི་ཁུ་བ་བཅའ་སྒ་མེད་པའི་ལྷག་མ་བསྐོལ་བ་འཐུངས་པས་ཞི་བར་འགྱུར་རོ། །ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ། །སྨན་ཁུ་མངར་བས་བརྟ་བར་བྱ། །ཞེས་བྱ་བ་ལ། ལུས་ཀྱི་སྨད་དུ་ཐུར་དུ་འབྱུང་ཞིང་རྒྱུ་བའི་ཁྲག་མཁྲིས་གང་ཡིན་པ་དག་ལ་ནི། སྨན་གྱི་ཁུ་བ་མངར་བས་བརྟ་ཞིང་ཞི་བར་བྱའོ། །སྟོད་འབྱུང་དང་པོར་སྐྱོ་མ་བླུད། །སྨད་འབྱུང་དང་པོར་ཐུག་པ་བླུད། །ཅེས་བྱ་བ་ལ། ཁྲག་དང་མཁྲིས་པ་སྟོད་དུ་བྱུང་བ་ལ་ནི་དང་པོ་ཁོ་ནར་སྨན་གྱི་སྦྱོར་བ་དང་ལྡན་པའི་སྐྱོ་མ་བླུད་པར་བྱའོ། །སྨད་དུ་བྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་དང་པོར་ཐུག་པ་བླུད་པར་བྱའོ། །སྟོབས་ལྡན་ཟ་ནུས་མ་དག་ཁྲག །བྱུང་ཡང་མི་དགག་དེས་ནད་སྐྱེད། །ཅེས་བྱ་བ་ལ། མི་སྟོབས་དང་ལྡན་ཞིང་ཁ་ཟས་ཟ་བར་


DTG201_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་སྐྱེས་བུའི་ཁྲག་དང་མཁྲིས་པ་ནད་ཅན་འབྱུང་བ་ལ་རྒྱུ་བར་བྱེད་པ་དག་མ་དག་ཅིང་ཁྲག་ནད་ཅན་ཡིན་ན་འབྱུང་བ་དེ་དགག་ཅིང་གཅད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ནད་ཁྲག་དེ་གཅད་པའི་སྦྱོར་བ་བྱས་ན་དེས་ནད་སྐྱེད་པར་འགྱུར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། །སྟོབས་དང་ཤ་ནི་མ་ཟད་ཅིང༌། །ཟ་བར་ནུས་པའི་ཁྲག་མཁྲིས་དག །ནད་ཀྱིས་ཉེན་པས་གློངས་གྱུར་པ། །ཐོག་མ་ཉིད་དུ་གཅད་མི་བྱ། །ཐོག་མ་ཉིད་དུ་བཀག་ན་ནི། །ལྐོག་ནད་དང་ནི་ཤ་ལྷག་དང༌། །རྨྱ་རིམས་དང་ནི་ཡི་ག་འཆུས། །སྐྲན་དང་མཁལ་ནད་ལྟོ་སྦོས་དང༌། །ཤ་ཁྲག་གཅིན་ནི་ཕྲི་བ་དང༌། །མཛེ་དང་གཞང་འབྲུམ་མེ་དབལ་དང༌། །མདོག་ཉམས་མཚན་པར་རྡོལ་བ་དང༌། །གློ་དང་དབང་པོ་འགགས་པ་སྐྱེད། །དེ་བས་ལས་བསྒྲུབ་འདོད་པ་ཡིས། །དང་པོར་ཁྲག་མཁྲིས་འབྱུང་བ་ལ། །ཉམས་སྟོབས་ནད་དམིགས་བརྟགས་ནས་ནི། །སྟོབས་ཅན་མི་ལ་དགག་མི་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ནི་གཞན་དུ་མེ་ལྟ་བུར། །མྱུར་གསོད་བྱེད་པས་གཅད་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་དེ་མ་ཉམས་ཤིང་སྟོབས་ཆུང་བ་དང༌། ཟ་མི་ནུས་པ་དང༌། ནད་ཁྲག་མེད་པ་རྣམས་ནི་གཅད་ཅིང་དགག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་མ་བཅོས་པར་ཡལ་བར་བོར་ན། མེ་ལྟར་མྱུར་དུ་གསོད་པར་བྱེད་པ་ཉིད་ཡིན་ནོ། །དུར་བྱིད་པྲི་ཡང་ཆུ་བསྐོལ་དང༌། །ལྡེ་གུ་ཁ་རར་བཅས་པ་དག །ཆོ་ག་བཞིན་དུ་དེ་ལ་ནི། །ཞོ་གཉིས་ཙམ་དུ་བལྡག་པར་བྱ། །ཞེས་བྱ་བ་ལ། དུར་བྱིད་དང་པྲི་ཡང་ཀུ་ནི་དུར་བྱིད་དང་པྲི་ཡང་ཀུ་སྟེ། དེ་གཉིས་བསྐོལ་བའི་ཁུ་བ་དང༌། །དེ་བཞིན་དུ་གཉིས་ཀའི་ལྡེ་གུ་ཁ་ར་དང་བཅས་པ་ཆོ་ག་བཞིན་དུ་སྦྱར་ལ། ལྡེ་གུ་དེ་ལ་ཞོ་གཉིས་ཙམ་གྱི་ཚད་དུ་བྱས་པ་བལྡག་པར་བྱའོ། །དུར་བྱིད་བྲི་ཡང་འབྲས་བུ་གསུམ། །ཁ་ར་སྦྲང་རྩི་པི་པི་ལིང༌། །སྦྲུས་པ་འདུས་བྱུང་སྟོད་དུ་བྱུང༌། །ཁྲག་རིམས་འོར་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་མཁྲིས་པ་བསལ་བའི་ཕྱིར་ཤ་ཁར་ཚད་ལས་ལྷག་པར་བཅུག་ལ་སྦྲང་རྩིས་སྦྲུས་ཏེ་སྦྱར་བ་ནི་འདུས་པ་ལས་བྱུང་བའི་ཁྲག་སྟོད་དུ་བྱུང་བ་དང༌། རིམས་ནད་དང་འོར་ནད་སེལ་ཞིང་འཇོམས་པར་བྱེད་པ་


DTG201_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུར་བྱིད་ཁ་རར་མཉམ། །པི་པི་ལིང་ནི་བཞི་ཚར་བཅས། །ཞེས་བྱ་བ་ལ། དུར་བྱིད་དང་ཁ་ར་ཆ་མཉམ་པར་བྱས་པ་ལ། པི་པི་ལིང་དུར་བྱིད་ཀྱི་བཞི་ཆ་དང་བཅས་པ་དེ་བཞིན་དུ་ཞེས་བྱ་བ་སྔ་མ་བཞིན་དུ་སྦྲུས་ཏེ་སྦྱར་བ་ནི་ཕན་ཡོན་གོང་མ་དང་འདྲ་བ་ཡིན་ནོ། །སྐྱུག་སྨན་ཕྱིར་ནི་པོ་སོན་ཆ། །ཁར་སྦྲང་རྩིར་བཅས་སྐྱོ་མ་འམ། །ཁ་ར་སྦྲང་རྩི་པོ་སོན་ཆ། །ཆུར་བཅས་པའམ་ཤིང་མངར་ཆུ། །འོ་མའམ་བུ་རམ་ཤིང་ཁུ་བླུད། །ཅེས་བྱ་བ་ལ། སྨད་དུ་འབྱུང་བར་བྱེད་པའི་ཁྲག་དང་མཁྲིས་པ་ལ་སྐྱུག་སྨན་གྱི་དོན་དུ་པོ་སོན་ཆ་དང༌། ཁ་ར་དང་སྦྲང་རྩིར་བཅས་པའི་སྐྱོ་མ་བླུད་པར་བྱའོ། །ཡང་ན་ཁ་ར་དང་སྦྲང་རྩི་དང་པོ་སོན་ཆ་ཆུ་དང་བཅས་པར་སྦྱར་ཞིང་བླུད་པར་བྱའོ། །ཡང་ན་ཤིང་མངར་ཆུ་དང་སྦྱར་བ་བླུད་པར་བྱའོ། །ཡང་ན་འོ་མ་པོ་སོན་ཆ་དང་སྦྱར་བའི་སྐྱུག་སྨན་བླུད་པར་བྱའོ། །ཡང་ན་བུ་རམ་ཤིང་གི་ཁུ་བ་པོ་སོན་ཆའི་ཁུ་བ་དང་སྦྱར་བའི་སྐྱུག་སྨན་བླུད་པར་བྱའོ། །སྦྱངས་པའི་རྗེས་ལ་ཆོ་ག་ནི། །ཐུག་སླ་ལ་སོགས་ཇི་བཞིན་དུ། །བླུད་ཅིང་སྟོབས་ནི་བསྲུང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་བཏང་བར་བྱ་བའམ། སྐྱུག་སྨན་བཏང་བས་སྦྱངས་ཤིང་དག་པར་གྱུར་པ་དང༌། དེའི་རྗེས་ལ་སྨད་དུ་འབྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་ཐུག་པ་སླ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འོག་ནས་བཤད་པའི་ཆོ་གས་སྨན་པས་ཇི་ལྟ་བ་བཞིན་དུ་བླུད་ཅིང་ནད་པའི་སྟོབས་བསྲུང་བའི་ཕྱིར་སྦྱིན་པར་བྱའོ། །སྟོད་དུ་འབྱུང་བ་ལ་ནི་སྐྱོ་མ་ལ་སོགས་པ་བླུད་པར་བྱའོ། །སྐྱོ་མ་རིམས་སྐབས་བཤད་རྒུན་སོགས། །ཡང་ན་མཁྲིས་འཇོམས་འབྲས་བུར་སྦྱར། །ཞེས་བྱ་བ་ལ། སྐྱོ་མ་ནི་རིམས་ནད་གསོ་བའི་སྐབས་སུ་བཤད་པ་རྒུན་འབྲུ་དང༌། ཤིང་མངར་ལ་སོགས་པ་དང་སྦྱར་བ་དང༌། ཡང་ན་མཁྲིས་པ་འཇོམས་པའི་འབྲས་བུ་རྒུན་འབྲུ་དང༌། སྐྱུ་རུ་ར་དང་ཏང་པ་ལ་དང༌། མ་དུ་ཀ་ལ་སོགས་པ་དང་སྦྱར་བ་བླུད་པར་བྱའོ། །སྦྲང་རྩི་འབྲ་གོ་རྒུན་འབྲུ་དང༌། །པ་རུ་ཤ་ཀ་ཁ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོ་མ་ནི། །འབྲས་ཡོས་ཕྱེ་ནི་མར་བཅས་སྦྱིན། །ཞེས་བྱ་བ་ལ། ཡང་སྙིང་པོ་ལྔའི་སྐྱོ་མ་ཞེས་བྱ་བ་སྦྲང་རྩི་ལ་སོགས་པའི་ཆུ་རྒྱུར་བཅས་པ་འབྲས་ཡོས་ཀྱི་ཕྱེ་མ་མར་


DTG201_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སྦྱར་བ་བཏབ་པའི་ཕྱེ་མ་སྦྱིན་པར་བྱའོ། །མེ་དྲོད་ཆུང་ཞིང་སྐྱུར་ལ་སྲེད། །སེའུ་འབྲུ་སྐྱུ་རུ་ར་སྐྱུར་བ། །ཞེས་བྱ་བ་ལ། ཁོང་པའི་མེ་དྲོད་ཆུང་ཞིང་སྐྱུག་བག་ལ་སྲེད་པ་དག་ལ་སེའུ་འབྲུ་དང་སྐྱུ་རུ་ར་དང་སྦྱར་བའི་སྐྱོ་མ་སྐྱུར་བ་སྦྱིན་པར་བྱའོ། །པདྨ་ཨུཏྤལ་གེ་སར་དང༌། ཀྲྀཥྞ་པརྞི་པྲི་ཡང་ཀུ། །པུ་ཤེལ་ཙེ་དང་སེང་ཕྲོམ་དཀར། །བཅའ་སྒ་དང་ནི་ཙནྡན་དམར། །བྱི་ཚེར་ད་ཏ་ཀའི་མེ་ཏོག །བ་ལ་ཀ་དང་བིལ་བའི་རྐང༌། །ཚིགས་བཅད་ཕྱེད་བཤད་ཐུག་པ་བླུད། །ཅེས་བྱ་བ་ལ། ཐུག་པ་ནི་པདྨ་ལ་སོགས་པ་ཚིགས་བཅད་ཕྱེད་ཀྱིས་རྫོགས་པར་བྱས་པའི་སྨན་གྱི་སྡེ་ཚན་གསུམ་དང་སྦྱར་བའི་ཐུག་པ་གསུམ་པོ་ནི། །ཐུར་དུ་འབྱུང་བའི་ཁྲག་དང་མཁྲིས་པ་ལ་བླུད་པར་བྱའོ། །གེ་སར་ནི་པད་མའི་གེ་སར་དང༌། ཨུཏྤ་ལའི་གེ་སར་ཏེ་གཉིས་ཀ་དང་སྦྱར་བར་བྱའོ། །པྲི་ཡང་ཀུ་ནི་པྲི་ཡང་ཀུའོ། །བ་ལ་ཀ་ནི་དྷི་བ་རའོ། །གཞན་ནི་གོ་བར་ཟད་དོ། །རྩ་མཁྲིས་གླ་སྒང་པུ་ཤེལ་ཙེ། །སྲན་ཆུང་ཀྲྀཥྞ་པརྞི་སྦྱར། །མུངྒ་གན་དྷ་བི་ད་རི། །ཧ་རེ་ཎུ་ཀ་བ་ལ་མར། །ཚིག་རྐང་གཅིག་གིས་བཤད་པ་བླུད། །ཅེས་བྱ་བ་ལ། རྩ་མཁྲིས་ལ་སོགས་པ་ཚིགས་སུ་བཅད་པའི་རྐང་པ་རེ་རེས་བཤད་པའི་ཐུག་པ་བཞི་བཤད་པ་དག་ཀྱང་བླུད་པར་བྱ་སྟེ། རྩ་མཁྲིས་ནི་བུ་ནིམ་པ་དང་ཀ་ར་ཏ་ཏིག་ཏ་ཞེས་བྱ་བ་ཡིན་ནོ། །པུ་ཤེལ་ཙེ་ནི་ཨུ་ཤི་རའོ། །གན་དྷ་བི་ད་རི་ནི་ས་ལ་པརྞིའོ། །ཧ་རེ་ཎུ་ཀ་ནི་ས་ཏི་ནའོ། །ནུས་པ་བསིལ་བ་དེ་རྣམས་ནི། །སྐམ་སའི་སྲོག་ཆགས་ཤ་དག་དང༌། །ཆུར་ནི་སོ་སོར་བསྐོལ་བ་ཡི། །ཁུ་བར་ནས་ཐུག་སྦྱར་བ་བསྒྲངས། །ཁར་སྦྲང་རྩིར་སྦྱར་བ་བླུད། །ཅེས་བྱ་བ་ལ། ཐུག་པ་དང་སྦྱར་བའི་སྨན་དུ་བཤད་པ་དེ་དག་སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཆུར་སོ་སོར་བསྐོལ་ལ། དེའི་འོག་ཏུ་ཁུ་བ་དེ་ལས་ནས་ཐུག་སྦྱར་བར་བྱའོ། །དེ་བསྒྲངས་ལ་བསིལ་བར་གྱུར་བ་དང༌། ཁ་ར་དང་སྦྲང་རྩི་བཏབ་པར་བྱའོ། །དེ་བཞིན་དུ་ནི་ཤ་ཁུ་དང༌། །ཅུང་ཟད་སྐྱུར་དང་སྐྱུར་མིན་པ། །མར་བརྔོས་ཁ་ར་བཅས་པ་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་དུ་ཤ་ཁུ་བསྐོལ་བར་ཐུག་པ་ཅུང་ཟད་སྐྱུར་བར་བྱས་པ་ནི་སྐྱུར་བ་ལ་སེམས་པ་ལ་སྦྱིན་ལ། དེ་ལྟ་བུ་མ་ཡིན་པ་དག་ལ་ནི་སྐྱུར་བ་མ་ཡིན་པ་མངར་བ་ཉིད་སྦྱིན་པར་བྱ་


DTG201_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐུག་པ་དེ་ཡང་མར་དང་བརྔོས་པ་དང་ཁ་ར་དང་བཅས་ཤིང་བཏབ་པ་སྦྱིན་པར་བྱའོ། །ཟས་ཀྱི་ཚུལ་ནི་ཤེས་པ་རུ། །ཡང་དང་བསིལ་བར་གང་བཤད་པའི། །གྲ་མ་གང་བུ་ཅན་འབྲུ་དང༌། །ཚོད་མ་ཁྲག་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུའི་ནང་དུ་གྲ་མ་ཅན་གྱི་འབྲུ་དང༌། གང་བུ་ཅན་གྱི་འབྲུ་གང་དག་བཤད་པ་ལས་ཡང་བ་དང་བསིལ་བའི་མཚན་ཉིད་དང་ལྡན་པར་བཤད་པ་གང་ཡིན་པ་དང༌། དེ་བཞིན་དུ་ཚོད་མ་ཡང་བ་དང༌། བསིལ་བར་བཤད་པ་གང་དག་ཡིན་པ་དེ་ཁྲག་དང་མཁྲིས་པའི་ནད་ལ་བསྔགས་ཤིང་ཕན་པ་ཡིན་ནོ། །སྔར་བཤད་པ་ཡི་ཆུ་དག་གམ། །རྩ་བ་ཆུང་ངུ་ལྔ་བསྐོལ་ཏེ། །བསྒྲངས་པའམ་སྦྲང་རྩིའི་ཆུའམ་ནི། །འབྲས་བུ་མཉེས་པའི་ཆུ་བླུད་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ཡན་ལག་དྲུག་པའི་སྨན་ཆུ་ལས་བཅའ་སྒ་མེད་པ་དག་བཏུང་བར་བྱ་བའམ་ཡང་ན་རྩ་བ་ཆུང་ངུ་ལྔ་དང་བསྐོལ་ཏེ་བསྒྲངས་པའི་ཆུའམ། ཆུ་འབའ་ཞིག་བསྐོལ་ཏེ་བསྒྲངས་པའམ། ཡང་ན་སྦྲང་རྩིའི་ཆུ་བླུད་པའམ། ཡང་ན་འབྲས་བུའི་ཆུ་སྟེ་མཁྲིས་པ་འཇོམས་པའི་འབྲས་བུ་རྒུན་འབྲུ་དང༌། འབྲ་གོ་ལ་སོགས་པ་ཆུར་མཉེས་ཏེ་བཙགས་ནས་བསྐོལ་ཏེ་བསྒྲངས་ནས་བླུད་པར་བྱའོ། །བཤང་འགགས་རྒྱ་སྣེའུ་རི་བོང་ཤ །རླུང་ཤས་ཆེ་ལ་སྲེག་པའི་ཤ །ཨུ་དུམ་ཝཱ་རའི་ཁུ་བ་ནི་བསྐོལ་བ་བླུད་ན་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཁྲག་མཁྲིས་ཀྱི་ནད་བཤང་བ་འགགས་པར་གྱུར་པ་ལ་ནི། འགག་པ་བསལ་བའི་ཕྱིར་རྒྱ་སྣེའུ་དང་བཅས་པའི་རི་བོང་གི་ཤ་བྱིན་ན་བསྔགས་པ་ཡིན་ནོ། །ཁྲག་མཁྲིས་ཀྱི་ནད་རླུང་ཤས་ཆེ་ཞིང་རྒྱས་པ་ལ་ནི་སྲེག་པའི་ག་ཨུ་དུམ་བ་རའི་ཁུ་བར་བསྐོལ་ཏེ་བླུད་བ་བསྔགས་པ་ཡིན་ནོ། །དེ་བཞིན་བླ་ག་ཤ་རྨ་བྱའི་ཤ །ནྱ་གྲོ་དྷ་དང་ཁྱིམ་བྱའི་ཤ །ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་ཁྲག་མཁྲིས་ཀྱི་ནད་ལ་ནི་ཤིང་བླག་ཤའི་ཁུ་བར་རྨ་བྱའི་ཤ་བཙོས་པ་བླུད་ན་ཕན་ནོ། །ཡང་དེ་བཞིན་དུ་ཤིང་ནྱ་གྲོ་དྷའི་ཁུ་བར་ཁྱིམ་བྱའི་ཤ་བཙོས་པ་ཡང་སྔ་མ་འདྲ་བར་བསྔགས་པ་ཡིན་ནོ། །ཁྲག་མཁྲིས་ཀྱི་ནི་ནད་གཞི་ནི། །གང་ཅིའང་རུང་བ་དེ་སྤང་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་


DTG201_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་གཞིར་གྱུར་པ་ཤིན་ཏུ་ཆེ་ཞིང་རྣོ་བའི་ཁ་ཟས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་སྤང་བར་བྱའོ། །བ་ཤ་ཀའི་ཁུ་བྲི་ཡང་ཀུ། །ས་ནག་དང་ནི་སྐྱེར་ཁཎྜ། །སེང་ཕྲོམ་དང་ནི་སྦྲང་རྩིར་སྦྱར། །འཐུངས་ན་ཁྲག་དང་མཁྲིས་པ་འཇོམས། །ཡང་ན་བ་ཤ་ཀ་ཡི་ནི། །ཁུ་བ་ཁ་ར་སྦྲང་རྩི་དང༌། །བཅས་པར་འཐུངས་པ་དེ་བཞིན་ཏེ། །བ་ཤ་ཀ་ནི་འབའ་ཞིག་དང༌། །བསྐོལ་བས་ཁྲག་ནི་མྱུར་སེལ་ཏེ། །དེ་ནི་འདི་ཡི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། བ་ཤ་ཀའི་ཁུ་བ་དང་བསྐོལ་བ་པྲི་ཡང་ཀུ་ལ་སོགས་པ་སྦྱར་བ་འཐུངས་ན་ཁྲག་དང་མཁྲིས་པའི་ནད་འཇོམས་ཤིང་སེལ་བར་བྱེད་དོ། །ཚད་འབྲིང་དག་ཏུ་བསྟན་པ་ནི། །སྨན་གྱི་ཁུ་བ་སྲང་བཞི་ལ། །བཏགས་པ་ཞོ་གཉིས་བཏབ་བྱ་སྟེ། །གཤེར་བ་དེ་ནི་སྲང་གསུམ་བྱ། །ཞེས་སྨོས་པའི་ཚིག་འདི་ནི་སྨན་གྱི་ཁུ་བ་སྲང་བཞིར་ཕྱེ་མ་ཞོ་གཉིས་གཞུག་པར་བྱའོ། །ས་ནག་ནི་སོ་ར་ཏི་ཞེས་བྱ་བའི་སའོ། །ཡང་ན་བ་ཤ་ཀ་བསྐོལ་བའི་ཁུ་བ་ཁ་ར་དང་སྦྲང་རྩི་དང་བཅས་པ་འཐུངས་ན་ཡང་སྔ་མ་བཞིན་དུ་ཁྲག་དང་མཁྲིས་པ་འཇོམས་པར་འགྱུར་རོ། །ཡང་ན་བ་ཤ་ཀ་འབའ་ཞིག་བསྐོལ་བའི་ཁུ་བ་འཐུངས་པས་ཀྱང་ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །ཡང་ན་བ་ཤ་ཀ་བརྡུངས་ཏེ་བཙིར་བའི་ཁུ་བས་ཀྱང་ཁྲག་སེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བ་ཤ་ཀ་དེས་ནི་ཁྲག་དང་མཁྲིས་པ་སེལ་ཅིང་འཇོམས་པར་བྱེད་པའི་སྨན་ཐམས་ཅད་ཀྱི་ནང་ན་མཆོག་གམ་དམ་པ་ཡིན་པའི་ཕྱིར་རོ། །པ་ཏོ་ལ་དང་མ་ལ་ཏི། །ནིམ་པ་ཤུག་པ་ཙནྡན་གཉིས། །སེང་ཕྲོམ་བ་ཤ་ཏན་ཏུ་ལི། །ས་ནག་མད་ཡན་ཏི་ཀ །ཉེའུ་ཤིང་དང་ཐལ་ཏྲེས་དང༌། །རམ་ཉེ་བ་གཉིས་ཤིང་མངར་རྣམས། །བསྐོལ་བ་གསུམ་པོ་ཁ་ར་དང༌། །སྦྲང་རྩིར་བཅས་པས་ཁྲག་མཁྲིས་འཇོམས། །ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་སྨན་གྱི་ཁུ་བ་གསུམ་པོ་ཁ་ར་དང་སྦྲང་རྩི་དང་བཅས་པ་ནི་ཁྲག་དང་མཁྲིས་པ་སེལ་ཞིང་འཇོམས་པར་འགྱུར་རོ། །མ་ལ་ཏི་ནི་མེ་ཏོག་ཛཱ་ཏིའོ། །ཙནྡན་གཉིས་ནི་ཙནྡན་དཀར་པོ་དང་དམར་པོའོ། །ཏན་ཏུ་ལི་ནི་ཚོད་མའི་རྩ་ཙ་བུ་ལ་ཡི་ཞེས་བྱའོ། །ས་ནག་པོ་ནི་སོར་ཏིའོ། །མད་


DTG201_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཏི་ཞེས་བྱ་བ་ནི་ཚིག་འདི་ཉིད་ཀྱི་མིང་དུ་གྲགས་པའོ། །བ་ཤ་ནི་བ་ཤ་ཀའོ། །ཐལ་ཏྲེས་ནི་ཤ་རི་བའོ། །ར་མཉེ་བ་གཉིས་ནི་ཀ་ཀོ་ལི་དང༌། ཀྵི་ར་ཀ་ཀོ་ལི་ཞེས་བྱའོ། །རྒྱ་སྐྱེགས་ཤིང་ཀུན་བསྐོལ་བ་ནི། །ལེགས་བསྒྲངས་ཁ་ར་བཏབ་པ་ཕན། །ཞེས་བྱ་བ་ལ། རྒྱ་སྐྱེགས་ཤིང་ནི་པ་ལའི་ཤིང་སྟེ། ཀིང་ཤུ་ཀ་ཞེས་ཀྱང་བྱ་སྟེ། དེའི་ཤུན་པ་བསྐོལ་བ་ལེགས་པར་བསྒྲངས་ནས་ཁ་ར་བཏབ་པ་ནི་ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །ཡང་ན་སྦྲང་རྩི་མར་བཅས་པའམ། །ལྕི་བརྟ་སྤངས་བཙིར་ཁུ་བཏུང༌། །ཞེས་བྱ་བ་ལ། ཡང་ན་བ་ལང་གི་ལྕི་བ་དང་རྟ་སྤངས་བཙིར་བའི་ཁུ་བ་མར་དང༌། སྦྲང་རྩི་དང་བཅས་པ་འཐུངས་ན་ཡང་ཁྲག་དང་མཁྲིས་པ་སེལ་བར་འགྱུར་རོ། །ཁྲག་ནད་མདུད་པ་ཅན་འདྲར་འབྱུང༌། །ཕུག་རོན་རྟུག་པ་སྦྲང་རྩིས་ཕན། །ཞེས་བྱ་བ་ལ། ཁྲག་ནད་ཅེས་བྱ་བ་ཁྲག་དང་མཁྲིས་པའི་ནད་རྨེའུ་ལྟ་བུ་འམ། མདུད་པ་ལྟ་བུར་བྱུང་བ་ལ། བྱ་ཕུག་རོན་གྱི་རྟུག་པ་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཕན་པ་ཡིན་ནོ། །ཁྲག་ནི་ཤས་ཆེར་བྱུང་བ་ན། །སྐམ་སའི་སྲོག་ཆགས་ཁྲག་དང་ནི། །སྦྲང་རྩིར་སྦྱར་བ་འམ་མར་ཡི་ནི། །མཆིན་པ་མཁྲིས་བཅས་རློན་པ་བཟའ། །ཞེས་བྱ་བ་ལ། ཁྲག་ཤས་ཆེར་འབྱུང་ཞིང་འཛག་པར་གྱུར་པ་ལ་སྐམ་སའི་སྲོག་ཆགས་ཀྱི་ཁྲག་དང༌། སྦྲང་རྩིར་སྦྱར་བ་བཏུང་བར་བྱའོ། །ཡང་ན་ཁྲག་ཤས་ཆེར་འབྱུང་བ་ལ། རའི་མཆིན་པ་དེ་ཉིད་ཀྱི་མཁྲིས་པ་དང་བཅས་པ་རློན་པ་བཟའ་བར་བྱའོ། །ཙནྡན་གླ་སྒང་པུ་ཤེལ་ཙེ། །འབྲས་ཡོས་མུངྒ་པི་པི་ལིང༌། །ནས་ནི་བ་ལའི་ཆུར་སྦངས་པ། །ཁུ་བ་ཁྲག་མཁྲིས་སེལ་བྱེད་ཡིན། །ཞེས་བྱ་བ་ལ། སྨན་བ་ལ་བསྐོལ་བའི་ཆུ་བསྒྲངས་བ་སྲང་དྲུག་གི་ནང་དུ་ཙནྡན་ལ་སོགས་པའི་སྨན་སྲང་གཅིག་མཚན་མོ་སྦངས་ལ། ཕྱི་དེ་ཉིན་བཙགས་པའི་ཁུ་བ་གྲང་མོ་ནི་ཁྲག་དང་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །ཙནྡན་པདྨ་པུ་ཤེལ་ཙེ། །ཁུ་བར་བོང་པ་བསྲེགས་བཅུག་ལ། །རབ་བསྒྲངས་ཁར་སྦྲང་རྩིར་བཅས། །ཁྲག་ནི་ཤས་ཆེར་འབྱུང་བ་སེལ། །ཞེས་བྱ་བ་ལ། ཙནྡན་ལ་སོགས་པའི་སྨན་དེ་དག་བཏགས་ཏེ་ཆུའི་ནང་དུ་བཅུག་ལ་དཀྲུགས་ཏེ་བཞག་ལ། དེའི་སྟེང་དུ་བྱུང་བའི་དངས་མ་ལེགས་པར་


DTG201_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲངས་པ་ལ། ཁ་ར་དང་སྦྲང་རྩི་བཏབ་པ་ནི་ཁྲག་ཤས་ཆེར་འབྱུང་ཞིང་བདོ་བ་སེལ་བར་འགྱུར་རོ། །བོང་བ་བསྲེགས་པ་བཅུག་པ་ནི་སོ་ཕག་བསྲེགས་པ་བཅུག་པའོ། །བུ་རམ་ཤིང་ནི་ཆུ་མང་སྦངས། །རྫ་བུམ་གསར་པར་དེ་བཞག་ནས། །མཚན་མོ་ཕྱི་རོལ་དབེན་པར་བཞག །ནང་པར་ཆུ་ནི་བཙགས་ནས་སུ། །སྦྲང་རྩི་བཏབ་ནས་པདྨ་ནི། །ཁ་ཕྱེའི་ཕྲེང་རྒྱན་ཆུ་དེ་འདྲ། །ཞེས་བྱ་བ་ལ། བུ་རམ་ཤིང་དུམ་བུར་གཏུབས་ཏེ་ཆུ་མང་པོའི་ནང་དུ་སྦངས་ལ། རྫ་མའི་བུམ་པ་གསར་པའི་ནང་དུ་ཚུད་བཞག་ནས། མཚན་མོ་ཕྱི་རོལ་དུ་དབེན་པའི་ཕྱོགས་སུ་དཔྱངས་ཏེ་བཞག་ལ། ནང་པར་རས་ལ་སོགས་པས་བཙགས་ཏེ་སྦྲང་རྩི་དང་ལྡན་པར་བྱས་ལ། པདྨ་མེ་ཏོག་ཁ་ཕྱེ་བའི་ཕྲེང་བས་བརྒྱན་ལ་དྲི་ཞིམ་པོའི་ཕྲེང་བས་བརྒྱན་པར་བྱས་པའི་ཆུ་དེ་ཡང་ཡོན་ཏན་སྔར་བཤད་པ་དེ་དང་འདྲ་སྟེ་ཁྲག་ཤས་ཆེར་འབྱུང་བ་སེལ་བར་བྱེད་པ་ཡིན་ནོ། །གང་ཡང་མཁྲིས་པའི་རིམས་སྐབས་བཤད། །སྨན་ཁུ་དེ་ཡང་བླུད་པར་བྱ། །ཞེས་བྱ་བ་ལ། སྨན་གྱི་ཁུ་བ་གང་རིམས་ནད་གསོ་བའི་སྐབས་སུ་མཁྲིས་པའི་རིམས་ལ་ཕན་པར་བསྟན་པ། མཁྲིས་པར་གླ་སྒང་དུག་མོ་ཡུངས། །ཞེས་བྱ་བ་ལ་སོགས་པས་བཤད་པའི་ཁུ་བ་དེ་ཡང་བླུད་པར་བྱའོ། །སྨན་ཁུ་སྣ་ཚོགས་འདི་ཡིས་ནི། །མེ་དྲོད་བསྐྱེད་པས་བད་ཀན་ཟད། །གལ་ཏེ་ཁྲག་མཁྲིས་མ་ཞི་ན། །དེ་ལ་རླུང་ཤས་ཆེར་ཕན་པའི། །ར་ཡི་འོ་མ་བསྐོལ་བ་བླུད། །དེ་བཞིན་བ་ཡི་འོ་མ་ནི། །ལྔ་འགྱུར་ཆུས་བསྐོལ་གདུས་པ་བླུད། །ཅེས་བྱ་བ་ལ། སྔར་བཤད་པའི་སྨན་གྱི་ཁུ་བ་རྣམ་པ་སྣ་ཚོགས་པ་འདི་དག་གིས་མེ་དྲོད་བསྐྱེད་པར་གྱུར་པས་བད་ཀན་བསལ་ཅིང་ཟད་པར་གྱུར་ལ། གལ་ཏེ་ཁྲག་དང་མཁྲིས་པ་ནི་ཟད་པར་མ་གྱུར་ན། ཁྲག་དང་མཁྲིས་པ་དེ་ལ་རླུང་ཤས་ཆེ་ཞིང་རྒྱས་པར་གྱུར་པ་ལ་ཕན་པར་འགྱུར་པའི་རའི་འོ་མ་བསྐོལ་བ་བླུད་པར་བྱ་ལ། དེ་བཞིན་དུ་བའི་འོ་མ་ཆུ་ལྔ་འགྱུར་དང་བསྲེས་པ་བསྐོལ་ཏེ་གདུས་པ་བླུད་པར་བྱའོ། །རྩ་བ་ལྔ་པ་ཆུང་ངུ་དང༌། །སྦྲང་རྩི་ཁ་ར་བསྐོལ་བའང་རུང༌། །ཞེས་བྱ་བ་ལ། ཡང་ན་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་མར་ཁ་ར་དཀར་པོ་བཏབ་སྟེ་བླུད་པར་བྱའོ། །རྒུན་འབྲུ་བཅའ་སྒ་ཛི་བ་ཀ །བ་ལ་གཟེ་མ་ཟངས་རྩི་བ། །རེ་རེ་འོ་མར་བསྐོལ་བའམ། །འོ་མ་ཁ་


DTG201_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ར་མར་བསྐོལ་ཕན། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྨན་རེ་རེ་དང༌། བ་འམ་རའི་འོ་མར་བསྐོལ་བ་མར་དང་བཅས་པ་བླུད་ན་ཡང་ཕན་ཏེ། ལན་འགའ་ནི་རྒུན་འབྲུ་དང་བསྐོལ་བ་ནས། ལན་འགའ་ནི་ཟངས་རྩི་བའི་མར་དང་བསྐོལ་བར་བྱའོ། །ཡང་ན་མར་དང་ཁ་ར་དང༌། འོ་མ་མར་བསྐོལ་བ་བླུད་ན་ཕན་ནོ། །གཟེ་མ་ཉེའུ་ཤིང་བསྐོལ་བའམ། །དེ་བཞིན་འདབ་བཞི་འོ་མར་བསྐོལ། །ཁྲག་ནི་ནད་བཅས་མྱུར་དུ་སེལ། །མཆོག་ཏུ་མཚན་ནས་འབྱུང་ལ་ཕན། །ཞེས་བྱ་བ་ལ། གཟེ་མ་དང་ཉེའུ་ཤིང་འོ་མར་བསྐོལ་བའམ། ཡང་ན་འདབ་མ་བཞི་པ་མ་ཤ་དང༌། མུངྒ་དང་ཀྲིཥྞ་དང༌། ས་ལ་པརྞི་བཞིའི་ལོ་མ་དང་བཅས་པར་བསྐོལ་བའི་འོ་མ་ནི་ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་དོ། །དེ་ལས་ཀྱང་མཆོག་གམ་ཁྱད་པར་དུ་ནི་གཅིན་གྱི་ལམ་ཕོ་མཚན་དང༌། མོ་མཚན་ལས་བྱུང་བ་ལ་ཕན་ནོ། །རྐུབ་ལས་བྱུང་ལ་ཁྱད་པར་དུ། མོ་ཙ་ར་ས་བླུད་ན་ཕན། །ཞེས་བྱ་བ་ལ། བཤང་བའི་ལམ་ནས་བྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་མོ་ཙ་ར་ས་དང་བསྐོལ་བའི་འོ་མ་བླུད་ན་ཕན་ནོ། །དེ་ལ་མོ་ཙ་ར་ས་ནི། །ཤལ་མ་ལིའི་ཐང་ཆུ་གང༌། །དེ་ནི་མོ་ཙ་ར་སར་བཤད། །ཅེས་བྱ་བ་ཡིན་ནོ། །ནྱ་གྲོ་དྷ་ཡི་མྱུ་གུའམ། །འདབ་མ་གཞོན་པའམ་བཅའ་སྒ་དང༌། །ཨུ་ཤི་ར་དང་ཨུཏྤལ་ཕན། །ཞེས་བྱ་བ་ལ། ཡང་ན་ཤིང་ནྱ་གྲོ་དྷའི་མྱུ་གུ་གཞོན་ནུའམ། ནྱ་གྲོ་དྷའི་འདབ་མ་དང་པོ་བྱུང་བ་དང༌། འོ་མར་བསྐོལ་བ་དེ་བཤང་བའི་ལམ་ནས་ཁྲག་འབྱུང་བ་ལ་ཕན་ནོ། །ཡང་ན་བཅའ་སྒ་དང༌། ཨུ་ཤི་ར་དང༌། ཨུཏྤལ་འོ་མར་བསྐོལ་བ་དེ་ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ་ཕན་ནོ། །ཁྲག་གི་ཚད་འཁྲུ་གཞང་འབྲུམ་གྱི། །གསོ་བ་དག་ཀྱང་འདིར་སྦྱར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་བཤད་པའི་ལམ་ནས་འབྱུང་བའི་སྐབས་འདིར་ཁྲག་གི་ཚད་པར་འཁྲུ་བའི་གསོ་བ་གང་ཡིན་པ་དང༌། ཁྲག་གི་གཞང་འབྲུམ་གྱི་གསོ་བ་གང་ཡིན་པ་དག་ཀྱང་ནད་དམིགས་ཀྱི་ཚུལ་འདིར་སྦྱར་བར་བྱའོ། །སྨན་ཁུ་འོ་མ་འཐུངས་ནས་ནི། །བཟའ་བའང་འོ་མ་ཉིད་དང་བཟའ། །ཞེས་བྱ་བ་ལ། སྨན་ཁུའི་སྦྱོར་བ་སྔར་བཤད་པ་དང༌། འོ་མ་འཐུངས་ནས་བཟའ་བའི་རྣམ་པ་ཡང་དེ་ཉིད་དང་བཟའ་


DTG201_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལོངས་སྤྱད་པར་བྱའོ། །སྨན་ཁུའི་སྦྱོར་བ་འདི་དག་ཉིད། །བསྐོལ་བའི་མར་ནི་བླུད་པར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་སྨན་ཁུ་བསྐོལ་བའི་སྦྱོར་བ་ཅི་རིགས་པར་བསྐོལ་བ་འདི་དག་ཉིད་དང༌། མར་དུ་བསྐོལ་བའི་སྨན་མར་ཡང་བཏུང་ཞིང་ལོངས་སྤྱད་པར་བྱའོ། །བ་ཤ་ཀ་རྩ་རྩེར་བཅས་བརྡུངས། །ཆུ་ནི་བརྒྱད་འགྱུར་ནང་དུ་ནི། །བསྐོལ་ཏེ་བརྒྱད་ཆ་ལུས་གྱུར་པ། །དེ་དང་མར་ནི་བཙོ་བར་བྱ། །དེ་ཡི་མེ་ཏོག་ནང་བཅུག་བསྒྲངས། །སྦྲང་རྩིར་བཅས་པས་ཁྲག་མཁྲིས་དང༌། །མཁྲིས་སྐྲན་རིམས་དང་དབུགས་མི་བདེ། །ལུད་པ་སྙིང་ནད་མིག་སེར་དང༌། །རབ་རིབ་མགོ་འཁོར་མེ་དབལ་དང༌། །སྐད་འགགས་པ་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། བ་ཤ་ཀའི་རྩ་བ་དང༌། ཡལ་ག་དང་ལོ་མ་དང༌། རྩེ་མོར་བཅས་པ་དེ་གཏུན་གྱི་ནང་དུ་བརྡུངས་ལ། སྨན་སྲང་སུམ་ཅུ་རྩ་གཉིས། ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་ནང་དུ་བསྐོལ་ལ། དེ་ལས་བརྒྱད་ཆ་སྟེ། སུམ་ཅུ་རྩ་གཉིས་ལུས་པ་དང༌། དེའི་ནང་དུ་མར་སྲང་བརྒྱ་བཙོས་ལ་མར་གྱི་བཞི་ཆར་བ་ཤ་ཀའི་མེ་ཏོག་ནང་དུ་བཅུག་ལ། དེ་བསྒྲངས་པར་སྦྲང་རྩི་བཏབ་སྟེ་བཟའ་བར་བྱའོ། །ཟོས་པས་ནི་ཁྲག་མཁྲིས་ལ་སོགས་པའི་ནད་སྐྱེས་པ་འཇོམས་པར་བྱེད་དོ། །པ་ལ་ཤ་ཡི་མྱུ་གུའི་ཁུར། །དེ་བཅུག་མར་ནི་བསྐོལ་བ་དང༌། །སྦྲང་རྩིར་བཅས་པས་ཁྲག་ནད་སེལ། །ཀྱི་ལྕེ་བ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལས། པ་ལ་ཤའི་མྱུ་གུ་ཁམ་བྱེ་བ་བསྐོལ་བའི་ཁུ་བ་འདིར་ཁྱད་པར་གྱི་ཚིག་མ་སྨོས་པ་ལས་ནི་མར་གྱི་བཞི་འགྱུར་བྱས་པ་དེ་དག་ཉིད་ཀྱི་ནང་དུ་པ་ལ་ཤའི་ཕྱེ་མ་མར་གྱི་བཞི་ཆ་བཅུག་ལ་དྲང་སྲོང་ཤན་ཀས་བཤད་པའི་ཚད་བཞིན་དུ། སྨན་གྱི་ལྡེ་གུ་མར་གྱི་བརྒྱད་ཆ་བཅུག་ལ། ཤ་ན་ཀས་བཤད་པའི་ཚུལ་དུ་བཏུང་བར་བྱ་སྟེ། དེ་ཡང་ཤན་ཀས་བཤད་པའི་ཚུལ་ནི། །སྨན་གྱི་ཁུ་བ་བསྐོལ་རིམ་གྱིས། །ཆུང་ངུ་སྣུམ་ནི་དག་པ་ཡིན། །ལྡེ་གུ་བཞི་ཆ་དྲུག་པ་དང༌། །བརྒྱད་ཆ་དང་ནི་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྨན་མར་ཏེ་སྦྲང་རྩི་དང་བཅས་པ་ཟོས་པས་ནི་ཁྲག་མཁྲིས་ཀྱི་ནད་འཇོམས་པར་བྱེད་པ་ཡིན་ནོ། །ཡང་དེ་ཉིད་ཀྱི་ཚུལ་བཞིན་ཀྱི་ལྕེ་བའི་རང་གི་ཁུ་བ་དང༌། ལྡེ་གུའི་ནང་དུ་མར་བཅུག་སྟེ་བསྐོལ་བ་དེ་ཡང་ཁྲག་དང་མཁྲིས་པ་འཇོམས་


DTG201_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡིན་ནོ། །ཁྲག་ནི་སྤྱི་བག་བད་ཀན་བཅས། །མདུད་པར་ཆགས་ནད་མགུལ་པར་བྱུང༌། །ཨུཏྤལ་སྡོང་བུ་བསྲེགས་ཐལ་བ། །ཞུན་མར་སྦྲང་རྩིར་བཅས་པ་བལྡགས། །ཞེས་བྱ་བ་ལ། མགུལ་པའི་ལམ་ནས་བྱུང་བའི་ཁྲག་སྤྱི་བག་དང་བཅས་པར་འབྱུང་ཞིང་བད་ཀན་དང་འདྲེན་མར་བྱུང་བ་དང༌། དེ་བཞིན་དུ་མདུད་པར་ཆགས་པ་སྟེ། ཁྲག་གི་ནང་དུ་མདུད་པ་ཤའི་རྨེན་བུ་ལྟ་བུ་ཆགས་པའི་ནད་ལ་ནི། ཨུཏྤ་ལའི་སྡོང་བུ་བསྲེགས་པའི་ཐལ་བ་སྦྲང་རྩི་དང་ཞུན་མར་དུ་སྦྱར་ཏེ་བལྡགས་ན་སེལ་བར་འགྱུར་རོ། །པདྨ་ཨུཏྤ་ལ་གེ་སར་དང༌། །པྲི་ཡང་ཀུ་དང་མ་དུ་ཀ །རེ་རེའི་སྦྱོར་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་པདྨ་གེ་སར་གྱི་ཐལ་བ་དང༌། ཨུཏྤ་ལའི་གེ་སར་གྱི་ཐལ་བ་དང༌། པྲི་ཡང་ཀུ་སྟེ་གན་དྷ་བྲི་ཡང་ཀུ་བསྲེགས་པའི་ཐལ་བ་དང༌། མ་དུ་ཀའི་ཐལ་བ་སྣ་རེ་རེ་ཞིང་ཡང་ཞུན་མར་དང༌། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ན་ཕན་ཡོན་སྔ་མ་དང་འདྲ་སྟེ། གྲེ་བ་ནས་ཁྲག་འབྱུང་བ་སྤྱི་བག་ལ་སོགས་པའི་མཚན་ཉིད་ཅན་གྱི་ནད་སེལ་བར་བྱེད་དོ། །ཁྲག་ནི་བཤང་བའི་ལམ་ནས་ནི། །འབྱུང་བར་བྱེད་ལ་ཁྱད་པར་དུ། །འཇམ་རྩི་བཏང་བ་བསྔགས་པ་ཡིན། །ཞེས་བྱ་བ་ལ། བཤང་བའི་ལམ་ནས་འབྱུང་བའི་ཁྲག་གི་ནད་ལ་ཁྱད་པར་རམ་མཆོག་ཏུ་འཇམ་རྩི་མས་གཏོང་བའི་ཆོ་ག་བྱས་བ་སྔགས་པ་ཡིན་ལ། འཇམ་རྩི་དེ་ཡང་ཁྲག་དང་མཁྲིས་པ་སེལ་བའི་སྨན་གྱི་སྦྱོར་བའི་ལས་བྱའོ། །སྣ་ནས་ནད་ཅན་ཁྲག་བྱུང་ན། །སྣ་སྨན་གཏང་ཞིང་བླུགས་པར་བྱ། །སྔར་བཤད་སྨན་ཁུའི་སྦྱོར་བ་དང༌། །འོ་མ་བུ་རམ་ཤིང་ཁུ་བླུགས། །འོ་མ་སོགས་ཆུ་ཁ་རར་བཅས། །ཡང་ན་ཆུ་ནི་འབའ་ཞིག་ཕན། །སེའུ་འབྲུའི་མེ་ཏོག་ཁུ་བའམ། །ཨ་མྲའི་རུས་པ་དཱུར་བ་ཕན། །ཞེས་བྱ་བ་ལ། སྣ་ནས་བྱུང་བའི་ཁྲག་ནད་བསལ་བ་ལ་ནི་སྨན་སྣ་ནས་གཏང་བའི་ཆོ་ག་འོ་མ་བླུགས་པ་ལ་སོགས་པ་སྦྱར་བར་བྱའོ། །དེ་བཞིན་དུ་སྔར་བཤད་པའི་སྨན་ཁུའི་སྦྱོར་བ་དང༌། གཅིག་ཏུ་སྦྱོར་བའི་སྨན་ཡང་གཏང་བར་བྱའོ། །དེ་བཞིན་དུ་འོ་མ་ལ་སོགས་པ་ཁར་དང་བཅས་པ་དང༌། དེ་བཞིན་དུ་ཆུ་དང་ཁ་རར་བཅས་པའམ། ཡང་ཆུ་འབའ་ཞིག་བླུགས་པ་


DTG201_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་ཡིན་ནོ། །ཡང་ན་སེའུ་འབྲུའི་མེ་ཏོག་གི་ཁུ་བ་སྣར་བླུད་ན་ཕན་པའམ། དེ་བཞིན་དུ་ཨ་མྲའི་རུས་པ་བསྐོལ་བའི་ཁུ་བའམ། ཡང་ན་རྩ་དཱུར་བའི་ཁུ་བ་སྣ་ལས་ནད་ཁྲག་ཕྱུང་བ་ལ་ཕན་ནོ། །བསིལ་སྨན་སྡེ་ཚན་གཏོགས་པ་དག །བསྐུ་དང་བྱུག་ལ་སོགས་ལས་སྦྱར། །ཞེས་བྱ་བ་ལ། བསིལ་སྨན་གྱི་སྡེ་ཚན་དག་ཀྱང་ཁྲག་མཁྲིས་སེལ་བ་ཡིན་ཏེ། སྐྱུག་སྨན་ལ་སོགས་པའི་སྡེ་ཚན་ལས་སྨོས་པའི་དཱུར་བ་དང་བྱི་ཚེར་བ་ལ་སོགས་པའི་སྨན་གང་དག་ཡིན་པ་དེ་བསྐུ་བ་དང་བྱུག་པ་ལས་སྦྱར་བར་བྱའོ། །སོགས་པ་སྨོས་པས་ནི་སྨན་ཆུ་བླུགས་པ་དང༌། ལུས་བཅིང་བ་དང༌། སྨན་མར་བཙོ་བ་ལ་སོགས་པ་བསྡུའོ། །མཁྲིས་པའི་རིམས་སེལ་བཤད་པ་གང༌། །ཕྱི་ནང་ལས་བཏུང་སྨན་དེ་དང༌། །གློ་རྡོལ་བར་ནི་གང་ཕན་པ། །དེ་ཡང་ཁྲག་དང་མཁྲིས་པར་ཕན། །ཞེས་བྱ་བ་ལ། རིམས་གསོ་བའི་སྐབས་སུ་མཁྲིས་པའི་རིམས་སེལ་བའི་སྨན་ཕྱི་ནས་བསྐུ་བ་དང་ནང་ནས་བཏུང་བ་ལ་སོགས་པ་གང་དག་ཡིན་པ་དེ་ཡང་ཁྲག་དང་མཁྲིས་པའི་ནད་ལ་ཕན་ནོ། །དེ་བཞིན་དུ་གློ་རྡོལ་བ་ལ་ཕན་པའི་སྨན་གང་དག་ཡིན་པ་དེ་ཡང་ཁྲག་དང་མཁྲིས་པ་སེལ་བ་ཡིན་པས་ཕན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ཀྱི་ལེའུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུད་པ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། ད་ནི་འདིའི་གསོ་བའི་རིམ་པ་འདི་སྐབས་ཡིན་པས་ན། འདིའི་གསོ་བ་བརྩམས་པ་ཡིན་ནོ། །ལུད་པ་མ་འདྲེས་རླུང་ལས་བྱུང༌། །དང་པོར་སྣུམ་གྱིས་གསོ་བྱ་ཞིང༌། །ཤ་ཁུ་ཐུག་པ་ཡུ་ཤ་སོགས། །རླུང་འཇོམས་སྨན་བསྐོལ་སྣུམ་པ་དང༌། །དུད་བདུགས་ལྡེ་གུ་བསྐུ་དང་དུགས། །ཆུ་བླུགས་ལུས་བཅིང་དག་གིས་གསོ། །ཞེས་བྱ་བ་ལ། ལུད་པ་ནད་གཞི་གཞན་དང་མ་འདྲེས་པར་རླུང་འབའ་ཞིག་ལས་བྱུང་བ་ནི། དང་པོར་ཞུན་མར་ལ་སོགས་པའི་སྣུམ་གྱི་སྦྱོར་བས་གསོ་བར་བྱའོ། །དེ་བཞིན་དུ་ཤ་ཁུ་ལ་སོགས་པ་རླུང་འཇོམས་པའི་སྨན་དང་བསྐོལ་བ་སྣུམ་བག་དང་བཅས་པས་གསོ་བར་བྱ་བ་དང༌།


DTG201_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དུད་པས་བདུགས་པ་དང༌། ལྡེ་གུ་དང་བསྐུ་བ་ལ་སོགས་པ་དག་གིས་ཀྱང་ལུད་པའི་ནད་གསོ་བར་བྱའོ། །བཤང་རླུང་འགགས་ལ་འཇམ་རྩིས་གསོ། །ཞེས་བྱ་བ་ལ། བཤང་བ་དང་འཕྱེན་ཞེས་བྱ་བའི་རླུང་ཐུར་དུ་འབྱུང་བ་འགགས་བར་འགྱུར་བའི་ནད་ལ་ནི། འཇམ་རྩི་མས་གཏོང་བས་གསོ་བར་བྱའོ། །མཁྲིས་བཅས་ཞུན་མར་འོ་མ་ནི། །ཟས་ཀྱི་སྔོན་བཏང༌། ཞེས་བྱ་བ་ལ། མཁྲིས་པ་དང་བཅས་པའི་རླུང་ལས་གྱུར་བའི་ལུད་པ་ལ་ནི་ཞུན་མར་དང་འོ་མ་ཟས་ཀྱི་སྔོན་དུ་བཏང་ཞིང་འཐུངས་པས་གསོ་བར་བྱའོ། །བད་ཀན་བཅས། སྣུམ་བཅས་བཀྲུ་སྨན་བཏང་བས་གསོ། །ཞེས་བྱ་བ་ལ། བད་ཀན་དང་བཅས་པའི་རླུང་ལས་གྱུར་པའི་ལུད་པ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་བཏང་བས་གསོ་བར་བྱའོ། །སླེ་ཏྲེས་ཀཎྜ་ཀ་རི་གཉིས། །རེ་རེ་སྲང་སུམ་ཅུའི་ཁུ་བར། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །རླུང་གི་ལུད་སེལ་མེ་དྲོད་སྐྱེད། །ཅེས་བྱ་བ་ལ། སླེ་ཏྲེས་དང་ཀཎྜ་ཀ་རི་གཉིས་པོ་རེ་རེ་ཞིང་སྲང་སུམ་ཅུ་སུམ་ཅུ་བསྐོལ་བའི་ཆོ་གས་བསྐོལ་ལ། བསྐོལ་བའི་ཁུ་བ་དེའི་ནང་དུ་མར་ཁུ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ། བསྐོལ་བའི་ཁུ་བ་སྨན་མར་གྱིས་ནི་རླུང་ལས་གྱུར་པའི་ལུད་པ་སེལ་ཞིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཀྵ་ར་ར་སྣ་ཤུ་དག་དང༌། །ཤིང་ཀུན་པ་ཏ་ཤིང་མངར་དང༌། །འུ་སུ་ཞོ་གཉིས་མར་བྲེ་གང༌། །ཆེ་བ་ལྔ་དང་བཅས་པ་དང༌། །རྩ་བ་བཅུ་བའི་ཁུ་བར་བསྐོལ། །འཐུངས་རྗེས་ཐུག་པ་བླུད་གྱུར་ན། །ལུད་པ་དབུགས་མི་བདེ་བཅས་སྙིང༌། །རྩིབ་ལོགས་ཕོ་བའི་སྐྲན་ནད་སེལ། །ཞེས་བྱ་བ་ལ། ཡབ་ཀྵ་ར་ལ་སོགས་པའི་སྨན་ཞོ་གཉིས། ཞུན་མར་བྲེ་གང་ཞེས་པ་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བཅུག་ལ། ཚབ་ལྔ་དང་བཅས་པར་བསྐོལ་ཞིང་རྩ་བ་བཅུ་པའི་ཁུ་བར་མར་གྱི་བཞི་ཆ་སྲང་བརྒྱད་ཅུ་ལ་བསྐོལ་ཏེ་མར་སྲང་བརྒྱད་ཅུ་རྩ་གཉིས་པོ་དེ་ལས་ཅི་རན་ཙམ་འཐུངས་པའི་རྗེས་ལ་ཐུག་པ་བླུད་པར་གྱུར་ན། དེས་ལུད་པ་ལ་སོགས་པའི་ནད་སེལ་བར་འགྱུར་བའོ། །འདིར་ཚ་བ་ལྔ་ནི་རེ་རེ་ཞིང་ཞོ་གཉིས་གཉིས་གཞུག་གོ །ར་སྣ་ཉེའུ་ཤིང་རྩ་བ་བཅུ། །སྲང་ནི་བཅུ་གཉིས་ཚད་དུ་བྱ། །རྒྱ་སྲན་རྒྱ་ཤུག་ནས་དག་ནི། །


DTG201_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཤ་སྲང་ནི་ལྔ་བཅུ་དང༌། །ཆུ་སྲང་ལྔ་བརྒྱ་བཅུ་གཉིས་བསྐོལ། །དེ་དང་མར་ནི་བྲེ་བཞི་བསྐོལ། །འོ་མ་མར་མཉམ་ཛི་བན་ཏི། །ལ་སོགས་སྲང་ཆར་བྱས་ཏེ་བརྟག །རླུང་གི་ནད་ལ་བླུད་པ་དང༌། །སྣར་བཏང་འཇམ་རྩི་མས་གཏོང་སྦྱར། །ལུད་པ་རྣམ་ལྔ་མགོ་འདར་དང༌། །མོ་མཚན་ཆུ་སོར་ན་བ་དང༌། །ལུད་ཀུན་ལུས་ནི་ཕྱོགས་གཅིག་ནད། །མཆིན་བཅས་སྟོད་ཀྱི་རླུང་ནད་སེལ། །ཞེས་བྱ་བ་ལ། སྨན་ར་སྣ་དང༌། ཉེའུ་ཤིང་དང༌། རྩ་བ་བཅུ་པ་སྟེ། སྨན་སྣ་བཅུ་གཉིས་པོ་སྲང་རེ་གཞལ་བའི་སྲང་བཅུ་གཉིས་དང༌། རྒྱ་སྲན་ཀུ་ལངྠ་དང༌། །རྒྱ་ཤུག་དང༌། ནས་ཏེ་གསུམ་པོ་སྲང་བརྒྱད་བརྒྱད་དང༌། ར་ཤ་སྲང་ལྔ་བཅུ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ལ། བསྐོལ་བ་དེ་ལས་བཞི་ཆ་ལུས་པ་དེ་དང་མར་དང༌། འོ་མ་བྲེ་བཞི་བཞི་སྟེ། སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ཛི་བན་ཏི། ར་མཉེ་བ་ལ་སོགས་པའི་སྨན་རེ་རེའི་ཆར་བྱས་པ་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་དེ་བརྟ་བར་བྱེད་ནུས་པ་ཉིད་དུ་ལེགས་པར་བརྟགས་ཤིང་ཤེས་པར་བྱས་ལ། རླུང་གི་ནད་ལ་བཏུང་བ་ལ་སོགས་པར་བྱིན་པས་ལུད་པ་རྣམ་པ་ལྔ་པོ་སེལ་བར་བྱེད་པ་དང༌། མགོ་འདར་ཞིང་འདམ་པ་ལ་སོགས་པའི་ནད་དང༌། ལུས་ཀྱི་ཡན་ལག་ཏུ་ཁྱབ་པ་དང༌། ལུས་ཀྱི་ཕྱོགས་གཅིག་ཏུ་ཁྱབ་པའི་རླུང་གི་ནད་སྣ་ཚོགས་དང༌། མཆིན་པའི་ནད་དང་བཅས་པ་སེལ་བར་འགྱུར་རོ། །བི་ད་རི་སོགས་སྡེ་ཚན་བསྐོལ། །ལྡེ་གུ་མར་བསྐོལ་ལུད་པ་འཇོམས། །ཞེས་བྱ་བ་ལ། བི་ད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་དང༌། ལྡེ་གུ་མར་གྱི་བཞི་ཆ་བསྐོལ་བའི་སྨན་མར་དེ་ནི་ལུད་པ་འཇོམས་པར་བྱེད་པ་ཡིན་ནོ། །ཤིང་མངར་ཨ་ཤྭ་ཀའི་ས་བོན། །བྱི་དང་ག་དང་སྐྱེར་ཁཎྜ། །ཤུག་པ་ཁ་རུ་ཚ་མར་བསྐོལ། །ཡང་ན་དེ་ཕྱེ་མར་དང་སྦྲུས། །ལྡེ་གུ་བྱིན་ལ་ར་ཡི་ནི། །འོ་མ་བླུད་ན་ལུད་པ་སེལ། །ཞེས་བྱ་བ་ལ། ཤིང་མངར་དང་ཨ་ཤྭ་ཀའི་ས་བོན་ལ་སོགས་པ་སྨན་ཁ་རུ་ཚ་དང་བཅས་པར་བསྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་བའི་སྨན་མར་འཐུངས་ལ། དེའི་རྗེས་ལ་འོ་མ་བླུད་ན་ལུད་པ་སེལ་བར་འགྱུར་རོ། །ཡང་ན་ཤིང་མངར་ལ་སོགས་པ་སྨན་གྱི་ཕྱེ་མ་མར་དང་སྦྲུས་ཏེ་


DTG201_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེ་གུར་བྱས་པ་བལྡགས་ལ། དེའི་རྗེས་ལ་རའི་འོ་མ་འཐུངས་ན་ཡང་ལུད་པ་སེལ་བར་འགྱུར་རོ། །དོང་ག་ར་སྣ་བྱི་དང་ག །ཤིང་ཀུན་རྒྱམ་ཚ་པི་པི་ལིང༌། །བར་གྱི་ཀྵ་ར་དེའི་ཕྱེ་མའམ། །མར་དང་རན་ཙམ་བླུད་གྱུར་ན། །རླུང་གྱུར་བད་ཀན་བཅས་ལུད་པ། །དབུགས་མི་བདེ་དང་སྐྱིགས་བུ་དང༌། །མེ་དྲོད་ཆུང་བ་སེལ་བར་བྱེད། །ཅེས་བྱ་བ་ལ། དོང་ག་ལ་སོགས་པའི་ཕྱེ་མ་འམ། མར་གྱིས་ཚད་ནད་ཞི་བ་ལ་སོགས་པའི་ཚུལ་ལས་ལྟོས་ཏེ་བླུད་པར་གྱུར་ན། རླུང་ལས་གྱུར་བའི་བད་ཀན་བཅས་པའི་ལུད་པ་སེལ་བར་འགྱུར་རོ། །བྱི་ཚེར་བ་དང་བཅའ་སྒ་དང༌། །ཟུར་པ་རྒུན་འབྲུ་ཁར་དཀར། །ཀར་ཀ་ཏ་ཡི་སྲིང་གི་ནི། །ཏིལ་མར་དང་ནི་ལྡེ་གུར་སྦྱར། །རླུང་ལས་གྱུར་པའི་ལུད་པ་སེལ། །ཞེས་བྱ་བ་ལ། བྱི་ཚེར་བ་ལ་སོགས་པའི་སྨན་ཏིལ་མར་དང་ལྡེ་གུར་སྦྱར་བ་བལྡགས་པས་ནི་རླུང་ལས་གྱུར་པའི་ལུད་པ་སེལ་བར་འགྱུར་རོ། །བྱི་ཚེར་གླ་སྒང་པི་པི་ལིང༌། །བར་གྱི་ཟུར་པ་ཀར་ཀ་ཏི། །བུ་རམ་རྙིང་དང་ཏིལ་མར་དང༌། །ལྡེ་གུར་བྱས་པ་བལྡག་པར་བྱ། །ཞེས་བྱ་བ་ལ། བྱི་ཚེར་བ་ལ་སོགས་པའི་སྨན་ཕྱེ་མར་བཏགས་པ་དང༌། བུ་རམ་རྙིང་པ་དང༌། ཏིལ་མར་དང་ལྡེ་གུར་སྦྱར་ཏེ་བལྡགས་ན་ཡང་རླུང་ལས་གྱུར་པའི་ལུད་པ་སེལ་བར་འགྱུར་རོ། །བཅའ་སྒ་པི་པི་ལིང་དེ་བཞིན། །ཀར་ཀ་ཏ་སྲིང་དེ་བཞིན་ནོ། །ཞེས་བྱ་བ་ལ། བཅའ་སྒ་དང་པི་པི་ལིང་བུ་རམ་དང་སྦྱར་བའི་ལྡེ་གུས་ཀྱང་རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཀར་ཀ་ཏ་སྲིང་གི་ཞེས་བྱ་བའི་སྨན་ལྡེ་གུར་བྱས་པས་ཀྱང་དེ་བཞིན་དུ་ལུད་པ་སེལ་ཏོ། །ཆུ་དྲོན་དག་དང་པི་པི་ལིང༌། །ལྕེ་མྱང་ཆེ་དང་བཅས་པ་བླུད། །ཅེས་བྱ་བ་ལ། པི་པི་ལིང་དང་ལྕེ་མྱང་ཚ་གཉིས་ཆུར་བསྐོལ་བ་དྲོ་འཇམ་ཙམ་དང་སྦྱར་བས་ཀྱང་རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །བཅའ་སྒ་ཁར་ཞོ་ག་ཆུའམ། །པི་པི་ལིང་ཕྱེ་ཞོར་བཏབ་བླུད། །ཅེས་བྱ་བ་ལ། བཅའ་སྒ་ཁ་ར་དང་བཅས་པ་ཞོ་ག་ཆུ་དང་སྦྱར་བའམ། པི་པི་ལིང་གི་ཕྱེ་མ་ཞོར་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །རྒྱ་ཤུག་ཚི་གུ་ཆང་ངམ་ཞོ། །ཞོ་ག་ཆུ་དང་སྦྱར་བ་བླུད། །ཅེས་བྱ་བ་ལ། རྒྱ་ཤུག་གི་རྩ་བ་ཚི་གུ་ཕྱེ་མར་བཏགས་


DTG201_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཆང་ངམ་ཞོ་ག་ཆུ་དང་སྦྱར་ཏེ་བླུད་ན་ཡང་རླུང་ལས་གྱུར་པའི་ལུད་པ་འཇོམས་སོ། །ཡང་ན་པི་པི་ལིང་ལྡེ་གུ། །མར་བརྔོས་རྒྱམ་ཚར་བཅས་པའང་ཕན། །ཞེས་བྱ་བ་ལ། ཡང་ན་པི་པི་ལིང་གི་ལྡེ་གུར་བྱས་པ་མར་དང་བརྔོས་ཏེ་རྒྱམ་ཚར་བཏབ་པ་ཆང་ངམ་ཞོ་འམ་ཞོ་ག་ཆུ་དང་སྦྱར་བས་ཀྱང་རླུང་ལ་ཕན་ནོ། །ལུད་པ་ཆམ་བཅས་དུད་པ་ནི། །སྣུམ་བཅས་ཆོ་གས་བདུག་པ་དང༌། །སྐྱིགས་བུ་དབུགས་མི་བདེ་དུད་བརྔུབ། །འོ་མ་ཤ་ཁུར་བཅས་པ་བཟའ། །ཞེས་བྱ་བ་ལ། ལུད་པ་ཆམ་པ་ལ་ནི་འོ་མ་དང་ཤ་ཁུ་དང་ལྡན་པར་བཟའ་བ་དང་བཅས་པར་སྔར་དུད་པས་བདུག་པའི་ཆོ་གའི་སྐབས་སུ་བཤད་པའི་སྣུམ་གྱི་དུད་པ་དེ་ཉིད་དུ་བཤད་པའི་ཆོ་གས་བརྔུབ་པར་བྱ་བ་དང༌། དེ་བཞིན་དུ་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་སྐབས་སུ་འོག་ནས་བཤད་པའི་དུད་པ་དེ་ཡང་འོ་མ་དང་ཤ་ཁུ་དང་བཅས་པར་ཟོས་ལ་དེའི་འོག་ཏུ་བརྔུབ་པར་བྱའོ། །གྲོང་ཆུ་རླན་ཅན་སྲོག་ཆགས་ཤ །སཱ་ལུ་ནས་གྲོ་དྲུག་ཅུ་པའམ། །མ་ཤ་ཨད་མ་ཀུབ་ཏ་ཡི། །ཡུ་ཤ་དག་དང་ཟོས་ན་ཕན། །ཞེས་བྱ་བ་ལ། གྲོང་ན་གནས་པའི་སྲོག་ཆགས་དང་ཆུ་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང༌། སཱ་ལུ་ལ་སོགས་པ་ཟོས་ན་ཡང་ལུད་པ་ཆམ་པ་ཅན་ལ་ཕན་ནོ། །ལ་ལ་ཕུད་དང་པི་པི་ལིང༌། །བྱིལ་རྐང་དོང་ག་ཙི་ཏྲ་ཀ །ར་སྣ་ཟི་ར་པ་ལ་ཤ །ཀྲིཥྞ་པརྞི་ཟུར་པ་དང༌། །མ་ནུ་བསྐོལ་བར་སྣུམ་སྐྱུར་དང༌། །ལན་ཚྭར་བཅས་ཐུག་རླུང་གྱུར་བླུད། །རྐེད་པ་ལྟོ་སྙིང་རྩིབ་ལོགས་ན། །དབུགས་མི་བདེ་དང་སྐྱིགས་བུ་སེལ། །ཞེས་བྱ་བ་ལ། ལ་ལ་ཕུད་ལ་སོགས་པ་དང་བསྐོལ་བའི་ཐུག་པ་དང་སྐྱུར་བག་དང་ལན་ཚྭར་བཅས་པའི་ཐུག་པ་རླུང་ལས་གྱུར་པའི་ལུད་པ་ཅན་ལ་བླུད་པར་བྱ་སྟེ། དེས་ནི་རླུང་ལས་གྱུར་པའི་ལུད་བ་དང་རྐེད་པའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །རྩ་བ་བཅུ་པའི་ཁུ་བར་ནི། །ཚ་བ་ལྔ་དང་བུ་རམ་བཅས། །ཏིལ་དང་བཅས་པའི་ཐུག་པ་བླུད། །ཡང་ན་འོ་ཐུག་རྒྱམ་ཚར་བཅས། །ཞེས་བྱ་བ་ལ། རྩ་བ་བཅུ་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་ལྔ་དང་བུ་རམ་བཏབ་པ་ལ་ཏིལ་མར་འབྲས་བཙོས་པའི་ཐུག་པ་དང་སྐྱུར་བ་དང༌། །ལན་ཚྭ་དང་


DTG201_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡང་སྔ་མ་བཞིན་དུ་བླུད་པར་བྱ་སྟེ། དེས་ནི་རླུང་ལས་གྱུར་པའི་ལུད་པ་དང༌། རྐེད་པ་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་འབྲས་འོ་མར་བཙོས་པའི་འོ་ཐུག་ལ་རྒྱམ་ཚ་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་ལུད་པ་དང༌། རྐེད་པ་ན་བ་ལ་སོགས་པ་སེལ་བ་ཡིན་ནོ། །ཉ་དང་ཁྱིམ་བྱ་ཕག་རྒོད་ཤ །མར་དང་རྒྱམ་ཚར་བཅས་པའང་ཕན། །ཞེས་བྱ་བ་ལ། ཉ་ལ་སོགས་པའི་ཤ་མར་དང་རྒྱམ་ཚ་དང་བཅས་པ་འཐུངས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཚོད་མ་རྒྱ་སྣེའུ་པ་ཡ་སྱེ། །ནི་ཤན་ན་ཀ་ལུད་པ་འཇོམས། །ཀཎྜ་ཀ་རིའི་ལོ་འབྲས་དང༌། །ལ་ཕུག་གཞོན་ནུ་སྐོམ་པོའང་ཕན། །ཞེས་བྱ་བ་ལ། རྒྱ་སྣེའུ་ལ་སོགས་པའི་ཚོད་མ་ཡང་རླུང་ལ་སོགས་པའི་ལུད་པ་ལ་ཕན་ནོ། །ཏིལ་མར་སོགས་སྣུམ་འོ་མ་དང༌། །བུ་རམ་བུ་རམ་ཤིང་ཁུའི་ཟས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལུད་པ་ལ་ཏིལ་མར་ལ་སོགས་པའི་སྣུམ་སྟེ། ཏིལ་མར་དང༌། ཞག་དང༌། རྐང་དང༌། ཞུན་མར་དང༌། འོ་མ་དང༌། བུ་རམ་དང༌། བུ་རམ་ཤིང་གི་ཁུ་བ་དང་གཡོས་པའི་ཁ་ཟས་ཟོས་ན་ཕན་ནོ། །ཞོ་ག་ཆུ་ཞོ་རང་སྐྱུར་ཆང༌། །འབྲས་བུ་སྐྱུར་ཆུ་བླུད་པ་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལུད་པ་ལ་ནི་ཞོ་ག་ཆུ་དང༌། ཞོ་དང་རང་སྐྱུར་ཏེ་ཀན་ཛི་དང༌། ཆང་དང་འབྲས་བུ་སྐྱུར་པོ་སེའུ་འབྲུ་ལ་སོགས་པ་འབྲས་བུ་སྐྱུར་པོའི་ཁུ་བར་རྒྱམ་ཚ་བཏབ་པ་བླུད་ན་ཕན་པ་ཡིན་ནོ། །མཁྲིས་པའི་ལུད་པ་བད་ཀན་བཅས། །ཞུན་མར་གྱིས་ནི་སྐྱུག་སྨན་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ལ་ནི་སྐྱུག་སྨན་ཞུན་མར་བླུད་ལ་སློན་དུ་གཞག་པ་ཕན་ནོ། །དེ་བཞིན་པོ་སོན་ཆ་ཏང་པ་ལ། །མ་དུ་ཀ་ནི་བསྐོལ་ཆུས་སམ། །ཞེས་བྱ་བ་ལ། ཡང་རྣམ་པ་དེ་བཞིན་དུ་མཁྲིས་པ་ལས་གྱུར་བའི་ལུད་པ་བད་ཀན་དང་བཅས་པ་ལ་ནི། པོ་སོན་ཆ་ལ་སོགས་པའི་སྨན་གྱི་ཆུ་བླུད་ལ་སློན་དུ་གཞུག་པ་ཕན་ནོ། །ཤིང་མངར་པོ་སོན་ཆའི་ལྡེ་གུ། །བི་དབུ་རམ་ཤིང་ཁུར་སྦྱར། །ཞེས་བྱ་བ་ལ། ཡང་ན་ཤིང་མངར་དང་པོ་སོན་ཆ་ལྡེ་གུ་བྱས་ཤིང་ཆུ་འཐགས་སུ་བྱས་པ་ལ། བི་ད་རིའི་ཁུ་བ་དང༌། བུ་རམ་


DTG201_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི་ཁུ་བ་དང་སྦྱར་བ་བླུད་དེ་སློན་དུ་གཞུག་པ་ཕན་ནོ། །མཁྲིས་ལུད་བད་ཀན་ཤས་ཆུང་ལ། །དུར་བྱིད་མངར་བའི་སྨན་སྦྱར་བཏང༌། །བད་ཀན་ཤས་ཆེར་ཁ་བའི་སྨན། །སྐྱུག་སྨན་ཕྱིར་ནི་གཏང་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་ཤས་ཆུང་ཞིང་སྲ་བ་ལ་ནི་དུར་བྱིད་རྒུན་འབྲུ་ལ་སོགས་པའི་སྨན་མངར་བ་དང་སྦྱར་བ་དག་བཀྲུ་སྨན་གྱི་དོན་དུ་བླུད་པར་བྱའོ། །དེ་བཞིན་དུ་མཁྲིས་པའི་ལུད་པ་བད་ཀན་གྱི་ཤས་ཆེ་བ་ལ་ནི་དུར་བྱིད་པུ་ཤེལ་ཙེ་ལ་སོགས་པའི་སྨན་ཁ་བ་དང་སྦྱར་བ་སྐྱུག་སྨན་གྱི་ཕྱིར་སྦྱར་བར་བྱའོ། །ནད་སྦྱངས་ནས་ནི་ཐུག་པ་སོགས། །བསིལ་དང་མངར་དང་སྣུམ་པ་སྤྱད། །བད་ཀན་ཤས་ཆེར་ཁ་བ་དང༌། །རྩུབ་པ་དང་སྦྱར་གྲང་ཐུག་བླུད། །ཅེས་བྱ་བ་ལ། སྐྱུག་སྨན་བཀྲུ་སྨན་གཉིས་ཀྱིས་ནད་སྦྱངས་པར་གྱུར་ནས་ཐུག་པ་ལ་སོགས་པའི་རིམ་པ་སྤྱད་པར་བྱ་ལ། དེ་ཡང་བསིལ་བ་དེ་ལེགས་པར་བསྒྲངས་པ་དང༌། མངར་བའི་རོ་དང་ལྡན་པ་དང༌། སྣུམ་ཞིང་རྩུབ་བད་མེད་པར་སྤྱད་པར་བྱ་ལ། བད་ཀན་ཤས་ཆེ་བའི་མཁྲིས་པའི་ནད་ལ་ནི་ཐུག་པ་ལ་སོགས་པའི་རིམ་པ་སྨན་ཁ་བ་དང་སྦྱར་ཞིང་སྣུམ་མེད་པའི་རྩུབ་བག་བླུད་པར་བྱའོ། །མཁྲིས་གྱུར་ཁ་ར་སྐྱུ་རུ་ར། །རྒུན་འབྲུ་ཨུཏྤལ་ཙནྡན་དཀར། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །བད་ཀན་བཅས་ལ་ན་ལེ་ཤམ། །གླ་སྒང་དང་ནི་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་འབའ་ཞིག་ལས་གྱུར་པའི་ལུད་པ་ལ་ནི་ཁ་ར་དང་སྐྱུ་རུ་ར་ལ་སོགས་པའི་སྨན་ལྡེ་གུར་བཅས་པ་སྦྱིན་པར་བྱའོ། །མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ལ་ནི་ན་ལེ་ཤམ་དང་གླ་སྒང་དང་བཅས་པའི་སྨན་ཁ་ར་ལ་སོགས་པ་དང་སྦྱར་ཏེ་ལྡེ་གུར་བྱས་པ་སྦྱིན་པར་བྱའོ། །རླུང་ནད་ལ་ནི་མར་བཅས་ཕན། །ཞེས་བྱ་བ་ལ། རླུང་ནད་དང་བཅས་པའི་མཁྲིས་པའི་ལུད་པ་ལ་ནི་ན་ལེ་ཤམ་དང་གླ་སྒང་མེད་པའི་ཁ་ར་ལ་སོགས་པའི་སྨན་དེ་དག་མར་དང་བཅས་པ་སྦྱིན་ནོ། །མར་དང་ཏིལ་མར་དང་བུ་རམ་དང་ཤ་ཁ་ར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ནི་ནད་གཞི་ལ་སོགས་པའི་ཚུལ་ལས་ལྟོས་ཏེ་ཚད་ཅི་རིགས་སུ་སྦྱར་བར་བྱའོ། །རྒུན་འབྲུ་ལྔ་བཅུ་པི་པི་ལིང༌། །


DTG201_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་ཁ་ར་སྲང་གཅིག་སྦྱར། །སྦྲང་རྩི་འམ་བ་ཡི་ལྕི་བའམ། །བེའུ་གཞོན་ལྕི་ཁུར་ལྡེ་གུར་སྦྱར། །ཞེས་བྱ་བ་ལ། རྒུན་འབྲུ་ནི་གོ་ཏ་ན་ཞེས་བྱ་བ་བླང་གི་ནུ་སོར་འདྲ་བའི་རྒུན་འབྲུ་སྦོམ་པོ་ཞིག་ཡོད་པ་ལ་བྱ་སྟེ། དེའི་རྡོག་མ་ལྔ་བཅུ་དང༌། པི་པི་ལིང་རྡོག་མ་སུམ་ཅུ་དང༌། ཁ་ར་སྲང་གཅིག་སྟེ་འདི་དག་སྦྱར་བ་སྦྲང་རྩི་དང་ལྡེ་གུར་བྱས་པ་སྦྱིན་པའམ། བའི་ལྕི་བའི་ཁུ་བའམ། བེའུ་གཞོན་ནུ་ནུ་ཞོ་འཐུངས་པའི་ལྕི་བའི་ཁུ་བ་དང་སྦྱར་བ་སྦྱིན་པར་བྱའོ། །ཤིང་ཚ་སུག་སྨེལ་ཚ་བ་གསུམ། །རྒུན་འབྲུ་པི་པི་ལིང་རྩ་བ། །མ་ནུ་འབྲས་ཡོས་གླ་སྒང་དང༌། །ཟུར་པ་དཀར་དང་ར་སྣ་དང༌། །སྐྱུ་རུ་ར་དང་བ་རུ་ར། །ཁ་ར་སྦྲང་རྩི་ཞུན་མར་སྦྱར། །ལྡེ་གུས་སྙིང་ནད་ལུད་པ་སེལ། །ཞེས་བྱ་བ་ལ། ཤིང་ཚ་ལ་སོགས་པའི་སྨན་ལྡེ་གུར་སྦྱར་བ་ནི་སྙིང་ནད་ལ་སོགས་པའི་ལུད་པ་སེལ་བ་ཡིན་ནོ། །མངར་བའི་སྨན་དང་སྲོག་ཆགས་ནི། །སྐམ་སའི་ཤ་དང་ནས་དང་ནི། །ཁྲེ་དང་ཁྲེ་རྒོད་མུངྒ་སོགས། །ཡུ་ཤ་དང་ནི་ཚོད་མ་དང༌། །ཁ་བ་ཚད་ལྡན་སྦྱར་ལྡེ་གུ། །ཁ་བ་དང་ནི་སྦྲང་རྩིར་བཅས། །བད་ཀན་ཤས་ཆེའི་ནད་ལ་ཕན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བའི་ལུད་པ་ལ་ནི་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་དང༌། སྨན་མངར་པོ་རྒུན་འབྲུ་དང༌། བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང༌། ནད་ལ་སོགས་པའི་ཚད་དང་ལྡན་པར་སྦྱར་བ་བྱིན་ན་ཕན་ལ། དེ་བཞིན་དུ་པུ་ཤེལ་ཙེ་ལ་སོགས་པའི་ཁུ་བ་དང༌། མོན་སྲན་མུངྒ་ཞེས་བྱ་བ་མོན་སྲན་སྡེའུ་ཡུ་ཤ་ལ་སོགས་པའི་ཚོད་མ་དང༌། དེ་བཞིན་དུ་སྨན་ཁ་བ་དང༌། སྦྲང་རྩི་དང་བཅས་པ་ཕན་པ་ཡིན་ནོ། །བད་ཀན་ཤས་ཆུང་སཱ་ལུ་དང༌། །དྲུག་ཅུ་པའི་ཆན་ཤ་ཁུ་ཕན། །ཞེས་བྱ་བ་ལ། བད་ཀན་ཤས་ཆུང་བའི་མཁྲིས་པའི་ལུད་པ་ལ་ནི་འབྲས་སཱ་ལུ་དང༌། འབྲས་དྲུག་ཅུ་པའི་སྨན་ཤ་ཁུ་དང་བཟའ་བ་ཕན་ནོ། །བཏུང་བར་ཁ་རའམ་རྒུན་ཆུ་འམ། །བུ་རམ་ཤིང་ཁུ་འམ་འོ་མ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པ་ལ་བཏུང་བ་ནི་ཁར་དང་རྒུན་འབྲུ་བསྲེས་པའི་ཆུ་བླུད་ན་ཕན་ནོ། །དེ་བཞིན་དུ་རྒུན་འབྲུ་དང་བུ་རམ་ཤིང་གི་ཁུ་བ་སྦྱར་བ་བླུད་པའམ་འོ་མ་བླུད་པ་ཕན་ནོ། །མཁྲིས་པའི་ལུད་པར་ར་


DTG201_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མཉེ་བ། །བྲི་ཧ་ཏི་གཉིས་མེ་ད་གཉིས། །བ་ཙ་ཀ་དང་ལི་དོང་གྲ། །ཤ་ཁུ་དང་ནི་འོ་མ་འམ། །ཐུག་པའམ་ཡུ་ཤར་སྦྱར་ཏེ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་ར་མཉེ་བ་ལ་སོགས་པའི་སྨན་དང་སྦྱར་བའི་ཤ་ཁུ་བླུད་ན་ཕན་ནོ། །རྒུན་འབྲུ་དང་ནི་པི་པི་ལིང། །རྩ་ཡི་རྩ་བ་ལྔར་བཤད་དང༌། །ཆུར་བསྐོལ་བ་ཡི་ཁུ་བ་དང༌། །དེ་དང་འོ་མ་བསྐོལ་ཏེ་བསྒྲངས། །སྦྲང་རྩི་ཁ་རར་བཅས་པ་བླུད། །ཡང་ན་དེ་ཡིས་ཐུག་པ་བསྐོལ། །ལེགས་བསྐོལ་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་རྒུན་འབྲུ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ལེགས་པར་བསྒྲངས་པ་ལ་སྦྲང་རྩི་དང་ཁ་རར་བཅས་པའམ། ཐུག་པ་བླུད་པར་བྱའོ། །ཟུར་པ་དང་ནི་བ་ལེ་ཀ །ཁ་ར་བཅའ་སྒ་བྲི་ཧ་ཏི། །བཏགས་པའི་ཁུ་བ་རས་ཀྱིས་བཙགས། མར་དང་བསྲེས་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། ཟུར་པ་ལ་སོགས་པའི་སྨན་ཆུ་བཏགས་སུ་བྱས་ལ། དེའི་ཁུ་བ་རས་ཀྱིས་བཙགས་ཏེ་ཞུན་མར་དང་བསྲེས་ཏེ་བླུད་ན་ཡང་མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །ཁ་ར་དང་ནི་ཛི་བ་ཀ །མུངྒ་མ་ཤ་པརྞི་དང༌། །བྱི་ཚེར་བ་ནི་ལྡེ་གུར་བྱས། །མར་དང་འོ་མ་བརྒྱད་འགྱུར་བསྐོལ། །དེ་བཏུང་བཟའ་དང་བལྡག་པ་དང༌། །སྦྱར་བས་མཁྲིས་པའི་ལུད་པ་སེལ། །ཞེས་བྱ་བ་ལ། ཤ་ཁ་ར་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་ལ་མར་ཇི་ཙ་ཡོད་པའི་བརྒྱད་འགྱུར་གྱི་འོ་མ་དང་བསྲེས་པའི་ནང་དུ་བསྐོལ་ལ། མར་དེ་བཏུང་བ་ལ་སོགས་པ་དང་སྦྱར་ན་མཁྲིས་པའི་ལུད་པ་སེལ་བར་འགྱུར་རོ། །འདི་དག་ཕྱེ་མའི་ལྡེ་གུ་འམ། །བསྐོལ་བའི་ཁུ་བ་བླུད་པར་བྱ། །ཞེས་བྱ་བ་ལ། སྨན་མར་གྱི་སྦྱོར་བར་སྨོས་པའི་སྨན་བཤད་མ་ཐག་པའི་འདི་དག་གི་ཕྱེ་མ་ལྡེ་གུར་བྱར་ཡང་རུང་སྟེ། དེ་དག་ཀྱང་སྦྲང་རྩི་དང་ལྡེ་གུར་བྱའོ། །ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །ཡང་ན་སྨན་འདི་དག་བསྐོལ་བའི་ཁུ་བ་བླུད་ན་ཡང་ནད་དེ་དག་ལ་ཡང་ཕན་པར་འགྱུར་རོ། །བད་ཀན་ལུད་ཅན་གྱིས་དང་པོར། །ཐང་ཤིང་བསྲེགས་ནས་གཟགས་པའི་སྣུམ། །བ་ཤ་ཀ་དང་ནས་ཚིག་འཁུས། །


DTG201_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བའི་ཕྱེ་མ་བཏབ་པ་གཏང༌། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པ་དང་ལྡན་པའི་མི་ནི་དང་པོར་ཐང་ཤིང་བསྲེགས་ནས་དེའི་སྣུམ་གཟགས་སུ་བཅུག་པ་གང་ཡིན་པ་དང༌། བ་ཤ་ཀ་དང་ནས་ཚིག་འཁུས་པའི་ཐལ་བའི་ཕྱེ་མ་བཏབ་པ་དེ་གཏང་བར་བྱའོ། །སྣུམ་བཅས་བཀྲུ་སྨན་གྱིས་སྟེང་དང༌། །འོག་དང་སྤྱི་བོར་ཅི་རིགས་པར། །ཉམས་སྟོབས་ལྡན་བཀྲུ་སྨན་རྣོ་གཏང༌། །ཞེས་བྱ་བ་ལ། སྣུམ་དེས་སྣུམ་གྱི་ཆོ་ག་བྱས་པའི་ནད་པ་ལ་བཀྲུ་སྨན་བཏང་སྟེ་སྟེང་དང་འོག་དང་སྤྱི་བོ་སྟེ་ལན་གསུམ་ནས་ཅི་རིགས་པར་ནད་ལ་སོགས་པའི་ཚུལ་ལས་ལྟོས་ལ་བཀྲུ་སྨན་གཏང་བར་བྱ་སྟེ། སྟེང་དུ་ནི་སྐྱུག་སྨན་གྱིས་སློན་བར་བྱ་བ་དང༌། སྤྱི་བོར་སྣ་ནས་བཀྲུ་སྨན་གཏང་བ་དང༌། འོག་ནས་ནི་བཀྲུ་སྨན་བཏང་སྟེ་གསུམ་ཆར་ཡང་ནད་སྦྱོང་བར་བྱེད་པས་ནི་བཀྲུ་སྨན་ཞེས་བྱའོ། །དེ་དག་གིས་ཀྱང་སྐྱེས་བུ་ཉམས་སྟོབས་དང་ལྡན་པ་དག་ལ་ཁྲུས་བྱའི། ཉམས་སྟོབས་ཆུང་བ་དག་ལ་ནི་མ་ཡིན་ནོ། །ཐུག་པ་སོགས་ཀྱང་འདི་ལ་བླུད། །ནས་དང་མུངྒ་རྒྱ་སྲན་ཟས། །རྩུབ་དྲོ་ན་ལེ་ཤམ་གྱིས་ཚ། །ཀ་ས་མརད་བར་དག །བྱ་ཀྲི་ཡ་བཀྵ་ར་དང༌། །པི་པི་ལིང་དང་བཅས་པ་སྦྱིན། །སྐམ་ས་ཁུང་གནས་ཤ་ཁུ་སྣུམ། །ཏིལ་དང་ཡུངས་ཀར་བིལ་བའི་སྣུམ། །སྦྱར་བའི་ཐུག་པ་སྦྱིན་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་སློན་ཁྲུས་བྱས་པའི་བད་ཀན་ལས་གྱུར་པའི་ལུད་པ་ཅན་ལ་ཐུག་པ་ལ་སོགས་པའི་རིམ་པ་བླུད་པར་བྱའོ། །དེ་ནས་ནས་ལ་སོགས་པ་ལས་གཟགས་པའི་རྩུབ་པ་དང་དྲོ་བ་དང༌། ན་ལེ་ཤམ་ལ་སོགས་པའི་སྨན་གྱིས་ཆ་ཞིང་རྣོ་བར་བྱས་པ་དང༌། ཀ་ས་མརད་ལ་སོགས་པའི་ཚོད་མ་དང་ལྡན་པ་དང༌། དེ་བཞིན་དུ་སྐམ་ས་དང་ཁུང་ན་ཡོད་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུའི་སྣུམ་དང་ཏིལ་ལ་སོགས་པ་ལས་སྨན་སྦྱར་བའི་ཐུག་པ་སྦྱིན་པར་བྱའོ། །སྐོམ་ན་རྩ་བ་བཅུ་བསྐོལ་ཆུ། །ཆུ་ཚན་ཆང་ངམ་སྦྲང་ཆུ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པ་ཅན་དེ་སྒོམ་པར་གྱུར་ན་རྩ་བ་བཅུ་བསྐོལ་བའི་ཆུ་བླུད་པའམ། ཡང་ཆུ་འབའ་ཞིག་བསྐོལ་བའི་ཆུ་ཚན་མང་ལ་གོམས་པའི་ཆང་རྙིང་བླུད་


DTG201_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཡང་ན་སྦྲང་རྩི་དང་སྦྱར་བའི་ཆུ་བླུད་པར་བྱའོ། །དོང་ག་མ་ནུའི་རྩ་བ་དང༌། །པ་ཏོ་ལ་ཡི་རྩ་བར་བཅས། །ནུབ་གཅིག་ཆུར་སྦངས་སྦྲང་རྩི་བཏབ། །ཟས་དུས་གསུམ་མམ་ནང་པར་བླུད། །ཅེས་བྱ་བ་ལ། ཡང་དོང་ག་ལ་སོགས་པའི་སྨན་ནུབ་གཅིག་ཆུར་སྦངས་ལ་སྦང་རྩི་བཏབ་སྟེ་ནང་པར་བཏུང་བའི་ཟས་ཟ་བའི་དུས་གསུམ་པོ་ཟས་ཀྱི་ཐོག་མ་དང༌། ཟས་ཀྱི་བར་དང༌། ཟོས་པའི་མཐའ་མ་སྟེ་གསུམ་ཆར་དུ་ཡང་བླུད་པར་བྱའོ། །པི་པི་ལིང་དང་དེ་རྩ་བ། །བཅའ་སྒ་དང་ནི་བ་རུ་ར། །རྨ་བྱ་ཁྱིམ་བྱའི་མཇུག་སྒྲོ་ནི། །སྣག་ཆེར་བྱས་དང་ནས་ཚིག་ཐལ། །བི་ཤ་གླ་སྒང་པི་པི་ལིང༌། །དུར་བྱིད་སྦྲང་རྩིར་སྦྱར་བ་སྟེ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་ལྡེ་གུ། །གསུམ་པོ་བད་ཀན་ལུད་པ་སེལ། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་རྫོགས་པར་བྱས་པའི་ལྡེ་གུ་གསུམ་པོ་སྦྲང་རྩི་དང་སྦྱར་བ་བྱིན་ན་བད་ཀན་གྱི་ལུད་པ་སེལ་བར་འགྱུར་རོ། །རྨ་བྱ་དང་ཁྱིམ་བྱའི་མཇུག་སྒྲོའི་སྣག་ཚ་ནི་དེ་གཉིས་བསྲེགས་པ་ལས་སྣག་ཚ་ལྟར་ནག་པོར་བྱས་པའོ། །ནས་ལས་བྱས་པའི་ཐལ་བ་ཡིན་པས་ན་ནས་ཚིག་ཐལ་བའོ། །སྦྲང་རྩི་ན་ལེ་ཤམ་སྦྱར་བ་ལྡག །ཨ་ཀ་རུ་སྦྲང་རྩི་ཉིད་ཀྱིས། །ཀཎྜ་ཀ་རི་བར་ཏ་ཀ །བྲིང་ག་ར་ཛའི་ཁུ་བ་དང༌། །ཀ་ས་མརད་རྟ་སྦངས་བ་ཙིར། །ཁུ་བའམ་བྱེའུ་རུག་ནག་པོའི་ཁུ། །སྦྲང་རྩི་སོ་སོར་སྦྱར་བ་བལྡག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པ་ལ་ནི་སྦྲང་རྩི་དང་ན་ལེ་ཤམ་སྦྱར་ཏེ་ལྡེ་གུར་བྱས་པ་བལྡག་པའམ། ཨ་ཀ་རུའི་ཕྱི་མ་སྦྲང་རྩི་དང་སྦྱར་ཏེ་བལྡག་པའམ། དེ་བཞིན་དུ་ཀཎྜ་ཀ་རིའི་ཁུ་བ་དང༌། བར་ཏ་གའི་ཁུ་བ་དང༌། བྲིང་ག་ར་ཛའི་ཁུ་བ་དང༌། ཀ་ས་མར་དའི་ཁུ་བ་དང༌། རྟ་སྦངས་ཀྱི་ཁུ་བ་དང༌། བྱེའུ་རུག་པ་ནག་པོའི་ཁུ་བ་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ་བལྡག་པར་བྱའོ། །ཐང་ཤིང་ཟུར་པར་སྣ་དང༌། །བྱི་ཚེར་ཀར་ཀ་ཏ་སྲིང་གི །གླ་སྒང་བཅའ་སྒ་པི་པི་ལིང༌། །ཁ་ར་ཨ་རུ་སྐྱུ་རུ་ར། །འབྲས་ཡོས་ཁ་ར་དཀར་པོ་དང༌། །སྐྱུ་རུ་ར་ཡི་པགས་པ་རྣམས། །སྦྲང་རྩི་ཏིལ་མར་སྦྱར་ལྡེ་གུ། །གསུམ་པོ་རླུང་


DTG201_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་བད་ཀན་སེལ། །ཞེས་བྱ་བ་ལ། རླུང་ནད་འདྲེས་ཤིང་རྗེས་སུ་འབྲེལ་བའི་བད་ཀན་གྱི་ལུད་པ་ལ་ནི་ལྡེ་གུ་གསུམ་པོ་སྦྲང་རྩི་དང་ཏིལ་མར་གཉིས་དང་སྦྱར་ཞིང་བསྲེས་པ་གཏང་བར་བྱ་ལ། སྨན་ནི་ཐང་ཤིང་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་རྫོགས་པར་བྱས་པའི་མཚན་གསུམ་དང་སྦྱར་བར་བྱའོ། །སྐྱུ་རུ་རའི་པགས་པ་ནི་སྐྱུ་རུ་ར་བཟང་པོ་སྐམས་པར་གྱུར་པའི་པགས་པ་ལྟར་འཆུས་པ་ལ་བྱའོ། །སེའུ་འབྲུ་སྲང་གཉིས་བུ་རམ་ནི། །སྲང་བརྒྱད་ཚ་བ་གསུམ་སྲང་རེས། །སྐད་སྙན་དྲོད་སྐྱེད་ཡི་ག་འབྱེད། །ལུད་པ་དབུགས་མི་བདེ་ཆམ་སེལ། །ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་བཙིར་བ་སྲང་གཉིས་དང༌། བུ་རམ་སྲང་བརྒྱད་དང༌། ཚ་བ་གསུམ་སྲང་རེ་རེ་སྟེ། སྲང་བཅུ་གསུམ་པོ་འདི་དག་བསྲེས་ལ་ཕྱེ་མར་བྱས་པ་ནི། སྐད་སྙན་པར་བྱེད་པ་ནས་ཆམ་བསེལ་བའི་བར་དུ་བྱེད་དོ། །བུ་རམ་ཡ་བཀྵ་ར་དང༌། །ན་ལེ་ཤམ་དང་པི་པི་ལིང༌། །སེའུ་འབྲུ་རིམ་གྱིས་སྲང་གཉིས་དང༌། །ཞོ་རེ་སྲང་ཕྱེད་ཙམ་དུ་སྦྱར། །ལུད་པ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། བུ་རམ་སྲང་གཉིས། ཡ་བཀྵ་ར་ཞོ་གཅིག །པི་པི་ལིང་དང་ན་ལེ་ཤམ་ཞོ་རི། སེའུ་འབྲུ་སྲང་གཅིག་ཏུ་བྱས་པ་ཕྱེ་མར་སྦྱར་བ་དེས་ནི་ལུད་པ་དང་དབུགས་མི་བདེ་བ་སེལ་བར་བྱེད་དོ། །རིམས་ཀྱི་སྐབས་བཤད་ཨ་རུ་ར། །སོགས་དང་ཀ་ར་ཀ་ཏ་སྲིང་གི །བསྐོལ་བའི་ཁུ་བ་བླུད་པར་བྱ། །ཞེས་བྱ་བ་ལ། རིམས་ཀྱིས་སྐབས་སུ་བཤད་པའི་སྨན་གླ་སྒང་དང༌། ཨ་རུ་ར་དང་འུ་སུའི་འབྲས་བུ་ལ་སོགས་པ་དང༌། ཀར་ཀ་ཏ་སྲིང་གི་དང་བཅས་པའི་ཁུ་བ་བླུད་ན་ཡང་ལུད་པ་སེལ་བར་བྱེད་དོ། །ཡང་ན་དུར་བྱིད་ལ་ལ་ཕུད། །གླ་སྒང་མ་ནུ་བི་ཤ་ལ། །པི་པི་ལིང་བཅས་པ་གཅིན་ནམ། །ཆུང་བསྐོལ་བ་གཅིན་ཁུད་པ་སེལ། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་ལ་སོགས་པ་སྨན་པ་གཅིན་དང་ཆོ་ག་བཞིན་བསྐོལ་བ་ལ་པི་པི་ལིང་གི་ཕྱེ་མ་བཏབ་པའམ། དུར་བྱིད་ལ་སོགས་པའི་སྨན་ཆུ་དང་བསྐོལ་ཏེ། པི་པི་ལིང་གི་ཕྱེ་མ་བཏབ་པ་བླུད་ན་ཡང་བད་ཀན་ལས་གྱུར་པའི་ལུད་པ་སེལ་བར་བྱེད་དོ། །པི་པི་ལིང་ནི་ཏིལ་མར་བརྔོས། །


DTG201_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེ་གུ་ཞོ་གཉིས་ཁ་ར་ར་བཅས། །རྒྱ་སྲན་བསྐོལ་བའི་ཁུ་བར་སྦྱར། །བླུད་ན་བད་ཀན་ལུད་པ་འཇོམས། །ཞེས་བྱ་བ་ལ། པི་པི་ལིང་གི་ལྡེ་གུ་ཞོ་གཉིས་ཁ་ར་དང་བཅས་པ་ཏིལ་མར་བརྔོས་ལ་རྒྱ་སྲན་ཀུ་ལངྠ་བསྐོལ་བའི་ཁུ་བ་དང་སྦྱར་ཞི་བ་བསྐོལ་བ་བླུད་ན་བད་ཀན་ལས་གྱུར་པའི་ལུད་པ་འཇོམས་པར་བྱེད་དོ། །རྩ་བ་བཅུ་ཁུ་བྲེ་བཞི་དང༌། །མར་བྲེ་གང་དང་མ་ནུ་དང༌། །ཟུར་བ་བིལ་བ་བྱིའུ་རུག་པ། །ཤིང་ཀུན་ཚ་གསུམ་ཞོ་གཉིས་པ་སྐོལ། །བླུད་པའི་རྗེས་ལ་ཐུག་པ་བཏུང༌། །དེ་ཀུན་བད་ཀན་རླུང་ནད་འཇོམས། །ཞེས་བྱ་བ་ལ། རྩ་བ་བཅུ་པ་སྨན་བསྐོལ་བའི་ཁུ་བ་བྲེ་བཞི་མ་ནུ་ཞེས་བྱ་བ་པུཥྐར་མཱུ་ལ་ལ་སོགས་པའི་སྨན་ཞོ་གཉིས་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་དེ་བླུད་ལ། དེའི་རྗེས་ལ་ཐུག་པ་འཐུངས་ན་དེ་ཐམས་ཅད་ཀྱིས་རླུང་དང་བད་ཀན་ལས་གྱུར་བའི་ནད་འཇོམས་པར་འགྱུར་རོ། །ནིར་གུན་ཐི་ལོ་བསྐོལ་བའི་ཁུ། །མར་བསྐོལ་ལུད་པ་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ནིར་གུན་ཐི་ནི་ཤེ་ཕལ་གྱི། །ཞེས་བྱ་བ་སྟེ། དེའི་ལོ་མ་བསྐོལ་བའི་སྨན་མར་གྱིས་ནི་ལུད་པ་སེལ་བར་བྱེད་པ་ཡིན་ནོ། །བྱི་དང་ག་ཡི་ཁུ་བའི་ནང༌། །ཚ་བ་གསུམ་བཅུག་མར་བསྐོལ་ཕན། །ཞེས་བྱ་བ་ལ། བྱི་དང་ག་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་གསུམ་གྱི་ལྡེ་གུ་བཅུག་པའི་མར་གྱིས་ཀྱང་ལུད་པ་སེལ་བར་བྱེད་དོ། །བ་སྤྲུ་བ་གཉིས་བྱེའུ་རུག་པ། །ཀ་ས་མརད་སླེ་ཏྲེས་དང༌། །བ་ཏོ་ལ་དང་བྲི་ཧ་ཏི། །ཕ་ནིད་ཛ་ཀའི་ཁུ་བ་ནི། །འོ་མ་མར་དང་བཅས་པ་ལ། །ཚ་བ་གསུམ་དང་ལེགས་བསྐོལ་འཐུངས། །ལུད་པའི་རིམས་དྲག་ཟད་བྱེད་དང༌། །གཞང་འབྲུམ་ནད་ཀྱི་འཇིགས་པ་མེད། །ཅེས་བྱ་བ་ལ། བ་སྤྲུ་བ་སིན་ཏི་ཀ་དང༌། པར་ཤ་པུ་ཤེལ་བྱ་བ་རྩ་བ་དཀར་པོ་ཅན་དང༌། མེ་ཏོག་དཀར་པོ་གཉིས་ནི་བུ་ན་རྣ་བ་རྣམ་གཉིས་ཏེ། དེ་ནི་བ་སྤྲུ་བ་གཉིས་ཡིན་ཏེ། དེ་གཉིས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང་བཅུག་ལ་པི་པི་ལིང་དང་ན་ལེ་ཤ་མ་དང་བཅའ་སྒ་གསུམ་གྱི་ལྡེ་གུ་བཅུག་སྟེ་བསྐོལ་བའི་སྨན་མར་འཐུངས་ན་ལུད་པ་ལ་སོགས་པའི་ནད་ཀྱི་འཇིགས་པ་མེད་དོ། དེ་ལས་འབྱུང་བར་མི་འགྱུར་རོ། །ཀཎྜ་ཀ་རིའི་རྩ་


DTG201_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། །འབྲས་བུ་ལོ་མར་བཅས་པ་ཡི། །ཁུ་བ་བྲེ་བཞིའི་ཚད་ལ་ནི། །མར་བྲེ་གང་དང་བ་ལ་དང༌། །ཚ་བ་གསུམ་དང་བྱི་ཏང་ཀ །ཤུ་དག་དང་ནི་སེའུ་འབྲུ་དང༌། །ཁ་རུ་ཚ་དང་ནས་ཚིག་ཐལ། །པི་པི་ལིང་གི་རྩ་བ་དང༌། །སྐྱུར་རུ་ར་དང་མ་ནུ་དང༌། །བྲི་ཤི་བ་དང་བྲི་ཧ་ཏི། །ཨ་རུ་ར་དང་ཡ་བ་ཏི། །ཀྲུ་ཏྲུག་ཏྲེས་དང་རྒུན་འབྲུ་དང༌། །དབྱི་མོ་བྱི་ཚེར་བར་ཤ་པུ། །སྟར་བུ་ཀར་ག་ཏ་སྲིང་གི །ཏམ་ལ་གི་ག་བྲའི་རྩ། །ར་སྣ་གཟེ་མའི་ལྡེ་གུ་དང༌། །བསྐོལ་བའི་མར་དེས་ལུད་ཀུན་དང༌། །སྐྱིགས་བུ་དབུགས་མི་བདེ་ལའང་ཕན། །ཀཎྜ་ཀ་རིའི་སྨན་མར་འདི། །བད་ཀན་ནད་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། གཎྜ་ཀ་རིའི་རྩ་བ་དང་འབྲས་བུ་དང་ལོ་མར་བཅས་པ་བསྐོལ་བའི་ཁུ་བ་བྲེ་བཞིའི་ནང་དུ་མར་བྲེ་གང་བཅུག་ལ། བ་ལ་དང༌། ཚ་བ་གསུམ་ལ་སོགས་པའི་སྨན་ལྡེ་གུའི་ཚད་ཀྱིས་སྤྱིར་མར་གྱི་བཞི་ཆ་གཅིག་བཅུག་ལ་བསྐོལ་བའི་སྨན་མར་དེས་ནི་ལུད་པ་ལ་སོགས་པ་ལྔ་པོ་ཀུན་དང༌། སྐྱིགས་བུ་ལྔ་དང་དབུགས་མི་བདེ་བ་ལྔ་པོ་སྔར་བཤད་པ་ལ་ཕན་པ་ཡིན་ནོ། །འདིར་ཆུ་སྲང་ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་བཅུག་ལ། ཚ་བ་གསུམ་ལ་སོགས་པའི་ལྡེ་གུ་མར་གྱི་བཞི་ཆ་གཞུག་པར་བྱའོ། །མ་ནུ་ནི་པུཥྐ་ར་མཱ་ལའོ། །བྲི་ཤི་ལྕི་བ་ནི་བ་སྦྲུ་བ་རྩ་བ་དཀར་པོ་ཅན་ནོ། །ཡང་བ་ནི་ལ་ལ་ཕུད་དོ། །ཀྲུ་ཏྲུག་ཏྲེས་ནི་ཙི་ཏྲ་ཀའོ། །དབྱི་མོ་ནི་རྩ་བ་ལ་བྱའོ། །བྱི་ཚེར་བ་ནི་དུར་ལ་ཝ་པའོ། །བར་ཤ་པུ་ནི་བ་སྤྲུ་བ་མེ་ཏོག་དམར་པོ་ཅན་ནོ། །སྟར་བུ་ནི་ཨཾ་ལ་ཙེ་ཏ་སེའོ། །ཏ་མ་ལ་གི་ནི་ཨ་ཛ་ཏའོ། །ག་བྲའི་རྩ་བ་ནི་བར་གྱིའོ། །གཟེམ་ནི་གོ་ཀྵ་རའོ། །བྱ་ཀྲི་སྲང་བརྒྱད་བརྡུངས་ཆུ་སྲང༌། །ཉིས་སྟོང་བཞི་བཅུ་བརྒྱད་ནང་བསྐོལ། །བཙགས་པར་ཚ་བ་གསུམ་ར་སྣ། །སླེ་ཏྲེས་ཀྲུ་ཏྲུག་ཕྱེ་མ་དང༌། །ཀར་ཀ་ཏ་སྲིང་ག་བྲའི་རྩ། །གླ་སྒང་པི་པི་ལིང་རྩ་བ། །བྱི་ཚེར་བ་རྣམས་སྲང་ཕྱེད་ཕྱེད། །ཞུན་མར་སྲང་ནི་བཅུ་དྲུག་དང༌། །ཁར་དཀར་པོ་སྲང་བཞི་བཅུ། །སླར་ཡང་དེ་ནི་བསྐོལ་བར་བྱ། །གཟར་བུ་ལ་ཆགས་བསྒྲངས་ན་ནི། །བི་བི་ལིང་དང་སྨིག་རྒང་དང༌། །སྦྲང་རྩི་རྙིང་བ་དག་ལས་ནི། །


DTG201_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ནི་བརྒྱད་བརྒྱད་གཞུག་པར་བྱ། །ལྡེ་གུ་འདིས་ནི་སྙིང་ནད་སྐྲན། །གཞན་འབྲུམ་ལུད་དབུགས་མི་བདེ་སེལ། ཞེས་བྱ་བ་ལ། བྱ་ཀྲི་ཞེས་བྱ་བ་ཀཎྜ་ཀ་རི་སྲང་བརྒྱད་བརྡུངས་པ་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་རས་ཀྱི་ཚགས་ཀྱིས་བཙགས་པ་ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་སྲང་ཕྱེད་ཕྱེད། ཞུན་མར་སྲང་བཅུ་དྲུག་བཅུག་ལ། དེའི་འོག་ཏུ་ཁ་ར་དཀར་པོ་སྲང་བཞི་བཅུ་བཅུག་ལ་དེ་ཡང་བསྐོལ་ལ་གཟར་བུས་དཀྲུགས་པས་ན་ལྡེ་གུ་སྟེ་གཟར་བུ་ལ་ཆགས་པར་འགྱུར་བ་དང༌། པི་པི་ལིང་སྲང་བརྒྱད་དང༌། སྨིག་རྐང་སྲང་བརྒྱད་དང༌། སྦྲང་རྩི་རྙིང་པ་སྲང་བརྒྱད་གཞུག་པར་བྱའོ། །དེ་ལྟ་བུའི་ལྡེ་གུར་སྦྱར་བ་འདིས་ནི་སྙིང་ནད་དང་སྐྲན་ལ་སོགས་པ་སེལ་བར་བྱེད་དོ། །བད་ཀན་ཞི་བ་དུད་པ་བརྔུབ། །ཤས་ཆེར་སྦྱངས་པའི་དུད་པ་བརྔུབ། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པ་ལ་ཞི་བར་བྱ་བའི་དུད་པ་བརྔུབ་པའི་ཆོ་གའི་སྐབས་སུ་བཤད་པ་བརྔུབ་པར་བྱ་ལ། གང་གི་ཚེ་བད་ཀན་གྱི་ཤས་ཆེ་བ་དེའི་ཚེ་སྦྱངས་པའི་དུད་པ་བརྔུབ་པར་བྱ་སྟེ། སྦྱངས་པ་ཞེས་བྱ་བ་ནི་བཀྲུ་སྨན་དུ་བྱ་བ་སྟེ། དེ་ཡང་དུད་པ་བརྔུབ་པའི་ཆོ་གའི་སྐབས་སུ་བསྟན་པ་ཡིན་ནོ། །ལྡོང་རོས་བ་བླ་ཤིང་མངར་དང༌། །སྤང་སྤོས་གླ་སྒང་ཨི་གུ་དའི། །ཤུན་ལྤགས་དུ་བ་ལུད་འཇོམས་པའི། །ཆོགས་དུད་པ་བརྔུབས་ནས་ནི། །མཆིལ་མང་མཐར་ནི་བུ་རམ་བཅས། །འོ་མ་འཐུངས་པའི་དུད་བརྔུབས་དེས། །རླུང་དང་བད་ཀན་ཤས་ཆེ་བའི། །ལུད་པ་རྙིང་པའང་མྱུར་དུ་སེལ། །ཞེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་སྨན་སྦྱར་བའི་དུད་པ་ལུད་པ་འཇོམས་པའི་ཆོ་གར་བཤད་པའི་ཚུལ་དུ་དུད་པ་བརྔུབས་པ་ལས་མཆིལ་མ་མང་པོ་འབྱུང་བའི་མཐར་ཡང་བུ་རམ་དང་འོ་མ་དྲོ་འཇམ་འཐུངས་ན་དུད་པ་བརྔུབས་པ་དེས་ནི་རླུང་ནད་བད་ཀན་གྱི་ཤས་ཆེ་བའི་ལུད་པ་རྙིང་བ་དེ་ཡུན་རིང་དུ་ལོན་པ་ཡང་མྱུར་བ་ཉིད་དུ་སེལ་བར་བྱེད་དོ། །བད་ཀན་ལུད་པ་མུན་ཞུགས་སྙམ། །གལ་ཏེ་མཁྲིས་པ་རྗེས་འབྲེལ་ལ། །དེར་ནི་གནས་སྐབས་ཇི་བཞིན་དུ། །མཁྲིས་པའི་ལུད་གསོའི་སྦྱོར་བ་བྱ། །ཞེས་བྱ་བ་ལ། བད་ཀན་


DTG201_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུད་པ་མཁྲིས་པ་དང་རྗེས་སུ་འབྲེལ་པས་མུན་པར་ཞུགས་པ་སྙམ་པ་དེ་ལ་མཁྲིས་པའི་ལུད་པ་གསོ་བའི་སྦྱོར་བ་འདི་ཉིད་ནས་བཤད་པ་དག་གནས་སྐབས་ཇི་ལྟ་བ་བཞིན་དུ་སྦྱར་ཞིང་གཏད་བར་བྱའོ། །རླུང་ནི་བད་ཀན་འབྲེལ་བ་ལ། །བད་ཀན་ནས་སལ་བའི་བྱ་བ་བྱ། །ཞེས་བྱ་བ་ལ། རླུང་གི་ལུད་པ་བད་ཀན་དང་རྗེས་སུ་འབྲེལ་པ་ལས་བད་ཀན་གྱི་ལུད་པ་བསལ་བའི་ཐབས་སྔར་ཇི་སྐད་བཤད་པ་དག་བྱའོ། །མཁྲིས་པ་དང་འབྲེལ་རླུང་བད་ཀན། །ལུད་པར་མཁྲིས་པ་བསལ་བར་བྱ། །ཞེས་བྱ་བ་ལ། འཁྲིས་པ་དང་རྗེས་སུ་འབྲེལ་བའི་རླུང་དང་བད་ཀན་གྱི་ལུད་པ་ལ་ནི། མཁྲིས་པ་གསོ་བ་སྔར་ཇི་སྐད་སྨོས་པ་དག་བྱའོ། །རླུང་དང་བད་ཀན་བདག་ཉིད་སྐམ། །གཤེར་ལ་སྣུམ་དང་རྩུབ་ཆོས་བྱ། །ལུད་པ་བད་ཀན་ལས་གྱུར་པ། །མཁྲིས་བར་བཅས་པ་ཁ་བས་གསོ། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་སྐམ་ཞིང་བད་ཀན་གྱི་ལུད་པ་ལྗན་ལྗིན་མེད་པ་ལ་སྣུམ་ཆོས་ཀྱི་བྱ་བའི་ལས་ཀྱིས་གསོལ། རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་གཤེར་ཞིང་ལྗན་ལྗིན་དང་བཅས་བ་ལ་ནི་རྩུབ་ཆོས་སུ་བྱས་པའི་ལས་ཀྱིས་གསོ་བར་བྱའོ། །བད་ཀན་ལས་གྱུར་པའི་ལུད་པ་མཁྲིས་པ་དང་རྗེས་སུ་འབྲེལ་པ་ལ་ནི་སྨན་ཁ་བ་དང་ལྡན་པ་སྦྱོར་བས་གསོ་བར་བྱའོ། །གློ་ནད་འགྲམས་ལ་འཕྲལ་དུ་ནི། །རྒྱ་སྐྱེགས་སྦྲང་རྩིའི་འོ་མ་བླུད། །ཞུ་ནས་སཱ་ལུའི་འབྲས་ཆན་ནི། །འོ་མཁར་ར་བཅས་པ་བཟའ། །ཞེས་བྱ་བ་ལ། གློའི་ནད་འགྲམས་ཤིང་རྡོལ་བར་གྱུར་པ་འཕྲལ་དུ་དེ་ཉིད་ཀྱི་ཚེ་བྱུང་བར་གྱུར་ན། དེ་ལ་རྒྱ་སྐྱེགས་འོ་མ་དང་སྦྲང་རྩིར་བཅས་པ་བླུད་པར་བྱ་སྟེ། གློ་འགྲམས་པ་འབྱོར་པ་ནི་རྒྱ་སྐྱེགས་གཙོ་བོར་གྱུར་པ་ཡིན་ལ། རྒྱ་སྐྱེགས་སྦྲང་རྩི་དང་འོ་མའི་སྨན་དེ་ཞུ་བར་གྱུར་ནས། སཱ་ལུའི་འབྲས་འོ་མ་དང་ཁ་ར་དང་བཅས་པ་བཟའ་བར་བྱའོ། །རྩིབ་ལོགས་ཆུ་སོན་བཅས་ཏེ། །མཁྲིས་དྲོད་ཤས་ཆུང་ཆང་སྦྱར་བཏུང༌། །ཞེས་བྱ་བ་ལ། གློ་འགྲམས་པའི་རྩིབ་ལོགས་དང་ཆུ་སོ་ན་བ་དང་བཅས་ཤིང་མཁྲིས་པ་དང་ཁོང་པའི་མེ་དྲོད་ཤས་ཆུང་བ་ཡིན་ནོ། རྒྱ་སྐྱེགས་དེ་ཆང་དང་སྦྱར་ལ་བཏུང་བར་བྱའོ། །བཤང་འཁྲུ་གླ་


DTG201_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་བོང་ང་དཀར། །པ་ཏ་དུག་མོ་ཡུངས་བཅས་བཏུང༌། །ཞེས་བྱ་བ་ལ། བཤང་བ་འཁྲུ་ཞིང་སླ་བར་གྱུར་པ་ན་སྐྱེགས་དེ་གླ་སྒང་ལ་སོགས་པའི་སྨན་དང་བཅས་པའི་ཆུ་བཏུང་བར་བྱའོ། །རྒྱ་སྐྱེགས་ཞུན་མར་སྦྲང་རྩི་དང༌། །འཚོ་བྱེད་སྡེ་ཚན་ཁ་ར་དཀར། །སྨིག་རྐང་ཁ་ར་མཉམ་འོ་མར། །བསྐོལ་བ་མེ་དོད་ཆེ་ལ་བླུད། །ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་སྨན་ཆ་མཉམ་པར་བྱས་བའོ། །མར་བསྐོལ་བ་ནི་ཁོང་པའི་མེ་དྲོད་ཆེ་བའི་ནད་ལ་བླུད་བར་བྱའོ། །འཚོ་བྱེད་ཀྱི་སྡེ་ཚན་ནི་ཛི་བན་ཏི་དང་ར་མཉེ་བ་ལ་སོགས་པ་སྐྱུག་སྨན་ལ་སོགས་པའི་སྡེ་ཚན་གྱི་ནང་དུ་བཤད་པའོ། །སྨིག་རྐང་ནི་དུ་ཀྵི་རའོ། །བུ་རམ་ཤིང་དང་པདྨའི་ཚིགས། །པདྨ་གེ་སར་ཙནྡན་དམར། །འོ་མར་བསྐོལ་བ་སྦྲང་རྩིར་བཅས། །གློ་འགྲམས་འབྱོར་བར་བྱ་ཕྱིར་བླུད། །ཅེས་བྱ་བ་ལ། བུར་མ་ཤིང་ལ་སོགས་པའི་ཁུ་བ་སྦྲང་རྩི་དང་བཅས་པ་གློ་འགྲམས་པའི་རྡོལ་བ་འབྱོར་བར་བྱེད་པའི་ཕྱིར་བླུད་པར་བྱའོ། །ནས་རྗེན་ཕྱེ་ནི་འོ་མ་རུ། །བཙོས་ཏེ་མར་དང་སྦྱར་བའམ། །ཁ་ར་སྦྲང་རྩི་འོ་མ་ཕྱེའི། །སྐྱོ་མ་རིམས་ཚད་ལྡན་ལ་བླུད། །ཅེས་བྱ་བ་ལ། ནས་རྗེན་པ་མེ་མ་ལམ་བརྡོས་པའི་ཕྱེ་འོ་མར་བཙོས་ཏེ་ཐུག་པ་ལྟ་བུར་བྱས་ལ་མར་དང་ཀུན་ཏུ་སྦྱར་བ་ནི་རིམས་ཀྱི་ཚ་བ་དང་ལྡན་པའི་གློ་འགྲམས་པ་ལ་སྦྱིན་པར་བྱའོ། །ཡང་ན་ཁ་ར་དང་སྦྲང་རྩི་དང་འོ་མ་ཕྱེ་དང་སྐྱོ་མར་བྱས་པ་བླུད་པར་བྱའོ། །ལུད་པ་ཅན་ལ་སྨན་མངར་དང༌། །བསྐོལ་བའི་ཞུན་མར་བླུད་པར་བྱ། །ཞེས་བྱ་བ་ལ། ལུད་པ་ཞེས་བྱ་བ་འདིར་གནས་སྐབས་ཀྱིས་ན་གློ་རྡོལ་བའི་ལུད་པ་ཅན་ལ་བྱ་སྟེ། དེ་ལ་སྨན་མངར་བ་ཞེས་བྱ་བ་རྒུན་འབྲུ་དང་ཤིང་མགར་དང་མ་དུ་ཀ་ལ་སོགས་པ་མངར་བའི་སྡེ་ཚན་དུ་བསྟན་པའི་ཕྱིར་བཤད་པའི་སྨན་དང་བསྐོལ་བའི་ཞུན་མར་བླུད་པར་བྱའོ། །ཡང་ན་བུ་རམ་ཆུ་བསྐོལ་བསྒྲངས། །སྦྲང་རྩི་ན་ལེ་ཤམ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་ནད་དེ་ལྟ་བུ་ལ་བུ་རམ་དང་སྦྱར་བའི་ཆུ་བསྐོལ་ཏེ་བསྒྲངས་བའི་ནད་སྦྲང་རྩི་དང་ན་ལེ་ཤམ་བཏབ་སྟེ་བླུད་པར་བྱའོ། །ཡང་ན་སྐྱུ་རུ་རའི་ཕྱེ་མ། །འོ་མར་བསྐོལ་བ་མར་བཏབ་བླུད། །ཅེས་བྱ་བ་ལ། ཡང་གློ་འགྲམས་བའི་ནད་ལུད་བ་ཅན་གྱི་མི་ལ་


DTG201_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུ་རུ་རའི་ཕྱེ་མ་འོ་མར་བསྐོལ་ཏེ་མར་བཏབ་ལ་བླུད་པར་བྱའོ། །ཡང་ན་བཅུད་ཀྱིས་ལེན་ཆོགས། །པི་པི་ལིང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་བཅུད་ཀྱིས་ལེན་གྱི་ལེའུ་ལས་བཤད་པའི་ཆོགས་པི་པི་ལིང་གི་སྨན་གློ་འགྲམས་པའི་ལུད་པ་ཅན་དེ་ལ་སྦྱིན་པར་བྱའོ། །ལུད་པ་ཅན་རུས་ཚིགས་གཟེར་ལ། །རྒུན་འབྲུ་ཤིང་མངར་མ་དུག་ཀ །སྨིག་རྐང་བ་ལ་པི་པི་ལིང༌། །ཞུན་མར་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། གློ་འགྲམས་པའི་ལུད་པ་ཅན་གྱི་མི་རུས་པ་དང་ཚིགས་གཟེར་བའི་ནད་དང་ལྡན་པ་ལ་རྒུན་འབྲུ་ལ་སོགས་པའི་སྨན་ཞུན་མར་དང་སྦྲང་རྩི་དང་སྦྱར་ཏེ་ལྡེ་གུར་བྱས་ལ་སྦྱིན་པར་བྱའོ། །དྲི་སྣ་གསུམ་ནི་ཞོ་རེ་དང༌། པི་པི་ལིང་སྲང་ཕྱེད་ཁ་ར། །རྒུན་འབྲུ་འབྲ་གོམ་དུ་ཀ །སྲང་རེ་ཞིབ་ཏུ་བཏགས་ནས་ནི། །སྦྲང་རྩིས་རི་ལུ་བྱས་པ་ཡིས། །རོ་ཙ་བྱེད་ཅིང་ཁྲག་མཁྲིས་དང། །ལུད་པ་དབུགས་མི་བདེ་སློན་བྲོ། །བརྒྱལ་མྱོས་སྐྱིགས་བུ་མགོ་འཁོར་དང༌། །གློ་རྡོལ་སྐད་ནི་འགགས་པ་དང༌། །མཆིལ་མ་ལུས་སྐེམ་རླུང་འཁྱིལ་དང༌། །མཆིལ་མར་ཁྲག་འབྱུང་རྩིབ་ལོགས་ན། །སྙིང་ནད་སྒོམ་དད་རིམས་ནད་འཇོམས། །ཞེས་བྱ་བ་ལ། དྲི་སྣ་གསུམ་ནི་ཤིང་ཚ་དང༌། །གནྡྷ་བྷ་དྲ་དང་སུག་སྨེལ་ཞེས་བྱ་བ་སྟེ་སྨན་དེ་དག་ཞོ་རེ་རེ་དང༌། པི་པི་ལིང་སྲང་ཕྱེད་ཁ་ར་དང་རྒུན་འབྲུ་སྟེ་གོ་སྟ་ནི་དང༌། འབྲ་གོ་སྟེ་ཁ་རྫུ་ར་དང༌། མ་དུ་ཀ་སྟེ་བཞི་པོ་སྲང་རེའི་ཆར་བྱས་ཏེ། དེ་ནས་སྨན་ཐམས་ཅད་ཞིབ་ཏུ་བཏགས་ཏེ་སྦྲང་རྩིས་རི་ལུ་བྱས་ལ། དེས་རོ་ཙ་བར་བྱེད་པ་དང༌། ཁྲག་མཁྲིས་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །བར་ཤ་བུ་དང་ཁ་ར་དཀར། །སཱ་ལུ་ཙ་སྣར་བཏགས་པའི་ཕྱེ། །རྒུན་ཆུ་འོ་མ་མར་དུ་བསྐོལ། །མཆིལ་མ་ཁྲག་ཏུ་འབྱུང་ལ་བླུད། །ཅེས་བྱ་བ་ལ། བར་ཤ་པུ་ཞེས་བྱ་བ་བ་སྤུ་ཕ་མེ་ཏོག་དམར་པོ་ཅན་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་རྒུན་ཆུ་ལ་སོགས་བ་དང་ལྷན་ཅི་གང་བསྐོལ་བ་ནི་མཆིལ་མ་ཁྲག་ཏུ་འབྱུང་བའི་ནད་པ་ལ་བླུད་པར་བྱའོ། །ཤིང་མངར་དང་ནི་མ་དུ་ཀ །ཏན་དུ་ལི་ཡི་འོར་བཙོས་བན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་


DTG201_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨན་བཏགས་པ་ཏན་དུ་ལི་ཡ་ཞེས་བྱ་བའི་ཚོད་མའི་ཁྱད་པར་གྱི་སྨན་འོ་མར་བཙོས་བའི་སྨན་ཡང་མཆིལ་མ་ཁྲག་ཏུ་འབྱུང་བ་ལ་ཕན་ནོ། །ཁྲག་ནི་གང་ཚེ་དྲག་ཏུ་འབྱུང༌། །དེ་བཅོས་པ་ཡི་སྨན་བསྟེན་བྱ། །ཞེས་བྱ་བ་ལ། གློ་རྡོལ་བའི་ནད་པ་འདི་ལ་གང་གི་ཚེ་ཁྲག་དྲག་ཏུ་འབྱུང་ཞིང་ཁ་དང་སྣ་དང་མིག་གི་བུ་གའམ། བཤང་སྒོ་ལ་སོགས་པ་ནས་སྟེང་དང་འོག་ཏུ་བྱུང་བར་གྱུར་ན་ནད་དེ་ལ་བཅོས་པའི་ཐབས་སྟེང་འོག་གང་ནས་འབྱུང་བའི་དབང་དུ་བྱས་ནས་ཁྲག་མཁྲིས་གསོར་བའི་ཚུལ་དུ་སྨན་བསྟེན་པར་བྱའོ། །རླུང་འཁྱིལ་པ་ལར་ཚིལ་ནི། །ཆང་བརྔོས་རྒྱམ་ཚར་བཅས་པ་སྦྱིན། །ཞེས་བྱ་བ་ལ། གློ་རྡོལ་པའི་ལུད་པ་ཅན་གང་ཞིག་གི་རླུང་ནང་དུ་འཁྱིལ་ཞིང་ལུགས་བཞིན་དུ་འབྱུང་བར་མི་བྱེད་དེ་ལམ་ལོག་པར་ཞུགས་པའི་རླུང་ནད་སྟོབས་ཅན་དེ་ལ་རའི་ཚིལ་ཆང་ལ་བརྡོས་པ་རྒྱམ་ཚར་བཅས་པ་སྦྱིན་བར་བྱའོ། །སྐེམ་ཞིང་ཉམ་ཆུང་གློ་འགྲམས་དང༌། །གཉིད་ཆུང་མེ་དྲོད་ཆེ་བ་ལ། །འོ་མ་བསྐོལ་བའི་སྤྲིས་མར་ཆགས། །ཁ་ར་བསྲང་རྩི་མར་བཅས་སྦྱིན། །ཞེས་བྱ་བ་ལ། ནད་པ་གང་སྐེམས་ཤིང་རིད་པ་ལ་སོགས་པ་དང་ལྡན་པ་ལ་རའི་ཚིལ་དང་འོ་མར་བསྐོལ་བ་ལས་སྟེང་དུ་སྤྲིས་མ་མཐུག་པོར་ཆགས་པ་བཤུས་པ་དང་ཁ་ར་དང་སྦྲང་རྩིར་སྦྱར་ཏེ་སྦྱིན་པར་བྱའོ། །ཁ་ར་དཀར་དང་ནས་དང་གྲོ། །འཚོ་བྱེད་ཟངས་རྩི་སྦྲང་རྩིར་སྦྱར། །ཡང་ན་འོ་མར་བསྐོལ་ཏེ་བླུད། །གློ་འགྲམས་ཉམ་ཆུང་རིད་ལ་སྦྱིན། །ཞེས་བྱ་བ་ལ། ནད་པ་གང་གློ་འགྲམས་ཉམ་ཆུང་ལ་རིད་པར་གྱུར་པ་ལ་ཁ་ར་དཀར་པོ་ལ་སོགས་པ་དང་བསྐོལ་བའི་འོ་མ་བླུད་པར་བྱའོ། །ཤ་ཟའི་ཤ་ཡི་ཁུ་བ་ནི། །མར་དང་བརྔོས་པའི་པི་པི་ལིང༌། །སྦྲང་རྩིར་བཅས་པ་དེ་ལ་བླུད། །ཤ་དང་ཁྲག་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། གློ་རྡོལ་བའི་ནད་པ་སྐེམ་པ་ལ་སོགས་པ་དང་ལྡན་པ་དེ་ལ་ཟས་སུ་ཤ་ཟ་བའི་སྲོག་ཆགས་ཀྱི་ཤའི་ཁུ་བ་མར་དང་བརྔོས་པ་ལ་པི་པི་ལིང་དང་སྦྲང་རྩི་དང་བཅས་པ་བླུད་བར་བྱ་སྟེ། དེས་ནི་ཤ་དང་ཁྲག་ལ་སོགས་པ་འཕེལ་བར་བྱེད་བ་ཡིན་ནོ། །ཨུ་དུ་མྺཱར་ནྱ་གྲོ་དྷ། །ཨ་ཤྭདྠ་དང་པླ་ག་ཤ་དང༌།


DTG201_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་ལའི་ཤིང་དང་པྲི་ཡང་ཀུ། །ཏ་ལའི་རྩེ་མོ་འཛམ་བུའི་ཤུན། །པི་པི་ལིང་དང་ཤུག་པར་བཅས། །ཨ་ཤྭ་ཀརྞ་ར་བཅས་པ་ནི། །འོ་མར་བསྐོལ་བ་ལས་བྱུང་བའི། །མར་དང་འབྲས་ཆན་བཟའ་བ་ནི། །གློ་འགྲམས་ཁུ་བ་ཉམས་སྟོབས་དང་དབང་པོའི་ནུས་པ་ཟད་ལ་སྦྱིན། །ཞེས་བྱ་བ་ལ། ཨུ་དུམྺཱ་ར་ལ་སོགས་པ་དང་བསྐོལ་བ་འོ་མ་ལས་བྱུང་བའི་མར་དང་སྦགས་ཏེ་འབྲས་ཆན་གྱི་བཟའ་བ་གློ་འགྲམས་པ་ལ་སོགས་པའི་སྐྱེས་བུ་ལ་སྦྱིན་པར་བྱའོ། །རླུང་མཁྲིས་ཀྱིས་ཉེན་ཡན་ལག་ཞིག །ན་ལ་མར་དེས་བསྐུས་པ་བསྔགས། །རླུང་ནད་ཀྱིས་ནི་ཉེན་པ་ལ། །རླུང་འཇོམས་སྨན་བསྐོལ་ཏིལ་མར་བསྐུ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་ནད་ཀྱིས་ཡན་ལག་ཞིག་པ་སྙམ་དུ་སེམས་པའི་གློ་འགྲམས་པ་ལ་ནི་རླུང་དང་མཁྲིས་པ་སེལ་བར་བྱེད་པའི་མར་དེས་བསྐུ་བ་ཡིན་ནོ། །རླུང་ནད་འབའ་ཞིག་གིས་ཉེན་ཅིང་གཟིར་བས་ཡན་ལག་ཞིག་པ་ལྟར་ན་བ་ལ་ནི་རླུང་ནད་འཇོམས་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་བསྐུ་བར་བྱའོ། །འཚོ་བྱེད་སྡེ་ཚན་ཞུན་མར་ནི། །སྙིང་དང་རྩིབ་ལོགས་ན་ལ་བླུད། །ཅེས་བྱ་བ་ལ། སྙིང་དང་རྩིབ་ལོགས་ལ་སོགས་པ་ན་བ་ལ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་ཞུན་མར་བླུད་པར་བྱའོ། །ཡང་ན་རླུང་ནད་འཇོམས་པ་དང༌། །ཁྲག་མཁྲིས་སེལ་བ་གང་ཡིན་བྱ། །ཞེས་བྱ་བ་ལ། ཡང་རླུང་དང་ཁྲག་མཁྲིས་སེལ་བའི་སྨན་བཏུང་བ་དང་ལས་སུ་བྱ་བ་དེ་དག་བྱའོ། །ཤིང་མངར་ནཱ་ག་ཕ་ལ་གཉིས། །འོ་མ་དང་མཉམ་མར་བསྐོལ་བར། །པ་ཡ་སྱ་དང་པི་པི་ལིང༌། །སྨིག་རྐང་ལྡེ་གུ་བསྐོལ་བས་ནི། །གློ་འགྲམས་པ་ཡི་ནད་ལ་ཕན། །ཞེས་བྱ་བ་ལ། ཤིང་མངར་དང་ནཱ་ག་ཕ་ལ་གཉིས་ཀྱི་སྨན་ཁུ་མར་གྱི་ཉིས་འགྱུར་དང༌། འོ་མ་དེ་དང་མཉམ་སྟེ། སྤྱིར་མར་གྱི་བཞི་འགྱུར་གྱི་ནང་དུ་བ་ཡ་སྱ་ལ་སོགས་པའི་ལྡེ་གུ་མར་གྱི་བཞི་ཆ་བཅུག་ལ་བསྐོལ་བའི་སྨན་མར་ནི་གློ་འགྲམས་པའི་ནད་ལ་ཕན་ནོ། །པ་ཡ་སྱ་ནི་ཀྵི་རི་ནི་ཞེས་བྱ་བ་སྨན་འོ་མ་ཅན་ཞིག་གོ །འཚོ་བྱེད་སྡེ་ཚན་བཅའ་སྒ་དང༌། ཉེའུ་ཤིང་པ་དང་ར་


DTG201_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཉེ་བ། །བ་སྤྲུ་བ་གཉིས་པ་ལ་དང༌། །ག་བྲའི་རྩ་བ་ཁ་སྲལ་ཕྲེའུ། །རི་དི་ཟུར་པ་ཀ་མ་ལ། །ཤྲིང་ག་ད་ཀ་ཀ་ཡ་སྱ། །རྩ་བ་ལྔ་ནི་ཆུང་ངུ་དང༌། །རྒུན་འབྲུ་སྟར་གའི་འབྲས་བུ་སོགས། །མངར་ཞིང་སྣུམ་ལ་སྟོབས་སྐྱེད་པ། །ཞོ་ནི་གཉིས་གཉིས་བཏགས་ལྡེ་གུ། །དེ་ནང་ཞུན་མར་བྲེ་གང་བསྐོལ། །འོ་མ་ར་ཤ་སྐྱུ་རུ་ར། །བི་ད་རི་དང་བུ་རམ་ཤིང༌། །ཁུ་བ་ར་ཤའི་ཁུ་བར་བཅས། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། །བྲེ་ཕྱེད་ཁ་ར་སྲང་ལྔ་བཅུ། །ན་ལེ་ཤམ་དང་སུག་སྨེལ་དང༌། །ཤིང་ཚ་གན་དྷ་བྷ་དྲ་དང༌། །ནཱ་ག་གེ་སར་སྲང་ཕྱེད་ཕྱེད། །ཕྱེ་མར་བཏགས་ཏེ་བཅུག་ནས་ནི། །འཇུ་སྟོབས་རྗེས་མཐུན་ཚད་དུ་བླུད། །འདི་ནི་བདུད་རྩིའི་སྨན་མར་ཏེ། །མི་རྣམས་ཀྱི་ནི་བདུད་རྩི་ཡིན། །བདུད་རྩི་འདི་ནི་ཟོས་ནས་སུ། །འོ་མ་ཤ་ཁུ་ལྡན་ཟོས་ན། །ཁུ་ཆུ་ཉམས་དང་གློ་འགྲམས་དང༌། །ཉམས་སྟོབས་ཟད་པའི་གསོ་བ་ཡིན། །བུད་མེད་ལ་གདུ་ལུས་སྐེམ་དང༌། །མདོག་སྐད་ཉམས་ལ་གཏང་བར་བྱ། །ལུད་པ་དང་ནི་སྐྱིགས་བུ་རིམས། །དབུགས་མི་བདེ་དང་ལུས་ཚ་དང༌། །སྐོམ་དད་ཁྲག་མཁྲིས་སེལ་བྱེད་ཅིང༌། །བུ་སྐྱེད་བྱེད་ཅིང་སློན་དང་བརྒྱལ། །མངལ་ནད་གཅིན་ནད་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། འཚོ་བྱེད་ལ་སོགས་པའི་སྨན་ཞོ་གཉིས་གཉིས་བཏགས་པའི་ལྡེ་གུ་དང༌། མར་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བསྐོལ་བར་བྱ་སྟེ། འཚོ་བྱེད་ཀྱི་སྡེ་ཚན་དུ་གཏོགས་པ། རྩ་བ་ལྔ་ཆུང་ངུ་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་གཞུག་པར་བྱ་ལ། རྒུན་འབྲུ་ལ་སོགས་པའི་སྨན་གཉིས་གཞུག་པར་བྱའོ། །འོ་མ་དང་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་ནི་མར་དང་ཆ་མཉམ་དུ་སྦྱར་བར་ཤེས་པར་བྱ་སྟེ། ཁུ་བའི་རྫས་ནི་ལྔ་པོ་སོགས། །རེ་རེའང་མར་དང་མཉམ་པར་གཞུག །ཅེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་སྨན་མར་བསྐོལ་བ་དེར་སྦྲང་རྩི་བྲེ་ཕྱེད་ཅེས་བྱ་བ་སྲང་བཅུ་དྲུག་གཞུག་བར་བྱའོ། །ཤ་ཁར་ནི་སྲང་ལྔ་བཅུ་གཞུག་པར་བྱའོ། །ན་ལེ་ཤམ་ལ་སོགས་པའི་ཕྱེ་མ་སྲང་ཕྱེད་ཕྱེད་ཅེས་པ་ཞོ་བཞི་བཞི་གཞུག་པར་བྱ་སྟེ། དེ་དག་ཕྱེ་མར་ཞིབ་ཏུ་བཏགས་ཏེ་གཞུག་བར་བྱའོ། །


