Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་བཞི་པ།


   
   
སྒྲ་སྦྱོར་བམ་པོ་གཉིས་པ། 
   
   
   
   
   
   
   
   
   
   


 
previousསྒྲ་སྦྱོར་བམ་པོ་གཉིས་པ། next

སྒྲ་སྦྱོར་བམ་པོ་གཉིས་པ།


DTG204_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས། །ན་མོ་བུདྡྷཱ་ཡ། བམ་པོ་དང་པོ། རྟའི་ལོ་ལ་བཙང་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྔོན་བཞུགས། སྟོད་སྨད་ཀྱི་དམག་རྙིང་རྗེད་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང༌། མང་རྗེ་ལྷ་འོད་ལ་སོགས་པས་རྒྱལ་ས་གནང་མང་པོ་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ། ཉི་འོག་གི་མཁན་པོ་ཨཱ་ཙཱརྻ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་རཏྣ་ར་ཀཥི་ཏ་དང༌། དྷརྨྨ་ཏཱ་ཤཱི་ལ་དང༌། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲཱི་ཝརྨྨ་དང༌། རཏྣེནྡྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་དུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཱརྻ་བོ་དྷི་ས་ཏྭ་དང༌། ཡེ་ཤེས་དབང་པོ་དང༌། ཞང་རྒྱལ་ཉེན་ཉ་བཟང་དང༌། བློན་ཁྲི་གཞེར་སང་ཤི་དང༌། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང༌། ལྕེ་ཁྱི་འབྲུག་དང། བྲམ་ཟེ་ཨཱ་ནནད་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང༌། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང༌། གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང༌། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང༌། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྒྱད་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙད་པོའི་སྤྱན་


DTG204_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང༌། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམ་པ་ལ་ཞུས་ནས་དྷརྨྨ་བསྒྱུར་བའི་ཐབས་དང༌། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག །དྷརྨྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམས་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེན་མ་བསྣོར་བར་སྒྱུར་ཅིག་བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ། དྲུག་པ་འང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་བསྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག །སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གཽ་ཏ་མྱ་ལྟ་བུ་གཽའི་སྒྲ་ལས་ཚིག་དང༌། ཕྱོགས་དང༌། ས་དང༌། འོད་དང༌། རྡོ་རྗེ་དང༌། བ་ལང་དང༌། མཐོ་རིས་ལ་སོགས་པ་རྣམ་བ་དུ་མར་སྙེགས་པ་དང༌། ཀཽ་ཤི་ཀ་ལྟ་བུའི་རྩྭ་ཀུ་ཤ་ཐོགས་པ་དང༌། མཁས་པ་དང༌། པདྨ་ལ་དགའ་བ་དང༌། འུག་བ་དང༌། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུ་བ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང༌། སེམས་ཅན་དང༌། མེ་ཏོག་དང༌། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེ་འམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་


DTG204_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག་པ་རི་དང༌། སམ་དང༌། ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེ་འམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག །དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། །འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེས་དང་སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཚད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དྷརྨྨ་དཀོན་མཆོག་སྤྲིན་དང༌། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང༌། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང༌། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང༌། དྷརྨྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང༌། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང༌། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང༌། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ༌། །སྐད་ཀྱི་མིང་སྔོན་གཏན་ལ་མ་ཕབ་པ་


DTG204_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིང་དུ་མ་ཐོགས་པ་ལས་ཐེག་པ་ཆེ་ཆུང་གི་གཞུང་དང་སྒྲའི་གཞུང་ལས་འབྱུང་བ་དང་སྦྱར་ཏེ་བཤད་པའི་དང་པོའོ།། །།སངས་རྒྱས་ཀྱི་མཚན་དད་ཡོན་ཏན་གྱི་མིང་ལ་སོགས་བ་སྐད་དཀའ་བ་རྣམས་ཐོག་ཐོག་བཤད་བ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ལ། བུདྡྷཿཞེས་བྱ་བའི་སྒྲ་ལས་དྲངས་ན་གཅིག་ཏུ་ན། མོ་ཧ་ནི་དྲཱ་པྲ་མཏྟ་པྲ་བུདྡྷ་པུ་རུ་ཥ་བཏ་ཅེས་བྱ་སྟེ། གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་བ་བཞིན་ཏེ། སངས་པ་ལ་སྙེགས། ཡང་རྣམ་པ་གཅིག་ཏུ་ན། བུདྡྷཻ་ཏི་ཀཱ་ཤ་ནཱ་ད་བུདྡྷ་བི་བུདྡྷ་པདྨ་བཏ། བློ་བྱེ་ཞིང་རྒྱས་བས་ན་པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བར་ཡང་བཤད་དེ་སངས་རྒྱས་ཞེས་བྱའོ། ཚིག་གི་དོན་སྦྱིར་ན་ཆོས་ཐམས་ཅད་ཐུགས་སུ་ཆུང་ཅིང་མ་ལུས་པར་བྱང་ཆུབ་པ་ལ་བྱ། བྷ་ག་བཱ་ན་ཞེས་བྱ་བ་གཅིག་ཏུ་ན། བྷ་ག་ན་མཱ་ར་ཙ་ཏུཥྚ་པ་ཏྭ་དྭ་བྷ་ག་བཱན། ཞེས་བྱ་སྟེ་བདུད་བཞི་བཅོམ་པས་ན་བཅོམ་པ་ལ་བྱ། ཡང་རྣམ་པ་གཅིག་ཏུ་ན་བྷག་ནི་ལེགས་པ་རྣམ་པ་དྲུག་གི་མིང་སྟེ། གཟུགས་དང༌། གྲགས་པ་དང༌། དབང་ཕྱུག་དང༌། དཔལ་དང༌། ཤེས་རབ་དང༌། བརྩོན་པ་སྟེ་འདི་དྲུག་གི་སྤྱི་ལ་བྱ། བཱན་ཞེས་འབྱུང་བ་ནི་བྷག་སྱཱ་སྟཱི་ཏི་བྷ་ག་བཱན་ཞེས་ལྡན་བར་བཤད་དེ། དེ་རྣམ་གྲངས་འདི་སྐད་དུ་བྱ་བ་ལས་སྔར་བསྒྱུར་བའི་ཚིག་གྲགས་པ་བཙན་བར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་མདོ་སྡེ་དག་ལས་སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་འཇིག་རྟེན་ལས་འདས་པའོ། །ཞེས་ཀྱང་འབྱུང་བས་ན། འཇིག་རྟེན་པའི་བྷ་ག་བཱན་ལས་ཁྱད་བར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ། བཅོམ་ལྡན་འདས་ཞེས་བཏགས། འཇིག་རྟེན་བའི་བྷ་ག་བཱན་ཞེས་བྱ་བ་ནི་འཇིག་རྟེན་བའི་གཞུང་ཉིད་ལས་ཀྱང་བཅོམ་པར་མི་འཆད་དེ། ལེགས་པ་དང་ལྡན་པ་ཞེས་འཆད་བས་འཇིག་རྟེན་བའི་བྷ་ག་བཱན་ནི་ལེགས་ལྡན་ཞེས་གདགས། ཏ་ཐཱ་ག་ཏ་ཞེས་བྱ་བ་ཏ་ཐཱ་ནི་དེ་བཞིན་ག་ཏ་ནི་གཤེགས་བའམ་བྱོན་བའམ་མཁྱེན་བའམ་གསུངས་པ་ལ་བྱ་སྟེ། ཚིག་གི་དོན་སྤྱིར་ན་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང༌། ཆོས་ཐམས་ཅད་གྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བ་མཁྱེན་ཞིང་གསུངས་བ་ལ་བྱ་མོད་ཀྱི། སྔར་གྲགས་བ་བཞིན་དེ་བཞིན་དེ་བཞིན་གཤེགས་པ་ཞེས་གདགས། ཨརྷན་ཞེས་བྱ་བ་གཅིག་ཏུ་ན། པཱུ་ཛ་མར་ཧ་ཏཱི་ཏི་ཨརྷན་ཞེས་བྱ་སྟེ། ལྷ་དང་མི་ལ་སོགས་པ་ཀུན་གྱིས་མཆོད་པར་འོས་པས་ན་མཆོད་འོས་ཞེས་ཀྱང་བྱ། ཡང་གཅིག་ཏུ་ན། ཀླེ་ཤ་ཨ་རི་


DTG204_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ད་བཱན་ཨརྷན་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་བཅོམ་པ་ཞེས་ཀྱང་བྱ་སྟེ། རྣམ་པ་འདི་ལས་འདིར་ནི་དོན་བཙན་པར་བྱ་སྟེ་དགྲ་བཅོམ་པ་ཞེས་བཏགས། སམྱཀྶཾ་བུདྡྷ་ཞེས་པ་སམྱཀ་ནི་ཡང་དག་པ། སམ་ནི་ས་མནྟཱམ། སམ་པཱུརྞྞ་སྟེ་མ་ལུས་པ་འམ་རྫོགས་པ། བུདྡྷ་ནི་སངས་རྒྱས་པ་ལ་བྱ་སྟེ། སྦྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ། བིདྱཱ་ཙ་ར་ཎ་སཾ་པནྣ་ཞེས་པ་བི་དྱཱ་ནི་རིག་པ། ཙ་ར་ཎ་ནི་རྐང་པ། སཾ་བནྣ་ནི་ལྡན་པའམ་ཕུན་སུམ་ཚོགས་པ་ལ་བྱ་སྟེ། བསླབ་པ་གསུམ་དང་སྦྱར་ན་ལྷག་པའི་ཤེས་རབ་ནི་རིག་པ། ལྷག་པའི་སེམས་དང་ལྷག་པའི་ཁྲིམས་ནི་རྐང་པ། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱར་ན། ཡང་དག་པའི་ལྟ་བ་ནི་རིག་པ། ལྷག་མ་བདུན་ནི་རྐང་པ་སྟེ། རིག་པ་མིག་དང་འདྲ་བས་མཚོན་ནས་རྐང་པས་ཕྱིན་ཅིང་ཐོབ་པར་འགྱུར་བས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ། སུ་ག་ཏ་ཅེས་བྱ་བ་གཅིག་ཏུ་ན། ཤོ་བྷ་ན་ག་ཏ་སུ་ག་ཏ་སུ་རཱུ་པ་བཏ་ཅེས་བྱ་སྟེ། ལེགས་པར་གཤེགས་པས་ན་ལེགས་པར་གཤེགས་པ་སྟེ། གཟུགས་ལེགས་པ་བཞིན། ཨ་པུ་ནར་པྲཏྱཱ་ག་ཏ་སུ་ནཥྚ་ཛྭར་བཏ་ཅེས་བྱ་སྟེ། ཕྱིར་མི་ལྡོག་བ་གཤེགས་པས་ན་ལེགས་པར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན། ཡཱ་བངྒ་ཏ་བྱག་མ་ནཱ་ཏ་སུ་ག་ཏ། སུ་པཱུརྞ་གྷཊ་བ་ཏ་ཅེས་བྱ་སྟེ། ཇི་ཙམ་དུ་འགྲོ་བར་བྱ་བ་མ་ལུས་པར་ཕྱིན་པས་ན་ལེགས་པར་གཤེགས་པ་སྟེ། བུམ་པ་ལེགས་པར་གང་བཞིན་པ་ཞེས་འབྱུང༌། ཡང་ན་གཅིག་ཏུ་ན། དྷརྨྨ་སྐནྡྷ་ལས་འབྱུང་བ་སུ་ག་ཏ་ཨི་ཏི་སུ་ཁི་ཏོ་བྷ་ག་བཱན། སྭརྒ་ཏ་ཨ་བྱ་ཐི་ཏ། དྷརྨྨ་ས་མ་ནྭཱ་ག་ཏ། ཏ་དུ་ཙྱ་ཏེ་སུ་ག་ཏ་ཅེས་འབྱུང་སྟེ། བཅོམ་ལྡན་འདས་བདེ་བར་གྱུར་ཅིང་མཐོ་རིས་ཀྱི་བདེ་བ་དང་ལྡན་ལ། གནོད་བ་མི་མངའ་ཞིང་གནོད་པ་མེད་པའི་ཆོས་དང་ལྡན་པས་ན་བདེ་བར་གཤེགས་པ་འམ་བདེ་བ་བརྙེས་པ་ལ་ཡང་བྱ་སྟེ། འདིར་སྔར་གྲགས་བ་དང༌། དྷརྨྨ་སྐནྡྷ་ལས་འབྱུང་བ་དང་སྦྱར་ཏེ་བདེ་བར་གཤེགས་པ་ཞེས་བཏགས། ལོ་ཀ་བིད་ཅེས་བྱ་བ་ལོ་ཀ་ནི་འཇིག་རྟེན། བིད་ནི་བིད་ཛྙཱ་ན་སྟེ་དེ་བཞིན་གཤེགས་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་གདུལ་བའི་སེམས་ཅན་གྱི་ཁམས་ལ་གཟིགས་ཤིང༌། སྐལ་བ་ཡོད་བ་དང་མེད་པ་རྟོགས་པར་མཁྱེན་པས་ན་འཇིག་རྟེན་


DTG204_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཞེས་བྱ། ཨ་ནུ་ཏྟ་ར་པུ་རུ་ཥ་ད་མྱ་སཱ་ར་ཐི་ཞེས་བྱ་བ། ཨ་ནུཏྟ་ར་ནི་བླ་ན་མེད་པ། པུ་རུ་ཥ་ད་མྱ་སཱ་ར་ཐི་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་སྟེ། སོར་མོའི་ཕྲེང་བ་ལ་སོགས་བ་ཞེ་སྡང་ཆེ་བ་དང༌། དགའ་བོ་ལ་སོགས་པ་འདོད་ཆགས་ཆེ་བ་དང༌། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གཏི་མུག་ཆེ་བའི་འདུལ་བའི་སེམས་ཅན་རྟ་རྒོད་དང་འདྲ་བ་འདུལ་དཀའ་བ་རྣམས་འཇམ་པོས་འདུལ་བ་ཡང་འཇམ་པོས་བཏུལ། དྲག་པོས་འདུལ་བ་ཡང་དྲག་པོས་བཏུལ། གཉི་གས་འདུལ་བ་ཡང་གཉིགས་བཏུལ་ཏེ། ཐབས་བཟང་ཞིང་སླ་བས་ཐབས་ཐབས་བཞིན་དུ་བཏུལ་ནས་དོན་སྒྲུབ་པའི་མཆོག་མྱ་ངན་ལས་འདས་པ་ལ་གནས་པར་ཁ་ལོ་སྒྱུར་ཞིང་འཇོག་པས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ། ཤཱ་སྟ་ཞེས་བྱ་བ་ཤཱ་སུ་ཨ་ནུ་ཥི་ཥྚོ་ཞེས་བྱ་སྟེ། ཕྱིར་ཚིག་གི་དོན་དུ་ན་སྟོན་ཞིང་སློབ་པ་ལ་བྱ། ཏ་ནི་ཚིག་གི་དོན་དུ་བྱ་བར་ཟད་དེ། སྤྱིར་ན་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པར་གྱུར་བས་ན་སྟོན་པ་ཞེས་བྱ། ཛིན་ཞེས་བྱ་བ་ཛི་ཏ་པཱ་པ་ཀ་ཨ་ཀུ་ཤ་ལ་དྷརྨྨ་ཞེས་བྱ་སྟེ། སྡིག་པ་དང་མི་དགེ་བའི་ཆོས་ལས་རྒྱལ་བས་ན་རྒྱལ་བ་ཞེས་བྱ། ཏཱ་ཡི་ཞེས་བྱ་བ་ཏཱ་ཡི་ནི་སནྟཱ་ན་པ་ལ་ན་ཡོཿཞེས་བྱ་སྟེ། འཕགས་པའི་ལམ་ཐུགས་སུ་ཆུད་པ་བསྟན་ཞིང་བཤད་དེ། རྒྱུན་མི་གཅོད་པ་དང༌། སྐྱོབ་ཅིང་སྐྱོང་བ་ལ་བྱ་སྟེ། པཱ་ལ་སྐྱོང་བ་ཞེས་བཏགས་པ་ཞིག་ཀྱང་གུད་ན་ཡོད་པ་དང་མ་འདོམ་པར་བྱ་སྟེ་སྐྱོབ་བར་བཏགས། མ་ཧཱ་རྀཥི་ཞེས་བྱ་བ་མ་ཧཱ་ཆེན་པོ། རྀ་ཥི་ནི་རྀ་ཥི་ག་ཏཽ་ཞེས་བྱ་སྟེ། ཤེས་པ་དང་ལྡན་པ་ལའང་བྱ། ཡང་གཅིག་ཏུ་ན། རྀ་དྷྱེ་ཏི་པྲ་ཎི་དྷཱ་ནན་ཞེས་བྱ་བ་སྟེ། སྨོན་པ་རྣམས་འབྱོར་ཞིང་འགྲུབ་པ་ལའང་བྱ། ཡང་གཅིག་ཏུ་ན། ཀཱ་ཡ་བཱགྨ་ནོ་བྷི་རྀ་ཛུ་ཤེ་ཏེ་ཨི་ཏི་རྀ་ཥི་ཞེས་བྱ་སྟེ། ལུས་དང་ངག་དང་ཡིད་དྲང་པོར་གནས་ཤིང་སྲོང་བས་ན་དྲང་སྲོང་ཆེན་པོ་ཞེས་པ་ཏགས། ཨཾ་གི་རས་ཞེས་བྱ་བ་ཐོག་མ་དྲང་སྲོང་ཉིད་ཀྱི་ལུས་ལས་བྱུང་བས་ན་བདག་ལུས་སྐྱེས་ཞེས་བཤད་བ་དང༌། ཨཾ་གི་རས་ནི་ཉི་མ་སྟེ། ཉི་མའི་རིགས་ཡིན་པས་ན་ཉི་རྒྱུད་ཅེས་ཀྱང་བཤད་དུ་རུང་བར་འདུལ་བའི་དངོས་པོ་དང༌། བཤད་པ་ལས་འབྱུང་ལ། མདོ་སྡེ་དག་ལས་སྐུའི་ཁ་དོག་ཉི་མ་བཞིན་དུ་ལྷམ་མེ་ལྷང་ངེར་བཞུགས་པའི་ཡོན་ཏན་ལྟ་བུར་ཡང་བཤད་པས་ཉི་མའི་རྒྱུད་ཅེས་བཏགས། དེ་


DTG204_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་སོ་སོའི་མཚན་ལ། བི་ཤྭ་བྷུ་ག་ཞེས་བྱ་བ། བི་ཤྭ་ནི་ཐམས་ཅད། བྷུ་ཛ་པཱ་ལན་ཨ་བྷྱ་བ་ཧ་ར་ཡོ་ཞེས་འབྱུང་སྟེ། ལོངས་པར་ཀུན་ལ་སྤྱོད་པ་འམ་སེམས་ཅན་ཐམས་ཅད་སྐྱོབ་པ་ལ་བྱ་སྟེ། སྐབས་འདིར་སངས་རྒྱས་ཀྱི་མཚན་ཡིན་པས་ན་ཐམས་ཅད་སྐྱོབ་ཅེས་བཏགས། ཀྲ་ཀུཙྪུནྡ་ཅེས་བྱ་བ། ཀྲ་ནི་ཀྲ་མ་སྟེ་འཁོར་བ། ཀུཙྪུནྡ་ནི། ཏི་ཀུང་ས་ཡ་ཏི་ཞེས་བྱ་སྟེ། འཁོར་བ་འཇོམས་པ་འམ། སེལ་བ་ལ་བྱ་སྟེ། འཁོར་བ་འཇིག་ཅེས་བྱ། ཡང་ཡི་གེ་ཁ་ཅིག་གི་ནང་ནས་ཀྲ་ཀུཙྪུནྡ་ཅེས་ཀྱང་འབྱུང་སྟེ། ཀུཚི་ཏ་ཚནྡོ། ཨ་ཏི་ཀྲནྡོ་སྨཱ་དི་ཏི་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་བསྟན་ཅིང་བཤད་པས་མི་དགེ་བ་དང་ལོག་པ་ལ་དད་པ་བསལ་ཞིང་མེད་པར་བྱས་པའི་མཚན་ཏེ། ལོག་དད་སེལ་ཞེས་བྱ། ཀཱ་ཤྱ་པ་ཞེས་བྱ་བ། ཀ་ཤྱ་ག་ཏེ་ཞེས་བྱ་སྟེ། ཆད་པས་བཅད་པ་འམ་གནོད་པར་བྱ་བའི་རིགས་པ་ཡིན། པ་ནི་པཱ་ལ་ནི་སྐྱོབ་བའམ་སྐྱོང་བའི་དྲང་སྲོང་གི་རིགས་སུ་སྐྱེས་པ་ལ་བྱ་སྟེ། ཆད་པས་བཅད་ཅིང་གནོད་པར་བྱ་བ་ལས་སྐྱོབ་པས་ན་གནོད་སྐྱོབ་ཅེས་ཀྱང་བྱ། ཡང་རྣམ་པ་གཅིག་ཏུ་ན། ཀཱ་ཤྱ་དཱི་པ་ཏོ་ཞེས་ཀྱང་བྱ་སྟེ། སྐལ་བ་ཡོད་པའི་སེམས་ཅན་ཆོས་བཤད་པའི་འོད་ཀྱིས་སྣང་བར་བྱ་བའི་རིགས་བ་རྣམས་གཅིག་ཏུ་ན་ཀཱ་ཤྱ་དཱི་པ་ཏོ་ཞེས་ཀྱང་བྱ་སྟེ། སྐལ་པ་ཡོད་པའི་སེམས་ཅན་ཆོས་བཤད་པའི་འོད་ཀྱིས་སྣང་བར་བྱ་བའི་རིགས་པ་རྣམས་སྲུང་ཞིང་སྐྱོབ་པས་ན་འོད་སྲུངས་ཞེས་ཀྱང་བྱར་རུང་སྟེ། སྔན་ཆད་མིང་དུ་བཏགས་ཏེ་གྲགས་པ་བཞིན་དུ་འོད་སྲུངས་ཞེས་བཏགས། སངས་རྒྱས་ཀྱི་ཡོན་ཏན་གྱི་མིང་ལ་མི་མཉམ་པ་དང་མཉམ་པའི་ཕུང་པོ་དང༌། ཡེ་ཤེས་དང་སྐུ་གསུམ་ལ། ཨ་ས་མ་ས་མ་པཉྩ་སྐནྡྷ་ཞེས་བྱ་བ་ཨ་ས་མ་ནི་མི་མཉམ་པ་སྟེ། སྔོན་གྱི་སངས་རྒྱས་རྣམས་ལ་བྱ། ས་མ་ནི་མཉམ་པ་སྟེ་སྔོན་གྱི་སངས་རྒྱས་དེ་དག་ཉིད་དང་མཚུངས་པར་གྱུར་བ་ལ་བྱ། པཉྩ་སྐནྡྷ་ནི་ཕུང་པོ་ལྔ་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། སངས་རྒྱས་རྣམས་ལ་མངའ་བའི་ཕུང་པོ་འདི་དག་ཕལ་པ་ལ་མེད་པས་ན་མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་ཞེས་བྱ། དྷརྨྨ་དྷཱ་ཏུ་བི་ཤུདྡྷ་ཞེས་བྱ་བ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བ་དང་དབྱིངས་སུ་གྱུར་པས་ན་ཆོས་ཀྱི་དབྱིངས་དེ་བཞིན་


DTG204_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་སྦྲིན་དང་འདྲ་བ་དངས་ཤིང་བྱང་སྟེ། ནམ་མཁའི་དབྱིངས་དག་པ་དང་འདྲ་བ་སན་ཆོས་ཀྱི་དབྱིངས་རྣམ་པར་དག་བ་ཞེས་བྱ། ཨཱ་དཪྴ་ཛྙཱ་ན་ཞེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པས་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ཏེ་ཀུན་གཞི་རྣམ་བར་ཤེས་པ་གནས་གྱུར་བས། མེ་ལོང་ཕྱིས་པའི་ནང་དུ་ཅི་ཡང་སྣང་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ལ་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ། ས་མ་ཏཱ་ཛྙཱན་ཞེས་བྱ་བ་ཐོག་མས་དང་པོ་ལ་དེ་ཁོ་ན་ཉིད་མངོན་བར་རྟོགས་པའི་ཚེ། བདག་དང་གཞན་དུ་མི་འབྱེད་ཅིང་མཉམ་བ་ཉིད་དུ་རྟོགས་བས་གོང་ནས་གོང་དུ་སྦྱངས་བའི་སངས་རྒྱས་ཀྱི་ས་ལ་མི་གནས་བའི་མྱ་ངན་ལས་འདས་པར་གྱུར་བའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་གནས་འཕོས་ཏེ། ཡེ་ཤེས་སུ་གནས་གྱུར་བ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ། པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་ཞེས་བྱ་བ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས་གཟུངས་དང་ཏིང་ངེ་འཛིན་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་བ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་བས་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་ཐེ་ཚོམ་སྣ་ཚོགས་གཅོད་པ་དང༌། སྐུ་བཻ་ཌཱུརྻ་ལ་སོགས་པ་རིན་པོ་ཆེའི་མདོག་ཏུ་སྟོན་པའི་རྒྱུར་གྱུར་པ་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ། ཀྲྀ་ཏྱཱ་ནུཥྛ་ན་ཛྙཱན་ཞེས་བྱ་བ་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ཏེ། མིག་ལ་སོགས་པ་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་དབག་ཏུ་མེད་བས་སེམས་ཅན་མང་པོའི་དོན་མཛོད་པའི་གཞིར་གྱུར་པ་ཡིན་ཏེ། བྱ་བ་སྒྲུབ་བའི་ཡེ་ཤེས་ཞེས་བྱ། དྷརྨྨ་ཀཱ་ཡ་ཞེས་བྱ་བ་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ས་དང་སྦྱར་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་སྐུ་ཞེས་བྱ། སམྦྷོ་ག་ཀཱ་ཡ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་བ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་ཀྱིས་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་བ་ཆེན་པོ་མ་ལུས་པ་མྱོང་བར་མཛད་བ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ།


DTG204_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནིརྨྨཱ་ཎ་ཀཱ་ཡ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་ཐབས་སུ་སྐུ་དང་གསུང་དང་ཐུགས་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་ལ་བྱ་བས་ན། སྦྲུལ་པའི་སྐུ་ཞེས་བྱ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ། ད་ཤཏ་ཐཱ་ག་ཏ་བ་ལཾ་ཞེས་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་སྦྲིབ་པ་མེད་པས་ཤེས་བྱའི་དངོས་པོ་གང་ལ་ཡང་ཐོགས་པ་མེད་དེ་མཁྱེན་པ་འདི་བཅུའི་མཐུ་ཉན་ཐོས་ལ་སོགས་པ་གཞན་ལས་འཕགས་པས་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ། སྠཱ་ནཱ་སྠཱ་ན་ཛྙཱན་བ་ལན་ཞེས་བྱ་བ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་ཏེ། གནས་ནི་ལེགས་པར་སྤྱད་པས་འབྲས་བུ་ཡིད་དུ་འོད་བ་འགྲུབ་པ་དང༌། ཉེས་པར་སྤྱད་པས་འབྲས་བུ་ཡིད་དུ་མི་འོང་བ་སྨིན་པར་འགྱུར་བ་ལ་སོགས་པ་ལ་བྱ། གནས་མ་ཡིན་པ་ནི་ལེགས་པར་སྤྱད་པའི་འབྲས་བུ་ཡིད་དུ་མི་འོང་བར་གྱུར་བ་དང༌། ཉེས་པར་སྤྱད་པའི་འབྲས་བུ་ཡིད་དུ་འོང་བར་འགྱུར་བ་ལ་བྱ་སྟེ། སྲིད་པ་དང་མི་སྲིད་པ་མ་ནོར་བར་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ། ཀརྨྨ་བི་པཱ་ཀ་ཛྙཱ་ན་བ་ལན་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཡིན་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱིས་འདས་པ་དང། མ་འོངས་པ་དང༌། ད་ལྟ་བྱུང་བའི་ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་པར་སྨིན་པ་ལས་ཀྱི་རྒྱུ་གང་གིས། གནས་གང་དུ་འབྲས་བུ་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ། ནཱ་ནཱ་དྷི་མུཀྟི་ཛྙཱ་ན་བ་ལན་ཞེས་བྱ་བ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། ཟག་བ་དང་བཅས་པ་དང༌། ཟག་པ་མེད་པ་དང་ཁམས་གསུམ་ལ་དགའ་ཞིང་མོས་པ་རྣམ་པ་སྣ་ཚོགས་མཁྱེན་པས་ན་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ། ནཱ་ནཱ་དྷཱ་ཏུ་ཛྙཱ་ན་བ་ལན་ཞེས་བྱ་བ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། ཁམས་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་ཀྱིས་གྲུབ་པའི་བསམ་པའི་ཁམས་དང༌། ཀུན་ནས་ཉོན་མོངས་པའི་ཁམས་དང༌། རྣམ་པར་བྱང་བའི་ཁམས་ལ་སོགས་པ་ལ་བྱ་སྟེ། ཁམས་ཐ་དད་པ་མང་པོའི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཐུགས་སུ་ཆུད་པས་ན་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ། ཨིནྡྲི་ཡ་པ་རཱ་པ་ར་ཛྙཱ་ན་བ་ལན་ཞེས་བྱ་བ་དབང་པོ་མཆོག་དང་མཆོག་མ་ཡིན་པ་


DTG204_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་སྟོབས་ཡིན་ཏེ། དད་པ་ལ་སོགས་པའི་དབང་པོ་རབ་དང༌། འབྲིང་དང༌། ཐ་མའི་རིམ་པ་དང་རྣམ་གྲངས་མ་ལུས་པར་མཁྱེན་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ། སརྦ་ཏྲ་གཱ་མི་ནཱི་བྲ་ཏི་བནྠ་བ་ལན་ཞེས་བྱ་བ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ཏེ། འགྲོ་བ་ལྔར་སྐྱེ་བའི་ལམ་དང༌། མྱ་ངན་ལས་འདས་བར་འགྲོ་བའི་ལམ་ལ་སོགས་པ་ལམ་མོ་ཅོག་ཆུབ་པར་མཁྱེན་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་བའི་སྟོབས་ཞེས་བྱ། སརྦ་དྷྱཱ་ན་བི་མོཀྵ་ས་མཱ་དྷི་ས་མཱ་པཏྟི་སཾ་ཀླ་ཤ་བྱ་བ་དཱན་ཛྙཱ་ན་བ་ལན་ཞེས་བྱ་བ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམ་པར་འཇུག་པའི་ཀུན་ནས་ཉོན་མོངས་བ་དང༌། རྣམ་བར་བྱང་བ་དང་ལྡང་པ་ཐམས་ཅད་མཁྱེན་པའི་སྟོབས་ཡིན་ཏེ། བསམ་གཏན་དང་པོ་ལ་སོགས་པ་བཞི་དང༌། རྣམ་པར་ཐར་བ་བརྒྱད་དང༌། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་པ་ལ་བྱ། ཀུན་ནས་ཉོན་མོངས་པ་ནི་ལྟ་བ་དང་དམིགས་པ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པར་གྱུར་བ་ལ་བྱ། རྣམ་པར་བྱང་བ་ནི་འཁོར་བ་ལ་ཆགས་པ་མེད་པ་དང་མི་དམིགས་པ་དང་ལྡན་པས་རྣམ་པར་དག་པ་ལ་བྱ། །ལྡན་པ་ནི་ལུགས་དང་མཐུན་པ་འམ་མི་མཐུན་པ་དང་ཐོད་རྒལ་ལ་སོགས་པའི་ཚུལ་གྱིས་ལྡན་བ་མཁྱེན་པ་ལ་བྱ། པཱུརྦ་ནི་བཱ་སཱ་ནུ་སྨྲྀ་ཏི་ཛྙཱ་ན་བ་ལན་ཞེས་བྱ་བ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་བའི་སྟོབས་ཡིན་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་ཚེ་རབས་གྲངས་མེད་པ་ཚུན་ཆད་གནས་གར་སྐྱེས་པ་དང༌། བྱད་གཟུགས་ཀྱི་རྣམ་པ་ཅི་འདྲ་བ་དང༌། མཚན་མ་དང་རྟགས་ཅི་ཡོད་པ་དང་ལས་ཀྱི་རྒྱུ་ཅིས་སྐྱེས་པ་མཁྱེན་པས་ན་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཞེས་བྱ། ཙྱུ་ཏྱུ་པ་པཏྟཱི་ཛྙཱན་བ་ལན་ཞེས་བྱ་བ་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཡིན་ཏེ། ལྷའི་སྤྱན་གྱིས་སེམས་ཅན་རྣམས་གང་ནས་ཤི་འཕོས་ནས་གང་དུ་སྐྱེས་བ་མ་ལུས་བར་གཟིགས་པས་ན་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཞེས་བྱ། ཨཱ་ཤྲ་བཀྵ་ཡ་ཛྙཱ་ན་བ་ལན་ཞེས་བྱ་བ་ཟག་བཟད་པ་མཁྱེན་པའི་སྟོབས་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་བག་ཆགས་ཡན་ཆད་ཟད་ཅིང་བྱང་བར་གཟིགས་


