Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་ལྔ་པ།


   
འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ།  ཀླུའི་རྒྱལ་མཚན།


 
no previousའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། ཀླུའི་རྒྱལ་མཚན།no next

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ།
ཀླུའི་རྒྱལ་མཚན།


DTG205_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ནི་མདོར་བསྡུ་ན་དོན་རྣམ་པ་ལྔས་བསྟན་ཏེ། བསྡུས་པའི་དོན་དང༌། དགོས་པ་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང༌། བརྒལ་བའི་དོན་ཏོ། །དེ་ལ་རེ་ཞིག་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་དང༌། མདོ་སྡེའི་ལུས་རྣམ་པར་གཞག་པའོ། །དེ་ལ་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ཡང་རྣམ་པ་གཉིས་ཏེ། ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་དང༌། ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའོ། །དེ་ལ་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ནི་གང་གི་དུས་ན། གང་གིས་བཤད་པའི་མདོ་སྡེ་ཐམས་ཅད་ཀྱི་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའོ། །དེ་ཡང་ཕུན་སུམ་


DTG205_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། དུས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གང་གི་དུས་ན་བཤད་ཅེ་ན། དུས་ཕུན་སུམ་ཚོགས་པ་ནས་ཏེ། དེ་ནི་མདོ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་གསུངས་པས་བསྟན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ་དུ་ཐོས་པའི་སྐབས་ཡོད་པའོ། །གང་གིས་བཤད་ཅེ་ན་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཡང་མདོ་ལས། བཅོམ་ལྡན་འདས་ཞེས་གསུངས་པས་བསྟན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་ལེགས་པ་དྲུག་དང་ལྡན་པ་དང། བདུད་བཞི་བཅོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་དང་ལྡན་པའོ། །དེ་གཉིས་ནི་མདོ་སྡེ་ཐམས་ཅད་ལ་སྤྱིར་འདྲ་བར་བསྟན་པ་ཡིན་པས་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ཞེས་བྱའོ། །དེ་ལ་ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ནི་གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་མདོ་སྡེའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའོ། །དེ་ནི་ཕུན་


DTG205_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་རྣམ་པ་གསུམ་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་གང་ལ་བཞུགས་ཤེ་ན། གནས་ཕུན་སུམ་ཚོགས་པ་སྟེ། དེ་ནི་མདོ་ལས་གཞལ་མེད་ཁང་ཆེན་པོ་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་རྒྱ་ཆེན་པོ་རབ་ཏུ་འབྱུང་བ་ཞེས་བྱ་བ་ནས་རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་ནས་བཞུགས་ཏེ་ཞེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །ཅི་འདྲ་བ་ཅིག་བཞུགས་ཤེ་ན། ཡོན་ཏན་ཕུན་སུམ་ཚོགས་པས་ཏེ། དེ་ནི་མདོ་ལས་བཅོམ་ལྡན་འདས་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །དེ་ཇི་ལྟ་བུ་དག་དང་བཞུགས་ཤེ་ན། འཁོར་ཕུན་སུམ་ཚོགས་པ་དག་དང་སྟེ། དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། ཐེག་པ་ཆེན་པོའི་ཆོས་ཀྱི་ངེས་པར་འབྱུང་བ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་


DTG205_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །དེ་ནི་མདོ་སྡེ་ཐམས་ཅད་ལ་སྤྱིར་འདྲ་བར་བསྟན་པ་མ་ཡིན་གྱི། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ལ་སོགས་པ་ཁ་ཅིག་གི་གླེང་གཞིའི་ཁྱད་པར་ཅན་ཡིན་པས་ན། ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ཞེས་བྱ་བ་སྟེ། དེ་ནི་རེ་ཞིག་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དེ་ལ་མདོ་སྡེའི་ལུས་རྣམ་པར་གཞག་པ་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདིའི་མདོ་སྡེའི་ལུས་རྣམ་པར་གཞག་པ་མཐའ་དག་གི་བདེན་པ་གཉིས་པོ་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའོ། །དེ་ལ་དོན་དམ་པའི་བདེན་པ་ནི་མཚན་ཉིད་ལྔ་དང་ལྡན་པར་ཤེས་པར་བྱ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་དང༌། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །ཀུན་རྫོབ་ཀྱི་བདེན་པ་ནི་མཚན་ཉིད་དྲུག་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང༌། ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱིས་རབ་ཏུ་དབྱེ་བ་དང་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བས་བསྟན་པ་སྟེ། མཚན་ཉིད་བཅུ་གཅིག་པོ་དེ་དག་ནི་མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང༌། གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་གསུངས་པ་ལ་སོགས་


DTG205_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདོ་སྡེའི་ལུས་རྣམ་པར་གཞག་པའི་ལེའུ་བཅུ་འབྱུང་བ་ལས་དོན་དམ་པའི་མཚན་ཉིད་དང་པོ་གཉིས་ནི་ལེའུ་དང་པོ་སྦྱར་རོ། །མཚན་ཉིད་ལྷག་མ་དགུ་ནི་ལེའུ་ལྷག་མ་དགུ་དང་གོ་རིམས་བཞིན་དུ་འོག་ནས་རྒྱ་ཆེར་སྟོན་ཏེ། དེ་ནི་མདོ་སྡེའི་ལུས་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དེ་ལ་དགོས་པ་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་བསྟན་པ་འདིས་དེ་བཞིན་གཤེགས་པའི་དགོངས་པ་ངེས་པར་དགྲོལ་བ་དང་བདེན་པ་གཉིས་ཀྱི་མཚན་ཉིད་ལ་མཁས་པར་བྱ་བ་དང༌། ཚོགས་གཉིས་རྫོགས་པར་བྱ་བ་དང༌། བདག་མེད་པ་གཉིས་ཆུད་པར་བྱ་བ་དང༌། སྒྲིབ་པ་གཉིས་སྤོང་བ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་གཉིས་ཐོབ་པར་འགྱུར་བ་སྟེ། དེས་ནི་དགོངས་པའི་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་ཚིག་གི་དོན་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་མདོ་སྡེའི་ལུས་མཐའ་དག་གི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་ཚིག་གི་དོན་སོ་སོར་སྟོན་པའོ། །དེ་ལ་མཚམས་སྦྱར་བ་ནི་ཚིག་གི་དོན་དེ་དག་གི་སྔ་མ་དང་སྦྱོར་བ་དང༌། ཚིག་ཕྱི་མ་དང་སྦྱོར་བའི་གོ་རིམས་སྔ་ཕྱི་མི་འགལ་བར་མཚམས་སྦྱོར་བའོ། །བརྒལ་བའི་ལན་ནི་རིགས་པ་དང་མི་འགལ་བར་བསྟན་པའི་ཕྱིར་གཞན་གྱིས་དྲིས་པའི་ལན་གདབ་པ་དང༌། ཉིད་ཀྱི་དོགས་པ་བསུ་ཞིང་གཏན་ཚིགས་ཀྱིས་དགྲོལ་བ་ལ་སོགས་པས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པ་སྟེ། དེ་ལྟར་ན་དགོས་པ་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང༌། བརྒལ་བའི་ལན་དེ་དག་ནི་མདོ་སྡེའི་མགོ་འཇུག་གི་ལུས་མཐའ་དག་དང་སྤྱིར་མཐུན་མཐུན་དུ་སྦྱར་ཏེ་བསྟན་པ་ཡིན་གྱི་གནས་སྐབས་སོ་སོར་དབྱེ་བ་ནི་མེད་དོ། །དེ་ལ་དང་པོར་བསྡུས་པའི་དོན་མ་བསྟན་ན་མདོ་སྡེའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་མི་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དང་པོར་བསྡུས་པའི་དོན་བསྟན་ཏོ། །དེའི་འོག་ཏུ་དགོས་པ་མ་བསྟན་ན་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་དག་ནན་ཏན་གྱིས་ཉན་པ་པོ་ལ་སོགས་པར་ཁས་མི་ལེན་པས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་དགོས་པ་བསྟན་ཏོ། །དེའི་འོག་ཏུ་ཚིག་དོན་མ་བསྟན་ན་ཉན་པ་པོ་


DTG205_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྟུལ་པོ་དེ་དག་ལ་རྨོངས་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་ཚིག་གི་དོན་བསྟན་ཏོ། །དེའི་འོག་ཏུ་མཚམས་སྦྱར་བ་མ་བསྟན་ན་སྨྱོན་ཚིག་ལྟར་སྔ་ཕྱི་འབྲེལ་བ་མེད་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་མཚམས་སྦྱར་བ་བསྟན་ཏོ། །དེའི་འོག་ཏུ་བརྒལ་བའི་ལན་མ་བརྗོད་ན་རིགས་པས་མ་གྲོལ་བས་ཐམས་ཅད་ཐེ་ཚོམ་ཟ་བར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་བརྒལ་བའི་ལན་བརྗོད་དེ། དེ་ལྟར་རྣམ་པ་ལྔ་པོ་དེ་དག་ནི་ངེས་པ་ཁོ་ནར་བརྗོད་པར་བྱ་བའི་རྩིས་མགོ་ཡིན་ནོ། །དེ་ལ་མདོ་སྡེ་འདིའི་མིང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ནི་དོན་བཞིན་མདོ་སྡེའི་མིང་དུ་བཏགས་པ་ཡིན་ཏེ། དེ་ཡང་གསུང་རབ་ཏུ་གཏོགས་པའི་མདོ་སྡེ་ཐམས་ཅད་ཀྱི་མིང་མདོར་བསྡུ་ན་གནས་སྐབས་རྣམ་པ་བཞི་ལས་བཏགས་པ་ཡིན་ཏེ། ཡུལ་དང༌། གང་ཟག་དང༌། དཔེ་དང༌། དོན་གྱི་གནས་སྐབས་ལས་སོ། །དེ་ལ་ཡུལ་གྱི་གནས་སྐབས་ལས་བཏགས་པ་ནི་ཡུལ་གང་དུ་བཤད་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ལང་ཀའི་གྲོང་རྡལ་དང༌། ག་ཡ་མགོའི་རིར་བཤད་པས་འཕགས་པ་ལང་ཀར་གཤེགས་པ་དང༌། ག་ཡ་མགོའི་རི་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །གང་ཟག་གི་གནས་སྐབས་ལས་བཏགས་པ་ནི་གང་ཟག་གང་གིས་ཞུས་པ་དང་བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་ཞུས་པ་དང༌། དྲི་མ་མེད་པར་གྲགས་པས་བསྟན་པས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང༌། དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །དཔེའི་གནས་སྐབས་ལས་བཏགས་པ་ནི་དཔེ་གང་གིས་དོན་མཚོན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་སཱ་ལུའི་ལྗང་པ་དང༌། རྡོ་རྗེ་རྣོན་པོའི་དཔེས་མཚོན་ཏེ་བཤད་པས་འཕགས་པ་སཱ་ལུའི་ལྗང་པ་དང༌། རྡོ་རྗེ་གཅོད་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །དོན་གྱི་གནས་སྐབས་ལས་