DTG201_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཟའ་བའི་ཚད་ནི་འཇུ་སྟོབས་དང་རྗེས་སུ་མཐུན་པར་བྱ་སྟེ། ཕོ་བའི་མེ་དྲོད་ཀྱིས་ཇི་ཙམ་འཇུ་བའི་ཚད་དུ་བླུད་པར་བྱའོ། །སྨན་མར་འདིའི་མིང་ནི་བདུད་རྩིའི་སྨན་མར་ཞེས་ཚེའི་རིག་བྱེད་རྩོམ་པའི་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །སྨན་མར་འདི་ནི་མི་རྣམས་ཀྱི་བདུད་རྩི་ཡིན་ཏེ། བདུད་རྩི་ལྟར་ཡོན་ཏན་ཆེན་པོ་སྐྱེད་པའི་ཕྱིར་མིའི་བདུད་རྩིའི་སྨན་མར་ཞེས་བྱའོ། །དེ་ཡང་ཇི་ལྟར་ལྷ་རྣམས་ཀྱི་བདུད་རྩི་ལྟ་བུའམ། ཀླུ་རྣམས་ཀྱི་བདུད་རྩི་ལྟ་བུ་ཉིད་ཡིན་ནོ། །དེ་བས་ན་ཡོན་ཏན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་བདུད་རྩིའི་སྨན་མར་འདི་ཟོས་ནས། དེའི་རྗེས་འོ་མ་དང་ཤ་ཁུ་བཏུང་བར་བྱ་ཞིང་མར་དེ་བཟའ་བར་བྱའོ། །དེ་ལྟར་མེ་དྲོད་ཇི་ཙམ་གྱིས་འཇུ་བའི་ཚད་དུ་ཟོས་ན་མིའི་ཁུ་ཆུ་ཉམས་པ་ལ་སོགས་པའི་སྟོབས་སྐྱེད་པར་བྱེད་པ་ཡིན་པས། དེ་དག་ལ་ཉམས་བརྟ་བའི་ཕྱིར་བླུད་པར་བྱ་སྟེ། དེས་ནི་ཡོན་ཏན་དེ་དག་བསྐྱེད་པ་དང༌། དེ་བཞིན་དུ་ལུད་པ་ལ་སོགས་པའི་ནད་སེལ་བར་བྱེད་པ་ཡིན། ཁུ་བ་འཕེལ་བར་བྱེད་པ་ཉིད་ཀྱིས་ན་བུ་སྐྱེད་པར་བྱེད་ཅིང་སློན་པ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །གཟེ་མ་བཙོད་དང་པུ་ཤེལ་ཙེ། །བ་ལ་ཏང་ཕལ་བུ་ཏི་ཀ །ཀྲྀཥྞ་པརྞི་དཱུར་བའི་རྩ། །ཐལ་ཏྲེས་སྟི་ར་པ་ལ་ཤ །དེ་རྣམས་སྲང་རེ་བསྐོལ་བ་ཡི། །འོ་མ་སྨན་ཁུའི་བཞི་འགྱུར་ལ། །ཁ་སྲལ་ཕྲེའུ་ཛི་བན་ཏི། །མེ་ད་གཉིས་དང་ཟངས་རྩི་བ། །ཛི་བ་ཀ་དང་ཉེའུ་ཤིང་བ། །རི་དི་རྒུན་འབྲུ་ཤ་ཁ་ར། །ས་བ་དང་ནི་པདྨའི་རྩ། །མར་ནི་བྲེ་གང་བསྐོལ་བ་ཡིས། །རླུང་མཁྲིས་སྙིང་འཛག་གཟེར་ནད་སེལ། །གཅིན་སྲི་བ་དང་གཅིན་སྙི་དང༌། །གཞང་འབྲུམ་ལུད་པ་ལུས་སྐེམ་དང༌། །ཟད་བྱེད་རིམས་ནི་སེལ་བྱེད་ཅིང༌། །གཞུ་འདྲེན་བུད་མེད་ཆང་དང་ལམ། །ཁུར་དུབ་སྟོབས་དང་ཤ་ཟད་སྐྱེད། །ཅེས་བྱ་བ་ལ། གཟེ་མ་ལ་སོགས་པའི་སྨན་ཁུ་བ་བསྐོལ་ལ་ཁ་བ་སྲང་བཞི་བ་ཅུ་རྩ་གཉིས་ཀྱི་ནང་དུ་འོ་མ་སྨན་ཁུའི་བཞི་འགྱུར་བཅུག་ལ། ཁ་སྲེལ་ཕྲེའུ་ཞེས་བྱ་བ་སྲན་ཨད་མ་ཀུབ་ཏ་ཞེས་བྱ་བ་ལ་སོགས་པའི་སྨན་མར་གྱི་བཞི་ཆ་གཞུག་པར་བྱའོ། །བུ་ཏི་ཀ་ནི་ཀརྞའོ། །ཀྲྀཥྞ་པརྞི་ནི་བྲི་ཐག་པརྞིའོ། །སྟི་ར་ནི་ས་ལ་


DTG201_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པརྞིའོ། །གཞན་རྣམས་ནི་གོ་བར་ཟད་དོ། །ཤིང་མངར་སྲང་བརྒྱད་རྒུན་འབྲུ་ནི། །བྲེ་གང་བསྐོལ་བར་མར་བཙོས་ལ། །པི་པི་ལིང་སྲང་བརྒྱད་ལྡེ་གུ། །བྲེ་གང་བསྐོལ་བ་བསྒྲངས་ནས་ནི། །ཁར་སྦྲང་རྩི་རེ་རེ་ཞིང༌། །སྲང་བརྒྱད་དང་ནི་བསྲེས་པ་ལ། །ནས་ཕྱེ་མཉམ་སྦྱར་ཟོས་པ་ཡིས། །དེ་ནི་གློ་འགྲམས་ཟད་བྱེད་དང༌། །ཁྲག་གི་སྐྲན་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། །ཤིང་མངར་སྲང་བརྒྱད་དང༌། རྒུན་འབྲུ་བྲེ་གང་བསྐོལ་བའི་ཁུ་བར་མར་ཡང་བྲེ་གང་བཙོས་ལ། པི་པི་ལིང་གི་ལྡེ་གུ་སྲང་བརྒྱད་བཅུག་སྟེ། དེ་བསྐོལ་ནས་བསྒྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་སྲང་བརྒྱད་བརྒྱད་བཅུག་པ་དེ་དང་གཅིག་ཏུ་བྱས་པའི་མར་དེ་དང་ནས་ཕྱེ་ཆ་མཉམ་པར་སྦྱར་ལ། དེ་ཟོས་ན་གློ་འགྲམས་ཤིང་རྡོལ་བ་ལ་སོགས་པའི་ནད་ལ་ཕན་པ་ཡིན་ནོ། །སྐྱུ་རུ་ར་དང་པི་ད་རི། །བུ་རམ་ཤིང་ཁུ་འཚོ་བྱེད་ཀྱི། །སྡེ་ཚན་བསྐོལ་བའི་ཁུ་བ་མར། །བ་དང་ར་ཡི་འོ་མ་ལས། །བྲེ་ནི་རེ་རེ་བཙོ་བར་བྱ། །བསྐོལ་བཙགས་ཁ་ར་སྦྲང་རྩི་ནི། །བྲེ་རེ་དེར་ནི་གཞུག་པར་བྱ། །དེ་ནི་ཟད་བྱེད་བརྗེད་བྱེད་དང༌། །ཁྲག་དང་མཁྲིས་པ་ལུད་བ་དང༌། །ལུས་སྐེམ་པ་ནི་སེལ་བྱེད་ཅིང༌། །རྒས་སྲ་ཚེ་ནི་རིང་བ་དང༌། །ཤ་དང་ཁུ་ཆུ་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། སྐྱུ་རུ་རའི་ཁུ་བ་བྲེ་གང༌། བི་ད་རིའི་ཁུ་བ་བྲེ་གང༌། བུ་རམ་ཤིང་གི་ཁུ་བ་བྲེ་གང༌། འཚོ་བྱེད་ཀྱི་སྡེ་ཚན་ཀུན་བསྐོལ་བའི་ཁུ་བ་བྲེ་གང༌། མར་བྲེ་གང༌། རའི་འོ་མ་བྲེ་གང༌། བའི་འོ་མ་བྲེ་གང་སྟེ། དེ་ལྟར་བྲེ་བདུན་བཙོས་ནས་མར་ཚོས་བར་གྱུར་པ་དང༌། རས་གཙང་མས་བཙགས་ཏེ་དེའི་ནང་དུ་ཁ་ར་བྲེ་གང་དང་སྦྲང་རྩི་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་དེར་བཅུག་པར་བྱའོ། །སྨན་མར་འདི་འཐུངས་ན་ཟད་བྱེད་གཅོང་ཆེན་པོའི་ནད་དང༌། བརྗེད་བྱེད་དང་ཁྲག་དང་མཁྲིས་པ་ལ་སོགས་པའི་ནད་སེལ་ཞིང་འཇོམས་པར་བྱེད་པ་དང༌། རྒས་སྲ་ཞིང་ལང་ཚོ་ཡུན་རིང་དུ་འཇོག་པ་དང༌། ཚེ་རིང་བ་དང༌། ཤ་དང་ཁུ་ཆུ་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །མཁྲིས་པ་ཤས་ཆེས་མར་བལྡག་བྱ། །རླུང་ཤས་ཆེ་བས་བཏུང་བར་བྱ། །བལྡགས་པས་མཁྲིས་པ་ཞི་བྱེད་ཀྱིས། །ཉུང་བས་རླུང་ནི་འཇོམས་མི་ནུས། །འཐུངས་ན་རླུང་ནི་


DTG201_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་བྱེད་ཅིང༌། །མེ་དྲོད་ནང་དུ་སྡུད་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ན་མཁྲིས་པ་ཤས་ཆེ་བ་ལ་ནི་མར་བལྡག་པའི་ཚུལ་གྱིས་བསྟེན་པར་བྱ་ལ། རླུང་ཤས་ཆེ་བས་ནི་སྨན་མར་བཏུང་བར་བྱའོ། །ཅིའི་ཕྱིར་ཞེ་ན། བལྡགས་པས་ནི་མཁྲིས་པ་ཞི་བར་བྱེད་ཀྱི། བལྡག་པ་ཉུང་བ་དེ་ཙམ་གྱིས་རླུང་འཇོམས་པར་ནི་མི་ནུས་ལ། དེས་ན་རླུང་གི་ནད་ལ་སྨན་མར་དེ་དག་འཐུངས་ན་རླུང་གནོན་པར་བྱེད་ཅིང་རླུང་ལས་རྒྱལ་བར་བྱེད་དོ། །མར་འདི་དག་གྲང་མོར་བསྟེན་ཀྱང་རླུང་གནོན་པར་བྱེད་དེ་མཐུ་རྩལ་གྱིས་གནོན་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །ཡང་མར་འཐུངས་པས་ནི་བུད་ཤིང་གི་མེ་ལ་མར་བཅུག་པ་ལྟར་ཕོ་བའི་མེ་དྲོད་ནང་དུ་སྡུད་པར་བྱེད་ཅིང་སྟོབས་ཅན་དུ་བྱེད་དོ། །སྐེམ་ཞིང་ལུས་ཀྱི་ཤ་ཟད་བས། །སྨན་མར་བཤད་པ་འདི་དག་ཉིད། །སྨིག་རྐང་འབྲས་ཡོས་པི་པི་ལིང༌། །ཕྱེ་མ་ལྡེ་གུར་བྱས་ལ་སྦྱིན། །ཞུན་མར་བུ་རམ་སྦྲང་རྩིའི་ཆ། །བཅུག་སྟེ་བྱིན་ལ་འོ་མ་བླུད། །རོ་ཙ་བརྩོན་དང་ལུས་རྒྱས་སྟོབས། །འདི་ཡིས་མྱུར་དུ་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། ལུས་སྐེམ་ཞིང་རིད་པས་སྔར་བཤད་བའི་སྨན་མར་འདི་དག་སྨིག་རྐང་ལ་སོགས་པའི་སྨན་གྱི་ཕྱེ་མ་དང་བསྲེས་ཏེ་ཁུ་བ་ཞུ་བར་མ་གྱུར་པར་ལྡེ་གུར་བྱས་ལ་སྦྱིན་ནོ། །དེ་ཡང་ཕྱེ་མར་དང་བཅས་བའི་མར་སྐ་བ་ལ། བུ་རམ་དང་སྦྲང་རྩིའི་ཆ་བཅུག་སྟེ་གོང་གོང་པོར་བྱས་ལ་བྱིན་ནས་དེའི་རྗེས་ལ་སྐོམ་དུ་འོ་མ་བླུད་པར་བྱའོ། །དེས་ནི་རོ་ཙ་ཞིང་ཁུ་བ་འཕེལ་བ་ལ་སོགས་པ་མྱུར་ཞིང་རིང་པོར་མི་ཐོགས་པར་སྐྱེད་ཅིང་འཐོབ་པར་འགྱུར་རོ། །བུམ་ཤ་ཤུན་ལྤགས་ས་བོན་བསལ། །སྲང་བརྒྱད་རླངས་པར་བཙོས་ནས་ནི། །ཞུན་མར་བྲེ་གང་ནང་གཞུག་དཀྲུགས། །སྦྲང་རྩིའི་མདོག་འདྲར་གྱུར་པ་དང༌། །ཧྭགས་ནི་སྲང་བརྒྱད་པི་པི་ལིང༌། །བཅའ་སྒ་ཟིར་སྲང་གཉིས་དང༌། །དྲི་སྣ་གསུམ་དང་འུ་སུ་དང། །ན་ལེ་ཤམ་ནི་རེ་རེ་ཞིང༌། །སྲང་ནི་ཕྱེད་ཕྱེད་ཚད་བཅུག་ལ། །ཕབ་སྟེ་བསྒྲངས་པར་གྱུར་བ་དང༌། །སྦྲང་རྩི་མར་གྱི་ཕྱེད་བཅུག་ལ། །གཟར་བུས་དཀྲུགས་ཏེ་བཞག་གྱུར་བ། །ལུད་པ་སྐྱིགས་བུ་ཡི་ག་འཆུས། །དབུགས་མི་བདེ་དང་ཁྲག་མཁྲིས་དང༌། །གློ་འགྲམས་


DTG201_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བྱེད་འཇོམས་པར་བྱེད། །གློ་འགྲམས་པ་ནི་འབྱོར་བྱེད་ཅིང༌། །བློ་དང་དྲན་པ་སྟོབས་རབ་སྐྱེད། །ཀུ་སྨན་ད་ཡི་བཅུད་ཀྱིས་ལེན། །ཡིད་དུ་འོང་བ་དམ་པ་འདི། །ཐ་སྐར་བུ་གཉིས་ཀྱིས་བཤད་ཡིན། །ཞེས་བྱ་བ་ལ། བུམ་ཤ་ནི་ཀུ་སྨན་ད་ཞེས་བྱ་བ་སྟེ། དེའི་ཕྱིའི་ཤུན་པ་བཤུས་ཤིང་ནང་གི་ས་བོན་བསལ་བ་སྲང་བརྒྱད་རླངས་པར་ཁུ་བ་ཁ་རླངས་ལ་ཚོད་མའི་ཚུལ་ལྟར་བཙོ་བར་བྱ་སྟེ། འོག་ཏུ་ཆུས་གང་བའི་སྣོད་ཆེན་པོ་བསྐོལ་བའི་སྟེང་དུ་སྣོད་བུ་ག་ཅན་ལ་བཞག་སྟེ་དེ་ཚོས་པར་བྱས་པ་དང༌། མར་བྲེ་གང་ལའང་སྣོད་གཅིག་ཏུ་བླུགས་པ་གཟར་བུས་དཀྲུགས་ལ་དེ་སྦྲང་རྩིའི་མདོག་འདྲ་བར་གྱུར་པ་དང༌། ཧྭགས་སྲང་བརྒྱད་དང༌། པི་པི་ལིང་དང་བཅའ་སྒ་དང༌། ཟིར་སྲང་གཉིས་དང་དྲི་སྣ་གསུམ་ཞེས་བྱ་བ་མིང་གི་རྣམ་གྲངས་སུ་དྲི་བཟངས་གསུམ་ཞེས་བྱ་བ་ཤིང་ཚ་ལ་སོགས་པ་དང༌། འུ་སུ་དང་ན་ལེ་ཤམ་བསྣན་ན་རེ་རེ་ཞིང་སྲང་ཕྱེད་ཕྱེད་དེ་ཞོ་བཞི་བཞི་བཅུག་ལ་ཕབ་པ་བསྒྲངས་པར་གྱུར་པ་དང༌། ལྡེ་གུར་སྦྲང་རྩི་སྲང་བཅུ་དྲུག་ལ་གཟར་བུས་ཀུན་ཏུ་དཀྲུགས་ཏེ། དེའི་འོག་ཏུ་རྫ་སྣོད་གཙང་མར་བཅུག་སྟེ་བཞག་པར་གྱུར་པ་དེ་ནི་བུམ་ཤའི་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དེ་བླུད་ན་ལུད་པ་ལ་སོགས་པའི་ནད་འཇོམས་པར་བྱེད་པ་དང༌། གློ་འགྲམས་པ་འཆོས་པར་བྱེད་ཅིང་འཚོ་བ་དང་བློ་ལ་སོགས་པ་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ཏེ། སྨན་མར་འདི་ནི་ཀུ་སྨན་ད་ཞེས་བྱ་བ་བུམ་ཤའི་བཅུད་ཀྱིས་ལེན་ཡིན་ཏེ་ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པའི་སྐྱོན་མེད་པའི་དམ་པ་འདི་ནི་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ཀྱིས་བཤད་པ་ཡིན་ནོ། །དེ་ཡང་བཅུད་ཀྱིས་ལེན་ཞེས་བྱ་བའི་ངེས་པའི་ཚིག་ནི། དངས་མ་ལ་སོགས་བདུན་ཐོབ་པའི། །ཐབས་གནས་ཡིན་པས་བཅུད་ཀྱིས་ལེན། །ཞེས་བྱ་བ་བཤད་པ་ཡིན་ནོ། །ནཱ་ག་བ་ལའི་རྩ་བ་ནི། །ཞོ་གཅིག་སོགས་ཀྱིས་བསྐྱེད་སྲང་གཅིག །འོ་མར་བཅས་པ་ཟླ་གཅིག་བཏུང༌། །འོ་མ་སྤྱད་ཅིང་ཟས་མི་བཟའ། །སྦྱོར་འདིས་ཚེ་ནི་འཕེལ་བྱེད་ཅིང༌། །སྟོབས་སྐྱེད་ཁ་དོག་བཟང་བྱེད་མཆོག །ཅེས་བྱ་བ་ལ། ནཱ་ག་བ་ལའི་རྩ་བ་སྲང་གཅིག །དང་པོར་ཞོ་གཅིག་


DTG201_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐྱེད་ཅིང་འོ་མ་དང་སྦྱར་ཏེ་བཏུང་བར་བྱ་སྟེ། ཉིན་ཞག་དང་པོ་ལ་ཞོ་གཅིག །གཉིས་པ་ལ་ཞོ་གཉིས། གསུམ་པ་ལ་ཞོ་གསུམ། བཞི་པ་ལ་ཞོ་བཞི། ལྔ་པ་ལ་ཞོ་ལྔ། དྲུག་པ་ལ་ཞོ་དྲུག །བདུན་པ་ལ་ཞོ་བདུན། བརྒྱད་པ་ལ་སྲང་གཅིག་བཏུང་སྟེ། དེ་ཡན་ཆད་ཀྱི་ཉིན་ཞག་ལྷག་མ་ཉི་ཤུ་རྩ་གཉིས་ལ་སྲང་རེ་འོ་མ་དང་སྦྱར་ཏེ་བཏུང་བར་བྱའོ། །དེ་དག་གི་ཚེ་ནད་པས་འོ་མ་སྤྱད་ཅིང་བསྟེན་པར་བྱའི། ཁ་ཟས་གཞན་བཟའ་བར་མི་བྱའོ། །སྦྱོར་བ་འདི་ནི་ནཱ་ག་པ་ལའི་རྩ་བའི་སྦྱོར་བ་ཞེས་བྱ་སྟེ། སྟོབས་ལ་སོགས་པ་འཕེལ་བར་བྱེད་པའི་མཆོག་ཡིན་ནོ། །མན་དུ་ཀ་པརྞི་ཤིང་མངར། །བཅའ་སྒའི་སྦྱོར་བའང་འདི་ཡིན་ནོ། །ཞེས་བྱ་བ་ལ། མན་དུ་ཀ་པརྞི་ཞེས་བྱ་བ་སྦལ་པའི་དབྱིབས་འདྲ་བའི་འོ་མ་ཡང་ཡོད་དོ། །དེ་ཡང་ནཱ་ག་པ་ལའི་རྩ་བ་དང་འདྲ་བར་ཞོ་གཅིག་ནས་རིམ་གྱིས་བསྐྱེད་པ་ཟླ་བ་གཅིག་གི་བར་དུ་སྲང་གཅིག་འོ་མ་དང་ལྷན་ཅིག་བཏུང་ཞིང་ཟས་མི་བཟའ་བ་ལ་སོགས་པ་དང༌། དེའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ཀྱང་མཐུན་པ་ཡིན་ནོ། །ཤིང་མངར་དང་བཅའ་སྒའི་སྦྱོར་བ་ཡང་ནཱ་ག་པ་ལའི་སྦྱོར་བ་དང་མཐུན་པར་བྱར་རུང་ངོ༌། །ནཱ་ག་པ་ལ་སྲང་བརྒྱ་ནི། །ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས། །ནང་དུ་བསྐོལ་ཏེ་བཞི་ཆ་ལུས། །སྨན་ཁུ་དེ་དང་ཆ་མཉམ་པའི། །འོ་མ་མར་དང་བསྐོལ་བར་བྱ། །བ་ལ་ཨ་ཏི་བ་ལ་དང༌། །ཤིང་མངར་པུརྞ་རྣ་བ་དང༌། །སྟག་ཚེར་བ་དང་ཏང་པལ་དང༌། །པི་ལ་ཡ་དང་ཁ་སྲལ་ཕྲེའུ། །ཨ་ཤྭ་གནྡྷ་ཁ་ར་དཀར། །ཉེའུ་ཤིང་མེ་ད་རྣམ་གཉིས་དང༌། །གཟེ་མར་མཉེ་བ་གཉིས་དང༌། །པ་ཡ་སྱ་དང་ཟི་ར་གཉིས། །པདྨའི་རྩ་བ་སྡོང་བུ་དང༌། །འབྲ་གོ་སྲིང་ག་ཏ་ཀ་དང༌། །ཀེ་ཤེ་རུ་ཀ་སྲང་ཕྱེད་ཕྱེད། །ནཱ་ག་པ་ལའི་སྨན་མར་འདིས། །ཁྲག་མཁྲིས་གློ་རྡོལ་ཟད་བྱེད་དང༌། །སྐོམ་དད་མགོ་འཁོར་སེལ་བྱེད་ཅིང༌། །སྟོབས་ནི་སྐྱེད་པར་བྱེད་པའི་མཆོག །མདོག་སྣུམ་མདངས་བཟང་ཚེ་འཕེལ་ཞིང༌། །སྐྲ་དཀར་གཉེར་མ་འཇིག་པར་བྱེད། །ཟླ་བ་གཅིག་གི་བར་བསྟེན་ན། །རྒན་པོའང་གཞོན་ནུ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྨན་ནཱ་ག་པ་ལ་སྲང་བརྒྱ་


DTG201_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་དེའི་བཞི་ཆ་ལུས་པ་དང་སྨན་ཁུ་དེ་དང་ཆ་མཉམ་པའི་འོ་མ་དང༌། མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བཅུག་ལ་བསྐོལ་བར་བྱའོ། །དེའི་ནང་དུ་བ་ལ་དང༌། ཨ་ཏི་བ་ལ་ལ་སོགས་པ་སྲང་ཕྱེད་ཕྱེད་བཅུག་ལ་དེ་བཞིན་དུ་བསྐོལ་བར་བྱའོ། །དེ་ལྟ་བུར་བསྐོལ་བའི་ནཱ་ག་པ་ལའི་སྨན་མར་འདིས་ནི་ཁྲག་མཁྲིས་ལ་སོགས་པ་སེལ་བར་བྱེད་པ་དང༌། སྟོབས་སྐྱེད་པ་ནས་རྒས་སྲ་བའི་བར་གྱི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཆོ་ག་འདིས་ནི་དྲོད་སྐྱེད་ཅིང༌། །མེ་དྲོད་བྲི་བ་སྐྱེད་འཇུ་བྱེད། །གཅོང་ཆེན་བཤད་པའང་གློ་རྡོལ་བསྔགས། །འཁྲུ་ན་གཅོད་པར་བྱེད་པར་ཕན། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་མར་གྱི་ཆོ་གའི་སྦྱོར་བ་འདིས་ནི་གློ་རྡོལ་དང་ཟད་བྱེད་ཀྱི་ནད་ཀྱིས་བཏབ་པའི་སྟོབས་བསྐྱེད་པས་མེ་དྲོད་སྐྱེད་པར་བྱེད་ཅིང་འབྱུང་བ་དང༌། ཕོ་བའི་མེ་དྲོད་འབྲི་བར་བྱེད་པ་དག་དྲོད་སྐྱེད་ཅིང་ཟས་འཇུ་བར་བྱེད་པ་ཡིན་ནོ། །གཞན་ཡང་གཅོང་ཆེན་པོ་གསོ་བའི་སྐབས་སུ་བཤད་པའི་སྦྱོར་བ་དེ་ཡང་གློ་རྡོལ་བའི་ནད་ལ་བསྔགས་པ་ཡིན་ནོ། །གང་གི་ཕྱིར་གློ་རྡོལ་བའི་མི་དེ་འཁྲུ་བར་གྱུར་ན། གཅོད་པའི་སྦྱོར་བ་གང་ཡིན་པ་དེ་བྱས་ན་བསྔགས་སོ། །རྩ་བ་བཅུ་པ་ཁ་སྲལ་ཕྲེའུ། །ཤང་ཀ་པུཥྤ་ཟུར་པ་དང༌། །བ་ལ་ཧསྟི་པི་པི་ལིང༌། །ཨ་པ་མརྒ་ཀྲུ་ཏྲུག་ཏྲེས། །ག་བྲ་པི་པི་ལིང་རྩ་བ། །མ་ནུ་སྲང་ནི་གཉིས་གཉིས་དང༌། །ནས་སྲང་དྲུག་ཅུ་རྩ་བཞི་དག །ཨ་རུ་ར་ནི་སྲང་བརྒྱ་དག །ཆུ་སྲང་དྲུག་བརྒྱ་བཞི་བཅུས་བསྐོལ། །ནས་ཚོས་པ་དང་སྨན་ཁུ་དེ། །བཙགས་ལ་ཨ་རུ་ར་བརྒྱ་དེར། །བུ་རམ་སྲང་བརྒྱ་བཅུག་ལ་བསྐོལ། །མར་དང་ཏིལ་མར་པི་པི་ལིང༌། །ཕྱེ་མ་སྲང་ནི་བརྒྱད་པོ་དག །བསྐོལ་ཏེ་བསྒྲངས་ནས་སྦྲང་རྩིར་གཞུག །རྟག་ཏུ་ཨ་རུ་ར་གཉིས་བཅས། །ལྡེ་གུ་བཅུད་ལེན་འདི་ཟོས་ན། །དེས་ནི་སྐྲ་དཀར་གཉེར་མ་མེད། །ཚེ་རིང་མདོག་སྟོབས་འཕེལ་བར་བྱེད། །ལུད་ལྔ་ཟད་བྱེད་དབུགས་མི་བདེ། །སྐྱིགས་བུར་བཅས་པའི་མི་བཟད་རིམས། །གཅིན་སྙི་བ་ཡི་ནད་དང་ནི། །གཞང་འབྲུམ་སྐྲན་དང་སྙིང་ནད་དང༌། །ཆམ་པ་ཡི་ག་འཆུས་པ་སེལ། །བཅུད་ཀྱིས་ལེན་མཆོག་དཔལ་ཡོན་


DTG201_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །འདི་ནི་དྲང་སྲོང་རི་བྱིས་བཤད། །ཅེས་བྱ་བ་ལ། སྨན་རྩ་བ་བཅུ་པ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་དང་ནས་སྲང་དྲུག་ཅུ་རྩ་གཉིས་ཏེ་བྲེ་དོའོ། །ཨ་རུ་ར་སྲང་བརྒྱ་སྟེ་འདི་དག་ཆུ་སྲང་དྲུག་བརྒྱ་བཞི་བཅུའི་ནང་དུ་བསྐོལ་ལ་ལེགས་པར་ཚོས་པར་གྱུར་པ་དང་སྨན་ཁུ་དེ་བཙགས་ལ་ཨ་རུ་ར་སྲང་བརྒྱ་བཅུག་ལ་དེར་བུ་རམ་སྲང་བརྒྱ་བཅུག་ལ་མར་ལ་སོགས་པ་ལས་སྲང་བརྒྱད་བརྒྱད་བཅུག་ལ། པི་པི་ལིང་ནི་སྐམ་པོ་ཡིན་པའི་ཕྱིར་སྲང་བཞི་གཞུག་པར་བྱ་སྟེ། དེ་ཡང་གཞུང་ལས། །ཕུལ་གང་ལས་ནི་གཤེར་བའི་རྫས། །ཉིས་འགྱུར་དུ་ནི་གཞུག་པར་བྱ། །ཞེས་སྨོས་པ་ཡིན་ནོ། །དེ་ལྟར་བསྐོལ་བ་དེ་བསྒྲངས་ནས་སྦྲང་རྩི་སྲང་བརྒྱད་བརྒྱད་བཅུག་ལ། ལྡེ་གུ་དེ་ལས་ཨ་རུ་ར་གཉིས་གཉིས་རྟག་ཏུ་ཟོས་ན། དེས་སྐྲ་དཀར་དང་གཉེར་མ་མེད་པར་བྱེད་པ་དང༌། ཚེ་དང་སྟོབས་ལ་སོགས་པ་འཕེལ་བར་བྱེད་པ་དང༌། སྔར་བཤད་པའི་ལུད་པ་ལྔ་པོ་འཇོམས་པར་བྱེད་པ་ཡིན་ཏེ། བཅུད་ཀྱིས་ལེན་འདི་ནི་དཔལ་ཡོན་དང་བཅས་ཤིང་བཀྲ་ཤིས་པ་ཡིན་ལ། འདི་ནི་དྲང་སྲོང་རི་བྱི་ཞེས་བྱ་ཨ་ག་སྟས་བཤད་པ་ཡིན་ནོ། །རྩ་བ་བཅུ་བ་བ་ལ་དང༌། མུར་བ་སེར་པོ་རྣམ་གཉིས་དང༌། །པི་པི་ལིང་ནི་རྣམ་གཉིས་དང༌། །པ་ཐ་ཨ་ཤྭ་གནྡྷ་དང༌། །ཨ་པ་མརྒ་ཁ་སྲལ་ཕྲེའུ། །སླེ་ཏྲེས་དན་ཏི་བོང་ང་དཀར། །བིལ་བ་གཞོན་ནུ་དུར་བྱིད་དང༌། །ཙི་ཏྲ་ཀ་རྩ་ལོ་མར་བཅས། །པ་ཡ་སྱ་དང་དུག་མོ་ཡུངས། །སྤང་སྤོས་བི་ཟ་ཀའི་སྙིང་པོ། །མེ་ཏོག་བཅས་དང་རྐང་མར་དང༌། །གོ་བྱེ་བྱི་དང་ག་ཏ་དང༌། །ཉེའུ་ཤིང་བུ་ཏི་ཀ་རཉྫ། །དོང་ག་སོ་མ་ར་ཛ་དང༌། །ས་ཧ་ར་ཛ་ཤི་ཀྲུ་དང༌། །ནིམ་བའི་ཤུན་ལྤགས་བུ་རམ་ཤིང༌། །ཕྲ་མོའི་ཁུ་བ་སྲང་རེ་དང༌། །ཨ་རུ་ར་སྟོང་ཆིག་བརྒྱ་དང༌། །ནས་གྲང་ཉིས་བརྒྱ་ལྔ་བཅུ་དྲུག །ཆུ་ནི་བརྒྱད་འགྱུར་ནང་དུ་བསྐོལ། །ནས་ཚོས་པ་དང་ཕོག་ནས་ནི། །བཙགས་ནས་ཨ་རུ་ར་བཅས་དེར། །བུ་རམ་རྙིང་པ་སྲང་བརྒྱ་གཞུག །ཏིལ་མར་ཞུན་མར་སྐྱུ་རུ་རའི་ཁུ། །བྲེ་རེ་བཅུག་ནས་དེ་རྗེས་ཡང༌། །མེ་ཆུང་ལ་ནི་བཙོས་ནས་སུ། །གཟེར་བུར་ཆགས་ནས་ཐབ་ལས་


DTG201_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དབབ། །བསྒྲངས་ནས་སྦྲང་རྩི་བྲེ་དོ་དང༌། །པི་པི་ལིང་ནི་ཕུལ་གང་གཞུག །དྲི་སྣ་གསུམ་ནི་ཕྱེར་བཏགས་པ། །སྲང་གསུམ་བཅུག་ནས་དེ་འོག་ཏུ། །རྫ་སྣོད་རྙིང་བཅུག་འབྲུ་ནང་དུ། །བཅུ་ག་སྟེ་ཟླ་བ་གཅིག་གཞག་བྱ། །དེ་ནས་སྔ་མ་བཞིན་དུ་བཟའ། །གནས་འཇོག་གིས་བཤད་བཅུད་ལེན་འདི། །སྔོན་ལས་ཡོན་ཏན་ལྷག་པར་ཆེ། །ནད་མེད་ཀྱིས་བཟའ་དགག་པ་མེད། །དུས་ཀུན་ཏུ་ཡང་བསྔགས་པ་ཡིན། །ཞེས་བྱ་བ་ལ། རྩ་བ་བཅུ་ལ་སོགས་པ་སྨན་སྣ་རེ་སྲང་རེར་བྱའོ། །སེར་པོ་གཉིས་ནི་ཡུང་བ་དང༌། སྐྱེར་པའོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང་ཧསྟི་པི་པི་ལིང་ངོ༌། །ཁ་སྲལ་ཕྲེའུ་ནི་ཨད་མ་ཀུ་བ་ཏའོ། །བིལ་བ་གཞོན་ནུ་ནི་བིལ་བ་སྨིན་པ་ཆུང་དུའོ། །ཙི་ཏྲ་ཀ་ནི་ཙི་ཏྲ་ཀའི་རྩ་བ་དང་ལོ་མ་གཉིས་སོ། །པ་ཡ་སྱ་ནི་ཀྵི་རི་ནིའོ། །དུག་མོ་ཡུངས་ཀྱི་ཤུན་ལྤགས་ལ་བྱའོ། །བི་ཟ་ཀ་ནི་ཨ་ཤ་ན་སྟེ་དེའི་ནི་སྙིང་པོ་དང་མེ་ཏོག་གཞུག་གོ །བྱི་དང་ག་ཏ་ནི་བླུགས་གཟར་གྱི་ཤིང་ངོ༌། །སོ་མ་ར་ཛ་ནི་ཙན་ཏྲ་རེ་ཁའོ། །བུ་རམ་ཤིང་ཕྲ་མོ་ནི་རྩ་ལྟ་བུའི་བུ་རམ་ཤིང་སྟེ་སྨན་དེ་དག་སྲང་རེ་དང་ཨ་རུ་ར་སྟོང་ཆིག་བརྒྱ་ནས་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་སྟེ་བྲེ་བརྒྱད་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་སྨན་དང་ནས་ཀྱི་བར་སྲང་ཇི་ཙམ་ཡོད་པ་དེའི་བརྒྱད་འགྱུར་གྱི་ཆུའི་ནང་དུ་བསྐོལ་ནས་ཚོས་པར་གྱུར་པ་དང་ཕོག་ནས་རས་གཙང་མས་ཁུ་བ་བཙགས་ཏེ་ཨ་རུ་ར་དང་བཅས་པའི་ཁུ་བ་དེར་བུ་རམ་རྙིང་པ་སྲང་བརྒྱ་བཅུག་ལ་ཏིལ་མར་དང་ཞུན་མར་དང་སྐྱུ་རུ་རའི་ཁུ་བ་བྲེ་རེ་རེ་བཅུག་ལ། དེའི་རྗེས་ལ་སླར་ཡང་མེ་ཆུང་ངུ་ལ་བཙོས་ནས་དཀྲུག་ཅིང་བསྐོལ་བ་ན་གཟར་བུར་ཆགས་པར་གྱུར་ན་ལྡེ་གུ་དེ་ཐབ་ལས་དབབ་ལ། དེ་བསྒྲངས་ནས་གྲང་བར་གྱུར་པ་དང༌། སྦྲང་རྩི་བྲེ་དོ་སྟེ་སྲང་དྲུག་ཅུ་རྩ་བཞི་གཞུག་ལ་པི་པི་ལིང་ཕུལ་གང་སྟེ་སྲང་བཞི་གཞུག་པར་བྱ་སྟེ། ཤིང་ཚ་དང་སུག་སྨེལ་དང་གན་དྷ་བྷ་དྲ་ཞེས་བྱ་བ་དྲི་སྣ་གསུམ་ཕྱེ་མར་བཏགས་པ་སྲང་གསུམ་གཞུག་པར་བྱའོ། །དེ་ནས་དེའི་འོག་ཏུ་ལྡེ་གུ་རྫ་མའི་སྣོད་རྙིང་པ་གཙང་མའི་ནང་དུ་བཅུག་ལ་འབྲུའི་ནང་དུ་བཅུག་ནས་ཟླ་བ་གཅིག་གཞག་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་སྟེ་དྲང་སྲོང་རི་བྱིས་


DTG201_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ལྡེ་གུའི་ཚུལ་ལྟར་བཟའ་ཞིང་ཨ་རུ་ར་གཉིས་གཉིས་དང་བཅས་པར་རྟག་ཏུ་བཟའ་བར་བྱ་སྟེ་བཅུད་ཀྱིས་ལེན་འདི་ནི་དྲང་སྲོང་ཆེན་པོ་གནས་འཇོག་གིས་བཤད་པ་ཡིན་ཏེ། སྔ་མ་ལས་ཡོན་ཏན་ལྷག་པར་ཆེ་སྟེ། དྲང་སྲོང་རི་བྱིས་བཤད་པའི་བཅུད་ཀྱིས་ལེན་པས་ཀྱང་འདི་ཡོན་ཏན་ཆེས་ཆེ་བ་ཡིན་ནོ། །གཞན་ཡང་ནད་མེད་པ་དག་གིས་ཀྱང་བཟའ་བ་དང་སྤྱོད་ལམ་བསྲུང་བ་ལ་སོགས་པ་དགག་པ་མེད་པ་དང༌། དུས་ཚིགས་དྲུག་ཆར་ཀུན་ཏུ་ཡང༌། །བཟའ་བར་བསྔགས་ཤིང་ཡོན་ཏན་ཆེ་བ་ཡིན་ནོ། །རྒྱམ་ཚ་བཅའ་སྒ་སྲང་རེ་དང༌། །ཁ་རུ་ཚ་ནི་སྲང་གཉིས་དང༌། །ད་ཏྲིག་སེའུ་འབྲུ་ཨརྫ་ཀ །དེ་དག་སྲང་ནི་བཞི་བཞི་དང༌། །ན་ལེ་ཤམ་གཅིག་གོ་སྙོད་གཉིས། །འུ་སུའི་འབྲས་བུ་སྲང་བཞི་དང༌། །ཚད་འདི་ལས་ནི་ཕྱེ་མར་བྱས། །ཟས་དང་སྐོམ་ལ་བཏབ་སྟེ་སྦྱིན། །དེས་ནི་ཡི་ག་འབྱེད་པ་དང༌། །མེ་དྲོད་སྐྱེད་ཅིང་ཉམས་སྟོབས་སྐྱེད། །རྩིབ་ལོགས་ན་དང་དབུགས་མི་བདེ། །ལུད་པ་ལུ་བའི་ནད་སེལ་བྱེད། །ཅེས་བྱ་བ་ལ། རྒྱམ་ཚ་དང་བཅའ་སྒ་སྲང་རེ། ཁ་རུ་ཚ་སྲང་གཉིས། ད་ཏྲིག་ལ་སོགས་པ་སྲང་བཞི་བཞི་ཕུལ་རེ། ན་ལེ་ཤམ་སྲང་གཅིག །གོ་སྙོད་སྲང་གཉིས། འུ་སུའི་འབྲས་བུ་སྲང་བཞི་སྟེ། འདི་དག་གཅིག་ཏུ་བསྲེས་ལ་ཕྱེ་མར་བཏགས་ཏེ། ཕྱེ་མ་དེ་ལས་ནད་པ་ལུས་ཟུངས་དང་མེ་དྲོད་ལ་སོགས་པའི་ཚུལ་ལས་དཔགས་ཏེ་ནད་པ་ལ་ཉིན་རེ་ཞིང་སྦྱིན་པར་བྱ་སྟེ། ཕྱེ་མ་དེས་ནི་ཡི་ག་འབྱེད་ཅིང་ལེན་པ་དང་དྲོད་སྐྱེད་པ་དང༌། ཉམས་སྟོབས་དང་ལྡན་པར་བྱེད་པ་དང༌། རྩིབ་ལོགས་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཉིད་ཡིན་ནོ། །འུ་སུ་ཞོ་གཉིས་གོ་སྙོད་དང༌། །ལ་ལ་ཕུད་ལ་ཞོ་བཞི་བཞི། །སེའུ་འབྲུ་དང་ནི་ད་ཏྲིག་དག །དེ་ཡི་ཉིས་འགྱུར་ཉིས་འགྱུར་བྱ། །ཁ་རུ་ཚ་ནི་སྲང་གཅིག་དང༌། །བཅའ་སྒ་ཞོ་གཉིས་བིལ་བའི་རྐང༌། །སྲང་ལྔ་དང་ནི་སྦྱར་བ་ལ། །ཁ་ར་སྲང་ནི་བཅུ་དྲུག་གཞུག །རོ་དྲུག་པ་འདི་བཟའ་བ་དང༌། །བཏུང་བ་སྔ་མ་བཞིན་དུ་སྦྱིན། །ཞེས་བྱ་བ་ལ། འུ་སུའི་འབྲས་བུ་ཞོ་གཉིས་གོ་སྙོད་དང་ལ་ལ་ཕུད་ཞོ་བཞི་བཞི་སྟེ། སེའུ་འབྲུ་དང༌། ད་ཏྲིག་ལ་ཉིས་འགྱུར་ཏེ། དེ་གོ་སྙོད་དང་ལ་ལ་ཕུད་


DTG201_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེའུ་འབྲུ་དང་ད་ཏྲིག་ཉིས་འགྱུར་ཉིས་འགྱུར་བྱས་ཏེ་སེའུ་འབྲུ་ཉིས་འགྱུར་དང་ད་ཏྲིག་ཉིས་འགྱུར་དུ་བྱས་ཏེ། དེ་ལྟར་ན་སེའུ་འབྲུ་སྲང་བཅུ་དྲུག །ད་ཏྲིག་སྲང་བཅུ་དྲུག་ཁ་རུ་ཚ་ལ་སྲང་གཅིག །བིལ་བའི་རྐང་ལ་སྲང་ལྔ་གཞུག་བར་བྱ་སྟེ། དེ་ཕྱེ་མར་བཏགས་པ་དང༌། ཁ་ར་སྲང་བཅུ་དྲུག་གཞུག་པར་བྱའོ། །རོ་དྲུག་པའི་ཕྱེ་མ་འདི་ནི་སྔ་མ་བཞིན་དུ་བཟའ་བ་དང་བཏུང་བ་ལ་སོགས་པའི་ནང་དུ་བྱིན་ན་ཡོན་ཏན་སྔ་མ་དང་འདྲ་བ་ཡིན་ནོ། །གཅོང་ཆེན་ལས་བཤད་ཆོ་ག་གང༌། །གནས་སྐབས་ཇི་བཞིན་གློ་རྡོལ་ཕན། །ཞེས་བྱ་བ་ལ། གཅོང་ཆེན་པོའི་སྐབས་སུ་བཤད་པའི་ཆོ་ག་གློ་གཅོང་ཆེན་པོ་ཟད་བྱེད་ཀྱི་གསོ་བའི་སྐབས་སུ་བཤད་པའི་ཆོ་ག་གང་ཡིན་པ་ཡང་སྐབས་ཇི་ལྟ་བ་བཞིན་དུ་སྦྱར་ན་གློ་རྡོལ་བའི་ནད་ལ་ཕན་པ་ཡིན་ནོ། །གློ་རྡོལ་ནད་ནི་བྱུང་གྱུར་ནས། །བད་ཀན་སྐྱེས་ནས་མགོ་བོ་བྲང༌། །ན་བའི་ལུད་པ་ཅན་གང་ཡིན། །དེ་ལ་དུད་པ་འདི་བརྔུབ་བྱ། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་བརྟ་བའི་ཆོ་གས་གློ་རྡོལ་བའི་ནད་བྱང་ཞིང་བྲལ་བར་གྱུར་བ་ན། བརྟས་པ་ཉིད་ཀྱིས་བད་ཀན་འཕེལ་ཞིང་རྒྱས་པར་གྱུར་ན་དེས་ལུད་པ་སྐྱེས་ཤིང་མགོ་བོ་དང་བྲང་ན་བའི་ལུད་པ་ཅན་གང་ཡིན་པ་དེ་ལ་ནི། གནས་སྐབས་ལས་བབ་པ་ལས་མི་འདའ་བར་དུད་པ་འདི་བརྔུབ་ཅིང་བདུག་པའི་ཆོ་ག་བྱའོ། །མེ་ད་གཉིས་དང་བ་ལ་དང༌། །ཤིང་མངར་སྲོ་མའི་ཤུན་ལྤགས་ནི། །ལྡེ་གུར་བྱས་ལ་རེང་བུ་ནི། །བྱས་ཏེ་དུད་པ་བརྔུབ་པར་བྱ། །རྗེས་ལ་འཚོ་བྱེད་སྨན་མར་བཏུང། །ཞེས་བྱ་བ་ལ། མེ་ད་རྣམ་གཉིས་ལ་སོགས་པའི་སྨན་མར་ཆུ་བཏགས་སུ་བྱས་པ་ལྡེ་གུ་སྲོ་མའི་ཤུན་ལྤགས་སམ་སྲོ་དར་དང་བསྲེས་ཏེ་རེང་བུར་བྱས་ལ། དུད་པ་བརྔུབ་པར་བྱའོ། །དེའི་རྗེས་ལ་བཏུང་བ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་སྦྱར་བའི་སྨན་བཏུང་བར་བྱའོ། །ལྡོང་རོས་དང་ནི་བ་ལ་ཤ་།ཨ་ཟ་གནྡྷ་ཅུ་གང་དང༌། །དོང་ག་ལས་ཀྱང་དེ་བཞིན་བྱས། །དེ་རྗེས་ཁ་ར་བུ་རམ་དང༌། །བུ་རམ་ཤིང་ཁུ་བཏུང་བར་བླུད། །ཅེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་ལྡེ་གུ་ཡང་དེ་བཞིན་དུ་སྲོ་མ་དང་བསྲེས་ཏེ་རེང་བུར་བྱས་ལ་དུད་པ་བརྔུབ་པར་བྱས་ལ།


DTG201_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བཏུང་བ་ནི་ཁ་རའི་ཆུ་དང༌། བུ་རམ་ཤིང་གི་ཁུ་བའི་ཆུ་བླུད་པར་བྱའོ། །ལྡོང་རོས་དང་ནི་ནྱ་གྲོ་དྷའི། །མྱུ་གུ་རློན་པ་ཆ་མཉམ་བཏགས། །ཞུན་མར་དང་སྦྱར་དུད་པ་བརྔུབ། །དེ་འོག་སྲེག་པའི་ཤ་ཁུ་བཏུང༌། །ཞེས་བྱ་བ་ལ། ལྡོང་རོས་དང་ནྱ་གྲོ་དྷའི་མྱུ་གུ་རློན་པ་དང་ཆ་མཉམ་པར་བྱས་པ་ཞིབ་ཏུ་བཏགས་ལ། ཞུན་མར་དང་སྦྱར་བའི་དུད་པ་བརྔུབ་པར་བྱ་ལ། དུད་པ་བརྔུབ་པ་དེའི་རྗེས་ལ་ནི་སྲེག་པའི་ཤ་ཁུ་བཏུང་བར་བྱའོ། །གློ་རྡོལ་ལས་བྱུང་ལུད་པ་ལ། །ཐོག་མར་སྟོབས་དང་མེ་དྲོད་སྐྱེད། །ཅེས་བྱ་བ་ལ། གློ་རྡོལ་བ་ལས་བྱུང་བའི་ལུད་པ་ལ་ནི་ཐོག་མ་ཁོ་ནར་སྟོབས་སྐྱེད་ཅིང་ཉམས་བརྟ་བའི་སྨན་བྱ་ཞིང་དེ་བཞིན་དུ་ཕོ་བའི་མེ་དྲོད་སྐྱེད་པའི་ཆོ་ག་བྱའོ། །ནད་གཞི་མང་ལ་སྣུམ་བཅས་པའི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །ཞེས་བྱ་བ་ལ། ལུད་པ་ཅན་གང་ནད་གཞི་མང་ཞིང་ཤས་ཆེ་བ་ཡིན་ན་སྣུམ་དང་བཅས་པའི་བཀྲུ་སྨན་འཇམ་པོ་གཏང་བར་བྱའོ། །དོང་ག་དང་ནི་དུར་བྱིད་གཉིས། །རྒུན་འབྲུའི་ཆུ་དང་སྦྱར་བ་དང༌། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང༌། །བི་ད་རི་ཡི་ཁུ་བར་སྦྱར། །ཞུན་མར་ལ་བཙོས་ཅི་རིགས་སྦྱིན། །ལུས་ཟད་པ་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་དེ་ཡང་དོང་ག་ལ་སོགས་པའི་སྨན་ཞུན་མར་གྱི་ནང་དུ་སྨན་མར་གྱི་སྦྱོར་བས་བཙོས་པའི་བཀྲུ་སྨན་དེ་ལུས་ཟད་ཅིང་ཉམ་ཆུང་བ་ལ་སྦྱང་བའི་དོན་དུ་བླུད་པར་བྱའོ། །མཁྲིས་པ་བད་ཀན་ལུས་ཟུངས་རྣམས། །ཟད་པའི་ཟད་བྱེད་ལུད་པ་ཅན། །མར་དང་ཀར་ཀ་ཏ་སྲིང་གི །འོ་མ་བ་ལ་གཉིས་བསྐོལ་བླུད། །ཅེས་བྱ་བ་ལ། གློ་རྡོལ་ཟད་བྱེད་ཀྱི་ལུད་པ་ཅན་ནད་སྐྱེད་པར་བྱེད་པའི་མཁྲིས་པ་ཡང་ཟད། བད་ཀན་ཡང་ཟད། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱང་ཟད་པར་གྱུར་པ་ལ་ཀར་ཀ་ཏ་སྲིང་གི་དང༌། བ་ལ་རྣམ་གཉིས་དང་བཙོས་པའི་འོ་མའི་བཞི་འགྱུར་དང་བསྐོལ་བ་བླུད་པར་བྱའོ། །བི་ད་རིའམ་ཀ་དམ་པ། །ཏ་ལའི་འབྲས་བུ་དང་བསྐོལ་བའི། །མར་དང་འོ་མ་གཅིན་ནད་ནི། །མདོག་གྱུར་སྲི་བར་བྱེད་ལ་བླུད། །ཅེས་བྱ་བ་ལ། བི་ད་རི་ལ་སོགས་པའི་སྨན་དང་བསྐོལ་བའི་མར་གཅིན་ནད་མདོག་གྱུར་ཅིང་


DTG201_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པར་སྣང་བ་དང༌། གཅིན་སྲི་བར་བྱེད་པ་ལ་སྦྱིན་པར་བྱའོ། །ཕོ་མཚན་རྐུབ་དང་ཆུ་སོ་དང༌། །བརླ་དབྲག་མཇུག་ཏོ་སྐྲང་ཞིང་ན། །མར་གྱི་སྙིང་བོ་ཡང་པའམ། །ཏིལ་མར་བསྲེས་པའི་འཇམ་རྩི་གཏང༌། །ཞེས་བྱ་བ་ལ། ཕོ་མཚན་ལ་སོགས་པ་སྐྲང་ཞིང་ན་བ་དང་ལྡན་པ་ལ་མར་གྱི་སྙིང་པོ་ཡང་བར་གྱུར་པའམ། ཡང་ན་མར་དང་ཏིལ་མར་བསྲེས་པའི་འཇམ་རྩི་གཏང་བར་བྱའོ། །སྐམ་སའི་སྲོག་ཆགས་ཤ་དང་ནི། །བྱིའུ་སོགས་དང་ནི་ཁུང་ན་གནས། །དེ་བཞིན་མཐུ་རྩལ་གྱིས་ཟས་ཚོལ། །ཤ་ཟའི་ཤ་ཡང་རིམ་བཞིན་སྦྱིན། །ཞེས་བྱ་བ་ལ། འཇམ་རྩི་བཏང་བའི་རྗེས་ལ་སྐམ་སའི་ཕྱོགས་ན་གནས་པའི་སྲོག་ཆགས་ཤ་བཀྲ་དང་དགོ་བ་ལ་སོགས་པའི་ཤ་བཟའ་ཞིང༌། དེ་ནས་རིམ་བཞིན་བྱིའུ་ལ་སོགས་པ་བཟའ་བར་བྱས་ལ། དེའི་འོག་ཏུ་ཁུང་ན་གནས་བ་སྟེ་ཕྱི་བ་དང་གོ་ད་ལ་སོགས་པའི་ཤ་བཟའ་བར་བྱ་ཞིང། དེ་ནས་རིམ་གྱིས་མཐུ་རྩལ་གྱིས་བཟའ་བ་ཚོལ་བ་སྟག་དང་ཁྲ་ལ་སོགས་པ་སྲོག་ཆགས་གཞན་གྱི་ཤ་ཟ་བའི་ཤ་དག་རིམ་བཞིན་དུ་སྦྱིན་པར་བྱའོ། །དྲོ་བས་བད་ཀན་འཇིག་བྱེད་ལ། །རྩ་སྦུབས་རྣམས་ནི་དག་བྱེད་ཅིང༌། །དངས་མ་ལེགས་པར་རྒྱུ་བྱེད་པས། །ལུས་ནི་རྒྱས་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། བྱིའུའི་ཤ་ལ་སོགས་པ་དེ་དག་ནི་དྲོ་བས་བད་ཀན་གྱི་ཚོགས་རྩ་སྦུབས་ཀྱི་ནང་ནས་འཛག་ཅིང་རྒྱུ་བར་བྱེད་ལ། དེ་ནས་རྩ་སྦུབས་འགགས་པར་བྱེད་པའི་བད་ཀན་སྦྱངས་པས་དག་པར་བྱེད་པ་ཡིན་ལ། ལུས་ཀྱི་བཅུད་ཀྱང་ལུས་ཀྱི་བཅུད་ཀྱི་དངས་མ་ལེགས་པར་རྒྱུ་ཞིང་བདེ་བར་འགྲོ་བར་བྱེད་པས། ལུས་རྒྱས་པར་བྱེད་པ་ཡིན་ཏེ། ལུས་སྦྱངས་པའི་མཚན་ཉིད་ནི་གཞུང་གཞན་དག་ལས་བཤད་དེ། རྩ་སྦུབས་ནད་ཀྱིས་བཀག་བ་རྣམས། །རྣོ་བས་སྤྱོད་ཞིང་དག་པར་བཤད། །ཅེས་འབྱུང་བ་ཡིན་ནོ། །དབྱི་མོ་བར་གྱི་འབྲས་བུ་གསུམ། །རྩ་བ་བཅུ་དང་ཙི་ཏྲ་ཀ །རྒྱ་སྲན་པི་པི་ལིང་རྩ་བ། །པ་ཏ་རྒྱ་ཤུག་ནས་ཆུར་བསྐོལ། །ལི་དོང་གྲ་དང་ཕྱི་ཚེར་བ། །ཟུར་པ་མ་ནུ་པི་པི་ལིང༌། །ཀར་ཀ་ཏ་ཡི་སྲིང་གི་བཏགས། །མཉམ་པའི་ཞུན་མར་དག་དང་བསྐོལ། །བསྐོལ་བའི་མར་


DTG201_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཀྵ་ར་གཉིས། །ལན་ཚྭ་ལྔ་ནི་བཏགས་ཏེ་གཞུག །དེ་ལས་རན་པར་འཐུངས་ན་ནི། །ཟད་བྱེད་ལུད་པས་ཉེན་པ་སེལ། །ཞེས་བྱ་བ་ལ། དབྱི་མོ་ལ་སོགས་པའི་སྨན་ཆུར་བསྐོལ་བ་དང༌། ལི་དོང་གྲ་ལ་སོགས་པ་ཆ་མཉམ་པར་བཏགས་པའི་ལྡེ་གུ་དང་མར་བསྐོལ་ལ། བསྐོལ་བའི་མར་འདིར་ཀྵ་ར་གཉིས་ཞེས་བྱ་བ་ཡ་བཀྵ་ར་དང༌། སྭརྫི་ཀ་ཀྵ་ར་གཉིས་དང༌། དེ་བཞིན་དུ་ལན་ཚ་ལྔ་ཞེས་བྱ་བ་ལྕེ་མྱང་ཚ་དང༌། ཁ་རུ་ཚ་བི་ད་དང༌། རྩལ་རུ་ཚ་དང་རྒྱ་མཚོའི་ལན་ཚྭ་དང༌། ནད་ཀྱི་ཚུལ་ལས་དཔགས་ཏེ་ཅི་རིགས་པར་བཅུག་ནས་ཚད་རན་པར་འཐུངས་ན་ཟད་བྱེད་ལས་གྱུར་པའི་ལུད་པ་སེལ་བར་འགྱུར་རོ། །ཀ་ས་མར་དང་ཨ་རུ་ར། །གླ་སྒང་པ་ཏ་ཀད་པ་ལ། །དོང་གྲ་པི་པི་ལིང་ཏང་པལ། །པུ་ཙེ་ཤེལ་ཚད་ཞོ་གཉིས་གཉིས། །མར་ནི་བྲེ་གང་འོ་མ་དང༌། །རྒུན་ཆུ་བྲེ་བཞིའི་ནང་དུ་བསྐོལ། །ཟད་བྱེད་རིམས་དང་མཆིན་པའི་ནད། །ལུད་པ་ཀུན་སེལ་དགེ་བ་ཡིན། །ཞེས་བྱ་བ་ལ། ཀ་ས་མར་ད་ལ་སོགས་པའི་སྨན་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་པ་མར་བྲེ་གང་དང༌། འོ་མ་དང་རྒུན་ཆུ་བསྲེས་པ་བྲེ་བཞིའི་ནང་དུ་བསྐོལ་བའི་མར་དེས་ནི་ཟད་བྱེད་ལ་སོགས་པའི་ནད་སེལ་བར་བྱེད་པ་དང༌། དགེ་ཞིང་དཔལ་སྐྱེད་པར་བྱེད་པ་ཡིན་ནོ། །ཀཎྜ་ཀ་རི་བ་ཤ་ཀ །སླེ་ཏྲེས་རྩ་བ་འབྲས་བུ་དང༌། །མྱུ་གུ་ལོ་མར་བཅས་པ་རྣམས། །བསྐོལ་བའི་ཁུ་བ་མར་དུ་བཙོས། །ལུད་པའི་རིམས་ཀྱིས་བཏབ་པ་དང༌། །ཡི་ག་འཆུས་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། ཀཎྜ་ཀ་རི་ལ་སོགས་པ་སྨན་སྣ་རེ་རེའི་རྩ་བ་དང་འབྲས་བུ་དང་མྱུ་གུ་དང་ལོ་མར་བཅས་པ་བསྐོལ་བའི་ཁུ་བ་སྨན་མར་བསྐོལ་བའི་ཚད་ཀྱི་མར་དང་བསྐོལ་བ་ནི་ལུད་པ་དང༌། རིམས་ལ་སོགས་པ་སེལ་བར་བྱེད་དོ། །སེའུ་འབྲུའི་ཁུ་བ་ཉིས་འགྱུར་རམ། །ཚ་གསུམ་ལྡན་པར་བསྐོལ་བའང་ཕན། །ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་བསྐོལ་བ་ཚ་བ་གསུམ་དང་ལྡན་པར་བསྐོལ་བ་ཡང་ལུད་པ་དང་རིམས་དང་ཡི་ག་འཆུས་པ་སེལ་བར་བྱེད་དོ། །ཡ་བཀྵ་ར་མར་དང་སྦྱར། །ཟས་ཟོས་པ་ཡི་འོག་ཏུ་བླུད། །ཅེས་བྱ་བ་ལ། ཡ་བཀྵ་ར་དང་སྦྱར་བའི་མར་དེ་


DTG201_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ཟོས་པའི་འོག་ཏུ་བླུད་ན་ཡང་ལུད་པ་ལ་ཕན་ནོ། །པི་པི་ལིང་དང་བུ་རམ་བསྐོལ། །ར་ཡི་འོ་མ་མར་བཅས་ཕན། །ཞེས་བྱ་བ་ལ། པི་པི་ལིང་དང་བུ་རམ་གཉིས་ལྡེ་གུར་བྱས་པ་རའི་འོ་མ་དང་མར་བཞི་འགྱུར་བསྐོལ་བ་བླུད་ན་ཡང་ཕན་ནོ། །འདི་ནི་མེ་དྲོད་སྦྱང་ཕྱིར་རོ། །ཟད་བྱེད་ལུས་ཅན་གྱིས་མར་བཏུང༌། །ནད་ཀྱིས་འགགས་པའི་མིད་པ་བྲང༌། །རྩ་སྦུབས་རྣམས་ནི་དག་པར་བྱེད། །ཅེས་བྱ་བ་ལ། སྔར་བཤད་པའི་སྨན་ལ་སོགས་པ་འདི་དག་དང་བསྐོལ་བའི་སྨན་མར་ཟད་བྱེད་ཀྱི་ལུད་པ་ཅན་གྱི་ནད་པས་འཐུངས་ན་མེ་དྲོད་འཕེལ་ཞིང་རྒྱས་པར་འགྱུར་ལ་ནད་ཀྱིས་འགགས་ཤིང་གོས་པའི་བྲང་དང༌། ལྐོག་མའི་ནང་རྩ་སྦུབས་དག་ཅིང་སྦྱོང་བར་བྱེད་པ་ཡིན་ནོ། །ནས་ནི་བྲེ་གང་བཙོས་པ་རུ། །རྣམ་པར་རྒྱལ་བ་ཉི་ཤུ་བཙོ། །ཚོས་ནས་དེ་ཕྱུང་མཉེས་ནས་དེར། །བུ་རམ་རྙིང་པ་སྲང་དྲུག་དང༌། །པི་པི་ལིང་ནི་སྲང་གཉིས་དང༌། །ལྡོང་རོས་ཞོ་གཉིས་སྐྱེར་ཁཎྜ། །ཞོ་གཅིག་ཚད་ནི་བཅུག་ནས་ནི། །སླར་ཡང་བསྐོལ་བའི་ལྡེ་གུ་དེས། །ལུད་པ་དབུགས་མི་བདེ་སེལ་བྱེད། །ཅེས་བྱ་བ་ལ། ནས་བྲེ་གང་བསལ་བ་བཙོས་པའི་ནང་དུ་ཨ་རུ་ར་རྣམ་པར་རྒྱལ་བ་རྡོག་མ་ཉི་ཤུ་བཅུག་སྟེ་བཙོས་ལ། དེ་ཚོས་ཤིང་བངས་པར་གྱུར་པ་དང༌། ཁུ་བ་དེའི་ནང་དུ་མཉེས་ནས་ཡང་བསྐོལ་བར་བྱ་སྟེ། འདིའི་ནང་དུ་བུ་རམ་རྙིང་པ་སྲང་དྲུག །པི་པི་ལིང་སྲང་གཉིས། ལྡོང་རོས་ཞོ་གཉིས་སྐྱེར་ཁཎྜ་ཞོ་གཅིག་བཅུག་ལ་ལྡེ་གུའི་ཚུལ་དུ་བསྐོལ་བར་བྱའོ། །ལྡེ་གུ་དེས་ནི་ལུད་པ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །རེག་འཇམ་སྒྲོ་རྩ་བསྲེགས་ནས་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །ཡང་ན་རྨ་བྱའི་རྐང་པ་བསྲེགས། །མར་དང་སྦྲང་རྩིར་བསྲེས་པ་ཡི། །ལྡེ་གུ་ཟོས་ན་ལུད་པ་དང༌། །དབུགས་མི་བདེ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། བྱ་རོག་ཤ་བི་ད་ཞེས་བྱ་བ་སྒྲོ་རྩ་ཁམ་འདྲ་བ་ཡོད་དེ། དེ་བསྲེགས་ནས་མར་ངང་ཁ་ར་སྦྲང་དང་སྦྱར་བའི་ལྡེ་གུ་ཟོས་ན་ལུད་པ་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །ཡང་རྨ་བྱའི་རྐང་པ་བསྲེགས་ཏེ་མར་དང་སྦྲང་རྩི་སྦྱར་བའི་ལྡེ་གུ་ཟོས་ན་ཡང་ལུད་པ་ལ་སོགས་པའི་ནད་སེལ་ཏོ། །ཨེ་རཎྜ་ཡི་


DTG201_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་ནི། །ཏིལ་མར་ཚ་གསུམ་བུ་རམ་བཅས། །ལྡེ་གུའམ་བྱེའུ་རུག་ཨེ་རཎྜའི། །ལོ་མའི་ཐལ་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། ཨེ་རཎྜའི་ལོ་མའི་ཐལ་བ་ཏིལ་མར་དང་ཚ་བ་གསུམ་དང་བུ་རམ་དང་སྦྱར་བའི་ལྡེ་གུ་གཅོང་ཆེན་པོའི་ལུད་པ་དང་ལྡན་པས་བལྡག་པར་བྱའོ། །ཡང་ན་བྱེའུ་རུག་པ་དང༌། ཨེ་རཎྜ་བསྲེགས་པའི་ཐལ་བ་དག་སྔ་མ་བཞིན་དུ་ཚ་བ་གསུམ་དང་ཏིལ་མར་དང་བུ་རམ་དང་སྦྱར་ཏེ་ལྡེ་གུར་བྱས་ལ་བལྡག་པར་བྱའོ། །ཚ་བ་གསུམ་གྱི་ཕྱེ་མ་ནི། །བུ་རམ་རྙིང་པ་མར་སྦྱར་ཕན། །ཞེས་བྱ་བ་ལ། པི་པི་ལིང་དང་ན་ལེ་ཤམ་དང་བཅའ་སྒ་གསུམ་གྱི་ཕྱེ་མ་བུ་རམ་རྙིང་པ་དང་ཞུན་མར་ལྡེ་གུར་བྱས་ཏེ་བཟའ་བར་བྱའོ། །ཤུག་པ་ཚ་གསུམ་འབྲས་བུ་གསུམ། །བྱི་དང་ག་དང་ཐང་ཤིང་དང༌། །བ་ལ་ར་སྣའི་ཕྱེ་མ་ཀུན། །དེ་དང་མཉམ་པའི་ཁ་རར་སྦྱར། །ཡང་ན་སྦྲང་རྩི་མར་དང་སྦྱར། །ལྡེ་གུ་ལུད་པ་སེལ་བྱེད་མཆོག །ཅེས་བྱ་བ་ལ། ཤུག་པ་ལ་སོགས་པའི་སྨན་མར་ལུས་དང་ཆ་མཉམ་པའི་ཁ་ར་སྦྱར་ལ་ཟོས་ན་ཡང་ལུད་པ་ལ་ཕན་ནོ། །ཡང་ན་སྦྲང་རྩི་དང་ཞུན་མར་ཆ་མཉམ་དུ་སྦྱར་ཏེ་ལྡེ་གུ་ཟོས་པ་ཡང་ལུད་པ་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་ན་ལེ་ཤམ་གྱི་ཕྱེ། །མར་དང་སྦྲང་རྩི་ཁ་རར་བཅས། །ཞེས་བྱ་བ་ལ། ན་ལེ་ཤམ་གྱི་ཕྱེ་མ་མར་དང་སྦྲང་རྩི་དང་ཁ་ར་དང་ལྷན་ཅིག་ཟོས་པ་ཡང་ལུད་པ་སེལ་བའི་མཆོག་ཡིན་ནོ། །ཨ་རུ་ར་དང་བཅའ་སྒ་ནི། །བུ་རམ་དང་ནི་བཅས་པ་ཡི། །རི་ལུ་ཁར་ནི་བཞག་གྱུར་ན། །ལུད་པ་དབུགས་མི་བདེ་ཀུན་སེལ། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་ལ་སོགས་པའི་སྨན་བསྐོལ་ཏེ་རི་ལུད་བྱས་ལ་ཁའི་ནང་དུ་བཞག་ན། ལུད་པ་ལྔ་པོ་ཐམས་ཅད་དང༌། དབུགས་མི་བདེ་བ་ལྔ་པོ་ཀུན་སེལ་བར་འགྱུར་བ་ཡིན་ནོ། །ཡང་ན་བ་རུ་ར་འབའ་ཞིག །ལུད་པ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་ན་བ་རུ་ར་འབའ་ཞིག་ཁར་བཞག་ཅིང་མུར་ན་ཡང་ལུད་པ་དང་དབུགས་མི་བདེ་བ་ཐམས་ཅད་སེལ་བར་བྱེད་དོ། །སེང་ཕྲོམ་ཨ་མྲ་ཁ་ར་དང༌། །བཅས་པའི་ལྡེ་གུ་མར་དང་བརྔོས། །ཐུག་པ་ཟན་དྲོན་ནང་དུ་བཏབ། །སློན་བྲོ་སྐོམ་དད་ལུད་པ་དང༌། མ་ཞུ་ཚད་འཁྲུ་སེལ་བར་བྱེད། །


DTG201_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ལ། སེང་ཕྲོམ་གྱི་ལོ་མ་ལྡེ་གུར་སྦྱར་བར་མར་ལ་བརྔོས་ལ་ཁར་དང་བཅས་པ་ཐུག་པར་བྱས་པའམ། ཡང་ན་ཟན་དྲོན་ནམ་ཁུར་བ་དང་བསྲེས་པའི་ནང་དུ་སྨན་གོང་མ་མར་དང་བཅས་པ་ཟོས་ན་སློན་བྲོ་བ་ལ་སོགས་པའི་ནད་ཀུན་སེལ་བར་བྱེད་དོ། །ཀཎྜ་ཀ་རིའི་ཁུ་བ་བསྐོལ། །མུངྒའི་ཁུ་བར་ལེགས་གཡོས་པ། །སྐྱུ་རུ་ར་སེར་སེའུ་འབྲུར་བཅས། །ལུད་པ་ཀུན་གྱི་སྨན་གྱུར་ཡིན། །ཞེས་བྱ་བ་ལ། ཀཎྜ་ཀ་རིའི་རང་གི་ཁུ་བ་མུངྒའི་ཁུ་བར་བཅུག་སྟེ། གཡོས་ལ་སྐྱུ་རུ་ར་སེར་པོ་དང་སེའུ་འབྲུ་དང་བཅས་པ་བཏབ་སྟེ་སྒེ་འུ་གཤེར་དང་བཅའ་སྒ་དང་མར་ལ་སོགས་པ་བཅུག་ནས་ལེགས་པར་གཡོས་སུ་བྱས་པ་དེ་ནི་ལུད་པ་ཀུན་གྱི་སྨན་དུ་འགྱུར་བ་ཡིན་ནོ། །རླུང་འཇོམས་སྨན་བསྐོལ་འོ་མ་འམ། །མཆུ་ཡིས་བཟས་ཚོལ་ཁྲོན་རྐོ་དང༌། །ཁུང་ན་གནས་པའི་ཤ་ཁུ་ནི། །ཟད་བྱེད་ལུད་པ་ཅན་ལ་སྦྱིན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ནད་ཀྱིས་བཏབ་པའི་མི་ལ་རླུང་འཇོམས་པའི་སྨན་དང་བསྐོལ་བའི་འོ་མ་འམ། ཡུ་ཤ་ཁུ་བ་བླུད་པར་བྱ་བའམ། ཡང་ན་ཤ་ཁུ་མཆུས་བཟས་ཚོལ་བའི་ཤ་ལས་བྱས་པའམ། ཁྲོན་རྐོ་བའི་རིགས་ཀྱི་ཤའམ་ཁུང་ན་གནས་པའི་ཤ་ལས་གཡོས་པའི་ཤ་ཁུ་སྦྱིན་པར་བྱའོ། །གློ་རྡོལ་གྱི་དུད་བརྔུབས་ལ་གང༌། །བཏུང་བར་བཅས་པ་བསྟེན་པ་ཡང༌། །ཟད་བྱེད་ལུད་པར་དེ་གཏང་བྱ། །གང་ཡང་གཅོང་ཆེན་སྐབས་སུ་བཤད། །ཅེས་བྱ་བ་ལ། གློ་རྡོལ་གྱི་ལུད་པའི་ནད་གསོ་བའི་སྐབས་སུ་བཤད་པའི་དུད་པ་བརྔུབ་པ་དང་བཅས་པར་གོང་དུ་བསྟན་པ་གང་དག་ཡིན་པ་དེ་ཡང་ཟད་བྱེད་ཀྱི་ལུད་པ་ཅན་ལ་སྦྱིན་པར་བྱའོ། །གང་ཡང་འོག་ནས་གཅོང་ཆེན་པོ་གསོ་བའི་སྐབས་སུ་བཤད་པའི་སྦྱོར་བ་གང་ཡིན་པ་དེ་ཡང་སྦྱིན་པར་བྱའོ། །སྟོབས་སྐྱེད་མེ་དྲོད་སྐྱེད་པ་དང༌། །རྩ་རྒྱུན་སྦྱོང་བར་བྱེད་པའི་སྨན། །རྣམ་གྲངས་ཟད་བྱེད་ལུད་ཅན་ལ། །སྟོབས་སྐྱེད་ཐམས་ཅད་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ལུད་པ་ཅན་གྱི་ནད་པ་ལ་ནི་བརྟ་ཞིང་སྟོབས་སྐྱེད་པའི་སྨན་གང་ཡིན་པ་དང༌། དེ་བཞིན་དུ་གང་ཕོ་བའི་མེ་དྲོད་སྐྱེད་པའི་སྨན་དང་རྩ་རྒྱུན་དང་བུ་གའི་སྦུབས་སྦྱོང་བར་བྱེད་པའི་སྨན་དེ་དག་རྣམ་གྲངས་ཀྱིས་བྱིན་ན་


DTG201_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟད་བྱེད་ཀྱི་ལུད་པ་སེལ་བར་བྱེད་དོ། །དེ་བཞིན་དུ་སྟོབས་སྐྱེད་པར་བྱེད་པའི་སྨན་ཐམས་ཅད་ཀྱང་ཟད་བྱེད་ཀྱི་ལུད་པ་ལ་བསྔགས་པ་ཡིན་ནོ། །གང་ཕྱིར་འདུས་པ་ལས་བྱུང་བའི། །ཟད་བྱེད་ལུད་པ་མི་བཟད་པས། །དེ་ཕྱིར་ནད་སྟོབས་ཇི་བཞིན་དུ། །འདུས་པའི་ནད་ལ་ཕན་པས་གསོ། །ཞེས་བྱ་བ་ལ། རྒྱུ་གང་གི་ཕྱིར་འདུས་པའི་ནད་ལས་བྱུང་བའི་ཟད་བྱེད་ཀྱི་ལུད་པ་མི་བཟད་ཅིང་བརྣག་པར་དཀའ་ལ་སྡུག་བསྔལ་བ་ཡིན་པས་དེའི་ཕྱིར་ནད་ཀྱི་སྟོབས་ཇི་ལྟ་བ་ལ་ལྟོས་ལ། རླུང་གི་ཤས་ཆེ་བའམ། མཁྲིས་པའི་ཤས་ཆེ་བའམ། བད་ཀན་གྱི་ཤས་ཆེ་བའི་འདུས་པའི་ནད་ལ་ཕན་པའི་ཁ་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ཕན་པས་གསོ་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་གནས་སྐབས་སུ་བཤད་པའི་གོ་རིམས་ཀྱི་རྣམ་པས་སྐྱིགས་བུ་དང་དབུགས་མི་བདེ་བའི་ལེའུ་འདི་བརྩམས་པ་ཡིན་ནོ། །གང་ཕྱིར་སྐྱིགས་བུ་དབུགས་མི་བདེ། །རྒྱུ་སོགས་མཚུངས་པས་དེ་ཡི་ཕྱིར། །གསོ་བའང་གཅིག་སྟེ། ཞེས་བྱ་བ་ལ། རྒྱུ་གང་གི་ཕྱིར་སྐྱིགས་བུ་དང་དབུགས་མི་བདེ་བ་ནི་རྒྱུ་ལ་སོགས་པ་མཚུངས་པ་ཡིན་ཏེ། སྔོན་དུ་བྱུང་བའི་ཚུལ་དང་གྲངས་དང་རང་བཞིན་དང་རྟེན་གཅིག་ཉིད་ཡིན་པས། དེའི་ཕྱིར་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བ་ཡང་གཅིག་ཏུ་བསྟན་ཅིང་བཤད་པ་ཡིན་ནོ། །དེས་ཉེན་ལ། ཐོག་མར་དུགས་ཀྱི་ཉེར་སྤྱད་བྱ། །སྣུམ་དང་ལན་ཚྭ་ཏིལ་མར་བྱུག །ཅེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་དེས་ཉེན་ཅིང་གཟིར་བ་ཐོག་མར་ཏེ། གསོ་བ་ཐམས་ཅད་ཀྱི་ནང་ནས་དང་པོ་ཁོ་ནར་དུགས་ཉེ་བར་སྤྱད་པས་གསོ་བར་བྱ་ལ་དུགས་དེ་ཡང་སྣུམ་པ་སྟེ། སྣུམ་གྱི་སྨན་ལ་སྦྱར་བའི་དུགས་བྱའི། རྩུབ་པས་ནི་མ་ཡིན་ཏེ། རྩུབ་པས་ནི་རླུང་འཁྲུགས་པའི་


DTG201_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཡོད་པའི་ཕྱིར་རོ། །སྣུམ་དེ་ཡང་ཕལ་ཆེར་རྒྱམ་ཚ་ལ་སོགས་པའི་ལན་ཚྭ་དང་ཏིལ་མར་སྦྱར་བས་བྱུག་ཅིང་བསྐུ་བར་བྱའོ། །དེ་ཡིས་བད་ཀན་བུ་གར་འགགས། །ཤིན་ཏུ་ཞེན་པ་ཞུ་ནས་ནི། །ཁོང་པར་གནས་པ་ལེགས་པར་འབྱིན། །བུ་གའི་རྒྱུན་སྲང་མཉེན་གྱུར་ཞིང༌། །རླུང་ནི་ལུགས་དང་མཐུན་པར་རྒྱུ། །ཞེས་བྱ་བ་ལ། དུགས་དེས་ཅི་ཞིག་བྱེད་ཅེ་ན། བུ་གའི་སྦུབས་རྣམས་སུ་ཤིན་ཏུ་ཞེན་ཅིང་འགགས་པའི་བད་ཀན་ལེགས་པར་ཞུ་ཞིང་ལུད་པ་དང་དབུགས་མི་བདེ་བ་དེའི་ཁོང་པར་གནས་པ་ལེགས་པར་འབྱིན་ཅིང་བདེ་བླག་ཏུ་ཐོན་པར་འགྱུར་ལ། དེ་བཞིན་དུ་བུ་གའི་རྒྱུན་སྲང་ཤིན་ཏུ་སྲ་ཞིང་བད་ཀན་ནང་དུ་ཞེན་པ་དང༌། རླུང་འཁྲུགས་པའི་དབང་གིས་རྩ་སྦུབས་ཤིན་ཏུ་སྲ་བར་གྱུར་པ་དག་དུགས་ཀྱིས་སྦྱངས་ན་མཉེན་པ་ཉིད་དུ་བྱེད་དོ། །དེ་བཞིན་དུ་རླུང་ལུགས་དང་མི་མཐུན་པར་རྒྱུ་ཞིང་རང་གི་ལམ་ལས་རྒྱུ་བར་འགྱུར་རོ། །འཇམ་ཞིང་རླན་གྱུར་ཟས་སྣུམ་དང༌། །རླན་ཅན་ཤར་བཅས་སྦྱིན་པའམ། །ཡང་ན་ཞོ་ཡི་སྤྲིས་མ་སྦྱིན། །ཞེས་བྱ་བ་ལ། ནད་པ་དུགས་ཀྱིས་ལུས་རླན་ཅིང་འཇམ་པར་གྱུར་པ་ལ་ཁ་ཟས་སྣུམ་བག་དང་རླན་ཅན་གྱི་སྲོག་ཆགས་ཀྱི་ཤ་དང་བཅས་པ་སྦྱིན་པར་བྱ་བའམ། ཡང་ན་ཞོའི་སྤྲིས་མ་དང་བཅས་པ་སྦྱིན་པར་བྱའོ། །དེ་ནས་དེ་ལ་སློན་འཇམ་བཏང༌། །མཆོག་ཏུ་ལུད་པ་རྙིང་ནད་དང༌། །སྐད་འགགས་པ་ལ་སྐྱུག་སྨན་སྦྱིན། །རྒྱམ་ཚ་སྦྲང་རྩི་པི་པི་ལིང༌། །སྦྱར་བའམ་རླུང་ལ་ཕན་པ་གཏང༌། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་དུགས་བྱས་པའི་རྗེས་ལ་སྐྱིགས་བུ་དང་དབུགས་མི་བདེ་བས་ཉེན་པའི་ནད་པ་དེ་ལ་སློན་སྨན་འཇམ་པོ་གཏང་བར་བྱ་ལ། མཆོག་ཁྱད་པར་དུ་ནི་ལུད་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་དམ་པ་ལ་སྐྱུག་སྨན་གཏང་བར་བྱའོ། །སྐྱུག་སྨན་དེ་ཡང་རྒྱམ་ཚ་ལ་སོགས་པ་དང་ལྡན་པའམ། གང་རླུང་ལ་ཕན་ཞིང་གནོད་པ་མེད་པ་དེ་ལྟ་བུའི་སྐྱུག་སྨན་གཏང་བར་བྱའོ། །བད་ཀན་གྱིས་ནི་གནོད་བྱས་པ། །བསལ་ན་བདེ་བ་འཐོབ་འགྱུར་ལ། །བུ་ག་རྣམ་པར་དག་གྱུར་ནས། །རླུང་ནི་གནོད་པ་མེད་པར་རྒྱུ། །ཞེས་བྱ་བ་ལ། བད་ཀན་གྱི་གནོད་པ་དང་བཅས་པ་བསལ་


DTG201_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྦྱངས་ན་མི་དེ་བདེ་བ་འཐོབ་ཅིང༌། སྐྱིགས་བུ་དང་དབུགས་མི་བདེ་བ་ཞི་བར་འགྱུར་ལ། ཡང་བད་ཀན་གྱིས་གནོད་ཅིང་བཀག་བར་བྱས་པའི་བུ་ག་རྣམས་དག་ཅིང་སྦྱངས་པར་གྱུར་པས་རླུང་གནོད་པ་མེད་པར་རྒྱུ་སྟེ་སུས་ཀྱང་གགས་བྱས་པ་མེད་བར་བདེ་བར་རྒྱུ་བར་འགྱུར་ཞིང༌། སྲོག་གནས་པའི་རྒྱུན་སྲང་དག་ཏུ་ལེགས་པར་འགྱུར་རོ། །ལྟོ་སྦོས་རྟུག་འགགས་མུན་འཐིབས་བྱེད། །མ་དུ་ལུང་ག་སྟར་བུ་དང༌། །ཤིང་ཀུན་པི་ལུ་ཁ་རུ་ཚ། །ལྡན་ཟས་སྦྱིན་ན་བདེ་བར་འབྱུང༌། །ཞེས་བྱ་བ་ལ། ལྟོ་སྦོས་པ་དང་གནས་སྐབས་དེར་རྟུག་པ་འགགས་པ་ལས་མུན་འཐིབས་ཞེས་བྱེད་ཅིང་མུན་སྲོས་པ་སྙམ་དུ་སེམས་པའི་དབུགས་མི་བདེ་བ་བྱུང་བར་གྱུར་ན་མ་དུ་ལུང་ག་ཞེས་བྱ་བ། བ་ལུ་དང་སྟར་བུ་ལ་སོགས་པའི་སྨན་དང་ལྡན་པའི་ཟས་བྱིན་ན་དབུགས་བདེ་བར་འགྱུར་རོ། །རྒྱམ་ཚར་བཅས་པའི་འབྲས་བུ་སྐྱུར། །ཅུང་ཟད་དྲོ་བའི་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། ཡང་ན་ལྟོ་སྦོས་པ་དང༌། རྟུག་པ་འགགས་པ་ལས་བྱུང་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་མུན་འཐིབས་ཞེས་བྱེད་པ་རྒྱམ་ཚ་དང་འབྲས་བུ་སྐྱུར་པོ་མ་དུ་ལུང་ག་ལ་སོགས་པ་དང་སྦྱར་བ་ཅུང་ཟད་བསྲོས་ཏེ་དྲོ་འཇམ་ཙམ་དུ་བྱས་པའི་བཀྲུ་སྨན་གཏང་བར་བྱའོ། །འདི་དག་བད་ཀན་གྱིས་ལམ་བཀག །སྲོག་གི་རླུང་ནི་འཁྲུགས་ལས་བྱུང༌། །དེ་བས་དེ་ལམ་བསལ་བྱའི་ཕྱིར། །སྟེང་དང་འོག་ཏུ་སྦྱང་བྱས་ཕན། །ཞེས་བྱ་བ་ལ། གང་གི་ཕྱིར་ལུད་བ་དང་དབུགས་མི་བདེ་བ་འདི་དག་ནི་བད་ཀན་གྱིས་རྒྱུ་བའི་ལམ་བཀག་པའི་སྲོག་ཅེས་བྱ་བའི་རླུང་དེ་འཁྲུགས་པར་གྱུར་པ་ལས་འབྱུང་བ་ཡིན་ལ། དེ་བས་སྲོག་ཅེས་བྱ་བའི་རླུང་དེའི་ལམ་བསལ་ཞིང་དག་པར་བྱ་བའི་ཕྱིར་སྟེང་དང་འོག་ཏུ་སྦྱང་བའི་ཐབས་སྐྱུག་སྨན་བཏང་ན་ཕན་ནོ། །ཇི་ལྟར་འབབ་པར་གྱུར་པའི་ཆུ། །ཤིན་ཏུ་འཁྱིལ་ཞིང་འཕེལ་བ་ལྟར། །དེ་བཞིན་རླུང་ནི་འཁྱིལ་གྱུར་པའི། །དེ་ལམ་ལེགས་པར་སྦྱང་བར་བྱ། །ཞེས་བྱ་བ་ལ། དཔེར་ན་ཇི་ལྟར་ཆུ་འབབ་བར་གྱུར་པ་དག་རྒྱུ་བའི་རྒྱུན་ལམ་བཀག་པར་གྱུར་པ་ན་ཤིན་ཏུ་འཕེལ་ཞིང་མང་དུ་འཕེལ་བར་འགྱུར་བ་དང་


DTG201_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་དེ་བཞིན་དུ་རང་བཞིན་གྱིས་རྒྱུ་བའི་རླུང་དེའི་རྒྱུ་བའི་ལམ་འགགས་ཤིང་བདེ་བླག་ཏུ་འགྲོ་བའི་གོ་སྐབས་མ་ཐོབ་ན་ཤིན་ཏུ་འཁྱིལ་བར་འགྱུར་རོ། །དེ་བས་ན་རླུང་དེའི་རྒྱུ་བའི་ལམ་སློན་དང་ཁྲུས་ཀྱིས་སྦྱང་བར་བྱ་སྟེ། ལམ་བསལ་ན་ཕན་པར་འགྱུར་རོ། །སྦྱང་བ་བྱས་ཀྱང་མ་དག་པའི། །ཞེན་པའི་དྲི་མ་དུ་བས་བསལ། །ཞེས་བྱ་བ་ལ། དེ་ལྟར་སྦྱང་བའི་རྣམ་པ་བྱས་སུ་ཟིན་ཀྱང་ལུད་པ་དང་དབུགས་མི་བདེ་བས་ཉེན་པའི་བད་ཀན་གྱི་ནད་ཀྱི་དྲི་མ་དག་ཅིང་ཤིན་ཏུ་ཞེན་པའི་ཉེས་པ་ལྷག་མ་ཡོད་པ་གང་ཡིན་པ་དེ་ནི་དུ་བ་བརྔུབ་པའི་ཐབས་ཀྱིས་བསལ་བར་བྱའོ། །ཡུང་བའི་ལོ་མ་ཨེ་རཎྜའི། །རྩ་བ་རྒྱ་སྐྱེགས་ལྡོང་རོས་དང༌། །ཐང་ཤིང་བ་ལ་སྤང་སྤོས་བཅས། །བཏགས་ཏེ་རེང་བུ་ཉིད་དུ་བྱ། །དེ་ནི་མར་བསྐུས་དུད་པ་བརྔུབ། །ཡང་ན་མར་སྦྲུས་ནས་བསྲེགས་བརྔུབ། །ཅེས་བྱ་བ་ལ། ཡུང་བའི་ལོ་མ་ལ་སོགས་པའི་སྨན་ཆུ་བཏགས་སུ་བྱས་ཏེ་བསྐམས་ནས་རེང་བུ་དེ་མར་བསྐུས་ཏེ་མེ་ལ་བསྲེགས་པའི་དུད་པ་བརྔུབ་པར་བྱའོ། །ཡང་ན་མར་དང་ནས་སྦྲུས་ནས་བསྲེགས་པའི་དུད་པ་བརྔུབ་པར་བྱའོ། །སྦྲ་ཚིལ་སྲ་རྩི་པོག་དག་གམ། །ཨ་ཀ་རུ་བཟང་མར་སྦྱར་བརྔུབ། །ཅེས་བྱ་བ་ལ། སྤྲ་ཚིལ་དང་སྲ་རྩི་པོག་ཅེས་བྱ་བ་སརྫ་ར་གཅིག་ཏུ་སྦྱར་བའི་དུད་པའམ། ཡང་ན་ཨ་ཀ་རུ་བཟང་པོའི་དུད་པ་བརྔུབ་པར་བྱའོ། །དེ་བཞིན་ཙནྡན་གླང་རྭ་འམ། །སྤུ་འམ་རྒྱུས་པའི་དུད་པ་བརྔུབ། །ཅེས་བྱ་བ་ལ། ཡང་ན་ཙནྡན་མེར་བསྲེགས་པའི་དུད་པ་བརྔུབ་བར་བྱའོ། །ཡང་ན་བ་ལང་གི་རྭ་མེ་ལ་བསྲེགས་པའི་དུད་པ་འམ། བ་ལང་གི་སྤུའམ། བ་ལང་གི་རྒྱུས་པའི་དུད་པ་བརྔུབ་པ་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ནང་དུ་ཞེན་པའི་སྐྱོན་སེལ་བར་བྱེད་པར་འགྱུར་རོ། །གཙོད་དང་གོད་ཀུ་རང་ག །དགོ་བ་ལྤགས་མིག་ར་ཡི་འམ། །ཞེས་བྱ་བ་ལ། ཡང་ན་གཙོད་ལ་སོགས་པའི་སྲོག་ཆགས་ཀྱི་པགས་པ་ལ་སོགས་པའི་དུད་པ་བརྔུབ་ན་ཡང་ཕན་ནོ། །ཡང་ན་གུ་གུལ་ལྡོང་རོས་སམ། །ཡང་ན་སཱ་ལའི་ཐང་ཆུ་ཉིད། །ཅེས་བྱ་བ་ལ། ཡང་ན་གུ་གུལ་གྱི་དུད་པ་བརྔུབ་པའམ། ཡང་ན་ལྡོང་རོས་ཀྱི་དུད་པ་བརྔུབ་པའམ། ཤིང་སཱ་


DTG201_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་ཐང་ཆུའི་དུ་བ་བརྔུབ་པར་བྱའོ། །མོ་རྩ་གུ་གུལ་ཨ་ག་རུ། །ཤུག་པ་མར་དང་སྦྱར་དུད་བརྔུབ། །ཅེས་བྱ་བ་ལ། ཡང་ན་མོ་རྩ་ཞེས་བྱ་བ་ཤིང་ཤལ་མ་ལིའི་ཐང་ཆུ་དྲི་ཞིམ་པ་ལ་སོགས་པ་མངར་བའི་སྤོས་མར་དང་སྦྱར་བའི་དུད་པ་བརྔུབ་པར་བྱའོ། །དུགས་བྱར་མི་རུང་བཏང་སྙོམས་བཞག །བྲང་དང་མིད་པ་ཞོམ་པ་ལ། །བཤོལ་དུ་མེད་ན་འཇམ་དུགས་བྱ། །ཁ་ར་དཀར་པོའི་འོ་མས་སམ། །དྲོ་འཇམ་ཙམ་གྱིས་དུགས་བྱ་ཞིང༌། །དཀྲི་དང་ལྡན་པར་བྱ་བའི་དུགས། །དུགས་ཀྱི་ལེའུར་བཤད་དུགས་བྱ། །ཞེས་བྱ་བ་ལ། དུགས་བྱར་མི་རུང་བའི་ནད་པ་མཁྲིས་པ་དང་ཚ་བས་ཉེན་པ་དང༌། ཉམས་སྟོབས་དང་ལུས་ཟུངས་ཟད་པ་དང་ཤིན་ཏུ་སྣུམ་པ་དང་སྦྲུམ་མ་ལ་སོགས་པ་བྲང་དང་ལྐོག་མ་ཞོམ་པ་ལ་སོགས་པ་དུགས་བྱར་མི་རུང་སྟེ་བཤོལ་དུ་མེད་པ་ཡིན་ན་དུགས་འཇམ་པོ་བྱ་སྟེ། དེ་ཡང་ཁ་ར་དཀར་པོ་འོ་མ་དང་བཅས་པའི་སྣུམ་བག་དྲོ་འཇམ་ཙམ་དུ་བྱས་པ་བླུགས་ལ་དུགས་བྱ་ཞིང༌། དེ་བཞིན་དུ་དཀྲིས་པ་དང་ལྡན་པའི་དུགས་ཀྱི་ལེའུར་བཤད་པའི་སྨན་དང་སྦྱར་བས་དུགས་བྱའོ། །མ་ཞུར་དེ་གསོའི་ཆོ་ག་སྤྱད། །ཅེས་བྱ་བ་ལ། མ་ཞུ་བ་ལས་སྐྱིགས་བུ་དང་དབུགས་མི་བདེ་བ་ལས་གྱུར་པ་ལ་ནི་མ་ཞུ་བ་གསོ་བའི་ཆོ་ག་སྨྱུང་བ་དང་སྨིན་པར་བྱས་པ་ལ་སོགས་པ་སྤྱད་བར་བྱའོ། །སྦྱོར་དྲགས་རླུང་ཤས་ཆེ་གྱུར་ན། །རླུང་ནད་བསལ་བའི་སྦྱོར་བ་བྱ། །ཤ་ཁུ་སྣུམ་སོགས་རབ་ཚ་སྦྱིན། །བསྐུ་བ་དག་གིས་ཞི་བར་བྱ། །ཞེས་བྱ་བ་ལ། སྐྱུག་སྨན་ལ་སོགས་པའི་ཉམས་སྨད་པའི་ཆོ་གའི་སྦྱོར་བ་དྲགས་པས་རླུང་ཤས་ཆེ་ཞིང་རྒྱས་པར་གྱུར་པ་མཐོང་ན་རླུང་ནད་དེ་བསལ་བའི་ཆོ་ག་བྱ་ལ། དེ་ཡང་ཤ་ཁུ་དང་སྣུམ་གྱི་རྣམ་པ་མར་ལ་སོགས་པ་དང༌། འོ་མ་ལ་སོགས་པ་དང༌། བསྐུ་བ་ལ་སོགས་པས་ནད་དེ་ཞི་བར་བྱའོ། །བད་ཀན་མ་སློང་དུགས་མི་བྱ། །ཉམ་ཆུང་བ་ལ་སྦྱང་བྱས་པས། །རླུང་གི་གནས་རྙེད་གནས་རྣམས་ནི། །སྐམས་པར་བྱས་ནས་སྲོག་འཕྲོག་བྱེད། །དེ་བས་སྨན་ཁུ་སྣུམ་དང་ནི། །ལྡེ་གུ་སོགས་ཀྱིས་དེ་ཞིར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྐྱུག་སྨན་བཏང་བ་ལ་སོགས་


DTG201_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱོར་བ་ནི་བད་ཀན་མ་སློང་བ་ལ་སོགས་པ་ལ་གཏང་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱིགས་བུ་དང་དབུགས་མི་བདེ་བ་དང་ལྡན་པ་རྣམས་དེ་ལྟ་བུ་དང་ལྡན་པ་དེ་ལ་སྦྱང་བ་བྱས་ན་རླུང་གི་གནས་རྙེད་ཅིང་བརྟེན་པའི་གཞི་རྙེད་པ་སྙིང་ཞེས་བྱ་བའི་གནད་ཀུན་ཏུ་སྐམས་པར་བྱས་ནས་མྱུར་བ་ཁོ་ནར་སྲོག་འཕྲོག་ཅིང་འཇིག་པར་བྱེད་དོ། །རྒྱུ་དེ་བས་བད་ཀན་མ་སློང་བ་ལ་སོགས་པ་དེ་རྣམས་ལ་སྨན་བསྐོལ་བའི་ཁུ་བ་ལ་སོགས་པས་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཞི་བར་བྱའོ། །སྐེམ་ཞིང་གློ་རྡོལ་ཆེད་འཁྲུ་དང༌། །ཁྲག་མཁྲིས་ཚ་བ་ལས་བྱུང་བའི། །སྐྱིགས་བུ་དབུགས་མི་བདེ་བ་ལ། །མངར་སྣུམ་བསིལ་སོགས་དག་གིས་གསོ། །ཞེས་བྱ་བ་ལ། སྐེམ་ཞིང་རིད་པ་ལ་སོགས་པ་ལས་བྱུང་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ལ་ནི་མངར་བ་ལ་སོགས་པས་ཉམས་བརྟ་བའི་གསོ་བའི་ཐབས་ཀྱིས་གསོ་བར་བྱའོ། །ཀུ་ལངྠ་དང་རྩ་བ་བཅུ། །བསྐོལ་བའི་སྐམ་སའི་ཤ་ཁུ་ཕན། །ཞེས་བྱ་བ་ལ། ཡང་ན་སྐྱིགས་བུ་དང་དབུགས་མི་བདེ་བ་དང་ལྡན་པ་ལ་རྒྱ་སྲན་ཀུ་ལངྠ་དང་རྩ་བ་བཅུ་པ་དང་བསྐོལ་བའི་སྐམ་སའི་ཤ་ཁུ་བླུད་ན་ཕན་ནོ། །ཤི་ཀྲུ་པར་ཏ་ཀ་དང་ནི། །ཀས་མར་ད་བ་ཤ་ཀ། ལ་ཕུག་ལོ་མའི་ཁུ་བ་དང༌། །ནིམ་པའི་མྱུ་གུ་ལས་བྱུང་དང༌། །ཁ་ལུང་བྲི་ཧ་ཏི་ཁུ་ཕན། །ཞེས་བྱ་བ་ལ། ཡང་ན་ཤི་ཀྲུ་ལ་སོགས་པའི་སྨན་བཙོས་བའི་ཁུ་བ་ལས་ཡུ་ཤར་བྱས་པ་ཡང་ཕན་པ་ཡིན་ནོ། །ཀཎྜ་ཀ་རི་བྱི་ཚེར་བ། །བིལ་བའི་རྐང་དང་གཟེ་མ་དང༌། །སླེ་ཏྲེས་ཀར་ཀ་ཏ་སྲིང་གི །ཙི་ཏྲ་ཀ་དང་ཀུ་ལངྠ། །ཆུར་བསྐོལ་བ་ཡི་ཡུ་ཤ་བྱ། །ཞེས་བྱ་བ་ལ། ཡང་ན་ཀཎྜ་ཀ་རི་ལ་སོགས་པ་སྨན་ཆུར་བསྐོལ་བའི་ཡུ་ཤ་ཡང་ཕན་ནོ། །ཡང་ན་ར་སྣ་རྩ་ཆུང་ལྔ། །མུངྒ་ཙི་ཏྲ་ཀར་བཅས་བླུད། །ཅེས་བྱ་བ་ལ། ཡང་ན་ར་སྣ་དང་རྩ་བ་ཆུང་དུ་ལྔ་དང༌། མུངྒ་དང་ཙི་ཏྲ་ཀ་བསྐོལ་བའི་ཡུ་ཤ་བླུད་ན་ཡང་ཕན་ནོ། །ཙི་ཏྲ་གོ་སྙོད་ཁ་རུ་ཚ། །ཀར་ཀ་ཏ་སྲིང་ཐུག་པ་ཕན། །ཞེས་བྱ་བ་ལ། ཡང་ན་ཙི་ཏྲ་ཀ་ལ་སོགས་པའི་སྨན་དང་སྦྱར་བའི་ཐུག་བ་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །ཡང་ན་རྩ་བ་བཅུར་སྦྱར་བའི། །


DTG201_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་བླུད་ན་ལུད་པ་དང༌། །སྐྱིགས་བུ་དབུགས་མི་བདེ་ནད་སེལ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་པ་དང་སྦྱར་བའི་ཐུག་པ་བླུད་ན་ལུད་པ་ལ་སོགས་པའི་ནད་སེལ་ཏོ། །རྩ་བ་བཅུ་པ་ར་སྣ་དང༌། །ཟུར་པ་ག་བྲའི་རྩ་བ་དང༌། །བིལ་བ་གཉིས་དང་མ་ནུ་དང༌། །ཀར་ཀ་ཏ་སྲིང་པི་པི་ལིང༌། །ལྕ་བ་སླེ་ཏྲེས་བཅའ་སྒ་ནི། །བསྐོལ་བའི་ཁུ་བ་བླུད་ཞུ་ནས། །དེ་ཉིད་དང་བཙོས་ཐུག་པ་བླུད། །སཱ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་རྒྱ་སྲན་ཟོས། །ལུད་པ་སྙིང་ནད་རྩིབ་ལོགས་ཟུག །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ན་ཞུ་བར་གྱུར་པ་དང༌། རྩ་བ་བཅུ་པ་ལ་སོགས་པ་དེ་ཉིད་ཀྱི་ཁུ་བ་དང་བཙོས་པའི་ཐུག་པ་བླུད་པར་བྱ་ཞིང་འབྲས་སཱ་ལུ་ལ་སོགས་པ་ལས་གཡོས་པའི་ཟས་ཟོས་ན་ལུད་པ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །ཡང་ན་ཨརྐའི་མྱུ་གུ་ཡི། །འོ་མ་དང་སྦྲུས་ནས་ཀྱི་ཟན། །སྦྲང་རྩི་དང་བཅས་རྩ་བཅུ་སོགས། །བསྐོལ་བའི་ཁུ་བ་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ཨརྐའི་མྱུ་གུའི་འོ་མ་དང་སྦྲུས་པའི་ནས་ཟན་སྦྲང་རྩི་དང་བཅས་པ་དེ་རྩ་བ་བཅུ་པ་དང་ར་སྣ་ལ་སོགས་པ་བཤད་མ་ཐག་པའི་སྨན་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ཟས་ནི་ཀཥ་ར་ཤིང་ཀུན་མར། །ཁ་རུ་ཚ་དང་སེའུ་སྦྱར་བཟའ། །མ་ནུ་ཟུར་པ་ཚ་བ་གསུམ། །སྟར་བུ་ཁ་ལུང་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཁ་ཟས་ནི་ནང་དུ་ཀཥར་ལ་སོགས་པའི་སྨན་ནད་ཀྱི་མཚན་ཉིད་ལ་ལྟོས་ལ་གང་ཡང་རུང་བ་དང་སྦྱིན་པར་བྱའོ། །སྐྱིགས་བུ་དབུགས་མི་བདེ་སྐོམ་དང༌། །རྩ་བ་བཅུ་བསྐོལ་ཁུ་བའམ། །ཡང་ན་ཐང་ཤིང་བསྐོལ་ཁུའམ། །ཆང་གི་དངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཀྱིས་སྐོམ་དད་དུ་གྱུར་པ་ལ་རྩ་བ་བཅུ་བསྐོལ་བའི་ཆུའམ་ཐང་ཤིང་བསྐོལ་བའི་ཁུ་བའམ། ཆང་གི་དངས་མ་བླུད་པར་བྱའོ། །པི་པི་ལིང་དང་དེའི་རྩ་བ། །ཨ་རུ་ར་དང་བྱི་དང་ག །ཙི་ཏྲ་ཀ་རྣམས་ལྡེ་གུར་སྦྱར། །མར་སྣོད་བསྐུས་ཏེ་བསྐམས་པ་རུ། །སྣོད་དུ་དར་བ་ཟླ་གཅིག་བཞག །དེ་འཐུངས་མེ་ཡི་


DTG201_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་སྐྱེད་ཅིང༌། །ལུད་པ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ཆུ་འཐགས་སུ་བྱས་པ་མར་གྱི་སྣོད་ཀྱི་བུམ་པར་བསྐུས་པ་དེ་བསྐམས་པར་གྱུར་པ་དང༌། དེར་དར་བ་སར་བ་བླུགས་ལ་དར་བ་དེ་སྣོད་དེར་ཟླ་བ་གཅིག་ལོན་པ་དང༌། དེ་འཐུངས་ན་མེ་དྲོད་སྐྱེད་པ་ལ་སོགས་པར་འགྱུར་རོ། །པ་ཐ་མུར་བ་ཐང་ཤིང་དང༌། །ས་ར་ལ་དད་ཆང་དངས་མ། །ནུབ་གཅིག་བཞག་སྟེ་ལན་ཚྭ་བཏབ། །དེ་ལས་ཁྱོར་གང་བླུད་པར་བྱ། །ཞེས་བྱ་བ་ལ། པ་ཐ་ལ་སོགས་པ་མཉེས་ཤིང་བཙགས་ལ་ནུབ་གཅིག་ཞག་བཞག་སྟེ་ལན་ཚྭ་ཉུང་ཞིག་བཏབ་སྟེ་དེ་ལས་ཁྱོར་གང་ཙམ་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཞི་བར་འགྱུར་རོ། །ག་བྲའི་རྩ་བ་བཅའ་སྒའི་ཕྱེའམ། །ཡ་བཀྵ་ར་ན་ལེ་ཤམ། །བཅས་ཕྱེ་ཆུ་ཚན་བླུགས་པ་ཕན། །ཞེས་བྱ་བ་ལ། ཆུ་བསྐོལ་བའི་དྲོ་འཇམ་ཙམ་གྱི་ནང་དུ་ག་བྲའི་རྩ་བ་དང་བཅའ་སྒ་དང་བཏགས་ཏེ་བླུད་པའམ། ཡང་ན་ན་ལེ་ཤམ་དང་ཡ་བཀྵ་རའི་ཕྱེ་མ་དང་བཅས་པ་ཆུ་བསྐོལ་བ་དྲོ་འཇམ་ཙམ་གྱི་ནང་དུ་བཅུག་སྟེ་བླུད་ན་ཡང་ཕན་ནོ། །བ་སྤྲི་ཀ་ནི་བསྐོལ་བའི་ཆུ། །བཏགས་པ་ལྡེ་གུར་བྱས་བསྲེས་བླུད། །ཅེས་བྱ་བ་ལ། པ་སྤྲི་ཀ་ནི་ཧིང་ཀུ་པ་ཏྲི་ཀ་སྟེ་དེ་བསྐོལ་བའི་ཁུ་བ་དང་དེ་བཏགས་པའི་ལྡེ་གུར་བྱས་པ་དང་བསྲེས་ཏེ་བླུད་ན་ཡང་ཕན་ནོ། །སཔྟ་པརྞིའི་ཁུ་བའམ། །ཤྲི་ཤ་ཡི་ནི་མེ་ཏོག་ནི། །པི་པི་ལིང་དང་སྦྲང་རྩིར་སྦྱར། །བད་ཀན་མཁྲིས་པ་འདྲེས་གྱུར་པའི། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ནི་ཁུ་བ་པི་པི་ལིང་དང་སྦྲང་རྩིར་སྦྱར་བ་བླུད་པའམ། ཡང་ན་ཤྲི་ཤའི་མེ་ཏོག་བསྐོལ་བའི་ཁུ་བ་པི་པི་ལིང་དང་སྦྲང་རྩི་དང་སྦྱར་བར་བྱའོ། །ཅུ་གང་པི་པི་ལིང་དང་ནི། །འབྲས་དང་བཅའ་སྒ་མར་དག་ལས། །ཁུ་བ་མཁྲིས་པ་ལས་གྱུར་སེལ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ནི་ཅུ་གང་ལ་སོགས་པ་དང་སྦྱར་བའི་ཁུ་བ་ཧ་ཐབས་སུ་བཅོས་པ་སྦྱིན་པར་བྱའོ། །རླུང་དང་ལྡན་ལ་རེག་འཇམ་ཤ་།རི་བོང་ཤ་དང་པི་པི་ལིང༌། །མར་དང་ཤ་སྤྱ་


DTG201_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡི་ཁྲག །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ལ་ནི་བྱ་རེག་འཇམ་གྱི་ཤ་དང༌། རི་བོང་གི་ཤ་ལ་སོགས་པ་དང༌། ཤ་སྤྱ་ཀའི་ཁྲག་དང་སྦྱར་བའི་ཁུ་བ་བྱིན་ན་ཕན་ནོ། །ལྕམ་པའི་ཁུ་བ་ཚ་བ་གསུམ། །མར་དང་འོ་མར་སྦྱར་བ་དང༌། །འབྲས་ཆན་ཟོས་ལ་འོ་མ་བླུད། །རླུང་མཁྲིས་འདྲེས་པ་ལས་གྱུར་སེལ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ནི་ལྕམ་པ་ལ་སོགས་པའི་སྨན་དང་སྦྱར་བའི་མར་དང་འོ་མ་དང་བཅས་པའི་འབྲས་ཆན་བྱིན་ལ་དེའི་འོག་ཏུ་ནི་འོ་མ་བླུད་པར་བྱའོ། །ར་ཡི་འོ་མ་བཞི་འགྱུར་གྱི། །ཆུ་བསྐོལ་བུ་རམ་དོང་གྲ་བཏབ། །ཅེས་བྱ་བ་ལ། ཡང་ན་རའི་འོ་མ་བཞི་འགྱུར་གྱི་ནང་དུ་བསྐོལ་ལ་ཆུ་གདུས་ནས་བུ་རམ་དང་བཅའ་སྒ་བཏབ་སྟེ་བླུད་པར་བྱའོ། །པི་པི་ལིང་རྩ་ཤིང་མངར་དང༌། བུ་རམ་ལྕ་བ་རྟ་སྦངས་ཁུ། །སྦྲང་རྩི་མར་སྦྱར་ཟོས་གྱུར་ན། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། པི་པི་ལིང་གི་རྩ་བ་ལ་སོགས་པ་དང་བསྲེས་པའི་སྦྲང་རྩི་དང་མར་དུ་སྦྱར་བ་ཟོས་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་བར་འགྱུར་རོ། །རྟ་དང་གླང་པོ་བ་ལང་ཕག །རྔ་མོ་བོང་བུ་ལུག་དང་ར། །གང་ཡང་རུང་བའི་རྟུག་བཙིར་ཁུ། །སྦྲང་རྩིར་སྦྱར་བ་བལྡགས་ན་ཕན། །ཞེས་བྱ་བ་ལ། ཡང་རྟ་ལ་སོགས་པའི་རྟུག་པ་གང་ཡང་རུང་བ་བཙིར་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །བད་ཀན་ཤས་ཆེར་བཏུང་བ་བླུད། །ཅེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བའི་ནད་པས་ནི་རྟ་སྤངས་ལ་སོགས་པའི་ཁུ་བ་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ་བཏུང་བ་བླུད་པར་བྱའོ། །རྐང་བཞི་པ་ཡི་ལྤགས་རུས་སྤུ། །རྨིག་པ་བསྲེགས་ལ་སྣག་ཚར་བྱས། །ཨ་ཤྭ་གནྡྷའི་ལྡེ་གུ་ནི། །སྦྲང་རྩིར་སྦྱར་བས་བད་ཀན་ཤས། །ཆེ་བའི་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། རྐང་བཞི་བའི་པགས་པ་ལ་སོགས་པ་བསྲེགས་ནས་སྣག་ཚ་ལྟ་བུར་བྱས་པ་སྦྲང་རྩི་དང་བཅས་པའི་ལྡེ་གུ་ཟོས་ན་བད་ཀན་ཤས་ཆེ་བའི་དབུགས་མི་བདེ་བ་སེལ་བར་བྱེད་དོ། །ཡང་ཨ་ཤྭ་


DTG201_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷ་བསྲེགས་པའི་ལྡེ་གུ་སྦྲང་རྩེ་དང་བཅས་པ་ཕྱིན་ན་ཡང་དེ་དང་འདྲའོ། །ཟུར་དུ་མ་ནུ་སྐྱུ་རུ་རའམ། །མ་ནུ་པི་པི་ལིང་བཅས་ཕན། །ཞེས་བྱ་བ་ལ། ཟུར་པ་དང་མ་ནུ་དང་སྐྱུ་རུ་ར་སྦྲང་རྩི་དང་བཅས་པའི་ལྡེ་གུ་ཟོས་ན་བད་ཀན་ཤས་ཆེ་བའི་དབུགས་མི་བདེ་བ་སེལ་བར་བྱེད་དོ། །ཡང་ན་མ་ནུ་དང་པི་པི་ལིང་དུ་བཅས་པ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་དེ་དང་འདྲའོ། །ཡུག་སྣམ་པི་པི་ལིང་བཅས་པའམ། །ཀ་པིད་ཏ་ཡི་ཁུ་བའམ། །ཞེས་བྱ་བ་ལ། ཡང་ན་བཙག་ཡུག་སྣམ་པི་པི་ལིང་དང་བཅས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་པའམ། ཡང་ན་ཀ་པིད་ཏའི་ཁུ་བ་སྦྲང་རྩི་དང་སྦྱར་བ་ཟོས་ན་ཡང་ཡོན་ཏན་དེ་དང་འདྲའོ། །བིལ་བའི་རྐང་ཁུ་སྐྱུ་རུ་ར། །པི་པི་ལིང་དང་རྒྱམ་ཚར་སྦྱར། །ཞེས་བྱ་བ་ལ། ཡང་ན་བིལ་བའི་རྐང་གི་ཁུ་བ་དང་སྐྱུ་རུ་ར་དང༌། པི་པི་ལིང་དང་རྒྱམ་ཆར་སྦྱར་བའི་ལྡེ་གུ་ཟོས་ན་ཡང་དེ་དང་འདྲའོ། །མར་དང་སྦྲང་རྩི་ཨ་རུ་རའམ། །ཚ་བ་གཉིས་དང་ཁ་རུ་ཚ། །ཞེས་བྱ་བ་ལ། ཡང་ན་མར་དང་སྦྲང་རྩི་དང་ཨ་རུ་ར་དང་སྦྱར་བའི་ལྡེ་གུ་བཟའ་བའམ། ཡང་ན་ཚ་བ་སྟེ་པི་པི་ལིང་དང་ན་ལེ་ཤམ་དང་ཁ་རུ་ཚ་མར་དང་སྦྲང་རྩིར་སྦྱར་བ་བཟའ་བར་བྱའོ། །རྒྱ་ཤུག་འབྲས་ཡོས་སྦྲང་རྩི་དང༌། །རྒུན་འབྲུ་པི་པི་ལིང་དོང་གྲ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་ལ་སོགས་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བཟའ་བར་བྱའོ། །བུ་རམ་རྒུན་འབྲུ་ཡུང་ར་སྣ། །པི་པི་ལིང་དང་ན་ལེ་ཤམ། །ཏིལ་མར་དང་ནི་སྦྱར་བ་ཕན། །ཞེས་བྱ་བ་ལ། ཡང་ན་བུ་རམ་ལ་སོགས་པ་དང་ཏིལ་མར་སྦྱར་བའི་ལྡེ་གུ་བཟའ་བར་བྱའོ། །ལྡེ་གུ་སྨན་གྱི་ཕྱེ་མ་ཡང༌། །ཤ་ཁུ་ཆུ་དྲོན་ཚ་སོགས་བཏུང༌། །ཞེས་བྱ་བ་ལ། ལྡེ་གུའི་དོན་དུ་སྨན་གང་དག་བཤད་པ་དེ་དག་གི་ཕྱེ་མ་དག་ཀྱང་ནད་དམིགས་ལས་དཔགས་ཏེ་ཤ་ཁུ་དང་ཆུ་དྲོན་དང་ཆང་དང་ཞོ་ག་ཆུ་དང་དར་བ་རང་སྐྱུར་ལ་སོགས་པ་གང་ཡང་རུང་བ་དང་སྤྱོས་ཏེ་བཏུང་བར་བྱའོ། །ཛི་བན་ཏི་དང་གླ་སྒང་དང༌། །བྱེའུ་རུག་པ་དང་ཤིང་ཚ་དང༌། །སུག་སྨེལ་གཉིས་དང་མ་ནུ་དང༌། །ལྕ་བ་ཏ་མ་མ་ལི་ཀ །ཨ་རུ་ར་དང་ག་བྲའི་རྩ། །དོང་བ་དང་ནི་བ་ལ་ཀ །ཟུར་པ་ཀར་ཀ་ཏ་སྲིང་གི །ནཱ་ག་གེ་སར་པི་པི་ལིང༌། །ཙ་རོང་ཅི་


DTG201_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྦྱར་ནས་ནི། །ཕྱེ་མ་ཉིས་འགྱུར་ཁ་རར་བཅས། །རྩིབ་ལོགས་ནད་རིམས་ལུད་པ་སེལ། །སྐྱིགས་བུ་དབུགས་མི་བདེ་འཇོམས་མཆོག །ཅེས་བྱ་བ་ལ། ཛི་བན་ཏི་ལ་སོགས་པའི་ཕྱེ་མ་དང་དེའི་ཉིས་འགྱུར་གྱི་ཁ་ར་དང་སྦྱར་བ་དག་ཀྱང་བཟའ་བ་དང་བཏུང་བ་དང་ལྡེ་གུ་ལ་སོགས་པའི་སྦྱོར་བ་བྱས་ན་རྩིབ་ལོགས་ལ་སོགས་པའི་ནད་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །དོང་ག་བུ་རམ་ཆ་སྙོམས་པ། །བཟའ་བའམ་སྣ་ནས་བཏང་སྨན་བྱ། །ཞེས་བྱ་བ་ལ། བུ་རམ་དང་དོང་ག་ཆ་སྙོམས་པ་བཟའ་བའམ། དེའི་ཁུ་བ་སྣ་ནས་གཏང་བར་བྱའོ། །ཡང་ན་སྒོག་སྐྱ་འམ་ཀུན་དོང་ངམ། །གྲི་རྩ་ན་ཡི་རྩ་བས་བྱ། །ཞེས་བྱ་བ་ལ། སྒོག་སྐྱ་ལ་སོགས་པའི་རྩ་བའི་ཁུ་བ་ཡང་སྣ་སྨན་བྱའོ། །ཙནྡན་གྱི་ནི་ཁུ་བ་དང༌། །བུད་མེད་ནུ་ཞོ་སྣར་བླུགས་བྱ། །ཞེས་བྱ་བ་ལ། ཡང་ན་ཙནྡན་གྱི་ཁུ་བ་དང་བུད་མེད་ཀྱི་ནུ་ཞོར་སྦྱར་བ་སྣར་བླུགས་པར་བྱའོ། །སྦྲང་མའི་རྟུག་པ་ནུ་ཞོར་སྦྱར། །རྒྱ་སྐྱེགས་ཁུ་བ་དང་སྦྱར་བླུགས། །ཞེས་བྱ་བ་ལ། སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་བ་སྣར་བླུགས་པར་བྱ་བའམ། ཡང་ན་རྒྱ་སྐྱེགས་ཀྱི་ཁུ་བ་དང་སྦྱར་བའི་སྨན་སྣ་ནས་བླུགས་ན་ཡང་ཕན་ནོ། །རྒྱམ་ཚ་ཞུན་མར་དང་བཅས་པ། །ནུ་ཞོ་མར་དང་བསྐོལ་བའམ། །མངར་བའི་སྨན་དང་ལྡེ་གུར་བྱས། །དེ་བཏུང་བའམ་སྣ་ནས་གཏང༌། །ཞེས་བྱ་བ་ལ། ཡང་རྒྱམ་ཚ་དང་ཞུན་མར་དངས་མ་དང་བཅས་པ་བུད་མེད་ཀྱི་ནུ་ཞོ་དང་བསྐོལ་བའི་སྨན་བཏུང་བའམ། སྣ་ནས་བཏང་བའམ། སྨན་མངར་བའི་སྡེ་ཚན་རྒུན་འབྲུ་ལ་སོགས་པ་དང་ལྡེ་གུར་བྱས་པའི་མར་དང་རྒྱམ་ཚ་བཏུང་བའམ་སྣ་ནས་གཏང་བར་བྱའོ། །ཁ་ར་སྦྲང་རྩིར་བཅས་པ་ནི། །གྲང་དྲོའི་རེས་ཀྱིས་བླུགས་པའམ། །དེ་བཞིན་འོ་མ་བསྐོལ་བ་ནི། །སྨན་གྱི་ཕྱེ་མ་མར་སྦྱར་བླུགས། །ཞེས་བྱ་བ་ལ། ཁ་ར་དང་སྦྲང་རྩིར་བཅས་པའི་སྨན་གྲང་དྲོའི་རེས་ཀྱིས་གཞུག་ཅིང་བསྟེན་པའམ། ཡང་ན་དེ་བཞིན་དུ་འོ་མ་བསྐོལ་བའི་སྨན་གྱི་ཕྱེ་མར་སྦྱར་བ་ལས་བཙིར་བའི་ཁུ་བ་བླུགས་ན་ཕན་ནོ། །པི་པི་ལིང་དང་ཁ་རུ་ཚ། །ཡ་བཀྵ་ར་སླེ་ཏྲེས་དང༌། །ཤིང་ཀུན་ཙོ་ར་བྱེའུ་


DTG201_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རུག་པ། །མར་དང་ཞོ་ག་ཆུར་སྦྱར་ཞིང༌། །རྩ་བཅུའི་ཁུ་བར་བསྐོལ་བ་བླུད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་ལ་སོགས་པ་འཐུངས་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །ཡང་ན་འཚོ་བྱེད་བསྐོལ་བའི་ཁུ། །སྦྲང་རྩིར་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྨན་སྣ་བཅུ་དང་མར་དུ་བསྐོལ་བ་དང་སྦྲང་རྩིར་སྦྱར་བ་བླུད་ན་དེ་དག་ལ་ཕན་ནོ། །ཏེ་ཛོ་བ་ཏི་ཨ་རུ་ར། །པི་པི་ལིང་དང་པུ་ཙེ་ཤེལ། །རུ་རྟ་མ་ནུ་བུ་ཏི་ཀ །ཙི་ཏྲ་ཀ་དང་པ་ལ་ཤ་།ཟུང་པ་ལན་ཚྭ་རྣམ་གཉིས་དང༌། །ཛི་བན་ཏི་དང་བིལ་བའི་རྐང༌། །ཤུ་དག་བལ་བུའི་ལོ་མ་རྣམས། །དེ་དག་ཞོ་ནི་གཉིས་གཉིས་བསྐོལ། །ཤིང་ཀུན་ཞོ་ཕྱེད་མར་བྲེ་གང༌། །བསྐོལ་བ་དེ་ནི་འཐུངས་གྱུར་ན། །རྐང་ལག་ལ་ནི་ཞེན་པའི་རླུང༌། །གཞང་འབྲུམ་དང་ནི་ཕོ་བའི་ནད། །སྐྱིགས་བུ་སྙིང་ནད་རྩིབ་ལོགས་ཟུག །མྱུར་དུ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཏེ་ཛོ་བ་ཏི་ལ་སོགས་པའི་ལྡེ་གུ་གཉིས་གཉིས་དང༌། ཤིང་ཀུན་ཞོ་ཕྱེད་དེ་མ་ཤ་དྲུག་དང་མར་བྲེ་གང་བསྐོལ་ལ་མར་དེ་འཐུངས་ན་རྐང་ལག་ལ་ཞེན་པའི་རླུང་ལ་སོགས་པ་མྱུར་དུ་སེལ་བར་བྱེད་དོ། །ཏེ་ཛོ་བ་ཏི་ཞེས་བྱ་བ་ནི་སྨན་བཟི་ཅན་ནོ། །པུ་ཙེ་ཤེལ་ནི་ཀ་ཏུ་ཀ་རོ་ཧི་ནིའོ། །ལན་ཚྭ་གཉིས་ནི་ལྕེ་མྱང་ཚ་དང་ཁ་རུ་ཚའོ། །བིལ་བའི་རྐང་ནི་བིལ་བ་མད་ཛའོ། །ཞུན་མར་ཆ་ཕྱེད་བཅས་པ་ཡི། །ཡ་བཀྵ་ར་རྒྱམ་ཚ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཞུན་མར་གྱི་ཆ་ཕྱེད་ཀྱི་ཡ་བཀྵ་ར་སྦྱར་བ་བླུད་པར་བྱ་བའམ། ཡང་ན་མར་གྱི་ཆ་ཕྱེད་རྒྱམ་ཚ་དང་སྦྱར་བ་བླུད་ན་ཡང་དེ་དག་མྱུར་དུ་སེལ་ཏོ། །ཐང་ལ་འབར་གྱིའམ་དུག་གི་མར། །ཞོ་ཅན་ཧ་པུ་ཤའི་མར་བླུད། །ཅེས་བྱ་བ་ལ། དྲང་སྲོང་ཐང་ལ་འབར་གྱིས་བཤད་པའི་སྨན་མར་གཅིན་ནད་གསོ་བའི་སྐབས་སུ་བཤད་པའམ། དུག་གི་སྨན་མར་ཁྲག་མཁྲིས་ཀྱི་སྐབས་སུ་བཤད་པ་དང༌། ཞོ་ཅན་གྱི་སྨན་མར་སྐྲན་གསོ་བའི་སྐབས་སུ་བཤད་པ་དང༌། ཧ་པུ་ཤ་ལ་སོགས་པའི་སྨན་མར་དེ་ཉིད་དུ་བཤད་པ་སྟེ་སྨན་མར་དེ་དག་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་


DTG201_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སེལ་ཏོ། །ཆུ་གྲང་གློ་པུར་བླུགས་པ་དང༌། །སྡངས་དང་སྤྲུགས་དང་འཇིགས་པ་དང༌། །དགའ་དང་ཕྲག་དོག་དབུགས་བསྡམས་དང༌། །གནོད་པའི་འབུ་ཡིས་སོས་བཏབ་དང༌། །ཞེས་བྱ་བ་ལ། ཡང་སྐྱིགས་བུའི་ནད་ལ་ཆུ་གྲང་གློ་བུར་དུ་འཕྲལ་ལ་བླུགས་པ་དང༌། དེ་བཞིན་དུ་སྡངས་ཤིང་སྐྲག་པར་བྱས་པ་དང༌། དེ་བཞིན་དུ་ལུས་སྤྲུགས་པ་དང༌། འཇིགས་པས་ཏེ་སེམས་ཞུམ་བག་དུ་གྱུར་པ་ངོ་ཚ་བའི་བག་ལ་བརྟེན་པ་དང༌། དགའ་བ་སྟེ་སེམས་དགའ་ཞིང་སྤྲོ་བའི་ཞད་བྱུང་བ་དང༌། ཕྲག་དོག་སྟེ་གཞན་གྱི་ཡོན་ཏན་ལ་མི་བཟོད་པ་དང་དབུགས་བསྡམས་པ་སྟེ། ཁ་དང་སྣ་ནས་འབྱུང་བའི་དབུགས་དགག་པ་དང༌། དེ་བཞིན་དུ་གནོད་པའི་ལུས་ལ་ཚ་བ་སྐྱེད་ཅིང་འཇིགས་པར་ནུས་པའི་འབུས་སོས་བཏབ་པ་ལ་ཕན་ཏེ། དེ་དག་གིས་ནི་རླུང་གི་ཤུགས་འབྱུང་བའི་རྒྱུན་ལ་གགས་བྱས་པའི་ཕྱིར་རོ། །གང་ཡང་བད་ཀན་རླུང་འཇོམས་སྨན། །དྲོ་ཞིང་རླུང་ནི་བདེ་རྒྱུ་བསྟེན། །གང་ཡང་ཕལ་ཆེར་རླུང་གི་ནད། །ལྷག་པར་འཇོམས་པར་བྱེད་པས་སྤྱད། །ཅེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བ་དག་ལ་གང་ཡང་བཟའ་བ་དང་བཏུང་བ་དང་སྨན་ལ་སོགས་པ་བད་ཀན་དང་རླུང་འཇོམས་པར་བྱེད་པ་བསྟེན་པ་དང༌། དེ་བཞིན་དུ་དྲོ་ཞིང་རླུང་བདེ་བར་རྒྱུ་བར་བྱེད་པ་གང་དག་ཡིན་པ་དེ་ཐམས་ཅད་བསྟེན་པར་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་རླུང་གི་ནད་ལྷག་པར་འཇོམས་ཤིང་སེལ་བར་བྱེད་པའི་དངོས་པོ་དེ་བསྟེན་ཅིང་སྤྱད་པར་བྱའོ། །ཐམས་ཅད་ལ་ནི་བརྟ་བྱས་པས། །ཚབས་ཆུང་གསོ་བར་སླ་བ་ཡིན། །ལྷག་པར་ཉམས་སྨད་པ་ཡིས་ནི། །ཞི་བའི་ཐབས་སུ་འགྱུར་མ་ཡིན། །དེ་བས་ཞི་བ་བརྟ་བའི་ཐབས། །མང་པོ་དེ་ལ་སྤྱད་པར་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བ་ཐམས་ཅད་ལ་བརྟ་བའི་ཆོ་ག་བྱས་ན་ནད་ཚབས་ཆུང་བར་འགྱུར་ལ། དེ་ནས་དེ་གསོ་སླ་བར་འགྱུར་ལ། ལྷག་པར་ཉམས་སྨད་པ་ནི་དེ་ཞི་ཞིང་བསལ་བའི་ཐབས་སུ་མི་འགྱུར་ཏེ། ཉམས་སྨད་པར་བྱས་པས་དེ་གསོ་བ་དཀའ་བར་འགྱུར་རོ། །དེ་བས་ན་དེ་ཞི་བ་དང་བརྟ་བར་བྱ་བ་ཐབས་མང་པོ་གང་ཡོད་པ་དེ་ལ་སྤྱད་


DTG201_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསོ་བར་བྱའོ། །ལུད་པ་དབུགས་མི་བདེ་གཅོང་སློན། །སྐྱིགས་བུའི་སྨན་ནི་ཕན་ཚུན་འདྲེ། །ཞེས་བྱ་བ་ལ། ལུད་པ་ལ་སོགས་པའི་སྨན་གྱིས་ཕན་ཚུན་གཅིག་ལ་གཅིག་ཕན་ཞིང་འདྲེ་བ་ཡིན་པས་ལུད་པའི་སྐབས་སུ་བཤད་པའི་སྨན་གྱིས་དབུགས་མི་བདེ་བ་ལ་སོགས་པ་གསོར་རུང་ལ། དབུགས་མི་བདེ་བ་ལ་སོགས་པའི་སྨན་གྱིས་ནི་ལུད་པ་གསོར་རུང་བས་ན་དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྨན་གྱིས་འདི་དག་ཐམས་ཅད་གསོ་ཞིང་བཅོས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅོང་ཆེན་པོ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྐྱིགས་པུ་དང་དབུགས་མི་བདེ་བ་གསོ་བའི་འོག་ཏུ་གཅོང་ཆེན་པོ་གསོ་བའི་སྐབས་སུ་བརྩམས་པ་དགོས་པ་ནི། སྔར་ནད་གཞིའི་སྐབས་སུ་དགོས་པ་བཤད་པའི་རིམ་པས་འདིའི་གསོ་བ་བཤད་པའི་གོ་རིམས་ལ་བབ་པ་ཡིན་ནོ། །སྟོབས་ལྡན་ནད་ནི་མང་གྱུར་ལ། །སྣུམ་ཆོས་དུགས་བྱས་སྦྱང་བ་ནི། །སྣུམ་མེད་མ་ཡིན་ཉམས་སྨོད་མིན། །སྟེང་འོག་གི་ནི་སྦྱང་བར་བྱ། །ཞེས་བྱ་བ་ལ། གཅོང་ཆེན་པོ་ཟད་བྱེད་དང་ལྡན་པའི་ནད་པ་ཉམས་སྟོབས་ལྡན་པའི་ནད་པ་མང་པོས་ཁྱབ་པར་གྱུར་པ་སྣུམ་གྱི་ཆོ་ག་དང༌། དུགས་བྱས་ནས་སྦྱང་བ་ཞེས་བྱ་བ་སྐྱུག་སྨན་དང་བཀྲུ་སྨན་བྱ་བ་ལ་དེ་སྣུམ་མེད་ཅིང་རྩུབ་ཆོས་སུ་ཡང་མི་བྱ་ལ། ཉམས་སྨོད་ཅིང་འབྲི་བར་ཡང་མི་འགྱུར་བ་དེ་ལྟ་བུའི་སྦྱང་བ་བྱའོ། །འོ་མ་པོ་སོན་ཆར་བཅས་པའམ། །ཤ་ཁུ་མངར་དང་ལྡན་པའམ། །ཞུན་མར་བཏབ་པའི་ནས་ཐུག་ནི། །སྐྱུག་སྨན་བསྐོལ་བས་སློན་དུ་གཞུག །ཅེས་བྱ་བ་ལ། སྐྱུག་སྨན་ནི་འོ་མ་དང་པོ་སོན་ཆར་སྦྱར་བས་ཟད་བྱེད་ཀྱི་ནད་ཀྱིས་བཏབ་པ་སློན་དུ་གཞུག་པའམ། ཡང་ན་རོ་མངར་བ་དང་སྦྱར་བའི་ཤ་ཁུ་དང་པོ་སོན་ཆར་སྦྱར་བས་སློན་དུ་གཞུག་པའམ། ཡང་ན་ཞུན་མར་བཏབ་པའི་ནས་ཐུག་དང་སྨན་པོ་སོན་ཆ་ལ་སོགས་པ་དང་སྦྱར་ཏེ་བསྐོལ་བ་བླུད་ལ་སློན་དུ་གཞུག་པར་བྱའོ། །ཤ་མ་


DTG201_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དུར་བྱིད་དོང་གར་བཅས། །ཁ་ར་སྦྲང་རྩི་མར་དང་ནི། །བཅས་པའི་འོ་མའམ་སྐྱོ་མའམ། །རྒུན་འབྲུ་ཏང་པལ་བི་ད་རི། །ཡང་ན་ཤ་ཁུར་ལྡན་པ་ཡི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་བཀྲུ་སྨན་དམ་ཞིང་ཉམས་དམའ་བར་མི་བྱེད་པ་སྦྱར་བར་བྱ་སྟེ། དེ་ཡང་ཤ་མ་དུར་བྱིད་ལ་སོགས་པའི་ཁར་དཀར་པོ་དང་སྦྱར་བའི་བཀྲུ་སྨན་གཏང་བའམ་ཡང་ན་འོ་མ་དང་བཅས་པའི་སྐྱོ་མ་ཞེས་བྱ་བ་ཕྱེ་མར་གྱི་སྐྱོ་མ་དང་བཀྲུ་སྨན་དུ་སྦྱར་ཏེ་གཏང་བའམ། ཡང་ན་རྒུན་ཆུ་ལ་སོགས་པ་སྨན་རེ་རེ་ཁུ་བ་དང་སྦྱར་ཏེ་བཀྲུ་སྨན་འཇམ་པོ་གཏང་བར་བྱའོ། །ལྟོ་སྦྱངས་པ་ལ་བརྟ་བ་དང༌། །དྲོད་སྐྱེད་ཆོ་ག་སྤྱད་པར་བྱ། །ཟས་སྐོམ་ཡི་གར་འོང་བ་དང༌། །རླུང་འཇོམས་བྱེད་ཅིང་ཡང་བ་སྦྱིན། །ཞེས་བྱ་བ་ལ། གཅོང་ཆེན་གྱི་ནད་པ་ལ་དེ་ལྟར་སློན་ནམ་ཁྲུས་ཀྱིས་ལྟོ་སྦྱངས་པར་གྱུར་ནས་ཉམས་བརྟབ་དང༌། དྲོད་སྐྱེད་པའི་ཆོ་ག་གང་དག་ཡིན་པ་སྤྱད་པར་བྱ་ཞིང༌། དེ་བཞིན་དུ་ཟས་དང་སྐོམ་གྱི་རྣམ་པ་ཡི་གར་འོང་ཞིང་སྙིང་དགའ་བར་བྱེད་ལ་སྲེད་པ་སྐྱེད་པར་བྱེད་པ་དང༌། གཙོ་ཆེར་རླུང་འཇོམས་ཤིང་སེལ་བར་བྱེད་པའི་རང་བཞིན་ཅན་དང་ཡང་བ་སྟེ་རང་བཞིན་གྱིས་ཡང་བ་དང་གཡོས་སུ་བྱས་པས་ཡང་བར་གྱུར་པ་གང་དག་ཡིན་པ་སྦྱིན་པར་བྱའོ། །སཱ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་ལོ་གཅིག་ལོན། །ཞེས་བྱ་བ་ལ། འབྲས་སཱ་ལུ་རྩ་སྣར་ལ་སོགས་པ་དང༌། འབྲས་དྲུག་ཅུ་པ་ལ་སོགས་པའི་འབྲུ་ལོ་གཅིག་ལོན་པ་ནི་གཅོང་ཆེན་པོའི་ནད་ལ་ཕན་ནོ། །ར་ཡི་འོ་མ་མར་དང་ཤ་།ཤ་ཟའི་ཤ་ནི་ཟད་བྱེད་འཇོམས། །ཞེས་བྱ་བ་ལ། རའི་འོ་མ་ལ་སོགས་པ་དང་སྲོག་ཆགས་ཤ་ཟ་བ་རྣམས་ཀྱི་ཤ་གང་དག་ཡིན་པ་ནི། ལྷག་པར་ཉམས་སྟོབས་སྐྱེད་ཅིང་ཟད་བྱེད་འཇོམས་པར་འགྱུར་རོ། །བྱ་རོག་འུག་པ་སྤྱང་ཀི་གཟིག །བ་ལང་རྟ་དང་ནེའུ་ལེ་སྦྲུལ། །བྱ་རྒོད་རྔ་མོང་བོང་བུ་ཁྲའི། །ཤ་ནི་སྒྱུ་ཡིས་བྱིན་ན་ཕན། །ཞེས་བྱ་བ་ལ། བྱ་རོག་གི་ཤ་ལ་སོགས་པ་སྒྱུ་ཐབས་ཀྱིས་གསོང་སྟེ་གཞན་གྱི་ཤར་བཙོས་ནས་བྱིན་ན་ཡང་གཅོང་ཆེན་པོའི་ནད་ལ་ཕན་ཞིང་ནད་པ་ལ་ཆ་ཡོད་པ་མངོན་སུམ་དུ་མ་ཡིན་ནོ། །དེ་