DTG204_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ལ་ཙ་ཏྭ་རི་ཏ་ཐཱ་ག་ཏ་བཻ་ཤཱ་ར་དྱཾ་ཞེས་བྱ་བ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡིན་ཏེ། མི་འཇིགས་བ་བཞི་དང་ལྡན་པས་དེ་བཞིན་གཤེགས་པ་ཕལ་པ་མང་བོའི་ནང་དུ་བྱོན་ནས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་བསྐོར་ཞིང་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པས་ན་མི་འཇིགས་བ་ཞེས་བྱ། དེ་ལ་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་བ་གཉིས་ནི་སངས་རྒྱས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་ཡིན་པས་ན་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ལ། བར་དུ་གཅོད་བའི་ཆོས་དེས་པར་བསྟན་པ་དང༌། ངེས་པར་འབྱུང་བའི་ལམ་བསྟན་བ་ལ་མི་འཇིགས་པ་གཉིས་ནི་གཞན་ལ་ཕན་པར་བྱ་བའི་ཕྱིར་བཤད་པ་ཡིན་པས་ན་གཞན་གྱི་དོན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་པའང་ཡིན་ནོ། །སརྦ་དྷརྨྨཱ་བྷི་སཾ་བོ་དྷི་བཻ་ཤཱ་ར་དྱན་ཞེས་བྱ་བ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་བ་ལ་མི་འཇིགས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕྱག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་དང་འདྲ་བར་ཐུགས་སུ་ཆུད་དེ། མངོན་པར་བྱང་ཆུབ་པ་ལ་ཤེས་རབ་བརྙེས་པས་དགེ་སྦྱོང་ངམ་བྲམ་ཟེའང་རུང། ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལྷའམ་བདུད་ཀྱང་རུང་རྫུ་འཕྲུལ་དང་ལྡན་ཞིང་མཐུ་ཆེ་བའི་ཚངས་པས་ཀྱང་ཆོས་དང་མཐུན་པས་མངོན་པར་སངས་རྒྱས་པ་མ་ཡིན་པར་བརྒལ་བའི་གཞི་དང་གཏན་ཚིགས་མེད་དེ་བརྒལ་གྱིས་དོགས་པ་མེད་པས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་བ་ཞེས་བྱ་སྟེ། མི་འཇིགས་པ་འོག་མ་གསུམ་གྱི་མཇུག་ཀྱང་འདི་དང་འདྲ་བར་བཤད། སརྦཱ་ཤྲ་པཀྵ་ཡ་ཛྙཱ་ན་བཻ་ཤཱ་ར་དྱན་ཞེས་བྱ་བ་ཟག་པ་ཐམས་ཅད་པ་མཁྱེན་པ་ལ་མི་འཇིགས་བ་ཡིན་ཏེ། ཟག་པ་ཞེས་བྱ་བ་ནི་ཉོན་མོངས་པའི་མིང་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མ་བྲལ་ན་སྲིད་པའི་རྩེ་མོ་མན་ཆད་ཀྱང་སླར་འཛག་ཅིང་ལྟུང་བས་ན་ཟག་པ་ཞེས་བྱ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ཟད་པར་མཁྱེན་པ་ལ་ཟག་པ་མ་ཟད་པར་སུན་དབྱུང་ཞིང་དོན་རྟགས་ཀྱིས་བརྒལ་དུ་མེད་དེ། མི་དོགས་པས་ན་ཟག་པ་ཐམས་


DTG204_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་མཁྱེན་པ་ལ་མི་འཇིགས་པ་ཞེས་བྱ། ཨནྟ་ར་ཡིཀ་དྷརྨྨཱ་ན་ནྱ་ཐ་ཏཱ་ནི་ཤྩི་ཏ་བྱཱ་ཀར་ཎ་བཻ་ཤཱ་ར་དྱན་ཞེས་བྱ་བ་བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་ཡིན་ཏེ། བར་དུ་གཅོད་པའི་ཆོས་ཞེས་བྱ་བ་བག་མེད་པ་དང་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་ལ་སོགས་པ་འཕགས་པའི་ལམ་དང༌། དགེ་བའི་ཕྱོགས་ཀྱི་བར་དུ་གཅོད་པ་རྣམས་བར་ཆད་ཀྱི་ཆོས་ཡིན་ནོ་ཞེས་ལུང་བསྟན་ཅིང་བཤད་པ་ལ་ཐོག་ཏུ་མ་བབ་པ་མེད་པས་ན་བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་ཞེས་བྱ། སརྦ་སི་པ་དཱ་དྷི་ག་མཱ་ཡི་ནཻཪྻཱ་ཎི་ཀ་པྲ་ཏི་པཏྟ་ཐཱ་ཏྭ་བཻ་ཤཱ་ར་དྱན་ཞེས་བྱ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ལམ་མྱ་ངན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞིང་སྡུག་བསྔལ་མཐར་འབྱིན་པ་བཤད་པ་ལ་ངེས་པར་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་སུས་ཀྱང་བརྒལ་ཞིང་གཞན་དུ་བསྒྱུར་དུ་མེད་པས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་བར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་ཞེས་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ། ཨཥྚ་ད་ཤ་བེ་ཎི་ཀ་བུདྡྷ་དྷརྨྨཱ་ཞེས་བྱ་བ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ཏེ། ཆོས་འདི་རྣམ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མི་མངའ་སྟེ། ཕལ་དང་ཐུན་མོང་དུ་གྱུར་པ་མ་ཡིན་ལ། སངས་རྒྱས་ཉག་གཅིག་ལ་ཡོན་ཏན་འདི་རྣམས་མངའ་བས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ། ནཱ་སྟི་ཏ་ཐཱ་ག་ཏ་སྱ་སཁ་ལི་ཏན་ཞེས་བྱ་བ་དེ་བཞིན་གཤེགས་པ་ལ་འཁྲུལ་བ་མི་མངའ་བ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ལ་ནོར་ཞིང་ཐོག་ཏུ་མ་བབ་པ་མེད་པས་ན་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱ། ནཱ་སྟི་ར་བི་ཏན་ཞེས་བྱ་བ་ཅ་ཅོ་མེད་པ་ཡིན་ཏེ། དགྲ་བཅོམ་བ་ཁ་ཅིག་ལ་མ་ནོར་ནས་ཀུ་ཅོ་འདོན་པ་དང༌། སྔོན་གྱི་བག་ཆགས་མ་བྱང་བས་ཅ་ཅོ་ཆེ་ཞིང་ཚིག་ལ་འཁྲལ་འཁྲུལ་ཡོད་པ་ལྟ་བུ་མ་ཡིན་པས་ཅ་ཅོ་མེད་པ་ཞེས་བྱ། ནཱ་སྟི་མུ་ཥི་ཏ་སྨྲྀ་ཏི་ཏཱ་ཞེས་བྱ་བ་བསྙེལ་བ་མེད་པ་


DTG204_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དགྲ་བཅོམ་པ་ལ་མ་ད་གོངས་པའི་ཡེ་ཤེས་མི་མངའ་སྟེ། བསྙེལ་ནས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་ཤོར་བ་དང༌། དུས་ལས་ཡོལ་བ་ལྟ་བུ་མ་ཡིན་པས་ན་བསྙེལ་བ་མེད་པ་ཞེས་བྱ། ནཱ་སྟི་ས་མཱ་ཧི་ཏ་ཙིཏྟཾ་ཞེས་བྱ་བ་སེམས་མཉམ་པར་མ་བཞག་པ་མེད་པ་ཡིན་ཏེ། དགྲ་བཅོམ་པ་དག་ནམ་ཏིང་ངེ་འཛིན་གང་ལ་ཞུགས་པ་དེའི་ཚེ། ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་པ་ལྟ་བུ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་མཆོག་བརྙེས་པས་ན་ཏིང་ངེ་འཛིན་ལ་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་སྟེ། མཉམ་པར་མ་བཞག་པ་མེད་པས་ན་སེམས་མཉམ་པར་མ་བཞག་པ་མེད་བ་ཞེས་བྱ། ནཱསྟི་ནཱ་ནཱ་ཏཱ་སཾ་ཛྙཱ་ཞེས་བྱ་བ། ཐ་དད་པའི་འདུ་ཤེས་མེད་པ་ཡིན་ཏེ། དགྲ་བཅོམ་པ་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་བྱེ་བྲག་ཏུ་འཛིན་ཅིང་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་སོགས་པ་ལ་ཐ་དད་དུ་འབྱེད་པ་ལྟ་བུ་མི་མངའ་སྟེ། སེམས་མཉམ་པ་ཉིད་དང་ཆོས་མཉམ་པ་ཉིད་དུ་གཟིགས་པས་ན་ཐ་དད་པའི་འདུ་ཤེས་མེད་པ་ཞེས་བྱ། ནཱསྟྱ་པྲ་ཏི་སཾ་ཁྱཱ་ཡོ་པེཀྵ་ཞེས་བྱ་བ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཡིན་ཏེ། དགྲ་བཅོམ་པ་དག་སེམས་ཅན་གྱི་དོན་ལ་མ་བརྟགས་པར་ཡལ་བར་འདོར་བ་ལྟ་བུ་མ་ཡིན་གྱི། སྐལ་བ་ཡང་མེད་དང་དུས་ལ་བབ་མ་བབ་གཟིགས་ནས་དུས་དང་སྦྱོར་བ་མ་གཏོགས་པར་ཡལ་བར་འདོར་བ་མེད་པས་ན་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་བ་ཞེས་བྱ། ནཱ་སྟི་ཙཚནྡ་སྱ་ཧཱ་ནི་ཞེས་བྱ་བ་འདུན་པ་ཉམས་པ་མེད་པ་ཡིན་ཏེ། དགྲ་བཅོམ་པ་དག་སྤྱོད་ཡུལ་དམན་བས་དེ་བཞིན་གཤེགས་པའི་ས་ལ་མོས་ཤིང་འདུན་བ་མེད་དེ་ཉན་ཐོས་ཀྱི་བྱ་བ་ལ་མོས་པ་ལྟ་བུ་མ་ཡིན་གྱི། སངས་རྒྱས་སེམས་ཅན་གྱི་དོན་མཛོད་པ་དང༌། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བ་ལ་སོགས་པ་ལ་རྟག་ཏུ་འདུན་པར་འཇུག་པས་ན་འདུན་པ་ཉམས་པ་མེད་པ་ཞེས་བྱ། ནཱསྟི་བཱི་རྻ་སྱ་ཧཱ་ནི་ཞེས་བྱ་བ་བརྩོན་འགྲུས་ཉམས་པ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་སེམས་ཅན་གཅིག་གི་ཕྱིར་བསྐལ་བར་ཆོས་བཤད་ཀྱང་སྐུ་དང་གསུང་དང་ཐུགས་བསྙེལ་བར་མི་འགྱུར་བ་དང༌། སེམས་ཅན་གཅིག་གི་ཕྱིར་ཡང་འཇིག་རྟེན་གྱི་ཁམས་གྲངས་མེད་བ་འདས་ཏེ་གཤེགས་པས་ན་


DTG204_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཉམས་པ་མེད་པ་ཞེས་བྱ། ནསྟི་སྨྲྀ་ཏི་ཧཱ་ནི་ཞེས་བྱ་བ་དྲན་པ་ཉམས་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། སྤྱོད་པ་དང༌། བསམ་པ་དང༌། མོས་པ་ལ་སོགས་པ་སེམས་ཅན་འདུལ་བའི་ཐབས་དང༌། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དང༌། ཆོས་ཐམས་ཅད་ཇི་ལྟར་གཟིགས་ཤིང་དགོངས་པ་ལ་ཕྱིས་ཡེ་ཤེས་ཀྱིས་བརྟག་མི་དགོས་ཏེ། ཉམས་པ་མེད་པས་ན་དྲན་པ་ཉམས་པ་མེད་པ་ཞེས་བྱ། ནཱསྟི་ས་མཱ་དྷེརྷཱ་ནི་ཞེས་བྱ་བའི་ཏིང་ངེ་འཛིན་ཉམས་པ་མེད་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་ལ་སྙོམས་པར་འཇུག་ཅིང་དེ་ལས་མི་གཡོ་བར་འཛིན་པས་ན་ཏིང་ངེ་འཛིན་ཉམས་པ་མེད་པ་ཞེས་བྱ། ནཱསྟི་པྲ་ཛྙཱ་ཡཱརྟཱ་ནི་ཞེས་བྱ་བ་ཤེས་རབ་ཉམས་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མཁྱེན་པ་མི་ཟད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་མཁྱེན་པ་མི་ཟད་པ་དང༌། སོ་སོར་ཡང་དག་པར་རིག་པ་མི་ཟད་པ་མངའ་བས་ན་ཤེས་རབ་ཉམས་པ་མེད་པ་ཞེས་བྱ། ནཱསྟི་བི་མུཀྟེརྷ་ནི་ཞེས་བྱ་བ་རྣམ་པར་གྲོལ་བ་ཉམས་པ་མེད་པ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བས་ན་རྣམ་པར་གྲོལ་བ་ཉམས་བ་མེད་པ་ཞེས་བྱ། སརྦ་ཀཱ་ཡ་ཀརྨ་ཛྙཱ་ན་བུརྦཾ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟཱི་ཞེས་བྱ་བ་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། དགྲ་བཅོམ་བ་ཁ་ཅིག་ལུས་ཀྱི་ལས་བསམ་བཞིན་མ་ཡིན་བར་བྱེད་དེ། འཇིག་རྟེན་གྱི་ཡིད་དང་འགལ་བ་ལྟ་བུ་མ་ཡིན་གྱི། སྤྱོད་ལམ་བཞི་པོ་ཀུན་གྱིས་ཀྱང་སེམས་ཅན་འདུལ་ཏེ། ཡེ་ཤེས་སྔར་འབྱུང་བའི་རྒྱུ་ལས་བྱུང་བས་ན་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ཡེ་ཤེས་དང་ལྷན་ཅིག་འབྱུང་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པས་ན་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། བསྡུས་ན་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། ངག་དང་ཡིད་ཀྱི་སྐབས་སུ་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་འདི་བཞིན་དུ་བཤད། སརྦ་ཝཱཀྐརྨྨ་ཛྙཱན་བཱུརྦཾ་ག་མཾ་ཛྙཱནཱ་ནུ་པ་རི་བརྟྟི་ཞེས་བྱ་བ་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་བསྟན་པ་ལ་དོན་


DTG204_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཆུང་ཟ་བར་མི་འགྱུར་ལ། གསུང་གི་ཡན་ལག་དྲུག་ཅུ་དང་ལྡན་པས་ན་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། སརྦ་མནཿཀརྨྨ་ཛྙཱ་ན་པཱུརྦཾ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི་ཞེས་བྱ་བ་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། ཉོན་མོངས་བ་དང་སྤྲོས་པའི་བག་ཆགས་ཐམས་ཅད་དང་བྲལ་ཏེ། ཡང་དག་པའི་མཐའ་དོན་དམ་པའི་མཚན་ཉིད་དང་མ་བྲལ་བས་ན་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་རྗེས་སུ་འབྲང་པ་ཞེས་བྱ། ཨ་ཏཱི་ཏེ་དྷྭ་ནྱ་སཾ་ག་མཱ་པྲ་ཏི་ཧ་ཏ་ཛྙཱ་ན་དཪྴ་ནཾ་པ་རི་བ་རྟྟ་ཏེ་ཞེས་བྱ་བ་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཡིན་ཏེ། དགྲ་བཅོམ་པ་ལྟར་འདས་པའི་དུས་ཀྱི་དངོས་པོ་ཅི་ལ་བརྟགས་པ་སྣ་གཅིག་མཁྱེན་གྱི་གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱིས། འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང༌། ས་ཆུ་མེ་རླུང་གི་རྡུལ་ཕྲ་མོའི་གྲངས་དང༌། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་སོགས་པ་མ་ལུས་པ་མཉམ་པར་གཞག་པ་དང༌། མ་བཞག་པའི་དུས་དང་སྦྱར་བ་མེད་ཅིང་ཅིལ་ཡང་ཐགས་ཐོགས་མེད་པ་ཐུགས་སུ་ཆུད་པས་ན། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཞེས་བྱ། མ་འོངས་པ་དང་ད་ལྟར་གྱི་དུས་ཀྱི་སྐབས་སུ་ཡང་འདི་བཞིན་དུ་སྦྱར་ཞིང་བཤད། སོ་སོ་ཡང་དག་པར་རིག་པ་བཞི་ལ། ཙ་ཏུཥྛཱ་པྲ་ཏི་སཾ་བིད་ཅེས་བྱ་བ་སོ་སོ་ཡང་དག་བར་རིག་པ་བཞི་ཡིན་ཏེ། ཆོས་དང་དོན་དང་དེས་པའི་ཚིག་དང་སྤོབས་བ་བཞི་ལ་མཁས་པས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ། ཆོ་འཕྲུལ་གསུམ་ལ་ཏྲི་ཎི་པྲཱ་ཏི་ཧཱཪྻཱ་ནི་ཞེས་བྱ་བ་ཆོ་འཕྲུལ་གསུམ་ཡིན་ཏེ། ཨཱ་དེ་ཤ་ན་པྲཱ་ཏི་ཧཱརྻ་ཞེས་བྱ་བ་ཕ་རོལ་གྱི་སྙིང་ལ་ཅི་སེམས་པ་མཁྱེན་པས་ཇི་སེམས་པ་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྀ་དྡྷི་པྲཱ་ཏི་ཏཱ་རྻ་ནམ་མཁའ་ལ་གཤེགས་པ་དང༌། སྐུ་ལུས་མང་པོར་སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཨ་ནུ་ཤཱ་ས་ཤཱ་ས་ནཱི་པྲཱ་ཏི་ཧཱརྻ་བདེན་པ་གཉིས་ཀྱི་སྒོ་ནས་ཆོས་ཐམས་ཅད་གཏན་ལ་ཕབ་བར་བཀྲོལ་ཏེ་ཕན་ཞིང་རྗེས་སུ་མཐུན་པར་བཤད་པས་ན་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་འདི་གསུམ་ངོ་མཚར་ཆེ་བའི་རྨད་དུ་བྱུང་བས་སེམས་ཅན་མང་པོ་དད་ཅིང་འདུན་པར་མཛད་པས་ན་ཆོ་འཕྲུལ་གསུམ་ཞེས་བྱ། བྱང་ཆུབ་སེམས་


DTG204_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྒྲ་བཤད་པ་ལ་པོ་དྷི་ས་ཏྭ་ཞེས་བྱ་བས་ཏྭ་ན་ཡེ་ཥཱཾ་སྟེ་བོ་དྷི་སཏྭ་ཞེས་པ་བོ་དྷི་བྱང་ཆུབ། སཏྭ་ནི་སེམས་དཔའ་འམ་སེམས་སྟོབས་ཆེ་བ་ལ་བྱ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་བརྟུལ་ཞིང་མེ་ནུར་བས་ན་བྱང་ཆུབ་སེམས་དཔའ། མཧཱ་སཏྭ་ཞེས་བྱ་བ་མ་ཧཱ་ནི་ཆེན་པོ། སཏྭ་ནི་སེམས་དཔའ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སའི་རིམ་པའི་མིང་ལ་ད་ཤ་བྷཱུ་མི་ཞེས་བྱ་བ་ས་བཅུ་ཡིན་ཏེ། ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་རྟེན་དུ་འགྱུར་ཞིང༌། ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ནས་ཞེས་བྱ། ས་དང་པོ་པྲ་མུ་དི་ཏ་ཅེས་བྱ་བ་ནི་དོན་ཆེན་པོ་སྔོན་འདྲིས་པ་མ་ཡིན་པའི་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང༌། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་སྒྲུབ་བ་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བ་ཞེས་བྱ། ས་གཉིས་པ་ནི་བི་མ་ལ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པའི་ལྟུང་བ་ཕྲ་མོ་ཡན་ཆད་ཀྱང་བྱང་བས་ན་དྲི་མ་མེད་པ་ཞེས་བྱ། ས་གསུམ་པ་པྲ་བཏཱ་ཀ་རི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་ཐོབ་བས་ན་འོད་བྱེད་པ་ཞེས་བྱ། ས་བཞི་པ་ཨརྩི་ཥྨ་ཏི་ཞེས་བྱ་བ་ནི། ཉོན་མོངས་པ་སྲེག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་མེའི་འོད་འཕྲོ་བ་ཅན་ཞེས་བྱ། ས་ལྔ་པ་སུ་དུ་རྫ་ཡ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པའི་འཕགས་པའི་བདེན་པ་བཞི་ལ་སྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་སྦྱང་ཞིང་སྒོམ་པ་ཤིན་ཏུ་དཀའ་བས་ན་ས་དེ་ནོན་པར་དཀའ་བ་འམ་བསྒྲུབ་པར་དཀའ་བ་ལ་བྱ་སྟེ། ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ། ས་དྲུག་པ་ཨ་བྷི་མུ་ཁི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་མི་གནས་ཤིང་མཚན་མ་མེད་པ་ལ་གནས་ཤིང་མཚན་མ་མེད་པ་ལ་རང་གི་ངང་གིས་


DTG204_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཡེ་ཤེས་ལ་མང་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་གྱུར་པ་ཞེས་བྱ། ས་བདུན་པ་དཱུ་རཾ་ག་མ་ཞེས་བྱ་བ་མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན་རིང་དུ་སོང་བ་ཞེས་བྱ། ས་བརྒྱད་པ་ཨ་ཙལ་ཞེས་བྱ་བ་ནི་མཆན་མའི་འདུ་ཤེས་དང་མཚན་མ་མེད་པར་རྩོལ་བའི་འདུ་ཤེས་གཉི་གས་བསྐྱོད་པར་མི་ནུས་པས་མི་གཡོ་བ་ཞེས་བྱ། ས་དགུ་པ་སཱ་དྷུ་མ་ཏི་ཞེས་བྱ་བ་ནི། ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པ་བརྙེས་པས་ན་བློ་གྲོས་གཞན་ལས་འཕགས་པ་ཡིན་ཏེ་ལེགས་པའི་བློ་གྲོས་ཞེས་བྱ། ས་བཅུ་པ་དྷརྨྨ་མེ་གྷ་ཞེས་བྱ་བ་ནི་གཟུངས་དང་ཏིང་ངེ་འཛིན་ཀུན་ལ་ཡང་སྤྲིན་དང་འདྲ་བར་ཁབ་ཅིང་ཐོས་པའི་ཆོས་ནམ་མཁའ་དང་འདྲ་བ་ལ་སྤྲིན་བཞིན་དུ་ཁབ་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ། སངས་རྒྱས་ཀྱིས་ས་མནྟ་པྲ་བྷཱ་བུདྡྷ་བྷཱུ་མི་ཞེས་བྱ་བ་ནི་འོད་ཟེར་མང་པོ་བཀྱེ་བས་འདུལ་བའི་སེམས་ཅན་སྨིན་པར་མཛད་ཅིང་ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་ལ་གསལ་བར་བྱས་པས་ན་སངས་རྒྱས་ཀྱིས་ཀུན་དུ་འོད་ཅེས་བྱ། ཤུཀླ་བི་དཪྴ་ན་བྷཱུ་མིཿཞེས་བྱ་བ་ནི་མོས་པས་སྤྱོད་པའི་དྲོད་ལ་དང་པོ་རྣམ་པར་བྱང་བ་དཀར་པོ་མཐོང་བས་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ། གོ་ཏྲ་བྷཱུ་མིཿཞེས་བྱ་བ་ནི་དད་པ་ཤིན་ཏུ་ཆེ་བའི་ས་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ལ་ཆོས་དང་གང་ཟག་ལ་བདག་མེད་པར་བཟོད་པས་ན་བྱང་ཆུབ་ཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱ། ཨཥྚ་མི་ཀ་བྷཱུ་མི་ཞེས་བྱ་བ་ནི་བརྒྱད་པ་ལ་བྱ་སྟེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་ན། རྒྱུན་དུ་ཞུགས་པ་ལ་འཇུག་པ་གྲངས་བརྒྱད་པ་ལ་བབ་པས་ན་བརྒྱད་པའི་ས་ཞེས་བྱ། དཪྴ་ན་བྷཱུ་མི་ཞེས་བྱ་བ་ནི་དྲྀ་ཤྱཱཏ་པྲེཀྵ་ཎ་ཞེས་བྱ་སྟེ། དྲྀ་ཤ་ནི་མཐོང་བ། བྷཱུ་མི་ནི་ས་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པས་དེ་ཁོན་ཉིད་རྟག་པར་མཐོང་བས་ན་མཐོང་པའི་ས་ཞེས་བྱ། ཏ་ནཱུ་བྷཱུ་མི་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བས་འདོད་པའི་ཁམས་ཀྱི་འདོད་ཆགས་སྲ་བ་མོར་བྱས་པས་ན་བསྲབས་པའི་ས་ཞེས་བྱ། བཱི་ཏ་རཱ་ག་བྷཱུ་མི་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ས་ལ་བྱ་སྟེ། ས་འདི་ལ་གནས་པས་འདོད་པ་ལ་འདུན་པ་དང༌། གནོད་སེམས་སྤངས་པས་ན་འདོད་པའི་


DTG204_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ས་ཞེས་བྱ། ཀྲྀ་ཏཱ་བྷི་བྷཱུ་མི་ཞེས་བྱ་བ་ནི་དགྲ་བཅོམ་པའི་ས་ལ་བྱ་སྟེ། ཀྲྀ་ཏ་ནི་བྱས་པ། ཨ་བྷི་ནི་ཨ་བྷི་དུ་མ་ཤཱི་ལ་ཞེས་བྱ་སྟེ། བསྲུང་བའི་རང་བཞིན་ཅན་ཡིན་པས་ན། སྔར་བྱས་ཏེ་གྲུབ་པའི་དོན་མི་ཉམས་པར་བསྲུང་བའི་ཕྱིར་བྱས་པ་སྲུང་བའི་ས་ཞེས་བྱ་སྟེ། དངོས་སུ་ན་དགྲ་བཅོམ་པའི་ས་ལ་བྱ། མོས་པས་སྤྱོད་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་པའི་མིང་ལ་ཨ་དྷི་མུཀྟི་ཙརྻ་བྷཱུ་མི་ཞེས་བྱ་བ། བསྐལ་པ་གྲངས་མེད་བ་གཅིག་གི་བར་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་མོས་པ་བསྒོམས་ཏེ། ད་དུང་དེ་བཞིན་ཉིད་མ་མཐོང་པས་ན་མོས་པས་སྤྱོད་པའི་ས་ཞེས་བྱ། ཨཱ་ལོ་ཀ་ལབྡྷ་ཞེས་བྱ་བ་ཆོས་ཀྱི་དབྱིངས་ལ་མོས་པས་བསྒོམས་པའི་བྱེ་བྲག་གིས་རང་དང་སྤྱིའི་མཚན་ཉིད་དུ་བརྟགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ་བརྗོད་པ་ཙམ་དུ་རིག་ལ། ཆོས་ལ་དེས་པར་རྟོག་པའི་བཟོད་པའི་སྣང་བ་དང་པོ་ཐོབ་པས་ན་སྣང་བ་ཐོབ་པ་ཞེས་བྱ། ཨཱ་ལོ་ཀ་བྲྀདྡྷི་ཞེས་བྱ་བ་ཆོས་ཀྱི་སྣང་བ་དེ་ཉིད་རྒྱས་པར་བྱ་བའི་བརྩོན་པ་བརྟན་པར་རྩོམ་པས་ན་སྣང་བ་མཆེད་པ་ཞེས་བྱ། ཏ་ཏྭཱ་རྠཻཀ་དེ་ཤཱ་ནུ་པྲ་བེ་ཤ་ཞེས་བྱ་བ་ཆོས་ཀྱི་སྣང་བ་མཆེད་པས་ཕྱི་རོལ་གྱི་ཡུལ་མེད་ཅིང་སེམས་ཙམ་དུ་རྟོགས་ཏེ། གཟུང་བའི་གཡེང་བ་དང་བྲལ་བས་ན་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ཞུགས་པ་ཞེས་བྱ། ཨ་ནནྟརྻ་ས་མཱ་དྷི་ཞེས་བྱ་བ་དད་པ་རབ་ཀྱིས་ས་འདི་ལ་འཛིན་པའི་གཡེང་བ་སྤངས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་མ་ཐག་ཏུ་ཐོབ་པར་འགྱུར་བས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ། ནིརྦྷེ་དྷ་བྷ་གཱི་ཡ་ཞེས་བྱ་བ་ནི་ནི་ཤྕི་ཏུ་བྷི་དྷ་ནི་བྷེ་དྷ་ཕཱ་གཱི་ཡ་ཞེས་བྱ་སྟེ། ནིར་ནི་ངེས་པ་འམ་གདོན་མི་ཟ་བ། བེ་དྷ་ནི་རྟོགས་པ་འམ་འབྱེད་པ། བྷ་ག་ནི་ཆའམ་སྐལ་བ། ཨཱི་ཡ་ནི་ཕན་པ་འམ་མཐུན་པ་ལྟ་བུ་ལ་བྱ་སྟེ། དངོས་སུ་ན་འཕགས་པའི་ས་ནི་མ་ཐོབ་ལ། སོ་སོའི་སྐྱེ་བོའི་ས་ལས་ནི་འདས་པ་ཡིན་ཏེ། འཕགས་པའི་ལམ་མཐོང་བ་དང་སྒོམ་པ་རྣམ་པ་གཉིས་ཡོད་པའི་ནང་ནས་མཐོང་བའི་ལམ་གྱི་ཆ་གཅིག་བོ་དང་ཉེ་བས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ། ཨུཥྨ་ག་ཏ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚེ་