DTG205_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ནི་དོན་གང་གིས་བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཀྱིས་བསྟན་པས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཀྱི་ས་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལྟ་བུའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ཡང་དོན་གྱི་གནས་སྐབས་ལས་བཏགས་པ་ཡིན་ཏེ། འདིས་དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟབ་མོའི་དོན་ངེས་པར་གཏན་ལ་འབེབས་ཤིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པ་གཅོད་པས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ཡིན་ཏེ། དཔེར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། རིན་པོ་ཆེ་ཕྲོགས་པ་ཞེས་བྱ་བ་ལ་སོགས་པའི་མདོ་དང་འདྲ་བར་བལྟ་བར་བྱའོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དགོངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟབ་མོ་དག་གོ །ཡང་ཚིག་གི་དོན་རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་མདུད་པ་ལ་ཡང་བྱའོ། །ངེས་པར་འགྲེལ་པ་ཞེས་བྱ་བ་ནི་ངེས་པར་གཏན་ལ་འབེབས་པ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟབ་མོའི་དོན་ངེས་པར་གཏན་ལ་འབེབས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཚིག་གི་དོན་རྣམས་གཅིག་ཏུ་ན་མ་ལུས་པར་གཅོད་པའི་དོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པར་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚིག་གི་དོན་སྤྱིར་བསྡུ་ན་དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པར་གཅོད་པས་ན། དེ་ནི་དགོངས་པ་ངེས་པར་འགྲེལ་པ་ཡང་ཡིན་ལ། མདུད་པ་མ་ལུས་པར་གཅོད་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཐེག་པ་ཆེན་པོའི་མདོ་ཞེས་བྱ་བའི་མདོ་སྡེ་གཞན་དག་ལས་གྲགས་པ་དང་འདྲ་བར་སྦྱར་ཏེ། ཐེག་པ་ཞེས་བྱ་བ་ནི་འདི་ལས་འགྲོ་བར་བྱེད་པས་ཐེག་པའམ་བགྲོད་པར་བྱ་བ་ཡིན་པས་ཐེག་པ་སྟེ། ལམ་དང་འབྲས་བུར་


DTG205_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའི་ཐེག་པ་ཞེས་བྱ་བར་སྦྱར་རོ། །ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཆེན་པོ་རྣམ་པ་བདུན་པོ་ཆོས་ཆེན་པོ་དང༌། སེམས་བསྐྱེད་པ་ཆེན་པོ་དང༌། མོས་པ་ཆེན་པོ་དང༌། ལྷག་པའི་བསམ་པ་ཆེན་པོ་དང༌། ཚོགས་པ་ཆེན་པོ་དང༌། དུས་ཆེན་པོ་དང༌། ཡང་དག་པར་འགྲུབ་པ་ཆེན་པོས་ཁྱད་པར་དུ་འཕགས་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །ཆེན་པོ་བདུན་པོ་དེ་དག་ལས་དང་པོ་དྲུག་ནི་ཐ་མའི་རྒྱུར་གྱུར་པ་ཡིན་ལ། ཐ་མ་ནི་དང་པོ་དྲུག་གི་འབྲས་བུར་གྱུར་པར་རིག་པར་བྱའོ། །མདོ་སྡེ་ཞེས་བྱ་བ་ནི་དོན་མདོ་ཙམ་དུ་སྟོན་པར་བྱེད་པས་མདོའོ། །ཡང་གཅིག་ཏུ་ན་སྐུད་པའི་གཟུངས་ཀྱི་མེ་ཏོག་ཕྲེང་མང་པོའི་རྒྱུན་འཛིན་པ་བཞིན་དུ་དོན་མདོ་ཙམ་དུ་སྟོན་པའི་མདོ་སྡེ་འདིས་ཆོས་མངོན་པའི་དོན་གླག་གླག་པོ་མང་པོ་དག་འཛིན་པས་ན་མདོ་ཞེས་བྱའོ། །དེ་ལྟར་ན་མདོ་སྡེའི་མིང་བསྟན་པའི་སྐབས་འདི་ཉིད་ཀྱིས་བརྗོད་པར་བྱ་བ་དང༌། དགོས་པའི་ཡང་དགོས་པ་དང༌། འབྲེལ་པའི་འབྲེལ་པ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པ་ཐེག་པ་ཆེན་པོའི་མདོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཚིག་གི་དོན་ཇི་སྐད་བསྟན་པ་དེ་ཉིད་བརྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱ་བའི་དོན་མེད་པའི་མདོ་སྟོང་པ་སེའུ་བཅུ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པར་གཅོད་པ་དེ་ཉིད་དགོས་པའི་ཡང་དགོས་པ་ཡིན་པས་དགོས་པའི་འབྲས་བུ་མེད་པའི་ཚིག་ཀྱལ་པ་བྱ་རོག་གི་སོ་བརྟག་པ་ལྟ་བུ་ཡང་མ་ཡིན། འགྲོ་བར་བྱེད་པའི་ཐེག་པའི་ཐབས་དང་བགྲོད་པར་བྱ་བའི་ཐེག་པའི་ཐབས་ལས་བྱུང་བར་འབྲེལ་པ་དེ་ཉིད་འབྲེལ་པ་ཡིན་པས་བརྗོད་པར་བྱ་བ་དང༌། དགོས་པར་འབྲེལ་པ་མེད་པ་ཀླུ་འཇོག་པོའི་གཙུག་གི་ནོར་བུ་ལྟ་བུ་ཡང་མ་ཡིན་ཏེ། དེ་ལྟར་ན་མདོ་འདི་ནི་བརྗོད་པར་བྱ་བའི་དོན་ཀྱང་ཡོད་ལ། དགོས་པའི་འབྲས་བུ་ཡང་ཡོད། ཐོབ་པའི་བྱ་བ་ཐབས་ཀྱི་འབྲེལ་པ་ཡང་ཡོད་པ་ཡིན་པས། རྣལ་འབྱོར་དམ་པས་བདག་ལ་ཕན་པར་འདོད་པ། འགྲོ་བ་


DTG205_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གི་དོན་གཙོ་བོར་བྱེད་པ། བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་མཆོག་འདོད་པ་རྣམས་ཀྱིས་འདི་ལ་དད་པ་མཆོག་གི་གནས་ཡིན་པར་མོས་པ་བསྐྱེད་ཅིང་མི་གཡེལ་བར་ནན་ཏན་གྱིས་སྙིང་པོར་བསྒྲུབ་པར་བྱའོ། །དེ་ལྟར་མི་སླུ་བའི་གཏམ་གླེངས་ནས། ད་ནི་གླེང་གཞིའི་ཁྱད་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་གླེང་གཞི་ནི་གང་དུ་དོན་འབྲེལ་པར་བྱེད་ཅིང་སྦྱོར་བར་བྱེད་པའམ། ཡང་ན་ཕན་ཚུན་ངེས་པར་སྦྱིན་པ་འབྱུང་བར་འགྱུར་བ་ནི་གླེང་གཞི་ཞེས་བྱའོ། །དེ་ཡང་གང་གི་དུས་ན་གང་གིས་བཤད་པས་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་དང༌། གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་གང་ཡིན་པའོ། །དེ་ལ་དང་པོར་གང་གི་དུས་ན་གང་གིས་བཤད་པས་ཐུང་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པར་བཤད་པར་བྱ་སྟེ། དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། དུས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གང་གི་དུས་ན་བཤད་ཅེ་ན་དུས་ཕུན་སུམ་ཚོགས་པ་ན་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་གསུངས་སོ། །དེ་ལ་འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་འདི་དཔེ་དང༌། ལུང་འབོགས་པ་དང༌། དྲིས་པ་གཏན་ལ་རྣམ་པར་འབེབས་པ་དང༌། ཁས་ལེན་པ་དང༌། ཚིག་གི་ལན་དག་ལ་འབྱུང་བར་འགྱུར་ཏེ། དེ་ལ་དཔེ་ལ་ནི་ཕྱུག་པ་ལ་རྣམ་ཐོས་ཀྱི་བུ་ལྟ་བུ་ཞེས་བྱས་ན་རྣམ་ཐོས་ཀྱི་བུ་དང་འདྲ་བར་ཤེས་པ་ལྟ་བུའོ། །ལུང་འབོགས་པ་ལ་ནི། འདི་སྐད་ལྷོགས་ཤིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ་རྣམ་པར་གཏན་ལ་འབེབས་པ་ལ་ནི་བདག་གིས་འདི་སྐད་ཐོས་ཏེ་དེ་བཞིན་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ། །ཁས་ལེན་པ་ལ་ནི་དེ་བཞིན་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ལ་ནི་དེ་དེ་ལྟའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་རྣམ་པ་མང་དུ་ཡང་འདྲེན་མོད་ཀྱི་སྐབས་འདིར་ནི་འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་འདི་ཁས་ལེན་པ་ལ་བྱ་བར་ཤེས་པར་བྱ་སྟེ། དེ་ཡང་ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་


DTG205_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་བཤད་པར་གསོལ་ཞེས་གསོལ་བ་བཏབ་པ་དང༌། དེས་བདག་གིས་ཇི་སྐད་ཐོས་པ་དེ་བཞིན་བཤད་པར་བྱའོ་ཞེས་ཁས་བླངས་པའོ། །ཡང་ན་ཇི་སྐད་སྨྲས་པ་དེ་ཁོ་ན་བཞིན་དུ་བདག་གིས་འདི་སྐད་ཐོས་ཏེ་དེ་བཞིན་བསྟན་པར་བྱའོ། །གཞན་དུ་མ་ཡིན་ནོ་ཞེས་ངེས་པར་བྱ་བ་སྟེ། དེས་ནི་ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བསལ་པར་དགོངས་པ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་སྟེ། གཞན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པའོ། །ཐོས་པ་ཞེས་བྱ་བ་ནི་ཉན་ནུས་པའི་རྣ་བའི་དབང་པོས་ཟིན་པ་སྟེ། འདིས་ཀྱང་ཡན་ལག་གཞན་གྱི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ངེས་པ་སེལ་ཏེ། བྱིས་པ་གང་དག་ཉན་མི་ནུས་པ་དེ་དག་ནི་ཡན་ལག་ལ་སྒྲོ་འདོགས་པའམ། སྐུར་པ་འདེབས་པར་བྱེད་ཀྱི་འདི་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་སྟེ། དེ་ཡང་ཉན་པའི་ཚེ་བར་ཆད་མེད་པའི་རྒྱུན་ལ་དུས་གཅིག་ཅེས་བྱའི། གཞན་དུ་ན་ཡི་གེ་དང༌། རྩ་བ་དང༌། ཚིག་གཟུང་བའི་དུས་ཐ་དད་པའི་ཕྱིར་ཅིག་ཅར་བྱར་མི་རུང་ངོ༌། །ཡང་ན་གཟུངས་ཐོབ་པས་ཡི་གེ་འབྲུ་གཅིག་ལ་ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཡང་དག་པར་འཛིན་པའི་ཕྱིར་དུས་གཅིག་ཁོ་ན་ཡང་ཡིན་ནོ། །ཡང་གཅིག་ཏུ་ན་རྣ་བའི་དབང་པོ་རྣམ་པར་དག་པ་ཐོབ་པས་ཡི་གེ་འབྲུ་གཅིག་ཡོངས་སུ་རྟོགས་པས་གཞན་ལ་ཡང་ཐོགས་པ་མེད་པའི་ཕྱིར་ཡང་དུས་གཅིག་ཁོ་ན་ཡིན་ནོ། །ཡང་རྣམ་གྲངས་གཞན་དུ་ན་དུས་ཞེས་བྱ་བའི་ཚོགས་པ་ལ་བྱ་སྟེ། དུས་གཅིག་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་ཚོགས་སོ་ཞེས་ཚིག་འོག་མ་དང་སྦྱར་རོ། །དེ་ནི་དུས་ཕུན་སུམ་ཚོགས་པ་ཡིན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང༌། མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ་དུ་ཐོས་པའི་སྐབས་ཡོད་པའོ། །གལ་ཏེ་དེ་ལྟར་ན་ཡང་རྫོགས་ལྡན་གྱི་དུས་ལ་སོགས་པ་ནི་སྐྱེ་དགུའི་ཚེ་ལོ་དཔག་ཏུ་མེད་ཅིང་ལོངས་སྤྱོད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ཡང་ཡིན་པས་དུས་ཕུན་སུམ་ཚོགས་པ་ཞེས་