DTG201_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲང་སྲོང་ཙ་ར་ཀས། བྱ་རོག་ཤ་ནི་སྲེག་པར་བརྗོད། །སྦྲུལ་ཤ་ཉ་ཡི་ཤ་ཞེས་བརྗོད། །རྟ་བླ་བ་ནི་རྒྱུ་མའི་སྒྲས། །སྨན་པ་མཁས་པས་སྦྱིན་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཤེས་ན་དེ་ལས་སྨོད་པས་ན། །སློན་ཞིང་མདངས་དང་སྟོབས་མི་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་བྱ་རོག་ལ་སོགས་པའི་ཤ་ནི་འཇིག་རྟེན་ན་སྨད་པར་བྱ་བ་ཡིན་པས་ནད་པ་དེས་ཤེས་པར་གྱུར་ན་དེ་ལ་སྨོད་པའི་སེམས་སྐྱེ་བས་སླར་སློན་ཞིང་སྐྱུག་པར་འགྱུར་བ་དང༌། དེ་བཞིན་དུ་ལུས་ཀྱི་མདངས་དང་ཉམས་སྟོབས་དག་ཏུ་ཡང་མི་འགྱུར་རོ། །བད་མཁྲིས་རི་དགས་ལ་སོགས་ཤ །རླུང་ལ་མཐུ་རྩལ་གཟན་ཚོལ་ཤ །ཚོ་ཁུར་སྦྱར་ཞིང་ཕན་པ་དང༌། །ཤ་ཁུ་སོགས་ལའང་སྦྱར་བར་བྱ། །ཡུངས་མར་དག་དང་བརྔོས་པའམ། །ཡང་ན་ཅི་རིགས་མར་དང་བརྔོས། །ཁུ་བར་ལྡན་ཞིང་མཉེན་ལ་སྣུམ། །སྤོད་ལ་སོགས་དང་ལེགས་གཡོས་སྦྱིན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་གྱུར་པའི་གཅོང་ཆེན་པོ་ལ་ནི་རི་དགས་ལ་སོགས་པའི་ཤ་སྟེ་ཕག་རྒོད་ལ་སོགས་པའི་རིགས་ཆེན་པོ་དང༌། ཁྲོན་རྐོ་བ་དང༌། མཆུས་གཟན་ཚོལ་བའི་སྡེ་ཚན་གྱི་ཤ་བརྡུངས་ཤིང་བཏགས་པའི་ཤ་ཁུ་བླུད་ན་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་མཐུ་རྩལ་གྱིས་ཟས་ཚོལ་བ་སྟག་ལ་སོགས་པའི་ཤ་དང་ཆུ་ན་གནས་པའི་སྲོག་ཆགས་ཀྱི་ཤ་བརྡུངས་པ་ལས་ཤ་ཁུར་བྱའོ། །དེ་བཞིན་དུ་ཤ་ཁུ་དང་ཐུག་པ་ལ་སོགས་པ་དང་ཚོད་མ་སྣ་ཚོགས་པ་ལ་སོགས་པ་ལ་ཡང་དེ་དག་སྦྱར་ཞིང་གཡོས་སུ་བྱས་པའམ། ཡུངས་མར་དང་བརྔོས་ཤིང་གཡོས་པའམ། ཡང་ན་མར་དང་བརྔོས་པ་དག་ཅི་རིགས་པར་རླུང་དང་བད་ཀན་དང་མཁྲིས་པ་ལ་སྦྱིན་པར་བྱ་བ་དེ་ཡང་ཁུ་བ་དང་ལྡན་ཞིང་ཞིམ་པ་དང༌། མཉེན་ཞིང་ཚ་བ་ཆུང་ངུ་བསྐོལ་བ་དང༌། སྣུམ་ཞིང་རྩུབ་བག་མེད་པ་དང༌། སྤོད་དེ་སྒེའུ་གཤེར་དང་བཅའ་སྒ་དང༌། སེའུ་འབྲུ་ལ་སོགས་པའི་སྤོད་དང་ལེགས་བར་གཡོས་པ་སྦྱིན་པར་བྱའོ། །དེ་བཞིན་ལ་ཕུག་རྒྱ་སྲན་ལས། །གཡོས་པའི་ཡུ་ཤར་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ལ་ཕུག་རྒྱ་སྲན་ལ་སོགས་པའི་ཁུ་བ་ན་ལེ་ཤམ་ལ་སོགས་པའི་སྤོད་དང་སྦྱར་ཞིང་སྣུམ་པའི་


DTG201_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་ཤར་སྦྱར་བ་ཡང་གཅོང་ཆེན་པོའི་ནད་ཀྱིས་བཏབ་པ་ལ་ཕན་ནོ། །པི་པི་ལིང་བཅས་ནས་དང་བཅས། །རྒྱ་སྲན་བཅས་ཤིང་དོང་གྲར་བཅས། །སེའུ་འབྲུ་སྐྱུ་རུ་ར་དང་བཅས། །ར་ཤའི་ཁུ་བ་སྣུམ་ཅན་བླུད། །དེས་ནི་ཆམ་པ་ལ་སོགས་པ། །གནོད་པ་དྲུག་ནི་སེལ་བར་འགྱུར། །ཞེས་བྱ་བ་ལ། ར་ཤའི་ཁུ་བ་པི་པི་ལིང་དང་བཅས་ཤིང་དེ་དག་གཡོས་པ་དང༌། ནས་དང་རྒྱ་སྲན་དང་དོང་གྲའི་ཁུ་བ་དང་བཅས་པ་དང༌། སེའུ་འབྲུ་དང༌། སྐྱུ་རུ་ར་མར་ལ་སོགས་པའི་སྣུམ་དང་གཡོས་པ་གང་ཡིན་པ་བླུད་པར་བྱ་སྟེ། དེ་ལྟ་བུའི་ར་ཤའི་ཁུ་བ་དེས་ནི་ཆམ་པ་ལ་སོགས་པའི་གནོད་པ་སེལ་བར་འགྱུར་ཏེ། ཆམ་པ་ལུད་པ་དབུགས་མི་བདེ། །མགོ་ནད་སྐད་འགགས་མ་ཞུར་བཅས། །ཞེས་བྱ་བའི་གཞུང་གིས་བསྟན་པའི་ནད་འཇོམས་པ་ཡིན་ནོ། །མཁྲིས་པ་སོགས་ལས་ཁྱད་པར་དུ། །ཆང་རྙིང་རྩ་སྦུབས་སྦྱོང་བྱེད་པ། །ངོམས་པ་ཉིད་དུ་བླུད་པར་བྱ། །རྒུན་ཆང་ཆང་རྙིང་ཆང་དངས་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལ་སོགས་པ་ལས་གྱུར་པའི་ཟད་བྱེད་ཀྱི་ནད་ལ་ཁྱད་པར་དུ་ཡང་ཆང་ཞིམ་ཆང་ཤིན་ཏུ་རྙིང་པར་གྱུར་ཅིང་རྩ་སྦུབས་ཀྱི་བུ་ག་སྦྱོང་བར་བྱེད་ཅིང་ངོམས་པ་ཉིད་དུ་བླུད་པར་བྱ་ལ། དེ་ལས་ཀྱང་ཁྱད་པར་དུ་མཁྲིས་པ་ལ་སོགས་པ་ལ་རྒུན་ཆང་དང༌། ཆང་རྙིང་དང༌། ཆང་དངས་མ་བླུད་པར་བྱའོ། །རྩ་བ་ཆུང་ངུ་ལྔ་བསྐོལ་བའམ། །ཏ་མ་ལ་ཀ་ཆུར་བསྐོལ་བ་འམ། །པརྞི་བཞི་དང་བསྐོལ་བའམ། །འུ་སུ་བཅའ་སྒ་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་ཆུ་བླུད་པར་བྱ་བའམ། ཏ་མ་ལ་ཀ་དང་ཆུ་བསྐོལ་བའམ། མ་ཤ་པརྞི་ལ་སོགས་པ་པརྞི་བཞི་བསྐོལ་བའམ། འུ་སུ་དང་བཅའ་སྒའང་བསྐོལ་བའི་ཆུ་བླུད་པར་བྱའོ། །དེ་དང་ཁ་ཟས་གཙང་མ་དག །འབད་པས་བཙོས་པ་རྗེས་མཐུན་ཡིན། །ཞེས་བྱ་བ་ལ། རྩ་བ་ལྔའི་ཆུ་ལ་སོགས་པ་དེ་དང་ཁ་ཟས་གཙང་ཞིང་སྨེ་བག་མེད་པ་འབད་པས་བཙོས་ན་ཡང་རྗེས་སུ་མཐུན་ཞིང་ཕན་པ་ཡིན་ནོ། །རྩ་བ་བཅུ་དང་འོ་མ་འམ། ཤ་ཁུའི་ནང་དུ་བཙོ་བར་བྱ། །བ་ལ་བཏབ་པའི་མར་སྦྱར་བའམ། །ཤ་ཟའི་ཤ་ཁུར་བཙོས་


DTG201_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྱིན། །ཅེས་བྱ་བ་ལ། རྩ་བ་བཅུ་དང་འོ་མའམ་ཤ་ཁུར་བཙོས་ལ། སྨན་པ་ལའི་ལྡེ་གུ་བཏབ་པའི་སྨན་མར་སྦྱར་ཏེ་སྦྱིན་པའམ། ཤ་ཟ་བའི་ཤ་ཁུ་དང་བཙོས་པ་སྦྱིན་པར་བྱའོ། །འོ་མ་བཅུ་འགྱུར་དག་དང་ནི། །མར་བསྐོལ་སྦྲང་རྩིར་བཅས་པའང་ཕན། །ཞེས་བྱ་བ་ལ། ཡང་ན་འོ་མ་བཅུ་འགྱུར་དང་མར་བསྐོལ་བ་ལ་སྦྲང་རྩི་དང་སྦྱར་བའི་སྨན་མར་སྦྱིན་ན་ཡང་ཕན་ནོ། །ཛི་བན་ཏི་དང་ཤིང་མངར་དང༌། །རྒུན་འབྲུ་དུག་མོ་ཡུངས་འབྲས་བུ། །མ་ནུ་ཟུར་པ་པི་པི་ལིང༌། །བྱ་ཀྲི་གཟེ་མ་བ་ལ་དང༌། །ཏ་མ་ལ་ཀི་ཨུཏྤལ་སྔོ། །ཀྱི་ལྕེ་བ་དང་བྱི་ཚེར་བ། །ལྡེ་གུར་བྱས་དང་མར་བསྐོལ་བ། །གཅོང་ཆེན་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ཛི་བན་ཏི་ལ་སོགས་པའི་སྨན་མར་གྱི་བཞི་ཆའི་ལྡེ་གུར་བྱས་པ་དང༌། ཆུ་མར་གྱི་བཞི་འགྱུར་བསྲེས་པ་དང༌། མར་བསྐོལ་བའི་སྨན་ཡང་གཅོང་ཆེན་པོའི་ནད་རྒྱལ་པོའི་ནད་ཅེས་བྱ་བ་སེལ་ཞིང་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །འབྲ་གོ་རྒུན་འབྲུ་མ་དུ་ཀ །པ་རུ་ཤ་དང་པི་པི་ལིང༌། །མར་དང་བསྐོལ་བས་སྐད་འགགས་དང༌། །ལུད་པ་དབུགས་མི་བདེ་རིམས་འཇོམས། །ཞེས་བྱ་བ་ལ། འབྲ་གོ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་ཆོ་ག་བཞིན་དུ་བསྐོལ་བའི་སྨན་མར་གྱིས་ཀྱང་སྐད་འགགས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རྩ་བཅུ་འོ་མར་བསྐོལ་བ་ལས། །བྱུང་བའི་མར་གསར་གང་ཡིན་དེ། །པི་པི་ལིང་དང་སྦྲང་རྩིར་བཅས། །སྐད་འགགས་སེལ་བའི་དམ་པ་ཡིན། །མགོ་བྲང་རྩིབ་ལོགས་གཟེར་འཇོམས་ཤིང༌། །ལུད་པ་དབུགས་མི་བདེ་རིམས་སེལ། །ཞེས་བྱ་བ་ལ། རྩ་བ་བཅུ་ནི་རྩ་བ་ལྔ་ཆེ་ཆུང་གཉིས་བསྡོམས་པ་སྟེ་དེ་དང་བསྐོལ་བའི་འོ་མ་བསྲུབས་པ་ལས་མར་གསར་བྱུང་བ་དེ་པི་པི་ལིང་དང་སྦྲང་རྩི་དང་བཅས་པར་ཟོས་ན་སྐད་འགགས་པ་སེལ་ཞིང་འཇོམས་བའི་དམ་པ་ཡིན་ནོ། །དེ་བཞིན་དུ་མགོ་དང་བྲང་ལ་སོགས་བའི་ནད་ཀྱང་སེལ་བར་བྱེད་པ་ཡིན་ནོ། །རྩ་བ་ལྔ་པ་ལྔར་བསྐོལ་བའི། །འོ་མ་ལས་བྱུང་མར་གང་ཡིན། །རྩ་བ་ལྔ་པ་ལྔ་ཡི་ནི། །ཁུ་བ་འོ་མའི་བཞི་འགྱུར་ལ། །བསྐོལ་བ་ཡི་ནི་


DTG201_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མར་འདི་ཡིས། །ཟད་བྱེད་ཀྱི་ནི་སྟོབས་བདུན་འཇོམས། །ཞེས་བྱ་བ་ལ། རྩ་བ་ལྔ་བསྐོལ་བའི་འོ་མ་ལས་བྱུང་བའི་མར་གང་ཡིན་པ་དེ་རྩ་བ་ལྔ་པ་ལྔ་པའི་ཁུ་བ་འོ་མའི་བཞི་འགྱུར་གྱི་ནང་དུ་བསྐོལ་བའི་མར་འདིས་ནི་ཟད་བྱེད་ཀྱི་སྟོབས་ཆམ་པ་ལ་སོགས་པ་བདུན་འཇོམས་པར་བྱེད་དོ། །ཡང་ན་གྲེ་བར་དུད་པས་བརྔུབ་པ་སྙམ་སེམས་པ་ལ་སོགས་པ་ནད་ཀྱི་བླ་བརྣན་བདུན་འཇོམས་པར་བྱེད་དོ། །ཡ་བཀྵ་ར་ཚ་བ་ལྔ། །སྲང་དྲུག་དང་ནི་བཙོས་པའི་མར། །བྲེ་གང་འོ་མ་ཆ་མཉམ་བྱས། །དེས་ནི་བུ་ག་དག་བྱེད་ཅིང༌། །སྐྲན་དང་དམུ་རྫིང་མཆེར་པ་དང༌། །ཕོ་ནད་སྐྱ་རྦབ་ཆམ་པ་དང༌། །ལུད་པ་དབུགས་མི་བདེ་དྲོད་ཉམས། །སྐྲང་དང་སྟོད་ཀྱི་རླུང་ནད་འཇོམས། །ཞེས་བྱ་བ་ལ། ཡ་བཀྵ་ར་དང་ཚ་བ་ལྔ་སྟེ་པི་པི་ལིང་དང་པི་པི་ལིང་གི་རྩ་བ་དང༌། དབྱི་མོ་དང་བཅའ་སྒ་དང༌། ཀྲུ་ཏྲུག་ཏྲེས་ཏེ་ལྔ་པོ་སྲང་དྲུག་ལྡེ་གུར་བྱས་པ་དང༌། འོ་མ་བྲེ་གང་དང་ཆུ་བྲེ་གསུམ་དང་མར་བྲེ་གང་བསྐོལ་བ་དེས་ནི་བུ་གའི་རྒྱུན་སྲང་དག་པར་བྱེད་ཅིང་སྐྲན་ལ་སོགས་པའི་ནད་འཇོམས་པར་བྱེད་པ་ཡིན་ནོ། །ར་སྣ་བ་ལ་གཟེ་མ་དང༌། །སྟི་ར་བར་ཤ་བུའི་ཆུར། །ཛི་བན་ཏི་དང་པི་པི་ལིང༌། །འོ་བཅས་གཅོང་ཆེན་འཇོམས་པའི་མཆོག །ཅེས་བྱ་བ་ལ། ར་སྣ་ལ་སོགས་པའི་སྨན་བསྐོལ་བའི་ཆུ་མར་གྱི་བཞི་འགྱུར་དང༌། མར་དང་འོ་མ་ཆ་མཉམ་པར་བསྐོལ་བ་ཛི་བན་ཏི་དང༌། པི་པི་ལིང་བཏབ་པའི་སྨན་མར་ནི་གཅོང་ཆེན་པོ་ཟད་བྱེད་ཅེས་བྱ་བ་འཇོམས་པའི་མཆོག་ཡིན་ནོ། །ཨ་ཤྭ་གན་དྷ་འོ་མར་བསྐོལ། །ལས་བྱུང་མར་འོ་ཁ་རར་བཅས། །ཞེས་བྱ་བ་ལ། ཨ་ཤྭ་གན་དྷ་བསྐོལ་བའི་འོ་མ་བསྲུབས་པ་ལས་བྱུང་བའི་འོ་མ་དང་ཁ་རར་བཅས་བ་བླུད་ན་ཟད་བྱེད་ཀྱི་ནད་སེལ་བར་བྱེད་དོ། །སྤྱི་ཡི་ཤ་ནི་སྲང་བརྒྱད་དག །ཆུ་བྲེ་སུམ་ཅུ་གཉིས་ནང་བསྐོལ། །དེ་ཡི་བརྒྱད་ཆ་ལུས་པ་རུ། །འཚོ་བྱེད་བཅུ་ནི་སྲང་རེར་གཞུག །ཞུན་མར་བྲེ་གང་བཅས་བསྐོལ་བ། །ཤ་ཡི་སྨན་མར་འདི་བླུད་པའམ། །ཤ་ཁུ་དང་སྦྱར་ཅི་རིགས་སྦྱིན། །རླུང་དང་མཁྲིས་པ་ལས་གྱུར་ནད། །ལུད་པ་དབུགས་མི་བདེ་སྐད་


DTG201_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འགགས། །སྐེམ་ཞིང་རྩིབ་ལོགས་ཟུག་པ་འཇོམས། །ཞེས་བྱ་བ་ལ། སྤྱིའི་ཤ་ཁུང་ན་གནས་པ་དང་མཐུ་རྩལ་གྱིས་གཟས་ཚོལ་བ་ལ་སོགས་པའི་སྲོག་ཆགས་གང་ཡང་རུང་བའི་ཤ་སྲང་བརྒྱད་དང་ཆུ་བྲེ་སུམ་ཅུ་རྩ་གཉིས་ཞེས་པ་ཆུ་སྲང་སྟོང་ཉི་ཤུ་རྩ་གཉིས་ཀྱི་ནང་དུ་བསྐོལ་བ་དེའི་ཤ་ཁུ་བརྒྱད་ཆ་ལུས་པའི་ནང་དུ་མར་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ། འཚོ་བྱེད་བཅུ་པོ་སྟེ་ཛི་བན་ཏི་དང་ར་མཉེ་བ་ལ་སོགས་པ་སྲང་རེའི་ཚད་དུ་བྱས་པ་དང་ལྡེ་གུར་སྦྱར་བ་བཅུག་སྟེ་བསྐོལ་ལ་ཤའི་སྨན་མར་དེ་འབའ་ཞིག་བླུད་པ་དང༌། ཤ་ཁུ་དང་སྦྱར་ཏེ་བྱིན་ན་རླུང་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །སུག་སྨེལ་ཏི་མུ་ས་འབྲས་གསུམ། །ས་ནག་ཚ་བ་གསུམ་ཙི་ཏྲ། །ས་ར་ནི་མྦ་སེང་ལྡེང་དང༌། །སཱ་ལའི་འབྲས་བུ་ལས་བྱུང་དང༌། །གོ་བྱེ་དང་ནི་བྱི་དང་ག །སྲང་ནི་བརྒྱད་བརྒྱད་ཚད་དུ་བྱས། །ཆུ་ནི་བཅུ་དྲུག་འགྱུར་བྱས་པར། །བཅུ་དྲུག་ཆར་གནས་བར་དུ་བསྐོལ། །སླར་ཡང་དེ་དང་མར་བྲེ་གང༌། །བསྐོལ་བ་འདིར་ནི་ཅུ་གང་ནི། །སྲང་དྲུག་ཁར་སྲང་སུམ་ཅུ་བཅུག །སྦྲང་རྩི་སྲང་ནི་དྲུག་ཅུ་གཞུག །དྲི་སྣ་གསུམ་ནི་སྲང་རེ་གཞུག །གཟར་བུས་དཀྲུགས་ཏེ་ལྡེ་གུར་བྱས། །སྔ་དྲོ་ཟོས་ལ་འོ་མ་བཏུང༌། །བཅུད་ལེན་བསྡམས་པ་མེད་པ་ཡིན། །ཡིད་གཞུངས་མིག་རྣོ་ཚེ་རིང་ལ། །དྲོད་སྐྱེད་སྐྲན་དང་གཅོང་ཆེན་ནད། །སྐྱ་རྦབ་དང་ནི་མཚན་པར་རྡོལ། །མྱུར་དུ་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། སུག་སྨེལ་ལ་སོགས་པའི་སྨན་བཅུ་དྲུག་སྲང་རེའི་ཚད་དུ་བྱས་པ་དང༌། སྨན་སྤྱིར་བསྡོམས་པའི་བཅུ་དྲུག་འགྱུར་གྱི་ཆུ་དེ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ལ་བཅུ་དྲུག་ཆ་ལུས་ཀྱི་བར་དུ་གདུས་ནས་སྨན་ཁུ་དེ་དང་མར་བྲེ་གང་བསྐོལ་ལ་མར་ཚོས་པ་དེར་ཅུ་གང་སྲང་དྲུག་ཁ་ར་སྲང་སུམ་ཅུ་སྦྲང་རྩི་མར་གྱི་ཉིས་ལྡབ་སྟེ་སྲང་དྲུག་ཅུ་བཅུག་ལ། དྲི་སྣ་གསུམ་ཤིང་ཚ་དང་སུག་སྨེལ་དང་གནྡྷ་བྷ་དྲ་ཞེས་བྱ་བ་སྤྱིར་སྲང་སུམ་ཅུ་བཅུག་ལ། དེའི་འོག་ཏུ་ཆ་མཉམ་པར་འདྲེས་པར་བྱ་བའི་ཕྱིར་གཟར་བུས་དཀྲུགས་ལ་ལྡེ་གུར་བྱས་པ་ལས་ཅི་རན་ཙམ་ཞིག་སྔ་དྲོ་ཟོས་ལ་དེའི་རྗེས་ལ་


DTG201_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་བཏུང་བར་བྱ་སྟེ། བཅུད་ཀྱིས་ལེན་དེ་ནི་སྤྱོད་ལམ་བསྲུང་ཞིང་བསྡམས་མི་དགོས་པ་ཡིན་ལ་ཡིད་གཞུངས་པ་དང་དྲོད་སྐྱེད་པའི་བར་དུ་བྱེད་ཅིང་སྐྲན་ལ་སོགས་པའི་ནད་རིང་པོ་མི་ཐོགས་པར་འཇོམས་པར་བྱེད་པ་ཡིན་ནོ། །གང་ཡང་ཞུན་མར་བུ་རམ་བཅས། །གློ་རྡོལ་ལ་བཤད་ཟད་བྱེད་སྦྱར། །ཞེས་བྱ་བ་ལ། གང་ཞུན་མར་དང་བུ་རམ་དུ་བཅས་པའི་སྨན་གློ་རྡོལ་ཞིང་འགྲམས་པའི་སྐབས་སུ་བཤད་པ་གང་ཡིན་བ་དེ་ཟད་བྱེད་ཅས་བྱ་བའི་གཅོང་ཆེན་པོའི་ནད་ལ་སྦྱར་ཞིང་གཏང་བར་བྱའོ། །ཤིང་ཚ་སུག་སྨེལ་པི་པི་ལིང༌། །ཅུ་གང་ཁར་རིམ་ཉིས་འགྱུར། །ཕྱེ་མར་བྱས་བཟའ་འམ་སྦྲང་རྩི་དང༌། །མར་དང་སྦྱར་ཏེ་ལྡེ་གུར་ཟོས། །སྐད་འགགས་ལུད་པ་དབུགས་མི་བདེ། །ཟད་བྱེད་རྩིབ་ལོགས་བད་ཀན་འཇོམས། །ཞེས་བྱ་བ་ལ། ཤིང་ཚ་ཉིས་འགྱུར་གྱི་སུག་སྨེལ་སུག་སྨེལ་གྱི་ཉིས་འགྱུར་པི་པི་ལིང༌། པི་པི་ལིང་གི་ཉིས་འགྱུར་གྱི་ཅུ་གང༌། ཅུ་གང་གི་ཉིས་འགྱུར་གྱི་ཁ་ར་སྟེ་ཤིང་ཚ་ཞོ་གཉིས། སུག་སྨེལ་ཞོ་བཞི། པི་པི་ལིང་ཞོ་བརྒྱད། ཅུ་གང་ཞོ་བཅུ་དྲུག །ཁ་ར་ཞོ་སུམ་ཅུ་རྩ་གཉིས་ཏེ་དེ་དག་ཕྱེ་མར་བྱས་ལ་བཟའ་བའམ། སྦྲང་རྩི་དང་མར་དང་སྦྱར་ཏེ་ལྡེ་གུར་བྱས་ནས་ཟོས་ན། སྐད་འགགས་པ་དང་ལུད་པའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །འདི་ཡི་སྐད་འགགས་ལ་ཁྱད་པར། །སྣ་སྨན་དུད་པ་བརྔུབ་སོགས་བྱ། །ཞེས་བྱ་བ་ལ། གཅོང་ཆེན་པོ་གསོ་བའི་སྐབས་སུ་གསོ་བ་གང་དག་བཤད་པ་དེ་ནད་ཀྱི་ཕྱོགས་གཅིག་པའི་གསོ་བ་ཡིན་དུ་ཟིན་ཀྱང༌། སྤྱིར་གསོ་བར་སྦྲེལ་རུང་མོད་ཀྱི་དེ་ལས་ཀྱང་ཁྱད་བར་དུ་གཅོང་ཆེན་པོ་འདིའི་སྐད་འགགས་པ་ལ་དུད་པ་བརྔུབ་པ་ལ་སོགས་པར་སྦྱར་བར་བྱའོ། །དེ་ལའང་རླུང་ལས་གྱུར་པ་ལ། །ཀ་ས་མར་ད་བར་ད་ཀ །བྲིང་གར་ཛའི་ཁུ་བ་མར། །བསྐོལ་བའམ་ཨར་ད་ག་ལ་བསྐོལ། །དྲོ་འཇམ་ཟོས་རྗེས་ལ་བླུད་ན། །ལུད་པ་ལུ་དང་སྐད་འགགས་སེལ། །ཞེས་བྱ་བ་ལ། གཅོང་ཆེན་པོ་ལས་གྱུར་པའི་སྐད་འགགས་པ་ལ་རླུང་ལས་གྱུར་པ་ལ་ནི་ཀ་ས་མར་ད་ལ་སོགས་པའི་


DTG201_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་དྲོ་འཇམ་ཙམ་དུ་བྱས་པ་ཟས་ཟོས་པའི་རྗེས་ལ་བླུད་ན་ཡང་ལུད་པ་ལུ་བ་དང་སྐད་འགགས་པ་སེལ་བར་འགྱུར་རོ། །ཡང་ན་ཨར་ད་ག་ལ་ཞེས་བྱ་བ་མིང་གི་རྣམ་གྲངས་རུ་ཙ་ཀ་ར་ཞེས་བྱ་བ་དང་བསྐོལ་བའི་མར་བླུད་ན་ཡང་ལུད་པ་ལུ་བ་དང་སྐད་འགགས་པ་སེལ་བར་འགྱུར་རོ། །རྒྱ་ཤུག་ལོ་མའི་ལྡེ་གུ་ནི། །མར་བརྔོས་རྒྱམ་ཚར་བཅས་པའམ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་ལོ་མ་ལྡེ་གུར་བྱས་པ་རྒྱམ་ཚ་དང་སྦྱར་བ་དེ་ཟས་ཟོས་པའི་རྗེས་ལ་སྦྱར་བར་བྱའོ། །ཤིང་མངར་དང་ནི་པི་པི་ལིང༌། །བྱི་དང་ག་དང་རྒུན་འབྲུ་དང༌། །ཧན་ས་པརྞིའི་རྩ་བ་རྣམས། །ཏིལ་མར་བསྐོལ་བ་སྣར་བླུགས་བྱ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ལྡེ་གུར་བཏགས་པ་ཏིལ་བསྐོལ་ཏེ་བཙགས་པ་སྣར་བླུགས་པར་བྱའོ། །འབྲས་ཆན་མར་དང་བུ་རམ་བཅས། །ཟོས་ལ་དེ་རྗེས་ཆུ་ཚན་བཏུང༌། །འོ་ཐུག་སྣུམ་ཅན་བླུད་པ་དང༌། །སྣུམ་གྱི་དུགས་ཀྱི་ཆོ་ག་བྱ། །ཞེས་བྱ་བ་ལ། བུ་རམ་དང་ཆང་དང་བཅས་པའི་འབྲས་ཆན་ཟོས་ལ། དེའི་རྗེས་ལ་ཆུ་བསྐོལ་བ་དྲོ་འཇམ་ཙམ་བཏུང་བར་བྱའོ། །དེ་བཞིན་དུ་འོ་ཐུག་ལ་མར་བཏབ་པ་ཡང་བླུད་པར་བྱ་བ་དང༌། དེ་སྣུམ་གྱི་དུགས་དག་ཀྱང་རླུང་ལས་གྱུར་པའི་སྐད་འགགས་པ་ལ་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་འོ་མའི་ཤིང༌། །ལྡེ་གུ་བསྐོལ་བའི་ཞུན་མར་ནི། །སྦྲང་རྩིར་བཅས་ཏེ་དེ་རྗེས་ནི། །འོ་མ་བསྐོལ་ཏེ་བསྒྲངས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་ནི་འོ་མ་ཅན་གྱི་ལྡེ་གུ་དང་བསྐོལ་བའི་ཞུན་མར་སྦྲང་རྩི་དང་བཅས་པ་བླུད་ལ། དེའི་རྗེས་ལ་འོ་མ་བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །ཤིང་མངར་མ་དུ་ཀ་འོ་ཐུག །ཞུན་མར་བཅས་པ་བླུད་པའམ། །ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་ཤིང་མངར་དང་མ་དུ་ཀའི་ཁུ་བ་དང་བཅས་པར་བསྐོལ་བའོ་ཐུག་ལ་ཞུན་མར་བཏབ་པ་བྱིན་ན་ཡང་ཕན་ནོ། །བ་ལ་དྲི་བཟང་བི་ད་རི། །ཤིང་མངར་ཀཥི་ཏ་བི་ད་རི། །རྒྱམ་ཚར་བཅས་པ་བསྐོལ་བའི་མར། །སྐད་འགགས་སྣ་སྨན་བླ་མེད་ཡིན། །ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་བའི་སྐད་འགགས་པ་ལ་བ་ལ་ལ་སོགས་པའི་བི་ད་རི་རྣམ་པ་གཉིས་དང༌། ཤིང་མངར་སྨན་གྱི་ཁུ་བ་དང༌། །


DTG201_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱམ་ཚ་དང་བཅས་པར་བསྐོལ་བའི་མར་སྣ་ནས་བཏང་བ་ནི་སྣ་སྨན་བླ་ན་མེད་པ་ཡིན་ནོ། །པྲ་པུཎྜ་རཱི་ཀ་ཤིང་མངར། །པི་པི་ལིང་དང་བྲི་ཧ་ཏི། །བ་ལ་འོ་མ་མར་བསྐོལ་ཏེ། །སྐད་འགགས་པ་ཡི་སྣ་སྨན་མཆོག །ཅེས་བྱ་བ་ལ། པྲ་པུཎྜ་རཱི་ཀ་ཞེས་བྱ་བ་སྟག་ཚེར་བའི་སྨན་དང་འོ་མ་དང་མར་སར་པ་བསྐོལ་བའི་སྣ་སྨན་དེ་ཡང་སྐད་འགགས་པ་སེལ་བའི་མཆོག་ཡིན་ནོ། །མངར་བའི་སྡེ་ཚན་ཕྱེ་མ་ནི། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཛི་པ་ནི་ལ་སོགས་པ་མངར་བའི་སྡེ་ཚན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་ཡང་མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་སེལ་ཏོ། །བད་ཀན་ལས་གྱུར་ཚ་བ་དང༌། །ཟས་རྩུབ་བ་གཅིན་བླུད་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ནི་ན་ལེ་ཤམ་ལ་སོགས་པའི་ཚ་བ་དང་ཟས་རྩུབ་པ་བསྟེན་ཅིང་བ་གཅིན་དང་བཅས་པར་བླུད་པར་བྱའོ། །ཀད་ཕ་ལ་དང་སྐྱུ་རུ་ར། །ཚ་གསུམ་ཏིལ་མར་སྦྲང་རྩིར་སྦྱར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ནི་ཀད་ཕ་ལ་ལ་སོགས་པའི་སྨན་ཏིལ་མར་དང་སྦྲང་རྩིར་སྦྱར་བ་སྦྱིན་པར་བྱའོ། །ཡ་བཀྵ་ར་ཚ་བ་གསུམ། །ཀྲུ་ཏྲུག་ཏྲེས་དང་དབྱི་མོ་དང༌། །ཨ་རུ་ར་དང་སྦྲང་རྩིར་སྦྱར། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ཡ་བཀྵར་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །ནས་ཐུག་ཏིལ་མར་ཞུན་མར་དང༌། །པི་པི་ལིང་དང་སྐྱུ་རུ་ར་སྦྱར། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ནས་ཐུག་པི་པི་ལིང་དང་སྐྱུ་རུ་ར་སྦྱར་ཏེ་གཡོས་པའི་ཏིལ་མར་དང༌། ཞུན་མར་བཏབ་པ་སྦྱིན་པར་བྱའོ། །བཅའ་སྒ་དང་ནི་པི་པི་ལིང༌། །བཟའ་བའམ་སྐྱུག་སྨན་རྣོན་པོ་བསྟེན། །ཞེས་བྱ་བ་ལ། ནད་དེ་ལ་བཅའ་སྒ་དང་པི་པི་ལིང་བཟའ་བ་དང༌། དེའི་རྗེས་ལ་ཟས་གཞན་བཟའ་བའམ། སྐྱུག་སྨན་རྣོན་པོ་གཏང་བར་བྱའོ། །ཤ་ཁ་ར་དང་སྦྲང་རྩིར་བསྲེས། །མངར་བའི་སྨན་དང་ལྷན་ཅིག་བསྐོལ། །འོ་མ་འཐུངས་པས་སྐད་གསང་ནི། །ཆེན་པོར་སྨྲས་པའི་འགགས་ནད་སེལ། །ཞེས་བྱ་བ་ལ། མི་གང་སྐད་གསང་ཆེན་པོར་སྨྲས་པའི་དབང་གིས་སྐད་འགགས་པར་གྱུར་པ་དེ་ལ་ནི་མངར་བའི་སྨན་སྡེ་དང་བསྐོལ་


DTG201_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོ་མ་ཁ་ར་དང་སྦྲང་རྩི་བཏབ་སྟེ་བླུད་ན་སེལ་བར་བྱེད་དོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །ཕན་པའི་སྨན་དང་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡི་ག་འཆུས་པའི་ནད་ལ་ཕན་ཞིང་ཡང་བའི་ཟས་སྣ་ཚོགས་སྦྱིན་ཞིང་དེ་ཡང་དེ་ལ་ཕན་པའི་སྨན་དང་སྦྱར་ཏེ་སྦྱིན་པར་བྱའོ། །ཕྱི་དང་ནང་ནི་སྦྱང་བ་དང༌། །སེམས་དགའ་ཡིད་དང་མཐུན་སྨན་སྦྱིན། །ཞེས་བྱ་བ་ལ། ཡང་ཡི་ག་འཆུས་པའི་ནད་ལ་ནི་སྦྱང་བ་ཁྲུས་ལ་སོགས་པ་བྱ་བ་དང༌། ནང་གི་སྦྱང་བ་བཀྲུ་སྨན་དང་སྐྱུག་སྨན་བཏང་བ་ཕན་པ་དེ་བཞིན་དུ་སེམས་དགའ་ཞིང་ཡིད་དང་མཐུན་པ་སྨན་དབང་པོ་ཚིམ་པར་བྱེད་པ་སྦྱིན་པར་བྱའོ། །དུས་གཉིས་སུ་ནི་སོ་ཤིང་དག །བཅའ་ཞིང་ཁ་ནི་སྦྱང་བྱ་ཞིང༌། །བསྐ་བས་ཁ་ནི་བཀྲུ་བ་དང༌། །རྗེས་སུ་མཐུན་པའི་དུད་པ་བརྔུབ། །ཅེས་བྱ་བ་ལ། དུས་གཉིས་སུ་ཞེས་པ་ནང་པར་དང་ཟོས་པའི་རྗེས་ལ་སོ་ཤིང་བཅའ་བར་བྱ་བ་ལ། ཇི་ལྟར་བཅའ་བའི་ཚུལ་ནི་ཁ་བསྐ་བའི་ཁ་ནད་སྦྱངས་པའི་སྐབས་ནས་བཤད་དོ། །དེ་བཞིན་དུ་རྗེས་སུ་མཐུན་པའི་དུད་པ་ཡང་བརྔུབ་པར་བྱའོ། །ད་ལིས་ཀྱི་ནི་རི་ལུ་དང༌། །ཁ་ར་ག་བུར་བཅས་པ་སྦྱིན། །འབྲས་ཁུ་ཟླ་བའི་ཟེར་ལྟར་དཀར། །བཟའ་བ་ཡི་ག་འབྱེད་པའི་མཆོག །ཅེས་བྱ་བ་ལ། ད་ལིས་ཀྱི་ཕྱེ་མར་བཤད་པ་གང་དག་ཡིན་པ་དང༌། རི་ལུའི་སྦྱོར་བ་བྱས་པ་དེ་ཡང་མཆོག་ཏུ་ཡི་ག་འབྱེད་པ་ཡིན་ནོ། །དེ་བཞིན་དུ་འབྲས་བཏགས་པ་སྤྲུས་པ་མར་ལ་བཙོས་པའི་ཁུ་བ་ཟླ་བའི་འོད་ཟེར་ལྟར་དཀར་བ་བཟའ་བ་ཡང་ཡི་ག་འབྱེད་པའི་མཆོག་དམ་པ་ཡིན་ནོ། །དེ་ལས་རླུང་གྱུར་ཡི་ག་འཆུས། །ཧ་རེ་ཎུ་དང་པི་པི་ལིང༌། །བྱི་དང་ག་དང་ར་སྣ་དང༌། །རྒྱམ་ཚ་དང་ནི་དོང་གྲ་དང༌། །སུག་སྨེལ་ག་བྲའི་རྩ་བ་དང༌། །ནས་ཚིག་འཁུས་པའི་ཐལ་བ་དང༌། །ཤིང་ཀུན་བཅས་པ་མར་རམ་ནི། །ཆང་གི་དངས་མར་སྦྱར་ཏེ་བཏུང༌། །ཞེས་བྱ་བ་ལ། ཡི་ག་འཆུས་པ་དེ་རྣམས་ཀྱི་ནང་ནས་རླུང་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ཧ་རེ་ཎུ་ལ་སོགས་པའི་སྨན་གྱི་ཕྱེ་མ་མར་དང་སྦྱར་བའམ། ཆང་གི་དངས་མ་དང་སྦྱར་ཏེ་བཏུང་བར་བྱའོ། །ཤུ་དག་ཆུས་ནི་སློན་དུ་གཞུག །ཅེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ཤུ་དག་གི་ཆུ་བླུད་ལ་སློན་དུ་གཞུག་


DTG201_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གོ །མཁྲིས་གྱུར་བུ་རམ་ཆུས་སློན་གཞུག །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་བུ་རམ་དང་སྦྱར་བའི་ཆུ་བླུད་ལ་སློན་དུ་གཞུག་གོ །ཁ་ར་དང་ནི་ཞུན་མར་དང༌། །རྒྱམ་ཚ་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ཁ་ར་དང་མར་དུ་བཅས་པའམ། རྒྱམ་ཚ་དང་སྦྲང་རྩིར་བཅས་པ་བླུད་པར་བྱའོ། །བད་ཀན་ནིམ་པའི་ཆུས་སློན་གཞུག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ནིམ་པ་བསྐོལ་བའི་ཆུ་བླུད་ལ་སློན་དུ་གཞུག་གོ །ལ་ལ་ཕུད་དང་དོང་གྲའི་ཆུ། །སྦྲང་རྩི་འམ་ཆང་རྙིང་རྣོ་སྦྱར་བ། །བུ་རམ་སྦྲང་རྩི་ཆང་བཅས་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ལ་ལ་ཕུད་ཅེས་བྱ་བ་ཏི་མུ་ས་དང་དོང་གྲའི་ཆུ་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཆང་རྙིང་པ་རྣོན་པོ་དང་སྨན་རྣོན་པོ་བསྐོལ་བ་བུ་རམ་དང་སྦྲང་རྩི་དང་སྦྱར་བ་བླུད་པར་བྱའོ། །ཧ་རེ་ཎུ་སོགས་ཕྱེ་མ་ནི། །སྔར་བཤད་ཆུ་ཚན་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་སྔར་བཤད་པའི་ཕྱེ་མ་ཧ་རེ་ཎུ་དང་པི་པི་ལིང་དང་བྱི་དང་ག་ལ་སོགས་པ་དེ་ཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱའོ། །སུག་སྨེལ་དང་ནི་ཤིང་ཚ་དང༌། །ནཱ་ག་པུཥྤ་ན་ལེ་ཤམ། །པི་པི་ལིང་དང་བཅའ་སྒ་རྣམས། །རིམ་བཞིན་ཆ་རེས་བསྐྱེད་ཕྱེ་མ། །ཁ་ར་དག་དང་མཉམ་སྦྱར་བས། །མཆིལ་མང་ཡི་ག་འཆུས་པ་དང༌། །སྙིང་དང་རྩིབ་ལོགས་ན་ལུད་པ། །དབུགས་མི་བདེ་དང་མགུལ་ནད་འཇོམས། །ཞེས་བྱ་བ་ལ། སུག་སྨེལ་ལ་སོགས་པའི་ཕྱེ་མ་གོ་རིམས་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་དང་ཁ་ར་མཉམ་པོར་སྦྱར་བའི་ཕྱེ་མས་ནི་མཆིལ་མ་མང་བ་ལ་སོགས་པ་འཇོམས་པར་བྱེད་དོ། །ཆ་རེས་བསྐྱེད་པའི་ཚུལ་ནི་སུག་སྨེལ་ཞོ་གཅིག །ཤིང་ཚ་ཞོ་གཉིས། ནཱ་ག་གེ་སར་ཞོ་གསུམ། ན་ལེ་ཤམ་ཞོ་བཞི། པི་པི་ལིང་ཞོ་ལྔ། བཅའ་སྒ་ཞོ་དྲུག་སྟེ། དེ་སྤྱིར་བསྡོམས་པའི་ཕྱེ་མ་དང་ཁ་ར་མཉམ་པོར་སྦྱར་བར་བྱའོ། །ལ་ལ་ཕུད་དང་ད་ཏྲིག་དང༌། །སྟར་བུ་བཅའ་སྒ་སེའུ་འབྲུ་དང༌། །རྒྱ་ཤུག་ཞོ་ནི་གཉིས་གཉིས་བྱས། །ཁ་ར་སྲང་བཞི་འུ་སུ་དང༌། །གོ་སྙོད་ཤིང་ཚ་ཁ་རུ་ཚ། །ཞོ་རེ་པི་པི་ལིང་འབྲུ་བརྒྱ། །


DTG201_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེ་ཤམ་ནི་ཉིས་བརྒྱ་དག །ཕྱེར་བཏགས་ཡི་ག་འབྱེད་པའི་མཆོག །ཡིད་འོང་ཕྱི་ས་འགགས་པ་དང༌། །ལུད་པ་སྙིང་ག་རྩིབ་ལོགས་ན། །མཆེར་པ་གཞང་འབྲུམ་ཕོ་ནད་སེལ། །ཞེས་བྱ་བ་ལ། ལ་ལ་ཕུད་ལ་སོགས་པའི་སྨན་སྣ་རེ་རེ་ཞོ་གཉིས་གཉིས་བྱས་ལ་ཁར་སྲང་བཞི་དང༌། འུ་སུ་ལ་སོགས་པའི་སྨན་སྣ་བཞི་པོ་སྣ་རེ་ཞིང་ཞོ་རེ། པི་པི་ལིང་འབྲུམ་བུ་བརྒྱ། ན་ལེ་ཤམ་ཉིས་བརྒྱ། དེ་ཐམས་ཅད་ཕྱེ་མར་བཏགས་པ་དེ་ནི་ཡི་ག་འབྱེད་པའི་མཆོག་ཡིན་ཞིང་ཕྱི་ས་འགགས་པ་ལ་སོགས་པ་བསལ་བར་བྱེད་པའི་མཆོག་ཡིན་ནོ། །བལ་བུའི་ལོ་མ་ན་ལེ་ཤམ། །དོང་གྲ་དང་ནི་པི་པི་ལིང༌། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། །ཤིང་ཚ་སུག་སྨེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར་གྱི། །ཁ་རར་སྦྱར་བའི་ཕྱེ་མ་དེ། །དྲོད་སྐྱེད་ཡི་ག་འབྱེད་པ་དང༌། །ལུད་པ་ལུ་དང་དབུགས་མི་བདེ། །ཡི་ག་འཆུས་དང་སློན་བྲོ་དང༌། །མཆེར་པ་སྙིང་ནད་རྩིབ་ལོགས་ཟུག །སྐྱ་རྦབ་ཚད་འཁྲུ་རིམས་ནད་འཇོམས། །རླུང་འཁྱིལ་པ་ནི་བདེ་རྒྱུ་བྱེད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པའི་རིམ་པ་བཞིན་དུ་ཆ་རེས་བསྐྱེད་དེ་དེས་ན་བལ་བུའི་ལོ་མ་ཞོ་གཅིག །ན་ལེ་ཤམ་ཞོ་གཉིས། དོང་གྲ་ཞོ་གསུམ། པི་པི་ལིང་ཞོ་བཞི། ཤིང་ཚ་སུག་སྨེལ་དང་པོ་ཞེས་བྱ་བ་བལ་བུའི་ཕྱེད་དེ། དེས་ན་ཤིང་ཚ་ཞོ་ཕྱེད། ཁ་ར་པི་པི་ལིང་བརྒྱད་འགྱུར་དུ་བྱས་པ་སྟེ་སྲང་བཞི་ཕྱེ་མར་བྱས་པ་དེ་ནི་ཕོ་བའི་མེ་དྲོད་སྐྱེད་པ་དང་ཡི་ག་འབྱེད་ཅིང་ཟས་ལེན་པར་བྱེད་པ་དང༌། ལུད་པ་ལ་སོགས་པའི་ནད་འཇོམས་པར་བྱེད་པ་དང༌། རླུང་འཁྱིལ་ཞིང་ལམ་ལོག་པར་འགྲོ་བ་ལུགས་བཞིན་དུ་རྒྱུ་བར་བྱེད་པ་ཡིན་ནོ། །སུག་སྨེལ་ཤིང་ཚ་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་བྱས་པ་དང༌། །ནཱ་ག་གེ་སར་སྲང་ཕྱེད་དང༌། །གན་དྷ་བྷ་དྲ་སྲང་ཕྱེད་གཞུག །ཕྱེར་བཏགས་བུ་རམ་རྙིང་པ་ནི། །སྲང་ནི་ཉི་ཤུ་ལྔ་ནང་བསྐོལ། །སྦྲུས་ཏེ་ཞོ་གཉིས་ཚད་རི་ལུར། །བྱས་པའི་ཡོན་ཏན་དེ་དག་མཉམ། །ཞེས་བྱ་བ་ལ། སུག་སྨེལ་ལ་སོགས་པ་ཇི་སྐད་དུ་བཤད་པ་བཞིན་དུ་སྦྱར་ཏེ། ཕྱེ་མར་བཏགས་པ་བུ་རམ་རྙིང་པ་སྲང་ཉི་ཤུ་རྩ་ལྔའི་ནང་དུ་བསྐོལ་ལ་སྦྲུས་ཏེ་ཞོ་གཉིས་ཀྱི་ཚད་བ་རུ་རའི་རྡོག་མ་ཙམ་གྱི་རི་ལུར་བྱས་པ་ལས་རེ་རེ་


DTG201_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ན་ཡང་ད་ལིས་ཀྱི་ཕྱེ་མ་དང་མཉམ་པའོ། །ཨརྐ་སླེ་ཏྲེས་ཀྵ་རའི་ཆུར། །ནས་དང་ནུབ་གཅིག་སྤངས་ནས་ནི། །ཆུ་དང་ཟན་ནི་སྦྲུས་ནས་སུ། །བྱིན་ཏེ་ཉམས་སྟོབས་ལྡན་སློན་གཞུག །དེ་བཞིན་སྐམ་སའི་སྲོག་ཆགས་ཤ་།བསྲེགས་པ་ཚ་དང་ཁ་སྦྱར་སྦྱིན། །ཟས་ནི་སྐམ་ཞིང་རབ་ཡང་དང༌། །ཙ་ན་ཀ་སོགས་ཁུ་བ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆིལ་སྣབས་མང་བའི་ནད་ལ་ཤིང་ཨརྐ་དང༌། སླེ་ཏྲེས། ཡ་བཀྵ་རའི་ཆུར་བཅུག་ལ། ནས་དང་ནུབ་གཅིག་སྦངས་ནས་ཆུ་དང་ཟན་དུ་སྦྲུས་ཏེ་ཉམས་སྟོབས་དང་ལྡན་པའི་མི་ལ་སློན་དུ་གཞུག་གོ །ཡང་དེ་བཞིན་དུ་དེ་ལ་སྐམ་སའི་སྲོག་ཆགས་ཀྱི་ཤ་ཐུར་མ་ལ་བསྐྱོན་ཏེ་བསྲེགས་ནས་སྨན་ཚ་བ་དང་ཁ་བར་སྦྱར་ཏེ་སྦྱིན་ལ་ཡང་ཟས་ཀྱི་རྣམ་པ་སྐམ་བག་དང༌། རབ་ཏུ་ཡང་བ་བྱིན་ལ་ཙ་ན་ཀའི་ཁུ་བ་བླུད་པར་བྱའོ། །བད་ཀན་གྱིས་རབ་མཆིལ་མ་མང༌། །རླུང་གིས་མཆིལ་མང་སྐྱེད་པར་བྱེད། །དེ་ནི་བད་ཀན་མཆིལ་མར་བཤད། །སྣུམ་དང་དྲོ་བས་དེ་བསལ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆིལ་མ་མང་པོ་ཡང་དང་ཡང་དུ་འབྱུང་བ་ན་རླུང་འཕེལ་བས་བད་ཀན་གྱི་མཆིལ་མའི་ལྗན་ལྗིན་སྐྱེད་ཅིང་འབྱིན་པར་བྱེད་ལ། འདི་ནི་བད་ཀན་ལས་གྱུར་པའི་མཆིལ་མ་མང་བ་ཡིན་པར་བཤད་པས། དེ་ལ་སྨན་པས་སྣུམ་དྲོ་བའི་སྨན་དང་ཟས་བཏང་བས་དེ་བསལ་བར་བྱའོ། །རིམས་འདི་ཆམ་པ་དག་དང་ནི། །སློན་པའི་ནད་ལའང་སྦྱར་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱིས་མཆིལ་མ་མང་བའི་གསོ་བའི་རིམ་པ་དེ་ནི་ཆམ་པ་ཞེས་བྱ་བ་སྣ་ཆུ་འཛག་པའི་ནད་དང༌། སློན་ཞིང་སྐྱུག་པའི་ནད་ལ་ཡང་སྦྱར་བར་བྱའོ། །མཆོག་ཏུ་ཆམ་པར་བསྐུ་བ་དང༌། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །མགོ་དང་ལྐོག་མ་རྩིབ་ལོགས་སུ། །འབྲས་ཁུར་སྣུམ་བཅས་དུགས་བྱ་ཞིང༌། །ལན་ཚྭ་སྐྱུར་དང་ཁ་དང་ཚ། །ཤ་ཁུ་སྣུམ་དང་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཆོག་གམ་ཁྱད་པར་དུ་ཆམ་པའི་ནད་ལ་ནི་ལུས་བསྐུ་བ་དང༌། སྣུམ་བསྟེན་པ་དང༌། དེ་བཞིན་དུ་མགོ་བོ་དང༌། ལྐོག་མ་ལ་སོགས་པར་འབྲས་ཁུར་བཙགས་པ་སྣུམ་ཅན་གྱིས་དུགས་བྱ་བ་དང༌། ཤ་ཁུ་སྣུམ་དང་སྦྱར་བ་བླུད་པ་དང༌།


DTG201_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལན་ཚྭ་དང༌། སྐྱུར་བ་དང༌། ཁ་བ་དང༌། ཚ་བ་བསྟེན་ཅིང་སྦྱིན་པར་བྱ་བའོ། །མགོ་དང་སྙིང་ག་རྩིབ་ལོགས་གཟེར། །ནད་གཞི་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། མགོ་བོ་ལ་སོགས་པའི་ནད་ལ་ནད་དམིགས་ཇི་ལྟ་བ་ལས་དེའི་གསོ་བའི་དཔྱད་བྱའོ། །ཆུ་དང་རླན་ཅན་གནས་པའི་ཤ །ལེགས་སྦྱར་དཀྲི་བའི་དུགས་བྱ་ཞིང༌། །དེར་ནི་སྣུམ་བཞིའི་སྦྱོར་བ་བསྔགས། །ཞེས་བྱ་བ་ལ། ཆུ་དང་རླན་ཅན་ན་གནས་པའི་སྲོག་ཆགས་ཀྱི་ཤས་དཀྲི་བའི་དུགས་ཀྱི་རྣམ་པ་བྱ་ལ། དེ་ཡང་ལེགས་པར་སྦྱར་ཞིང་ལན་ཚྭ་དང་ཤིང་ཀུན་ལ་སོགས་པའི་སྨན་སྦྱར་བས་དུགས་བྱའོ། །ཡང་ཆམ་པའི་ནད་དེ་ལ་སྣུམ་གྱི་ཆོ་གར་བཤད་པ་དག་གིས་དུགས་བྱ་ཞིང་བསྐུ་བ་ཡང་བསྔགས་པ་ཡིན་ནོ། །ནད་གཞི་འདྲེས་པར་གྱུར་པ་ལ། །རྒྱ་སྤོས་ཤུ་ཏི་ཤིང་མངར་དང༌། །ཙནྡན་མར་གྱི་ལྡེ་གུས་བྱུག །ཅེས་བྱ་བ་ལ། ནད་གཞི་འདྲེས་པ་སྟེ་མཁྲིས་པ་དང་བད་ཀན་འདྲེས་པར་གྱུར་པ་ལ། རྒྱ་སྤོས་ལ་སོགས་པའི་སྨན་སྦྱར་བའི་སྣུམ་གྱིས་བྱུགས་པ་ཕན་ནོ། །བ་ལ་ར་སྣ་ཏིལ་མར་དང༌། །ཤིང་མངར་ཨུཏྤལ་མར་དེ་བཞིན། །ཞེས་བྱ་བ་ལ། དེ་བཞིན་དུ་ནད་གཞི་འདྲེས་པར་གྱུར་པ་དེ་ལ་བ་ལ་ལ་སོགས་པའི་སྨན་དང་སྦྱར་བའི་མར་གྱིས་བསྐུ་བ་དེ་དེ་བཞིན་དུ་བསྔགས་པ་ཡིན་ནོ། །བ་སྤྲུ་བ་དང་ཤི་ཀྲུ་དང༌། །བ་ལ་ར་མཉེ་བི་ད་རི། །ཞེས་བྱ་བ་ལ། ནད་གཞི་འདྲེས་པ་ལ་བ་སྤྲུ་བ་དང༌། ཤི་ཀྲུ་ཞེས་བྱ་བ་སོ་བན་ཛི་དང་བ་ལ་དང༌། ར་མཉེ་བ་དང༌། བི་ད་རིའི་ལྡེ་གུ་སྣུམ་དང་སྦྱར་བའི་བསྐུ་བ་ཡང་བསྔགས་པ་ཡིན་ནོ། །སྣ་སྨན་དུད་པ་བརྔུབ་པ་དང༌། །ཟས་ཟོས་འོག་ཏུ་སྣུམ་བསྟེན་ཅིང༌། །ཏིལ་མར་གྱིས་ནི་བསྐུ་བ་དང༌། །དེ་བཞིན་འཇམ་རྩིའི་ལས་རབ་བསྔགས། །ཞེས་བྱ་བ་ལ། དེ་བཞིན་དུ་མགོ་དང་རྩིབ་ལོགས་དང་ཕྲག་པར་ན་ཞིང་ཟུག་པ་ལ་ནི་རྩིབ་ལོགས་དང་སྣ་ནས་བཏང་བ་དང་དུད་པ་བརྔུབ་པ་དང༌། ཟས་ཟོས་པའི་འོག་ཏུ་སྣུམ་བསྟེན་ཅིང་བཟའ་བ་དང༌། བ་ལའི་ཏིལ་མར་ལ་སོགས་པའི་ཏིལ་མར་གྱིས་བསྐུ་བ་དང༌། དེ་བཞིན་དུ་འཇམ་རྩི་མས་གཏོང་བའི་ལས་བྱ་བ་ནི་མཆོག་ཏུ་བསྔགས་པ་ཡིན་ནོ། །ཡང་ན་རྔབས་རྭ་ལ་སོགས་


DTG201_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ནད་དམིགས་ཇི་བཞིན་ནད་ཁྲག་དབྱུང༌། །ཞེས་བྱ་བ་ལ། དེ་བཞིན་དུ་མགོ་དང་རྩིབ་ལོགས་གཟེར་ཞིང་ནད་གཞི་འདྲེས་པ་དང་ལྡན་པ་དེ་ལ་རྔབས་རྭ་དང༌། སྲིན་བུ་པད་པ་དང༌། བསྐུ་བ་ལ་ཞལ་ཞལ་གདབ་པ་ལ་སོགས་པ་ནད་དམིགས་ཇི་སྐད་བསྟན་པ་བཞིན་དུ་ཁྲག་དབྱུང་བར་བྱ་སྟེ། རླུང་ལས་གྱུར་པའི་ནད་ཁྲག་དབྱུང་བར་བྱ། །མཁྲིས་པ་ལས་གྱུར་པའི་སྲིན་བུ་པད་པས། བད་ཀན་ལས་གྱུར་པའི་བསྐུ་བས་དབྱུང་བར་བྱའོ། །ཤུག་པ་ཙནྡན་པུ་ཤེལ་ཙི། །མར་བཅས་ལྡེ་གུས་བསྐུ་བའམ། །ཞེས་བྱ་བ་ལ། ཡང་ན་ཁྲག་ཅན་ལ་ནི་ཤུག་པ་ལ་སོགས་པའི་ལྡེ་གུ་མར་དང་སྦྱར་བ་བསྐུས་པས་ཕན་ནོ། །དཱུར་བ་ཤིང་མངར་བཙོད་དང་ནི། །ནཱ་ག་གེ་སར་མར་སྦྱར་བསྐུ། །ཞེས་བྱ་བ་ལ། ཡང་ན་དཱུར་བ་ལ་སོགས་པའི་སྨན་གྱི་ལྡེ་གུ་མར་དང་སྦྱར་བ་བསྐུས་ན་ཡང་ཕན་ནོ། །ནྱ་གྲོ་དྷ་སོགས་བསྐོལ་ཏིལ་མར། །ལན་བརྒྱ་བཀྲུས་པའི་མར་གྱིས་ནི། །བསྐུ་བའམ་འོ་མ་ཤིང་མངར་ཆུས། །བླུགས་པར་གྱུར་པ་འང་བསྔགས་པ་ཡིན། །ཡང་ན་ཁྲག་དེ་ཉིད་ནྱ་གྲོ་དྷ་ལ་སོགས་པ་སྟེ། ནྱ་གྲོ་དྷའི་སྡེ་ཚན་ལས་བཤད་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་བསྐུས་ན་ཡང་ཕན་ནོ། །ཡང་ན་ཆུ་གྲང་མོའི་ནང་དུ་ལན་མང་དུ་བཀྲུས་ཤིང་ལག་པས་མཉེས་པའི་མར་སར་གྱིས་བསྐུས་ན་ཡང་ཕན་ནོ། །ཡང་ན་འོ་མ་འབའ་ཞིག་གིས་བླུགས་པ་ཕན་པ་ཡིན་ནོ། །ཡང་ན་ཤིང་མངར་གྱི་ཆུ་བླུགས་པ་ཡང་ཕན་པ་ཡིན་ནོ། །ཕལ་ཆེར་མེ་དྲོད་ཉམས་པའི་ཕྱིར། །མ་ཞུ་བེའུ་སྣབས་བཅས་འཁྲུ་ན། །དེ་ལ་ཕོ་བའི་ཚད་འཁྲུ་ཡི། །སྐབས་སུ་བཤད་པའི་སྨན་བསྟེན་ཕན། །ཞེས་བྱ་བ་ལ། གཅོང་ཆེན་པོའི་ནད་དང་ལྡན་པ་དག་ནི་ཕལ་ཆེར་གྱི་ནང་དུ་ཕོ་བའི་མེ་དྲོད་ཉམས་ཤིང་བྲི་བ་ཡིན་པའི་ཕྱིར། མ་ཞུ་བའི་བེའུ་སྣབས་དང་བཅས་པར་འཁྲུ་བར་འགྱུར་ལ། དེ་བས་ནད་དེ་ལ་ཕོ་བའི་ནད་གསོ་བའི་སྐབས་སུ་བཤད་པ་དང༌། ཚད་པས་འཁྲུ་བའི་སྐབས་སུ་བཤད་པའི་སྨན་དེ་དག་ནད་དམིགས་དང་སྦྱར་བ་སྦྱིན་པར་བྱའོ། །ཟད་བྱེད་ལྡན་པའི་བཤང་བ་ནི། །རྣམ་པ་ཀུན་ཏུ་བསྲུང་བྱ་སྟེ། །དེ་ཡི་ལུས་ཟུངས་


DTG201_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཟད་པས། །དེ་སྟོབས་བཤང་བའི་སྟོབས་ཀྱིས་གནས། །ཞེས་བྱ་བ་ལ། གཅོང་ཆེན་པོས་བཏབ་པའི་ནད་པ་དེ་ལུས་སྐམ་ཞིང་རིད་པར་གྱུར་པས་ན་དེའི་ཕྱིར་བཤང་བ་ཅི་ནས་ཀྱང་ཤས་ཆེར་མི་འབྱུང་བར་བསྲུང་བར་བྱ་སྟེ། གང་གི་ཕྱིར་གཅོང་ཆེན་པོའི་ནད་ཀྱིས་ཐེབས་པ་དེའི་ལུས་ཟུངས་ཀུན་ཟད་པར་འགྱུར་བས་དེའི་ཉམས་སྟོབས་ནི་བཤང་བ་ལ་གནས་པའི་སྟོབས་ཀྱིས་གནས་པར་བྱེད་པ་ཡིན་པས་ཅི་ནས་ཀྱང་བཤང་བ་ཤས་ཆེར་མི་འབྱུང་ཞིང༌། འཁྲུ་བ་ལ་སོགས་པ་མི་འགྱུར་བ་དེ་ལྟར་བསྲུང་བར་བྱའོ། །རིགས་པས་ཤ་རྣམས་ཁོ་ན་སྦྱིན། །སྐོམ་དུ་རྒུན་ཆད་བླུད་པར་བྱ། །ཤུགས་ནི་བཀག་པར་གྱུར་པ་ཡིས། །གཅོང་ཆེན་གྱིས་ནི་གླགས་མི་རྙེད། །ཅེས་བྱ་བ་ལ། གཅོང་ཆེན་པོའི་ནད་དང་ལྡན་པ་དེ་ལ་རིགས་ཤིང་རན་པར་ཤ་རྣམས་ཁོ་ན་སྦྱིན་པར་བྱ་ཞིང་བཟའ་བར་བྱ་ལ། སྐོམ་ཞིང་འཚལ་ནན་དུ་རྒུན་ཆང་བླུད་པར་བྱ་ཞིང༌། དེ་བཞིན་དུ་བཤང་བའི་ཤུགས་བཀག་པར་གྱུར་པས་གཅོང་ཆེན་པོའི་ནད་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །ཆང་དང་ཆང་དངས་རྒུན་ཆང་དང༌། །ཆང་རྙིང་བུ་རམ་སྦྲང་ཆང་དང༌། །ཅི་རིགས་པར་ནི་བླུད་པ་དང༌། །ཤ་ནི་སྦྱིན་པ་ཉིད་དུ་བྱ། །ཞེས་བྱ་བ་ལ། གཅོང་ཆེན་པོའི་མི་དེ་ལ་བཟའ་བར་ཤ་བྱིན་ནས་ཆང་དང་ཆང་གི་དངས་མ་ལ་སོགས་པ་ཅི་རིགས་བླུད་པར་བྱའོ། །བུ་གའི་རྒྱུན་འགགས་དག་ཕྱིར་དང༌། །སྟོབས་དང་མདངས་ནི་རྒྱས་བྱའི་ཕྱིར། །སྣུམ་དང་འོ་མ་ཆུས་གང་བའི། །སྣོད་དུ་ལུས་ནི་བྱིང་བར་བྱ། །ཞེས་བྱ་བ་ལ། ཡང་དེ་ལ་བུ་གའི་རྒྱུན་སྲང་ནད་ཀྱིས་འགགས་པ་དེ་དག་པར་བྱ་བའི་ཕྱིར་དང༌། ལུས་ཀྱི་སྟོབས་དང་མདངས་རྒྱས་པར་བྱ་བའི་ཕྱིར་སྣུམ་གྱིས་གང་བའི་སྣོད་དང་འོ་མས་གང་བའི་སྣོད་དང་སྨན་གྱི་ཆུས་གང་བའི་སྣོད་དུ་ལུས་བྱིང་བར་བྱ་བའམ། ནད་དམིགས་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །ཕྱུང་ནས་བསྲེས་པའི་སྣུམ་གྱིས་ནི། །བསྐུ་ཞིང་ལག་པས་བདེ་བར་མཉེ། །བདེ་བར་འདུག་པར་གྱུར་པ་ལ། །དལ་གྱིས་ལྡེ་གུས་དྲིལ་བར་བྱ། །ཞེས་བྱ་བ་ལ། ལུས་བྱིང་བའི་ཆུ་ལས་སླར་ཕྱུང་སྟེ། བསྲེས་པའི་སྣུམ་གྱིས་སླར་ཡང་ལུས་བསྐུ་ཞིང་ལག་པས་


DTG201_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དལ་གྱིས་མཉེ་བ་དང༌། བདེ་བར་ལུས་ཕབ་སྟེ་འདུག་པར་གྱུར་པ་དལ་གྱིས་ལྡེ་གུས་དྲིལ་བར་བྱའོ། །ཛི་བན་ཏི་དང་དཱུར་བ་དང༌། །བཙོད་དང་ཨ་ཤྭ་གན་དྷ་དང༌། །ཨ་པ་མརྒ་བ་སྤྲུ་བ། །ཨག་ནི་མན་ཏི་ཤིང་མངར་དང༌། །བ་ལ་ཡུངས་ཀར་བི་ད་རི། །རུ་རྟ་འབྲས་དང་ཟར་མ་དང༌། །མོན་སྲན་གྲེའུ་གཉིས་ཏིལ་དང་ཕབས། །ཐམས་ཅད་གཅིག་ཏུ་བཏགས་ནས་ནི། །ནས་ཀྱི་ཕྱེ་ནི་སུམ་འགྱུར་དང༌། །ཞོ་དང་སྦྲང་རྩི་ལྷན་ཅིག་སྦྱར། །འདི་དག་གིས་ནི་དྲིལ་ཕྱི་བྱ། །ཤ་རྒྱས་མདོག་བཟང་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། ཛི་བན་ཏི་ནས་ཕབས་ཀྱི་བར་གཅིག་ནས་ཕྱེ་མར་བཏགས་ལ་ཕྱེ་མ་དེ་དག་གི་སུམ་འགྱུར་གྱི་ནས་ཀྱི་རྗེན་ཕྱེ་དང་བསྲེས་ལ་ཞོ་དང་སྦྲང་རྩི་དང་སྦྱར་བ་འདིས་ལུས་ལ་དྲིལ་ཕྱིས་བྱས་ན། དེའི་ཤ་རྒྱས་པ་དང༌། མདོག་བཟང་བ་དང༌། སྟོབས་སྐྱེད་པར་འགྱུར་རོ། །ཡུངས་ཀར་སེར་པོའི་ལྡེ་གུ་དང༌། །འཚོ་བྱེད་སྡེ་ཚན་དང་སྦྱར་བ། །ཁྲུས་ཀྱི་སྨན་གྱིས་ཁྲུས་བྱ་ཞིང༌། །དུས་ཚིགས་བདེ་བའི་ཆུས་ཁྲུས་བྱ། །ཞེས་བྱ་བ་ལ། ཡང་ཟད་བྱེད་ཀྱི་ནད་དང་ལྡན་པ་དེ་ཡུངས་ཀར་གྱི་ལྡེ་གུ་དང་འཚོ་བྱེད་ཀྱི་སྡེ་ཚན་གྱི་སྨན་དང་བསྐོལ་བའི་ཆུས་ཁྲུས་ཀྱི་སྨན་དྲི་བཟང་པོ་དག་གི་ཁྲུས་དེ་ཡང་དུས་ཚིགས་དང་རྗེས་སུ་མཐུན་ཞིང་ལུས་བདེ་བ་སྐྱེད་པར་བྱེད་དོ། །དྲི་དང་ཕྲེང་བ་སོགས་ཀྱིས་བརྒྱན། །བཀྲ་མི་ཤིས་པ་འཇིགས་པ་བསྟན། །ཞེས་བྱ་བ་ལ། དེ་ལྟར་ཁྲུས་བྱས་ནས་དྲི་དང་ཕྲེང་བ་ལ་སོགས་པས་བརྒྱན་ཞིང་སྤུད་པ་དང༌། བཀྲ་མི་ཤིས་པའི་འཇིགས་པ་མདངས་དང་སྐལ་བ་སྐྱེད་པར་བྱེད་པའི་དངོས་པོ་ལ་བསྟན་པར་བྱའོ། །མཛའ་བཤེས་བལྟ་ཞིང་གླུ་དང་ནི། །རོལ་མོ་མཉན་ཞིང་དགའ་སྟོན་བྱ། །འཇམ་རྩི་འོ་མ་ཞུན་མར་དང༌། །ཤ་དང་ཆང་བསྟེན་ཚུལ་ལ་གནས། །ལྷ་ལ་བརྟེན་པའི་ཆོ་ག་དང༌། །མཆོད་པའི་ལས་ལ་བརྩོན་པར་བྱ། །ཞེས་བྱ་བ་ལ། གཅོང་ཆེན་པོ་དང་ལྡན་པའི་མི་དེ་མཛའ་བཤེས་ཡིད་དུ་འོང་བ་ལ་ལྟ་བ་དང༌། གླུ་ལ་སོགས་པ་ལ་མཉན་པ་ལ་དགའ་སྟོན་གྱི་རྣམ་པ་བྱ་བ་དང༌། འཇམ་རྩི་དང་འོ་མ་དང་ཞུན་མར་བསྟེན་པ་དང༌། དེ་བཞིན་དུ་ཤ་ལ་སོགས་པ་བསྟེན་པ་དང༌། ཚུལ་ལེགས་པ་ལ་གནས་པར་བྱ་བ་དང༌། ལྷ་ལ་


DTG201_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་ཆོ་ག་གཏོར་མ་དང༌། སྦྱིན་སྲེག་དང༌། སྡིག་པ་བཤགས་པ་ལ་སོགས་པ་ལ་གནས་པ་དང༌། མཆོད་པའི་ལས་ལ་བརྩོན་པ་དག་ཀྱང་ཕན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་ལྔ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་སློན་པའི་ནད་དང་སྙིང་ནད་དང་སྐོམ་དད་གསོ་བའི་གནས་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་རིམས་ཀྱིས་སློན་པ་ལ་སོགས་པའི་གསོ་བའི་རིམ་པས་འབྱུང་བས་ན་དེ་བརྩམས་ཏེ་བཤད་པ་ཡིན་ནོ། །སློན་ནད་ཕལ་ཆེར་མ་ཞུ་བའི། །གནས་འཁྲུགས་ལས་བྱུང་དེ་ཡི་ཕྱིར། །རླུང་མ་གཏོགས་ལ་དང་པོར་ནི། །སྨྱུང་བྱས་སྐྱུག་སྨན་བཏང་བ་ཕན། །ཞེས་བྱ་བ་ལ། སློན་ནད་ཕལ་ཆེར་ནི་མ་ཞུ་བའི་གནས་ནས་འཁྲུགས་ཤིང་སློངས་པ་ལས་བྱུང་བ་ཡིན་ལ། དེས་ན་རླུང་ལས་གྱུར་པ་མ་གཏོགས་པ་དག་ལ་ནི་དང་པོར་སྨྱུང་བ་བྱས་ནས་སྐྱུག་སྨན་གཏང་བ་ཕན་པ་ཡིན་ནོ། །སྟོབས་ལྡན་རྒྱུན་དུ་སློན་གྱུར་ཅིང༌། །ནད་མང་གྱུར་ལ་གཏང་བར་བྱ། །ཞེས་བྱ་བ་ལ། དེ་ལ་སྐྱུག་སྨན་དེ་ཡང་ཉམས་སྟོབས་དང་ལྡན་པའི་སྐྱེས་བུ་ལ་སྦྱར་བར་བྱའི་ཉམས་སྟོབས་ཞན་པ་ལ་ནི་མ་ཡིན་པ་དེ་ཡང་རྒྱུན་དུ་སློན་ཞིང་ནད་མང་ལ། ཕལ་ཆེར་སློན་པར་གྱུར་པ་ལ་སྐྱུག་སྨན་གཏང་བར་བྱའོ། །དེ་འོག་རིམ་གྱིས་བཀྲུ་སྨན་ནི། །ཡིད་འོང་ཆང་རྒུན་ཆུ་སོགས་སམ། །འོ་མས་བཏང་གྱུར་དེ་མོད་ལ། །གྱེན་འབྱུང་ནང་ནི་ཐུར་དུ་འབྱུང༌། །ཞེས་བྱ་བ་ལ། དེ་ལྟར་སློན་སྨན་བཏང་བའི་འོག་ཏུ་བཀྲུ་སྨན་གཏང་བར་བྱ་སྟེ། དེ་ལ་ཡང་རིམ་གྱིས་བྱའི་ཅིག་ཅར་ནི་མ་ཡིན་ནོ། །དེ་ཡང་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་བཀྲུ་སྨན་ཆང་དང་རྒུན་ཆུ་ལ་སོགས་པ་དང་ལྷན་ཅིག་བཏང་བའམ། ཡང་ན་འོ་མ་དང་ལྷན་ཅིག་བཀྲུ་སྨན་གཏང་བར་བྱ་སྟེ། གང་གི་ཕྱིར་བཀྲུ་སྨན་དེ་བཏང་བར་གྱུར་ན། དེའི་མོད་ལ་གྱེན་དུ་འབྱུང་ཞིང་སློན་པའི་ནད་ཐུར་དུ་འབྱུང་བར་བྱེད་དོ། །ཞི་བའི་སྨན་ནི་རྩུབ་པ་སྟེ། །ཉམ་ཆུང་བ་ཡང་དེ་ཉིད་


DTG201_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཞི་བར་བྱ་བའི་སྨན་འབྲས་ཡོས་ལ་སོགས་པ་རྩུབ་བག་གིས་བྱ་ལ། སྐྱེས་བུ་ཉམ་ཆུང་བ་དག་ལ་ནི་ཞི་བར་བྱ་བའི་སྨན་དེ་ཉིད་བྱའི་སྦྱང་བའི་སྨན་མི་བྱ་སྟེ། སྦྱང་བའི་སྨན་སྦྱར་མི་བཟོད་པའི་ཕྱིར་རོ། །ཟས་ནི་སྐམ་ཞིང་ཡི་གར་འོང༌། །གོམས་ཤིང་ཡང་བ་བསྔགས་པ་ཡིན། །དེ་བཞིན་སྨྱུང་བ་ཡུ་ཤ་དང༌། །ཤ་ཁུ་འབའ་ཆ་སྐམ་པ་ལ། །ཚོད་མ་ལྡེ་གུ་བཟའ་བ་དང༌། །བཏུང་བ་དྲི་བཟངས་པ་ན་ཀ །རོ་དྲུག་ཟས་སྐོམ་སྣ་ཚོགས་དང༌། །འབྲས་བུ་ཁྲུས་དང་མཉེ་བ་དང༌། །དྲི་ཞིམ་འབྲས་བུ་མེ་ཏོག་སྐྱེས། །ཟས་དང་སྐོམ་ལ་སྤྱོད་པ་དང༌། །ཟོས་མ་ཐག་ཏུ་འཕྲལ་དུ་ནི། །ཆུ་གྲང་གིས་ནི་གདོང་བཀྲུ་བྱ། །ཞེས་བྱ་བ་ལ། སློན་པའི་ནད་ལ་ཟས་ཀྱང་སྐམ་ཞིང་སློན་བག་མ་ཡིན་པར་སྦྱིན་པ་དང༌། ཡི་གར་འོང་ཞིང་སྙིང་དགའ་བར་བྱེད་པ་དང༌། གོམས་ཤིང་རྒྱུན་དུ་བསྟེན་ལ་དུས་ཡུན་རིང་པོར་ཟོས་པ་དང༌། ཚད་དང་རྫས་ཀྱི་རང་བཞིན་གྱིས་ཡང་བ་དེ་ལྟ་བུའི་ཁ་ཟས་སྦྱིན་པ་ནི་བསྔགས་པ་ཡིན་ནོ། །ཡང་དེ་བཞིན་དུ་སྨྱུང་བར་བྱ་ཞིང༌། ཟས་བཅད་པ་དང༌། ཡུ་ཤ་ཞེས་བྱ་བ་མོན་སྲན་སྡེའུ་ལ་སོགས་པའི་ཁུ་བ་ལས་བྱས་པའི་བཏུང་བ་དང༌། ཤ་ཁུ་དང་འབའ་ཆ་སྟེ་རྩ་བ་དང་འབྲས་བུ་ལས་བྱས་པ་དང༌། སྐམ་པ་ལ་ཞེས་བྱ་བ་ཕལ་ཆེར་ཏིལ་གྱི་ལྡེ་གུ་དང་སྐྱུར་བག་ལས་བྱས་པ་སྟེ། དེ་ཡང་གཞུང་ལས། །དེ་ལ་ཤ་ལ་ཤ་ཁུ་སྟེ། །འབྲུ་ལས་ཡུ་ཤ་འབྲས་བུ་ལས། །ཁ་ལོའི་རྩ་བ་ཏིལ་རྩིག་སྐྱུར། །ལས་བྱས་སྐམ་པི་ལ་ཀར་བཤད། །ཅེས་འབྱུང་བ་ཡིན་ནོ། །ཚོད་མ་ནི་ཚོད་མའི་སྡེ་ཚན་ལས་བཤད་པའི་རིགས་སྣ་ཚོགས་པའོ། །ལྡེ་གུ་ནི་ལྡེ་གུར་སྦྱར་ནས་ལྷག་པའི་སྨན་རྣམས་སོ། །བཟའ་བ་ནི་བཟའ་བ་དང་བཏུང་བ་རྣམས་སོ། །བཏུང་བ་དྲི་བཟངས་ནི་རྒུན་ཆུ་ལ་སོགས་པ་ལས་བྱས་པའི་བཏུང་བའི་དྲི་ཞིམ་པོ་དང་སྦྱར་བའོ། །བད་ཀན་ནི་སྦྲང་ཆུ་དང་དྲི་སྣ་གསུམ་ལ་སོགས་པ་ལ་སྦྱར་བའོ། །རོ་དྲུག་པ་ནི་ཕལ་ཆེར་སྐྱུར་བའི་ཤས་དང་ལྡན་ཞིང་སེའུ་འབྲུལ་སོགས་པ་ལ་


DTG201_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཚོད་མ་བཤད་པ་ཞེས་བྱའོ། །ཟས་སྐམ་པོ་སྣ་ཚོགས་ནི་ལ་དུ་ལ་སོགས་པའོ། །འབྲས་བུ་ནི་ཤིང་ཏོག་དང་འབྲས་བུ་སྣ་ཚོགས་ཀྱི་སྡེ་ཚན་ལ་བསྟེན་པའོ། །ཁྲུས་ནི་ཆུ་དྲི་ཞིམ་པོ་དྲོ་འཇམ་ཙམ་གྱིས་བཀྲུ་བའོ། །མཉེ་བ་ནི་རྒྱ་མཚོའི་ལྦུ་བ་ལ་སོགས་པས་མཉེ་བའོ། །དྲི་ཞིམ་པ་ནི་དྲི་ཞིམ་པའི་སྨན་དང་སྦྱར་བ་སྟེ། དྲི་དེ་དག་ཀྱང་འབྲས་བུ་དང་མེ་ཏོག་ལས་བྱུང་བ་སྟེ། འདིར་དྲི་ཞེས་བྱ་བའི་སྦྲས་ནི་དྲི་སྨན་དག་ཀྱང་བྱའོ། །ཡང་དེ་བཞིན་དུ་ཟས་སྐོམ་ལ་སོགས་པ་ལ་སྤྱད་མ་ཐག་དུ་འཕྲལ་དུ་དེའི་མོད་ལ་ཆུ་གྲང་གིས་གཏོར་ཞིང་བླུགས་པའམ་སློན་པའི་ནད་རྣམས་ལ་ཕན་པ་ཡིན་ནོ། །དེ་དག་ནི་སློན་ཞིང་སྐྱུག་བྲོ་བའི་ནད་ཐམས་ཅད་ཀྱི་སྤྱིའི་གསོ་བ་བཤད་པ་ཡིན་ནོ། །རླུང་ལས་གྱུར་པའི་སློན་པའི་ནད། །རྒྱམ་ཚ་མར་བཅས་དྲོ་བའམ། །ཚ་གསུམ་ལན་ཚྭ་གསུམ་སྦྱར་བས། །ལུད་པ་དང་ནི་སྙིང་འཛག་དང༌། །བཅས་པ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སློན་ནད་ལ་ནི་རྒྱམ་ཚ་དང་ཞུན་མར་སྦྱར་བ་ཉུང་ཟད་དྲོ་བས་སེལ་བར་བྱེད་དོ། །དེ་ལས་ཀྱང་མཆོག་ཏུ་ལུད་པ་དང་སྙིང་འཛག་ཅིང་ན་བ་དང་བཅས་པའི་སློན་བྲོ་བ་སེལ་ཏོ། །ཡང་ན་ཚ་བ་གསུམ་དང་ལན་ཚྭ་གསུམ། །ཞེས་བྱ་བ་ལྕེ་མྱང་ཚ་དང་ཁ་རུ་ཚ་དང༌། ཁ་རུ་ཚ་ནག་པོ་དང༌། ཞེས་བྱ་བ་གསུམ་དང་སྦྱར་བའི་ཞུན་མར་བླུད་ན་ཡང་རླུང་ལས་གྱུར་པའི་སློན་ནད་སེལ་ཏོ། །སེའུ་འབྲུའི་ཁུ་བ་བཅའ་སྒ་དང། །འུ་སུ་ཞོ་དང་མར་བསྐོལ་བའམ། །ཆུ་དང་འོ་མ་ཆ་མཉམ་པ། །ཞེས་བྱ་བ་ལ། ཡང་ན་སེའུ་འབྲུའི་ཁུ་བ་དང་བཅའ་སྒ་དང་འུ་སུ་དང༌། ཞོར་བསྲེས་པ་དང་བསྐོལ་བའི་མར་བླུད་ན་རླུང་ལས་གྱུར་པའི་སློན་ནད་འཇོམས་སོ། །ཡང་ན་ཆུ་དང་འོ་མ་ཆ་མཉམ་པ་བླུད་ན་རླུང་ལས་གྱུར་པའི་སློན་བྲོ་བ་སེལ་ཏོ། །ཁྲོན་གྱི་ཟས་ཚོལ་ཤ་ཁུ་ནི། །འབྲས་སྐྱུར་རྒྱམ་ཚ་མར་ཤས་ཆེ། །ཞེས་བྱ་བ་ལ། ཡང་ན་ཁྲོན་གྱི་ཟས་ཚོལ་བའི་ཁྱིམ་བྱ་ལ་སོགས་པའི་ཤ་ཁུ་སེའུ་འབྲུ་ལ་སོགས་པའི་འབྲས་བུ་དང་སྦྱར་


DTG201_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཞུན་མར་དང་རྒྱམ་ཚ་ཤས་ཆེར་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་སློན་བྲོ་བ་འཇོམས་སོ། །ཁ་ཟས་སྣུམ་པོ་བཅའ་སྒ་དང༌། །ཞོ་དང་སེ་འབྲུར་སྦྱར་བའམ། །རྒྱམ་ཚར་བཅས་པ་དྲོ་འཇམ་ཕན། །ཞེས་བྱ་བ་ལ། ཁ་ཟས་སྣུམ་བག་ཏུ་བཅའ་ཞིང་བཅའ་སྒ་ལ་སོགས་པ་སྦྱར་བ་ལ་རྒྱམ་ཚ་བཏབ་པ་དྲོ་འཇམ་ཙམ་བྱིན་ན་ཡང་ཕན་ནོ། །འདིར་ནི་བཀྲུ་སྨན་ལན་ཚྭ་དང༌། །སྣུམ་དང་དྲོ་བར་བཅས་པ་ཕན། །ཞེས་བྱ་བ་ལ། རླུང་ལས་སྐྱེས་པའི་སློན་ནད་འདི་ལ་སྣུམ་དང་སེང་ཕྲོམ་ལ་སོགས་པ་དང་སྦྱར་བའི་བཀྲུ་སྨན་ལན་ཚྭ་དང་སྦྱར་ཞིང་ཆུ་དྲོ་བ་བཏང་ན་ཕན་ནོ། །མཁྲིས་པ་ལས་གྱུར་བཀྲུ་སྨན་ཕྱིར། །རྒུན་འབྲུ་བུ་རམ་ཤིང་ཁུ་དང༌། །དུར་བྱིད་སྦྱར་བའི་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་བྲོ་བའི་བཀྲུ་སྨན་བྱ་བའི་ཕྱིར་རྒུན་འབྲུའི་ཁུ་བ་དང་བུ་རམ་ཤིང་གི་ཁུ་བ་དང་དུར་བྱིད་དུ་སྦྱར་བའི་བཀྲུ་སྨན་གཏང་བར་བྱའོ། །ཞུན་མར་སེང་ཕྲོམ་སྦྱར་བ་གཏང༌། །ཞེས་བྱ་བ་ལ། ཡང་ན་མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་དང༌། སེང་ཕྲོམ་དང་ཞུན་མར་སྦྱར་བ་གཏང་བར་བྱ་སྟེ། དེ་ཡང་སེང་ཕྲོམ་སྲང་བརྒྱད་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ལྟར་བྱའོ། །འཕེལ་ཏེ་བད་ཀན་གནས་ཁྱབ་པའི། །མཁྲིས་པར་མངར་དང་ཁ་བ་ཡིས། །གྱེན་དུ་དྲངས་ལ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་འཕེལ་བར་འགྱུར་ཏེ། བད་ཀན་གྱི་གནས་ཁྱབ་པར་གྱུར་པ་ལ་ནི་མཁྲིས་པའི་ནད་དེ་སྨན་མངར་བ་དང་ཁ་བ་དག་གིས་གྱེན་དུ་དྲངས་ལ་སློན་པར་བྱའི་སྨན་གཏང་བར་ནི་མི་བྱའོ། །དག་གྱུར་ནས། འབྲས་ཡོས་ཁ་ར་བཅས་པ་ལས། །སྐྱོ་མའམ་ནས་ཐུག་བླུད་པར་བྱ། །ཞེས་བྱ་བ་ལ། ཁྲུས་དང་སློན་གྱིས་དེ་དག་ཅིང་སྦྱངས་པར་གྱུར་ན་འབྲས་ཡོས་ཁ་ར་དང་བཅས་པ་ལས་སྐྱོ་མར་བྱས་ཏེ་བླུད་པའམ་ནས་ཐུག་གི་ནང་དུ་སྦྲང་རྩི་དང་ཁ་ར་བཏབ་པ་བླུད་པར་བྱའོ། །སཱ་ལུ་དྲུག་ཅུ་པ་ཡི་ཆན། །སྐམ་སའི་ཤ་ཁུ་མུངྒའི་ཁུ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྐམ་སའི་ཤ་


DTG201_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་དང་མུངྒའི་ཁུ་བ་ཡུ་ཤ་ཞེས་བྱ་བ་དང༌། སཱ་ལུ་རྩ་སྣར་རམ་འབྲས་དྲུག་ཅུ་པའི་ཆན་སྦགས་ཏེ་བཟའ་བ་སྦྱིན་པར་བྱའོ། །སོ་ཕག་བསྲེགས་ཏེ་ཆུར་བཅུག་གསུར། །ཤིན་ཏུ་བསྒྲངས་པའི་ཆུ་བླུད་པའམ། །ཞེས་བྱ་བ་ལ། སྐོམ་དུ་ནི་སོ་ཕག་ལེགས་བར་བསྲེགས་ཏེ་ཆུའི་ནང་དུ་བཅུག་ལ་གསུར་བའི་ཆུ་དངས་མ་ཤིན་ཏུ་ལེགས་པར་བསྒྲངས་ལ་བླུད་པར་བྱའོ། །མུངྒ་འུ་སུ་པུ་ཤེལ་ཙེ། །པི་པི་ལིང་དང་ནུབ་གཅིག་སྤངས། །ཞེས་བྱ་བ་ལ། མོན་སྲན་སྡེའུ་དང་འུ་སུལ་སོགས་པའི་སྨན་དང་ནུབ་གཅིག་སྤངས་པའི་ཆུ་བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །ཡང་ན་རྒུན་ཆུ་བུ་རམ་ཤིང༌། །སླེ་ཏྲེས་ཆུ་འམ་འོ་མ་བླུད། །ཅེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ལ་རྒུན་འབྲུའི་ཆུའམ། བུ་རམ་གྱི་ཁུ་བའམ། སླེ་ཏྲེས་བསྐོལ་བའི་ཆུའམ། འོ་མ་གང་ཡང་རུང་བ་བླུད་པར་བྱའོ། །འཛམ་བུ་ཨ་མྲའི་ལོ་མ་དང༌། །ཨུ་ཤིར་ནྱ་གྲོ་དྷའི་མྱུ་གུ། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། །བཏབ་སྟེ་བླུད་ན་སློན་པ་དང༌། །རིམས་དང་ཚད་འཁྲུ་བརྒྱལ་བ་དང༌། །སྐོམ་དད་ཆེ་བ་མི་བཟད་སེལ། །ཞེས་བྱ་བ་ལ། ཤིང་འཛམ་བུ་དང་ཨ་མྲ་གཉིས་ཀྱི་ལོ་མ་ནི་ཨུ་ཤི་ར་ཞེས་བྱ་བ་པུ་ཤེལ་ཙེ་དང༌། །ཤིང་ནྱ་གྲོ་དྷའི་མྱུ་གུ་བསྐོལ་བའི་ཆུ་བསྒྲངས་ཏེ་སྦྲང་རྩི་བཏབ་པ་བླུད་ན་ཡང་སློན་པ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །སྐྱུ་རུ་རའི་ཁུ་ཙན་དན་བཅས། །མུངྒ་བ་ལའི་ཆུ་བླུད་ཕན། །ཞེས་བྱ་བ་ལ། ཡང་ན་སློན་ནད་དེ་ལ་སྐྱུ་རུ་ར་བསྐོལ་བའི་ཆུ་བསྒྲངས་པར་ཙནྡན་དཀར་པོ་ལྡེ་གུ་དང་སྦྱར་བ་བླུད་པར་བྱའོ། །ཡང་ན་མུངྒ་དང་བ་ལ་ཆུར་ནུབ་གཅིག་སྤངས་པ་བླུད་པར་བྱའོ། །རྒྱ་ཤུག་ཚི་གུ་ཁ་ར་དཀར། །འབྲས་ཡོས་སྦྲ་ཚིལ་པི་པི་ལིང༌། །དངུལ་རྡོ་སྦྲང་རྩི་འམ་ཨ་རུ་ར། །རྒུན་འབྲུའམ་རྒྱ་ཤུག་དང་སྦྱར་བ་ན། །ཞེས་བྱ་བ་ལ། ཡང་སློན་ནད་དེ་ལ་རྒྱ་ཤུག་གི་ཚི་གུ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཨ་རུ་ར་སྦྲང་རྩི་དང་སྦྱར་བའམ། རྒུན་འབྲུ་སྦྲང་རྩི་དང་སྦྱར་བའམ། རྒྱ་ཤུག་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །བད་ཀན་ལས་གྱུར་ནིམ་པ་དང༌། །པི་པི་ལིང་དང་པོ་སོན་ཆ། །


DTG201_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་ཆུ་དྲོན་གྱིས་སློན་བྱ། །ཉམ་ཆུང་བ་ལ་སྨྱུང་བ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི་ནིམ་པ་ལ་སོགས་པ་དང་བསྐོལ་བའི་ཆུ་དྲོ་འཇམ་ཙམ་བྱས་པ་བླུད་ལ་སློན་པར་བྱའོ། །གལ་ཏེ་ནད་པ་ཉམ་ཆུང་བ་ལ་ནི་སློན་པར་མི་བྱའི། སྨྱུང་བར་བྱས་པ་དེས་ཞི་བར་བྱའོ། །དོང་ག་ལ་སོགས་ཁུ་བ་བསྐོལ། །བསྒྲངས་པ་སྦྲང་རྩིར་བཅས་པ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་དོང་ག་ལ་སོགས་པའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཞི་བར་འགྱུར་རོ། །ནས་ཀྱི་སྐྱོ་མ་སློན་འཇོམས་པའི། །སྨན་དག་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་བད་ཀན་གྱི་སློན་བྲོ་བ་ལ་ནི་ནས་ཀྱི་ཕྱེ་དང༌། སློན་འཇོམས་པའི་སྨན་འབྲས་ཡོས་དང༌། རྒྱ་ཤུག་དང་སེའུ་འབྲུ་ལ་སོགས་པའི་སྨན་བསྐོལ་བ་དང་ནས་ཕྱེ་དང་སྦྱར་ཏེ་དེའི་ཟན་ནམ་སྐྱོ་མ་བླུད་པར་བྱའོ། །བད་ཀན་འཇོམས་ཟས་ཡི་གར་འོང༌། །བཏུང་བ་ཟིན་ཐིག་བུ་སྲིན། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི། བད་ཀན་འཇོམས་པའི་ཟས་འབྲས་ཡོས་ལ་སོགས་པ་ལས་གཡོས་པའི་ཟས་རྒུན་འབྲུ་ལ་སོགས་པ་ལས་བྱས་པའི་བཏུང་བ་ར་གཞེས་བྱ་བ་རོ་དྲུག་པ། ཟིན་ཐིག་ལེ་དང༌། བུ་སྲིན་དང་བཅས་པ་བླུད་ན་ཡང་བད་ཀན་ལས་གྱུར་པའི་སློན་བྲོ་བ་སེལ་ཏོ། །ཟིན་ཐིག་ལེ་ནི་ཨར་ཛ་ཀ་དང༌། ཀུ་ཐེ་ར་ཞེས་བྱ་བའོ། །བུ་སྲིན་ནི་ཀ་ཏྲི་ནའོ། །ལྡོང་རོས་དང་ནི་པི་པི་ལིང༌། །ན་ལེ་ཤམ་ནི་སྐྱུར་རྩི་ཆེ། །ཀ་པིད་ཐ་ཡི་ཁུ་བ་དང༌། །སྦྲང་རྩིར་བཅས་པས་སློན་ནད་སེལ། །ཞེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་སྨན་གསུམ་པ་སྐྱུར་རྩི་ཆེན་པོ་ཞེས་བྱ་བ་པི་ཛ་པུ་རའི་ཁུ་བ་དང༌། ཀ་པིད་ཐའི་ཁུ་བ་དང་སྦྱར་ཞིང་སྦྲང་རྩི་དང་སྦྱར་བ་བླུད་ན་སློན་ནད་སེལ་བར་འགྱུར་རོ། །ཀ་པིད་ཐ་དང་ཚ་བ་གསུམ། །བྱི་ཚེར་སྦྲང་རྩིར་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི། ཀ་པིད་ཐ་དང་ཚ་བ་གསུམ་སྦྱར་བ་སྦྱིན་པའམ། ཡང་ན་བྱི་ཚེར་བ་དང་སྦྲང་རྩིར་སྦྱར་བ་སྦྱིན་པར་བྱའོ། །མཐུན་


DTG201_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་པ་བྱས་པ་ཡིས། །མི་སྡུག་ཡུལ་མཐོང་ལས་བྱུང་སེལ། །ཞེས་བྱ་བ་ལ། ཡུལ་མི་སྡུག་པ་མཐོང་བ་ལས་བྱུང་བའི་སློན་བྲོ་བ་ལ་ནི། ཡིད་དང་རྗེས་སུ་མཐུན་པའི་སྤྱོད་པ་ཡིད་དགའ་ཞིང་དབུགས་ཕྱུང་བས་མགུ་བར་བྱས་པའི་སྤྱོད་པ་བྱས་པས་སེལ་བར་འགྱུར་རོ། །སྲིན་བུ་ལས་བྱུང་སྲིན་བུ་ཡི། །སྨན་དུ་བཤད་པ་རྣམས་ཀྱིས་གསོ། །ཞེས་བྱ་བ་ལ། སྲིན་བུ་ལས་བྱུང་བའི་སློན་བྲོ་བ་ལ་ནི་སྲིན་བུ་ལས་གྱུར་པའི་སྙིང་ནད་ཀྱི་སྐབས་སུ་བཤད་པའི་སྨན་རྣམས་ཀྱིས་གསོ་ཞིང་ཞི་བར་བྱའོ། །ལྷག་མ་ནད་དམིགས་ཇི་བཞིན་དུ། །དེ་ཞི་འགྱུར་བའི་དཔྱད་ཀྱིས་གསོ། །ཞེས་བྱ་བ་ལ། སློན་པའི་ནད་ལྷག་མ་སྐོམ་དད་དང་མ་ཞུ་བ་དང་ཡིད་མི་བདེ་བ་སྐྱེས་པར་གྱུར་པ་དག་ལ་ནི། རང་གི་ནད་དམིགས་ཇི་ལྟ་བ་བཞིན་དུ་རླུང་ལས་གྱུར་པ་ལ་སོགས་པ་ལ་ཕན་པའི་སྨན་གྱིས་ཞི་བར་བྱ་བ་དང༌། དེ་བཞིན་དུ་དེ་ཞི་བར་འགྱུར་པའི་སྤྱོད་པ་སྐོམ་དད་དང༌། སློན་པ་ལ་སོགས་པ་ལ་གང་དག་ཕན་པར་འགྱུར་བ་དག་གིས་གསོ་བར་བྱའོ། །སློན་པའི་སྐབས་སུ་རླུང་གི་ནད་རྣམས་ནི། །ལུས་ཟུངས་ཟད་པས་ངེས་པར་ལྡང་འགྱུར་རོ། །དེ་བས་འདིར་ནི་སྐྱུག་སྨན་སྦྱོར་དྲགས་པའི། །སྐབས་བཤད་བཅད་དང་བརྟ་བའི་ཆོ་ག་བྱ། །བུ་རམ་ཞུན་མར་ཤ་ཁུ་དགེ་བ་ཆེ། །ཚ་བ་གསུམ་དང་འཚོ་བྱེད་སྨན་མར་དང༌། །འོ་ཐུག་དང་ནི་ཕན་པའི་ལྡེ་གུ་ཡིས། །རྒྱུན་དུ་སློན་པ་ཞི་བ་ཉིད་དུ་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་སློན་པའི་སྐབས་སུ་ནི་སློན་པའི་ལུས་ཟུངས་ཟད་པར་བྱ་བའི་ཕྱིར་ངེས་པ་ཁོ་ནར་ལྡང་ཞིང་འཁྲུགས་པར་འགྱུར་རོ། །དེ་བས་ན་སྐབས་འདིར་ནི་སྐྱུག་སྨན་གྱི་སྦྱོར་བ་དྲགས་པའི་སྐབས་སུ་སློན་དྲགས་པས་ནད་འགྱུར་བའི་གསོ་བར་བཤད་པ་དེས། གཅད་པ་དང་བརྟ་བའི་ཆོ་ག་གང་དག་ཡིན་པ་བྱའོ། །དེ་བཞིན་དུ་བུ་རམ་དང༌། ཞུན་མར་དང༌། ཤ་ཁུ་དང༌། དགེ་བ་ཆེན་པོའི་སྨན་མར་ལ་སོགས་པ་དུས་ཇི་ལྟ་བ་བཞིན་དུ་ནད་དམིགས་དང་ལུས་ཟུངས་ཀྱི་ཚུལ་དང་སྦྱར་ཏེ་རྒྱུན་དུ་སློན་པ་ཞི་བ་ཉིད་དུ་བྱའོ། །སྙིང་ནད་རླུང་གྱུར་ཏིལ་མར་ནི། །སྐྱུར་རྩབས་དར་བ་ཞོ་ག་ཆུ། །ལྡན་པ་ཚ་ན་དྲོ་


DTG201_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་བླུད། །དེས་ནི་ལྟོ་སྦོས་སྐྲན་ཀྱང་འཇོམས། །ཞེས་བྱ་བ་ལ། སྙིང་གི་ནད་རླུང་ལས་གྱུར་པ་ལ་ནི་འབྲས་ཁུ་དང་སྐྱུར་དུ་གྱུར་པ་སྐྱུར་རྩབས་ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཏིལ་མར་བསྐོལ་བ་བླུད་པར་བྱ་སྟེ། དེ་ཡང་དྲོ་འཇམ་ཙམ་དུ་བྱས་ལ་བླུད་པར་བྱའོ། །དེས་ནི་དེའི་ལྟོ་སྦོས་པ་ལ་སོགས་པ་འཇོམས་པར་བྱེད་དོ། །ཏིལ་མར་ལན་ཚྭར་བཅས་དང་སྐྱུར། །བ་གཅིན་བསྐོལ་བའང་དེ་དང་མཚུངས། །ཞེས་བྱ་བ་ལ། སྐྱུར་བག་སྐྱུར་རྩབས་ལ་སོགས་པ་དང་བ་གཅིན་དང་ལན་ཚྭ་ཐམས་ཅད་དང་ཏིལ་མར་ལྷན་ཅིག་བསྐོལ་ལ་ཚོས་པར་གྱུར་པ་འཐུངས་ན་ཡང་ཡོན་ཏན་དེ་དང་འདྲ་སྟེ། རླུང་ལས་གྱུར་པའི་སྙིང་ནད་དང༌། །ལྟོ་སྦོ་བ་དང་སྐྲན་ནད་འཇོམས་པ་ཡིན་ནོ། །བིལ་བ་ར་སྣ་རྒྱ་ཤུག་ནས། །ཐང་ཤིང་དང་ནི་བ་སྤྲུ་བ། །རྒྱ་སྲན་རྩ་བ་ལྔ་པ་རྣམས། །བསྐོལ་བའི་ཆུ་དེར་ཏིལ་མར་ནི། །བསྐོལ་བ་དེ་ནི་སྣར་བཏང་དང༌། །བཏུང་དང་འཇམ་རྩིར་གཏང་བར་བྱ། །ཞེས་བྱ་བ་ལ། བིལ་བ་ལ་སོགས་པ་བསྐོལ་ནས་སྨན་གྱི་ཁུ་བ་ཏིལ་མར་བཞི་འགྱུར་དང་བསྐོལ་ལ་ཏིལ་མར་དེ་སྣ་ནས་བཏང་བ་དང་འཇམ་རྩི་མས་གཏོང་བའི་སྦྱོར་བ་བྱའོ། །བཅའ་སྒ་རྒྱམ་ཚ་བྱེའུ་རུག་པ། །སླེ་ཏྲེས་ཤིང་ཀུན་མ་ནུ་དང༌། །ཨ་རུ་ར་དང་མར་བསྐོལ་བ། །སྙིང་ནད་རྩིབ་ལོགས་གཟེར་སྐྲན་འཇོམས། །ཞེས་བྱ་བ་ལ། བཅའ་སྒ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་འདིར་མ་སྨོས་སུ་ཟིན་ཀྱང་མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ། དེའི་ཁུ་བ་དང་མར་བསྐོལ་བའི་སྨན་མར་དེ་ཟོས་ན་ཡང་སྙིང་ནད་ལ་སོགས་པ་སེལ་བར་འགྱུར་རོ། །ཁ་རུ་ཚ་ནི་སྲང་གཉིས་དང༌། །ཨ་རུ་ར་ནི་ལྔ་བཅུ་དང༌། ཞུན་མར་བྲེ་གང་བསྐོལ་རྩིབ་ལོགས། །སྙིང་ནད་སྐྲན་དབུགས་མི་བདེ་སེལ། །ཞེས་བྱ་བ་ལ། ཁ་རུ་ཚ་སྲང་གཉིས་དང་ཨ་རུ་རྡོག་མ་ལྔ་བཅུ་ལྡེ་གུར་བྱས་པ་ཆུ་བྲེ་བཞིའི་ནང་དུ་བསྐོལ་ལ་དེའི་ཁུ་བ་དང་མར་བྲེ་གང་བ་སྐོལ་བའི་སྨན་མར་གྱིས་ནི་རྩིབ་ལོགས་ཀྱི་ནད་དང་སྙིང་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །སེའུ་འབྲུ་བཅའ་སྒ་ཁ་རུ་ཚ། །ཤིང་ཀུན་སྟར་བུ་ཕྱེ་མར་སྦྱར། །རླུང་ནད་གཞན་དབང་ཅན་སྙིང་ནད། །དབུགས་མི་བདེ་བ་སེལ་


DTG201_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིན། །ཞེས་བྱ་བ་ལ། སེའུ་འབྲུ་ལ་སོགས་པའི་སྨན་ལྔ་ཕྱེ་མར་སྦྱར་བས་རླུང་ནད་གཞན་དབང་ཅན་ལ་སོགས་པ་སེལ་བར་བྱེད་པའི་མཆོག་ཡིན་ཏེ། རླུང་ནད་གཞན་དབང་ཅན་ནི་འོག་ནས་བཤད་དོ། །གང་དུ་ཚད་ནི་མ་བཤད་པར། །ཆ་ནི་མཉམ་པོར་བཏགས་པར་བྱ། །ཞེས་བྱ་བའི་ཚིག་སྨན་གྱི་ཁུ་བ་བསྐོལ་བ་དང་ལྡེ་གུ་དང་ནས་ཐུག་སྦྲུས་པ་དང་ཕྱེ་མ་ལ་སོགས་པ་དྲན་པར་བྱའོ། །མ་ནུ་ཟུར་པ་བཅའ་སྒ་དང༌། །སྐྱུར་རྩི་ཆེ་རྩ་ཨ་རུ་རའི། །ལྡེ་གུ་ཡ་བཀྵ་ར་དང༌། །མངར་སྐྱུར་ལན་ཚྭ་ལྡན་པ་འཐུངས། །བཅད་སྙམ་སེམས་པའི་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། མ་ནུ་ཞེས་བྱ་བ་པུཥྐར་མཱུ་ལ་ལ་སོགས་པའི་སྨན་བཏབ་སྟེ་ལྡེ་གུར་བྱས་ཏེ་ཡ་བཀྵ་ར་ལ་སོགས་པ་དང་བཅས་པ་ནི་སྙིང་བཅད་ཅིང་གཏུབ་པ་སྙམ་དུ་སེམས་པའི་ནད་འཇོམས་པར་བྱེད་དོ། །སྐྱུར་རྩི་ཆེན་པོའི་རྩ་བ་ནི་མ་དུ་ལུང་གའི་རྩ་བ་སྟེ། བི་ཛ་པུ་རའི་རྩ་བའོ། །ཡ་བཀྵ་ར་ནི་ནས་ཚིག་འཁུས་པའི་ཐལ་བའོ། །རྒྱམ་ཚ་ལ་ལ་ཕུད་ཀྵ་ར། །ཤུ་དག་གོ་སྙོད་བཅའ་སྒ་དང༌། །ཐང་ཤིང་སྐྱུར་རྩི་ཆེན་པོ་དང༌། །ཟུར་པ་མ་ནུ་པ་ལ་ཤ །བསྐོལ་ཁུ་འཇམ་འཐུངས་ཡོན་ཏན་མཚུངས། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པ་སྨན་གྱི་ལྡེ་གུ་བསྐོལ་བ་དྲོ་འཇམ་ཙམ་འཐུངས་ན་ཡང་ཡོན་ཏན་གང་མ་དང་འདྲ་སྟེ་སྙིང་བཅད་པ་སྙམ་དུ་སེམས་པའི་གཟེར་འཇོམས་པ་ཡིན་ནོ། །ཚ་ལྔ་ཟུར་པ་ཨ་རུ་ར། །བུ་རམ་མ་ནུ་སྐྱུར་རྩི་ཆེ། །ཆང་བཏགས་ལྡེ་གུ་མར་ཏིལ་མར། །བརྔོས་ཏེ་རྒྱམ་ཚར་ལྡན་འཐུངས་ན། །སྙིང་ནད་རྩིབ་ལོགས་མོ་མཚན་ཟུག །སྐྲན་དང་དམུ་རྫིང་ནད་རྣམས་སེལ། །འདི་ལ་སྣུམ་གྱིས་དུགས་བྱས་ཕན། །སྨན་མར་གྱི་ནི་སྦྱོར་བ་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་འདི་ལ་ནི་སྣུམ་གྱིས་དུགས་བྱ་བ་དང་སྨན་མར་གྱི་སྦྱོར་བ་ཕན་ནོ། །སྐོམ་ལ་རྩ་བ་ཆུང་དུ་ལྔའམ། །བཅའ་སྒ་དང་ནི་བསྐོལ་བའི་ཆུའམ། །ཆང་གི་དངས་མ་ཞོ་ག་ཆུ། །འབྲས་བུའི་རང་སྐྱུར་བླུད་པར་བྱ། །ཞེས་བྱ་བ་ལ། སྐོམ་པ་དང་བཅས་པའི་སྙིང་ནད་ལ་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཆུ་བླུད་པའམ། བཅའ་སྒ་དང་བསྐོལ་བའི་ཆུ་དང་ས་མ་འམ་ཞོག་ཆུ་འམ། འབྲས་བུ་


DTG201_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྐྱུར་ཀན་ཛི་ཞེས་བྱ་བ་བླུད་པར་བྱའོ། །བྱ་རྨྱང་རེས་གཟེར་མ་ཞུར་བཅས། །སྙིང་ལ་རླུང་གིས་གནོད་གྱུར་ལ། །བྱ་བ་འདི་བྱ། ཞེས་བྱ་བ་ལ། བྱ་རྨྱང་ནི་རྐང་ལག་རྐྱོང་བ་ལ་སོགས་པ་སྟེ། དེ་དག་ལ་སོགས་པ་དང་ལྡན་པར་གྱུར་པའི་སྙིང་ནད་ལ་ཡང་སྔར་བཤད་པའི་གསོ་བའི་སྦྱོར་བ་འདི་ཉིད་བྱའོ། །སྙིང་འཛག་ཅིང༌། །འཕར་དང་གཅིན་སྙི་བཅས་པ་ལ། །སྲེག་པ་ཁྲུང་ཁྲུང་རྨ་བྱ་དང༌། །དགོ་བ་ཁྱིམ་བྱ་སྣུམ་མང་ཕན། །ཞེས་བྱ་བ་ལ། ཡང་སྙིང་ནད་སྙིང་འཛག་པ་ལ་སོགས་པ་དང་བཅས་པའི་རླུང་ལས་གྱུར་པ་ནི། སྲེག་པ་ལ་སོགས་པའི་ཤ་ཁུ་སྣུམ་མང་པོ་དང་བརྔོས་ཤིང་སྣུམ་མང་པོ་བཏབ་པ་ཕན་ནོ། །སྙིང་ནད་བཅས་ལ་བ་ལའི་མར། །ཡང་ན་སྐྱི་དེ་བའི་མར་བླུད། །ཤིང་མངར་ལན་བརྒྱར་བཙོས་པའམ། །དེ་བཞིན་སྣུམ་ཆེན་མཆོག་ཏུ་ཕན། །ཞེས་བྱ་བ་ལ། སྙིང་ནད་དང་བཅས་བའི་སྐྱེས་བུས་བ་ལའི་ཏིལ་མང་རླུང་ནད་གསོ་བའི་སྐབས་སུ་བཤད་པ་བླུད་པར་བྱའོ། །ཡང་ན་སྐྱེ་དེ་བའི་སྨན་མར་བྱ་བའི་སྐབས་སུ་བཤད་པ་བླུད་པར་བྱའོ། །ཡང་ན་ཤིང་མངར་ལན་བརྒྱར་བཙོས་པའི་མར་རླུང་ནད་དྲག་པོ་གསོ་བའི་སྐབས་སུ་ཤིང་མངར་སྲང་བརྒྱ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཏིལ་མར་དང་ལན་བརྒྱ་བ་སྐོལ་ཞིང་བཙོས་པ་བླུད་པར་བྱའོ། །ཡང་ན་དེ་བཞིན་དུ་སྣུམ་ཆེན་པོའི་མཆོག་བླུད་ན་ཡང་ཕན་ནོ། །སྣུམ་ཆེན་པོ་བསྟེན་པའི་ཕྱིར་སྨྲས་པ་ནི། ར་སྣ་འཚོ་བྱེད་ཛི་ཕན་ཏི། །བ་ལ་བྱ་ཀྲི་བ་སྦྲུ་བ། །ག་དྲའི་རྩ་བ་ཏི་ར་དང༌། །ཤུ་དག་ཚ་བ་གསུམ་དང་ནི། །སྣུམ་ཆེན་ཞེས་བྱ་བསྐོལ་བར་བྱ། །ཞོ་ནི་བཞི་ཆ་དེ་བཞིན་སྐྱུར། །ཇི་སྙེད་པ་ལས་སྦྱར་བ་བསྟེན། །ཚིམ་བྱེད་བརྟས་བྱེད་སྟོབས་སྐྱེད་ཅིང༌། །རླུང་གི་སྙིང་ནད་འཇོམས་པ་ཡིན། །ཞེས་བྱ་བ་ལ། ར་སྣ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང༌། སྣུམ་ཆེན་པོ་ཞེས་བྱ་བའི་ཞུན་མར་དང༌། རྐང་དང་ཞག་ལ་སོགས་པ་བསྐོལ་བར་བྱ་བ་དེ་ཡང་ཞོ་བཞི་ཆ་དང༌། དེ་བཞིན་དུ་སྐྱུར་རྩབས་དང༌། ཞོ་ག་ཆུ་དང་དར་བ་ལ་སོགས་པ་ཇི་སྙེད་པ་ལ་སྣུམ་གྱི་ཆོ་ག་འདི་ཉིད་སྦྱར་བར་བྱ་སྟེ། ལྔ་ནག་པོ་ལ་སོགས་པའི་རྫས། །སྣུམ་ནག་


DTG201_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་མཉམ་བྱ་བ། །ཞེས་བྱ་བའི་ཚུལ་དུ་བྱའོ། །སྣུམ་ཆེན་པོ་དེ་བསྟེན་ན་དབང་པོ་ཚིམ་པར་བྱེད་པ་དང༌། ལུས་བརྟས་པར་བྱེད་པ་དང༌། སྟོབས་སྐྱེད་ཅིང་འཕེལ་བ་དང༌། རླུང་གི་སྙིང་ནད་འཇོམས་པར་བྱེད་པ་ཡིན་ནོ། །སྙིང་ནད་དྲོད་ཆེན་འཕར་བ་ནི། །རླུང་ལས་གྱུར་པའི་སྙིང་ནད་ལ། །འོ་མ་ཞོ་དང་བུ་རམ་མར། །ཆུ་དང་རླན་ཅན་ཤ་དག་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་མེ་དྲོད་ཆེ་ཞིང་འཕར་ཞིང་འགུལ་བ་ལ་འོ་མ་བླུད་ན་ཕན་པ་ཡིན་ལ། ཡང་དེ་བཞིན་དུ་ཞོ་དང་བུ་རམ་དང་ཞུན་མར་ཕན་ལ། ཡང་དེ་བཞིན་དུ་ཆུ་དང་རླན་ཅན་གྱི་ས་ལ་གཞས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པ་བྱིན་ན་ཡང་ཕན་པ་ཡིན་ནོ། །འདི་མ་གཏོགས་པའི་སྙིང་ནད་ནི། །བཞི་པོ་དག་ལ་སྤང་བར་བྱ། །རླུང་ཅན་རེངས་དང་བེའུ་སྣབས་ཅན། །ཚོར་མེད་ལྷག་མ་རྣམས་ལའང་སྤང༌། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་མ་གཏོགས་པ་སྙིང་ནད་དེ་ལས་ཞེན་པ་བཞི་པོ་མཁྲིས་པ་དང་བད་ཀན་དང་འདུས་པ་དང་སྲིན་བུ་ལས་གྱུར་པའི་སྙིང་ནད་བཞི་པོ་ལ་ནི་འོ་མ་ལ་སོགས་པ་འདི་དག་སྤང་བར་བྱ་སྟེ་སྦྱིན་པར་མི་བྱའོ། །དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་རླུང་ལས་གྱུར་པའི་སྙིང་ནད་རེངས་པ་དང་བེའུ་སྣབས་ཅན་ལ་སོགས་པ་ལ་ཡང་འོ་མ་ལ་སོགས་པ་འདི་དག་སྤང་བར་བྱའོ། །བད་ཀན་འདྲེས་གྱུར་དེ་ལ་ནི། །རྩུབ་དྲོད་བཤད་པའི་བྱ་བ་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་བད་ཀན་དང་འདྲེས་པར་གྱུར་པ་དེ་ལ་ནི་རྩུབ་པ་དང་དྲོ་བའི་བག་དང་འདྲེས་པའི་གསོ་བའི་ལས་སུ་བྱ་བ་བྱའོ། །མཁྲིས་གྱུར་རྒུན་ཆུ་བུ་རམ་ཆུ། །ཁ་ར་སྦྲང་རྩི་པ་རུ་ཤར། །ལྡན་པའི་བཀྲུ་སྨན་ཡིད་འོང་བས། །སྦྱངས་ལ་མཁྲིས་སེལ་རིམ་པ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་རྒུན་ཆུ་དང་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང་སྦྱར་བའི་བཀྲུ་སྨན་ཡིད་དང་འཐད་པ་བཏང་བས་སྦྱངས་ལ་དག་པར་གྱུར་ནས་མཁྲིས་པ་སེལ་བར་བྱེད་པའི་ཐུག་པ་ལ་སོགས་པའི་རིམ་པ་མཁྲིས་པའི་རིམས་གསོ་བའི་སྐབས་སུ་བཤད་པ་དག་བྱའོ། །གློ་རྡོལ་རིམས་ཀྱི་མཁྲིས་སྐབས་བཤད། །ཕྱི་ནང་གི་ནི་སྦྱང་བ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་བྱུང་བའི་སྙིང་


DTG201_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དེ་ལ་ནི་གློ་རྡོལ་བ་གསོ་བའི་སྐབས་སུ་བཤད་པ་དང༌། མཁྲིས་པའི་རིམས་གསོ་བའི་སྐབས་སུ་བཤད་པའི་སྦྱང་བ་ལྡེ་གུས་དྲིལ་ཞིང་ཕྱི་བ་དང་བསྐུ་བ་དང་བྱུག་པ་དང་བཀྲུ་བ་ལ་སོགས་པ་བྱ་བ་དང༌། དེ་བཞིན་དུ་ནང་གི་སྦྱང་བ་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པ་དང་ཞི་བའི་བྱ་བ་དག་ཕན་ནོ། །པུ་ཤེལ་ཙེ་དང་ཤིང་མངར་བཏགས། །ཁ་ར་ར་བཅས་པའི་ཆུ་བླུད་བྱ། །ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་པུ་ཤེལ་ཙེ་དང་ཤིང་མངར་བཏགས་པའི་ལྡེ་གུ་ཁ་ར་དང་སྦྱར་བ་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །ར་སྣ་ཁ་ར་རྒུན་འབྲུ་དང༌། །འཚོ་བྱེད་ཨུཏྤལ་ཟངས་རྩི་བ། །བ་ལ་འབྲ་གོ་ར་མཉེ་བ། །མེ་ད་གཉིས་དང་མ་ཧེའི་མར། །འོ་མར་བཅས་པ་བསྐོལ་བ་ནི། །མཁྲིས་གྱུར་སྙིང་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ར་སྣ་ལ་སོགས་པའི་ལྡེ་གུར་བྱས་པ་དང༌། མ་ཧེའི་མར་དང་འོ་མར་བཅས་པ་དང་བསྐོལ་བ་ནི། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་བར་འགྱུར་རོ། །ཤིང་མངར་བ་སྤྲུ་པུཎྜ་རཱི། །པདྨའི་རྩ་བ་ཀ་ཤེ་རུ། །བཅའ་སྒ་བ་ལར་བཅས་དེ་དང༌། །འོ་མར་བཅས་དང་བཅའ་སྒར་བསྐོལ། །བསྒྲངས་པར་སྦྲང་རྩི་བཏབ་པ་དང། །མངར་བའི་སྡེ་ཚན་བསྡུས་པའང་བསྔགས། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་མར་དང་འོ་མར་བཅས་པ་བསྐོལ་ལ་མར་དེ་བསྒྲངས་པ་ལ་སྦྲང་རྩི་བཏབ་པ་ཡང་མཁྲིས་པའི་སྙིང་ནད་ལ་ཕན་ནོ། །དེ་བཞིན་དུ་མངར་བའི་སྡེ་ཚན་དུ་གཏོགས་པའི་སྨན་ཆོ་ག་སྔ་མ་བཞིན་དུ་བྱས་པ་དེ་ཡང་མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་བསྔགས་པ་ཡིན་ནོ། །ཏིལ་མར་ཤིང་མངར་བཅས་བསྐོལ་ཞིང༌། །སྦྲང་རྩི་བཏབ་པའི་འཇམ་རྩིའང་ཕན། །ཞེས་བྱ་བ་ལ། ཤིང་མངར་གྱི་ལྡེ་གུ་སྔ་མ་བཞིན་དུ་བསྐོལ་བ་དང༌། ཏིལ་མར་བསྐོལ་ལ་སྦྲང་རྩི་བཏབ་པའི་འཇམ་རྩི་གཏང་བ་ཡང་ཕན་ནོ། །བད་ཀན་ལས་གྱུར་དུགས་བྱས་ལ། །ནིམ་པ་ཤུ་དག་ཆུ་ཡིས་སློན། །རྒྱ་སྲན་ཁུ་བ་རྒྱམ་ཚའི་ཆུ། །ཆང་རྣོ་བླུད་ཅིང་ནས་ཟན་སྦྱིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྙིང་ནད་ལ་


DTG201_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་དུགས་བྱས་ལ། དེའི་འོག་ཏུ་ནིམ་པ་དང་ཤུ་དག་བསྐོལ་པའི་ཆུའི་སྐྱུག་སྨན་བཏང་ཞིང་སློན་ལ་རྒྱ་སྲན་ཀུ་ལངྠ་ལ་སོགས་པའི་ཁ་ཟས་སྦྱིན་པར་བྱའོ། །ཤུ་དག་ཤིང་ཀུན་ལན་ཚྭ་གཉིས། །དོང་ག་སུག་སྨེལ་ལ་ལ་ཕུད། །ནས་ཚིག་འཁུས་ཐལ་པི་པི་ལིང། །ཕྱེ་མ་དྲོ་འཇམ་ཆུར་བླུད་པའམ། །འབྲས་བུའི་ཆུའམ་རང་སྐྱུར་རམ། །རྒྱ་སྲན་བ་གཅིན་ཆང་རྙིང་བླུད། །ཅེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་གྱི་ཕྱེ་མ་ཆུ་བསྐོལ་བ་དྲོ་འཇམ་ཙམ་གྱི་ནང་དུ་བཅུག་སྟེ་བླུད་པའམ། ཡང་ན་འབྲས་བུའི་ཆུ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་པར་བྱའོ། །མ་ནུ་བཅའ་སྒ་ཨ་རུ་ར། །ཟུར་པ་ར་སྣ་པི་པི་ལིང༌། །ཤུ་དག་བསྐོལ་ཏེ་བླུད་པའམ། །ཞེས་བྱ་བ་ལ། ཡང་ན་མ་ནུ་ལ་སོགས་པའི་སྨན་ཁུ་ཆོ་ག་བཞིན་དུ་བསྐོལ་ཏེ་བླུད་ན་ཡང་ཕན་ནོ། །དེ་བཞིན་བཅའ་སྒ་ཨ་རུ་ར། །བོང་ང་དཀར་པོ་ཡུང་བ་དང༌། །ཀད་པ་ལ་ནི་བསྐོལ་བའམ། །ཞེས་བྱ་བ་ལ། དེ་བཞིན་དུ་བཅའ་སྒ་ལ་སོགས་པ་དང་བསྐོལ་བའི་ཆུ་བླུད་ན་ཡང་ཕན་ནོ། །རོ་ཧི་ཏ་ཀ་ཨ་ཤྭངྠ། །སེང་ལྡེང་ཨུ་དུམྦཱ་ར་དང༌། །ཨརྫུ་ན་དང་པ་ལ་ཤ ། ནྱ་གྲོ་དྷ་བསྐོལ་ཚ་བ་གསུམ། །དུར་བྱིད་ཕྱེ་མར་བཅས་ལྡེ་གུ། །ཟོས་ཏེ་ཆུ་ཚན་རྗེས་འཐུངས་ན། །བད་ཀན་སྙིང་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཤིང་རོ་ཧི་ཏ་ཀ་ལ་སོགས་པ་བསྐོལ་བའི་ནང་དུ་ཚ་བ་གསུམ་དང་དུར་བྱིད་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་བྱས་པ་དེ་ཟོས་ལ་དེའི་རྗེས་ལ་ཆུ་ཚན་དྲོ་འཇམ་འཐུངས་ན་བད་ཀན་ལས་གྱུར་པའི་སྙིང་ནད་སེལ་བ་ཡིན་ནོ། །བད་ཀན་སྐྲན་སྐབས་བཤད་མར་དང༌། །ཀྵ་ར་སྣ་ཚོགས་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་བད་ཀན་གྱི་སྙིང་ནད་ལ་བད་ཀན་གྱི་སྐྲན་གསོ་བའི་སྐབས་སུ་བཤད་པའི་སྨན་མར་གང་དག་ཡིན་པ་དང༌། ཡ་བཀྵ་ར་ལ་སོགས་པ་སྣ་ཚོགས་པ་སྐབས་འདི་ཉིད་དུ་བཤད་པ་དག་ཀྱང་བླུད་པར་བྱའོ། །ཡང་ན་བྲག་ཞུན་བཅུད་ལེན་དང༌། །ཚངས་པའི་བཅུད་ལེན་སྐྱུ་རུ་རའི། །ལྡེ་གུའམ་རི་བྱིས་བཤད་པའམ། །བདུད་


DTG201_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་མར་ནི་འདིར་སྦྱར་བྱ། །ཞེས་བྱ་བ་ལ། ཡང་ན་དེ་ལ་བཅུད་ལེན་གྱིས་སྦྱར་བར་བྱ་བའམ། ཡང་ན་ཚངས་པའི་བཅུད་ཀྱིས་ལེན་གྱི་ཆོ་གའི་སྐབས་སུ་བཤད་པ་སྦྱིན་པའམ། ཡང་ན་སྐྱུ་རུ་རའི་ལྡེ་གུ་དེ་ཉིད་ལས་བཤད་པ་སྦྱོར་བར་བྱ་བའམ། ཡང་གློ་རྡོལ་སྐབས་སུ་རི་བྱིས་བཤད་པའི་སྨན་མར་སྐབས་འདིར་སྦྱར་ཞིང་སྦྱིན་པར་བྱའོ། །གང་ཞིག་ཟས་ཟོས་གཟེར་གྱིས་འདེབས། །ཟས་ཞུ་གྱུར་ནས་ཞི་གྱུར་པ། །དེ་ལ་རུ་རྟ་བྱི་དང་ག །ལན་ཚྭ་གཉིས་དང་སེང་ཕྲོམ་དང༌། །ཐང་ཤིང་བོང་ང་དཀར་པོར་བཅས། །ཕྱེ་མ་ཆུ་བསྐོལ་དྲོ་སྦྱར་བླུད། །ཅེས་བྱ་བ་ལ། མི་གང་ཟས་ཟོས་ཟིན་ནས་གཟེར་གྱིས་འདེབས་ལ་ཟས་དེ་ཞུ་བཞིན་དུ་འབྲི་ཞིང་ཟས་ཞུ་བར་གྱུར་བ་དེ་ལ་ནི་རུ་རྟ་ལ་སོགས་པའི་ཕྱེ་མཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱའོ། །ལན་ཚྭ་གཉིས་ནི་ལྕེ་མྱང་ཚ་དང་ཁ་རུ་ཚའོ། །དེ་དག་གི་ཐུན་ཚད་ནི་ཕྱེ་མ་ཞོ་གཉིས་ཆུ་སྲང་གསུམ་གྱི་ནང་དུ་བསྐོལ་ཏེ་བླུད་པར་བྱའོ། །དེ་ཡང་གཞུང་ལས། ཕྱེ་མ་ཞོ་གཉིས་གཤེར་བའི་རྫས། །སྲང་གསུམ་དུ་ནི་སྦྱར་ཏེ་བླུད། །ཅེས་བཤད་པ་ཡིན་ནོ། །གང་ཞིག་ཞུ་ནས་ཆེར་གཟིར་བ། །དེ་ལ་སྣུམ་གྱི་བཀྲུ་སྨན་ནི། །འབྲས་བུ་དང་ནི་དེ་བཞིན་དུ། །རྩ་བའི་བཀྲུ་སྨན་སྦྱིན་པར་བྱ། །ཞེས་བྱ་བ་ལ། མི་གང་ཞིག་ཟས་ཞུ་ནས་ཤས་ཆེར་གཟེར་བར་གྱུར་པ་དེ་ལ་ནི་བཀྲུ་སྨན་སེང་ཕྲོམ་དང༌། པི་ན་ཡའི་མར་དང༌། ཨེ་རཎྜའི་ཏིལ་མར་དང༌། རྩ་བའི་བཀྲུ་སྨན་དྲ་བན་ཏི་དང༌། ཤ་མ་དུར་བྱིད་དང༌། དན་ཏི་ལ་སོགས་པའི་བཀྲུ་སྨན་གྱིས་འཁྲུར་གཞུག་པར་བྱའོ། །རྩ་བ་དང་འབྲས་བུའི་བཀྲུ་སྨན་ནི་རྒྱུད་གཞན་ལས་ཤེས་པར་བྱ་སྟེ། དེ་ཡང༌། རྒུན་འབྲུ་དེ་བཞིན་བྱི་དང་ག །འབྲ་གོ་བ་རུ་ཤ་ཀ་དང༌། །དོང་གའམ་ཡང་ན་སྐྱུ་རུ་ར། །ཨ་རུ་ར་དང་བ་རུ་ར། །ཨུ་པ་ཙི་ཏྲ་ཀམ་བི་ལྱ། །ཙི་ཏྲ་ཀུ་མུད་ད་ཉིད་དང༌། །ནི་ལ་ནི་ཀ་དང་བ་ཀུ་ལ། །བི་ལུ་འབྲས་བུའི་བཀྲུ་སྨན་ཡིན། །དན་ཏི་དང་ནི་སབ་ཏ་ལ། །བྱ་ནུ་ཤང་གི་ཏྲ་བན་ནི། །ཤ་མ་དུར་བྱིད་ཀ་རཉྫ། །ཕྲ་གི་དྱ་དང་ཀྵི་རི་ནི། །བ་ད་གན་དི་ག་བ་ཀྱི། །གི་བ་ཀྵ་ར་བི་ཤ་ལི། །མ་སུ་ར་བི་ད་ལི་ཉིད། །རྩ་བའི་བཀྲུ་སྨན་གྱུར་བ་ཡིན། །ཞེས་བཤད་པ་ཡིན་ནོ། །ཕལ་ཆེར་རླུང་ནི་


DTG201_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འགགས་པ། །མ་ཞུའི་གནས་སུ་འཁྲུ་བར་འགྱུར། །དེ་ལ་སྨྱུང་དང་སྨིན་པ་དང༌། །སྦྱང་བས་བདེ་བར་རྒྱུ་བར་བྱ། །ཞེས་བྱ་བ་ལ། ཕལ་ཆེར་ཏེ་མང་དུ་རླུང་གི་ལམ་འགགས་ཤིང་རྒྱུན་སྲང་གི་བུ་གར་བདེ་བར་རྒྱུར་མེད་པར་གྱུར་པ་ནི། མ་ཞུ་བའི་གནས་སུ་འཁྲུ་བར་བྱེད་ཅིང་ནད་སྐྱེད་པར་འགྱུར་ལ་རླུང་དེ་བདེ་བར་རྒྱུ་ཞིང་གང་དག་གནས་ནས་གནོད་པ་མེད་པར་འགྲོ་བར་བྱ་ལ་དེ་ཡང་སྨྱུང་བ་དང༌། དེ་བཞིན་དུ་མ་ཞུ་བ་འཇོམས་པའི་སྨན་གྱིས་སྨིན་པར་བྱ་བ་དང༌། སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱངས་པས་བདེ་བར་རྒྱུ་བར་བྱའོ། །འབུ་འཇོམས་པ་ཡི་སྨན་ཀུན་གྱིས། །འབུ་ཡི་སྙིང་ནད་གསོ་བར་བྱའོ། །ཞེས་བྱ་བ་ལ། འབུས་ཉེན་པ་ལས་གྱུར་པའི་སྙིང་ནད་ལ་ནི་འབུ་འཇོམས་པར་བྱེད་པའི་སྨན་ཐམས་ཅད་ཕན་པས་དེ་གསོ་བར་བྱའོ། །སྐོམ་དད་ཀྱི་གསོ་བ་སྨྲས་པ་ནི། །སྐོམ་དད་རླུང་དང་མཁྲིས་པ་འཇོམས། །ཆོ་ག་ཕལ་ཆེར་བསྔགས་པ་ཡིན། །ཀུན་ལ་ཕྱི་ནང་བསིལ་བ་དང༌། །དེ་བཞིན་ཞི་དང་སྦྱང་བ་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་སྐོམ་དད་ཐམས་ཅད་ལ་ནི་ཕལ་ཆེར་རླུང་དང་མཁྲིས་པ་འཇོམས་པའི་ཆོ་ག་གང་དག་ཡིན་པ་དེ་བྱས་ན་བསྔགས་པ་ཡིན་ནོ། །དེ་བཞིན་དུ་ཕྱི་ནང་ནས་བསིལ་བར་བྱ་བའི་ཆོ་ག་བྱས་ན་ཕན་པ་དང༌། དེ་བཞིན་དུ་ཞི་བ་དང་སྦྱང་བའི་ཆོ་ག་བྱས་ན་ཕན་པ་ཡིན་ནོ། །ཆར་ཆུ་གྲང་མོ་སྦྲང་རྩིར་བཅས། །ས་ཆུའི་ཡོན་ཏན་དེ་ལྡན་བསྔགས། །ཞེས་བྱ་བ་ལ། སྐོམ་དད་ལ་ཆར་ཆུ་གྲང་མོ་སྦྲང་རྩི་དང་སྦྱར་བ་སྔགས་པ་ཡིན་ནོ། །ཡང་སའི་ཆར་པའི་ཆུའི་ཡོན་ཏན་དང་ལྡན་པ་དང་སྦྲང་རྩི་སྦྱར་བ་ཡང་དེ་བཞིན་དུ་བསྔགས་པ་ཡིན་ནོ། །བོང་བ་རྫ་སྐྱོགས་ཕྱེ་མའམ། །གཤག་མ་བསྲེགས་བཅུག་དངས་མར་བཅས། །ཞེས་བྱ་བ་ལ། ཆར་པ་དང་སའི་ཆུ་དེ་ལ་ཡང་བང་བ་བསྲེགས་པ་ལ་སོགས་པ་བཅུག་ལ་དངས་མར་བཅས་པ་བསྔགས་པ་ཡིན་ནོ། །བསྐོལ་ཏེ་ཁ་རར་བཅས་པའམ། །དཱུར་བ་ལ་སོགས་རྩ་བ་ལྔ། །བསྐོལ་ཏེ་ཁ་ར་བཏབ་པའམ། །ཞེས་བྱ་བ་ལ། ཡང་ན་ཆུ་དེ་དག་བསྐོལ་ལ་བསྒྲངས་ཏེ་ཁ་ར་བཏབ་པ་ཡང་བསྔགས་པ་ཡིན་ནོ། །ཡང་དཱུར་བ་ལ་སོགས་པའི་རྩ་བ་ལྔ་བསྐོལ་ཏེ་བསྒྲངས་པའི་ཆུར་ཁར་བཏབ་པ་བསྔགས་པ་ཡིན་ནོ། །


DTG201_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཡོས་ཕྱེ་སྦྱར་སྐྱོ་མའང་བསྔགས། །ཞེས་བྱ་བ་ལ། ཡང་སྐོམ་དད་ལ་ནི་འབྲས་ཡོས་ཀྱི་ཕྱེའི་སྐྱོ་མར་བྱས་ལ་ཁ་ར་བཏབ་པ་ཡང་བསྔགས་པ་ཡིན་ནོ། །ནས་རྗེན་ཆག་ཚེ་སྦྲང་རྩི་དང༌། །ཁར་བཏབ་པ་གྲང་མོ་ཕན། །ཞེས་བྱ་བ་ལ། ཆག་ཚེ་ནི་ནས་དྲལ་བའི་ཆན་ཏེ། དེ་ཡང་རྗེན་པ་ལས་བྱས་པ་ལ་སྦྲང་རྩི་དང་ཁ་ར་བཏབ་པ་གྲང་མོ་ཕན་པ་ཡིན་ནོ། །དེ་བཞིན་ནས་ཐུག་སཱ་ལུ་དང༌། །ཀོ་ཏྲ་པ་ནི་རྙིང་པ་ནི། །ཞེས་བྱ་བ་ལ། དེ་བཞིན་དུ་ནས་ཐུག་དང༌། སཱ་ལུ་དང༌། ཀོ་ཏྲ་པ་ནི་ལོ་གཅིག་ལོན་པ་རྙིང་པ་ལས་གཡོས་པའི་ཟས་ལ་སྦྲང་རྩི་དང་ཁ་ར་བཏབ་སྟེ་བསྒྲངས་པ་ཡང་ཕན་ནོ། །འོ་མ་བསིལ་ཞིང་ནུས་བསིལ་བའི། །སྨན་དང་བསྐོལ་བའི་ཁ་ཟས་ནི། །ནད་པ་ཆུ་གྲང་གིས་བཀྲུས་ནས། །ཁ་ར་སྦྲང་རྩི་སྦྱིན་པ་བསྔགས། །ཞེས་བྱ་བ་ལ། འོ་མ་ལྟ་བུ་རང་བཞིན་བསིལ་བའི་སྨན་དང་བསྐོལ་བའི་ཁ་ཟས་བསྒྲངས་པ་དེ་ནད་པ་ཆུ་གྲང་གིས་བཀྲུས་ནས་ཁ་ར་དང་སྦྲང་རྩི་བཏབ་པའི་ཟས་དེ་བྱིན་ན་བསྔགས་པ་ཡིན་ནོ། །སྐམ་སའི་ཤ་ཁུ་ལན་ཚྭ་སྐྱུར། །མེད་ཅིང་མར་དང་བརྔོས་པའམ། །ཞེས་བྱ་བ་ལ། སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་ལན་ཚྭ་དང་སྐྱུར་མེད་པ་མར་གྱིས་བརྔོས་པ་དེ་ནད་པ་ཆུ་གྲང་གིས་ལུས་བཀྲུས་ནས་བྱིན་ན་ཡང་བསྔགས་པ་ཡིན་ནོ། །དེ་བཞིན་མུངྒ་སོགས་ཁུ་བ། །འཚོ་བྱེད་སྡེ་ཚན་ཁུ་བར་བཅས། །ཞེས་བྱ་བ་ལ། མུངྒ་ལ་སོགས་པའི་གང་བུ་ཅན་གྱི་འབྲུའི་ཁུ་བ་འཚོ་བྱེད་ཀྱི་སྡེ་ཚན་གྱི་སྨན་གྱི་ཁུ་བ་དང་བཅས་པར་བླུད་ན་ཡང་བསྔགས་པ་ཡིན་ནོ། །སྣ་སྨན་འོ་མ་མར་བསིལ་སྨན། །བསྐོལ་བའམ་བུ་རམ་ཤིང་ཁུ་ཕན། །ཞེས་བྱ་བ་ལ། འོ་མ་དང་མར་གྲང་མོ་དང་བསྐོལ་བ་སྣ་ནས་གཏང་བ་ཡང་ཕན་པ་ཡིན་ནོ། །ཡང་ན་བུ་རམ་ཤིང་གི་ཁུ་བ་འབའ་ཞིག་སྣ་ནས་གཏང་བ་ཡང་ཕན་པ་ཡིན་ནོ། །སྐོམ་སེལ་མཁུར་བ་བཀང་ནས་ནི། །མདོ་ཡི་གནས་ལས་བཤད་པའང་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྐོམ་སེལ་ཞིང་ཞི་བར་བྱེད་པས་མཁུར་བ་བཀང་ནས་འོ་མ་བུ་རམ་ཤིང་གི་ཁུ་བ་དང་ཁ་རའི་ཆུ་དང་སྦྲང་རྩིའི་ཆུ་དང་རྒུན་ཆང་