DTG204_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་ཉོན་མོངས་པའི་ཤིང་ཐམས་ཅད་སྲེག་པའི་མེ་དང་འདྲ་བའི་དྲོད་སྔར་བྱུང་བས་ན་དྲོ་བར་གྱུར་པ་ཞེས་བྱ། མཱུརྡྷ་ཞེས་བྱ་བ་ནི་དགེ་བའི་རྩ་བ་སྔ་མ་མི་བརྟན་པ་གཡོ་བའི་རྩེ་མོར་ཕྱིན་པས་ན་རྩེ་མོ་ཞེས་བྱ། ཀྵཾ་ཏི་ཞེས་བྱ་བ་ནི་བདེན་པ་ལ་བཟོད་པ་རབ་འབྲིང་དུ་མར་ཕྱེ་བའི་ནང་ནས་བཟོད་པ་རབ་དང་ལྡན་པ་སྟེ། དེ་ལས་ཉམས་པར་མི་འགྱུར་ཞིང༌། ངན་སོང་དུ་མི་ལྟུང་བས་ན་བཟོད་པ་ཞེས་བྱ། ལོ་ཀི་ཀཱ་གྲ་དྷརྨྨ་ཞེས་བྱ་བ་ས་འདི་འཇིག་རྟེན་པའི་ཆོས་ཀྱང་ཡིན་ལ། སྔན་ཆད་མ་མཐོང་བས་འཕགས་པའི་ལམ་ལྟ་བུ་འཇིག་རྟེན་པའི་ཆོས་དང་མི་མཐུན་པ་ཡང་འཇིག་རྟེན་བའི་ཆོས་ཀྱི་མཆོ་ག་འདིས་ཆ་མཉམ་པའི་རྒྱུ་མེད་པར་འཐོབ་པར་ནུས་ཏེ། འཇིག་རྟེན་པའི་ཆོས་ཀྱི་ཕུལ་དུ་བྱུང་བས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ། རང་སངས་རྒྱས་དང་ཉན་ཐོས་ཀྱི་གང་ཟག་གི་རིམ་པའི་མིང་ལ། པྲ་ཏྱེ་ཀ་བུདྡྷ་ཞེས་བྱ་བ་ཨེ་ཀ་བརྒ་ནཱ་མ་པྲ་ཏི་བུདྡྷ་བོ་དྷི་པྲ་ཏྱེ་ཀ་བུདྡྷ་ཞེས་བྱ་སྟེ། སེམས་ཅན་མང་པོས་དོན་མི་མཛད་ཀྱི། བདག་གཅིག་པུ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་སྒྲུབ་པས་ན་རང་སངས་རྒྱས་ཞེས་བྱ། ཁཌྒ་བི་ཥཱ་ཎ་ཀལྤ་ཞེས་བྱ་བ་ཁཌྒ་བི་ཥཱ་ཎ་ཏུ་ལྱ་ཏྭཱ་ཏ། ཁཌྒ་བི་ཥཱ་ཎ་ཀལྤ་ཞེས་བྱ་སྟེ། རང་སངས་རྒྱས་བསྐལ་པ་བརྒྱའི་བར་དུ་ཚོགས་བསགས་པས་དབང་པོ་རྣོན་པོ་ཕལ་དང་མི་འདྲེ་བར་བསེ་རུ་དང་འདྲ་བ་གཅིག་ཏུ་བཞུགས་པས་ན་རང་སངས་རྒྱས་བསེ་རུ་ལྟ་བུ་ཞེས་བྱ། བརྒྒ་ཙཱ་རི་ཞེས་བྱ་བ་བརྒྒ་ནི་སྡེ་འམ་ཚོགས་སམ་མང་བོ་གཅིག་ཏུ་འདུས་པ་ལ་བྱ། ཙཱ་རི་ཙཱ་ར་ག་ཏྱརྠ་ཞེས་བྱ་སྟེ། འགྲོ་བ་ཡིན་པས་རང་སངས་རྒྱས་ཕལ་དང་ཐབས་ཅིག་ཏུ་གཤེགས་ཤིང་བ་ཞུགས་པ་དང་སྤྱོད་པ་ལ་བྱ་སྟེ། ཚོགས་དང་སྤྱོད་པ་ཞེས་བྱ་སྟེ། ཤྲཱ་བ་ཀ་ཞེས་པ་གཅིག་ཏུ་ན་ཤྲྀ་ནཱ་ན་ཏཱྀ་ཏི་ཤྲཱ་བ་ཀ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ལས་ཆོས་ཀྱི་ལུང་མ་མནོས་པར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་ཏེ་ཉན་པ་ལ་ཡང་བྱ། ཡང་གཅིག་ཏུ་ན་སམྱཀ་ཛྙཱ་ན་ཕ་ལན་ཤྲཱ་བ་སིནྟཱ་ཏི་ཤྲཱ་བ་ཀ་ཞེས་བྱ་སྟེ། ཡང་དག་པའི་ཤེས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་གཞན་ལ་སྒྲོགས་ཤིང་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱ། སྲོ་ཏཱ་པནྣ་ཞེས་བྱ་བ་སྲོ་ཏ་ནི་ཆུའི་རྒྱུན་ལྟ་


DTG204_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་བྱ། ཨཱ་པནྣ་ནི་ནང་དུ་ཞུགས་པ་ལ་བྱ་སྟེ། སྤྱིར་ན་མྱ་ངན་ལས་འདས་པའི་མཚོར་འབབ་པའི་འཕགས་པའི་ལམ་གྱི་ཆུ་བོའི་རྒྱུན་དུ་ཞུགས་པ་ལ་བྱ་སྟེ། རྒྱུན་དུ་ཞུགས་པ་ཞེས་བྱ། སཔྟ་ཀྲྀདྦྷ་བ་པ་ར་མ་ཞེས་བྱ་བ་རྒྱུན་དུ་ཞུགས་པ་བསྒོམས་པས་སྤངས་པའི་ཉོན་མོངས་པ་མ་ཟད་ལ། འབྲས་བུ་ཐོབ་པས་མེའི་ནང་དུ་ཡང་ལན་བདུན་སྐྱེ། ལྷའི་ནང་དུ་ཡང་ལན་བདུན་སྐྱེ་བ་ལ་བྱ་སྟེ། མིར་སྐྱེ་བའི་སྲིད་པ་བར་མ་བདུན་དང༌། ལྷར་སྐྱེ་བའི་སྲིད་པ་བར་མ་བདུན་གྱིས་བསྣན་ན་སྐྱེ་བ་བདུན་བཞི་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་འཁོར་བའི་ནང་ན་བཞུགས་པས་ན་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱ། ཀུ་ལཾ་ཀུ་ལ་ཞེས་བྱ་བ་རྒྱུན་དུ་ཞུགས་པ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་གསུམ་དང་བཞི་མན་ཆད་ལས་གྲོལ་བ། སྐྱེ་བ་གཉིས་སམ་གསུམ་གྱི་བར་དུ་འཁོར་བ་ན་གནས་ཤིང་ལྷ་དང་མིའི་རིགས་བཟང་པོར་སྐྱེ་བས་ན་རིགས་སུ་སྐྱེ་བ་ཞེས་བྱ། ས་ཀྲྀ་དཱ་ག་མི་ཞེས་བྱ་བས་ཀྲྀཏ་ནི་ལན་ཅིག་ཨཱ་ག་མི་ནི་འོང་བ་སྟེ། ཚེ་དེ་ཉིད་ལ་མྱ་ངན་ལས་མི་འདའ་སྟེ། ལན་ཅིག་སླར་འཇིག་རྟེན་འདིར་སྐྱེ་བས་ན་ལན་ཅིག་ཕྱིར་འོང་བ་ཞེས་བྱ། ཨེ་ཀ་བི་ཙི་ཀ་ཞེས་བྱ་བ་ལན་ཅིག་ཕྱིར་འོང་བ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས་པ། སྐྱེ་བ་གཅིག་གིས་མྱ་ངན་ལས་འདས་པའི་འབྲས་བུ་འམ། ཕྱིར་མི་འོང་བའི་ས་ཐོབ་པའི་བར་དུ་ཆོད་པས་ན་བར་ཆད་གཅིག་པ་ཞེས་བྱ། ཨ་ནཱ་གཱ་མི་ཞེས་བྱ་བ་ཐ་མའི་སྐལ་བ་ཅན་གྱི་ཆོས་རྣམ་པ་ལྔ་སྤངས་པས་སླར་འདོད་པའི་ཁམས་སུ་མི་སྐྱེ་བས་ཕྱིར་མི་འོང་བ་ཞེས་བྱ། ཨནྟ་ར་པ་རི་ནིརྦྦཱ་ཎི་ཞེས་བྱ་བ་ཕྱིར་མི་འོང་བ་སྲིད་པ་གཅིག་ནས་འཕོས་པ་ཕ་རོལ་ཏུ་ཡང་མ་སྐྱེས་པར་སྲིད་པ་བར་མདོའི་ཚེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ། ཨུ་པ་བདྱ་པ་རིརྦྦཱ་ཎི་ཞེས་བྱ་བ་ཕྱིར་མི་འོང་བ་ལམ་ལ་ཞུགས་ཤིང་བརྩོན་པ་ཚེ་འཕོས་ནས་ཕ་རོལ་ཏུ་སྐྱེས་མ་ཐག་ཏུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པས་ན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ། ཨ་བྷི་སཾ་སྐཱ་ར་པ་རི་ནིརྦྦཱ་ཎི་ཞེས་བྱ་བ་ཕྱིར་མི་འོང་བ་


DTG204_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བས་རྒྱུན་མ་བཅད་པ་ཕ་རོལ་ཏུ་སྐྱེས་ནས་བརྩོན་ནི་བརྩོན་ལ་ལམ་མ་བྱང་བ་རྩོལ་བ་དང་བཅས་པས་མྱ་ངན་ལས་འདའ་བར་བྱེད་པས་ན་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ། ཨན་བྷི་སཾ་སྐཱར་པ་རི་ནིརྦྦཱ་ཡི་ཞེས་བྱ་བ་ཕྱིར་མི་འོང་བ་ལམ་ལ་བརྩོན་ཞིང་འགྲུས་པར་ཞུགས་པ་མ་ཡིན་གྱི་ནམ་བསམ་པའི་རྒྱུད་སྨིན་པའི་ཚེ་དགྲ་བཅོམ་པའི་འབྲས་བུ་འཐོབ་ཅིང་མྱ་ངན་ལས་འདའ་བས་ན་མངོན་བར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ། ཨཱུརྡྷ་སྲོ་ཏ་ཞེས་བྱ་བ་ཕྱིར་མི་འོང་བ་ཐོག་མ་གཞི་གར་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བའི་སྟེང་དུ་ལྷའི་ཁམས་སུ་སྐྱེས་ནས་གདོད་མྱ་ངན་ལས་འདའ་བས་ན་གོང་དུ་འཕོ་བ་ཞེས་བྱ། ཀཱ་ཡ་སཱཀྵི་ཞེས་བྱ་བ་ནིརྦཱཎ་ས་དྲྀ་ཤྱ་ནི་རོ་དྷ་ས་མཱ་པཏྟེ། ཀཱ་ཡེ་ན་སཱཀྵ་ཀ་ར་ཎ་ཀཱ་ཡ་སཱཀྵི་ཞེས་བྱ་སྟེ་ཕྱིར་མི་འོང་བ་འགོག་པའི་སྙོམས་པར་འཇུག་པ་མྱ་ངན་ལས་འདས་པ་དང་འདྲ་བར་སེམས་དང་སེམས་ལས་བྱུང་བ་འགགས་ཀྱིས་ཀྱང་ལུས་ཀྱིས་མངོན་དུ་བྱེད་པ་ཞེས་བྱ། ཤྲདྡྷཱ་ནུ་ས་རི་ཞེས་བྱ་བ། ཤྲདྡྷ་ཞེས་བྱ་བ་ནི་དད་པ། ཨ་ནུ་ས་རི་ནི་རྗེས་སུ་འབྲང་བ་སྟེ། བདག་ཉིད་ཀྱི་ཤེས་པས་རྟོགས་པ་མེད་ཀྱི། ལུང་ལས་ཐོས་པ་བཞིན་དུ་དད་པས་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ན་དད་པས་རྗེས་སུ་འབྲང་བ་ཞེས་བྱ། དྷརྨྨཱ་ནུ་ས་རི་ཞེས་བྱ་བ། དྷརྨྨ་ཨ་ནུ་ས་རི་དུན་ཤཱི་ལན་ཡ་སྱ་ཞེས་བྱ་སྟེ། དབང་པོ་རྣོན་པོ་གཞན་གྱི་དྲིང་ལ་མི་འཇོག་ཅིང་ཆོས་ཀྱི་ཚུལ་དང་མཐུན་པར་རིགས་པར་སྦྱོར་བས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། ཤྲདྡྷཱ་དྷི་མུཀྟ་ཞེས་བྱ་བ་ཤྲདྡྷ་ཡཱ་མརྒྒ་མ་དྷི་མུཀྟ་ཤྲདྡྷཱ་དྷི་མུཀྟ་ཞེས་བྱ་སྟེ། དད་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོས་ལམ་བསྒོམས་ནས་འཕགས་པའི་འབྲས་བུ་ཐོབ་པས་ན་དགྲ་བཅོམ་པ་ལ་ཞུགས་པ་མན་ཆད་གང་ཟག་ཆེན་པོ་བདུན་གྱི་བྱེ་བྲག་གི་མིང་སྟེ་དད་པས་མོས་པ་ཞེས་བྱ། དྲྀཥྚི་པྲཱཔྟ་ཞེས་བྱ་བ་དྲྀཥྚི་ནི་མཐོང་བ། པྲཱཔྟ་ནི་ཐོབ་པ་སྟེ། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བས་ལམ་གཟིགས་ཤིང་འཕགས་པའི་འབྲས་བུ་ཐོབ་པས་ན་དགྲ་བཅོམ་པ་ལ་ཞུགས་པ་མན་ཆད་གང་ཟག་ཆེན་པོ་བདུན་གྱི་བྱེ་བྲག་གི་མིང་སྟེ་མཐོང་བས་ཐོབ་པ་ཞེས་བྱ། ས་མ་ཡ་བི་མུཀྟ་ཞེས་བྱ་བ་


DTG204_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་རྗེས་སུ་འབྲང་བའི་དགྲ་བཅོམ་པ་དབང་པོ་རྟུལ་པོ་དུས་དང་ཡོ་བྱད་ལ་སོགས་པ་དང་ལྡན་ན་ཉོན་མོངས་པ་ལས་གྲོལ་ཞིང་འབྲས་བུ་འཐོབ་ཀྱི། མི་ལྡན་ན་ཐར་པ་ཐོབ་པར་མི་ནུས་པས་ན་དུས་ཀྱི་རྣམ་པར་གྲོལ་བ་ཞེས་བྱ། ཨ་ས་མ་ཡ་བི་མུཀྟ་ཞེས་བྱ་བ་དགྲ་བཅོམ་པ་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ཡོ་བྱད་དང་དུས་ལ་ལྟོས་མི་དགོས་པར་ཉོན་མོངས་པ་སྤོང་ནུས་པས་ན་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ། པྲཛྙཱ་ཡཱ་བི་མུཀྟ་ཞེས་བྱ་བ་པྲ་ཛྙཱ་བི་མུཀྟ་པྲཛྙཱ་བི་མུཀྟ་ཞེས་བྱ་སྟེ། དགྲ་བཅོམ་པ་འགོག་པའི་སྙོམས་པར་འཇུག་པ་མ་བསྒྲུབས་པར་ཤེས་རབ་ཀྱིས་ཟག་པ་ཉི་ཚེ་ལས་གྲོལ་བར་བྱས་པས་ན་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ། ཨུ་བྷ་ཡ་ཏོ་བྷཱ་ག་བི་མུཀྟི་ཞེས་བྱ་བ་ཨུ་བྷ་ཡ་ནི་གཉིས་ཀ །བྷཱ་ག་ནི་ཆ། བི་མུཀྟ་ནི་རྣམ་པར་གྲོལ་བའི་སྡེ། དགྲ་བཅོམ་པ་ཉོན་མོངས་པའི་སྒྲིབ་པ་དང༌། སྙོམས་པར་འཇུག་པའི་སྒྲིབ་པ་གཉིས་ཀ་ལས་གྲོལ་བས་ན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ། སུ་པྲ་ཏི་པནྣོ་བྷ་ག་བ་ཏ་ཤྲ་བ་ཀ་སཾ་གྷ་ཞེས་བྱ་བ་ཤྲ་མ་ཎྱཱརྠནྣིརྦཱ་ཎཾ་པྲ་ཏི་པནྣ་ཞེས་བྱ་སྟེ། དགེ་སྦྱོང་གི་དོན་མྱ་ངན་ལས་འདས་པ་ལ་ཞུགས་པས་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ། ནྱཱ་ཡ་པྲ་ཏི་པནྣ་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་དང་དྲོད་དང་རྩེ་མོ་ལ་སོགས་པའི་རིགས་པའི་རིམ་པས་ཞུགས་པས་ན། རིགས་པར་ཞུགས་པ་ཞེས་བྱ། རྀ་ཛུ་པྲ་ཏི་པནྣ་ཞེས་བྱ་བ་རྀ་ཛུ་མཱརྻ་མརྒྒ་ཞེས་འབྱུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་འཁྲུགས་ཤིང་དྲང་ལ། དེ་ལ་ཞུགས་པས་ན་དྲང་པོར་ཞུགས་པ་ཞེས་བྱ། སཾ་པྲ་ཏི་པནྣ་ཞེས་བྱ་བ་ཉན་ཐོས་རྣམས་ཚུལ་ཁྲིམས་དང་ལྟ་བ་མཐུན་པས་ན་མཐུན་པར་ཞུགས་པ་ཞེས་བྱ། ཨ་ནུ་དྡྷརྨྨཙ་རི་ཞེས་བྱ་བ་དགེ་བའི་ཆོས་ཇི་སྐད་བསྟན་པ་བཞིན་དུ་མཐུན་པར་སྤྱོད་པས་ན་རྗེས་སུ་མཐུན་པའི་ཆོས་ལ་སྤྱོད་པ་ཞེས་བྱ། དྷརྨྨཱ་ནུ་དྷརྨྨ་པྲ་ཏི་པནྣ་ཞེས་བྱ་བ་དྷརྨྨ་ནི་ཆོས་ཏེ་མྱ་ངན་ལས་འདས་པ་ལ་བྱ། ཨ་ནུ་དྷརྨྨ་ནི་དེའི་རྗེས་སུ་མཐུན་པར་སྤྱོད་པའི་ཆོས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ཏེ། དེ་ལ་ཞུགས་པས་


DTG204_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཞེས་བྱ། དམ་པའི་ཆོས་ཀྱི་མིང་གི་རྣམ་གྲངས་ལ། སཱུ་ཏྲ་ཞེས་བྱ་བ་ཨརྠ་སུ་ཙན་ད་སཱུ་ཏྲ་ཞེས་བྱ་སྟེ། སངས་རྒྱས་ཀྱིས་བཤད་པའང་རུང་སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་ཡང་རུང༌། དོན་མདོ་ཙམ་དུ་སྟོན་ཞིང་སྨོས་པས་ན་མདོའི་སྡེ་ཞེས་བྱ། གེ་ཡཾ་ཞེས་བྱ་བ་གཻ་ཀཻ་ཤཔྡ་ཞེས་བྱ་སྟེ། མདོ་སྡེ་བཤད་པའི་དོན་དབྱངས་ཀྱིས་བརྗོད་པས་ན་དབྱངས་ཀྱིས་བསྙད་པ་ཞེས་བྱ། ཡང་རྣམ་པ་གཅིག་ཏུ་ན་གཱ་ཏ་བྱཱ་ན་གེ་ཡ་ཞེས་བྱ་སྟེ། མདོ་སྡེ་ལས་འབྱུང་བའི་ཚིག་ཉིད་གཟུ་བོར་མ་གསུངས་ཏེ་དྲང་བའི་དོན་དུ་གསུངས་པ་ལ། ད་དུང་བཤད་ཅིང་ཤེས་པར་བྱ་བ་གཞན་ཡོད་པས་ན་བརྟག་པར་བྱ་བར་ཡང་དྲང་དུ་ནི་རུང་མོད་ཀྱིས་དབྱངས་ཀྱིས་བསྙད་པར་ཉེ་བས་ན་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱ། བྱ་ཀ་ར་ཎ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཅིར་གྱུར་པ་དང་འགྱུར་བ་ལ་སོགས་པ་གཞན་གྱིས་མི་རྟོགས་པ་བྱེ་བྲག་ཏུ་ལུང་སྟོན་པས་ན་ལུང་དུ་བསྟན་པའི་སྡེ་ཞེས་བྱ། གཱ་ཐཱ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་རྩ་བ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པར་སྦྱར་ཏེ་བཤད་པས་ན་ཚིགས་སུ་བཅད་པའི་སྡེ་ཞེས་བྱ། ཨུ་དཱ་ན་ཞེས་བྱ་བ་ཨ་སེརྻ་དྷ་ན་ཨུ་དཱ་ན་ཞེས་བྱ་སྟེ། གང་ཟག་འགའ་ཞིག་གི་ཕྱིར་བཤད་པ་མ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གཞག་པའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་ལ་བྱ་སྟེ། དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་མདོ་ལས་གསུངས་པ་ལྟ་བུ་སྟེ་ཆེད་དུ་བརྗོད་པའི་སྡེ་ཞེས་བྱ། ནི་དཱ་ནན་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་ལ་སོགས་པ་ཐོག་མ་ཇི་ལས་གླེངས་ཏེ་བཤད་པ་དང༌། གཞི་འདི་དང་སྐབས་འདི་དང་བྱུང་བ་འདིའི་ཚེ་བསླབ་པ་བཅས་པ་ལྟ་བུ་ལ་བྱ་སྟེ། གླེང་གཞིའི་སྡེ་ཞེས་བྱ། ཨ་བ་དཱ་ན་ཞེས་བྱ་བ། ཡ་ཏྲ་བ་ག་མརྠ་མ་ནྱ་སྱ་ད་ནཾ་དྲྀཥྚཱནྟ་བིསྟཱ་ར་སྱ་ཞེས་བྱ་སྟེ། ཆོས་ཉན་པ་རྣམས་ཀྱིས་གོ་ཞིང་རྟོགས་པར་བྱ་བའི་ཕྱིར་


DTG204_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བཏགས་པར་བྱུང་བ་གཞན་ལས་དྲངས་ཏེ། དཔེ་རྒྱས་པར་བསྟན་པས་ན་རྟོགས་པ་བརྗོད་པའི་སྡེ་ཞེས་བྱ། ཨི་ཏི་བྲྀཏྟ་ཀ་ཞེས་བྱ་བ་ནི་ཨི་ཏི་ཨེ་བི་སྟེ་དེ་ལྟ་བུ། བྲྀཏྟི་ཀ་ཞེས་བྱ་བ་ནི་བྱུང་བའམ་འབྱུང་འགྱུར་ལ་བྱ་སྟེ། སྔོན་བྱུང་བའི་གཏམ་བཟླས་ཤིང་བཤད་པ་ཡིན་པས་ན་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱ། ཛཱ་ཏ་ཀ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་གང་དང་གང་དུ་སྐྱེས་པ་དང༌། དཀའ་བ་ཅི་དད་ཅི་མཛད་པ་བཤད་པ་ཡིན་པས་སྐྱེས་པའི་རབས་ཀྱི་སྡེ་ཞེས་བྱ། བེ་པུ་ལྱ་ཞེས་བྱ་བ་ནི་བི་པུ་ལྱ་སྱཱ་བ་བཻ་པུ་ལྱ་ཞེས་བྱ་སྟེ། ཤིན་ཏུ་རྒྱས་པར་བཤད་པས་སམ། མདོ་སྡེ་རྒྱ་ཆེན་པོའི་ནང་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པར་བཤད་པ་ཡིན་པས་ན་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ། ཨ་དྦྷུ་ཏ་དྷརྨྨ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་བྱིན་གྱིས་རླབས་ངོ་མཚར་རྨད་དུ་བྱུང་བ་བཤད་པ་ཡིན་པས་ན་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་བྱ། ཨུ་པ་དེ་ཤ་ཞེས་བྱ་བ་ནི་མདོ་སྡེའི་དོན་དེ་ཁོ་ན་ཉིད་མཐོང་བ་གཞན་གྱིས་ཞིབ་མོར་བཤད་ཅིང་གཏན་ལ་བབ་པ་རྗེས་སུ་མཐུན་པའི་ཆོས་བཤད་པའི་མ་མོ་ལྟ་བུ་ཆོས་མངོན་པ་ལ་བྱ་བས་ན་གཏན་ལ་ཕབ་པའི་སྡེ་ཞེས་བྱ། བྲཧྨ་ཙཱརྻ་ཞེས་བྱ་བ་བྲཧྨ་བྷཱུ་ཏ་ཤཱི་ཏ་བྷཱུ་ཏ་ཞེས་བྱ་སྟེ། ཚངས་པ་འམ་བསིལ་བར་གྱུར་པས་ཏེ་དོན་དུ་ན་མྱ་ངན་ལས་འདས་པ་ལ་བྱ། ཙཱརྻ་ཏ་ར་ག་ཏཽ་ཞེས་བྱ་སྟེ་གང་གིས་ཐོབ་པར་འགྱུར་ཞིང༌། སྤྱོད་པ་ལ་བྱ་བས་ན་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་སྤྱོད་པས་ན་ཚངས་པར་སྤྱོད་པ་ཞེས་བྱ། ཨཱ་དཽ་ཀ་ལྱཱ་ཎ་ཞེས་བྱ་བ་ཨཱ་དཽ་ནི་དང་པོ་ཡིན་ཏེ་ཚངས་པར་སྤྱོད་པའི་དང་པོ་ལ་བྱ། ཀལྱཱ་ཎ་ནི་གསེར་བཟང་པོ་ཅིར་ཡང་བཅོས་ཤིང་བརྡུང་དུ་རུང་བ་དང་འདྲ་བར་ཡོན་ཏན་གྱི་རིམ་པ་གོང་མ་ཀུན་གྱི་སྣོད་དུ་རུང་བར་འགྱུར་བས་ན་དགེ་བ་ལ་བྱ་སྟེ། སྤྱིར་ན་དང་པོ་ལྷག་པའི་ཚུལ་ཁྲིམས་དང་ལྡན་པས་དགེ་བ་ཐམས་ཅད་ཀྱི་གཞིར་གྱུར་པས་ན་ཐོག་མར་དགེ་བ་ཞེས་བྱ། མ་དྷྱེ་ཀལྱཱ་ཎ་ཞེས་བྱ་བ་ཚངས་པར་སྤྱོད་པའི་བར་མ་ནི་བསམ་གཏན་བཞི་ལ་སོགས་པ་སེམས་མཉམ་པར་


DTG204_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའི་མིང་སྟེ། ལྷག་པའི་སེམས་ལ་བྱ་བས་ན་བར་དུ་དགེ་བ་ཞེས་བྱ། པརྻ་བ་སཱ་ནེ་ཀ་ལྱཱ་ཎ་ཞེས་བྱ་བ་ཚངས་པར་སྤྱོད་པའི་ཐ་མ་ནི་འཕགས་པའི་ཡེ་ཤེས་ཀྱིས་དོན་དམ་པའི་བདེན་པ་རྟོགས་པས་ན་ལྷག་པ་ཤེས་རབ་ལ་ཐ་མར་དགེ་བར་ཞེས་བྱ། སྭརྠཾ་ཞེས་བྱ་བ་སུ་ནི་བཟང་པོ། ཨརྠ་ནི་དོན་ཏེ་དོན་མ་ལོག་པར་བསྟན་པས་ན་དོན་བཟང་པོ་ཞེས་བྱ། སུ་བྱཉྫ་ན་ཞེས་བྱ་བ་སུ་ནི་བཟང་པོ། བྱཉྫ་ན་ནི་ཚིག་འབྲུ་སྟེ། ཚངས་པར་སྤྱོད་པ་བཤད་པའི་ཚིག་འབྲུ་གོ་ཞིང་བརྡ་ཕྲད་པར་སླ་སྟེ། བརྗོད་པ་ཕུན་སུམ་ཚོགས་པའི་ཕྱིར་ཚིག་འབྲུ་བཟང་པོ་ཞེས་བྱ། ཀེ་བ་ལཾ་ཞེས་བྱ་བ་ཨ་སཱ་དྷཱ་ར་ཎ་ཏྭཱད་ཀེ་བ་ལཾ་ཞེས་བྱ་སྟེ། མུ་སྟེགས་ཅན་ལ་སོགས་པ་ཕལ་དང་ཐུན་མོང་མ་ཡིན་པའི་ཕྱིར་མ་འདྲེས་པ་ཞེས་བྱ། བ་རི་པཱུརྞྞཾ་ཞེས་བྱ་བ་སརྦ་ཀླེ་ཤ་པྲ་ཏི་བཀྵ་ཏྭཱད་པ་རི་པཱུརྞྞཾ་ཞེས་བྱ་སྟེ། སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉོན་མོངས་པ་མ་ལུས་པར་རྫོགས་པར་སྤོང་ནུས་པས་ན་ཡོངས་སུ་རྫོགས་པ་ཞེས་བྱ། བ་རི་ཤུདྡྷ་ཞེས་བྱ་བ་སྭ་བྷཱ་བ་བི་མུཀྟྱཱ་བི་མུཀྟ་ཏྭཱཏ་པ་རི་ཤུདྡྷ་ཞེས་བྱ་སྟེ། འཕགས་པའི་ལམ་ཟག་པ་མེད་པའི་རང་བཞིན་གྱིས་རྣམ་པར་གྲོལ་ཏེ་གཙང་བས་ན་ཡོངས་སུ་དག་པ་ཞེས་བྱ། པརྻ་བ་དཱ་ཏཾ་ཞེས་བྱ་བ། སནྟ་ན་བི་མུཀྟྱཱ་བི་མུཀྟ་ཏྭཱཏ་པརྻ་བ་དཱ་ཏན་ཞེས་བྱ་སྟེ། ཟག་པ་ཟད་པ་རྣམས་ཀྱི་སེམས་ཀྱི་རྒྱུན་ལ། འཕགས་པའི་ལམ་འབྱུང་སྟེ། གང་ཟག་སོ་སོའི་སེམས་ཀྱི་རྒྱུད་རྣམ་པར་གྲོལ་ཞིང་བྱང་བས་ན་ཡོངས་སུ་བྱང་བ་ཞེས་བྱ། སྭཱ་ཁྱཱ་ཏོ་བྷ་ག་བ་ཏོ་དྷརྨྨ་ཞེས་བྱ་བ། ཨ་བི་པརྻ་ཏི་ས་མཱ་ཁྱཱ་ན་སྭཱ་ཁྱཱ་ཏ་ཞེས་བྱ་བ། སངས་རྒྱས་ཀྱི་ཆོས་ཕྱིན་ཅི་མ་ལོག་པར་བསྟན་པས་ན་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཞེས་བྱ། སཾ་དྲྀཥྚི་ཀ་ཞེས་བྱ་བ་དྲྀཥྚ་ཨརྠ་ཏྭཱད་སཾ་དྲྀཥྚི་ཀ་ཞེས་བྱ་སྟེ། དད་པ་ཙམ་གྱིས་རྟོགས་པ་མ་ཡིན་གྱི། ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར་མཐོང་བས་ན་ཡང་དག་པར་མཐོང་བ་ཞེས་བྱ། ནིརྫྭར་ཞེས་བྱ་བ། ཀླེ་ཤ་ཨ་ནུ་ཤ་ཡ་བྲ་ཏི་བྷཀྵ་ཏྭཱད་ནིརྫྭ་ར་ཞེས་བྱ་སྟེ། ཉོན་མོངས་པ་བག་ལ་ཉལ་གྱི་གཉེན་པོ་ཡིན་པས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་རིམས་ནད་བསལ་ཞིང་ཡོངས་སུ་ཉམས་པར་མི་འགྱུར་བས་ན་ནད་མེད་པ་ཞེས་བྱ། ཨ་ཀཱ་ལི་ཀ་ཞེས་བྱ་བ་རྣམ་པ་གཅིག་