DTG205_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་སུ་རུང་གི །འདིའི་ཚེ་ནི་རྩོད་པའི་དུས་ལ་བབ་སྟེ། སྙིགས་མ་ལྔ་བདོ་བ་ཡིན་ན་ཇི་ལྟར་དུས་ཕུན་སུམ་ཚོགས་པ་གདགས་སུ་རུང་ཞེ་ན། རྫོགས་ལྡན་གྱི་དུས་ལ་སོགས་པའི་ཚེ་ན་སྐྱེ་དགུའི་ཚེ་ལོ་དཔག་ཏུ་མེད་ཅིང་ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་ཡིན་ཡང་སྐྱེ་དགུ་གཅིག་ཏུ་བག་མེད་པར་སྤྱོད་ཅིང༌། དཀོན་མཆོག་གསུམ་གྱི་མཚན་ཡང་མི་གྲག་པ་ཡིན་པས་དུས་ཕུན་སུམ་ཚོགས་པ་ཞེས་མི་གདགས་ལ། དུས་མཐའི་ཚེ་ན་ནི་ནད་ལ་སོགས་པའི་བར་གྱི་བསྐལ་བས་གཡེན་སྤྱོད་ཞིང་དགེ་བའི་མིང་ཡང་མི་གྲག་པས་དེ་ནི་དུས་ཀྱི་ཐ་ཆད་ཡིན་གྱི། འདིའི་ཚེ་ན་རྩོད་པའི་དུས་ལ་བབ་ཏུ་ཟིན་ཀྱང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ་དུ་ཐོས་པའི་སྐབས་ཡོད་པ་དང༌། མངོན་པར་རྟོགས་པ་མང་བ་དང༌། གང་གིས་དཀོན་མཆོག་གསུམ་གྱི་མཚན་ཐོས་པ་ཙམ་དང། སེ་གོལ་གཏོགས་པའི་ཡུད་ཙམ་ཞིག་དགེ་བའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་དུས་གཞན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་ལུང་སྟོན་པའི་གནས་སྐབས་ཡིན་པས་གཅིག་ཏུ་སྙིགས་མ་ལྔ་བདོ་བ་ཡང་མ་ཡིན་པས་དེའི་ཕྱིར་དུས་ཕུན་སུམ་ཚོགས་པ་ཞེས་གདགས་སུ་རུང་ངོ༌། །གང་གིས་བཤད་ཅེ་ན། སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་ལེགས་པ་རྣམ་པ་དྲུག་པོ་རང་དབང་དང༌། རབ་ཏུ་སྦྱངས་པ་དང༌། གཟུགས་བཟང་བ་དང༌། གྲགས་པ་དང༌། དཔལ་དང༌། ཆེ་བ་ཉིད་སོགས་པ་ལ་བྱ་སྟེ། སྒྲ་ངེས་པར་སྦྱོར་བ་ལས་ཇི་སྐད་དུ། རང་དབང་དང་ནི་རབ་སྦྱངས་དང༌། །གཟུགས་བཟང་བ་དང་གྲགས་པ་དང༌། །དཔལ་དང་ཆེ་བ་ཉིད་སོགས་པ། །དྲུག་པོ་རྣམས་ལ་ལེགས་བཤད་ནི། །ཞེས་འབྱུང་བ་ལྟ་བུའོ། །དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དུ་བྲལ་བ་མེད་དེ་མངའ་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་ཞེས་བྱའོ། །དེ་ལ་རང་དབང་ཇི་ལྟ་བུ་ན་


DTG205_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པས་གཞན་གྱི་དབང་དུ་འགྱུར་བ་མེད་པའི་ཕྱིར་རོ། །རབ་ཏུ་སྦྱངས་པ་ནི་ཡེ་ཤེས་ཀྱི་མེའི་གདུང་བས་ཉོན་མོངས་པའི་བུད་ཤིང་རབ་ཏུ་བསྲེགས་པའི་ཕྱིར་རོ། །གཟུགས་བཟང་བ་ནི་སྐྱེས་བུ་ཆེན་པོའི་མཚན་མཆོག་སུམ་ཅུ་རྩ་གཉིས་ལ་སོགས་པ་མངའ་བའི་ཕྱིར་རོ། །གྲགས་པ་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་རོ། །དཔལ་ནི་འགྲོ་བ་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆེ་བ་ཉིད་ནི་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་མཛད་པ་རྒྱུན་མི་འཆད་པར་སྦྱོར་བའི་ཕྱིར་རོ། །ཚོགས་པ་ཞེས་བྱ་བ་ནི་ལྡན་པའི་དོན་ཏོ། །རང་དབང་ལ་སོགས་པ་དྲུག་ཅར་དང་སྦྱར་རོ། །ཡང་ཚིག་གི་དོན་རྣམ་པ་གཅིག་ཏུ་ན། བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱ་སྟེ། བདུད་བཞི་ནི་ཕུང་པོའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་མོངས་པའི་བདུད་དང༌། ལྷའི་བུའི་བདུད་དོ། །བཅོམ་ལྡན་འདས་ནི་ཟག་པ་བཞི་པོ་ལྟ་བའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། འདོད་པའི་ཟག་པ་ཟད་པས་དེ་དག་གོ་རིམས་བཞིན་དུ་བཅོམ་པར་རིག་པར་བྱའོ། །དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་ལེགས་པ་དྲུག་དང་ལྡན་པ་དང་བདུད་བཞི་བཅོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་དུས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དེ་གཉིས་ནི་མདོ་སྡེ་ཐམས་ཅད་སྤྱིར་འདྲ་བར་བསྟན་པ་ཡིན་པས་ན་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་ཞེས་བྱའོ། །ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་བསྟན་ནས། དེ་ནི་ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ཡང་གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་མདོ་འདིའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའོ། །དེ་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་བསྟན་དེ། བཅོམ་ལྡན་


DTG205_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་གནས་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། དེ་ལ་གང་ན་བཞུགས་ཤེ་ན། གནས་ཕུན་སུམ་ཚོགས་པ་ན་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་གཞལ་མེད་ཁང་ཆེན་པོ་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟེ། གཞལ་མེད་ཁང་ཆེན་པོ་བྱ་བའི་སྒྲ་ཉིད་ཀྱིས་བསྟན་ཏོ། །དེ་ནི་དང་པོ་ཁོ་ནས་བསྟན་དགོས་ཏེ། འཇིག་རྟེན་པ་ཐམས་ཅད་ལས་འདས་པ་ཐམས་ཅད་མཁྱེན་པའི་གནས་ཡིན་ནོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་བསྟན་པ་ཡང་གདུལ་བྱ་རྣམས་དེ་ལ་མོས་པ་བསྐྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ལམ་འདེབས་པ་དང༌། རྒྱ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དགའ་བ་ཡང་དག་པར་བསྐྱེད་པ་དང༌། ལྷག་པའི་བསམ་པ་ལ་མོས་པ་རྣམས་ཀྱི་ལྷག་པའི་བསམ་པའི་ཁམས་བསྟན་པར་བྱ་བ་དང༌། གང་དུ་བཞུགས་ཏེ་ཆོས་དཀོན་མཆོག་འདི་བཤད་པའི་གནས་དེ་ཡང་དག་པར་བསྟན་པའི་ཕྱིར་ཏེ། གཞན་དུ་ན་གང་དུ་བཞུགས་ཏེ་བཤད་པ་མི་ཤེས་པས་ཀུན་ལ་ཐེ་ཚོམ་དུ་འགྱུར་རོ། །དེའི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅོ་བརྒྱད་དུ་རིག་པར་བྱ་སྟེ། ཁ་དོག་ཕུན་སུམ་ཚོགས་པ་དང༌། དབྱིབས་ཕུན་སུམ་ཚོགས་པ་དང༌། ཚད་ཕུན་སུམ་ཚོགས་པ་དང༌། ཡུལ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པ་དང༌། རང་བཞིན་ཕུན་སུམ་ཚོགས་པ་དང༌། བདག་པོ་ཕུན་སུམ་ཚོགས་པ་དང༌། ཞམ་འབྲིང་བ་ཕུན་སུམ་ཚོགས་པ་དང༌། ཕྱོགས་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་དང༌། འཚེ་བ་མེད་པ་ཕུན་སུམ་ཚོགས་པ་དང༌། ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་དང༌། བཞོན་པ་ཕུན་སུམ་ཚོགས་པ་དང༌། སྒོ་ཕུན་སུམ་ཚོགས་པ་དང༌། རྟེན་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་རྣམ་པ་བཅོ་བརྒྱད་པོ་དེ་དག་ནི་མདོ་ལས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་