DTG201_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱུར་རྩབས་ལ་སོགས་པ་ཁ་སྐམ་པ་ལ་སོགས་པ་སེལ་བར་བྱེད་པའི་མདོའི་གནས་སུ་བཤད་པ་བྱས་ན་ཕན་ནོ། །ཚ་རིམས་བཤད་པའི་ལྡེ་གུ་སོགས། །ཞེས་བྱ་བ་ལ། ཚ་བའི་རིམས་གསོ་བའི་སྐབས་སུ་བཤད་པའི་ལྡེ་གུས་བསྐུ་བ་དང་སྨན་ཆུ་བླུགས་པ་ལ་སོགས་པ་གང་དག་ཡིན་པ་དེ་ཡང་སྐོམ་དད་སེལ་བ་ལ་ཕན་ནོ། །རྩོལ་བ་ཆུང་ཞིང་སེམས་དགའ་དང༌། །ཞེས་བྱ་བ་ལ། ལས་སུ་བྱ་བ་བྱ་རྩོལ་གྱི་རྣམ་པ་ཆུང་བར་བདེ་བར་གནས་པ་དང༌། དངོས་པོ་ཡིད་དུ་འོང་བ་ལ་སེམས་ཤིང་སྙིང་དགའ་བ་ཡང་སྐོམ་དད་ལ་ཕན་ནོ། །ཆུ་བོ་དང་ནི་ཆེན་པོ་སོགས། །དྲན་པ་དང་ནི་མཐོང་བ་ཕན། །ཞེས་བྱ་བ་ལ། ཆུ་བོ་ཆེན་པོ་དང་མཚོ་དང་རྫིང་བུ་ཆེན་པོ་ལ་སོགས་པ་དྲན་པ་དང་མཐོང་བ་དང་གཏམ་དུ་བྱས་པ་ཡང་ཕན་ནོ། །སྐོམ་དད་ཐམས་ཅད་སྤྱིའི་གསོ་བ་བཤད་ནས། ཁྱད་པར་གྱི་གསོ་བ་བཤད་པ་ནི། སྐོམ་དད་རླུང་ལས་གྱུར་པ་ལ། །ཞོ་ནི་བུ་རམ་བཅས་པ་བསྔགས། །ཤ་ཁུས་ཉམས་བརྟས་བི་ད་རི། །སོགས་ཏེ་བསྐོལ་ནས་བསྒྲངས་པ་ཕན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རླུང་ལས་གྱུར་པའི་སྐོམ་དད་ལ་ནི། ཞོའི་ནང་དུ་བུ་རམ་བཏབ་པ་བསྔགས་པ་ཡིན་ནོ། །ཡང་དེ་བཞིན་དུ་ཤ་ཁུ་བྱིན་ཞིང་ཉམས་བརྟ་བ་དང༌། བི་ད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཆུ་བླུད་ན་ཡང་ཕན་པ་ཡིན་ནོ། །མཁྲིས་གྱུར་ཨུ་དུམྦཱ་ར་སྨིན། །ཁུ་བར་ཁ་ར་བཏབ་པ་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐོམ་དད་ལ་ནི་ཨུ་དུམྦཱ་ར་སྨིན་པའི་ཁུ་བར་ཁ་ར་བཏབ་པ་ཕན་པ་ཡིན་ནོ། །ཡང་ན་དེ་བསྐོལ་བསྒྲངས་པའམ། །ཤ་རི་བ་སོགས་སྡེ་ཚན་ཆུ། །ཞེས་བྱ་བ་ལ། །ཡང་ཨུ་དུམྦཱ་ར་བསྐོལ་བའི་ཆུ་བསྒྲངས་པའི་ནང་དུ་ཁ་ར་བཏབ་པ་ཡང་ཕན་ནོ། །ཡང་ན་ཤ་རི་བ་ལ་སོགས་པའི་སྡེ་ཚན་དང༌། ཆུ་བསྐོལ་བ་བསྒྲངས་པའི་ནང་དུ་ཁ་ར་བཏབ་པ་ཡང་ཕན་པ་ཡིན་ནོ། །སྡེ་ཚན་དེ་འདྲ་བསྐོལ་ཁུ་བ། །བསྒྲངས་པ་ཁ་ར་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཤ་རི་བའི་སྡེ་ཚན་ལ་སྙེག་སྟེ། ཤ་རི་བའི་སྡེ་ཚན་ལྟར་ཚ་བ་སེལ་བར་བྱེད་པའི་སྡེ་ཚན་བ་རུ་ཤ་ཀ་ལ་སོགས་པའི་སྨན་སྡེ་དང་སླེ་ཏྲེས་ལ་སོགས་པའི་སྨན་གྱི་སྡེ་ཚན་དེ་དག་བསྐོལ་བའི་ཁུ་བ་


DTG201_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་སྟེ་བླུད་ན་ཡང་ཕན་ནོ། །མངར་བའི་སྨན་གྱི་སྡེ་ཚན་དང༌། །འོ་མ་ཅན་ཤིང་བསྐོལ་དེ་བཞིན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རྒུན་འབྲུ་ལ་སོགས་པ་མངར་བའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཆུ་བསྒྲངས་པ་ལ་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་པའམ། ཡང་ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བ་བསྒྲངས་པ་ལ་ཡང་དེ་བཞིན་དུ་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་ན་ཡང་ཕན་པ་ཡིན་ནོ། །བྱི་ཟི་བུ་ར་རྒུན་འབྲུ་དང༌། །ལྕང་མ་ནྱ་གྲོ་དྷའི་ལོ་མ། །ཀུ་ཤ་འཇག་མའི་རྩ་བ་དང༌། །ཤིང་མངར་ཆུ་ནི་བསྐོལ་བའང་ཕན། །ཞེས་བྱ་བ་ལ། བྱི་ཟི་པུ་ར་ཞེས་བྱ་བ་སྐྱུར་རྩི་ཆེན་པོ་ལ་སོགས་པ་སྨན་གྱི་འོ་མ་དང་ཀུ་ཤ་ལ་སོགས་པའི་རྩ་བ་དང༌། ཤིང་མངར་ལྡེ་གུར་བྱས་ལ་བསྐོལ་ཏེ་བསྒྲངས་པ་བླུད་ན་ཕན་ནོ། །རིམས་ལ་ཕན་སྨན་རྒུན་འབྲུ་སོགས། །སྙིང་པོ་ལྔ་ཡི་ཆུ་བླུད་ཕན། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པ་རིམས་ལ་ཕན་པའི་སྨན་རིམས་གསོ་བའི་སྐབས་སུ་རྒུན་འབྲུ་ཤིང་མངར་མ་དུ་ཀ་ལ་སོགས་པའི་སྐྱོ་མའམ་ཁུ་བ་གྲང་མོ་བླུད་ན་ཡང་ཕན་ནོ། །ཡང་ན་སྙིང་པོ་ལྔའི་སྟེ། སྦྲང་རྩི་འབྲ་གོ་རྒུན་འབྲུ་དང༌། །ཞེས་བྱ་བ་ལ་སོགས་པ་ཁྲག་མཁྲིས་གསོ་བའི་སྐབས་སུ་བཤད་པ་བླུད་ན་ཡང་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་ནིམ་པ་ནི། །ཆུ་མཆོག་བསྐོལ་བས་སློན་དུ་གཞུག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐོམ་དད་ལ་ནི་ནིམ་པ་ཆུར་བསྐོལ་ཏེ་སློན་དུ་གཞུག་པ་ཡིན་ནོ། །བིལ་བ་འུ་སུ་ཚ་བ་ལྔ། །འཇག་མ་ཀྲུ་ཏྲུག་ཏྲེས་བསྐོལ་བླུད། །ཡང་ན་སྐྱེར་པ་ཆུར་བསྐོལ་བ། །ཁ་ར་སྦྲང་རྩི་བཏབ་པ་བླུད། །ཅེས་བྱ་བ་ལ། བིལ་བ་ལ་སོགས་པ་བསྐོལ་བའི་ཆུར་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །མུངྒའི་ཁུ་བ་པ་ཏོ་ལ། །ནིམ་པའི་ལོ་མ་ཚ་གསུམ་བཅས། །ནས་ཟན་མཁུར་བཀང་རྣོན་པོ་དང༌། །སྣ་སྨན་ལྡེ་གུ་རྣོན་པོའང་བསྟེན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐོམ་དད་ལ་མུངྒའི་ཁུ་བ་ཚ་བ་གསུམ་ལ་སོགས་པ་སྦྱིན་པར་བྱ་ཞིང༌། དེ་བཞིན་དུ་ནས་ཀྱི་ཟན་དང་མཁུར་བ་


DTG201_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་རྣོན་པོ་དང༌། སྣ་སྨན་དང་ལྡེ་གུ་རྣོན་པོ་བསྟེན་པར་བྱའོ། །ཉེས་ཀུན་མ་ཞུ་དེས་འཇོམས་པས། །དེ་བཞིན་སློན་གྱི་བྱ་བའང་བསྔགས། །གོ་བྱེ་ཤུ་དག་ཚ་བ་གསུམ། །འབྲས་བུ་སྐྱུར་པའང་ཆུ་ཚན་ནམ། །ཞོ་ག་ཆུ་དང་བཏུང་བའང་བསྔགས། །ཞེས་བྱ་བ་ལ། སློན་ནད་གང་ཉེས་པ་ཀུན་དེ་གསུམ་ཆར་ལས་བྱུང་བ་གང་ཡིན་པ་དེ་བཞིན་དུ་མ་ཞུ་བ་ལས་བྱུང་བའི་སྐོམ་དད་གང་ཡིན་པ་དེ་ལ་ནི། དེ་གཉིས་འཇོམས་པར་བྱེད་པའི་གསོ་བས་གསོ་སྟེ། ནད་གཞི་ཐམས་ཅད་ལས་བྱུང་བའི་སློན་པ་ལ་ནི་སྐོམ་དད་ཀྱི་རྗེས་སུ་དཔགས་ཏེ་ནད་ཀུན་འཇོམས་པའི་གསོ་བ་བྱ་བ་བསྔགས་པ་ཡིན་ལ། མ་ཞུ་བ་ལས་བྱུང་བའི་སློན་ནད་ལ་ནི་དེའི་ཚུལ་ལས་དཔགས་ཏེ་མ་ཞུ་བ་འཇོམས་པའི་བྱ་བ་བསྔགས་པ་དང༌། དེ་བཞིན་དུ་སྐྱུག་སྨན་བཏང་སྟེ་སློན་དུ་གཞུག་པ་བསྔགས་པ་དང༌། དེ་བཞིན་དུ་མ་ཞུ་བའི་སྐོམ་དད་ལ་ནི་འབྲས་བུ་སྐྱུར་བའི་ཆུའམ་ཆུ་ཚན་ནམ་ཞོག་ཆུ་དང་གོ་བྱེ་ལ་སོགས་པའི་སྨན་སྦྱར་བ་སྦྱིན་པར་བྱའོ། །ཟས་ཀྱི་ཉེས་བྱུང་དུས་ཤེས་པས། །ཐུག་སླའམ་སྐྱོ་མ་བསིལ་བ་བླུད། །ཅེས་བྱ་བ་ལ། ཟས་ཀྱི་ཉེས་པ་ལས་སྐོམ་དད་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ལ་ནི་ཐུག་པ་སླ་མོ་རྐྱང་རྐྱང་པོའམ་བསེལ་བ་བླུད་པར་བྱའོ། །དེ་ཡང་དུས་ཤེས་པའི་ཚུལ་གྱིས་བླུད་པར་བྱ་སྟེ། དུས་འདིའི་ཚེ་ན་ནི་ཐུག་པ་བླུད་པར་བྱའོ། །དུས་འདིའི་ཚེ་ན་ནི་སྐྱོ་མ་བླུད་པར་བྱའོ། །ཞེས་བྱེ་བྲག་ཤེས་ཤིང་ནད་ཀྱི་དམིགས་ཀྱང་ཤེས་པར་བྱ་སྟེ། རླུང་དང་བད་ཀན་གྱི་ཤས་ཆེ་བ་ལ་ནི་ཐུག་པ་རྐྱང་རྐྱང་པོ་བླུད་པར་བྱ་ལ། མཁྲིས་པ་དང་བད་ཀན་གྱི་ཤས་ཆེ་བ་ལ་ནི་ཕྱེ་མ་ལ་སོགས་པའི་སྐྱོ་མ་བླུད་པར་བྱའོ། །དེ་ཡང། འབྲས་ཡོས་ཕྱེ་ཆུ་སེའུ་འབྲུ་དང༌། །པི་པི་ལིང་བཅའ་སྒར་བསྐོལ་བ། །ཐུག་པ་ཡིན་ཏེ་མེ་དྲོད་སྐྱེད། །རླུང་དང་བཤང་བ་བདེ་རྒྱུ་བྱེད། །ཕྱེ་དང་ཞུན་མར་སྦྲུས་པ་ནི། །ཆུ་གྲང་ལ་ནི་བསྐོལ་གྱུར་པ། །ཤིན་ཏུ་སླ་མིན་སྐ་མ་ཡིན། །སྐྱོ་མ་ཞེས་ནི་བྱ་བར་བཤད། །ཅེས་བྱ་བ་ཡིན་ནོ། །ངལ་བས་སྐོམ་ལ་ཤ་ཁུའམ། སྐྱོམ་ཁ་རར་བཅས་པ་བླུད། །ཅེས་བྱ་བ་ལ། ངལ་བ་ལས་སྐོམ་དད་དུ་གྱུར་པ་ལ་ནི་ཤ་ཁུ་བླུད་


DTG201_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའམ་སྐྱོ་མ་ཁ་ར་དང་བཅས་པ་བླུད་པར་བྱའོ། །ཚ་བས་སྐོམ་ལ་ཁ་རར་བཅས། །ནས་དང་རྒྱ་ཤུག་ཕྱེ་སྐྱོ་བླུད། །ལུས་ཀུན་ཏིལ་གྱི་ལྡེ་གུ་དང༌། །རང་སྐྱུར་བཅས་པས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཚ་བས་གདུངས་པ་ལས་སྐོམ་དད་སྐྱེས་པ་ལ་ནི་ནས་རྒྱ་ཤུག་གི་འབྲས་བུ་བསྲེགས་པའི་ཕྱེ་མ་ཁ་ར་དང་བཅས་པ་སྦྱིན་པར་བྱའོ། །ཡང་ན་ཏིལ་གྱི་ལྡེ་གུ་དང་རང་སྐྱུར་ཀན་ཛི་སྦྱར་བའི་ལྡེ་གུས་ཐམས་ཅད་བསྐུ་བར་བྱའོ། །ཆུ་བསིལ་ཁྲུས་ལས་སྐོམ་གྱུར་ཆང༌། །ཆུར་བསྲེས་པའམ་བུར་ཆུ་བླུད། །ཅེས་བྱ་བ་ལ། ཆུ་བསིལ་བ་དང་ཁྲུས་བྱ་བ་ལས་སྐོམ་དད་སྐྱེད་པར་གྱུར་པའི་མི་དེ་ལ་ནི་ཆང་དང་ཆུ་བསྲེས་པ་བླུད་པར་བྱ་བའམ། བུ་རམ་གྱི་ཆུ་བླུད་པར་བྱའོ། །ཆང་ནི་ཆུ་ཕྱེད་བཅས་པ་བླུད། །ལན་ཚྭ་སྐྱུར་དང་བཅས་ཁྲུས་བྱ། །ཞེས་བྱ་བ་ལ། ཆང་ལས་སྐོམ་དད་དུ་གྱུར་པ་ལ་ནི་ཆང་དང་ཆུ་ཕྱེད་ཕྱེད་བསྲེས་པའམ། ཡང་ན་ཚ་དང་སྐྱུར་ཆུང་ཟད་བསྲེས་པའི་ཆུས་ཁུས་བྱའོ། །སྣུམ་བཅས་མེ་དྲོད་རབ་རྣོ་ལ། །རང་བཞིན་བསིལ་བའི་ཆུ་བླུད་བྱ། །ཞེས་བྱ་བ་ལ། སྣུམ་དང་བཅས་ཤིང་བརྟེན་ལ་མེ་དྲོད་རབ་ཏུ་རྣོ་བ་ལས་སྐོམ་དད་དུ་གྱུར་པ་ལ་ནི་རང་བཞིན་གྱིས་བསིལ་གྱིས་བསྒྲངས་པ་མ་ཡིན་པའི་ཆུ་བླུད་པར་བྱའོ། །སྣུམ་མ་ཞུ་ལ་ཆུ་ཚན་བླུད། །ཞུ་ལས་སྐོམ་ལ་ཐུག་པ་བླུད། །ཅེས་བྱ་བ་ལ། སྣུམ་མ་ཞུ་བ་ལ་སྐོམ་དད་དུ་གྱུར་པ་ལ་ནི་ཆུ་ཚན་བླུད་པར་བྱའོ། །སྣུམ་ཞུ་བ་ལས་གྱུར་པའི་སྐོམ་དད་ལ་ནི་ཐུག་པ་རྐྱང་རྐྱང་པོ་བླུད་པར་བྱའོ། །ཟས་སྣུམ་ཟོས་པས་སྐོམ་དད་གྱུར། །ཁ་ར་དང་མཉམ་བུ་རམ་ཆུ། །ཞེས་བྱ་བ་ལ། ཁ་ཟས་སྣུམ་པོ་ཀྲི་ས་ར་དང་འོ་ཐུག་ལ་སོགས་པ་ཟོས་པ་ལས་སྐོམ་དད་དུ་གྱུར་པ་ལ་ནི། ཁ་ར་དང་མཉམ་པར་བསྒྲངས་པའི་བུ་རམ་གྱི་ཆུ་བླུད་པར་བྱའོ། །བུ་རམ་སོགས་ཟས་ཟོས་ལས་སྐོམ། །ཆུ་དྲོན་བླུད་ལ་དེ་སློན་བྱ། །ཞེས་བྱ་བ་ལ། བུ་རམ་ལ་སོགས་པའི་ཟས་ཟོས་པ་ལས་སྐོམ་དད་དུ་གྱུར་པ་ལ་ནི་ཆུ་དྲོན་བླུད་ལ་ཟས་དེ་སློན་དུ་གཞུག་གོ །གཅོང་ཆེན་ལས་བྱུང་གཅོང་ལ་ཕན། །ཐམས་ཅད་ཉམས་ནི་བརྟ་བ་ཕན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ནད་གཅོང་ཆེན་པོ་ལས་བྱུང་བའི་བླ་བརྣན་གྱི་སྐོམ་དད་ལ་ནི་བཟའ་བ་དང་བཏུང་བ་དང་


DTG201_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་དང་སྨན་ལ་སོགས་པ་ཐམས་ཅད་དང་གཅོང་ཆེན་པོ་ལ་ཕན་པ་དག་བྱས་ན་ཕན་པ་དང༌། དེ་བཞིན་དུ་ཉམས་བརྟ་པའི་སྨན་དག་བྱས་ན་ཕན་ནོ། །སྐེམ་ཞིང་ཉམ་ཆུང་ཁོང་རྩུབ་ལ། །ཤ་ཁུ་འམ་ར་ཡི་འོ་མ་བླུད། །སྟོད་རྒྱུའི་རུང་ལ་འོ་མ་དང༌། །ཟད་བྱེད་ལུད་པའི་སྨན་བསྐོལ་བླུད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བའི་རླུང་དང་བཅས་པ་ལས་གྱུར་པའི་སྐོམ་དད་ལ་ནི། རའི་འོ་མ་དང་ཟད་བྱེད་དང༌། ལུད་པའི་སྨན་གང་དག་ཡིན་པ་དང་བསྐོལ་བ་བླུད་ན་ཕན་ནོ། །ནད་རྐྱེན་ལས་གྱུར་འུ་སུ་ཡི། །འབྲས་བསྐོལ་ཁ་ར་སྦྲང་རྩིར་བཅས། །ནད་དམིགས་ལ་ནི་ལྟོས་ནས་ནི། །བཏུང་བའི་བྱ་བ་ཀུན་ཀྱང་བསྔགས། །ཞེས་བྱ་བ་ལ། ནད་ཀྱི་རྐྱེན་ལས་བྱུང་བའི་སྐོམ་དད་ལ་ནི་འུ་སུའི་འབྲས་བུ་ཆུར་བསྐོལ་བའི་ཁུ་བར་ཁ་ར་དང་སྦྲང་རྩི་བཏབ་པ་ཕན་ནོ། །དེ་བཞིན་དུ་ནད་གཞི་གང་དག་གྱུར་པ་ལ་ལྟོས་ནས་བཏུད་བའི་བཅོས་ཐབས་ཀྱི་བྱ་བ་ཐམས་ཅད་ཀྱང་བསྔགས་པ་ཡིན་ནོ། །སྐོམ་ཞིང་སྔར་གྱི་ནད་ཀྱིས་གཟིར། །ཆུ་དང་ཕྲད་པར་མ་གྱུར་ན། །འཆི་བའམ་ཡུན་རིང་བ་ཡི་ནད། །རྙེད་པར་འགྱུར་བས་དེ་ཡི་ཕྱིར། །གོམས་པའི་ཟས་སྐོམ་སྨན་གྱིས་ནི། །དེ་ཡི་སྐོམ་དད་མྱུར་བསལ་བྱ། །དེ་བསལ་ནད་ནི་གཞན་དག་ཀྱང༌། །གསོ་བ་ཉིད་དུ་ནུས་པ་ཡིན། །ཞེས་བྱ་བ་ལ། མི་སྐོམ་པས་གདུངས་ལ་སྔར་བྱུང་བའི་ནད་ཀྱིས་གཟིར་བས་ལུས་ཟུངས་ཟད་པར་གྱུར་པ་དང༌། ཆུ་འདོད་པར་གྱུར་པ་ཆུ་དང་ཕྲད་པར་མ་གྱུར་ན་མྱུར་དུ་འཆི་བར་འགྱུར་བའམ། ཡང་ན་ཡུན་རིང་ཞིང་འབྱང་དཀའ་བའི་ནད་སྐྱེད་པར་འགྱུར་བས། དེའི་ཕྱིར་སྒོམ་ཞིང་ནད་ཀྱིས་ཉམ་ཐག་པའི་མི་དེ་ལ་གང་གོམས་པར་གྱུར་བའི་ཟས་དང་སྐོམ་དང༌། སྨན་གྱིས་དེའི་སྐོམ་དད་མྱུར་བ་ཁོ་ནར་གསོ་བར་བྱ་སྟེ། དེ་གསོས་ནས་དེ་ལས་གྱུར་བའི་ནད་ཀྱི་བླ་བརྣན་གཞན་དག་བདེ་བླག་ཁོ་ནར་གསོ་ཞིང་བསལ་བ་ཉིད་དུ་ནུས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།


DTG201_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་ནད་གཞི་ཇི་ལྟར་བསྟན་བ་དེ་བཞིན་དུ་གསོ་བ་ཡང་རིམ་པ་དེ་ལྟར་བཤད་པས་འདིར་འདི་བརྩམས་པ་ཡིན་ནོ། །ཉེས་པ་གང་ཞིག་ཤས་ཆེར་མཐོང༌། །དེ་ནི་དང་པོར་གསོ་བར་བྱ། །ཞེས་བྱ་བ་ལ། ཆང་གི་ནད་ཐམས་ཅད་ནི་ནད་གཞི་གསུམ་ཆར་ལས་སྐྱེས་པ་ཡིན་པས་འདི་སྐད་ཅེས་བཤད་དེ། ཆང་གི་ནད་འདི་ལ་རླུང་ལ་སོགས་པའི་ནད་གཞི་ཉེས་པ་གང་ཤས་ཆེ་བར་མཐོང་བའི་ཕྱིར་ཏེ། དང་པོར་དེ་ཐོག་མ་ཁོ་ནར་གསོ་ཞིང་དཔྱད་ཀྱིས་བཅོས་པར་བྱ་སྟེ། དེ་ལྟར་ན་ཆང་ནད་ནད་གཞི་མ་སྙོམས་པར་གསོ་བར་བྱ་བ་ཡིན་ནོ། །ཡང་ན་ཆང་ནད་ནད་གཞི་མཚུངས། །བད་ཀན་གནས་ཀྱི་རིམ་པས་གསོ། །ཞེས་བྱ་བ་ལ། ཡང་ཆང་ནད་ནད་གཞི་མཚུངས་ཤིང་གང་ཞིག་ལ་གང་ཡང་ལྷག་པར་གྱུར་པ་མེད་པ་དེ་ལ་ནི་བད་ཀན་གྱི་གནས་ཀྱི་གོ་རིམས་ཀྱིས་ནད་གསོ་བར་བྱའོ། །དེ་ཡང་དང་པོར་ནི་བད་ཀན་གསོ་བར་བྱའོ། །དེའི་འོག་ཏུ་མཁྲིས་པ་ཐ་མར་ནི་རླུང་གསོ་བར་བྱའོ། །གོ་རིམས་འདི་ཉིད་ཀྱིས་རིམ་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། མཁྲིས་པ་རླུང་གི་མཐར་ཐུག་པར། །ཆང་ནད་ཕལ་ཆེར་འབྱུང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཆང་ནད་ཐམས་ཅད་ལ་དུས་ཀྱི་རིམ་པས་མཁྲིས་པ་དང་རླུང་གི་མཐར་ཐུག་པར་འབྱུང་བར་འགྱུར་བ་ནི། ཆང་ནད་ཕལ་པོ་ཆེའི་རང་བཞིན་ཡིན་ཏེ། དང་པོར་ནི་བད་ཀན་ལྷག་ཅིང་ཤས་ཆེ་བ་ཡིན་ལ། དེའི་འོག་ཏུ་ནི་མཁྲིས་པ་དང་རླུང་ཤས་ཆེ་བར་འགྱུར་བ་ཡིན་ནོ། །དམན་དང་ལོག་པ་དྲགས་འཐུངས་ལས། །ནད་ནི་གང་ཞིག་སྐྱེས་གྱུར་པ། །དེ་ཉིད་ཆ་མཉམ་འཐུངས་པ་ཡིས། །ཆང་ཉིད་ཀྱིས་ནི་ཞི་བར་འགྱུར། །ཞེས་བྱ་བ་ལ། གོམས་པའི་དབང་ལས་ཤས་ཆུང་བར་འཐུངས་པའམ། ཕྱིན་ཅི་ལོག་ཏུ་འཐུངས་པའམ། འཐུངས་དྲགས་པ་ལས་ནད་གང་ཞིག་སྐྱེས་ཤིང་འབྱུང་བར་འགྱུར་བའི་ནད་དེ་ལ་ནི་ཆང་དེ་ཉིད་ཆ་མཉམ་པར་འཐུངས་ཤིང་རན་པར་འཐུངས་པ་གང་ཡིན་པ་དེས་ཞི་བར་འགྱུར་རོ། །དེ་ཡང༌། མཁས་པས་ཆང་ནི་དུས་ཀུན་དུ། །ཇི་སྲིད་མཐོང་བ་


DTG201_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁྲུལ་ཅིང༌། །ཇི་སྲིད་ཡིད་ནི་མ་གཡོས་པ། །དེ་སྲིད་བར་དུ་བཏུང་བར་བྱ། །ཞེས་བཤད་པའི་ཚུལ་གྱིས་བཏུང་བ་ནི་ཆང་ཆ་མཉམ་པར་འཐུངས་པ་ཡིན་ཏེ། དེ་ནས་རྒུན་ཆང་ལ་སོགས་པའི་ཆང་ངམ། སྤྲང་ཆང་ངམ། བུ་རམ་ལ་སོགས་པ་གང་ཞིག་འཐུངས་ཉེས་པ་ལས་ནད་དུ་འགྱུར་ཏེ། ཆང་དེ་ཉིད་རན་པར་འཐུངས་པས་དེ་ཞི་བར་འགྱུར་གྱི། ཆང་གཞན་དག་གིས་ནི་མ་ཡིན་ལ། །ཇི་ལྟར་ན་གང་གིས་ནད་སྐྱེད་པ་དེ་ཉིད་ཀྱིས་ཞི་བར་འགྱུར་ཞེ་ན། ཆང་ནི་དུག་དང་མཚུངས་པ་ལས། །དུག་ནི་རྣོ་སོགས་ཡོན་ཏན་གྱི། །ནུས་པ་ཤིན་ཏུ་ཆེ་བས་ན། །དུག་གཞན་ལ་ནི་ལྟོས་པ་ཡིན། །ཞེས་བྱ་བ་ལ། དཔེར་ན་དུག་ནི་རྣོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ། ཆང་ཡང་རྣོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་དེའི་ཆང་ལས་སྐྱེས་པའི་ནད་ཆང་ཉིད་ཀྱིས་ཞི་བར་འགྱུར་ཏེ། གཞན་དག་གིས་ནི་མ་ཡིན་ལ། དུག་ནི་རྣོ་བ་ལ་སོགས་པའི་ཡོན་ཏན་བཅུ་པོ་ནུས་པ་ལྷག་པར་ཆེ་བ་དང་ལྡན་པས་དུག་གཞན་ལ་ལྟོས་པ་ཉིད་ཡིན་ནོ། །དེ་ཡང༌། གཞུང་ལས་རྒྱུ་དང་མི་རྒྱུའི་དུག །མཚུངས་ཀྱང་གཞན་ལ་ལྟོས་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཆང་དང་དུག་གཉིས་ནི་རྣོ་བ་ལ་སོགས་པ་མཚུངས་པ་ཡིན་དུ་ཟིན་ཀྱང་ནུས་པ་ཆེན་པོ་དང་ཆུང་བའི་དབྱེ་བས་ཆང་ནི་ཆང་གཞན་ལ་ལྟོས་པར་མི་བྱེད་ཀྱི་རང་གི་རིགས་མཐུན་པ་ཉིད་ཀྱིས་ཞི་བར་འགྱུར་རོ། །རྣོ་ཚེ་ལྷག་པར་འཐུངས་པ་དང༌། །ཚ་ཞིང་སྐྱུར་བ་དག་གིས་ནི། །ཆང་གིས་ཟས་ཀྱི་རོ་བསྲུལ་ཞིང༌། །འཇུ་ཉེར་བ་ཚ་བྲོ་གང་ཡིན། །མྱོས་དང་སྐོམ་རྨོངས་ནད་དུ་ཚ། །རིམས་དང་མགོ་འཁོར་སྐྱེད་པར་བྱེད། །ཆང་གིས་བསླངས་པའི་ནད་ཀྱིས་ནི། །རླུང་རྒྱུའི་བུ་ག་བཀག་གྱུར་པས། །མགོ་དང་རུས་པ་ཚིགས་རྣམས་སུ། །མི་བཟད་པར་ནི་སྐྱེད་པར་བྱེད། །སྦྱོར་བ་རྗེས་མཐུན་གྱུར་པ་ཡི། །ཆང་ཉིད་ཀྱིས་ནི་དེ་སེལ་འགྱུར། །ཆང་ནད་མ་ཞུ་ཞུ་གྱུར་ན། །ཟས་འདོད་ལུས་ནི་ཡང་བར་འགྱུར། །ཞེས་བྱ་བ་ལ། ཆང་ནི་རང་བཞིན་གྱིས་རྣོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ལྷག་པར་ཚད་ལས་ཆེར་འཐུངས་ན་ཟས་ཀྱི་རོ་བསྲུལ་ཞིང་རྣམ་པར་འཇུ་བར་ཉེ་བར་ཞུ་བ་དང༌།


DTG201_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞུ་བའི་བར་མཚམས་རོ་སྐྱུར་བར་སོང་བའི་གནས་སྐབས་བར་མར་གནས་པ་དེ་ཉིད་ཀྱི་ཚེ་བ་ཚ་བྲོ་བར་བྱེད་ཅིང་རོ་དུ་མ་ཕལ་ཆེར་ཁ་བ་དང་ལན་ཚྭ་བྲོ་བར་བྱེད་པས་ན་མྱོས་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་དོ། །དེ་ཡང་ནད་ཆར་གྱིས་གློངས་ཤིང༌། བསླངས་པའི་ནད་བད་ཀན་ཞེས་བྱ་བས་རླུང་གི་རྒྱུ་བའི་བུ་གའི་རྒྱུན་སྲང་གང་དག་ཡིན་པ་བཀག་པར་གྱུར་པས་མགོ་དང་རུས་པ་དང༌། ཚིགས་སུ་ན་བ་མི་བཟད་ཅིང་བརྣག་པར་དཀའ་བར་བྱེད་དོ། །དེ་ལྟ་བུའི་ནད་དེ་ནི་ཆང་ཉིད་ཀྱིས་སེལ་བར་འགྱུར་ཞིང་སྦྱོང་བར་བྱེད་དེ། དེ་ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཡིན་ཏེ་ཆང་ཉིད་ཀྱིས་སེལ་གྱི། སྨན་གཞན་དག་གིས་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་སྦྱོར་བ་དང་རྗེས་སུ་མཐུན་པའི་འཕྲོད་པ་ཉིད་ཀྱིས་ཞི་བར་བྱེད་པར་འགྱུར་ཏེ། དེ་ཡང་སྨན་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པའི་ཆོ་ག་དང་མཐུན་པར་བྱས་པ་སྟེ། བསྡུས་པ་ལས། ཁྲུས་བྱས་ནས་ནི་ཕྱག་འཚལ་ཏེ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ལྟར་འཐུངས་ན་ཕན་པ་ཡིན་ནོ། །དེ་ལྟར་ཆང་ནད་ཞི་བར་གྱུར་པ་དེ་ནི་ཅིར་འགྱུར་ཞེ་ན། ཆང་ནད་ཀྱིས་མ་ཞུ་བ་ཞུ་བར་གྱུར་ན། ཟས་དང་སྐོམ་ལ་འདོད་པ་སྐྱེད་པ་དང༌། དེ་བཞིན་དུ་ལུས་དང་སེམས་ཡན་ལག་བསྐྱོད་པ་ཡང་བར་འགྱུར་རོ། །བ་ཚ་རོ་ནི་སྐྱུར་དང་ཕྲད། །མངར་བ་ཉིད་དུ་མྱུར་དུ་འགྱུར། །ནད་ནི་འཇུ་བར་བྱེད་ནུས་པས། །སྐྱུར་བ་ཀུན་ལས་ཆང་མཆོག་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་བ་ཚའི་རོ་དེ་རོ་སྐྱུར་བ་དང་ཕྲད་ན་རོ་མངར་བའི་མཚན་ཉིད་ཅན་དུ་མྱུར་བ་ཁོ་ནར་འགྱུར་ལ། ཆང་ནི་རོ་སྐྱུར་བའི་རྫས་ཞོ་དང་དར་བ་དང༌། རང་སྐྱུར་ལ་སོགས་པ་སྐྱུར་ཀུན་གྱི་ནང་ན་མཆོག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནད་འཇུ་ཞིང་འཛག་པར་བྱེད་པར་ནུས་པས་མཆོག་ཡིན་ནོ། །སྔར་བཤད་རྣོ་དང་དྲོ་སོགས་དང༌། །དེ་བཞིན་དྲོད་སྐྱེད་སོགས་ཡོན་ཏན། །དེ་ཉིད་གོམས་པའི་དབང་གིས་ནི། །འདི་ཡིས་ལུས་ཟུངས་མཉམ་བྱེད་མཆོག །ཅེས་བྱ་བ་ལ། སྔར་ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་རྣམ་པ་བཅུ་ཡོད་པར་ནད་གཞིའི་གནས་སུ་བཤད་པ་དང༌། དེ་བཞིན་དུ་དྲོད་སྐྱེད་པ་ལ་སོགས་


DTG201_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་སྔར་མདོའི་གནས་སུ། ཆང་ནི་དྲོད་སྐྱེད་ཡི་ག་འབྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་དང༌། དེ་བཞིན་དུ་ཆང་དེ་ཉིད་གོམས་ཤིང་འདྲིས་པར་བྱས་པའི་དབང་གིས་ཆང་ནད་དང་ལྡན་པ་འདིས་ལུས་ཟུངས་སྙོམས་ཤིང་ཆ་མཉམ་པར་བྱེད་པའི་མཆོག་ནི་ཆང་དེ་ཉིད་ཡིན་ནོ། །ཞག་བདུན་ནམ་ནི་ཞག་བརྒྱད་བར། །ཆང་ནད་སྨན་གྱི་སྦྱོར་བ་བྱ། །དུས་འདི་ཙམ་གྱིས་ལམ་ལོག་པར། །གནས་པའི་ཆང་ནད་ཞི་བར་འགྱུར། །ཞེས་བྱ་བ་ལ། ཆང་གི་ནད་ལ་ཞག་བདུན་ནམ། །ཞག་བརྒྱད་ཀྱི་བར་དུ་སྨན་གྱི་སྦྱོར་བ་བྱས་ཏེ། དུས་འདི་ཙམ་གྱི་ཚོད་ཀྱིས་ལམ་ལོག་པར་གནས་པའི་ཆང་ནད་ཞི་བར་འགྱུར་ཞིང་འཇུ་བར་འགྱུར་རོ། །སྨན་ནི་བྱས་གྱུར་ནས་ཆང་ནད། །དེ་ཕན་ཆད་ནི་རྗེས་འབྲེལ་པའི། །ནད་གང་ཡིན་པ་དེ་ལ་སྨན། །ནད་དམིགས་ཇི་བཞིན་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཞག་བདུན་ནམ་ཞག་བརྒྱད་ཀྱི་དུས་ཚིགས་ཀྱི་ངེས་པ་དེ་ཕན་ཆད་རྗེས་སུ་འབྲེལ་ཅིང་ཆགས་པའི་ནད་གང་ཡིན་པ་དེ་ལ་ནད་དེ་ཉིད་ཀྱི་སྨན་བྱ་སྟེ། དེ་ཡང་ནད་དམིགས་ཀྱི་ཚུལ་ལས་དཔགས་ནས་ཇི་ལྟར་རྗེས་སུ་མཐུན་པའི་སྨན་སྦྱིན་པར་བྱའོ། །དེ་ལ་རླུང་ཤས་ཆེ་བ་ལ། །སྐྱུར་རྩི་ཆེན་པོ་ད་ཏྲིག་དང། །རྒྱ་ཤུག་སེའུ་འབྲུ་གོ་སྙོད་དང༌། །ལ་ལ་ཕུད་དང་ཧ་པུ་ཤ །ཟི་ར་ཚ་གསུམ་ལན་ཚྭ་གསུམ། །སྒེའུ་གཤེར་ཕྱེ་ཆང་སྦྱར་བ་བླུད། །སྲེག་ཤ་ལྡུམ་རྔད་བཅས་པ་དང༌། །སྣུམ་དང་ལྡན་པའི་ཟས་སྦྱིན་ནོ། །ཞེས་བྱ་བ་ལ། དེ་ཕན་ཆད་དེ་སྨན་དམིགས་ཇི་ལྟ་བ་བཞིན་དུ་སྦྱིན་པའི་ཚུལ་ནི། ནད་དེ་གལ་ཏེ་རླུང་གི་ཤས་ཆེ་བ་ཡིན་ན་དེ་ལ་འབྲས་སཱ་ལུ་བཏབ་པ་ལས་བྱས་པའི་ཆང་ལ་སྐྱུར་རྩི་ཆེན་པོ་ལ་སོགས་པའི་སྨན་དང་ཅི་རིགས་པར་སྦྱར་བ་བླུད་པར་བྱའོ། །སྐྱུར་རྩི་ཆེན་པོ་ནི་མ་དུ་ལུང་གའོ། །ད་ཏྲིག་ནི་བྲྀཀྵ་ཨམ་ལའོ། །རྒྱ་ཤུག་ནི་བི་ད་རི་བ་ལའོ། །ལ་ལ་ཕུད་ནི་ཨརྫ་མ་ལའོ། །ཧ་པུ་ཤ་ནི་བྷ་མ་བྷོ་ཤའོ། །ལན་ཚྭ་གསུམ་ནི་ལྕེ་མྱང་ཚ་དང༌། ཁ་རུ་ཚ་དང༌། ཁ་རུ་ཚ་ནག་པོའོ། །སྲེག་ཤ་ནི་ཐུར་མ་ལ་བསྐྱོན་ཏེ་བསྲེགས་པའི་ཤའོ། །ལྡུམ་རྔད་ནི་ཀུ་ཐེར་ལ་སོགས་པ་ལྡུམ་རྔད་རྗེན་པར་ཟ་བའི་


DTG201_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བཤད་པའོ། །སྣུམ་དང་ལྡན་པ་ནི་མར་ལ་སོགས་པ་བཏབ་པའོ། །སྣུམ་ཞིང་དྲོ་སྐྱུར་ལན་ཚྭར་བཅས། །ཤ་ཚོན་ཁུ་བ་བླུད་པའམ། །ཨ་མྲ་ཨ་མྲ་ཏ་ཀ་གཏུབས། །གཡོས་སྦྱར་བ་ཡི་དྲུག་པའམ། །གྲོ་དང་མ་ཤ་ལས་བྱས་པ། །རྙིང་ཞིང་ཡི་གར་འོང་བ་དང༌། །སྒེའུ་གཤེར་བཅས་པའི་ཁུ་བ་ནི། །ཚ་དང་ཤ་སོགས་ནང་བཅུག་པའམ། །ཆང་ནི་དྲི་ཞིམ་བསིལ་བ་དང༌། །ལེགས་ལངས་དངས་ཤིང་ཚར་བཅས་ཕན། །ཞེས་བྱ་བ་ལ། ཡང་རླུང་ཤས་ཆེ་བའི་ཆང་ནད་ལ་དྲོ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཤ་ཁུ་སྦྱིན་པའམ། ཡང་ན་ཨ་མྲ་ཏ་ཀ་གཏུབ་པ་དང་སྦྱར་ཅིང་གཡོས་པའི་རོ་དྲུག་པ་ཤ་ཏ་པ་ཞེས་བྱ་བ་སྦྱིན་པའམ། གྲོ་ལ་སོགས་པ་ལས་གཡོས་སུ་བྱས་པའི་ཟས་སྦྱིན་པའམ། ཡང་ཆང་དྲི་ཞིམ་ཞིང་བསིལ་བ་དང་ལེགས་པར་ལངས་པ་དངས་མར་གྱུར་པ་ལ་ལན་ཚྭ་ཅུང་ཟད་བཏབ་པ་སྦྱིན་ན་ཡང་ཕན་པ་ཡིན་ནོ། །སེའུ་འབྲུའམ་རྩ་བ་ཆུང་ལྔ་བསྐོལ། །བཅའ་སྒ་འུ་སུ་བསྐོལ་བའམ། །ཞོ་ག་ཆུ་འམ་ཚ་ཆུའམ། །རང་སྐྱུར་དངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ཤས་ཆེ་བའི་ཆང་ནད་ལ་སེའུ་འབྲུ་བསྐོལ་བའི་ཁུ་བ་བླུད་པའམ། ཡང་ན་རྩ་བ་ལྔ་པ་ཆུང་དུ་བྲི་ཧ་ཏི་ལ་སོགས་པ་བསྐོལ་བ་བླུད་པའམ། ཡང་ན་བཅའ་སྒ་དང་འུ་སུའི་འབྲས་བུ་བསྐོལ་བ་བླུད་པའམ། ཡང་ན་ཞོ་ག་ཆུའམ་ཚ་ཆུའམ། རང་སྐྱུར་ཀན་ཛི་ཞེས་བྱ་བའི་དངས་མ་བླུད་པར་བྱ་སྟེ། དེས་ནི་བཏུང་བ་ནི་འདི་ལྟར་བྱའོ་ཞེས་སྟོན་པ་ཡིན་ནོ། །ལུས་བསྐུ་དྲིལ་དང་བཀྲུ་བ་དང༌། །གོས་ནི་དྲོ་ཞིང་མཐུག་པ་དང༌། །ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་ཆད་ནད་དེ་ཉིད་ལ་ཏིལ་མར་ལ་སོགས་པས་ལུས་བསྐུ་བ་དང་ལུས་དྲིལ་ཞིང་བཀྲུ་བ་ལ་སོགས་པ་ཡང་ཕན་ནོ། །ཨ་ཀ་རུ་ཡི་དུད་པས་བདུག །གུར་གུམ་ཨ་ཀ་རུ་ཡིས་བྱུག །ཅེས་བྱ་བ་ལ། ཡང་ན་དེ་ལ་ཨ་ཀ་རུའི་དུད་པ་སྟུག་པོས་བདུག་པ་དང༌། གུར་གུམ་དང་ཨ་ཀ་རུའི་ལྡེ་གུས་བྱུག་པ་ཡང་ཕན་ནོ། །ཆུང་མ་ནུ་མ་རོ་སྨད་མཛེས། །ལང་ཚོར་ལྡན་ཞིང་ཡན་ལག་དྲོ། །དགའ་བས་འཁྱུད་པར་བྱེད་པ་དང༌། །བསྙེན་བཀུར་བྱས་


DTG201_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པའང་ཕན། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཆུང་མ་ནུ་མ་མཛེས་པ་ལ་སོགས་པས་འཁྱུད་པར་བྱེད་པ་དང༌། བསྙེན་བཀུར་བྱས་ཤིང་བདེ་བར་མཉེ་བ་ལ་སོགས་བ་བྱས་བ་ཡང་ཕན་ནོ། །མཁྲིས་པ་ཤས་ཆེར་ཆུ་མང་བའི། །སྦྲང་རྩི་ཁར་དང་ལྡན་པའི། །སེའུ་འབྲུ་འབྲ་གོའི་ཁུ་བ་དང༌། །བྷ་བྱ་རྒུན་འབྲུ་བ་རུ་ཤའི། །ཁུ་བསྒྲངས་ཕྱེ་དང་ཁ་རར་བཅས། །བཏུང་བའང་དེ་འདྲ་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བར་གྱུར་པའི་ཆང་ནད་ལ་ནི། ཆུ་མང་པོ་དང་བསྲེས་པའི་སྦྲང་རྩི་དང་ཁ་ར་ལ་སྦྱར་བའི་ཆང་གི་བྱེ་བྲག་གི་སེའུ་འབྲུ་ལ་སོགས་པའི་ཁུ་བ་དང་ལྡན་པའི་རྒུན་ཆང་ཆུ་མང་པོ་དང་བསྲེས་པ་བསྒྲངས་པའམ། དེ་བཞིན་དུ་ཕྱེ་དང་ཁ་རར་བཅས་པ་ལས་མ་གཡོས་པ་སྟེ། བཏུང་བ་དེ་ལྟ་བུ་བཏུང་བར་བླུད་པར་བྱའོ། །ཡང་ན་མངར་བའི་སྡེ་ཚན་བསྐོལ། །ཁུ་བ་ཆང་བསྲེས་སྦྲང་རྩི་བཏབ། །ཅེས་བྱ་བ་ལ། ཡང་ན་སྨན་མངར་བའི་སྡེ་ཚན་བསྐོལ་བ་ཁུ་བ་དང་ཆང་བསྲེས་ལ་སྦྲང་རྩི་བཏབ་པ་བསིལ་བ་བླུད་པར་བྱའོ། །སཱ་ལུ་དྲུག་ཅུ་པའི་ཆན་དང༌། །རི་བོང་གོང་སྲེག་གཙོད་ཀྱི་ཤ །ཙ་ན་མུངྒ་སྐྱུ་རུ་ར། །སེའུ་འབྲུ་པ་ཏོ་ལ་གཡོས་སྦྱིན། །ཞེས་བྱ་བ་ལ། ཡང་ན་དེ་དང་འབྲས་སཱ་ལུ་ལ་སོགས་པའི་ཆན་རི་བོང་ལ་སོགས་པའི་ཤ་དང་ལྷན་ཅིག་སྦྱིན་པར་བྱའོ། །བད་ཀན་མཁྲིས་འདྲེས་ལས་གྱུར་པ། །ཚ་དང་སྐོམ་དད་ལྡན་པ་ཡི། །ཆང་ངམ་ཆུ་གྲང་བུ་རམ་ཤིང༌། །ཁུ་བའམ་རྒུན་ཆུ་མང་བླུད་ལ། །སློན་གཞུག་འདྲེས་པའི་ནད་ལ་ནི། །སྐྱོ་མ་ལ་སོགས་རིམ་པས་ཕན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ཀུན་ཏུ་འདྲེས་པར་གྱུར་པ་ལས་ཆང་ནད་དུ་གྱུར་པ་ཚ་བ་དང་སྐོམ་དད་དང་ལྡན་པར་གྱུར་པ་ལ་ཆང་ངམ་ཆུ་གྲང་ངམ་བུ་རམ་ཤིང་གི་ཁུ་བའམ། རྒུན་འབྲུའི་ཆུ་མང་དུ་བླུད་ལ་སློན་ཞིང་སྐྱུག་ཏུ་གཞུག་པར་བྱའོ། །སློན་ཟིན་པའི་རྗེས་ལ་བད་ཀན་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱུག་སྨན་གྱི་རྗེས་ལ་བྱ་བར་འོས་པའི་སྐྱོ་མ་ལ་སོགས་པའི་རིམ་པ་བླུད་པར་བྱས་ན་ཕན་ནོ། །དེ་ཡིས་མེ་དྲོད་འབར་གྱུར་པས། །ཟས་དང་ཉེས་ལྷག་སྨིན་པར་བྱེད། །ཅེས་བྱ་བ་ལ། འདྲེས་


DTG201_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱང་བ་བྱས་པ་རིམ་པ་ལྟ་བུས་སྦྱངས་པར་གྱུར་པ་དེས་ཕོ་བའི་མེ་དྲོད་འབར་བར་གྱུར་པས་ཟས་དང་ནད་ཀྱི་ཉེས་པའི་ལྷག་མ་ཡོད་པ་མེ་དྲོད་དེས་སྨིན་ཅིང་སྦྱོང་བར་བྱེད་དོ། །ལུད་པ་མཆིལ་མ་ཁྲག་བཅས་འབྱུང༌། །རྩིབ་ལོགས་ནུ་མར་གཟེར་བ་དང་ཚ་དང་བཅས་པའི་སྐོམ་དད་དང༌། །སྙིང་དང་བྲང་ནི་ན་བ་ལ། །སླེ་ཏྲེས་ག་དུར་བསྐོལ་བའམ། །ཡང་ན་བ་ཏོ་ལ་བསྐོལ་ཁུ། །བཅའ་སྒར་བཅས་པ་བླུད་བྱ་ཞིང༌། །གོང་མ་སྲེག་གི་ཤ་སྦྱིན་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ལུད་པ་མཆིལ་མ་དང་ཁྲག་ཏུ་བཅས་པ་འབྱུང་བར་འགྱུར་ལ། དེ་བཞིན་རྩིབ་ལོགས་ནུ་མར་གཟེར་བ་དང༌། ཚ་བ་ལ་སོགས་པ་དང་བཅས་པའི་ནད་ལ་སླེ་ཏྲེས་དང༌། ག་དུར་ལ་སོགས་པ་བསྐོལ་བའི་ཁུ་བ་དང་བཅའ་སྒ་དང་བཅས་པ་བླུད་པར་བྱ་བའམ། ཡང་ན་པ་ཏོ་ལ་ལ་སོགས་པའི་ཁུ་བ་བཅའ་སྒ་དང་བཅས་པ་བླུད་པར་བྱ་ཞིང༌། གོང་མ་སྲེག་གི་ཤ་རན་པར་སྦྱིན་པར་བྱའོ། །མཁྲིས་པ་རླུང་ནི་རྒྱས་གྱུར་པས། །ཤིན་ཏུ་ཤས་ཆེར་སྐོམ་གྱུར་ན། །རླུང་ནི་བདེ་བར་རྒྱུ་བྱེད་པའི། །རྒུན་ཆུ་བསྒྲངས་པ་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་རླུང་ཤས་ཆེར་རྒྱས་པར་གྱུར་པས་ཤིན་ཏུ་སྐོམ་པར་གྱུར་པ་ལ་རླུང་བདེ་བར་རྒྱུ་བར་བྱེད་པའི་བཏུང་བ་བསྐོལ་ལ་བསྒྲངས་པ་བླུད་པར་བྱའོ། །ཞུ་ནས་ར་ཤའི་ཁུ་བ་ནི། །མངར་དང་སྐྱུར་བའི་སྨན་སྦྱར་སྦྱིན། །ཞེས་བྱ་བ་ལ། རྒུན་ཆུའི་བཏུང་བ་དེ་ཞི་བར་གྱུར་ནས་ར་ཤའི་ཁུ་བ་དང་སྨན་མངར་བ་དང་སྐྱུར་བ་དང་སྦྱར་བའི་ཁ་ཟས་སྦྱིན་པར་བྱའོ། །སྐོམ་ན་ཆུ་མང་བསྲེས་པ་ཡི། །ཆང་བླུད་ར་རོར་མི་འགྱུར་བསྲུང༌། །ཞེས་བྱ་བ་ལ། གལ་ཏེ་སྐོམ་བར་གྱུར་ན་ཆང་ཉུང་ཟད་ལ་ཆུ་མང་པོ་བསྲེས་ལ་བླུད་ལ་ཅི་ནས་ཀྱང་ར་རོ་བར་མི་འགྱུར་བ་དེ་ལྟར་བསྲུང་ཞིང་བསྡམ་པར་བྱའོ། །གླ་སྒང་སེའུ་འབྲུ་འབྲས་ཡོས་ཆུའམ། །ཡང་ན་འདབ་མ་བཞི་བསྐོལ་བའམ། །ཨུཏྤལ་པ་ཏོ་ལ་སོགས་སམ། །རང་བཞིན་གྱིས་ནི་བསིལ་བ་བླུད། །ཅེས་བྱ་བ་ལ། ཡང་གླ་སྒང་ལ་སོགས་པ་བསྐོལ་བའི་ཆུའམ། ཨུཏྤ་ལ་


DTG201_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང། པ་ཏོ་ལ་ལ་སོགས་པ་བསྐོལ་བའི་ཆུ་བསྒྲངས་ཏེ་བླུད་པའམ། ཡང་ན་རང་བཞིན་གྱིས་བསིལ་བའི་ཆུ་བླུད་པར་བྱའོ། །ཆང་མང་འཐུངས་པས་ཆུ་ཡི་ཁམས། །འབྲི་ཞིང་མེ་ཤས་རྒྱས་པར་འགྱུར། །གྲེ་བ་རྐན་མཆུ་སྐམ་འགྱུར་ཞིང༌། །ལྕེ་ནི་འབྱིན་ཅང་གཅོང་བྱེད་ལ། །མཚན་མོ་རླུང་གིས་བསིལ་བྱས་པའི། །ཆུ་ནི་ཡོག་ཚད་བླུད་པར་བྱ། །ཞེས་བྱ་བ་ལ། ཆང་མང་དུ་འཐུངས་དྲགས་པས་ལུས་ལ་ཡོད་པའི་ཆུའི་ཁམས་འབྲི་བར་འགྱུར་ཞིང༌། མེའི་ཁམས་ཀྱི་ཤས་ནི་རྒྱས་པར་འགྱུར་བས། གྲེ་བ་ལ་སོགས་པ་སྐམ་པར་འགྱུར་ཞིང་ལྕེ་ཕྱིར་འབྱིན་ཅིང་ས་ལ་འགྲེ་ལྡོག་པར་བྱེད་པའི་ནད་དེ་ལ་མཚན་མོ་རླུང་གིས་བསིལ་བར་བྱས་པའི་ཆུ་ཡོག་ཚད་དུ་ཅི་འདོད་པར་བླུད་པར་བྱའོ། །རྒྱ་ཤུག་སེའུ་འབྲུ་ད་ཏྲིག་དང༌། །ཙུག་ཀྲ་ལ་ཆུ་བའི་ཁུ་བ། །སྐྱུར་བ་ལྔ་ཡིས་ཁར་བསྐུས་ན། །འཕྲལ་དུ་སྐོམ་དད་སེལ་བར་བྱེད། །ཅེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པ་སྐྱུར་བ་ལྔ་ཞེས་བྱ་བ་ལྡེ་གུར་བྱས་པས་ཁར་བསྐུས་ན། དེའི་མོད་ལ་སྐོམ་དད་འཇོམས་པར་འགྱུར་རོ། །ཆང་འཐུངས་དྲོད་ནི་ཁྲག་མཁྲིས་དང༌། །འདྲེས་པས་པགས་པ་ཁྱབ་གྱུར་པས། །མི་བཟད་ཚ་བ་སྐྱེད་བྱེད་དེ། །དེར་ནི་རབ་བསིལ་ཆོ་ག་བྱ། །མ་ཞུ་ཤ་ཁུས་ཚིམ་བྱས་ལ། །རོ་ཧི་ནི་ལས་གཏར་ག་གདབ། །ཅེས་བྱ་བ་ལ། ཆང་འཐུངས་པ་ལས་གྱུར་པའི་དྲོད་ཁྲག་དང་མཁྲིས་པ་དང་འདྲེས་པར་གྱུར་པ་ལས་པགས་པར་ཁྱབ་པར་གྱུར་ཅིང་ཕྱི་ནས་ཤས་ཆེར་མི་བཟད་པ་ཚང་སྐྱེད་པར་བྱེད་པ་དེ་ལ་ཤིན་ཏུ་བསིལ་བའི་ཆོ་ག་གང་དག་ཡིན་པ་དག་བྱའོ། །བསིལ་བའི་ཆོ་ག་བྱས་ཀྱང་ཚ་བ་ཞི་བར་མ་གྱུར་ན་ནད་པ་དེ་ཤ་ཁུས་ཚིམ་པར་བྱས་ལ་རོ་ཧི་ནི་ཞེས་བྱ་བ་ཁྲག་སྐྱོན་མེད་པ་འབའ་ཞིག་རྒྱུ་བའི་རྩ་ལ་གཏར་ག་གདབ་པར་བྱ་ཞིང༌། དེ་ཡང་གཏར་གའི་ཆོ་ག་ལས་ཇི་ལྟར་སྨོས་པ་ལྟར་བྱའོ། །སློན་དང་སྨྱུང་བ་དག་གིས་ཀྱང༌། །བད་ཀན་ཤས་ཆེར་སྐྱུག་སྨན་དང༌། །སྨྱུང་བ་བཅའ་སྒ་སྟི་ར་དང༌། །ཀཎྜ་ཀ་རི་བ་ལ་ཀ །གང་ཡང་རུང་བའི་ཆུ་བླུད་བསལ། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བ་ལས་གྱུར་པའི་ཆང་ནད་ལ་སྐྱུག་སྨན་བཏང་ཞིང་སློན་པ་


DTG201_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྨྱུང་བ་བྱ་ཞིང་ཟས་བཅད་པས་བསལ་བར་བྱ་ཞིང༌། བཅའ་སྒ་ལ་སོགས་པ་གང་ཡང་རུང་བ་དང་བསྐོལ་བའི་ཆུ་བླུད་པས་བསལ་བར་བྱའོ། །མ་ཞུ་མེད་ཅིང་བཀྲེས་དུས་སུ། །སྦྲང་རྩི་མང་པོ་བླུད་པར་བྱ། །ཤ་ཁར་དང་སྦྲང་རྩི་དང༌། །ཆང་རྙིང་དག་གམ་རྒུན་ཆང་ངམ། །རྩུབ་པའི་སྐྱོ་མར་སྦྱར་བ་ནི། །དོང་གྲ་ལ་ལ་ཕུད་བཅས་བླུད། །ཅེས་བྱ་བ་ལ། ནད་པ་མ་ཞུ་བ་མེད་པར་གྱུར་ཅིང་བཀྲེས་པར་གྱུར་པ་ལ་འཚམས་པའི་དུས་སུ་སྦྲང་རྩི་མང་པོ་འམ། ཁར་དང་སྦྲང་རྩིར་བཅས་པའམ། ཆང་རྙིང་བའམ། རྒུན་ཆང་འབའ་ཞིག་གམ། རྩུབ་ཅིང་སྐྱོན་མེད་པའི་སྐྱོ་མ་སྟེ། འདི་དག་གང་ཡང་རུང་བ་བླུད་པར་བྱའོ། །དེ་དག་ཐམས་ཅད་ཀྱང་ལ་ལ་ཕུད་དང་དོང་གྲ་དང་བཅས་པ་བླུད་པར་བྱའོ། །ནས་དང་གྲོ་ཟན་ཉུང་ཤས་ལ། །རྒྱ་སྲན་ཡུ་ཤ་ཉུང་ཟད་བཅས། །ཆུ་ཚན་ཁ་དང་ཚ་བར་བཅས། །མར་ནི་ཅུང་ཟད་བཅས་པ་སྦྱིན། །ཞེས་བྱ་བ་ལ། ནས་དང་གྲོ་སྲན་ཉུང་ཤས་ལ་རྒྱ་སྲན་གྱི་ཡུ་ཤ་ཅུང་ཟད་དང་བཅས་པ་སྦྱིན་པར་བྱ་ཞིང་ཆུ་ཚན་ཁ་བ་དང་ཚ་བའི་སྨན་དང་བཅས་ཤིང་ཞུན་མར་ཅུང་ཟད་བཏབ་པ་སྦྱིན་པར་བྱའོ། །ལ་ཕུག་སྐམ་པོ་ར་ཤའི་ཁུ། །སྐམ་སའི་སྲོག་ཆགས་ཤ་ཁུ་ནི། །སྟར་བུ་ད་ཏྲིག་པ་ཏོ་ལ། །ཚ་བ་གསུམ་དང་སེའུ་འབྲུར་སྦྱར། །བཅའ་སྒ་ན་ལེ་ཤམ་མང་བཏབ། །ཅེས་བྱ་བ་ལ། ཡང་ན་ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བའམ། ར་ཤའི་ཁུ་བའམ། སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་སྟར་བུ་ལ་སོགས་པའི་སྨན་གྱི་ཁུ་བ་དང་སྤགས་པའི་ནས་དང་གྲོའི་སྲན་ཆུང་ཉུང་ཟད་སྦྱིན་པར་བྱའོ། །རྗེན་རྔད་གཏུབས་པ་དད་ལྡན་ཞིང༌། །སྐྱུར་རྩི་ཆེན་པོའི་ཁུ་བས་སྐྱུར། །བརྔོས་ཤིང་ཁུ་མེད་པ་དང༌། །ཀ་ར་མར་དང་ཀ་རི་ར། །ལ་སོགས་ཡི་ག་འབྱེད་པ་དང༌། །ལན་ཚྭ་བརྒྱད་པོ་ལེགས་བྲོ་དང༌། །གཏུབས་ཤིང་བེ་རེག་ལྟར་བཙོས་པ། །མེ་དྲོད་ཚོད་ལས་ཤ་སྦྱིན་ཞིང༌། །སྦྲང་ཆང་ནད་མེད་གྱུར་པ་བླུད། །ཅེས་བྱ་བ་ལ། ཆང་གི་ནད་ལ་ཕོ་བའི་མེ་དྲོད་ཀྱི་ཚོད་ལས་དཔགས་ཏེ། ཤ་དང་སྦྲང་ཆང་ནད་ཀྱི་སྐྱོན་མེད་པར་གྱུར་པ་སྦྱིན་ཞིང་བླུད་པར་བྱ་ལ། ཤ་དེ་


DTG201_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཅའ་སྒ་ལ་སོགས་པའི་སྨན་མང་པོ་བཏབ་པ་དང༌། སྔོ་རྔད་གཏུབས་པ་དང་བཅས་པ་དང༌། འོག་ནས་བཤད་པའི་ལན་ཚྭའི་ཡན་ལག་བརྒྱད་པ་ཞེས་བྱ་བ་དང་ལྡན་པ་དང༌། དེ་བཞིན་དུ་ཁུ་བཅུད་མེད་པར་བྱས་པ་བེ་རེག་གི་ཚུལ་བརྔོས་ཏེ་ཤ་དང་རྗེན་རྔད་སྔོན་པོ་ལ་སོགས་པ་གཏུབས་ཏེ། བག་ཟན་གྱི་ནང་དུ་བཅུག་ནས་བསྲེགས་པ་ལ་ནི་བེ་རེག་ཅེས་བྱའོ། །ཁ་ར་དང་ནི་ཁ་རུ་ཚ། །གོ་སྙོད་ད་ཏྲིག་སྟར་བུ་དང༌། །ཤིང་ཚ་སུག་སྨེལ་ན་ལེ་ཤམ། །ཆ་ཕྱེད་ཡན་ལག་བརྒྱད་པར་བཤད། །ཕལ་ཆེར་བད་ཀན་ཆང་ནད་སེལ། །བུ་གའི་རྒྱུན་སྦྱོང་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། ཁ་ར་ལ་སོགས་པ་བརྒྱད་པོ་ནི་ལན་ཚྭ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེ་ཡང་ཕལ་ཆེར་བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཅིང་བུ་གའི་རྒྱུན་སྦྱོང་བར་བྱེད་པ་དང༌། མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་དག་སྦྱར་བའི་ཚུལ་ནི་ཁ་ར་ལ་སོགས་པའི་སྨན་ལྔ་ཆ་གཅིག་ཏུ་བྱས་ལ་ཤིང་ཚ་དང༌། སུག་སྨེལ་དང༌། ན་ལེ་ཤམ་དེའི་ཆ་ཕྱེད་དུ་སྦྱར་བར་བྱའོ། །རྩུབ་དང་དྲོ་བས་མཉེ་ཞིང་དྲིལ། །ཁྲུས་དང་ཁ་ཟས་སྨྱུང་བྱས་དང༌། །འདོད་བཅས་བུད་མེད་ལྷན་ཅིག་གནས། །མཚན་ཉིད་མ་ལོག་རིག་པས་བསྟེན། །ཕལ་ཆེར་བད་ཀན་ལས་བྱུང་བའི། །ཆང་ནད་མྱུར་དུ་ཞི་བར་བྱེད། །ཅེས་བྱ་བ་ལ། རྩུབ་པ་དང་དྲོ་བ་ལ་སོགས་པའི་རིག་པས་བསྟེན་པ་ནི་ཕལ་ཆེར་བད་ཀན་ལས་གྱུར་པའི་ཆང་ནད་རིང་པོ་མི་ཐོགས་པར་སེལ་ཅིང་ཞི་བར་བྱེད་དོ། །ནད་གཞི་སོ་སོའི་ཤས་ཆེ་ལས། །ལས་རྣམས་གང་དག་བསྟན་པ་འདི། །འདི་ནི་འདུས་པ་ལས་གྱུར་པ། །ལྷག་མ་བཅུ་ལའང་སྦྱར་བར་བྱ། །ཞེས་བྱ་བ་ལ། ནད་གཞི་སོ་སོའི་སྟོབས་ཤས་ཆེ་བ་ལས་གསོ་བའི་ཐབས་གང་དག་བྱེད་པའི་རླུང་དང༌། མཁྲིས་པ་དང། བད་ཀན་ཤས་ཆེ་བའི་ཆང་ནད་གསུམ་པོ་འདི་དག་པའི་ལས་དེ་ཉིད་འདུས་པ་བཅུ་པོ་རབ་དང༌། རབ་མཆོག་ཏུ་བརྟགས་པའི་ཚུལ་དུ་ཆང་ནད་རྣམ་པ་བཅུར་བརྟག་པར་བྱས་ལ། ལ་ཞེས་པའི་སྒྲས་ནི་ཇི་སྐད་བཤད་པའི་ཆང་ནད་གསུམ་པོ་འདི་འབའ་ཞིག་ཏུ་


DTG201_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་ཀྱི། གཞན་དག་ལ་ཡང་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་རླུང་གི་ཤས་ཆེ་བའི་ཆང་ནད་ལ་གསོ་བ་གང་དག་བསྟན་པ་དང༌། དེ་བཞིན་དུ་མཁྲིས་པའི་ཤས་ཆེ་བའི་གང་དག་བཤད་པ་དེ། རླུང་དང་མཁྲིས་པ་ལ་ཡང་སྦྱར་བར་བྱ་ལ། དེ་ལྟར་ཕྱོགས་འདིས་ནད་གཞིའི་ཤས་ལ་མཚོན་ནས། ཆང་ནད་ཐམས་ཅད་ལ་གསོ་བར་བྱའོ། །མདོའི་གནས་ལས་འདུས་པའི་ནད་རྣམ་པ་བཅུ་གསུམ་དུ་བཤད་པ་ལས། འདིར་ནི་ནད་གཞི་གཅིག་ཤས་ཆེ་བའི་དབང་དུ་བྱས་ནས་གསོ་བ་བསྟན་པ་ཡིན་གྱི། ནད་གཞི་གཉིས་ཤས་ཆེ་བའམ། རབ་དང་མཆོག་རབ་བརྟག་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེས་ན་འདུས་པ་རྣམ་པ་བཅུ་པོ་ལྷག་མ་རྣམས་ཀྱང་འདི་ཉིད་ལས་རྗེས་སུ་དཔགས་ཏེ་གསོ་བར་བྱའོ། །ཤིང་ཚ་ནཱ་ག་པུཥྤ་དང༌། །པི་པི་ལིང་དང་ན་ལེ་ཤམ། །གོ་སྙོད་པ་རུ་ཤ་ཀ་དང༌། །འུ་སུ་སུག་སྨེལ་མ་དུ་ཀ །ཐང་ཤིང་ཁ་ར་དཀར་དང་བཅས། །ཀ་པིད་ཐ་ཡི་ཁུ་བ་བཏབ། །ག་བུར་དྲི་ཡིས་བསྒོས་གྱུར་པ། །བཏུང་བ་ཤིན་ཏུ་ཡིད་འོང་བ། །ཆང་ནད་ཀུན་ལ་བླུད་གྱུར་ན། །ཡི་ག་འབྱེད་ཅིང་མེ་དྲོད་སྐྱེད། །ཅེས་བྱ་བ་ལ། ཤིང་ཚ་དང་ནཱ་ག་པུཥྤ་ལ་སོགས་པ་ལས་སྦྱོར་བའི་ཆོ་ག་འདི་ལྟ་བུ་བཞིན་དུ་སྦྱར་བའི་བཏུང་བའི་ནང་དུ་ཀ་པིད་ཏའི་ཁུ་བ་བཏབ་ཅིང་ག་བུར་གྱི་དྲིས་བསྒོས་པར་གྱུར་པའི་བཏུང་བ་དེ་ཆང་ནད་ཀུན་ལ་བླུད་ཅིང་བྱིན་པར་གྱུར་ན་ཡི་ག་འབྱེད་པ་དང༌། མེ་དྲོད་གཉིས་སྐྱེད་པར་བྱེད་པ་ཡིན་ནོ། །ཆང་གིས་ཡིད་ནི་མ་དཀྲུགས་ཤིང༌། །ལུས་ལ་གནོད་པར་མི་བྱེད་པར། །ཆང་ནད་མི་སྐྱེད་དེ་ཡི་ཕྱིར། །སེམས་དགར་འགྱུར་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། ཆང་གིས་ཡིད་མ་དཀྲུགས་ཤིང་གཡོ་བར་མ་བྱས་པར་ཆང་གི་ནད་སྐྱེད་པར་བྱེད་པ་མ་ཡིན་གྱི། གཞན་དུ་རྣམ་པར་འཁྲུགས་པར་བྱས་ནས་ཆང་གི་ནད་སྐྱེད་པར་བྱེད་པ་དེ་བཞིན་དུ་ལུས་ལ་ཡང་གནོད་པར་མི་བྱེད་པས་ནད་སྐྱེད་པར་མི་བྱེད་ཀྱི། ལུས་ལ་གནོད་པར་བྱས་ནས་ནད་སྐྱེད་པ་ཡིན་ནོ། །དེ་བས་ན་ཆང་གི་ནད་ཐམས་ཅད་ལ་དགའ་བར་བྱ་བའི་སྤྱོད་པ་བྱ་བ་


DTG201_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་ཡིན་ཏེ། གང་གི་ཕྱིར་སེམས་དགའ་བར་གྱུར་པས་ན་ཆང་གི་ནད་ལ་ཕན་པ་ཡིན་ནོ། །ཆང་ནད་ལ་ནི་སྦྱང་བ་དང༌། །ཞི་བའི་ལས་ནི་བྱས་གྱུར་ཀྱང༌། །གལ་ཏེ་མ་ཞི་བད་ཀན་ཟད། །ཉམ་ཆུང་ཡང་བ་ཉིད་གྱུར་ན། །རླུང་དང་མཁྲིས་པ་ཤས་ཆེ་ཞིང༌། །ཆང་ནད་ཀྱིས་ཟད་འོ་མ་བླུད། །སོ་ག་ཚ་བས་གདུངས་པ་ཡི། །ཤིང་ལ་ཆར་པ་བབ་དང་མཚུངས། །ཆང་གིས་ཟད་པར་བྱས་པའི་མདངས། །འོ་མས་མྱུར་དུ་བརྟས་བྱེད་དེ། །མདངས་དང་ཡོན་ཏན་ཀུན་མཚུངས་ལ། །ཆང་ལས་གོ་ནི་བཟློག་པ་ཡིན། །ཞེས་བྱ་བ་ལ། ཆང་ནད་གང་ཞིག་ལ་དེ་བསལ་བའི་ཕྱིར་སྦྱང་བ་དང༌། ཞི་བའི་ལས་བྱས་པར་གྱུར་ཀྱང་ཆང་ནད་དེ་ཞི་ཞིང་བྱང་བར་མ་གྱུར་པ་དེ་བད་ཀན་ཟད་ཅིང་བྲི་བས་ལུས་ཉམ་ཆུང་བ་དང༌། ཡང་བར་གྱུར་ཅིང་རླུང་དང་མཁྲིས་པ་ཤས་ཆེ་བར་གྱུར་ཅིང༌། ཆང་ནད་ཀྱིས་ལུས་ཀྱི་ཤ་ཟད་པར་གྱུར་པ་དེ་ལ་འོ་མ་བླུད་པ་ཕན་ཏེ། དེ་ཡང་སོ་གའི་ཚ་བས་གདུངས་པའི་ཤིང་ལ་ཆར་པ་བབ་པ་དང་འདྲ་བར་འོ་མ་དེ་དེའི་ལུས་ལ་ཤིན་ཏུ་ཕན་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ཆང་གིས་ཟད་པར་བྱས་པའི་མདངས་གང་ཡིན་པ་དེ། འོ་མས་མྱུར་བ་ཁོ་ནར་བརྟས་ཤིང་རྒྱས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འོ་མ་དང་མདངས་ནི་ཡོན་ཏན་ཀུན་དང་མཚུངས་པ་ཡིན་ཏེ། རྡུལ་བ་དང་སྣུམ་པ་ལ་སོགས་པའི་ཡོན་ཏན་བཅུ་ཆར་ཆུ་འདྲ་བ་ཡིན་ལ། ཆང་ལས་ནི་ཡོན་ཏན་བཅུ་པོ་གོ་བཟློག་པ་ཡིན་ནོ། །འོ་མས་ནད་ནི་བཅོམ་གྱུར་ཞིང༌། །སྟོབས་སྐྱེས་ནས་ནི་འོ་མ་ཡི། །ཆོ་ག་ཆང་ཡང་བཟློག་བྱས་ཏེ། །རིམ་གྱིས་ཉུང་ཟད་ཉུང་ཟད་སྤྱད། །ཅི་ནས་འཇོམས་དང་སྐོམས་གྱུར་པའི། །བླ་བརྣན་འབྱུང་བར་མི་འགྱུར་བྱ། །ཞེས་བྱ་བ་ལ། ཆང་ལ་གོམས་པའི་སྐྱེས་བུ་ལ་དེའི་རྗེས་ལ་ཆང་གི་ནད་དེ་འོ་མས་བཅོམ་ཞིང་བཟློག་པར་གྱུར་ལ་ལུས་ཀྱི་སྟོབས་སྐྱེས་ཤིང་ཐོབ་པར་གྱུར་ནས། འོ་མའི་ཆོ་ག་དང་ཆང་དག་ལས་བཟློག་པར་བྱས་ལ། དེ་ཡང་རིམ་གྱིས་བཟློག་ལ། ཅིག་ཆར་ནི་མ་ཡིན་ལ། ཉུང་ཟད་ཉུང་ཟད་བསྟན་དུ་གཞུག་ཅིང་སྤྱད་པར་བྱ་སྟེ་ཅི་ནས་


DTG201_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་དེ་ཆང་ནད་འཇོམས་པ་དང༌། ལུས་སྐམས་པར་གྱུར་པ་ཞེས་བྱ་བའི་ནད་ལས་གྱུར་པའི་བླ་བརྣན་འབྱུང་བར་མི་འགྱུར་བ་དེ་ལྟར་བྱ་སྟེ། དེ་དག་བླ་བརྣན་ཡང་འཇོམས་པ་ཞེས་བྱ་བ་ལ་ནི་བད་ཀན་གྱིས་མཆིལ་མ་མང་བ་ལ་སོགས་པའི་བླ་བརྣན་འབྱུང་བར་འགྱུར་ལ། ལུས་སྐེམ་པའི་བླ་བརྣན་ནི་ཡན་ལག་དང་མགོ་བོ་ན་བ་ལ་སོགས་པ་འབྱུང་བར་འགྱུར་ཏེ། ཞིབ་ཏུ་ནི་ཆང་ནད་ཀྱི་ནད་གཞི་སྟོན་པའི་སྐབས་སུ་བཤད་པ་ཡིན་ནོ། །དེ་གཉིས་ལ་ནི་འོ་མ་མར། །འཇམ་རྩི་བཏང་བས་བརྟས་པ་བསྔགས། །བསྐུ་དང་དྲིལ་ཕྱིས་ཁྲུས་དང་ནི། །བཟའ་བཏུང་རླུང་ནི་སེལ་བ་ཕན། །ཞེས་བྱ་བ་ལ། ལུས་འཇོམས་པ་དང༌། ལུས་སྐེམ་པ་ཞེས་བྱ་བའི་ནད་དེ་གཉིས་ལ་ནི་འོ་མ་དང་མར་བླུད་པ་དང༌། འཇམ་རྩི་མས་གཏོང་བས་བརྟས་པ་བསྔགས་པ་ཡིན་ལ། དེ་བཞིན་དུ་བསྐུ་བ་ལ་སོགས་པ་རླུང་སེལ་བར་བྱེད་པ་དང༌། བཟའ་བ་དང་བཏུང་བ་རླུང་སེལ་བ་ཕན་ནོ། །རིག་པར་ཆང་འཐུངས་གང་གིས་ནི། །ནད་ནི་འབྱུང་བར་འགྱུར་མ་ཡིན། །ཞེས་བྱ་བ་ལ། གང་གིས་རན་ཅིང་ཡང་དག་པའི་སྦྱོར་བ་དང་ལྡན་པས་ཆང་འཐུངས་པར་བྱེད་པ་གང་ཡིན་པ་དེ་ལ། ཆང་ལས་གྱུར་པའི་ནད་གང་དག་ཡིན་པ་དེ་འབྱུང་བར་མི་འགྱུར་ལ། ཆང་དེས་བདེ་བའི་བདེ་བ་སྐྱེད་པ་ཉིད་དུ་འགྱུར་རོ། །དེ་ཡང་ཡན་ལག་བརྒྱད་པ་བསྡུས་པ་ལས། དེ་ནས་གཅིག་ཏུ་བདེར་གྱུར་པའི། །འདི་ཡི་སྦྱོར་བ་བཤད་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནས། བསྐུ་ཞིང་དྲིལ་དང་ཁྲུས་བྱས་དང༌། །གོས་བཟང་སྡུག་པས་དྲིལ་ལྡན་པས། །ཟས་སྣུམ་རླུང་དྲོ་འདྲེན་མར་ནི། །རླུང་ཅན་གྱིས་ནི་ཆང་བཏུང་བྱ། །མཁྲིས་ཅན་བསིལ་སྤྱོད་དུ་མ་དང༌། །མངར་དང་སྣུམ་དང་བསིལ་བ་ཡི། །ཟས་དང་ལྡན་པ་ཉིད་དུ་ནི། །ཆང་འཐུངས་ནད་ཀྱིས་ཉེན་མི་འགྱུར། །བད་ཀན་ཅན་གྱིས་དྲོ་བ་ལ། །སྤྱོད་དང་ནས་དང་གྲོ་ཡི་ཟན། །སྐམ་སའི་སྲོག་ཆགས་ཤ་དང་ནི། །ན་ལེ་ཤམ་དང་བཅས་ཆང་བཏུང༌། །ཞེས་བྱ་བའི་བར་རྒྱས་པར་བཤད་པ་ཡིན་ནོ། །དེ་


DTG201_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རླུང་ནད་ལ་ཕན་ཆང༌། །ཕལ་ཆེར་ཟན་ཆང་བུ་རམ་ཆང༌། །མཁྲིས་པ་རྒུན་ཆང་ཆུ་དང་བཅས། །བད་ཀན་ཆང་རྙིང་སྦྲང་རྒུན་ཆང༌། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་ནད་ལ་ནི། ཕལ་ཆེར་འབྲས་ལ་སོགས་པ་ཕྱེར་བཏགས་པ་ལས་ཟན་དུ་བྱས་པའི་ཆང་དང་བུ་རམ་ལས་བྱས་པའི་ཆང་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ནི། རྒུན་ཆང་ཆུ་དང་བཅས་པ་བླུད་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ཆང་ནད་ལ་ནི་ཆང་རྙིང་པ་དང་སྦྲང་ཆང་རྒུན་ཆང་ཕན་ནོ། །བད་ཀན་ཅན་གྱིས་དང་པོར་བཏུང༌། །མཁྲིས་པ་ཅན་གྱིས་ཟོས་རྗེས་བཏུབ། རླུང་ཅན་གྱིས་ནི་བར་དུ་བཏུང༌། །ནད་གཞི་མཉམ་པས་ཅི་དགར་བཏུང༌། །ཞེས་བྱ་བ་ལ། བད་ཀན་ཅན་གྱི་སྐྱེས་བུས་ནི། ཟས་ཀྱི་དང་པོར་ཆང་བཏུང་བར་བྱའོ། །མཁྲིས་པ་ཤས་ཆེ་བའི་སྐྱེས་བུས་ནི་ཟས་ཟོས་པའི་རྗེས་ལ་ཆང་བཏུང་བར་བྱའོ། །རླུང་གི་ཤས་ཆེ་བའི་སྐྱེས་བུས་ནི། ཟས་ཀྱི་བར་དུ་ཆང་བཏུང་བར་བྱའོ། །ནད་གཞི་མཉམ་ཞིང་སྙོམས་པས་ནི། ཟས་ཀྱི་ཐོག་མའམ། བར་རམ་ཐ་མར་ཅི་དགར་བཏུང་བར་བྱའོ། །མྱོས་དང་བརྒྱལ་ལ་ཕལ་ཆེར་ནི། །རླུང་དང་མཁྲིས་པ་སེལ་ལས་བསྔགས། །ཞེས་བྱ་བ་ལ། ཆང་དང་ཁྲག་དང་དུག་དང་བཅས་པ་ལས་བྱུང་བའི་མྱོས་པ་དང༌། དེ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་འདུས་པ་ལས་བྱུང་བའི་བརྒྱལ་བ་དེ་ཕལ་ཆེར་དེ་མང་དུ་རླུང་དང་མཁྲིས་པ་འཇོམས་པར་བྱེད་པའི་གསོ་བའི་ལས་བྱ་བ་བསྔགས་ཤིང་ཕན་པ་ཡིན་ནོ། །ཐམས་ཅད་ལ་ཡང་ཁྱད་པར་དུ། །མཁྲིས་པ་ཤས་ཆེར་ཤེས་པར་བྱ། །ཞེས་བྱ་བ་ལ། ཆང་ནད་ཐམས་ཅད་དང་བརྒྱལ་བ་ལ་ནི་ཁྱད་པར་དུ་མཁྲིས་པ་ཤས་ཆེ་བ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ནི། བསྐུ་བྱུག་བསིལ་དང་ནོར་བུ་དང༌། །ཆུས་གཏོར་རླུང་ཡབ་ཀྱིས་གཡབ་བྱེད། །ཅེས་བྱ་བ་ཡིན་ཏེ། མྱོས་པ་དང་བརྒྱལ་བ་ཐམས་ཅད་ལྡེ་གུའི་བསིལ་བས་བསྐུ་ཞིང་བྱུག་པ་དང༌། དེ་བཞིན་དུ་ནོར་བུ་རང་བཞིན་གྱིས་བསིལ་བ་བརླན་ཞིང་གདགས་པ་དང༌། ཆུ་བསིལ་བས་གཏོར་བ་དང༌། རླུང་ཡབ་ཀྱིས་གཡབ་པར་བྱའོ། །ཁ་ར་རྒུན་འབྲུ་བུ་རམ་ཤིང༌། །འབྲ་


DTG201_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཏང་པ་ལ་ཁུ་བ་དང༌། །མངར་བའི་སྡེ་བསྐོལ་འོ་མ་ཁུ། །ཡུ་ཤ་སེའུ་འབྲུར་བཅས་པ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་ཁ་ར་དཀར་པོ་སྦྱིན་པར་བྱ་བ་དང༌། དེ་བཞིན་དུ་རྒུན་འབྲུ་ལ་སོགས་པའི་ཁུ་བ་དང༌། དེ་བཞིན་དུ་མངར་བའི་སྡེ་ཚན་དང། བསྐོལ་བའི་འོ་མ་དང༌། དེ་བཞིན་ཤ་ཁུ་དང༌། ཡུ་ཤ་སེའུ་འབྲུ་དང་བཅས་པ་བླུད་པར་བྱའོ། །སཱ་ལུ་རྩ་སྣར་དྲུག་ཅུ་པ། །ནས་དང་འཚོ་བྱེད་སྨན་མར་དང༌། །དགེ་བ་ཆེན་པོ་ཏིག་ཏ་ཆེ། །སྲང་དྲུག་འོ་མ་ཙི་ཏྲར་བཅས། །པི་པི་ལིང་དང་བྲག་ཞུན་ནི། །བཅུད་ཀྱི་ལེན་གྱི་ཆོ་ག་སྦྱིན། །ཞེས་བྱ་བ་ལ། འབྲུ་ལས་འབྲས་སཱ་ལུ་རྩ་སྣར་ཞེས་བྱ་བ་དང༌། དྲུག་ཅུ་པ་དང་ནས་ལས་གཡོས་པ་དག་སྦྱིན་པར་བྱ་ཞིང༌། དེ་བཞིན་དུ་འཚོ་བྱེད་གྱི་སྨན་མར་དང༌། དགེ་བ་ཆེན་པོའི་སྨན་མར་དང༌། ཏིག་ཏ་ཆེན་པོའི་སྨན་མར་དང༌། རོ་དྲུག་པའི་སྨན་མར་དག་ཀྱང་ནད་གཞི་དང༌། ལུས་ཟུངས་ཀྱི་ཚུལ་ལས་དཔགས་ཏེ་སྦྱིན་པར་བྱ་བ་དང༌། དེ་བཞིན་དུ་འོ་མ་ཙི་ཏྲ་ཀ་དང་བཅས་པ་དག་བཅུད་ཀྱིས་ལེན་གྱི་ཆོ་གས་སྦྱིན་པར་བྱ་བ་དང༌། ཡང་ན་པི་པི་ལིང་དང༌། བྲག་ཞུན་དག་བཅུད་ལེན་གྱི་ཆོ་གར་ཇི་སྐད་བཤད་པ་བཞིན་དུ་སྦྱིན་པར་བྱའོ། །ཡང་ན་འབྲས་བུ་གསུམ་མར་དང༌། །སྦྲང་རྩི་ཁ་རར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མྱོས་པ་དང་བརྒྱལ་བའི་ནད་དེ་དག་ལ་འབྲས་བུ་གསུམ་མར་དང༌། སྦྲང་རྩི་ཁ་རར་བཅས་པ་སྦྱིན་པར་བྱའོ། །ཤུགས་དྲག་པ་ལ་ཁ་དང་སྣ། །བཀག་བར་གྱུར་པ་ཕན་པ་ཡིན། །ཞེས་བྱ་བ་ལ། མྱོས་པ་དང་བརྒྱལ་བའི་ཤུགས་དྲག་ཅིང་རྒྱུན་རིང་བ་ལ་ཁ་དང་སྣའི་བུ་ག་ལག་པ་ལ་སོགས་པས་བཀག་ཅིང་རེ་ཞིག་དབུགས་བཀག་ཕ་དག་ཕན་ནོ། །ཡང་ན་བུད་མེད་ནུ་ཞོ་ནི། །བླུད་པའམ་སྣ་ནས་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་དེ་དག་ལ་བུད་མེད་ཀྱི་ནུ་ཞོ་སྣར་བླུགས་པའི་སྣ་སྨན་གཏང་བར་བྱའོ། །པདྨའི་རྩ་སྡོང་པི་པི་ལིང༌། །ཨ་རུ་ར་འམ་གླ་སྒང་ངམ། །བྱི་ཚེར་སྦྲང་རྩིར་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། པདྨའི་རྩ་བ་དང༌། སྡོང་བུ་དང་པི་པི་ལིང་དང༌། ཨ་རུ་ར་སྦྲང་རྩི་དང་སྦྱར་ལ་སྦྱིན་པར་བྱའོ། །གླ་སྒང་


DTG201_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩི་དང་སྦྱར་བའམ། བྱི་ཆེར་བ་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །རྒྱ་ཤུག་ཚི་གུ་ན་ལེ་ཤམ། །ནཱ་ག་གེ་སར་པུ་ཤེལ་ཙེ། །ཆུ་གྲང་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་ནད་དེ་ལ་ན་ལེ་ཤམ་དང༌། རྒྱ་ཤུག་གི་ཚི་གུ་ལ་སོགས་པ་ཆུ་གྲང་ལ་སྦྱར་བ་བླུད་པར་བྱའོ། །སྐྱུ་རུ་ར་ཡི་ཁུ་བའམ། །ཨ་རུ་ར་མར་བསྐོལ་བའང་ཕན། །ཞེས་བྱ་བ་ལ། ཡང་ན་སྐྱུ་རུ་རའི་འབྲས་བུའི་ཁུ་བ་འམ། ཨ་རུ་རའི་ཁུ་བ་དང༌། མར་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཇི་སྐད་བཤད་པའི་བྱ་བ་དག །ནད་གཞིའི་ཤས་ནི་ཇི་བཞིན་སྦྱར། །ཞེས་བྱ་བ་ལ། མྱོས་པ་དང་བརྒྱལ་བའི་ནད་ལ་དམིགས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ཇི་སྐད་བཤད་པའི་གསོ་བ་དག་བྱའོ། །ལས་ནི་རྣམ་ལྔ་བྱ་བ་དང༌། །གཏར་གས་ཁྲག་ནི་དབྱུང་བ་དང༌། །སྙིང་སྟོབས་ཆེ་ཞིང་ཤེས་དང་ལྡན། །ཡུལ་ལ་ཆགས་པ་མེད་པ་ཕན། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ལས་རྣམ་པ་ལྔ་པོ་སྐྱུག་སྨན་དང་བཀྲུ་སྨན་དང་འཇམ་རྩི་མས་གཏོང་བ་དང༌། བཀྲུ་སྨན་དྲག་པོ་མས་གཏོང་བ་དང༌། འགོ་བའི་བཀྲུ་སྨན་ཞེས་བྱ་བ་དག་བྱ་བ་དང་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང༌། སྙིང་སྟོབས་ཆེ་ཞིང་བརྟན་པས་གནས་པ་དང༌། དངོས་པོའི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་དང་ལྡན་པ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང་རོ་དང་རེག་བྱ་ཞེས་བྱ་བའི་ཡུལ་རྣམས་ལ་ཆགས་པ་མེད་ཅིང་བརྐམ་པ་མ་ཡིན་པ་དག་ཀྱང་ཕན་ནོ། །མྱོས་པ་ཤིན་ཏུ་འཕེལ་གྱུར་དང༌། །བརྒྱལ་བར་གྱུར་པ་དག་ལ་ནི། །ཀུན་ཏུ་ཞུགས་པའི་སྨན་རྣོ་དང༌། །དུག་ལས་བྱུང་བ་དུག་སྨན་གཏང༌། །ཞེས་བྱ་བ་ལ། མྱོས་པ་ཤིན་ཏུ་འཕེལ་ཞིང་ལྷག་པར་སྟོབས་ཅན་དུ་གྱུར་པ་དང༌། དེ་བཞིན་དུ་བརྒྱལ་བར་གྱུར་པ་ལ་ནི་ཀུན་ཏུ་ཞུགས་པའི་གསོ་བའི་སྨན་རྣོན་པོ་དག་གཏང་བར་བྱའོ། །དུག་ལས་བྱུང་བའི་མྱོས་ཤིང་བརྒྱལ་བ་ལ་ནི་དུག་སེལ་བའི་སྨན་གྱིས་གསོ་བ་སྦྱར་བར་བྱའོ། །ཀུན་ཏུ་ཞུགས་ལ་རབ་རྣོ་བའི། །སྣ་སྨན་དང་ནི་མིག་སྨན་དང༌། །དུད་བས་བུད་དང་ཁབ་ཀྱིས་ནི། །སེན་མོའི་བར་དུ་གཟུགས་བར་བྱ། །ཞེས་བྱ་བ་ལ། །ཀུན་ཏུ་ཞུགས་པ་ཞེས་བྱ་བའི་བརྒྱལ་ནད་ཞི་བ་དང་འདྲ་བ་ལ་ནི་རབ་ཏུ་རྣོ་བའི་སྣ་སྨན་བཏང་བ་དང༌།


DTG201_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དུད་པ་རྣོན་པོས་བདུགས་པ་དང༌། སྣ་ནས་དུད་པའི་ཕྱེ་མ་བཏང་བ་དང༌། དེ་བཞིན་དུ་ཁབ་ཀྱིས་སེན་མོའི་བར་དུ་གཟུགས་ཤིང་དབུག་པར་བྱའོ། །སྐྲ་འབལ་བསྲེགས་དང་སོས་བཏབ་དང༌། །སྡིག་པ་ཤ་སྦྲང་གཙེས་པ་དང༌། །མཁུར་བར་ཚ་དང་སྐྱུར་བ་གཞུག །ཁ་སྲལ་ཕྲེའུ་བདར་བར་བྱ། །ཞེས་བྱ་བ་ལ། ཡང་ཀུན་ཏུ་ཞུགས་པ་ཞེས་བྱ་བའི་ནད་དེ་ལ་སྐྲ་འབལ་ཞིང་འབྱིལ་བར་བྱ་བ་དང༌། མེས་བསྲེགས་པ་དང༌། སོས་བཏབ་པ་དང༌། སྲོག་ཆགས་སྡིག་པ་དང༌། ཤ་སྦྲང་འཚེ་ཞིང་ཟར་གཞུག་པ་དང༌། མཁུར་བའི་ནང་དུ་སྒེའུ་གཤེར་གྱི་ཁུ་བ་ལ་སོགས་པ་ཚ་བ་དང༌། སྐྱུར་རྩི་ཆེན་པོའི་ཁུ་བ་དང༌། ཚ་བ་དང༌། དར་བ་དང༌། སིངས་པོ་ལ་སོགས་པའི་སྐྱུར་བ་གཞུག་པ་དང༌། ཁ་སྲལ་ཕྲེའུ་ཨད་མ་ཀུབ་ཏ་ཞེས་བྱ་བ་ལུས་ཀྱི་ཡན་ལག་གི་ཕྱོགས་སུ་བདར་བར་བྱའོ། །འདུ་ཤེས་རྙེད་ཅིང་ལྡང་གྱུར་ནས། །སྒོག་སྐྱའི་ཁུ་བ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྨན་རྣོ་བ་ལ་སོགས་པའི་སྦྱོར་བ་རྣོན་པོས་འདུ་ཤེས་རྙེད་ཅིང་ཚོར་བ་ཡོད་པར་གྱུར་པ་དང་སྒོག་སྐྱ་བརྡུངས་ཏེ་བཙིར་བའི་ཁུ་བ་བླུད་པར་བྱའོ། །ཚ་བ་གསུམ་ནི་ལན་ཚྭར་བཅས། །བི་ཛ་པུ་རའི་གེ་སར་སྦྱིན། །ཞེས་བྱ་བ་ལ། ཡང་འདུ་ཤེས་རྙེད་ཅིང་ལྡང་བ་དེ་ལ་བི་ཛ་པུ་ར་ཞེས་བྱ་བ་སྐྱུར་རྩི་ཆེན་པོའི་གེ་སར་ཚ་བ་གསུམ་དང་ལན་ཚྭ་དང་བཅས་པ་སྦྱིན་པར་བྱའོ། །བུ་གའི་རྒྱུན་སྲང་དག་བྱའི་ཕྱིར། །ཟས་ཡང་ཚ་དྲོ་རྣོ་བ་སྦྱིན། །ཞེས་བྱ་བ་ལ། ཡང་འདུ་ཤེས་རྙེད་པ་དེའི་བུ་གའི་རྒྱུན་དག་པར་བྱ་བའི་ཕྱིར། ཁ་ཟས་ཡང་བ་དང༌། ཚ་བ་དང༌། རྣོ་བ་དང༌། དྲོ་བའི་བག་སྦྱིན་པར་བྱའོ། །བརྗེད་པ་དྲན་ཕྱིར་ངོ་མཚར་དང༌། །ཡིད་འོང་ལྟ་དང་ཐོས་པ་དང༌། །གླུ་དང་རོལ་མོ་སྙན་པ་ཡི། །སྒྲ་སྙན་རྩོལ་བ་བྱེད་དུ་གཞུག །སློན་སྨན་བཀྲུ་སྨན་བཏང་དུས་བརྔུབ། །ཁྲག་ནི་དབྱུང་བར་བྱ་བ་དག །རྒྱུན་མི་འཆད་པར་སྤྱད་པར་བྱ། །སེམས་སྟོར་བ་ཡི་རྒྱུ་ལས་ནི། །སླར་ལྡང་འབྲེལ་པའི་འཇིགས་པ་ཡིས། །དེ་ནི་ལེགས་པར་བསྲུང་བར་བྱ། །ཞེས་བྱ་བ་ལ། འདས་པའི་དོན་བརྗེད་པར་གྱུར་པ་དེ་སླར་དྲན་པར་བྱ་བའི་ཕྱིར། ངོ་མཚར་དུ་གྱུར་པའི་རྣམ་པ་བྱ་བ་


DTG201_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡིད་དུ་འོང་བའི་ཡུལ་ལྟ་བ་ཐོས་པར་བྱ་བ་དང༌། གླུ་དང་རོལ་མོའི་སྒྲ་སྙན་ལ་གསང་མཐོ་ཞིང་གསལ་པོ་ཉན་དུ་གཞུག་པ་དང༌། དེ་བཞིན་དུ་ལུས་དུབ་པར་བྱེད་པའི་རྩོལ་བ་བྱེད་དུ་གཞུག་པ་དང༌། སྐྱུག་སྨན་ལ་སོགས་པ་བྱིན་ཞིང་སློན་དུ་གཞུག་པ་ལ་སོགས་པའི་བྱ་བ་དག་གིས་ཀུན་ཏུ་ཞུགས་པའི་ནད་ཞི་བ་དང་འདྲ་བ་དེ་ལ་རྒྱུན་མི་འཆད་པར་སྤྱད་པར་བྱ་ཞིང་གསོ་བར་བྱ་ལ། ཀུན་ཏུ་ཞུགས་པའི་སེམས་སྟོར་ཞིང་མི་དྲན་པ་མུན་པའི་ནང་དུ་ཞུགས་པ་ལྟར་མུན་ཐིབས་ཞེས་བྱེད་པ་དེ་ལས་བསྲུང་ཞིང་གང་གིས་སླར་དེ་ལྡང་བར་མི་འགྱུར་བ་དེ་ལྟ་བུའི་ཚུལ་དུ་དེ་ལེགས་པ་ཉིད་དུ་བསྲུང་བར་བྱའོ། །ཡན་ལག་བརྒྱད་བའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བདུན་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་གཞང་འབྲུམ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་བཤད་པའི་གོ་རིམས་ཀྱིས་ལེའུ་འདི་བརྩམས་སོ། །ཐུན་མོང་དུས་སུ་སྤྲིན་མེད་པར། །གཞང་འབྲུམ་ཅན་རབ་ཉམ་ཆུང་མིན། །ལྟོ་སྦྱངས་ཁ་ཟས་ཡང་ལ་ཉུང༌། །རྗེས་སུ་མཐུན་པ་ཟོས་པ་ལ། །གཙང་བྱས་བདེ་ལེགས་འགྱུར་བར་བྱས། །བཤང་དང་གཅི་བསལ་གནོད་པ་མེད། །ཁྲི་འམ་སྤང་ལེབ་མི་གཞན་གྱི། །པང་པར་ལེགས་བརྟེན་གནས་ནས་ནི། །གན་རྐྱལ་འདུག་ཅིང་རོ་སྟོད་སྨད། །དྲང་འདུག་ཉི་མར་རྐུབ་བསྟན་ལ། །རྐེད་པའི་ཕྱོགས་ནི་བསྟོད་པར་བྱ། །དེ་ནས་བརླ་དང་གཉའ་བར་ནི། །བཅིངས་པའི་གོས་ཀྱིས་བསྡམས་ནས་སུ། །གཟུང་སྟེ་དྲང་པོར་འདུག་པ་ལ། །ནད་གཡོག་གིས་ནི་བཟུང་ནས་སུ། །རྐུབ་ནི་ཞུན་མར་དག་གིས་བསྐུ། །དེ་ནས་མར་གྱིས་བསྐུས་པ་ཡི། །ཆ་སྤྱད་དྲང་པོར་དེར་གཞུག་བྱ། །རྐུབ་ནས་ཕྱོགས་པར་རིམ་གྱིས་གཞུག །ཅེས་བྱ་བ་ལ། ཐུན་མོང་གི་དུས་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ཐ་ཆུངས་དང༌། དཔྱིད་ཟླ་འབྲིང་པོ་ལ་ནམ་མཁའ་སྤྲིན་མེད་པ་དག་གི་ཚེ། གཞང་འབྲུམ་གྱི་ནད་ཀྱིས་གཟིར་བའི་ཤས་ཆེར་ཉམ་ཆུང་བ་མ་ཡིན་པའི་ནད་པ་ལྟོ་སྦྱངས་ཤིང་སྐྱུག་སྨན་བཀྲུ་སྨན་བྱས་པ་ཁ་ཟས་ཡང་བ་ལས་ཉུང་ཤས་ཅིག་ཟོས་པ་སྟེ། རང་བཞིན་གྱིས་ཡང་


DTG201_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཚད་ཆུང་བ་དང་ལྡན་པར་བཟའ་ཞིང་རླུང་དང་བཤང་བ་རྗེས་སུ་མཐུན་པར་རྒྱུ་ཞིང་ན་བར་བྱེད་པ་ཟོས་པ་དང༌། གཙང་ཞིང་ཁྲུས་བྱས་པ་དང༌། བདེ་ལེགས་སུ་འགྱུར་བའི་ཆོ་ག་དགེ་སྦྱོང་དང༌། བྲམ་ཟེ་ཤིས་པ་བརྗོད་ཅིང༌། བཀྲ་ཤིས་ཀྱི་ཆོ་ག་བརྗོད་པས་བཤང་བ་དང་གཅི་བ་བསལ་ཞིང་དོར་བའི་ནད་པ་དེ་ཁྲིའམ་སྤང་ལེབ་བམ། མི་གཞན་གྱི་པང་པར་ལེགས་པར་བརྟེན་ཏེ་གནས་པ་རོ་སྟོད་གན་རྐྱལ་དུ་འདུག་ཅིང༌། ཡིད་ཙམ་སྨད་ལ་ཉི་མའི་ཐད་ཀར་རྐུབ་བསྟན་ཏེ། རྐེད་པའི་ཕྱོགས་ལེགས་པར་བསྟོད་དེ་གཞག་པར་བྱའོ། །དེ་ནས་དེའི་འོག་ཏུ་འཆིང་བའི་རས་ཀྱིས་བརླ་གཉིས་དང༌། གཉའ་བའི་བར་དུ་ལེགས་པར་བསྡམས་ཤིང་བཅིངས་ནས། དྲང་པོར་འདུག་པར་གྱུར་པ་དེ་བཞིན་དུ་ནད་གཡོག་མཁས་པས་དམ་དུ་བཟུང་ནས། དེའི་འོག་ཏུ་རྐུབ་ཀྱི་ཕྱོགས་ཞུན་མར་གྱིས་ལེགས་པར་བསྐུས་ལ། དེ་ནས་དེའི་འོག་ཏུ་ཆ་སྤྱད་ཀྱང་མར་གྱིས་བསྐུས་ལ། དྲང་ཞིང་གཞུག་བདེར་བྱས་ནས་རྐུབ་ཕྱོགས་དེར་གཞུག་པར་བྱ་ཞིང་རིམ་གྱིས་ནང་དུ་ཆུད་པར་བྱའོ། །དེ་ནས་འབྱུང་འགྱུར་མཐོང་བ་དང༌། །ཆ་སྤྱད་ཆུད་པར་ཤེས་གྱུར་ནས། །གཞང་འབྲུམ་ཐུར་མ་གོས་གཤེར་བས། །སྨན་པས་ལེགས་པར་བཙིར་ནས་ནི། །ཇི་སྐད་བཤད་པའི་ཆོ་ག་ཡིས། །རླན་ཅན་ཐལ་སྨན་བསྲེག་ཅིག་ཤོས། །ཐལ་སྨན་རྣོན་པོའི་མེ་ཡིས་བསྲེག །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རྐུབ་ཏུ་གཞུག་པའི་ཆ་སྤྱད་ཀྱིས་གཞང་འབྲུམ་བཏེག་སྟེ་སྣང་བར་གྱུར་པ་དང༌། ཕྱིར་ཕྱུང་བ་དེ་ལས་གཞང་འབྲུམ་གྱི་ཆ་སྤྱད་ནང་དུ་ལེགས་པར་ཆུད་པ་ཡིན་པར་ཤེས་ནས། རས་མ་འཇམ་པོ་རློན་པས་དཀྲིས་པའི་ཐུར་མས་བཙིར་ལ། མདོའི་གནས་ནས་ཇི་སྐད་བཤད་པའི་ཆོ་གས་གཞང་འབྲུམ་གཤེར་ཞིང་རླན་ཡོད་པ་ནི་ཐལ་སྨན་རྣོན་པོ་ཉིད་ཀྱིས་བསྲེག་པར་བྱས་ལ། ཅིག་ཤོས་དེ་གཞང་འབྲུམ་སྐམ་པོ་དག་ནི་ཐལ་སྨན་རྣོན་པོའམ་མེས་ཉེ་བར་བསྲེག་པར་བྱའོ། །སྟོབས་ལྡན་ཆེ་བ་བཅད་དེ་བསྲེག །ཅེས་བྱ་བ་ལ། ནད་པ་ཉམས་སྟོབས་དང་ལྡན་ཞིང་གཞང་འབྲུམ་ཆེ་བ་ཡིན་ན་བཅད་ལ་བསྲེག་པར་བྱའོ། །དེ་ནས་ཆ་སྤྱད་ཕྱུང་ནས་ནི། །ནད་པའི་རྐུབ་དང་རོ་


DTG201_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་བསྐུ། །སྣུམ་གྱི་ནང་དུ་འབྱིང་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ཆ་སྤྱད་ཕྱུང་ཞིང་བསལ་ལ། ནད་པ་དེའི་རྐུབ་དང༌། རོ་སྨད་ཀྱི་ཕྱོགས་སྣུམ་གྱིས་བསྐུས་ལ། དེའི་འོག་ཏུ་སྣུམ་གྱིས་གང་བའི་སྣོད་ཀྱི་ནང་དུ་ནད་པ་དེའི་སྨད་སྤྱིངས་ཤིང་ནུབ་པར་བྱའོ། །དེ་ལྟར་ཞག་ནི་བདུན་བདུན་ཞིང༌། །རེ་རེ་ཉེ་བར་བཅོས་པར་བྱ། །ཞེས་བྱ་བ་ལ། རྣམ་པ་འདིས་ཚུལ་འདི་ལྟར་གཞང་འབྲུམ་རེ་རེ་གཅད་པར་བྱ་ཞིང་གསོ་བར་བྱའི། ཅིག་ཅར་ཐམས་ཅད་བཅད་ཅིང་གསོ་བར་ནི་མི་བྱའོ། །དེ་ནས་རླུང་མེད་ཁང་པར་ནི། །བཞག་ལ་སྤྱོད་པ་བསྟེན་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་མེད་པའི་ཁང་པར་གནས་པའི་ནད་པ་དེ་ལ་ཀུན་ཏུ་སྤྱད་པའི་ཆོ་ག་བསྟན་ཅིང་བསླབ་པར་བྱའོ། །གཞང་འབྲུམ་མང་ལ་དང་པོར་གཡས། །དེ་ནས་གཡོན་བསལ་དེ་འོག་རྒྱབ། །ཅེས་བྱ་བ་ལ། ནད་པ་གཞང་འབྲུམ་མང་པོ་ཡོད་པ་ལ། དང་པོར་གཡས་ན་ཡོད་པའི་གཞང་འབྲུམ་བསལ་ཞིང་གསོ་བར་བྱའོ། །དེ་ནས་གཡོན་ལ་སོགས་པ་རྒྱབ་ཀྱི་དང་པོར་སྐྱེས་པ་དེ་བསལ་ཞིང་གསོ་བར་བྱ་སྟེ། གལ་ཏེ་ཉིན་གཅིག་ལ་ཐམས་ཅད་བསྲེགས་པར་གྱུར་ན། སྦྱོར་བ་དྲག་པར་བཤད་པའི་ཉེས་པར་འགྱུར་རོ། །གཞང་འབྲུམ་མང་པོ་བསྲེགས་ལེགས་ན། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང༌། །ཁ་ཟས་འདོད་ཅིང་མེ་དྲོད་སྐྱེད། །བདེར་གནས་སྟོབས་དང་ཁ་དོག་སྐྱེད། །ཅེས་བྱ་བ་ལ། གཞང་འབྲུམ་མང་པོ་ཡོད་པའི་གཞང་འབྲུམ་དེ་བསྲེགས་པ་དང༌། བཅོས་པའི་སྦྱོར་བ་ལེགས་པར་གྱུར་ན། རླུང་བདེ་བར་རྒྱུ་ཞིང་ལུགས་སུ་འབྱུང་བར་བྱེད་པ་དང༌། ཁ་ཟས་ལེན་ཅིང་འདོད་པ་དང༌། ཕོ་བའི་མེ་དྲོད་སྐྱེད་པ་དང༌། ཇི་སྐད་བཤད་པའི་བླ་བརྣན་ལ་སོགས་པའི་ནད་ཀྱི་འཚེ་བ་དང་བྲལ་བས་བདེ་བར་གནས་པ་དང༌། སྟོབས་དང་ཁ་དོག་གཉིས་སྐྱེ་ཞིང་རྒྱས་པར་འགྱུར་རོ། །ཆུ་སོ་གཟེར་གྱིས་བཏབ་པ་ལ། །བ་སྤྲུ་བ་དང་རུ་རྟ་དང༌། །གན་དྷ་མུ་ར་ཨ་ཀ་རུ། །ཤ་ཏ་པུཥྤ་ཐང་ཤིང་རྣམས། །ཞིབ་ཏུ་བཏགས་པའི་ལྡེ་གུ་ཡིས། །ལྟེ་བ་མན་ཆད་བསྐུ་བར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་ཅན་གྱི་ནད་པ་ཆུ་སོ་གཟེར་གྱིས་བཏབ་པ་ལ་བ་སྤྲུ་བ་མེ་ཏོག་དམར་པོ་ཅན་བ་ཤ་བུ་ཞེས་


DTG201_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། རུ་རྟ་དང༌། གན་དྷ་མུ་ར་ཞེས་བྱ་བ་དྲི་བཟངས་ལ་སོགས་པའི་སྨན་ཞིབ་ཏུ་བཏགས་པའི་ལྡེ་གུས་ལྟེ་བ་མན་ཆད་དུ་བསྐུ་བར་བྱའོ། །བཤང་དང་གཅི་བ་འགགས་གྱུར་ལ། ཨ་ལམ་བུ་ས་བ་ར་ན། །བ་སྤྲུ་གཟེ་མ་ཨེ་རཎྜ། །ཨ་ཟ་གན་དྷ་མུ་ར་རྣམས། །བསྐོལ་བ་དྲོ་འཇམ་བྱས་པ་ཡིས། །བླུགས་དང་འབྱིང་བའི་སྦྱོར་བ་བྱ། །ཞེས་བྱ་བ་ལ། བཤང་བ་དང་གཅི་བ་འགགས་ཤིང་མི་འབྱུང་བར་བྱེད་པ་ལ། ཨ་ལམ་བུ་ལ་སོགས་པའི་སྨན་བསྐོལ་བའི་ཆུ་ལུས་ལ་བླུགས་པའམ་བྱིང་བའི་སྦྱོར་བ་བྱ་ཞིང༌། རྒྱབ་དང༌། རྐེད་པ་དང་བཤང་སྒོ་སྣུམ་གྱིས་ལེགས་པར་བྱུགས་པར་བྱའོ། །ཡང་ན་འོ་མ་སྣུམ་བཅས་པ། །རླུང་སེལ་སྨན་བསྐོལ་ཏིལ་མར་སྦྱར། །ཞེས་བྱ་བ་ལ། བཤང་བ་དང་གཅི་བ་འགགས་པར་གྱུར་པ་ལ་འོ་མ་སྣུམ་དང་བཅས་པའམ། རླུང་སེལ་བའི་སྨན་དང༌། བསྐོལ་བའི་ཏིལ་མར་གྱིས་ལུས་ལ་བླུགས་པ་དང༌། ལུས་བྱིང་བའི་སྦྱོར་བ་བྱའོ། །ཟས་ནི་བཤང་བ་སླ་བྱེད་ཅིང༌། །སྣུམ་དང་རླུང་འཇོམས་དྲོད་སྐྱེད་སྦྱིན། །ཞེས་བྱ་བ་ལ། གཞང་འབྲུམ་བསྲེགས་པར་གྱུར་ནས་བཤང་བ་སླ་བར་བྱ་བའི་ཕྱིར་ཁ་ཟས་ནས་ལ་སོགས་པའི་ཟན་དུར་བྱིད་དང༌། རྒྱ་སྣེའུའི་ཚོད་མ་དང་བཅས་པ་ཞོ་ག་ཆུ་ལ་སོགས་པ་དང་ལྡན་པའི་འབྲས་ཆན་སྦྱིན་པར་བྱ་བ་དང༌། དེ་བཞིན་དུ་སྣུམ་གྱི་སྦྱོར་བ་དག་གིས་ཀྱང་རླུང་བསྲུང་ཞིང༌། མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར་འཇོམས་པའི་སྨན་དང༌། མེ་དྲོད་སྐྱེད་པར་བྱེད་པའི་སྨན་དང་སྦྱར་བ་དག་རླུང་ནད་བསལ་ཞིང་ལུས་རྒྱས་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །དེ་ནས་བསྲེག་པར་མི་བྱ་ཞིང༌། །བད་ཀན་རླུང་སྐྱེས་ཕྱིར་བྱུང་བ། །འགགས་ཤིང་གཡའ་ལ་ན་ཞིང་སྐྲང༌། །གཞང་འབྲུམ་བསྐུ་པ་བྱས་ནས་ནི། །བིལ་བའི་རྩ་བ་ཙི་ཏྲ་ཀ །ཐལ་སྨན་རུ་རྟ་བསྐོལ་བ་ཡི། །ཏིལ་མར་བླུགས་པའམ་སྦྲུལ་བྱི་ལ། །རྔ་མོ་ཕག་རྒོད་ཞག་གིས་བྱུག །ཅེས་བྱ་བ་ལ། དེ་ནས་བསྲེག་པར་མི་བྱ་ཞིང་བཀག་པ་དང༌། གཞང་འབྲུམ་བད་ཀན་དང་རླུང་ལས་སྐྱེས་པའི་ཕྱིར་འབྱུང་བར་གྱུར་པ་དང༌། དེ་བཞིན་དུ་འགགས་ཤིང་གཡའ་བ་དང༌། ན་ཞིང་སྐྲང་པ་དག་ནི་དང་པོར་བསྐུ་བྱུག་བྱས་ནས། བིལ་བའི་རྩ་བ་ལ་


DTG201_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་བསྐོལ་བའི་ཏིལ་མར་བླུགས་པར་བྱ་བའམ། ཡང་ན་སྤྲུལ་དང་བྱི་བ་ལ་སོགས་པའི་ཞག་གིས་དེ་ལ་བླུགས་ཤིང་བསྐུ་བར་བྱའོ། །དེ་རྗེས་རླན་དུགས་ཀྱིས་དུགས་བྱ། །ཡང་ན་གཤེར་དུགས་སྤྱད་པར་བྱ། །ཡང་ན་ཟན་ནི་ཏིལ་མར་དང༌། །ཞུན་མར་སྣུམ་བཅས་གྱིས་དུགས་བྱ། །ར་སྣ་ཧ་པུ་ཤ་དག་གམ། །ཤི་ཀྲུའི་ལོ་མའི་གོང་པོས་བྱ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་གཞང་འབྲུམ་ལ། དེ་ལྟར་སྣུམ་བླུགས་པའི་རྗེས་ལ་རླན་པའི་དུགས་སམ། ཆུའི་གཤེར་དུགས་ཀྱི་ལེའུ་ལས་བཤད་པས་དུགས་བྱའོ། །དྲང་སྲོང་ཙ་ར་ཀས་རླན་པའི་དུགས་བཤད་པ་ནི། ཏིལ་དང་མ་ཤ་རྒྱ་སྲན་ཟན། །མར་དང་ཏིལ་མར་འབྲས་ཆན་ཤ་།ཀྲི་ས་ར་དང་ཤ་སློན་ནི། །རླན་པས་དུགས་སུ་སྦྱར་བར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལ་གཤེར་དུགས་ནི་ཡུང་བ་དང༌། པོ་སོན་ཆ་དང༌། བ་གཅིན་ལ་སོགས་པ་བསྐོལ་བ་ལས་སྦྱར་བར་བྱའོ། །ཡང་ན་ནས་ཟན་ཏིལ་མར་དང་ཞུན་མར་གྱི་སྣུམ་དང་སྦྱར་བའི་ཟན་དུགས་བྱའོ། །ཡང་ན་ར་སྣ་བཏགས་པའི་གོང་པོ་འམ། ཧ་པུ་ཤའི་གོང་བུའམ། ཤི་ཀྲུའི་ལོ་མའི་གོང་པོས་རླན་པའི་དུགས་བྱའོ། །འདི་དག་ལ་ཡང་ཏིལ་མར་དང༌། ཞུན་མར་གྱི་སྣུམ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །ཨརྒའི་རྩ་བ་ཤལ་མ་ལིའི། །ལོ་མ་མི་སྐྲ་སྦྲུལ་ལྤགས་དང༌། །བྱི་ལའི་པགས་པ་མར་སྦྱར་བའི། །དུད་བདུགས་གཞང་འབྲུམ་དག་ལ་ཕན། །ཞེས་བྱ་བ་ལ། ཡང་གཞང་འབྲུམ་གྱི་ནད་ལ་ཤིང་ཨརྒའི་རྩ་བ་དང། ཤལ་མ་ལིའི་ལོ་མ་དང༌། མི་སྐྲ་སྤྲུལ་གྱི་པགས་པ་དང༌། བྱི་ལའི་པགས་པ་དང་མར་སྦྱར་བའི་ལྡེ་གུ་བསྐམས་པའི་དུད་པས་བདུགས་ན་ཡང་ཕན་པ་ཡིན་ནོ། །ཨ་ཤྭ་གནྡྷ་བྲི་ཧ་ཏི། །བྱིའུ་རུག་པི་པི་ལིང་མར་སྦྱར། །ཞེས་བྱ་བ་ལ། དེ་བཞིན་དུ་ཨ་ཤྭ་གནྡྷ་ལ་སོགས་པ་སྦྱར་བའི་དུད་པས་བདུགས་ན་ཡང་གཞང་འབྲུམ་གྱི་ནད་ལ་ཕན་ནོ། །ཀུ་བ་ཁ་བོའི་ས་བོན་དང༌། །ཡལ་ག་འཇམ་པོར་རང་སྐྱུར་སྦྱར། །ལྡེ་གུ་གྲི་བ་མར་བསྐམས་པ་ཡི། །རེང་བུ་རྐུབ་བཅུག་གཞང་འབྲུམ་འཇིག །ཅེས་བྱ་བ་ལ། ཀུ་བ་ཁ་བོའི་ས་བོན་དང༌། དེའི་ཡལ་ག་འཕྲོས་


DTG201_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇམ་པོ་དེ་རང་སྐྱུར་ཀན་ཛི་དང་སྦྱར་ཞིང་ལྡེ་གུས་བཏགས་པ་འཇམ་པོ་དེ་གྲིབ་བསྐམ་བྱས་པའི་རེང་བུ་རྐུབ་ཀྱི་ནང་དུ་བཅུག་ན་གཞང་འབྲུམ་འཇིག་ཅིང་འབྲུལ་བར་བྱེད་པ་ཡིན་ནོ། །ཀུ་བ་ཁ་བོ་ཡལ་ག་རྩ། །ཐལ་སྨན་བཅས་པའི་ལྡེ་གུ་ནི། །འོལ་མ་སེ་དང་སུ་ར་ན། །བུམ་ཤ་ཡི་ནི་ས་བོན་ལས། །རེང་བུར་བྱས་པ་དེ་དང་འདྲ། །ཞེས་བྱ་བ་ལ། ཀུ་བ་ཁ་བོ་ཡལ་ག་དང་རྩ་བ་དང་བཅས་པ་ལྡེ་གུར་སྦྱར་ལ། ལྡེ་གུ་དེ་ཐལ་སྨན་རྣོན་པོ་དང་བཅས་པའི་རེང་བུ་རྐུབ་ཀྱི་ནང་དུ་བཅུག་ན་ཡང་ཡོན་ཏན་དེ་དང་འདྲ་སྟེ། གཞང་འབྲུམ་འབྲུལ་བར་བྱེད་པ་ཡིན་ནོ། །སུ་དྷཱ་ཀྵི་ར་ཡུང་ལྡེ་གུ། །ཞེས་བྱ་བ་ལ། སུ་དྷཱ་ཀྵི་ར་དང་ཡུང་བ་ལྡེ་གུར་བྱས་པའི་རེང་བུ་རྐུབ་ཀྱི་ནང་དུ་བཅུག་ན་ཡང་བསྔགས་པ་ཡིན་ནོ། །ཁྱིམ་བྱའི་རྟུག་པ་པི་པི་ལིང༌། །ཡུང་དང་འོལ་མ་སེ་དག་ནི། །བ་གཅིན་བཏགས་པའང་དེ་དང་འདྲ། །ཞེས་བྱ་བ་ལ། དེ་བཞིན་དུ་ཁྱིམ་བྱའི་རྟུག་པ་ལ་སོགས་པ་བ་གཅིན་དང་བཏགས་ཏེ་ལྡེ་གུར་བྱས་པ་རྐུབ་ཏུ་བཅུག་ན་ཡོན་ཏན་གོང་མ་དང་འདྲའོ། །སྣུ་ཧའི་འོ་མ་ར་བཏགས་ཤུ་དག །ཏ་མ་ལ་རུས་པྲི་ཡང་ཀུ་།རྣམ་རྒྱལ་ཀར་ག་ཏ་སྲིང་གི །རུ་རྟ་སྤངས་མ་གོ་བྱེ་དང༌། །ཤི་ཀྲུ་ལ་ཕུག་ས་བོན་དང༌། །ནིམ་པ་ཀ་ར་བཱི་རའི་ལོ། །པི་པི་ལིང་གི་རྩ་བ་དང༌། །བིལ་རྩ་ཤིང་ཀུན་བཅས་པའམ། །ཞེས་བྱ་བ་ལ། དེ་བཞིན་དུ་ཤུ་དག་ལ་སོགས་པའི་སྨན་སྣུ་ཧ་ཞེས་བྱ་བ་ཤིང་སུ་དྷཱའི་འོ་མ་དང་བཏགས་པའི་ལྡེ་གུས་བསྐུས་ན་ཡང་གཞང་འབྲུམ་འཇིག་པར་འགྱུར་རོ། །རྣམ་རྒྱལ་ནི་ཨ་རུ་ར་རྣམ་པར་རྒྱལ་བའོ། །གོ་བྱེ་ནི་བསེ་ཤིང་གི་འབྲས་བུའོ། །ཤི་ཀྲུ་དང་ལ་ཕུག་གི་ས་བོན་དང་སྦྱར་རོ། །ནིམ་པ་དང་ཀ་ར་བཱི་རའི་ལོ་མ་གཞུག་གོ །པི་པི་ལིང་དང་བིལ་བ་ནི་རྩ་བ་གཞུག་ཅིང་སྨན་འདི་དག་ཤིང་ཀུན་དང་བཅས་པར་སྦྱར་བའི་ལྡེ་གུས་བསྐུས་ན་ཕན་ནོ། །རུ་རྟ་ཤྲི་ཤའི་ས་བོན་དང། །རྒྱམ་ཚ་བུ་རམ་པི་པི་ལིང༌། །ཞེས་བྱ་བ་ལ། ཡང་ན་རུ་རྟ་ལ་སོགས་པའི་ལྡེ་གུས་ཡང་གཞང་འབྲུམ་ལ་སོགས་པ་འཇིག་པར་བྱེད་པ་ཡིན་ནོ། །ཨརྒ་སྣུ་ཧའི་འོ་མ་དང༌། །འབྲས་བུ་གསུམ་གྱི་ལྡེ་གུས་བསྐུ། །ཨརྒའི་འོ་མ་སྣུ་ཧའི་སྡོང༌། །ཀུ་བ་ཁ་བོའི་འདབ་མ་


DTG201_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཀ་རཉྫ་དང་ར་ཐུག་གཅིན། །ལྡེ་གུས་གཞང་འབྲུམ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཡང་ཤིང་ཨརྒའི་འོ་མ་དང༌། ཤིང་སྣུ་ཧའི་སྡོང་བོ་དང༌། ཀུ་བ་ཁ་བོའི་འདབ་མ་དང༌། ཀ་རཉྫ་དང་ར་ཐུག་གི་གཅིན་དག་བཏགས་ཏེ་ལྡེ་གུར་བྱས་ཏེ། ལྡེ་གུ་དེས་བསྐུས་ན་ཡང་གཞང་འབྲུམ་སེལ་བའི་མཆོག་ཡིན་ནོ། །འཇམ་རྩིའི་སྨན་ནི་པི་པི་ལིང༌། །ལ་སོགས་ལྡེ་གུའང་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཡང་འཇམ་རྩི་བྱ་བའི་སྨན་པི་པི་ལིང་ལ་སོགས་པ་སྟེ། པི་པི་ལིང་དང་པོ་སོན་ཆ་ཞེས་བྱ་བ་ལ་སོགས་པ་འོག་ནས་སྨོས་པའི་སྨན་གྱི་ལྡེ་གུ་བྱས་ཏེ་བསྐུས་ན་ཡང་གཞང་འབྲུམ་ལ་ཕན་ཞིང་བསྔགས་པ་ཡིན་ནོ། །སྨན་འདི་ཉིད་ཀྱིས་ཏིལ་མར་ནི། །བསྐུ་བའི་དོན་དུ་བསྐོལ་བར་བྱ། །ཞེས་བྱ་བ་ལ། བསྐུ་བའི་དོན་དུ་ལྡེ་གུར་བྱས་པའི་སྨན་འདི་དག་ཉིད་ཀྱིས་ཏིལ་མར་བསྐོལ་ལ་བསྐུ་བའི་དོན་གྱི་བྱ་བ་བྱའོ། །དུད་པས་བདུགས་དང་ལྡེ་གུ་ནི། །བསྐུས་པས་གཞང་འབྲུམ་དག་གི་ཁྲག །སོགས་པ་འཛག་པར་བྱེད་འགྱུར་ཏེ། །དེས་ན་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་ལ་ཇི་སྐད་བཤད་པའི་དུད་པས་བདུགས་པ་དང༌། ལྡེ་གུས་བསྐུས་པས་གཞང་འབྲུམ་ནང་དུ་ནད་ཁྲག་སོགས་པ་དེ་འཛག་པར་བྱེད་པར་འགྱུར་ལ། དེ་ལྟར་ནད་ཁྲག་བྱུང་བས་སྐྱེས་བུ་དེ་བདེ་བ་ཉིད་ཐོབ་པར་འགྱུར་རོ། སྐྲངས་ཤིང་འཛག་པར་མ་གྱུར་ན། །སྲ་བ་ལས་ནི་ཁྲག་དབྱུང་སྟེ། །པད་པ་གཙགས་བུ་ཁབ་ཀྱི་ནི། །པིར་གྱིས་ཡང་དང་ཡང་ཁྲག་དབྱུང༌། །ཞེས་བྱ་བ་ལ། གཞང་འབྲུམ་སྐྲངས་པར་གྱུར་ཅིང་སྲ་བ་ལས་ཁྲག་འཛག་པར་མ་གྱུར་ན། སྲིན་བུ་པད་པ་དང༌། གཙགས་བུ་དང༌། ཁབ་མང་པོ་བསྡུས་ཏེ་པིར་ལྟར་བྱས་པ་དག་གིས་ཡང་དང་ཡང་དུ་ཁྲག་དབྱུང་བར་བྱའོ། །བསིལ་དྲོ་སྣུམ་དང་རྩུབ་པ་ཡིས། །ནད་ནི་ཞི་བར་མ་གྱུར་ན། །དེ་ཕྱིར་སྨན་པས་ནད་ཁྲག་ཉིད། །དབྱུང་བ་ལ་ནི་འབད་པར་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་བསིལ་བ་ལ་སོགས་པའི་གསོ་བ་བྱས་སུ་ཟིན་ཀྱང༌། གཞང་འབྲུམ་གྱི་ནད་ཁྲག་དང་བཅས་པར་གྱུར་པས་ཞི་བར་མ་གྱུར་པ་ཡིན་བས་ན། དེའི་ཕྱིར་སྨན་བ་མཁས་པས་ཁྲག་དབྱུང་ཞིང་གཏར་གདབ་པ་ཁོ་ན་ལ་བརྩོན་པར་བྱའོ། །འོ་མ་ཙི་ཏྲ་ཀའི་རྩ་ཕྱེ། །


DTG201_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་ལས་བྱུང་དར་བ་གང༌། །བླུད་ཅིང་དེ་ཉིད་ཀྱི་ཟས་ནི། །བྱིན་ན་གཞང་འབྲུམ་སེལ་བར་འགྱུར། །ཞེས་བྱ་བ་ལ། དར་བ་གང་ལོ་མའི་ནང་དུ་ཙི་ཏྲ་ཀའི་རྩ་བའི་ཕྱེ་མ་བཏབ་པ་བསྲུབས་པ་ལས་བྱུང་བར་གྱུར་པ་དེ་ཉིད་ནད་པ་ལ་བླུད་ཅིང་དར་བ་དེ་ཉིད་ཀྱིས་ཟས་དང་སྦགས་ཏེ་བྱིན་ན་གཞང་འབྲུམ་སེལ་བར་འགྱུར་བ་ཡིན་ནོ། །ཀ་པི་ད་རིའི་རྩ་བའི་ཕྱེ། །དར་བ་སར་པ་བཏབ་པ་བླུད། །ཞུ་ནས་ཕན་པའི་ཟས་བྱིན་ན། །གཞང་འབྲུམ་ནད་ལས་ཐར་བར་འགྱུར། །ཞེས་བྱ་བ་ལ། ཀ་པི་ད་རིའི་རྩ་བའི་ཕྱེ་མ་དར་བ་སར་པའི་ནང་དུ་བཏབ་ནས་བླུད་ནས། དེ་ཞུ་བར་གྱུར་པ་དང༌། དེ་དང་འཕྲོད་པའི་ཁ་ཟས་བྱིན་ན་ཡང་གཞང་འབྲུམ་གྱི་ནད་ལས་ཐར་བར་འགྱུར་རོ། །གཞང་སྐྲང་གཟེར་བཅས་མེ་དྲོད་འབྲི། །སྐྲན་ཅན་ལ་ནི་ཕན་པའི་སྨན། །ཤིང་ཀུན་ལ་སོགས་བླུད་པའམ། །བུ་རམ་ཨ་རུ་ར་སྦྱར་བ། །བྱིན་ནས་དེ་རྗེས་དར་བ་བླུད། །ཅེས་བྱ་བ་ལ། ནད་པ་གཞང་ཁ་སྐྲངས་ཤིང་གློ་བ་དང༌། གཞང་ཁ་གཟེར་བས་ཉེན་ཅིང་མེ་དྲོད་བྲི་བར་གྱུར་ན། སྐྲན་ཅན་ལ་ཕན་པའི་སྨན་རྩི་བོ་ཆེ་ལ་སོགས་པ་བླུད་པར་བྱ་སྟེ། དེ་ནི་འོག་ནས། ཤིང་ཀུན་ཤུ་དག་རྣམ་རྒྱལ་དང༌། །ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །དེ་ལྟར་རྫས་བསྟན་པ་དེ་དག་ཐུག་པའམ། ཐུག་པ་རྐྱང་རྐྱང་པོའམ། ཆང་ངམ་ཆུ་དྲོན་ནམ། དར་བ་གང་ཡང་རུང་བ་ལས་གོམས་པའི་དབང་དུ་བྱས་ཏེ་བླུད་པར་བྱའོ། །ཡང་ན་བུ་རམ་དང་ཨ་རུ་ར་བཅས་པ་བྱིན་ནས། དེའི་འོག་ཏུ་དར་བ་བླུད་པར་བྱའོ། །ཡང་ན་ཨ་རུ་བྱི་དང་ག །དུག་མོ་ཡུངས་ཤུན་ཙི་ཏྲ་ཀ །དར་བ་དང་སྦྱར་བླུ་པའམ། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་ལ་སོགས་པའི་ཕྱེ་མ་དར་བ་དང་སྦྱར་བ་བླུད་པར་བྱའོ། །དུག་མོ་ཡུངས་དང་པི་པི་ལིང༌། །ཙི་ཏྲ་ཀ་དང་སུ་ར་ན། །ཆ་རེས་བསྐྱེད་པ་ཆུ་དྲོན་བླུད། །ཅེས་བྱ་བ་ལ། ཡང་ན་དུག་མོ་ཡུངས་ལ་སོགས་པའི་སྨན་ཆུ་དྲོན་ནམ། དར་བ་བླུད་པར་བྱའོ། །སུ་ར་ན་ནི་སུ་ར་གན་དྷའོ། །ཆ་རེས་བསྐྱེད་པའི་ཚུལ་ནི། དུག་མོ་ཡུངས་ཞོ་གཅིག །པི་པི་ལིང་ཞོ་གཉིས། ཙི་ཏྲ་ཀ་ཞོ་གསུམ། སུར་ན་ཞོ་བཞིར་བྱའོ། །ཡང་ན་ཚ་གསུམ་ལན་ཚྭ་གསུམ། །ཤིང་ཀུན་སྟར་བུ་བཅས་ཆུ་བླུད། །ཅེས་


DTG201_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། ཡང་ན་ཚ་གསུམ་དང་ལན་ཚྭ་གསུམ་ལ་སོགས་པའི་སྨན་ཆུ་དྲོན་པོ་བླུད་པར་བྱའོ། །བིལ་བ་ཀ་པིད་ཏར་བཅས་པའམ། །བཅའ་སྒ་ཁ་རུ་ཚར་བཅས་པའམ། །གོ་བྱེ་ལ་ལ་ཕུད་བཅས་པའི། །སྐྱོ་མ་དེ་ལ་བླུད་པར་བྱ། །ཞེས་བྱ་བ་ལ། བིལ་བ་དང་ཀ་པིད་ཏ་གཉིས་དར་བའི་སྐྱོ་མ་དང་བཅས་པ་བླུད་པར་བྱ་བའམ། བཅའ་སྒ་དང་ཁ་རུ་ཚ་དང་བཅས་པའི་དར་བའི་སྐྱོ་མ་འམ། གོ་བྱེ་དང་བཅས་པའི་དར་བའི་སྐྱོ་མ་འམ། ལ་ལ་ཕུད་དང་བཅས་པའི་དར་བའི་སྐྱོ་མ་བླུད་པར་བྱའོ། །ཡང་ན་ཤིང་ཀུན་སྦ་མའི་འབྲས། །ཙི་ཏྲ་ཀ་དང་དར་བ་སྦྱར། །ཞེས་བྱ་བ་ལ། ཡང་ན་སྦ་མའི་འབྲས་བུ་ཧ་པུ་ཤ་ཞེས་བྱ་བ་དང༌། ཙི་ཏྲ་ཀའི་ཕྱེ་མ་དང་བཅས་པ་བླུད་པར་བྱའོ། །པི་ལུའི་འབྲས་བུ་དར་བར་བཅས། །ཟླ་བ་གཅིག་གི་བར་དུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཤིང་པི་ལུའི་འབྲས་བུ་དར་བར་བཅས་པ་ཟླ་བ་གཅིག་གི་བར་དུ་བྱིན་ན་ཡང་གཞང་འབྲུམ་སེལ་བར་བྱེད་དོ། །ཟས་ཀྱི་སྔོན་ཉིད་རེ་རེ་ཞིང༌། །ཅི་འདོད་པར་ནི་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ཟས་མ་ཟོས་པའི་སྔོན་ཉིད་དུ་ཉི་མ་རེ་རེ་ཞིང་དར་བ་ཇི་ཙམ་འདོད་པར་ཡོག་དྲོད་དུ་བླུད་པར་བྱའོ། །ཤིན་ཏུ་མེ་དྲོད་ཆུང་བ་ལ། །དར་བ་ཁོ་ན་བླུད་པར་བྱ། །ཞེས་བྱ་བ་ལ། ནད་པ་མེ་དྲོད་ཤིན་ཏུ་ཆུང་བ་དག་ལ་ནི་དར་བ་སར་པ་ཆུ་མ་རེག་པ་འབའ་ཞིག་སྦྱིན་པར་བྱའོ། །སྨན་གཞན་དང་བསྲེས་ནས་སྦྱིན་པར་ནི་མི་བྱའོ། །ཉམས་སྟོབས་དུས་དང་གནས་ཤེས་པའི། །སྨན་པ་ཡིས་ནི་དར་བ་དག །ཞག་བདུན་ནམ་ནི་ཞག་བཅུའམ། །ཟླ་བ་ཟླ་གཅིག་བར་དུ་བླུད། །ཅེས་བྱ་བ་ལ། སྨན་པ་ནད་པའི་ཉམས་སྟོབས་ལ་སོགས་པ་ཤེས་པ་དེས་དར་བ་ཞག་བདུན་ནམ་ཟླ་བ་གཅིག་གི་བར་གྱི་དུས་ཚིགས་སུ་སྦྱིན་པར་བྱའོ། །ཡང་ན་ཕྱི་དྲོ་འབྲས་ཡོས་ཀྱི། །ཕྱེ་དང་དར་བའི་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཕྱི་འབྲེད་ཀྱི་དུས་སུ་འབྲས་ཡོས་ཀྱི་ཕྱེ་དང༌། དར་བའི་ལྡེ་གུ་སྦྱར་བ་སྦྱིན་པར་བྱའོ། །དར་བ་ཞུ་ནས་དར་བ་ནི། །ཐུག་པ་རྒྱམ་ཚར་བཅས་པ་བླུད། །ཅེས་བྱ་བ་ལ། དར་བའི་སྐྱོ་མ་ཞུ་བར་གྱུར་ནས་དར་བ་ལས་གཡོས་པའི་ཐུག་པ་ལ་རྒྱམ་ཚ་བཏབ་པ་བླུད་པར་བྱའོ། །དེ་རྗེས་དར་བས་གཡོས་པའི་ཟན། །སྣུམ་ཅན་བྱིན་ལ་དར་


DTG201_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཐུག་པ་བླུད་པའི་རྗེས་ཐོགས་ལ། དར་བ་དང་བསྐོལ་བའི་ཟན་སྣུམ་པོ་དང་བཅས་པ་སྦྱིན་ཞིང༌། དེའི་རྗེས་ལ་སྐོམ་དུ་དར་བ་སར་པ་བླུད་པར་བྱའོ། །ཡུ་ཤའམ་ཤ་ཁུ་དང་བ་ཅན། །སཱ་ལུའི་འབྲས་ཆན་རན་པར་བཟའ། །ཞེས་བྱ་བ་ལ། ཡང་ན་ཡུ་ཤ་ཞེས་བྱ་བ་སྲན་བུ་ལ་དར་བ་བཏབ་པའམ། ཤ་ཁུ་ལ་དར་བ་བཏབ་པའམ། སཱ་ལུའི་འབྲས་ཆན་ཚོད་རན་པར་བཟའ་བར་བྱའོ། །རྩུབ་དང་མར་ཕྱེད་བྱུང་བ་དང༌། །གང་ལས་མར་ནི་མ་ཕྱུང་བ། །དར་བ་ནད་དང་མེ་དྲོད་ཀྱི། །སྟོབས་ལས་དེ་ནི་རྣམ་གསུམ་སྦྱར། །ཞེས་བྱ་བ་ལ། དར་བ་རྩུབ་པ་སྣུམ་མེད་པ་དང༌། ཡང་ན་མར་གྱི་ཕྱེད་བྱུང་བའི་དར་བ་དང༌། དར་བ་གང་ཞིག་ལས་མར་མ་བྱུང་ཞིང་ཕྱེ་མར་མ་བྱས་པ་སྟེ། དར་བ་གསུམ་པོ་དེ་དག་ནི་ནད་པའི་ནད་ཀྱི་ཚུལ་དང༌། མེ་དྲོད་ཀྱི་སྟོབས་ལས་དཔགས་ཏེ་སྦྱིན་པར་བྱའོ། །དར་བས་ལེགས་བཅོམ་གྱུར་པ་ཡིས། །གཞང་འབྲུམ་སླར་ནི་འབྱུང་མི་འགྱུར། །ཞེས་བྱ་བ་ལ། དར་བས་ལེགས་པར་བཅོམ་ཞིང་བསལ་བའི་གཞང་འབྲུམ་ནི་སླར་སྐྱེ་ཞིང་འབྱུང་བར་མི་འགྱུར་རོ། །དེ་བླུགས་གྱུར་ན་རྩ་ཡི་ནི། །ཚོགས་ཀྱང་སྐྱེ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དེ་ཡང་གང་གི་ཕྱིར་དར་བ་དེ་བླུགས་ཤིང་རྒྱུན་དུ་བཏང་བ་ལས་ཀྱང་རྩའི་ཚོགས་སྐྱེ་བར་མི་འགྱུར་གྱི། རྩ་བ་དང་བཅས་པར་འཇིག་པར་བྱེད་དོ། །རྩ་སྦུབས་དར་བས་དག་བྱས་པས། །ལུས་ཟུངས་དངས་མར་གྱུར་པ་གང༌། །དེ་ནི་ཉམས་དགའ་མདོག་དང་སྟོབས། །མཆོག་ཏུ་རྒྱས་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། དར་བས་རྩ་སྦུབས་དག་པར་བྱས་པར་གྱུར་ན། དངས་མ་སྟེ་ཁ་ཟས་ཀྱི་དངས་མ་ཞེས་བྱ་བའི་ལུས་ཟུངས་སུ་གྱུར་ནས་དེ་ཉམས་དགའ་ཞིང་མགུ་བ་དང༌། ཁ་དོག་གི་གཟི་མདངས་དང༌། སྟོབས་ཏེ་ནུས་པ་དང་ལུས་ཟུངས་རྒྱས་པར་གྱུར་པ་དག་མཆོག་ཏུ་སྐྱེ་བར་འགྱུར་རོ། །རླུང་དང་བད་ཀན་དག་གི་ནད། །བརྒྱ་ཕྲག་དར་བ་རྙིང་པས་འཇོམས། །ཞེས་བྱ་བ་ལ། དེ་བཞིན་དུ་རླུང་དང་བད་ཀན་གྱི་ནད་བརྒྱ་ཕྲག་མང་པོ་འཇོམས་པར་འགྱུར་ཏེ། རླུང་དང་བད་ཀན་ལས་གྱུར་པའི་ནད་གང་ཡང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི། བརྒྱ་ཕྲག་ཅེས་བྱ་བའི་སྒྲའི་དོན་ཡིན་ནོ། །གཞང་འབྲུམ་