DTG204_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ན་ཀཱ་ལ་ནི་ཡ་མཱ་བྷཱ་བཱད་ཨ་ཀཱ་ལི་ཀཱ་ཞེས་བྱ་སྟེ། སྐབས་གང་དུ་ཡང་སྒོམ་དུ་རུང་སྟེ། དུས་ངེས་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ་ཞེས་བྱ། ཡང་རྣམ་པ་གཅིག་ཏུ་ན་སརྦ་ཀཱ་ལ་སུ་ཁ་ཙ་ཏྭཱ་ར་ཨ་ཀཱ་ལི་ཀཱ་ཞེས་བྱ་སྟེ། སྤྱོད་ལམ་བཞི་པོའི་དུས་ཀུན་ཏུ་བྱ་བར་སླ་བས་དུས་ཆད་པ་མེད་པ་ཞེས་བྱ། ཨཽ་པ་ན་ཡི་ཀཱ་ཞེས་བྱ་བ་ཨ་ཤེ་ཥ་དུཿཁ་ནིཪྻཱ་ཎ་ཨུ་པ་ན་ཡ་ནཱད་ཨཽ་པ་ན་ཡི་ཀཱ་ཞེས་བྱ་སྟེ། སྡུག་བསྔལ་མ་ལུས་པ་ལས་འབྱུང་བ་ཉེ་བར་སྤྱོད་པའི་ཕྱིར་ཉེ་བར་གཏོད་པ་ཞེས་བྱ། ཨཻ་ཧི་བ་ཤྱི་ཀ་ཞེས་བྱ་བ་ཨ་སཱ་དྷཱ་ར་ཎ་ཏྭཱད་ཨཻ་ཧ་བ་ཤྱི་ཀ་ཨི་ཧ་པ་ཤྱེཥྚ་བྷ་བ་ཞེས་བྱ་སྟེ། ཆོས་འདི་མཐོང་བ་རྣམས་ལ་ཡོད་པས་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་ཡོད་པ་ཞེས་བྱ། ཡང་རྣམ་པ་གཅིག་ཏུ་ན། ཨཱ་ཙཱརྻ་མུཥྚི་ར་ཧི་ཏ་ཏྭཱད་ཨི་ཧ་པ་ཤྱ་ཏི་པྲ་བཱ་ར་ཎ་ཡོ་གཱད་ཅེས་བྱ་སྟེ། སློབ་དཔོན་འཆབ་པ་མེད་པས་འདི་ལ་ལྟོས་ཤིག་ཅེས་སྐབས་འབྱེད་པ་དང་ལྡན་པའི་ཕྱིར་འདི་ལྟོས་ལྡན་ཞེས་ཀྱང་བྱ་སྟེ། ཚིག་རྣམ་པ་གཉིས་སུ་དྲང་དུ་རུང་གིས་ཀྱང་དོན་སྔོན་མ་དང་སྦྱར་ཏེ་བཤད་ན་བཟང་ཞིང་ཚིག་ཀྱང་བདེ་སྟེ། འདི་མཐོང་བ་ལ་ཡོད་པ་ཞེས་བཏགས། པྲ་ཏྱཱཏྨ་བེ་ད་ནཱི་ཡོ་བིཛྙ་ཞེས་བྱ་བ་ཨ་ཏརྐྱ་ཏྭཱད་པྲ་ཏྱཱཏྨ་བེ་ད་བི་ཛྙཻ་ཞེས་བྱ་སྟེ། རྣམ་པ་གཅིག་ཏུ་ན་རྟོག་གེའི་ཡུལ་མ་ཡིན་ཏེ། ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་པ་དང༌། ཡང་རྣམ་པ་གཅིག་ཏུ་ན་ཨ་ན་བྷི་ལ་པྱ་ཏྭཱད་པྲཱ་ཏྱཱཏྨ་བེ་ད་ནཱི་ཡ་ཞེས་བྱ་སྟེ། བརྗོད་དུ་མེད་པའི་ཕྱིར་སོ་སོར་རང་གི་རིག་པར་ཟད་པས་མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ཞེས་བྱ། སྭཱ་ཁྱཱ་ཏོ་བྷ་ག་བ་ཏོ་དྷརྨྨ་བི་ན་ཡ་སུ་པྲ་བེ་དི་ན་ཏ་ཞེས་པ་ནྱཱ་ཡ་ཏྭཱད་ཨ་བི་པ་རཱི་ཏརྠ་ཏྭེ་ན་དྷརྨྨ་ཀླེ་ཤ་བི་ན་ཡ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་གཞན་ཕྱི་རོལ་པ་དང་མི་འདྲ་བར་ལེགས་པར་བསྟན་ཅིང་གོ་བར་བྱས་ཏེ། རིགས་པ་དང་ལྡན་པས་ན་ཆོས། ཉོན་མོངས་པ་ཞི་ཞིང་དུལ་བར་བྱེད་པས་ན་འདུལ་བ་སྟེ་ཚིག་བསྡུས་ན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་བསྟན་པ་ཞེས་བྱ། ནཻཪྻཱ་ཎི་ཀ་སཾ་བོ་དྷི་གཱ་མཱི་ཞེས་བྱ་བ། སཾ་བོ་དྷི་གཱ་མཱི་ཏྭེ་ན་ནཻཪྻཱ་ཎི་ཀ་ཞེས་བྱ་བ་སྟེ། ཚིག་འདི་གཉིས་ནི་འོག་མས་


DTG204_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་བཤད་པ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པས་མྱ་ངན་ལས་འདས་པར་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ཞེས་བྱ། ཨ་བྷིནྣ་ས་སྟཱུ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཉན་ཐོས་རྣམས་ལྟ་བ་མི་མཐུན་པ་མེད་དེ། གཅིག་ཏུ་འདུས་པས་ན་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱ། ས་པྲ་ཏི་ཤར་ཎ་ཞེས་བྱ་བ་ས་ནི་བཅས་པ་འམ་ཡོད་པ་ལ་བྱ། པྲ་ཏི་ཤ་ར་ཎ་ནི་སྐྱབས་སམ་དཔུང་གཉེན་ནམ་རྟེན་དུ་རུང་བ་ལ་བྱ་སྟེ། མུ་སྟེགས་ཅན་གྱི་ཆོས་ལྟ་བུ་ཁུངས་ངན་པར་འབྱིན་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་གསུངས་པ་ཡིན་པས་ན་རྟེན་པ་ཡོད་པ་ཞེས་བྱ། ཚིནྡྷ་པློ་ཏི་ཀ་ཞེས་བྱ་བ་ཚིནྡྷ་ནི་ཆད་པ། པློ་ཏི་ཀ་ནི་པླུཾ་ག་ཏཽ་ཞེས་བྱ་སྟེ། འགྲོ་བ་འམ་ཆུས་དེད་ཅིང་ཁྱེར་བ་ལྟ་བུའི་ཚིག་ཡིན། སྤྱིར་ན་འཁོར་བར་སྐྱེ་ཞིང་འཕོ་བའི་རྒྱུ་རྒྱུ་བ་བཅད་པ་ལ་བྱ་སྟེ་རྒྱུ་བ་བཅད་པ་ཞེས་བྱ། འཇིག་རྟེན་པའི་ལྷའི་མིང་ལ་བྲཧྨ་ཞེས་བྱ་བ། བྲྀ་ཧད་ཀུ་ཤ་ལ་མཱུ་ལ་ནིརྫཏ་ཏད་བྲཧྨ་ཞེས་བྱ་སྟེ། དགེ་བའི་རྩ་བ་ཆེན་པོ་ལས་སྐྱེས་པས་ཆེན་པོ་པར་ཡང་དྲང་དུ་རུང༌། ཡང་རྣམ་པ་གཅིག་ཏུ་ན་མུ་སྟེགས་ཅན་གྱི་གཞུང་ལས་ཚངས་པ་ནི་བདེན་པའོ། །ཚངས་པ་ནི་དཀའ་ཐུབ་པོ། ཚངས་པ་ནི་དབང་པོ་ཐུབ་པའོ་ཞེས་འབྱུང་བྱཱ་ཀ་ར་ཎ་ལས་ནི་བྲྀ་ཧ་ཎཱད་བྲཧྨ་ཞེས་བྱ་སྟེ། ཚེ་དང་བྱད་གཟུགས་དང་གནས་དང་ལོངས་སྤྱོད་ལ་སོགས་པ་འོག་མ་བས་འཕེལ་ཞིང་ཁྱད་པར་དུ་གྱུར་པས་འཕེལ་བ་འམ་རྒྱས་པ་ཞེས་དྲང་དུ་ཡང་རུང༌། ཡང་རྣམ་པ་གཅིག་ཏུ་ན་བྱཱ་ཁྱཱ་ཡུཀྟི་ལས་བྲཧྨ་བྷཱུ་ཏ་ཤི་ཏ་བྷཱུ་ཏ་ཞེས་འབྱུང་སྟེ། །འདོད་ཁམས་ཀྱི་ཉོན་མོངས་པའི་ཚ་བ་དང་བྲལ་ནས་བསམ་གཏན་དང་པོའི་སར་ཕྱིན་པས་ཉོན་མོངས་པ་འོག་མ་ལས་ཐར་ཞིང་བསིལ་བར་གྱུར་པ་ཡིན་ཏེ། རྣམ་པ་འདི་སྙེད་དུ་དྲང་དུ་རུང་གིས་ཀྱང་དོན་དང་ཡང་སྦྱར། སྔར་གྲགས་པ་ཡང་བཙན་པར་བྱས་ནས་ཚངས་པ་ཞེས་བཏགས་བིཥྞུ་ཞེས་བྱ་བ་རྣམ་པ་གཅིག་ཏུ་ན་བི་ཤློ་བྱཱཔྟཽ་ཞེས་བྱ་སྟེ་ཁྱབ་པར་ཡང་འདྲེན། ཡང་རྣམ་པ་གཅིག་ཏུ་ན་བི་ཤ་ཕྲ་བེ་ཤ་ཞེས་བྱ་སྟེ་ཀུན་དུ་འཇུག་པ་ལ་ཡང་བྱ། སྤྱིར་ན་འཇིག་རྟེན་ཡོད་དོ་ཅོག་ཀྱང་བིཥྞུའི་རང་བཞིན་ཡིན་ཏེ། ཀུན་ལ་ཁྱབ་བར་འཇུག་པས་ན་ཁྱབ་འཇུག་ཅེས་བྱ། མ་ཧེ་ཤྭ་ར་


DTG204_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་མ་ཧཱ་ནི་ཆེན་པོ་ཨཱི་ཤྭ་ར་ནི་ཨཱི་ཤ་ཨཻ་ཤྭརྻ་ཞེས་བྱ་སྟེ། སྤྱིར་ན་དབང་ཆེ་ཞིང་ཕྱུག་བཙན་པ་ལ་བྱ། དངོས་སུ་ན་མུ་སྟེགས་ཅན་གྱི་ལྟ་གུ་ལང་ཡིན་ཏེ་དབང་ཕྱུག་ཆེན་པོ་ཞེས་བྱ། མཱ་ར་ཞེས་བྱ་བ་མྲྀང་པྲཱ་ཎ་ཏྱ་གེ་ཞེས་བྱ་སྟེ། དགེ་བའི་ཆོས་ཀྱི་སྲོག་དང་བྲལ་བར་བྱེད་པས་ན་བདུད་ཅེས་བྱ། ཤཀྲ་ཞེས་བྱ་བ། ཤཀླྀ་ཤཀྟཽ་ཤཀྟོ་དེ་བ་རཱ་ཛཱ་རཱ་ག་པྲ་ཏྱན་ཞེས་བྱ་སྟེ། ལྷའི་སྲིད་ཐུབ་ཅིང་ལྷ་མ་ཡིན་ལས་རྒྱལ་བར་ནུས་པས་ན། སྲིད་ཐུབ་ཅིང་ནུས་པ་ལ་ཡང་བྱ། ཡང་རྣམ་པ་གཅིག་ཏུ་ན། མཆོད་སྦྱིན་རྣམ་པ་བརྒྱ་བྱས་པས་ལྷའི་རྒྱལ་པོའི་གོ་འཕང་ཐོབ་པས་ན་བརྒྱ་བྱིན་ཞེས་ཀྱང་བྱ། ཚིག་འདི་གཉིས་ཀ་ཡང་དྲང་དུ་རུང་མོད་ཀྱི། སྔར་མིང་དུ་བཏགས་པ་བཙན་པར་བྱས་ཏེ་བརྒྱ་བྱིན་ཞེས་བཏགས། ཨིནྡྲ་ཞེས་བྱ་བ། ཨི་དི་པ་ར་མེ་ཤྭརྻ་ཞེས་བྱ་བ་སྟེ། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་པོ་མཛད་པས་ན་བརྒྱ་བྱིན་གྱི་མིང་གི་རྣམ་གྲངས་ཏེ་དབང་པོ་ཞེས་བྱ། ལོ་ཀ་པཱ་ལ་ཞེས་བྱ་བ་ལོ་ཀ་ནི་ལུ་ཛྱ་ཏི་ཨི་ཏི་ལོ་ཀ་ཞེས་བྱ་སྟེ། འཇིག་རྟེན་པཱ་ལ་རཀྵ་ཎ་ཞེས་བྱ་སྟེ། འཇིག་རྟེན་སྲུང་ཞིང་སྐྱོང་བ་ཞེས་བྱ། བཻ་ཤྲ་བ་ཎ་ཞེས་བྱ་བ་ནི་བི་ཤྲ་བ་ཎ་སྱ་ཨཱ་པཏྟྱ་བཻ་ཤྲ་མ་ཎ་ཞེས་བྱ་སྟེ། རྣམ་ཐོས་ཀྱི་བུ་ཞེས་བྱའོ། །དྷྲྀ་ཏ་རཱཥྚ་ཞེས་བྱ་བ་ནི། དྷྲྀ་ཏ་ནི་སྲུང་བ་འམ་འཛིན་པ། རཱཥྚ་ནི་ཡུལ་འཁོར་ཏེ་ཡུལ་འཁོར་སྲུང་ཞེས་བྱ། བི་རུ་ཌྷཱ་ཀ་ཞེས་བྱ་བ་བི་ནི་བི་ཤེ་ཥ་ཎ་སྟེ། བྱེ་བྲག་ཏུ་གྱུར་པ་འམ་འཕགས་པ་ལ་བྱ། རུ་ཌྷ་ནི་རུ་ཧ་ཛནྨ་ནི་ཞེས་བྱ་སྟེ་སྐྱེས་པ་ལ་བྱ། ཀ་ནི་སཾ་བི་ཛྙཱ་ཡཱ་ན་ཀ་ན་ཞེས་བྱ་བ། མིང་གཅིག་གི་མཇུག་ལ་བྱཱ་ཀ་ར་ཎའི་གཞུང་གིས་ཀས་གདགས་པ་ཡོད་པས་ཚིག་གི་རྐྱེན་དུ་བཏགས་པར་ཟད་དེ། འཕགས་སྐྱེས་པོ་ཞེས་བྱ། བི་རཱུ་པཱཀྵི་ཞེས་བྱ་བ་རྣམ་པ་གཅིག་ཏུ་ན་བི་རཱུ་པ་ཞེས་པ་ནི་སྤྱན་གཞན་དང་མི་འདྲ་བ་གསུམ་མངའ་བས་མི་མཐུན་པ་ལ་བྱ། ཨཀྵི་ཞེས་བྱ་བ་ནི་མིག་ལ་བྱ་སྟེ་མིག་མི་འདྲ་བ་འམ། རྣམ་པ་གཅིག་ཏུ་ན་བི་རཱུ་པ་ནི་ཀླུའི་རྒྱལ་པོ་ཡིན་པས་ན་སྤྱན་ལ་གདུག་པ་མངའ་སྟེ་གཟིགས་སོ་འཚལ་ལ་གནོད་པར་འགྱུར་བས་མིག་མི་བཟང་ཞེས་བྱ།། །།བམ་པོ་གཉིས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་


DTG204_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མིང་ལ། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ད་ཤ་པ་ར་མི་ཏཱ་ཞེས་བྱ་བ། ད་ཤ་ནི་བཅུ། པ་ར་མི་ཏཱ་ནི་པ་ར་ཨི་ཏ་པ་ར་མི་ཏཱ་ཞེས་བྱ་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་དང། འདི་བཅུ་ལ་སྤྱད་ཅིང་བསྒོམ་པའི་མཐར་ཕྱིན་ཏེ། ཕྱི་ན་མ་ལུས་པས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་མིང་ལ་སཔྟ་ཏྲིཾ་ཤདྦོ་དྷི་པཀྵ་ཞེས་བྱ་བ་བོདྷི་ར་ནུ་གུ་རུ་ཎ་ཏྭཱདྦོ་དྷི་པཀྵ་ཞེས་བྱ་སྟེ། བོདྷི་ནི་བྱང་ཆུབ། པཀྵ་ནི་དེའི་རྗེས་སུ་མཐུན་པའམ་ཕྱོགས་སུ་གྱུར་པ་ལ་བྱ་སྟེ། དྲན་པ་ཉེ་བར་གཞག་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སུམ་ཅུ་རྩ་བདུན་ཡོད་པ་འདི་བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ། ཙ་ཏྭཱ་རི་སྨྲྀ་ཏྱུ་པསྠཱ་ན་ཞེས་བྱ་བ་པྲ་ཛྙཱ་ཡ་སྨྲྀ་ཏི་རཱུ་པ་ཏིཥྛ་ཏེ་ཞེས་བྱ་སྟེ། སྨྲྀ་ཏི་དྲན་པ། ཨུ་པ་ནི་ཉེ་བ། སྠཱ་ན་ནི་གཞག་པ་ལ་བྱ། སྤྱིར་ན་ལུས་དང་སེམས་དང་ཚོར་བ་དང་ཆོས་བཞིའི་རང་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་བརྟགས་ཏི་མཐོང་བ་རྣམས་དྲན་པས་གསལ་བར་འཛིན་ཏེ། དྲན་པ་ཤས་ཆེ་བས་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ། ཙ་ཏྭཱ་རི་སམྱཀྤྲ་ཧ་ཎ་ཞེས་བྱ་བ། ཙ་ཏྭཱ་རི་ནི་བཞི། སམྱཀ་ནི་ཡང་དག་པ། པྲ་ཧ་ཎ་ནི་སྤོང་བ་སྟེ། བརྩོན་འགྲུས་ཀྱིས་དགེ་བ་སྐྱེད་ཅིང་སྡིག་པ་མི་དགེ་བའི་ཆོས་རྣམས་སྤོང་བས་ན་ཡང་དག་པར་སྤོང་བ་བཞི་ཞེས་བྱ། ཙ་ཏྭཱ་རི་རྀ་དྷི་པཱ་ད་ཞེས་བྱ་བ་རྀ་དྷི་ནི་རྫུ་འཕྲུལ་པཱ་ད་ནི་རྐང་པ་སྟེ་འདུན་པ་དང་སེམས་དང་བརྩོན་འགྲུས་དང་དཔྱོད་པའི་ཏིང་ངེ་འཛིན་བཞི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་རྟེན་དང་རྒྱུར་གྱུར་པས་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ། པཉྩེནྡྲི་ཡ་ནི་ཞེས་བྱ་བ་པཉྩ་ནི་ལྔ། ཨིནྡྲི་ཡ་ནི་ཨི་དི་པ་ར་མེ་ཤྭརྻ་ཞེས་བྱ་བ་དབང་ཆེ་བ་ལ་བྱ་བས་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང་འདི་ལྔའི་དབང་གིས་སེམས་ལས་སུ་རུང་བའི་རྒྱུད་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་བས་ན། དགེ་བའི་རྩ་བ་སྐྱེ་བ་ལ་དབང་བའི་ཕྱིར་དབང་པོ་ལྔ་ཞེས་བྱ། པཉྩ་བ་ལ་ཞེས་བྱ་བ་པཉྩ་ནི་ལྔ། བ་ལ་ནི་སྟོབས་ཏེ། དད་པ་ལ་


DTG204_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལྔ་པོ་འདི་ཉིད་རྒྱུན་རིང་དུ་བསྒོམས་པས། མ་དད་པ་དང༌། ལེ་ལོ་དང༌། དྲན་པ་ཉམས་པ་དང༌། གཡེང་བ་དང༌། ཤེས་བཞིན་མ་ཡིན་པ་དང༌། མི་མཐུན་པའི་ཕྱོགས་ལྔ་པོ་འདིས་བར་ཆད་བྱ་མི་ནུས་པས་ན་དད་པ་ལ་སོགས་པའི་མཐུ་སྐྱེས་པའི་ཕྱིར་སྟོབས་ལྔ་ཞེས་བྱ། སཔྟ་བོ་དྷྱཾ་ག་ཞེས་བྱ་བ་སཔྟ་ནི་བདུན། བོ་དྷི་ནི་བྱང་ཆུབ། ཨཾ་ག་ནི་ཡན་ལག་སྟེ། དྲན་པ་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང༌། འདི་བདུན་མཐོང་བའི་ལམ་ལ་དེ་ཁོ་ན་ཉིད་བྱང་ཆུབ་པའི་རྒྱུར་གྱུར་པས་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ། ཡང་རྣམ་པ་གཅིག་ཏུ་ན་བི་བྷཱ་ཥ་ལས་འབྱུང་བ་མིང་དུ་བགྲངས་པའི་གྲངས་ཀྱིས་རིམ་པ་བཞིན་བཤད་པ་ཙམ་དུ་ཟད་དེ། བྱང་ཆུབ་གསུམ་དུ་འགྲུབ་པའི་ཉེ་བའི་རྒྱུ་དེ་བདུན་ཡིན་པས་སྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བཤད། ཨཱཪྻཱཥྚཱཾ་ག་མཱརྒྒ་ཞེས་བྱ་བ་ཨཱརྻ་ནི་འཕགས་པ། ཨཥྚཱཾ་ག་ནི་ཡན་ལག་བརྒྱད། མཱརྒྒ་ནི་ལམ་སྟེ། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། འཕགས་པའི་སྒོམ་པའི་ལམ་འདི་བརྒྱད་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ། ཡང་རྣམ་པ་གཅིག་ཏུ་ན་བི་བྷཱ་ཥ་ལས་འབྱུང་བ་འཕགས་པའི་འབྲས་བུ་དང་དེ་ཁོ་ན་ཉིད་སྔོན་མ་མཐོང་བ་མཐོང་བར་བྱ་བའི་ལམ་ཡིན་པས་ན་མཐོང་བའི་ལམ་དུ་བཤད། ཚད་མེད་པ་བཞི་ལ་ཙ་ཏྭཱརྻ་པྲ་མཱ་ཎ་ཞེས་ཚད་མེད་པ་བཞི་ཡིན་ཏེ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱིས་ཁྱབ་པར་སྒོམ་པས་ཚད་མེད་པ་བཞི་ཞེས་བྱ། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པའི་མིང་ལ་དྷྱཱ་ན་ཞེས་བྱ་བ་དྷྱཻ་ཙིཏྟ་ཡན་ཞེས་བྱ་སྟེ། སེམས་པ་ལ་བྱ། མི་རྟག་པ་འམ་སྟོང་པ་ལ་སོགས་པ་ལྟ་བུ་གཅིག་པ་ལ་བསམ་པའི་གཏན་པ་བཅས་ཏེ་བསྒོམས་པས་ན་བསམ་གཏན་ཞེས་བྱ། ཨ་ནཱ་གཱ་མྱ་ཞེས་བྱ་བ་ན་སྱ་ཨཱ་གཱ་མྱ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་སེམས་ཀྱིས་ཁམས་གསུམ་གྱི་ཉོན་


DTG204_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཐམས་ཅད་སྤོང་མི་ནུས་པ་མེད་པས་ན་མི་ལྕོགས་པ་མེད་བ་ཞེས་བྱ། དྷྱཱ་ནཱནྟ་ར་ཞེས་བྱ་བ་དྷྱཱ་ན་ནི་བསམ་གཏན། ཨནྟ་རི་བྱེ་བྲག་གམ་ཁྱད་པར་ཏེ། བསམ་གཏན་དང་པོ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཡིན་པའི་ནང་ན། བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་ནི་མེད་དཔྱོད་པ་ཙམ་དུ་ཟད་དེ་བྱེ་བྲག་ཏུ་འཕགས་པས་ཚངས་པ་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་བསམ་གཏན་ཁྱད་པར་ཅན་ཞེས་བྱ། ས་མནྟ་ཀ་ཞེས་བྱ་བ་ས་མནྟ་བྷ་བ་ཏྭཱཏྶ་མནྟ་ཀ་ཞེས་བྱ་སྟེ། ས་མནྟ་ན་ཉེ་བ། བྷ་བ་ནི་འབྱུང་བའམ་གནས་པ་ལྟ་བུ་ལ་བྱ་སྟེ། སྤྱིར་ན་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པའི་ཕྱིར་སྔར་ནས་ཤོམ་པའི་སེམས་ཀྱི་མིང་སྟེ་ཉེར་བསྔོགས་ཞེས་བྱའོ། །མཽ་ལ་ཞེས་བྱ་བ། མཱུ་ལེ་བྷ་བ་ཏྭཱདྨཽ་ལ་ཞེས་བྱ་སྟེ། མཱུ་ལ་རྩ་བ་འམ། གཞི་འམ་དངོས། བྷ་བ་ནི་འབྱུང་བ་འམ་གནས་པ་སྟེ་དོན་དང་སྦྱར་ན། བསམ་གཏན་དང་སྙོམས་པར་འཇུག་པ་དངོས་ལ་བྱ་བས་དངོས་གཞི་ཞེས་བྱ། ས་མཱ་པཏྟི་ཞེས་བྱ་བ་སེམས་དང་སེམས་ལས་བྱུང་བའི་ཚོགས་དམིགས་པ་གཅིག་ལ་འདུ་ཞིང་གཉིས་མཉམ་པར་བྱེད་པའི་མིང་སྟེ་སྙོམས་པར་འཇུག་པ་ཞེས་བྱ། ས་མཱ་དྷི་ཞེས་པ་ས་མཱ་དྷི་ཡན་ཏེ་ཨ་ནེ་ན་ཞེས་བྱ་སྟེ། ཏིང་ངེ་འཛིན་གྱི་མཐུས་སེམས་དང་སེམས་ལས་བྱུང་བའི་རྒྱུད་དམིགས་པ་གཅིག་ལ་སྡུད་ཅིང་མི་གཡོ་བར་ཏིང་ངེ་འཛིན་འཇོག་པས་ན་ཏིང་ངེ་འཛིན་ཞེས་བྱ། ནི་རོ་དྷ་ས་མཱ་པཏྟི་ཞེས་བྱ་བ་འདུ་ཤེས་དང་ཚོར་བ་འགོག་ཅིང་ལུས་རྡོ་རྗེ་ལ་སོགས་པ་ཅིས་ཀྱང་མི་ཤིགས་པར་འབྱུང་བ་ཆེན་པོ་རྣམས་མཐུན་པར་སྒྲུབ་པ་ལ་ཡང་བྱ། ཞི་བ་ལ་གནས་པར་འཇུག་པའི་སེམས་ཀྱིས་ཚོར་བ་དང་འདུ་ཤེས་འགོག་པ་སྙོམས་པར་འཇུག་པ་ལ་ཡང་བྱ་བས་ན་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ། ཨ་སཾ་ཛྙཱ་ས་མཱ་པཏྟི་ཞེས་བྱ་བ་འདུ་ཤེས་མེད་པའི་སེམས་ཀྱིས་སྙོམས་པར་འཇུག་པ་ཡིན་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་ཀྱང་བྱ། ཡང་གཅིག་ཏུ་ན་སྙོམས་པར་འཇུག་པ་དེ་འདུ་ཤེས་མེད་པས་ན་འདུ་ཤེས་མེད་པའི་སྙོམས་པའི་འཇུག་པ་ཞེས་བྱ། ཨཥྚཽ་བི་མོཀྵ་ཞེས་བྱ་བ་གཟུགས་ཅན་གྱིས་གཟུགས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་མི་སྡུག་པ་སྒོམ་པ་ལ་


DTG204_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་གཟུགས་ལས་སྐྱོ་ཞིང་ཆགས་པ་ལས་གྲོལ་བར་བྱེད་པས་ན་རྣམ་པར་ཐར་པ་བརྒྱད་ཅེས་བྱ། ཨཥྚཱ་བྷི་བྷ་བཱ་ཡ་ཏ་ན་ཞེས་བྱ་བ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང༌། ངན་པ་ལ་སོགས་པ་མཐོང་ནས་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས་པར་བྱེད་པས་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཅེས་བྱ། ད་ཤ་ཀྲྀ་ཏྶྣཱ་ཡ་ཏ་ན་ཞེས་བྱ་བ་ཕྱོགས་བཅུ་མ་ལུས་པར་ས་ལ་སོགས་པར་མོས་ཤིང་ཡིད་ལ་བྱེད་པའི་བསམ་གཏན་གྱི་མིང་སྟེ། ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ། ན་བཱ་ནུ་པཱུརྦ་བི་ཧ་ར་ས་མཱ་པཏྟི་ཞེས་བྱ་བ། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པ་དང་དགུ་ལ་མཐར་གྱིས་གནས་ཤིང་འཇུག་པའི་མིང་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ། རྣམ་པར་ཐར་པའི་སྒོ་དང་གཟུངས་དང་མངོན་པར་ཤེས་པའི་མིང་ལ། ཏྲི་ཎི་བི་མོཀྵ་མུ་ཁ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་གསུམ་གྱིས་མྱ་ངན་ལས་འདའ་བར་འགྱུར་ཞིང་འཁོར་བ་ལས་ཐར་པའི་སྒོ་ཡིན་པས་ན་རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱ། དྷཱ་ར་ཎ་ཞེས་བྱ་བ་གཟུངས་ཡིན་ཏེ། དྲན་པ་དང་ཤེས་བཞིན་གྱིས་ཆོས་ཀྱི་ཚིག་དང་དོན་མི་རྗེད་པར་འཛིན་པས་ན་གཟུངས་ཞེས་བྱ། ཥ་ཌ་བྷི་ཛྙཱ་ཞེས་བྱ་བ་མངོན་པར་ཤེས་པ་དྲུག་ཡིན་ཏེ་ཨ་བྷི་ནི་ཨ་བྷི་ཏ་སྟེ་མངོན་པ། ཛྙཱ་ནི་ཤེས་པ་ལ་བྱ་སྟེ། ལྷའི་མིག་དང༌། ལྷའི་རྣ་བ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང༌། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པ་དང་དྲུག་མངོན་སུམ་དུ་མཛད་པས་ན་མངོན་པར་ཤེས་པ་དྲུག་ཅེས་བྱ། སྟོང་པ་ཉིད་བཅོ་བརྒྱད་ལ། ཨ་དྷྱཱཏྨ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཨ་དྷྱཱཏྨ་ནི་ནང༌། ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་ཡིན་ཏེ། ནང་གི་ཆོས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས་ཐེར་ཟུག་ཏུ་གནས་པའང་མ་ཡིན། འཇིག་པར་འགྱུར་བའང་མ་ཡིན་པའི་ཕྱིར་དོན་དམ་པར་ན་མིག་ལ་སོགས་པ་ལ་དངོས་པོ་མེད་པས་ན་ནང་སྟོང་པ་ཉིད་ཅེས་བྱ། བ་ཧིརྡྷཱ་ཤཱུ་ནྱ་ཏཱ་ཞེས་བྱ་