DTG205_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་ཏེ་ཞེས་གསུངས་པའི་བར་གྱི་ཚིག་བཅུ་དགུ་ལས་ཁ་དོག་ཕུན་སུམ་ཚོགས་པ་ནི་མདོའི་ཚིག་དང་པོ། གཉིས་དང་སྦྱར་རོ། །དབྱིབས་ཕུན་སུམ་ཚོགས་པ་ལ་སོགས་པ་ལྷག་མ་རྣམས་ནི་མདོའི་ཚིག་ལྷག་མ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་དང་པོ་ཁ་དོག་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ཞེས་བྱ་བ་གསུངས་སོ། །དེ་ལ་རིན་པོ་ཆེ་སྣ་བདུན་ཞེས་བྱ་བ་ནི་གསེར་དང༌། དངུལ་དང༌། བཻ་ཌཱུརྻ་དང༌། སྤུག་དང༌། རྡོའི་སྙིང་པོ་དང༌། མུ་ཏིག་དམར་པོ་དང༌། ཀེ་ཀེ་རུའོ། །མཆོག་ཏུ་འབར་བ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ཉིད་ཁ་དོག་མཆོག་ཏུ་འབར་བའོ། །ཡང་ན་གཞལ་མེད་ཁང་ཆེན་པོའི་ཁྱད་པར་དེ་ཉིད་རིན་པོ་ཆེ་སྣ་བདུན་པོ་དེ་དག་གི་ཁ་དོག་མཆོག་ཏུ་འབར་བ་ལ་ཡང་བྱའོ། །བཀོད་པ་ཞེས་བྱ་བ་ནི་རྒྱན་གྱི་ཁྱད་པར་གཞན་ཏེ། གཞལ་མེད་ཁང་ཆེན་པོ་དེ་ཉིད་རྒྱན་གྱི་ཁྱད་པར་གཞན་དང་ཡང་ལྡན་ནོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཞེས་བྱ་བ་ནི་དེ་ལྟར་མཆོག་ཏུ་འབར་བ་དེ་ལས་འོད་ཟེར་གང་དག་བྱུང་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་སྣང་བས་ཁྱབ་པར་བྱེད་པའོ། །ཆེན་པོ་ཞེས་བྱ་བ་ནི་དེ་ལྟར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་དེ་དག་ཆེ་བ་ཡིན་ཏེ། དེ་ལྟར་ན་འོད་ཟེར་དེ་དག་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འགེངས་པ་ཡང་ཡིན་ལ། འོད་ཟེར་ཆེན་པོ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་ནི་གཞལ་མེད་ཁང་ཆེན་པོ་དེ་ཉིད་ལས་འོད་ཟེར་ཆེན་པོ་དེ་དག་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་ཉིད་ཀྱིས་ནི་ཁ་དོག་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་ཁ་དོག་ཕུན་སུམ་ཚོགས་པ་བསྟན་ནས། དེའི་དབྱིབས་ཅི་འདྲ་ཞེ་ན། དེའི་ཕྱིར་དབྱིབས་ཕུན་སུམ་


DTG205_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་བསྟན་པའི་དབང་དུ་མཛད་ནས། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པར་རྣམ་པར་གནས་པ་ཞེས་གསུངས་ཏེ། དེའི་དབྱིབས་ནི་གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ། མཐའ་ཡས་པར་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གནས་ཐ་དད་པ་ཞེས་བྱ་བ་ནི་གཅིག་ཏུ་ཟད་པ་མ་ཡིན་གྱི་གནས་ཀྱི་བྱེ་བྲག་ཐ་དད་པ་རྣམ་པ་སྣ་ཚོགས་མང་དུ་ཡོད་པའི་དོན་ཏོ། །ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་ནས་ཆ་རྣམ་པར་བཞག་པས་བརྒྱན་པའོ། །ཇི་ལྟར་སེམས་ཡོངས་སུ་དག་པའི་རང་བཞིན་གྱི་སངས་རྒྱས་ཀྱི་ཞིང་བློ་སྔོན་དུ་བཏང་ནས་ཆ་རྣམ་པར་གཞག་པ་སྲིད་པར་འགྱུར་ཞེ་ན། དེ་ནི་ཕྱི་རོལ་གྱི་བསྒྲུབ་པས་ཡོངས་སུ་གྲུབ་པ་མ་ཡིན་གྱི། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ཤེས་རབ་ཀྱི་རྣམ་པ་ལ་དཔྱོད་པའི་ཚེ་སྨོན་ལམ་གྱི་དབང་གིས་དེ་དེ་ལྟར་མངོན་པར་འདུས་བྱས་པའི་དབང་གིས་ན་དེ་ལྟར་སྤྲོས་པ་མེད་པ་ལྷུན་གྱིས་གྲུབ་པའི་གནས་སྐབས་ན་ཡང་ཆ་རྣམ་པར་གཞག་པའི་རྣམ་པར་རིག་པ་འབྱུང་བའི་ཕྱིར་རྣམ་པར་རིག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྣང་སྟེ་འགལ་བ་མེད་དོ། །མཐའ་ཡས་པར་ཞེས་བྱ་བ་ནི་གྲངས་མཐའ་ཡས་པ་དང༌། ཡུལ་མཐའ་ཡས་པའོ། །རྣམ་པར་གནས་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པར་གནས་པའམ། རྣམ་པ་སྣ་ཚོགས་སུ་གནས་པའམ། འབྱམ་ཀླས་པར་གནས་པའི་དོན་ཏེ་དེ་ནི་དབྱིབས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་དབྱིབས་ཕུན་སུམ་ཚོགས་པ་བསྟན་ནས། དེའི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ཚད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རྒྱ་ཡོངས་སུ་མ་ཆད་པ་ཞེས་བྱ་བ་གསུངས་ཏེ། དེའི་ཚད་ནི་རྒྱ་འདི་ཙམ་ཞེས་ཚད་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལ་རྒྱ་ཞེས་བྱ་བ་ནི་ཐ་གྲུའི་ཁྱོན་ནོ། །ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་དེའི་རྒྱ་འདི་ཙམ་ཞེས་ཚད་གཟུང་དུ་མེད་པའོ། །ཡང་ན་རྒྱ་ཆེ་ཞེས་བྱ་བ་ནི་ཐ་གྲུའི་ཁྱོན་མ་ཡིན་གྱི། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཆ་སྟེ། ཕྱོགས་ཆ་ཐ་དད་པའི་ཆ་ཡོངས་སུ་བཅད་མི་ནུས་པའི་རྒྱ་ཡོངས་སུ་མ་ཆད་པ་ཞེས་བྱ་སྟེ། དེ་ནི་ཚད་ཕུན་སུམ་ཚོགས་པ་ཡིན་ནོ། །


DTG205_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཚད་ཕུན་སུམ་ཚོགས་པ་བསྟན་ནས་ཡོངས་སུ་མ་ཆད་པ་དེ་ཁམས་གསུམ་པར་གཏོགས་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ཡུལ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་གསུངས་ཏེ། གནས་ཕུན་སུམ་ཚོགས་པ་དེ་ཉིད་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་སྤྱོད་ཡུལ་ཞེས་བྱ་བ་ནི་གནས་སམ་ཡུལ་ལ་བྱ་སྟེ། དངོས་སུ་ན་གཞལ་མེད་ཁང་ཆེན་པོ་དེ་ཉིད་ཡིན་པར་བལྟའོ། །དེ་བས་ན་སྤྱོད་ཡུལ་དེ་ཉིད་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཡིན་ཏེ། དེ་ནི་སྤྱོད་ཡུལ་ཡང་ཡིན་ལ་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་པ་ནི་རང་གི་ས་པའི་སྲེད་པ་དག་གིས་བདག་གིར་བྱས་པ་ཡིན་པས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་བརྟས་པར་འགྱུར་བ་དང་དེའི་རྣམ་པར་སྨིན་པ་ཡིན་གྱི། སྤྱོད་ཡུལ་དེ་ནི་ཁམས་གསུམ་པའི་སྲེད་པ་དག་གིས་བདག་གིར་བྱས་པ་མ་ཡིན་པས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་བརྟས་པར་འགྱུར་བ་ཡང་མ་ཡིན་ལ། རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་དེ་ནི་རྣམ་པར་སྨིན་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་འདྲ་བས་ན་དེའི་ཕྱིར་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་སྟེ་དེ་ནི་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཡུལ་ཕུན་སུམ་ཚོགས་པ་བསྟན་ནས། གལ་ཏེ་ཁམས་གསུམ་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པ་དང་རྣམ་པར་སྨིན་པའི་ས་ལས་འདས་པའི་ཕྱིར་དེའི་རྣམ་པར་སྨིན་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ན། དེ་ལྟ་ན་དེ་མྱ་ངན་ལས་འདས་པ་དང་འདྲ་བར་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་རྒྱུ་ཅན་ཞིག་ཡིན་ན་ནི་ཁམས་གསུམ་པའི་སྤྱོད་ཡུལ་དུ་འགྱུར་བས་དེའི་རྒྱུ་ཁམས་གསུམ་པ་ལས་གཞན་པ་འགའ་ཞིག་བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་རྒྱུ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་གསུངས་སོ། །


DTG205_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་བླ་མའི་དགེ་བའི་རྩ་བ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་ཉིད་དགེ་བའི་རྩ་བ་ཡིན་ནོ། །ལས་བྱུང་བ་ཞེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་ལ་གནས་ཕུན་སུམ་ཚོགས་པར་སྣང་བའི་རྣམ་པར་རིག་པ་དེ་བྱུང་བ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་ཉིད་གནས་ཕུན་སུམ་ཚོགས་པའི་རྣམ་པར་རིག་པར་སྣང་བའི་དོན་ཏོ། །དེ་བས་ན་དེ་ནི་རྒྱུ་མེད་པ་ཡང་མ་ཡིན་ལ་དབང་པོ་ལ་སོགས་པ་རྒྱུ་མི་མཐུན་པ་ལས་བྱུང་བ་ཡང་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཆོས་དེ་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་རྣམ་པར་སྨིན་པའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། དེ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་མི་བྱའི་དེ་ལས་གཞན་གང་འབྱུང་བ་ལ་ལྟོས་ནས་རྒྱུ་ཞེས་བརྗོད་པ་ཙམ་དུ་ཟད་དེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཚོགས་བཅུ་དྲུག་པོ་དག་ལས་འཇིག་རྟེན་པའི་ཆོས་ཀྱི་མཆོག་འབྱུང་བ་དང་འདྲའོ། །ཡང་རྣམ་གྲངས་གཞན་དུ་ན་ཚིག་གི་དོན་དེ་འདི་ལྟར་ཡང་བཤད་དེ། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མོ། །དེའི་བླ་མའི་དགེ་བའི་རྩ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཟག་པ་མེད་པ་ཉིད་དོ། །ལས་བྱུང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་དེའི་དབང་གིས་རྣམ་པར་རིག་པ་དེ་ལྟ་བུ་སྣང་བ་ལ་བྱ་སྟེ། དེ་ནི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་བསྟན་ནས་དེའི་རང་བཞིན་ཅི་འདྲ་ཞེ་ན། དེའི་ཕྱིར་རང་བཞིན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་གསུངས་ཏེ། དེའི་རང་བཞིན་ནི་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤིན་ཏུ་རྣམ་པར་དག་ཅིང་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པར་སྣང་བའི་རྣམ་པར་རིག་པ་དེ་ཉིད་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་ཤིན་ཏུ་སྦྱར་བ་བྱས་ཏེ། ཡང་དག་པ་མ་ཡིན་