DTG201_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་པར་འདོད་པ་ཡིས། །ཀཎྜ་ཀ་རིའི་ལྡེ་གུས་བསྐུ། །སྣོད་དུ་དར་བ་སར་པ་ནི། །ནུབ་གཅིག་བཞག་སྟེ་བླུད་པར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་འཇིག་པར་འདོད་པའི་སྐྱེས་བུས་ཀཎྜ་ཀ་རིའི་འབྲས་བུའི་ལྡེ་གུས་རྫ་མའི་སྣོད་བསྐུས་ལ། དེའི་ནང་དུ་དར་བ་ནུབ་གཅིག་བླུགས་ཏེ་བླུད་པར་བྱའོ། །འུ་སུ་ཟི་ར་གོ་སྙོད་དང༌། །པི་པི་ལིང་གཉིས་ཧ་པུ་ཤ །ཤུ་ཏི་པི་པི་ལིང་རྩ་བ། །ལ་ལ་ཕུད་དང་ཙི་ཏྲ་ཀ །ཡ་བ་ན་གིའི་ཕྱེ་མ་དང༌། །དར་བ་སྦྱར་བ་མར་གྱི་སྣོད། །བཞག་པར་གྱུར་པ་དེ་ལས་སྐྱུར། །ཁ་བ་དང་ནི་རབ་སྐྱུར་མིན། །སྐྱུར་དང་ཁ་བ་བྲོ་བར་ནི། །ལྡང་བའི་དར་རྙིང་ཅི་འདོད་བླུད། །དྲོད་སྐྱེད་མདོག་བཟང་ཡི་ག་འབྱེད། །རླུང་དང་བད་ཀན་སེལ་བྱེད་ཅིང༌། །གཞང་སྐྲང་ན་བས་ཉམ་ཐག་པ། །འཇོམས་ཤིང་སྟོབས་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། འུ་སུ་དང་ཟི་ར་སོགས་པ་ཕྱེ་མར་བཏགས་པ་དང༌། དར་བ་ལྷན་ཅིག་མར་གྱི་སྣོད་དུ་བཅུག་སྟེ་བཞག་པར་གྱུར་པ་དེ་མནན་པ་ལས་རབ་ཏུ་སྐྱུར་བར་གྱུར་པ་མ་ཡིན་གྱི། ཅུང་ཟད་སྐྱུར་བར་གྱུར་པའི་དར་བ་རྙིང་པ་སྐྱུར་བ་དང་ཁ་བའི་རོ་ཤས་ཆེར་བསལ་བར་གྱུར་པའི་དར་བ་རྙིང་པ་དེ་ཅི་འདོད་པར་བླུད་པར་བྱས་ན་མེ་དྲོད་སྐྱེད་པར་འགྱུར་བ་དང༌། མདོག་བཟང་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང༌། ཧསྟི་པི་པི་ལིང་ངོ༌། །སྨན་གཞན་ནི་གོ་བར་ཟད་དོ། །ཀྲུ་ཏྲུག་ཏྲེས་ཀྱི་རྩ་བའི་ཤུན། །བཏགས་པའི་ལྡེ་གུས་བུམ་པ་བསྐུ། །དེར་ནི་འོ་མ་དར་བ་བཞག །སྨིན་པའི་གཞང་འབྲུམ་སེལ་བྱེད་བླུད། །ཅེས་བྱ་བ་ལ། ཀྲུ་ཏྲུག་ཏྲེས་ཀྱི་རྩ་བའི་ཤུན་པ་བཏགས་པའི་ལྡེ་གུས་སྣོད་ཀྱི་བུམ་པ་བསྐུས་ལ། དེར་ཞོའམ་དར་བ་བཞག་སྟེ། སྐྱུར་ཞིང་སྨིན་པར་གྱུར་ནས་བླུད་ན་ཡང་གཞང་འབྲུམ་སེལ་བར་འགྱུར་རོ། །ག་བྲའི་རྩ་བ་ཨ་རུ་ར། །སླེ་ཏྲེས་ཚ་བ་ལྔ་དག་ལའང༌། །ཆོ་ག་འདི་ཉིད་སྦྱར་བར་བྱ། །ཞེས་བྱ་བ་ལ། ག་བྲའི་རྩ་བ་ལ་སོགས་པ་བཏགས་པའི་ལྡེ་གུས་ཀྱང་སྤྱོད་བ་དང་ཕན་ཡོན་གོང་མ་དང་འདྲའོ། །པ་ཏ་ཧ་ཏི་པི་པི་ལིང༌། །ཤུ་ཏི་རྩ་བ་ལྔ་གཡེར་མ། །ཟིར་འུ་སུ་བིལ་བའི་རྐང༌། །ཕྱེ་མར་བཏགས་ཏེ་སྦྱར་བར་བྱ། །འབྲས་བུ་སྐྱུར་ཕོ་མར་ཏིལ་མར། །ཡུ་ཤ་ཤ་ཁུ་ཐུག་


DTG201_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་སྨན་ཕྱེ་མར་བཏགས་པ་དང༌། ཐུག་པ་དང་ཡུ་ཤ་དང་ཤ་ཁུ་ལ་སོགས་པ་བྱ་བ་འམ། འབྲས་བུ་སྐྱུར་པོ་སེའུ་འབྲུ་ལ་སོགས་པ་དང༌། མར་དང་ཏིལ་མར་གྱིས་བརྔོས་པ་ལ་ཐུག་པ་ལ་སོགས་པ་བྱའོ། །སྨན་འདི་ཉིད་དང་མར་ཆུ་དང༌། །བསྐོལ་བའང་དྲོད་སྐྱེད་བྱེད་པ་ཡིན། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་གོང་དུ་སྨོས་པ་འདི་དག་ཉིད་དང་ཆུ་བསྐོལ་བ་དག་ཀྱང་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །རིམ་འདི་བཤང་བཟླ་བ་ཡིན། །རྟུག་པ་འགགས་པ་བཤད་བྱ་སྟེ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་རིམ་པ་འདི་ནད་པ་བཤང་བསླ་བར་གྱུར་པའི་སྨན་ཡིན་ཏེ། དེ་ལས་གཞན་རྟུག་པ་འགགས་པ་གསོ་བ་ནི་འདི་མན་ཆད་ནས་སྟོན་པ་ཡིན་ཞེས་བྱ་བའི་དོན་ནོ། །སྣུམ་སོགས་ཟན་དང་ལྡན་པ་ཡི། །ཆང་དངས་ལན་ཚྭ་བཏབ་པ་བླུད། །ཅེས་བྱ་བ་ལ། རྟུག་པ་འགགས་པའི་ནད་ལ་ནི་སྣུམ་ལ་སོགས་པ་ལྡན་པའི་ཟན་དང༌། ཆང་གི་དངས་མ་ལན་ཚྭ་བཏབ་པ་དང་ལྡན་པ་བླུད་པར་བྱའོ། །ཡང་ན་དར་བ་བུ་རམ་ཆང༌། །རང་སྐྱུར་ཆང་དང་ས་ལན་ཚྭར་སྦྱར། །ཞེས་བྱ་བ་ལ། ཡང་རྟུག་པ་འགགས་པས་དར་བ་ལ་སོགས་པ་གང་ཡང་རུང་བ་ལན་ཚྭ་བཏབ་སྟེ་བླུད་པར་བྱའོ། །ཟས་མངར་མར་དང་ཏིལ་མར་གྱིས། །བརྔོས་པའི་ཀ་རཉྩའི་ལོ་མ། །སྟེང་དུ་ཕྱེ་བཏབ་བྱིན་གྱུར་ན། །རླུང་གིས་རྟུག་པ་འགགས་པ་སེལ། །ཞེས་བྱ་བ་ལ། ཡང་ཟས་མ་ཟོས་པའི་སྔོན་དུ་ཀ་རཉྫའི་ལོ་མ་མར་དང་བརྔོས་པ་ལ་ཕྱེ་བཏབ་པ་བྱིན་ན་ཡང་རླུང་གིས་རྟུག་པ་འགགས་པ་སེལ་བར་བྱེད་དོ། །བཅའ་སྒ་བུ་རམ་བཅས་པའམ། །པ་ཏ་བུ་རམ་མར་ལན་ཚྭ། །ཞེས་བྱ་བ་ལ། ཡང་རྟུག་པ་འགགས་པས་བཅའ་སྒ་དང་བུ་རམ་དུ་བཅས་པའམ། ཡང་ན་པ་ཏ་ལ་ལ་སོགས་པ་དང་བཅས་པ་བྱིན་ན་ཕན་ནོ། །བ་གཅིན་ལ་སྦངས་ཨ་རུ་ར། །བུ་རམ་བཅས་པ་བྱིན་པའང་རུང༌། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་བ་གཅིན་གྱི་ནང་དུ་སྦངས་པ་བུ་རམ་དང་བཅས་པ་བྱིན་ན་ཡང་ཕན་ནོ། །ཨ་རུ་ར་ནི་ཉིས་བརྒྱ་གཅིན། །བྲེ་བཅུ་དྲུག་ཏུ་གཅིན་དུའི་བར། །བསྐོལ་བ་སྦྲང་རྩིར་བཅས་པ་དག །གཉིས་གཉིས་ཟོས་ན་བད་ཀན་གྱི། །གཞང་འབྲུམ་


DTG201_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་དང་འོར་ནད་དང༌། །སྐྲན་དང་དམུ་རྫིང་གཅིན་སྙི་འབུ། །རྨེན་བུ་ཤུ་བས་ཁྱབ་ཚོ་ཆེས། །སྐྱ་རྦབ་རླུང་འཁྱིལ་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཡང་ན་ཨ་རུ་ར་རྡོག་མ་ཉིས་བརྒྱ་བ་གཅིན་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་གཅིན་དེ་དུ་བར་གྱུར་པ་དང༌། དེའི་འོག་ཏུ་སྦྲང་རྩི་དང་བཅས་པའི་འོ་མ་ཨ་རུ་ར་གཉིས་གཉིས་ཉིན་རེ་ཟོས་ན་བད་ཀན་ལས་བྱུང་བའི་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཨ་ཟ་སྲིང་གི་རྩ་བ་ཡི། །ལྡེ་གུ་ར་གཅིན་སྦྱར་འཐུང་ཞིང༌། །བུ་རམ་བརྟ་ཀ་ཟོས་ན། །གཞན་འབྲུམ་མྱུར་དུ་འཇིག་པར་འགྱུར། །ཞེས་བྱ་བ་ལ། ཨ་ཟ་སྲིང་གི་བརྟ་སྲིང་གི་ཞེས་བྱ་བར་ཐུག་གི་གཅིན་འདྲ་བའི་སྨན་གང་ཡིན་པ་དེའི་རྩ་བ་ལྡེ་གུར་བཏགས་པར་གཅིན་དང་སྦྱར་ཏེ་འཐུངས་ཤིང་བུ་རམ་དང་བརྟ་ཀ་ཞེས་བྱ་བའི་ཚོད་མ་ཟོས་ན་གཞང་འབྲུམ་མྱུར་དུ་འཇིག་པར་འགྱུར་རོ། །དུར་བྱིད་འབྲས་བུ་གསུམ་ཁུར་སྦྱར། །ཡང་ན་དར་བ་ཨ་རུ་རའམ། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་དང་འབྲས་བུ་གསུམ་བསྐོལ་བའི་ཁུ་བར་སྦྱར་ཏེ་འཐུངས་ན་ཕན་ནོ། །ཡང་ན་དར་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་སྟེ་བྱིན་ན་ཡང་ཕན་ནོ། །པི་པི་ལིང་བཅས་ཨ་རུ་ར། །མར་དང་བརྔོས་པའི་བུ་རམ་བཅས། །ཞེས་བྱ་བ་ལ། ཡང་ན་པི་པི་ལིང་དང་ཨ་རུ་རའི་ཕྱེ་མ་མར་དང་བརྔོས་པའི་བུ་རམ་དང་བཅས་པ་ཟོས་ན་ཡང་རྟུག་པ་འགགས་པ་སེལ་བར་འགྱུར་རོ། །ཡང་ན་དུར་བྱིད་དན་དར་བཅས། །ཟོས་ན་བདེ་བར་འབྱུང་བར་བྱེད། །ཅེས་བྱ་བ་ལ། ཡང་ན་དུར་བྱིད་དང་དན་དར་བཅས་པ་ཟོས་ན་ཡང་རྟུག་པ་འགགས་པ་བདེ་བར་འབྱུང་བར་འགྱུར་རོ། །གཞང་ན་གནས་པའི་ནད་བསལ་ན། །གཞང་འབྲུམ་ཟད་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཞང་ལ་བརྟེན་ཞིང་གནས་པའི་ནད་རྟུག་སྐམ་ལ་སོགས་པ་བསལ་ཞིང་བཅོས་པར་གྱུར་ན་ཡང་གཞང་འབྲུམ་མེད་ཅིང་ཟད་པར་འགྱུར་རོ། །སེའུ་འབྲུའི་ཁུ་བ་ཟི་ར་དང༌། །བཅའ་སྒ་བུ་རམ་ལ་ལ་ཕུད། །པ་ཏ་དང་སྦྱར་དར་བ་ནི། །རླུང་གིས་རྟུག་འགགས་སེལ་བྱེད་ཡིན། །ཞེས་བྱ་བ་ལ། སེའུ་འབྲུ་ལ་སོགས་པ་དང་ལྡན་པའི་དར་བ་ཡང་རླུང་ལས་གྱུར་པའི་རྟུག་པ་འགགས་པ་སེལ་བར་བྱེད་པ་ཡིན་ནོ། །རྒུན་ཆང་ཡང་ན་བུ་རམ་ཆང༌། །བཅའ་སྒ་ཀྲུ་ཏྲུག་ཏྲེས་དང་སྦྱར། །ཡང་ན་ཆང་ནི་


DTG201_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏ་དང༌། །སྤ་འབྲས་ཁ་རུ་ཚར་བཅས་བླུད། །ཅེས་བྱ་བ་ལ། ཡང་ན་རྒུན་ཆང་ངམ། བུ་རམ་ཆང་གང་ཡང་རུང་བ་བཅའ་སྒ་དང་ཙི་ཏྲ་ཀ་གཉིས་དང་ལྡན་པར་བླུད་པའམ། ཡང་ན་ཆར་པ་ཏ་ལ་སོགས་པ་དང་ལྡན་པ་བླུད་ན་ཡང་ཕན་ནོ། །པི་པི་ལིང་ནི་བཅུ་བཅུས་བསྐྱེད། །ཏིལ་ནི་སྲང་ཕྱེད་བཏགས་གྱུར་པ། །འོ་མ་བཅས་འཐུངས་ལུས་སྟོབས་དང༌། །མེ་དྲོད་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། པི་པི་ལིང་རྡོག་མ་བཅུ་བཅུས་བསྐྱེད་པའི་ཏིལ་ནག་པོ་དྲུག་པ་སྲང་ཕྱེད་བཏགས་པ་དེ་པི་པི་ལིང་བསྐྱེད་པའི་ཚུལ་གྱིས་འོ་མ་དཀྲུགས་ཏེ་འཐུངས་ན་ལུས་ཀྱི་ཉམས་སྟོབས་དང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཉིན་ཞག་དང་པོ་ལ་པི་པི་ལིང་བཅུ་དང༌། ཏིལ་སྲང་ཕྱེད་བཏགས་པའི་འོ་མ་དང་བཅས་པ་བླུད་པར་བྱའོ། །དེ་ནས་ཉིན་རེ་ཞིང་པི་པི་ལིང་བཅུ་བཅུ་དང༌། ཏིལ་སྲང་ཕྱེད་ཕྱེད་ཀྱིས་བསྐྱེད་ལ། ཞག་བཅུའི་བར་དུ་འོ་མ་དང་བཅས་པ་བླུད་པར་བྱ་སྟེ། འོ་མའི་ཚད་ནི་རང་ཉིད་ཀྱིས་བརྟག་པར་བྱ་སྟེ། དེའི་ཚད་ནི་ངེས་པ་ཡོད་པ་མ་ཡིན་གྱི། ནད་དང༌། ལྟོ་སྲ་སྙི་དང༌། ཉམས་སྟོབས་དང༌། ཡུལ་དང༌། དུས་གཉིས་ལས་བརྟགས་ཏེ་ཅི་རིགས་བར་བླུད་པར་བྱའོ། །བྱི་ཚེར་བ་དང་བིལ་བ་དང༌། །ལ་ལ་ཕུད་དང་དོང་གྲ་རྣམས། །རེ་རེ་དང་སྦྱར་པ་ཏས་ཀྱང༌། །གཞང་འབྲུམ་ནད་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། པ་ཐ་བྱི་ཚེར་པ་དང་བཅས་པའམ། བིལ་བ་དང་བཅས་པའམ། ལ་ལ་ཕུད་དང་བཅས་པ་དང་དོང་གྲ་སྦྱར་བ་སྟེ། རེ་རེ་དང་སྦྱར་བར་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་གསུམ་གསུམ་མམ་བཞི་ཆར་ཡང་སྦྱར་བའི་པ་ཏས་གཞང་འབྲུམ་གྱི་ནད་གཟེར་བ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང༌། །ཨ་རུ་རའི་ཤུན་བྲེ་ཕྱེད་དང༌། །སྐྱུ་རུ་ར་ནི་བྲེ་གང་དང༌། །ཀ་པིད་ཏ་ནི་སྲང་བཅུ་དང༌། །པི་ཤ་ལ་ནི་སྲང་ལྔ་དང༌། །སེང་ཕྲོམ་ཤིང་ཚ་ན་ལེ་ཤམ། །པི་པི་ལིང་དང་བྱི་དང་ག །སྲང་ནི་གཉིས་གཉིས་ཚད་བྱས་བསྐོལ། །བཞི་ཆ་ལུས་བཙགས་བུ་རམ་ནི། །སྲང་ནི་ཉིས་བརྒྱ་བཅུག་ནས་ནི། །ད་ཏ་ཀི་ནི་བྲེ་གང་བཅུག །མར་གྱི་སྣོད་དུ་བཅུག་ནས་ནི། །ཟླ་ཕྱེད་ནས་ནི་ཆང་སྙིང་འཐུངས། །མེ་དྲོད་སྐྱེད་ཅིང་གཞང་འབྲུམ་དང༌། །ཕོ་ནད་སྐྱ་རྦབ་མཛེ་དམུ་རྫིང༌། །དབྱིག་དུག་རིམས་སྐྲན་མཆིན་ནད་


DTG201_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །སྙིང་ནད་སྐྲན་དང་གཅོང་ཆེན་དང༌། །སློན་དང་སྲིན་བུའི་ནད་རྣམས་འཇོམས། །ཞེས་བྱ་བ་ལ། ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང༌། བ་ཧ་ཞེས་བྱ་བ་དྲོན་བཞིའི་ཚད་ཡོད་དེ། དེ་ལ་ནི་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཡོད་ལ། དེའི་ནང་དུ་ཨ་རུ་རའི་ཤུན་པ་བྲེ་ཕྱེད་དེ་སྐམ་པོ་ཡིན་ན་ནི་སྲང་བརྒྱད་བཅུག་ལ། རློན་པ་ཡིན་ན་སྲང་བཅུ་དྲུག་གཞུག་པར་བྱའོ། །དེ་བཞིན་དུ་སྐྱུ་རུ་ར་བྲེ་གང་ཞེས་བྱ་བ་སྐམ་པོ་ཡིན་ན་ནི་བྲེ་ཕྱེད་དེ་སྲང་བཅུ་དྲུག་བཅུག་ལ། རློན་པ་ཡིན་ན་སྲང་སུམ་ཅུ་རྩ་གཉིས་གཞུག་པར་བྱའོ། །དེ་ཡང་གཞུང་ལས། ཚད་ནི་སྐམ་པོ་ཚད་ཡིན་གྱི། །རློན་དང་གཤེར་ལ་ཉིས་འགྱུར་བྱ། །ཞེས་བཤད་པ་ཡིན་ནོ། །ཀ་པིད་ཏ་ནི་སྐམ་ཡང་རུང༌། རློན་ཡང་རུང་སྟེ། སྲང་བཅུ་གཞུག་པར་བྱའོ། །བི་ཤ་ལ་ནི་ཀ་པིད་ཏའི་ཕྱེད་སྲང་ལྔ་གཞུག་པར་བྱའོ། །སེང་ཕྲོམ་ལ་སོགས་པའི་སྨན་ལྔ་ནི་རེ་རེ་ཞིང་སྲང་གཉིས་གཉིས་གཞུག་པར་བྱའོ། །དེ་དག་བསྐོལ་ལ་བཞི་ཆ་ལུས་པར་གྱུར་པ་དང༌། ཚགས་ཀྱིས་བཙགས་ནས་བུ་རམ་སྲང་ཉིས་བརྒྱ་གཞུག་གོ །ད་ཏ་ཀི་ནི་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ། སྔ་མར་བཅུག་པའི་སྣོད་དུ་བཅུག་ནས། ཆང་ཨ་རི་ས་ཏ་ཞེས་བྱ་བར་གྱུར་པ་དང༌། དེ་འཐུངས་ན་མེ་དྲོད་སྐྱེད་ཅིང་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་པར་འགྱུར་རོ། །ཆུ་བྲེ་བཅུ་དྲུག་ནང་དན་ཏི། །རྩ་བཅུ་འབྲས་གསུམ་ཙི་ཏྲ་ཀ །སྲང་རེ་བསྐོལ་བ་བཞི་ཆ་ལུས། །བུ་རམ་སྲང་བརྒྱད་གཞུག་པར་བྱ། །ཐམས་ཅད་སྔ་མ་དང་འདྲ་ལས། །རྗེས་མཐུན་ཅིག་ཤོས་སེལ་བར་བྱེད། །ཅེས་བྱ་བ་ལ། དན་ཏི་དང༌། རྩ་བ་བཅུ་པ་དང༌། འབྲས་བུ་གསུམ་དང༌། ཙི་ཏྲ་ཀ་སྲང་རེ་རེ། ཆུ་བྲེ་བཅུ་དྲུག་ཅེས་བྱ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ་བཞི་ཆ་ལུས་པ་དང༌། དེ་བཙགས་ནས་བསྒྲངས་ལ་དེའི་ནང་དུ་བུ་རམ་སྲང་བརྒྱད་གཞུག་པར་བྱ་སྟེ། བྱ་བ་གཞན་དག་ནི་སྔར་གྱི་ཨ་རུ་རའི་ཆང་རྙིང་དང་ཚུལ་འདྲ་བར་བྱ་སྟེ། དེས་ནད་ཏ་ཀི་ནི་བྲེ་གང་བཅུག་པ་དང༌། མར་གྱི་སྣོད་ཀྱི་ནང་དུ་བཅུག་པ་དང༌། ཟླ་བ་ཕྱེད་ལོན་ན་ས་བླུད་པ་སྟེ། དེས་ནི་མེ་དྲོད་སྐྱེད་པ་དང༌། གཞང་འབྲུམ་ལ་སོགས་པའི་བར་སྔ་མ་དང༌། ཐུན་མོང་གི་ཨ་རུ་རའི་ཆང་རྙིང་ལས་འདིའི་ཁྱད་པར་ཡིན་ཏེ། དེ་ནི་རྗེས་སུ་མཐུན་པར་རྒྱུ་བའི་རླུང་ལ་སོགས་


DTG201_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེལ་བར་བྱེད་ལ། འདི་ནི་མཐུན་པར་རྒྱུ་བའི་ཅིག་ཤོས་མི་མཐུན་པར་གྱུར་པ་སེལ་བར་བྱེད་པ་ཡིན་ནོ། །ཆུ་བྲེ་བཅུ་དྲུག་ནང་དག་ཏུ། །བྱི་ཚེར་བ་ནི་བྲེ་གང་དང༌། །དན་ཏི་པ་ཏ་ཙི་ཏྲ་ཀ །རྣམ་རྒྱལ་དོང་གྲ་བ་ཤ་ཀ །སྐྱུ་རུ་ར་ནི་ཁྱོར་རེ་བསྐོལ། །བཞི་ཆ་ལུས་པ་དེའི་ནང་དུ། །ཁ་ར་དཀར་པོ་སྲང་བརྒྱད་གཞུག །གཞན་དག་སྔ་མ་བཞིན་དུ་སྦྱར། །རྫ་མའི་སྣོད་ཀྱང་པྲི་ཡང་ཀུ། །པི་པི་ལིང་དང་དབྱི་མོ་དང༌། །མར་དང་སྦྲང་རྩིའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། བྱི་ཚེར་བ་བྲེ་གང༌། ཞེས་བྱ་བ་སྲང་སུམ་ཅུ་རྩ་གཉིས་དན་ཏི་ལ་སོགས་པ་ཁྱོར་རེ་ཞེས་བྱ་བ་སྲང་གཉིས་གཉིས་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། དེའི་བཞི་ཆ་ལུས་པ་དང༌། བཙགས་ལ་བསྒྲངས་ཏེ་ཁ་ར་དཀར་པོ་སྲང་བརྒྱད་གཞུག་པར་བྱའོ། །འདིར་མ་སྨོས་བ་གཞན་དག་ནི་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། དན་ཏི་བྲེ་གང་གཞུག་པ་ནས། སྲིན་བུའི་ནད་འཇོམས་པའི་བར་གོང་མ་བཞིན་དུ་ཤེས་པར་བྱའོ། །འོན་ཀྱང་སྔ་མ་ལས་ཁྱད་པར་འདི་ཡོད་དེ། རྫ་མའི་སྣོད་པྲི་ཡང་ཀུ་ལ་སོགས་པའི་ལྡེ་གུས་བསྐུ་བ་ཁྱད་པར་ཙམ་དུ་ཟད་དོ། །བདེ་བར་འབྱུང་ཕྱིར་ཟས་ཀྱི་སྔར། །འབྲས་བུ་སྐྱུར་བཅས་མར་བླུད་པའམ། །ཞེས་བྱ་བ་ལ། བཤང་བ་གཅིག་ཅིང་བདེ་བར་འབྱུང་བར་བྱ་བའི་ཕྱིར་ཟས་མ་ཟོས་པའི་སྔོན་དུ་མར་དང་འབྲས་བུ་སྐྱུར་པོ་སྐྱུར་རྩི་ཆེན་པོ་ལ་སོགས་བ་སྦྱར་བ་བླུད་པར་བྱའོ། །དབྱི་མོ་ཀྲུ་ཏྲུག་ཏྲེས་བསྐོལ་མར། །ནས་ཚིག་འཁུས་ཐལ་བུ་རམ་བཅས། །ཞེས་བྱ་བ་ལ། ཡང་དབྱི་མོ་དང་ཀྲུ་ཏྲུག་ཏྲེས་དང་བསྐོལ་བའི་མར་ནས་ཚིག་འཁུས་པའི་ཐལ་བ་བུ་རམ་དང་བཅས་པ་དག་རླུང་བདེ་བར་འབྱུང་བའི་ཕྱིར་སྔར་བླུད་པར་བྱའོ། །པི་པི་ལིང་གི་རྩ་བར་བསྐོལ། །བུ་རམ་དོང་གྲ་ནས་ཚིག་འཁུས། །ཞེས་བྱ་བ་ལ། ཡང་ན་བདེ་བར་འབྱུང་བར་བྱ་བའི་ཕྱིར་པི་པི་ལིང་གི་རྩ་བ་དང༌། མར་བསྐོལ་བའི་མར་བུ་རམ་ནས་ཚིག་འཁུས་པའི་ཐལ་བའི་བར་གྱི་སྨན་དང་སྦྱར་བ་བླུད་པར་བྱའོ། །པི་པི་ལིང་རྩ་པི་པི་ལིང༌། །སེའུ་འབྲུ་འུ་སུ་དག་དང་མར། །བཞི་འགྱུར་ཞོ་དང་བསྐོལ་བས་ནི། །འཕྱེན་དང་བཤང་གཅི་འགགས་པ་སེལ། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་ལྡེ་གུར་བྱས་པ་དང༌། ཞོ་མར་གྱི་བཞི་འགྱུར་


DTG201_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མར་བསྐོལ་བའི་སྨན་མར་གྱིས་ནི་འཕྱེན་ལ་སོགས་པ་སེལ་བར་འགྱུར་རོ། །པ་ལ་ཤ་ཡི་ཐལ་པའི་ཆུ། །སུམ་འགྱུར་དང་ནི་མར་དུ་བསྐོལ། །དུག་མོ་ཡུངས་སོགས་ཕྱེ་མ་བཏབ། །དྲོད་སྐྱེད་གཞང་འབྲུམ་སེལ་བའི་མཆོག །ཅེས་བྱ་བ་ལ། པ་ལ་ཤའི་ཐལ་བའི་ཆུའི་དངས་མ་གཟགས་པར་མར་གྱི་སུམ་འགྱུར་དང་བསྐོལ་ཞིང་དུག་མོ་ཡུངས་ལ་སོགས་བའི་ཕྱེ་མ་བཏབ་སྟེ་བསྐོལ་བའི་སྨན་མར་དེས་ནི་ཤིན་ཏུ་དྲོད་སྐྱེད་ཅིང་གཞང་འབྲུམ་འཇོམས་པའི་མཆོག་ཡིན་ནོ། །ཚ་བ་ལྔ་དང་ཨ་རུ་ར། །ཡ་བཀྵ་ར་ལ་ལ་ཕུད། །ལྕེ་མྱང་ཚ་དང་ཁ་རུ་ཚ། །པ་ཏ་འུ་སུན་ལེ་ཤམ། །པིལ་བ་ཞོ་དང་བཅས་པའི་མར། །བསྐོལ་བ་དེས་ནི་ཆུ་སོ་གཞང༌། །འཁྲུ་ཞིང་གཞང་ནི་ཉམས་པ་དང༌། །གཅིན་སྲི་འཛག་པ་སེལ་བར་བྱེད། །ཅེས་བྱ་བ་ལ། ཚ་བ་ལྔ་ལ་སོགས་བའི་སྨན་གྱི་ལྡེ་གུ་དང༌། ཞོ་མར་གྱི་བཞི་འགྱུར་དང་བཅས་པའི་མར་དེས་ནི་ཆུ་སོ་ལ་སོགས་པའི་ནད་མྱུར་དུ་སེལ་བར་བྱེད་པ་ཡིན་ནོ། །པ་ཏ་འུ་སུ་ལ་ལ་ཕུད། །ཚ་བ་ལྔ་དང་གཟེ་མ་དང༌། །བིལ་བ་ཞོ་དང་ཙང་གི་རི། །ཁུ་བ་མར་གྱི་བཞི་འགྱུར་བསྐོལ། །ལྟོ་སྦོས་གཅིན་ནི་སྲི་བ་དང༌། །རྟག་ཏུ་འཁྲུ་དང་གཞང་འབྲུམ་དང༌། །གཞང་འབྲུམ་ཕོ་བའི་ནད་རྣམས་དང༌། །བད་ཀན་རླུང་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། པ་ཏ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང༌། ཞོ་མར་གྱི་བཞི་འགྱུར་དང༌། ཙང་གི་རིའི་ཁུ་བའི་བཞི་འགྱུར་དང༌། བསྐོལ་བའི་སྨན་མར་གྱིས་ནི་ལྟོ་སྦོས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རྨ་བྱ་བསྲེགས་པ་འུར་བྱ་ཡི། །ཤ་ཁུ་སྐྱུར་པོ་ལེགས་སྦྱར་བ། །ཁྱིམ་བྱའམ་བྱེའུའི་ཤ་ཁུ་ནི། །འཕྱེན་དང་ཕྱི་ས་འགགས་ལ་བླུད། །ཅེས་བྱ་བ་ལ། རྨ་བྱ་ལ་སོགས་པའི་ཤ་ཁུ་གཡོས་སུ་ལེགས་པར་བྱས་པ་འཕྱེན་དང་ཕྱི་ས་འགགས་པ་ལ་བླུད་པར་བྱའོ། །རྒྱ་སྣེའུ་དུར་བྱིད་ཙི་ཏྲ་ཀ །དན་ཏི་བ་ལ་ཨམ་ལི་ཀ །ལ་སོགས་ལོ་མ་གཞན་ཡང་ནི། །བད་ཀན་རླུང་འཇོམས་ཚོད་མ་ནི། །ཡང་ཞིང་བཤང་བ་སླ་བར་བྱེད། །ཤིང་ཀུན་མར་དང་ཏིལ་མར་བརྔོས། །ཞོ་ཡི་སྤྲིས་མ་བསྐོལ་བ་དང༌། །འུ་སུ་དང་ནི་ཚ་བ་ལྔ། །བཏགས་པའི་ཕྱེ་དང་སེའུ་འབྲུའི་བཅུད། །འུ་སུའི་འདབ་མ་གཞོན་ནུ་དང༌། །སྒེའུ་གཤེར་གཤགས་


DTG201_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་དང༌། །སྤོས་ཞིམ་ལེགས་བདུགས་དྲི་ཞིམ་བྱས། །ཟི་ར་ན་ལེ་ཤམ་དང་བཅས། །ཁ་རུ་ཚ་ནི་ཤས་ཆེར་བྲོ། །ཞེས་བྱ་བ་ལ། རྒྱ་སྣེའུ་ལ་སོགས་པའི་འདབ་མའི་ཚོད་མ་དང༌། དེ་བཞིན་དུ་གཞན་ཡང་བད་ཀན་དང་རླུང་འཇོམས་པར་བྱེད་པའི་ཚོད་མ་ཡང་བ་དང་བཤང་བ་སླ་བར་བྱེད་པའི་སྤྱིན་པར་བྱ་བ་ལ། དེ་དག་ཀྱང་ཤིང་ཀུན་དང་མར་དང་ཏིལ་མར་དང་བཅས་པ་བརྔོས་པ་ཞོའི་སྤྲིས་མར་བསྐོལ་ཞིང་བཙོས་བ་འུ་སུའི་འབྲས་བུ་དང༌། ཚབ་ལྔ་པོ་བཏགས་པའི་ཕྱེ་མ་དང༌། དེ་བཞིན་དུ་སེའུ་འབྲུའི་ཁུ་བཅུད་དང༌། འུ་སུའི་ལོ་མ་གཞེན་ནུ་དང་བཅས་པའི་སྒེའུ་གཤེར་དུམ་བུ་དུམ་བུར་གཏུབས་ལ། སྤོས་དྲི་ཞིམ་པོས་ལེགས་པར་བདུགས་པ་ཡིད་དུ་འོང་ཞིང་སེམས་དགའ་བར་བྱེད་ནུས་པར་བྱས་པ་ཟིར་ལ་སོགས་པའི་སྤོད་བཏབ་ཅིང་ཁ་རུ་ཚ་ཤས་ཆེར་བྲོ་བར་བྱ་སྟེ། དེས་ཀྱང་འཕྱེན་དང་ཕྱིས་འགགས་པ་སེལ་ཏོ། །རླུང་ཤས་ཆེར་རྩུབ་དྲོད་ཆུང་ལ། །སྔ་ལུ་རྩ་སྣར་འབྲས་ཆན་ནི། །བ་ལང་གོ་ཏ་རྔ་མོ་རའི། །ཤ་ཁུ་ཆོད་ལྟར་གཡོས་པ་དང༌། །མཆོག་ཏུ་ཤ་ཟ་རྣམས་ཀྱི་ཤ་།རྟུག་སྐམ་ཅན་ལ་སྦྱིན་པར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་རླུང་ཤས་ཆེ་བ་ལ་སོགས་པ་ལ་ནི་སཱ་ལུ་རྩ་སྣར་གྱི་ཆན་དང༌། ཚོད་མ་སྔར་བཤད་པ་ལྟ་བུ་དང༌། བ་ལང་ལ་སོགས་པའི་ཤ་ཁུ་ཤིང་ཀུན་ལ་སོགས་བ་དང༌། ཚོད་མ་ལྟར་གཡོས་པ་དང༌། ཁྱད་པར་མཆོག་ཏུ་ཤ་ཟ་རྣམས་ཀྱི་ཤའི་ཤ་ཁུ་ཚོད་མའི་དོན་དུ་སྦྱར་བར་བྱའོ། །ཆང་དང་བུར་ཆང་ཁ་རའི་ཆང༌། །རྒུན་ཆང་དར་བ་རྩབ་མོ་དང༌། །ཆང་རྙིང་དང་ནི་ཞོག་ཆུ། །ཡང་ན་ཆུ་ཉུང་བསྐོལ་བའམ། །འུ་སུ་བཅའ་སྒ་བསྐོལ་བའམ། །ཀཎྜ་ཀ་རི་བསྐོལ་བ་བླུད། །ཟས་ཀྱི་ཐོག་མའམ་བར་དག་ཏུ། །རླུང་གི་རྟུག་སྐམ་སེལ་བ་སྦྱིན། །ཞེས་བྱ་བ་ལ། བཏུང་བའི་དོན་དུ་ནི་ཆང་ལ་སོགས་བ་སྦྱིན་པར་བྱ་སྟེ། དེས་ནི་རླུང་ལས་གྱུར་པའི་རྟུག་སྐམ་སེལ་བར་བྱེད་པ་ཡིན་ནོ། །རླུང་མཁྲིས་བད་ཀན་རྟུག་སྐམ་རྣམས། །བདེ་བར་འབྱུང་ཞིང་དྲི་མ་སྦྱང༌། །གཞང་ཁར་གཞང་འབྲུམ་ཞི་འགྱུར་ཞིང༌། །མེ་དྲོད་སྐྱེད་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་དང་མཁྲིས་པ་དང་བད་ཀན་གྱི་རྟུག་སྒམ་རྣམས་


DTG201_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དེ་དག་གིས་སེལ་ཞིང་བདེ་བར་འབྱུང་བར་བྱས་ལ། དྲི་མ་སྦྱངས་བར་གྱུར་ན་གཞང་ཁར་འབྱུང་བའི་གཞང་འབྲུམ་ཞི་ཞིང་བྱང་བར་འགྱུར་ལ། ཕོ་བའི་མེ་དྲོད་ཀྱང་འཕེལ་ཞིང་སྐྱེད་པར་བྱེད་དོ། །རྟུག་སྐམ་གྱིས་ནི་གཟིར་བ་དང༌། །གང་ཡང་ཤིན་ཏུ་ཁོང་རྩུབ་དང༌། །རླུང་འཁྱིལ་གཟེར་གྱིས་ཉེན་གང་དག །དེ་ལ་འཇམ་རྩི་བྱ་བ་བསྔགས། །ཞེས་བྱ་བ་ལ། གཞང་འབྲུམ་ཅན་གང་རྟུག་སྐམ་ལ་སོགས་བའི་ནད་ཀྱིས་གཟིར་ཞིང་འཕྱེན་དང་བཤང་གཅི་འགགས་པ་ལ་སོགས་པའི་ནད་དང་ལྡན་པ་ལ་འཇམ་རྩི་མས་གཏོང་བ་བསྔགས་བ་ཡིན་ནོ། །པི་པི་ལིང་དང་པོ་སོན་ཆ། །བིལ་བ་ཤུ་ཏི་ཤིང་མངར་དང༌། །ཤུ་དག་རུ་རྟ་ཀྲུ་ཏྲུག་ཏྲེས། །ཟུར་པ་མ་ནུ་ཐང་ཤིང་རྣམས། །བཏགས་ཏེ་ཏིལ་མར་ལ་བཙོས་ཤིང༌། །འོ་མ་ཏིལ་མར་ཉིས་འགྱུར་གཞུག །གཞང་འབྲུམ་རླུང་གིས་འཁྱིལ་བ་ལ། །འཇམ་རྩི་དེ་ནི་མཆོག་ཏུ་བསྔགས། །གཞང་བྱུང་བ་དང་གཟེར་བ་དང༌། །གཅིན་སྲི་འཁྲོག་ཅིང་འཁྲུ་བ་དང༌། །བརླ་རྐེད་རྒྱབ་ན་ཉམ་ཆུང་དང༌། །ལྟོ་སྦོས་ཆུ་སོ་བརྟེན་པ་དང༌། །བེའུ་སྣབས་འཁྲུ་དང་གཞང་སྐྲང་དང༌། །རླུང་གིས་རྟུག་པ་འགགས་པ་དང༌། །གང་ཞིག་མང་དུ་འབྱུང་འདོད་པ། །དེ་དག་འཇམ་རྩིས་སེལ་བར་བྱེད། །ཅེས་བྱ་བ་ལ། འཇམ་རྩི་དེ་ཡང་པི་པི་ལིང་ལ་སོགས་པའི་སྨན་ཆ་སྙོམས་སུ་བྱས་པ་བཏགས་ཏེ་ལྡེ་གུར་བྱས་པ་དང༌། ཏིལ་མར་གྱི་ཉིས་འགྱུར་གྱི་འོ་མ་དང་ཉིས་འགྱུར་གྱི་ཆུ་དང་ཚུལ་བཞིན་དུ་བསྐོལ་བའི་ཏིལ་མར་འཇམ་རྩི་མས་གཏོང་ན། གཞང་འབྲུམ་གྱི་རླུང་འཕྱེན་ཞེས་བྱ་བའི་འཁྱིལ་བ་ལ་མཆོག་ཏུ་བསྔགས་བ་ཡིན་ཞིང༌། གཞང་འབྱུང་བ་ལ་སོགས་པའི་ནད་རྣམས་སེལ་བར་བྱེད་པ་ཡིན་ཏེ། བརླ་དང་རྐེད་པ་དང་རྒྱབ་ཉམ་ཆུང་བ་ནི་ནུས་བ་ཞན་པའོ། །ལྟོ་སྦོས་པ་ནི་རྐྱལ་བ་བུས་བ་ལྟར་རྒྱས་པ་སྟེ་ཡང་ཆུ་སོ་ལ་བརྟེན་ཞིང་གནས་པའོ། །བེའུ་སྣབས་སུ་འཁྲུ་བ་ནི་འབྲུམ་སྨིན་པ་བཙོས་པའི་ཁུ་བ་ལྟ་བུ་འབྱུང་བའོ། །རླུང་གིས་རྟུག་པ་འགགས་པ་ནི་རླུང་ལས་གྱུར་བའི་རྟུག་པ་འགགས་པའི་ནད་ཀྱིས་བཏབ་བའོ། །མང་དུ་འབྱུང་འདོད་པའི་བཤད་བ་ནི་མང་བུ་འབྱུང་འདོད་ཅིང་མང་དུ་བཤང་བའོ། །ཡང་ན་མས་གཏོང་བཀྲུ་


DTG201_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དྲག །རྩ་བ་ལྔ་དང་འོ་མར་བཅས། །བ་གཅིན་ཏིལ་མར་ལན་ཚྭ་དང༌། །སོན་ཆ་ལ་སོགས་ལྡེ་གུ་གཏང༌། །ཞེས་བྱ་བ་ལ། ཡང་ན་བཀྲུ་སྨན་དྲག་པོ་མས་གཏོང་བ་ནི་རུ་ཧ་ཞེས་བྱ་བ་རྩ་བ་ལྔ་ལས་སྦྱར་བ་འོ་མ་དང་བཅས་པ་བ་གཅིན་དང་སྦྱར་ཞིང་ཏིལ་མར་ལ་སོགས་པའི་སྣུམ་བཅུག་པ་ལན་ཚྭ་བཏབ་པ་ནས། པོ་སོན་ཆ་ལ་སོགས་པའི་སྨན་གྱི་ལྡེ་གུ་གཏང་བར་བྱའོ། །དེ་ནས་གཞང་འབྲུམ་ཁྲག་འཛག་པ། །རླུང་ངམ་བད་ཀན་དང་འབྲེལ་བ། །བརྟགས་ནས་དེ་ལ་སྣུམ་པ་དང༌། །རྩུབ་དང་བསིལ་བ་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ལ་ནི་རྣམ་པ་གཞན་སྟོན་པར་བྱེད་པའི་དོན་ཏེ། གཞང་འབྲུམ་གྱི་ནད་ལ་ནི། སྐམ་པོ་དང་རློན་པའི་དབྱེ་བ་རྣམ་གཉིས་ཡོད་པ་ལས་གཞང་འབྲུམ་སྐམ་པོའི་གསོ་བ་བཤད་ཟིན་ནས། དེའི་འོག་ཏུ་རློན་པ་ཁྲག་འཛག་པའི་གཞང་འབྲུམ་ཁྲག་ལས་གྱུར་པ་གསོ་བར་བྱ་བའི་ཕྱིར། དེ་ནས་ཞེས་སྨོས་པ་ཡིན་ཏེ། ཁྲག་གི་གཞང་འབྲུམ་ལ་ནི་རླུང་ངམ་བད་ཀན་གང་དང་འབྲེལ་པ་བརྟགས་ནས། དེའི་འོག་ཏུ་གཞང་འབྲུམ་དེ་རླུང་དང་འབྲེལ་པ་ཡིན་ན་ནི་སྣུམ་པ་དང་བསིལ་བས་གསོ་བར་བྱ་ལ། བད་ཀན་དང་འབྲེལ་པ་ཡིན་ན་ནི་རྩུབ་པ་དང་བསིལ་བས་གསོ་བར་བྱ་སྟེ། འདིར་བྲོ་བ་ནི་རྣམ་པ་ཐམས་ཅད་དུ་སྤྱར་བར་མི་བྱ་སྟེ། མཁྲིས་པ་དང་རྟག་ཏུ་འབྲེལ་བའི་ཕྱིར་རོ། །དེ་ལ་རླུང་དང་རྗེས་འབྲེལ་བ། །བཤང་བ་གནག་ཅིང་སྲ་ལ་རྩུབ། །རླུང་ནི་ཐུར་དུ་འབྱུང་མི་བྱེད། །རྐེད་པ་བརླ་དང་གཞང་ཁར་གཟེར། །རྩུབ་བའི་རྒྱུར་ནི་གྱུར་བ་ཡིན། །ཞེས་བྱ་བ་ལ། དེ་ལ་རླུང་དང་རྗེས་སུ་འབྲེལ་ཞིང་དེ་ཤས་ཆེ་བའི་གཞང་འབྲུམ་ནི་གལ་ཏེ་བཤང་བ་གནག་པ་དང༌། སྲ་བ་དང་རྩུབ་པར་གྱུར་པ་དང༌། འཕྱེན་ཞེས་བྱ་བའི་རླུང་ཐུར་དུ་འབྱུང་བར་མི་བྱེད་པ་དང༌། རྐེད་པ་གཟེར་བ་ལ་སོགས་བ་དང་ལྡན་ཞིང༌། གལ་ཏེ་རྩུབ་པའི་རང་བཞིན་ལས་དེ་དག་རྒྱུར་གྱུར་ན། དེ་ནི་རླུང་དང་རྗེས་སུ་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །བད་ཀན་རྗེས་འབྲེལ་བཤང་བ་སླ། །སྐྱ་ཞིང་སེར་ལ་ལྕི་ཞིང་སྣུམ། །སྤྱི་བག་གཞང་ཁ་ཚོར་བ་ཆུང༌། །རྒྱུ་ནི་སྣུམ་ལྕི་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་གཞང་འབྲུམ་དེ་གལ་ཏེ་བད་ཀན་


DTG201_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་སུ་འབྲེལ་པ་ཡིན་ན་བཤང་བ་སླ་བ་ལ་སོགས་པ་དང་ལྡན་ཞིང་གཞང་ཁ་ཚོར་བ་བེམ་བེམ་པོར་འགྱུར་བ་དང༌། དེ་བཞིན་དུ་རྒྱུ་ཞིང་སྣུམ་པ་ལྕི་བ་ཡིན་པར་ཤེས་པར་བྱའོ། །རང་ཁྲག་མཚན་ཉིད་ལས་ཀྱང་བརྟགས། །ཞེས་བྱ་བ་ལ། ཁྲག་མཚན་ཉིད་འདི་དག་འབའ་ཞིག་ཏུ་མ་ཟད་ཀྱི། རང་རང་གི་ཁྲག་གི་མཚན་ཉིད་གཏར་ག་གདབ་པའི་ཆོ་ག་ལས། གནག་དང་དམར་བའི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་གྱིས་ཀྱང་རླུང་དང་བད་ཀན་དང་རྗེས་སུ་འབྲེལ་བའི་མཚན་ཉིད་བརྟག་ཅིང་ཤེས་པར་བྱའོ། །ནད་ཁྲག་བསལ་བར་བྱ་བ་དང༌། །ཉམས་སྟོབས་ཇི་བཞིན་སྨྱུང་བ་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་གནོད་པར་འགྱུར་བའི་ནད་ཁྲག་དག་ནི་ནང་པའི་ཉམས་སྟོབས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་སྨྱུང་བ་བྱ་བ་དང༌། དེ་བསལ་ཞིང་གདོན་བ་ལ་འབད་བར་བྱའོ། །ཇི་སྲིད་ནད་ཁྲག་ནག་པོར་བྱུང༌། །དེ་སྲིད་ཁྲག་འཛག་གཅད་མི་བྱ། །ཞེས་བྱ་བ་ལ། དུས་ཇི་སྲིད་ཁྲག་དེ་ནད་ཁྲག་རྙོག་པ་ཅན་ནག་པོར་བྱུང་བ་དེ་སྲིད་ཀྱི་བར་དུ་ཁྲག་འཛག་བ་དེ་བཅད་ཅིང་འཕྲལ་དུ་དགག་པར་མི་བྱ་བར་གཟག་པར་བྱའོ། །ནད་ནི་སྨིན་པར་བྱ་ཕྱིར་དང༌། །མེ་དྲོད་བསྐྱེད་པར་བྱ་ཕྱིར་དང༌། །ཁྲག་ནི་གཅད་པར་བྱ་བའི་ཕྱིར། །དེ་ཕན་ཆད་ནི་ཁ་བ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཁྲག་མི་བཅད་པའི་འོག་ཏུ་ནད་བ་སྨིན་ཞིང་མ་ཞུ་བ་དེ་སྨིན་ཞིང་ཞི་བར་བྱ་བའི་ཕྱིར་དང་ཁོང་བའི་མེ་དྲོད་སྐྱེད་ཅིང་བརྟ་བར་བྱ་བའི་ཕྱིར་ཁྲག་གཅད་པར་བྱ་ལ། དེ་ཡང་བཅད་པར་དུས་ལ་བབ་པར་གྱུར་པ་དེ་ཕན་ཆད་སྨན་ཁ་བས་ནད་པ་དེ་གསོ་བར་བྱའོ། །གང་ཞིག་ནད་ཀྱིས་སྟོབས་ཟད་པ། །ཁྲག་ནི་རླུང་གི་ཤས་ཆེ་ལ། །བཏུང་དང་བསྐུ་དང་འཇམ་རྩི་རུ། །རིགས་པས་སྣུམ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། ཁྲག་ནད་གང་ཞིག་གིས་ནད་པའི་ཉམས་སྟོབས་ཟད་པར་འགྱུར་བའམ། རླུང་གི་ཤས་ཚེ་ཞིང་འདར་བར་གྱུར་པའི་ཁྲག་འབྱུང་བ་དེ་ལ་ནི་བཏུང་བ་ལ་སོགས་པར་ཅི་རིགས་བར་སྣུམ་བཏང་བས་གསོ་བར་བྱའོ། །གང་ཞིག་མཁྲིས་པ་རྒྱས་པའི་ཁྲག །ཚ་བའི་དུས་སུ་འབྱུང་གྱུར་པ། །དེ་ནི་གཅིག་ཏུ་གཅད་བར་བྱ། །རླུང་དང་བད་ཀན་ལས་གྱུར་མིན། །ཞེས་བྱ་བ་ལ། ཁྲག་ནད་གང་ཞིག་


DTG201_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བའི་དུས་སོ་གའི་ཚེ་བྱུང་བར་གྱུར་ན་དེ་གཅིག་ཏུ་ངེས་པར་གྱུར་ན་དེ་ཁོ་ནར་གཅད་ཅིང་དགག་པར་བྱ་བ་ཡིན་ལ། དེ་རླུང་དང་བད་ཀན་དང་རྗེས་སུ་འབྲེལ་པ་མ་ཡིན་ན་གཅད་པར་བྱའོ། །བད་ཀན་བཅས་ཁྲག་བཅའ་སྒ་དང༌། །དུག་མོ་ཡུངས་ཤུན་བསྐོལ་བ་བླུད། །ཅེས་བྱ་བ་ལ། བད་ཀན་དང་བཅས་བའི་ཁྲག་ནད་ལ་ནི་བཅའ་སྒ་དང་དུག་མོ་ཡུངས་ཀྱི་ཤུན་ལྤགས་བསྐོལ་བ་བླུད་པར་བྱའོ། །ཡང་ན་རྩ་མཁྲིས་བཅའ་སྒ་དང༌། །བྱི་ཚེར་ཙནྡན་དམར་པོའམ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་རྩ་མཁྲིས་བྱ་བ་ནིམ་པ་ལ་སོགས་པའི་སྨན་བསྐོལ་བ་བླུད་ན་ཡང་ཕན་ནོ། །སྐྱེར་པའི་ཤུན་པ་པུ་ཤེལ་ཙེ། །ནིམ་པའམ་སེའུ་འབྲུའི་ཤུན་བསྐོལ་བླུད། །ཅེས་བྱ་བ་ལ། ཡང་ན་བད་ཀན་དང་བཅས་པའི་ཁྲག་ནད་དེ་ལ་སྐྱེར་པའི་ཤུན་ལྤགས་ལ་སོགས་པ་བསྐོལ་བའི་སྨན་བླུད་པའམ། སེའུ་འབྲུའི་ཤུན་པ་འབའ་ཞིག་བླུད་ན་ཡང་ཕན་ནོ། །དུག་མོ་ཡུངས་ཤུན་འབྲས་བུ་དང༌། །བོང་ང་སྦྲང་རྩི་སྐྱེར་ཁཎྜ། །ཡང་ན་ཨ་བ་མརྒ་ཡི། །ལྡེ་གུ་འབྲས་ཀྱི་ཆུ་སྦྱར་བླུད། །ཅེས་བྱ་བ་ལ། དུག་མོ་ཡུངས་ཀྱི་ཤིང་གི་ཤུན་པ་དང༌། དེའི་ས་བོན་ཨིནྡྲ་ཡ་བ་དང༌། བོང་ང་དཀར་པོ་དང༌། སྦྲང་རྩི་དང་སྐྱེར་ཁཎྜ་སྟེ་འདི་དག་ཐམས་ཅད་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །ཡང་ན་ཨ་པ་མརྒའི་ལྡེ་གུ་འབྲས་ཀྱི་ཆུ་དེ་ཉིད་དང་བཅས་པ་བླུད་པར་བྱའོ། །དུག་མོ་ཡུངས་ཀྱི་ཤུན་པ་རློན། །སྲང་བརྒྱ་ཆར་ཆུའི་ནང་དུ་བསྐོལ། །ཤུན་ཕྲགས་ཁུ་བ་བཙགས་བ་རུ། །བཙོད་དང་མོ་ཙ་པྲི་ཡང་ཀུའི། །ཁུ་བ་སྲང་རེ་དག་དང་ནི། །དུག་མོ་ཡུངས་ཀྱི་ཕྱེ་མ་བཅུག །དེ་ནས་གཟར་པུར་ཆགས་པ་ཡི། །ལྡེ་གུ་བསྐོལ་བ་སྦྱིན་བྱ་ཞིང༌། །ཐུག་པ་ཐུག་སླའི་འོ་ཐུག་གམ། །ར་འམ་བ་ཡི་འོ་མ་འམ། །མེ་སྟོབས་ཇི་བཞིན་བླུད་པར་བྱ། །ལྡེ་གུ་འདིས་ནི་ཁྲག་གི་ནི། །ཚད་འཁྲུག་ཞང་འབྲུམ་སེལ་བྱེད་ཅིང༌། །ཁྲག་མཁྲིས་ནད་ནི་སྟོབས་ལྡན་པ། །སྟེང་ངམ་འོག་ནས་འབྱུང་བ་སེལ། །ཞེས་བྱ་བ་ལ། དུག་མོ་ཡུངས་ཀྱི་ཤུན་པ་རློན་བ་སྲང་བརྒྱ་ཆར་ཆུའི་ནང་དུ་བསྐོལ་ཏེ། འདིར་བསྐོལ་ལུགས་ཀྱི་ཁྱད་པར་མ་སྨོས་བ་ན་སྨན་གྱི་བཅུ་དྲུག་འགྱུར་གྱི་ཆུའི་ནང་དུ་བསྐོལ། ཤུན་པ་ཇི་སྲིད་


DTG201_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་འཁུས་ཤིང་ཁྲུ་བ་མེད་པ་དེ་སྲིད་ཀྱི་བར་དུ་བསྐོལ་ལ། ཁུ་བ་དེ་བཙགས་པའི་ནང་དུ་བཙོད་ཅེས་བྱ་བ་ས་མང་ག་ལ་སོགས་པ་སྨན་གསུམ་པོ་སྲང་རེ་རེ་བཅུག་ལ། བཙོད་ལ་སོགས་པའི་གསུམ་པོ་དེ་དག་དང་ཆ་མཉམ་པའི་དུག་མོ་ཡུངས་ཀྱི་ཕྱེ་མ་གཞུག་བར་བྱའོ། །དེ་ཡང་བཙགས་ལ་གཟར་བུར་ཆགས་ཀྱི་བར་དུ་བསྐོལ་ལ་ལྡེ་གུ་དེ་མེ་དྲོད་ཀྱི་སྟོབས་ཇི་ལྟ་བུའི་ཚད་དུ་བྱིན་ལ། དེའི་འོག་ཏུ་ཐུག་པ་བླུད་པར་བྱའོ། །དེས་ན་ལྡེ་གུ་འདིས་ཁྲག་གི་ཚད་པར་འཁྲུ་བ་དང༌། ཁྲག་གི་གཞང་འབྲུམ་སེལ་བར་བྱེད་ལ། ཁྲག་མཁྲིས་ཀྱི་ནད་རྒྱས་ཤིང་སྟོབས་དང་ལྡན་པ་སྟེང་ངམ་འོག་ནས་འབྱུང་ཞིང་འཛག་བ་དག་སེལ་བར་བྱེད་དོ། །དུག་མོ་ཡུངས་ཤུན་སྲང་བརྒྱད་ཆུ། །བྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་ལས། །དེར་ནི་ཚ་གསུམ་སྐྱེར་ཁཎྜ། །སེང་ཕྲོམ་གཉིས་དང་མོན་ཆ་ར། །སེའུ་འབྲུ་གཞོན་ནུའི་ཤུན་ཕྲགས་དང༌། །བིལ་བ་གཞོན་ནུ་གླ་སྒང་དང༌། །བཙོད་དང་ད་ཏ་ཀིའི་འབྲས་བུ། །སྲང་ནི་རེ་རེ་བཏགས་པ་ཡི། །ལྡེ་གུར་བྱས་པ་གཞུག་པར་བྱ། །དུག་མོ་ཡུངས་ཤུན་སྲང་བཅུ་དང༌། །ཞུན་མར་སྲང་ནི་ཉི་ཤུ་དང༌། །བུ་རམ་སྲང་ནི་སུམ་ཅུ་གཞུག །བསྐོལ་ལ་གཟར་བུར་ཆགས་པ་དང༌། །འབྲུ་ནང་ཟླ་ཕྱེད་བཅུག་སྟེ་བལྡག །གཞང་འབྲུམ་ཀུན་དང་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། དུག་མོ་ཡུངས་ཀྱི་ཤུན་ལྤགས་སྲང་བརྒྱད་ཅུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། དེ་ལས་བརྒྱད་ཆ་ལུས་པ་དང༌། ཁུ་བ་དེའི་ནང་དུ་ཚ་བ་གསུམ་ལ་སོགས་པ་སྲང་རེ་བཏགས་ཏེ་ལྡེ་གུར་བྱས་པ་དེ་བཞིན་དུ་དུག་མོ་ཡུངས་ཀྱི་ཤུན་ལྤགས་སྲང་བཅུ་དང༌། མར་སྲང་ཉི་ཤུ་དང༌། བུ་རམ་སྲང་སུམ་ཅུ་བཅུག་སྟེ་བསྐོལ་བ་ལ་གཟར་བུར་ཆགས་པའི་ལྡེ་གུར་གྱུར་པ་དང༌། རྡུལ་གྱིས་མ་གོས་པའི་འབྲས་ལ་སོགས་པ་འབྲུའི་ནང་དུ་ཟླ་བ་ཕྱེད་བཞག་སྟེ། དེའི་འོག་ཏུ་ལྡེ་གུ་དེ་བརྔག་ཅིང་ཟོས་ན་གཞང་འབྲུམ་གྱི་ནད་ཀུན་དང་ཕོ་བའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །སེང་ཕྲོམ་མོ་ཙ་ར་ས་ཏིལ། །བཙོད་དང་ཙནྡན་ཨུཏྤ་ལ། །ར་ཡི་འོ་མ་སྦྱར་བ་བླུད། །དེ་ཉིད་དང་ནི་འབྲས་ཆན་སྤྱིན། །ཞེས་བྱ་བ་ལ། ཁྲག་གི་གཞང་འབྲུམ་ལ་སེང་ཕྲོམ་ལ་སོགས་པ་དང་བཙོས་པའི་རའི་འོ་མ་བླུད་


DTG201_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འོ་མ་དེ་ཉིད་དང་འབྲས་ཆན་སྦྱིན་པར་བྱའོ། །ཤིང་མངར་ཤུན་པ་བྱི་ཚེར་བ། །འོ་མ་དཱུར་བ་པ་ཡ་སྱ། །ཁ་ར་སྦྲང་རྩིར་བཅས་ཆུའམ། །ར་ཡི་འོ་མར་སྦྱར་བ་བཏུང༌། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པ་ཁ་ར་དཀར་པོ་དང་སྦྲང་རྩིའི་ཆུ་དང་སྦྱར་བའམ། ཡང་ན་རའི་འོ་མ་དང་སྦྱར་བ་བླུད་པར་བྱའོ། །སེང་ཕྲོམ་བཙོད་དང་པུ་ཤེལ་ཙེ། །ཤ་མ་ལིའི་ཤུན་དུག་མོ་ཡུངས། །ཙནྡན་ཤིང་མངར་པུ་ཤེལ་ཙེ། །ནཱ་ག་གེ་སར་འབྲས་ཆུ་བླུད། །ཅེས་བྱ་བ་ལ། ཡང་དེ་ལ་སེང་ཕྲོམ་ལ་སོགས་པའི་སྨན་འབྲས་ཀྱི་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །ལ་ལ་ཕུད་དང་དུག་མོ་ཡུངས། །པ་ཏ་བཅའ་སྒ་སྐྱེར་ཁཎྜའི། །ཕྱེ་མ་གཟེར་དང་བཅས་ལ་ཕན། །ཞེས་བྱ་བ་ལ། ཡང་ན་ཁྲག་གི་གཞང་འབྲུམ་གཟེར་དང་བཅས་པ་ལ། ལ་ལ་ཕུད་ལ་སོགས་པའི་ཕྱེ་མ་བྱིན་ན་ཡང་ཕན་ནོ། །ཁྲག་ནི་དྲག་ཏུ་འབྱུང་བ་ལ། །ཀཎྜ་ཀ་རི་པ་ཡ་སྱ། །གཉིས་དང་བསྐོལ་བའི་ཞུན་མར་བསྔགས། །ཞེས་བྱ་བ་ལ། གཞང་འབྲུམ་ཁྲག་དྲག་ཏུ་བྱུང་བ་ལ་ནི་ཀཎྜ་ཀ་རི་དང་པ་ཡ་སྱ་གཉིས་ཀྱི་ལྡེ་གུ་དང་བསྐོལ་བའི་ཞུན་མར་བྱིན་ན་བསྔགས་སོ། །ཡང་ན་སེང་ཕྲོམ་ད་ཏ་ཀི །དུག་མོ་ཡུངས་ཤུན་འབྲས་བུ་དང༌། །ཨུཏྤལ་པདྨ་གེ་སར་མར། །ཞེས་བྱ་བ་ལ། ཡང་ན་སེང་ཕྲོམ་ལ་སོགས་པའི་སྨན་དང་བསྐོལ་བའི་མར་ཁྲག་དྲག་ཏུ་འབྱུང་བ་ལ་ཕན་ནོ། །ཡ་བཀྵ་ར་སེའུ་འབྲུའི་བཅུད། །ཅེས་བྱ་བ་ལ། ཡང་ན་ཡ་བཀྵ་ར་ལྡེ་གུར་བྱས་པ་དང༌། སེ་འབྲུའི་ཁུ་བ་བཞི་འགྱུར་དང་བསྐོལ་བའི་མར་བླུད་ན་ཡང་དེ་ལ་ཕན་ནོ། །ཁ་ར་པདྨའི་གེ་སར་དང། །མར་སར་སྦྱར་བ་ཏིལ་བཅས་པའམ། །མར་སར་སྦྱར་བས་ཁྲག་ལས་ནི། །གྱུར་བའི་གཞང་འབྲུམ་སེལ་བར་བྱེད། །ཅེས་བྱ་བ་ལ། ཤ་ཁ་ར་དང་པདྨའི་གེ་སར་དང་མར་སར་སྦྱར་བས་ཁྲག་གི་གཞང་འབྲུམ་སེལ་བར་བྱེད་པའམ། ཡང་ན་ཏིལ་མར་དང་སྦྱར་བ་ཟོས་པས་སེལ་བར་འགྱུར་རོ། །ར་ཡི་མར་སར་འོ་མ་དང༌། །སྐམ་སའི་སྲོག་ཆགས་ཤ་ཁྲག་དང༌། །རྒྱ་སྣེའུ་ཁུ་བར་བཅས་ཤ་ཁུ། །ཅུང་ཟད་སྐྱུར་དང་སྐྱུར་མེད་པས། །ཞེས་བྱ་བ་ལ། རའི་མར་སར་ལ་སོགས་པས་ཀྱང་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་སྐམ་སའི་སྲོག་ཆགས་ཝ་ལ་སོགས་


DTG201_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱ་སྣེའུ་ཤ་ཁུ་དང་བཅས་པ་ཅུང་ཟད་སྐྱུར་བ་མེད་པས་ཀྱང་ཁྲག་ལས་གྱུར་བའི་གཞང་འབྲུམ་སེལ་ཏོ། །སཱ་ལུ་རྩ་སྣར་ཞོ་ཡི་སྤྲི། །དྲུག་ཅུ་བ་དང་ཆང་སར་དང༌། །ཆང་གི་དངས་མ་སར་པ་ནི། །ཁྲག་ལས་གྱུར་པའི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། སཱ་ལུ་རྩ་སྣར་ལ་སོགས་པ་ཁྲག་གི་གཞང་འབྲུམ་གྱི་སྨན་གྱི་མཆོག་གམ་གཙོ་བོ་ཡིན་ནོ། །ཆང་སར་པ་ནི་ཤས་ཆེར་མ་ལངས་པ་སྟེ་ཕལ་ཆེར་མངར་བའོ། །ཆང་གི་དངས་མ་ནི་ཆང་གཞོན་ནུ་ཤས་ཆེར་སྐྱུར་བར་མ་གྱུར་པའོ། །ཐུག་པ་ཡུ་ཤ་ཤ་ཁུ་སོགས། །ཡང་ན་ཀུན་དོང་འབའ་ཞིག་གིས། །ཁྲག་རྒྱས་གྱུར་པ་སེལ་བྱེད་དེ། །རླུང་ལས་གྱུར་པའང་སྦྱར་བར་བྱ། །ཞེས་བྱ་བ་ལ། སྒོག་པ་ཀུན་དོང་པ་ལན་ཞེས་བྱ་བ་ཐུག་པ་ལ་སོགས་པ་དང་སྦྱར་ཏེ་བླུད་པའམ། དེ་འབའ་ཞིག་བྱིན་ན་ཁྲག་ཤིན་ཏུ་རྒྱས་པར་གྱུར་བའི་གཞང་འབྲུམ་དང་རླུང་ལས་གྱུར་བ་འཇོམས་བར་བྱེད་དོ། །ཕལ་ཆེར་རླུང་ཤས་ཆེ་གཞང་འབྲུམ། །ཁྲག་འཛག་དྲག་ལས་འབྱུང་འགྱུར་བས། །དེ་བས་ལྷག་པར་དེ་ལ་ནི། །དེ་བསལ་བ་ལ་འབད་པར་བྱ། །ཞེས་བྱ་བ་ལ། ཁྲག་ཤས་ཆེར་འཛག་ཅིང་འབྱུང་བར་གྱུར་བ་ལས། རླུང་གི་ཤས་ཆེ་བའི་གཞང་འབྲུམ་འབྱུང་བར་འགྱུར་བས། དེ་བས་ན་ལྷག་པར་ཡང་གཞང་འབྲུམ་གྱི་ནད་དེ་ལ་རླུང་དེ་བསལ་བར་བྱ་བའི་ཕྱིར་སྨན་པས་འབད་པར་བྱའོ། །ཁྲག་མཁྲིས་ཤས་ཆེ་བད་ཀན་དང༌། །རླུང་ཤས་ཆེ་བར་མཐོང་གྱུར་ན། །དེ་ཞི་བྱ་ཕྱིར་རྣམ་ཀུན་དུ། །བསིལ་བའི་ཆོ་ག་སྤྱད་པར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་གཞང་འབྲུམ་ཁྲག་དང་མཁྲིས་པ་གཉིས་ཤིན་ཏུ་ཤས་ཆེ་ཞིང་སྟོབས་དང་ལྡན་པར་མཐོང་ལ། བད་ཀན་དང་རླུང་གཉིས་ནི་ཤས་ཆུང་ཞིང་སྟོབས་ཞན་པར་མཐོང་ན། དེ་ལ་མ་སྨིན་པའི་སྐབས་སུ་ཁྲག་མཁྲིས་དེ་ཞི་བར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་བསིལ་བའི་ཆོ་གའི་རིམ་པ་གང་དག་ཡིན་པ་དེ་སྤྱད་པར་བྱའོ། །གལ་ཏེ་དེས་ཀྱང་མ་ཞི་ན། །དེ་ཚེ་སྣུམ་དང་དྲོ་བས་བརྟ། །ཤ་ཁུ་དྲོ་འཇམ་ཞུན་མར་ནི། །ཐོག་མ་ཉིད་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་གསོ་བ་བྱས་སུ་ཟིན་ཀྱང་ཁྲག་དང་མཁྲིས་པ་དེ་ཞི་བར་མ་གྱུར་ན། དེའི་འོག་ཏུ་སྣུམ་པ་དང༌། དྲོ་བའི་སྨན་དང་ཟས་ཀྱིས་བརྟ་བར་


DTG201_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང༌། ཤ་ཁུ་ཅུང་ཟད་ཙམ་བླུད་པ་དང༌། ཞུན་མར་ཡང་ཁྲག་འབྱུང་བའི་ཐོག་མ་ཉིད་དུ་བཏང་ཞིང་བརྟ་བར་བྱའོ། །དེ་ལ་ཏིལ་མར་མར་དང་ནི། །འོ་མ་དྲོ་འཇམ་བླུད་པའང་བསྔགས། །ཞེས་བྱ་བ་ལ། ནད་པ་དེ་ལ་ཏིལ་མར་རམ་འོ་མ་དྲོ་འཇམ་ཙམ་དུ་བྱས་པ་ཅི་འདོད་པར་བླུད་པ་ཡང་ཕན་ནོ། །བྱི་ཚེར་ཀུ་ཤ་འཇག་མའི་རྩ། །ཤལ་མ་ལི་ཡི་མེ་ཏོག་དང༌། །ཨུ་དུམ་བཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་ཡི་མྱུ་གུ་སྲང༌། །གཉིས་གཉིས་ཆུ་བྲེ་གསུམ་དང་ནི། །འོ་མ་བྲེ་གང་ནང་དུ་བསྐོལ། །འོ་མ་ལུས་ནས་ཚིགས་མ་བཙགས། །ཁུ་བ་དེར་ནི་མོན་ཆ་ར། །བཙོད་དང་ཙནྡན་ཨུཏྤ་ལ། །ཨུཏྤལ་པདྨའི་གེ་སར་དང༌། །དུག་མོ་ཡུངས་ཀྱི་ས་བོན་ཏེ། །འདི་རྣམས་བཏགས་པའི་ལྡེ་གུ་བསྲེས། །འདི་ནི་སྤྱི་བག་འཇམ་རྩིར་གྲགས། །མར་དང་སྦྲང་རྩི་ཁ་རར་བཅས། །མཁྲེགས་དང་གཞང་ནི་འབྱུང་བ་དང༌། །ཁྲག་འཛག་རིམས་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། བྱི་ཚེར་བ་ལ་སོགས་པའི་རྩ་བ་དང༌། ཤིང་ཤལ་མ་ལིའི་མེ་ཏོག་དང༌། ཨུ་དུམ་བཱ་ར་ལ་སོགས་པའི་མྱུ་གུ་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ཆུ་བྲེ་གསུམ་དང༌། དེ་བཞིན་དུ་འོ་མ་བྲེ་གང་གི་ནང་དུ་བསྐོལ་ལ་འོ་མ་ལུས་པར་གྱུར་པ་དང༌། ཚིགས་མ་བཙགས་ལ་ཁུ་བ་དེར་མོན་ཆར་དང༌། བཙོད་ལ་སོགས་པའི་སྨན་ལྡེ་གུར་བྱ་བའི་ཚུལ་དུ་སྦྱར་བའི་ལྡེ་གུ་དང་བསྲེས་པ་འདི་ནི་སྤྱི་བག་གི་འཇམ་རྩི་ཞེས་གྲགས་ཏེ། དེ་དང་མར་དང་སྦྲང་རྩི་བསྲེས་ལ། ཅི་རན་ཙམ་བྱིན་ན་མཁྲེགས་ཤིང་འཁྲུ་བ་དང་གཞང་འབྱུང་བ་ལ་སོགས་པ་འཇོམས་པར་བྱེད་དོ། །ཤིང་མངར་བྲ་པུཎྜ་རཱི་ཀ །དེ་བཞིན་མོན་ཆར་ལ་སོགས། །ཉིས་འགྱུར་གྱི་ནི་འོ་མ་བསྐོལ། །སྣུམ་གྱི་འཇམ་རྩི་གཏང་བར་བྱ། །ཞེས་བྱ་བ་ལ། ཤིང་མངར་དང་པྲ་པུཎྜ་རཱི་ཀ་དང༌། མོན་ཆ་ར་དང་བཙོད་ལ་སོགས་པ་བཟླས་མ་ཐག་པའི་སྨན་ལྡེ་གུར་བྱས་པ་དང༌། འོ་མ་མར་གྱི་ཉིས་འགྱུར་དང་ཆུ་དང་དེ་བཞིན་དུ་བསྐོལ་བའི་སྣུམ་གྱི་འཇམ་རྩི་བསྐོལ་བར་བྱའོ། །ཤིང་མངར་ཨུཏྤལ་སེང་ཕྲོམ་བཙོད། །བིལ་བ་ཙནྡན་པ་ལེ་ཀ །དབྱི་མོ་གླ་སྒང་བོང་ང་དཀར། །པ་ཐ་ཡ་བཀྵ་ར་མཆོག །སྐྱེར་པ་ཤིང་ཚ་ཙི་ཏྲ་ཀ །དོང་ག་སྤང་སྤོས་ཐང་ཤིང་དང༌། །ཙང་གི་རི་ཡི་


DTG201_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་མར། །བསྐོལ་བ་དེས་ནི་ཉེས་གསུམ་འཇོམས། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད། །སྐྱ་རྦབ་རིམས་དང་ཡི་ག་འཆུས། །གཅིན་སྲི་གཞང་ནི་ཉམས་པ་དང༌། །ཆུ་སོ་སྦོ་དང་མཁྲེགས་པ་དང༌། །བེའུ་སྣབས་འཁྲུ་དང་གཞང་འབྲུམ་སེལ། །དེ་བླད་སྨན་གྱི་དམ་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ཞུན་མར་དང་ཙང་གི་རིའི་ཁུ་བ་བཞི་འགྱུར་དང་བསྐོལ་བའི་སྨན་མར་དེས་ནི་ནད་གཞིའི་ཉེས་པ་གསུམ་ཆར་འཇོམས་ཏེ། སྨན་མར་དེ་ནི་གཞང་འབྲུམ་དང་ཚད་པར་འཁྲུ་བ་ལ་སོགས་པའི་ནད་པར་དེ་བྱིན་ན་དེ་སེལ་བའི་སྨན་གྱི་དམ་པ་ཡིན་ནོ། །རིམ་གྱིས་མངར་ཞིང་སྐྱུར་བ་དང༌། །གྲང་དྲོ་ལ་སོགས་རྟག་ཏུ་ནི། །མེ་དྲོད་སྟོབས་ལས་ལྟོས་ཏེ་བཏང༌། །གཞང་འབྲུམ་ནད་ལས་རྒྱལ་བར་འགྱུར། །ཞེས་བྱ་བ་ལ། གཞང་འབྲུམ་ཅན་གྱི་ནད་པ་ལ་རིམ་གྱིས་མངར་བ་དང༌། སྐྱུར་བའི་སྨན་དང༌། དེ་བཞིན་དུ་གྲང་བ་དང། དྲོ་བ་དག་རྟག་པར་དེ་དུས་ཐམས་ཅད་དུ་སྨན་བས་ཁོང་པའི་མེ་དྲོད་དང་ཉམས་སྟོབས་ལས་བརྟགས་ཏེ་བཏང་བར་གྱུར་ན་གཞང་འབྲུམ་གྱི་ནད་སེལ་བར་འགྱུར་བས་ན་ཇི་ནས་ཀྱང་ཚུལ་དེ་ལྟ་བུས་གཞང་འབྲུམ་གྱི་ནད་བསལ་བར་བྱའོ། །རྟུག་སྐམ་གྱིས་ཉེན་ཏིལ་མར་གྱི། །གྲང་བའི་རིམས་ལ་ཕན་པས་བསྐུ། །རླན་དུགས་སྣུམ་ཅན་གྱིས་དུགས་བྱ། །དེ་ནས་རེང་བུ་གཞུག་བྱ་སྟེ། །ཤ་མ་དུར་བྱིད་དན་ད་དང༌། །ནི་ལི་ནི་འབྲས་པི་པི་ལིང༌། །པོ་སོན་ཆ་ལན་ཚྭ་ཉིས་འགྱུར། །ཕྱེར་བཏགས་བུ་རམ་བ་གཅིན་སྦྱར། །མར་བསྐུས་རེང་བུ་མཐེ་བོའི་ཚད། །བཅུག་ན་རྟུག་སྐམ་བདེར་འབྱུང་བྱེད། །ཅེས་བྱ་བ་ལ། རྟུག་སྐམ་གྱི་ནད་ཀྱིས་ཉེན་ཞིང་གཟིར་བའི་ནད་པས་གྲང་བའི་རིམས་ལ་ཕན་པར་བཤད་པའི་ཏིལ་མར་སྔར་བཤད་པས་ལུས་ལ་བསྐུས་ལ་རླན་པའི་དུགས་མང་པོ་དང་བཅས་པས་དུགས་བྱས་ལ། དེ་ནས་ཤ་མ་དུར་བྱིད་ལ་སོགས་པ་ལས་བྱས་པའི་རེང་བུ་གཞུག་པར་བྱ་སྟེ། དེ་ཡང་ཤ་མ་དུར་བྱིད་ལ་སོགས་པའི་སྨན་བཏགས་ལ་བུ་རམ་དང་བའི་གཅིན་སྦྱར་ཏེ། ལན་ཚྭ་སྨན་སྤྱིའི་ཉིས་འགྱུར་བཅུག་ལ་མར་གྱིས་བསྐུས་ཏེ། རེང་བུ་ལག་པའི་ཚད་ཙམ་བཅུག་ན་རྟུག་སྐམ་བདེ་བར་འབྱུང་བར་བྱེད་དོ། །པི་པི་ལིང་དང་པོ་སོན་ཆ། །ཁྱིམ་གྱི་


DTG201_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་ཡུངས་ཀར་བཅས། །ཞེས་བྱ་བ་ལ། དེ་བཞིན་དུ་པི་པི་ལིང་ལ་སོགས་པའི་རེང་བུ་མཐེ་བོའི་ཆད་ཙམ་བྱས་ཏེ། སྔ་མ་ལྟར་བྱས་ན་ཡང་རྟུག་སྐམ་སེལ་བར་བྱེད་དོ། །འདི་དག་ཉིད་ཀྱི་ཕྱེ་མ་ནི། །རྐུབ་ནས་གཅེ་འུས་འབུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་རེང་བུ་གཉིས་ཀྱི་སྐབས་སུ་བཤད་པའི་སྨན་གྱི་ཕྱེ་མ་རྐུབ་ནས་གཅེའུའི་སྦུ་གུ་ལས་བུས་ཏེ་བཏང་ན་ཡང་དེ་དང་འདྲའོ། །དེ་དོན་མེད་ན་རབ་རྣོ་སྣུམ། །མས་གཏོང་བས་ནི་བཙིར་ཏེ་གཏང༌། །དེས་ནི་གཞང་རྩ་དྲང་པོར་འབྱེད། །བཤང་གཅི་འཕྱེན་ནི་བདེ་བར་འབྱུང༌། །ཞེས་བྱ་བ་ལ། རེང་བུ་དང་ཕྱེ་མ་དུད་པ་དེ་དག་དོན་མེད་པར་གྱུར་ཅིང་ནད་སེལ་བའི་འབྲས་བུ་མེད་པར་གྱུར་ན་རབ་ཏུ་རྣོ་ཞིང་སྨན་ཤིན་ཏུ་རྣོ་བ་དང་སྦྱར་བའི་སྣུམ་དང་བཅས་པའི་སྨན་མས་གཏོང་ཞིང་བཙིར་བར་བྱས་ཏེ་མས་གཏོང་བ་དེ་ནི་ནད་པ་དེའི་གཞང་གི་རྩ་དྲང་པོར་བྱེད་ཅིང་བཤང་བ་ལ་སོགས་པ་བདེ་བར་འབྱུང་བར་འགྱུར་རོ། །སླར་ཡང་འགགས་ན་རླུང་འཇོམས་པའི། །བཀྲུ་སྨན་སྣུམ་ཅན་གཏང་བྱ་ཞིང༌། །འཇམ་རྩི་དག་ནི་གཏང་བར་བྱ། །རྩུབ་ལས་རླུང་ནི་རྟུག་སྐམ་འགྱུར། །ཞེས་བྱ་བ་ལ། སླར་ཡང་རྟུག་པ་འགགས་པར་གྱུར་ན་རླུང་འཇོམས་པའི་བཀྲུ་སྨན་ཨེ་རཎྜའི་ཏིལ་བ་མར་ལ་སོགས་པ་བཀྲུ་སྨན་གཏང་བ་དང༌། རྟུག་སྐམ་གྱི་ནད་ཀྱིས་ཉེན་པ་ལ་འཇམ་རྩི་མས་གཏོང་བའི་སྣུམ་གྱི་འཇམ་རྩི་གཏང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རླུང་གི་རྟུག་སྐམ་ནི་རྩུབ་པ་ལས་རྟུག་སྐམ་དུ་གྱུར་པའི་ཕྱིར་བཀྲུ་སྨན་དང༌། འཇམ་རྩི་སྣུམ་བག་གཏང་བར་བྱའོ། །ལན་ཚྭ་གསུམ་དང་ཚ་བ་གསུམ། །འབྲས་བུ་གསུམ་དང་དན་ཏི་དང༌། །བསེ་ཤིང་འབྲས་བུ་ཙི་ཏྲ་ཀ །ཕྱེ་མ་མར་དང་སྦྲང་རྩིས་སྦྲུས། །རྫ་སྐྱོགས་ཁ་སྦྱར་འཇིམ་པས་བྱུགས། །དུ་བ་ནང་འཁྱིམས་བསྲེག་པར་བྱ། །ཐལ་བ་དགེ་བ་ཅན་ཞེས་བྱ། །མར་དང་ལྷན་ཅིག་བླུད་པའམ། །འབྲས་ཆན་སྣུམ་ཅན་དང་སྦྱར་ཟོས། །རྟུག་སྒམ་འགགས་དང་གཞང་འབྲུམ་ཅན། །སྐྱ་རྦབ་དམུ་རྫིང་རྡེའུ་གཅིན་སྲི། །སྙིང་ནད་འོར་ནད་ཕོ་བའི་ནད། །གཅིན་སྙི་མཆིན་པ་གཟེར་དང་གློ། །ལུད་པ་དབུགས་མི་བདེ་བ་འཇོམས། །ཞེས་བྱ་བ་ལ། ལན་ཚྭ་གསུམ་ནི་ས་དེ་བ་ཞེས་བྱ་བའི་ལྕེ་མྱང་ཚ་དང༌། སོ་བར་ཚ་ལ་ཞེས་


DTG201_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཁ་རུ་ཚ་དང༌། པི་ད་ཞེས་བྱ་བ་ཁ་རུ་ཚ་ནག་པོ་དྲི་མི་ཞིམ་པ་སྟེ་གསུམ་དང་ཚབ་གསུམ་ལ་སོགས་པའི་སྨན་ཕྱེ་མར་བཏགས་ལ་མར་དང་བ་གཅིན་གྱིས་སྦྲུས་ཏེ། རྫ་སྐྱོགས་ཁ་སྦྱར་གྱི་ནང་དུ་བཅུག་ནས་དུ་བ་ནང་དུ་འཁྱིམས་ཤིང་ཕྱིར་མ་བྱུང་བར་བྱས་ནས་བསྲེག་པར་བྱའོ། །དེ་ལྟར་བསྲེགས་པའི་ཐལ་བ་དེ་ནི་མིང་དགེ་བ་ཅན་ཞེས་བྱ་བ་སྟེ། དེ་མར་དང་ལྷན་ཅིག་སྦྱར་ཏེ་བླུད་པར་བྱའོ། །འབྲས་ཆན་སྣུམ་ཅན་དང་སྦྱར་ཏེ་ཟོས་ན་རྟུག་སྐམ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །གཞང་འབྲུམ་ལ་ནི་གང་ཞིག་བཤད། །དེ་ཀུན་རྟུག་སྐམ་དག་ལའང་སྦྱར། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་སྐབས་སུ་བཤད་པའི་བཟའ་བ་དང༌། བཏུང་བ་དང༌། སྨན་ལ་སོགས་པ་ཐམས་ཅད་རྟུག་སྐམ་གྱི་ནད་ལ་ཡང་སྦྱར་བར་བྱའོ། །ཀ་རཉྫ་ཤུན་སྲང་ནི་ཉིས་བརྒྱ་བཅུ། །བྲེ་བཅུ་དྲུག་བསྐོལ་བཞི་ཆ་ལུས་པ་དེར། །བུ་རམ་སྲང་ནི་བརྒྱད་ཅུ་ཚ་བ་གསུམ། །སྲང་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག །འདི་དག་ཟླ་གཅིག་བཞག་སྟེ་ལངས་གྱུར་ནས། །ཚ་བྱས་མཆོག་ཏུ་དྲོད་སྐྱེད་ཟས་འཇུ་བའི། །ནུས་སྐྱེད་རླུང་བདེར་རྒྱུ་བྱས་གཞང་འབྲུམ་དང༌། །མཆེར་ནད་སྐྲན་དང་དམུ་རྫིང་སེལ་བར་བྱེད། །ཅེས་བྱ་བ་ལ། པུ་ཏི་ཀ་རཉྫའི་ཤུན་ཕྲགས་སྲང་ཉིས་བརྒྱ་ལེགས་པར་བསྐམས་བ་ཆུ་བྲེ་བཅུ་དྲུག་ཅེས་བྱ་བ་སྲང་ལྔ་བརྒྱ་བཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་བ་དེ་ལས་བཞི་ཆ་སྟེ། བྲེ་བཞི་ལུས་པ་དེ་བཙགས་ཏེ་བསྒྲངས་པ་དེར་བུ་རམ་སྲང་བརྒྱད་ཅུ་དང་ཚ་བ་གསུམ་སྲང་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་ལ་སྨན་འདི་དག་ལྡེ་གུར་བསྐོལ་བ་མར་སྣོད་ཀྱི་རྫ་མར་བཅུག་སྟེ། ཟླ་བ་གཅིག་གི་བར་དུ་བཞག་ནས་ལངས་ཤིང་སྨིན་པར་གྱུར་པ་ནི་ཀ་རཉྫའི་ཚ་ཞེས་བྱ་སྟེ། དེས་ནི་ཤིན་ཏུ་དྲོད་སྐྱེད་ཅིང་ཟས་འཇུ་བའི་ནུས་པ་བསྐྱེད་པ་དང༌། རླུང་བདེ་བར་རྒྱུ་བ་ལ་སོགས་པ་བྱས་ནས་གཞང་འབྲུམ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །པུ་ཏི་ཀ་རཉྫ་ནི་སྲང་བརྒྱད་དང༌། །ཙི་ཏྲ་ཀཎྜ་ཀ་རི་སྲང་ཉིས་བརྒྱ། །ཆུ་བྲེ་བཞི་བཅུ་བརྒྱད་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པར་བུ་རམ་སྲང་བརྒྱ་གཞུག །དྲི་སྣ་གསུམ་དང་ཚ་གསུམ་སེའུ་འབྲུ་དང༌། །པི་པི་ལིང་གི་རྩ་བ་སྲུ་སྲུའི་རྩ། །གུ་གུལ་མ་ནུ་འུ་སུ་དབྱི་མོ་དང༌། །སྤ་མའི་འབྲས་བུ་སྒེའུ་གཤེར་སྟར་བུ་ནི། །


DTG201_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་རེ་ཞིབ་ཏུ་བཏགས་པའི་ཕྱི་མ་བསྐོལ། །བསྒྲངས་ནས་སྦྲང་རྩི་སྲང་ནི་ཉི་ཤུ་གཞུག །སྒེའུ་གཤེར་སྐྱུར་རྩི་ཆེན་པོ་རྒུན་འབྲུ་རློན། །བུ་རམ་ཤིང་གི་རྩ་བ་བཙིར་བར་བྱ། །མར་གྱི་སྣོད་བཅུག་ཟླ་གཅིག་བཞག་སྟེ་ལངས། །སྐྱུར་གྱུར་འདི་ནི་གཞང་འབྲུམ་སོག་ལེ་སྟེ། །མེ་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ལ། །སྐྱ་རྦབ་དབྱིག་དུག་དམུ་རྫིང་སྐྲན་མཆེར་བ། །ལྟོ་སྦོས་རྡེའུ་ཆགས་གཅིན་སྲི་འཇོམས་པར་བྱེད། །ཅེས་བྱ་བ་ལ། པུ་ཏི་ཀ་རཉྫ་ཞེས་བྱ་བའི་སྨན་སྲང་བརྒྱ་དེ་བཞིན་དུ་ཙི་ཏྲ་ཀ་དང་ཀཎྜ་ཀ་རིའི་རྩ་བ་སྲང་ཉིས་བརྒྱ་ཆུ་བྲེ་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ། བཞི་ཆ་ལུས་པ་དང་བཙགས་ཏེ་བསྒྲངས་བའི་ནང་དུ་བུ་རམ་སྲང་བརྒྱ་བཅུག་ལ། དེའི་འོག་ཏུ་དྲི་སྣ་གསུམ་ལ་སོགས་པའི་སྨན་སྲང་རེ་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་ནས་བསྐོལ་ཏེ། དེ་བསྒྲངས་ལ་སྦྲང་རྩི་སྲང་ཉི་ཤུ་གཞུག་ཅིང༌། དེ་བཞིན་དུ་སྒེའུ་གཤེར་དང་སྐྱུར་རྩི་ཆེན་པོ་རྒུན་འབྲུ་རློན་པའི་ཁུ་བ་སྲང་ཉི་ཤུ་བཅུག་ལ། དེ་བཞིན་དུ་བུ་རམ་ཤིང་བཙིར་བའི་ཁུ་བ་ཅི་རན་ཙམ་དུ་བླུགས་པ་ལ། མར་གྱི་སྣོད་ཀྱི་ནང་དུ་བཅུག་ནས་ཟླ་བ་གཅིག་བཞག་སྟེ་ལངས་པ་དང༌། སྐྱུར་རྩི་ཚར་གྱུར་པ་འདི་ནི་གཞང་འབྲུམ་གྱི་ཚོགས་སོག་ལེས་ཤིང་ལྟར་གཅོད་པ་ཡིན་ཞིང༌། མེ་དྲོད་ཤིན་ཏུ་སྐྱེད་པར་བྱེད་པ་དང༌། སྐྱ་རྦབ་ལ་སོགས་པའི་ནད་འཇོམས་པར་བྱེད་པ་ཡིན་ནོ། །པི་ལུའི་ཁུ་བ་རས་བཙགས་བྲེ་བཅུ་དྲུག །མར་གྱི་སྣོད་ཀྱི་ནང་དུ་བཅུག་ནས་ནི། །ད་ཏ་ཀི་དང་རྒུན་འབྲུམ་འབྲ་གོ་དང༌། །སྐྱུ་རུ་ར་ཡི་འབྲས་བུ་སྲང་གཉིས་གཉིས། །པ་ཏ་བོང་ང་དཀར་པོ་བྱི་ཚེར་བ། །སྟར་བུ་ཚ་བ་གསུམ་དང་ཤིང་ཚ་དང༌། །སུག་སྨེལ་འུ་སུ་སྤྲི་ཀ་ཀ་ཀོ་ལ། །ལི་ཤི་པི་པི་ལིང་རྩ་བྱི་དང་ག །ཀྲུ་ཏྲུག་ཏྲེས་སྲང་རེ་རེ་བུ་རམ་ནི། །སྲང་བརྒྱད་རླུང་མེད་གནས་སུ་ཟླ་ཕྱེད་གཞག །དེས་ནི་གཞང་འབྲུམ་སྐྲན་བཅས་ཞི་བྱེད་ཅིང༌། །མེ་ཡི་སྟོབས་ནི་མྱུར་དུ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། པི་ལུ་ཕ་ལ་ཞེས་བྱ་བའི་ཁུ་བ་རས་ཀྱིས་བཙགས་པའི་བྲེ་བཅུ་དྲུག་སྣུམ་དང་བཅས་པའི་མར་སྣོད་ཀྱི་ནང་དུ་བཅུག་ནས། ད་ཏ་ཀི་ལ་སོགས་པ་སྨན་སྲང་གཉིས་དང་པ་ཏ་ལ་སོགས་པའི་སྨན་སྲང་རེ་རེ་སྦྱར་ལ། དེ་བུ་


DTG201_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རམ་སྲང་བརྒྱད་དང་བསྲེས་ནས་རླུང་མེད་པའི་ཁང་པར་ཟླ་ཕྱེད་བཞག་སྟེ། དེ་ནས་ནད་པ་ལ་ཅི་རན་ཙམ་དུ་བླུད་ན་གཞང་འབྲུམ་སྐྲན་དང་བཅས་པ་ཞི་ཞིང་སེལ་བར་བྱེད་ལ། དེ་བཞིན་དུ་ཕོ་བའི་མེ་དྲོད་སྟོབས་མྱུར་དུ་སྐྱེད་པར་བྱེད་པའི་ནུས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཡང་ན་རྩ་བ་བཅུ་བ་དུར་བྱེད་དང། །པ་ཐ་ཨརྒ་གཉིས་དང་བོང་ང་དཀར། །ཀད་བ་ལ་རྣམས་རེ་རེ་སྲང་བཅུ་བཅུ། །སྔ་མ་བཞིན་དུ་བསྲེགས་པའི་ཐལ་བ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་བུ་རམ་སྲང་བརྒྱ་དང༌། །ཚ་བ་གསུམ་དང་དབྱི་མོ་ཨ་རུ་ར། །སྲང་ལྔ་ཙི་ཏྲ་ཀ་ནི་སྲང་གཉིས་དང༌། །ཡ་བཀྵར་སྲང་གཉིས་བཅུག་སྟེ་བསྐོལ། །གཟར་བུར་ཆགས་པའི་བུ་རམ་ལྡེ་གུ་ཡིས། །སྐྲན་དང་མཆེར་ནད་གཞང་འབྲུམ་མཛེ་ནད་དང༌། །གཅིན་ནད་མེ་དྲོད་ཉམས་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་པོ་ལ་སོགས་པའི་སྨན་རེ་རེ་ཞིང་སྲང་བཅུ་བཅུ་སྔ་མ་བཞིན་དུ་བསྲེགས་ཏེ་ཐལ་བར་བྱས་ལ། ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་ཚགས་ཀྱིས་བཙགས་ནས་བཞི་ཆ་ལུས་བར་བུ་རམ་སྲང་བརྒྱ་བཅུག་པ་དང༌། དེ་བཞིན་དུ་ཚ་བ་གསུམ་དང༌། དབྱི་མོ་དང༌། ཨ་རུ་ར་རེ་རེ་ཞིང་སྲང་ལྔ་ལྔ་དང༌། ཙི་ཏྲ་ཀ་ཞེས་བྱ་བ་ཀྲུ་ཏྲུག་ཏྲེས་སྲང་གཉིས་དང༌། ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ནས་སྲང་གཉིས་བཅུག་སྟེ། ཡང་གཟར་བུ་ལ་ཆགས་ཀྱི་བར་དུ་བསྐོལ་བའི་བུ་རམ་གྱི་ལྡེ་གུ་འདིས་ནི་སྐྲན་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཙི་ཏྲ་ཀ་ཡི་རྩ་བ་སྲང་ལྔ་བཅུ། །ཆུ་སྲང་བཅུ་དྲུག་བསྐོལ་ལ་བརྒྱད་ཆ་ལུས། །དེར་ནི་བུ་རམ་རྙིང་པ་སྲང་བརྒྱ་གཞུག །སླར་བསྐོལ་སྐ་བར་གྱུར་བ་དེ་ནང་དུ། །ཚ་བ་གསུམ་དང་ཤུ་ཏི་ཨ་རུ་ར། །རུ་རྟ་གླ་སྒང་ཤིང་ཚ་བྱི་དང་ག །ཙི་ཏྲ་ཀ་དང་སུག་སྨེལ་ཕྱེར་བཏགས་བསྲེས། །དེས་ནི་གཞང་འབྲུམ་མཛེ་དང་སྐྲན་དང་ནི། །མཆེར་པ་དམུ་རྫིང་ནད་ནི་འཇོམས་བྱེད་ཅིང༌། །རྟག་ཏུ་བསྟེན་ན་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཙི་ཏྲ་ཀའི་རྩབ་སྲང་ལྔ་བཅུ་ཆུ་སྲང་བཅུ་དྲུག་ཏུ་བརྒྱད་ཆ་ལུས་ཀྱི་བར་དུ་བསྐོལ་ལ། །དེར་བུ་རམ་རྙིང་པ་སྲང་བརྒྱ་བཅུག་སྟེ། ཡང་བསྐོལ་ནས་སྐ་ཞིང་གཟར་བུ་ལ་ཆགས་པར་གྱུར་བ་དང༌། ལྡེ་གུ་དེའི་ནང་དུ་ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་བསྲེས་ལ། དེ་ལུས་


DTG201_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་དང་ནད་གཞིའི་དབང་དུ་བྱས་ནས། དེ་དང་རྗེས་སུ་མཐུན་པར་བསྟེན་ན་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་ཅིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཚ་བ་གསུམ་དང་ཏིལ་དང་འབྲས་བུ་གསུམ། །བྱི་དང་ག་དང་གོ་བྱེ་ཅི་ཏྲ་ཀ །བུ་རམ་རི་ལུར་བྱས་བསྟེན་གཞང་འབྲུམ་དང༌། །པགས་པའི་ནད་ནི་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་མར་བུ་རམ་དང་རི་ལུར་བྱས་ཏེ་རྒྱུན་དུ་བསྟེན་ན་གཞང་འབྲུམ་གྱི་ནད་སེལ་བར་བྱེད་ཅིང༌། པགས་པའི་ནད་མཛེ་ནད་ཅེས་བྱ་བ་འཇོམས་པར་བྱེད་པ་ཡིན་ནོ། །སོ་ར་ན་ཡི་རྩབ་ཁ་སྦྱར་བཅུག །འཇིམ་པས་བསྐུས་ཏེ་ཆོ་ག་བཞིན་བསྲེགས་པ། །ལན་ཚྭ་ཏིལ་མར་བཅས་པ་ཟོས་གྱུར་ན། །གཞང་འབྲུམ་སེལ་བར་བྱེད་པའི་དམ་པ་ཡིན། །ཞེས་བྱ་བ་ལ། སོ་ར་ན་ཞེས་བྱ་བའི་རྩ་བ་རྫ་སྐྱོགས་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་འཇིམ་པས་བསྐུས་ནས་འོ་མའི་རིམ་པས་དཀྲིས་ཏེ་བསྲེག་པའི་ཆོ་གས་བསྲེགས་པ་ལན་ཚྭ་དང་ཏིལ་མར་བཅས་པར་ཟོས་ན་ཡང་གཞང་འབྲུམ་སེལ་བར་བྱེད་དོ། །ན་ལེ་ཤམ་དང་པི་པི་ལིང་དོད་གྲ་།ཀྲུ་ཏྲུག་ཏྲེས་ནི་ཆ་རེས་བསྐྱེད་པ་དང༌། །ཙི་ཏྲའི་བཞི་འགྱུར་སུ་ར་ན་དང་སྦྱར། །བུ་རམ་རི་ལུས་གཞང་འབྲུམ་གཅོད་པར་བྱེད། །ཅེས་བྱ་བ་ལ། ན་ལེ་ཤམ་ལ་སོགས་པ་ཆ་རེས་བསྐྱེད་པ་དེ་བསྡུས་པ་ལས། ཀྲུ་ཏྲུག་ཏྲེས་ཀྱི་བཞི་འགྱུར་གྱི་སུ་ར་ན་དང་སྦྱར་ལ། བུ་རམ་དང་རི་ལུར་སྦྱར་བས་ཀྱང་གཞང་འབྲུམ་སེལ་བར་བྱེད་དོ། །ཚད་མ་བཤད་པར་བུ་རམ་ནི། །ཕྱི་མའི་ཉིས་འགྱུར་གཞུག་པར་བྱ། །ཞེས་སྨོས་པས་དེའི་ཕྱིར་འདིར་སྦྱོར་བ་ནི་ན་ལེ་ཤམ་ཞོ་གཅིག །པི་པི་ལིང་ཞོ་གཉིས། དོང་གྲ་ཞོ་གསུམ། ཀྲུ་ཏྲུག་ཏྲེས་བྱ་བ་ཙི་ཏྲ་ཀ་ཞོ་བཞི། སུ་ར་ན་ཙི་ཏྲ་ཀའི་བཞི་འགྱུར་ཏེ་ཞོ་བཅུ་དྲུག་སྦྱར་ལ་བུ་རམ་ནི་ཕྱེ་མ་དེ་ཐམས་ཅད་ཀྱི་ཉིས་འགྱུར་དུ་བྱའོ། །སུ་ར་ན་ཡི་བཅུ་དྲུག་ཕྱེར་བཏགས་ཤིང། །ཙི་ཏྲ་ཀ་ནི་དེ་ཡི་ཆ་ཕྱེད་བྱ། །བཅའ་སྒ་ཆ་གཉིས་ན་ལེ་ཤམ་ཆ་གཅིག །བུ་རམ་རི་ལུར་བྱས་བས་གཞང་འབྲུམ་སེལ། །ཞེས་བྱ་བ་ལ། སུ་ར་ན་བཅུ་དྲུག་ཕྱེ་མར་བཏགས་ལ་ཙི་ཏྲ་ཀ་དེའི་ཕྱེད་དེ་སྲང་བརྒྱད་བྱ། བཅའ་སྒ་ཆ་གཉིས། ན་ལེ་ཤམ་ཆ་གཅིག་སྟེ། འདི་དག་ཀུན་གྱི་ཉིས་


DTG201_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་བུ་རམ་དང་རི་ལུར་བྱས་པ་བསྟེན་པས་ཀྱང་གཞང་འབྲུམ་སེལ་བར་བྱེད་དོ། །ཨ་རུ་ར་དང་དོང་ག་པི་པི་ལིང༌། །ཀ་རཉྫ་དང་ཙི་ཏྲ་བྱི་དང་ཀ །ཁ་ར་མཉམ་ཕྱེ་རྒོད་མའི་ཁ་ལྟ་བུར། །ཟས་ལྕི་མང་དུ་ཟོས་ཀྱང་འཇུ་བར་བྱེད། །ཅེས་བྱ་བ་ལ། ཨ་རུ་ར་ལ་སོགས་པའི་སྨན་གྱི་ཕྱེ་མ་ཁ་ར་དང་ཆ་མཉམ་དུ་བྱས་ཏེ་ཕྱེ་མར་བྱས་པ་ཟོས་ན་ཡང་ཟས་ལྕི་བ་མང་དུ་ཟོས་ཀྱང་འཇུ་བར་བྱེད་དོ། །རྒྱ་མཚོའི་ནང་ན་རྒོད་མ་ཁ་ཞེས་བྱ་བའི་མེ་ཡོད་པ་དང་འདྲ་བ་ཡིན་ནོ། །དུག་མོ་ཡུངས་ལང་ག་ལི་པི་པི་ལིང༌། །ཙི་ཏྲ་ཀ་དང་ཨ་བ་མརྒ་ཡི། །ས་བོན་རྩ་མཁྲིས་རྒྱམ་ཚ་བུ་རམ་སྣམས། །རི་ལུར་བྱས་པས་གཞང་འབྲུམ་སེལ་བར་བྱེད། །ཅེས་བྱ་བ་ལ། དུག་མོ་ཡུངས་ལ་སོགས་པའི་སྨན་བུ་རམ་དང་རི་ལུར་བྱས་པ་ཡང་གཞང་འབྲུམ་སེལ་བར་བྱེད་དོ། །གལ་ཏེ་གཞང་འབྲུམ་གཞིག་པར་འདོད་ན་ནི། །རྒྱམ་ཚ་ཙི་ཏྲ་ཀ་དང་དུག་མོ་ཡུངས། །ཙི་ལི་པིལ་བ་ནིམ་པར་བཅས་པ་དག །བཏགས་པའི་ཕྱེ་མ་དར་པར་བཅས་པ་བཏུང༌། །ཞེས་བྱ་བ་ལ། འགའ་ཞིག་གལ་ཏེ་གཞང་འབྲུམ་གྱི་ནད་ཀྱིས་ཉེན་པ་གཞིག་པར་འདོད་ན་རྒྱམ་ཚ་ལ་སོགས་པའི་ཕྱེ་མ་དར་བ་སར་པ་དང་སྦྱར་བར་བྱའོ། །གཞང་འབྲུམ་སྐམ་ལ་བ་ལ་ཏ་ཀ་སྟེ། །གཤེར་ལ་དུག་མོ་ཡུངས་ཤུན་སྨན་མཆོག་ཡིན། །ཀུན་ལ་དུས་ཀུན་དུ་ནི་དར་རྙིང་མཆོག །སྟོབས་སྐྱེད་བྱེད་ཅིང་ནད་རྣམས་འཇོམས་པ་ཡིན། །ཞེས་བྱ་བ་ལ། གཞང་འབྲུམ་སྐམ་པོ་ན་བ་ལ་ནི་བསེ་ཤིང་གི་འབྲས་བུ་བ་ལ་ཏ་ཀ་ཞེས་བྱ་བ་སྨན་གྱི་མཆོག་ཡིན་པར་བཤད་ལ། གཞང་འབྲུམ་གཤེར་བ་ལ་ནི་དུག་མོ་ཡུངས་ཀྱི་ཤུན་ཕྲག་མཆོག་ཡིན་ནོ། །གཞང་འབྲུམ་གྱི་ནད་ཐམས་ཅད་ལ་ནི་དུས་ཐམས་ཅད་དུ་དར་བ་རྙིང་པ་གཞང་འབྲུམ་གྱི་སྨན་གྱི་མཆོག་ཡིན་ནོ། །ཡང་ན་དར་བ་དེ་ནི་ལུས་ཀྱི་སྟོབས་སྐྱེད་ཅིང་ནད་ཀྱི་ཚོགས་འཇོམས་པར་བྱེད་པ་ཡིན་ནོ། །རྟུག་པ་འགགས་པ་བསལ་བར་བྱ་བའི་ཕྱིར། །རླུང་སེལ་མེ་དྲོད་སྐྱེད་པར་བྱེད་པ་ཡི། །བཟའ་དང་བཏུང་བ་གང་ཡིན་དེ་བསྟེན་བྱ། །དེ་ལས་གོ་བཟློག་པ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་ལ་ནི་རྟུག་པ་འགགས་ཤིང་རླུང་དང་བད་ཀན་ལ་སོགས་པ་སེལ་བར་བྱེད་པའི་ཟས་དང་སྐམ་དང་སྨན་ལ་


DTG201_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་རྟུག་པ་འགགས་པ་དེ་བསལ་ཞིང་བདེ་བར་འབྱུང་བར་བྱ་བའི་ཕྱིར་ཟས་དང་སྐོམ་དང་སྨན་གང་རླུང་སེལ་ཞིང་མེ་དྲོད་སྐྱེད་པ་གང་ཡིན་པ་དེ་བསྟེན་ཞིང་སྤྱད་པར་བྱ་ལ། ཇི་སྐད་བསྟན་པ་དེ་ལས་གོ་བཟློག་པ་རླུང་ལས་གནོད་པར་བྱེད་པ་མེ་དྲོད་འབྲི་བར་བྱེད་པ་དེ་ནི་སྤང་བར་བྱའོ། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད་རྣམས་ནི། །ཕལ་ཆེར་ཕན་ཚུན་རྒྱུར་གྱུར་ཡིན་པས་ན། །མེ་དྲོད་ཆུང་ན་ནད་སྐྱེའི་ཚེ་ན་མིན། །དེ་བས་དེ་ལ་མཆོག་ཏུ་མེ་དྲོད་བསྲུང༌། །ཞེས་བྱ་བ་ལ། གཞང་འབྲུམ་ཚད་པར་འཁྲུ་བ་དང༌། ཕོ་བའི་ནད་རྣམས་ནི་ཕལ་ཆེར་རམ་ཤིན་ཏུ་ཕན་ཚུན་རྒྱུར་གྱུར་ཅིང་གཅིག་གིས་གཅིག་སྐྱེད་པར་བྱེད་པ་ཡིན་པས་ཕོ་བའི་མེ་དྲོད་ཆུང་ན་ནི་ནད་དེ་སྐྱེ་བར་འགྱུར་གྱི། མེ་དྲོད་ཆེ་ཞིང་འབར་བར་གྱུར་ན་དེ་འབྱུང་བར་མི་འགྱུར་རོ། །དེ་བས་ན་གཞང་འབྲུམ་ལ་སོགས་པའི་ནད་རྣམས་ལ་མཆོག་ཏུ་ཕོ་བའི་མེ་དྲོད་བསྲུང་བ་ལ་འབད་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ཀྱི་ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གཞང་འབྲུམ་གསོ་བའི་འོག་ཏུ་ཚད་པས་འཁྲུ་བ་བཤད་པ་བརྩམས་པ་ནི་དེའི་རྒྱུད་ཡིན་པའི་ཕྱིར་རོ། །འཁྲུ་བ་ཕལ་ཆེར་མ་ཞུ་བའི། །གནས་བརྟེན་མེ་དྲོད་ཉམས་པ་ལས། །འབྱུང་བས་དེའི་ཕྱིར་རླུང་གྱུར་ལའང༌། །དང་པོ་སྨྱུང་བ་བྱས་པ་ཕན། །ཞེས་བྱ་བ་ལ། གང་གི་ཕྱིར་འཁྲུ་བ་ཕལ་ཆེར་མང་དུ་ནི་མ་ཞུ་བའི་གནས་ལ་བརྟེན་ཞིང་དེར་གནས་པའི་རྒྱུ་དང་འབྲེལ་བའི་བདག་ཉིད་ཅན་ཡིན་པས་ན་དེའི་ཕྱིར་དེ་ན་གནས་པའི་མེ་དྲོད་ཉམས་པར་བྱས་ཞིང་བཅོམ་པ་ནས་འཁྲུ་བ་འབྱུང་བར་འགྱུར་བས། དེའི་ཕྱིར་ཚད་པས་འཁྲུ་བའི་ནད་འདི་ལ་ནི་རླུང་ལས་གྱུར་པ་ཡིན་དུ་ཟིན་ཀྱང༌། དང་པོར་དེ་ཐོག་མ་ཁོ་ནར་སྨིན་པར་བྱ་བའི་ཕྱིར་སྨྱུང་བར་བྱ་ཞིང་ཟས་གཅད་པར་བྱའོ། །གཟེར་སྦོ་བད་ཀན་གྱིས་ཉམ་ཐག །འཁྲུ་བ་ཅན་ནི་སློན་དུ་གཞུག །ཅེས་བྱ་བ་ལ། འཁྲུ་བའི་ནད་པ་གཟེར་ལ་སོགས་པས་ཉམ་ཐག་ཅིང་གཟིར་བ་ལ་ནི་སྐྱུག་སྨན་བྱིན་ལ་སློན་དུ་གཞུག་གོ །


DTG201_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ནི་གང་ཞིག་སོགས་པ་དག །མ་སྨིན་ཟས་དང་འདྲེས་གྱུར་ན། །འཁྲུ་བ་དག་ནི་འབྱུང་འགྱུར་ཏེ། །ཤིན་དུ་གློངས་ཏེ་འབྱུང་གྱུར་དང༌། །རང་ཉིད་འཁྲུ་བྱེད་དག་ལ་ནི། །བཏང་སྙོམས་བཞག་པ་དེ་ཉིད་སྨན། །ཞེས་བྱ་བ་ལ། ནད་གང་ཞིག་སོགས་ཤིང་ཀུན་ནས་འདུས་ལ་འཕེལ་བར་འགྱུར་བའི་རང་བཞིན་ཅན་དུ་གྱུར་པ་དག་ལ་མ་སྨིན་པའི་ཁ་ཟས་དང་གཅིན་དུ་འདྲེས་པར་གྱུར་ན་འཁྲུ་བར་འགྱུར་ཞིང་དེའི་དོན་བྱེད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་ནད་ཤིན་དུ་གློངས་ཤིང་གཡོས་པ་ལས་བྱུང་བར་གྱུར་པ་དེ་དང༌། དེ་བཞིན་དུ་རང་ཉིད་རྐྱེན་གཞན་གྱིས་མི་བསྐྱོད་པར་འབྱུང་ཞིང་སྐྱོད་པར་བྱེད་པ་དེ་དག་ལ་ནི་བཏང་སྙོམས་སུ་བཞག་ཅིང༌། རེ་ཞིག་བཅད་སྨན་མི་བླུད་པར་བཏང་སྙོམས་སུ་བཞག་པ་དེ་ཉིད་དེའི་སྨན་ཡིན་ནོ། །མ་ཞུ་འཁྲུ་ལ་དང་པོར་ནི། །བཅད་པའི་སྨན་ནི་གཏང་མི་བྱ། །ཞེས་བྱ་བ་ལ། མ་ཞུ་བ་འཁྲུ་བའི་སྐྱེས་བུ་ལ་ནི་ཐོག་མ་ཁོ་ནར་བཅད་པའི་སྨན་གྱི་སྦྱོར་བ་གཏང་བར་མི་བྱའོ། །གལ་ཏེ་འགགས་བྱེད་ལྟོ་སྦོས་ལྕི། །གཟེར་དང་ཚོར་བ་ཆུང་གྱུར་ལ། །ཨ་རུ་ར་བཏང་ནད་འཁྱིལ་བ། །འབྱིན་པས་སྲོག་ནི་སྟེར་བྱེད་དོ། །ཞེས་བྱ་བ་ལ། ནད་ཀྱིས་གགས་བྱས་ཤིང་ཆུང་ཟད་འབྱུང་བར་བྱེད་ལ་ལྟོ་སྦོས་པ་ལ་སོགས་པ་བསྐྱེད་པའི་ནད་ལ་ནི་ཨ་རུ་ར་བཏགས་པའི་ཕྱེ་མ་ཆུ་དྲོན་དང་བཏང་ན་ནད་འཁྱིལ་བ་འབྱིན་པར་བྱེད་ཅིང་སྲོག་འཛིན་པར་བྱེད་དོ། །ནད་ཚབས་འབྲིང་ལ་ཁྱད་པར་དུ། །བུ་ཏི་ཀ་དང་པི་པི་ལིང༌། །བཅའ་སྒ་ཤུ་དག་ཨ་རུ་ར། །འུ་སུ་ལེགས་པར་བསྐོལ་བ་བླུད། །ཅེས་བྱ་བ་ལ། འཁྲུ་བའི་ནད་ཚབས་འབྲིང་ཙམ་དུ་གྱུར་པའི་ནད་པ་ལ་ནི། གསོ་བའི་ཁྱད་པར་བུ་ཏི་ཀ་ལ་སོགས་པ་བླུད་པར་བྱའོ། །བསྐོལ་བ་བླུད་པར་བྱའོ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་པར་འགྱུར་བ་ཡིན་ཏེ། སྤྱད་དུ་འཁྲུས་པར་འགྱུར་བའི་ཚུལ་གྱིས་བསྐོལ་བར་བྱ་བ་ཡིན་ཏེ། དེ་ཡང་རྒྱུད་གཞན་ལས། སྨན་ནི་ལྡེ་གུར་བྱས་ཏེ་བསྐོལ། །འཁུས་པ་ཡིན་པར་དེ་ཤེས་བྱ། །ཞེས་བཤད་པ་དང༌། དེ་བཞིན་དུ་དྲང་སྲོང་ཙ་ར་ཀས་ཀྱང༌། དྲོད་སྐྱེད་སྨིན་པར་བྱེད་པ་ཡིན། །ལེགས་པར་འཁྲུས་པར་བསྐོལ་ཏེ་བླུད། །ཅེས་བཤད་པ་ཡིན་ནོ། །ཡང་ན་བིལ་


DTG201_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བ་འུ་སུ་དང༌། །གླ་སྒང་དོང་གྲ་བ་ལེ་ཀ །ཞེས་བྱ་བ་ལ། ཡང་ན་འཁྲུ་བའི་ནད་ཚབས་འབྲིང་ཙམ་དུ་གྱུར་པ་ལ་བིལ་བ་ལ་སོགས་པ་བསྐོལ་བའི་ཆུ་བླུད་པར་བྱའོ། །པ་ཏ་ཤུ་དག་ཁ་རུ་ཚ། །དོང་ག་པི་ལིང་ཨ་རུ་ར། །ཞེས་བྱ་བ་ལ། ཡང་ན་བ་ཏ་ལ་སོགས་པ་བསྐོལ་བ་བླུད་པར་བྱའོ། །བཅའ་སྒ་གླ་སྒང་བོང་ང་དཀར། །བིལ་བ་ཤིང་ཀུན་དུག་མོ་ཡུངས། །ཞེས་བྱ་བ་ལ། ཡང་ནད་ཚབས་བར་མ་དེ་ལ་བཅའ་སྒ་ལ་སོགས་པ་བླུད་པར་བྱའོ། །ནད་གཞི་ཆུང་བའི་ཚད་འཁྲུ་ལ། །སྨྱུང་བ་བྱ་བ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཚད་པར་ན་བའི་ནད་པ་ནད་གཞི་ཆུང་བ་རྣམས་ལ་ནི་སྨྱུང་བ་བསྔགས་པ་ཡིན་ནོ། །ཡང་ན་ཤུ་དག་བོང་ང་དཀར། །གླ་སྒང་པར་པ་ཏ་བསྐོལ་བའམ། །བ་ལེ་ཀ་དང་དོང་གྲ་ནི། །བསྐོལ་བའི་ཆུ་དག་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ཚད་པར་འཁྲུ་བའི་ནད་པ་ལ་ཤུ་དག་དང་བོང་ང་དཀར་པོ་བསྐོལ་ཏེ་སྦྱིན་པའམ། གླ་སྒང་དང་པར་པ་ཏ་བསྐོལ་ཏེ་བླུད་བའམ། ཡང་ན་བ་ལེ་ཀ་དང༌། དོང་གྲ་བསྐོལ་བའི་ཆུ་བླུད་པར་བྱའོ། །བཀྲེས་ཤིང་ཉམ་ཆུང་ཟས་དུས་སུ། །ཁ་ཟས་ཡང་བ་རིག་པས་སྦྱིན། །དེས་དེའི་ཁ་ཟས་ཡི་གར་འོང༌། །མེ་དྲོད་ལུས་སྟོབས་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཟས་སྦྱིན་བར་འོས་པའི་དུས་སུ་ནད་པ་དེ་བཀྲེས་ཤིང་ལུས་ཀྱི་ཉམ་ཆུང་བ་ཡིན་པར་ཤེས་ན་ཁ་ཟས་ཡང་བ་ཐུག་པ་ལ་སོགས་པ་དག་ཚད་དང་ལྡན་པར་སྦྱིན་པར་བྱའོ། །དེ་ལྟར་སྤྱད་པ་དེས་ནད་པ་དེའི་ཁ་ཟས་ཡི་གར་འོང་བ་ལ་སོགས་པ་བྱེད་པར་འགྱུར་རོ། །དར་བའམ་རང་སྐྱུར་དག་གམ་ནི། །ནས་ཐུག་དག་གི་སྐྱོ་མའམ། །ཆང་ངམ་རྒུན་ཆང་དག་གི་ནི། །བཏུང་བ་གང་འོས་ཉེར་སྤྱད་བྱ། །ཞེས་བྱ་བ་ལ། འཁྲུ་བ་དང་ལྡན་པ་དེ་ལ་སྐོམ་དུ་ནི་དར་བ་ལ་སོགས་པའི་བཏུང་བ་ཇི་ལྟར་གོམས་པའི་དབང་དུ་བྱས་ནས་ནད་དང་རྗེས་སུ་མཐུན་པར་སྦྱིན་པར་བྱ་ཞིང་གསོ་བར་བྱའོ། །ཁ་ཟས་བྱིན་པའི་འོག་ཏུ་ནི། །བིལ་བ་གཞོན་ནུ་ཟུར་པ་དཀར། །འུ་སུ་ཤིང་ཀུན་ད་ཏྲིག་སེའུ། །ཟི་ར་སྤ་འབྲས་པ་ལ་ཤ །ལ་ལ་ཕུད་དང་ཁ་རུ་ཚ། །རྒྱམ་ཚ་རྩ་བ་ཆུང་དུ་ལྔ། །ཚ་བ་ལྔ་དང་བ་ཐ་སྟེ། །སྨིན་གཅོད་དྲོད་ནི་སྐྱེད་


DTG201_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཅེས་བྱ་བ་ལ། ཁ་ཟས་ནས་ཐུག་དང༌། ཐུག་པ་དཀར་པོ་དང་སྦྱར་བའི་ཐུག་པ་དང༌། ཡུ་ཤ་དང༌། ཤ་ཁུ་དང༌། འབྲས་ཆན་ལ་སོགས་པ་བྱིན་པའི་འོག་ཏུ་སྨིན་པར་བྱེད་ཅིང་གཅོད་པ་དང་དྲོད་སྐྱེད་པར་བྱེད་པའི་བིལ་བ་གཞོན་ནུ་ལ་སོགས་པའི་སྨན་དག་ཅི་རིགས་པར་སྦྱིན་པར་བྱའོ། །བད་ཀན་མཁྲིས་པའི་ཤས་ཆེ་ལ། །ས་ལ་པརྞི་བ་ལ་དང༌། །བིལ་བ་ཀྲྀཥྞ་པརྞི་དང༌། །སེའུ་འབྲུ་བསྐོལ་བའི་ཐུག་པ་ཕན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ཤས་ཆེ་བའི་འཁྲུ་བ་ལ་ནི་ས་ལ་པརྞི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ཕན་ནོ། །པི་པི་ལིང་རྩ་ཨ་རུ་ར། །ཐུག་པས་རླུང་ནི་བདེར་རྒྱུ་བྱེད། །ཅེས་བྱ་བ་ལ། ཡང་རླུང་འཁྱིལ་བར་བྱེད་པའི་འཁྲུ་བའི་ནད་པ་ལ་པི་པི་ལིང་གི་རྩ་བ་དང༌། ཨ་རུ་ར་བསྐོལ་བའི་ཐུག་པ་ཕན་ནོ། །ནད་གཞི་མང་ལ་འགགས་པ་དང༌། །མེ་དྲོད་ཆེ་བར་གང་ཞིག་འཁྲུ། །པི་པི་ལིང་དང་འབྲས་བུ་གསུམ། །བྱི་དང་ཀ་བསྐོལ་བཀྲུ་སྨན་བཏང༌། །ཞེས་བྱ་བ་ལ། འཁྲུ་བའི་ནད་པ་གང་ནད་གཞིའི་ཤས་མང་བས་འགགས་ཤིང་མཁྲེགས་པ་དང་བཅས་པར་འཁྲུ་བར་བྱེད་པ་དང༌། ཕོ་བའི་མེ་དྲོད་ཆེ་བར་གྱུར་པ་གང་ཡིན་པ་དེ་ལ་པི་པི་ལིང་ལ་སོགས་པའི་བཀྲུ་སྨན་བཏང་ལ་ཁྲུས་བྱའོ། །སྦྱང་བྱས་ནས་ནི་ཐུག་པ་དག །རླུང་འཇོམས་མེ་དྲོད་སྐྱེད་པ་བླུད། །ཅེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་བཏང་བས་སྦྱང་བ་བྱས་པའི་ནད་པ་དེ་ལ་རླུང་འཇོམས་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །གང་ཞིག་མ་ཞུ་སྨིན་གྱུར་དང༌། །མེ་དྲོད་སྐྱེས་ནས་འཁྲུ་འགྱུར་ཞིང༌། །འབྱར་བག་ལྦུ་བ་ཅན་ནད་བཅས། །སྲི་ཞིང་ཡང་དང་ཡང་དུ་ནི། །ཡང་ཡང་འཁྲུ་ཞིང་བཤང་ཆུང་བའམ། །བཤང་བ་མ་འདྲེས་མཁྲེགས་བཅས་ལ། །ཞོ་དང་འོ་མ་མར་ཏིལ་མར། །བཅའ་སྒ་བུ་རམ་བཅས་པ་བླུད། །ཅེས་བྱ་བ་ལ། འཁྲུ་བ་ཅན་གྱི་ནད་པ་གང་ཞིག་མ་ཞུ་བ་སྨིན་པར་གྱུར་ཅིང་དག་པ་དང༌། དེ་བཞིན་དུ་མེ་དྲོད་ཤས་ཆེར་སྐྱེས་པར་གྱུར་པས། གང་འཁྲུ་ཞིང་བཤང་བ་འབྱུང་བར་འགྱུར་ལ། དེ་ཡང་འབྱར་བག་ལ་སོགས་པའི་ཚུལ་དུ་ཡང་དང་ཡང་དུ་ཉུང་ཞིག་འཁྲུ་བར་བྱེད་ལ། བཤང་བའི་ཤས་ཆུང་བའམ་མ་


DTG201_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་འབྱར་བག་ཅན་གྱི་བེའུ་སྣབས་ལ་སོགས་པ་འབའ་ཞིག་མཁྲེགས་ཤིང་སྲི་བ་དང་བཅས་པ་འཁྲུ་བར་འགྱུར་བ་སྟེ། མཁྲེགས་པ་དང་བཅས་པའི་མཚན་ཉིད་ནི་རྒྱུད་གཞན་ལས་འདི་སྐད་བཤད་དེ། ཁྲག་འཛག་བཤང་བ་འབྱུང་བ་དང༌། །རླུང་གིས་བཤང་བ་མེད་པར་འབྱུང༌། །ལྦུ་བ་ཅན་དུ་གང་ཞིག་འཁྲུ། །དེ་ནི་མཁྲེགས་པ་ཞེས་བྱར་བཤད། །ཅེས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་འཁྲུ་བ་ལ་ནི་ཞོ་ལ་སོགས་པ་དང་བཅས་པའི་བུ་རམ་དང་བཅའ་སྒ་བཏབ་པ་བླུད་པར་བྱའོ། །ཡང་ན་རྒྱ་ཤུག་འབྲས་བུ་སྤངས། །བུ་རམ་ཏིལ་མར་ལྡན་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་འབྲས་བུ་སྤངས་མ་དང་བུ་རམ་དང་ཏིལ་མར་དང་ལྷན་ཅིག་བྱིན་ན་ཡང་འཁྲུ་བའི་ནད་ལ་ཕན་ནོ། །བཤང་བ་སྲི་ལ་ཕན་ཚོད་མ། །སྣུམ་མང་དེ་བཞིན་ཤ་ཁུ་དང༌། །ཞོ་དང་སེའུ་འབྲུ་གཡོས་པ་དང༌། །སཱ་ལུའི་འབྲས་ཆན་མ་ཤ་ཏིལ། །མུད་ག་ལེགས་པར་གཡོས་པའི་ཟས། །དེ་ནི་བཀྲེས་པར་གྱུར་ཚེ་སྦྱིན། །ཞེས་བྱ་བ་ལ། ཡང་ན་བཤང་བ་སྲི་བ་ལ་ཕན་པའི་ཚོད་མ་རྒྱ་སྣེའུ་ལ་སོགས་པ་སྣུམ་མང་བ་དང༌། ཤ་ཁུ་སྣུམ་མང་བ་ལ་སོགས་པ་དང༌། སཱ་ལུའི་འབྲས་སྦྱིན་པར་བྱ་བའམ། ཡང་ན་ཤ་ལ་སོགས་པ་ལེགས་པར་གཡོས་ཤིང་སྦྱར་བའི་ཚོད་མ་དང་སཱ་ལུའི་འབྲས་ཆན་ནད་པ་དེ་བཀྲེས་ཙམ་ན་སྦྱིན་པར་བྱའོ། །ཟུར་པའི་རྩ་བ་ཀ་པིད་ཏ། །པ་ཏ་སྭ་ཏི་ཀའི་ཚོད་མ། །ཤུ་ཤ་ལ་ལ་ཕུད་དང་ནི། །ཀར་ཀ་རུ་དང་ཤི་རི་དང༌། །ཡང་ན་ཙིར་བི་ཏ་ཡང་རུང༌། །ཨུ་པོ་ད་ཀ་ཛི་བན་ཏི། །བ་གུ་ཙེ་དང་རྒྱ་སྙེའུ་དང༌། །ལྕམ་པའམ་ཡང་ན་ཨེ་རཎ་དང༌། །ལོ་ནི་ཀ་ཡི་ཁུ་བའམ། །རུས་སྦལ་བེའུ་ལོ་པ་ཀ །རྨ་བྱ་སྲེག་པ་ཁྱིམ་བྱ་ཡི། །ཤ་ཁུ་དང་ཡང་སྦྱིན་བར་བྱ། །ཞེས་བྱ་བ་ལ། ཡང་ན་འཁྲུ་བ་ཅན་དེ་ལ་ཟུར་པའི་རྩ་བ་ལ་སོགས་པའི་ཚོད་མ་དང༌། འབྲས་སཱ་ལུའི་ཆན་སྦྱིན་བར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་རུས་སྦལ་ལ་སོགས་པ་ཤ་ཁུ་དང་ཡང་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ནོ། །བིལ་བ་གླ་སྒང་བ་རུ་ར། །བཅའ་སྒ་ད་ཏ་ཀའི་མེ་ཏོག །དར་བ་བསྐོལ་བའི་ནས་ཐུག་གམ། །ཞོ་དང་སྦྱར་བས་འཁྲུ་


DTG201_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེལ། །ཞེས་བྱ་བ་ལ། བིལ་བ་ལ་སོགས་པ་དང་དར་བ་བསྐོལ་བའི་ནས་ཐུག་དག་ཀྱང་ཚད་པར་འཁྲུ་བ་སྨིན་པ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་དེ་དག་ཞོ་དང་སྦྱར་ཏེ་བླུད་ན་ཡང་འཁྲུ་བ་སེལ་བར་བྱེད་པ་ཡིན་ནོ། །ཀ་པིད་ཐ་དང་ཀ་ཙུ་ར། །ག་བྲའི་རྩ་བ་ཡུ་ཏི་དང༌། །ནྱ་གྲོ་དྷ་དང་རྡོ་དྲེག་དང༌། །སེའུ་འབྲུ་སོ་མ་ར་བལ་དང༌། །ཤལ་མ་ལི་ཡི་ལོ་མ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་ཀ་པ་དེ་ཐ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་ན་ཡང་འཁྲུ་བ་སེལ་བར་བྱེད་དོ། །ཀ་ཙུ་ར་ནི་ཀ་པ་ཀ་ཚུ་སྟེ་ཁ་སྲལ་ཕྲེའུའོ། །བིལ་བ་གཞོན་ནུའི་ལྡེ་གུ་དང། །ཏིལ་བཏགས་ལྡེ་གུ་དེ་དང་མཉམ། །ཞོ་ཡི་སྤྲིས་སྐྱུར་སྣུམ་བཅས་དང༌། །སྦྱར་དུག་མཁྲེགས་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། བིལ་བ་གཞོན་ནུ་པི་པི་ལིང་གི་འབྲས་བུ་ཕྲ་མོ་ལྟ་བུ་ལྡེ་གུར་བྱས་པ་དང༌། ཏིལ་བཏགས་པའི་ལྡེ་གུ་དང་ཆ་མཉམ་པ་དང༌། ཞོའི་སྤྲིས་མ་སྒྱུར་ཞིང་མངར་བག་མེད་པ་སྣུམ་སྟེ་མར་ལ་སོགས་པ་ནད་ཀྱི་ཚུལ་ལ་དཔགས་ཏེ་བཅུག་པའི་སྦྱར་ཐུག་ནི་འཁྲུ་བའི་མཁྲེགས་པ་འཇོམས་པར་བྱེད་པ་ཡིན་ནོ། །འུ་སུ་ཟི་ར་ན་ལེ་ཤམ། །ད་ཏྲིག་ཟུར་པ་ཁ་རུ་ཚ། །སེའུ་འབྲུ་པ་ཏ་ད་ཏ་ཀི །འབྲས་གསུམ་ཆ་ལྔ་ཀ་པིད་ཐ། །ནས་ཚིག་འཁུས་ཐལ་ལ་ལ་ཕུད། །ཨ་མྲ་འཛམ་བུའི་འབྲས་བུའི་རྐང༌། །བིལ་བ་དྲུག་འགྱུར་ལྡེ་གུར་བཏགས། །ཞོ་དང་བུ་རམ་མུངྒའི་ཁུ། །ཏིལ་དང་མར་ནི་གཡོས་པ་དག །གཞན་གྱིས་མི་ཐུབ་སྦྱར་དུག་འདི། །དྲོད་སྐྱེད་སྨིན་བྱེད་འཁྲུ་བ་གཅོད། །ཡི་ག་འབྱེད་ཅིང་མཁྲེགས་པ་སེལ། །ཞེས་བྱ་བ་ལ། འུ་སུ་ལ་སོགས་པ་བཏགས་པའི་ལྡེ་གུ་ལ་བིལ་བའི་རྐང་དྲུག་འགྱུར་དང་བཅས་པའི་ལྡེ་གུ་དང་བསྐོལ་ཞིང༌། དེ་བཞིན་དུ་ཞོ་དང་བཅས་པ་ལ་སོགས་པར་བསྐོལ་ཞིང་གཡོས་པའི་སྦྱར་དུག་འདི་ནི་དོན་དང་མཐུན་པའི་མིང་གཞན་གྱིས་མི་ཐུབ་བ་ཞེས་བྱ་སྟེ། ཕོ་བའི་མེ་དྲོད་སྐྱེད་པ་དང༌། མ་སྨིན་པ་སྨིན་པར་བྱེད་པ་ཡིན་ནོ། །རྒྱ་ཤུག་བིལ་བ་གཞོན་ནུ་ཡི། །ལྡེ་གུ་འབྲས་དང་ནས་དང་ནི། །མུངྒ་མ་ཤ་ཏིལ་རྣམས་དང༌། །འབྲུ་ཡི་ཡུ་ཤར་རྣམ་པར་བཏགས། །བཤང་བ་ཟད་ཅིང་ཁ་སྐམ་ལ། །ཞོ་དང་སེའུ་འབྲུའི་ཁུ་བ་དང༌། །མར་


DTG201_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཏིལ་མར་ལྷན་ཅིག་བརྔོས། །འབྲས་ཆན་དེ་དང་སྦྱར་བ་ནི། །བཤང་ཟད་ཁ་ནི་སྐམ་ལ་སྦྱིན། །ཞེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པའི་ལྡེ་གུའི་ཡུ་ཤ་ཞེས་བྱ་བར་གཡོས་པར་གྱུར་པ་དེ་དང་ཞོ་ལ་སོགས་པ་དང་བསྲེས་ཤིང་མར་ལ་སོགས་བ་དང་བརྔོས་པའི་ཡུ་ཤ་དེ་བཤང་བ་ཟད་ཅིང་བཤང་བ་དང་མ་འདྲེས་བའི་འཁྲུ་བ་འབྱུང་བ་དང༌། ཁ་སྐམ་པར་བྱེད་པ་ལ་འབྲས་ཆན་དང་སྦྱར་ཏེ་སྦྱིན་པར་བྱའོ། །ཡང་ན་ཞོ་སྤྲིས་སྣུམ་གཉིས་བརྔོས། །བུ་རམ་བཅའ་སྒ་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་བཤང་བ་ཟད་པར་འཁྲུ་ཞིང་ཁ་སྐམ་པ་ཞོའི་སྤྲིས་མ་སྣུམ་གཉིས་པོ་མར་དང་ཏིལ་མར་གཉིས་དང་བརྔོས་པ་སྦྱིན་པར་བྱའོ། །ཡང་ན་ཆང་ནི་སྣུམ་གཉིས་བརྔོས། །ཚོད་མའི་དོན་དུ་སྦྱིན་པའམ། །ཞེས་བྱ་བ་ལ། ཡང་ཆང་མར་དང་ཏིལ་མར་དང་བརྔོས་པའི་ཚོད་མའི་དོན་དུ་སྦྱིན་པར་བྱའོ། །འབྲས་བུ་སྐྱུར་པོ་སྣུམ་གཉིས་བརྔོས། །སྒོག་པ་ལས་བྱས་ཡུ་ཤ་འམ། །ཞེས་བྱ་བ་ལ། ཡང་ན་ནད་པ་དེ་ལ་སྒོག་པ་འགྲིན་རྩ་ན་ཞེས་བྱ་བའི་ཡུ་ཤ་འབྲས་བུ་སྐྱུར་པོ་སྟེ། སེའུ་འབྲུ་ལ་སོགས་པ་དང༌། སྣུམ་གཉིས་ཀྱིས་བརྔོས་པའི་ཚོད་མ་སྦྱིན་པར་བྱའོ། །སྣུམ་གཉིས་དང་བརྔོས་ཕྱེ་ཟན་ནི། །ཚ་བ་གསུམ་གྱི་ཕྱེ་བཏབ་སྦྱིན། །ཞེས་བྱ་བ་ལ། ཡང་བཤང་བ་ཟད་པའི་ནད་ལ་སྣུམ་གཉིས་དང་བརྔོས་པའི་ཚ་བ་གསུམ་བཏབ་པ་སྦྱིན་པར་བྱའོ། །དེ་བཞིན་མ་ཤ་ལེགས་ཚོས་པ། །མར་གྱི་སྙིང་པོ་བླུད་པའམ། །ཞེས་བྱ་བ་ལ། མ་ཤ་ལེགས་པར་ཚོས་པར་གྱུར་པ་ལ་མར་གྱིས་བཏབ་པ་ཚ་བ་གསུམ་གྱི་ཕྱེ་མ་དང་བཅས་པ་བྱིན་ན་ཡང་ནད་དེ་ལ་ཕན་ནོ། །ར་ཐུག་ལུག་ཐུག་དག་གི་ཤ །བཙོས་ཏེ་བཙགས་བའི་ཁུ་བ་དང༌། །སེའུ་འབྲུའི་ཁུ་བའི་ཆུ་ངང་ནི། །འུ་སུ་དོང་གྲ་སྣུམ་བཅས་བསྐོལ། །སཱ་ལུ་རྩ་སྣར་བཅས་པ་ནི། །ཟ་ཞིང་དེ་ཉིད་འཐུངས་པ་ཡིས། །རྟུག་པ་ཟད་པ་ལས་བྱུང་བའི། །ནད་ལས་མྱུར་དུ་ཐར་བར་འགྱུར། །ཞེས་བྱ་བ་ལ། ཡང་ན་ར་ཐུག་དང་ལུག་ཐུག་གི་ཤ་ལེགས་པར་བཙོས་ཏེ། དེའི་འོག་ཏུ་བཙགས་པའི་ཤ་ཁུ་སེའུ་འབྲུའི་ཁུ་བས་སྐྱུར་བར་བྱས་པ་འུ་སུ་ལ་སོགས་པ་དང་བཅས་བར་ཚོད་མའི་དོན་དུ་བསྐོལ་ལ། ཁུ་བ་དེ་དང་སཱ་ལུ་རྩ་སྣར་གྱི་