DTG204_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱི་སྟོང་པ་ཉིད་ཅེས་བྱ་བ་ཡིན་ཏེ། ཕྱིའི་ཆོས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམས་ཐེར་ཟུག་ཏུ་གནས་པའང་མ་ཡིན། འཇིག་པར་འགྱུར་བ་ཡང་མ་ཡིན་པའི་ཕྱིར་དོན་དམ་པར་ན་གཟུགས་ལ་སོགས་པ་ལ་དངོས་པོ་མེད་པས་ན་ཕྱི་སྟོང་པ་ཉིད་ཅེས་བྱ། ཨདྷྱཱཏྨ་བ་ཧིརྡྷཱ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཕྱི་ནང་སྟོང་པ་ཉིད་ཡིན་ཏེ། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དོན་དམ་པར་ན་གཟུང་བ་དང་འཛིན་པ་གཉིས་ཀ་མེད་དེ། ཡུལ་དང་ཡུལ་གྱི་ཚུལ་དང་བྲལ་བས་ན་ཕྱི་ནང་སྟོང་པ་ཉིད་ཅེས་བྱ། ཤཱུནྱ་ཏཱ་ཤཱུ་ནྱ་ཏཱ་ཞེས་བྱ་བ་སྟོང་པ་ཉིད་སྟོང་པ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་སྟོང་པ་སྟེ། གཞན་གྱིས་སྟོང་པར་བྱར་མེད་པས་ན་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ། མ་ཧཱ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཆེན་པོ་སྟོང་པ་ཉིད་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་པའི་དཀྱིལ་འཁོར་ཆེན་པོ་ཕྱོགས་བཅུར་སྟོང་པས་ན་ཆེན་པོ་སྟོང་པ་ཉིད་ཅེས་བྱ། པ་ར་མཱརྠ་ཤཱུ་ནྱ་ཏཱ་ཞེས་བྱ་བ་དོན་དམ་པ་སྟོང་པ་ཉིད་ཡིན་ཏེ། དོན་དམ་པའི་མྱ་ངན་ལས་འདས་པ་ལ་བྱ། དོན་དམ་པ་ཉིད་ལ་ཡང་སྟོང་པ་ཉིད་ཅེས་བྱ། སཾ་སྐྲྀ་ཏ་ཤཱུ་ནྱ་ཏཱ་ཞེས་བྱ་བ་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ཡིན་ཏེ། འདུས་བྱས་ནི་ཁམས་གསུམ་དུ་གཏོགས་སོ་ཅོག་ལ་བྱ། ཁམས་གསུམ་དུ་གཏོགས་པ་ཡང་སྒྱུ་མ་དང་འདྲ་སྟེ། སྐྱེ་བ་དང་གནས་པ་དང་འགག་པ་དང་བྲལ་ཞིང་སྟོང་པས་ན་འདུས་བྱས་སྟོང་པ་ཉིད་ཅེས་བྱ། ཨ་སཾ་སྐྲྀ་ཏ་ཤཱུ་ནྱ་ཏཱ་ཞེས་བྱ་བ་འདུས་མ་བྱས་སྟོང་པ་ཉིད་ཡིན་ཏེ། འདུས་མ་བྱས་ནི་ནམ་མཁའ་དང་དེ་བཞིན་ཉིད་དང་འགོག་པ་རྣམ་པ་གཉིས་རྒྱུ་དང་རྐྱེན་གྱིས་གྲུབ་པ་མ་ཡིན་པ་འདུས་མ་བྱས་ནི་གཞི་རང་བཞིན་གྱིས་སྟོང་བས་ན་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ། ཨ་ཏྱནྟ་ཤཱུ་ནྱ་ཏཱ་ཞེས་བྱ་བ་མཐའ་ལས་འདས་པ་སྟོང་པ་ཉིད་ཡིན་ཏེ། རྟག་པ་དང་ཆད་པ་དང་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་དང་བྲལ་བས་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ། ཨ་ན་བ་རཱ་གྲཱ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིན་ཏེ། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ལ་དབུས་ཀྱང་སྟོང་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ། ཨ་ན་བ་ཀཱ་ར་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཨ་བ་ཏ་ཀ་ར་ཎ་ནི་དོར་བ་སྟེ་དོར་བ་མེད་པས་ན་ཨ་ན་བ་ཀ་ར་ཞེས་བྱ་སྟེ། བུམ་པའི་ནང་དུ་ཆུ་


DTG204_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་པ་ལས། ཆུ་ཕོ་ནས་སྟོང་པར་གྱུར་པ་ལྟ་བུ་མ་ཡིན་གྱིས། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་སྟེ། དོར་ཞིང་བསལ་བ་མེད་པས་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ། པྲ་ཀྲྀ་ཏི་ཤཱུ་ནྱ་ཏཱ་ཞེས་བྱ་བ་རང་བཞིན་གྱིས་སྟོང་པ་ཉིད་དེ་ཆོས་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པས་ཀྱང་མ་མཛད་དེ། རང་བཞིན་གྱིས་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་པས་ན་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ། སརྦྦ་དྷརྨྨ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་བྱ། དེ་ཐམས་ཅད་སྟོང་པས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ། སྭ་ལཀྵ་ཎ་ཤཱུ་ནྱ་ཏཱ་ཞེས་བྱ་བ་རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། རང་གི་མཚན་ཉིད་ནི་གཟུགས་སུ་རུང་བས་ན་གཟུགས་མྱོང་བའི་མཚན་ཉིད་པས་ན་ཚོར་བ། མཚན་མར་འཛིན་པས་ན་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་ཆོས་སོ་སོ་རང་གི་མཚན་ཉིད་ཀྱང་བརྟག་པ་ཙམ་དུ་ཟད་དེ་ཡོངས་སུ་གྲུབ་པ་མེད་པས་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ། ཨ་ནུ་པ་ལམྦྷ་ཤཱུ་ནྱ་ཏཱ་ཞེས་བྱ་བ་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཆོས་དུས་གསུམ་དུ་གཏོགས་པའི་རྣམ་པ་དམིགས་སུ་མེད་པ་ལ་ཡང་དངོས་པོ་གུད་ན་མེད་པས་ན་མི་དམིགས་པ་སྟོང་པ་ཉིད་ཅེས་བྱ། ཨ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་བྱ་བ་དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པ་ལས་ཡང་དངོས་པོར་གཟུང་དུ་རུང་བའི་རང་བཞིན་མེད་པས་ན་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ། སྭ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། འདུ་འཕྲོད་ལས་བྱུང་བའི་ཆོས་རྣམས་རང་དབང་དུ་མི་སྐྱེ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པས་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ། ཨ་བྷཱ་བ་སྭ་བྷཱ་བ་ཤཱུ་ནྱ་ཏཱ་ཞེས་བྱ་བ། དངོས་པོ་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པར་རྟོགས་པའི་མཐོང་བ་དང་ཤེས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ། མཐོང་བ་དང་ཤེས་པ་འདི་གཉིས་ཀ་ཡང་མཐོང་བས་ཀྱང་མ་བྱས་ཤེས་པས་ཀྱང་མ་བྱས་ཏེ་རང་བཞིན་གྱིས་སྟོང་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་


DTG204_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་ཅེས་བྱ། ཞི་གནས་དང་ལྷག་མཐོང་ལ་སོགས་པའི་མིང་ལ། ཤ་མ་སྠ་ཞེས་བྱ་བ་ཤ་མེ་བསྟི་ཏི་ཤ་མ་སྠ་ཞེས་བྱ་སྟེ། ཤ་མ་ནི་ཞི་བ་དང༌། སྠ་ནི་གནས་པ་སྟེ། གཟུགས་ལ་སོགས་པ་ཡུལ་གྱིས་སེམས་གཡེང་བཞི་བར་བྱས་ནས་བསམ་གཏན་གང་སྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་ཁུགས་པའི་མིང་ཡིན་པས་ན་ཞིག་ནས་ཞེས་བྱ། བི་པ་ཤྱ་ན་ཞེས་བྱ་བ་བི་ནི་བི་ཤེ་ཥ་སྟེ། ཁྱད་པར་རམ་ལྷག་པ། པ་ཤྱ་ན་ནི་མཐོང་བ་འམ་ལྟ་བ་ལ་བྱ། སྤྱིར་ན་ཤེས་རབ་ཀྱིས་དངོས་པོའི་རང་བཞིན་ལྷག་པར་རྟོགས་པའི་རང་བཞིན་ཏེ་ལྷག་མཐོང་ཞེས་བྱ། ཡོ་ག་ཞེས་བྱ་བ་ཡུ་ཛིར་ཡོ་ག་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་བསམ་གཏན་གྱི་མིང་སྟེ་རྣལ་འབྱོར་ཞེས་བྱ། ཡོ་ནི་ཤ་མ་ན་སྐཱ་ར་ཞེས་བྱ་བ་ཡོ་ནི་ཨུ་པཱ་ཡཱ་སྟེ་ཐབས་སམ་རྒྱུད་ལ་བྱ། ཤ་ནི་ཤ་ན་ས་ཏི་ཞེས་བྱ་སྟེ། ཐབས་དང་ཚུལ་དེ་ཉིད་ལ་སྤྱོད་ཅིང་སྟོན་པ་ལ་བྱ་སྟེ། སྤྱིར་ན་མི་སྡུག་པ་སྒོམ་པས་འདོད་ཆགས་གཞིལ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པས་གཏི་མུག་སྤངས་པ་ལ་སོགས་པ་སྟེ། ཐབས་ཚུལ་བཞིན་དུ་སྒོམ་པའི་མིང་ཡིན་པས་ན་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ། འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་དུ་ཕྱེ་བ་ལ་སོགས་པའི་མིང་ལ། ཙ་ཏུ་རཱ་རྻ་སཏྱ་ཞེས་བྱ་བ་ཙ་ཏུར་ནི་བཞི། ཨཱརྻ་ནི་འཕགས་པ། སཏྱ་ནི་བདེན་པ་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་བཞི་ཇི་ལྟར་འཕགས་པ་རྣམས་ཀྱིས་བདེན་པར་གཟིགས་པ་དེ་བཞིན་དུ། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་བཅས་པས་བདེན་པར་མི་མཐོང་བས་ན་འཕགས་པའི་བདེན་པ་བཞི་ཞེས་བྱ། དུཿཁ་སཏྱ་ཞེས་པ་སྡུག་བསྔལ་གྱི་བདེན་པ་སྟེ། ཟག་པ་དང་བཅས་པའི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ལ། དེ་ལས་མ་གཏོགས་པའི་ཆོས་གཞན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ན་སྡུག་བསྔལ་གྱི་བདེན་པ་ཞེས་བྱ། ས་མུ་ད་ཡ་ཞེས་བྱ་བ་ས་མུ་ད་ཡ་ཏྱ་སྨཱད་ཀརྨྨ་ཀླེ་ཤ་ལཀྵ་ཎཱད་ཅེས་འབྱུང་བས་ན་ལས་དང་ཉོན་མོངས་


DTG204_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་དེ་དག་ལས་སྡུག་བསྔལ་འབྱུང་བ་ལ་བྱ་སྟེ། དེ་ལས་ཉོན་མོངས་པ་ནི་སྲིད་པ་གསུམ་དུ་སླར་སྐྱེ་ཞིང་འབྱུང་བར་འདོད་པའི་འདོད་ཆགས་ལ་སོགས་པ་ལ་བྱ། ལས་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་ལ་བྱ་སྟེ། ཀུན་འབྱུང་བ་ཞེས་བྱ་སྟེ། ནི་རོ་དྷ་ཞེས་བྱ་བ་ནི་རོ་དྷྱནྟེ་ཨསྨིན་སརྦ་ཀླེ་ཤ་ཨི་ཏི་ཞེས་འབྱུང་བས་འགོག་པ་ཐོབ་པས་ཉོན་མོངས་པ་ཐམས་ཅད་འགག་པའི་ཕྱིར་འགོག་པ་ཞེས་བྱ། མཱརྒྒ་ཞེས་བྱ་བ་མཱརྒྒ་ཡནྟི་ཨ་ནེ་ན་ནི་རོ་དྷ་མི་ཏི་ཞེས་འབྱུང་སྟེ། ལམ་དེས་འགོག་པ་ཚོལ་བ་འམ་མཚོན་པ་འམ་དམིགས་པ་འམ་འཐོབ་པར་འགྱུར་བ་ལ་བྱ་སྟེ་ལམ་ཞེས་བྱ། ཨ་ནི་ཏྱ་ཞེས་བྱ་བ་པྲ་ཏྱེ་ཡནྡྷི་ན་ཏྭཱ་ད་ཨ་ནི་ཏྱ་ཞེས་འབྱུང་སྟེ། རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པ་སྟེ། རྐྱེན་ཚོགས་ན་ནི་འབྱུང་ལ་རྐྱེན་དང་བྲལ་ན་ནི་འགག་སྟེ་རང་དབང་མེད་པས་ན་མི་རྟག་པ་ཞེས་བྱ། དུཿཁ་ཞེས་བྱ་བ་དོན་དུ་ན་པི་ཌཱརྠ་ཀ་ཏྭཱད་ཅེས་འབྱུང་སྟེ། གནོད་པའི་ཕྱིར་སྡུག་བསྔལ་བ་ཞེས་བྱ་སྟེ། ཤཱུ་ནྱ་ཞེས་བྱ་བ། ཨཱཏྨི་ཡ་དྲྀཥྚི་བི་པཀྵ་ཞེས་འབྱུང་སྟེ། བདག་གིར་ལྟ་བའི་གཉེན་པོ་ཡིན་ཏེ། བདག་གི་མེད་ཅིང་སྟོང་པས་ན་སྟོང་པ་ཞེས་བྱ། ཨ་ནཱཏྨ་ཞེས་བྱ་བ་ཨཱཏྨ་ཞེས་བྱ་བ་ཨཱཏྨ་དྲྀཥྚི་བི་བཀྵེ་ཨ་ནཱཏྨ་ཞེས་འབྱུང་སྟེ། བདག་ཏུ་ལྟ་བའི་གཉེན་པོ་ཡིན་ཏེ། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་ལ་སོགས་པ་མེད་པས་བདག་མེད་པ་ཞེས་བྱ། ཧེ་ཏུ་ཞེས་བྱ་བ་ཧེ་ཏུ་བཱི་ཛ་དྷརྨྨ་ཡོ་གེ་ན་ཞེས་འབྱུང་བས་ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཕུང་པོ་ལྔའི་རྒྱུར་གྱུར་པས་ན་རྒྱུ་ཞེས་བྱ། ས་མུ་ད་ཡ་ཞེས་བྱ་བ་པྲ་དུརྦ་ཡོ་གེ་ན་ཞེས་འབྱུང་བས་འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བ་ཞེས་བྱ། པྲ་བྷ་བ་ཞེས་བྱ་བ་སཾ་བནྡྷ་ཡོ་གེ་ན་ཞེས་འབྱུང་སྟེ། འབྲེལ་པའི་ཚུལ་གྱིས་རྒྱུ་ཡིན་ནོ་ཞེས་འབྱུང་བས་རྒྱུ་དང་འབྲས་བུ་འབྲེལ་པར་སྐྱེ་བའི་ཕྱིར་རབ་ཏུ་སྐྱེ་བ་ཞེས་བྱ། པྲ་ཏྱ་ཡ་ཞེས་བྱ་བ་ཨ་བྷི་ནི་ཤཱ་དྷ་ནི་ཏྱརྠེ་ན་པྲ་ཏྱ་ཡ་ཞེས་འབྱུང་བས་མངོན་པར་གྲུབ་པར་བྱེད་པའི་དོན་གྱིས་རྐྱེན་ཞེས་བྱ་སྟེ། དཔེར་ན་འཇི་བ་དང་དབྱུ་གུ་དང་འཁོར་ལོ་དང་སྲད་བུ་དང་ཆུ་རྣམས་ཚོགས་པ་ལས་བུམ་པར་འགྲུབ་པར་འགྱུར་བ་དང་འདྲ་བས་ན་རྐྱེན་ཞེས་བྱ། ནི་རོ་དྷ་ཞེས་བྱ་བ་ནི་རོ་དྷ་སྐནྡྷ་པ་ར་མ་ནི་རོ་དྷ་ཞེས་འབྱུང་སྟེ། ཕུང་པོ་འཇིག་ཅིང་མེད་པར་འགྱུར་བས་ན་འགོག་


DTG204_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ། ཤཱནྟ་ཞེས་བྱ་བ་ཏྲྱགྣི་ནིརྦྦཱ་ནཱད་ཤཱནྟ་ཞེས་འབྱུང་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་རྣམ་པ་གསུམ་མེད་པར་བྱས་པས་ན་ཞེ་བ་ཞེས་བྱ། པྲ་ཎི་ཏ་ཞེས་བྱ་བ་ནི་རཱུ་བ་དྲ་བཱད་ཏྭཱན་ཞེས་འབྱུང་བས་གནོད་པ་མེད་པའི་གྱ་ནོམ་པ་ཞེས་བྱ། ནིསས་ར་ཎ་ཞེས་བྱ་བ་སརྦ་ཨ་བཀྵ་ལ་བི་ཡུཀྟ་ཏྭཱད་ནིསས་ར་ཎ་ཞེས་འབྱུང་བས་སྐྱོན་ཐམས་ཅད་དང་བྲལ་ཏེ་སྐྱོན་རྣམས་ལས་བྱུང་བ་འམ། བྲལ་བས་ན་ངེས་པར་འབྱུང་བ་ཞེས་བྱ། མཱརྒྒ་ཞེས་བྱ་བ་ག་མ་ནཱ་རྠེན་མཱརྒྒ་ཞེས་འབྱུང་བས་འགྲོ་བའི་དོན་ལ་བྱ་སྟེ། འཕགས་པའི་ལམ་དུ་ཞུགས་ནས་མྱ་ངན་ལས་འདས་པར་འགྲོ་བའི་དོན་གྱིས་ལམ་ཞེས་བྱ། ནྱཱ་ཡ་ཞེས་བྱ་བ་ཡོ་གེ་ཡུཀྟ་ཏྭཱད་ནྱཱ་ཡ་ཞེས་འབྱུང་བས་རིགས་པ་དང་ལྡན་པར་བཤད་པས་ལམ་དེ་འཁྲུལ་པ་མེད་ཅིང་ཚད་མར་གྱུར་པས་ན་རིགས་པ་ཞེས་བྱ། པྲ་ཏི་པཏྟ་ཞེས་པ་སམྱཀྦྲ་ཏི་པ་ད་ནཱརྠེ་ན་པྲ་ཏི་པཏྟ་ཞེས་འབྱུང་སྟེ། ཡང་དག་པར་ཐོབ་པར་བྱེད་དོན་གྱིས་སྒྲུབ་པ་ཞེས་བྱ། ནིཪྻཱ་ཎི་ཀ་ཞེས་བྱ་བ་ཨཏྱནྟ་ས་མ་ཏི་ཀྲ་མཱ་ད་ནིཪྻཱ་ཎི་ཀ་ཞེས་འབྱུང་སྟེ། ཤིན་ཏུ་ཡང་དག་པར་བྱུང་བས་སླར་འཁོར་བར་མི་སྐྱེ་བའི་ཕྱིར་ངེས་པར་འབྱིན་པ་ཞེས་བྱ། ཨ་ནནྟ་རྻ་མཱརྒྒ་ཞེས་བྱ་བ། ཨ་ནནྟ་རྻ་ནི་ཀླེ་ཤཻ་རནྟ་རི་དུ་ན་ཤཱཀྱ་ཏྭཱད་ཅེས་བྱ་སྟེ། ཉོན་མོངས་པས་བར་ཆད་མི་ནུས་པས་ན་བར་ཆད་མེད་པ་ཞེས་བྱ། མཱརྒྒ་ནི་ལམ་སྟེ་སྤྱིར་ན་སྒོམ་པའི་ལམ་ལ་གནས་པའི་ཚེ་བཟོད་པ་ཉོན་མོངས་པའི་གཉེན་པོར་གྱུར་པས་ན་ཉོན་མོངས་པ་ཆོམ་རྐུན་དང་འདྲ་བ་སྒོར་ཕྱུང་ཞིང་སྤངས་པ་ལ་བྱ་བས་ན་བར་ཆད་མེད་པའི་ལམ་ཞེས་བཏགས། བི་མུཀྟ་མཱརྒྒ་ཞེས་བྱ་བ་བི་མུཀྟ་ནི་རྣམ་པར་གྲོལ་བ། མཱརྒྒ་ནི་ལམ་སྟེ་སྒོམ་པའི་ལམ་ལ་ཉོན་མོངས་པ་དང་བྲལ་བའི་ཤེས་པས་རྐུན་པོ་སླར་མི་འོང་བར་སྒོ་བཅད་པ་ལྟ་བུ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་ཞེས་བྱ། ཨ་བྷི་ས་མ་ཡཱནྟི་ཀ་ཀུ་ཤ་ལ་མཱུ་ལ་ཞེས་བྱ་བ་མཐོང་བའི་ལམ་ཐོབ་སྟེ། དེ་ཁོ་ན་ཉིད་རྟོགས་པའི་རྗེས་ལ་འཇིག་རྟེན་པའི་དགེ་བ་མང་པོ་འཕེལ་ཞིང་འབྱུང་བའི་མིང་སྟེ། མངོན་པར་རྟོགས་པའི་མཇུག་ལ་འབྱུང་བའི་དགེ་བའི་རྩ་བ་ཞེས་བྱ། ཀྵ་ཡ་ཛྙཱ་ན་བི་ཀ་ཀུ་ཤ་ལ་མཱུ་ལ་ཞེས་བྱ་བ། དགྲ་བཅོམ་པའི་ཟད་པ་ཤེས་བ་སྐྱེས་པའི་འཕྲལ་ལ་འཇིག་རྟེན་པའི་དགེ་བ་མང་པོ་སྐྱེས་པའི་མིང་སྟེ། ཟད་པ་ཤེས་པས་ཐོབ་པའི་དགེ་བའི་རྩ་བ་ཞེས་བྱ། སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་དུཿཁེ་དྷརྨྨ་ཛྙཱ་ན་ཀྵཱནྟི་ཞེས་བྱ་བ་དུཿཁེ་ནི་


DTG204_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ། དྷརྨྨ་ནི་ཆོས། ཛྙཱ་ན་ནི་ཤེས་པ། ཀྵཱནྟི་ནི་བཟོད་པ་སྟེ། སྡུག་བསྔལ་ལ་ཆོས་དེ་ཁོ་ན་ཉིད་རྟོགས་པར་བྱ་བར་བཟོད་པས་ན་ཤེས་རབ་ཀྱི་མིང་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ། དུཿཁེདྷརྨྨ་ཛྙཱ་ན་ཞེས་བྱ་བ་ཆོས་ཤེས་པའི་བཟོད་པའི་རྗེས་ལ་སྡུག་བསྔལ་གྱི་ཆོས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ། དུཿཁེ་ནྭ་ཡ་ཀྵཱནྟི་ཞེས་བྱ་བ་དུཿཁེ་བི་ཤ་ཡེ་ཨ་ནུ་པཤྩད་ཨ་ཡ་ཨ་བ་ག་མ་ཞེས་འབྱུང་སྟེ། ཇི་ལྟར་འདོད་པའི་ཁམས་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པར་བཟོད་པ་དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཆོས་ཤེས་པ་ལ་བཟོད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱ་སྟེ། ཆོས་ཤེས་པ་ནི་འདོད་པའི་ཁམས་ལ་དམིགས་ཏེ། ས་ལ་ལྟ་བ་དང་འདྲ་ལ། རྗེས་སུ་རྟོགས་པའི་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་ཉོན་མོངས་པའི་གཉེན་པོ་སྟེ། གནམ་ལ་ཡར་ལྟ་བ་དང་འདྲ་བས་ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པ་གཉིས་གཅིག་གི་ཡུལ་གཅིག་གིས་མི་མཐོང༌། ཀུན་འབྱུང་བ་མན་ཆད་ལྷག་མ་གསུམ་ཡང་འདི་བཞིན་བཤད། མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་དབང་པོ་གསུམ་ལ། ཨ་ནཱ་ཛྙཱ་ཏ་མཱ་ཛྙཱ་ཏཱ་སྱ་མིནྡྲི་ཡན་ཞེས་བྱ་བ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། མཐོང་བའི་ལམ་གྱི་ཡིད་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་རྣམས་སྔོན་འཕགས་པའི་བདེན་པ་མ་མཐོང་བ་མཐོང་བར་བྱེད་པ་ཀུན་ཤེས་པའི་དབང་པོ་མཐོང་བ་ལ་དབང་བྱེད་པས་ན་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱ། ཨཱ་ཛྙཱེ་ནྡྲི་ཡན་ཞེས་བྱ་བ་ཀུན་ཤེས་པའི་དབང་པོ་ཡིན་ཏེ། སྒོམ་པའི་ལམ་ལ་ཀུན་ཤེས་པར་བྱ་བའི་ཡུལ་གཞན་མེད་ཀྱི། བག་ལ་ཉལ་ལྷག་མ་སྤང་བའི་ཕྱིར་སྒོམ་པའི་ལམ་གྱི་ཡིད་ལ་སོགས་པའི་དབང་པོ་དགུས་འཕགས་པའི་ལམ་གྱི་བདེན་པ་དེ་ཉིད་ཀུན་ཤེས་པ་ཡིན་ཏེ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཐོབ་པ་ལ་དབང་བྱེད་པས་ན་ཀུན་ཤེས་པའི་དབང་པོ་ཞེས་བྱ། ཨཱ་ཛྙཱ་ཏཱི་ཡིནྡྲི་ཡན་ཞེས་བྱ་བ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ཏེ། མི་སློབ་པའི་ལམ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་


DTG204_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བ་ཐམས་ཅད་ཤེས་ཏེ། ཤེས་པ་དེ་དང་ལྡན་པས་གང་གི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཡིད་ལ་སོགས་པའི་དབང་པོ་དགུ་ཚེ་འདི་ལ་བདེ་བར་གནས་པ་དང་མྱ་ངན་འདས་པ་ཐོབ་པར་བྱེད་པས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ། ལམ་བཞི་ལ། དུཿཁ་པྲ་ཏི་པདྡྷྱ་ན་དྷྱཱ་བྷི་ཛྙཱ་ཞེས་བྱ་བ་བསམ་གཏན་བཞིའི་ས་ལ་མ་གཏོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལྟ་བུ་ལྷག་མཐོང་མེད་ལ་ཞི་གནས་ཀྱི་ཤས་ཆེ་བ་དང༌། མི་ལྕོགས་པ་མེད་པ་བསམ་གཏན་དང་པོ་ལ་འཇུག་པའི་སེམས་ལྟ་བུ་ལྷག་མཐོང་གི་ཤས་ཆེ་ལ་ཞི་གནས་དང་ལྷག་མཐོང་ཡ་ཆར་གྱུར་པས་ཉོན་མོངས་པ་སྤང་དཀའ་ལ་གང་ཟག་དབང་པོ་རྟུལ་པོའི་ཤེས་པའི་མིང་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཞེས་བྱ། དུཿཁ་པྲ་ཏི་པ་ཏཀྵི་པྲཱ་བྷི་ཛྙཱ་ཞེས་བྱ་བ་བསམ་གཏན་བཞི་ལས་མ་གཏོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལྟ་བུ་ལྷག་མཐོང་མེད་ལ་ཞི་གནས་ཀྱི་ཤས་ཆེ་བ་དང༌། མི་ལྕོགས་པ་མེད་པ་བསམ་གཏན་དང་པོ་ལ་འཇུག་པའི་སེམས་ལྟ་བུ་ལྷག་མཐོང་གི་ཤས་ཆེ་བ་ལ་ཞི་གནས་ཆུང་སྟེ། ཞི་གནས་དང་ལྷག་མཐོང་ཡ་ཆར་གྱུར་པས་ཉོན་མོངས་པ་སྤང་དཀའ་ལ། གང་ཟག་དབང་པོ་རྣོན་པོའི་ཤེས་པའི་མིང་སྟེ། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཞེས་བྱ། སུ་ཁཱ་པྲ་ཏི་པདྡྷྱ་ན་དྷྱཱ་བྷི་ཛྙཱ་ཞེས་བྱ་བ་བསམ་གཏན་བཞིའི་ས་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་བསྒོམས་པས་ཉོན་མོངས་པ་སྤང་ཞིང་བསལ་སླ་ལ། གང་ཟག་དབང་པོ་རྟུལ་པོའི་ཤེས་པའི་མིང་སྟེ། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཞེས་བྱ། སུ་ཁ་པྲ་ཏི་པ་ཏ་ཀྵི་པྲཱ་བྷི་ཛྙཱ་ཞེས་པ་བསམ་གཏན་བཞི་པའི་ས་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་བསྒོམས་པས་ཉོན་མོངས་པ་སྤང་ཞིང་བསལ་སླ་ལ། གང་ཟག་དབང་པོ་རྣོན་པོའི་ཤེས་པའི་མིང་སྟེ། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཞེས་བྱ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་སཾ་བྲྀ་ཏི་ས་ཏྱ་ཞེས་བྱ་བ་སཾ་བྲྀ་ཡ་ཏེ་ཨ་ན་ཡ་ཏྭཏྟ་ཞེས་བྱ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་ཤེས་པས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱ་བ་ལ་སྒྲིབ་པས་ན་ཡང་དག་སྒྲིབ་ཅེས་བྱ། ཡང་གཅིག་ཏུ་ན། ལོ་ཀ་སཾ་བྲྀ་ཏྱཱ་སཏྱ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་