DTG205_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་དུ་རྟོག་པ་བསལ་ཞིང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དབང་སྒྱུར་བ་ཞེས་བྱ་བ་ནི་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་གྲུབ་པའི་རྣལ་འབྱོར་པ་དངོས་པོ་རྣམས་ལ་འདོད་དགུར་དབང་སྒྱུར་བ་དང་འདྲ་བར་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་རིག་པ་དེས་རྣམ་པར་རིག་པ་ཙམ་གྱི་སྤྱོད་ཡུལ་རྣམ་པར་རིག་པའི་ངོ་བོ་ཉིད་དེ་ལ་དགྱེས་དགུར་དབང་སྒྱུར་ཞིང་མངའ་མཛད་པའི་དོན་ཏོ། །རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་ཀྱི་རྣམ་པ་ལྟ་བུར་སྣང་བ་དེ་ཉིད་ཀྱི་སེམས་ཀྱི་རྣམ་པར་རིག་པ་ཙམ་གྱི་མཚན་ཉིད་ཡིན་ཏེ། རྣམ་པར་རིག་པ་ལས་གཞན་པའི་ཕྱི་རོལ་ན་རིན་པོ་ཆེ་ལ་སོགས་པའི་དངོས་པོ་གཞན་མེད་པའི་ཐ་ཚིག་གོ །སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བ་ལུས་ལོངས་སྤྱོད་དང༌། གནས་ཀྱི་རྣམ་པར་སྣང་བ་དག་ཀྱང་རང་རང་གི་རྣམ་པར་རིག་པའི་མཚན་ཉིད་ཡིན་མོད་ཀྱི་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསྐྱེད་པ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་ཡིན་པས་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བ་མ་ཡིན་གྱི། འདི་ནི་དེ་ལས་བཟློག་པ་ཡིན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་འདི་ནི་རྒྱུ་ཕུན་སུམ་ཚོགས་པ་ལྟར་བསྟན་པ་དེའི་འབྲས་བུ་ཕུན་སུམ་ཚོགས་པ་ཞེས་ཀྱང་བྱ་སྟེ། དེ་ལ་ཅིའི་ཕྱིར་འབྲས་བུ་ཞེས་བྱ་ཞེ་ན། རྣམ་པར་རིག་པ་ལས་ཐ་མི་དད་ཀྱང་ཡུལ་གྱི་རྣམ་པ་ལྟ་བུར་སྣང་བས་འབྲས་བུ་ཞེས་བྱ་སྟེ། དཔེར་ན་ཟད་པར་སྔོན་པོ་ལ་སོགས་པར་སྙོམས་པར་ཞུགས་པ་རྣམས་ཀྱིས་དེའི་རྣམ་པའི་རྣམ་པར་རིག་པ་ལ་སྣང་བ་བཞིན་ཏེ། དེ་ནི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ནས། གནས་ནི་བདག་པོས་ཡོངས་སུ་ཟིན་པ་ཡིན་པའི་ཕྱིར་དེའི་བདག་པོ་གང་ཞེ་ན། དེའི་ཕྱིར་བདག་པོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་གནས་ཞེས་བྱ་བ་གསུངས་ཏེ། དེ་ནི་བདག་པོའི་ཁྱད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཡིན་གྱི་གཞན་གྱི་མ་ཡིན་ནོ། །ཡང་ན་དེས་དེ་བྱིན་གྱིས་བརླབས་ཏེ་ཟིན་པ་དང༌། ཡོངས་སུ་བཟུང་བ་


DTG205_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ནི་བདག་པོ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བདག་པོ་ཕུན་སུམ་ཚོགས་པ་བསྟན་ནས། བདག་པོས་ནི་ཞམ་འབྲིང་བ་ཡོངས་སུ་ཟིན་པའི་ཕྱིར་བདག་པོ་ཕུན་སུམ་ཚོགས་པ་ལ་ཞམ་འབྲིང་བ་ཡང་དགོས་པས་དེའི་ཕྱིར་ཞམ་འབྲིང་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བདག་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་དེ་ནི་ཞམ་འབྲིང་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཞམ་འབྲིང་བ་ཞེས་བྱ་བ་ནི་གང་གི་རྗེས་སུ་གང་འགྲོ་བ་དེ་ནི་དེའི་ཞམ་འབྲིང་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གྲངས་ལས་འདས་པ་དག་དེ་ན་ཡོད་པའི་དོན་ཏོ། །འོ་ན་ཞམ་འབྲིང་བ་ཉན་ཐོས་ལ་སོགས་པ་དག་མ་སྨོས་པར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ཉི་ཚེ་སྨོས་ཤེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་བཞི་ལ་སོགས་པ་དགྲའི་རྣམ་པ་ཐམས་ཅད་ཕྱིར་བཟློག་ནུས་པས་དེ་དག་ནི་དེའི་ཞམ་འབྲིང་བ་ཡིན་གྱི་ཉན་ཐོས་ལ་སོགས་པས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ། དེ་ནི་ཞམ་འབྲིང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཞམ་འབྲིང་བ་ཕུན་སུམ་ཚོགས་པ་བསྟན་ནས། ཞམ་འབྲིང་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཕྱོགས་ཕུན་སུམ་ཚོགས་པ་ཡང་དགོས་པས། དེའི་ཕྱིར་ཕྱོགས་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ་ཞེས་བྱ་བ་གསུངས་ཏེ། ལྷ་ལ་སོགས་པ་ཉིད་དེ་ན་ཕྱོགས་ཡིན་ཏེ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དེ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྔར་བསྟན་པ་ལ་ལྷ་ལ་སོགས་པ་དེ་དག་ནི་ཁམས་གསུམ་པར་གཏོགས་པ་ཡིན་ན། དེར་ཇི་ལྟར་ལྷ་ལ་སོགས་པ་ཕྱོགས་སུ་འགྱུར་རོ་ཞེ་ན། ལྷ་ལ་སོགས་པ་འདི་དག་ཀྱང་གནས་ཕུན་སུམ་ཚོགས་པའི་ཁྱད་པར་དེ་ལྟ་བུར་སྣང་བའི་རྣམ་པར་རིག་པ་མཐོང་བར་ནུས་པ་ཤ་སྟག་ཡིན་པས་འགལ་བ་མེད་དོ། །ཡང་ན་ལྷ་ལ་སོགས་པ་དེ་ལྟ་བུ་བསྟན་


DTG205_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་དག་ལྟ་བུར་སྤྲུལ་པ་སྟེ། དཔེར་ན་རྒྱལ་པོ་ཀ་པི་ན་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་བསྟན་པ་བཞིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་དོན་དུ་རང་རང་གི་ལུས་ལྷ་ལ་སོགས་པའི་ཆ་བྱད་སྣ་ཚོགས་དང་ལྡན་པར་སྤྲུལ་བ་ཡིན་པས་ཉེས་པ་མེད་དེ། དེ་ནི་ཕྱོགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཕྱོགས་ཕུན་སུམ་ཚོགས་པ་བསྟན་ནས་ཕྱོགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་ལོངས་སྤྱོད་ཇི་ལྟ་བུར་བསྟན་ཏེ་གནས་ཤེ་ན། དེའི་ཕྱིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས་བསྟན་ཏེ་དེ་ན་གནས་སོ་ཞེས་བྱ་བར་སྦྱར་རོ། །སྟོན་པ་ཞེས་བྱ་བ་ནི། ཟས་དེ་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོ་དེས་ཀྱང་དེ་དག་གནས་པར་འགྱུར་བའི་ཕྱིར་དེ་ནི་དེ་དག་གི་སྟོན་པ་ཡིན་ནོ། །འོ་ན་གནས་དེ་ནི་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྔར་བསྟན། དེ་ན་ཟས་ཡོད་པར་ཇི་ལྟར་འགྱུར། གལ་ཏེ་ཟག་པ་མེད་པའི་ཆོས་དེ་དག་གི་ཟས་ཡིན་ནོ་ཞེ་ན། དེ་ཡང་མི་རུང་ངོ༌། །ཟས་ནི་སྲིད་པ་གསོ་བར་བྱེད་པ་ཡིན་གྱི་དེ་ནི་སྲིད་པ་གཅོད་པར་བྱེད་པ་ཡིན་པས་དེ་དག་ཟས་ཀྱིས་གནས་ཞེས་བྱར་མི་རུང་ངོ་ཞེ་ན། དེ་ནི་དཔེར་ན་གཟུགས་ལ་སོགས་པའི་ཁམས་སུ་འཕགས་པ་དག་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་དེས་དེ་དག་གི་ལུས་གནས་པར་གྱུར་པ་དང་འདྲ་བར་ཟག་པ་མེད་པའི་ཆོས་ནི་དེ་དག་གི་ཟས་དང་འདྲ་བར་སྟོན་པ་ཡིན་པས་འགལ་བ་མེད་དོ། །གལ་ཏེ་འཕགས་པ་དག་གཟུགས་ལ་སོགས་པའི་གནས་སུ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་དེས་གནས་པ་མ་ཡིན་གྱི་སྔོན་འདས་པའི་དུས་སུ་ཟས་གང་ཡང་རུང་བ་སྟོན་པའི་ཟས་ད་ལྟར་གནས་པ་ཡིན་པས་དཔེ་དེ་མི་རུང་ངོ་ཞེ་ན། དེ་དག་འདས་པའི་ཟས་དང་ལྡན་ཞེས་བྱར་མི་རུང་སྟེ། འདས་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་འདིར་ཡང་གལ་ཏེ་དེ་དག་དེ་ན་ཟག་པ་མེད་པའི་


DTG205_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་མ་ཡིན་གྱི་འདས་པའི་དུས་ཀྱི་ཟས་གཞན་གྱིས་བསྟན་ཏེ་གནས་པར་གྱུར་ན་མེད་པས་བསྟན་ཏེ་གནས་པའི་སྐྱོན་དུ་འགྱུར་བས། དེའི་ཕྱིར་དེ་དག་ནི་འདས་པའི་ཟས་ཀྱིས་བསྟན་ཏེ་གནས་པ་མ་ཡིན་གྱི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཡིན་ཏེ། དེ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྟན་ནས། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་ཕྲིན་ལས་ཅི་མཛད་ཅེ་ན། དེའི་ཕྱིར་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སེམས་ཅན་གྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་དེའི་ཉེ་བར་གནས་པ་ཞེས་བྱ་བར་སྦྱར་རོ། །དོན་ཐམས་ཅད་ཅེས་བྱ་བ་ནི་ཕན་པ་དང་བདེ་བའི་དོན་ཏོ། །ཚེ་འདི་ལ་ཕན་པ་དང་ཚེ་ཕྱི་མ་ལ་བདེ་བའོ། །ཡང་ན་འཇིག་རྟེན་པའི་དོན་ནི་ཕན་པའོ། །འཇིག་རྟེན་ལས་འདས་པའི་དོན་ནི་བདེ་བའོ། །འོ་ན་གནས་དེ་ནི་མི་གཡོ་བའི་མཚན་ཉིད་དེ་མངོན་པར་འདུ་བྱེད་པ་མེད་པ་ཡིན་ན། ཇི་ལྟར་ན་སེམས་ཅན་གྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་ཅེ་ན། དེ་ནི་དཔེར་ན་འཕགས་པ་རྣམས་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་སྔོན་གྱི་མངོན་པར་འདུ་བྱེད་པའི་དབང་གིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པ་དང་འདྲ་བར་བལྟ་བར་བྱ་སྟེ། དེ་ནི་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ནས། བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་ལ་འཚེ་བ་མེད་པ་ཡང་དགོས་པས་དེའི་ཕྱིར་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གསུངས་ཏེ། དེ་ནི་རང་གི་ནང་གི་རྒྱུད་ལས་བྱུང་བའི་གནོད་པ་མེད་པར་སྟོན་ཏོ། །དེ་ལ་ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །དྲི་མ་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་ཉིད་དྲི་མའོ། །གནོད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་ལས་བྱུང་བའི་གནོད་པ་སྟེ་སྡུག་བསྔལ་སྣ་ཚོགས་སོ། །ཉོན་མོངས་པའི་དྲི་མ་དེ་དག་ནི་གནོད་