DTG201_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཆན་ཟ་ཞིང་ཁུ་བ་དེ་ཉིད་འཐུངས་ན་རྟུག་པ་ཟད་པ་ལས་བྱུང་བའི་ནད་རྒྱུ་མ་ཀྲུག་ཀྲུག་གཟར་བ་ལ་སོགས་པ་ལས་གྲོལ་ཞིང་ཐར་བར་འགྱུར་རོ། །བུ་རམ་ཏིལ་མར་བིལ་བ་གཞོན། །པི་པི་ལིང་དང་བཅའ་སྒ་ཡི། །ལྡེ་གུས་རླུང་གིས་གནོད་གྱུར་པའི། །གཟེར་བཅས་མཁྲེགས་པ་སེལ་བར་བྱེད། །ཅེས་བྱ་བ་ལ། བུ་རམ་ལ་སོགས་པ་ལྡེ་གུར་བྱས་པས་འཁྲུ་བའི་ནད་རླུང་གིས་གནོད་པར་གྱུར་ཅིང་མཁྲེགས་པ་ལ་སོགས་པ་སེལ་བར་བྱེད་དོ། །སེང་ཕྲོམ་ཤུན་ཕྲགས་ད་ཏ་ཀའི། །མེ་ཏོག་རྒྱ་ཤུག་འདབ་མ་རྣམས། །ཞོ་སྤྲིས་སྦྲང་རྩི་ཀ་བིད་ཏའི། །ཁུ་བར་སྦྱར་བ་བླུད་ནའང་ཕན། །ཞེས་བྱ་བ་ལ། སེང་ཕྲོམ་གྱི་ཤུན་ཕྲགས་ལ་སོགས་པ་ཞོའི་སྤྲིས་མ་ལ་སོགས་པ་དང་སྦྱར་བ་ཡང་ཕན་ནོ། །རླུང་གིས་རྟུག་འགགས་ཤས་ཆེར་ནི། །ན་ཞིང་མཁྲེགས་པར་བྱེད་པ་དང༌། །བེའུ་སྣབས་ཁྲག་བཅས་སྐོམ་གདུངས་ལ། །འོ་མ་ཚིམ་པར་བླུད་ན་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྟུག་པ་འགགས་པ་ལ་སོགས་པའི་ནད་ལ་འོ་མ་བཞོས་མ་ཐག་ཚིམ་པར་བླུད་ན་ཕན་ནོ། །ཏིལ་མར་མར་གྱི་སྟེང་དུ་ནི། །བཞོས་མ་ཐག་པའི་འོ་མ་བླུད། །ཅེས་བྱ་བ་ལ། སྔར་བཤད་པའི་འཁྲུ་བ་ཅན་དེ་སྣུམ་གཉིས་ཀྱི་སྟེང་དུ་བཞོས་མ་ཐག་པའི་འོ་མ་དེའི་མོད་ལ་བླུད་ན་ཕན་ནོ། །ཡང་ན་ཨེ་རཎྜའི་རྩ་བའམ། །བིལ་བ་གཞོན་ནུ་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ནད་དེ་ལ་སྨན་འདི་གཉིས་གང་ཡང་རུང་བ་དང་བསྐོལ་བའི་འོ་མ་ཕན་ནོ། །གླ་སྒང་ཉི་ཤུ་འོ་མ་ཡི། །སུམ་འགྱུར་གྱི་ནི་ཆུ་བསྐོལ་བ། །འཁྲུ་བ་གཟེར་བཅས་སེལ་བར་བྱེད། །ཅེས་བྱ་བ་ལ། གླ་སྒང་རྡོག་མ་ཉི་ཤུ་འོ་མ་སུམ་འགྱུར་གྱི་ཆུའི་ནང་དུ་བསྐོལ་ལ་འོ་མ་ཉི་ཚེ་ལུས་པར་གྱུར་པ་དང༌། དེ་བླུད་ན་ཡང་གཟེར་དང་བཅས་པའི་འཁྲུ་བ་སེལ་བར་བྱེད་དོ། །འདིར་གླ་སྒང་ཉི་ཤུ་སྨོས་པ་ནི་ཕལ་ཆེར་དེ་ཙམ་ལ་སྲང་གཅིག་ཡོད་དོ། །དེ་ལྟར་འདིར་སྤྱིར་སྨོས་པ་ལས་ན་ཆུ་སྲང་བཅུ་དྲུག་ལ་བསྐོལ་བར་བྱ་སྟེ། དེས་ན་འོ་མ་སྲང་བཞི་དང༌། ཆུ་སྲང་བཅུ་གཉིས་དང་བསྐོལ་བ་དེ་ལས་བཞི་ཆ་ལུས་པའི་འོ་མ་སྲང་བཞི་པོ་དེ་བཏུང་བར་བྱའོ། །པི་པི་ལིང་དང་ན་ལེ་ཤམ། །ཞིབ་ཏུ་བཏགས་པའི་ཕྱེ་དང་སྦྱིན། །དེས་


DTG201_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡུན་རིང་གནས་པ་ཡི། །མཁྲེགས་པ་ལེགས་པར་སེལ་བར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་དང་ན་ལེ་ཤམ་ཞིབ་ཏུ་བཏགས་པ་དང་འོ་མ་ལ་སོགས་པ་གང་ཡང་རུང་བ་དང་བླུད་ན་ཡང་ཡུན་རིང་དུ་འབྲེལ་ཞིང་འཁྲུ་བ་མཁྲེགས་པ་དང་བཅས་པ་སེལ་བར་བྱེད་དོ། །མ་ཞུ་མེད་ཅིང་གཟེར་གྱིས་ཉེན། །སྨྱུང་བ་ལ་སོགས་པས་ཉམས་སྨད། །ཁོང་རྩུབ་མེ་དྲོད་བརྟགས་ནས་ནི། །མར་ནི་ཐལ་སྨན་རྣོ་བཅས་སྦྱིན། །ཞེས་བྱ་བ་ལ། འཁྲུ་བ་གང་མ་ཞུ་ཞིང་མ་སྨིན་པ་མེད་པ་དང༌། གཟེར་གྱིས་ཉེན་ཞིང་གཟིར་བ་དང༌། སྨྱུང་བ་ལ་སོགས་པས་ཉམས་སྨད་ཅིང་སྐེམས་པར་བྱས་པ་དང༌། ལུས་ཀྱི་ཁོང་རྩུབ་པའི་ནད་པའི་མེ་དྲོད་ལ་བརྟག་ཅིང་དེ་ལ་ལྟོས་ནས་མར་དང་ཐལ་སྨན་རྣོན་པོ་དང་བཅས་པ་སྦྱིན་པར་བྱའོ། །ཡང་ན་རྩ་བ་བཅུ་བསྐོལ་ཆུ། །ཞོ་དང་ཆང་གི་དངས་མ་བསྐོལ། །ལྕེ་མྱང་ཚ་དང་ཚ་བ་ལྔ། །ཏིལ་མར་འཕྲལ་དུ་ནད་འཇོམས་བྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་བསྐོལ་བའི་ཆུ་དང༌། ཞོ་དང་ཆང་གི་དངས་མ་སྤྱིར་མར་གྱི་བཞི་འགྱུར་དང༌། ལྕེ་མྱང་ཚ་ལ་སོགས་པ་དང༌། ཏིལ་མར་བསྐོལ་བའི་ཏིལ་མར་དེས་ནི་འཕྲལ་དུ་སྟེ། དེའི་མོད་ལ་ནད་འཇོམས་པར་བྱེད་པ་ཡིན་ནོ། །བཅའ་སྒ་སྲང་དྲུག་པི་པི་ལིང༌། །མཱུ་ལ་ཀྲུ་ཏྲུག་ཏྲེས། རྒྱམ་ཚ། །སྲང་གཉིས་ཏིལ་མར་བྲེ་གང་དང༌། །ཞོ་དང་བསྐོལ་བའི་ཏིལ་མར་ནི། །འཁྲུ་བའི་ནད་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཏིལ་མར་བྲེ་གང༌། ཞོ་བྲེ་བཞི་དང༌། བཅའ་སྒ་སྲང་དྲུག་དང༌། པི་པི་ལིང་མཱུ་ལ་ལ་སོགས་པ་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ཀྱི་ལྡེ་གུ་དང་བསྐོལ་བ་ནི་འཁྲུ་བའི་གཟེར་ནད་འཇོམས་པར་བྱེད་པ་ཡིན་ནོ། །ཤ་དང་འོ་མ་མར་ཕྱོགས་གཅིག །བཏུང་དང་འཇམ་རྩི་བསྐུ་བ་རུ། །ཏིལ་མར་འབའ་ཞིག་ཕྱོགས་གཅིག་སྦྱར། །བཤང་མཁྲེགས་གཟེར་ནི་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ཕྱོགས་གཅིག་ཏུ་ཤ་དང་འོ་མ་དང་སྦྱར་བ་འདི་ནི་བཤང་བ་མཁྲེགས་པ་དང་གཟེར་བ་འཇོམས་པ་ཡིན་ནོ། །ཕྱོགས་གཅིག་ཏུ་ཏིལ་མར་འབའ་ཞིག་བཏུང་བ་ལ་སོགས་པར་བཏང་བ་ཡང་དེ་དང་འདྲའོ། །དེ་ནི་རླུང་སེལ་མཆོག་ཡིན་ལ། །རླུང་འཁྲུགས་མ་གཏོགས་གཟེར་མི་འབྱུང༌། །ཞེས་བྱ་བ་ལ། གང་གི་ཕྱིར་ཏིལ་མར་དེ་ནི་རླུང་སེལ་བར་


DTG201_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་མཆོག་གམ་དམ་པ་ཡིན་ལ། གཟེར་ནི་རླུང་འཁྲུགས་པ་མ་གཏོགས་པ་གཞན་དག་ལས་འབྱུང་བར་མི་བྱེད་པས་ན་དེའི་ཕྱིར་དེ་སེལ་བའི་མཆོག་ཡིན་པའི་ཕྱིར་རོ། །ཁམས་གཞན་འཇོམས་པས་འབར་གྱུར་པ། རླུང་ནི་རང་གནས་བརྟེན་ཁྱབ་བྱེད། །ཅེས་བྱ་བ་ལ། རླུང་ལ་ལྟོས་ནས་མཁྲིས་པ་དང་བད་ཀན་ལ་སོགས་པའི་ཁམས་གཞན་ཞེས་བྱ་ལ། །དེ་དག་ཉེ་བར་བཅོམ་ཞིང་ཟད་པར་བྱེད་པས་ན་ཁམས་གཞན་འཇོམས་པ་སྟེ། དེས་ན། འབར་ཞིང་ལྷག་པར་གྱུར་པའི་ཕྱིར། །ཁམས་གཞན་འཇོམས་པས་འབར་གྱུར་པ། །ཞེས་བྱ་བ་ལ། དེ་ལྟ་བུའི་རླུང་དེ་ནི་རང་གི་གནས་ཞུ་བའི་གནས་ན་བརྟེན་ཞིང་ལུས་མ་ལུས་པ་ཁྱབ་པར་བྱེད་དོ། །མེ་དྲོད་ཆུང་ལ་ཏིལ་མར་ནི། །སྦྱར་བས་བདེ་བར་བྱེད་པའི་མཆོག །ཏིལ་མར་བཅས་པ་རླུང་གནས་སུ། །མཁྲེགས་པ་གནས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། འཁྲུ་བའི་ནད་དང་ལྡན་པ་དག་མེ་དྲོད་ཆུང་བར་གྱུར་པ་ལ་ཡང་ཏིལ་མར་རྗེས་སུ་མཐུན་པའི་སྦྱོར་བ་དང་བཅས་པས་བཏང་ཞིང་སྦྱར་ན་བདེ་ཞིང་ནད་མེད་བར་བྱེད་པའི་མཆོག་ཡིན་ལ། འང་ཞེས་བྱ་བའི་སྒྲས་ནི་མེ་དྲོད་ཆེ་བ་ལ་བདེ་བར་བྱེད་པའི་མཆོག་ཏུ་བྱེད་པ་ནི་སྨོས་ཀྱང་ཅི་དགོས་པའི་དོན་ནོ། །དེ་ཡང་རླུང་གི་གནས་ཞེས་བྱ་བའི་མིང་གི་རྣམ་གྲངས་སུ་ཞུ་བའི་གནས་ཞེས་བྱ་བ་དེར་ཏིལ་མར་བཅས་ཤིང་ཉེ་བར་སྦྱར་བས་མཁྲེགས་ཤིང་འཁྲུ་བའི་རླུང་གནས་པར་མི་འགྱུར་རོ། །དྲི་མ་ཟད་ཅིང་ནད་གཞན་རང་གི་ནི། །གནས་ལས་འཕོས་པས་རླུང་ནི་སྟོབས་ཆེ་བ། །ཁོང་པ་གཟེར་ཞིང་མཁྲེགས་པར་བྱེད་པ་ལ། །ཕྱི་ནང་ཏིལ་མར་མ་བཏང་སུ་ཞིག་འཚོ། །ཞེས་བྱ་བ་ལ། བཤང་བ་ཞེས་བྱ་བའི་དྲི་མ་དེ་ཟད་ཅིང་ནད་གཞན་བད་ཀན་དང་མཁྲིས་པ་རང་གི་གནས་ལས་འཕོས་ཏེ། དེ་ཉིད་ཀྱིས་ན་རླུང་སྟོབས་ཆེ་ཞིང་ཤིན་ཏུ་ཤུགས་དྲག་ཅིང་འཕེལ་བར་འགྱུར་བ་ན་ཁོང་པ་ན་ཞིང་གཟེར་བ་ལ་མཁྲེགས་བར་བྱེད་པ་ན། གལ་ཏེ་ཕྱི་དང་ནང་ནས་ཏིལ་མར་བཏུང་བ་དང་འཇམ་རྩི་དང་བསྐུ་བ་ལ་སོགས་པའི་སྦྱོར་བ་ཅི་རིགས་པར་མ་བྱས་ན་སུ་ཞིག་འཚོ་བར་འགྱུར་ཏེ། འཚོ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །གཞང་ན་འབྱུང་བར་གྱུར་པ་ལ། །འོ་མར་བསྐོལ་བའི་མར་རྒྱ་


DTG201_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག །སྐྱུར་པོ་ཙང་གི་རིའི་ཁུ་བ། །ཞོ་དང་དོང་གྲར་བཏགས་པ་བླུད། །ཅེས་བྱ་བ་ལ། གཞང་ན་ཞིང་གཟེར་བ་དང་ཕྱིར་འབྱུང་ཞིང་ཉམས་པར་གྱུར་པ་ལ་འོ་མའི་ནང་དུ་བསྐོལ་བའི་མར་དང༌། རྒྱ་ཤུག་སྐྱུར་པོ་དང༌། ཙང་གི་རིའི་ཁུ་བ་དང༌། ཞོ་དང་དོང་གྲར་བཏགས་པའི་ལྡེ་གུ་སྦྱིན་པར་བྱའོ། །སྐྱུར་བ་དེ་ཉིད་བཅུག་པ་དང༌། །འུ་སུ་ན་ལེ་ཤམ་ཟི་ར། །ཁ་རུ་ཚ་དང་ཚ་བ་ལྔ། །སེའུ་འབྲུ་དག་དང་སྦྱར་བ་ནི། །ཞིབ་ཏུ་བཏགས་པའི་ལྡེ་གུ་ཕན། །ཞེས་བྱ་བ་ལ། སྐྱུར་བ་དེ་ཉིད་ཅེས་བྱ་བ་རྒྱ་ཤུག་སྐྱུར་པོ་དང༌། ཙང་གི་རི་དང༌། ཞོ་བཅུག་ལ་འུ་སུ་ལ་སོགས་པ་ཞིབ་ཏུ་བཏགས་པའི་ལྡེ་གུ་ཡང་གཞང་ན་བ་དང་འབྱུང་བར་བྱེད་པ་ལ་ཕན་ནོ། །རྩ་བ་བཅུ་པ་བསྐོལ་བ་ནི། །ཟུར་པ་ཤུ་ཏི་རུ་རྟ་འམ། །ཤུ་དག་ཙི་ཏྲ་ཀ་བསྐོལ་བའི། །སྣུམ་གྱི་འཇམ་རྩི་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་བ་བསྐོལ་བའི་མར་དང་སྣུམ་གྱི་འཇམ་རྩི་གཏང་བར་བྱའོ། །ཡང་ན་ཤུ་དག་དང་ཤུ་ཏི་ལ་སོགས་པ་དང་བསྐོལ་བའི་མར་དང་སྣུམ་གྱི་འཇམ་རྩི་གཏང་བར་བྱའོ། །ཡང་ན་ཤུ་དག་དང་ཙི་ཏྲ་ཀ་དང་སྦྱར་བའི་སྣུམ་གྱི་འཇམ་རྩི་གཏང་བར་བྱའོ། །མཁྲེགས་དང་གཞང་ནི་འབྱུང་བ་དང༌། །གཅིན་སྲི་རྐེད་པ་ན་བ་དང༌། །མངར་དང་སྐྱུར་བར་བསྐོལ་བ་ཡི། །མར་རམ་ཏིལ་མར་འཇམ་རྩི་གཏང༌། །ཞེས་བྱ་བ་ལ། མཁྲེགས་པ་དང༌། འཁྲུ་བ་དང༌། གཞང་ཕྱིར་བྱུང་ཞིང་གློ་བ་དང༌། གཅིན་སྲི་ཞིང་འགགས་པ་དང༌། རྐེད་པ་ན་ཞིང་འགྱུར་མི་ཤེས་པ་ལ་མངར་བ་དང་སྐྱུར་བའི་སྨན་གྱི་སྡེ་ཚན་མར་དུ་བསྐོལ་བའམ། ཏིལ་མར་དུ་བསྐོལ་བའི་འཇམ་རྩི་གཏང་བར་བྱའོ། །གཞང་འབྱུང་གཞུག་པ་དཀའ་བ་ལ། །བསྐུ་ཞིང་དུགས་ནི་འཇམ་བྱས་གཞུག །ཅེས་བྱ་བ་ལ། གཞང་ཕྱིར་འབྱུང་ཞིང་གཞུག་པ་དཀའ་བ་ལ་ནི་དང་བོར་སྣུམ་གྱིས་བསྐུས་ལ། དེའི་འོག་ཏུ་དུགས་བྱས་ཏེ་འཇམ་པར་གྱུར་པ་དང་ནང་དུ་གཞུག་པར་བྱའོ། །དབུས་སུ་ཕུག་པའི་པགས་པ་ནི། །འུར་མཐིལ་བཅིང་བ་དག་ཀྱང་བྱས། །ཞེས་བྱ་བ་ལ། ཡང་གཞང་བྱུང་བ་དེ་ལ་ནི་པགས་པ་འཇམ་པོ་དབུས་སུ་ཕུག་པ་དེས་འུར་


DTG201_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་བཅིང་བ་ཞེས་བྱ་བའི་མདོའི་གནས་ན་སྨོས་པའི་ཚུལ་དུ་བཅིང་བར་བྱའོ། །རྩ་བ་ལྔ་ནི་ཆེན་པོ་ཡི། །ཁུ་བ་དང་ནི་འོ་མར་བསྐོལ། །བྱི་བ་རྒྱུ་མ་བཏོན་ནས་ཀྱང༌། །རླུང་འཇོམས་ལྡེ་གུ་ལྟ་བུར་བྱ། །ཏིལ་མར་བསྐོལ་ལ་གཞང་འབྱུང་ལ། །བཏུང་དང་བསྐུ་བས་དེ་གསོ་བྱ། །ཞེས་བྱ་བ་ལ། ཡང་དེ་ལ་རྩ་བ་ཆེན་པོ་ལྔ་བསྐོལ་བའི་ཁུ་བ་དང༌། འོ་མར་བསྐོལ་བ་འོ་མ་དེའི་ནང་དུ་བྱི་བ་རྒྱུ་མ་བཏོན་པའི་ཤ་དང་བཙོས་པ་དེ་དེ་ལྟ་བུའི་འོ་མའམ་ཡང་ཏིལ་མར་དང་བསྐོལ་བ་རླུང་འཇོམས་པའི་ལྡེ་གུ་གཞུག་པས་ན། རླུང་འཇོམས་པའི་ལྡེ་གུ་ལྟ་བུར་བྱས་ཏེ་དེ་ལྟ་བུའི་ཏིལ་མར་དེ་གཞང་འབྱུང་བའི་ནད་ལ་བཏུང་བ་དང་བསྐུ་བས་གསོ་བར་བྱའོ། །མཁྲིས་པ་མ་ཞུ་རྣོ་དང་དྲོ། །སྦངས་ལ་སྔོན་བཞིན་སྨྱུང་བ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འཁྲུ་བ་མ་ཞུ་བ་དང་བཅས་ཤིང་མ་སྨིན་པ་དག་ནི་ཁ་ཟས་ལ་སོགས་པ་རྣོ་བ་དང༌། དྲོ་བའི་བག་སྤངས་ལ་སྔར་རླུང་གི་འཁྲུ་བའི་གསོ་བ་བསྟན་པ་བཞིན་དུ་སྨྱུང་བ་བྱ་ཞིང་ལུས་ཡང་བ་ཉིད་དུ་བསྒྲུབ་པར་བྱའོ། །དེ་ཡང་ཐུག་པ་ལ་སོགས་པ་བྱ་བ་གང་དག་བསྟན་པ་དེ་ཐམས་ཅད་བྱའོ། །སྐོམ་བཅས་ཡན་ལག་དྲུག་པའི་ཆུ། །རྩ་མཁྲིས་ཐལ་ཏྲེས་བཅས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པའི་ཚད་པ་འཁྲུ་བ་དེ་སྐོམ་པ་དང་བཅས་ཤིང་སྐོམ་དད་ཀྱིས་ཉེན་པར་གྱུར་ན། ཡན་ལག་དྲུག་པའི་ཆུ་ཞེས་བྱ་བ་གླ་སྒང་དང་ཙནྡན་ལ་སོགས་པ་བསྐོལ་བའི་ཆུ་རིམས་ནད་གསོ་བའི་སྐབས་ནས་བཤད་པ་འདི་ལ་རྩ་མཁྲིས་ཞེས་བྱ་བ་བུ་ནིམ་པ་དང་བཅས་པ་དང༌། ཐལ་ཏྲེས་ཞེས་བྱ་བ་ཤ་རི་བ་དང་བཅས་པ་བླུད་པར་བྱའོ། །བཀྲེས་ན་ཁ་ཟས་ཐུག་པ་སོགས། །བྲི་ཧ་ཏི་སོགས་ཉེའུ་ཤིང་པ། །བ་ལ་རྣམ་གཉིས་པརྞི་གཉིས། །བསྐོལ་བ་དྲོད་སྐྱེད་བྱེད་པ་ཕན། །ཞེས་བྱ་བ་ལ། སྨྱུང་བ་བྱས་པས་བཀྲེས་པ་སྐྱེས་པར་གྱུར་པས་སྨྱུང་བ་ལེགས་པའི་མཚན་ཉིད་ཇི་སྐད་བཤད་པ་འབྱུང་བར་གྱུར་ན་ཟས་ཀྱི་དོན་དུ་བྲི་ཧ་ཏི་ལ་སོགས་པ་རྩ་བ་ལྔ་པ་ཆུང་ངུ་དང་དེ་བཞིན་དུ་ཉེའུ་ཤིང་བ་ལ་རྣམ་གཉིས་དང་མ་ཤ་པརྞི་དང་མུངྒ་པརྞི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ལ་སོགས་པའི་ཁ་ཟས་ཏེ་ཐུག་པ་རྐྱང་རྐྱང་པོ་དང༌། ཐུག་པ་གར་


DTG201_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། སྐྱོ་མ་དང༌། ཡུ་ཤ་དང༌། ཤ་ཁུ་ལ་སོགས་པ་མེའི་དྲོད་སྐྱེད་པར་བྱེད་པ་དག་བྱིན་ན་ཕན་ནོ། །བླུད་ཀྱང་རྗེས་སུ་འབྲེལ་གྱུར་ན། །དུག་མོ་ཡུངས་ཤུན་འབྲས་བུ་དང༌། །བོང་ང་དཀར་པོ་བཅས་བཏགས་ཕྱེ། །སྦྲང་རྩི་བསྲེས་པ་འབྲས་ཆུ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཐུག་པ་ལ་སོགས་པ་བླུད་དུ་ཟིན་ཀྱང་འཁྲུ་བ་དེ་རྗེས་སུ་འབྲེལ་ཞིང་རུང་བར་མ་གྱུར་ན། དུག་མོ་ཡུངས་ཀྱི་ཤུན་ལྤགས་དང༌། དེའི་འབྲས་བུ་སྟེ་དེའི་ས་བོན་དང༌། བོང་ང་དཀར་པོ་དང་བཅས་པའི་ཕྱེ་མ་སྦྲང་རྩི་དང་བསྲེས་པ་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །པ་ཐ་དུག་མོ་ཡུངས་ཤུན་འབྲས། །སྐྱེར་པ་པི་པི་ལིང་རྩ་འམ། །ཞེས་བྱ་བ་ལ། ཡང་ན་པ་ཐ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་སྦྲང་རྩི་དང་བཅས་པའི་འབྲས་ཆུ་ཡང་བླུད་པར་བྱའོ། །བོང་ང་བིལ་བ་དུག་མོ་ཡུངས། །གླ་སྒང་བ་ལེ་ཀ་བསྐོལ་བའམ། །ཞེས་བྱ་བ་ལ། ཡང་མཁྲིས་པའི་ཚད་པར་འཁྲུ་བ་དེ་ལ་ཡང་ན་བོང་ང་དཀར་པོ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་བསྐོལ་བ་སྔ་མ་བཞིན་དུ་བླུད་པར་བྱའོ། །ཡང་ན་བོང་ང་དཀར་མུར་བ། །སྐྱེར་བ་དངུལ་རྡོ་དུག་མོ་ཡུངས། །ཞེས་བྱ་བ་ལ། ཡང་ན་བོང་ང་ལ་སོགས་པ་བསྐོལ་བའི་ཆུ་སྦྲང་རྩི་དང་བཅས་པ་བླུད་པར་བྱའོ། །བོང་ང་བཅའ་སྒ་དུག་མོ་ཡུངས། །གླ་སྒང་ཀད་པལ་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། ཡང་ན་བོང་ང་ལ་སོགས་པའི་སྨན་བསྐོལ་བ་ལ་སྦྲང་རྩི་ལ་སོགས་པ་བཏབ་པ་བླུད་པར་བྱའོ། །དུག་མོ་ཡུངས་ཀྱི་ས་བོན་ནི། །སྲང་གཅིག་བསྐོལ་བའི་ཁུ་བ་བླུད། །གང་ཞིག་ཤ་ཁུ་བཅས་སྦྱར་ཟ། །མཁྲིས་བཅས་ལྟོ་བའི་ནད་སེལ་འགྱུར། །ཞེས་བྱ་བ་ལ། ཡང་དུག་མོ་ཡུངས་ཀྱི་ས་བོན་འབའ་ཞིག་སྲང་གཅིག་བསྐོལ་བའི་ཁུ་བ་བླུད་པར་བྱའོ། །ཡང་ནད་པ་གང་ཞིག་ཤ་ཁུ་བ་དང་བཅས་པར་ཟ་བ་ནི། མཁྲིས་པ་ལས་གྱུར་པའི་ཁོང་པའི་ནད་མྱུར་དུ་སེལ་ཞིང་བྱང་བར་འགྱུར་རོ། །དེ་བཞིན་གླ་སྒང་བསྐོལ་བའི་ཁུ། །སྦྲང་རྩིར་སྦྱར་བ་བླུད་པ་ཕན། །ཞེས་བྱ་བ་ལ། ཡང་ན་གླ་སྒང་གྲང་གཅིག་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་ལ་ཤ་ཁུ་དང་བཅས་པར་ཟས་ཟ་བ་ཡང་མཁྲིས་པ་ལས་གྱུར་པའི་ལྟོ་བའི་ནད་སེལ་བར་འགྱུར་བའི་མཆོག་ཡིན་ནོ། །ཤལ་མ་ལི་ཡི་འདབ་མའི་རྩ། །བསྐོལ་


DTG201_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁུ་བ་བསྒྲངས་པའམ། །ཞེས་བྱ་བ་ལ། ཤལ་མ་ལིའི་འདབ་མ་དང་རྩ་བ་བསྐོལ་བའི་ཁུ་བ་བསྒྲངས་པ་ལ་སྦྲང་རྩི་བཏབ་པ་ཡང་དེ་དང་འདྲའོ། །རྩ་མཁྲིས་གླ་སྒང་དུག་མོ་ཡུངས། །སྐྱེར་ཁཎྜ་དང་བཅས་པའམ། །ཡང་ན་སྐྱེར་པ་བ་ལེ་ཀ །བིལ་བའི་རྐང་དང་བྱི་ཚེར་བ། །ཏིལ་དང་སེང་ཕྲོམ་མོན་ཆ་ར། །བཙོད་དང་པདྨ་ཨུཏྤ་ལ། །དོང་གྲ་ད་ཏ་ཀའི་མེ་ཏོག །སེའུ་འབྲུ་ཨུཏྤལ་ཤུན་པར་བཅས། །ཚིགས་བཅད་ཕྱེད་ཀྱིས་བཤད་སྦྱོར་བ། །སྦྲང་རྩིར་བཅས་པ་འབྲས་ཆུ་བླུད། །ཅེས་བྱ་བ་ལ། རྩ་མཁྲིས་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་བསྟན་པའི་སྦྱོར་བ་བཞི་པོ་ལ་སྦྲང་རྩི་བཏབ་པ་འབྲས་བཀྲུས་པའི་ཆུ་བླུད་ན་ཡང་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་བར་བྱེད་དོ། །ས་མང་གི་ནི་ནམ་སྒ་རིའོ། །མོ་ཛ་ར་ས་ནི་མོན་ཛ་ར་ཛ་སྟེ་ཤལ་མ་ལིའི་ཐང་ཆུའོ། །སྐྱེར་པ་སེང་ཕྲོམ་དུག་མོ་ཡུངས། །སུག་སྨེལ་བསྐོལ་བས་སྨིན་འཁྲུ་སེལ། །ཞེས་བྱ་བ་ལ། སྐྱེར་བ་ལ་སོགས་པ་བསྐོལ་བའི་ཁུ་བས་ཡང་སྨིན་པའི་འཁྲུ་བ་སེལ་ཏོ། །སེང་ཕྲོམ་དང་ནི་ཨ་བརྟ། །པྲི་ཡང་ཀུ་སོགས་སྡེ་ཚན་དང༌། །བསྐོལ་བ་སོ་སོར་བླུད་དེ་བཞིན། །ཞེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པའི་སྡེ་ཚན་དང༌། ཨ་བརྟ་ལ་སོགས་པའི་སྡེ་ཚན་དང༌། པྲི་ཡང་ཀུ་ལ་སོགས་པའི་སྡེ་ཚན་དང༌། སྐྱུག་སྨན་ལ་སོགས་པའི་སྨན་སྡེ་ཚན་བསྡུས་པའི་སྐབས་ནས་བཤད་པ་བསྐོལ་ཏེ་བླུད་པ་ཡང་སྔ་མ་བཞིན་དུ་སྨིན་པའི་འཁྲུ་བ་སེལ་བ་ཡིན་ནོ། །པུ་ཙེ་ཤེལ་དང་ཤིང་མངར་དང༌། །སེའུ་འབྲུའི་མྱུ་གུ་བྲི་ཡང་ཀུ། །ཞོ་དང་འུ་སུའི་འབྲས་བུར་བཅས། །ཐུག་པ་ལྡེ་གུས་སྦྱར་དུགས་བྱ། །ཞེས་བྱ་བ་ལ། པུ་ཙེ་ཤེལ་ལ་སོགས་པ་ལས་ཐུག་པ་ལ་སོགས་པ་བྱའོ། །སེའུ་འབྲུའི་མྱུ་གུ་དང་པོར་སྐྱེས་མ་ཐག་པའོ། །དེ་བཞིན་བིལ་བ་ཀ་པིད་ཐ། །ཨ་མྲ་འདམ་བུའི་རྐང་ལས་སྦྱར། །ཞེས་བྱ་བ་ལ། དེ་བཞིན་དུ་ཐུག་པ་དང་ལྡེ་གུ་དང་སྦྱར་ཐུག་ཁ་ལ་ཞེས་བྱ་བ་ལ་སོགས་པ་བིལ་བའི་རྐང་དང་ཀ་པིད་ཐའི་རྐང་དང་ཨ་མྲའི་རྐང་དང་འདམ་བུའི་རྐང་དང་སྦྱར་བར་བྱའོ། །སྨིན་པའི་ཁུ་བ་རའི་འོ་མ། །མཆོག་ཏུ་ཕན་ཏེ་དེས་ཀྱང་ནི། །སྟོབས་ལྡན་ནད་གཞི་ཆེ་བའི་ཕྱིར། །མ་ཞི་ན་ནི་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། སྨིན་པའི་མཁྲིས་པའི་འཁྲུ་བ་ལ་ནི་རའི་འོ་མ་མཆོག་ཏུ་ཕན་པ་ཡིན་


DTG201_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། རའི་འོ་མ་དེས་སྟོབས་དང་ལྡན་པའི་ནད་གཞི་ཆེན་པོ་དང༌། ལེན་པའི་ཕྱིར་གལ་ཏེ་ཞི་ཞིང་བྱང་བར་མ་ནུས་ན་མཁྲིས་པའི་འཁྲུ་བ་སྟོབས་ཅན་དེ་ལ་བཀྲུ་སྨན་གཏང་བར་བྱའོ། །རིམ་གྱིས་བཤང་བ་ཁྲག་དག་ཏུ། །གང་ཞིག་འཁྲུ་བར་གྱུར་པ་ལའང༌། །པ་ལ་ཤ་ཡི་འབྲས་བུ་ཡི། །ཁུ་བ་དང་སྦྱར་འོ་མ་བླུད། །དེ་ནས་འོ་མ་དྲོ་འཇམ་ཙམ། །ཉམས་སྟོབས་ཇི་བཞིན་བླུད་པར་བྱ། །དེས་ནི་དྲི་མ་བསལ་བས་ན། །ལྟོ་བའི་ནད་ནི་ཞི་བར་འགྱུར། །ཞེས་བྱ་བ་ལ། གང་བཤད་པ་དང་ཁྲག་རིམ་གྱིས་འབྱུང་བས་འཁྲུ་སྟེ། བཤང་བ་དང་བཅས་པའི་ཁྲག་ཏུ་འཁྲུ་ནས་དེའི་རྗེས་ལ་ཁྲག་འབའ་ཞིག་འཁྲུ་བར་བྱེད་པ་དང༌། ལན་འགའ་ནི་ཁྲག་ཏུ་འཁྲུ་ནས་བཤང་བ་འཁྲུ་བར་བྱེད་པ་དང༌། ལན་འགའ་ནི་བཤང་བར་འཁྲུ་ནས་ཁྲག་ཏུ་འཁྲུ་བར་བྱེད་པ་ལ་ནི་པ་ལ་ཤའི་འབྲས་བུའི་ཁུ་བ་འབའ་ཞིག་བླུད་པའམ། ཡང་ན་འོ་མ་དང་སྦྱར་བ་བླུད་ལ། དེ་ནས་དེའི་འོག་ཏུ་འོ་མ་འབའ་ཞིག་བསྐོལ་བ་དྲོ་འཇམ་ཙམ་ནད་པའི་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་བླུད་པར་བྱའོ། །འོ་མའི་སྦྱོར་བ་དེས་ནི་བཤང་བ་ཞེས་བྱ་བའི་དྲི་མ་བཏོན་པས་ལྟོ་བའི་འཁྲུ་བ་ཞེས་བྱ་བ་དེ་ཞི་ཞིང་བྱང་བར་འགྱུར་རོ། །ཀྱི་ལྕེ་བ་ཡི་སྤྱང་བ་ཡང༌། །པ་ལ་ཤ་ལྟར་སྦྱོར་བ་བྱ། །ཞེས་བྱ་བ་ལ། ཀྱི་ལྕེ་པ་ལ་ཤ་ལྟར་བསྐོལ་བ་ལ་འོ་མ་དང་ལྷན་ཅིག་སྦྱར་ཏེ་བླུད་ན་དེའི་རྗེས་ལ་འོ་མ་བླུད་པའི་སྦྱོར་བ་བྱས་ན་ཡང་དེ་དང་འདྲའོ། །ཐུག་སོགས་རིམ་པར་བྱས་ཀྱང་ནི། །གལ་ཏེ་གཟེར་དེ་མ་ཞི་ན། །ཉེས་བསལ་དེ་ལ་མེ་དྲོད་སྟོབས། །ལས་དཔགས་འཇམ་རྩི་མྱུར་དུ་གཏང༌། ཞེས་བྱ་བ་ལ། ཐུག་པ་ལ་སོགས་པའི་རིམ་པ་ཇི་སྐད་བཤད་པ་ལྟར་བྱས་སུ་ཟིན་ཀྱང་གལ་ཏེ་གཟེར་དེ་ཞི་བར་མ་གྱུར་ཅིང་ཉེས་པ་བསལ་ཅིང་དྲིས་སྦྱངས་ཟིན་པ་དེ་ལ་མེ་དྲོད་ཀྱི་སྟོབས་ཇི་ལྟ་བའི་ཚོད་ལས་དཔགས་ཏེ་འཇམ་རྩིའི་སྦྱོར་བ་ཇི་ལྟ་བ་མྱུར་དུ་གཏང་བར་བྱའོ། །ཤ་ཏ་པུཥྤ་ཉེའུ་ཤིང་དང༌། །བིལ་བ་དང་ནི་ཤིང་མངར་དག །མར་འོ་ཏིལ་མར་བཞི་ཆར་བཅས། །བསྐོལ་བ་འཇམ་རྩིའི་ཏིལ་མར་ཡིན། །ཞེས་བྱ་བ་ལ། འཇམ་རྩེ་དེ་ཡང་མར་དང་འོ་མ་དང་


DTG201_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ནང་དུ་ཏིལ་མར་གྱི་ཆ་དང་བཅས་པ་དང༌། ཤ་ཏ་པུཥྤ་ལ་སོགས་པའི་ལྡེ་གུར་བྱས་པ་དང་བསྐོལ་བའི་འཇམ་རྩི་གཏང་བར་བྱའོ། །དེས་ནི་ཚད་འཁྲུ་མ་ཞི་ན། །སྤྱི་བག་འཇམ་རྩི་མཆོག་ཏུ་ཕན། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བསྟན་པའི་གསོ་བ་བྱས་སུ་ཟིན་ཀྱང༌། འཁྲུ་བ་དེ་ཞི་བར་མ་གྱུར་ན་དེའི་འོག་ཏུ་ནི་སྤྱི་བག་གི་འཇམ་རྩི་འོག་ནས་བཤད་པ་གཏང་བར་བྱའོ། །ཤལ་མ་ལི་ཡི་ལོ་མ་རློན། །ཀུ་ཤ་རློན་པས་དཀྲིས་ནས་ནི། །ས་ནག་ལྡེ་གུ་བསྐུས་ནས་སུ། །ལྕི་བ་སྐམ་པོའི་མེ་ནང་བསྲེག །འཇིམ་པ་ལུས་པ་དེ་བཀོག་སྟེ། །གོང་པོ་དེ་ལས་སྲང་གཅིག་ཙམ། །འོ་མ་བྲེ་གང་ནང་དུ་མཉེ། །བཙགས་ལ་དངས་མར་རྒྱ་སྤོས་དང༌། །ཤིང་མངར་སྦྲང་རྩི་ལྡེ་གུ་མར། །ཏིལ་མར་ལྡན་པས་འཇམ་རྩི་བྱ། །ཁྲུས་བྱས་འོ་མ་འབྲས་ཆན་སྦྱིན། །ཡང་ན་སྐམ་སའི་ཤ་ཁུ་སྦྱིན། །མཁྲིས་པའི་ཚད་འཁྲུ་རིམས་དང་འོར་ནད་སྐྲན། །རླུང་ནད་ཁྲག་དང་ཕོ་བའི་ནད་སེལ་ཞིང། །འདི་དག་བཀྲུ་སྨན་མས་གཏོང་དྲག་པོ་ཡི། །སྦྱོར་བྱས་དྲག་ཏུ་འབྱུང་བའང་མྱུར་ཞི་བྱེད། །ཅེས་བྱ་བ་ལ། ཤལ་མ་ལིའི་ལོ་མ་རློན་པ་འཇིམ་པས་བསྐུ་བའི་བར་གྱི་སྦྱོར་བ་བྱས་ཏེ། དེའི་འོག་ཏུ་བསྲེགས་ལ་ནང་གི་ཚོས་ཏེ་ཕྱིའི་འཇིམ་པ་ལུས་པ་དང༌། འཇིམ་པ་དེ་བཀོག་སྟེ་ལོ་མའི་གོང་པོ་སྲང་གཅིག་ཙམ་འོ་མ་སྲང་སུམ་ཅུ་རྩ་གཉིས་ནང་དུ་མཉེས་པ་བཙགས་པའི་ཁུ་བ་དེ་རྒྱ་སྤོས་ལ་སོགས་པ་བཅུག་པ་མར་དང་ཏིལ་མར་གྱི་འཇམ་རྩི་བྱའོ། །དེའི་འོག་ཏུ་ལུས་ཁྲུས་བྱས་པ་འོ་མ་དང་བཅས་པའི་འབྲས་ཆན་བྱིན་པའམ། ཡང་ན་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་དང་འབྲས་ཆན་སྦྱིན་པར་བྱའོ། །དེས་ནི་མཁྲིས་པའི་ཚད་པར་འཁྲུ་བ་ལ་སོགས་པ་སེལ་བར་བྱེད་ཅིང༌། དེ་བཞིན་དུ་བཀྲུ་སྨན་ལ་སོགས་པ་བྱས་པ་ལས་ཀྱང་དྲག་ཏུ་འབྱུང་ཞིང་སྦྱོར་བ་དྲག་པོའི་ནད་ལྟ་བུ་ཡང་སེལ་བར་བྱེད་དོ། །དུག་མོ་ཡུངས་ནི་བུ་རམ་ཕྲན། །ལྟར་བསྐོལ་དུག་མོ་ཡུངས་སོགས་སྡེ། །ཨ་བརྟ་སོགས་སྦྲང་རྩི་བཅས། །ལྡེ་གུས་འཁྲུ་བ་ཐམས་ཅད་སེལ། །ཞེས་བྱ་བ་ལ། དུག་མོ་ཡུངས་བུ་རམ་ཕྲ་མོ་ཕན་ཏི་མ་ཞེས་བྱ་བ་ལྟ་བུར་བསྐོལ་བའི་ཁུ་བ་ལ་དུག་མོ་ཡུངས་ལ་སོགས་པའི་སྡེ་ཚན་གྱི་ཕྱེ་མ་དང་བཅས་པའི་ལྡེ་གུས་ནི་འཁྲུ་བ་


DTG201_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །སྨིན་ཅིང་ནད་མེད་མེ་དྲོད་ཆེ། །ཁྲག་དང་བཅས་པར་རིང་ནས་འཁྲུ། །སྣ་ཚོགས་མདོག་ཏུ་འཁྲུ་འགྱུར་བར། །སྨན་ཐུམ་བཙོས་པ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཚད་པར་འཁྲུ་བ་གང་སྨིན་ཅིང་མ་ཞུ་བ་མེད་པ་ལ་ནད་དང་གཟེར་ཡང་མེད་པར་གྱུར་ལ། མེ་དྲོད་ཆེ་ཞིང་ཁྲག་དང་བཅས་པར་རིང་ཞིག་ནས་འཁྲུ་བར་བྱེད་ལ། འཁྲུ་བ་དེ་ཡང་ཁ་དོག་སྣ་ཚོགས་པར་འཁྲུ་བར་གྱུར་ན་དེ་ལ་ནི་འོག་ནས་བཤད་པའི་སྨན་གྱི་ཐུམ་པོ་བཙོས་པའི་སྦྱོར་བས་གསོ་བར་བྱའོ། །ཀད་པ་ལ་ཡི་ཤུན་ལྡེ་གུ། །བིལ་བའི་ལོ་མས་དཀྲིས་ནས་ནི། །འཇིམ་པས་བསྐུས་ཏེ་མེ་ནང་བསྲེག །ཁུ་བ་བཙིར་ལ་བསྒྲངས་པ་ནི། །སྦྲང་རྩི་འམ་ཁ་རར་བཅས་པ་ནི། །འཁྲུ་བ་ཅན་ལ་ཅི་རིགས་བླུད། །ཅེས་བྱ་བ་ལ། ཀང་པ་ལ་ཞེས་བྱ་བ་དིར་ག་སྤྲི་ན་དེའི་ཤུན་ལྤགས་ཀྱི་ལྡེ་གུ་བིལ་བའི་ལོ་མས་དཀྲིས་ཤིང་གཡོགས་ལ་འཇིམ་པས་ཕྱི་རོལ་ནས་བསྐུས་ལ། དེའི་འོག་ཏུ་མེར་བསྲེགས་ནས་བཙོས་པ་འཇིམ་པ་བསལ་ནས་ཁུ་བ་བཙིར་བ་བསྒྲངས་ནས་སྦྲང་རྩི་ཁ་ར་གང་ཡང་རུང་བ་བཏབ་པ་འཁྲུ་བ་ཅན་གྱི་ནད་པ་ལ་སྦྱིན་པར་བྱའོ། །དེ་བཞིན་འོ་མ་ཅན་ཤིང་ཀུན། །དེ་ཡི་མྱུ་གུ་ལས་ཀྱང་བྱ། །ཞེས་བྱ་བ་ལ། ཆོ་ག་འདི་ཉིད་ཀྱིས་ནྱ་གྲོ་དྷ་ལ་སོགས་པའི་ཤིང་འོ་མ་ཅན་གྱི་ཤུན་ལྤགས་དང་དེའི་མྱུ་གུ་དང་ལྡེ་གུར་བྱས་ནས་སྔ་མ་བཞིན་དུ་སྨན་གྱི་ཕུར་མ་བཙོས་པ་དག་ཀྱང་བླུད་ཅིང་གཏང་བར་བྱའོ། །འཁྲི་ཤིང་ཤུན་པ་མར་དང་བཅས། །བསྐོལ་བའི་རླངས་པས་བཙོས་པ་ནི། །སྦྲང་རྩི་བཅས་པར་ཚད་འཁྲུ་བ། །སྟོབས་ཅན་དྲག་ཏུ་འབྱུང་བའང་སེལ། །ཞེས་བྱ་བ་ལ། འཁྲི་ཤིང་ཀ་ཏྲང་ཀ་ཞེས་བྱ་བའི་ཤུན་པ་མར་དང་བཅས་པ་དག་ཆུ་བསྐོལ་བའི་ཁ་རླངས་ལ་བཙོས་ལ། སྦྲང་རྩི་དང་བཅས་པར་ཟོས་བས་ནི། ཚད་པར་འཁྲུ་བའི་ནད་སྟོབས་ཅན་ཡང་མྱུར་དུ་ཞི་བར་བྱེད་དོ། །མཁྲིས་པའི་འཁྲུ་བ་ཅན་གྱིས་ནི། །མཁྲིས་པ་སྐྱེད་བྱེད་གང་བསྟན་པ། །དེ་ཡིས་མཁྲིས་པ་འཁྲུགས་གྱུར་ནས། །ཁྲག་གི་ཚད་འཁྲུ་སྐོམ་དད་རིམས། །འདེབས་ཤིང་གཞང་ཁ་མི་བཟད་འདྲུལ། །ཞེས་བྱ་བ་ལ། མཁྲིས་


DTG201_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གྱུར་པའི་འཁྲུ་བ་དང་ལྡན་པའི་ནད་པས་མཁྲིས་པ་སྐྱེད་པར་བྱེད་པའི་ཟས་ལ་སོགས་པ་བསྟེན་པ་དེས་མཁྲིས་པ་འཁྲུ་ཞིང་ལྡང་བས་ཁྲག་གི་ཚད་པར་འཁྲུ་བ་ལ་སོགས་པ་སྐྱེད་པར་འགྱུར་རོ། །པདྨ་ཨུཏྤལ་ས་མང་ག །མོན་ཆ་ར་ས་བསྐོལ་བ་ཡི། །ར་ཡི་འོ་མ་དེ་ལ་ཕན། །ཞེས་བྱ་བ་ལ། མཁྲིས་པའི་ཚད་པར་འཁྲུ་བའི་ནད་དེ་དང༌། གཞང་འབྲུམ་འདྲུལ་བ་ལ་པདྨ་ལ་སོགས་པ་དང་རའི་འོ་མ་བསྐོལ་བ་བླུད་ན་ཕན་ནོ། །ཐལ་ཏྲེས་ཤིང་མངར་སེང་ཕྲོམ་མམ། །ནྱ་གྲོ་དྷ་སོགས་མྱུ་གུ་དང༌། །སྦྲང་རྩི་ཁ་རར་བཅས་པ་ནི། །བཏུང་བའམ་གཞང་ཁར་བླུགས་པས་ཕན། །ཞེས་བྱ་བ་ལ། ཡང་ན་ཐལ་ཏྲེས་ལ་སོགས་པའི་སྨན་རའི་འོ་མ་བཏུང་བ་ལ་སོགས་པ་བྱས་ན་ཕན་ནོ། །ཡང་ནྱ་གྲོ་དྷ་ལ་སོགས་པའི་མྱུ་གུ་འོ་མར་བསྐོལ་བ་ལ་སྦྲང་རྩི་དང་ཁ་ར་བཏབ་པ་བཏུང་བ་ལ་སོགས་པར་སྦྱར་ན་ཕན་ནོ། །དེ་བཞིན་ཤ་ཁུ་སོགས་སྐྱོན་མེད། །མར་བཅས་བསྒྲངས་པའི་ཟས་སྐོམ་པ་ན། །ཞེས་བྱ་བ་ལ། ཡང་ཁྲག་གི་ཚད་པར་འཁྲུ་བ་དང༌། གཞང་མན་མམས་ཤིང་འདུལ་བ་ལ་ཤ་ཁུ་དང༌། ཐུག་པ་དང༌། སྐྱོ་མ་དང༌། སྦྱར་ཐུག་ལ་སོགས་པ་སྐྱོན་མེད་པ་ལ་མར་དང་བཅས་པར་བསྒྲངས་པ་དག་ཟས་དང་སྐོམ་དུ་བྱིན་ན་ཕན་ནོ། །ཏང་པལ་འབྲས་བུའི་ཁུ་བ་ནི། །ཅུང་ཟད་སྐྱུར་ཞིང་ཁ་རར་བཅས། །ཞེས་བྱ་བ་ལ། ཏང་པལ་གྱི་འབྲས་བུའི་ཁུ་བ་ཡུ་ཤར་བཅས་པ་ཅུང་ཟད་ཙམ་སྐྱུར་བ་ལ་ཁ་ར་བཏབ་པའི་བསྒྲངས་པ་དག་ཟས་དང་སྐོམ་དུ་བྱས་པ་བྱིན་ན་ཕན་ནོ། །ར་ཡི་འོ་མ་ཆུ་ཕྱེད་དང་ཨུཏྤལ་དོང་གྲ་བ་ལེ་ཀ །ཀྲྀཥྞ་པརྞི་ཁུ་བར་བཅས། །ཐུག་པས་ཁྲག་གི་ཚད་འཁྲུ་སེལ། །ཞེས་བྱ་བ་ལ། རའི་འོ་མ་ཆུ་དང་ཕྱེད་དུ་བསྲེས་པ་ཨུཏྤལ་ལ་སོགས་པ་བཏབ་ཅིང་ཀྲྀཥྞ་པརྞིའི་ཁུ་བ་དང་བཅས་པ་ཐུག་པར་བྱས་པ་ནི་ཁྲག་གི་ཚད་པར་འཁྲུ་བ་སེལ་ཏོ། །ཟས་ཀྱི་སྔོན་དུ་མར་སར་ནི། །སྦྲང་རྩི་ཁ་རར་སྦྱར་བ་བལྡག །ཅེས་བྱ་བ་ལ། ཡང་ན་ཟས་མ་ཟོས་པའི་སྔོན་རོལ་དུ་མར་སར་དང་སྦྲང་རྩི་དང་ཁ་རའི་ལྡེ་གུར་བྱས་པ་བལྡག་པ་ཡང་ཕན་ནོ། །ཁྲག་འཁྲུ་ཚབས་ཆེ་ལ་རའམ། །རི་དགས་ཁྲག་གི་མར་བརྡོས་སྦྱིན། །ཞེས་བྱ་


DTG201_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། ཁྲག་གི་འཁྲུ་བས་ཚབས་ཆེར་འཁྲུ་བ་ལ་ནི་རའི་ཁྲག་གམ། རི་དགས་ཀྱི་ཁྲག་དང་མར་བརྡོས་པ་ཕན་ནོ། །འོ་མ་དང་བཟའ་འོ་མ་བཏུང༌། །འོ་མ་བསྲུབས་མར་ཞག་གསུམ་བསྟེན། །ཡང་ན་གོང་མ་སྲེག་གི་ནི། །ཤ་ཁུ་དང་ཟོས་ནད་མེད་འགྱུར། ཞེས་བྱ་བ་ལ། འོ་མ་དང་སོགས་ཏེ་བཟའ་བ་དང༌། འོ་མ་བཏུང་བ་དང་འོ་མ་བསྲུབས་པའི་མར་སར་ཞག་གསུམ་གྱི་བར་དུ་བསྟེན་པའམ། ཡང་ན་གོང་མ་སྲེག་གི་ཤ་ཁུ་འཐུངས་ལ་འོ་མ་བསྲུབས་པའི་མར་ཟ་ཞིང་འོ་མ་འཐུངས་ན་ཡང་ནད་མེད་ཅིང་བདེ་བ་ཐོབ་པར་འགྱུར་རོ། །ཉེའུ་ཤིང་བཏགས་པ་འོ་མ་དང༌། །ལྷན་ཅིག་བླུད་ཅིང་འོ་མར་བཟའ། །ཡང་ན་དེ་དང་བསྐོལ་བ་ཡི། །མར་གྱིས་ཚད་འཁྲུ་མྱུར་དུ་སེལ། །ཞེས་བྱ་བ་ལ། ཡང་ཉེའུ་ཤིང་བཏགས་པའི་ལྡེ་གུ་འོ་མ་དང་སྦྱར་ཏེ་འཐུངས་ལ་འོ་མ་དང་བཅས་པར་ཁ་ཟས་ཟོས་ན་ཡང་ཁྲག་གི་ཚད་པར་འཁྲུ་བ་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཉེའུ་ཤིང་དེ་དང་བསྐོལ་བའི་མར་འཐུངས་ན་ཡང་དེ་དང་འདྲའོ། །རྒྱ་སྐྱེགས་བཅའ་སྒ་པི་པི་ལིང༌། །སྐྱེར་པའི་ཤུན་པ་པུ་ཙེ་ཤེལ། །དུག་མོ་ཡུངས་དང་བཅས་བསྐོལ་མར། །ཐུག་སླ་ཐུག་པ་དང་སྦྱར་བས། །ནད་གཞི་གསུམ་ལས་བྱུང་བ་ཡི། །མི་བཟད་འཁྲུ་བའང་མྱུར་དུ་སེལ། །ཞེས་བྱ་བ་ལ། ཡང་རྒྱ་སྐྱེགས་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་མར་དུ་བསྐོལ་བའི་མར་དང་ཐུག་པ་སླ་བ་ལ་སོགས་པ་སྦྱར་ཏེ་བླུད་པས་ཚད་པར་འཁྲུ་བའི་ནད་གཞི་གསུམ་ཆར་ལས་བྱུང་བའི་མི་བཟད་པར་ན་བ་དག་ཀྱང་སེལ་བར་བྱེད་དོ། །ས་ནག་དུང་དང་ཤིང་མངར་དང༌། །སྦྲང་རྩིར་ཁྲག་འབྲས་ཆུ་བླུད། །ཁྲག་གི་འཁྲུ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། ས་ནག་སོ་ར་ཏི་དང་དུང་ལ་སོགས་པ་འབྲས་ཀྱི་ཆུ་དང་བཅས་པ་བླུད་ན་ཁྲག་ཏུ་འཁྲུ་བ་སེལ་བར་བྱེད་དོ། །པྲི་ཡང་ཀུ་དང་སྦྲང་རྩིའང་ཕན། །ཞེས་བྱ་བ་ལ། ཡང་ན་གནྡྷ་པྲི་ཡང་ཀུ་དང་སྦྲང་རྩིར་བསྲེས་པ་འབྲས་ཀྱི་ཆུ་དང་བསྲེས་པ་བླུད་ན་ཡང་ཁྲག་ཏུ་འཁྲུ་བ་ལ་ཕན་ནོ། །ཏིལ་ནག་བཏགས་པའི་ལྡེ་གུ་དང༌། །ཤ་ཁར་ནི་ཆ་ལྔ་དང༌། །ར་ཡི་འོ་མ་དང་སྦྱར་བླུད། །འཕྲལ་དུ་ཁྲག་ཏུ་འཁྲུ་བ་སེལ། །ཞེས་བྱ་བ་ལ། ཏིལ་ནག་པོ་བཏགས་པའི་ལྡེ་གུའི་ཆ་ལྔའི་ཤ་ཁ་ར་དང་བཅས་པའི་


DTG201_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རའི་འོ་མ་སྦྱར་ཏེ་བླུད་ན་འཕྲལ་དུ་སྟེ་དེའི་མོད་ལ་ཁྲག་ཏུ་འཁྲུ་བ་སེལ་ཏོ། །ཁ་ར་སྦྲང་རྩི་ཙནྡན་བཅས། །འབྲས་ཀྱི་ཆུ་དང་བླུད་ན་ནི། །ཁོང་ཚ་སྐོམ་དད་གཅིན་ནད་དང༌། །ཁྲག་ཏུ་འཁྲུ་ལས་ཐར་བར་འགྱུར། །ཞེས་བྱ་བ་ལ། ཁ་ར་སྦྲང་རྩི་དང་ཙནྡན་དཀར་པོའི་ལྡེ་གུ་དང་བཅས་པ་སྦྱར་བར་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་བླུད་ན་ཡང་ཚ་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །གཞང་ཁ་ཚ་ཞིང་འདྲུལ་བ་ལ། །བསིལ་བའི་སྨན་གྱིས་བླུགས་ཤིང་བསྐུ། །ཞེས་བྱ་བ་ལ། གཞང་ཁའི་ཕྱོགས་སུ་ཚ་འུར་འུར་པོར་གྱུར་པ་དང་འདྲུལ་ཞིང་རྣགས་པར་གྱུར་པ་ལ་ནི། བསིལ་བའི་སྨན་གྱི་སྦྱོར་བ་ལ་སོགས་པས་བླུགས་པ་དང༌། སྨན་གྱིས་བསྐུས་པ་ཕན་ནོ། །གང་ཚེ་ཡང་དང་ཡང་དུ་འཁྲུ། །ཁྲག་ཉུང་གཟེར་དང་བཅས་པར་འཁྲུ། །རླུང་གིས་གགས་ནི་བྱས་གྱུར་པས། །དཀའ་བས་འབྱུང་བའམ་མི་འབྱུང་བྱེད། །དེ་ཚེ་དེ་ལ་སྤྱི་བག་ནི། །འཇམ་རྩི་སྔར་བཤད་གཏང་བར་བྱ། །ཞེས་བྱ་བ་ལ། དུས་གང་གི་ཚེ་ཡང་དང་ཡང་དུ་འཁྲུ་བ་དེའི་ཚེ་ན། ཁྲག་ཉུང་ཟད་ཉུང་ཟད་འབྱུང་ཞིང་གཟེར་དང་བཅས་པར་འབྱུང་བར་འགྱུར་བ་དང༌། དེ་བཞིན་དུ་རླུང་གིས་འབྱུང་བའི་ལམ་བཀག་པར་གྱུར་པས་དཀའ་ཞིང་འཐོགས་ཏེ་འབྱུང་ངམ་ཡང་ན་འབྱུང་མི་ནུས་པར་གྱུར་པ་དེ་ལ་དེའི་ཚེ་སྔར་བཤད་པའི་སྤྱི་བག་གི་འཇམ་རྩི་གཏང་བར་བྱའོ། །ཀར་པུ་ད་ར་ཤིང་ཤ་པ། །ལ་སོགས་ལོ་མ་ཆམ་ཆོམ་བརྡུངས། །ནས་དང་བསྐོལ་བའི་ཁུ་བ་དེ། །མར་དང་འོ་མར་བཅས་པ་བསྐོལ། །སྤྱི་བག་འཇམ་རྩི་བཏང་ན་ནི། །བེའུ་སྣབས་འཁྲུ་དང་གཞང་བྱུང་དང༌། །མཁྲེགས་པའི་ནད་རྣམས་སེལ་བྱེད་ཅིང༌། །སྐེམ་པོ་སྟོབས་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཤིང་ཀར་བུ་ད་ར་དང་ཤིང་ཤ་པ་ལ་སོགས་པའི་ལོ་མ་གཏུན་གྱི་ནང་དུ་ཆམ་ཆོམ་བརྡུངས་ནས་དེ་བཞིན་དུ་ནས་ཀྱང་བརྡུངས་ཤིང་དྲལ་ལ་ཆོ་ག་བཞིན་དུ་བསྐོལ་བའི་ཁུ་བ་མར་དང་འོ་མ་བཅས་པ་ཡང་བསྐོལ་ཏེ་སྤྱི་བག་གི་འཇམ་རྩི་བཏང་ན་བེའུ་སྣབས་ཀྱི་འཁྲུ་བ་ལ་སོགས་པ་དེ་དག་སེལ་བར་བྱེད་ཅིང༌། འཇམ་རྩི་འདི་བཏང་བས་ལུས་ཟད་ཅིང་སྐེམ་པར་གྱུར་པ་དག་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །སྟག་ཚེར་བ་དང་བསྐོལ་བ་ཡི། །མར་གྱི་


DTG201_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་རྩི་གཏང་བར་བྱ། །ཞེས་བྱ་བ་ལ། བེའུ་སྣབས་འཁྲུ་བ་ལ་སོགས་པའི་ནད་འདི་ལ། སྟག་ཚེར་བ་ཞེས་བྱ་བ་པྲ་པུཎྜ་རཱི་ཀ་དང་བསྐོལ་བའི་མར་གྱི་འཇམ་རྩི་བཏང་ན་ཡང་ཕན་ནོ། །དང་པོར་བཤང་བ་ཁྲག་འདྲེས་འབྱུང༌། །ཡང་ན་ཕྱིས་ནི་འཁྲུ་འགྱུར་བ། །དེ་ལ་ཉེའུ་ཤིང་བསྐོལ་བའི་མར། །ལྡེ་གུའི་དོན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཁྲག་གི་འཁྲུ་བ་གང་དང་པོར་བཤང་བ་ཁྲག་དང་འདྲེས་པར་འབྱུང་བའམ་ཡང་ན་ཕྱིས་བཤང་བ་ཁྲག་དང་འདྲེས་པར་གྱུར་པ་དེ་ལ་འོག་ནས་བཤད་པའི་ཉེའུ་ཤིང་གི་མར་ལྡེ་གུའི་སྦྱོར་བས་སྦྱིན་པར་བྱའོ། །ཁ་ར་ཆ་ཕྱེད་དང་སྦྱར་ལ། །སྦྲང་རྩི་བཞི་ཆ་བཅུག་པ་ཡི། །མར་སར་ཕན་པའི་ཟས་ཟོས་ན། །ནད་དེ་མྱུར་དུ་སེལ་བར་འགྱུར། །ཞེས་བྱ་བ་ལ། མར་སར་འཕྲལ་དུ་བྱུང་བ་གང་ཡིན་པ་དེ། ཁ་ར་ཆ་ཕྱེད་དང་སྦྱར་ཞིང་སྦྲང་རྩི་མར་གྱི་བཞི་ཆ་བཅུག་པའི་མར་དང༌། ཕན་ཞིང་འཕྲོད་པའི་ཟས་ཟོས་ན་ཁྲག་ཏུ་འཁྲུ་བའི་ནད་དེ་མྱུར་དུ་སེལ་བར་འགྱུར་རོ། །ཨུ་དུམ་བཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་ཡི་མྱུ་གུ་ནི། །བརྡུངས་ཏེ་ཆུ་ནང་ཞག་གཅིག་སྦངས། །མཉེས་ཏེ་བཙགས་པར་མར་བསྐོལ་ལ། །ཁ་ར་དེ་ཡི་ཕྱེད་བཏབ་ཅིང༌། །སྦྲང་རྩི་བཞི་ཆ་བཏབ་སྟེ་བླུད། །གང་གི་ཁྲག་ནི་ཐུར་དུ་འམ། །གྱེན་དུ་འབྱུང་བར་བྱེད་ལ་སྦྱིན། །ཞེས་བྱ་བ་ལ། ཤིང་ཨུ་དུམ་བཱ་ར་ལ་སོགས་པའི་མྱུ་གུ་བརྡུངས་ཏེ་ཆུ་བསྐོལ་བའི་ནང་དུ་ཉིན་ཞག་གཅིག་སྦངས་ལ་ཆུ་དེ་དང་མཉེས་ཏེ་བཙགས་པའི་ཁུ་བ་དེ་དང་མར་ཚུལ་བཞིན་དུ་བསྐོལ་ལ་མར་དེའི་ནང་དུ་ཁ་ར་མར་གྱི་ཕྱེད་བཏབ་ཅིང་སྦྲང་རྩི་མར་གྱི་བཞི་ཆ་བཏབ་སྟེ། འཁྲུ་བ་ཅན་གྱི་ནད་པ་ལ་སྦྱིན་པར་བྱ་ལ། ཡང་གང་གི་ཁྲག་ཐུར་དུ་འམ། གྱེན་དུ་འབྱུང་བར་བྱེད་པ་དེ་དག་ལ་ཡང་བླུད་པར་བྱའོ། །བད་ཀན་འཁྲུ་རླུང་བཤང་བ་ནི། །མ་ཞུ་སྨིན་བྱ་མཆོག་ཏུ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འཁྲུ་བ་ཉུང་བ་དག་ལ་ནི་མ་ཞུ་བ་སྨིན་པར་བྱ་བའི་ཐབས་གང་དག་ཡིན་པ་དེ་མཆོག་ག་མ་ཁྱད་པར་དུ་སྤྱད་པར་བྱའོ། །རྗེས་སུ་འབྲེལ་བ་དེ་ལ་ནི། །བིལ་བ་གཞོན་ནུ་གླ་སྒང་དང༌། །ཨ་རུ་ར་དང་བཅའ་སྒ་བསྐོལ། །སྨིན་ཅིང་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འཁྲུ་བ་


DTG201_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུང་བ་ལ་སོགས་པའི་རིམ་པ་བྱས་སུ་ཟིན་ཀྱང་རྗེས་སུ་འབྲེལ་ཅིང་བྱང་བར་མ་གྱུར་པ་དེ་ལ་བིལ་བ་གཞོན་ནུ་ལ་སོགས་པ་བསྐོལ་བའི་ནད་སྨིན་ཅིང་མེ་དྲོད་སྐྱེད་པ་དེ་བླུད་པར་བྱའོ། །ཤུ་དག་དོང་ག་བྱི་དང་ག །པུ་ཏི་ཀ་དང་ཐང་ཤིང་དང༌། །ཞེས་བྱ་བ་ལ། ཡང་ན་ཤུ་དག་ལ་སོགས་པ་བསྐོལ་བ་ཡང་སྨིན་ཅིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་པས་བླུད་པར་བྱའོ། །པི་པི་ལིང་གཉིས་ཀྲུ་ཏྲུག་ཏྲེས། །པི་པི་ལིང་གི་རྩ་བའམ། །ཞེས་བྱ་བ་ལ། ཡང་ན་པི་པི་ལིང་ཧ་སྟི་པི་པི་ལིང་ལ་སོགས་པ་བསྐོལ་བ་བླུད་པར་བྱའོ། །པ་ཐ་ཙི་ཏྲ་དུག་མོ་ཡུངས། །ཤུ་དག་པི་པི་ལིང་རྩ་བ། །པུ་ཙེ་ཤེལ་དང་ཨ་རུ་ར། །བསྐོལ་བའམ་ཡང་ན་བཏགས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་པ་ཐ་དང་ཙི་ཏྲ་ཀ་ལ་སོགས་པ་ཆོ་ག་བཞིན་དུ་བསྐོལ་བའམ་བཙགས་ཏེ་ལྡེ་གུར་བྱས་པ་ཡང་བད་ཀན་ལས་གྱུར་པའི་འཁྲུ་བའི་དྲོད་སྐྱེད་པའི་སྨན་ཡིན་པས་བླུད་པར་བྱའོ། །བད་ཀན་ཚ་བར་འཁྲུ་སྨན་བླུད། །ཁ་རུ་ཚ་དང་ཚ་བ་གསུམ། །ཤུ་དག་ཤིང་ཀུན་བོང་ང་དཀར། །ཨ་རུ་ར་ཡི་ཆུ་ཚན་བཅས། །བད་ཀན་འཁྲུ་བས་ཉེན་ལ་བླུད། །ཅེས་བྱ་བ་ལ། བད་ཀན་གྱི་འཁྲུ་བས་ཉེན་ཅིང་གཟིར་བ་ལ་ཁ་རུ་ཚ་ལ་སོགས་པའི་ཕྱེ་མ་ཆུ་བསྐོལ་བ་དྲོ་འཇམ་ཙམ་དུ་བླུད་པར་བྱའོ། །ཀ་པིད་ཐ་ཡི་རྐང་དང་ནི། །ཚ་གསུམ་སྦྲང་རྩི་ཁ་རའམ། །ཀད་པ་ལ་དང་སྦྲང་རྩིར་བཅས། །ལྟོ་ཡི་ནད་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཡང་ན་ཀ་པིད་ཐ་སྐྱུར་པོའི་རྐང་དང་ཚ་བ་གསུམ་དང༌། སྦྲང་རྩི་ཁ་ར་དང་བཅས་པའི་ལྡེ་གུ་བྱིན་ན་ཡང་ལྟོ་བའི་ནད་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་བར་བྱེད་དོ། །ཡང་ཀད་པ་ལ་དང་སྦྲང་རྩིར་བཅས་པའི་ལྡེ་གུ་བྱིན་ན་ཡང་དེ་དང་འདྲའོ། །པི་པི་ལིང་དང་སྦྲང་རྩིར་བཅས། །ཙི་ཏྲ་ཀ་དང་དར་བར་བཅས། །བིལ་བ་གཞོན་ནུ་བྱིན་ན་ཡང༌། །འཁྲུ་བའི་ནད་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་སྦྲང་རྩིར་བཅས་པ་བྱིན་པའམ། ཡང་ཙི་ཏྲ་ཀ་དང་དར་བ་སྦྱར་ཏེ་བླུད་པའམ། བིལ་བ་གཞོན་ནུ་དར་བ་དང་སྦྱར་ཏེ་བྱིན་ན་ཡང་འཁྲུ་བ་ལས་གྱུར་པའི་ནད་སེལ་བར་བྱེད་དོ། །པ་ཏ་གླ་སྒང་མོན་ཆ་ར། །བིལ་བ་དོང་གྲ་ད་ཏ་ཀའམ། །བུ་རམ་དར་བར་བཅས་པ་ཡིས། །འཁྲུ་བ་ཤིན་ཏུ་གསོ་དཀའང་སེལ། །ཞེས་བྱ་བ་ལ། པ་ཏ་


DTG201_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བུ་རམ་དང་བསྲེས་པའི་དར་བ་དང་བླུད་ན་ཡང་འཁྲུ་བ་ཤིན་ཏུ་གསོ་བར་དཀའ་ཞིང་ནད་ཚབས་ཆེ་བ་དག་ཀྱང་སེལ་བར་བྱེད་དོ། །པི་པི་ལིང་རྩ་ལ་ལ་ཕུད། །དྲི་བཟང་བཞི་དང་དོང་གྲ་དང༌། །ན་ལེ་ཤམ་དང་ཀྲུ་ཏྲུག་ཏྲེས། །འུ་སུ་ཟིར་བ་ལེ་ཀ །ཁ་རུ་ཚ་རྣམས་ཆ་མཉམ་དང༌། །ད་ཏྲིག་དང་ནི་ད་ཏ་ཀི། །བིལ་བ་དང་ནི་པི་པི་ལིང༌། །སེའུ་འབྲུ་དང་ནི་ལ་ལ་ཕུད། །སུམ་འགྱུར་ཁ་ར་དྲུག་འགྱུར་དང༌། །ཀ་པིད་ཐ་ནི་བརྒྱད་འགྱུར་བྱས། །ཕྱེ་མས་ཚད་འཁྲུ་ཕོ་བའི་ནད། །ཟད་བྱེད་སྐྲན་དང་ལྐོག་མའི་ནད། །ལུད་པ་དབུགས་མི་བདེ་དྲོད་ཉམས། །གཞང་འབྲུམ་ཆམ་པ་ཡི་ག་འཆུས་སེལ། །ཞེས་བྱ་བ་ལ། པི་པི་ལིང་གི་རྩ་བ་ལ་སོགས་པའི་སྨན་རྣམས་ཆ་མཉམ་པར་བྱས་པ་དང༌། ད་ཏྲིག་ལ་སོགས་པ་སུམ་འགྱུར་ཏེ། རྩ་བའི་སྨན་ལས་སུམ་འགྱུར་དུ་བྱས་པ་དང༌། ཁ་ར་པི་པི་ལིང་གི་རྩ་བ་ལས་དྲུག་འགྱུར་དུ་བྱས་པ་དེ་དག་ཕྱེ་མར་བྱས་ལ་ཀ་པིད་ཐ་བརྒྱད་འགྱུར་དུ་བྱས་པ་དང་ཕྱེ་མར་བྱའོ། །ལ་ལ་དག་ནི་པི་པི་ལིང་གི་རྩ་བ་ལ་སོགས་པའི་སྨན་སྤྱིར་གཅིག་འགྱུར་ཁ་ར་དྲུག་འགྱུར་ཏེ་བདུན་ཀ་པིད་ཐ་ནི་ཆ་བརྒྱད་པ་སྟེ། ཆ་བདུན་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཕྱེ་མ་འདིས་ནི་འཁྲུ་བ་ནས་ཡི་ག་འཆུས་པའི་བར་གྱི་ནད་སེལ་བར་བྱེད་དོ། །སྨིག་རྐང་དང་ནི་དྲི་སྣ་བཞི། །ཞོ་ནི་གཉིས་གཉིས་ལ་ལ་ཕུད། །འུ་སུ་ཟི་ར་ཞོ་བཞི་བཞི། །པི་པི་ལིང་རྩ་ཚ་བ་གསུམ། །སྲང་ནི་རེ་རེ་སེའུ་འབྲུ་དང༌། །ཁ་ར་སྲང་བརྒྱད་གཅིག་སྦྱར་འདི། །ཕྱེ་མ་སེ་འབྲུ་བརྒྱད་པ་ཡིན། །ཡོན་ཏན་གོང་མ་དག་དང་འདྲ། །ཞེས་བྱ་བ་ལ། སྨིག་རྐང་དང་དྲི་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་འུ་སུ་དང་ཟི་ར་དང་ལ་ལ་ཕུད་རེ་རེ་ཞིང་ཞོ་བཞི་བཞི་པི་པི་ལིང་གི་རྩ་བ་དང༌། ཚ་བ་གསུམ་སྣ་རེ་རེ་ཞིང་སྲང་རེ་རེ་སེའུ་འབྲུ་སྲང་བརྒྱད། ཁ་ར་སྲང་བརྒྱད་དེ་ལྟར་འདི་དག་གཅིག་ཏུ་སྦྱར་བའི་ཕྱེ་མ་འདི་ནི་སེའུ་འབྲུ་བརྒྱད་པ་ཞེས་བྱ་བའི་མིང་གིས་མིང་དུ་བཏགས་པ་ཡིན་ཏེ། དེའི་ཡོན་ཏན་ནི་ཀ་པིད་ཐ་སྲང་བརྒྱད་པ་དང་འདྲ་བ་ཡིན་ཏེ། འཁྲུ་བ་དང་ཕོ་བའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །ཁ་ཟས་རླུང་གིས་འཁྲུ་བར་བཤད། །སྦྱར་ཐུག་ལ་སོགས་ཅི་རིགས་སྦྱིན། །ཞེས་བྱ་བ་ལ།


DTG201_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་འདིར་ཁ་ཟས་ནི་སྦྱར་ཐུག་དང་ཞོ་དང་སྦྱར་བ་དང༌། ཤ་ཁུ་དང་ཐུག་པ་ལ་སོགས་པ་རླུང་གི་འཁྲུ་བ་ལ་སོགས་པའི་སྐབས་སུ་བཤད་པ་དག་ནད་ཀྱི་ཚུལ་ལས་བརྟགས་ཏེ་ཅི་རིགས་པར་སྦྱིན་པར་བྱའོ། །ན་ལེ་ཤམ་དང་བྱི་དང་ག །ཀ་པིད་ཐ་དང་དོང་གྲར་བཅས། །ཙང་གི་རི་དང་རྒྱ་ཤུག་སྐྱུག །སྦྱར་ཐུག་བད་ཀན་འཁྲུ་བ་སེལ། །ཞེས་བྱ་བ་ལ། ན་ལེ་ཤམ་ལ་སོགས་པ་དང་སྦྱར་བའི་ཐུག་པ་ཡང་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་བ་ཡིན་ནོ། །བད་ཀན་ཟད་ལ་སྔར་བཤད་པའི། །རྒྱ་སྐྱེགས་ལ་སོགས་སྲང་དྲུག་པ། །ནས་ཐུག་དང་ནི་བསྲེས་པ་ཡི། །དམར་ནི་རྙིང་པ་སྦྱིན་པར་བྱ། །ཞེས་བྱ་བ་ལ། བད་ཀན་ཟད་ཅིང་མ་སྨིན་པ་མེད་པར་གྱུར་ན་སྔར་བཤད་པའི་རྒྱ་སྐྱེགས་ལ་སོགས་པ་སྲང་དྲུག་པའི་ཐུག་པ། རྒྱ་སྐྱེགས་བཅའ་སྒ་པི་པི་ལིང༌། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་དེ་ཡང་སྐྱུར་ཞིང་མངར་བ་དང༌། ཀན་ཛི་དང་སྐྱུར་རྩི་ཆེན་པོའི་ཁུ་བ་ལ་སོགས་པ་བསྐོལ་བ་ནས་ཐུག་པ་དང་བསྲེས་པའམ། ཡང་ན་ནད་དེ་ལ་མར་རྙིང་པ་དང་ཐུག་པ་བསྲེས་པ་སྦྱིན་པར་བྱའོ། །རླུང་དང་བད་ཀན་གྱིས་བཀག་པ། །བད་ཀན་ཤས་ཆེར་འཁྲུ་བ་འམ། །གཟེར་ཞིང་མཁྲེགས་པར་བྱེད་པ་ལ། །སྤྱི་བག་འཇམ་རྩི་བཏང་བ་བསྔགས། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱིས་འཁྲུ་བ་འགག་ཅིང་འབྱུང་བར་མི་འགྱུར་བ་ལ་སོགས་པའི་ནད་ལ་སྤྱི་བག་གི་འཇམ་རྩི་གང་ཡིན་པ་བསྔགས་པ་ཡིན་ནོ། །ཤུ་དག་བིལ་བ་པི་པི་ལིང༌། །རུ་རྟ་ཤུ་ཏི་རྒྱམ་ཚར་བཅས། །བིལ་བའི་མར་རམ་ཏིལ་མར་ནི། །ཤུ་དག་སོགས་དང་བསྐོལ་བ་ཕན། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པ་བིལ་བའི་མར་རམ་ཏིལ་མར་དྲོ་འཇམ་དུ་སྦྱར་བའི་སྨན་དྲོ་འཇམ་ཙམ་མ། ཡང་ན་བཀྲུ་སྨན་ལ་སོགས་པའི་སྡེ་ཚན་ལས་ཤུ་དག་དང་གླ་སྒང་ལ་སོགས་པའི་སྨན་དང་ཏིལ་མར་བསྐོལ་བ་བཏང་ན་ཡང་ཕན་ནོ། །བད་ཀན་རླུང་གིས་ཤས་ཆེར་གཟིར། །ཅུང་ཟད་དྲོ་བའི་འཇམ་རྩི་བཏང༌། །བད་ཀན་ཟད་ཅིང་ཡུན་རིང་དུ། །འཁྲུ་ཞིང་ཉམ་ཆུང་གྱུར་པ་ན། །ཞེས་བྱ་བ་ལ། བད་ཀན་ཟད་པར་གྱུར་བས་ཡུན་རིང་དུ་འཁྲུ་ཞིང་བཤང་བའི་ལམ་གཞང་ཁ་ཉམ་ཆུང་བར་གྱུར་ན། རླུང་རང་གི་


DTG201_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ན་གནས་པ་འདི་ནད་ཀྱི་སྟོབས་ཤིན་ཏུ་ཆེ་བར་གྱུར་ན། དེས་ནི་དེ་གསོད་པར་བྱེད་པ་ཡིན་པས་རླུང་དེ་མྱུར་དུ་གསོ་བར་བྱའོ། །རླུང་ནི་ངེས་པར་སྟོབས་ཆེ་བ། །རང་གི་གནས་ལ་བརྟེན་ཏེ་སྐྱེ། །དེ་སྟོབས་ཆེ་བས་འཕྲལ་གསོད་བྱེད། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །རླུང་གི་རྗེས་ལ་མཁྲིས་པ་སྟེ། །མཁྲིས་པའི་རྗེས་ལ་བད་ཀན་ནི། །གསོ་བའམ་གསུམ་ལས་དང་པོར་ནི། །གང་ཞིག་ཤས་ཆེར་གྱུར་པ་གསོ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་འདི་དག་ནི་རིམ་བཞིན་དུ་གསོ་བར་བྱ་བའམ། ཡང་ན་ནད་གཞི་གསུམ་ལས་གང་ཤས་ཆེ་ཞིང་སྟོབས་དྲག་པ་དེ་དང་པོར་གསོ་བར་བྱའོ། །འཇིགས་དང་མྱ་ངན་དག་ལས་ཀྱང༌། །མྱུར་དུ་འཁྲུགས་པས་དེའི་ཕྱིར་དེར། །རླུང་བསལ་བ་ཡི་གསོ་བ་དང༌། །དབུགས་དབྱུང་བ་དང་དགའ་བར་བྱ། །ཞེས་བྱ་བ་ལ། འཇིགས་དང་མྱ་ངན་གཉིས་རྒྱུར་གྱུར་པ་ལས་རླུང་གི་ནད་འཁྲུགས་ཤིང་ལྡང་བར་འགྱུར་ལ་དེ་བས་འཇིགས་པ་དང་མྱ་ངན་ལས་གྱུར་པའི་འཁྲུ་བ་ལ་རླུང་བསལ་ཅིང་གཞོམ་པའི་གསོ་བ་བྱ་བ་དང༌། དེ་བཞིན་དུ་འཇིགས་པ་དང་མྱ་ངན་ལས་བཟློག་པར་བྱ་བའི་ཕྱིར་དབུགས་དབྱུང་ཞིང་མི་འཇིགས་པ་སྦྱིན་པ་དང༌། སེམས་དགའ་བར་བྱ་བ་དག་བྱའོ། །གང་ཞིག་གཅིན་མེད་ཕྱིས་དང༌། །འཕྱེན་ནི་འབྱུང་བར་འགྱུར་བ་དང༌། །མེ་དྲོད་ཆེ་ཞིང་ལྟོ་བ་ཡང༌། །དེ་ཡི་ཁོང་ནད་ཞི་བ་ཡིན། །ཞེས་བྱ་བ་ལ། འཁྲུ་བར་འགྱུར་བ་གང་ཞིག་ཕྱིས་མི་འགྱུར་བར་གཅིན་འབའ་ཞིག་འབྱུང་བའམ། ཡང་ན་འཕྱེན་འབའ་ཞིག་འབྱུང་བར་འགྱུར་བ་དང༌། ཁོང་པའི་དྲོད་ཆེ་བ་དང༌། ལྟོ་བ་ཁང་ཡང་བར་གྱུར་པ་དེའི་ཁང་པའི་ནད་འཁྲུ་བ་གྱུར་པ་དེ་ཞི་ཞིང་བྱང་བར་གྱུར་པའི་མཚན་མ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཕོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་འདི་གསོ་བ་བརྩམས་པ་ཡིན་ནོ། །ཕོ་བ་ལ་ནི་བརྟེན་པའི་ནད། །མ་ཞུ་


DTG201_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། ཕོ་བའི་ནད་དུ་བརྟེན་ཅིང་གནས་པའི་རླུང་ལ་སོགས་པ་གང་ཡང་རུང་བ་དག་ལ་ནི་དང་པོ་ཁོ་ནར་རང་རང་གི་མ་ཞུ་བའི་ཚུལ་ལས་དཔགས་ཏེ། ཟས་ཀྱི་ཚོད་ཟིན་པར་བཟའ་བའི་ལེའུ་ལས་བཤད་པ་ལྟར་སྨྱུང་བ་ལ་སོགས་པའི་གསོ་བས་ཉེ་བར་གསོ་ཞིང་བཅོས་པར་བྱའོ། །འཁྲུ་བར་བཤད་པའི་ཆོ་ག་ཡིས། །དེ་ཡི་མ་ཞུ་སྨིན་པར་བྱ། །ཞེས་བྱ་བ་ལ། ཡང་ཕོ་བའི་ནད་དང་ལྡན་པ་དེ་ལ་འཁྲུ་བ་གསོ་བར་བཤད་པ་འདས་མ་ཐག་པའི་ཆོ་གས་ཀྱང་དེའི་མ་ཞུ་བ་དེ་སྨིན་ཅིང་ཞུ་བར་བྱའོ། །ཟས་ཀྱི་དུས་སུ་ནས་ཐུག་སོགས། །ཚ་བ་ལྔ་སོགས་ལྡན་པ་དང༌། །ཚ་བྲོ་ཡང་བའི་ཁ་ཟས་དང༌། །གཞན་ཡང་དྲོད་སྐྱེད་སྦྱོར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ཁ་ཟས་ཀྱི་དུས་གང་ཡིན་པ་བཀྲེས་པར་གྱུར་ཅིང་ཟས་ལ་འདོད་པ་སྐྱེད་པ་ལུས་ཁོང་ཡང་བར་གྱུར་པའི་ནས་ཐུག་ལ་སོགས་པའི་ཟས་ཏེ། ཐུག་པ་དང་ཐུག་པ་གར་པོ་དང༌། འབྲས་ཆན་ལ་སོགས་པའི་ཟས་ཚ་བ་ལྔ་ལ་སོགས་པ་དྲོད་སྐྱེད་པར་བྱེད་པའི་སྨན་དང་གཡོས་ཤིང་སྦྱར་བ་དང་ལྡན་པ་ལ། རྒྱམ་ཚ་ལ་སོགས་པའི་ལན་ཚྭ་བཏབ་པ་དང་ཚ་དང་རང་བཞིན་གྱིས་ཡང་བ་སྦྱིན་པར་བྱ་བ་དང༌། གཞན་ཡང་ཡང་དང་ཡང་དུ་དྲོད་སྐྱེད་པར་བྱེད་པའི་ཕྱིར་ད་ལིས་ཀྱི་ཕྱེ་མའམ། རི་ལུ་ལ་སོགས་པའི་སྦྱོར་བ་དག་ཀྱང་སྦྱིན་པར་བྱའོ། །མ་ཞུར་ཐུག་པ་བོང་ང་དཀར། །བཅའ་སྒ་སྐྱུར་དང་བཅས་པ་སྦྱིན། །ཞེས་བྱ་བ་ལ། མ་ཞུ་བ་ལས་གྱུར་པའི་ཕོ་བའི་ནད་ལ་ཐུག་པའི་ནང་དུ་བོང་ང་དཀར་པོ་དང་བཅའ་སྒ་བཏབ་ཅིང་སེའུ་འབྲུ་ལ་སོགས་པས་སྐྱུར་བར་བྱས་པ་དང་བཅས་པ་སྦྱིན་པར་བྱའོ། །བཏུང་བར་འཁྲུ་བ་ལས་བཤད་པའི། །ཆུ་དང་དར་བ་ཆང་སོགས་བླུད། །ཅེས་བྱ་བ་ལ། བཏུང་བའི་དོན་དུ་ནི་འཁྲུ་བ་གསོ་བའི་སྐབས་སུ་བཤད་པ་ཆུ་ལ་སོགས་པ་ཇི་ལྟར་གོམས་ཤིང་ནད་མི་སྐྱེད་པའི་དོན་དུ་སྦྱིན་པར་བྱའོ། །ཕོ་བའི་ནད་ལ་དར་བ་ནི། །དྲོད་སྐྱེད་འཁྲུ་གཅོད་ཡང་བས་ན། །ཕན་ཏེ་ཞུ་རྗེས་མངར་བའི་ཕྱིར། །མཁྲིས་པ་སྐྱེད་པར་མི་བྱེད་དོ། །སྐ་ཞིང་དྲོ་ལ་སྦྱོང་བྱེད་དང༌། །རྩུབ་ཕྱིར་བད་ཀན་ལ་ཡང་ཕན། །མངར་སྐྱུར་ཁ་བས་རླུང་ལ་ཕན། །བསྲུབས་མ་ཐག་ཏུ་ཚ་མི་སྐྱེད། །ཅེས་བྱ་བ་ལ། ཕོ་བ་ན་བའི་མི་ལ་དར་བ་བླུད་པ་མཆོག་ཏུ་


DTG201_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཏེ། ཅིའི་ཕྱིར་ཞེ་ན། དྲོད་སྐྱེད་པར་བྱེད་པའི་ཕྱིར་དང༌། འཁྲུ་བ་གཅོད་པར་བྱེད་པ་དང༌། ཡང་བས་ན་ཕན་པ་ཡིན་ལ་དེ་བཞིན་དུ་དར་བ་སར་པ་ནི་ཞུ་རྗེས་མངར་བའི་ཕྱིར་མཁྲིས་པ་སྐྱེད་པར་མི་བྱེད་དེ། འདིར་དར་བ་རྙིང་པ་ནི་མཁྲིས་པ་ལ་ཤིན་དུ་གནོད་པས་བཀག་པ་ཡིན་མོད་ཀྱི། དར་བ་སར་པ་ནི་དེ་ལྟ་མ་ཡིན་ནོ། །ཡང་དར་བ་ནི་སྐ་ཞིང་སྐྱུར་བ་དང་དྲོ་བ་དང་སྤྱོད་ཞིང་འབྱེ་བར་བྱེད་པ་རྩུབ་པའི་ཕྱིར་བད་ཀན་ལ་ཡང་ཕན་ཏེ་འདིར་ཅུང་ཟད་རྙིང་པ་ལ་བྱའོ། །ཡང་དར་བ་བསྲུབས་མ་ཐག་པ་དེའི་མངར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལས་རླུང་ལ་ཡང་ཕན་ནོ། །ཡང་དར་བ་སར་པ་དེ་ནི་ཚ་ཞིང་ཁོང་ཚ་བར་བྱེད་པའི་རང་བཞིན་ཅན་ཡང་མ་ཡིན་ནོ། །སྐྱུར་བ་བཞི་པོ་བྲེ་གང་དང༌། །ཚ་བ་གསུམ་ནི་སྲང་གསུམ་དང༌། །རྒྱམ་ཚ་སྲང་བཞི་ཁ་ར་ནི། །སྲང་བརྒྱད་ཕྱེ་མར་བྱས་པ་དེས། །ཚོད་མ་སྲང་ཚོད་བཏུང་བ་སོགས། །བཏུང་ངོ་དྲུག་སོགས་ལ་ཡང་གདབ། །མ་ཞུ་ལུད་པ་དབུགས་མི་བདེ། །ཡི་ག་འཆུས་དང་སྐྲན་མཆིན་པ། །ཕོ་བ་སྙིང་ནད་སྐྱ་རྦབ་འཇོམས། །ཞེས་བྱ་བ་ལ། སྐྱུར་བ་བཞི་པོ་བལ་པོ་སེའུ་འབྲུ་དང༌། ཀ་པིད་ཐ་དང་ད་ཏྲིག་དང༌། པི་ཤ་ཨམ་ལི་ཞེས་བྱ་བ་བཞི་པོ་སྨན་སྣ་རེ་རེ་ཞིང་སྐམ་པ་ལས་ནི་ཕུལ་ཕྱེད་ཕྱེད་དེ་སྲང་བཞི་བཞི་གཞུག་ལ། རློན་པ་ནི་སྲང་བརྒྱད་དེ་ཕུལ་རེ་རེ་སྟེ་སྤྱིར་བྲེ་གང༌། ཚ་བ་གསུམ་སྲང་རེ་རེ་སྟེ་སྤྱིར་སྲང་གསུམ། ལན་ཚྭ་བཞི་ལ་སྲང་བཞི་ཁ་ར་སྲང་བརྒྱད་དེ། དེ་དག་གཅིག་ཏུ་ཕྱེ་མར་བཏགས་ལ་ཕྱེ་མ་དེ་ནི་ཚོད་མ་ལ་སོགས་པ་གང་གི་ནང་དུ་བཏབ་ཅིང་བླུད་པར་བྱ་སྟེ། དེས་ནི་མ་ཞུ་བ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །དོང་གྲ་གླ་སྒང་བོང་ང་དཀར། །བསྐོལ་བ་མ་ཞུ་སེལ་བྱེད་བླུད། །ཅེས་བྱ་བ་ལ། ཡང་ན་དོང་གྲ་ལ་སོགས་པ་བསྐོལ་བ་བླུད་ན་ཡང་ཕན་ནོ། །དེ་ཡི་ལྡེ་གུ་ཆུ་ཚན་ནམ། །བཅའ་སྒ་འམ་ཨ་རུ་ར་བཅས་བླུད། །ཅེས་བྱ་བ་ལ། ཡང་དོང་གྲ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་ཆུ་ཚན་དང་སྦྱར་ཏེ་བླུད་པའམ། ཡང་ན་ཨ་རུ་ར་དང་ཆུ་ཚན་སྦྱར་ཏེ་བླུད་པར་བྱའོ། །ཤུ་དག་ལ་སོགས་རྒྱམ་ཚར་བཅས། །ཡང་ན་ཆང་དང་སྦྱར་བ་བླུད། །ཅེས་བྱ་བ་


DTG201_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡང་ན་ཤུ་དག་ལ་སོགས་པ་སྐྱུག་སྨན་གྱི་སྡེ་ཚན་ལ་སོགས་པའི་སྨན་ཏེ་རྒྱམ་ཚ་དང་བཅས་པ་ཆུ་ཚན་དུ་སྦྱར་ཏེ་བླུད་པའམ། ཡང་ན་ཤུ་དག་ལ་སོགས་པའི་སྨན་གྱི་ཕྱེ་མ་རྒྱམ་ཚ་དང་བཅས་པ་ཆང་དང་སྦྱར་ཏེ་བླུད་པར་བྱའོ། །བཤང་བ་མ་སྨིན་འཁྲུ་བཅས་པ། །སེའུ་འབྲུ་ཁུ་བ་དང་བཅས་པའི། །བིལ་བ་དོང་གྲ་ཙི་ཏྲ་ཀ །ཁ་རུ་ཚ་ནི་བཏགས་ལ་སྦྱིན། །ཞེས་བྱ་བ་ལ། བཤང་བ་མ་སྨིན་ཅིང་མ་ཞུ་བ་དང་འཁྲུ་བ་དང་མཁྲེགས་པར་བཅས་པར་གྱུར་བ་ལ། སེའུ་འབྲུའི་ཁུ་བ་ལ་སོགས་པའི་སྨན་བླུད་པར་བྱའོ། །བད་ཀན་རླུང་གྱུར་བེའུ་སྣབས་ཅན། །ཁོང་པ་གཟེར་ལ་དུག་མོ་ཡུངས། །ཤིང་ཀུན་བོང་ང་ཁ་རུ་ཚ། །ཤུ་དག་ཨ་རུ་ར་ཆུ་དྲོན། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་བའི་ཕོ་བའི་ནད་བེའུ་སྣབས་ཀྱི་མ་ཞུ་བ་དང་བཅས་ཤིང་ཁོང་པའི་ནད་གཟེར་ཞིང་ན་བར་བྱེད་པ་ལ་ནི་དུག་མོ་ཡུངས་ལ་སོགས་པའི་སྨན་ཆུ་ཚན་དྲོ་འཇམ་ཙམ་དང་སྦྱར་བ་བླུད་པར་བྱའོ། །སྐྱུག་པའི་རྗེས་ལ་གཟེར་ཞིང་བསྒོངས། །ཨ་རུ་ར་དང་ཁ་རུ་ཚ། །ཟི་ར་ན་ལེ་ཤམ་བཅས་ཕྱེ། །ཆུ་དྲོན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཕོ་བའི་ནད་སྐྱུག་པའི་རྗེས་ལ་གཟེར་ཞིང་བསྒོངས་པ་ལ་ནི། ཨ་རུ་ར་ལ་སོགས་པའི་ཕྱེ་མ་སྔ་མ་བཞིན་དུ་བླུད་པར་བྱའོ། །དོང་གྲ་པ་ཏ་པི་པི་ལིང༌། །ཐལ་ཏྲེས་བྲི་ཧ་ཏི་གཉིས་དང༌། །དུག་མོ་ཡུངས་དང་ཙི་ཏྲ་ཀ །ཚ་བ་རྣམ་ལྔ་ཐལ་སྨན་གཉིས། །ཕྱེར་བཏགས་ཆང་ཞོ་དེའི་དངས་མ། །ཆུ་དྲོན་རང་སྐྱུར་དག་ལ་བླུད། །དེས་ནི་མེ་དྲོད་འཕེལ་བྱེད་ཅིང༌། །ཁོང་པའི་རླུང་ནི་སེལ་མཆོག་ཡིན། །ཞེས་བྱ་བ་ལ། དོང་གྲ་ལ་སོགས་པའི་སྨན་གྱི་ཕྱེ་མ་ཆང་ངམ་ཞོའི་དངས་མ་ལ་སོགས་པ་དང་བླུད་ན་ཡང་མེ་དྲོད་འཕེལ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་པར་འགྱུར་རོ། །ལན་ཚྭ་ལྔ་དང་ཐལ་སྨན་གཉིས། །ཚ་བ་ལྔ་དང་ན་ལེ་ཤམ། །ལ་ལ་ཕུད་དང་ཤིང་ཀུན་ལས། །སྐྱུར་རྩི་ཆེན་པོ་འམ་སེའུ་འབྲུ་འམ། །རྒྱ་ཤུག་ཁུ་བས་རི་ལུར་བྱས། །སྨིན་དང་དྲོད་སྐྱེད་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། ལྕེ་མྱང་ཚ་ལ་སོགས་པའི་ལན་ཚྭ་ལྔ་དང༌། སྭརྫི་ཀ་ཀྵ་ར་དང་ཡ་བཀྵ་ར་སྟེ་ཐལ་སྨན་གཉིས་དང༌། ཚ་བ་ལྔ་ལ་སོགས་པའི་


DTG201_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྐྱུར་རྩི་ཆེན་པོའི་ཁུ་བ་ལ་སོགས་པ་གང་ཡང་རུང་བས་རི་ལུར་བྱས་པས་ནད་སྨིན་ཅིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །བལ་བུའི་ལོ་མ་དབྱི་མོ་དང༌། །པི་པི་ལིང་ནི་སྲང་རེ་དང༌། །པི་པི་ལིང་དང་དེའི་རྩ་སྲང༌། །གཉིས་གཉིས་བཅའ་སྒ་སྲང་གསུམ་དང༌། །དྲི་སྣ་གསུམ་དང་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་ཕྱིར་ཞིབ་བཏགས། །ཁུ་རམ་སུམ་འགྱུར་དག་གིས་ནི། །རི་ལུར་བྱས་པ་རྟག་ཏུ་བཟའ། །དེ་རྗེས་ཡུ་ཤ་ཤ་ཁུ་དང༌། །ཆང་རྙིང་འོ་མ་ཞོ་ག་ཆུ། །ཐུག་པ་བླུད་ལ་རླུང་དང་ནི། །བད་ཀན་ལས་གྱུར་སློན་བྲོ་དང། །ཕོ་བ་རྩིབ་ལོགས་སྙིང་ཁ་ན། །རིམས་དང་འོར་ནད་སྐྱ་རྦབ་དང༌། །སྐྲན་དང་ཆང་ནད་གཞང་འབྲུམ་དང༌། །ཆམ་པ་མཆིལ་མ་དབུགས་མི་བདེ། །ལུད་པ་རྣམས་ནི་འཇོམས་པར་བྱེད། །བཤང་བ་འགགས་ལ་དེ་ཉིད་ནི། །བཅའ་སྒའི་གོང་དུ་ཨ་རུ་ར། །བཅུག་སྟེ་དེ་ལ་སྦྱིན་པར་བྱ། །མཁྲིས་གྱུར་སློན་བྲོ་ལ་སོགས་ལ། །ཁ་ར་བཞི་འགྱུར་བཅས་པར་ནི། །བསྐོལ་བ་ལས་ནི་རི་ལུར་བྱས། །ཡང་ན་བུ་རམ་ཁ་རར་བཅས། །མེ་དང་ཕྲད་པར་གྱུར་པ་ལས། །དེ་ནི་མཆོག་ཏུ་ཡང་བར་འགྱུར། །ཞེས་བྱ་བ་ལ། བལ་བུ་ལ་སོགས་པ་སྨན་སྣ་གསུམ་སྲང་རེ་པི་པི་ལིང་དང་པི་པི་ལིང་གི་རྩ་བསྲང་གཉིས་གཉིས་བཅའ་སྒ་སྲང་གསུམ་དྲི་སྣ་རེ་རེ་ཞོ་གཉིས་གཉིས། པུ་ཤེལ་ཙེ་ཞོ་གཉིས་ཏེ་དེ་ཐམས་ཅད་ཞིབ་ཏུ་བཏགས་ལ་ཕྱེ་མའི་སུམ་འགྱུར་གྱི་བུ་རམ་དང་རི་ལུར་བྱས་པ་རྟག་ཏུ་བཟའ་བར་བྱའོ། །དེའི་རྗེས་ལ་ཡུ་ཤ་ལ་སོགས་པ་འཐུངས་ན་བད་ཀན་གྱིས་སློན་བྲོ་བ་ལ་སོགས་པ་འཇོམས་པར་བྱེད་དོ། །ཡང་བཤང་བ་སྲི་ཞིང་འགགས་པར་གྱུར་པ་ལ་ནི། རི་ལུ་དེ་ཉིད་ཀྱི་བཅའ་སྒ་སྨོས་པའི་མགོར་ཨ་རུ་ར་བཅུག་ལ་བྱིན་ན་སེལ་བར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ལ་སོགས་པའི་ནད་ལ་ནི་རི་ལུ་དེ་ལ་བུ་རམ་མི་གཞུག་པར་ཕྱེ་མའི་བཞི་འགྱུར་གྱི་ཁ་ར་དང་སྦྱར་ཏེ་རི་ལུར་བྱའོ། །རི་ལུ་དེ་དག་བུ་རམ་མམ་ཁ་ར་གང་དང་སྦྱར་ཡང་རུང་སྟེ་དེ་གཉིས་བསྐོལ་བ་དང་སྦྱར་ལ་དེ་རི་ལུར་བྱས་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་མེ་དང་ཕྲད་ཅིང་བསྐོལ་བ་ལས་མཆོག་ཏུ་ཡང་བ་ཉིད་དུ་འགྱུར་


DTG201_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །དེ་ནས་འདི་ནི་མ་ཞུ་སྨིན། །རླུང་ལས་གྱུར་པའི་ཕོ་ནད་ལ། །དྲོད་སྐྱེད་སྨན་དང་བཅས་པ་དང༌། །མར་ནི་ཉུང་ཟད་ཉུང་ཟད་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་པ་དེའི་མ་ཞུ་བ་སྨིན་ཅིང་བྱང་བར་གྱུར་ནས། རླུང་ལས་གྱུར་པའི་ཕོ་བའི་ནད་དུ་གྱུར་པ་ལ་ནི། མེ་དྲོད་སྐྱེད་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་བཅས་པའི་མར་ཉུང་ཟད་བླུད་པར་བྱའོ། །མེ་དྲོད་ཆུང་ཞིང་སྐྱེས་གྱུར་ནས། །བཤང་གཅི་རླུང་ནི་འགགས་གྱུར་ན། །ཞག་ནི་གཉིས་གསུམ་སྣུམ་དང་དུགས། །བསྐུ་བྱས་མས་གཏོང་དྲག་པོ་བྱ། །ཞེས་བྱ་བ་ལ། མེ་དྲོད་ཅུང་ཞིག་སྐྱེས་པར་གྱུར་ནས་བཤང་བ་ལ་སོགས་པ་འགགས་པར་གྱུར་པ་ལ་ནི་ཞག་གཉིས་སམ་ཞག་གསུམ་གྱི་བར་དུ་སྣུམ་གྱི་ཆོ་ག་བྱས་ལ་དང་པོར་དུགས་བྱས་ནས་དེའི་འོག་ཏུ་བསྐུ་བྱུག་བྱས་ཏེ་མས་གཏོང་བ་དྲག་པོ་གཏང་བར་བྱའོ། །དེ་ནས་ཨེ་རཎྜ་ཡི་མར། །སེང་ཕྲོམ་གྱི་ནི་མར་དང་ནི། །ཐལ་སྨན་གྱིས་ནི་རླུང་ཞི་ནས། །གཡོས་པའི་ནད་ལ་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། དེའི་འོག་ཏུ་རླུང་བསལ་བར་གྱུར་པའི་རྗེས་ལ། ནད་གཡོས་ཤིང་རླུང་གིས་འཁྲུ་བར་གྱུར་པ་ལ་ནི། ཨེ་རཎྜའི་མར་རམ། སེང་ཕྲོམ་དང་བསྐོལ་བའི་ཞུན་མར་ཐལ་སྨན་དང་བཅས་པའི་བཀྲུ་སྨན་གཏང་བར་བྱའོ། །སྦྱངས་ནས་ཁོང་པ་རྩུབ་གྱུར་ཏེ། །བཤང་བ་འགགས་ལ་འཇམ་རྩི་ནི། །ཞེས་བྱ་བ་ལ། སྦྱངས་པའི་རིམ་པ་བྱས་ནས་ཀྱང་ཁོང་པའི་གནས་རྩུབ་པར་གྱུར་པས་བཤང་བ་འགགས་ཤིང་སྲི་བར་གྱུར་ན་ཏིལ་མར་གྱི་འཇམ་རྩི་གཏང་ངོ༌། །དྲོད་སྐྱེད་སྐྱུར་ཞིང་རླུང་འཇོམས་པའི། །སྨན་བཙོས་ཏིལ་མར་དེ་ལ་གཏང༌། །ཞེས་བྱ་བ་ལ། དེ་ཡང་མེ་དྲོད་སྐྱེད་པ་ལ་སོགས་པའི་སྨན་དང་བཙོས་པའི་འཇམ་རྩི་དེ་ལ་བཏང་ངོ༌། །དེ་ལྟར་བཀྲུ་སྨན་དྲག་བརྐུ་སྨན། །འཇམ་རྩི་གོ་རིམས་བཞིན་བྱས་ནས། །ཁ་ཟས་ཡང་བ་དང་ལྡན་པའི། །ཞུན་མར་སླར་ཡང་བསྟེན་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་དྲག་པོ་ལ་སོགས་པ་བཏང་ནས་མེ་དྲོད་ཀྱི་སྟོབས་ཅི་ཡོད་པ་ལས་ཁ་ཟས་རང་བཞིན་དང་ཚད་ཡང་བ་དང་ལྡན་པའི་ཞུན་མར་སྦྱིན་པར་བྱའོ། །རྩ་བ་ལྔ་དང་ཚ་བ་གསུམ། །ཨ་རུ་ར་དང་ལྕེ་མྱང་ཚ། །ར་སྣ་པི་པི་ལིང་རྩ་བ། །ཐལ་


DTG201_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྣམ་གཉིས་ཟི་ར་དང༌། །བྱི་དང་ག་དང་ཟུར་པ་མར། །ཚ་དང་སྐྱུར་རྩི་ཆེན་པོ་ཡི། །ཁུ་བ་དང་ནི་སྒེའུ་གཤེར་དང༌། །ལ་ཕུག་སྐམ་པོ་རྒྱ་ཤུག་སྐྱུར། །སེའུ་འབྲུ་ཙུག་ཀྲི་ཀའི་ཁུ་བ། །དར་བ་ཞོ་དང་ཆང་དངས་དང༌། །རྩ་བ་མོ་དངས་མ་རྩབ་མོ་དང༌། །སྐྱུར་རྩ་བས་དང་ནི་དེ་བསྐོལ་བ། །མེ་དྲོད་སྐྱེད་པའི་དམ་པ་ཡིན། །གཟེར་དང་སྐྲན་དང་དམུ་རྫིང་དང༌། །ལུད་པ་དབུགས་མི་བདེ་བ་དང༌། །རླུང་དང་བད་ཀན་འཇོམས་པར་བྱེད། །ཡང་ན་སྐྱུར་རྩི་ཆེན་པོ་ཡི། །ཁུ་བར་བསྐོལ་བའི་མར་བླུད་བྱ། །ཞེས་བྱ་བ་ལ། རྩ་བ་ལྔ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་ཚ་ལ་སོགས་པའི་ཁུ་བའི་རྫས་དང་ལྷན་ཅིག་མཉམ་པོར་བྱས་ཏེ་མར་བསྐོལ་བར་བྱའོ། །དེ་ནས་གལ་ཏེ་བ་མར་བྲེ་གང་བསྐོལ་བ་ཚ་དང་སྐྱུར་རྩི་ཆེན་པོའི་ཁུ་བ་དང༌། སྒེའུ་གཤེར་གྱི་ཁུ་བ་དང༌། རྒྱ་ཤུག་གི་ཁུ་བ་དང༌། ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བ་དང༌། སེའུ་འབྲུའི་ཁུ་བ་དང༌། ཙུག་ཀྲི་ཀ་ཞེས་བྱ་བ་ལ་ཨམ་ལི་ཙང་གི་རིའི་ཁུ་བ་དང་དར་བ་དང༌། ཞོ་དང་ཆང་གི་དངས་མ་མ་ཡིན་པ་དང༌། སྐྱུར་རྩབས་ཞེས་བྱ་བ་འབྲས་ཁུའི་རང་སྐྱུར་དག་བྲེ་རེ་རེ་དང་སྦྱར་ལ་མར་དེ་བསྐོལ་བ་ནི་མེ་དྲོད་སྐྱེད་པར་བྱེད་པའི་དམ་པ་ཡིན་ཞིང་གཟེར་བ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཡང་ན་མར་དེ་དང་སྐྱུར་རྩི་ཆེན་པོའི་ཁུ་བ་འབའ་ཞིག་བྱིན་ན་ཡང་ཡོན་ཏན་གོང་མ་དང་འདྲའོ། །འདི་ཡི་ཏིལ་མར་བསྐོལ་བ་ཡིས། །བསྐུ་བྱུག་བྱས་ན་རླུང་སེལ་ཏོ། །ཞེས་བྱ་བ་ལ། ཡང་ན་རྩ་བ་ལྔ་ལ་སོགས་པའི་མར་དང་བསྐོལ་བའི་སྨན་དང་ཏིལ་མར་བསྐོལ་ལ་བསྐུ་བྱུག་བྱས་ན་ཡང་རླུང་སེལ་བར་བྱེད་དོ། །རླུང་དང་བད་ཀན་མ་འདྲེས་ཞུ་འམ། །བད་ཀན་རླུང་ཤས་ཆེ་བ་ལ། །སྨན་ནི་འདི་དག་ཉིད་ཀྱི་ཕྱེ་། །ཆུ་དྲོན་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་བད་ཀན་ལ་སོགས་པའི་ནད་ལ་སྨན་འདི་དག་ཉིད་ཀྱི་ཕྱེ་མ་དང་བསྐོལ་བའི་ཆུ་དྲོན་བླུད་པར་བྱའོ། །མཁྲིས་པས་མེ་དྲོད་ཉམས་གྱུར་པ། །བཀྲུ་སྨན་དག་གམ་སློན་སྨན་གཏང༌། །ཁ་དང་ཡང་དང་འཁྲུ་གཅོད་དང༌། །ཚ་མི་སྐྱེད་པས་དྲོད་བསྐྱེད་བྱ། །ཕྱེ་མ་


DTG201_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་དང་ཁ་བ་ཡིས། །མེ་དྲོད་ཉེ་བར་བསྐྱེད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ལ་མཁྲིས་པ་འཁྲུ་བར་གྱུར་ནས་རང་གི་གནས་ན་གནས་པས་གློངས་བསྐྱོད་དེ་མེ་དྲོད་ཉམས་པར་བྱས་པ་ལ་ནི་བཀྲུ་སྨན་ནམ། སྐྱུག་སྨན་བཏང་བ་དེའི་འོག་ཏུ་ཁ་ཟས་ཁ་བ་དང་ཡང་བ་དང༌། འཁྲུ་བ་གཅོད་པར་བྱེད་པ་དང༌། ཚ་བ་སྐྱེད་པར་མི་བྱེད་པ་དག་གིས་མེ་དྲོད་སྐྱེད་པར་བྱེད་ཅིང་དེ་བཞིན་དུ་ཕྱེ་མ་སྣུམ་དང་ཁ་བ་འོག་ནས་བཤད་པ་ངག་གིས་ཀྱང་མེ་དྲོད་སྐྱེད་པར་བྱེད་དོ། །པ་ཏོ་ལ་དང་ཀྱི་ལྕེ་བ། །ནིམ་པ་པུ་ཙེ་ཤེལ་རྩ་མཁྲིས། །པར་པ་ཏ་དང་དུག་མོ་ཡུངས། །ཤུན་ལྤགས་འབྲས་བུ་མུར་བ་དང༌། །ཤི་ཀྲུ་མངར་པོའི་འབྲས་བུ་དང༌། །ཤུ་དག་སྐྱེར་པའི་ཤུན་ལྤགས་དང༌། །ཤུག་པ་དང་ནི་པུ་ཤེལ་ཙེ། །ཙནྡན་གླ་སྒང་ལ་ལ་ཕུད། །ས་ནག་བོང་ང་ཚ་བ་གསུམ། །ཤིང་ཚ་སུག་སྨེལ་ཐང་ཤིང་དང༌། གན་དྷ་བྷ་དྲའི་ཕྱེ་མ་ནི། །སྦྲང་རྩིའི་ལྡེ་གུར་བྱས་ཟ་བའམ། །ཆང་ངམ་ཆུ་དང་སྦྱར་འཐུངས་ན། །སྙིང་ནད་སྐྱ་རྦབ་ཕོ་བའི་ནད། །སྐྲན་གཟེར་རིམས་དང་ཡི་ག་འཆུས། །མི་གསེར་འདུས་པའི་ནད་དང་ནི། །ཁ་ཡི་ནད་རྣམས་འཇོམས་པར་བྱེད། །ཅེས་བྱ་བ་ལ། བ་ཏོ་ལ་ལ་སོགས་པའི་སྨན་ཕྱེ་མར་བྱས་ལ། སྦྲང་རྩི་དང་ལྡེ་གུར་བྱས་ནས་བཟའ་བའམ་ཆང་ངམ་ཆུ་དང་སྦྱར་ཏེ་བླུད་ན་དེས་སྙིང་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །ས་ནག་ནི་སོ་ར་ཏའོ། །རྩ་མཁྲིས་གླ་སྒང་པུ་ཙེ་ཤེལ། །ཚ་བ་གསུམ་དང་དུག་མོ་ཡུངས། །ཙེ་ཏྲ་ཀ་ནི་ཆ་གཉིས་དང༌། །དུག་མོ་ཡུངས་ཀྱི་ཤུན་ལྤགས་ནི། །བཅུ་དྲུག་ཆ་སྦྱར་ཞིབ་ཏུ་བཏགས། །དེ་ནི་བུ་རམ་ཆུ་གྲང་བླུད། །ཕོ་བའི་ནད་དང་སྐྲན་སེལ་ཞིང༌། །མིག་སེར་སྐྱ་རྦབ་རིམས་ཀྱི་ནད། །ཡི་ག་འཆུས་དང་འཁྲུ་བ་འཇོམས། །ཞེས་བྱ་བ་ལ། རྩ་མཁྲིས་ཞེས་བྱ་བ་ནས་དུག་མོ་ཡུངས་ཀྱི་བར་དུ་སྨན་སྣ་བདུན་ཆ་མཉམ་པོར་ཕྱེ་མ་བྱས་ལ། ཙི་ཏྲ་ཀ་རྩ་མཁྲིས་ཀྱི་ཆ་གཉིས་དང༌། དེ་བཞིན་དུ་དུག་མོ་ཡུངས་ཀྱི་ཤུན་ལྤགས་སྨན་གཅིག་གི་བཅུ་དྲུག་འགྱུར་དུ་བྱས་ལ་ཞིབ་ཏུ་བཏགས་ཏེ་ཕྱེ་མ་བུ་རམ་དང་བཅས་པའི་ཆུ་གྲང་བླུད་ན་ཕོ་བའི་ནད་ལ་སོགས་པ་འཇོམས་པར་འགྱུར་རོ། །དོང་


DTG201_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་བོང་ང་གླ་སྒང་དང༌། །པ་ཐ་བིལ་བ་སྐྱེར་ཁཎྜ། །དུག་མོ་ཡུངས་ཀྱི་ས་བོན་དང༌། །ཏིག་ཏ་ད་ཏ་ཀའི་མེ་ཏོག །ཕྱེ་མར་བཏགས་པ་སྦྲང་རྩིར་སྦྱར། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པ་ལས་གྱུར་ཕོ་བའི་ནད། །མཁྲེགས་འཁྲུགས་གཞང་འབྲུམ་གཞང་ཁ་ན། །ཁྲག་ཏུ་འཁྲུ་བ་དག་ལའང་ཕན། །ཞེས་བྱ་བ་ལ། དོང་གྲ་ལ་སོགས་པའི་སྨན་ཕྱེ་མར་བཏགས་ལ་སྦྲང་རྩི་དང་སྦྱར་ཏེ་འབྲས་བཀྲུས་པའི་ཆུ་དང་བླུད་ན་མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ལ་ཕན་ནོ། །ཙནྡན་ཤུག་པ་པུ་ཤེལ་ཙེ། །པ་ཐ་མུར་བ་བླ་བ་དང༌། །ཤུ་དག་ཐལ་ཏྲེས་དབྱི་མོ་དང༌། །ལོ་མ་བདུན་པ་བ་ཤ་ཀ །པ་ཏོ་ལ་དང་ནྱ་གྲོ་དྷ། །ཨུ་དུམ་བཱ་ར་ཨ་ཤྭདྠ། །བླག་ཤ་ཀ་པིད་ཐ་ན་དང༌། །པུ་ཙེ་ཤེལ་དང་ལི་གདུར། །ནིམ་པ་སྲང་ནི་གཉིས་གཉིས་དང༌། །ཆུ་བྲེ་བཅུ་དྲུག་བསྐོལ་བ་དེར། །ཀི་ར་ཏིག་ཏ་དུག་མོ་ཡུངས། །རམ་ཉེ་ཨུཏྤལ་པི་པི་ལིང༌། །བསྐོལ་བ་དེ་འཐུངས་མཁྲིས་པ་ཡི། །ཕོ་བའི་ནད་ལ་བླུད་པར་བྱ། །ཅེས་བྱ་བ་ལ། ཙནྡན་ལ་སོགས་པའི་སྨན་སྲང་གཉིས་གཉིས་སུ་བྱས་པ་ཆུ་བྲེ་བཅུ་དྲུག་སྟེ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་བ་དེ་བཞི་ཆ་ལུས་པ་དང་ཞུན་མར་བྲེ་གང་བཅུག་སྟེ། དེར་ཀི་ར་ཏ་ཏིག་ཏ་ལ་སོགས་པ་ཞོ་གཉིས་གཉིས་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་དེ་མཁྲིས་པའི་ཕོ་བའི་ནད་ལ་བླུད་པར་བྱའོ། །ཐལ་ཏྲེས་ནི་ཤི་རི་བའོ། །བླ་བ་ནི་ཀུན་ནད་ལ་ཐའོ། །ལོ་མ་བདུན་པ་ནི་ས་བ་ཏ་པརྞིའོ། །ཀི་ར་ཏ་ཏིག་ཏ་ནི་བུ་ནིམ་པ་སྟེ་རྩ་མཁྲིས་སོ། མཛེར་བཤད་ཏིག་ཏའི་མར་ཡང་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་མཛེ་ནད་གསོ་བའི་སྐབས་སུ་བཤད་པའི་ཏིག་ཏའི་སྨན་མར་མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ལ་བླུད་པར་བྱའོ། །བད་ཀན་ལས་གྱུར་ཕོ་བའི་ནད། །སློན་སྨན་རྣོན་པོས་སློན་བྱས་ནས། །ཚ་སྐྱུར་ལན་ཚྭ་ཐལ་སྨན་གྱིས། །རིམ་གྱིས་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བད་ཀན་འཁྲུགས་པ་ལས་གྱུར་པའི་ཕོ་བའི་ནད་ལ་ནི་སློན་སྨན་རྣོན་པོ་པི་པི་ལིང་དང་ཡུངས་ཀར་ལ་སོགས་པས་སློན་པར་བྱས་པའི་འོག་ཏུ་རོ་ཚ་བ་དང་སྐྱུར་བ་དང་ལན་ཚྭ་དང་ཐལ་སྨན་གྱི་ཕྱེ་མ་ལ་སོགས་པས་མེ་དྲོད་སྐྱེད་པར་བྱེད་དོ། །ཚ་བ་ལྔ་དང་ཨ་རུ་ར། །འུ་སུ་པ་ཐ་པ་ལ་ཤ །


DTG201_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་རྩི་ཆེན་པོའི་མྱུ་གུ་དང༌། །བསྐོལ་བའི་ཐུག་པ་ལ་སོགས་བླུད། །ཅེས་བྱ་བ་ལ། ཡང་དེ་ལ་ཚ་བ་ལྔ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ཡུ་ཤ་ལ་སོགས་པ་བླུད་པར་བྱའོ། །མ་དུ་ཀ་ཡི་མེ་ཏོག་ཁྲེ། །བཅུ་དྲུག་བྱི་དང་ག་དེའི་ཕྱེད། །ཙི་ཏྲ་ཀ་ནི་དེའི་ཕྱེད་དང༌། །བསེ་ཤིང་འབྲས་བུ་བྲེ་བཞི་དང༌། །བཙོད་སྲང་བརྒྱད་དེ་འདི་དག་ནི། །ཆུ་བྲེ་སུམ་ཅུ་རྩ་གཉིས་བསྐོལ། །ཆུ་བྲེ་བཅུ་དྲུག་ལུས་བསྒྲངས་པར། །སྦྲང་རྩི་བྲེ་དོ་གཞུག་པ་དང༌། །སུག་སྨེལ་པདྨའི་རྩ་བ་དང༌། །ཨ་ཀར་ཙནྡན་ལྡེ་གུ་བྱུག །བུམ་པར་ཟླ་བ་གཅིག་བཞག་སྟེ། །ལངས་ནས་མནན་ཆང་བླུད་གྱུར་ན། །འདི་ཡིས་ཕོ་བའི་དྲོད་སྐྱེད་ཅིང༌། །ཉམས་བརྟས་ཁྲག་མཁྲིས་སེལ་བར་བྱེད། །སྐེམ་དང་མཛེ་དང་ཤ་བཀྲ་དང༌། །གཅིན་སྙི་བ་ཡི་ནད་རྣམས་འཇོམས། །ཞེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་བྲེ་བཅུ་དྲུག་བྱི་དང་ག་དེའི་ཕྱེད་དེ་བྲེ་བརྒྱད། ཙི་ཏྲ་ཀ་དེའི་ཕྱེད་དེ་བྲེ་བཞི། བསེ་ཤིང་གི་འབྲས་བུ་བྲེ་བཞི། བཙོང་སྲང་བཞི་སྟེ་འདི་དག་ཐམས་ཅད་ཆུ་བྲེ་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་བ་བསྐོལ་བའི་ཁུ་བ་བྲེ་བཅུ་དྲུག་ལུས་པ་དེ་བཙགས་ཏེ་བསྒྲངས་པར་སྦྲང་རྩི་བྲེ་དོ་བཅུག་ནས་དེའི་འོག་ཏུ་སུག་སྨེལ་ལ་སོགས་པའི་ལྡེ་གུས་དེའི་སྣོད་ཀྱི་བུམ་པར་བྱུགས་ལ་ཟླ་བ་གཅིག་བཞག་སྟེ་ལངས་པར་གྱུར་པའི་མནན་པའི་ཆང་དེ་བླུད་པར་གྱུར་ན་ཕོ་བའི་མེ་དྲོད་སྐྱེད་པ་ལ་སོགས་པ་ཡོན་ཏན་འབྱུང་བར་འགྱུར་རོ། །མ་དུ་ཀ་ཡི་མེ་ཏོག་ནི། །ཁུ་བ་བསྐོལ་བ་ཕྱེད་དུ་བ། །བསྒྲངས་པར་སྦྲང་རྩི་བཞི་ཆ་བཏབ། །སྔ་མ་བཞིན་དུ་བྱས་པའི་ཆང༌། །ཕན་པའི་ཟས་དང་བཅས་བསྟེན་ན། །ཕོ་བའི་ནད་ནི་ཐམས་ཅད་སེལ། །ཞེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་གི་ཁུ་བ་བསྐོལ་བ་ནས་སྦྲང་རྩི་བཏབ་པའི་བར་དུ་བྱས་ལ་སྔ་མ་བཞིན་དུ་སུག་སྨེལ་ལ་སོགས་པས་བྱུགས་པའི་སྣོད་དུ་བཅུག་སྟེ་ཟླ་བ་ཅིག་མནན་པའི་ཆང་ཡང་ཡོན་ཏན་སྔ་མ་དང་འདྲ་ཞིང་འཕྲོད་ཅིང་ཕན་པའི་ཟས་དང་བསྟེན་ན་ཕོ་བའི་ནད་ཐམས་ཅད་སེལ་ཞིང་འཇོམས་པར་བྱེད་དོ། །དེ་བཞིན་རྒུན་འབྲུ་བུ་རམ་ཤིང༌། །འབྲ་གོའི་ཁུ་བ་མནན་པ་བླུད། །ཅེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་གི་ཁུ་བ་ཇི་ལྟ་བ་བཞིན་དུ་རྒུན་འབྲུ་ལ་སོགས་པའི་ཁུ་བ་ཕྱེད་དུ་བའི་བར་དུ་བསྐོལ་ལ་སྦྲང་རྩི་བཞི་ཆ་བཅུག་ལ་སུག་སྨེལ་ལ་སོགས་པས་བསྐུས་


DTG201_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་པའི་ནང་དུ་ཟླ་བ་གཅིག་བཞག་ནས་ལངས་པ་བླུད་ན་ཡང་ཕོ་བའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཤིང་ཀུན་ཤུ་དག་པུ་ཙེ་ཤེལ། །བོང་ང་བ་ཐ་དུག་མོ་ཡུངས། །གཟེ་མ་ཚ་བ་ལྔ་པོ་ཞོ། །གཉིས་གཉིས་ལན་ཚྭ་ལྔ་སྲང་རེ། །མར་དང་ཏིལ་མར་ཕུལ་དོ་དོ། །ཞོ་བྲེ་གཉིས་དང་བསྲེས་ནས་ནི། །མེ་ནི་ཆུང་ངུ་ལ་བཙོས་ཏེ། །རྙིང་ཞིང་ཁུ་བ་ཐིམ་པ་དང༌། །དེ་ནས་དུ་བ་འཁྱིམས་པར་བསྲེགས། །བཏགས་ཏེ་མར་དང་བསྲེས་ནས་ནི། །དེ་ལས་ཞོ་གཉིས་འཐུངས་ནས་ནི། །ཞུ་ནས་ཁ་ཟས་མངར་ཟོས་ན། །དེས་ནི་བད་ཀན་རླུང་ནད་ནི། །ཀུན་དང་དུག་དང་དབྱིག་དུག་འཇོམས། །ཞེས་བྱ་བ་ལ། ཤིང་ཀུན་ནས་ཚ་བ་ལྔའི་བར་དུ་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ལན་ཚྭ་ལྔ་པོ་ལ་སྲང་རེ་རེ་མར་དང་ཏིལ་མར་ཕུལ་གཉིས་གཉིས་ཏེ་རེ་རེ་ཞིང་སྲང་བཅུ་དྲུག་བཅུ་དྲུག་ཞོ་བྲེ་གཉིས་སྲང་དྲུག་ཅུ་རྩ་གཉིས་ཏེ། དེ་དག་ལ་སྨན་རྣམས་གཏུན་ལ་བརྡུངས་པ་དང་བསྲེས་ནས་མེ་ཆུང་དུས་བཙོས་ཏེ་ཁུ་བ་འཁུས་ཏེ་རྫས་ཐིམ་པ་དང༌། དེ་ནས་དེའི་འོག་ཏུ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ཏེ་བཏགས་ལ་མར་དང་བསྲེས་ལ་དེ་ལས་ཞོ་གཉིས་ཀྱི་ཚད་དུ་འཐུངས་ལ་སྨན་དེ་ཞུ་ནས་ཁ་ཟས་མངར་བག་ཟོས་ན་ཐལ་བའི་སྨན་དེས་ནི་བད་ཀན་དང་རླུང་གི་ནད་ཐམས་ཅད་དང༌། དུག་དང་དབྱིག་དུག་གི་ནད་རྣམས་འཇོམས་པར་འགྱུར་རོ། །རྩ་མཁྲིས་དང་ནི་པུ་ཙེ་ཤེལ། །པ་ཏོ་ནིམ་པ་པར་པ་ཏ། །བསྲེགས་ལ་མ་ཧེའི་གཅིན་དང་ནི། །འཐུངས་ན་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལ་སོགས་པ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ཏེ། མ་ཧེའི་གཅིན་དང་སྦྱར་ཏེ་འཐུངས་ན་ཡང་མེ་དྲོད་སྐྱེད་ཅིང་འཕེལ་བར་བྱེད་དོ། །ཤུ་དག་རུ་རྟ་སེར་པོ་གཉིས། །ཙི་ཏྲ་ཀ་དང་པུ་ཙེ་ཤེལ། །གླ་སྒང་ར་ཡི་གཅིན་དང་ནི། །བསྐོལ་བ་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་བསྐོལ་ནས་ར་གཅིན་དང་སྦྱར་ཏེ་བླུད་ན་ཡང་མེ་དྲོད་སྐྱེད་པ་ཡིན་ནོ། །སུ་དའི་སྡོང་པོ་སྲང་གཉིས་དང༌། །ལན་ཚྭ་གསུམ་ལས་སྲང་རེ་དང༌། །པར་ཏ་ཀ་ནི་ཕུལ་གང་དང༌། །ཨརྐ་སྲང་བརྒྱད་ཙི་ཏྲ་ཀ །སྲང་གཉིས་བསྲེགས་ལ་པར་ཏ་ཀའི། །ཁུ་བས་རི་ལུར་བྱས་ནས་ནི། །ཟས་རྗེས་ཟོས་ན་


DTG201_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་པའི་ཟས། །མྱུར་འཇུ་ལུད་པ་དབུགས་མི་བདེ། །གཞང་འབྲུམ་གསུད་དང་ཆམ་པ་དང༌། །སྙིང་ནད་དེས་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། སུ་ད་ཞེས་བྱ་ཞིང་སྣུ་ཧའི་སྡོང་པོ་སྲང་བཞི། ལྕེ་མྱང་ཚ་ལ་སོགས་པའི་ལན་ཚྭ་གསུམ་སྲང་རེ་རེ་སྟེ་སྲང་གསུམ་པར་ཏ་ཀ་ཞེས་བྱ་བའི་འབྲས་བུ་སྐམ་པོ་ཕུལ་གང་སྟེ་སྲང་བཞི་ཤིང་ཨརྐ་སྲང་བརྒྱད་ཙི་ཏྲ་ཀ་སྲང་གཉིས་ཏེ་དེ་ཐམས་ཅད་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ལ་པར་ཏ་ཀའི་ཁུ་བས་རི་ལུར་བྱས་ནས་དེ་ལས་ཇི་ཙམ་ཟས་ཟོས་པའི་རྗེས་ལ་ཟོས་ན་ཁ་ཟས་ཟོས་པ་གང་ཡིན་པ་དེ་མྱུར་དུ་འཇུ་བར་འགྱུར་ལ། གཞན་ཡང་ལུད་པ་ལ་སོགས་པ་དག་ཞི་བར་བྱེད་དོ། །ཁ་ལུང་ཟུར་པར་སྣ་དང༌། །ཚ་བ་གསུམ་དང་ཨ་རུ་ར། །ནས་ཚིག་འཁུས་ཐལ་སྭརྫི་ཀ །ཐལ་སྨན་ལན་ཚྭ་ལྔ་པོ་དང༌། །ཕྱེར་བཏགས་དྲོ་འཇམ་ཆུ་དང་བླུད། །མདོག་སྟོབས་མེ་དྲོད་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། མ་དུ་ལུང་ག་ཞེས་བྱ་བ་སྐྱུར་རྩི་ཆེན་པོ་ལ་སོགས་པའི་སྨན་ཕྱེ་མར་བྱས་པ་ཆུ་ཚན་དྲོ་འཇམ་ཙམ་དང་བླུད་ན་མདོག་ལ་སོགས་པ་འཕེལ་བར་འགྱུར་རོ། །བད་ཀན་ལས་གྱུར་ཕོ་བའི་ནད། །རླུང་བཅས་དེ་ལ་མར་དང་བསྐོལ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཕོ་བའི་ནད་རླུང་དང་རྗེས་སུ་འབྲེལ་པར་གྱུར་པ་ལ་སྨན་དེ་དག་མར་དང་བསྐོལ་བའི་སྨན་མར་བྱའོ། །ཐང་ལ་འབར་དང་སྲང་དྲུག་པ། །དེ་བཞིན་གོ་བྱེའི་སྨན་མར་བླུད། །ཅེས་བྱ་བ་ལ། ཡང་ན་བད་ཀན་ལས་གྱུར་པའི་ཕོ་བའི་ནད་རླུང་དང་བཅས་པ་ལ་ནི་དྲང་སྲོང་ཐང་ལ་འབར་གྱིས་བཤད་པ་བཞིན་ཕོ་ནད་ཀྱི་གསོ་བའི་སྐབས་ནས་བཤད་པ་དང༌། དེ་བཞིན་དུ་སྲང་དྲུག་གི་སྨན་མར་གཅོང་ཆེན་པོའི་གསོ་བའི་སྐབས་ནས་བཤད་པ་བླུད་པར་བྱ་ཞིང༌། དེ་བཞིན་དུ་གོ་བྱེའི་སྨན་མར་སྐྲན་གསོ་བའི་སྐབས་ནས་བཤད་པ་བླུད་པར་བྱའོ། །ཁ་རུ་ཚ་དང་ཚ་ནག་དང༌། །བུལ་ཏོག་དང་ནི་སྭརྫི་ཀ ། ནས་ཚིག་འཁུས་པའི་ཐལ་བ་དང༌། །ཀཎྜ་ཀ་རི་སཔྟ་ལ། །ཙི་ཏྲ་ཀ་ནི་གཅིག་ཏུ་བསྲེགས། །ལན་བདུན་བར་དུ་གཟགས་པ་ཡི། །ཐལ་ཁུ་བྲེ་དོ་མར་བྲེ་བཞི། །བསྐོལ་ལ་མེ་དྲོད་སྐྱེད་ཕྱིར་བླུད། །ཅེས་བྱ་བ་ལ། ཁ་རུ་ཚ་དང་ཁ་རུ་ཚ་ནག་པོ་ལ་སོགས་པ་གཅིག་ཏུ་བསྲེགས་ལ་ཐལ་


DTG201_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ལན་བདུན་གྱི་བར་དུ་ཁུ་བ་གཟགས་པར་གྱུར་པའི་ཐལ་ཆུ་བྲེ་དོ་དང་མར་བྲེ་བཞི་བསྐོལ་ལ་སྨན་མར་དེ་ཕོ་བའི་མེ་དྲོད་སྐྱེད་པའི་ཕྱིར་བཏུང་བར་བྱའོ། །འདུས་པ་ལས་ནི་ལྔ་པོ་དང༌། །འདི་དག་ཉམས་སྟོབས་ཇི་བཞིན་བྱ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པ་ཕོ་བའི་ནད་གཞི་གསུམ་ཆར་ལས་གྱུར་པ་ལ་ནི་ལས་ལྔ་པོ་སྐྱུག་སྨན་དང་བཀྲུ་སྨན་བཏང་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་དང་ཞེས་བྱ་བའི་སྒྲས་ཕོ་བའི་ནད་ཀྱི་གསོ་བ་འདི་ཉིད་དག་ཀྱང་ཚུལ་ཇི་ལྟ་བ་བཞིན་དུ་བྱའོ། །ཞེས་བྱ་བའི་དོན་ནོ། །བད་ཀན་མཆིལ་མར་དྲོད་ཆུང་ལ། །ཁ་རྩུབ་མེ་དྲོད་སྐྱེད་པ་སྦྱར། །བད་ཀན་ལས་བྱུང་སྐེམ་པ་ལ། །སྣུམ་དང་རྩུབ་པ་རེས་ཀྱིས་བསྟེན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཕོ་བའི་ནད་མཆིལ་སྣབས་དང་ལྗན་ལྗིན་མང་དུ་འབྱུང་ཞིང་མེ་དྲོད་ཆུང་བར་གྱུར་པ་ལ། སྨན་ཁ་བ་དང་རྩུབ་པ་དང་མེ་དྲོད་སྐྱེད་པར་བྱེད་པ་གང་དག་ཡིན་པ་སྦྱར་ཞིང་གཏང་བར་བྱ་ལ། བད་ཀན་འཕེལ་བ་ལས་གྱུར་པའི་ལུས་སྐེམ་ཞིང་མེ་དྲོད་ཆུང་བ་ལ་ནི། སྨན་དང་ཟས་སྣུམ་པ་དང་རྩུབ་པ་རེས་ཀྱིས་བསྟེན་པར་བྱ་སྟེ། སྣུམ་པ་བསྟེན་ནས་རྩུབ་པ་གཏང་བར་བྱ་ལ། རྩུབ་པ་བྱིན་ན་ཡང་སྣུམ་པ་གཏང་བར་བྱ་སྟེ། དེ་ལྟར་རྣམ་གྲངས་སྤོ་བའི་ཚུལ་གྱིས་སྨན་སྦྱིན་པར་བྱའོ། །ཉམ་ཆུང་རིད་པའི་ལུས་ལ་ནི། །མེ་དྲོད་སྐྱེད་པ་སྣུམ་ལྡན་སྦྱིན། །ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་མེ་དྲོད་བྲི་བར་གྱུར་པས་ལུས་ཉམ་ཆུང་ཞིང་རིད་པ་སྐེམ་པར་གྱུར་པ་ལ་ནི་ཚ་བ་ལྔ་ལ་སོགས་པ་མར་ལ་སོགས་པའི་སྣུམ་དང་ལྡན་པ་སྦྱིན་པར་བྱའོ། །མཁྲིས་པ་ཤས་ཆེའི་དྲོད་ཉམས་ལ། །ཁ་དང་མངར་དང་ལྡན་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བར་གྱུར་བའི་མེ་དྲོད་ཉམས་ཤིང་ཆུང་བར་གྱུར་པ་ལ་ནི་མེ་དྲོད་སྐྱེད་པར་བྱེད་པའི་སྨན་སྦྱིན་པར་བྱའོ། །རླུང་ཤས་ཆེ་ལ་སྣུམ་སྐྱུར་དང༌། །ལན་ཚྭར་ལྡན་པ་བསྔགས་པ་ཡིན། །ཞེས་བྱ་བ་ལ། རླུང་ཤས་ཆེ་བར་གྱུར་པའི་མེ་དྲོད་བྲི་བ་ལ་ནི་སྨན་སྣུམ་པ་དང༌། སྐྱུར་བ་ལ་སོགས་པ་དང་ལྡན་པ་བྱིན་ན་ཕན་ནོ། །རིད་པ་མེ་དྲོད་སྐྱེད་པ་ལ། །སྣུམ་ཉིད་མཆོག་ཏུ་ཤེས་པར་བྱ། །སྣུམ་ཤས་ཆེ་བར་གྱུར་བ་ལ། །རབ་ལྕིའི་ཟས་ཀྱང་སྦྱིན་མི་བྱ། །ཞེས་བྱ་བ་ལ། ནད་


DTG201_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིད་ཅིང་ཉམ་ཆུང་བའི་མེ་དྲོད་སྐྱེད་པ་ལ་ནི་སྣུམ་དང་དྲོད་སྐྱེད་པའི་སྨན་དུ་སྦྱར་བ་ཉིད་མཆོག་ཡིན་པར་ཤེས་པར་བྱའོ། །སྣུམ་ཤས་ཆེ་བས་མེ་དྲོད་བྲི་བ་ལ་ནི་སྦྱིན་པར་མི་བྱ་ཞིང་ཁ་ཟས་ཧ་ཅང་ལྕི་བ་ཡང་སྦྱིན་པར་མི་བྱའོ། །གང་ཞིག་དྲོད་ཆུང་བད་ཀན་ཟད། །བཤང་བ་སྨིན་ཀྱང་སླ་བ་ལ། །དེ་ལ་སྨན་རོ་རྣོ་བཅས་པའི། །མར་ནི་ཉུང་ཟད་བླུད་པར་བྱ། །དེ་ཡིས་མེ་དང་མཉམ་གནས་རླུང༌། །རང་གནས་བཀུག་སྟེ་རང་གི་ནི། །ལས་ལ་སྦྱོར་ཞིང་དྲོད་སྐྱེད་བྱེད། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། མི་གང་ཞིག་མེ་དྲོད་ཆུང་ཞིང་བད་ཀན་ཟད་ཅིང་བྲི་བར་གྱུར་པས་བཤང་བ་སྨིན་ཅིང་མ་ཞུ་བ་མེད་པར་གྱུར་ནས་ཀྱང་སླ་བ་ཉིད་དུ་འཁྲུ་བར་གྱུར་པའི་མི་དེ་ལ་སྨན་རོ་རྣོ་བ་དང་བཅས་པའི་མར་ཉུང་ཟད་ཉུང་ཟད་བླུད་ཅིང་སྦྱིན་པར་བྱའོ། །དེ་ལྟར་མར་བཏང་བ་དེས་ནི་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་རང་གི་གནས་ཕོ་བའི་མེ་དྲོད་ཀྱི་གནས་སུ་བཀུག་སྟེ་དེའི་མེ་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ལ་འཛུད་པར་བྱེད་ཅིང་འབྱུང་བར་བྱེད་དེ་གང་གི་ཕྱིར་མེ་དང་མཉམ་དུ་གནས་པའི་རླུང་དེ་ནི་ཕོ་བའི་མེ་དྲོད་སྐྱེད་ཅིང་འབར་བར་བྱེད་པ་ཡིན་པའི་ཕྱིར་རོ། །གང་ཞིག་བཤང་བ་སྲ་བ་ཡིས། །དཀའ་བས་འབྱིན་པར་བྱེད་པ་དག །དེ་ལ་ལན་ཚྭ་བཅས་པའི་མར། །ཟས་ནི་སླ་བར་བྱེད་པ་སྦྱིན། །ཞེས་བྱ་བ་ལ། མི་གང་ཞིག་བཤང་བ་སྲ་ཞིང་བསྐམས་པར་གྱུར་པས་བཤང་བ་དེ་ལན་ཚྭ་ལྔ་དང་བཅས་པའི་མར་ཟས་ཀྱི་དང་པོར་བླུད་ཅིང་བསྲུལ་བར་བྱེད་པ་སྦྱིན་པར་བྱའོ། །རྩུབ་པས་མེ་དྲོད་ཆུང་ལ་མར། །ཡང་ན་ཏིལ་མར་དྲོད་སྐྱེད་བླུད། །སྣུམ་མང་འཐུངས་པས་དྲོད་ཉམས་ལ། །ཐལ་སྨན་ཕྱེ་མ་ཆང་རྙིང་སྦྱར། །ཞེས་བྱ་བ་ལ། ཁོང་རྩུབ་པས་མེ་དྲོད་ཆུང་བར་གྱུར་པ་ལ་ནི་མར་རམ་ཏིལ་མར་དྲོད་སྐྱེད་པའི་སྨན་དང་སྦྱར་བ་བླུད་པར་བྱ་ལ་སྣུམ་འཐུངས་དྲགས་པས་ཕོ་བའི་མེ་དྲོད་ཉམས་པ་ལ་ཐལ་སྨན་གྱི་ཕྱེ་མ་དང་ཆང་རྙིང་ངམ་མནན་པའི་ཆང་བླུད་པར་བྱའོ། །རྟུག་འགགས་པ་ལ་མས་གཏོང་བའི། །དྲག་པོ་དང་ནི་འཇམ་རྩི་བྱ། །ཞེས་བྱ་བ་ལ། རྟུག་པ་འགགས་པ་ལས་ཕོ་བའི་མེ་དྲོད་བྲི་པ་ལ་ནི་མས་གཏོང་བའི་བཀྲུ་སྨན་དྲག་པོ་ནི་རུ་ཧ་ཞེས་བྱ་བ་འམ་སྣུམ་གྱི་འཇམ་རྩི་མས་གཏོང་བས་སྦྱང་བར་བྱའོ། །ནད་ཚབས་ཆེ་བས་མེ་དྲོད་