DTG204_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་པ་འང་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་ཤིང་རྫོབ་པ་ལ་བྱ་བར་དབུ་མའི་གཙུག་ལག་ལས་བཤད། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ནང་ནས་ཇི་སྙེད་དུ་ཡི་གེ་དང་ཚིག་འབྲུས་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་འབྱུང་སྟེ། མདོ་སྡེ་དང་དབུ་མའི་གཞུང་བཙན་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པར་བཏགས། པ་ར་མཱརྠ་ཞེས་བྱ་བ་པར་མ་ནི་མཆོག་གམ་དམ་པ། ཨརྠ་ནི་དོན་ནམ་དགོས་པ་སྟེ། གཅིག་ཏུ་དོན་སྒྲུབ་ཅིང་དགོས་པ་བྱ་བའི་མཆོག་ཏུ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ་བ་མྱ་ངན་ལས་འདས་པ་ལ་ཡང་བྱ། ཡང་གཅིག་ཏུ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་ལམ་དོན་དུ་གྱུར་པ་ཡིན་ལ། སཏྱ་ནི་བདེན་པ་སྟེ། འཕགས་པ་ཕྱིན་ཅི་ལོག་མེད་པར་གཟིགས་པ་རྣམས་ལ་མྱ་ངན་ལས་འདས་པ་དང་སྐྱེ་བ་མེད་པར་ཡང་དག་པར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་བྱ། ལུང་དུ་བསྟན་པའི་རྣམ་གྲངས་ཀྱི་མིང་ལ། ཨེ་ཀཱཾ་ཤ་བྱཱ་ཀ་ར་ཎ་ཞེས་བྱ་བ་སེམས་ཅན་ཐམས་ཅད་འཆི་འམ་མི་འཆི་ཞེས་འདྲི་ན། གཅིག་ཏུ་ཆད་པར་ཐམས་ཅད་འཆིའོ་ཞེས་བྱ་བ་ཡིན་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་ཞེས་བྱ། བི་བྷ་ཛ་བྱཱ་ཀ་ར་ཎ་ཞེས་བྱ་བ་སེམས་ཅན་ཐམས་ཅད་སྐྱེ་འམ་ཞེས་འདྲི་ན། ཉོན་མོངས་པ་དང་བཅས་པ་ནི་སྐྱེ་ལ། ཉོན་མོངས་པ་མེད་པ་ནི་མི་སྐྱེའོ་ཞེས་སོ་སོར་ཕྱེ་སྟེ་བསྟན་པར་བྱ་བའི་མིང་སྟེ་རྣམ་པར་ཕྱེ་སྟེ་ལུང་བསྟན་པ་ཞེས་བྱ། པ་རི་བྲྀཙྪ་བྱཱ་ཀ་ར་ཎ་ཞེས་བྱ་བ་མི་འདི་བཟང་ངམ་ངན་ཞེས་འདྲི་ན། གང་དང་གང་སྒྲུན་ཞེས་སླར་དྲི་སྟེ། ལྷ་དང་སྒྲུན་ཞེས་ཟེར་ན་ནི་ངན་ཞེས་བྱ། སེམས་ཅན་དམྱལ་བ་དང་སྒྲུན་ཞེས་ཟེར་ན་ནི་བཟང་ཞེས་བྱ་བ་ལྟ་བུ། སླར་དྲིས་ནས་ལན་བླན་པའི་མིང་སྟེ་དྲིས་ནས་ལུང་བསྟན་པ་ཞེས་བྱ། སྠཱི་ཏྱ་བྱཱ་ཀ་ར་ཎ་ཞེས་བྱ་བ་སེམས་ཅན་དང་ཕུང་པོ་གཉིས་གཅིག་གམ་ཐ་དད་ཅེས་འདྲི་ན། སེམས་ཉིད་དངོས་པོར་མེད་པས་མོ་གཤམ་གྱི་བུ་དཀར་རམ་སྔོ་ཞེས་བརྗོད་དུ་མེད་པ་དང་འདྲ་སྟེ། ལུང་མི་བསྟན་པས་ན་གཞག་པའི་ལུང་བསྟན་པ་ཞེས་བྱ། མཚན་ཉིད་གསུམ་ལ་པ་རི་ཀལྤི་ཏ་ལཀྵ་ཎ་ཞེས་བྱ་བ་ཀུན་བརྟགས་པའི་


DTG204_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་ཏེ། པ་རི་ས་མཾ་ཏཱད་ཅེས་བྱ་བ་ཡོངས་སུ་འམ་ཀུན་ཏུ། ཀལྤི་ཏ་ནི་མེད་པ་འམ་སྒྲོ་བཏགས་པ་ལྟ་བུ་ལ་བྱ། སྤྱིར་ན་གཟུང་བ་དང་འཛིན་པར་བཅས་པའི་ཆོས་ནན་གྱིས་བརྟགས་པ་ལ་བྱ་སྟེ། ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ། པ་ར་ཏནྟྲ་ལཀྵ་ཎ་ཞེས་བྱ་བ་གཞན་གྱི་དབང་གི་མཚན་ཉིད་ཡིན་ཏེ། པ་ར་ནི་གཞན། ཏནྟྲ་ནི་ཏནྟྲ་སྟེ་ཛནྨྱ་ཏེ་ཞེས་བྱ་སྟེ། གཞན་གྱི་རྐྱེན་ལ་རག་ལས་ཤིང་རང་མི་འབྱུང་བས་རྟེན་ཅིང་འབྲེལ་པ་འབྱུང་བའི་མིང་སྟེ། གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ། པ་རི་ནིཥྤནྣ་ལཀྵ་ཎ་ཞེས་བྱ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་ཏེ། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་གཉིས་མི་འགྱུར་བ་དང༌། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ། དགོངས་པ་བཞི་ལ། ཙ་ཏྭཱ་རོ་ཨ་བྷི་པྲཱ་ཡ་ཞེས་པ་དགོངས་པ་བཞི་ཡིན་ཏེ་ཆོས་ཀྱི་སྐུ་དང༌། ཚོགས་ལ་སོགས་པ་མཉམ་པ་ལ་དགོངས་ཏེ། འདས་པའི་སངས་རྒྱས་ཀྱང་ང་ཉིད་ཡིན་ཞེས་བཀའ་སྩལ་པ་ལྟ་བུ་མཉམ་པ་ཉིད་ལ་དགོངས་པ། དེ་བཞིན་གཤེགས་པའི་མཚན་ཐོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ལྟ་བུ་དུས་གཞན་ལ་དགོངས་པ་དང༌། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན། གདོད་ཐེག་པ་ཆེན་པོའི་དོན་ཁོང་དུ་ཆུད་དོ་ཞེས་བྱ་བ་ལྟ་བུ་དོན་གཞན་ལ་དགོངས་པ་དང༌། གང་ཟག་གཅིག་ལ་སྔར་སྦྱིན་པ་ལ་སོགས་པའི་ལེགས་པ་བརྗོད་ལ་ཕྱིས་སྨད་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པའི་མིང་ཡིན་ཏེ་དགོངས་པ་བཞི་ཞེས་བྱ། ལྡེམ་པོར་དགོངས་པ་བཞི་ལ། ཙ་ཏྭཱ་ཡཱ་བྷི་སནྡྷི་ཞེས་བྱ་བ་ལྡེམ་པོར་དགོངས་པ་བཞི་ཡིན་ཏེ། སེམས་ཅན་ཆོས་ལ་དྲངས་པའི་ཕྱིར་ཐེག་པ་ཆུང་ངུ་ལས་བདག་དང་གང་ཟག་ལ་སོགས་པ་ཡོད་པར་བཤད་པ་ལྟ་བུ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌། ཀུན་བརྟགས་པ་དངོས་པོ་མེད་པར་བཤད་པ་དང། གཞན་གྱི་དབང་རྟེན་ཅིང་འབྲེལ་པར་བཤད་པ་དང༌། ཡོངས་སུ་གྲུབ་པ་མི་འགྱུར་བ་དང་ཕྱིན་ཅི་ལོག་པར་བཤད་པ་ལྟ་བུ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང༌། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་སྣ་ཚོགས་བཤད་པ་ལྟ་བུ་གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌།


DTG204_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པས་གནས་ན་བྱང་ཆུབ་ཀྱི་མཆོག་ཐོབ་པོ་ཞེས་འབྱུང་བ་ལྟ་བུ་བྱང་ཆུབ་ཀྱི་སྤྱད་པ་དཀའ་བ་ལ་དགོངས་ཏེ་ཉོན་མོངས་པ་ཞེས་གསུངས་པ་ལ་སོགས་པ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང་འདི་བཞི་ལྡེམ་བུ་བཞིན་དུ་ཚིག་ཐེལ་གྱིས་མི་གདབ་པར་བསྒྱུར་ཏེ་བསྟན་པ་ཡིན་པས་ལྡེམ་པོར་དགོངས་པ་བཞི་ཞེས་བྱ། ཨ་བྷི་པྲཱ་ཡ་དང་མ་འདོམ་ན་ཨ་བྷི་སནྡྷི་ཡང་དགོངས་པར་གདགས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རཱུ་པ་སྐནྡྷ་ནི་རཱུ་པ་ཎྱཱད་རཱུ་པཾ་ཞེས་བྱ་སྟེ། ལག་པ་དང་དབྱིག་པ་ལ་སོགས་པས་གཟུགས་ཤིང་གནོད་པར་བྱར་རུང་བས་ན་གཟུགས་ཞེས་བྱ། སྐནྡྷ་ནི་དུས་གསུམ་གྱི་གཟུགས་བཟང་ངན་དང་ཆེ་ཕྲ་ཡོད་དོ་ཅོག་གཅིག་ཏུ་བསྡུས་པའི་མིང་སྟེ་གཟུགས་ཀྱི་ཕུང་པོ་ཞེས་བྱ། བེ་ད་ནཱ་སྐནྡྷ་ཞེས་བྱ་བ་ནི་ཨ་ནུ་བྷ་བ་ལཀྵ་ཎ་བེ་ད་ན་ཎ་ཀ་མི་ཀ་ཞེས་བྱ་བ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཚོར་བ་རྣམ་པ་གསུམ་མྱོང་བར་མ་ལུས་པར་གཅིག་ཏུ་བསྡུས་པའི་མིང་སྟེ་ཚོར་བའི་ཕུང་པོ་ཞེས་བྱ། སཾ་ཛྙཱ་སྐནྡྷ་ནི་ནི་མིཏྟ་ཛྙཱ་གྲ་ཞེས་བྱ་སྟེ། གཟུགས་ལ་སོགས་པ་དག་ལ་འདི་ནི་དཀར་པོའོ། །འདི་ནི་སྔོན་པོའོ། །འདི་ནི་བཟང་ངོ༌། །འདི་ནི་ངན་ནོ་ཞེས་མཚན་མར་འཛིན་པའི་དམིགས་ཡུལ་དང༌། དེ་མ་ཐག་པའི་རྐྱེན་ལ་སོགས་པའི་འདུ་བ་ལས་ཤེས་པ་འབྱུང་ཞིང་འདི་ཡིན་ནོ་སྙམ་དུ་མཚན་མར་འཛིན་པ་ལ་བྱ་བས་ན་སྙམ་ཤེས་ཞེས་སུ་ཡང་དྲང་དུ་རུང་གིས་ཀྱང་མིང་སྔར་བཏགས་པ་བཞིན་དུ་འདུ་ཤེས་སུ་བཏགས། སཾ་སྐཱ་ར་སྐནྡྷ་ནི་ཨ་བྷི་སི་སྐཱ་ར་ལཀྵ་ཎ་ཞེས་བྱ་སྟེ། སེམས་པ་ལ་སོགས་པའི་ལས་ཀྱིས་འཕངས་ནས་འདུ་བྱེད་ཕྱི་མ་འབྱུང་ཞིང་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པས་ན་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ། བི་ཛྙཱ་ན་སྐནྡྷ་ནི་བི་ཛྙཱ་ན་ཞེས་བྱ་བ་སྟེ། ཡུལ་ཐ་དད་པ་རྣམ་པ་སྣ་ཚོགས་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་བསྡུས་པའི་མིང་ཡིན་པས་ན་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ། བི་ཛྙཱཔྟ་ཞེས་བྱ་བ་ལུས་དང་དག་གི་སྤྱོད་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྙིང་ལ་ཅི་སེམས་པ་གཞན་ལ་གོ་བར་བྱེད་པས་ན་རྣམ་བར་རིག་བྱེད་ཅེས་བྱ། ཨ་བི་ཛྙཱ་པ་ཏི་ཞེས་བྱ་བ་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། སྡོམ་པ་


DTG204_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་དང༌། འདི་རྣམས་རྣམ་པར་རིག་བྱེད་བཞིན་དུ་གཞན་གྱིས་ཤེས་ཤིང་རྟོགས་པར་མི་རུང་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ། ཙིཏྟ་སཾ་པྲ་ཡུཀྟ་ཞེས་བྱ་བ། སེམས་དང་སེམས་ལས་བྱུང་བ་འདུས་པ་གཅིག་ཏུ་གཏོགས་པ་མིག་ལ་སོགས་པའི་དབང་པོའི་རྟེན་མཚུངས་པ་དང༌། གཟུགས་ལ་སོགས་པའི་དམིགས་པ་མཚུངས་པ་དང༌། ཡུལ་ལ་ཤེས་ཤིང་འཛིན་པའི་ཚུལ་གྱིས་རྣམ་པ་མཚུངས་པ་དང༌། སེམས་དང་སྔ་ཕྱི་མཉམ་དུ་འབྱུང་སྟེ་དུས་མཚུངས་པ་རྣམས་དང༌། སེམས་དང་སེམས་ལས་བྱུང་བའི་དངོས་པོ་མང་ཉུང་མཉམ་པར་འབྱུང་སྟེ་རྫས་མཚུངས་པ་དང༌། མཚུངས་པ་འདི་ལྔས་སེམས་དང་མཉམ་པར་ལྡན་པའི་ཕྱིར་མིང་སྟེ་སེམས་དང་མཚུངས་པར་ལྡན་པ་ཞེས་བྱ། དཽཥྛུ་ལྱ་ཞེས་བྱ་བ་དུ་ནི་སྨད་པའམ་ངན་པ། ཥྛཱ་ན་ག་ཏི་ནི་བྲྀ་ཏཽ་ཞེས་བྱ་སྟེ་གནས་པ་ལ་བྱ། ལ་ནི་ཨཱ་ད་ན་སྟེ་ལེན་བའམ་འཛིན་པའོ། །གཅིག་ཏུ་ན་དུཥྚུ་ནི་ཉེས་པ་འམ་སྐྱོན་གྱི་མིང་ལ་ནི་གོང་དུ་བཤད་པ་དང་འདྲ་སྟེ། སྤྱིར་ན་ལྟུང་བ་དང་སྒྲིབ་པའི་མིང་སྟེ་གནས་ངན་ལེན་དུ་བཏགས། ཨ་ནུ་ཤ་ཡ་ཞེས་བྱ་བ་ཆོས་མངོན་པའི་གཞུང་དང་སྦྱར་ན་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཁྱབ་པར་གནས་ཀྱང་བརྟག་དཀའ་སྟེ་ཕྲ་བ་དང༌། དམིགས་པ་དང་མཚུངས་པར་ལྡན་པས་ཉོན་མོངས་པ་འཕེལ་ཞིང་རྒྱས་པར་བྱེད་པ་དང༌། རྒྱ་མཚོའི་བྱ་གནམ་ལ་འཕུར་བའི་གྲིབ་མ་ལ་ཆུ་སྲིན་སྙེག་པའི་མིང་སྟེ་ཕྲ་རྒྱས་ཞེས་བྱ། མདོ་སྡེ་པ་ལྟར་ན་ཉོན་མོངས་པ་མངོན་དུ་མ་བྱུང་སྟེ། བག་ཆགས་ཀྱི་ཚུལ་དུ་ཉལ་བ་ནི་ཨ་ནུ་ཤ་ཡ་སྟེ་བག་ལ་ཉལ་ཞེས་བྱ། ཉོན་མོངས་པ་མངོན་དུ་བྱུང་སྟེ་ལངས་པའི་མིང་ནི་པ་རི་བྱུཏྠཱ་ན་ཞེས་བྱ་སྟེ། ཀུན་ནས་ལངས་པ་ཞེས་འབྱུང་བས་ཆོས་མངོན་པའི་སྐབས་སུ་ནི་ཕྲ་རྒྱས་ཞེས་གདགས། མདོ་སྡེ་བའི་སྐབས་སུ་བག་ལ་ཉལ་ཞེས་གདགས། ཨཱ་ཡ་ཏ་ཞེས་བྱ་བ། ཨཱ་ཡ་ན་ཏྭཾ་ནཱནྟཱི་ཏི་ཨཱ་ཡན་ཏྭཾ་ཞེས་བྱ་སྟེ། མིག་དང་གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་ཤེས་པ་སྐྱེ་ཞིང་འཕེལ་བས་ན་སྐྱེ་མཆེད་ཅེས་བྱ། དྷཱ་ཏུ་ཞེས་བྱ་བ་དྷཱ་ཏྭརྠ་ཞེས་བྱ་བ་སྟེ་ཁམས་དང་རིགས་སམ་འབྱུང་ཁུངས་ཀུན་ལ་ཡང་བྱ་མོད་ཀྱི་སྔོན་གྲགས་པ་བཞིན་དུ་ཁམས་ཞེས་


DTG204_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་པྲ་ཏི་ཏྱ་ས་མུཏྤ་ད་ཞེས་བྱ་བ་པྲ་ཏི་ཏ་ནི་རྟེན་པ་འམ་རྐྱེན་དུ་གྱུར་པ་ལ་བྱ། སཾ་ནི་སཾ་བནྡྷ་སྟ་འབྲེལ་པ་ལ་བྱ། ཨུཏྤ་ཏྟ་ནི་སྐྱེ་བའི་ཚིག་སྟེ་ཕྱི་ནང་གི་ཆོས་རྣམས་རང་དབང་དུ་མི་སྐྱེའོ། རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱ་སྟེ་སྡེ་མ་སྔ་མའི་རྒྱུ་ལ་བརྟེན་ནས་ཕྱི་མ་ཕྱི་མ་གཞན་གྱིས་བར་མ་ཆོད་པར་འབྱུང་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། དགེ་བ་བཅུ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ། དཤཱ་ཀུ་ཤ་ལ་ཀརྨྨ་པ་ཐ་ཞེས་བྱ་བ་མི་དགེ་བ་བཅུ་ལ་བྱ་སྟེ། ལས་ནི་སེམས་པ་ཡིན་ལ་སེམས་པ་ཡང་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་གསུམ་གྱི་དབང་དུ་འགྲོ་ཞིང་མངོན་པར་འདུ་བྱེད་པས་ན་ལས་ཀྱི་ལམ་འདི་གསུམ་ལ་བྱ། སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་གི་ལས་རྣམ་པ་བདུན་ནི་ལས་ཉིད་ཀྱང་ཡིན་ལ། ལས་འདི་རྣམས་སློང་ཞིང་སྐྱེད་པའི་གཞི་སེམས་པ་ཡིན་ཡང༌། འདི་དག་ལ་རྟེན་ཅིང་འཇུག་པས་ན་མི་དགེ་བ་བཅུའི་ལམ་ཞེས་བྱ། དགེ་བ་བཅུ་ཡང་འདི་ལས་བཟློག་པ་ཡིན་པས་ན་བརྣབ་སེམས་མེད་པ་དང༌། སྲོག་གཅོད་པ་སྤངས་པ་ལ་སོགས་པ་དང་སྦྱར་ཏེ་བཤད། བསོད་ནམས་བྱ་བའི་ཡོན་ཏན་ལ། པུཎྱ་ཞེས་བྱ་བ་པུཎྱ་ཀརྨྨ་ནི་ཤུ་བྷ་ཞེས་འབྱུང་སྟེ། དགེ་བའི་ལས་ལ་བྱ། ཡང་རྣམ་པ་གཅིག་ཏུ་ན་པུཎ་ཏི་པ་བི་ཏྲྀ་ཀ་རོ་ཏི་ཞེས་བྱ་སྟེ། སྡིག་པ་སྦྱོང་ཞིང་གཙང་མར་བྱེད་པ་ལ་ཡང་བྱ། དངོས་སུ་ན་གཞན་ལ་ཕན་ཞིང་བསོད་པས་གསོས་ཤིང་བསྣམས་པའི་མིང་སྟེ་བསོད་ནམས་སུ་བཏགས། དཱ་ན་མ་ཡ་པུཎྱ་ཀྲི་ཡ་བསྟུ་ཞེས་བྱ་བ་དཱ་ན་ནི་ནོར་རྫས་ལ་སོགས་པ་སྦྱིན་པ་ལ། མ་ཡ་ནི་རང་བཞིན་ནམ་དེའི་རྒྱུ་ལས་བྱུང་བ་ལྟ་བུ་ལ་བྱ། པུ་ཎྱ་མ་ཡ་ཀྲི་ཡ་བསྟུ་ནི་བསོད་ནམས་བྱ་བའི་དངོས་གཞི་ཡིན་པའམ། དངོས་པོ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ། ཤཱི་ལ་མ་ཡ་པུཎྱ་ཀྲི་ཡ་བསྟུ་ཞེས་བྱ་བ་ཤཱིལ་ནི་ཚུལ་ཁྲིམས་ཏེ་བསླབ་པ་ལྔ་ལ་སོགས་པ་སྲུང་བ་ལ་བྱ། ཚིག་གི་མཇུག་གཞན་ནི་སྦྱིན་པའི་སྐབས་ནས་འབྱུང་བ་དང་འདྲ་བར་བཤད་དེ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ། བྷཱ་བ་ན་མ་ཡ་པུཎྱ་ཀྲི་ཡ་བསྟུ་ཞེས་བྱ་བ་བྷཱ་བ་ན་ནི་སྒོམ་པ་སྟེ། བྱམས་པ་ལ་སོགས་པའི་ཚད་མེད་པ་དང་བསམ་གཏན་


DTG204_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་བྱ། ཚིག་གི་མཇུག་གཞན་ནི་བསོད་ནམས་བྱ་བའི་དངོས་པོ་གོང་མ་གཉིས་དང་འདྲ་སྟེ་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ། གུ་ཎྱ་ཞེས་བྱ་བ་གུ་ཎྱནྟེ་ཨཱ་བྷ་སྱནྟེ་ཤྲེ་ཡོརྠི་བི་ཞེས་བྱ་སྟེ། ལེགས་པ་འདོད་པ་རྣམས་ཀྱིས་སྒོམ་ཞིང་སྦྱངས་པ་ལ་བྱ། དངོས་སུ་ན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་མིང་སྟེ་དོན་བཙན་པར་བྱས་ནས་ཡོན་ཏན་དུ་བཏགས། དགེ་སྦྱོང་དང་བྲམ་ཟེ་དང་མུ་སྟེགས་ཅན་གྱི་མིང་ལ་ཤྲ་མ་ཎ་ཞེས་བྱ་བ་ཤྲ་མ་ཙཱ་རི་ཤྲ་མ་ཎ་ཞེས་བྱ་སྟེ། སྡིག་པ་ཞི་བར་བྱེད་པ་སྤྱོད་ཅིང་ལེགས་པ་ལ་སྦྱོང་བས་ན་དགེ་སྦྱོང་ཞེས་བྱ། དངོས་སུ་ན་འཕགས་པ་རབ་ཏུ་བྱུང་བ་རྣམས་ལ་བྱ། དེའི་རྗེས་སུ་རབ་ཏུ་བྱུང་བ་གཞན་ལ་ཡང་བྱ། བྷིཀྵུ་ཞེས་བྱ་བ་དགེ་སློང་ཕ་ཡིན་ཏེ། མྱ་ངན་ལས་འདས་པའི་དོན་སློང་ཞིང་ཚོལ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ལ་ཆོས་དང་མཐུན་པར་བསོད་སྙོམས་ལེན་པས་འཚོ་བས་ན་དགེ་སློང་ཞེས་བྱ། ཨུ་པཱ་སིཀ་ཞེས་བྱ་བ་ནི་བསླབ་པ་ལྔ་ལ་སོགས་པ་མནོས་ཏེ། དགྲ་བཅོམ་པའི་འབྲས་བུ་དང་ཉེ་བར་གནས་པས་དགེ་བསྙེན་ཞེས་བྱ། ཨུཔ་བཱ་ས་སྠ་ནི་ཞེས་བྱ་བ་ཨུ་པ་བཱ་ས་ནི་ཁྲིམས་བརྒྱད་མནོས་ཏེ་འཕགས་པ་དང་ཉེ་བར་གནས་པ་འམ་བསྙེན་པ་ལ་བྱ། སྠཱ་ནི་ཏིཥྛ་ན་ཏི་སྟེ་གནས་པ་ལ་བྱ་བས་ན་བསྙེན་གནས་ལ་གནས་པ་ཞེས་བྱ། ཨུ་པ་སཾ་པནྣ་ཞེས་བྱ་བ། ཨུ་པ་ནི་ཉེ་བ། སཾ་བནྣ་ནི་རྫོགས་པའམ་ཕུན་སུམ་ཚོགས་པ་ལྟ་བུའི་མིང་སྟེ། མྱ་ངན་ལས་འདས་པ་དང་ཉེ་བར་གསོལ་བ་དང༌། བཞིའི་ལས་ཀྱིས་དགེ་སློང་གི་ཁྲིམས་གཙང་མར་མནོས་པས་ན་བསྙེན་པར་རྫོགས་པ་ཞེས་བྱ། ཨུ་པཱ་དྷྱཱ་ཡ་ཞེས་བྱ་བ་ཨུ་པེ་ཏྱདྷཱི་ཡཏ་ཨ་སྨཱད་ཅེས་བྱ་སྟེ། དང་པོ་སུ་ལས་ཁྲིམས་ནོད་པ་དེའི་དྲུང་དུ་ཆེད་དུ་སོང་ནས་ཡས་བརྗོད་པ་བཞིན་དུ་གདོན་ཞིང་བཟླས་པར་བྱས་པས་ན་ལུང་འབོག་པ་ལ་བྱ་སྟེ། སྔོན་ཆད་གྲགས་པ་དང་དོན་གཉི་ག་སྦྱར་ནས་མཁན་པོ་ཞེས་བཏགས། ཨཱ་ཙཱརྻ་ཞེས་བྱ་བ་ཨཱ་ཙཱརྻ་སྟེ་ཨསྨིན་ཞེས་བྱ་སྟེ། གང་ལས་ཆོས་དང་ཆོ་ག་ལ་སོགས་པ་ཉན་ཞིང་སློབ་པ་དེ་ལ་བྱ་བས་ན་སློབ་དཔོན་ཞེས་བྱ། བྲཱ་ཧྨ་ཞེས་བྱ་བ་བསྐལ་པ་དང་པོའི་ཚེ་མི་ཁ་ཅིག་ཁྱིམ་ན་མི་གནས་ཤིང་དགོན་པ་ན་ཆོས་སྤྱོད་པ་གྲོང་ནས་ཕྱི་རོལ་ཏུ་ཡིད་དགའ་བ་ལས་ཕྱི་རོལ་པ་ཞེས་ཆོས་མངོན་པ་ལས་བཤད་


DTG204_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་གཞུང་ལས་བྲཱ་ཧྨ་ཎོ་ཨཱ་པ་ཏྱན་ཞེས་བྱ་བ་འབྱུང་སྟེ། ཚངས་པའི་བུ་ཞེས་བྱ་བར་འགྱུར་མོད་ཀྱི་སྔོན་ཆད་གྲགས་པ་བཙན་པར་བྱས་ཏེ་བྲམ་ཟེ་སོ་ན་གཞག །ཏཱིརྠ་ཀ་ནི་ཏིརྠྱཾ་བིདྱ་ཏེ་ཏཱིརྠ་ཀ་ཞེས་བྱ་སྟེ། མཚོའི་འགྲམ་ནས་མཚོར་འཇུག་པའི་སྟེགས་འཆའ་བ་དང་འདྲ་བར་དཀའ་ཐུབ་དང་རྣལ་འབྱོར་ལ་སོགས་པ་ཆོས་སྣ་ཚོགས་སྤྱོད་ཅིང་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་སྟེགས་འཆའ་བས་ན་མུ་སྟེགས་ཅན་ཞེས་བྱ། སྔགས་ཀྱི་ནང་ནས་འབྱུང་བའི་མིང་ལ། ཏནྟྲ་ཞེས་བྱ་བ་ཏནྟྲ་པྲ་བནྡྷཱ་ཁྱཱ་ཞེས་འབྱུང་སྟེ། སྔགས་ཀྱི་རྒྱུད་ཞི་བ་དང་རྒྱས་པ་ལ་སོགས་པ་རྒྱུན་ཆགས་པར་བཤད་པའི་མིང་སྟེ་སྔགས་ཀྱི་རྒྱུད་ཅེས་བྱ། མནྟྲ་ཞེས་བྱ་བ་མནྟྲེ་གུཔྟི་བྷཱ་ཥ་ཎེ་ཞེས་འབྱུང་སྟེ། སྔགས་ཀྱི་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་གསང་སྔགས་ཞེས་བྱ། བིདྱཱ་ཞེས་བྱ་བ་བིད་ཛྙཱ་ན་ཞེས་བྱ་སྟེ། མ་རིག་པའི་གཉེན་པོར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པའི་མིང་སྟེ་རིག་སྔགས་ཞེས་བྱ། དྷཱ་ར་ཎི་ཞེས་བྱ་བ་ཨརྠ་གྲནྠ་དྷཱ་ར་ཡ་ཏི་དྷཱ་ར་ཎཱི་ཞེས་བྱ་སྟེ། སྔགས་ཀྱི་ཆོས་ཀྱི་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་བའི་མིང་སྟེ། གཟུངས་སྔགས་ཞེས་བྱ། མཎྜ་ལ་ཞེས་བྱ་སྟེ། མཎྜ་ནི་སཱ་ར་སྟེ་སྙིང་པོ་འམ་དབྱིངས་སམ་དཀྱིལ་ལ་བྱ། ལ་ནི་ཨཱ་ད་ན་སྟེ་ལེན་པ་འམ་འཛིན་པ་ལྟ་བུ་ལ་འང་བྱ། ཁོར་ཁོར་ཡུག་ཟླུམ་པོའི་མིང་ཡང་མཎྜ་ལ་ཞེས་བྱ་བས་ན་དཀྱིལ་འཁོར་དུ་སྔན་ཆད་གྲགས་པ་བཞིན་སོ་ན་གཞག །ཤཱནྟི་ཀ་ཞེས་བྱ་བ་གནོད་པ་དང་ནད་ལ་སོགས་བཞི་བར་བྱེད་པའི་སྔགས་ཀྱི་མིང་སྟེ་ཞི་བ་ཞེས་བྱའོ། །བཽཥྚི་ཀ་ཞེས་བྱ་བ་ཚེ་དང་སྲིང་དང་ལོངས་སྤྱོད་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པའི་སྔགས་ཀྱི་མིང་ཡིན་པས་ན་རྒྱས་པ་ཞེས་བྱ། བ་ཤིཾ་ཀ་ར་ཎ་ཞེས་བྱ་བ་ཕ་རོལ་གྱི་སེམས་སྒྱུར་ཞིང་བདག་ཅི་དགའ་བར་བྱ་བའི་སྔགས་ཀྱི་མིང་སྟེ་དབང་དུ་བྱ་བ་ཞེས་བྱ། ཨ་བྷི་ཙ་ར་ཞེས་བྱ་བ་གཞན་ལ་གནོད་ཅིང་ཕུང་བར་བྱེད་པའི་སྔགས་ཀྱི་མིང་སྟེ་དྲག་ཤུལ་སྤྱོད་པ་ཞེས་བྱ། ཀལྦ་ཞེས་བྱབ་སྔགས་ཀྱི་གཞུང་སྔར་བཤད་པ་ལས་ཕྱིས་ཆོ་ག་རྒྱས་པར་བཤད་པའི་མིང་སྟེ་ཆོ་ག་ཞིབ་མོ་ཞེས་བྱ། ཨུ་པ་ཙར་ཞེས་བྱ་བ་མཆོད་པའི་ཡོ་བྱད་ཀྱི་སྐབས་སུ་ནི་ཡོ་བྱད་ཅེས་གདགས། ཆོ་ག་དང་སྒྲུབ་པའི་སྐབས་སུ་ནི་བྱ་བའི་ཆོ་ག་ཞེས་གདགས། ཧོ་མ་ཞེས་