DTG205_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཡིན་ཏེ། དེ་དག་མེད་པས་དེ་ལས་བྱུང་བའི་གནོད་པ་ཡང་མེད་དོ། །འོ་ན་དེ་ཇི་ལྟར་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཉོན་མོངས་པའི་དྲི་མས་བྱས་པའི་གནོད་པ་མེད་པ་གང་ཡིན་པ་དེ་ཉིད་འཚེ་བ་མེད་པ་ཡང་ཡིན་ཏེ། དཔེར་ན་བདག་པོས་ཕན་མ་བཏགས་ཀྱང་མ་གཙེས་པའི་ཕྱིར་བདག་གི་རྗེ་བོ་དཔོན་གྱིས་མ་གཙེས་སོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ནི་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་བསྟན་ནས། ནང་གི་གནོད་པ་མེད་པས་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ་ཕྱི་རོལ་གྱི་གནོད་པའི་རྒྱུ་ཡང་མེད་པས་དེའི་ཕྱིར་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་གསུངས་ཏེ། དེས་ནི་ཕྱི་རོལ་གྱི་གནོད་པ་མེད་པར་སྟོན་ཏོ། །དེ་ལ་བདུད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་རྣམས་སོ། །ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་དེ་ངག་གིས་དེ་ཡོངས་སུ་སྤངས་ཏེ། དེ་དག་གིས་དེར་མི་བརྫི་བའམ་དེས་དེ་དག་ཡོངས་སུ་སྤངས་ཏེ། དེ་ན་དེ་དག་མེད་པའོ། །བདུད་དེ་དག་ནི་ཕྱིར་རྒོལ་བ་ཡིན་ཏེ་དེ་དག་ལས་རྒྱལ་ནས་ནི་དེའི་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་བསྟན་ནས། ཕྱིར་རྒོལ་བ་མེད་པ་དེའི་ཕུན་སུམ་ཚོགས་པ་དེའི་གནས་ཀྱི་ཁྱད་པར་ཅི་འདྲ་ཞེ་ན། དེའི་ཕྱིར་གནས་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས་ཞེས་བྱ་བ་གསུངས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ་གཞན་དག་གི་བཀོད་པ་ལས་ལྷག་པ་སྟེ། དེ་བཞིན་གཤེགས་པའི་བཀོད་པ་དང་ལྡན་པའི་གནས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་གནས་ཉིད་དེ་ལྟར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཐམས་ཅད་ཀྱི་གནས་ལས་ཁྱད་པར་དུ་འཕགས་པས་ན་དེ་ནི་གནས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་བསྟན་ནས། དེར་འགྲོ་བའི་ལམ་ཅི་འདྲ་བ་ཞེ་ན། དེའི་ཕྱིར་བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་བསྟན་པའི་དབང་


DTG205_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད་ནས། དྲན་པ་དང༌། བློ་གྲོས་དང༌། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་ན་དོན་ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པའི་ཕྱིར་རོ། །བློ་གྲོས་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་པའི་དོན་རིག་པས་ངེས་པར་རྟོགས་པར་བྱེད་པ་ལ་ངེས་པའི་བློ་གྲོས་སྐྱེ་བའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ། བསྒོམས་པའི་སྟོབས་ཀྱིས་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་གསུམ་ཆར་དང་སྦྱར་ཏ། དེ་ཡང་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པ་ལས་བྱུང་བའི་ཕྱིར་དང་ཐེག་པ་ཆེན་པོའི་འབྲས་བུ་ཡིན་པའི་ཕྱིར་དང༌། ཐེག་པ་ཆེན་པོས་བསྡུས་པ་ཡིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་འདིས་ངེས་པར་འབྱུང་བ་སྟེ་ལམ་མོ། །དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་དྲན་པ་ལ་སོགས་པའི་ལམ་འདིས་གནས་ངེས་ངེས་པར་འབྱུང་བས་དྲན་པ་ལ་སོགས་པས་ངེས་པར་འབྱུང་བར་སྦྱར་ཏེ། དེ་ནི་བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་བསྟན་ནས་གང་ལ་ཞོན་ནས་དེར་འཇུག་པའི་བཞོན་པ་ཡང་དགོས་པས་དེའི་ཕྱིར་བཞོན་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཞི་གནས་དང་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞི་གནས་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ཞེས་བྱ་བ་ནི་ཁྱད་པར་དུ་མཐོང་བ་སྟེ་ཤེས་རབ་བོ། །ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་གཉིས་མཉམ་པར་འཇུག་པ་ནི་བཞོན་པ་ཡིན་ཏེ། དེ་གཉིས་ཀྱི་ས་ལམ་དེ་ནས་གནས་དེར་འགྲོ་བའི་ཕྱིར་ཏེ། དེ་ནི་བཞོན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བཞོན་པ་ཕུན་སུམ་ཚོགས་པ་བསྟན་ནས། བཞོན་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་སྒོ་གང་ནས་དེར་འཇུག་པར་འགྱུར་བའི་སྒོ་ཡང་དགོས་པས་དེའི་ཕྱིར་སྒོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ནས་འཇུག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་པ་སྟེ་མྱ་ངན་ལས་འདས་པའོ། །སྒོ་ཞེས་བྱ་བ་ནི་སྒོ་མོ་སྟེ།


DTG205_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སོ། །ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཡང་དངོས་སུ་ན་སྟོང་པ་ཉིད་ལ་སོགས་པ་ཉིད་རྣམ་པར་ཐར་པའི་སྒོ་ཆེན་པོ་ཡིན་ཏེ། སྒོ་དེ་ནས་དེར་འཇུག་པར་སྦྱར་རོ། །དེ་ལ་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་བདག་མེད་པ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་བའི་སྒོ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །མཚན་མ་མེད་པ་ཞེས་བྱ་བ་ལ་མཚན་མ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་དང་སྐྱེས་པ་དང༌། བུད་མེད་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པ་སྟེ། དེ་དག་གང་ལ་མེད་པ་དེ་ནི་མཚན་མ་མེད་པའོ། །དེ་ཡང་གང་ཞེ་ན་མྱ་ངན་ལས་འདས་པ་སྟེ། དེ་ནི་མཚན་མ་ཐམས་ཅད་བསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་ཆེན་པོ་མཚན་མ་མེད་པ་ཞེས་བྱའོ། །སྨོན་པ་མེད་པ་ཞེས་བྱ་བ་ལ་སྨོན་པ་ནི་སྨོན་ལམ་སྟེ་འདོད་པའོ། །དེ་གང་ལ་མེད་པ་ནི་སྨོན་པ་མེད་པ་སྟེ། དེ་ཡང་གང་ཞེ་ན་ཁམས་གསུམ་པ་སྡུག་བསྔལ་བར་མཐོང་ན་དེ་ལ་སྨོན་པར་བྱ་བ་མེད་དོ་སྙམ་ནས་དེར་སྨོན་ལམ་མི་འདེ་བས་བ་ནི་སྨོན་པ་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་བའི་སྒོ་ཆེན་པོ་སྨོན་པ་མེད་པ་ཞེས་བྱའོ། །ནས་འཇུག་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་ཆེན་པོ་དེ་དག་ནས་དེར་འཇུག་པར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་སྒོ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་སྒོ་ཕུན་སུམ་ཚོགས་པ་བསྟན་ནས། སྒོ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་གཞལ་མེད་ཁང་གཞན་དག་བཞིན་དུ་གང་ལ་བརྟེན་པའི་རྟེན་ཀྱང་དགོས་པ་དེའི་ཕྱིར་རྟེན་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ཞེས་བྱ་བ་གསུངས་ཏེ། དཔེར་ན་ཆུའི་དཀྱིལ་འཁོར་ལ་སོགས་པ་སའི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་པ་དང༌། འཇིག་རྟེན་པའི་གཞལ་མེད་ཁང་དག་པ་དང་ནམ་མཁའ་ལ་བརྟེན་པ་བཞིན་དུ་གཞལ་མེད་ཁང་འདི་ཡང་རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་ཏེ་


DTG205_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་སྦྱར་རོ། །དེ་ལ་རིན་པོ་ཆེའི་པདྨ་ཞེས་བྱ་བ་ནི་པདྨ་དེ་ཉིད་རིན་པོ་ཆེ་ཡང་ཡིན་ལ་པདྨ་ཡང་ཡིན་ཏེ། རིན་པོ་ཆེའི་རང་བཞིན་གྱི་པདྨ་ཞེས་བྱ་བའི་ཐ་ཚིག་གོ །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་དེ་ཉིད་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་ཡང་ཡིན་ལ་པདྨའི་རྒྱལ་པོ་ཆེན་པོ་ཡང་ཡིན་པའོ། །ཡང་ན་རིན་པོ་ཆེའི་པདྨ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ལས་བྱུང་བ་འཁོར་གྱི་པདྨ་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་གི་བླ་མ་སྟེ། ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་བའི་རྩ་བ་ལས་བྱུང་བའི་པདྨ་ཆེན་པོ་ཉིད་ཡིན་པར་སྦྱར་རོ། །ཡོན་ཏན་མཐའ་ཡས་པས་བརྒྱན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་ལས་རྒྱན་སྣ་ཚོགས་སུ་གྲུབ་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །བཀོད་པ་ཞེས་བྱ་བ་ནི་རྒྱན་དེའི་ཁྱད་པར་རོ། །ལ་བརྟེན་པ་ཞེས་བྱ་བ་ནི་རྒྱན་དེའི་ཁྱད་པར་གྱི་བཀོད་པ་ཆེན་པོ་དེ་ལ་གཞལ་མེད་ཁང་དེ་བརྟེན་ཅེས་བྱ་བའི་ཐ་ཆིག་སྟེ། དེ་ནི་རྟེན་ཕུན་སུམ་ཚོགས་པ་ཡིན་ནོ། །ན་བཞུགས་ཏེ་ཞེས་བྱ་བ་ནི་རྒྱན་གྱི་བཀོད་པ་ཆེན་པོ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོ་དེ་ན་བཅོམ་ལྡན་འདས་བཞུགས་ཞེས་བྱ་བར་སྦྱར་རོ། །བཞུགས་ཞེས་བྱ་བ་ནི་སྤྱོད་ལམ་དང༌། ལྷ་དང་ཚངས་པ་དང༌། འཕགས་པའི་བཞུགས་པ་བླ་ན་མེད་པ་དག་གིས་བཞུགས་པའོ། །གནས་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ཅི་འདྲ་བ་ཅིག་བཞུགས་ཤེ་ན། །ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། དེའི་ཕྱིར་དེའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་པ་ནི་དེ་ལས་གཞན་པའི་སྟོན་པ་རྣམས་ལས་ཁྱད་པར་དུ་བྱ་བ་དང༌། གཞན་དག་ཀྱང་དང་བ་རབ་ཏུ་བསྐྱེད་པའི་ཕྱིར་རོ། །དེའི་ཕུན་སུམ་ཚོགས་པ་ནི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་རིག་པར་བྱ་སྟེ། མངོན་པར་བྱང་ཆུབ་བའི་ཡོན་ཏན་གྱི་ཁྱད་པར་དང༌། སྒྲིབ་པ་མི་མངའ་པའི་ཡོན་ཏན་གྱི་ཁྱད་པར་དང༌། འདུལ་བའི་ཐབས་ཀྱི་ཡོན་ཏན་གྱི་ཁྱད་པར་དང༌། འདུལ་བ་ལ་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་དང༌། སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་