DTG201_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས། །སྦྱང་བྱས་ཟས་ཀྱི་ཆོ་ག་སྤྱད། །ཅེས་བྱ་བ་ལ། ནད་ཀྱི་ཚབས་ཆེར་སྐྱེས་པར་གྱུར་པས་མེ་དྲོད་ཉམས་པར་གྱུར་པ་ལ་ནི་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་ནད་སྦྱངས་ནས། ཐུག་པའི་རིམ་པ་ལ་སོགས་པ་ཟས་ཀྱི་རིམ་པ་ནད་དམིགས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ནད་བྱང་མེ་དྲོད་ཆུང་བ་ལ། །ཞུན་མར་འབའ་ཞིག་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། གལ་ཏེ་བྱང་ཞིང་ནད་ལས་ཐར་བའི་རྗེས་ལ་ཕོ་བའི་མེ་དྲོད་ཆུང་བར་གྱུར་ན་ཞུན་མར་ཁོ་ན་སྦྱིན་པར་བྱའི་སྣུམ་སྦྱིན་པར་མི་བྱའོ། །ལམ་དང་སྨྱུང་བས་ཉམ་ཆུང་ལ། །ནས་ཐུག་མར་དང་སྦྱར་བའམ། །ཟས་བཅས་བླུད་ན་སྟོབས་སྐྱེད་ཅིང༌། །དྲོད་སྐྱེད་བརྟ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ལམ་ལ་སོགས་པས་དུ་བ་སྟེ་མེ་དྲོད་ཆུང་བར་གྱུར་པ་ལ་ནི་ནས་ཐུག་དང་མར་དུ་སྦྱར་བ་བླུད་པར་བྱ་ཞིང་ཡང་ན་འབྲས་ཆན་ལ་མར་བླུགས་ཏེ་བཙིར་བ་དེ་སྦྱིན་པར་བྱ་སྟེ། དེས་ནི་ལུས་ཀྱི་སྟོབས་སྐྱེད་ཅིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཡུན་རིང་ཉལ་པོ་སྤྱད་པ་དང༌། །མི་ནི་ཉམ་ཆུང་སྐེམ་གྱུར་ལ། །མཐུ་རྩལ་ཅན་གྱིས་ཟས་ཚོལ་བ། །ཤ་ཟའི་ཤ་ཁུ་སྐྱུར་སྦྱར་སྦྱིན། །ཡང་ཞིང་དྲོ་ཚ་སྦྱོང་བྱེད་པ། །དེ་ཡིས་མེ་དྲོད་མྱུར་དུ་སྐྱེད། །ཤ་ཡིས་སྐྱེད་པའི་ཤ་ཡིན་ཕྱིར། །སྟོབས་ནི་མཆོག་ཏུ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཡུན་རིང་པོ་དུས་ཐམས་ཅད་དུ་ཉལ་པོ་སྤྱོད་ཅིང་བུད་མེད་རྟེན་པར་བྱེད་པ་དང༌། ཟས་ལེན་པར་མ་ཞུ་བས་ཉམ་ཆུང་ཞིང་རིད་པ་སྐེམ་པར་གྱུར་པ་དག་ལ་མཐུ་རྩལ་གྱིས་ཟས་ཚོལ་ཞིང་ཤ་ཁུ་སེའུ་ལས་སྐྱུར་བར་བྱས་པ་དང་སྦྱར་བའི་ཁ་ཟས་སྦྱར་བར་བྱའོ། །དེ་ལྟར་མཐུ་རྩལ་གྱིས་ཟས་ཚོལ་བ་ལ་ཟས་སུ་ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ནི་ཡང་བ་ལ་སོགས་པའི་ཡོན་ཏན་གྱིས་ཕོ་བའི་མེ་དྲོད་མྱུར་དུ་སྐྱེད་པར་བྱེད་ལ་དེ་བཞིན་དུ་ཤ་ཟོས་པས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མཆོག་ཏུ་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །སྣུམ་དང་མནན་ཆང་ཆང་རྙིང་དང༌། །སྨན་ཁུ་ཕྱེ་མ་འཕྲོད་པ་ཟོས། །ལུས་ལ་ལེགས་པར་སྦྱར་བ་ཡིས། །སྟོབས་དང་མེ་དྲོད་འཕེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་ལ་སོགས་པ་ནད་གཞི་དང་ལུས་ཟུངས་ཀྱི་ཚུལ་ལས་དཔགས་ཏེ་སྨན་དཔྱད་བསྟན་བཅོས་ལས་འབྱུང་བའི་


DTG201_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་བཞིན་དུ་སྦྱིན་ཞིང་ལེགས་པར་སྦྱར་བར་གྱུར་པས་ལུས་ཀྱི་སྟོབས་དང་མེ་དྲོད་ཀྱི་སྟོབས་འཕེལ་བར་བྱེད་པ་ཉིད་དུ་འགྱུར་རོ། །དཔེར་ན་མེ་ནི་ཤིང་སྲ་བས། །སྦར་བ་ཡུན་རིང་གནས་པར་བྱེད། །དེ་བཞིན་ཁོང་པར་གནས་པའི་མེ། །སྣུམ་དང་བཅས་པས་བརྟན་པར་གནས། །ཞེས་བྱ་བ་ལ། དཔེར་ན་ཕྱིའི་སེང་ལྡེང་ལ་སོགས་པའི་ཤིང་སྲ་བས་སྦར་བར་བྱས་པར་གྱུར་ན་ཡུན་རིང་དུ་གནས་ཤིང་བརྟན་པར་གནས་པར་བྱེད་པ་དེ་བཞིན་དུ་ཕོ་བ་ལ་བརྟེན་ཅིང་ཁོང་ཕར་གནས་པའི་མེ་ཡང་སྣུམ་དང་བཅས་པའི་ཟས་ཟོས་ན་བརྟན་པར་གནས་ཤིང་མི་ཉམས་པར་བྱེད་དོ། །ཇི་ལྟར་མེ་ནི་ཤིང་མེད་པའམ། །མེ་ཆུང་ཤིང་ནི་དྲགས་པ་ལྟར། །ལུས་མེ་ཟས་ནི་མ་ཟོས་པ། །ཟས་དྲགས་གྱུར་པས་འབར་མི་བྱེད། །ཅེས་བྱ་བ་ལ། ཇི་ལྟར་ཕྱིའི་མེ་བུད་ཤིང་མེད་ན་འབར་བར་མི་འགྱུར་བའམ། མེ་ཆུང་ངུ་ལ་ཤིང་ཧ་ཅང་དྲགས་པ་མང་དུ་བཅུག་པས་ཀྱང་འབར་བར་མི་འགྱུར་ཏེ། དེ་བཞིན་དུ་ལུས་ཀྱི་མེ་ཡང་ཁ་ཟས་མ་ཟོས་པའམ། ཁ་ཟས་ཅུང་ཟད་ཟོས་པའམ། ཁ་ཟས་ལྷག་པར་ཡང་དང་ཡང་དུ་དངས་མ་ཟོས་པས་ཕོ་བའི་མེ་དྲོད་མཆེད་པར་མི་འགྱུར་རོ། །གང་ཚེ་བད་ཀན་ཟད་མཁྲིས་པ། །རང་གི་གནས་སུ་རླུང་ཞུགས་ན། །མེ་དྲོད་འཕེལ་ཞིང་རབ་རྒྱས་འགྱུར། །དེ་ཚེ་མེ་ནི་རླུང་བཅས་པས། །ཟས་སྨིན་བྱས་ནས་ལུས་ཟུངས་ཀྱང༌། །ཟད་ཅིང་མདངས་འཐོར་བྱེད་པས་གསོད། །ཟས་ཟོས་ནས་ནི་བདེར་འགྱུར་ལ། །ཞུ་ནས་མུན་ཞུགས་སྙམ་སེམས་འགྱུར། །ཞེས་བྱ་བ་ལ། དུས་གང་གི་ཚེ་བད་ཀན་ཟད་པར་གྱུར་ཅིང་ཐམས་ཅད་ནས་ཐམས་ཅད་དུ་འགྲིབ་པར་གྱུར་པ་དེའི་ཚེ་མཁྲིས་པ་གང་གི་གནས་ལྟེ་བ་ཞེས་བྱ་བར་རླུང་ཞུགས་ཤིང་དེས་བསྐྱོད་པས་མེ་དྲོད་དེ་རྒྱས་ཤིང་ཤས་ཆེར་འཕེལ་བར་གྱུར་ལ། དེའི་ཚེ་ཕོ་བའི་མེ་དྲོད་དེ་རླུང་དང་བཅས་པས་ཟས་མྱུར་བ་ཁོ་ནར་སྨིན་ཅིང་འཇུ་བར་བྱས་ནས། དེའི་རྗེས་ལ་སྨིན་ཅིང་ཞུ་བར་བྱ་བའི་ཕྱིར། ཟད་མེད་པས་དངས་མ་ལ་སོགས་པ་ལུས་ཟུངས་ཐམས་ཅད་སྨིན་ཅིང་བསྐམས་པར་བྱས་ནས་མི་དེ་གསོད་པར་བྱེད་པར་འགྱུར་ལ་མདངས་ཀྱང་འཐོར་ཞིང་འབྱེད་པར་འགྱུར་རོ། །དེའི་ཚེ་མི་དེས་ཟས་ཟོས་ན་ནི་ལུས་བདེ་བ་སྙམ་དུ་སེམས་པར་འགྱུར་ལ། ཟས་ཞུ་ནས་ནི་མུན་པར་ཞུགས་པ་


DTG201_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་སེམས་ཤིང་མུན་འཐིབས་བྱེད་པར་འགྱུར་རོ། །སྐོམ་དད་ཚ་བརྒྱལ་དབུགས་མི་བདེ། །ལ་སོགས་མེ་དྲོད་དྲགས་ལས་འབྱུང༌། །ཞེས་བྱ་བ་ལ། སྐོམ་དད་ལ་སོགས་པ་ནི་ཁོང་པའི་མེ་དྲོད་ཤས་ཆེར་སྐྱེ་ཞིང་དྲགས་པ་ལས་བྱུང་བར་ཤེས་པར་བྱའོ། ཟས་ལྕི་སྣུམ་སླ་རྟུལ་བ་དང༌། །གྲང་དང་འཇུ་དཀའ་མེ་དྲོད་འབྲི། །འབར་བའི་མེ་ལ་ཆུ་བླུགས་ལྟར། །མེ་དྲོད་ཤས་ཆེ་དེ་ཞི་བྱ། །ཞེས་བྱ་བ་ལ། དེ་ལྟ་བུའི་མེ་དྲོད་དྲགས་པར་གྱུར་མ་ཐག་པ་དེ་ནི་ཟས་དང་སྐོམ་ལྕི་བ་ལ་སོགས་པའི་རང་བཞིན་ཅན་གྱིས་ཞི་བར་བྱ་སྟེ། དཔེར་ན་མེ་འབར་བར་གྱུར་པ་དག་ལ་ཆུ་བླུགས་པར་གྱུར་པས་ཞི་བར་བྱས་པ་དང་འདྲ་བར་ཞི་བར་བྱའོ། །དེ་ནི་ཁ་ཟས་མ་ཞུ་ལའང༌། །ཡང་དང་ཡང་དུ་ཟས་སྦྱིན་བྱ། །བུད་ཤིང་མེད་པའི་སྐབས་རྙེད་ལྟར། །ཇི་ནས་ཅི་འདོད་མི་འགྱུར་བྱ། །ཞེས་བྱ་བ་ལ། མེ་དྲོད་དྲགས་པའི་ནད་དང་ལྡན་པ་དེ་ལ་ནི། ཁ་ཟས་མ་ཞུ་ཡོད་དུ་ཟིན་ཀྱང་ཁ་ཟས་ཕྱི་མ་ཡང་དང་ཡང་དུ་སྦྱིན་པར་བྱ་ཞིང་ཅི་ནས་ཀྱང་མེ་དྲགས་པ་དེ་ཞི་བའི་ཕྱིར་འབད་པར་བྱ་སྟེ། དཔེར་ན་བུད་ཤིང་མེད་པའི་མེ་ལྟར་ནད་པ་དེ་ལ་གནོད་ཅིང་གཅོད་པར་འགྱུར་པ་དེ་ལྟར་བྱའོ། །ཀྲི་སར་དང་འོ་ཐུག་སྣུམ། །སྣུམ་ཁུར་བུ་རམ་གཡོས་པ་དང༌། །རླན་ཅན་ཆུ་ཡི་སྲོག་ཆགས་ནི། །ཚོ་བ་ཡི་ནི་ཤ་སྦྱིན་ནོ། །མཆོག་ཏུ་ཉ་ནི་འཇམ་པོ་དང༌། །མི་འགུལ་ཆུ་ལ་གནས་བ་སྦྱིན། །ཞེས་བྱ་བ་ལ། མེ་དྲོད་དྲགས་པས་ཉེན་པར་གྱུར་པའི་མི་ལ་ཀྲི་སར་ཞེས་བྱ་བ་ཏིལ་དང་མ་ཤ་དང་མུངྒ་ལ་སོགས་པ་ལས་བྱས་པའི་ཐུག་པའམ་འོ་ཐུག་ཅེས་བྱ་བ་འོ་མ་དང་འབྲས་བཙོས་པ་ལ་ཞག་ལ་སོགས་པའི་སྣུམ་བཏབ་པ་དང༌། དེ་བཞིན་དུ་སྣུམ་ཁུར་གྱི་རྣམ་པ་དང༌། དེ་བཞིན་དུ་བུ་རམ་གཡོས་ཤིང་དེ་བཏབ་པ་དང་ཁ་ཟས་ལྕི་ཞིང་སྣུམ་པ་སྦྱིན་བ་དང༌། རླན་ཅན་གྱི་སྲོག་ཆགས་ངང་བ་དང་ཁྲུང་ཁྲུང་ལ་སོགས་པ་དེ་བཞིན་དུ་ཆུའི་སྲོག་ཆགས་ཉ་ལ་སོགས་པའི་ཤ་དེ་དག་ཀྱང་ཚོ་ཞིང་ལུས་ཤིན་དུ་རྒྱས་པའི་ཤ་སྦྱིན་པ་དང་དེ་བཞིན་དུ་ཉ་གང་འཇམ་ཞིང་པགས་པའི་མཐའ་འཇམ་པ་དང༌། ཤ་ཤིན་དུ་རྒྱས་པ་དང་མི་འགུལ་བའི་ཆུའི་ནང་ན་གནས་པ་དེ་ལྟ་བུའི་ཉའི་ཤ་བྱིན་ན་མེ་དྲོད་དྲགས་པ་འབྲི་བར་འགྱུར་རོ། །ལུག་ཤ་ཚོན་པོ་དག་དང་ནི། །ཟོས་ན་མེ་དྲོད་དྲགས་པ་སེལ། །ཞེས་


DTG201_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། ལུག་ཤིན་ཏུ་ཚོ་ཞིང་ཚིལ་ཆེ་བའི་ཤ་ཟོས་ན་ཡང་མེ་དྲོད་དྲགས་པ་ཞི་བར་བྱེད་དོ། །འོ་མ་སྦྲང་རྩི་བཅས་པའམ། །མར་དང་སྦྱར་བ་སྐོམ་ཚེ་བླུད། །ཅེས་བྱ་བ་ལ། དེ་སྐོམ་པའི་ཚེ་ན་ནི་འོ་མ་དང་སྦྲང་རྩིར་བཅས་པའམ། མར་དང་སྦྲང་རྩིར་སྦྱར་བ་བླུད་ན་མེ་དྲོད་དྲགས་པ་དེ་ཞི་བར་འགྱུར་རོ། །གྲོ་ཡི་ཕྱེ་ནི་འོ་མ་དང༌། །མར་ནི་མང་པོར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་དེ་བསྐོལ་བ་ལ་བག་ཕྱེ་དང་འོ་མ་མར་དང་བཅས་པ་བླུད་ན་ཕན་ནོ། །རླན་ཅན་སྲོག་ཆགས་ཤ་ཁུ་དང༌། །ཏིལ་མར་མ་གཏོགས་སྣུམ་ཅན་བླུད། །ཅེས་བྱ་བ་ལ། ཡང་སྐོམ་པ་ལ་སྲོག་ཆགས་རླན་ཅན་ལ་གནས་པའི་ཤ་ཁུ་ལ་མར་དང་ཚིལ་དང་རྐང་ལ་སོགས་པ་དང་བཅས་པ་བྱིན་ན་ཡང་མེ་དྲོད་དྲགས་པ་སེལ་བར་བྱེད་དོ། །ཤ་མ་དུར་བྱིད་དང་བསྐོལ་བའི། །འོ་མའི་བཀྲུ་སྨན་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཤ་མ་དང་དུར་བྱིད་གཉིས་དང་འོ་མ་དང་བསྐོལ་བའི་བཀྲུ་སྨན་བླུད་པར་བྱའོ། །མཁྲིས་པ་སེལ་བའི་ཁ་ཟས་དང༌། །འོ་ཐུག་ལན་མང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་དེ་ལ་མཁྲིས་པ་སེལ་བའི་ཁ་ཟས་དང་སྨན་ལན་མང་དུ་ཡང་སྦྱིན་པ་དང་འོ་ཐུག་གི་ཐུག་པའི་རིམ་པ་བླུད་པར་བྱའོ། །གང་ཞིག་ལྕི་ཞིང་ཚིལ་སྐྱེད་དང༌། །བད་ཀན་སྐྱེད་པའི་ཁ་ཟས་རྣམས། །ཐམས་ཅད་མེ་དྲོད་དྲགས་ལ་ཕན། །ཟོས་ནས་ཉིན་པར་ཉལ་བར་བྱ། །ཞེས་བྱ་བ་ལ། ཟས་དང་སྨན་གང་ཞིག་ལྕི་ཞིང་བད་ཀན་སྐྱེད་པར་བྱེད་པ་ལ་ཕྲུམ་དང་ཆུར་བ་དང༌། ལུག་གི་ཤ་ལ་སོགས་པ་འདིར་སྨོས་པ་དང་མ་སྨོས་པ་དེ་ཐམས་ཅད་མེ་དྲོད་དྲགས་པའི་ནད་ལ་ཕན་ནོ། །དེ་བཞིན་དུ་ཁ་ཟས་ཟོས་ནས་ཉིན་པར་ཉལ་བ་ཡང་ཕན་ནོ། །ཟས་ནི་མེ་དྲོད་ཀྱིས་འཇུ་བྱེད། །ཟས་མེད་ནས་ནི་ནད་ཟད་བྱེད། །ལུས་ཟུངས་ཟད་པར་བྱེད་པར་འགྱུར། །ལུས་ཟུངས་ཟད་ནས་འཆི་བར་འགྱུར། །ཞེས་བྱ་བ་ལ། མེ་དྲོད་དྲགས་པའི་ཚེ་དང་ཟས་ཟོས་པ་དེ་མེ་དྲོད་ཀྱིས་འཇུ་བར་བྱེད་ལ་དེ་ནས་ཟས་མེད་པ་དང༌། དེའི་འོག་ཏུ་དེ་ན་ཡོད་པའི་ནད་སྨིན་ཅིང་ཟད་པར་བྱེད་ལ་ནད་ཟད་ནས་ལུས་ཟུངས་ཟད་པར་བྱེད་ལ་ལུས་ཟུངས་ཟད་ནས་ནི་འཆི་བ་ཉིད་དུ་འགྱུར་རོ། །ཟས་འདི་དག་ནི་རང་བཞིན་གྱིས་


DTG201_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན། །འདི་ནི་སྦྱོར་དང་གཡོས་ཀྱིས་མི་འཕྲོད་པ། །དེ་ལ་སོགས་པར་མི་ཤེས་ཇི་དགའ་བར། །སྤྱོད་དེ་མེ་དྲོད་སྟོབས་ལས་གྱུར་པ་ཡིན། །དེ་བས་འབད་པ་ཀུན་གྱིས་མེ་དྲོད་བསྲུང༌། །དེ་ཉམས་ནས་ནི་མི་ཡི་སྲོག་ངེས་ཉམས། །ཉེས་པས་ཁྱབ་ན་ནད་ཀྱི་ཚོགས་ཀྱིས་འདེབས། །མེ་དྲོད་མཉམ་ན་ནད་མེད་ཚེ་རིང་འགྱུར། །ཞེས་བྱ་བ་ལ། རླན་ཅན་དང་ཆུ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པའི་ཟས་འདི་དག་ནི། རང་བཞིན་གྱིས་མི་མཐུན་ཞིང་ལྕི་བ་དང་ཚིལ་སྐྱེད་པ་དང༌། བད་ཀན་འཕེལ་བར་བྱེད་པ་ཡིན་ལ་དེ་བཞིན་དུ་འདི་ནི་སྦྱོར་བའི་དབང་གིས་ཀྱང་མི་མཐུན་ཞིང་མི་འཕྲོད་པ་ཡིན་ཏེ། དཔེར་ན་མ་འམ་མར་དང་སྤྲ་ཚིལ་བསྲེས་ཏེ་བྱིན་པ་ད་ལྟ་བུ་དང༌། བག་ཕྱེ་དང་འོ་མ་སྦྱར་ཏེ་བྱིན་པ་ལ་སོགས་པ་དང༌། དེ་བཞིན་དུ་གཡོས་སུ་བྱས་པའི་དབང་གིས་ཀྱང་མི་འཕྲོད་པར་གྱུར་ཏེ་དཔེར་ན་སྣུམ་པ་ལ་ལ་བུ་ག་དང༌། སྐ་བ་དང་རྟུལ་བ་དང་བསིལ་བ་དང་འཇུ་དཀའ་བའི་རྣམ་པ་དེ་ལྟ་བུས་གཡོས་སུ་བྱས་པ་དེ་ནི་གཡོས་སྦྱར་བ་ལས་མི་འཕྲོད་པར་གྱུར་པ་ཡིན་ནོ། །དེ་ལྟར་རང་བཞིན་གྱིས་མི་འཕྲོད་པ་དང༌། སྦྱོར་བས་མི་འཕྲོད་པ་དང༌། གཡོས་སུ་བྱས་པས་མི་འཕྲོད་པ་སྟེ་སོགས་པའི་སྒྲས་ཚད་དང་དུས་ལ་སོགས་པའི་དབང་གིས་ཀྱང་འདི་དག་མི་འཕྲོད་པ་ཡིན་ནོ། །ཞེས་མི་ཤེས་ཤིང་མི་རྟོགས་པས་ཅི་དགར་སྤྱོད་ཅིང་གནས་པར་བྱེད་པ་དེ་ནི་མེ་དྲོད་ཀྱི་སྟོབས་ལས་གྱུར་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་བས་ན་མེའི་སྟོབས་ནི་ནུས་པ་ཆེན་པོ་ཡིན་པས་འབད་པ་ཀུན་གྱིས་ཞེས་བྱ་བ་ལ། ཟས་ལ་སྤྱོད་པ་དང༌། སྤྱོད་ལམ་གྱི་རྣམ་པ་ཐམས་ཅད་ཀྱིས་ཕོ་བའི་མེ་དྲོད་བསྲུང་བ་ལ་བརྩོན་པར་བྱའོ། །དེ་ཉིད་ཀྱིས་ནི་མེ་དྲོད་ཉམས་ན་ནི་མིའི་སྲོག་ངེས་པར་ཉམས་པར་འགྱུར་ཏེ། ངེས་པར་ཞེས་སྨོས་པ་ནི། ངེས་པ་ཁོ་ནར་འཆི་བར་འགྱུར་གྱི་གནས་སྐབས་གཞན་དུ་ནི་མི་འགྱུར་རོ། །ཞེས་བྱ་བའི་དོན་ཡིན་ལ། ཡང་མེའི་དྲོད་དེ་ཉིད་ཉེས་པའི་ཚོགས་ཀྱིས་ཁྱབ་ཅིང་ནད་ཀྱིས་ཟིན་པར་གྱུར་ན་ནད་ཀྱི་ཚོགས་དུ་མས་འདེབས་ཤིང་ཉེན་པར་གྱུར་ལ་མེ་དྲོད་ཆ་མཉམ་པས་རིགས་བས་གནས་ནས་ནད་མེད་ཅིང་བདེ་བར་གནས་པ་དང་ཚེ་རིང་ཞིང་ཡུན་རིང་བ་ཉིད་དུ་འགྱུར་རོ། །


DTG201_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅུ་བའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན་འགགས་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ལ་བབས་པས་ན་འདི་བརྩམས་པ་ཡིན་ནོ། །རླུང་ལས་གྱུར་བའི་གཅིན་སྲི་ལ། །རླུང་འཇོམས་ཏིལ་མར་གྱིས་བསྐུ་བྱ། །ལྟེ་བ་མན་ཆད་དུགས་བྱ་ཞིང༌། །རླན་དུགས་ལུས་ནི་སྤྱིངས་པའང་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་གཅིན་སྲི་ཞིང་འགགས་པའི་ནད་ལ་ནི་རླུང་འཇོམས་པའི་ཏིལ་མར་གྱིས་ལུས་ཐམས་ཅད་བསྐུ་བར་བྱ་བ་དང༌། ལྟེ་བ་མན་ཆད་ལེགས་པར་དུགས་བྱ་ཞིང་རླན་པའི་དུགས་དང་ལུས་སྤྱིངས་པའི་དུགས་ཇི་སྐད་བཤད་པ་བཞིན་བྱའོ། །རྩ་བ་བཅུ་དང་ཨེ་རཎྜ། །བ་ལ་ནས་དང་ཉེའུ་ཤིང་པ། །བ་སྤྲུ་བ་དང་ཀུ་ལངྠ། །རྒྱ་ཤུག་དང་ནི་བ་རུ་ར། །སྲུ་སྲུའི་རྩབ་བྲི་ཤིབ། །ཏིལ་མར་ཞུན་མར་ཕག་དང་དྲོད། །ཞག་བསྐོལ་ལན་ཚྭ་བཅས་པ་ནི། །འཐུངས་ན་གཟེར་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པ་དང་བསྐོལ་ཞིང་བཙོས་པའི་ཏིལ་མར་ལ་སོགས་པ་དང༌། ལྡེ་གུ་དང་བསྐོལ་བ་དང་ལན་ཚྭ་ལྔ་པོ་དང་བཅས་པར་འཐུངས་པར་གྱུར་ན་གཟེར་འཇོམས་པར་བྱེད་པའི་མཆོག་དམ་པ་ཡིན་ནོ། །སྨན་འདི་དག་ནི་སྣུམ་པ་ཡི། །འབྲས་བུར་བཅས་ཤིང་སྐྱུར་བ་དང༌། །སྣུམ་དང་ལྡན་པར་ཟས་སྐོམ་དང༌། །གོང་པོ་དཀྲི་བའི་དུགས་དཔྱད་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་འདི་དག་ཟས་དང་སྐོམ་དང་སྦྱར་བ་དང༌། དེ་བཞིན་དུ་གོང་པོ་དང་སླན་པའི་དུགས་བྱ་བ་སྣུམ་དང་བཅས་པའི་འབྲས་བུ་སྟར་གའི་རྐང་ལ་སོགས་པ་དང་བཅས་པ་དང་སྐྱུར་རྩ་བས་ལ་སོགས་པ་དང་རྫས་སྐྱུར་བ་དང་ལྡན་པ་དང་དེ་བཞིན་དུ་སྣུམ་དང༌། ལྡན་པ་སྟེ། དེ་དག་གི་དུགས་ལ་སོགས་པ་སྤྱད་པར་བྱའོ། །ཁ་རུ་ཚ་མང་བཏབ་པའི་ཆང༌། །འཐུངས་ན་གཅིན་གྱི་ནད་སེལ་བྱེད། །ཅེས་བྱ་བ་ལ། ཁ་རུ་ཚ་མང་དུ་བཏབ་ཅིང་ཤས་ཆེར་བྲོ་བའི་ཆང་འཐུངས་ན་གཅིན་གྱི་ནད་སེལ་བར་བྱེད་དོ། །མཁྲིས་གྱུར་བསྐུ་དང་བླུགས་བ་དང༌། །ལུས་


DTG201_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བས་ནི་བ་སིལ་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྲི་བའི་ནད་ལ་ནི་ལུས་བ་སྐུ་བ་ལ་སོགས་པ་བསིལ་བ་དག་གིས་བྱའོ། །ཉེའུ་ཤིང་གཟེ་མ་བི་ད་རི། །རྒུན་འབྲུ་རྩྭ་ཡི་རྩ་བ་ལྔ། །བསྐོལ་བའི་ནང་དུ་སྦྲང་རྩི་དང༌། །ཁ་ར་བཏབ་པ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཉེའུ་ཤིང་དང་གཟེ་མ་ལ་སོགས་པའི་སྨན་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ཁར་བཏབ་པ་བླུད་ན་ཡང་ཕན་ནོ། །རྩྭའི་རྩ་བ་ལྔ་ནི་འཇག་མ་དང་འདམ་བུ་དང་དཱུར་བ་དང་འབྲས་དང་བུ་རམ་ཤིང་གི་རྩ་བ་སྟེ། དེ་ལྔ་རྩྭའི་རྩ་བ་ལྔ་ཞེས་བྱའོ། །བ་ཤ་ཀ་དང་ག་གོན་དང༌། །རྒྱལ་མོ་ག་གོན་ལེ་བརྒན་རྩིའི། །ས་བོན་གུར་ཀུམ་རྒུན་ཆུ་དང༌། །འཐུངས་ན་གཅིན་འགགས་ནད་སེལ་བྱེད། །ཅེས་བྱ་བ་ལ། བ་ཤ་ཀ་ལ་སོགས་པའི་ཁུ་བ་བསྒྲངས་པ་རྒུན་ཆུ་དང་སྦྱར་ཏེ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ག་གོན་ནི་དྲི་བུ་ཏ་ཞེས་བྱ་བ་སྟེ་དེའི་ས་བོན་རྒྱལ་མོ་ག་གོན་ཞེས་བྱ་བ་ཨེར་པ་རུ་ཞེས་བྱ་བའི་ག་གོན་གྱི་ཁྱད་པར་གྱི་ས་བོན་ནོ། །དེ་བཞིན་དུ་ལེ་བརྒན་རྩིའི་ས་བོན་གཟུང་ངོ༌། །ཤིང་མངར་ཨེར་བ་རུའི་ས་བོན། །སྐྱེར་པ་འབྲས་ཀྱི་ཆུ་དང་བླུད། །ཅེས་བྱ་བ་ལ། ཡང་ན་ཤིང་མངར་དང་རྒྱལ་མོ་ག་གོན་གྱི་ས་བོན་དང༌། སྐྱེར་པའི་འབྲས་ཀྱི་ཆུ་དང་སྦྱར་ཏེ་བླུད་བར་བྱའོ། །རྒུན་འབྲུའི་ལྡེ་གུ་ཆུར་སྦྱར་བའམ། །རྒུན་འབྲུ་ཆུར་ནི་སྤངས་པ་བླུད། །ཅེས་བྱ་བ་ལ། ཡང་ན་རྒུན་འབྲུའི་ལྡེ་གུ་ཆུ་དང་སྦྱར་བ་བླུད་པའམ་ཡང་ན་རྒུན་འབྲུ་ཆུའི་ནང་དུ་ནུབ་གཅིག་སྤངས་པའི་ཆུ་བླུད་ན་ཡང་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་དུགས་བྱས་ལ། །སྐྱུག་སྨན་བཟའ་བ་རྣོ་དྲོ་སྦྱིན། །ནས་གཡོས་ཐལ་སྨན་རྣོ་བ་དང༌། །དར་བ་བཅས་བ་སྦྱིན་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གཅིན་སྲི་བའི་ནད་ལ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་དུགས་བྱས་ལ་སྐྱུག་སྨན་བཏང་བ་དང༌། བཟའ་བའི་བག་རྣོ་བ་དང་དྲོ་བ་སྦྱིན་པ་དང་ནས་ལས་གཡོས་པའི་ཟས་ཆག་ཚེ་དང་སྐྱ་ཁུར་ལ་སོགས་པ་དང་ཐལ་སྨན་རྣོན་པོ་ལ་སོགས་པ་གཏང་པར་བྱའོ། །སུག་སྨེལ་ཆང་དང་སྦྱར་བའམ། །སྐྱུ་རུ་ར་ཡི་ཁུ་བ་བླུད། །ཅེས་བྱ་བ་ལ། ཡང་ན་


DTG201_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སུག་སྨེལ་དང་ཆང་དུ་སྦྱར་བ་བླུད་པའམ། སུག་སྨེལ་དང་སྐྱུ་རུ་རའི་ཁུ་བར་སྦྱར་བ་བླུད་པར་བྱའོ། །བཞད་རུས་གཟེ་མ་སུག་སྨེལ་དང༌། །ཚ་གསུམ་སྦྲང་རྩི་གཅིན་བཅས་བླུད། །ཅེས་བྱ་བ་ལ། ཡང་ན་བྱ་བཞད་ཀྱི་རུས་པ་དང་གཟེ་མ་ལ་སོགས་པའི་སྨན་སྦྲང་རྩི་དང་གཅིན་སྦྱར་བ་བླུད་ན་ཡང་ཕན་ནོ། །ཡང་ན་ཀཎྜ་ཀ་རིའི་ཁུ། །སྦྲང་རྩིར་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཀཎྜ་ཀ་རི་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་ན་ཡང་གཅིན་འགགས་པའི་ནད་སེལ་ཏོ། །ཤི་ཏི་བ་རའི་ས་བོན་ནི། །ཞིབ་བཏགས་དར་བར་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་ཤི་ཏི་བར་ཞེས་བྱ་བའི་ས་བོན་གྱི་ཕྱེ་མ་དང་དར་བ་བླུད་ན་ཕན་ནོ། །བ་ང་སཔྟ་པརྞི་དང༌། །སླེ་ཏྲེས་དོང་གྲ་དུག་མོ་ཡུངས། །ཀེ་པུ་ཀ་དང་སུག་སྨེལ་དང༌། །ཀ་རཉྫ་བསྐོལ་སྦྲང་རྩིར་བཅས། །དེས་སྦྱར་ཐུག་པའམ་བྱུ་རུ་ཡི། །ཕྱེ་མ་འབྲས་ཀྱི་ཆུ་དང་བླུད། །ཅེས་བྱ་བ་ལ། ཡང་ཤིང་བ་ད་ལ་སོགས་པ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་པའམ། བ་ད་ལ་སོགས་པའི་སྨན་དེ་དག་དང་སྦྱར་བའི་ཐུག་བའམ་བྱུ་རུ་བཏགས་པའི་ཕྱེ་མ་འབྲས་ཀྱི་ཕྱེ་དང་སྦྱར་ཏེ་འཐུངས་ན་ཡང་ཕན་ནོ། །པ་ཐ་ལི་ཡི་ཐལ་བའི་ཆུ། །ལན་བདུན་བཙགས་ཏེ་ཏིལ་མར་བཅས། ཞེས་བྱ་བ་ལ། ཡང་ན་ཤིང་པ་ཏ་ལི་བསྲེགས་པའི་ཐལ་བའི་ཆུ་ལན་བདུན་གྱི་བར་དུ་བཙགས་ཤིང་གཟགས་པར་བྱས་པ་ཏིལ་མར་དང་བཅས་པ་བླུད་ན་ཕན་ནོ། །ནས་ཚིག་འཁུས་ཐལ་པ་ཐ་ལི། །པ་རི་པ་ཏྲ་ཏིལ་ཐལ་ཆུ། །ཤིང་ཚ་སུག་སྨེལ་ན་ལེ་ཤམ། །ཆང་དང་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་ཆུ་དང༌། པ་ཐ་ལིའི་ཐལ་ཆུ་དང༌། པ་རི་པ་ཏྲའི་ཐལ་ཆུ་དང་ཏིལ་བསྲེགས་པའི་ཐལ་ཆུའི་ནང་དུ་ཤིང་ཚ་ལ་སོགས་པའི་ཕྱེ་མ་དང་ཆང་དུ་སྦྱར་བ་བླུད་ན་ཡང་ཕན་ནོ། །འདི་དག་རེ་རེ་ལྡེ་གུར་སྦྱར། །བུ་རམ་སོ་ཡིས་བཅད་ཅིང་བཟའ། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་བ་ལ་སོགས་པ་འདི་དག་ལྡེ་གུར་སྦྱར་བ་དང༌། བུ་རམ་སོས་བཅད་ཅིང་ཟོས་ན་ཡང་ཕན་ནོ། །འདུས་བའི་བདག་ཉིད་ཅན་ཀུན་ལ། །འདི་དག་གནས་སྐབས་ཇི་བཞིན་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་གཅིན་སྲི་བ་ལ་ནི་འདི་དག་གནས་སྐབས་ཇི་ལྟ་བ་བཞིན། གང་དང་གང་ཤས་ཆེ་བའི་


DTG201_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱིན་ན་ཕན་ནོ། །ནད་གཞི་ཐམས་ཅད་ལས་གྱུར་པའི་གཅིན་འགགས་པའི་ནད་ཀྱི་གསོ་བ་བསྟན་ནས། རྡེའུ་ཆགས་པའི་གསོ་བ་བསྟན་པའི་ཕྱིར། རྡེའུ་ཆགས་རིང་པོ་མ་ལོན་དང༌། །རླུང་གི་ལྒང་ནད་སོགས་ལའང་སྦྱར། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྔར་བཤད་པའི་སྨན་དེ་དག་ནི་འདུས་པའི་ནད་འབའ་ཞིག་ལ་སོ་སོའི་དམིགས་དང་སྦྱར་ཏེ་ཕན་པར་མ་ཟད་ཀྱི་རྡེའུ་ཆགས་ནས་རིང་པོ་མ་ལོན་པ་ཡང་བཏང་ན་ཕན་པ་ཡིན་ལ་དང་ཞེས་བྱ་བའི་སྒྲས་དེ་འབའ་ཞིག་ཏུ་མ་ཟད་ཀྱི་རླུང་ལས་གྱུར་པའི་ནད་ཀྱིས་གཅིན་འགགས་པ་ལ་སོགས་པ་ཡང་ཇི་སྐད་དུ་བཤད་པ་བཞིན་དུ་སྦྱར་བར་བྱའོ། །རྡེའུ་ཆགས་ནད་ནི་མི་བཟད་དེ། །འཆི་བདག་དང་ནི་འདྲ་བར་འདོད། །གཞོན་པའི་ཚེ་ན་སྨན་གྱིས་གསོ། །འཕེལ་ནས་འདྲལ་བར་འོས་པ་ཡིན། །ཞེས་བྱ་བ་ལ། རྡེའུ་ཆགས་པ་ཞེས་བྱ་བའི་ནད་ནི་མི་བཟད་ཅིང་བརྣག་པར་དཀའ་བ་ཡིན་ལ་མྱུར་དུ་སྲོག་འཕྲོག་པར་བྱེད་པས་འཆི་བདག་དང་འདྲ་བར་འདོད་དོ། །དེ་གཞོན་ཞིང་སྐྱེས་ནས་རིང་པོ་མ་ལོན་པ་ནར་མ་སོན་པ་ལ་ནི་སྔར་ཇི་སྐད་བསྟན་པའི་སྨན་གྱིས་ཅི་རིགས་པར་གསོ་བར་བྱ་ལ། འཕེལ་ཞིང་རྡེའུ་དེ་ཆེ་ལ་སྲ་བར་གྱུར་ནས་ནི་མཚོན་གྱིས་བཅད་ཅིང་འདྲལ་ནས་དབྱུང་བར་རིགས་པ་ཡིན་ནོ། །དེ་ཡི་སྔོན་བྱུང་ཚུལ་ལ་ནི། །སྣུམ་ཆོས་ལ་སོགས་རིམ་པས་བསྔགས། །ཞེས་བྱ་བ་ལ། རྡེའུ་ཆགས་པ་དེ་སྔར་བྱུང་བའི་ཚུལ་གོང་དུ་ཇི་སྐད་བསྟན་པ་ལྟ་བུ་བྱུང་བ་ལ་ནི་སྣུམ་གྱི་ཆོ་ག་དང་དུགས་ལ་སོགས་པ་བྱས་ན་ཕན་ནོ། །སྲུ་སྲུའི་རྩ་བ་སྤྲ་ཏོག་དང༌། །ཨ་སྨན་ད་ཀ་བ་ས་རི། །ཉེའུ་ཤིང་ལྕམ་པ་པུ་ཤེལ་ཙི། །ཨ་ཏི་པ་ལ་བ་ལུ་ཀ །སྤངས་མ་བྲིཀྵ་ད་ནི་དང༌། །ཤ་ཀའི་འབྲས་བུ་བྱ་ཀྲི་གཉིས། །གུད་ཐ་གཟེ་མ་ཀུ་ལངྠ། །ནས་དང་རྒྱ་ཤུག་པར་ན། །ཀ་ཏ་ཀ་ཡི་འབྲས་བུ་དང༌། །ཨུ་ཤ་ཀ་སོགས་ཕྱེ་མ་བཏབ། །འདི་དག་ཁུ་བ་མར་བསྐོལ་བླུད། །རླུང་གྱུར་རྡེའུ་འཇིག་པར་བྱེད། །ཞེས་བྱ་བ་ལ། སྲུ་སྲུའི་རྩ་བ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་བུ་ཤ་ཀ་ལ་སོགས་པའི་ཕྱེ་མ་བཏབ་སྟེ། ཨུ་ཤ་ཀ་དང་སྤངས་མ་ཞེས་བྱ་བ་ལ་སོགས་པ་སྨོས་པ་བཏགས་པའི་ཕྱེ་མ་ལྡེ་གུར་བཏབ་བ་དང་བསྐོལ་བའི་མར་བླུད་ན་རླུང་ལས་གྱུར་པའི་རྡེའུ་


DTG201_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་འཇིག་པར་བྱེད་དོ། །སྤྲ་ཏོག་ནི་བ་སུ་ཀ་དང་མེ་ཏོག་སྤོམ། །སྤྲ་ཏོག་ཨི་ཤྭ་མ་ལ་ཞེས་སྨོས་པ་ཡིན་ནོ། །བས་རི་ནི་ཀ་པི་པི་པ་ལིའོ། །ལྕམ་པ་ནི་མིང་གི་རྣམ་གྲངས་གཞན་དུ་ནི་ཉི་མ་དགའ་བ་ཞེས་བྱའོ། །བ་ལུ་ཀ་ནི་བྷུ་ཏ་བྲི་ཀཥིའོ། །སྤངས་མ་ནི་དུ་ཏ་ཀ་ཏེ་ཀ་ཙ་ཀ་ཞེས་ཀྱང་བྱའོ། །བྲི་ཀྵར་ནི་ནི་ཏ་རུ་རུ་ཧ་དང་བན་ད་ཧ་ཞེས་བྱ་བ་ཤིང་ལས་བསླས་ཐབས་སུ་སྐྱེས་པའི་ཤིང་ཕྲེའུ་འོ། །ཤ་ཀའི་འབྲས་བུ་ནི་ཤིང་ཤ་ཀའི་འབྲས་བུའོ། །བྱ་ཀྲི་གཉིས་ནི་བྲི་ཧ་ཏི་དང་ཀཎྜ་ཀ་རིའོ། །གུངྠ་ནི་བྲིན་ཧ་ཏི་ན་དང་ན་གུན་ད་ཞེས་བྱ་བ་རྩ་བ་བཅའ་སྒ་འདྲ་བ་ལ་ལོ་མ་ཟླུམ་པོ་ཡོད་པའོ། །གཟེ་མ་ནི་གོ་ཀྲུར་སྟེ་ཚེར་མ་གསུམ་པ་ཞེས་ཀྱ་བྱ་སྟེ། ཀུ་ལངྠ་ནི་རྒྱ་སྲན་ནོ། །བར་ནི་ནད་ཀན་ཐོ། །ཀ་ཏ་ཀའི་འབྲས་བུ་ནི་ཀ་ཚ་ཀའི་འབྲས་བུ་ཀ་ཚ་སྟེ་ཆུ་རྣམས་ཀྱང་ཕྱེད་ཡིན། ཞེས་བྱ་བ་ཡིན་ནོ། །ཨེ་རཎྜ་དང་བྲི་ཧ་ཏི། །ཀཎྜ་ཀ་རི་གཟེ་མ་དང༌། །བུ་རམ་ཤིང་ཕྲན་རྩ་བ་ཡི། །ལྡེ་གུ་ཞོ་དང་སྦྱར་ཏེ་བླུད། །རྡེའུ་ཆགས་པ་སེལ་བྱ་བ་ལ། ཨེ་རཎྜ་ལ་སོགས་པའི་སྨན་གྱི་རྩ་བ་རྣམས་ལྡེ་གུར་བྱས་པ་ཞོ་ལྔ་པོ་དང་སྦྱར་ཏེ་རླུང་ན་ཡང་རླུང་ལས་གྱུར་པའི་ལྡེའུ་ཆགས་པ་འཇིག་ཅིང་སེལ་ཏོ། །ཀུ་ཤ་འཇག་མ་འདམ་བུ་དང༌། །ཀུ་ཐ་ཉེའུ་ཤིང་ཨིག་ག་ཐ། །སྲུ་སྲུའི་རྩ་བ་འཇག་ཟླུམ་དང༌། །པི་ད་རི་དང་བ་ར་ཧི། །འབྲས་ཀྱི་རྩ་བ་གཟེ་མ་དང༌། །བ་ལུ་ཀ་དང་པ་ཏ་ལི། །བ་ཏུ་ལ་དང་བླ་བར་བཅས། །བ་སྦྲུ་བ་དང་ཤྲི་ཤ་དང༌། །དེ་རྣམས་བསྐོལ་ཁུ་མར་དུ་བསྐོལ། །ཀ་གོན་ས་བོན་ལ་སོགས་དང༌། །ཨུཏྤ་ལ་ཡི་ས་བོན་དང༌། །ཤིང་མདར་དང་ནི་བྲག་ཞུན་ཕྱེ། །དེ་དག་མཁྲིས་གྱུར་རྡེའུ་ཆགས་སེལ། །ཞེས་བྱ་བ་ལ། ཀུ་ཤ་དང་འཇག་མ་ལ་སོགས་པ་བསྐོལ་བའི་ཁུ་བར་ག་གོན་གྱི་ས་བོན་དང་རྒྱལ་མོ་ག་གོན་གྱི་ས་བོན་དང་ཨུཏྤ་ལའི་ས་བོན་ལ་སོགས་པའི་ཕྱེ་མ་ལྡེ་གུར་བྱས་པ་དང༌། མར་དུ་བཙོས་པའི་མར་དེ་བླུད་ན་མཁྲིས་པ་ལས་གྱུར་པའི་རྡེའུ་ཆགས་པ་སེལ་ཅིང་འཇིག་པར་བྱེད་དོ། །སྲུ་སྲུའི་རྩ་བ་ནི་ཨ་སྨ་བེ་ད་འམ་པ་ཤན་བེ་དེ་ཞེས་བྱའོ། །ཞང་ཞུང་དག་གིས་ནི་བེ་ད་ཇེ་རེ་ཟེར། རྒྱ་གར་གྱིས་བྲག་འབིགས་ཞེས་ཟེར། དེ་ཕལ་ཆེར་ནི་བྲག་ལས་འཁྲུངས་པ་ལ་བྱ། འདི་ལྟ་བུའི་ལྡན་མར་དུ་གྲགས་པ་མི་བྱ། ཀུ་ཤ་དང་འཇག་མ་ནི་ཀུ་ཤ་དང་དཱུར་བ་དང་བ་ལ་ཞེས་བྱ་བ་ལ་འཇག་མ་


DTG201_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་ཕྲའི་དབྱེ་བས་རྣམ་པ་གཉིས་ཡོད་དོ། །འདི་ནས་བ་ར་ཧི་ནི་སུ་ག་རིའོ། །བ་ཏུ་རྒྱ་ནི་ཀུ་རུ་ཏ་ཀའོ། །བླ་བ་ནི་ཀུ་དན་ན་དའོ། །བར་ཎ་སོགས་རླུང་འཇོམས་ཏེ། །སུག་སྨེལ་ཧ་རེ་ཎུ་ཀའི་སྡེ། །གུ་གུལ་རུ་རྟན་ལེ་ཤམ། །ཙི་ཏྲ་ཀ་དང་བྱིའུ་རུག་པ། །དེ་དག་ལྡེ་གུར་བྱས་པ་གཞུག །ཨུ་ཤ་ཀ་ཡི་སྡེ་ཚན་བཅུག །མར་བསྐོལ་བ་ཡིས་བད་ཀན་ལས། །གྱུར་པའི་རྡེའུ་ཆགས་མྱུར་དུ་འཇོམས། །ཞེས་བྱ་བ་ལ། བར་ཎ་ལ་སོགས་པའི་སྨིན་གྱི་སྡེ་ཚན་དང་དེ་བཞིན་དུ་རླུང་འཇོམས་པའི་སྡེ་ཚན་དེ་དང༌། སྡེ་ཚན་དེ་གཉིས་དང་སུག་སྨེལ་དང་ཧ་རེ་ཎུ་ཀ་ཞེས་བྱ་བའི་ཀོན་ཏི་ལ་སོགས་པའི་སྨན་དེ་དག་ལྡེ་གུར་བྱས་པ་དང༌། དེ་བཞིན་དུ་ཨུ་ཤ་ཀ་ལ་སོགས་པའི་སྡེ་ཚན་ལྡེ་གུར་བྱས་པ་བཅུག་ལ་དེ་དང་མར་བསྐོལ་ཏེ་བྱིན་ན་བད་ཀན་ལས་གྱུར་པའི་རྡེའུ་ཆགས་པ་མྱུར་དུ་འཇིག་ཅིང་སེལ་བར་བྱེད་དོ། །རང་རང་སྨན་ནི་འདི་ཉིད་ཀྱིས། །ཐལ་སྨན་འོ་མ་ཐུག་སོགས་སྦྱར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་རང་རང་གི་སྨན་མར་ལ་སོགས་པའི་སྦྱོར་བ་བསྟན་པ་བཤད་མ་ཐག་པ་འདི་དག་ཉིད་ཀྱིས་ཐལ་སྨན་དང་འོ་མ་དང་ནས་ཐུག་དང་ཟས་དང་སྐོམ་ལ་སོགས་པར་སྦྱར་ཞིང་བཏང་ན་ཡང་ཕན་ནོ། །པི་ཙུ་ཀ་དང་ཨང་གོ་ལ། །ཀ་ཏ་མ་ཅན་ཟས་བཟའ་ཀ་ལ་ཤ་ཀ་དང༌། །ཨུཏྤ་ལ་ཡི་འབྲས་བུ་རྣམས། །བུ་རམ་བཅས་པའི་ཆུ་དྲོན་བླུད། །རྡེའུ་ཕྲན་འཇིག་པར་བྱེད་པའི་མཆོག །ཅེས་བྱ་བ་ལ། པི་ཙུ་ཀ་ལི་ལ་སོགས་པ་དང་བུ་རམ་དང་བཅས་པའི་ཆུ་དྲོན་བླུད་ན་ཡང༌། རྡེའུ་ཕྲན་གསེ་གུ་ཕྲེའུ་ལྟར་གནས་པ་དག་འཇིག་ཅིང་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །པི་ཙུ་ཀ་ནི་ཤི་ཏ་བི་ར་ཀའོ། །ཨང་གོ་ལ་ནི་ཨི་རི་བིལ་བའོ། །ཨུཏྤ་ལ་ནི་ཨུཏྤ་ལ་དམར་པོ་དང་སྔོན་པོ་སྟེ་རྣམ་པ་གཉིས་སོ། །དེའི་འབྲས་བུ་ནི་དེའི་ས་བོན་ནོ། །ཁྲུང་ཁྲུང་རྔ་མོང་བོད་བུའི་རུས། །གཟེ་མ་ཏ་ལ་བ་ཏྲི་ཀ །ཨ་ཟ་མོ་དང་ཀ་དམ་པའི། །རྩ་བ་དང་ནི་བཅའ་སྒ་ནི། །ཆང་ངམ་ཆུ་དྲོན་བཅས་བ་བླུད། །རྡེའུ་ཕྲན་ཆགས་པ་འཇིག་པར་བྱེད། །ཅེས་བྱ་བ་ལ། ཁྲུང་ཁྲུང་ལ་སོགས་པའི་རུས་པ་ཆང་དམ་ཆུ་དྲོན་དང་སྦྱར་ཏེ་བླུད་ན་རྡེའུ་ཕྲན་གཟེག་ཏུ་འཇིག་པར་བྱེད་དོ། །ཏ་ལ་བ་ཏྲི་ཀ་ནི་མོ་ས་ལིའོ། །མ་རི་ཙི་ཀའི་ས་བོན་གྱི། །ཕྱེ་མ་སྦྲང་རྩིར་སྦྱར་བ་དང༌། །ལུག་གི་འོ་མ་ཞག་བདུན་


DTG201_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བླུད་ན་རྡེའུ་འཇིག་པར་བྱེད། །ཅེས་བྱ་བ་ལ། མ་རི་ཙི་ཀ་ཞེས་བྱ་བ་མྲི་ཏ་ཀུན་ད་ཀ་ཞེས་བྱ་བའི་ས་བོན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ལུག་གི་འོ་མ་དང་བཅས་པར་ཞག་བདུན་གྱི་བར་དུ་བླུད་ན་རྡེའུ་འཇིག་ཅིང་ལྟུང་བར་འགྱུར་རོ། །ཤི་ཀྲུའི་རྩ་བ་བསྐོལ་བ་ནི། །དྲོ་འཇམ་འཐུངས་པས་རྡེའུ་ནད་འཇོམས། །ཞེས་བྱ་བ་ལ། ཤི་ཀྲུའི་རྩ་བ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཕན་ནོ། །ཏིལ་དང་ཨ་པ་མརྒ་དང༌། །ཆུ་ཤིང་དང་ནི་བ་ལ་ཤ །ནས་ཚིག་འཁུས་ཐལ་ལུག་གཅིན་བླུད། །ཕྱེ་མ་རྡེའུ་ཆགས་པ་སེལ། །ཞེས་བྱ་བ་ལ། ཏིལ་ལ་སོགས་པའི་ཐལ་བ་ལུ་གཅིན་དང་སྦྱར་ཏེ་བླུད་ན་ཡང་ཕྱེ་མ་རྡེའུ་ཉིད་དུ་ཆགས་པ་སེལ་བར་བྱེད་དོ། །ཡང་ན་ལྕམ་པའི་རྩ་བ་ནི། །གཅིག་ཏུ་ཆང་ལ་སོགས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ལྕམ་པའི་རྩ་བ་འབའ་ཞིག་ཆང་ངམ་ཆུ་དྲོན་ནམ་གཞན་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་ཕན་ནོ། །ཡང་ན་དེ་བསྐོལ་འོ་མ་བླུད། །ནད་ཀྱིས་ཉེན་པ་སེལ་བར་བྱེད། །ཅེས་བྱ་བ་ལ། ཡང་ན་ལྕམ་པའི་རྩ་བ་དང་འོ་མ་ལྷན་ཅིག་བསྐོལ་བ་བླུད་ན་ནད་ཀྱིས་ཉེན་ཅིང་གཟེར་བའི་རྡེའུ་ཆགས་པའི་ནད་ལ་ཡང་ཕན་ནོ། །ཨ་རུ་ར་ཡི་རུས་པ་བཙོས། །ཡང་ན་སྤྲུ་བ་བཙོས་བླུད། །ཅེས་བྱ་བ་ལ། ཡང་ན་ཨ་རུ་རའི་ནང་གི་རུས་པ་དང་བཙོས་པའི་འོ་མ་བླུད་ན་ཡང་རྡེའུ་ཆགས་པའི་ནད་ཀྱིས་ཉེན་པ་ལ་ཕན་ནོ། །ཡང་ན་བ་སྤྲུ་བའི་འོ་མ་དང་བསྐོལ་བ་བླུད་ན་ཕན་ནོ། །ཡང་ན་འོ་མ་ཅན་ཟས་བཟའ། །ཡང་ན་བར་ཧི་ཤི་ཀ་ཡི། །རྩ་བ་འབྲས་བུར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་འོ་མ་ཅན་གྱི་ཟས་བཟའ་ཞིང་བར་ཧི་ཤི་གཞེས་བྱ་བའི་སྨན་གྱི་རྩ་བ་དང་འབྲས་བུ་ཆུར་སྦྱར་བ་བླུད་ན་ཡང་ཕན་ནོ། །གཅིན་འགགས་ལྷག་མ་རྣམས་ལ་ནི། །འདི་ཡི་གསོ་བ་ལྟག་མའང་སྦྱར། །ཞེས་བྱ་བ་ལ། གཅིན་འགགས་པའི་ནད་ལྷག་མ་རྣམས་ལ་ནི་འདི་ཉིད་གོང་དུ་བཤད་པའི་གསོ་བའི་རིམས་བ་ལས་ཅི་རིགས་པར་གསོ་བར་བྱའོ། །བྲི་ཧ་ཏི་སོགས་སྡེ་ཚན་བསྐོལ། །གཟེམ་ཉིད་འགྱུར་གཞུག་པར་བྱ། །ཆུ་དང་འོ་མ་ཞུན་མར་དང༌། །བླུད་ན་གཅིན་གྱི་ནད་ཀུན་སེལ། །ཞེས་བྱ་བ་ལ། བྲི་ཧ་ཏི་ལ་སོགས་པའི་སྡེ་ཚན་སྨན་ཇི་སྐད་སྨོས་བ་དང་གཟེ་མ་ཉིས་འགྱུར་བཅུག་སྟེ།


DTG201_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ་བའི་ཆུ་ལ་སོགས་པ་དེ་བླུད་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཐང་ཤིང་གླ་སྒང་མུར་བ་དང༌། །ཤིང་མངར་དང་ནི་ཨ་རུ་ར། །ཆང་ངམ་འོ་མ་ཆུར་སྦྱར་བ། །གཅིན་གྱི་ནད་ནི་ཀུན་ལ་བླུད། །ཅེས་བྱ་བ་ལ། ཐང་ཤིང་ལ་སོགས་པའི་སྨན་ཆང་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་ཡང་གཅིན་འགགས་པའི་ནད་ཐམས་ཅད་སེལ་ཏོ། །བྱི་ཚེར་བ་བསྐོལ་ཁུ་བའམ། །ཨ་རྫུན་བསྐོལ་ཁུ་བ་ནི། །རྒྱམ་ཚ་འབྲས་བུ་གསུམ་བཏབ་བ། །ཆུ་ཚན་དྲོ་འཇམ་སྦྱར་བ་བླུད། །ཅེས་བྱ་བ་ལ། བྱི་ཚར་བ་བསྐོལ་བའམ། ཨ་རྫུན་བསྐོལ་བའི་ཁུ་བའི་ནང་དུ་རྒྱམ་ཚ་ལ་སོགས་པ་བཏབ་པའི་ཆུ་དྲོ་འཇམ་ཙམ་བླུད་ན་ཡང་ཕན་ནོ། །ཀཎྜ་ཀ་རི་གཟེ་མ་བསྐོལ། །ཡང་ན་ནས་ཐུག་ཕུན་སྲན་བཅས། །ཞེས་བྱ་བ་ལ། ཡང་ན་ཀཎྜ་ཀ་རིལ་སོགས་པའི་སྨན་བསྐོལ་བ་ཡང་ཕན་ནོ། །བི་ད་རི་སོགས་བསྐོལ་བའམ། །ཁྱིམ་བྱའི་ཤ་ཡི་ཁུ་བ་བླུད། །ཅེས་བྱ་བ་ལ། བི་ད་རི་ལ་སོགས་པའི་སྡེ་ཚན་དང་བསྐོལ་བའི་ནས་ཐུག་བླུད་པར་བྱ་བའམ། ཁྱིམ་བྱའི་ཤ་ཁུ་བླུད་ན་ཡང་ཕན་ནོ། །བི་ད་རི་ལ་སོགས་པ་དང༌། །བསྐོལ་བའི་བྲག་ཞུན་སྦྱིན་པའམ། །ཞེས་བྱ་བ་ལ། ཡང་ན་བི་ད་རི་ལ་སོགས་པའི་སྡེ་ཚན་དང་བྲག་ཞུན་བསྐོལ་ཏེ་བྱིན་ན་ཡང་ཕན་ནོ། །ཡང་ན་ཆང་ནི་ནད་མེད་བླུད། །རྟ་འམ་ཤིང་རྟར་བསྐྱོན་ནས་ནི། །མགྱོགས་པར་འགྲོ་བས་བསྐྱོད་གྱུར་ན། །རྡེའུ་དེ་ནི་གཡོ་བར་འགྱུར། །ཞེས་བྱ་བ་ལ། ཡང་རྡེའུ་ཆགས་པའི་ནད་ལ་ཆང་ནད་མེད་ཅིང་ལངས་པ་བླུད་ལ་ཤིང་རྟའམ། རྟ་ལ་བསྐྱོན་ཏེ་ཤུགས་མགྱོགས་པར་འགྲོ་ཞིང་རྟ་དྲག་ཏུ་བསྐྱོད་ན་ཡང་དེའི་རྡེའུ་ཆགས་པ་དེ་ལུས་དྲག་ཏུ་བསྐྱོད་ནས་གནས་གཅིག་ཏུ་འདུག་བ་ལས་གཡོ་ཞིང་ཕན་ཚུན་འཕོས་བར་འགྱུར་རོ། །བི་ད་རི་ལ་སོགས་པ་ཡི། །སྡེ་ཚན་རྣམ་པ་ཀུན་ཏུ་སྦྱར། །ཞེས་བྱ་བ་ལ། གཅིན་ནད་རྡེའུ་ཆགས་པ་དང༌། གསེ་གུ་ཆགས་བ་ལ་ནི་བི་ད་རི་ལ་སོགས་པའི་སྡེ་ཚན་བཟའ་བ་དང་བཏུང་བ་དང་སྨན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་ཀུན་ལ་སྦྱར་བར་བྱའོ། །བཀྲུ་སྨན་དོན་དུ་སེང་ཕྲོམ་མར། །འཇམ་རྩིའི་ལས་ཀྱང་བསྟེན་བར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ། །ཞེས་བྱ་བ་ལ། ཡང་ན་དེ་ལ་བཀྲུ་སྨན་བྱ་བའི་དོན་


DTG201_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱིར་སེང་ཕྲོམ་གྱི་སྨན་མར་རླུང་ནད་གསོ་བའི་སྐབས་ནས་བཤད་པ་དང་དེ་བཞིན་དུ་འཇམ་རྩི་ལས་བྱ་བ་དག་ཀྱང་ཡང་དང་ཡང་དུ་བསྟེན་ཅིང་གོམས་པར་བྱའོ། །དེ་ལས་ཀྱང་མཆོག་གམ་ཁྱད་པར་དུ་ནི་འཇམ་རྩི་གོང་མ་ཞེས་བྱ་བ་ནི་ཕོ་མཚན་དང་མོ་མཚན་གྱི་སྒོ་ནས་འཇམ་རྩི་བཏང་བ་དེ་བསྟེན་པར་བྱའོ། །ཁུ་ཆུའི་རྡེའུ་ཆགས་དེ་ཡི་ནི། །གཅིན་ལམ་སྦྱངས་ལ་སྟོབས་ཆེ་བའི། །ཁུ་ཆུའི་གནས་ནི་སྦྱང་བའི་ཕྱིར། །སྐྱེས་པ་ཁུ་བ་འཕེལ་བྱེད་པའི། །ཤ་དང་ཁྱིམ་བྱའི་ཤ་ཡིས་འགྲངས། །འདོད་པ་བདོ་བས་བུད་མེད་ནི། །དགའ་བ་སྐྱེད་ལ་ཉལ་པོ་བྱ། །ཞེས་བྱ་བ་ལ། །ཁུ་ཆུའི་རྡེའུ་ཆགས་པ་ལ་ནི་མས་གཏོང་བ་དེ་གཅིན་འབྱུང་བའི་ལམ་སྦྱངས་ཤིང་བསལ་ལ་ནད་པ་ཉམས་སྟོབས་ཆེ་བའི་ཁུ་ཆུའི་གནས་སྦྱང་བར་བྱ་བའི་ཕྱིར་སྐྱེས་པ་རོ་ཙ་ཞིང་ཁུ་བ་འཕེལ་བར་བྱེད་པའི་རླན་གྱི་ཤ་ཁུ་དང་ཁྱིམ་བྱའི་ཤས་འགྲངས་ཤིང་ཚིམ་པར་བྱས་ལ་བུད་མེད་ལ་ཉལ་པོ་བྱའོ། །གསོ་པ་འདི་ཡིས་བཅོས་ཀྱང་ནི། །མ་ཞིན་ནི་སྨན་པ་ཡིས། །མཚོན་ནི་ལེགས་པར་བརྟག་བྱས་ཏེ། །གསོ་བ་མ་བགྱིས་ངེས་པར་འཆི། །བགྱིས་ནའང་དོགས་པར་བཅས་པ་ལས། །དེ་ལྟར་རྒྱལ་པོ་ལ་ཞུས་ནས། །ལས་ལ་བྱང་བའི་སྨན་པ་ནི། །མང་པོ་དང་ཡང་དཔྱད་པར་བྱ། །ཞེས་བྱ་བ་ལ། དེ་ལྟ་བུའི་གསོ་བ་དུ་མ་འདི་དག་གིས་བཅོས་ཤིང་གསོས་པར་གྱུར་ཀྱང་དེའི་ནད་རྡེའུ་ཆགས་པ་དེ་ཞི་ཞིང་བྱད་བར་མ་གྱུར་ན། དེའི་ཚེ་སྨན་པ་དེ་ས་འདི་ལྟར་བདག་གིས་རྒྱལ་པོ་གང་དག་ཡིན་པ་དེ་ལ་ཞུས་ཤིང་དྲིས་ནས། །གཙགས་བུའི་མཚོན་གྱི་ལས་ལེགས་ཤིང་སྐྱོན་མེད་བརྟག་ཅིང་དཔྱད་ཀྱི་ལས་བྱའོ། དེ་ཡང་འདི་ལྟར་རྒྱལ་པོ་ལ་གལ་ཏེ་འདི་གསོ་བ་མ་བགྱིས་ན་ནི་ནད་འདི་ལྟ་བུ་སྐྱེས་པས་ངེས་པར་འཆི་བ་ཁོ་ནར་འགྱུར་ལ། གལ་ཏེ་གསོ་བའི་མཚོན་གྱི་ལས་བགྱིས་པར་གྱུར་ན་ཡང་དོགས་པ་དང་བཅས་ལགས་ཏེ་འདི་འཚོ་བར་འགྱུར་རམ་མི་འགྱུར་གཏོལ་མ་མཆིས་ལགས་སོ། །ཞེས་དེ་ལྟར་རྒྱལ་པོ་ལ་ཞུས་ནས་ལས་བྱ་ཞིང་སྨན་དཔྱད་ཀྱི་བསྟན་བཅོས་ལ་མཁས་པའི་སྨན་བ་མང་པོས་རྗེས་སུ་དཔྱད་ཅིང་གྲོས་སུ་བགྲོས་ཏེ་བྱའོ། །དེ་ནས་ནད་པར་སྣུམ་བསྐུ་ཞིང༌། །སྦྱངས་ཤིང་ཅུང་ཟད་ཉམས་སྨད་པའི། །ལུས་ནི་སྣུམ་བསྐུས་དུགས་བྱ་ཞིང༌། །ཟན་མ་ཟོས་ཤིང་བཀྲ་ཤིས་


DTG201_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །པུས་མོ་སླེབས་པའི་སྤང་ལེབ་ལ། །འདུག་པ་མི་ཡི་པང་པར་བརྟེན། །རོ་སྟོད་གན་རྐྱལ་བཞག་ནས་ནི། །གོས་ཀྱིས་དཀྲིས་པའི་སྟེང་དུ་བཞག །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདིར་བཀྲ་ཤིས་པ་སྟོན་པར་བྱེད་པ་དང་དེ་མ་ཐག་པ་སྟོན་པར་བཟུང་སྟེ་བཀྲ་ཤིས་ཀྱི་ཆོ་ག་ལ་སོགས་པ་བྱས་ནས་དེའི་འོག་ཏུ་ནད་པ་དེ་སྣུམ་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ནས་ནད་པ་དེ་ལྟ་བུའི་སྦྱོར་བ་དེ་འབྱུང་བར་བྱ་བའི་ཕྱིར་ལས་སུ་བྱ་བ་འདི་དག་བྱ་སྟེ། དེ་ཉིད་ཀྱི་ཚེ་ལུས་སྣུམ་གྱིས་ལེགས་པར་བསྐུ་བ་དང་ལགས་པར་སྦྱངས་པ་སྟེ། ནད་སྦྱང་ཞིང་དག་པར་བྱས་པ་དང་ལུས་ཆུང་ཟད་ཉམས་སྨད་ཅིང་ཉལ་པོ་བྲི་བ་དང་ལུས་སྣུམ་གྱིས་བསྐུས་ཤིང་དུགས་པར་བྱ་བ་དང་ཟས་མ་ཟོས་ཤིང་ཁ་ཟས་ལེགས་པར་སྤྱད་པ་དང༌། བཀྲ་ཤིས་དང་བདེ་ལེགས་ཀྱི་ཆོ་ག་བྱས་ལ་པུས་མོ་སླེབ་པ་ཙམ་དུ་སྤང་ལེབ་ལ་འདུག་པའི་པང་པར་བརྟེན་ཏེ་འདུག་པར་གྱུར་པ་ལྟེ་བ་ཡན་ཆད་ཀྱི་རོ་སྟོད་གན་རྐྱལ་དུ་བཞག་པའི་ཚུལ་གྱིས་གོས་ཟླུམ་པོར་དཀྲིས་པའི་སྟེང་དུ་ནད་པ་དེ་འདུག་ཏུ་གཞུག་པར་བྱའོ། །དེ་ནས་དེ་ཡི་སྒྱིད་ཁུང་དག །བཀུག་ནས་རས་ཀྱིས་དམ་པ་རུ། །རྟེན་གྱི་མི་དང་བཅས་པ་རུ། །བཅིངས་ཏེ་དབུགས་ནི་ཕྱུང་ནས་སུ། །ལྟེ་བ་མན་ཆད་བསྐུམས་ནས་ནི། །དེ་ཡི་གཡོན་རོལ་ཕྱོགས་སུ་ནི། །མཉེས་ལ་ཁུ་ཚུར་གྱིས་མནན་ཅིང༌། །འོག་ཏུ་ཕྱིན་པའི་བར་དུ་བཙིར། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བུས་མོ་སྒྱིད་ཁུང་ཅུང་ཟད་རས་ཀྱིས་དམ་དུ་བསྡམས་ཤིང༌། རྟེན་གྱི་མི་དང་བཅས་པར་མི་འགྱུར་བར་བཅིང་ཞིང་བསྡམས་ལ། དེའི་འོག་ཏུ་དབུགས་དབྱུང་བའི་ཚིག་ལེགས་པར་སྤྲོ་བསྲིང་ཞིང་དབུགས་བྱུང་ནས། ལྟེ་བ་མན་ཆད་ཀྱི་རོ་སྨད་ཀུན་ཀྱང་བསྐུམས་ལ་ཅུང་ཟད་མཉེས་ཏེ་ལྟེ་བ་དེའི་གཡོན་རོལ་གྱི་ཕྱོགས་སུ་མནན་ཅིང་རྡེའུ་ཇི་སྲིད་འོག་ཏུ་ཕྱིན་གྱི་བར་དུ་རིམ་གྱིས་ལེགས་པར་བཙིར་བར་བྱའོ། །དེ་ནས་གཡོན་པའི་མཛུབ་མོ་དང༌། །གུང་མོའི་སེན་མོ་བྲེག་ནས་ནི། །ཏིལ་མར་བསྐུས་ཏེ་རྐུབ་ཏུ་ནི། །སྲུབ་མཚམས་བར་དུ་གཞུག་པར་བྱ། །རྡེའུ་ལྟེ་བའི་གཉེར་མ་ནས། །ཕོ་མཚན་གཞང་བར་ཕྱིན་པར་བྱ། །དེ་ནས་ཆུ་སོའི་གནས་སུ་ནི། །གཉེར་མ་མེད་ཅིང་དབྱུང་སླ་བ། །སོར་མོ་གཉིས་ཀྱིས་བཙིར་ནས་ནི། །


DTG201_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་ལྟ་བུར་མཐོ་བར་བྱ། །སྲུབས་མཚམས་ནས་གང་མ་གཏོགས་པར། །གཙགས་པུས་ལེགས་པར་དྲ་ལ་ནས་ནི། །རྡེའུའི་ཚད་དུ་དབྲལ་བྱས་ལ། །ཅི་ནས་ཆག་གྲུགས་མེད་པར་ནི། །ཆ་སྤྱད་རྩེ་མོ་གུག་པ་ཡིས། །མ་ལུས་པར་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་རྗེས་ལ་ལག་པ་གཡོན་པའི་མཛུབ་མོ་དང་གུང་མོ་གཉིས་ཀྱི་སེན་མོ་བྲེགས་ཏེ། ཏིལ་མར་བསྐུས་ལ་ཤིན་ཏུ་འཇམ་པོར་བྱས་ནས་ནད་པའི་རྐུབ་ཀྱི་ནང་དུ་བཅུག་སྟེ་མཚན་གྱི་འོག་སྲུབས་ལྟ་བུའི་བར་དུ་གཞུག་ཅིང་ཕྱིན་པར་བྱས་ལ་དེའི་འོག་ཏུ་རྡེའུ་དེ་ལྟེ་བའི་གཉེར་མ་བཙིར་ཞིང་ཕུལ་ལ་ཕོ་མཚན་དང་གཞང་གི་བར་གྱི་སྲུབས་མཚམས་ཡོད་པ་ལྟ་བུར་ཕྱིན་པར་བྱ་ཞིང་བསྐྱོད་ལ་དེ་ནས་མདོམས་ཀྱི་བར་དུ་ཆུ་སོའི་གནས་སུ་གཉེར་མ་མེད་ཅིང་པགས་པ་ཐང་ཆོད་པ་ལ་མཐོ་དམན་མེད་ཅིང་སྙོམས་ལ་དབྱུང་སླ་བ་ཁོ་ནར་བྱས་ནས་ནང་དུ་བཅུག་པའི་སོར་མོ་གཉིས་ཀྱིས་བཏེག་ཅིང་དམ་དུ་བཙིར་ལ་གནས་དེར་མདུད་པ་ཆགས་པ་ལྟར་ཏོག་ཏོག་པོ་མཐོ་བ་ཉིད་དུ་གྱུར་པར་བྱས་ལ། དེའི་འོག་ཏུ་སྲུབས་མཚམས་ལྟ་བུར་མ་གཏོགས་ཤིང་དེ་ལས་ནས་གང་ཙམ་གྱིས་བཟུར་བ་ན་གཡས་ཕྱོགས་སུ་གཙགས་བུས་ལེགས་པར་བཏབ་ཅིང་དབྲལ་བར་བྱའོ། །དེ་ཡང་རྡེའུ་ཇི་ཙམ་ཡོད་པའི་ཚད་དུ་དབྲལ་ལ་རྡེའུ་དེ་ཆག་གྲུགས་མེད་པར་དབྱུང་བར་བྱ་ལ། དེ་ཡང་ཆ་སྤྱད་རྩེ་མོ་གུག་པ་ལྕགས་ཀྱུ་ལྟ་བུ་གང་ཡིན་པ་དེས་རྡེའུ་མ་ལུས་བར་ལེགས་པར་དབྱུང་བར་བྱའོ། །བུད་མེད་ཆུ་སོའི་ངོས་སུ་གནས། །དེ་ནི་མངལ་གྱི་གནས་ལ་བརྟེན། །མཐོ་བར་གྱུར་ནས་ཆ་སྤྱད་ཀྱིས། །ལེགས་པ་ཁོ་ནར་དབྲལ་བར་བྱ། །གཞན་དུ་བྱས་ན་དེ་ཡིས་ནི། །རྨ་ནས་གཅིན་ནི་འཛག་པར་བྱེད། །ཅེས་བྱ་བ་ལ། བུད་མེད་ཀྱི་ཆུ་སོ་ནི་མཚན་མའི་ངོས་གཉིས་ན་ཆགས་ཤིང་གནས་ལ་དེས་ན་མངལ་གྱི་གནས་ལ་བརྟེན་ཅིང་འདུག་པ་ཡིན་ཏེ། དེའི་ཕྱིར་དེ་མྱང་ནས་བཙིར་ཏེ་མཐོ་བར་གྱུར་པ་དང༌། ཐུང་དུ་དྲལ་བར་བྱ་ཞིང་གཅིན་འབྱུང་བའི་སྒོ་ལ་ནི་གནོད་པར་མི་བྱ་སྟེ། དེ་ལས་གཞན་དུ་བྱས་ན་བུད་མེད་དེའི་རྨ་ནས་གཅིན་འཛག་ཅིང་འབྱུང་བར་འགྱུར་རོ། །སྐྱེས་པའི་རྨ་ནི་དྲལ་ཉེས་ན། །གཅིན་འཛག་པ་དང་གཅིག་ཏུ་འགྱུར། །ཞེས་བྱ་བ་ལ། སྐྱེས་པའི་རྨ་གལ་ཏེ་དབྲལ་ཉེས་ཤིང་


DTG201_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལོག་པར་གྱུར་ན་གཅིན་འཛག་པ་དང་རྨའི་སྒོ་གཅིག་ཏུ་འགྱུར་བའི་ཉེན་ཡོད་དོ། །ཆུ་སོ་དབྲལ་བའི་རྡེའུ་རྒྱུ། །གཅིག་ལས་གྲུབ་ཀྱི་གཉིས་ལས་མིན། །ཞེས་བྱ་བ་ལ། ཡང་ཆུ་སོའི་གནས་ལས་རྡེའུ་དབྲལ་བའི་རྒྱུ་ནི་ཕྱོགས་གཅིག་ལས་དབྲལ་ན་ལས་ཀྱི་སྦྱོར་བ་འགྲུབ་པར་འགྱུར་གྱི། ཕྱོགས་གཉིས་ལས་དབྲལ་བས་ནི་ལས་དེ་འགྲུབ་ཅིང་སྐྱོན་མེད་པར་མི་འགྱུར་རོ། །ཟུག་རྔུ་ཕྱུང་ནས་ཆུ་དྲོན་གྱི། །ནང་དུ་དེ་ནི་སྤྱིངས་བར་བྱ། །དེ་ལྟར་ཁྲག་གིས་གང་མི་འགྱུར། །ཞེས་བྱ་བ་ལ། ཁོང་དུ་ཟུག་རྔུ་ལྟར་གནོད་པར་གནས་པའི་ཟུག་རྔུ་དེ་ཕྱུང་ནས་སྣོད་ཆེན་པོ་ཆུ་དྲོན་གྱིས་གང་བའི་ནང་དུ་དུགས་བྱ་བའི་ཕྱིར། སྤྱིངས་པར་བྱ་ལ་ཚུལ་དེ་ལྟར་བྱས་བའི་རྒྱུས་ཆུ་སོའི་ནང་དུ་ཁྲག་གིས་གང་བར་མི་འགྱུར་རོ། །གང་ལ་མཚན་ལས་འོ་མ་ཅན། །ཤིང་གི་ཁུ་བ་བཙིར་བར་བྱ། །ཞེས་བྱ་བ་ལ། གལ་ཏེ་ལྒང་པ་དེ་ཁྲག་གིས་གང་བར་གྱུར་ན། འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བས་ཕོ་མཚན་གྱི་ཕྱོགས་ནས་དེའི་གཅེའུ་ལས་ཁུ་བ་ནང་དུ་གཏང་བར་བྱ་ཞིང་ཅི་ནས་ཀྱང་ལྒང་པའི་ནང་དུ་ཁྲག་གིས་གང་བར་མི་འགྱུར་བ་དང་རྡེའུའི་ཕྱེ་མ་དག་གི་གནས་པའི་ཚུལ་དུ་དབྱུང་བར་བྱའོ། །དེ་ནས། དེ་ལ་འོ་མ་ཅན་གྱི་ཤིང༌། །ཨུ་དུམ་པཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་དང་པི་ཏ་ན། །པླ་ག་ཤ་ལྔ་པོའི་འོ་མ་ཅན། །ཤིང་དུ་འོ་མ་ཅན་གྱིས་བླུད། །ཤིང་དུ་སྨན་པ་རྣམས་ཀྱིས་བཤད། །ཅེས་བྱ་བ་ཡིན་ནོ། །དེ་ནས་གཅིན་ནི་དག་བྱའི་ཕྱིར། །བུར་མ་འགྲངས་པ་སྦྱིན་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གཅིན་དག་ཅིང་སྐྱོན་མེད་པར་བྱ་བའི་ཕྱིར་བུ་རམ་འགྲངས་ཤིང་ཚིམ་པའི་བར་དུ་སྦྱིན་པར་བྱའོ། །རྨ་ལ་མར་དང་སྦྲང་རྩི་བསྐུ། །དུས་གཉིས་ནས་ཐུག་མར་བཅས་པ། །དྲོ་འཇམ་གཅིན་སྐྱེད་ཞག་གསུམ་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་པ་དེའི་རྨ་སྦྲང་རྩི་དང་མར་གྱིས་བསྐུས་ལ་ནང་པར་དང་དགོངས་ཀྱི་དུས་གཉིས་སུ་གཅིན་ལ་ཕན་ཞིང་གཅིན་མང་བར་བྱེད་པའི་སྨན་རྒྱལ་མོ་ག་གོན་དང་བུ་ཤ་དང་གཟེམ་ལ་སོགས་པ་དང་བཙོས་པའི་ནས་ཐུག་མར་དང་བཅས་པ་ཅུང་ཟད་ཙམ་ཞག་གསུམ་དུ་བླུད་པར་བྱའོ། །བུ་རམ་མང་པོའི་འོ་མ་དང༌། །འབྲས་ཆན་ཉུང་ཟད་ཞག་བཅུ་སྦྱིན། །ཞེས་བྱ་བ་ལ། ཞག་གསུམ་


DTG201_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ནས་ཞག་བཅུའི་བར་དུ་བུ་རམ་མང་པོ་བཏབ་པའི་འོ་མ་ཉུང་ཤས་དང་འབྲས་ཆན་ཉུང་ཤས་སྦྱིན་པའོ། །དེ་ནས་འབྲས་བུ་སྐྱུར་བ་དང༌། །སྐམ་སའི་སྲོག་ཆགས་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། ཞག་བཅུ་འདས་ནས་དེ་ཡན་ཆད་ནི་འབྲས་བུ་སྐྱུར་པོ་སེའུ་འབྲུ་ལ་སོགས་པ་དང་སྦྱར་བའི་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་དང་སྦྱར་བའི་འབྲས་ཆན་ཉུང་ཤས་ཙམ་སྦྱིན་པར་བྱའོ། །འོ་མ་ཅན་ཤིང་ཁུ་བ་ཡིས། །རྨ་ནི་བཀྲུས་ནས་བཙོད་དང་ནི། །ཤིང་མངར་པྲ་པུཎྜ་རཱི་ཀ །སེང་ཕྲོམ་དཀར་པོས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྨ་དེ་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བས་རྨ་བཀྲུས་ནས་བཙོད་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །རྨ་བསྐུའི་སྨན་ནི་འདི་དག་ཉིད། །སྐྱེར་བཅས་ཏིལ་མར་བསྐོལ་ཏེ་བསྐུ། །ཞེས་བྱ་བ་ལ། རྨ་བསྐུ་བ་ནི་བཙོད་ལ་སོགས་པ་བཤད་མ་ཐག་པ་འདི་དག་ཉིད་སྐྱེར་པ་དང་བཅས་པ་ཏིལ་མར་བསྐོལ་བ་དེས་ཀྱང་རྨ་བསྐུ་བར་བྱའོ། །འདི་ཡིས་རྨ་ཞག་བཅུ་དུགས་བྱ། །ཞེས་བྱ་བ་ལ། ཡང་ནད་པའི་རྨའི་ནང་དུ་སྦྲང་རྩི་བཅུག་ཅིང་ཞག་བཅུའི་བར་དུ་དུགས་བྱའོ། །གཅིན་གྱི་ལམ་ནི་ཞག་བདུན་དུ། །རང་གི་ལམ་ནས་མ་བྱུང་ན། །རྡེའུ་འི་རྨ་ནི་མེ་ཡིས་བསྲེགས། །ཞེས་བྱ་བ་ལ། ཞག་བདུན་ནས་གཅིན་རྒྱུ་བའི་རང་གི་ལམ་ཕོ་མཚན་ལས་བྱུང་བར་མ་གྱུར་ན་རྡེའུ་དབྲལ་བའི་རྨ་དེ་རྨ་དེ་སྨན་པས་མེས་བསྲེག་པར་བྱའོ། །རང་གི་ལམ་ནས་བྱུང་གྱུར་ནས། །ཕལ་ཆེར་མས་གཏོང་མངར་བས་གསོ། །ཞེས་བྱ་བ་ལ། གཅིན་རང་གི་ལམ་ནས་བྱུང་བར་གྱུར་ནས། ནད་པ་དེ་ལ་ཕལ་ཆེར་དེ་མང་དུ་མངར་བའི་སྨན་དང་བསྐོལ་བའི་མས་གཏོང་བ་གསུམ་པོ་མས་གཏོང་བ་གོང་མ་དང་འཇམ་རྩི་དང་ནི་རུ་ཧས་གསོ་བར་བྱའོ། །རྨ་དེ་འཚོ་བས་ཀྱང་ལོ་གཅིག་བར། །རི་བོ་གླང་པོ་རྟ་དང་ནི། །ཤིང་ལ་འཛེག་བར་མི་བྱ་ཞིང༌། །ཤིང་རྟར་མི་ཞོན་ཉལ་པོ་སྤང༌། །ཆུ་ལ་རྒྱལ་བར་མི་བྱའོ། །ཞེས་བྱ་བ་ལ། རྡེའུ་བཏོན་པའི་ནད་པ་དེའི་རྨ་དེ་འཚོབས་ཤིང་སོབས་པར་གྱུར་ཀྱང་ལོ་གཅིག་གི་བར་དུ་རི་བོ་ལ་སོགས་པ་ལ་འཛེག་ཅིང་ཞོན་བར་མི་བྱེད་པ་དང༌། རྐྱལ་བའི་བར་དུ་མི་བྱའོ། །ཁུ་ཆུ་གཅིན་རྒྱུ་ལྒང་པ་དང༌། །རླིག་སྦུབས་མཚམས་སྲུབས་གཞང་དང་ནི། །ཕོ་མཚན་མོ་མཚན་རྩེ་མོ་སྟེ། །བརྒྱད་པོར་མཚོན་


DTG201_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གདབ་མི་བྱ། །ཞེས་བྱ་བ་ལ། རྡེའུ་འབྱིན་པའི་མཚོན་གྱི་ལས་བྱེད་པ། ཁུ་ཆུ་རྒྱུ་བ་དང༌། གཅིན་རྒྱུ་བའི་གནས་དང་ལྒང་པ་རླིག་པའི་ནང་ནི་སྦུབས་མཚམས་ཀྱི་སྲུབས་དང་ཕོ་མཚན་དང་མཚན་དང་མོ་མཚན་གྱི་རྩེ་མོ་འཛག་པའི་ས་བརྒྱད་པོ་དེ་དག་ཏུ་མཚོན་གྱིས་བཏབ་པར་མི་བྱ་སྟེ། གཙགས་བུས་གདབ་པ་སྤང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ཀྱི་ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན་སྙི་བ་ཟ་ཁུའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་འདིའི་གསོ་བ་བརྩམས་པ་ཡིན་ཏེ། ཟ་ཁུ་ཅན་ནི་སྟོབས་ལྡན་ལ། །དང་པོ་སྐྱུག་སྨན་བཀྲུ་སྨན་ནི། །སྣུམ་ཅན་ཡུངས་ཀར་ཨ་རིཥྚ། །བ་རུ་ར་དང་ཀར་ཉྫའི། །སྣུམ་དང་གཟེ་མ་ཏིལ་མར་བསྐོལ། །རང་སྨན་ཇི་བཞིན་བསྐོལ་བ་ཡི། །སྣུམ་ཅན་སྐྱུག་སྨན་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། གཅིན་ནད་ཅན་གྱི་མི་ཉམས་སྟོབས་དང་ལྡན་པ་ནི། དང་པོ་ཁོ་ནར་གསོ་བ་གཞན་པས་སྔར་སྐྱུག་སྨན་དང་བཀྲུ་སྨན་གཏང་བར་བྱའོ། །དེ་ཡང་ཡུངས་ཀར་ལ་སོགས་བ་ལས་བྱུང་བའི་སྣུམ་མམ། གཟེ་མ་ལ་སོགས་པའི་སྨན་མར་འདི་ཉིད་ཀྱི་འོག་ནས་བཤད་པ་རང་གི་སྨན་དང་ཇི་ལྟ་བ་བཞིན་དུ་བསྐོལ་བའི་ཏིལ་མར་གྱིས་སྣུམ་གྱི་ཆོ་ག་བྱའོ། །གླ་སྒང་ཐང་ཤིང་དོང་གྲ་བཅུག །བྱེའུ་རུག་ལ་སོགས་ཁུ་བ་ཡི། །འཇམ་རྩི་དེ་ནས་གཏང་བར་བྱ། །ཞེས་བྱ་བ་ལ། དེ་ནས་ཉམས་བརྟས་ལ་གླ་སྒང་ལ་སོགས་པའི་ལྡེ་གུར་བཅུག་བའི་བྱིའུ་རུག་པ་ལ་སོགས་པའི་ཁུ་བ་དང་བསྐོལ་བའི་འཇམ་རྩི་གཏང་བར་བྱའོ། །མཁྲིས་པ་ནྱ་གྲོ་དྷ་ལ་སོགས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་གཅིན་ནད་ཟ་གུ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་སྨན་དང་བསྐོལ་བའི་འཇམ་རྩི་བྱའོ། །སྦྱངས་ནས་ཤ་ཁུས་བརྟ་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྦྱངས་པ་བྱས་པའི་གཅིན་ནད་དེ་ལ་སྐམ་སའི་ཤ་ཁུས་བརྟ་བར་བྱའོ། །གཅིན་ནད་དང་ནི་སྐྲན་དང་ནི། །སྐེམ་ཞིང་ཉམས་མི་སྨད་པ་འབྱུང༌། །དེ་བས་རྗེས་འབྲེལ་བསྲུང་བའི་ཕྱིར། །ཞི་བར་བྱ་བ་གཏང་བར་བྱ། །ཞེས་བྱ་བ་ལ། གཅིན་


DTG201_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྙི་བའི་ནད་དང་ལྡན་པ་ལ་ཁྱད་པར་དུ་ནི་གཅིན་སྲི་བ་དང༌། ལྒང་བ་དང་ཕོ་མཚན་ན་བ་དང་སྐྲན་ལ་སོགས་བ་འབྱུང་བར་འགྱུར་བས་དེའི་ཕྱིར་ནད་དང་རྗེས་སུ་འབྲེལ་པ་དེ་ལས་བསྲུང་ཞིང་ཞི་བར་བྱ་བའི་ཕྱིར་སྨན་འོག་ནས་འབྱུང་བ་དག་གཏང་བར་བྱའོ། །སྦྱང་པ་མ་བྱས་ལ་དེ་ཉིད། །གཅིན་ནད་ཅན་ནི་ཀུན་ལ་བླུད། །ཅེས་བྱ་བ་ལ། སྐྱུག་སྨན་ལ་སོགས་བའི་སྦྱང་བ་མ་བྱས་པའི་གཅིན་ནད་ཅན་ལ་ནི། སྔར་བཤད་པའི་སྨན་གྱི་ཁུ་བ་དེ་དག་ཉིད་གཅིན་སྙི་བའི་ནད་ལ་བླུད་བར་བྱའོ། །སྐྱེར་བ་སྐྱུ་རུ་ར་བསྐོལ་ཁུ། །སྦྲང་རྩིར་བཅས་པ་ནད་པར་བླུད། །ཅེས་བྱ་བ་ལ། སྐྱུ་རུ་ར་དང་སྐྱེར་པ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པར་བྱའོ། །སྐྱེར་པ་ཐང་ཤིང་འབྲས་བུ་གསུམ། །གླ་སྒང་ཆུ་བསྐོལ་བླུད་བའང་ཕན། །ཞེས་བྱ་བ་ལ། ཡང་ན་གཅིན་སྙི་བའི་ནད་ལ་སྐྱེར་པ་ལ་སོགས་པ་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཙི་ཏྲ་སྐྱེར་པ་འབྲས་བུ་གསུམ། །དུག་མོ་ཡུངས་ནི་སྤྲད་རྩིར་བཅས། །ཞེས་བྱ་བ་ལ། ཡང་ན་ཀྲུ་ཏྲུག་ཏྲེས་ལ་སོགས་པའི་སྨན་བསྐོལ་བ་སྦྲང་རྩི་དང་བཅས་པ་བྱིན་ན་ཡང་ཕན་ནོ། །ཡང་ན་སླེ་ཏྲེས་སྐྱུ་རུ་ར། །སྦྲང་རྩིར་བཅས་པའི་ཁུ་བའང་ཕན། །ཞེས་བྱ་བ་ལ། ཡང་སླེ་ཏྲེས་སམ། སྐྱུ་རུ་ར་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་ན་ཡང་ཕན་ནོ། །སེང་ཕྲོམ་གླ་སྒང་ཀང་པ་ལ་དང་ཨ་རུ་ར། །པ་ཏ་བྱི་ཚེར་བྱི་དང་ག་དང་ཨརྫུ་ན། །སེང་ལྡེང་སྐྱེར་པ་བྱི་དང་ག་དང་དར་བ་བསྐོལ། །ཁུ་བ་གསུམ་པོ་སྦྲང་རྩིར་བཅས་བས་བད་ཀན་སེལ། །ཞེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པའི་ཚིག་རྐང་གསུམ་གྱིས་སྨོས་པའི་སྨན་བསྐོལ་བའི་ཁུ་བ་གསུམ་པོ་དེ་དག་བད་ཀན་ལས་གྱུར་པའི་གཅིན་སྙི་བའི་ནད་ལ་ཕན་ནོ། །མཁྲིས་གྱུར་པུ་ཤེལ་སེང་ཕྲོམ་ཙནྡན་ཨ་རྫུན། །ནིམ་པ་བ་ཏོ་ལ་དང་སླེ་ཏྲེས་སྐྱུ་རུ་ར། །སེང་ཕྲོམ་བ་ལ་ཀ་དང་སྐྱེར་པ་ད་ཏ་ཀའི། །གསུམ་པོ་དེ་དག་བསྐོལ་བ་སྦྲང་རྩིར་བཅས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་ལ་ནི་དུ་ཤེལ་ཙི་ལ་སོགས་པ་ཚིག་རྐང་གསུམ་གྱིས་བཤད་བའི་སྨན་གྱི་ཁུ་བ་གསུམ་བླུད་ན་ཕན་ནོ། །འདི་དག་ཇི་བཞིན་ཟས་སྐོམ་དང༌། །ནས་དང་གྲོ་དང་སྦྱར་བ་དང༌། །རླུང་ཤས་ཆེ་བའི་གཅིན་སྙི་


DTG201_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྣུམ་དང་སྦྱར་ཏེ་སྦྱིན་པར་བྱ། །ཞེས་བྱ་བ་ལ། སྨན་ཁུར་བསྐོལ་བའི་སྨན་འདི་དག་གིས་ནད་དམིགས་ཇི་བཞིན་དུ་ཟས་སྐོམ་ལ་སོགས་པ་དང་སྦྱར་ཏེ་བཏང་བ་དང་ཡང་ཕན་ལ་རླུང་ཤས་རྒྱས་པར་གྱུར་བའི་གཅིན་སྙི་བ་ལ་ནི་སྨན་འདི་དག་ཉིད་སྣུམ་དང་སྦྱར་ཏེ་སྦྱིན་པར་བྱའོ། །ལྕི་བ་རྟ་རྟུག་ལས་བྱུང་བའམ། །འོད་མ་ལས་ནི་སྐྱེས་བ་དག །ཁུར་བ་ཟན་དྲོན་ཆག་ཚེ་སོགས། །ནས་ལས་བྱས་བའི་ཟན་ཀྱང་བན། །ཞེས་བྱ་བ་ལ། བ་ལང་གི་ལྕི་བ་དང་རྟ་སྦངས་ལས་བྱུང་བའི་ནས་སམ་འོད་མ་ལས་སྐྱེས་པའི་ནས་གང་ཡང་རུང་བ་དག་ཁུར་སྐྱ་དང་ཟན་དྲོན་ལ་སོགས་པར་བྱས་ཏེ་བྱིན་ན་ཡང་ཕན་ནོ། །རྩ་འབྲུ་མུངྒ་ལ་སོགས་དང༌། །འབྲས་རྙིང་དྲུག་ཅུ་བ་རྙིང་ཕན། །ཞེས་བྱ་བ་ལ། རྩ་འབྲུའི་རྣམ་བ་དང་ཁྲེ་དང་ཅི་ཙེ་ལ་སོགས་བ་དང་མུངྒ་ལ་སོགས་པ་གང་བུ་ཅན་གྱི་འབྲུའི་སྡེ་ཚན་ལ་སོགས་པ་དང༌། འབྲས་རྙིང་པ་ལོ་གཅིག་ལོན་པ་དང་འབྲས་དྲུག་ཅུ་པ་རྙིང་པ་ལས་བྱས་པའི་ཁ་ཟས་ཀྱང་གཅིན་སྙི་བའི་ནད་ལ་ཕན་ནོ། །ཡུངས་ཀར་ཏིལ་བཙིར་ལས་བྱུང་བའམ། །སྦྱར་ཐུག་སྐྱུར་དང་བཅས་པའམ། །ཞེས་བྱ་བ་ལ། ཡུངས་ཀར་དང་ཏིལ་བཙིར་བའི་འབའ་ཆ་ལས་གཡོས་སུ་བྱས་པའམ། སྦྱར་ཐུག་ཁ་ལ་ཀ་ཞེས་བྱ་བ་བསྐྱུར་དང་བཅས་བ་ཡང་དེའི་ནད་ལ་ཕན་ནོ། །ཀ་པིད་ཐ་དང་ཏིན་ཏུ་ཀ །འཛམ་བུ་དེ་སྦྱར་བཏུང་བ་དང༌། །ཞེས་བྱ་བ་ལ། ཡང་ཀ་པིད་ཐ་ལ་སོགས་བའི་ཤིང་ཐོག་སྦྱིན་པའམ། ཡང་ན་དེ་དང་སྦྱར་བའི་བཏུང་བ་རོ་དྲུག་བ་ཞེས་བྱ་བ་བྱིན་ན་ཡང་ཕན་ནོ། །ཚོད་མ་ཁ་བོ་སྦྲང་རྩི་དང༌། །འབྲས་བུ་གསུམ་ཟན་བཟའ་བ་སྐམ། །ཞེས་བྱ་བ་ལ། བ་ཏོ་ལ་དང་ས་བ་ཏ་ལ་ལས་བྱས་པའི་ཚོད་མ་རོ་ཁབ་ལ་སོགས་པ་དང་བཟའ་བ་སྐམ་བོ་སྟེ། ལ་དུ་དང་སྣུམ་ཁུར་ལ་སོགས་པ་ཡང་ཕན་ནོ། །སྐམ་སའི་ཤ་ནི་བསྲེགས་པ་དང༌། །སྐམས་པའམ་ལྕགས་དང་གཡོས་པ་དང༌། །ཞེས་བྱ་བ་ལ། ཡང་ན་སྐམ་སའི་ཤ་ཐུར་མ་ལ་བསྐྱོན་ཏེ་བསྲེགས་པ་བསྐམས་ཤིང་གཤེར་བག་མེད་པར་བྱས་པའམ། ཡང་ན་ལྕགས་དང་གསུར་ཞིང་གཡོས་པའི་བཏུང་བ་འདི་ཉིད་ཀྱི་འོག་ནས་བཤད་པ་ཡིན་ནོ། །རྒུན་ཆང་ཆང་རྙིང་མནན་ཆང་རྙིང༌། །རྒུན་ཆུ་བསྐོལ་བ་ལས་བྱུང་བླུད། །ཅེས་བྱ་བ་ལ། ཡང་


DTG201_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་ཆང་དང་ཆང་རྙིང་པ་དང་སྨན་ལ་སོགས་པའི་ཁུ་བ་ཡུན་རིང་དུ་མནན་པའི་ཆང་ཡང་ཕན་ནོ་དེ་དག་ཀྱང་རྙིང་པ་ཁོ་ན་ཕན་ནོ། །ཡང་ན་ཆུ་བསྐོལ་བ་ལས་གྱུར་པའི་རྒུན་ཆད་བླུད་ན་ཡང་ཕན་ནོ། །ཨ་ས་ན་སོགས་བསྐོལ་བའི་ཆུ། །འཇག་མ་བསྐོལ་ཆུ་སྦྲང་རྩིའི་ཆུ། །ཞེས་བྱ་བ་ལ། ཨ་ན་ལ་སོགས་པའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཆུ་འམ། འཇག་མའི་རྩ་བ་བསྐོལ་བའི་ཆུའམ། སྦྲང་རྩིའི་ཆུ་བླུད་ན་ཡང་ཕན་ནོ། །འབྲས་བུ་གསུམ་ལ་མཚན་མོ་སྦངས། །ཉིན་པང་བསྐམས་ལ་དེ་ནས་ནི། །ལེགས་བར་བཏགས་པའི་ཕྱེ་དག་དང༌། །བུར་ཆང་སྦྲང་རྩིར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ནས་ཀྱི་ནང་དུ་འབྲས་བུ་གསུམ་བསྐོལ་ལ་ཆུ་དེ་མཚན་གཅིག་བཞག་ནས་དེ་སྤངས་ལ་ཉིན་པར་བསྐམས་ཏེ་ལེགས་པར་ཕྱེར་བྱས་ཏེ་བུར་མ་ཆང་སྦྲང་རྩིར་བཙོས་ཏེ་བླུད་ན་ཡང་ཕན་ནོ། །སཱ་ལ་ལོ་མ་བདུན་པ་དང༌། །ཀམ་བི་ལྱ་དང་བ་རུ་ར། །བྲི་ཀྵ་ཀ་དང་ཀ་པིད་ཐ། །རོ་ཧི་ནི་ཡི་མེ་ཏོག་ནི། །ཕྱེར་བཏགས་སྦྲང་རྩིར་བཅས་སྦྱིན་ནམ། །སྐྱུ་རུ་ར་ཡི་ཁུ་བ་བླུད། །བད་ཀན་མཁྲིས་པའི་གཅིན་ནད་སེལ། །ཞེས་བྱ་བ་ལ། ས་ལ་སོགས་པ་ལས་སྐྱེས་པའི་མེ་ཏོག་ཕྱེར་བཏགས་པ་སྦྲང་རྩི་དང་བཅས་པར་སྦྱིན་པའམ། ཡང་ན་སྐྱུ་རུ་རའི་ཁུ་བའི་ནང་དུ་སཱ་ལ་ལ་སོགས་པའི་མེ་ཏོག་བཏབ་སྟེ་བླུད་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་སེལ་ཏོ། །གཟེ་མ་སྐྱེར་པ་སེང་ཕྲོམ་དང༌། །ཤུ་དག་ཀད་པ་ལ་ཨ་རྫུན། །ཤུག་པ་ལུང་ཐང་ཨ་སྨན་ཏ། །ཙནྡན་དང་ནི་ཨ་ཀ་རུ། །ལ་ལ་ཕུད་དང་བ་ཏོ་ལ། །ག་དུར་བོང་ང་གོ་བྱེ་བཙོད། །བད་ཀན་རླུང་ལ་ཏིལ་མར་བཅས། །མཁྲིས་པར་མར་དེ་འདྲེན་མར་བཙོས། །ཞེས་བྱ་བ་ལ། གཟེ་མ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང༌། ཏིལ་མར་བསྐོལ་བ་བླུད་ན་རླུང་དང་བད་ཀན་ལས་གྱུར་བའི་གཅིན་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་བའི་གཅིན་ནད་ལ་ནི་སྨན་འདི་དག་ཉིད་མར་དུ་བཙོས་པ་སྦྱིན་པར་བྱའོ། །ནད་གཞི་གསུམ་ཆར་འདྲེས་པ་ལ་ནི་སྨན་དེ་དག་མར་དང་ཏིལ་མར་འདྲེས་མར་བཙོས་ཏེ་བླུད་པར་བྱའོ། །རྩ་བ་བཅུ་པ་ཟིར་དཀར། །དན་ཏི་ཐང་ཤིང་བ་སྤྲུ་གཉིས། །སྣུ་ཧ་ཨརྐའི་རྩ་བ་དང༌། །བྷུ་ཀའི་དམ་པ་ཨ་རུ་ར། །གོ་བྱེ་ཀ་རཉྫའི་རྩ་བ། །བ་རན་ཡི་རྩ་བ་དང༌། །པི་པི་ལིང་རྩ་མ་ནུའི་རྩ། །རེ་རེ་སྲང་ནི་བཅུ་


DTG201_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང༌། །ནས་དང་རྒྱ་སྲན་རྒྱ་ཤུག་ལས། །བྲེ་གསུམ་ཆུ་ནི་བརྒྱད་འགྱུར་དང༌། །བསྐོལ་ལ་བཞི་ཆ་ལུས་པ་དང༌། །དེ་དག་པི་པི་ལིང་གཉིས་དང༌། །དབྱི་མོ་ལྕང་མ་རོ་ཧི་ཤ །དུར་བྱིད་བྱི་དང་ཀམ་བི་ལྱ། །ག་བྲའི་རྩ་བ་བཅའ་སྒ་དང༌། །མར་བྲེ་གང་དུ་བསྐོལ་བ་ཡིས། །གཅིན་སྙིའི་ནད་ནི་དེ་ཉིད་དང༌། །འབྲུམ་ཕྲན་དུག་དང་སྐྱ་རྦབ་དང༌། །ཁོང་འབྲས་སྐྲན་དང་གཞང་འབྲུམ་དང༌། །འོར་ནད་སྐེམ་དང་དབྱིག་དུག་དང༌། །དམུ་རྫིང་ལུད་པ་དབུགས་མི་བདེ། །སློན་དང་ཚིལ་ཆེས་མཆེར་བའི་ནད། །དྲེག་མཛེ་སྨྱོ་བྱེད་བརྗེད་བྱེད་འཇོམས། །མར་འདི་ཐང་ལ་འབར་གྱི་ཡིན། །ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་བཅུ་བཅུ་ནས་སོགས་པ་གསུམ་ལས་བྲེ་རེ་རེ་དེ་ཐམས་ཅད་ཀྱི་ཆུ་བརྒྱད་འགྱུར་དང་བསྐོལ་ལ་དེ་ལས་བཞི་ཆ་ལུས་པའི་སྨན་གྱི་ཁུ་བའི་ནང་དུ་པི་པི་ལིང་རྣམ་གཉིས་ལ་སོགས་པའི་ལྡེ་གུ་དང་བཅས་པའི་མར་བྲེ་གང་བསྐོལ་བར་བྱའོ། །མར་དེ་བླུད་ན་ནི་གཅིན་སྙི་བའི་ནད་དེ་དག་ཐམས་ཅད་དང་འབྲུམ་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །མར་འདི་ནི་དྲང་སྲོང་ཆེན་པོ་ཐང་ལ་འབར་གྱིས་བཤད་པ་ཡིན་ནོ། །སྣུ་ཧ་དང་ཀ་རཉྫ་ལ་སོགས་པའི་ནི་རྩ་བ་གཞུག་པར་བྱའོ། །སེང་ཕྲོམ་མུར་བ་བྱི་དང་ཀ ། ཟུར་པ་རྒྱ་སྤོས་ག་བྲའི་རྩ། །ཆུ་སྲིན་སེན་མོ་དུག་མོ་ཡུངས། །གླ་བ་རུ་རྟ་པྲི་ཡང་ཀུ། །གླ་གོར་ཞོ་ཤ་ཙི་ཏྲ་ཀ །བོང་ང་བི་ཤ་ལ་གཉིས་དང༌། །དྲི་བཟང་བཞི་དང་རྩ་མཁྲིས་དང༌། །པུ་ཤེལ་ཙེ་དང་ལ་ལ་ཕུད། །པ་ཏ་པུཥྐར་མཱུ་ལ་དང༌། །པི་པི་ལིང་གི་རྩ་བ་དང༌། །དབྱི་མོ་དང་ནི་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་ཆུ་བྲེ་ནི། །བཅུ་དྲུག་ལ་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པའི་ནང་དུ་ནི། །སྦྲང་རྩི་བྲེ་དོ་བཅུག་ནས་ནི། །ཟླ་ཕྱེད་ལེགས་པར་བཞག་པ་ཡི། །སེང་ཕྲོམ་མནན་ཆང་གཅིན་སྙི་དང༌། །གཞང་འབྲུམ་མཛེ་དང་ཡི་ག་འཆུས། །སྲིན་བུ་སྐྱ་རྦབ་ཕོ་བའི་ནད། །ཚིལ་ཆེས་པ་ཡི་ནད་སེལ་བྱེད། །ཅེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་དེ་ལས་བཞི་ཆ་ལུས་པ་དང་དེ་ཚགས་ཀྱིས་བཙགས་ལ་བསྒྲངས་པའི་ནང་དུ་སྦྲང་རྩི་བྲེ་དོ་བཅུག་ནས་མར་བཅུག་པའི་སྣོད་དུ་ཟླ་


DTG201_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱེད་ཀྱི་བར་དུ་ལེགས་པར་མནན་ནས་བཞག་པ་འདི་ནི་སེང་ཕྲོམ་གྱི་མནན་ཆང་ཨ་ས་བ་ཞེས་བྱ་བ་ཡིན་ཏེ། དེ་ལས་རན་པར་འཐུངས་ན་གཅིན་སྙི་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །ཨ་ས་ན་ལ་སོགས་པའི་སྡེ། །སྣ་རེ་སྲང་ནི་ཉི་ཤུ་དག །ཆུ་བྲེ་ཉིས་བརྒྱ་ལྔ་བཅུ་དྲུག །བསྐོལ་བ་བཞི་ཆ་ལུས་པ་དང༌། །བུ་རམ་སྲང་ནི་ཉིས་བརྒྱ་དང༌། །སྦྲང་རྩི་བྲེ་དོ་གཞུག་པ་དང༌། །དུག་མོ་ཡུངས་སོགས་ལྡེ་གུ་ནི། །སྲང་རེའི་ཚད་ནི་བཅུག་པ་སྟེ། །སྦྲང་རྩི་པི་པི་ལིང་གི་ཕྱེ། །མར་གྱིས་བསྐུས་པའི་སྣོད་དག་ནི། །རྒྱ་སྐྱེགས་བསྐུས་པར་བཅུག་ནས་ནི། །ནས་ཀྱི་ནང་དུ་བཅུག་ནས་སུ། །ལྕགས་ནི་རྣོ་ལ་སྲབ་པ་དག །སེང་ལྡེང་གི་ནི་མེ་མདག་བསྲེགས། །ཇི་སྲིད་ལྕགས་ནི་ཟད་པའི་བར། །མང་དུ་དེར་ནི་གཞུག་པར་བྱ། །ལྕགས་ལས་བྱས་པའི་ཆང་མནན་བླུད། །སྔོན་པས་ཡོན་ཏན་ལྷག་པ་ཡིན། །ཞེས་བྱ་བ་ལ། ཨ་ས་ན་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་ཉི་ཤུ་ཉི་ཤུར་བྱས་པ་ཆུ་བྲེ་ནི་བརྒྱད་ལ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཡོད་དེ་དེའི་ནང་དུ་བསྐོལ་བ་ནས་རྒྱ་སྐྱེགས་བསྐུས་ཤིང་བྱུགས་པའི་སྣོད་ཀྱི་ནང་དུ་བཞག་པའི་བར་དུ་བྱས་ལ་དེ་ལྟར་ལྕགས་རྣོན་པོ་ལས་བརྡུངས་པའི་སྤྱད་སྲབ་མོ་ལེབ་ལེབ་མོར་བྱས་ལ་སེང་ལྡེང་གི་མེ་མདག་གིས་བསྲེགས་པ་དེའི་བར་དུ་ལྕགས་ཟད་ཀྱི་བར་དུ་བཅུག་ལ་ཟླ་བ་གསུམ་མམ་བཞིའི་ནང་དུ་མནན་ནས་དེ་ལྟ་བུའི་ཆང་བླུད་ན་མནན་ཆང་དེ་ནི་སྔར་གྱི་སེང་ཕྲོམ་གྱི་མནན་པའི་ཆང་བས་ཡོན་ཏན་ཆེས་ལྷག་པ་ཡིན་ནོ། །རྩུབ་པ་དྲིལ་ཕྱིས་དམ་དུ་བསྡམས། །དྲག་ཤུལ་མཚན་མོ་གཉིད་མི་ལོག །ཚིལ་དང་བད་ཀན་འཇོམས་བྱེད་གང༌། །དེ་ནི་ཕྱི་ནང་ལས་བཏང་ཕན། །ཞེས་བྱ་བ་ལ། ཡང་གཅིན་སྙི་བའི་ནད་དེ་ལ་ལྡེ་གུ་རྩུབ་པས་ལུས་དྲིལ་ཞིང་ཕྱིས་པ་དང༌། དམ་དུ་བསྡམས་པ་དང༌། ལུས་ངལ་ཞིང་དུབ་པའི་དྲག་ཤུལ་གྱི་ཚད་དང༌། མཚན་མོ་ཉལ་ཞིང་གཉིད་མ་ལོག་པ་དང༌། གཞན་ཡང་བད་ཀན་དང་ཚིལ་འཇོམས་ཤིང་དབྲི་བར་བྱེད་པའི་ཁ་ཟས་དང༌། སྤྱོད་ལམ་ལ་སོགས་པ་ཕྱི་དང་ནང་ནས་བསྟེན་པ་སྟེ། དེ་ཐམས་ཅད་ལ་ཕན་པ་ཡིན་ནོ། །བྲག་ཞུན་སྲང་བརྒྱ་སྙིང་པོའི་ཆུ། །སྤངས་པ་སྙིང་པོའི་ཆུ་དང་ནི། །ལེགས་པར་བླུད་ཅིང་སཱ་ལུ་དང༌། །


DTG201_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་སའི་ཤ་ཁུར་བཅས་པ་བཟའ། །བླ་བརྣན་ཤིན་ཏུ་མང་བ་ཡི། །གཅིན་སྙིའི་ནད་ནི་ཀུན་ཀྱང་འཇོམས། །འབྲས་ཕྲེང་ཐོར་བུ་རྨེན་བུ་དང༌། །ཚིལ་ཆེས་མཛེ་དང་མཚན་བར་རྡོལ། །སྲིན་ནད་རྐང་བམ་འོར་ནད་སེལ། །འདི་ནི་བཅུད་ཀྱིས་ལེན་མཆོག་ཡིན། །ཞེས་བྱ་བ་ལ། ཨ་ས་ན་ལ་སོགས་པའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཆུའི་ནང་དུ་བྲག་ཞུན་བཟང་པོ་སྲང་བརྒྱ་ལེགས་པར་སྤངས་ལ་བཅུད་ཀྱིས་ལེན་གྱི་ཆོ་གའི་ཚུལ་དུ་སྙིང་པོའི་ཆུ་ཉིད་དང་བླུད་ལ་སཱ་ལུའི་འབྲས་ཆན་དང་སྐམ་སའི་ཤ་ཁུ་དང་བཅས་པ་བཟའ་བར་བྱིན་ན་བླ་བརྣན་གྱི་ནད་ཤིན་ཏུ་མང་པོ་དང་ལྡན་པ་ཡང་འཇོམས་པར་བྱེད་ཅིང་འབྲས་ཀྱི་ཕྲེང་བ་ལ་སོགས་པ་ཡང་སེལ་བར་བྱེད་དོ། །འདི་ནི་བཅུད་ཀྱིས་ལེན་རྣམས་ཀྱི་མཆོག་ཡིན་ནོ། །ལམ་དུ་དུགས་དང་ལྷམ་དག་ནི། །མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ་།ཆུ་ཡི་གནས་ནི་བརྐོ་པའམ། །བ་གཅིན་ལྕི་བ་བསྟེན་པའམ། །བ་ལང་དང་ནི་ལྷན་ཅིག་འཁྱམས། །ཞེས་བྱ་བ་ལ། ཡང་གཅིན་ནད་ཅན་གྱི་མིས་དུགས་དང་ལྷམ་ལ་སོགས་པ་མེད་པར་གནས་ཤིང་དྲང་སྲོང་དག་གི་ཚུལ་དུ་རྩ་བ་དང་འབྲས་བུ་ཙམ་ཟ་བ་དང་དཔག་ཚད་བརྒྱའི་བར་དུ་འགྲོ་བར་བྱ་བ་དང༌། དེ་བཞིན་དུ་ཆུའི་གནས་ཁྲོན་པ་ལ་སོགས་པ་བརྐོ་བས་ལུས་དུབ་བའམ་ཡང་ན་བ་གཅིན་འཐུངས་ཤིང་ལྕི་བ་ཟ་བའམ། བ་ལང་དང་ལྷན་ཅིག་འཁྱམས་ཤིང་འགྲོ་བར་བྱའོ། །སྐེམ་པའི་གཅིན་ནད་དག་ལ་ནི། །ཟས་དང་སྨན་ཚིལ་མི་བསྐྱེད་པས། །ཞེས་བྱ་བ་ལ། གཅིན་ནད་ཅན་སྐེམ་པོ་དག་ཚིལ་མི་སྐྱེ་ཞིང་ནད་པའི་ཁ་ཟས་དང་གྲོལ་སོགས་པས་བརྟ་བར་བྱའོ། །ཁམ་ཕོར་ལ་སོགས་འབྲས་ནད་ནི། །མ་སྨིན་སྐྲང་པའི་ནད་ལྟར་གསོ། །སྨིན་པ་ལ་ནི་རྨ་ལྟར་གསོ། །ཞེས་བྱ་བ་ལ། ཁམ་ཕོར་ཞེས་བྱ་བ་ལ་སོགས་པ་འབྲས་ཀྱི་ནད་བཅུ་པོ་མ་སྨིན་པ་དག་ནི་སྐྲང་བའི་ནད་ལྟར་གསོ་བར་བྱ་ལ་སྨིན་པ་ལ་ནི་རྨ་ཇི་ལྟར་གསོ་བ་དེ་ལྟར་གསོ་བར་བྱའོ། །དེ་ཡི་སྔོན་བྱུང་ཚུལ་ཉིད་ལ། །འོ་མ་ཅན་ཤིང་བསྐོལ་ཆུ་དང༌། །ར་ཐུག་གཅིན་ནི་བླུད་པ་བསྔགས། །གཅིན་སྙིའི་ནད་ཅན་ལྟོ་སྲ་བས། །ཕལ་ཆེར་བཀྲུ་སྨན་རྣོན་པོ་གཏང༌། །ཞེས་


DTG201_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། ཐོར་བུ་ལ་སོགས་པ་འབྲས་ནད་འདི་དག་སྔར་བྱུང་བའི་ཚུལ་ཇི་སྐད་བྱུང་བའི་ཚེ་ན་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཆུ་དང་ར་ཐུག་གི་གཅིན་བླུད་པ་བསྔགས་སོ། །གཞན་ཡང་བཀྲུ་སྨན་རྣོན་པོ་གཏང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཅིན་ནད་ཅན་ནི་ཕལ་ཆེར་ལྟོ་སྲ་བའི་ཕྱིར་རོ། །སུག་སྨེལ་སོགས་ཀྱི་ཏིལ་མར་སྦྱར། །རྨ་འཚོབ་པ་ཡི་ཆོ་ག་བྱ། །ཞེས་བྱ་བ་ལ། ཡང་ན་སུག་སྨེལ་ལ་སོགས་པའི་སྡེ་ཚན་སྐྱུག་སྨན་ལ་སོགས་པའི་སྡེའི་སྐབས་ནས་བཤད་པ་དང༌། ཏིལ་མར་བསྐོལ་བས་རྨ་འཚོབ་བ་དང་འབྱོར་བའི་ཆོ་ག་བྱའོ། །དོང་གྲ་ལ་སོགས་སྡེ་ཚན་ནི། །བཏགས་པའི་ལྡེ་གུས་དྲིལ་བར་བྱ། །ཞེས་བྱ་བ་ལ། ཡང་ན་དོང་གྲ་ལ་སོགས་པའི་སྡེ་ཚན་གྱིས་དྲིལ་བར་བྱའོ། །ཨ་ས་ན་སོགས་བསྐོལ་ཆུ་བླུད། །དུག་མོ་ཡུངས་སོགས་ཟས་སྐོམ་སྦྱར། །ཞེས་བྱ་བ་ལ། སྨན་གྱི་ཆུ་བླུད་པ་ནི། ཨ་ས་ན་ལ་སོགས་པའི་སྡེ་ཚན་བསྐོལ་བས་བྱ་ལ། ཟས་དང་སྐོམ་གྱི་སྦྱོར་བའི་ནང་དུ་དུག་མོ་ཡུངས་ལ་སོགས་པའི་སྡེ་ཚན་དང་སྦྱར་ཏེ་སྦྱིན་པར་བྱའོ། །པ་ཏ་ཐལ་ཏྲེས་ཙི་ཏྲ་ཀ །ཤ་རང་ཀ་ཏ་ཀན་ཏ་རི། །སཔྟ་པརྞི་དུག་མོ་ཡུངས། །ཀད་པ་ལ་དང་དོང་གའི་ཕྱེ། །སྦྲང་རྩིས་ལྡེ་གུར་བྱ་བའམ། །ལྕགས་དགུ་པ་ཡང་དེ་བཞིན་སྦྱིན། །ཞེས་བྱ་བ་ལ། པ་ཏ་དང་ཐལ་ཏྲེས་ཞེས་བྱ་བ་ཤ་རང་ལ་སོགས་པའི་སྨན་གྱི་ཕྱེ་མ་ཞིབ་ཏུ་བཏགས་ཏེ་སྦྲང་རྩི་དང་སྦྱར་བ་ལྡེ་གུར་བྱ་བའམ་ལྕགས་དགུ་བའི་སྦྱོར་བསྐྱ་རྦབ་གསོ་བའི་སྐབས་ནས་བཤད་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཡང་དེ་བཞིན་དུ་སྦྱིན་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་རླུགས་ཀྱི་ནང་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་གྱིས་ན་ལེའུ་འདི་བརྩམས་པ་ཡིན་ཏེ། ཁམ་བོར་ལྟ་བུ་ལ་སོགས་པའི་འབྲས་ཀྱི་ནད་ནི་གསོ་སླ་བས་ལེའུ་སྔ་མར་བཤད་པ་ཡིན་ལ། འདི་ནི་གསོ་དཀའ་བས་འདིའི་སྐབས་སུ་བརྩམས་པ་ཡིན་ནོ། །ཁོང་འབྲས་མ་སྨིན་ཐམས་ཅད་ལ། །འོར་ནད་ལྟ་བུར་གསོ་བ་དང༌། །རྒྱུན་དུ་


DTG201_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་མ་སྨིན་པ་ཐམས་ཅད་ལ་ནི་འོར་ནད་ཇི་ལྟ་བ་བཞིན་གསོ་ཞིང་ནད་གཞི་ཇི་ལྟ་བ་ལས་རྟག་པར་ཁྲག་རྒྱུན་དུ་དབྱུང་ཞིང་གཏར་གའི་ལས་བྱའོ། །སྨིན་པ་ལ་ནི་རྨ་ལྟར་གསོ། །ཞེས་བྱ་བ་ལ། ཁོང་འབྲས་དེ་སྨིན་ནས་ནི་དབྲལ་ལ་རྨའི་གསོ་བ་ཇི་ལྟ་བ་བཞིན་དུ་གསོ་བར་བྱའོ། །རླུང་ཤས་ཆེ་ལ་རྩ་བ་ལྔ། །བསྐོལ་བས་རྨ་ནི་བཀྲུ་བ་དང༌། ཐང་ཤིང་སོགས་སྡེ་ཤིང་མངར་དང༌། །ཏིལ་སྦྱར་རྒྱམ་ཚས་རྨ་བསྐུ་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་རྨ་རླུང་ཤས་ཆེ་བ་ལ་ནི་རྩ་བ་ལྔ་བསྐོལ་བའི་ཆུས་དང་པོར་བཀྲུ་ཞིང་སྦྱར་བ་དང༌། ཐང་ཤིང་ལ་སོགས་པའི་སྨན་སྡེ་དང་ཤིང་མངར་དང་ཏིལ་གྱི་ལྡེ་གུ་ལ་རྒྱམ་ཚ་བསྲེས་པས་རྨ་བསྐུ་བར་བྱའོ། །བཀྲུ་སྨན་དང་ནི་ལྡན་པ་ཡི། །དུར་བྱིད་ཀྱིས་ནི་རྣམ་སྦྱངས་ཤིང༌། །བི་ད་རི་ཡི་སྡེ་བསྐོལ་བའི། །དུར་བྱིད་ཉིད་ཀྱིས་རྨ་སྦྱོར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་གྱི་ཚོགས་དང་ལྡན་པའི་དུར་བྱིད་དང་ཞུན་མར་དང་ཚིལ་དང་རྐང་དང་བཅས་པས་སྦྱང་ཞིང་དག་པར་བྱས་ལ་བི་ད་རིའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་དུར་བྱིད་དེ་ཉིད་ཀྱིས་རྨ་འབྱོར་ཅིང་འཚོ་བར་བྱའོ། །མཁྲིས་གྱུར་འོ་མ་ཅན་ཆུས་བཀྲུ། །སླེ་ཏྲེས་ཤིང་མངར་ཏིལ་གྱིས་བསྐུ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཁོང་འབྲས་ཀྱི་རྨ་ལ་ནི་ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཆུས་བཀྲུ་ཞིང་དེའི་འོག་ཏུ་སླེ་ཏྲེས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །བཙོད་དང་རྒྱ་ཤུག་པུ་ཤེལ་ཙི། །པ་ཡ་སྱ་དང་སེར་པོ་གཉིས། །འབྲས་བུ་གསུམ་དང་ཤིང་མངར་དང༌། །འོ་མར་བཅས་པས་རྨ་འབྱོར་བྱ། །ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་རྨ་དེ་ལ་བཙོད་ལ་སོགས་པ་དང་བསྐོལ་བའི་མར་གྱིས་ཀྱང་བསྐུས་ལ་འབྱོར་པར་བྱའོ། །ཡང་ན་ནྱ་གྲོ་དྷ་སོགས་པའི། །མྱུ་གུ་ཤུན་པ་འབྲས་བུ་བསྐུ། །ཞེས་བྱ་བ་ལ། ཡང་ན་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་གྱི་མྱུ་གུ་དང་ཤུན་ལྤགས་དང་འབྲས་བུ་དང་མར་དུ་བསྐོལ་བས་བསྐུ་ཞིང་འབྱོར་པར་བྱའོ། །བད་ཀན་ལས་གྱུར་དོང་གའི་ཆུས། །བཀྲུ་ཞིང་ཕྱེ་དང་སེར་པོ་གཉིས། །དུར་བྱིད་དང་ནི་ཏིལ་གྱིས་བསྐུ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨ་ལ་ནི།


DTG201_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དོང་ག་ལ་སོགས་པའི་ཆུས་བཀྲུ་ཞིང་འཁྲུགས་པ་དང་ནས་ཕྱེ་དང་སེར་པོ་གཉིས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཡང་ན་རྒྱ་སྲན་དན་ཏི་ཡི། །ཤ་མ་དུར་བྱིད་ཙི་ཏྲ་ཀ །སེང་ཕྲོམ་རྒྱམ་ཚ་བ་གཅིན་བཅས། །ཏིལ་མར་གྱིས་ནི་རྨ་འཚོ་བ་བྱ། །ཞེས་བྱ་བ་ལ། ཡང་ན་རྒྱ་སྲན་ཀུ་ལངྠ་ཞེས་བྱ་བ་ལ་སོགས་པའི་སྨན་དང་སྦྱར་བའི་ཏིལ་མར་གྱིས་བསྐུས་ལ་རྨ་འཚོབ་བར་བྱའོ། །ཁྲག་དང་གློ་བུར་ལས་གྱུར་པ། །མཁྲིས་པའི་ཁོང་འབྲས་ལྟ་བུར་གསོ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་བ་དང༌། གློ་བུར་དུ་སྣད་པར་གྱུར་བའི་ཁོང་འབྲས་ལ་ནི་མཁྲིས་པ་ལས་གྱུར་པའི་ཁོང་འབྲས་དང་མཐུན་པའི་གསོ་བ་བྱའོ། །མ་སྨིན་ནད་དུ་བྱུང་བ་ལ། །བ་ར་ཎ་སོགས་སྡེ་བསྐོལ་བར། །ཨུ་ཤ་ཀ་ཡི་སྡེ་ཚན་བཏབ། །སྔ་དྲོ་ཁོང་འབྲས་ཅན་ལ་བླུད། །ཅེས་བྱ་བ་ལ། ཁོང་འབྲས་ནང་དུ་བྱུང་ཞིང་སྨིན་པར་མ་གྱུར་པ་ལ་ནི་བ་ར་ཎ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ནང་དུ་ཨུ་ཤ་ཀ་ལ་སོགས་པའི་སྡེ་ཚན་གྱི་ཕྱེ་མ་བཏབ་པ་སྔ་དྲོ་བད་ཀན་གྱི་དུས་སུ་བླུད་ན་ཕན་ནོ། །བཀྲུ་སྨན་བཅས་པར་བསྐོལ་བའི་མར། །དེ་གཉིས་དང་ནི་ལྡན་པར་བླུད། །ཅེས་བྱ་བ་ལ། བཀྲུ་སྨན་གྱི་སྡེ་ཚན་དང་བསྐོལ་བའི་མར་བ་ར་ཎ་སེའི་སྡེ་ཚན་དང་ཨུ་ཤ་ཀའི་སྡེ་ཚན་དེ་གཉིས་དང་ལྡན་པར་བླུད་ཅིང་སྦྱིན་པར་བྱའོ། །ནི་རུ་ཧ་དང་སྣུམ་འཇམ་རྩི། །དེ་དག་གཉིས་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་མ་སྨིན་ཞིང་ནང་དུ་བྱུང་བའི་ཁོང་འབྲས་ལ་ནི་རུ་ཧ་དང་སྣུམ་གྱི་འཇམ་རྩི་མས་གཏོང་བ་བ་ར་ཎ་དང་ཨུ་ཤ་ཀའི་སྡེ་ཚན་དེ་གཉིས་དང་སྦྱར་བ་ཡང་ནད་དམིགས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །བཟའ་དང་བཏུང་དང་བསྐུ་བ་ལ། །སྦྲང་རྩི་ན་ལེ་ཤ་མ་དཀར་སྦྱར། །ནད་དམིགས་ཇི་བཞིན་བླུད་ན་ནི། །ཁོང་འབྲས་མ་སྨིན་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྦྲང་རྩི་ལ་སོགས་པའི་བཟའ་བཏུང་ལ་སོགས་པ་བཏང་ན་ཡང་ཕན་ནོ། །ཀྱི་ལྕེ་ནིམ་པ་འབྲས་བུ་གསུམ། །ཤིང་མངར་བུ་ཙེ་ཤེལ་ཆ་མཉམ། །དུར་བྱིད་པ་ཏོ་ལའི་རྩ་བ། །རེ་རེ་ཆ་ནི་བཞི་བར་བྱ། །སྲན་ཆུང་སྦུན་བ་མེད་སྲང་བརྒྱད། །དེ་བསྐོལ་མར་དང་བཅས་བ་བླུད། །ཁོང་འབྲས་སྐྲན་དང་མེ་དཔལ་དང༌། །ལུས་ཚ་རྨོངས་བག་མྱོས་རིམས་འདེབས། །སྐོམ་དང་


DTG201_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལ་སློན་སྙིང་ནད་དང༌། །ཁྲག་མཁྲིས་མིག་སེར་མཛེ་ནད་སེལ། །ཞེས་བྱ་བ་ལ། ཀྱི་ལྕེ་བ་ལ་སོགས་པ་ཆ་མཉམ་པར་བྱས་ལ་དུར་བྱིད་ལ་སོགས་པ་རྫས་སྔ་མ་དང་པོའི་ཆ་ལས་དཔགས་ཏེ་རེ་རེ་ཞིང་བཞི་ཆ་བཞི་ཆར་བྱས་པ་ལ་སྲན་ཆུང་སྣུམ་དང་ཤུན་པ་མེད་པ་ལས་སྲང་བརྒྱད་བཅུག་སྟེ། དེ་རྣམས་བསྐོལ་བ་མར་དང་བསྲེས་བ་བླུད་ན་ཡང་ཁོང་འབྲས་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །གཞུང་རྩོམ་པར་བྱེད་པ་པོས་སྦྱོར་བ་འདི་ཉིད་བསྡུས་པ་ལས་གཞན་དུ་བཤད་དེ། འབྲས་བུ་གསུམ་དང་ནིམ་པ་དང༌། ཤིང་མངར་དང་པུ་ཤེལ་ཙེ་དང་པ་ཏོ་ལ་ཞོ་ཕྱེད་ཕྱེད་དུར་བྱིད་དང་ཀྱི་ལྕེ་བ་ཞོ་གཉིས་སྲན་ཆུང་སྲང་གཅིག་ཆུ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ་བཙགས་པའི་ཁུ་བ་མར་གྱིས་བཏབ་པ་བླུད་པར་བྱའོ། །ཞེས་བཤད་དོ། །ཀྱི་ལྕེ་བ་ནི་ཕུལ་གང་དག །བརྒྱད་འགྱུར་ཆུ་དང་བསྐོལ་བ་ནི། །དེ་ཡི་ཁུ་བ་ཕུལ་གང་དང༌། །སྐྱུ་རུ་ར་ཡི་ཁུ་བ་དང། །འོ་མ་མར་ནི་ཕུལ་རེ་དང༌། །ཏིག་ཏ་བྱི་ཚེར་ཀྲ་ཡན་ཏི། །གླ་སྒང་ར་མ་ཉེ་ཏ་མ་ལ། །ཙནྡན་ཨུཏྤལ་ཛི་བན་ཏི། །གཅིག་ཏུ་བསྡུས་ཏེ་བསྐོལ་བ་ཡི། །མར་དེ་ཡོན་ཏན་སྔ་མར་མཚུངས། །ཞེས་བྱ་བ་ལ། ཀྱི་ལྕེ་བ་ཕུལ་གང་ཞེས་བྱ་བ་སྲང་བཞི་ཆུ་ཕུལ་བརྒྱད་ཀྱི་ནང་དུ་བསྐོལ་ལ་ཀྱི་ལྕེ་བའི་ཁུ་བ་ཕུལ་གང་ཞེས་སྨོས་ཀྱང་གཤེར་བའི་རྫས་འདབ་ཏུ་ལྕི་དགོས་པས་ཕུལ་དོ་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་ཡང་བརྒྱད་བརྒྱད་དུ་བྱས་ཏེ། དེའི་ནང་དུ་ཏིག་ཏ་ལ་སོགས་པ་ཞོ་གཉིས་གཉིས་ཏེ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་བསྐོལ་བའི་སྨན་མར་དེ་ནི་བཤད་མ་ཐག་པའི་ཁུ་བ་སྔ་མ་དང་ཡོན་ཏན་མཚུངས་པ་ཡིན་ནོ། །རྒུན་འབྲུ་འབྲ་གོ་མ་དུ་ཀ །བི་ད་རི་དང་ཉེའུ་ཤིང་བཅས། །བ་རུ་ཤ་ཀ་འབྲས་བུ་གསུམ། །དེ་བཙོས་ཁུ་བ་མར་བསྐོལ་ལ། །འོ་མ་བུ་རམ་ཤིང་ཁུ་དང༌། །སྐྱུ་རུ་ར་ཡི་ཁུ་བ་དང༌། །ཨ་རུ་ར་ཡི་ལྡེ་གུར་བཅས། །བསྐོལ་ཏེ་བསྒྲངས་པ་དེའི་ནང་དུ། །ཁ་ར་སྦྲང་རྩི་བཞི་ཆ་བཏབ། །ཡོན་ཏན་སྔ་མ་འདྲར་ཤེས་བྱ། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྨན་བསྐོལ་བ་དང༌། འོ་མ་བུ་རམ་ཤིང་གི་ཁུ་བ་དང༌། སྐྱུ་རུ་རའི་ཁུ་བ་ཆ་མཉམ་པར་བྱས་པའི་ནང་དུ་ཨ་རུ་རའི་ལྡེ་གུ་བཅུག་སྟེ་བསྒྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་དེའི་


DTG201_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཆ་བཏབ་སྟེ་བླུད་ན་ཡང་ཀྱི་ལྕེ་བ་ལ་སོགས་པའི་ཡོན་ཏན་ཇི་སྐད་སྨོས་པ་དང་འདྲ་བར་ཤེས་པར་བྱའོ། །ནད་དམིགས་ཇི་བཞིན་རྔབས་རྭ་སོགས། །ཡང་ན་གཏར་གས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། ཡང་ན་ནང་གི་ཟུག་རྔུའི་ནད་ཇི་ལྟ་བ་ལས་རྔབས་རྭ་དང་བསྐུ་བ་དང་པད་པ་ལ་སོགས་པས་ཁྲག་དབྱུང་བའམ། ཡང་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །ཁོང་འབྲས་སྨིན་པར་གྱུར་པ་ལ། །ཁོང་པར་གནས་པ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་སྨིན་ཅིང་རྣམ་པར་གྱུར་ན་ཁོང་བར་གནས་པ་དེ་ཕྱིར་འབུར་བར་འགྱུར་ཏེ། དེ་ལྟར་ཤེས་ནས་དེ་ལེགས་པར་བཅིང་བར་བྱའོ། །གཟེར་བ་དེར་གནས་གོང་བུར་འདུག །དེ་ངོས་བཙིར་བས་ཚོར་བ་ཆུང༌། །ཚ་བ་ལ་སོགས་ཆུང་གྱུར་ན། །སྨིན་པ་ཡིན་པས་ཁོང་འབྲས་ནི། །བརྟོལ་ཏེ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། གཟེར་བ་དེ་ཉིད་དུ་གནས་གོང་བུའི་ཚུལ་དུ་གནས་པ་སྙམ་བྱེད་ན་དེའི་ངོས་ནས་རིམ་གྱིས་བཙིར་བས་ཚོར་བ་ཆུང་ཞིང་བེམ་བེམ་པོར་འགྱུར་བ་དེ་བཞིན་དུ་ཚ་བ་ལ་སོགས་པ་ཡང་ཆུང་བར་གྱུར་ན། ཁོང་འབྲས་དེ་ཆུང་བ་ཡིན་པས་གཙགས་སྤྱད་གདབ་པའི་སྐབས་ནས་སྨོས་པ་སྨིན་པའི་མཚན་ཉིད་ལྟ་བུས་སྨིན་པ་ཡིན་ན་དེ་བརྟོལ་ཏེ་རྨ་གསོ་བའི་ཚུལ་དུ་གསོ་བར་བྱའོ། །ནང་གི་ཆར་གནས་ཁོང་འབྲས་ནི། །སྨིན་པའི་མཚན་མའང་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣག་གྱུར་ཏེ། །དེ་ནི་སྟེང་མ་འོག་ཏུ་དབྱུང༌། །ཞེས་བྱ་བ་ལ། ཁོང་པའི་ཆ་ལ་གནས་པའི་ཁོང་འབྲས་ལ་ཡང་མཚན་མ་འདི་དག་ཉིད་འབྱུང་བ་ཡིན་ལ། དེ་ནི་སྨིན་ནས་བུ་གའི་ནང་དུ་རྣགས་པར་གྱུར་ཏེ། སྟིང་གི་སྒོའམ་འོག་གི་སྒོ་ནས་དབྱུང་ངོ༌། །རང་ཉིད་རྡོལ་བའི་ནད་དེ་ནི། །ཟས་ཕན་བྱིན་ཞིང་བཏང་སྙོམས་བཞག །ཞག་བཅུའམ་བཅུ་གཉིས་བར་དུ་ནི། །སྨན་པས་བླ་བརྣན་ལས་བསྲུང་བྱ། །ཞེས་བྱ་བ་ལ། རྣག་ཅེས་བྱ་བའི་ནད་དེ་གསོ་བ་མ་བྱས་པར་རང་ཉིད་སྨིན་ཅིང་རྡོལ་བར་གྱུར་ན། རྨ་དེ་ལ་ཕན་པའི་ཟས་ཙམ་བྱིན་ནས་ནད་པ་དེ་རེ་ཞིག་མི་བཅོས་པར་བཏང་སྙོམས་སུ་བཞག་ཅིང་ཞག་བཅུའི་བར་རམ་བཅུ་གཉིས་ཀྱི་བར་