DTG204_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཧུ་དཱ་ནི་ཞེས་བྱ་སྟེ་སྦྱིན་ཞིང་མཆོད་པ་ལ་ཡང་བྱ། ཨགྣི་ཧོ་ཏྲཾ་ཛུ་ཧུ་ཡད་ཅེས་ཀྱང་འབྱུང་སྟེ། ལྷའོ་ཅོག་ལ་མཆོད་སྦྱིན་བྱ་བའི་སྒོ་དང་ཁ་མེ་ཡིན་པས་ན་མེར་སྲེག་པའི་མིང་དུ་ཡང་འདྲེན་ཏེ་སྦྱིན་སྲེག་ཅེས་བྱ། སིདྡྷི་ཞེས་བྱ་བ་སྔགས་ཀྱི་བྱང་ཆུབ་ཀྱིས་མན་ཆད་འགྲུབ་པ་དང༌། རིག་སྔགས་འཆང་ནས་ནམ་མཁའ་ལ་འགྲོ་ཞིང་ཚེ་བསྐལ་པར་ཐུབ་པ་ལ་སོགས་པ་ཅི་སྒྲུབ་པ་ཉིད་གྲུབ་པའི་མིང་སྟེ་དངོས་གྲུབ་ཅེས་བྱ། ཛམྦྷ་ན་ཞེས་བྱ་བ་སྔགས་ཀྱིས་སེམས་རྨོངས་པར་བྱེད་པའི་མིང་སྟེ་རྨུགས་བྱེད་ཅེས་བྱ། སྟམྦྷ་ན་ཞེས་བྱ་བ་སྔགས་ཀྱིས་ལུས་ཁེངས་ཤིང་ལས་བྱེད་མི་ནུས་པའི་མིང་སྟེ་རེངས་བྱེད་ཅེས་བྱ། མོ་ཧ་ན་ཞེས་བྱ་བ་སྔགས་ཀྱིས་སེམས་བླུན་ཞིང་མི་དྲན་པར་འགྱུར་བའི་མིང་སྟེ་རྨོངས་བྱེད་ཅེས་བྱ། ཨོ་ཧ་ན་ཞེས་བྱ་བ་སྔགས་ཀྱིས་སེམས་ཁྲལ་ཁྲུལ་ཁྱེར་བར་བྱེད་པའི་མིང་སྟེ་འཁྲུལ་བྱེད་ཅེས་བྱ། འདུལ་བ་ལས་འབྱུང་བའི་སྐད་ཀྱི་མིང་ལ། ཤིཀྵ་པ་ད་ཞེས་བྱ་བ་ཤིཀྵ་ནི་བི་དྱོ་བཱ་དཱ་ན་ཞེས་བྱ་སྟེ་རིག་པ་འམ་ཤེས་པ་ལེན་ཞིང་སློབ་པ་ལ་བྱ། བ་ད་ནི་རྟེན་ནམ་གཞིའི་མིང་སྟེ་ཚུལ་ཁྲིམས་ལ་བརྟེན་ནས་ཉོན་མོངས་པ་ཟད་པར་སློབ་ཅིང་སྦྱོར་བས་ན་བསླབ་པའི་གཞི་ཞེས་བྱ། ཤཱི་ལ་ཞེས་བྱ་བ་ཤཱི་ལས་མཱ་དྷཽ་ཞེས་འབྱུང་སྟེ། ལེགས་པར་སྤྱོད་པ་ལ་ཞུགས་ཤིང་ཚུལ་ཁྲིམས་དམ་པོར་བསྲུངས་བས་མི་དགེ་བ་སྤངས་པའི་མིང་ལ་བྱ། ཡང་གཅིག་ཏུ་ན་ཤཱི་ཏ་ལ་ཏྭཱ་ཙྴཱི་ལ་ཞེས་ཀྱང་བྱ་སྟེ། ཉོན་མོངས་པའི་གདུང་བཞི་ཞིང་བསིལ་བར་གྱུར་པའི་མིང་ཡང་ཡིན་ཏེ། དངོས་སུ་ན་དང་ཚུལ་གྱིས་མི་དགེ་བ་ལ་མི་སྤྱོད་ཅིང་ཁྲིམས་སྲུང་བའི་མིང་སྟེ་ཚུལ་ཁྲིམས་ཞེས་བྱ། སཾ་བར་ཞེས་བྱ་བ་ལུས་དང་ངག་དང་ཡིད་གསུམ་མི་དགེ་བ་མི་བྱེད་དེ་སྡོམ་ཞིང་སྲུང་བའི་མིང་ཡང་ཡིན་པས་ན་སྡོམ་པ་ཞེས་བྱ། དྷཱུ་ཏ་གུ་ཎ་ཞེས་བྱ་བ་ནི་དྷོ་ཏ་གུ་ཎ་ཞེས་འབྱུང་བ་སྟེ། དགོན་པ་ན་གནས་པ་དང་བསོད་སྙོམས་ལེན་པ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་སྦྱངས་ཏེ་དག་ཅིང་གསལ་བར་བྱ་བའི་མིང་ཡིན་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱ། སན་ལེ་ཁ་ཞེས་བྱ་བ་ལི་ཁ་བི་ལེ་ཁ་ན་ཞེས་བྱ་སྟེ། དགེ་སྦྱོང་གི་ཡོ་བྱད་ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ་མ་གཏོགས་པ་སྤངས་ཤིང༌། བྱ་བའི་མགོ་བསྙུངས་ཏེ་མི་འགྱུར་བར་ལུགས་གཅིག་ཏུ་སྤྱོད་པའི་མིང་ཡིན་པས་ན་ཡོ་བྱད་བསྙུངས་པ་ཞེས་བྱ། བོ་ཥདྷ་ཞེས་བྱ་བ་པོ་ཥ་ནི་པུ་ཥྞ་ཏེ་དགེ་བ་


DTG204_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ཞིང་རྒྱས་པར་བྱེད་པ་ལ་བྱ། དྷ་ནི་དྷ་བ་ག་ཏི་ཤུདྡྷཽ་ཞེས་བྱ་སྟེ། རྒྱུག་པ་འམ་དག་པར་བྱེད་པ་ལྟ་བུ་ལ་བྱ། སྤྱིར་ན་དུས་དྲུག་ཏུ་ཁྲིམས་བརྒྱད་ནོད་པ་དང༌། དགེ་སློང་ཁྲིམས་ཀྱི་ཡན་ལག་ལས་ཉམས་པ་རྣམས་གསོ་ཞིང་སྦྱོང་བའི་མིང་སྟེ་གསོ་སྦྱོང་ཞེས་བྱ། བཪྵོ་པ་ན་ཡི་ཀ་ཞེས་བྱ་བ། ཨུ་པ་ན་ཡ་ཏི་ས་པྲ་བ་ཡ་ཏི་ཞེས་བྱ་སྟེ། བ་ཪྵོ་ནི་དབྱར། ཨུ་པ་ནཱ་ཡི་ཀཱ་ནི་ཕྲད་པར་བྱེད་པ་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་དགེ་འདུན་ལས་སུ་བསྒོ་བ་དང་ཁྲིམས་སུ་བྱ་བ་དང་མལ་ཆ་བསྒོ་བ་ལ་སོགས་པ་བྱ་བ་ནས་ཚེས་བཅུ་དྲུག་ལ་དབྱར་གནས་པར་བྱིན་གྱིས་རློབ་པའི་ཆོ་ག་བྱེད་པ་དང༌། སྦྱོར་བས་ན་སྦྱོར་ཞིང་གནས་པར་དམ་འཆའ་བའི་མིང་སྟེ། དབྱར་སྦྱོར་ཞེས་བྱ། བཪྵོ་པ་ག་ཏི་ཞེས་བྱ་བ། བ་རི་ཥ་ནི་དབྱར། ཨུ་པ་ག་ཏི་ནི་ཁས་ལེན་པ་སྟེ། གཙུག་ལག་ཁང་ངམ་གནས་དེ་ནས་གུད་དུ་མི་འཕགས་པར་གནས་པར་དམ་འཆའ་ཞིང་ཆོ་ག་བྱ་བའི་མིང་སྟེ། དབྱར་གནས་པར་དམ་བཅས་པ་ཞེས་བྱ། པྲ་བཱ་ར་ཎཾ་ཞེས་བྱ་བ་པྲ་མུཀྟ་བ་ར་ཎ་ཞེས་བྱ་སྟེ། དབྱར་གནས་པར་དམ་བཅས་པའི་ཚེ་ཐོས་པ་དང་མཐོང་བ་དང་དོགས་པས་རྒོལ་ཞིང་རྩོད་དུ་མི་གནང་བ་ལས་སྐབས་ཕྱེ་བས་ན་དགག་དབྱེ་ཞེས་བྱ། ཀ་ཋི་ནཱ་སྟ་ར་ཞེས་བྱ་བ་ཀ་ཋི་ན་ནི་སྲ་བ་སྟེ་ཆོས་གོས་མི་འཁུམ་པར་བརྐྱང་བའི་གཏན་པ་དང་འདྲ་བར། ཆོས་གོས་སུམ་ཕྲུགས་གཅིག་ལ་བྱིན་གྱིས་བརླབས། དགེ་འདུན་དབྱར་གནས་པར་དམ་བཅས་པ་རྣམས་ཀྱིས་ཆོས་གོས་ཟླ་བ་ལྔ་བའི་བར་དུ་ལྷག་པ་དང་བྲལ་བ་དང་ཁ་ཟས་སྔ་དྲོ་ཡང་དང་ཡང་ཟ་བ་དང༌། སོ་སོར་འདུས་ཤིང་ཟ་བ་ལ་སོགས་པ་ལྟུང་བར་མི་འགྱུར་བར་བརྟན་པར་ཐུབ་ཅིང་བག་བརྐྱད་པའི་མིང་སྟེ་སྲ་བརྐྱང་ཞེས་བྱའོ། །ཨསྟ་ར་ནི་ཆོས་གོས་བཀྲམ་པ་འམ་བཏིང་བ་དང་འདྲ་བར་ཀུན་ལ་ཁྱབ་པའི་མིང་སྟེ་བཏིད་བ་ལ་བྱ། བསྡུས་ན་སྲ་བརྐྱང་བཏིང་བར་བཏགས། གནོད་སྦྱིན་ལ་སོགས་པའི་མིང་ལ། ཡཀྵ་ཞེས་བྱ་བ་བྱཱ་ཀ་ར་ཎ་ལས་ཡཀྵ་པཱུ་ཛ་ཡིན་ཞེས་འབྱུང་སྟེ། ཀུན་གྱིས་མཆོད་ཅིང་སྦྱིན་པ་ལ་བྱ། ཚིག་གཞིན་དུ་དྲངས་ན་ཡ་ཀ་ཙིད་ཀྵིནྣནྟཱ་ཏ་ཡཀྵ་ཞེས་བྱ་སྟེ། ཡ་ཀ་ཙི་ད་ནི་སུ་ཡང་རུང་བ་ལ་བྱ། ཀྵིནྣནཱ་ཏཱི་ནི་གནོད་པར་བྱེད་པ་ལ་བྱ་སྟེ། གཉི་གའི་དོན་དང་སྦྱར་ནས་གནོད་སྦྱིན་དུ་བཏགས། རཱ་བ་ཎ་ཞེས་བྱ་བ་


DTG204_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ནི་ཤཔྡ་ཡིན་ལ། ར་བ་ཎ་སྱ་པཏྟྱན་རཱ་པ་ཎ་ཞེས་བྱ་སྟེ། སྐད་སྒྲོག་ཅིང་འབྱིན་པའི་བུ་ཡིན་པས་ན་སྒྲ་སྒྲོགས་ཀྱི་བུ་ཞེས་བྱ། རཱཀྵས་ཞེས་བྱ་བ་ར་བ་ཎ་དང༌། བི་བྷི་ཥ་ན་ལ་སོགས་པ་མི་ལ་གནོད་པར་བྱེད་པའི་སྲིན་པོ་ལ་བྱ་བས་ན་སྲིན་པོ་ཞེས་བྱ། པི་ཤཱ་ཙ་ཞེས་བྱ་བ་པི་ཤཱ་ཙ་མཥྚ་ཏཱི་ཏི་པི་ཤཱ་ཙ་ཞེས་བྱ་སྟེ། ཡི་དྭགས་སྨད་རིགས་མི་ཤ་ལ་སོགས་པ་རྗེ་ན་པར་ཟ་བས་ན་ཤ་ཟ་ཞེས་བྱ། ཀ་ཊ་པུ་ཏ་ན་ཞེས་བྱ་བ་གདོན་གྱི་མིང་སྟེ། ཀ་ཊ་ནི་ལུས། པུ་ཏ་ནི་རུལ་བར་བྱེད་པ་ཡིན་པས་ན་ལུས་སྲུལ་པོ་ཞེས་བྱ། སྐནད་ཏ་ཞེས་བྱ་བ་སྐནད་ཏི་ཤོ་ཥ་ཡོ་ཞེས་བྱ་སྟེ། མ་ཧཱ་དེ་བའི་སྲས་ཀཱརྟ་ཀའི་མཚན་གྱི་སྐབས་སུ་ནི་ཕྱི་འགྲོ་ཞེས་བྱ། གདོན་གྱི་སྐབས་སུ་ནི་སྐེམས་བྱེད་ཅེས་བྱ། ཨུནྨཱ་ད་ཞེས་བྱ་བ་སེམས་མི་དྲན་ཞིང་མྱོས་པར་བྱེད་པའི་གདོན་ཡིན་པས་སྨྱོ་བྱེད་ཅེས་བྱ། ཙྪ་ཡ་ཞེས་བྱ་བ་གྲིབ་མས་མི་དག་ལ་གནོད་པ་དང༌། གདོན་གྱིས་མིའི་གྲིབ་མ་གནོན་ཞིང་གནོད་པར་བྱེད་པས་ན་གྲིབ་གནོན་ཞེས་བྱའོ། །ཨ་པ་སྨ་ར་ཞེས་བྱ་བ་དྲན་པ་ཉམས་ཤིང་བརྒྱལ་བར་བྱེད་པའི་གདོན་གྱི་མིང་སྟེ་བརྗེད་བྱེད་ཅེས་བྱ། ཨོ་སྟ་ར་ཀ་ཞེས་བྱ་བ་ཨུ་ར་སི་ཙྪ་ད་ནི་ཞེས་བཤད་དེ་ཉལ་བ་ལ་བྲང་ནས་གནོན་ཞིང་གནོད་པར་བྱེད་པས་ན་གནོན་པོ་ཞེས་བཏགས། པཉྩི་ཀ་ཞེས་བྱ་བ་བུ་ལྔ་བརྒྱ་དང་འགྲོགས་ཏེ་རྩེ་བ་དང༌། ཆོ་ལོ་ལྔས་རྩེ་བའི་མིང་སྟེ་ལྔས་རྩེ་ན་ཞེས་བྱ། ཌཱ་ཀི་ནཱི་ཞེས་བྱ་བ་ཌིཾ་བི་ཧ་ཡ་སི་ག་ཏོ་ཞེས་བྱ་སྟེ། སྔགས་གྲུབ་པ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་ཐོབ་པའི་མིང་སྟེ་མཁའ་འགྲོ་མ་ཞེས་བྱ། བེ་ཏཱ་ཌ་ཞེས་བྱ་བ་མི་ཤི་བའི་རོའི་ནང་དུ་གདོན་ཞུགས་ཏེ་གནོད་པར་བྱེད་པས་ན་རོ་ལངས་ཞེས་བྱ། མུ་སྟེགས་ཅན་གྱིས་བདག་ཏུ་བརྗོད་པའི་རྣམ་གྲངས་ལ། ཨཱཏྨ་ནི་པ་ར་མཱཏྨ་ལ་ཞེས་བྱ་སྟེ། བདག་ཅེས་བྱ་བ་ལུས་གཙོ་བོའི་ཕུང་པོ་འདི་བོར་ནས་ཕུང་པོ་གཞན་ལེན་ཅིང་དངོས་པོ་རྟག་ལ་ཕུང་པོ་གཞན་འདོར་བ་ནི་སྦྲུལ་གྱི་པགས་པ་བརྗེས་པ་དང་འདྲ་བར་འདོར་ཏེ། ང་དང་ང་ཡིར་འཛིན་པའི་གཞི་ཡིན་པས་ན་བདག་ཅེས་བྱ། སཏྭ་ནི་མུ་སྟེགས་ཅན་གྱི་ས་བདག་ཏུ་བརྟགས་པའི་བྱེ་བྲག་ཡིན་ཏེ་སེམས་ལ་བདག་ཡིན་པར་འཛིན་ཅིང་སེམས་ཀྱི་རྒྱུད་ལ་མི་འཆད་པར་འདོད་པས་ན་སེམས་ཅན་ཞེས་བྱ། ཛཱི་བ་ནི་ཇི་སྲིད་དུ་ལུས་འཚོ་བ་དེ་སྲིད་དུ་སྲོག་ཅེས་བྱ་བའི་བདག་དེ་ལུས་ལ་གནས། ལུས་


DTG204_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ནས་རྫ་བཅག་པའི་བྱེའུ་དང་འདྲ་བར་འབྱུང་སྟེ་འགྲོ་བས་ན་སྲོག་འཛིན་པའི་མིང་སྟེ་སྲོག་ཅེས་བྱ། ཛནྟུ་ཛ་ཡ་ཏ་ཨི་ཏི་ཛནྟུ་ཞེས་བྱ་སྟེ། བདག་ཚེ་རབས་ཀུན་དུ་སྐྱེ་ཞིང་འབྱུང་བས་ན་སྐྱེ་བ་ཞེས་བྱ། པོ་ཥ་ནི་ལུས་དང་འགྲོ་བའི་རྒྱུད་བདག་འདིས་གསོས་ཤིང་བསྐྱེད་དེ་ཡོད་པར་བྱས་པས་ན་གསོ་བ་ཞེས་བྱ། བུ་རུ་ཥ་ནི་སྐྱེས་བུ་མགོ་སྟོང་ཡོད་པ་ཞིག་རིག་བྱེད་ཀྱི་སྒྲ་འདོན་ཞིང་བརྗོད་པ་ཞིག་ཡོད་པ་སྐད་འབྱུང་བ་དང༌། སྐྱེས་བུ་རྩལ་དང་ལྡན་པ་ཞིག་ཁོད་ན་ཡོད་པར་འདོད་པ་ལ་བྱ་བས་ན་སྐྱེས་བུ་ཞེས་བྱ། པུཾ་ག་ལ་ནི་པུ་ནཿཔུ་ནརྒ་ཏི་ཤུ་ལི་ཡ་ཏ་ཨི་ཏི་ཞེས་བྱ་སྟེ། ཡང་དང་ཡང་ལྷ་དང་མི་ལ་སོགས་པའི་རྒྱུད་དུ་སྐྱེ་ཞིང་སྦྱོར་བས་ན་ཡང་སྦྱོར་བ་ཞེས་ཀྱང་བྱ། པུརྻ་ཏེ་གལ་ཏེ་ཙེ་པ་པུཾ་ག་ལ་ཞེས་ཀྱང་བྱ་སྟེ། སྐྱེས་ནས་དར་གྱི་བར་དུ་ནི་གང༌། དར་ཡོལ་ནས་ཤི་བའི་བར་དུ་ནི་ཟག་པ་ལ་ཡང་བྱ་སྟེ། ཚིག་འདི་གཉིས་ཀར་ཡང་དྲང་དུ་རུང་གིས་ཀྱང་སྔན་ཆད་མིང་དུ་བཏགས་ཏེ་གྲགས་པ་བཞིན་དུ་བཞག་ནས་གང་ཟག་ཅེས་བཏགས། མ་ནུ་ཛ་ནི་མ་ནོ་ཛྛཱ་ཏཏྟྭཱད་ཅེས་བྱ་སྟེ། སྐྱེ་དགུའི་བདག་པོ་ཤེད་ཅེས་བྱ་བ་ལས་བྱུང་བས་ན་ཤེད་ལས་སྐྱེས་ཞེས་བྱ། མ་ན་པ་ཏི་མ་ནོཏྤ་ད་ཏྱཾ་ཞེས་བྱ་སྟེ། མུ་སྟེགས་ཅན་གྱི་གཞུང་གིས་སྐྱེ་དགུའི་བདག་པོ་འཇིག་རྟེན་ཐམས་ཅད་བསྐྱེད་པ་དེ་ལས་བྱུང་བ་ལ་བྱ། བོད་ལ་ཡང་ཤེད་ཀྱིས་ཀྱང་བསྐལ། ཤེད་ཀྱིས་ཚེ་བསྐལ་ཏེ་བྱེད་པའི་མཁན་པོ་ཤེད་ཀྱིས་བྱས་པ་སྐད་དུ་བྱུང་བས་ན་ཤེད་བུར་བཏགས། ཀཱ་ར་ཀ་ནི་མུ་སྟེགས་ཀྱི་གཞུང་ལས་སྐྱེ་བ་དང་འཇིག་པ་ལ་སོགས་པ་ཐམས་ཅད་བདག་རྟག་པས་བྱས་པར་འདོད་པས་ན་བྱེད་པ་པོ་ཞེས་བྱ། ཀ་ར་བརྟི་ཀ་ནི་བདག་ཅེས་བྱ་བ་རྟག་པ་དེས་དགེ་བ་དང་མི་དགེ་བའི་ལས་ཀུན་བྱེད་དུ་འཛུད་པས་ན་བྱེད་དུ་འཇུག་པ་པོ་ཞེས་བྱ། བེད་ཀ་ནི་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་མྱོང་བར་བྱེད་པས་ན་ཚོར་བ་པོ་ཞེས་བྱ། ཛ་ན་ཀ་ནི་བདག་གཙོ་བོར་གྱུར་ཏེ་དབང་པོ་དང་ཡིད་དང་ཡུལ་དུ་ཕྲད་པ་ལས་ཤེས་པར་འགྱུར་བར་བཤད་པས་ན་ཤེས་པ་པོ་ཞེས་བྱ། པ་ཤྱ་ཀ་ནི་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་ཐམས་ཅད་མཐོང་བ་ཡང་བདག་ཅེས་བྱ་བའི་མཐུ་ཡིན་པས་ན་མཐོང་བ་པོ་ཞེས་བྱ། ཨུཏྠཱ་པ་ཀ་ནི་ཕུང་པོ་སློང་ཞིང་སྐྱེད་པས་ན་སློང་བ་པོ་ཞེས་བྱ། ས་མུཏྠཱ་པ་ཀ་ཞེས་བྱ་བ་སཾ་ནི་ས་མནྟ་ཏེ་ཀུན་ཞེས་བྱ། ཨུཏྠཱ་པ་ཀ་ནི་ཚིག་


DTG204_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཏུ་སྨོས་པ་དང་སྦྱར་ཏེ་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ཀུན་སྐྱེད་པས་ན་ཀུན་ནས་སློང་བ་པོ་ཞེས་བྱ། དུད་འགྲོའི་རྒྱུད་ལ། ཏིརྻ་ཀ་ཙ་ཞེས་བྱ་བ། ཏིརྻ་ཨཉྩ་ཏཱི་ཏི་ཏིརྻཉྩི་ཞེས་བྱ་སྟེ་མི་ལྟར་འགྲེང་སྟེ་འགྲོ་བ་མ་ཡིན་པ་ཕྱུགས་ཀྱི་ཁམས་སུ་གཏོགས་པ་དུད་དེ་འགྲོ་བས་ན་དུད་འགྲོ་ཞེས་བྱ། ག་རུ་ཌ་ཞེས་བྱ་བ་ཁྱུང་གི་མིང་སྟེ་ནམ་མཁའ་ལྡིང་ཞེས་བྱ། ཏཱ་རཀྵ་ཁྱུང༌། སུ་པརྞ་འདབ་བཟང༌། ག་རུ་ཌ་འདབ་ཆགས་ཞེས་བྱ། འདི་རྣམས་མ་འདོམ་ན་ཐམས་ཅད་ནམ་མཁའ་ལྡིང་དུ་གདགས། ཀིནྣ་ར་ཞེས་བྱ་བ་དུད་འགྲོ་རྫུ་འཕྲུལ་ཅན་གྱི་མིང་སྟེ། བྱད་གཟུགས་མི་དང་ཡུད་ཀྱིས་འདྲ་བས་ན་མི་འམ་ཅི་ཞེས་བྱ། མ་ཧོ་ར་ག་ཞེས་བྱ་བ་མ་ཧཱ་ནི་ཆེན་པོ། ཨུ་ར་ག་ནི་ལྟོས་འགྲོ་བ་ལ་བྱ་སྟེ། ཀླུ་འབྲུག་གི་ཁམས་སུ་གཏོགས་པ་སྟེ། སྦྲུལ་ཆེན་པོ་ཡིན་པས་ན་ལྟོ་འཕྱེ་ཆེན་པོ་ཞེས་བྱ། བཱ་སུ་ཀི་ཞེས་བྱ་བ་བཱ་སུ་ཀ་པཏྟྱེ་ན་བཱ་སུ་ཀི་ཞེས་བྱ་སྟེ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཞེས་བྱ་སྟེ། ཏཱ་ལ་ཧ་ཀ་ཀ་ཞེས་བྱ་བ་རྟ་རིན་པོ་ཆེ་སྔོ་སྐྱའི་མིང་སྟེ། སྦྲིན་གྱི་ཤུགས་ལྟར་མགྱོགས་པས་ན་སྦྲིན་གྱི་ཤུགས་ཅན་ཞེས་བྱ། ཨཻ་རཱ་བ་ཏི་ཞེས་བྱ་བ་ཨི་ར་ནི་ས། ཨ་བ་ཏི་ནི་སྲུང་བ་དེའི་བུ་ཡིན་པས་ན་གླང་པོ་ས་སྲུང་གི་བུ་ཞེས་བྱ། གླིང་བཞི་དང་འཇིག་རྟེན་བཤད་པ། པཱུརྦ་བི་དེ་ཧ་ཞེས་བྱ་བ་པཱུརྦ་ནི་ཤར་ཕྱོགས་ལ་བྱ། བི་ནི་བི་ཤིཥྚ་སྟེ་བྱེ་བྲག་ཏུ་འཕགས་པ་དང་བཟང་པོ། དེ་ཧ་ནི་ལུས་འཕགས་ཏེ། ལུས་འཕགས་པར་བཟང་བ་ལ་མིང་དུ་བཏགས་པས་ན་ཤར་གྱི་ལུས་འཕགས་ཞེས་བྱ། ཛམྦུ་དྭཱི་པ་ཞེས་བྱ་བ་ཛམྦུ་ནི་ལྷོ་ཕྱོགས་ཀྱི་གླིང་འདིའི་བྱང་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་ཤིང་ཆེན་པོ་ཛམྦུ་ཞེས་བྱ་བ་ཤིང་ཏོག་རྫ་མ་ཙམ་ཆགས་པའི་འབྲས་བུ་ཆུའི་ནང་དུ་ལྷུང་བ་རྣམས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དེ། དེ་ལ་མཚན་མར་བཙུགས་ཏེ་མིང་དུ་བཏགས་པས་ན་ཛམྦུའི་གླིང་ཞེས་བཏགས། ཨ་བ་ར་གོ་དཱ་ནི་ཡ་ཞེས་བྱ་བ་ཨ་བ་ར་ནི་ནུབ་ཕྱོགས། གོ་ནི་བ་ལང༌། དཱ་ནི་སྦྱིན་ཞིང་སྤྱོད་པ་སྟེ། དེ་ལ་བ་ལང་ལྷག་པར་མང་ཞིང་སྤྱོད་པ་ལས་མིང་དུ་བཏགས་ཏེ་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ། ཨུཏྟ་ར་ཀུ་རུ་ཞེས་བྱ་བ་ཨུཏྟ་ར་ནི་བྱང་ཕྱོགས། ཀུ་ནི་ཀུཾ་སི་ཏ་ཏེ་ངན་པ། རུ་ནི་ར་བ་སྟེ་སྒྲ། བྱང་ཕྱོགས་ཀྱི་གླིང་དེ་ན་མིའི་སྐད་དུ་སྨྲ་བ་མེད་དེ་སྐད་ངན་པས་བརྡ་བྱེད་པ་ལ་ཡང་བྱ། ཡང་སྔོན་


DTG204_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁན་པོ་ཁ་ཅིག་གི་བཤད་པ་ལས་བྱང་ཕྱོགས་ཀྱི་གླིང་གི་མི་ལོ་སྟོང་ཐུབ་པས་སྒྱིད་ཅིང་བདེ་བ་ལས་འཆི་ཀར་སྒྲ་མི་སྙན་པ་འབྱུང་སྟེ་དུས་ལས་འདའ་འོ་ཞེས་ཀྱང་འཆད་དེ། སྤྱིར་གཉིས་ཀ་དང་སྦྱར་ན་མཐུན་ཏེ་བྱང་གི་སྒྲ་མི་སྙན་དུ་བཏགས། ལོ་ཀ་ཞེས་བྱ་བ་ལུ་ཛྱ་ཏ་ཨི་ཏི་ཞེས་བྱ་སྟེ། སེམས་ཅན་ལ་སོགས་པ་འཆི་ཞིང་མི་རྟག་ལ་འཇིག་པའི་གཞི་ཡིན་པས་ན་འཇིག་རྟེན་ཞེས་བྱ། ཡུལ་དང་མཐོ་རིས་ཀྱི་ཤིང་གི་མིང་ལ། ཤྲ་བ་སྟི་ཞེས་བྱ་བ་དྲང་སྲོང་མཉན་པོ་ཞེས་བྱ་བ་དང༌། དྲང་སྲོང་ཡོད་པ་ཞེས་བྱ་གཉིས་ཀྱིས་གྲོང་ཁྱེར་འདི་དང་པོ་བཙུགས་པ་ཡིན་པས་ན་མཉན་ཡོད་ཅེས་བྱ། ནཻ་རྲྀ་ཏི་དི་ཤ་ཞེས་བྱ་བ་ནི་རྒ་ཏི་རྀ་ཏ་ཞེས་བྱ་སྟེ། ནིར་ནི་བྲལ་བ། རྀ་ཏ་ནི་བདེན་པ་སྟེ་སྲིན་པོའི་རྒྱལ་པོ་བདེན་བྲལ་ཞེས་བྱ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་གནས་པའི་ཕྱོགས་སྐྱོང་གི་མིང་སྟེ། བདེན་བྲལ་གྱི་ཕྱོགས་ཞེས་བྱ། པཱ་རི་ཡཱ་ཏྲ་ཀོ་བི་དཱ་ར་ཞེས་བྱ་བའི་སྒྲ་ལས་དྲངས་ན་པཱ་རི་ཡཱ་ཏྲ་ནི་པརཱི་ཏི་ས་མནྟ་ཡཱ་ཏྲ་སྟེ། ལྷའི་སྤོས་ཀྱི་ཤིང་བཟང་པོའི་དྲུང་དུ་ལྷ་ཐམས་ཅད་འདུས་ཏེ་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱའི་བར་དུ་དྲི་ཞིམ་པོའི་ངད་ལྡང༌། རྫི་ཕྱོགས་མ་ཡིན་པའི་ལོགས་སུ་ནི་དཔག་ཚད་ལྔ་བཅུའི་བར་དུ་དྲི་ཞིམ་པོའི་ངད་ལྡང་བའི་ཤིང་གི་མིང་སྟེ་ཡོངས་སུ་འདུ་ཞེས་བྱ། ཀོ་བི་དཱ་ནི་ཀུཾ་བི་དཱ་ར་ཡ་ཏི་བ་ཞེས་བྱ་སྟེ། སྤོས་ཀྱི་ཤིང་ཆེན་པོ་ཡལ་ག་མང་ཞིང་སྡོང་པོ་ཆེ་བས་ས་ཆེན་པོ་བརྟོལ་ཏེ་འབྱུང་བ་དང་འདྲ་བས་ས་བརྟོལ་ཞེས་བྱ་སྟེ། བསྡུས་པས་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ། འདོད་པའི་ཁམས་ཀྱི་གནས་ཀྱི་མིང་ལ། བྷཽ་མ་ཞེས་བྱ་བ་བྷཽ་མཽ་བྷཽ་མ་ཞེས་བྱ་སྟེ། ས་ལ་བརྟེན་པའི་གནོད་སྦྱིན་གྱི་མིང་སྟེ་ས་བླ་ཞེས་བྱ། ཨནྟ་རི་ཀྵ་བཱ་སི་ཞེས་བྱ་བ་ཨནྟ་རི་ཀྵ་བར་སྣང་ལ་བྱ། བཱ་ས་གནས་པ་ལ་བྱ་སྟེ། ཉི་ཟླ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིའི་རིས་སུ་གཏོགས་པ་ཁ་ཅིག་ནམ་མཁའ་ལ་རྒྱུ་བ་ལྟར་སྣང་བས་ན་བར་སྣང་ལ་གནས་པ་ཞེས་བྱ་སྟེ། ཙ་ཏུ་རྨ་ཧཱ་རཱ་ཛ་ཀཱ་ཡི་ཀ་ཞེས་བྱ་བ་ཙ་ཏུ་ར་ནི་བཞི། མ་ཧཱ་རཱ་ཛ་ནི་རྒྱལ་པོ་ཆེན་པོ། ཀཱ་ཡ་ནི་ཚོགས་པ་འམ་གནས་སམ་རིས་ལ་བྱ། ཨི་ཀ་ནི་ཚིག་གོང་མའི་རྐྱེན་དུ་སྦྱར་བ་ཡིན་ཏེ། སྤྱིར་ན་རིས་དེན་སྤྱོད་ཅིང་གནས་པ་ལ་བྱ་སྟེ། རྒྱལ་པོ་ཆེན་པོ་བཞིས་རིས་སུ་གཏོགས་པ་ལག་ན་གཞོང་ཐོགས་དང༌། ཕྲེང་ཐོགས་དང༌།