DTG205_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་དང༌། མི་མཐུན་པའི་ཕྱོགས་སྤང་བའི་ཡོན་ཏན་གྱི་ཁྱད་པར་དང༌། མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་དང༌། བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་དང༌། དུས་གསུམ་ལུང་སྟོན་པ་ཡོན་ཏན་གྱི་ཁྱད་པར་དང༌། དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཐེག་པ་ཐམས་ཅད་ཀྱིས་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཤིན་ཏུ་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་ངག་སྩོལ་བའི་ཡོན་ཏན་གྱི་ཁྱད་པར་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་དང༌། སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་དང༌། སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་དང༌། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་དང༌། མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་དང༌། འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་རོ། །ཕུན་སུམ་ཚོགས་པ་ཉི་ཤུ་གཅིག་པོ་དེ་དག་ནི་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་གསུངས་པའི་ཚིག་ཉི་ཤུ་རྩ་གཅིག་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་དང་པོར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཐུགས་སུ་ཆུད་པའི་བློ་དང་ལྡན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ལེགས་པར་བྱ་བའི་ཚིག་གི་དོན་ནི་རྟོགས་པར་བྱ་བ་ལེགས་པར་རྟོགས་པ་དང༌། ཡོངས་སུ་རྫོགས་པར་རྟོགས་པ་དང༌། མ་ལུས་པར་རྟོགས་པའི་དོན་ཏོ། །ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྙེད་པ་ཉིད་དང་ཇི་


DTG205_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བཞིན་དུ་ཡོད་པ་ཉིད་རྟོགས་པར་ཐུགས་སུ་ཆུད་པའི་མཁྱེན་པ་མངའ་བ་སྟེ། དེ་ནི་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སྒྲིབ་པ་མི་མངའ་བའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། བྱིས་པ་དང་ཉན་ཐོས་ཀྱི་སྤྱོད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་མི་མངའ་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་བྱིས་པའི་ཀུན་དུ་སྤྱོད་པ་ནི་འཁོར་བའི་ཀུན་ནས་ཉོན་མོངས་པ་སྟེ། དེའི་བདག་ཉིད་གནས་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཀུན་དུ་སྤྱོད་པ་ནི་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པ་སྟེ། གཞན་གྱི་དོན་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །དེ་ལྟར་ན་བྱིས་པའི་ཀུན་དུ་སྤྱོད་པ་ནི་ཉོན་མོངས་པའི་སྒྲིབ་པའི་རང་བཞིན་ཡིན་ལ། ཉན་ཐོས་ཀྱི་ཀུན་དུ་སྤྱོད་པ་ནི་ཤེས་བྱའི་སྒྲིབ་པའི་རང་བཞིན་ཡིན་པས་དེ་གཉིས་ནི་སྒྲིབ་པ་མེད་པའི་ཡོན་ཏན་དང་ལྡན་པའི་ཁྱད་པར་དང་ལྡན་པ་མ་ཡིན་གྱི། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པ་ཡིན་པས་དེ་ལ་ཀུན་དུ་སྤྱོད་པ་དེ་གཉིས་མི་མངའ་སྟེ། དེ་ནི་སྒྲིབ་པ་མི་མངའ་བའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འདུལ་བའི་ཐབས་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་ནི་སྐལ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱིས་སེམས་ཅན་རྣམས་དེར་འདུལ་བའི་ཐབས་ཡོངས་སུ་མཁྱེན་ནས་དེ་བཞིན་དུ་སྟོན་ཅིང་དེ་དག་དེར་གཞོལ་བ་དང༌། འབབ་པ་དང༌། བབ་པར་མཛད་པ་སྟེ། དེ་ནི་འདུལ་བའི་ཐབས་ཀྱི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འདུལ་བ་ལས་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གནས་པ་ཞེས་བྱ་བ་ནི་སྐབས་འདིར་ཐུགས་རྗེ་ཆེན་པོས་ཉིན་མཚན་དུ་ལན་དྲུག་ཏུ་འཇིག་རྟེན་ལ་གཟིགས་པ་དང་སྦྱར་རོ། །གནས་པ་ཞེས་བྱ་བ་ནི་དེ་ལྟ་བུའི་གནས་པས་རྟག་ཏུ་གནས་པ་སྟེ། དེ་ནི་འདུལ་བ་ལ་སོ་


DTG205_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཐམས་ཅད་དང༌། ཕྲིན་ལས་ཀྱི་མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་མཐུན་པར་མཛད་པའོ། །བརྙེས་པ་ཞེས་བྱ་བ་ནི་དེ་དག་དང་ཕྲིན་ལས་མཉམ་བ་ཉིད་བརྙེས་པ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་མཛད་བ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སྒྲིབ་པ་མེད་པའི་རྟོགས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཡེ་ཤེས་སོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་སྒྲིབ་པ་མ་ལུས་པ་སྤངས་པ་དང༌། སྒྲིབ་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཛད་པ་སྟེ། དེ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཕྱིར་མི་ཟློགས་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཕྱིར་མི་ཟློགས་པའི་ཆོས་ཞེས་བྱ་བ་ནི་མུ་སྟེགས་ཅན་དག་གིས་ཕྱིར་ཟློག་མི་ནུས་པའི་ཆོས་དང་དེ་དག་ཟིལ་གྱིས་མནན་ནས་ཡང་དག་པའི་ལམ་སྟོན་པར་མཛད་པའི་ཆོས་སོ། །ལྡན་པ་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་ཀྱི་ཁྱད་པར་བརྙེས་པ་སྟེ། དེ་ནི་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་སྤྱོད་ཡུལ་གྱིས་མི་འཕོགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཏེ། དེ་དག་ནི་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཡིན་པ་དང། དགེ་བའི་སྲོག་གི་བར་ཆད་བྱེད་པ་ཡིན་པའི་ཕྱིར་བདུད་ཅེས་བྱའོ། །མི་འཕྲོགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཤིན་ཏུ་ཡོངས་སུ་རྫོགས་པར་བསྒོམས་པས་ཡུལ་ཤིན་ཏུ་ཡིད་དུ་འོང་བས་ཀྱང་བར་ཆད་བྱེད་པར་མི་ནུས་ཏེ། ཡུལ་དེ་དག་ཟིལ་གྱིས་


DTG205_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་ཅིང་རྗེས་སུ་ཆགས་པ་དང་ཁོར་ཁྲོ་བར་མི་འགྱུར་བས་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་སྟེ། དེ་ནི་བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའོ། །རྣམ་པར་འཇོག་པ་ཞེས་བྱ་བ་ནི་གདགས་པ་རྣམ་པར་གཞག་པ་རྣམ་པ་བཞི་རྣམ་པར་འཇོག་པར་མཛད་པ་སྟེ། ཆོས་གདགས་པ་རྣམ་པར་གཞག་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་དང༌། བདེན་པ་གདགས་པ་རྣམ་པར་གཞག་པ་དང༌། རིགས་པ་གདགས་པ་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་དག་རྣམ་པར་འཇོག་པར་མཛད་པ་སྟེ། དེ་ནི་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་དུས་གསུམ་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་གསུམ་ཞེས་བྱ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམས་སོ། །མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ལ་ཇི་ལྟ་བ་བཞིན་དུ་འདས་པ་དང་མ་འོངས་པའི་དུས་ལའང་དེ་བཞིན་དུ་ཁྱད་པར་ལུང་སྟོན་པ་སྟེ། དེ་ནི་དུས་གསུམ་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པ་མ་འདྲེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཐ་དད་པ་ལ་བྱ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་འཁོར་སྣ་ཚོགས་ཀྱི་དཀྱིལ་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་


DTG205_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པར་མྱོང་བར་མཛད་ཅིང་རྒྱུད་ཐ་དད་པར་བཞུགས་པས་ན་མ་འདྲེས་པ་ཞེས་བྱའོ། །རྣམ་པར་ཐར་པར་མཛད་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེས་སེམས་ཅན་རྣམས་རྣམ་པར་ཐར་པར་མཛད་པའོ། །ཡེ་ཤེས་མཐར་ཕྱིན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་སེམས་ཅན་རྣམས་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་གང་ཡིན་པ་དེའི་མཐར་བྱོན་ཅིང་དེ་ལྟ་བུའི་སྐུ་ལ་རྟག་ཏུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་གསུངས་ཏེ། དེ་ལ་མཐའ་དང་དབུས་མེད་པའི་སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་ཡོངས་སུ་སྤངས་པའི་མཚན་ཉིད་ཀྱིས་ནི་མཐའ་མེད་པ་ཡིན་ལ། ཡུལ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཀྱིས་ནི་དབུས་མེད་པ་ཡིན་ནོ། །ཡང་ན་སྔོན་དང་ཕྱི་མའི་མཐའ་སྤངས་པའི་མཚན་ཉིད་ཀྱིས་ནི་མཐའ་མེད་པ་ཡིན་ལ། ད་ལྟར་མི་གནས་པའི་མཚན་ཉིད་ཀྱིས་ནི་དབུས་མེད་པ་ཡིན་ནོ། །མཉམ་པ་ཉིད་ཅེས་བྱ་བ་ནི་མཐའ་དང་དབུས་མེད་པའི་སངས་རྒྱས་དེའི་ས་སྟེ། འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་དོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ས་མཉམ་པ་ཉིད་གང་ཡིན་པ་དེ་ཐུགས་སུ་ཆུད་པ་སྟེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་པ་དང༌། དེ་ལ་བྱིས་པ་དང་ཉན་ཐོས་ཀྱི་ཀུན་དུ་སྤྱོད་པའི་སྒྲིབ་པ་གཉིས་མི་མངའ་བའི་ཕྱིར་ཏེ། དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཀླས་པ་ཞེས་བྱ་བ་ནི་གཏིང་སླེབས་པའམ་མཐར་ཐུག་པའམ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་རྟོགས་པ་ཡང་ལམ་བསྒོམས་པས་མཐར་ཐུག་པའི་འབྲས་བུ་ཐོབ་པ་ཉིད་ཡིན་པའི་ཕྱིར་དེའི་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་