DTG201_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བླ་བརྣན་གྱི་ནད་མི་འབྱུང་བར་སྨན་པས་ལེགས་པར་བསྲུང་བར་བྱའོ། །རྣག་ནི་ལེགས་པར་མི་འཛག་ན། །བ་ར་ཎ་སོགས་ཆུ་དྲོན་ནམ། །ཤི་ཀྲུ་སྦྲང་རྩི་བླུད་པའམ། །དེ་དང་སྦྱར་བའི་ནས་ཐུག་བླུད། །ཅེས་བྱ་བ་ལ། རྣག་ཅེས་བྱ་བའི་ནད་ལེགས་པར་འཛག་པར་མ་གྱུར་ན། དེ་འཛག་པར་བྱ་བའི་ཕྱིར་བར་ཎ་ལ་སོགས་པའི་སྨན་གྱི་སྡེ་ཚན་ནམ། ཤི་ཀྲུ་དང་སྦྲང་རྩི་སྦྱར་བའི་ནས་ཐུག་བླུད་པར་བྱའོ། །རྒྱ་ཤུག་རྒྱ་སྲན་ནས་ཀྱི་ནི། །ཡུ་ཤ་དང་ནི་བཟའ་བ་བསྔགས། །ཞེས་བྱ་བ་ལ། རྒྱ་ཤུགས་ལ་སོགས་པ་ལས་བྱས་པའི་ཡུ་ཤ་དང་བཟའ་བ་བྱིན་ན་ཡང་བསྔགས་པ་ཡིན་ནོ། །ཞག་བཅུ་ཡན་ཆད་ཀྱི་ལྕེ་བ། །མར་རམ་སེང་ཕྲོམ་དག་གིས་ནི། །ཉམས་སྟོབས་ཇི་བཞིན་སྦྱང་བར་བྱ། །སྦྱངས་ནས་ཏིག་ཏ་སྦྲང་རྩི་བླུད། །ཅེས་བྱ་བ་ལ། ཞག་བཅུ་ལོན་པ་ཡན་ཆད་ཀྱི་ཀྱི་ལྕེ་བའི་མར་འདི་ཉིད་ལས་བསྟན་པ་དང་སེང་ཕྲོམ་གྱི་མར་རླུང་ནད་གསོ་བའི་སྐབས་ནས་བཤད་པ་དག་གིས་དེ་སྦྱང་ཞིང་དག་པར་བྱའོ། །དེ་ལྟར་སྦྱངས་པའི་ལས་བྱས་ཟིན་ནས་ཏིག་ཏའི་སྨན་མར་སྦྲང་རྩི་དང་བཅས་པ་ཉུང་ཟད་ཉུང་ཟད་བླུད་པར་བྱའོ། །འདི་ལ་ཀུན་ཀྱང་སྐྲན་ལྟ་བུར། །ནད་ཐབས་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་འདི་ལ་སྐྲན་ཇི་ལྟར་གསོ་བ་བཞིན་དུ་ནད་ཀྱི་དམིགས་དང་སྦྱར་ཏེ་གསོ་བར་བྱའོ། །ཁོང་འབྲས་ཀུན་དང་གནས་སྐབས་དང༌། །ཐམས་ཅད་དུ་ནི་གུ་གུལ་དང༌། །དེ་བཞིན་བྲག་ཞུན་རང་རང་གི །སྦྱོར་བར་བཅས་ཏེ་ཁུ་བ་བླུད། །ཅེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྨིན་པ་དང༌། མ་སྨིན་པ་དང་རྨའི་གནས་སྐབས་ཐམས་ཅད་དུ་རང་རང་གི་སྦྱོར་བ་འདི་ནི་སྨོས་པ་དང་མ་སྨོས་པ་དག་དང་སྦྱར་བའི་གུ་གུལ་བསྐོལ་བའི་ཁུ་བ་བཏང་བའམ། དེ་བཞིན་དུ་རང་རང་གི་སྦྱོར་བ་དང་ཅི་རིགས་པར་སྦྱར་བའི་བྲག་ཞུན་དག་བཏང་ཞིང་སྦྱིན་པར་བྱའོ། །འབད་དེ་སྨིན་པ་ལས་བསྲུང་བྱ། །སྨིན་ན་ཤིན་ཏུ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་ནི་ཅི་ནས་ཀྱང་སྨིན་ཅིང་རྣག་པར་མི་འགྱུར་བའི་ཚུལ་དུ་བསྲུང་ཞིང་གསོ་བར་བྱ་


DTG201_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གང་ག་ཕྱིར་ཁོང་འབྲས་ནང་དུ་སྨིན་པར་གྱུར་པ་ནི་ཤིན་ཏུ་གསོ་བ་དཀའ་བ་ཡིན་ཏེ་དེ་བསོད་ནམས་ཀྱི་དབང་ལས་འཚོ་བར་འགྱུར་བ་ཙམ་དུ་ཟད་དོ། །གཞན་ཡང་མྱུར་དུ་ཚ་བྱེད་པས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ཅེས་བྱ་བ་ལ། མྱུར་དུ་ཚ་ཞིང་སྨིན་པར་བྱེད་པའི་ཕྱིར་ནད་དེ་ལ་མིང་ཁོང་འབྲས་ཞེས་བྱ་བ་ཡིན་པར་བསྟན་ནོ། །གལ་ཏེ་གཅིན་སྙི་ལས་གྱུར་ན། །གཅིན་སྙི་བ་ཡི་གསོ་བ་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ཉེས་པ་དེ་གཅིན་སྙི་བའི་ཟ་གུའི་ནད་ལས་གྱུར་པ་ཡིན་ན་དེ་ལ་ནི་གཅིན་ནད་ཟ་གུའི་གསོ་བ་གང་ཡིན་པ་ཡང་བྱའོ། །ནུ་མར་བྱུང་ལ་འདི་ལྟར་ནི། །མི་བཅིང་ཐམས་ཅད་རྨ་ལྟར་གསོ། །ཞེས་བྱ་བ་ལ། ནུ་མར་ཁོང་འབྲས་བྱུང་བ་ལ་ནི་འདི་ལྟར་བཅིང་བའི་སྦྱོར་བ་ཇི་སྐད་སྨྲས་པ་མི་བྱ་བར་བཟའ་བ་དང༌། བཏུང་བ་དང་སྤྱོད་ལམ་ལ་སོགས་པ་ཐམས་ཅད་རྨའི་ཚུལ་དུ་གསོ་བར་བྱའོ། །གལ་ཏེ་དེ་བཅིངས་ཤིང་དཀྲིས་པར་གྱུར་ན་དེའི་ཤ་ཤིན་ཏུ་འཇམ་པ་ཐམས་ཅད་རྣགས་ནས་ཞིག་པར་འགྱུར་རོ། །དབྲལ་ཚེ་ནུ་ཞོ་འཛག་པ་དང༌། །ནུ་སོར་ནག་པོར་མི་གནོད་བསྲུང༌། །ཞེས་བྱ་བ་ལ། ནུ་མའི་ནུ་འབྲས་དེ་སྨིན་པར་གྱུར་ན་གཙགས་བུའི་ལས་བྱས་ཤིང་དབྲལ་བར་བྱ་ལ་དབྲལ་བ་དེའི་ཚེ་ན་ནུ་ཞོ་འཛག་པའི་རྩ་དང་ནུ་སོར་ནག་པོའམ་དེའི་ཉེ་འཁོར་ནག་ཏིལ་ཏིལ་པོར་འདུག་པ་དེ་ལ་མི་གནོད་ཅིང་མ་ཕོག་པར་བསྲུངས་ལ་གཙགས་བུས་གདབ་པར་བྱའོ། །མ་སྨིན་གནས་སྐབས་ཐམས་ཅད་དུ། །དེ་ཡི་ནུ་ཞོ་བཙིར་ཞིང་བཞོ། །ཞེས་བྱ་བ་ལ། མ་སྨིན་པ་དང་སྨིན་པ་དང་ཕྱེད་སྨིན་པའི་གནས་སྐབས་ཐམས་ཅད་དུ་དེའི་ནུ་ཞོ་དེ་བཙིར་ཞིང་མ་ལུས་པར་བ་ཞོ་བར་བྱའོ། །རྒྱུ་རླུགས་རླུང་ཤས་ཆེ་བ་ལ། །དུར་བྱིད་སྣུམ་ཅན་གྱིས་སྦྱང་ཞིང༌། །ཨ་མྲའི་འབྲས་བུ་སེང་ཕྲོམ་མར། །ཨེ་རཎྜ་དང་སྐྱིད་དེ་བའི། །མར་དང་སྨན་མར་འདྲེས་མ་སྦྱིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྒྱུ་རླུགས་ཀྱི་ནད་ལ་ནི་ནད་པ་དུར་བྱིད་སྣུམ་དང་ལྡན་པས་དུགས་བྱས་ལ་སྦྱང་བར་བྱ་ཞིང་ཨ་མྲའི་འབྲས་བུའི་མར་དང་སེང་ཕྲོམ་གྱི་མར་དང༌། ཨེ་རཎྜའི་མར་དང་སྐྱིད་དེ་བའི་མར་དང་འདྲེན་མའི་སྨན་མར་གང་ཡང་རུང་བས་སྨིན་ཞིང་བཀྲུ་སྨན་གྱིས་


DTG201_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བར་བྱའོ། །དེ་ནས་རླུང་འཇོམས་སྨན་ཁུ་སྣུམ། །ལྡེ་གུས་མས་གཏོང་དྲག་པོ་བྱ། །ཞེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་དྲག་པོ་བཏང་བའི་འོག་ཏུ་དེས་བརྟས་ལ་རླུང་འཇོམས་པའི་སྨན་གྱི་སྡེ་ཚན་གྱི་བཀྲུ་སྨན་དྲག་པོའི་སྨན་ཁུ་དང༌། སྣུམ་དང་ལྡེ་གུའི་བཀྲུ་སྨན་མས་གཏང་བ་དྲག་པོ་ནི་རུ་ཧ་ཞེས་བྱ་བ་བྱའོ། །ཤ་ཁུར་བཅས་པའི་ཟས་སྦྱིན་ཞིང༌། །ཤིང་མངར་སྣུམ་བསྐོལ་འཇམ་རྩི་བཏང༌། །ཞེས་བྱ་བ་ལ། ནད་པ་དེ་དེ་ལྟར་ནི་རུ་ཧ་ཞེས་བྱས་ནས་ཤ་ཁུ་དང་བཅས་པའི་ཟས་བྱིན་ན་དེའི་འོག་ཏུ་ཤིང་མངར་དང་ཏིལ་མར་བསྐོལ་བའི་འཇམ་རྩི་གཏང་བར་བྱའོ། །རླུང་འཇོམས་དུགས་དང་བསྐུ་བ་བྱ། །སྨིན་ནས་དབྲལ་ལ་རྨ་ལྟར་གསོ། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་རྒྱུ་རླུགས་ཀྱི་ནད་ལ་ནི་རླུང་འཇོམས་ཤིང་སེལ་བའི་དུགས་དང་བསྐུ་བྱུག་ཐམས་ཅད་བྱའོ། །དེ་སྨིན་པར་གྱུར་ནས་ནི་དབྲལ་ལ་གསོ་བའི་ཆོ་ག་རྨ་ལྟར་བྱའོ། །རྒྱུ་རླུགས་ཁྲག་མཁྲིས་ལས་གྱུར་པ། །སྨིན་དང་མ་སྨིན་ཇི་བཞིན་དུ། །རྨ་དང་སྐྲངས་པའི་གསོ་བ་བྱ། །རྒྱུན་དུ་ཁྲག་ཀྱང་དབྱུང་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པའི་རྒྱུ་རླུགས་ཀྱི་ནད་ལ་ནི་སྨིན་པ་དང་མ་སྨིན་པ་དག་ལ་རྨ་དང་སྐྲངས་པའི་གསོ་བ་བྱ་སྟེ། དེ་ཡང་གོ་རིམས་ཇི་ལྟ་བ་བཞིན་སྨིན་པ་ལ་ནི་རྨའི་ཚུལ་དུ་གསོ་ལ་མ་སྨིན་པ་ལ་ནི་སྐྲངས་པའི་ཚུལ་དུ་གསོ་བར་བྱའོ། །ཡང་ན་དེ་ལ་རྟག་པར་རྒྱུན་དུ་ཁྲག་དབྱུང་བར་བྱ་བའི་ཆོ་ག་བྱའོ། །བད་ཀན་ལས་གྱུར་སྐྱེར་པ་ཡི། །ཕྱེ་མ་བ་གཅིན་སྦྱར་བ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྒྱུ་རླུགས་ཀྱི་ནད་ལ་ནི་སྐྱེར་བའི་ཕྱེ་མ་བ་གཅིན་དང་སྦྱར་བ་བླུད་པར་བྱའོ། །འདི་ལ་མཉེད་བྱ་མ་གཏོགས་པར། །བད་ཀན་རྨེན་བུའི་གསོ་བ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཁོང་འབྲས་ཀྱི་ནད་འདི་ལ་ནི་དེ་མཉེད་ཅིང་ཞུམ་པར་བྱ་བའི་ཐབས་མ་གཏོགས་པ་བད་ཀན་གྱི་རྨེན་བུ་གསོ་བའི་ཐབས་ཐམས་ཅད་བྱའོ། །སྨིན་ནས་དབྲལ་ཏེ་ཛཱ་ཏི་ཡི། །མེ་ཏོག་གོ་བྱེ་ཨང་ཀོ་ལ། །ལོ་མ་བདུན་པ་པ་ཏོ་ལ། །ནིམ་པ་ཡུང་བ་བྱི་དང་ག །དུག་མོ་ཡུངས་དང་ཏིལ་མར་བསྐོལ། །རྨ་སྦྱང་ཕྱིར་ནི་བླུད་པ་བསྔགས། །


DTG201_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྒྱུ་རླུགས་སྨིན་པར་གྱུར་པ་ལ་ནི་གཙགས་བུས་དབྲལ་ལ་ཛཱ་ཏིའི་མེ་ཏོག་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་བླུད་ཅིང་རྨ་སྦྱང་བར་བྱའོ། །ཛཱ་ཏིའི་མེ་ཏོག་ནི་སུ་མ་ནའོ། །གོ་བྱེ་ནི་བ་ལ་ཏ་གའོ། །ཨང་ཀོ་ལ་ནི་ཨིར་པ་ལའོ། །ཚིལ་ལས་གྱུར་ལ་བྱིའུ་རུག་སོགས། །བ་གཅིན་སྦྱར་ཏེ་བཏགས་པའམ། །མགོ་བོའི་བཀྲུ་སྨན་དག་གིས་བྱ། །རླིག་པའི་སྲུབས་མཚམས་མ་གཏོགས་པར། །འཕེལ་གཙགས་ཀྱིས་ནི་དབྲལ་ནས་སུ། །ཚིལ་ནི་ལེགས་པར་དབྱུང་བར་བྱ། །རྨ་ནི་སྦྲང་རྩི་ནག་ཚུར་དང༌། །རྒྱམ་ཚ་ངེས་པར་བསྐུས་ནས་བཙེམས། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རྒྱུ་རླུགས་ལ་ནི་བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་བ་གཅིན་དང་སྦྱར་ཏེ་ཞིབ་ཏུ་བཏགས་པའམ། མགོ་བོའི་བཀྲུ་སྨན་བ་གཅིན་དང་སྦྱར་བ་ལེགས་པར་ཚོས་པས་དུགས་བྱས་ལ་རླིག་པའི་དབུས་ཀྱི་སྲུབས་མཚམས་ལྟ་བུ་མ་གཏོགས་པར་འཕེལ་གཙགས་ཀྱིས་དབྲལ་ཞིང་གཤགས་ལ་དེ་ལས་ཚིལ་ལེགས་པར་དབྱུང་ཞིང་སྐྱོན་མེད་པར་བྱས་ལ། དེའི་འོག་ཏུ་རྨ་སྦྲང་རྩི་ལ་སོགས་པས་བསྐུས་ནས་ལེགས་པར་བརྩེ་མས་ཤིང་དྲུབ་པར་བྱའོ། །དེ་ལ་ཚིལ་ནི་སྦྱང་བའི་ཕྱིར། །ལྡོང་རོས་སུག་སྨེལ་སུ་མ་ན། །གོ་བྱེ་པི་པི་ལིང་མཱུ་ལ། །ཏིལ་མར་དག་ནི་བསྐུ་བར་བྱ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རྒྱུ་རླུགས་དེ་ལ་ཚིལ་སྦྱང་ཞིང་དག་པར་བྱ་བའི་ཕྱིར། ལྡོང་རོས་ལ་སོགས་པ་བསྐུ་བའི་སྦྱོར་བ་བྱའོ། །རྨ་ནི་འབྱོར་བར་གྱུར་གྱི་བར། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །ཞེས་བྱ་བ་ལ། རྨ་འབྱོར་བར་གྱུར་གྱི་བར་དུ་སྣུམ་དང་དུགས་དུས་རྟག་ཏུ་བསྟེན་པར་བྱའོ། །གཅིན་བྱུང་སྣུམ་གྱིས་དུགས་བྱ་ཞིང༌། །རས་མ་ཕྲ་མོས་དཀྲི་བར་བྱ། །སྲུབས་མཚམས་འོག་ཏུ་དམུ་རྫིང་བཞིན། །ལེགས་པར་དབྲལ་ཏེ་གཟགས་པར་བྱ། །རྨ་བཀག་བཅིང་དང་འབྱོར་བར་བྱ། ཞེས་བྱ་བ་ལ། གཅིན་ལས་གྱུར་པའི་རྒྱུ་རླུགས་ཀྱི་ནད་ནི་སྣུམ་གྱི་སྨན་གྱིས་དུགས་བྱས་ལ་དེའི་འོག་ཏུ་རས་ཀྱི་ཆལ་པ་ཕྲ་མོས་དཀྲིས་ལ་སྲུབས་མཚམས་ཀྱི་འོག་ཏུ་དམུ་རྫིང་གི་དཔྱད་ཇི་ལྟར་བྱ་བ་བཞིན་དུ་འབྲས་ཀྱི་རྩེ་མོ་ལྟ་བུའི་གཙགས་བུས་ཕུག་ལ་དེ་ལེགས་པར་འཛག་ཏུ་གཞུག་པར་བྱའོ། །དེ་ནས་


DTG201_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་བཀག་ནས་སྒྱེའུ་ལྟ་བུའི་བཅིང་བས་དཀྲིས་ལ་དེ་རྨ་གསོ་བའི་ཆོ་གས་དེ་འབྱོར་བར་བྱའོ། །རྒྱུ་མ་བྱུང་བར་གྱུར་པ་དག །རླིག་པར་ཕྱིན་པར་མ་གྱུར་ལ། །རླུང་གི་རྒྱུ་རླུགས་བཞིན་དུ་གསོ། །ཞེས་བྱ་བ་ལ། རྒྱུ་མ་བྱུང་བ་ལས་གྱུར་པའི་རྒྱུ་རླུགས་ལ་ནི་རླིག་པའི་གནས་སུ་ཕྱིན་པར་མ་གྱུར་གྱི་བར་དུ་རླུང་གི་རྒྱུ་རླུགས་ལྟར་དེ་གསོ་བར་བྱའོ། །བ་སྤྲུ་བ་ནི་སྲང་བརྒྱ་དང༌། །རྩ་བ་བཅུ་པ་ཨེ་རཎྜ། །ཨ་ཤྭ་གན་དྷ་ཉེའུ་ཤིང་དང༌། །པ་ཡ་སྱ་དང་དཱུར་བ་གཉིས། །འདམ་བུ་ཀུ་ཤ་བུ་རམ་ཤིང༌། །ཨ་ཏ་ག་ལར་བཅས་པ་ནི། །རེ་རེ་སྲང་ནི་བཅུ་བཅུ་བྱས། །ཆ་བྲེ་བརྒྱ་རྩ་ཉི་ཤུ་བརྒྱད། །བསྐོལ་ལ་བརྒྱད་ཆ་ལུས་པ་རུ། །དེར་ནི་བུ་རམ་སྲང་སུམ་ཅུ། །ཨེ་རཎྜ་ཡི་མར་བྲེ་དོ། །འོ་མ་མར་ནི་བྲེ་དོ་དོ། །པི་པི་ལིང་དང་དེ་རྩ་བ། །ཤིང་མངར་རྒུན་འབྲུ་ལྕེ་མྱོང་ཚ། །ལ་ལ་ཕུད་དང་དོང་གྲ་གཞུག །དེ་བཙོས་སྐྱིད་དེ་བ་ཞེས་བྱ། །གཞོན་ཤ་ཅན་གྱི་བཅུད་ལེན་ཡིན། །རླུང་དང་ཐན་པ་ལམ་དུ་འགྲོ། །བཞོན་སོགས་བསྲུང་བ་བསྡམས་མི་དགོས། །སྐྱིད་དེ་བ་དད་ཕྱུག་པོ་དང༌། །བདེ་བ་བསྟེན་དང་བུད་མེད་དང༌། །བུད་མེད་རྒན་མོའི་ཁྱོ་དང་ནི། །དཔལ་སྐྱེད་རྩོད་པ་ཟློག་བྱེད་ཅིང༌། །དུས་ཀུན་དུ་ནི་བརྟེན་གྱུར་ན། །མདོག་མདངས་ཤ་ནི་རྒྱས་བྱེད་ཅིང༌། །རྒྱུ་རླུགས་ཁོང་འབྲས་སྐྲན་གཞང་འབྲུམ། །ཕོ་མཚན་མོ་མཚན་རླུང་གིས་ཉེན། །འོར་ནད་དམུ་རྫིང་མཆིན་པ་དང༌། །རྟུག་སྐམ་ནད་ནི་སེལ་བྱེད་མཆོག །ཅེས་བྱ་བ་ལ། བ་སྤྲུ་བ་ཞེས་བྱ་བ་པུ་རྣ་རྣ་བ་སྲང་བརྒྱ། རྩ་བཅུ་པ་ལ་སོགས་པ་སྨན་རེ་རེ་ཞིང་སྲང་བཅུ་བཅུ་རེ་སྟེ་སྲང་བརྒྱ། ཆུ་བྲེ་བརྒྱ་ཉི་ཤུ་རྩ་བརྒྱད་དེ་དེ་ནི་བཞི་ཆ་བསྐོལ་ལ་དེའི་བརྒྱད་ཆ་སྟེ་བྲེ་བརྒྱད་ལུས་པ་དེ་ཚགས་ཀྱིས་བཙགས་ཤིང་བསྒྲངས་པའི་ཁུ་བ་དེའི་ནང་དུ་བུ་རམ་སྲང་སུམ་ཅུ་ཨེ་རཎྜའི་མར་བྲེ་དོ་འོ་མ་བྲེ་དོ་མར་བྲེ་དོ་གཞུག་སྟེ། ཡང་བསྐོལ་བའི་པི་པི་ལིང་ནས་དོང་གྲའི་བར་དུ་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ལྡེ་གུར་སྦྱར་བ་བཅུག་ལ་དེ་ཐམས་ཅད་གཅིག་ཏུ་བྱས་ཏེ་བཙོས་པ་དེ་ནི་སྐྱིད་དེ་བའི་བཅུད་ཀྱིས་ལེན་ཞེས་བྱ་སྟེ། གཞོན་ཤ་ཅན་གྱི་བཅུད་ཀྱིས་ལེན་པ་ཡིན་ཞིང་རྣོན་པོ་ཡིན་ལ། རླུང་དང་ཐན་པ་ལ་སོགས་པ་བསྡམ་བར་བྱ་བ་ཐམས་ཅད་བསྲུང་ཞིང་བསྡམས་མི་དགོས་སོ། །དེ་ནི་སྐྱིད་དེ་བར་འདུག་པ་དང་ཕྱུག་ཅིང་


DTG201_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་མང་བ་དང་བདེ་བ་བསྟེན་ཅིང་སྡུག་མ་མྱོང་བ་དང་བུད་མེད་དང་བུད་མེད་རྒན་མོ་དང་བུད་མེད་རྒན་མོའི་ཁྱོ་ལ་སྦྱིན་པར་བྱ་བ་ཡིན་ལ། དེ་བཞིན་དུ་བཀྲ་མི་ཤིས་པ་བཟློག་ཅིང་དཔལ་སྐྱེད་པ་དང༌། རྩོད་ཅིང་འཐབ་པ་བཟློག་ཅིང་ཞི་བར་བྱེད་པ་དང༌། དུས་ཐམས་ཅད་དུ་བརྟེན་ཅིང་གོམས་པར་བྱས་ན་མདོག་བཟང་བར་བྱེད་པ་དང༌། མདངས་གསལ་བར་བྱེད་པ་དང༌། ཤ་རྒྱས་པར་བྱེད་པ་ཡིན་ཞིང༌། དེ་བཞིན་དུ་རྒྱུ་རླུགས་ལ་སོགས་པའི་ནད་སེལ་བར་བྱེད་པའི་སྨན་གྱི་མཆོག་དམ་པ་ཡིན་ནོ། །སྣུམ་གྱི་བཀྲུ་སྨན་འཇམ་རྩི་ཡིས། །གལ་ཏེ་རྒྱུ་རླུགས་མ་ཞི་ན། །དང་པོར་འཇམ་རྩི་བཏང་ནས་ནི། །དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་ཁམ་པའི་ཁ་འདྲ་བས། །རླུང་ལམ་དགག་ཕྱིར་བསྲེག་པར་བྱ། །ཞེས་བྱ་བ་ལ། སྣུམ་གྱི་བཀྲུ་སྨན་དང༌། འཇམ་རྩི་མས་གཏོང་བ་དག་བྱས་སུ་ཟིན་ཀྱང༌། གལ་ཏེ་རྒྱུ་རླུགས་ཀྱི་ནད་དེ་ཞི་ཞིང་བྱང་བར་མ་གྱུར་ན། དེའི་འོག་ཏུ་དང་པོ་ཁོ་ནར་འཇམ་རྩིའི་ལས་བྱས་ནས་དེ་ནས་ཆུ་སོར་གནས་པའི་རྒྱུ་རླུགས་ཏེ་ཟླ་བ་ཁམ་པ་ཞེས་བྱ་བ་རྩེ་མོ་ཟླ་བ་ཕྱེད་པ་འདྲ་བའི་ཆ་སྤྱད་ཀྱིས་རླུང་འཇུག་ཅིང་རྒྱུ་བའི་ལམ་དགག་པའི་ཕྱིར་དེ་ལེགས་པར་བསྲེག་པར་བྱའོ། །མཐེ་བོང་སྟེང་གི་རྒྱུས་པ་ནི། །སེར་ཞིང་སྣལ་མ་འདྲ་བ་གང། །ཁབ་ཀྱིས་བཏེག་སྟེ་ཐད་ཀ་རུ། །གང་ན་ནད་ཡོད་བཅད་དེ་བསྲེག །ཅེས་བྱ་བ་ལ། ལུས་ཀྱི་གཞོགས་ཕྱོགས་དང་ནད་དེ་ཡོད་པའི་ཕྱོགས་དེ་མཐེ་བོའི་སྟེང་གི་རྒྱུས་པ་སེར་ཞིང་སྣལ་མ་དང་འདྲ་ཞིང་མཚུངས་པ་གང་ཡིན་པའི་རྒྱུས་པ་དེ་ཁབ་ཀྱིས་གྱེན་དུ་བཏེག་ལ་ཐད་ཀར་བཅད་ནས་དེའི་འོག་ཏུ་བསྲེག་པར་བྱའོ། །ཞེས་སྨན་པ་ཁ་ཅིག་ཟེར་རོ། །གཞན་དག་དེ་ལས་ལོགས་གཞན་ནམ། །སྲིན་ལག་སོར་མོ་བསྲེག་ཅེས་ཟེར། །ཞེས་བྱ་བ་ལ། ཡང་སློབ་དཔོན་གཞན་དག་ནི་གང་ན་ཡོད་པ་དེ་ནི་ལོགས་གཞན་པ་ཅིག་ཤོས་སུ་མཐེ་བོའི་སྟེང་གི་རྒྱུས་པ་སེར་པོ་སྣལ་མ་འདྲ་བ་གང་དག་ཡོད་པ་དེ་ཁབ་གྱིས་བཏེག་ལ་ཐད་ཀར་འཕྲེད་དུ་བཅད་དེ་བསྲེག་པར་བྱའོ་ཞེས་ཟེར་རོ། །ཡང་ན་གང་ན་ནད་ཡོད་པའི་ཕྱོགས་དེ་འམ་ལོགས་གཞན་གྱི་སྲིན་ལག་གི་ཚིགས་ཀྱི་སྟེང་ན་རྩ་གང་དག་ཡོད་པ་དེ་སྔ་མ་བཞིན་དུ་བཏེག་སྟེ་བསྲེག་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་འདི་ནི་བད་ཀན་རླུང༌། །


DTG201_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་སྐྲན་མཆེར་བྱ་ཞེས་ཟེར། །ཞེས་བྱ་བ་ལ། སློབ་དཔོན་གཞན་ཁ་ཅིག་ནི་རྒྱུས་པ་བཅད་ཅིང་བསྲེག་པའི་ཆོ་ག་འདི་དག་ནི་བད་ཀན་དང་རླུང་ལས་གྱུར་པའི་སྐྲན་དང་མཆེར་པའི་ནད་ལ་ཡང་བྱའོ་ཞེས་ཟེར་རོ། །བི་ཤ་ཙེ་ནད་གང་ན་ཡོད། །མཐེའུ་ཆུང་སྲིན་ལག་དག་ལ་བྱ། །ཞེས་བྱ་བ་ལ། རླུང་ནད་བི་ཤ་ཙེ་ཞེས་བྱ་བ་ལ་གཞོགས་གང་ན་ཡོད་པའི་ཕྱོགས་དེ་ཉིད་ཀྱི་མཐེའུ་ཆུང་དང་སྲིན་ལག་གི་སྟེང་གི་རྒྱུས་པ་སྔ་མ་བཞིན་དུ་བཅད་པ་དང་བསྲེག་པར་བྱའོ། །ཞེས་འདོད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྲན་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ལ་བབ་པས་ན་གསོ་བ་འདི་བརྩམས་པ་ཡིན་ནོ། །རླུང་གྱུར་སྐྲན་ནི་མི་བཟད་ན། །ཕྱི་ས་འཕྱེན་ནི་འགགས་གྱུར་ན། །རྩུབ་དང་གྲང་བྱུང་རླུང་ནད་ལ། །ཕན་པའི་ཏིལ་མར་དག་གིས་གསོ། །ཟས་སྐོམ་འཇམ་རྩི་སྦྱར་བ་དང༌། །བསྐུ་བྱུག་སྣུམ་ཆོས་དུགས་དཔྱད་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ནི་བརྣག་མི་བཟོད་པར་ན་བ་དང༌། ཕྱི་ས་ལ་སོགས་པ་འགག་ཅིང་སྲི་བར་འགྱུར་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པས་རླུང་ནད་ལ་ཕན་པར་བཤད་པའི་ཏིལ་མར་གྱི་སྦྱོར་བས་གསོ་བར་བྱ་ལ། དེ་ཡང་ཟས་སྐོམ་ལ་སོགས་པའི་ཚུལ་སྣུམ་ཆོས་བྱ་བ་དང༌། དུགས་བྱ་བས་གསོ་བར་བྱའོ། །སྦོ་དང་ཟུག་དང་རེངས་པ་དང༌། །འགགས་པ་ལ་ནི་མཆོག་ཏུ་བྱ། །ཞེས་བྱ་བ་ལ། གལ་ཏེ་རླུང་ལས་གྱུར་པའི་སྐྲན་དེ་སྦོས་པ་ལ་སོགས་པ་དང་ལྡན་ན་ལྷག་པར་ཡང་དུགས་ཀྱིས་བསལ་བར་བྱའོ། །སྣུམ་ཆོས་དུགས་ནི་བྱས་པ་ཡིས། །བུ་གའི་རྒྱུན་སྲང་མཉེན་བྱེད་ལ། །རླུང་ཤས་ཆེ་བ་གཞོམ་བྱ་ཞིང༌། །ཕྱི་ས་སྲི་བ་སེལ་སྐྲན་འཇོམས། །ཞེས་བྱ་བ་ལ། ཡང་དུགས་ཀྱི་ཆོ་གས་བུ་གའི་རྒྱུན་སྲང་གང་དག་འགགས་པ་ཐམས་ཅད་མཉེན་ཅིང་འཇམ་པར་བྱ་བ་དང༌། དེ་བཞིན་དུ་རླུང་གི་ཤས་སྟོབས་ཆེ་བར་གྱུར་པ་དེ་དེས་བསལ་ཞིང་གཞོམ་པར་བྱ་བ་དང༌། དེ་བཞིན་དུ་


DTG201_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་སྲི་ཞིང་འགགས་ལ་སླ་བར་བྱ་ཞིང་རླུང་གིས་བསྡུས་པ་ལྷོད་པར་བྱས་ནས་སྐྲན་དེ་སྣུམ་ཆོས་དང་དུགས་ཀྱི་སྦྱོར་བས་སེལ་བར་བྱེད་དོ། །ལྟེ་བ་ཡན་ཆད་སྐྱེས་པ་ཡི། །སྐྲན་ལ་མཆོག་ཏུ་སྣུམ་བླུད་ཕན། །ཞུ་བའི་གནས་བརྟེན་འཇམ་རྩི་བྱ། །ལྟོ་བར་གནས་ལ་གཉིས་ཀ་བྱ། །ཞེས་བྱ་བ་ལ། སྐྲན་ལྟེ་བ་ཡན་ཆད་སྐྱེས་པའི་སྐྲན་ལ་ནི་མཆོག་ཏུ་སྨན་མར་ལ་སོགས་པའི་སྣུམ་ཕན་པ་ཡིན་ནོ། །ཞུ་བའི་གནས་ལྟེ་བ་མན་ཆད་གནས་ཤིང་སྐྱེས་པའི་སྐྲན་ལ་ནི་ཁྱད་པར་དུ་ཡང་སྣུམ་གྱི་འཇམ་རྩི་མས་གཏོང་བ་ཕན་ནོ། །ལྟོ་བའི་ནང་དུ་སྐྱེས་པའི་རླུང་ལས་གྱུར་པའི་སྐྲན་ལ་ནི་སྣུམ་བླུད་པ་དང་འཇམ་རྩི་བྱ་བ་གཉིས་ཀ་ཕན་ནོ། །རླུང་ཅན་སྐྲན་ནི་དྲོད་ཆེ་ལ། །ཕྱི་ས་རླུང་ནི་འགགས་གྱུར་ལ། །བཟའ་བཏུང་ཉམས་བརྟས་བྱེད་པ་དང༌། །སྣུམ་དང་དྲོ་བ་སྦྱིན་པར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ཁོང་པའི་མེ་དྲོད་ཆེ་བར་གྱུར་པ་དང༌། དེ་བཞིན་དུ་ཕྱི་ས་དང་འཕྱེན་ཞེས་བྱ་བའི་ཕྱི་ས་རླུང་འགགས་པར་གྱུར་པ་ལ་ནི་བཟའ་བ་དང་བཏུང་བ་ཉམས་བརྟས་ཤིང་འཚོ་བར་བྱེད་པ་དང༌། སྣུམ་པ་དང་དྲོ་བའི་བག་གང་དག་ཡིན་པ་དེ་སྦྱིན་པར་བྱའོ། །རླུང་གྱུར་སྐྲན་ལ་བད་ཀན་དང༌། །མཁྲིས་པ་བསྲུང་ཞིང་ནི་རུ་ཧ། །འཇམ་རྩི་བཅས་པའི་སྦྱོར་བ་ནི། །ཡང་དང་ཡང་དུ་བྱ་བ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ལ་ནི་སྨན་པས་བད་ཀན་དང་མཁྲིས་པ་མི་ལྡང་བར་ཅི་རིགས་པར་བསྲུངས་ལ། བཀྲུ་སྨན་དྲག་པོ་ནི་རུ་ཧ་མས་གཏོང་བ་དང༌། སྣུམ་གྱི་འཇམ་རྩི་གཏོང་བ་དང་སྣུམ་བླུད་པའི་སྦྱོར་བ་གང་དག་ཡིན་པ་ཡང་དང་ཡང་དུ་སྦྱིན་ཞིང་གཏང་བར་བྱའོ། །འཇམ་རྩི་མཆོག་ཏུ་སྐྲན་འཇོམས་པར། །ཤེས་བྱ་དེ་ནི་རླུང་གི་ནད། །དང་པོར་རང་གི་གནས་སུ་བཅོམ། །འཕྲལ་དུ་སྐྲན་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་གྱི་འཇམ་རྩི་མས་གཏོང་བའི་གནས་པས་ཀྱང་ཁྱད་པར་དུ་སྐྲན་འཇོམས་པར་ཤེས་ཤིང་རྟོགས་པར་བྱ་སྟེ་གང་གི་ཕྱིར་འཇམ་རྩིའི་ལས་དེས་རླུང་གི་ནད་གང་དག་ཡིན་པ་དེ་དང་པོ་ཁོ་ནར་རང་གི་གནས་སུ་བཅོམ་ཞིང་བསལ་བར་བྱས་ནས་འཕྲལ་དུ་དེའི་མོད་ལ་སྐྲན་སེལ་ཞིང་འཇོམས་པར་བྱེད་དོ། །དེ་བས་སྐྲན་ལ་རྒྱུན་དུ་ནི། །མས་གཏོང་དྲག་པོ་འཇམ་རྩི་བཅས། །བཏང་བར་


DTG201_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་རླུང་བད་ཀན། །མཁྲིས་པའི་བདག་ཉིད་ཅན་རྣམས་སེལ། །ཞེས་བྱ་བ་ལ། གང་གི་ཕྱིར་འཇམ་རྩི་དེ་ལྟར་ཡོན་ཏན་ཆེ་བ་དེའི་ཕྱིར་སྐྲན་ལ་ནི་རྒྱུན་དུ་ཡང་དང་ཡང་མས་གཏོང་བ་དྲག་པོ་ནི་རུ་ཧ་ཞེས་བྱ་བ་འཇམ་རྩི་དང་བཅས་བར་བཏང་ན་རླུང་དང་བད་ཀན་དང་མཁྲིས་པ་ལས་གྱུར་པའི་བདག་ཉིད་ཅན་གྱི་སྐྲན་རྣམས་སེལ་ཞིང་ཞི་བར་འགྱུར་རོ། །ཤིང་ཀུན་དང་ནི་ཚ་བ་གསུམ། །རྩབས་རུ་ཚ་དང་ཁ་རུ་ཚ། །སེའུ་འབྲུམ་ནུ་གོ་སྙོད་དང༌། །ཟི་ར་འུ་སུ་ལ་ལ་ཕུད། །སྟར་བུ་ཡ་བཀྵ་ར་དང༌། །ཟུར་པ་ཤུ་དག་ཙི་ཏྲ་ཀ །ཨ་ཟ་གན་དྷ་སུག་སྨེལ་དང༌། །བྱིའུ་རུག་པ་ནི་ཞོ་དང་བཅས། །མར་བསྐོལ་རླུང་གི་སྐྲན་སེལ་ཞིང༌། །གཟེར་དང་ལྟོ་སྦོས་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་ལྡེ་གུར་བྱས་པ་ཞོ་དང་བཅས་པ་དང་མར་བསྐོལ་བ་དེ་བླུད་ན་རླུང་ལས་གྱུར་པའི་སྐྲན་དང་གཟེར་ལ་སོགས་པ་འཇོམས་པར་བྱེད་དོ། །སྤ་མའི་འབྲས་བུ་ཚ་བ་གསུམ། །ཟི་ར་གོ་སྙོད་ཚ་བ་ལྔ། །ཨ་ཟ་མོ་དང་ལྕེ་མྱང་ཚ། །ཞོ་དང་འོ་མ་མར་དང་ནི། །སེའུ་འབྲུ་ལ་ཕུག་རྒྱ་ཤུག་གི །ཁུ་བ་བསྐོལ་བས་རླུང་གི་ནི། །སྐྲན་དང་དམུ་རྫིང་ལྟོ་སྦོས་དང༌། །རྩིབ་ལོགས་སྙིང་དང་ལྟོ་བ་གཟེར། །མངལ་ནང་གཞང་འབྲུམ་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་དང༌། །རིམས་ནད་ཡི་ག་འཆུས་པ་འཇོམས། །ཞེས་བྱ་བ་ལ། སྤ་མའི་འབྲས་བུ་ལ་སོགས་པ་ལྡེ་གུར་བྱས་པ་དང་ཞོ་དང་འོ་མ་སེའུ་འབྲུའི་ཁུ་བ་དང་ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བ་དང་རྒྱ་ཤུག་གི་ཁུ་བ་སྟེ། དེ་དག་ཐམས་ཅད་ཆ་མཉམ་པ་དང་མར་བསྐོལ་བ་དེ་བླུད་ན་རླུང་གི་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །རྩ་བ་བཅུ་པ་སུ་ཤ་པི། །པ་ལ་ཤ་ཀ་མ་ནུ་དང༌། །བ་སྤྲུ་བ་གཉིས་ཨེ་རཎྜ། །ར་སྣ་ཨ་ཤྭ་གན་དྷ་དང༌། །ག་བྲའི་རྩ་བ་ཟུར་པ་དཀར། །སླེ་ཏྲེས་གན་དྷ་པ་ལ་ཤ །སྲང་ནི་གཉིས་གཉིས་ཚད་བྱས་དང༌། །ཉི་ཤུ་རྩ་བརྒྱད་ནང་དུ་བསྐོལ། །ནས་དང་རྒྱ་ཤུག་རྒྱ་སྲན་དང༌། །མ་ཤ་བྲེ་རེ་ལྷན་ཅིག་ཏུ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །ཁུ་བ་དེར་ཞོ་བྲེ་བཞི་དང༌། །མར་བྲེ་གང་དང་སླར་བསྐོལ་ལ། །སེའུ་འབྲུ་ཨ་མྲ་ཏ་ཀ་དང༌། །ཁ་ལུང་ཁུ་བ་བྲེ་རེར་བཅས། །དེ་བཞིན་རྩབ་མོ་སྐྱུར་རྩབས་ཚྭ། །གཡེར་


DTG201_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤུ་དག་ག་བྲའི་རྩ། །ར་སྣ་པི་པི་ལིང་རྩ་བ། །ཙི་ཏྲ་ཀ་དང་འུ་སུ་དང༌། །ཡ་བ་ན་ག་ལ་ལ་ཕུད། །སྟར་བུ་ཟི་ར་ནག་པོ་དང༌། །གོ་སྙོད་ཟི་ར་སྤ་མའི་འབྲས། །ཀ་ར་བི་ར་ཟངས་རྩི་བ། །ཨུ་ཤ་ཀ་དང་དུར་བྱིད་དང༌། །དན་ད་མུར་བ་བྱི་དང་ག །སེའུ་འབྲུ་ཧསྟི་པི་པི་ལིང༌། །གཟེ་མ་སྤང་སྤོས་སྲུ་སྲུའི་རྩ། །ག་གོན་རྒྱལ་མོ་ག་གོན་གྱི། །ས་བོན་ཤུ་ཏི་ཐལ་སྨན་གཉིས། །བྱེའུ་རུག་པ་དང་ཐལ་ཏྲེས་དང༌། །ནི་ལི་ནི་ལིའི་འབྲས་བུ་དང༌། །ལན་ཚྭ་གསུམ་དང་ཚ་བ་གསུམ། །བཅས་པའི་ཞོ་ཡི་སྨན་མར་དེས། །སྔར་བཤད་ནད་ནི་གསོ་དཀའ་དང༌། །བརྗེད་བྱེད་སྨྱོ་བྱེད་གཅིན་སྲི་དང༌། །རླུང་ནད་གཞང་འབྲུམ་མྱུར་དུ་འཇོམས། །ཞེས་བྱ་བ་ལ། རྩ་བ་བཅུ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས། ནས་དང་རྒྱ་ཤུག་དང་རྒྱ་སྲན་ཀུ་ལངྠ་དང་མོན་སྲན་གྲེའུ་བྲེ་བཅུ་དྲུག་ལ་དྲོན་གཅིག་ཡོད་དོ། །དེའི་ནང་དུ་བསྐོལ་ལ་སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དང། དེ་ཞོ་བྲེ་བཞི་དང་མར་བྲེ་གང་དང༌། སེའུ་འབྲུའི་ཁུ་བ་བྲེ་གང་ཨ་མྲ་ཏ་ཀའི་ཁུ་བ་བྲེ་གང་དང༌། ཁ་ལུང་ཞེས་བྱ་བ་མ་དུ་ལུང་གི་ཁུ་བ་བྲེ་གང་བཅས་པ་དང༌། དེ་བཞིན་དུ་ནས་སོ་བའི་རྩབ་མོ་བྲེ་གང་དང༌། སྐྱུར་རྩབས་ཞེས་པ་ཀན་ཛི་བྲེ་གང་དང༌། དེ་བཞིན་དུ་གཡེར་མ་ལ་སོགས་པའི་སྨན་ཞིབ་ཏུ་བཏགས་པ་མར་གྱི་བཞི་ཆར་བྱས་པ་དང་བསྲེས་ལ་བསྐོལ་བའི་སྨན་མར་དེ་ནི་ཞོའི་སྨན་མར་ཞེས་བྱ་སྟེ། ཞོ་དང་བསྐོལ་བས་མིང་དེ་སྐད་ཅེས་བྱའོ། །སྨན་མར་དེ་བླུད་པས་ནི་སྔར་བཤད་པའི་ནད་གསོ་དཀའ་བ་རླུང་གི་སྐྲན་ལ་སོགས་པ་བཤད་མ་ཐག་པ་རྣམས་དང་བརྗེད་བྱེད་ལ་སོགས་པའི་ནད་མྱུར་དུ་འཇོམས་པར་བྱེད་དོ། །ཀ་ར་བི་ར་ནི་ཙིན་ཏྲ་བི་ཟ་ཞེས་བྱའོ། །ཟངས་རྩི་བ་ནི་བྲི་ཤ་བའོ། །ཨུ་ཤ་ཀ་ནི་མུ་ཤ་པརྞི་སྟེ་རྟའི་རྣ་བ་འདྲའོ། །དན་ད་ནི་དན་དིའོ། །ལན་ཚྭ་གསུམ་ནི་ཁ་རུ་ཚ་སྣ་གཉིས་དང་ལྕེ་མྱང་ཚའོ། །གཞན་དག་ནི་གོ་བར་ཟད་དོ། །ཚ་བ་གསུམ་དང་འབྲས་བུ་གསུམ། །འུ་སུ་དབྱི་མོ་བྱི་དང་ག །ཙི་ཏྲ་ཀ་ནི་ལྡེ་གུར་བྱས། །འོ་མ་མར་བསྐོལ་རླུང་སྐྲན་འཇོམས། །ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་འོ་མ་དང༌། མར་ཚུལ་བཞིན་དུ་བསྐོལ་བའི་སྨན་མར་གྱིས་ཀྱང་རླུང་ལས་གྱུར་པའི་སྐྲན་འཇོམས་པར་བྱེད་དོ། །སྒོག་སྐྱའི་རྩ་བ་སྲང་


DTG201_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང༌། །རྩ་བ་ཆེན་པོ་སྲང་ལྔ་ལྔ། །ཆུ་སྲང་སྟོང་དང་དེ་བསྐོལ་ལ། །བཞི་ཆ་ལུས་པར་ཕྱེད་སེའུ་འབྲུའི། །ཁུ་བ་ཆང་དང་འབྲས་ཁུ་སྐྱུར། །ཞོ་རྣམས་དེ་ཡི་ཕྱེད་ཕྱེད་དང༌། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་དབྱི་མོ་ལ་ལ་ཕུད། །དབྱི་མོང་སྟར་བུ་ལྕེ་མྱང་ཚ། །ཐང་ཤིང་སྲང་ནི་ཕྱེད་ཕྱེད་དང༌། །མར་ནི་བྲེ་གང་བཅས་པར་བསྐོལ། །རླུང་ལས་གྱུར་པའི་སྐྲན་ཀུན་འཇོམས། །ཞེས་བྱ་བ་ལ། སྒོག་སྐྱའི་རྩ་བ་ཤུན་པ་བཤུས་པ་སྲང་བརྒྱ་དང་རྩ་བ་ཆེན་པོ་ལྔ་སྣ་རེ་རེ་ཞིང་སྲང་ལྔ་ལྔ། ཆུ་སྲང་སྟོང་ཞེས་བྱ་བ་བྲེ་དྲུག་ཅུ་རྩ་གསུམ་ཙམ་དང་བསྐོལ་ལ། བཞི་ཆ་ལུས་པར་གྱུར་པ་དེའི་ཕྱེད་དང་སྙོམས་པའི་སེའུ་འབྲུའི་ཁུ་བ་དང་ཆང་དང་འབྲས་ཁུའི་རང་སྐྱུར་ཀན་ཛི་ཞེས་བྱ་བ་དང་ཞོ་རྣམས་དང་བསྲེས་ལ་ཚ་བ་གསུམ་ལ་སོགས་པ་སྲང་ཕྱེད་ཕྱེད་བཏགས་པའི་ཕྱེ་མ་བཏབ་པ་ཐམས་ཅད་མར་བྲེ་གང་དང་བསྐོལ་བའི་སྨན་མར་དེས་ནི་རླུང་ལས་གྱུར་པའི་སྐྲན་གྱི་ནད་ཇི་སྙེད་པ་ཐམས་ཅད་འཇོམས་པར་བྱེད་དོ། །གཅོང་ཆེན་སྐབས་སུ་གང་བཤད་པའི། །སྲང་དྲུག་པ་ཡི་མར་ཡང་བླུད། །ཅེས་བྱ་བ་ལ། ཡང་ན་སྔར་གཅོང་ཆེན་གསོ་བའི་སྐབས་སུ་བཤད་པའི་སྲང་དྲུག་པའི་སྨན་མར་ཞེས་བྱ་བ་བླུད་ན་ཡང་སྐྲན་ལ་ཕན་ནོ། །འོ་མའི་སྐྱིན་པར་ཆང་དངས་སམ། །སེའུ་འབྲུ་ཞོ་སྤྲིས་སྦྱར་བའི་མར། །རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཞེས་བྱ་བ་ལ། ཡང་མར་དང་འོ་མ་བསྐོལ་བའི་སྐབས་སུ་འོ་མའི་སྐྱིན་བར་ཆང་གི་དངས་མའམ། སེའུ་འབྲུའི་ཁུ་བའམ། ཞོའི་སྤྲིས་མ་བཅུག་ལ་དེ་དང་བཙོས་པའི་མར་གྱིས་ཀྱང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །རླུང་གི་སྐྲན་ལ་བད་ཀན་འཕེལ། །དྲོད་ཉམས་ཡི་ག་འཆུས་པ་དང༌། །སྙིང་རྒལ་ཁོང་ལྕི་སྙོམ་གྱུར་པ། །དེ་ལ་སྐྱུག་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ལ་གལ་ཏེ་བད་ཀན་འཕེལ་ཞིང་རྒྱས་པར་གྱུར་པས་ཁོང་པའི་མེ་དྲོད་ཉམས་པ་ལ་སོགས་པ་སྐྱེ་བར་གྱུར་པ་དེའི་ཚེ་དེ་ལ་སྐྱུག་སྨན་བཏང་བས་བད་ཀན་དེ་བསལ་བར་བྱའོ། །གཟེར་དང་ལྟོ་སྦོས་བཤང་སྲི་ལ། །གནས་ཤེས་བྱས་ནས་སྣུམ་བཅས་པའི། །སྨན་མར་སྨན་གྱི་ཕྱེ་མ་དང༌། །ཁུ་བ་རི་ལུར་བྱས་པ་


DTG201_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྒྱ་ཤུག་སེའུ་འབྲུ་ཆུ་དྲོན་དང༌། །དར་བ་ཆང་དང་སྐྱུར་རྩབས་དང༌། །ཆང་དང་བཅས་པ་ནང་པར་བླུད། །ཅེས་བྱ་བ་ལ། ཡང་ན་དེས་སྐྱེད་པའི་གཟེར་ལ་སོགས་པའི་ནད་ལ་ལྟོ་སྲ་སྙིའི་གནས་ཤེས་པར་བྱས་ནས་སྣུམ་དང་བཅས་པ་སྦྱར་བའི་སྨན་མར་གྱིས་བཟླས་མ་ཐག་པའི་ཕྱེ་མ་དང་བསྐོལ་བའི་ཁུ་བ་དང་རི་ལུར་བྱས་ནས་རྒྱ་ཤུག་གི་ཁུ་བའམ། སེའུ་འབྲུའི་ཁུ་བའམ། ཆུ་དྲོན་ལ་སོགས་པ་གང་ཡང་རུང་བ་བླུད་པར་བྱའོ། །ཡང་ན་ཕྱེ་མ་ལ་སོགས་པ། །ཐུག་པ་སླ་བོར་བྱས་པ་ནི། །ནང་བར་ཡང་ན་ཟས་སྔོན་བླུད། །ཅེས་བྱ་བ་ལ། ཡང་ན་སྨན་མར་གྱི་ཕྱེ་མ་ལ་སོགས་པའི་སྨན་དེ་དག་ཐུག་པ་སླ་བ་དང་སྦྱར་ཏེ་ནང་པར་གྱི་དུས་སུ་སྦྱིན་པར་བྱ་བའམ། ཟས་མ་ཟོས་པའི་ཐོག་མར་སྦྱིན་པར་བྱའོ། །ཕྱེ་མ་ཁ་ལུང་ཁུ་བ་དང༌། །ལན་མང་སྦྲུས་པར་གྱུར་པ་ནི། །ལས་ནི་བྱེད་པར་ནུས་གྱུར་པའི། །རི་ལུས་རླུང་དང་བད་ཀན་འཇོམས། །ཞེས་བྱ་བ་ལ། སྨན་མར་གྱི་སྨན་དུ་བཤད་པའི་ཕྱེ་མ་དང༌། འོག་ནས་བཤད་པའི་སྨན་གྱི་ཕྱེ་མ་ཁ་ལུང་གི་ཁུ་བ་དང༌། ལན་མང་དུ་སྦྲུས་ཤིང་བསྒོས་པར་གྱུར་པ་རི་ལུར་བྱས་པས་སྐྲན་འཇོམས་པར་བྱེད་པའི་ལས་བྱེད་པར་ནུས་ཤིང་ཁྱད་པར་དུ་ཡང་རླུང་དང་བད་ཀན་ལས་གྱུར་པའི་སྐྲན་འཇོམས་པ་ཡིན་ནོ། །ཤིང་ཀུན་ཤུ་དག་ཨ་རུ་ར། །ཨ་ཟ་གན་དྷ་སེའུ་འབྲུ་དང༌། །འུ་སུ་པ་ཏ་ཏི་མུ་ས། །མ་ནུ་ཟུར་པ་དཀར་པོ་དང༌། །སྤ་མའི་འབྲས་བུ་ཙི་ཏྲ་ཀ །ཐལ་སྨན་གཉིས་དང་ལན་ཚྭ་གཉིས། །ཚ་བ་གསུམ་དང་ཟི་ར་དང༌། །དབྱི་མོ་ད་ཏྲིག་སྟར་བུའི་ཕྱེས། །རླུང་དང་བད་ཀན་ལས་གྱུར་པའི། །སྙིང་ག་རྩིབ་ལོགས་ཆུ་སོ་དང༌། །མཇུག་ཏོ་མངལ་དང་ཆུ་སོར་གཟེར། །བད་ཀན་རླུང་ལས་གྱུར་པའི་ནད། །གསོ་དཀའ་སྐྲན་དང་འཕྱེན་དང་ནི། །གཅིན་དང་ཕྱིས་འགགས་པ་དང༌། །ལྐོག་མ་འགགས་ཤིང་ན་བ་དང༌། །སྐྱ་རྦབ་ཡི་ག་འཆུས་པ་དང༌། །མཆེར་པ་གཞང་འབྲུམ་སྐྱིགས་བུ་དང༌། །རྒྱུ་རླུགས་ལྟོ་སྦོས་མེ་དྲོད་ཉམས། །ལུད་པ་དབུགས་མི་བདེ་རྣམས་སེལ། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་ཕྱེ་མར་བྱས་པས་ནི་རླུང་དང་བད་ཀན་ལས་གྱུར་


DTG201_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་ག་དང་རྩིབ་ལོགས་ལ་སོགས་པ་གཟེར་བ་འཇོམས་ཤིང་གསོ་དཀའ་བའི་སྐྲན་ལ་སོགས་པ་དང་ལྐོག་མ་བད་ཀན་གྱིས་འགགས་ཤིང་སུབ་པ་ལ་སོགས་པ་འཇོམས་པར་བྱེད་དོ། །ཨ་ཟ་གན་དྷ་ནི་པ་ཤུ་དན་དའོ། །ཏི་མུ་ས་ནི་ཨི་ཟ་མོ་ད་དང་ནི་བྱ་ཀ་ཞེས་བྱའོ། སྦ་མའི་འབྲས་བུ་ནི་ཧ་པུ་ཤའོ། །ཐལ་སྨན་གཉིས་ནི་སྭ་རྫི་ཀ་ཀྵ་ར་དང་ཡ་བཀྵ་རའོ། །རྒྱམ་ཚ་དང་ནི་ལ་ལ་ཕུད། །ཨ་ཟ་མོ་དང་པི་པི་ལིང༌། །དོང་གྲ་རིམ་བཞིན་ཆ་རེས་བསྐྱེད། །ཐམས་ཅད་དང་ནི་ཆ་མཉམ་པའི། །ཨ་རུ་ར་བསྲེས་ཕྱེ་མ་འདི། །མེ་ནི་མངོན་སུམ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པའི་སྨན་གོ་རིམས་བཞིན་དུ་ཕྱེ་མ་ཆ་རེ་རེས་བསྐྱེད་པའི་ཕྱེ་མ་ཨ་རུ་ར་དང་ཆ་མཉམ་པར་བྱ་བ་སྟེ། དེས་ན་རྒྱམ་ཚ་ཞོ་གཅིག །ལ་ལ་ཕུད་ཞོ་གཉིས། ཨ་ཟ་མོ་ད་ཞོ་གསུམ། པི་པི་ལིང་ཞོ་བཞི། དོང་གྲ་ཞོ་ལྔ། དེ་ཀུན་སྤྱིར་བསྡོམས་པ་དང་ཨ་རུ་ར་ཆ་མཉམ་པའི་ཕྱེ་མ་འདི་ནི་མེ་ལྟ་བུའི་ཕྱེ་མ་ཞེས་བྱ་སྟེ་མེ་མངོན་སུམ་པ་ཉིད་དང་ནུས་པ་འདྲ་བ་ཡིན་ནོ། །ཚ་བ་གསུམ་དང་ཏི་མུ་ས། །རྒྱམ་ཚ་དང་ནི་ཟི་ར་གཉིས། །ཆ་མཉམ་ཤིང་ཀུན་བརྒྱད་ཆའི་ཕྱེར། །མར་བསྲེས་ཁམ་གྱི་དང་པོར་ཟོས། །མེ་དྲོད་དྲག་པོ་སྐྱེད་བྱེད་ཅིང༌། །རླུང་གི་སྐྲན་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་ཆ་མཉམ་བར་བྱས་ལ་ཤིང་ཀུན་ཆ་བརྒྱད་པར་བྱས་པ་སྟེ། དེ་ནས་ཚ་བ་གསུམ་ལ་སོགས་པའི་སྨན་ཆ་བདུན་དང་ཤིང་ཀུན་ཆ་བརྒྱད་པར་བྱ་བའམ། ཡང་ན་སྲང་གི་བཅུ་ཆར་སྨན་གྱི་ཆ་བགོས་ལ། ཤིང་ཀུན་དེའི་བརྒྱད་ཆར་བྱས་པའི་དོན་ཏོ། །དེ་ལྟ་བུའི་ཕྱེ་མ་ནི་ཤིང་ཀུན་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་མར་དང་བསྲེས་པ་ཟས་ཀྱི་ཁམ་གྱི་དང་པོ་དང་ལྷན་ཅིག་ཟོས་ན་དེས་མེ་དྲོད་དྲག་པོ་སྐྱེད་པར་བྱེད་ཅིང་རླུང་ལས་གྱུར་པའི་སྐྲན་འཇོམས་པར་བྱེད་པ་ཡིན་ནོ། །ཤིང་ཀུན་ཤུ་དག་ཁ་རུ་ཚ། །དོང་གྲ་དང་ནི་ལ་ལ་ཕུད། །རྣམ་རྒྱལ་མ་ནུ་རུ་རྟ་དང༌། །དུར་བྱེད་དན་དའི་རྩ་བར་བཅས། །ཆ་རེས་བསྐྱེད་པའི་ཕྱེ་མ་འདི། །ཆུ་དྲོན་སྦྱར་འཐུངས་ལྟོ་བའི་ནད། །སྐྲན་དང་དམུ་རྫིང་ལ་སོགས་པ། །སེང་གེས་


DTG201_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རི་དགས་ཚོགས་རྣམས་ནི། །མཐུ་རྩལ་གྱིས་ནི་ཟིལ་གནོན་ལྟར། །ནད་རྣམས་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་ཕྱི་མ་ཕྱི་མ་བཞིན་དུ་ཆ་རེས་བསྐྱེད་པ་ཕྱེ་མར་བཏགས་པ་ནི་སེང་གེ་ལྟ་བུ་ཞེས་བྱ་བའི་ཕྱེ་མ་ཡིན་ཏེ་ཆུ་དྲོན་དང་སྦྱར་ཏེ་བླུད་པ་དེས་ནི་ལྟོ་བའི་ནད་ལ་སོགས་པ་འཇོམས་པར་བྱེད་དེ། དཔེར་ན་སེང་གེས་རི་དགས་ཀྱི་ཚོགས་མཐུ་རྩལ་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་བྱེད་དེ་གསོད་པར་བྱེད་པ་དང་འདྲ་བར་ནད་ཀྱི་ཚོགས་དེ་དག་འཇིག་ཅིང་འཇོམས་པར་བྱེད་དོ། །དེ་ལ་ཆ་རེས་བསྐྱེད་པའི་དོན་ནི་འདི་ཡིན་ཏེ་ཤིང་ཀུན་ཞོ་གཅིག་སྦྱོར་ན། ཤུ་དག་ཞོ་གཉིས། ཁ་རུ་ཚ་ཞོ་གསུམ། དོང་གྲ་ཞོ་བཞི། ལ་ལ་ཕུད་ཞོ་ལྔ། ཨ་རུ་ར་རྣམ་པར་རྒྱལ་བ་ཞོ་དྲུག །མ་ནུ་ཞེས་བྱ་བ་པུཥྐར་མཱུ་ལ་ཞོ་བདུན། རུ་རྟ་ཞོ་བརྒྱད། དུར་བྱིད་ཞོ་དགུ། །དན་ད་ཞོ་བཅུ་དང་སྦྱར་བར་བྱའོ། །ལྕེ་མྱང་ཚ་དང་པི་པི་ལིང། །ཨ་ཟ་མོ་དང་ཨ་རུ་རའི། །ཕྱེ་མ་ཆུ་དྲོན་སྦྱར་བླུད་ན། །སྐྲན་ཅན་བད་རླུང་ལས་གྱུར་ཚོགས། །ལྕགས་མདས་ཕུག་པ་བཞིན་དུ་འཇོམས། །ཞེས་བྱ་བ་ལ། ལྕེ་མྱང་ཚ་ལ་སོགས་པའི་ཕྱེ་མ་ཆུ་དྲོན་མོ་དང་སྦྱར་ཏེ་བླུད་ན། སྐྲན་ཅན་གྱི་རླུང་དང་བད་ཀན་ལ་སོགས་པའི་ནད་ཀྱི་ཚོགས་རྣམས་འཇོམས་པར་བྱེད་དོ། དཔེར་ན་ལྕགས་མདའ་ཞེས་བྱ་བའི་མཚོན་གྱི་བྱེ་བྲག་གིས་སྲོག་ཆགས་འགའ་ཞིག་ལ་བསྣུན་ན་འཆི་བར་བྱེད་པ་དང་འདྲའོ། །དེ་བས་ན་ཕྱེ་མ་འདི་ལ་ལྕགས་མདའ་ལྟ་བུའི་ཕྱེ་མ་ཞེས་བྱའོ། །ཀ་རཉྫ་ཡི་ལོ་མ་དང༌། །ཨིན་དྲ་བ་རུ་ཎ་དབྱི་མོ། །ཀྲུ་ཏྲུག་ཏྲེས་དང་བཅའ་སྒ་དང༌། །པི་པི་ལིང་དང་ན་ལེ་ཤམ། །མ་ལུས་རིམ་བཀོད་རྒྱམ་ཚས་བཀབ། །བསྲེགས་ལ་བཏགས་ཏེ་ཞོ་དང་ནི། །ཞོ་ག་ཆུར་སྦྱར་བླུད་བ་དག །སྐྲན་དང་དམུ་རྫིང་འོར་ནད་དང༌། །སྐྱ་རྦབ་གཞང་འབྲུམ་ནད་རྣམས་སེལ། །ཞེས་བྱ་བ་ལ། ཀ་རཉྫའི་ལོ་མ་ནི་བུ་ཏི་ཀའི་ལོ་མའོ། །ཨིན་དྲ་བ་རུ་ཎ་ནི་གརྫ་རྩིར་བྱེད་དོ། །གཞན་དག་ནི་གོ་བར་ཟད་དེ་གོ་རིམས་བཞིན་དུ་བཀོད་ཅིང་ཇི་སྐད་སྨོས་པའི་ཚུལ་དུ་བཞག་ལ་ཀུན་གྱི་སྟེང་དུ་རྒྱམ་ཚ་བཞག་ཅིང་དེས་སྟེང་ནས་བཀབ་ལ་དེའི་འོག་ཏུ་བསྲེགས་ལ་བཏགས་ཏེ་ཞོ་དང་


DTG201_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཞོ་ག་ཆུ་དང་སྦྱར་ཏེ་བླུད་པས་སྐྲན་ལ་སོགས་པའི་ནད་རྣམས་འཇོམས་པ་ཡིན་ནོ། །ཤིང་ཀུན་སུམ་འགྱུར་རྒྱམ་ཚ་དང༌། །དེ་ལས་ཨེ་རཎྜ་ཡི་མར། །སུམ་འགྱུར་དེ་ལས་སྒོག་སྐྱ་ཡི། །ཁུ་བ་སུམ་འགྱུར་སྦྱར་བ་དག །བླུད་ན་སྐྲན་དང་དམུ་རྫིང་དང༌། །རྒྱུ་རླུགས་གཟེར་གྱི་ནད་འཇོམས་འགྱུར། །ཞེས་བྱ་བ་ལ། ཤིང་ཀུན་གྱི་སུམ་འགྱུར་བྱས་པའི་རྒྱམ་ཚ་དང༌། དེ་ལས་ཨེ་རཎྜའི་མར་སུམ་འགྱུར་དུ་བྱས་པ་དང༌། ཨེ་རཎྜའི་མར་ལས་སྒོག་སྐྱའི་ཁུ་བ་སུམ་འགྱུར་དུ་བྱས་པ་དང་མ་ལུས་པར་གཅིག་ཏུ་བྱས་ནས་བླུད་ན་སྐྲན་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །དེ་ནི་འདི་སྐད་སྟོན་ཏེ། ཤིན་ཀུན་ཆ་གཅིག །རྒྱམ་ཚ་ཆ་གསུམ། ཨེ་རཎྜའི་མར་ཆ་དགུ། སྒོག་སྐྱའི་ཁུ་བ་ཆ་ཉི་ཤུ་རྩ་བདུན་སྦྱར་བར་བྱའོ། །ཁ་ལུང་ཁུ་བ་ཤིང་ཀུན་དང༌། །སེའུ་འབྲུ་རྒྱམ་ཚ་ཁ་རུ་ཚ། །ཆང་གི་དངས་མར་སྦྱར་བླུད་ན། །རླུང་ལས་གྱུར་པའི་སྐྲན་ནད་སེལ། །ཞེས་བྱ་བ་ལ། ཁ་ལུང་གི་ཁུ་བ་ལ་སོགས་པ་ཆང་གི་དངས་མ་དང་སྦྱར་ཏེ་བླུད་ན་ཡང་རླུང་ལས་གྱུར་པའི་སྐྲན་གྱི་ནད་རྣམས་འཇོམས་སོ། །བཅའ་སྒ་ཞོ་གཉིས་བུ་རམ་ཞོ། །བཞི་དང་ཏིལ་ནག་བཀྲུས་སྲང་གཅིག །གཅིག་ཏུ་ཕྱེ་མར་བཏགས་བྱིན་ཞིང༌། །འོ་མ་དྲོ་འཇམ་རྗེས་བླུད་ན། །རླུང་གི་སྙིང་ནད་སྐྲན་གཞང་འབྲུམ། །མངལ་གཟེར་རྟུག་པ་འགགས་པ་སེལ། །ཞེས་བྱ་བ་ལ། བཅའ་སྒ་ཞོ་གཉིས། བུ་རམ་ཞོ་བཞི། ཏིལ་ནག་པོ་བཀྲུས་ཏེ་སྦུན་པ་མེད་པར་བྱས་པ་སྲང་གཅིག་སྟེ། དེ་ཐམས་ཅད་གཅིག་ཏུ་ཕྱེ་མར་བཏགས་པ་བྱིན་ལ་འོ་མ་བསྐོལ་བ་ཅུང་ཟད་དྲོ་བ་དེའི་རྗེས་ལ་བླུད་ན་རླུང་གི་སྙིང་ནད་ལ་སོགས་པ་སེལ་བར་བྱེད་དོ། །རླུང་གྱུར་སྐྲན་ལ་ཨེ་རཎྜའི། །མར་ནི་ཆང་དངས་སྦྱར་བ་བླུད། །བད་རླུང་འདྲེས་ལའང་དེ་ཉིད་བླུད། །མཁྲིས་པ་འདྲེས་པའང་འོ་མར་བཅས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་བད་ཀན་དང་འདྲེས་པར་གྱུར་པ་ལ་ནི་ཆང་དངས་མ་དང་སྦྱར་ཏེ་བླུད་པར་བྱའོ། །མཁྲིས་པ་དང་རླུང་འདྲེས་པར་གྱུར་པ་ལ་ཨེ་རཎྜའི་


DTG201_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་མར་དེ་ཉིད་འོ་མ་དང་བཅས་པར་བླུད་པར་བྱའོ། །གལ་ཏེ་མཁྲིས་པ་འཕེལ་གྱུར་ཏེ། །ཚ་གྱུར་རླུང་གི་སྐྲན་ཅན་ལ། །མཐུན་པར་རྗེས་སུ་འབྱིན་བྱེད་པའི། །སྣུམ་བཅས་བཀྲུ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། རླུང་གི་སྐྲན་གྱི་ནད་པ་ལ་གལ་ཏེ་མཁྲིས་པ་འཕེལ་བར་གྱུར་ཏེ། ཚ་བའི་ནད་སྐྱེས་པར་གྱུར་ན་རླུང་གི་སྐྲན་ཅན་གྱི་ནད་པ་དེ་ལ་རྗེས་སུ་མཐུན་པར་འབྱིན་ཅིང་འཁྲུ་བར་བྱེད་པའི་བཀྲུ་སྨན་སྣུམ་དང་བཅས་པ་བྱིན་ལ་འཁྲུར་གཞུག་བར་བྱའོ། །དེས་ཀྱང་ཚ་བ་མ་བྲི་ན། །དེ་ལ་གཏར་ག་གདབ་པར་བྱ། །ཞེས་བྱ་བ་པ། དེ་དེ་ལྟར་བཀྲུ་སྨན་བཏང་དུ་ཟིན་ཀྱང་མཁྲིས་པའི་ཚ་བ་དེ་ནི་ཞི་བར་མ་གྱུར་ན་གཏར་ག་གདབ་ལ་ཁྲག་དབྱུང་བར་བྱའོ། །སྒོག་སྐྱ་སྐམ་པོ་བཤུས་པ་ནི། །སྲང་བཞི་ཆུ་དང་འོ་མ་ནི། །བརྒྱད་འགྱུར་གྱི་ནི་ནང་དུ་བསྐོལ། །འོ་མ་མ་ལུས་པར་བླུད་ན། །རླུང་གྱུར་སྐྲན་དང་རྟུག་འགགས་དང༌། །རླུང་ནད་གཟུགས་འཁུམས་མི་བཟད་རིམས། །སྙིང་ནད་ཁོང་འབྲས་ཟད་བྱེད་རྣམས། །འོ་མ་དེ་ཡིས་རབ་ཏུ་འཇོམས། །ཞེས་བྱ་བ་ལ། སྒོག་སྐྱ་ཤུན་པ་ལེགས་པར་བཤུས་ཤིང་བསྐམས་པར་གྱུར་པ་སྲང་བཞི་ཆུ་དང་འོ་མ་བསྐོལ་བའི་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ། དེ་ལས་འོ་མ་མ་ལུས་པར་བླུད་པར་གྱུར་ན། རླུང་ལས་གྱུར་པའི་སྐྲན་ལ་སོགས་པ་འཇོམས་པར་འགྱུར་རོ། །ཏིལ་མར་ཆང་དངས་བ་གཅིན་དང༌། །རང་སྐྱུར་ཡ་བཀྵ་རར་བཅས། །བླུད་ན་སྐྲན་དང་དམུ་རྫིང་དང༌། །ལྟོ་སྦོས་ཅིག་ཆར་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཏིལ་བཙིར་བའི་ཏིལ་མར་ཆང་ལ་སོགས་པ་ཐམས་ཅད་གཅིག་ཏུ་སྦྱར་ཏེ་བླུང་ན་ཡང་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །ཙི་ཏྲ་པི་པི་ལིང་མཱུ་ལ། །བཅའ་སྒ་ཤིང་ཀུན་ཨེ་རཎྜ། །རྒྱམ་ཚ་ཁ་རུ་ཚར་བཅས་པ། །བསྐོལ་བ་བླུད་ན་གཟེར་བ་དང༌། །ལྟོ་སྦོས་རྟུག་འགགས་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཙི་ཏྲ་ཀ་ལ་སོགས་པ་བསྐོལ་བ་བླུད་ན་ཡང་གཟེར་བ་ལ་སོགས་པ་འཇོམས་པའི་མཆོག་ཡིན་ནོ། །མ་ནུ་ཨེ་རཎྜའི་རྩ་བ། །ནས་དང་བྱི་ཚེར་བ་ཤ་ཀ །ཆུ་


DTG201_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐོལ་ཏེ་བླུད་ན་ནི། །ལྟོ་ནད་སྦོས་དང་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། མ་ནུ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ལྟོ་བའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །མ་ནུ་ཨེ་རཎྜ་འཇག་མའི། །རྩ་བ་ཐང་ཤིང་བཅའ་སྒ་རྣམས། །ཆུ་དང་བསྐོལ་བའི་ཁུ་བ་བླུད། །ཁོང་པ་ཕྲག་པ་རྒྱབ་གཟེར་འཇོམས། །ཞེས་བྱ་བ་ལ། ཡང་ན་མ་ནུ་ཞེས་བྱ་བ་པུཥྐར་མཱུ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཁོང་པའི་ན་བ་ལ་སོགས་པ་སེལ་ཏོ། །བྲག་ཞུན་དང་ནི་པ་ཡ་སྱ། །རྩ་བ་ཆེན་པོ་ལྔ་བསྐོལ་བ། །རླུང་གྱུར་སྐྲན་ནད་ཅན་ལ་བླུད། །ཅེས་བྱ་བ་ལ། རླུང་ལས་གྱུར་པ་དང་ལྡན་པའི་ནད་བས་བྲག་ཞུན་ལ་སོགས་པའི་སྨན་འཐུངས་ན་ཡང་ཕན་ནོ། །རྟུག་སྐམ་ནད་ལ་ནས་ཀྱི་ནི། །ཆག་ཚེ་སྣུམ་དང་བཅས་པ་སྦྱིན། །པི་པི་ལིང་ངམ་ལ་ཕུག་གི ། ཁུ་བ་དང་ནི་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། རྟུག་སྐམ་གྱི་ནད་ཀྱིས་བཏབ་པ་དག་ལ་ནས་བྟྲལ་ཏེ་ཆག་ཚེ་ཅན་དུ་བྱས་པ་སྣུམ་གྱི་ཁུ་བའི་ནང་དུ་པི་པི་ལིང་བཏབ་པའམ། ལ་ཕུག་གི་ཁུ་བ་དང་སྦྱར་ཏེ་སྦྱིན་པར་བྱའོ། །ནས་ཀྱི་ཟན་དྲོན་འོ་མར་བཅས། །རླུང་གི་རྟུག་འགགས་ནད་ལ་སྦྱིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྟུག་འགགས་ཀྱི་ནད་ལ་ནི་ནས་ཀྱི་ཟན་དྲོན་འོ་མ་དང་བཅས་པ་སྦྱིན་པར་བྱའོ། །ཡང་ན་མོན་སྲན་གྲེའུའི་ཆན། །སྣུམ་མང་ལན་ཚྭར་ལྡན་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་རྟུག་འགགས་ཀྱི་ནད་དེ་ལ་མོན་སྲན་གྲེའུའི་ཆན་ལ་སྣུམ་དང་ལན་ཚྭ་མང་པོ་བཏབ་པ་སྦྱིན་པར་བྱའོ། །དུར་བྱིད་དན་ཏི་ནི་ལི་ནི། །ཨ་རུ་ར་དང་ཀམ་པི་ལྱ། །ནས་ཚིག་འཁུས་ཐལ་ཁ་རུ་ཚ། །དོང་གྲ་མར་དང་བཅས་པ་ནི། །དྲི་མར་བཅས་ལ་བཀྲུ་སྨན་གཏང༌། །ཞེས་བྱ་བ་ལ། སྐྲན་ནད་ཅན་གྱི་དྲི་མ་མ་ཐོན་པ་ལ་དུར་བྱིད་ལ་སོགས་པའི་བཀྲུ་སྨན་གཏང་བར་བྱའོ། །ནི་ལི་ནི་དང་འབྲས་བུ་གསུམ། །ར་སྣ་བ་ལ་པུ་ཙེ་ཤེལ། །ཀཎྜ་ཀ་རི་བྱི་དང་ག །སྲང་རེ་ཆུ་བྲེ་བཞི་ནང་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་རུ། །མར་བྲེ་གང་དང་ཞོ་བྲེ་གང༌། །སུ་དྷ་ཀྵི་ར་སྲང་གཅིག་བསྐོལ། །དེ་


DTG201_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མར་བྲེ་རེ་རེ་ནི། །ནས་ཐུག་ཐུག་སླ་སྦྱར་ཏེ་བླུད། །ཞུ་ཞིང་ལེགས་པར་འཁྲུས་ནས་ནི། །ཤ་ཁུ་བཟའ་བ་སྦྱིན་པར་བྱ། །ནི་ལི་ནི་ལིའི་སྨན་མར་འདིས། །སྐྲན་མཛེ་དམུ་རྫིང་ངོ་ཁབས་དང༌། །འོར་ནད་སྐྱ་རྦབ་རིམས་ནད་དང༌། །ཤ་བཀྲ་མཛེར་པ་སྨྱོ་བྱེད་འཇོམས། །ཞེས་བྱ་བ་ལ། ནི་ལི་ནི་ལ་སོགས་པའི་སྨན་རེ་རེ་ཞིང་སྲང་རེ་ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ཏེ་སྨན་མར་དེ། ནས་ཐུག་སླ་བ་རྐྱང་རྐྱང་པོ་དང་སྦྱར་ཏེ་བླུད་དེ་ཞུ་ནས་ནད་པ་ལེགས་པར་འཁྲུས་པར་གྱུར་པ་དང༌། ཤ་ཁུ་དང༌། འབྲས་ཆན་སྦྱིན་བར་བྱ་སྟེ། ནི་ལི་ནིའི་སྨན་མར་འདི་དེ་ལྟ་བུའི་སྦྱོར་བ་དང་ལྡན་པར་བྱས་ན་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །ཁྱིམ་བྱ་རྨ་བྱ་གོང་མ་སྲེག །ཁྲུང་ཁྲུང་བྱིའུ་ཤ་ཁུ་བ་དང༌། །སཱ་ལུའི་འབྲས་ཆན་ཆང་དངས་མར། །རླུང་གི་སྐྲན་ནི་སེལ་བ་ཡིན། །ཞེས་བྱ་བ་ལ། དེ་ལ་ཤ་ཁུ་ནི་ཁྱིམ་བྱའི་ཤ་ལ་སོགས་པ་ལས་བྱས་པའོ། །འབྲས་ཆན་ནི་བཟའ་བའི་དོན་དུ་བྱའོ། །ཆང་ནི་བཏུང་བའི་དོན་དུ་བྱའོ། །མར་ནི་བཟའ་བ་དང་བཏུང་བ་གཉི་གར་སྦྱར་ཏེ། འདི་དག་ནི་རླུང་ལས་གྱུར་པའི་སྐྲན་སེལ་བར་བྱེད་པ་ཡིན་ནོ། །ཉུང་ཞིང་སྣུམ་ལ་སླ་ཞིང་དྲོ། །ཁ་ཟས་རླུང་སྐྲན་ཅན་གྱིས་བཟའ། །བཏུང་བར་ཆང་གི་དངས་མའམ། །འུ་སུ་བསྐོལ་བའི་ཆུ་ཚན་བླུད། །ཅེས་བྱ་བ་ལ། རླུང་གི་སྐྲན་ཅན་གྱི་མིས་ནི་ཁ་ཟས་ཉུང་ཞིང་ཚོད་རན་པར་བཟའ་བ་དང༌། སྣུམ་པ་ལ་སོགས་པའི་རང་བཞིན་ཅན་བཟའ་བར་བྱ་ལ། བཏུང་བ་ནི་གོ་བར་ཟད་དོ། །མཁྲིས་གྱུར་སྐྲན་ནི་སྣུམ་དྲོ་ལས། །བྱུང་བ་དེ་ལ་རྒུན་འབྲུ་དང༌། །ཨ་རུ་ར་བསྐོལ་བུ་རམ་བཅས། །ཀ་མ་པི་ལྱ་དང་སྦྲང་རྩི་བཅས། །ཆོ་གའམ་ཁྲག་མཁྲིས་གསོར་བཤད་པའི། །བཀྲུ་སྨན་བླུད་དེ་འཁྲུས་པ་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་སྣུམ་བ་དང་དྲོ་པ་ལས་བྱུང་ཞིང་སྐྱེས་བ་ལ་ནི། རྒུན་འབྲུ་དང༌། ཨ་རུ་ར་བསྐོལ་བའི་ཁུ་བའི་ནང་དུ་བུ་རམ་བཏབ་པ་བླུད་ལ་དེ་འཁྲུར་གཞུག་པའམ། ཡང་ན་ཀ་མ་བི་ལྱ་དང་སྦྲང་རྩི་དང་སྦྱར་བ་བླུད་དེ་འཁྲུར་གཞུག་པའམ། ཡང་ན་ཆོ་ག་གྲུབ་པ་ལས་


DTG201_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་བཀྲུ་སྨན་བཏང་སྟེ་གསོར་གཞུག་པའམ། ཡང་ན་ཁྲག་མཁྲིས་གསོ་བར་བཤད་པའི་བཀྲུ་སྨན་བླུད་དེ་འཁྲུར་གཞུག་པ་ཕན་ནོ། །རྩུབ་དྲོ་ལས་བྱུང་སྐྲན་ལ་ནི། །ཏིག་ཏ་འམ་བ་ཤ་ཀ་བསྐོལ་བའི། །མར་ནི་བླུད་པར་བྱ་བའམ། །རྩྭ་ཡི་རྩ་བ་ལྔ་པའམ། །འཚོ་བྱེད་སྡེ་ཚན་བཤད་པ་དང༌། །མར་བསྐོལ་བླུད་ན་མཆོག་ཏུ་ཕན། །ཞེས་བྱ་བ་ལ། རྩུབ་པ་དང་དྲོ་བའི་རྒྱུ་ལས་བྱུང་བའི་སྐྲན་ལ་ནི་ཏིག་ཏ་དང་མར་བསྐོལ་ཏེ་བླུད་པའམ། བ་ཤ་ཀ་དང་མར་བསྐོལ་བ་ཁྲག་མཁྲིས་གསོ་བའི་སྐབས་ནས་བཤད་པ་བླུད་པར་བྱ་བའམ། ཡང་ན་རྩ་བ་ལྔ་པ་ཞེས་བྱ་བ་དང་བསྐོལ་བའི་མར་བླུད་པའམ། ཡང་ན་འཚོ་བྱེད་ཀྱི་སྡེ་ཚན་སྔར་བཤད་པ་དང་མར་དུ་བསྐོལ་ཏེ་བླུད་ན་ནད་སེལ་བར་འགྱུར་རོ། །ནྱ་གྲོ་དྷ་སོགས་སྡེ་ཚན་ནམ། །འཚོ་བྱེད་སྡེ་ཚན་འོ་མ་ཕན། །ཞེས་བྱ་བ་ལ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་དང་འོ་མར་བསྐོལ་ཏེ་བླུད་པའམ། འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་འོ་མ་བླུད་ན་ཕན་ནོ། །དེར་ཡང་བཤོལ་དུ་མེད་གྱུར་པར། །སྨན་པས་བཀྲུ་སྨན་དང་བསྐོལ་བའི། །མར་རམ་འོ་མ་དག་གི་ནི། །བཀྲུ་སྨན་ཉེ་བར་གཏང་བར་བྱ། །ཞེས་བྱ་བ་ལ། རྩུབ་པ་དང་དྲོ་བ་ལས་གྱུར་པའི་སྐྲན་དེ་ལ་བཤོལ་དུ་མེད་ཅིང་གདོན་མི་ཟ་བར་བཀྲུ་སྨན་བཏང་དགོས་པའི་ནད་དུ་གྱུར་ན། སྨན་པས་བཀྲུ་སྨན་དང་སྦྱར་བའི་སྨན་མར་རམ། བཀྲུ་སྨན་དང་འོ་མ་སྦྱར་བའི་སྨན་མར་བཏང་ལ་ལེགས་པར་འཁྲུར་གཞུག་པར་བྱའོ། །སྐྱུ་རུ་ར་དང་བུར་ཤིང་གི །ཁུ་བར་མར་ནི་བྲེ་གང་དང༌། །ཨ་རུ་ར་ནི་བཞི་ཆ་བཅུག །བསྐོལ་བའི་མར་བླུད་མཁྲིས་སྐྲན་སེལ། །ཞེས་བྱ་བ་ལ། སྐྱུ་རུ་ར་དང་བུ་རམ་ཤིང་གི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་མར་བྲེ་གང་བསྐོལ་བ་དེའི་ནང་དུ་ཨ་རུ་ར་མར་གྱི་བཞི་ཆ་བཅུག་སྟེ་བསྐོལ་བའི་མར་བླུད་ན་ཡང་མཁྲིས་པ་ལས་གྱུར་བའི་སྐྲན་སེལ་བར་བྱེད་དོ། །ཡང་ན་མཁྲིས་པའི་ཁོང་འབྲས་གསོར། །བཤད་པའི་སེང་ཕྲོམ་སྨན་མར་བླུད། །ཅེས་བྱ་བ་ལ། གང་མཁྲིས་པའི་ཁོང་འབྲས་གསོ་བའི་སྐབས་སུ་བཤད་


DTG201_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེང་ཕྲོམ་གྱི་སྨན་མར་བླུད་ཅིང་འཁྲུར་བཅུག་ན་ཡང་ཕན་ནོ། །རྒུན་འབྲུ་ཤིང་མངར་པ་ཡ་སྱ། །ཤུག་པ་ཙན་དན་སྦྲང་རྩི་རྣམས། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པའི་སྐྲན་ནི་སེལ་བར་འགྱུར། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྨན་དང་འབྲས་བཀྲུས་པའི་ཆུ་བླུད་ན་ཡང་ཕན་ནོ། །ཀྱི་ལྕེ་བ་ནི་སྲང་གཉིས་དང༌། །ཆུ་བྲེ་དོ་ནི་བསྐོལ་ནས་སུ། །བརྒྱད་ཆ་ལུས་པ་བཙགས་པ་ནི། །དྲོ་འཇམ་འོ་མ་ཆ་མཉམ་བླུད། །ཡང་ན་དེ་སྟེང་འོ་ཚན་ནི། །མེ་དྲོད་ཇི་བཞིན་བླུད་པར་བྱ། །དེ་ཡིས་ནད་ནི་བསལ་བས་ན། །མཁྲིས་པ་ཅན་གྱི་སྐྲན་ཞི་འགྱུར། །ཞེས་བྱ་བ་ལ། ཀྱི་ལྕེ་བ་ཇི་སྐད་སྨོས་པའི་སྦྱོར་བས་བླུད་ལ་དེའི་སྟེང་དུ་ཡང་འོ་མ་བསྐོལ་བ་དྲོན་མོ་ཉིད་ཁོང་པའི་མེ་དྲོད་ཀྱི་སྟོབས་ཅི་ཡོད་པ་ལས་བླུད་པར་བྱ་སྟེ། དེ་ལྟ་བུའི་སྦྱོར་བས་ནད་བསལ་ཅིང་བྱང་བར་གྱུར་ན་ཡང་མཁྲིས་པ་ཅན་གྱི་སྐྲན་ཞི་བར་འགྱུར་རོ། །ཚ་ལ་མར་གྲང་བསྐུ་བའམ། །བསིལ་བའི་སྨན་ནི་མར་བཅས་བསྐུ། །ཆུ་སྐྱེས་ལོ་མས་རེག་བྱ་ཞིང༌། །སྣོད་ཆུས་གང་ལ་རེག་པ་ཕན། །ཞེས་བྱ་བ་ལ། མཁྲིས་པ་ཅན་གྱི་སྐྲན་དེ་ལ་ཚ་བ་དང་ལྡན་པར་གྱུར་ན་མར་སར་གྲང་མོས་བསྐུ་བའམ། ཡང་ན་ཙན་དན་དཀར་པོ་དང༌། པུ་ཤེལ་ཙི་ལ་སོགས་པའི་སྨན་དང་མར་དུ་སྦྱར་བས་བསྐུས་ན་ཕན་པ་དང༌། དེ་བཞིན་དུ་པདྨའམ། ཨུཏྤ་ལ་ལ་སོགས་པ་ཆུ་ལས་སྐྱེས་པའི་ལོ་མས་རེག་ཅིང་གླན་པར་བྱ་བ་དང༌། གསེར་སྐྱོགས་དང་ཁམ་སྐྱོགས་ལ་སོགས་པའི་སྣོད་ཆུས་གང་ཞིང་གཡོ་བ་ལ་རེག་ཏུ་བཅུག་པ་ཕན་ནོ། །གཟེར་དང་མེ་དྲོད་བྲི་གྱུར་ཞིང༌། །ཚ་བའི་དང་པོའི་ཚུལ་ཅན་གྱི། །མཁྲིས་པའི་སྐྲན་ལ་ཁྱད་པར་དུ། །ཁྲག་ནི་ལན་མང་དབྱུང་བ་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་དང་པོ་མ་སྨིན་པར་གྱུར་པ་ན་ཚ་བར་གྱུར་པ་དང་དེ་བཞིན་དུ་གཟེར་བ་དང༌། མེ་དྲོད་ཅུང་ཟད་བྲི་ཞིང་ཆུང་བར་གྱུར་པ་ལ་ནི། ཁྲག་ལན་མང་དུ་དབྱུང་ཞིང་དབྲི་བ་ཕན་ནོ། །རྩ་བ་ཆད་སྐྲན་མི་ཚ་ཞིང༌། །ཉེ་བར་ཟད་པར་འགྱུར་བ་དང༌། །ཁྲག་ནི་སྐྱུར་བར་མི་འགྱུར་ལ། །ཁྲག་ལས་གྱུར་པའི་ནད་ཀྱང་


DTG201_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཅེས་བྱ་བ་ལ། གང་གི་ཕྱིར་རྩ་བ་ཆུང་ངུ་ཆད་པར་གྱུར་པའི་སྐྲན་ལ་ནི། ཚ་བ་ཤས་ཆེན་པོ་དང་ལྡན་པར་ཡང་མི་འགྱུར་ལ། དེ་བཞིན་དུ་དེ་ནི་རིམ་གྱིས་ཟད་ཅིང་འབྲི་བར་འགྱུར་བ་དང༌། །དེ་བཞིན་དུ་དེའི་ནང་ན་གནས་པའི་ཁྲག་ཀྱང་སྐྱུར་བ་ལ་སོགས་པའི་རྣམ་པས་རྣགས་ཤིང་གནོད་པ་སྐྱེད་པར་མི་འགྱུར་ལ་ཁྲག་མེད་པས་ན། དེ་ལས་གྱུར་པའི་ནད་ཀྱང་མེད་པར་འགྱུར་རོ། །རྙིད་ཅིང་ནད་ནི་བསལ་བ་ལ། །སྐམ་སར་སྐྱེས་པའི་ཤ་ཁུས་བརྟ། །བརྟས་ནས་ཉེས་པ་ལྷག་ལུས་པ། །སླར་ཡང་མར་ནི་བསྟེན་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་དེ་རྙིད་ཅིང་ཞུམ་པར་གྱུར་པ་དང༌། ཁྲག་ནད་བསལ་ཅིང་མེད་པར་གྱུར་པར་བྱས་ནས། དེ་ལ་སྐམ་སའི་ཤ་ཁུ་བླུད་པས་ལུས་བརྟ་བར་བྱ་བ་དང༌། དེ་ལྟར་ཉམས་བརྟས་ཀྱང་ནད་ཀྱི་ལྷག་མ་ཡོད་པ་ན་མར་སར་བསྟེན་ཅིང་སྦྱིན་པར་བྱའོ། །ཁྲག་དང་མཁྲིས་པ་འཕེལ་གྱུར་པས། །སྐྲན་ནི་སྨིན་པར་ཕྱོགས་པ་ལ། །གསོ་བའི་བྱ་བ་མ་རྙེད་ཅིང༌། །མཁྲིས་པའི་ཁོང་འབྲས་ལྟར་གསོ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ཁྲག་དང༌། མཁྲིས་པ་ཤས་ཆེར་རྒྱས་ཤིང་འཕེལ་བར་གྱུར་པས་དེ་སྨིན་ཅིང་རྣགས་པ་ལ་ཕྱོགས་པར་གྱུར་པས་གསོ་བའི་ཐབས་གཞན་མ་རྙེད་ན་ཟས་དང༌། སྐོམ་དང༌། སྤྱོད་ལམ་དང༌། སྨན་ལ་སོགས་པའི་བྱ་བ་ཐམས་ཅད་མཁྲིས་པའི་ཁོང་འབྲས་ཇི་ལྟར་གསོ་བ་དེ་ལྟར་བྱའོ། །སཱ་ལུ་པ་དང་རའི་འོ་མ། །པ་ཏོལ་སྐོམ་སའི་ཤ་མར་དང༌། །པ་རུ་ཤ་ཀ་སྐྱུ་རུ་ར། །རྒུན་འབྲུ་འབྲ་གོ་སེའུ་འབྲུ་དང༌། །ཁ་རར་སྦྱར་བའི་ཁ་ཟས་བཟའ། །ཞེས་བྱ་བ་ལ། སཱ་ལུ་ནི་སྐྲན་ཅན་གྱིས་བཟའ་བའི་དོན་དུ་བྱའོ། །བ་དང་རའི་འོ་མ་དང་པ་ཏོ་ལ་ནི་ཚོད་མ་དང་སྤགས་པའི་དོན་དུ་བྱའོ། །སྐམ་སའི་སྲོག་ཆགས་ཀྱི་ཤ་དང་མར་ནི་གཡོས་སུ་བྱ་བ་དང་སྔོ་བ་ལ་སོགས་པའི་དོན་དུ་བྱའོ། །བ་རུ་ཤ་ཀ་ལ་སོགས་པའི་འབྲས་བུ་ནི་གཡོས་སུ་བྱས་པ་དང་བཟའ་བ་དག་ཏུ་བྱའོ། །བཏུང་བར་བ་ལ་བྲི་ཧ་ཏི། །ལ་སོགས་བསྐོལ་བ་བླུད་པར་བྱ། །ཞེས་བྱ་བ་ལ། བཏུང་བའི་དོན་དུ་ནི་


DTG201_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དང་བྲི་ཧ་ཏི་ལ་སོགས་པའི་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་ཆུ་བླུད་པར་བྱའོ། །བད་ཀན་ལས་གྱུར་དང་པོར་ནི། །སློན་བྱ་མི་བཟོད་དེ་སྨྱུང་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ལ་ནི། དང་པོ་ཁོ་ནར་སྐྱུག་སྨན་བཏང་ལ་སློན་དུ་གཞུག་གོ །གལ་ཏེ་བྱར་མི་བཟོད་པ་འམ། སློན་བྱར་མི་རུང་བ་ཞིག་ཡིན་ན་སྨྱུང་བར་བྱ་ཞིང་ཉམས་དམན་པར་བྱའོ། །ཁ་དྲོ་ཚ་བའི་ཐུག་སོགས་ཀྱི། །རིམ་པས་དེ་འོག་མེ་དྲོད་སྐྱེད། །ཤིང་ཀུན་ལ་སོགས་དང་ཐལ་སྨན། །ཤིང་ཀུན་སྟར་བུ་ཉིས་འགྱུར་གཏང༌། །ཞེས་བྱ་བ་ལ། དེ་ལྟར་སློན་དང་སྨྱུང་བ་བྱས་ཟིན་པའི་རྗེས་ལ་ཁ་བ་དང་ཚ་བའི་སྨན་དང་ཟས་དེ་ལྟ་བུ་དང་སྦྱར་བའི་ཐུག་པ་ལ་སོགས་པའི་རིམ་པས་ནད་པའི་ཁོང་བའི་མེ་དྲོད་བསྐྱེད་པར་བྱའོ། །དེ་བཞིན་དུ་ཤིང་ཀུན་ལ་སོགས་པའི་ཕྱེ་མ་ཤིང་ཀུན་དང༌། ཁ་རུ་ཚ་ལ་སོགས་པ་སྔར་ཇི་སྐད་སྨོས་པའི་ཕྱེ་མ་དང༌། དེ་བཞིན་དུ་ཐལ་སྨན་དང༌། ཤིང་ཀུན་དང༌། སྟར་བུ་སྨན་ལྷག་མ་རྣམས་ཀྱི་ཉིས་འགྱུར་དུ་བྱས་པ་དག་གིས་མེ་དྲོད་བསྐྱེད་པར་བྱའོ། །གལ་ཏེ་འབུར་རམ་གཏིང་རིང་གྱུར། །ཚེར་བ་ཆུང་ཞིང་སྲ་ལ་བརྟན། །ལྟོ་སྦོས་ལ་སོགས་ལྡན་པའི་སྐྲན། །དུགས་བྱས་ནས་ནི་སྙི་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་སྟེང་དུ་འབུར་བར་གྱུར་ཏམ། མི་མངོན་ཞིང་ཟབས་ཀྱི་གཏིང་རིང་བར་གྱུར་པ་དང༌། ཚོར་བ་ཆུང་ཞིང་བེམ་བེམ་པོར་གནས་པ་དང༌། སྲ་ཞིང་མཉེན་བག་མེད་པ་དང༌། བརྟན་ཅིང་གཡོ་བ་མེད་པ་དང༌། ལྟོ་སྦོས་པའི་བླ་བརྣན་དང་ལྡན་པར་གྱུར་ན། དང་པོར་དུགས་བྱས་ལ་སྙི་ཞིང་ཅུང་ཟད་དམའ་བར་བྱའོ། །བད་ཀན་ལས་གྱུར་སྐྲན་ཅན་ལ། །མར་ཚ་ཐལ་སྨན་བཅས་ཆུ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ཡོད་པའི་མི་ལ་ནི་སྨན་མར་ཐལ་སྨན་ནག་དང་བཅས་ཤིང་སྦྱར་བ་བླུད་པར་བྱའོ། །ནས་ཚིག་འཁུས་ཐལ་ཚ་བ་གསུམ། །རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །སེའུ་འབྲུ་རྩ་བ་བཅུ་བསྐོལ་མར། །བད་ཀན་ལས་གྱུར་སྐྲན་མྱུར་འཇོམས། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་བ་ལ་སོགས་པའི་སྨན་དང་བསྐོལ་བའི་མར་གྱིས་ནི། བད་ཀན་ལས་གྱུར་བའི་སྐྲན་གང་ཡིན་པ་དེ་མྱུར་དུ་འཇོམས་པར་བྱེད་དོ། །


DTG201_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་ཤིང་འབྲས་བུ་སྲང་གཉིས་དང༌། །རྩ་བ་ཆུང་དུ་ལྔ་སྲང་རེ། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པ་དེ་དང་ནི། །མཉམ་པའི་འོ་མ་མཉམ་པའི་མར། །བྱི་དང་ག་དང་ཤིང་ཀུན་དང༌། །ནས་ཚིག་འཁུས་ཐལ་ལྕེ་མྱང་ཚ། །ཀཎྜ་ཀ་རི་རྩབས་རུ་ཚ། ཟུར་པར་སྣ་ཤིང་མངར་དང༌། །པི་པི་ལིང་དང་དོང་གྲ་རྣམས། །ཞོ་ནི་གཉིས་གཉིས་བཅས་པར་བསྐོལ། །གོ་བྱེ་ཡི་ནི་སྨན་མར་འདིས། །བད་ཀན་སྐྲན་ནི་སེལ་བའི་མཆོག །མཆིན་པ་མཆེར་པའི་ནད་དང་ནི། །སྐྱ་རྦབ་དང་ནི་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་འཇོམས། །ཞེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་སྲང་གཉིས་ལ་སོགས་པ་བསྐོལ་བ་དེ་དང་མར་བྲེ་གང་དང་འོ་མ་བྲེ་གང་དང་བྱི་དང་ག་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་སྨན་མར་འདི་ནི་གོ་བྱེའི་སྨན་མར་ཞེས་བྱ་སྟེ། དེ་ནི་བད་ཀན་གྱི་སྐྲན་སེལ་ཅིང་འཇོམས་པར་བྱེད་པའི་མཆོག་ཡིན་ལ། དེ་བཞིན་དུ་མཆིན་པའི་ནད་ལ་སོགས་པ་ཡང་འཇོམས་པར་བྱེད་དོ། །དེ་ནས་སྐྲན་ཅན་དེ་ཡི་ལུས། །མ་ལུས་པར་ནི་དུགས་བྱས་ལ། །ཞེས་བྱ་བ་ལ། དེ་ནས་སྐྲན་ཅན་གྱི་ནད་པ་དེ་ལ་སྔར་ཇི་སྐད་བསྟན་པའི་ཆོ་ག་བཞིན་དུ་དུགས་བྱའོ། །སྐྲན་ཀུན་ལ་ནི་ཐོག་མ་ཉིད། །སྣུམ་ཆོས་དུགས་ནི་བྱས་གྱུར་ན། །གསོ་བ་གང་ཞིག་བྱས་པ་དེས། །འགྲུབ་ཀྱི་རྩུབ་ཆོས་ཀྱིས་མི་འགྲུབ། །ཅེས་བྱ་བ་ལ། སྐྲན་ནད་བརྒྱད་ཆར་ཀུན་ལ་ཐོག་མ་ཉིད་དུ་སྣུམ་ཆོས་དང་དུགས་ཀྱི་ཆོ་ག་དག་བྱས་ནས་གསོ་བའི་ཆོ་ག་གང་དང་གང་བྱས་པ་དེས་འགྲུབ་ཅིང་དོན་དང་ལྡན་པར་འགྱུར་གྱི། སྐྲན་གྱི་ནད་དེ་ལ་རྩུབ་ཆོས་ཀྱི་རྣམ་པ་བྱས་པས་ནི་འགྲུབ་པར་འགྱུར་བ་མ་ཡིན་ནོ། །སྣུམ་གྱི་དུགས་ཀྱིས་བརླན་ལུས་ཀྱི། །སྐྲན་ནི་སྙི་བར་གྱུར་པ་དང༌། །ཇི་སྐད་བཤད་པའི་བུམ་པ་ནི། །བཞག་པས་བཀང་ལ་དེ་བསལ་བྱ། །ཞེས་བྱ་བ་ལ། སྐྲན་གྱི་ནད་པ་ལ་སྣུམ་གྱི་ཆོ་ག་བྱས་ཤིང་དུགས་ཇི་སྐད་བསྟན་པས་ལུས་དྲོས་ཤིང་བརླན་པར་བྱས་པས་སྐྲན་དེ་སྙི་ཞིང་ལྷོད་པར་གྱུར་པ་དང༌། སྔར་མདོའི་གནས་སུ་ཇི་སྐད་བཤད་པའི་བུམ་པ་བཞག་ཅིང་གླན་ལ་དེས་བསྡུས་ཤིང་བཀང་ལ་དེའི་འོག་ཏུ་བུམ་པ་དེ་བསལ་ཅིང་གདོན་པར་


DTG201_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་རས་ནང་ཆུད་བྱས་ཏེ། །ཚད་ཤེས་པ་ཡིས་སྐྲན་དབྲལ་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་སྐྲན་འབུར་བ་དེ་རས་ཀྱིས་དཀྲི་ཞིང་བསྡམས་ཏེ་དེའི་ནང་དུ་ཆུད་པར་བྱས་ལ་སྐྲན་གྱི་ཚད་ཇི་ཙམ་པ་ཤེས་པའི་སྨན་པས་སྐྲན་དེ་དབྲལ་ཞིང་གཤགས་པར་བྱའོ། །ཤིང་བཅད་ར་རྨི་མེ་ལོང་རྣམས། །ཇི་རྙེད་པ་ཡིས་ལེགས་པར་བཅིང༌། །ཞེས་བྱ་བ་ལ། དེའི་འོག་ཏུ་ཤིང་གི་ལྷམ་མཁན་ལ་སོགས་པའི་ཤིང་གི་སྤྱད་པགས་པ་འབྱར་བར་བྱེད་པའམ། ཡང་ན་རའི་རྨིག་པ་ཞེས་བྱ་བའི་ཆ་བྱད་དམ་མེ་ལོང་གང་ཡང་རུང་བ་ཇི་རྙེད་པས་རས་ཀྱི་ནང་དུ་ལེགས་པར་དམ་དུ་བཅིང་བར་བྱའོ། །དེས་སྐྲན་གཅིག་པུ་དབྱི་བྱ་ཞིང༌། །སྙིང་དང་རྒྱུ་མར་རེག་མི་བྱ། །ཞེས་བྱ་བ་ལ། ཤིང་སྤྱད་ལ་སོགས་པ་གང་ཡང་རུང་བ་དེས་སྐྲན་གཅིག་པུ་ཕྱི་ཞིང་སྦྱང་པར་བྱའི། ནང་གི་སྙིང་དང་རྒྱུ་མ་ལ་ནི་རེག་པར་མི་བྱའོ། །ཏིལ་དང་ཟར་མའི་ས་བོན་དང༌། །ཡུངས་ཀར་ཨེ་རཎྜ་ཡིས་བྱུག །བད་ཀན་སྐྲན་ནི་ལྕགས་ཀྱི་སྣོད། །དྲོ་འཇམ་ཙམ་གྱིས་དུགས་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཏིལ་ལ་སོགས་པའི་ལྡེ་གུས་བད་ཀན་ལས་གྱུར་པའི་སྐྲན་དབྲལ་ལ་དེ་ལ་བྱུགས་ལ། ལྕགས་ཀྱི་སྣོད་ཡུད་ཙམ་དྲོ་བར་བྱས་པས་དུགས་བྱའོ། །དེ་ལྟར་གནས་ལས་བསྐྱོད་ནས་ནི། །བད་ཀན་སྐྲན་ལ་སྣུམ་བཅས་པའི། །བཀྲུ་སྨན་དང་ནི་འཇམ་རྩི་དག །རྩ་བ་བཅུ་པ་ལྡན་པར་སྦྱར། །ཞེས་བྱ་བ་ལ། དེ་ལྟར་རིམ་པ་འདིས་བད་ཀན་ལས་གྱུར་པའི་སྐྲན་གནས་ལས་བསྐྱོད་ཅིང་གཡོ་བར་བྱས་ལ་སྙི་བར་གྱུར་ནས་སྣུམ་དང་ལྡན་པའི་བཀྲུ་སྨན་གྱིས་སྦྱང་བར་བྱ་ཞིང་རྩ་བ་བཅུ་པ་ལ་སོགས་པའི་འཇམ་རྩིས་ཀྱང་དེ་སྦྱང་བར་བྱའོ། །པི་པི་ལིང་དང་སྐྱུ་རུ་ར། །རྒུན་འབྲུ་ཤ་མ་དུར་བྱིད་སོགས། །སྲང་རེ་དང་ནི་བསྐོལ་བ་ལ། །ཨེ་རཎྜ་ཡི་ཞུན་མར་ནི། །བྲེ་རེ་འོ་མ་དྲུག་འགྱུར་དང༌། །ལྷན་ཅིག་བསྐོལ་བར་གྱུར་པ་འདི། །འདྲེས་པའི་སྨན་མར་ཞེས་བྱ་སྟེ། །སྐྲན་ཅན་འཁྲུ་བར་བྱེད་པའི་མཆོག །རྒྱུ་རླུགས་ཁོང་འབྲས་གཟེར་དང་ནི། །རླུང་གི་ནད་ལ་བདུད་རྩི་ཡིན། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་དང་དུར་བྱིད་ལ་སོགས་པ་སྟེ། དུར་བྱིད་དང་དན་ད་དང་བན་ད་ལ་སོགས་པ་སྲང་རེ་རེ་དང༌། ཨེ་རཎྜའི་མར་བྲེ་གང་ཞུན་མར་བྲེ་གང་འོ་མ་བྲེ་དྲུག་འགྱུར་དང་བསྲེས་ཏེ་བསྐོལ་བར་གྱུར་པ་འདི་ནི་འདྲེས་


DTG201_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨན་མར་ཞེས་བྱ་སྟེ། དེས་ནི་སྐྲན་ཅན་དག་མཆོག་ཏུ་འཁྲུ་བར་བྱེད་པ་ཡིན་ཞིང་རྒྱུ་རླུགས་ལ་སོགས་པའི་ནད་ལ་བདུད་རྩི་ལྟར་ཕན་པ་ཡིན་པས་བདུད་རྩི་ཡིན་ནོ་ཞེས་བྱའོ། །ཡང་ན་ནི་ལི་ནི་སྨན་མར། །སྲང་གཉིས་ཚད་དུ་བླུད་པའམ། །དེ་བཞིན་སྐྱིད་དེ་བའི་སྨན་མར། དམུ་རྫིང་སྐབས་བཤད་མར་ཡང་ཕན། །ཞེས་བྱ་བ་ལ། ཡང་ན་ནི་ལི་ནིའི་སྨན་མར་སྔར་བཤད་པ་ལས་སྲང་གཉིས་ཀྱི་ཚད་ཙམ་དུ་བླུད་དེ་འཁྲུར་གཞུག་པར་བྱའོ། །དེ་བཞིན་དུ་སྐྱིད་དེ་བའི་སྨན་མར་རྒྱུ་རླུགས་ཀྱི་སྐབས་སུ་བཤད་པ་སྲང་གཉིས་ཀྱི་ཚད་དུ་བླུད་ཅིང་ཡང་ན་དམུ་རྫིང་གི་སྐབས་སུ་བཤད་པའི་སྨན་མར་སྲང་གཉིས་བླུད་ལ་འཁྲུར་བཅུག་ན་ཡང་ཕན་ནོ། །དན་ད་ཙི་ཏྲ་ཨ་རུ་ར། །སྲང་ནི་ཉི་ཤུ་རྩ་ལྔ་ལྔ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བརྒྱད་ཆ་ལུས་བཙགས་ཨ་རུ་ར། །བཅས་པ་བུ་རམ་དན་དར་མཉམ། །བཅུག་ལ་ཏིལ་མར་དུར་བྱིད་ཕྱེ། །སྲང་བཞི་བཅའ་སྒ་པི་པི་ལིང། །ཞོ་གཉིས་བསྐོལ་བསྒྲངས་ལྡེ་གུ་དེ། །སྦྲང་རྩི་ཏིལ་མར་ཆ་མཉམ་པ། །དྲི་སྣ་བཞི་བཞི་སྲང་རེ་གཞུག །དེ་ལས་ཨ་རུ་ར་གཅིག་དང༌། །ལྡེ་གུ་སྲང་གཅིག་བཅས་ཟོས་ན། །བདེ་བར་ནད་ནི་བྲེ་གང་འཁྲུ། །སྐྲན་དང་སྙིང་ནད་གཞང་འབྲུམ་ནད། །འོར་ནད་ལྟོ་སྔོས་སྦྱར་བའི་དུག །མཛེ་དང་དམུ་རྫིང་ནད་གློངས་དང༌། །ཡི་ག་འཆུས་དང་མཆེར་པའི་ནད། །སྐྱ་རྦབ་མིག་སེར་འཇོམས་པར་བྱེད། །འདི་ནི་དན་ད་ཙི་ཏྲ་ཀ །ཨ་རུ་ར་ཡི་ལྡེ་གུ་ཡིན། །ཞེས་བྱ་བ་ལ། དན་དའི་རྩ་བསྲང་ཉི་ཤུ་རྩ་ལྔ་དང་ཙི་ཏྲ་ཀ་སྲང་ཉི་ཤུ་རྩ་ལྔ་ཆུ་བྲེ་བཅུ་དྲུག་ཅེས་བྱ་བ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ལ། དེ་ལས་བྲེ་དོ་ལུས་པའི་ཁུ་བ་བཙགས་ཏེ། ཨ་རུ་ར་དང་བཅས་པའི་བུ་རམ་དན་ད་དང་མཉམ་པར་སྲང་ཉི་ཤུ་རྩ་ལྔ་བཅུག་པ་དང་ཏིལ་མར་སྲང་བཞི་དང་དུར་བྱིད་ཀྱི་ཕྱེ་མ་སྲང་བཞི། བཅའ་སྒ་དང་པི་པི་ལིང་ཞོ་གཉིས་གཉིས་བཅུག་ལ་མེ་ཆུང་དུས་བསྐོལ་ཏེ། ལྡེ་གུར་གྱུར་པ་དེ་ཕབ་སྟེ་བསྒྲངས་པའི་ནད་དུ་སྦྲང་རྩི་ཏིལ་མར་དང་ཆ་མཉམ་པ་སྲང་བཞི་བཅུག་ལ་དྲི་སྣ་བཞི་ལ་སྲང་རེ་རེ་སྟེ། སྲང་བཞི་བཅུག་ལ་ལྡེ་གུ་དེ་ལས་ཨ་རུ་ར་རེ་དང་ལྡེ་གུ་སྲང་གཅིག་དང་བཅས་པ་ཟོས་ན་བདེ་ཞིང་ནད་མེད་པར་སྣུམ་གྱིས་ཞེན་པར་གྱུར་པས་ན་བྲེ་གང་ཙམ་འཁྲུ་ཞིང་འབྱུང་བར་འགྱུར་རོ། །དན་ད་དང་ཨ་རུ་ར་དེས་


DTG201_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྲན་དང་སྙིང་ནད་ལ་སོགས་པ་ཡང་འཇོམས་པར་བྱེད་དོ། །སུ་དྷཱ་ཀྵི་རའི་རླན་དང་ནི། །དུར་བྱིད་དང་ནི་ལེགས་བསྲེས་ཏེ། །མར་དང་སྦྲང་རྩི་ཞོ་གཉིས་བཅས། །ལྡེ་གུས་ལེགས་པར་འཁྲུ་བར་འགྱུར། །ཞེས་བྱ་བ་ལ། དུར་བྱིད་ཀྱི་ཕྱེ་མ་སུ་དྷཱ་ཀྵི་རའི་འོ་མ་དང་བསྲེས་ཤིང་སྤངས་ལ་མར་དང་སྦྲང་རྩི་ཞོ་གཉིས་དང་སྦྱར་བའི་ལྡེ་གུ་བྱིན་ན་ཡང་ལེགས་པར་བདེ་བླག་ཁོ་ནར་འཁྲུ་བར་འགྱུར་རོ། །རུ་རྟ་དུར་བྱིད་ཨ་རུ་ར། །དན་ད་གུ་གུལ་ནས་ཚིག་འཁུས། །བ་གཅིན་བཅས་བླུད་ཡང་ན་ནི། །གུ་གུལ་ཉི་ཚེ་བ་གཅིན་བླུད། །ཅེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་བ་གཅིན་དང་སྦྱར་ཏེ་འཁྲུ་སྨན་གྱི་དོན་དུ་བླུད་པར་བྱ་བའམ། ཡང་ན་གུ་གུལ་ཉི་ཚེ་བ་གཅིན་དང་སྦྱར་ཏེ་བླུད་ན་ཡང་འཁྲུ་བར་བྱེད་དོ། །ཆོ་ག་གྲུབ་པ་ལས་བཤད་པའི། །བཀྲུ་སྨན་དྲག་པོ་སྐྲན་འཇོམས་གཏང༌། །ཞེས་བྱ་བ་ལ། ཡང་ན་ཆོ་ག་གྲུབ་པའི་སྐབས་ནས་བཤད་པའི་མས་གཏོང་བའི་བཀྲུ་སྨན་དྲག་པོ་སྐྲན་འཇོམས་པར་བྱེད་པ་ཡང་གཏང་བར་བྱའོ། །རྩ་བ་ཟུག་ཅིང་ལྷུན་ཆེ་ལ། །སྲ་ཞིང་ལྕི་ལ་ཚོར་བ་མེད། །གཏིང་རིང་མ་སྨིན་པ་ཡི་སྐྲན། །ཐལ་སྨན་དང་ནི་ཆང་རྙིང་དང༌། །མེ་ཡི་ལས་ཀྱིས་བསལ་བར་བྱ། །ཞེས་བྱ་བ་ལ། སྐྲན་རྩ་བ་ཟུག་པ་སྟེ་དངོས་པོ་གཅིག་ཏུ་ཆགས་པ་དང༌། ལྷུན་ཆེ་ཞིང་སྟུག་པ་དང་མཉེན་བག་མེད་ཅིང་སྲ་བ་དང་ཁུར་ལྟར་ལྕི་བ་དང༌། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང༌། གཏིང་རིང་ཞིང་ཤའི་ནང་དུ་ཟུག་པ་དང༌། སྨིན་པར་མ་གྱུར་པའི་སྐྲན་ལ་ཐལ་སྨན་རྣོན་པོ་བཏང་བ་དང༌། ཆང་རྙིང་པ་བཏང་བ་དང༌། མེས་བསྲེག་པའི་ལས་ཀྱིས་དེ་བསལ་ཞིང་གཞོམ་པར་བྱའོ། །བད་ཀན་ཤས་ཆེ་ཐལ་སྨན་ནི། །གཞང་འབྲུམ་རྡེའུ་དང་ཕོ་བའི་ནད། །གསོ་བའི་སྐབས་བཤད་གཏང་བྱ་ཞིང༌། །ཞག་གཅིག་ཞག་གཉིས་ཀྱིས་ཆོད་བ། །ཡང་ན་ཞག་གསུམ་ངལ་བསོས་ལ། །ལུས་ཀྱི་ཉམས་སྟོབས་ནད་དག་ནི། །འཕེལ་འབྲིའི་ལས་ལ་བརྩོན་པར་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བའི་སྐྲན་ལ་ནི། ཐལ་སྨན་རྣོན་པོ་གཞང་འབྲུམ་གསོ་བ་ལ་སོགས་པའི་སྐབས་སུ་བཤད་པ་གང་དག་ཡིན་པ་དེ་ཞག་གཅིག་གིས་ཆོད་ཅིང་ངལ་བསོས་ཏེ་གཏོང་བའམ། ཞག་གཉིས་སམ་གསུམ་གྱིས་བར་


DTG201_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཅིང་ལུས་ཀྱི་ཉམས་སྟོབས་འཕེལ་བར་བྱ་བ་དང་ནད་འབྲི་བར་བྱེད་པ་ལ་སྨན་པས་བརྩོན་ཞིང་འབད་པར་བྱའོ། །ཐང་ཤིང་དུར་བྱིད་དན་ད་དང༌། །པུ་ཙེ་ཤེལ་དང་ཚ་བ་ལྔ། །སྭ་རྫི་ཀ་ཐལ་ནས་ཚིག་འཁུས། །པ་ཐ་དང་ནི་འབྲས་བུ་གསུམ། །རུ་རྟ་བས་ར་སུ་གན་དྷ། །ཟི་ར་ནག་པོ་སྲང་ཕྱེད་ཕྱེད། །ལན་ཚ་ལྔ་ནི་སྲང་རེ་དག །བཏགས་པའི་ཕྱེ་མ་ཏིལ་མར་དང༌། །ཞག་དང་ཞོ་དང་མར་དང་སྦྲུས། །རྫ་མར་དུ་བ་མ་ཤོར་བསྲེག །རྫ་མ་མེ་མདོག་འགྱུར་དེ་ཡི། །ཐལ་བ་བླངས་པ་འོ་མ་མར། །དར་བ་ཆང་སོགས་སྦྱར་ཏེ་བླུད། །སྐྲན་དང་རྟུག་འགགས་རྒྱུ་རླུགས་དང༌། །གཞང་འབྲུམ་དམུ་རྫིང་ཕོ་བའི་ནད། །སྲིན་ནད་བརྗེད་བྱེད་སྨྱོ་བྱེད་གདོན། །མངལ་ནད་ཁུ་ཆུ་ལས་གྱུར་རྡེའུ། །བྱི་ལ་སྤྲུལ་གྱི་དུག་རྣམས་ཀྱང༌། །ཐལ་བའི་སྨན་འདིས་སེལ་བར་བྱེད། །ཅེས་བྱ་བ་ལ། ཐང་ཤིང་ལ་སོགས་པ་ནས་ཟིར་ནག་པོའི་བར་དུ་སྲང་ཕྱེད་ཕྱེད་དང་ལན་ཚྭ་ལྔ་སྲང་རེ་རེ་ཐམས་ཅད་བཏགས་པའི་ཕྱེ་མ་ཏིལ་ལ་སོགས་པ་དང་སྤྲུས་ཏེ་རྫ་བུམ་གྱི་ནང་དུ་དྲི་མ་ཤོར་བར་ལེགས་པར་བསྲེགས་ཏེ་རྫ་མ་དེ་མེའི་མདོག་ཅན་དུ་དམར་པོར་གྱུར་པ་དང༌། ཐལ་སྨན་བླངས་ལ་འོ་མ་ལ་སོགས་པ་དང་ཅི་རིགས་སྦྱར་ཏེ་བླུད་ན་ཕན་ནོ། །ཐལ་བའི་སྨན་འདི་སྐྲན་ལ་སོགས་པའི་ནད་དང༌། བྱི་བ་ལ་སོགས་པའི་དུ་གསེལ་ཅིང་འཇིག་པར་བྱེད་དོ། །བད་ཀན་ལས་གྱུར་སྐྲན་ལ་སྣུམ། །ཤ་ཁུ་འོ་མ་མར་བསྟེན་ལ། །ཐལ་སྨན་བཏང་ན་སྐྲན་དག་ནི། །གནས་ནས་དུམ་བུ་དུམ་བུ་རུ། །བཅད་ནས་ཐུར་དུ་འབྱིན་པར་བྱེད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ལ་ནི་ཐལ་སྨན་ཡ་བཀྵ་ར་ཞེས་བྱ་བ་དང༌། སྣུམ་ལ་སོགས་པ་བསྟེན་པས་ཁོང་པའི་གནས་ལས་དུམ་བུ་དུམ་བུའི་ཚུལ་དུ་བཅད་ཅིང་གཏུབས་ཏེ་ཐུར་དུ་འཁྲུ་ཞིང་འབྱིན་པར་བྱེད་དོ། །མེ་དྲོད་ཆུང་ཞིང་ཡི་ག་འཆུས། །ཆང་གོམས་སྣུམ་བཅས་བཟའ་བ་ལ། །རྒྱུན་སྲང་དག་ཕྱིར་མནན་ཆང་དང༌། །ཆང་རྙིང་སྐྱོན་མེད་བླུད་པར་བྱ། །ཞེས་བྱ་བ་ལ། མེ་དྲོད་ཆུང་བ་ལ་སོགས་པ་དང་ལྡན་པའི་མི་ལ་བུ་ག་རྒྱུན་སྲང་དག་ཅིང་བསལ་བར་བྱ་བའི་ཕྱིར། སྨན་གྱི་སྦྱོར་བ་ལ་སོགས་པ་དང༌། མནན་པའི་ཆང་ཨ་ས་བ་འམ། ཆང་རྙིང་སྐྱོན་མེད་ཅིང་ལེགས་པར་ལངས་པ་དག་བླུད་པར་བྱའོ། །སཱ་ལུ་དྲུག་ཅུ་པ་


DTG201_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པ། །རྒྱ་སྲན་སྐམ་སའི་སྲོག་ཆགས་ཤ །ཙི་ཏྲ་པུ་ཏི་ཀ་རཉྫ། །ཨག་ནི་མན་ཏ་ལ་ལ་བུད། །པ་ར་ན་ཡི་མྱུ་གུ་དང༌། །ཤི་བྲུ་བི་ལ་བ་གཞོན་ནུ་དང༌། །ལ་ཕུག་གཞོན་ནུ་སྐམ་པོ་དང༌། །ཁ་ལུང་ཤིང་ཀུན་སྟར་བུ་དང༌། །སེའུ་འབྲུ་ནས་ཚིག་འཁྲུས་ཐལ་བ། །ཚ་བ་གསུམ་དང་དར་བ་དང༌། །མར་དང་ཏིལ་མར་ཁ་ཟས་སྦྱིན། །ཞེས་བྱ་བ་ལ། སཱ་ལུ་རྩ་སྣར་ལ་སོགས་པའོ། །དྲུག་ཅུ་བ་དག་ནི་འབྲས་ཀྱི་རྣམ་པ་སྟེ། དེ་དག་ཀྱང་ལོ་གཅིག་ལོན་ཞིང་རྙིང་པར་གྱུར་པ་དང༌། རྒྱ་སྲན་ཀུ་ལང་དང༌། སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཙི་ཏྲ་ཀ་ལ་སོགས་པའི་མྱུ་གུ་གཞོན་ནུ་དང༌། ཤི་ཀྲུ་ལ་སོགས་ཕ་དག་ཀྱང་བཟའ་བ་དང༌། ཡུ་ཤ་ལ་སོགས་པའི་དོན་དུ་ཅི་རིགས་པ་སྦྱིན་པར་བྱའོ། །བཏུང་བར་ཆང་གི་དངས་མ་དང༌། །སྐྱུར་རྩབས་དར་བ་ཞོག་ཆུ། །བིད་ལ་ལ་ཕུད་ཕྱེ་མ། །རྩ་བ་ལྔ་བསྐོལ་ཁུ་བའམ། །རྒུན་ཆང་རྙིང་པ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ལ་བཏུང་བའི་དོན་ཆང་དངས་མ་ལ་སོགས་པ་བད་ཀན་ལས་གྱུར་པའི་སྐྲན་ཅན་གྱི་ནད་ལ་བླུད་པར་བྱའོ། །པི་པི་ལིང་དང་དེའི་རྩ་བ། །གོ་སྙོད་རྒྱམ་ཚ་ཀྲུ་ཏྲུག་ཏྲེས། །ཆང་གི་སྙིགས་མར་བསྲེས་པ་ཡིས། །སྐྲན་ནི་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་ལ་སོགས་པ་དང་ཆང་གི་སྙིགས་མ་འོག་ཏུ་ལུས་པ་དང་སྦྱར་ཏེ་བླུད་ན་ཡང་སྐྲན་སེལ་བར་བྱེད་དོ། །སློན་དང་སྨྱུང་བ་དུགས་དང་ནི། །སྨན་མར་བླུད་དང་བཀྲུ་སྨན་དང༌། །འཇམ་རྩི་ཐལ་སྨན་མནན་ཆང་དང༌། །ཆང་རྙིང་རི་ལུ་ཕན་ཟས་ཀྱིས། །བད་ཀན་སྐྲན་ཅན་གཏིང་ཟུག་པས། །གལ་ཏེ་ཞི་བར་མ་གྱུར་ན། །དེ་ལ་ཁྲག་དབྱུང་ཐ་མར་ནི། །མདེའུ་ལྕགས་སོགས་ཀྱིས་བསྲེག་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ལ་སློན་སྨན་ལ་སོགས་པ་བཏང་བར་གྱུར་ཀྱང་དེའི་ནང་དུ་གཏིང་ཟུག་པའི་རྒྱུས་ཞི་ཞིང་བྱང་བར་མ་གྱུར་ན། དེ་ལ་ཁྲག་དབྱུང་བའི་སྦྱོར་བ་བྱས་ནས་དེའི་རྗེས་ལ་མདེའུ་ལྕགས་ལ་སོགས་བས་ལེགས་པར་བསྲེག་པར་བྱའོ། །དེ་ནས་སྐྲན་ནི་མཐར་ཐུག་པར། །སྨན་པས་དོས་ཀྱིས་དཀྲིས་ནས་ནི། །ལྟེ་བ་ཆུ་སོ་རྒྱུ་མ་སྙིང༌། །སྤུ་ཡི་ཕྲེང་ནི་མ་གཏོགས་པར། །ཤིན་ཏུ་གཏིང་ཐུག་མ་ཡིན་པར། །མདེའུ་བསྲེགས་པའམ་ཡང་ན་ནི། །གཟོང་བུའི་ལྕགས་ནི་བསྲེག་པ་


DTG201_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། །ཏིན་དུ་ཀ་ཡི་ཤིང་གིས་བསྲེག །ཅེས་བྱ་བ་ལ། དེ་ནས་བསྲེག་པའི་ཚུལ་ནི་སྐྲན་གྱི་མཐའ་ཅི་ཙམ་ཡོད་པ་ནས་གོས་ཀྱིས་ལེགས་པར་དཀྲིས་ཤིང་བསྡམས་ལ་སྨན་པས་ལྟེ་བ་དང་ཆུ་སོ་ལ་སོགས་པ་དག་ཏུ་མ་རེག་ཅིང་གཏིང་ཐུག་པར་སླེབ་པར་མ་གྱུར་པར་མདེའུ་ས་བསྲེག་པའམ། ཤིང་ཏིན་དུ་ཀ་བསྲེགས་པའི་བར་གང་ཡང་རུང་བས་དེ་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྲེག་པར་བྱའོ། །དེ་ནས་བསིལ་བས་མེ་དབལ་ནི། །ཞི་ནས་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ཁ་བ་དང༌། མངར་བ་དང༌། སྐྱུར་བའི་བག་བསིལ་བར་གྱུར་པས་མེས་བསྲེགས་པའི་མེ་དེ་ཞི་ཞིང་མེད་པར་བྱས་ནས་དེའི་འོག་ཏུ་རྨ་གསོ་བའི་ཚུལ་དུ་གསོ་བར་བྱའོ། །མ་ཞུ་རྗེས་འབྲེལ་སྨྱུང་བྱས་ནས། །ཐུག་པ་སོགས་ཀྱིས་མེ་དྲོད་སྐྱེད། །རང་རང་རིམ་དང་འདྲེས་པ་ལ། །འདྲེན་པའི་གསོ་བས་གསོ་བར་བྱ། །ཞེས་བྱ་བ་ལ། ནད་གཞི་ཐ་དད་པ་ལས་གྱུར་པའི་སྐྲན་མ་ཞུ་བ་དང་རྗེས་འབྲེལ་ཅིང་སྨིན་པར་གྱུར་པ་ལ་ནི་དང་པོར་སྨྱུང་བ་བྱས་ནས། དེའི་འོག་ཏུ་ཐུག་པ་ལ་སོགས་བས་ཕོ་བའི་མེ་དྲོད་སྐྱེད་ཅིང་རང་རང་གི་གསོ་བའི་རིམ་པ་སྤྱད་པར་བྱ་ལ། ནད་གཞི་འདྲེས་པ་ལས་གྱུར་པ་དང་ལྡན་བ་དང༌། འདུས་པའི་ནད་ལ་ནི་སྔར་ཇི་སྐད་སྨོས་པའི་གསོ་བ་དེ་དག་ལས་འདྲེན་མའི་ཚུལ་གྱིས་གསོ་ཞིང་བཅོས་པར་བྱའོ། །བཅས་པའི་དུས་ནི་འདས་གྱུར་པའི། །བུད་མེད་ལ་སྐྲན་ཁྲག་སྐྱེས་འབྱུང༌། །དེ་ལ་ལུས་སྣུམ་དུགས་བྱས་པར། །སྣུམ་གྱི་བཀྲུ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྐྲན་དག་ནི་བུད་མེད་བཙས་པའི་དུས་ཏེ། མངལ་དུ་ཆགས་ནས་ཟླ་བ་བཅུ་འདས་པ་ཡན་ཆད་འབྱུང་བར་འགྱུར་ལ། དེ་ལྟ་བུ་དེ་ལ་ནི་ལུས་ལ་སྣུམ་པ་དང་དུགས་ཀྱི་ཆོ་ག་དང་པོར་བྱས་ནས་སྣུམ་ཅན་གྱི་བཀྲུ་སྨན་གཏང་བར་བྱའོ། །ཏིལ་བསྐོལ་མར་དང་བུ་རམ་དང༌། །ཚ་གསུམ་ག་བྲའི་རྩ་བའི་ཕྱེ། །ཁྲག་ལས་གྱུར་པའི་སྐྲན་དང་ནི། །བུད་མེད་ཟླ་མཚན་མེད་ལ་བླུད། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྐྲན་དང་བུད་མེད་ཟླ་མཚན་དུས་སུ་མ་བྱུང་ན། ནང་དུ་མར་ལ་སོགས་པ་བཏབ་པ་བླུད་ན་ཕན་ནོ། །ག་བྲའི་རྩ་བ་པི་པི་ལིང༌། །ཐང་ཤིང་ཀ་རཉྫའི་ཤུན་པ། །པི་པི་ལིང་གི་རྩ་བ་ཡི། །ཕྱེ་མ་ཏིལ་བསྐོལ་ཆུར་སྦྱར་བ། །བླུད་ན་ཕྲག་སྐྲན་ནད་སེལ་


DTG201_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཅེས་བྱ་བ་ལ། ག་དྲའི་རྩ་བ་ལ་སོགས་པའི་ཕྱེ་མ་ཏིལ་བསྐོལ་བའི་ཆུ་དང་བླུད་ན་ཡང་ཁྲག་ལ་སོགས་པའི་སྐྲན་འཇོམས་པར་བྱེད་དོ། །པ་ལ་ཤ་ཡི་ཐལ་བ་ནི། །བྲེ་བརྒྱད་ཏིལ་མར་མར་བྲེ་བརྒྱད། །བསྐོལ་ཏེ་ཚད་བཞིན་བླུད་ན་ནི། །སྐྲན་ནི་སྙི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། པ་ལ་ཤ་བསྲེགས་པའི་ཐལ་བའི་ཁུ་བ་གཟགས་པ་བྲེ་བརྒྱད་དང་དེ་བཞིན་དུ་ཏིལ་མར་དང་མར་སྤྱིར་བྲེ་བརྒྱད་བསྲེས་ཏེ་བསྐོལ་ལ་ཇི་ལྟ་བ་བཞིན་དུ་བླུད་ན་བུད་མེད་ཀྱི་ཁྲག་ལས་གྱུར་པའི་སྐྲན་སྙི་བར་བྱེད་ཅིང་ལྷོད་པར་འགྱུར་བ་ཡིན་ནོ། །གལ་ཏེ་སྙི་བར་མ་གྱུར་ན། །མངལ་གྱི་བཀྲུ་སྨན་གཏང་བར་བྱ། །ཏིལ་གྱི་ལྡེ་གུ་ཐལ་སྨན་བཅས། །ཡང་ན་སུ་དྷཱ་ཀྵི་རར་སྦྱར། །ཞེས་བྱ་བ་ལ། དེ་ལྟར་བྱས་པར་གྱུར་ཀྱང་ཁྲག་ལས་གྱུར་པའི་སྐྲན་དེ་སྙི་ཞིང་ཞིག་པར་མ་གྱུར་ན་མངལ་གྱི་སྒོ་ནས་བཀྲུ་སྨན་གཏང་བའི་ཏིལ་བཏགས་བའི་ལྡེ་གུ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བའི་བཀྲུ་སྨན་གཏང་བར་བྱ་བའམ། ཡང་ན་ཏིལ་མར་གྱི་ལྡེ་གུ་དང་སུ་དྷཱ་ཀྵི་ར་དང་སྦྱར་བའི་མངལ་གྱི་བཀྲུ་སྨན་གཏང་བར་བྱའོ། །ཡང་ན་དེ་གཉིས་དང་བསྲེས་པའི། །ཉ་ནི་ཁ་བོ་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ནས་ཚིག་འཁུས་པའི་ཐལ་བ་དང༌། སུ་དྷཱ་ཀྵི་ར་དང་སྦྱར་བ་ཉ་ཁ་བོ་ཞེས་བྱ་བ་ཉའི་ཕྲུ་གུ་སྦྱར་བའི་བཀྲུ་སྨན་མངལ་གྱི་སྒོ་ནས་གཏང་བར་བྱའོ། །ཕག་རྒོད་ཉ་ཡི་མཁྲིས་པ་ཡིས། །བསྒོས་པའི་རས་མ་གཞུག་པར་བྱ། །ཞེས་བྱ་བ་ལ། ཕག་རྒོད་དང་ཉའི་མཁྲིས་པ་གཉིས་བསྒོས་ཤིང་དེ་ལ་སྤངས་པའི་རས་མ་རྣམས་ཞེས་བྱ་བ་གོས་ཀྱི་དུ་མ་བུ་གཞུག་བར་བྱའོ། །ཡང་ན་བུ་རམ་ཐལ་སྨན་གཉིས། །ཕབས་སྦྱར་མངལ་ནི་སྤྱང་ཕྱིར་གཏང༌། །ཞེས་བྱ་བ་ལ། ཡང་ན་མངལ་ནད་སྦྱང་བར་བྱ་བའི་ཕྱིར་བུ་རམ་དང་ཐལ་སྨན་གཉིས་དང་ཕབས་སྦྱར་ཏེ། མངལ་ནས་གཏང་བར་བྱའོ། །ཁྲག་མཁྲིས་སེལ་བའི་ཐལ་སྨན་ནི། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་སེལ་ཅིང་ཐལ་སྨན་ཨུཏྤ་ལའི་སྡོང་བུ་ལ་སོགས་པ་བསྲེས་པ་གང་ཡིན་པ་དང༌། སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན་ན་ཡང་ཕན་ནོ། །སྒོག་སྐྱའི་ཆང་ནི་རྣོན་པོ་དང༌། །ཉ་ཡང་དེ་ལ་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་བུད་མེད་དེ་ལ་སྒོག་སྐྱ་ལ་སོགས་པ་བྱིན་ན་ཡང་ཕན་ནོ། །རྩ་བ་བཅུ་པ་


DTG201_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྨན་དང༌། །འོ་མ་བ་གཅིན་མས་གཏང་བྱ། །ཞེས་བྱ་བ་ལ། ཡང་ན་རྩབ་བཅུ་པ་བསྐོལ་བ་དང་འོ་མ་དང་སྦྱར་བ་མས་གཏོང་བ་གོང་མ་འམ། རྩ་བ་བཅུ་བ་དང་ཐལ་སྨན་སྦྱར་བ་མས་གཏོང་བའམ། རྩ་བ་བཅུ་དང་བཅས་པ་བ་གཅིན་མས་གཏོང་བ་གོང་མ་ཡང་བྱའོ། །དེས་ཀྱང་ཁྲག་འཛག་མ་གྱུར་ན། །སྐྲན་འཇིག་བྱེད་པའི་སྦྱོར་བ་ཕན། །ཞེས་བྱ་བ་ལ། སྦྱོར་བ་དེ་དག་ཀྱང་ཁྲག་འཛག་ཅིང་ཟླ་མཚན་མི་སྣང་ན་སྐྲན་འཇིག་པར་བྱེད་པའི་སྨན་སྦྱོར་བར་བྱའོ། །བྱུང་ནས་མར་དང་ཏིལ་མར་བསྐུ། །གཅད་པ་དག་ནི་མི་བྱ་ཞིང༌། །ཤ་ཁུ་འབྲས་ཆན་བཟའ་བ་དང༌། །བཏུང་བ་ཆང་ནི་སར་པ་བླུད། །ཅེས་བྱ་བ་ལ། ཟླ་མཚན་གྱི་ཁྲག་དེ་བྱུང་བར་གྱུར་ནས་ནི་ཞུན་མར་གྱིས་དེའི་ལུས་ལ་བསྐུ་བར་བྱ་ཞིང༌། ཁྲག་དབྱུང་བ་དེ་མི་གཅད་པར་བཏང་སྙོམས་སུ་བཞག་ལ། ཤ་ཁུ་དང་འབྲས་ཆན་དུ་སྦྱར་བ་སྦྱིན་ཅིང་ཆང་སར་བ་བླུད་པར་བྱའོ། །ཁྲག་ནི་ཤས་ཆེར་བྱུང་གྱུར་ན། །ཁྲག་མཁྲིས་སེལ་བའི་གསོ་བ་བྱ། །ཞེས་བྱ་བ་ལ། དེ་ལྟར་ཁྲག་བྱུང་བ་ལས་ཤས་ཆེར་རྒལ་ཞིང་མང་དུ་བྱུང་ན། ཁྲག་མཁྲིས་བསལ་བའི་གསོ་བ་ཇི་སྐད་བཤད་པ་དག་བྱའོ། །རླུང་གི་ནད་ཀྱིས་ཉེན་གྱུར་ན། །རླུང་གི་གསོ་བ་ཀུན་ཀྱང་བྱ། །ལྟོ་སྤོས་སོགས་དང་རྟུག་སྐམ་ལ། །རླུང་བསལ་གསོ་བ་ཇི་བཞིན་བྱ། །ཞེས་བྱ་བ་ལ། བུད་མེད་དེ་རྐྱེན་དེ་ལས་དེ་རླུང་ནད་སྐྱེས་པར་གྱུར་ན་ནི། རླུང་བསལ་ཅིང་འཇོམས་པའི་ཇི་སྐད་སྨོས་པ་ཐམས་ཅད་བྱའོ། །གལ་ཏེ་དེ་ལྟོ་སྤོས་པ་དང་རླུང་ནད་གཏུན་འདྲ་བ་དང་རྟུག་པ་འགགས་པ་ལ་སོགས་པའི་ནད་ལ་ནི་རྟུག་སྐམ་གསོ་བའི་སྦྱོར་བ་ཇི་སྐད་སྨོས་པ་དག་བྱའོ། །སྨན་དཔྱད་ཡན་ལག་བརྒྱད་པའི་སྙེད་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་བར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།


no previousཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། ཟླ་བ་ལ་དགའ་བ།no next