DTG204_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་མྱོས་དང༌། རྒྱལ་པོ་ཆེན་པོ་བཞིའི་འཁོར་དང་འདི་བཞི་ལ་བྱ་སྟེ། ཚིག་སྤྱིར་བསྡུས་ན་རྒྱལ་ཆེན་བཞིའི་རིས་ཞེས་བྱ། ཏྲ་ཡསྟྲིངྴ་ཞེས་བྱ་བ་ཏྲ་ཡ་ནི་གསུམ། སྟྲིངྴ་ནི་སུམ་ཅུ་སྟེ། འཇིག་རྟེན་གྱི་གཙུག་ལག་ལས་ནི་མཐོ་རིས་རི་རབ་ཀྱི་སྟེང་ན་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་བཞུགས་ཏེ། དྲག་པོ་བཅུ་གཅིག་དང༌། ཉི་མ་བཅུ་གཉིས་དང༌། ནོར་ལྷ་བརྒྱད་དང༌། ཐ་སྐར་གྱི་བུ་གཉིས་དང་སུམ་ཅུ་རྩ་གསུམ་བཞུགས་པས་ན་སུམ་ཅུ་རྩ་གསུམ་པ་ཞེས་བྱ། ཆོས་མངོན་པ་ལས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ན་གཡས་གཡོན་གཉིས་ཀྱི་གྲལ་དུ་ཉེ་བའི་དབང་པོ་བཅུ་དྲུག་བཅུ་དྲུག་སེང་གེའི་ཁྲི་ལ་བཞུགས་པ་དང༌། གུང་ན་ལྷའི་དབང་པོ་བརྒྱ་བྱིན་སེང་གེའི་ཁྲི་ལ་བཞུགས་ཏེ་སྤྱིར་ན་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་བཞུགས་པ་ལས་བཏགས་ཏེ་ཞེས་འབྱུང༌། སྒྲ་བཞིན་དུ་སུམ་ཅུ་རྩ་གསུམ་པ་ཞེས་བྱ། ཡཱ་མ་ཞེས་བྱ་བ་ཨ་སུ་ར་བི་བྷ་དྦྷ་ཡ་ཡ་ཏ་ཨ་པ་ཡ་ཏ་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གསུམ་པའི་རིས་མན་ཆད་ན་ལྷ་མ་ཡིན་གྱིས་འཐབ་པའི་འཇིགས་པ་དང་མ་བྲལ་ལ། འདི་ཡན་ཆད་ནི་ལྷ་མ་ཡིན་དང་འཐབ་པའི་འཇིགས་པ་ལས་འདས་ཏེ་བྲལ་བས་འཐབ་བྲལ་ཞེས་བཏགས་ཏེ། བསོད་ནམས་ཀྱིས་ཕྱིན་པ་དང༌། མེལ་ཚེ་ཐུན་རེ་རེ་ལ་སྐོམས་ཤིང་སྐུལ་བ་སྐད་འབྱུང་བ་དང༌། སྔོན་མཚེ་མ་དང་ཟུང་མ་ཞེས་བཏགས་པ་ནི་ཡི་གེ་གཞུང་དང་སྦྱར་ན་གཏན་ཚིགས་མི་ཆེ་བར་འགྱུར་ཏེ་མི་བཙན་པར་བྱས་སོ། །ཏུ་ཥི་ཏ་ཞེས་བྱ་བ་ཏུ་ཥ་ནི་པྲི་ཏོ་ཞེས་བྱ་བ་དགའ་བ། ཨི་ཏ་ནི་པྲཱཔྟ་སྟེ་འཐོབ་པའམ་ལྡན་པ་སྟེ། ཆོས་ཀྱི་དགའ་བ་དང་བདེ་བ་ལྷག་པར་ཆེ་བས་ན་དགའ་ལྡན་ཞེས་བྱ། ནི་རྨཱ་ཎ་ར་ཏི་ཞེས་བྱ་བ་སྭ་ཡནྣིརྨཱ་ཎ་ཀཱ་མན་པ་རི་བྷུ་ཉྫ་ཏ་ཞེས་བྱ་སྟེ། རང་གིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཅི་དགའ་བར་སྦྲུལ་ནས་འདོད་པའི་ཡོན་ཏན་རྣམས་ལ་སྤྱོད་པས་ན་འཕྲུལ་དགའ་ཞེས་བྱ། པ་ར་ནི་རྨི་ཏ་བ་ཤ་བརྟི་ཞེས་བྱ་བ་པ་ར་ནི་རྨི་ཏཱ་བྷོ་ག་ན་བ་ཤེ་ན་བརྟ་ཡི་ཏུཾ་ཤཱི་ལ་ཞེས་བྱ་སྟེ། གཞན་གྱིས་འདོད་པའི་ལོངས་སྤྱོད་སྤྲུལ་པ་རྣམས་ལ་ཕན་ཚུན་སྤྱོད་པར་དབང་བྱེད་པས་ན་གཞན་འཕྲུལ་དབང་བྱེད་ཅེས་བྱ། བསམ་གཏན་དང་པོའི་སའི་མིང་ལ། བྲཧྨ་ཀཱ་ཡི་ཀ་ཞེས་བྱ་བ། བྲཧྨ་ནི་ཚངས་པ།


DTG204_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡི་ཀ་ནི་རིས་སུ་གཏོགས་པ་སྟེ། འདོད་པའི་ཁམས་ལས་ཐར་ནས་བསམ་གཏན་དང་པོའི་སར་ཕྱིན་པའི་མིང་ཡིན་ཏེ་ཚངས་རིས་ཞེས་བྱ། བྲཧྨ་པུ་རོ་ཧི་ཏ་ཞེས་བྱ་བ། བྲཧྨ་ཎ་པུ་རོ་དྷི་ཡ་ཏེ་ཞེས་བྱ་སྟེ། ཚངས་པ་ཆེན་པོའི་མདུན་དུ་རྟག་ཏུ་འདུག་ལ་ཚིག་འདོན་ཞིང་སྨྲ་བས་ན་ཚངས་པ་མདུན་ན་འདོན་ཞེས་བྱ། བྲ་ཧྨ་པ་རི་ཥཱ་དྱ་ཞེས་བྱ་བ་བྲཧྨ་ཎ་པ་རི་ཙཱ་ར་ཀ་ཞེས་བྱ་སྟེ། ལྷའི་རིས་དེའི་ཚངས་པ་རྣམས་ཚངས་པ་ཆེན་པོའི་ཁམས་དང་ཞམ་འབྲིང་དུ་གཏོགས་པའི་ཕྱིར་ཚངས་འཁོར་ཞེས་བྱ། མ་ཧཱ་བྲ་ཧྨ་ཞེས་བྱ་བ་ཚེ་དང་བྱད་གཟུགས་དང་མདོག་ལ་སོགས་པ་ཚངས་པ་ཕལ་དང་མི་འདྲ་བར་འཕགས་ལ། མི་མཇེད་ཀྱི་འཇིག་རྟེན་གྱི་བདག་པོ་མཛད་པས་ན་ཚངས་པ་ཆེན་པོ་ཞེས་བྱ། བསམ་གཏན་གཉིས་པའི་སའི་མིང་ལ། པ་རཱི་ཏྟཱ་བྷཱ་ཞེས་བྱ་བ་བ་རཱིཏྟ་ཨེ་ཤམ་ཨ་བྷཱ་སྭ་བྷཱུ་མི་བཻཀྵྱ་ཏི་ཞེས་བྱ་སྟེ། རིས་འདི་ན་གནས་པ་འདི་བསམ་གཏན་གཉིས་པའི་ས་ལ་གནས་རིམ་པ་གསུམ་ཡོད་པའི་ཐ་མ་ཡིན་ཏེ། གོང་མ་གཉིས་ལས་འོད་ཆུང་བའི་ཕྱིར་འོད་ཆུང་ཞེས་བྱ། ཨ་པྲ་མཱ་ཎཱ་བྷཱ་ཞེས་བྱ་བ། ནཱ་བྷཱ་པྲ་མཱ་ཎ་མེ་ཤན་ཤཱཀྱ་མ་བྲ་མ་ཧུ་ན་ཞེས་བྱ་སྟེ། ལྷ་དེ་དག་གི་འོད་ས་འོག་མ་བས་ཚད་གཟུང་བར་མི་ནུས་པའི་ཕྱིར་ཚད་མེད་འོད་ཅེས་བྱ། ཨཱ་བྷཱ་སྭ་ར་ཞེས་བྱ་བ་ཨཱ་བྷཱ་ས་ནི་འོད། ཝ་ར་ནི་འོད་བྱེད་པ་འམ་གསལ་བར་བྱེད་པ་ལྟ་བུའི་ཚིག་གི་རྐྱེན་ཏེ་ལྷའི་གནས་ཀྱི་འོད་ཀྱིས་གནས་ཀུན་དུ་རྒྱས་པར་སྣང་བར་གྱུར་པས་ན་འོད་གསལ་ཞེས་བྱ། བསམ་གཏན་གསུམ་པའི་སའི་མིང་ལ། པ་རཱིཏྟ་ཤུ་བྷ་ཞེས་བྱ་བ་པ་རཱིཏྟ་ནི་ཆུང་ངུ༌། ཤུ་བྷ་དགེ་བ་སྟེ། བསམ་གཏན་གསུམ་པའི་ཡིད་ཀྱི་སའི་བ་དེ་བ་ལ་དགེ་བ་ཞེས་བྱ། བསམ་གཏན་གསུམ་པའི་ས་ལ་གནས་རིམ་པ་གསུམ་ཡོད་པའི་ཐ་མ་ཡིན་ཏེ། ས་གོང་མ་གསུམ་པས་དགེ་བ་ཆུང་བའི་ཕྱིར་དགེ་ཆུང་ཞེས་བྱ། ཨ་བྲ་མཱ་ཎ་ཤུ་བྷ་ཞེས་བྱ་བ་ལྷའི་གནས་དེར་སྐྱེས་པ་དེ་དག་གི་བདེ་བ་ས་འོག་མ་པས་ཚད་གཟུང་དུ་མེད་པའི་ཕྱིར་ཚད་མེད་དགེ་ཞེས་བྱ། ཤུ་བྷ་ཀྲྀཏྶྣ་ཞེས་བྱ་བ་ལྷ་དེ་དག་གི་དགེ་བ་ལས་ལྷག་པ་ལྷའི་རིས་མན་ཆད་གཞན་ལ་མེད་པས་དགེ་རྒྱས་ཞེས་བྱ། བསམ་གཏན་བཞི་པའི་སའི་མིང་ལ། ཨ་ན་བྷྲ་ཀ་ཞེས་བྱ་བ་བྷྲ་ཀ་ནི་སྤྲིན་ཏེ། སྤྲིན་


DTG204_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མེད་པས་ན་ཨ་ན་བྷྲཀ་ཞེས་བྱ་སྟེ་སྦྲིན་འཁྲིགས་པ་དང་འདྲ་བར་འདབ་ཆགས་པ་མེད་དེ། གཞལ་མེད་ཁང་དང་བཅས་པར་སྐྱེ་ཞིང་འཆི་འཕོ་ལ། དེ་ཡན་ཆད་ཀྱང་གནམ་གྱི་རིམ་པ་སྦྲིན་ལྟར་འགེབས་པ་མེད་པས་སྤྲིན་མེད་ཅེས་བྱ། པུཎྱ་བྲས་བ་ཞེས་བྱ་བ་པུཎྱ་ནི་བསོད་ནམས། པྲ་ས་བ་ནི་སྐྱེས་པའམ་འབྱུང་བ་ལ་བྱ་སྟེ། མི་གཡོ་བའི་བསོད་ནམས་ལས་ལྷ་དེ་དག་སྐྱེས་པས་ན་བསོད་ནམས་སྐྱེས་ཞེས་བྱ། བྲྀཧཏྥ་ལ་ཞེས་བྱ་བ་གནས་གཞན་ཡོད་པའི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཀྱི་འབྲས་བུའི་མཆོག་སྐྱེ་བས་ན་འབྲས་བུ་ཆེ་ཞེས་བྱ། གནས་གཙང་མའི་ལྷའི་མིང་ལ། ཤུབྡྷ་བཱ་ས་ཞེས་བྱ་བ་འཕགས་པའི་ལམ་གྱི་ཆུས་སེམས་ཀྱི་ཉོན་མོངས་པའི་དྲི་མ་བཀྲུས་པས་ཕྱིར་མི་འོང་བ་ལ་སོགས་པ་སེམས་ཅན་དག་པ་ཤ་སྟག་གནས་ཏེ། སོ་སོའི་སྐྱེ་བོ་དང་མ་འདྲེས་པས་ན་གནས་གཙང་མ་ཞེས་བྱ། ཨ་བྲྀ་ཧ་ཞེས་བྱ་བ་གནས་གཙང་མ་རིས་ལྔ་ཡོད་པའི་ནང་ན་ཐ་མ་ཡིན་པས་ན་མི་ཆེ་བ་ཞེས་བྱ། ཨ་ཏཱ་པ་ཞེས་བྱ་བ་ལྷའི་རིས་འདིར་སྐྱེས་པ་རྣམས་བསམ་པ་དགེ་བའི་ཕྱིར་ས་འོག་མར་སྐྱེས་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་པ་དང༌། ས་གོང་མ་མ་ཐོབ་ཀྱང་མི་དགའ་བ་མེད་པ་དང༌། ཉོན་མོངས་པའི་གདུང་བ་ཆེན་པོ་མེད་པས་མི་གདུང་བ་ཞེས་བྱ་བ་དང༌། སུ་དྲྀ་ཤ་ཞེས་བྱ་བ་ལྷའི་རིས་འདིར་སྐྱེས་པ་རྣམས་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་པའི་ཕྱིར་མིག་སྔར་མཛེས་ཤིང་བཟང་བས་ན་གྱ་ནོམ་སྣང་ཞེས་བྱ། སུ་དཪྴ་ན་ཞེས་བྱ་བ་ལྷའི་རིས་འདིར་སྐྱེས་པ་རྣམས་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཏིང་ངེ་འཛིན་སྤེལ་མར་བསྒོམས་པའི་སྒྲིབ་པ་ལྷག་མ་ཅུང་ཟད་ཅིག་ལུས་སུ་ཟད་དེ། མཐོང་བ་ཤིན་ཏུ་རྣམ་པར་དག་ཅིང་མཐོང་བས་ན་བཟང་བའི་ཕྱིར་ཤིན་ཏུ་མཐོང་བ་ཞེས་བྱ། ཨ་ཀ་ནིཥྛ་ཞེས་བྱ་བ་ཨ་ནི་མ་ཡིན་པ། ཀ་ནིཥྛ་ནི་འོག་མ་ལ་བྱ། སྤྱིར་ན་གཟུགས་ཀྱི་ཁམས་ཀྱི་དང་པོ་སྟེ། གོང་ན་གཞན་མེད་པས་འོག་མིན་ཞེས་བྱ། ཡང་མདོ་སྔ་ཁ་ཅིག་གི་ནང་ནས་ཨ་གྷ་ནིཥྛ་ཞེས་འབྱུང་སྟེ། ཨ་གྷ་ནི་རྡུལ་ཕྲ་མོ་བསགས་པ། ནིཥྛ་ནི་མཐར་ཐུག་པ་སྟེ། གཟུགས་ཀྱི་ཁམས་ཀྱི་ཡ་ཐོག་ཡིན་པས་བསགས་པའི་མཐའ་ཞེས་ཀྱང་བྱ་སྟེ་སྐབས་དང་སྦྱར་ཞིང་གདགས། མཧཱ་མ་ཧེ་ཤྭར་ཡཱ་ཏ་ན་ཞེས་བྱ་བ་འོག་མིན་གྱི་ཕྱོགས་ཀྱི་གནས་ཞིག་ན་བྱང་ཆུབ་


DTG204_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དབང་ཕྱུག་ཆེན་པོའི་ནང་ན་རྣམ་པར་སྣང་མཛད་ཆེན་པོ་བཞུགས་ཏེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པ་བསྟེན་ཞིང་མྱོང་བར་གྱུར་པའི་གནས་ཡིན་པས་ན་དབང་ཕྱུག་ཆེན་པོ་ཆེ་བའི་གནས་ཞེས་བྱ། གཟུགས་མེད་པའི་སའི་མིང་ལ་ཨཱ་ཀཱ་ཤཱ་ནནྟྱ་མ་ཞེས་སྙོམས་པར་འཇུག་པ་ལ་སྦྱོར་བའི་དུས་ན་གཟུགས་ཀྱི་འདུ་ཤེས་ལས་འདས་ཏེ། ནམ་མཁའ་མཐའ་ཡས་སོ་སྙམ་པའི་འདུ་ཤེས་འབྱུང་བས་ནམ་མཁའ་མཐའ་ཡས། ཨཱ་ཡ་ཏ་ནི་སྐྱེ་བའི་གནས་ཡིན་པས་སྐྱེ་མཆེད་དེ། བསྡུས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱང་ཚུལ་འདི་བཞིན་བཤད། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་སོགས་པའི་མིང་ལ། ཨ་བྷྱུང་ཡ་ཞེས་བྱ་བ་ལྷ་དང་མི་ལ་སོགས་པའི་གོ་འཕང་མཐོན་པོ་དང༌། དབང་ཐང་ཐོབ་པའི་མིང་སྟེ་མངོན་པར་མཐོ་བ་ཞེས་བྱ། ནིཿཤྲེ་ཡ་ཞེས་བྱ་བ་ཐར་པ་མྱ་ངན་ལས་འདས་པའི་མིང་སྟེ། སྒྲ་དང་སྦྱར་ན་ངེས་པར་ལེགས་པ་ཞེས་བྱ། ཨ་པ་བརྒ་ཡ་ཐར་པའི་མིང་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བྱང་ཞིང་བསལ་བ་ལ་བྱ་བས་ན་བྱང་གྲོལ་ཞེས་བྱ། ཨཽ་པ་དྷི་ཤེ་ཥ་ནིརྦཱ་ཎ་ཞེས་བྱ་བ། དགྲ་བཅོམ་པ་ལྟ་བུ་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས། ཕུང་པོ་ཙམ་མ་བོར་བའི་མིང་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ། ནི་རུ་པ་དྷི་ཤེ་ཥ་ནིརྦཱ་ཎ་ཞེས་བྱ་བ་ཉོན་མོངས་པ་ཐམས་ཅད་ཀྱང་སྤངས་ལ། ཕུང་པོ་ལྔའི་སྡུག་བསྔལ་གྱི་མེ་ཡང་ཞི་བར་བྱེད་པའི་མིང་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱ། པྲ་ཏི་སཾ་ཁྱཱ་ནི་རོ་དྷ་ཞེས་བྱ་བ། ཤེས་རབ་ཀྱིས་འཕགས་པའི་བདེན་པ་བཞི་སོ་སོར་བརྟགས་ནས་ཉོན་མོངས་པ་འགགས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་མིང་སྟེ། སོ་སོར་བརྟགས་པས་འགོག་པ་ཞེས་བྱ། ཨ་པྲ་ཏི་སཾ་ཁྱ་ནི་རོ་དྷ་ཞེས་བྱ་བ་རྐྱེན་མ་ཚང་བས་འགོག་གི་བརྟགས་པས་མི་འགོག་པ་སྟེ། དཔེར་ན་གཟུགས་གཅིག་ལ་མིག་གི་རྣམ་པར་ཤེས་པ་ལྷག་པར་ཞེན་ཅིང་དམིགས་པའི་སྐྱེས་བུ་གཟུགས་གཞན་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་ལ་


DTG204_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དེ་དང་དུས་གཅིག་ཏུ་འབྱུང་བའི་ཡུལ་དམིགས་སུ་དེ་མ་ཐག་པའི་རྐྱེན་མེད་པས་མི་དམིགས་པ་འདས་ཟིན་པ་ལ་ནི་དམིགས་སུ་མི་རུང་བས་ན་སེམས་དང་སེམས་ལས་བྱུང་བ་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་གྱི་གེགས་སུ་གྱུར་པའི་མིང་སྟེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ། སཾ་སྐྲྀ་ཏ་ཞེས་བྱ་བ་སམྦ་ར་མ་བྷུ་ཡ་ཧེ་ཏུ་པྲ་ཏྱ་ཡཻ་ཏྲི་ཏ་ཞེས་བྱ་བ་རྒྱུ་དང་རྐྱེན་སྣ་ཚོགས་ཤིང་འདུས་པས་བྱས་པའི་ཆོས་ཐམས་ཅད་ཀྱི་མིང་ཡིན་ཏེ་འདུས་བྱས་ཞེས་བྱ། ཨ་སཾ་སྐྲྀ་ཏ་ཞེས་བྱ་བ་ནམ་མཁའ་ལ་སོགས་པ་རྒྱུ་དང་རྐྱེན་ལས་མ་བྱུང་བའི་མིང་སྟེ་འདུས་མ་བྱས་ཞེས་བྱ། སཱ་སྲ་བ་ཞེས་བྱ་བས་ཧ་ཨཱ་སྲ་བེ་ན་བརྟྟ་ཞེས་བྱ་བ་སྟེ། སྲིད་པའི་རྩེ་མོ་མན་ཆད་མཚམས་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་རྨའི་སྒོ་དྲུག་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འབྱུང་བའི་མིང་སྟེ་ཟག་པ་དང་བཅས་པ་ཞེས་བྱ། ཨ་ནཱ་སྲ་བ་ཞེས་བྱ་བ་འདུས་མ་བྱས་གསུམ་དང་ལམ་གྱི་བདེན་པ་ཉོན་མོངས་པ་མེད་པས་ན་ཟག་པ་མེད་པ་ཞེས་བྱ། ས་མནྟ་ཏྱ་ཡ་ཞེས་བྱ་བ་སནྟི་ས་མཤྩ་སཽ་བོ་དྷ་རུ་པཏྟྱ་ན་ཞེས་བྱ་སྟེ། རྣམ་པར་ཤེས་པ་སྔ་མ་རྒྱུར་གྱུར་པ་དང༌། ཕྱི་མ་འབྲས་བུར་གྱུར་པ་གཉིས་ཤེས་པའི་རང་བཞིན་དུ་འདྲ་བས་ན་མཚུངས་པ་ཞེས་བྱ། ཨ་ནནྟ་ར་ནི་རྒྱུ་དང་འབྲས་བུ་གཉིས་གཞན་གྱིས་བར་དུ་མ་ཆོད་པ་ཞེས་བྱ། པྲ་ཏྱ་ཡ་ནི་རྐྱེན་ཡིན་ཏེ་བར་མེད་པར་མཚུངས་པའི་རྐྱེན་ཞེས་འཆད་པ་ཡང་ཡིན་ཏེ། དངོས་སུ་ན་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་སྔར་བྱུང་བའི་མིང་སྟེ། སྔོན་ཆད་དེ་མ་ཐག་པར་བཏགས་པ་ཡང་མི་འགལ་བས་དེ་མ་ཐག་པའི་རྐྱེན་ཞེས་བྱ། ར་སཱ་ཡ་ན་ཞེས་བྱ་བའི་སྒྲ་ལས་དྲངས་ན། ར་ས་ནི་བཅུད་དམ་ཉིང་ཁུ་ལྟ་བུ་ལ་བྱ། ཨཱ་ཡ་ན་ནི་ཨ་ཡ་པ་ག་ཏཽ་ལས་དྲངས་ཏེ་ཐོབ་པའམ་ལེན་པ་ལ་བྱ་སྟེ། སྤྱིར་ན་འཕྲུལ་གྱི་སྨན་གྱི་མིང་སྟེ། སྨན་བཟང་པོའི་མཐུ་དང་བཅུད་ཀྱིས་ཚེ་ལོ་གྲངས་མང་པོར་ཐུབ་པ་དང༌། གཞོན་ཞིང་ནད་མེད་པར་འགྱུར་བ་ལེན་ཅིང་འཐོབ་པར་བྱེད་པ་ཡིན་ཏེ། སྨན་བཅུད་ཀྱིས་ལེན་ཞེས་བྱ། ཙཎྱཱུ་ར་ཞེས་བྱ་བའི་སྒྲ་ལས་དྲངས་ན། ཙ་ཎ་ནི་ཙ་ཎ་ཤྲ་ཎ་ཨཱ་དཱ་ན་ཞེས་བྱ་སྟེ། ཕ་རོལ་གྱི་སྟོབས་དང་མཐུ་ལེན་ཅིང་འཕྲོག་བས་ན་སྟོབས་ལ་བྱ། ཨུ་ར་ནི་ཨུ་ཨ་གྲཱ་ཁྱཱ་ཞེས་བྱ་སྟེ། མཆོག་གམ་དམ་པ་ལ་བྱ་བས་ན་སྟོབས་མཆོག་ཅེས་བྱ། ནཱ་རཱ་ཡ་ཎ་ཞེས་བྱ་བ་ན་ར་སྱ་པཏྟྱ་ན་ནཱ་རཱ་ཡ་ཎ་ཞེས་


DTG204_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཡབ་སྲེད་མེད་ཀྱི་སྲས་ཡིན་པས་ན་སྲེད་མེད་ཀྱི་བུ་ཞེས་བྱ། ཏནྟྲ་ཀུ་ལ་ཛ་ཏ་ཞེས་བྱ་བ་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་ལ་ཆགས་པས་སེམས་ཕན་ཚུན་དུ་གཡེང་བའི་ཕྱིར་ཐག་འཁྲུག་པ་ལྟ་བུ་ཞེས་བྱ། གུ་ཌ་གུཉྫི་ཀ་བྷཱུ་ཏ་ཞེས་བྱ་བ་སྲེད་པ་དང་ལྡན་པའི་རྟོག་པ་མང་དུ་བྱེད་པས་དགྲོལ་དཀའ་བའི་ཕྱིར་དྲུ་གུ་འཛིངས་པ་ལྟ་བུ་ཞེས་བྱ། མུཉྫ་བ་ལ་བ་ཛ་ཛཱ་ཏ་ཞེས་བྱ་བ་ནོར་དང་ཁྱིམ་ལ་སོགས་པ་ཡོངས་སུ་འཛིན་པ་ལ་ཆགས་པས་སྡུག་བསྔལ་མང་པོའི་གནས་སུ་གྱུར་པའི་ཕྱིར་རྩ་འདི་གཉིས་དང་འདྲ་བར་རྣོ་ཞིང་རྩུབ་པས་ན་རྩྭ་མུཉྫ་དང་བལ་རྫ་ལྟ་བུར་གྱུར་པ་ཞེས་བྱ། ཨ་ཛ་བཉྫ་བི་སཾ་པནྣ་ཞེས་བྱ་བ། ཨ་ཛ་བ་ཉ་ནི་འོང་བ། ཛ་བི་ནི་འགྲོ་བ། སཾ་བནྣ་ནི་གྱུར་པའམ་ཞུགས་པ་ཡིན་ཏེ། འགྲོ་བ་ལྔ་ཀུན་དུ་འཁོར་ཞིང་རྒྱུ་བ་ལ་བྱ་བས་ན་འོང་བ་དང་འགྲོ་བར་གྱུར་པ་ཞེས་བཏགས། པཉྩ་ཀ་ཥཱ་ཡ་ཞེས་བྱ་བ་སྙིགས་མ་ལྔ་ཡིན་ཏེ། སྔོན་ལས་སེམས་ཅན་རྣམས་ཚེ་དང་ལྟ་བ་ལ་སོགས་པ་ཉམས་ཤིང་བྲི་སྟེ་སྨན་གྱི་ཉིང་ཁུ་བསྐུས་པའི་ཚིགས་མ་དང་འདྲ་བར་ཚེ་དང་སེམས་ཅན་དང་དུས་ནི་དམན་པར་གྱུར་ཏེ། ཉོན་མོངས་པ་དང་ལྟ་བ་ལ་སོགས་པའི་ཤས་ནི་ཕྱིར་ཞིང་སྐྱེས་པས་ན་སྙིགས་མ་ལྔ་ཞེས་བྱ། མ་ཧཱ་བྱུཏྤ་ཏ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། མ་དྷྱ་བྱུཏྤ་ཏ་བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། ཀྭལྤ་བྱུཏྤ་ཏ་བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ༌། བ་ཙ་བྱུཏྤ་ཏ་སྐང་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ། །ཆེན་པོའི་དཀའ་བའི་གནས་དང་སྒྲའི་གཞུང་དང་སྦྱར་ཏེ་བཤད་པའི་པཉྫི་ཀ་མ་དྷྱ་བྱུཏྤ་ཏ་ཡིན། ནོ། །ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ་སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང༌། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་གཞག་པ་རྫོགས་སོ།། །།བཀས་བཅད་པ་བླ་དཔེ་བཞིན་བྲིས་པ་གཞན་གྱིས་ཀྱང་དེ་བཞིན་དུ་ཟུར་མ་བཅོས་སོ། །སྒྲ་སྦྱོར་བམ་པོ་གཉིས་པའོ།། །།


previousསྒྲ་སྦྱོར་བམ་པོ་གཉིས་པ། next