DTG205_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བ་གསུངས་ཏེ། དཔེར་ན་ནམ་མཁའ་ནི་འཇིག་པ་དང་ཆགས་པའི་དུས་དག་ན་ཡང་ཟད་མི་ཤེས་བས་མི་ཟད་པ་དང་དངོས་པོ་དང་དངོས་པོ་མ་ཡིན་པ་མཐའ་དག་ལ་ཁྱབ་པས་ཐམས་ཅད་དུ་སོང་བ་དང༌། འཁོར་བའི་མཐའི་བར་དུ་མུ་ཐུག་པ་མེད་པར་རྒྱ་ཆེ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བ་དང༌། འཇིག་པའི་དུས་དག་ན་ཡང་ཟད་མི་ཤེས་པས་མི་ཟད་པ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་དག་ལ་ཁྱབ་པས་ཐམས་ཅད་དུ་སོང་བ་དང༌། འཁོར་བའི་མཐའི་བར་དུ་མུ་ཐུག་པ་མེད་པར་སེམས་ཅན་གྱི་དོན་མཛད་པས་རྒྱ་ཆེ་བ་ཡང་ཡིན་ཏེ། དེའི་ཕྱིར་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་ངག་སྩོལ་བའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་མ་བརྟགས་པའི་སྐུ་ཞེས་བྱ་བ་ལ་སོ་སོའི་སྐྱེ་བོའི་ལུས་ནི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། དེ་ཡང་སྤྲོས་པ་ལས་ནི་རྣམ་པར་རྟོག་པ་སྐྱེ་ལ། རྣམ་པར་རྟོག་པ་ལས་ནི་ལས་དང་ཉོན་མོངས་པ་འབྱུང༌། ལས་དང་ཉོན་མོངས་པ་ལས་ནི་སྡུག་བསྔལ་གྱི་ལུས་བསྐྱེད། ལུས་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ལུས་ཡིན་གྱི་དེ་བཞིན་གཤེགས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་མི་མངའ་བ་ཡིན་པས། ལས་དང་ཉོན་མོངས་པས་བསྐྱེད་པའི་ལུས་ཅན་མ་ཡིན་ཏེ། རྣམ་པར་མ་བརྟགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་པས་ན་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བ་ཡིན་གྱི་ཉན་ཐོས་ལ་སོགས་པ་གཞན་ནི་མ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཡང་དག་པར་བླངས་པ་


DTG205_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་ཡེ་ཤེས་སུ་ཡང་དག་པར་བླངས་པ་སྟེ། དེ་ཡང་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་དམ་པས་ཕན་བཏགས་པ་དང༌། ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་དེ། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དེ། ཕན་གདགས་པའི་དམ་པས་ཕན་བཏགས་ལ་ཡོངས་སུ་མ་སྨིན་པ་རྣམས་ནི་ཕན་གདགས་པ་རྣམས་ལང་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ན་ཁྱེད་ཀྱིས་འདི་དག་ཡོངས་སུ་སྨིན་པར་གྱིས་ཤིག་ཅེས་ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་པའི་སྒོ་ནས་དེ་དག་ཀྱང་སེམས་བསྐྱེད་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང༌། མངོན་པར་རྟོགས་པ་དང༌། ལུང་སྟོན་པ་དང༌། དབང་བསྐུར་བ་ལ་སོགས་པའི་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འཐོབ་ཅིང༌། སངས་རྒྱས་ཀྱི་གདུང་མི་འཆད་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དེ་ལྟར་སྦྱོར་བར་མཛད་པས་ན་དེ་ནི་སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་དུ་བྱོན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་དེ། ཆོས་ཀྱི་སྐུའོ། །དེ་ཐ་དད་པ་མེད་པའི་མཚན་ཉིད་ཀྱིས་གཉིས་སུ་མེད་པ་ཡིན་ཏེ། ཀུན་དུ་སྤྱོད་པ་གཉིས་མ་ལུས་པར་སྤངས་པའི་ཕྱིར་རོ། །དམ་པའི་ཕ་རོལ་དུ་བྱོན་པ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་དེ་ལ་གཞོལ་ཞིང་དེ་ལ་རྟག་ཏུ་གནས་པའི་དོན་ཏེ། དེ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་བ་བྱེ་བ་ཕྲག་བརྒྱས་བསྡུས་པ་གཅིག་གི་འཛམ་བུའི་གླིང་ཐམས་ཅད་ལ་བྱའོ། །ཡང་གཅིག་ཏུ་ན་དེ་ནི་


DTG205_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་ཙམ་དུ་ཟད་ཀྱི་སངས་རྒྱས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་འཇིག་རྟེན་གྱི་ཁམས་དང་གདུལ་བའི་ཁམས་མཐའ་ཡས་པ་ཐམས་ཅད་ཡིན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ལ་ཡང་བྱའོ། །ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་དེ་དག་གི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་སྐུས་དང་པོ་དགའ་ལྡན་གྱི་གནས་ནས་འབབ་པ་ནས། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་གྱི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་སོགས་པ་ཅིག་ཅར་སྟོན་པ་སྟེ། དེ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཤེས་བྱའི་རྣམ་པའི་ཆོས་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཐམས་ཅད་དོ། །ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་ཟ་བ་མ་ལུས་པར་བསལ་བའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། དེ་ནི་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཐེག་པ་ཐམས་ཅད་ཀྱིས་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི་གདུལ་བ་རྣམས་ཀྱི་སྤྱོད་པ་སྟེ་འདོད་ཆགས་སྤྱད་པ་དང༌། ཞེ་སྡང་སྤྱད་པ་དང། གཏི་མུག་སྤྱད་པ་དང༌། ང་རྒྱལ་སྤྱད་པ་དང༌། རྣམ་པར་རྟོག་པའི་སྤྱད་པ་ལ་སོགས་པའི་སྤྱོད་པ་ཐམས་ཅད་དོ། །ལྡན་པའི་བློ་མངའ་བ་ཞེས་བྱ་བ་ནི་གདུལ་བདེ་དག་གི་འདོད་ཆགས་སྤྱད་པ་ལ་སོགས་པའི་སྤྱོད་པ་ཐམས་ཅད་མཁྱེན་ནས་དེ་དག་ལ་མི་སྡུག་པའམ། བྱམས་པའམ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའམ། ཁམས་རབ་ཏུ་དབྱེ་བའམ། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་དྲན་པ་ལ་སོགས་པ་ཐེག་པ་གང་གིས་གདུལ་བར་འགྱུར་བའི་སྐུ་དང་ཐབས་ཀུན་དུ་སྟོན་པར་མཛད་པའི་མཁྱེན་པ་མངའ་བ་སྟེ། དེ་ནི་ཐེག་པ་ཐམས་ཅད་ཀྱིས་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་


DTG205_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཤིན་ཏུ་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་ངག་སྩོལ་པའི་ཡོན་ཏན་གྱི་ཁྱད་པར་སྟོན་པའི་དབང་དུ་མཛད་ནས། ཆོས་ཤེས་པ་ལ་ནེ་མ་ནུར་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཤེས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཀྱིས་རྟོགས་པར་ཐུགས་སུ་ཆུད་པའི་མཁྱེན་པ་ལ་བྱའོ། །ནེམ་ནུར་མི་མངའ་བ་ཞེས་བྱ་བ་ནི་ཐེ་ཚོམ་མི་མངའ་ཞིང་ངེས་པར་གྱུར་པ་སྟེ། དེ་ཡང་ཆོས་རྣམས་ལ་ནེམ་ནུར་ཅན་དག་ལ་ནི་གཞན་ལ་ཅི་རིགས་པར་གདམས་ངག་སྦྱིན་པའི་མཐུ་མེད་ཀྱི་གང་གིས་ཆོས་གང་རྟོགས་པའི་ཤེས་པ་དེ་དག་ཉིད་ཐེ་ཚོམ་མེད་ཅིང་ཤིན་ཏུ་ངེས་པར་གྱུར་ན་དེས་གཞན་དག་ལ་ཡང་ཕྱིན་ཅི་མ་ལོག་པར་གདམས་ངག་སྦྱིན་ནུས་པས་ན་འདིར་ཡང་བཅོམ་ལྡན་འདས་ནི་བདག་ཉིད་ཆོས་མཁྱེན་པ་ལ་ཐེ་ཚོམ་མི་མངའ་ཞིང་ཤིན་ཏུ་ངེས་པ་ཡིན་པས་གཞན་ལ་ཡང་ཅི་རིགས་པར་ཕྱིན་ཅི་མ་ལོག་པའི་གདམས་ངག་སྩོལ་བར་མཛད་དེ། དེ་ནི་ཤིན་ཏུ་མདོ་ཁ་ཅིག་ལས་ནི་ཕྱི་མའི་མཐའི་མུར་ཐུག་པ་ཞེས་ཀྱང་འབྱུང་སྟེ། དེ་ནི་ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེ་ཞེས་བྱ་བ་ནི་དེ་ལྟར་ཡོན་ཏན་གྱི་ཁྱད་པར་ཉི་ཤུ་རྩ་གཅིག་དང་ལྡན་པའི་བཅོམ་ལྡན་འདས་དེ་སྟེ། དེ་འཁོར་ཕུན་སུམ་ཚོགས་པ་འོག་ནས་འབྱུང་བ་དག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བར་ཚིག་འོག་མ་དང་སྦྱར་རོ། །ཡང་རྣམ་གྲངས་གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཁྱད་པར་ཉི་ཤུ་རྩ་གཅིག་པོ་དེ་དག་ནི་བསྟན་པ་དང་བཤད་པའི་ཚིག་ཡིན་ཏེ། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ནི་བཤད་པའི་ཚིག་ཡིན་ཏེ། དེ་ལྟར་ན་ཆོས་ཉིད་ལེགས་པར་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུས་ན་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་སྟེ། ཤེས་བྱ་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་དང༌། མཆོག་ཏུ་རྣམ་པར་དག་པ་རྟོགས་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་དང༌། ཆོས་ཀྱི་སྐུ་ལ་སྐུ་དང༌། དགོངས་པ་


DTG205_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕྲིན་ལས་ཐ་དད་པ་མི་མངའ་བའི་ཡོན་ཏན་དང༌། སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་དང༌། མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་དང༌། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་དང༌། ཆོས་རྣམ་པར་འཇོག་པའི་ཡོན་ཏན་དང༌། ལུང་སྟོན་པའི་ཡོན་ཏན་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་དང༌། ཐེ་ཚོམ་གཅོད་པའི་ཡོན་ཏན་དང༌། སྤྱད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་དང༌། ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་དང༌། མོས་པ་ཇི་ལྟ་བ་བཞིན་ཀུན་དུ་སྟོན་པའི་ཡོན་ཏན་དང༌། ལུས་ཚད་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན་དང༌། ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་དང༌། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་ཀུན་དུ་སྟོན་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང༌། འཁོར་བའི་མཐའི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཛད་པར་ཉེ་བར་གནས་པའི་ཡོན་ཏན་དང༌། མི་ཟད་པའི་ཡོན་ཏན་གྱིས་སོ། །ཡོན་ཏན་རྣམ་པ་ཉི་ཤུ་པོ་དེ་དག་ན་མདོ་ལས། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ནས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བའི་བར་གྱི་ཚིག་ཉི་ཤུ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་དང་པོར་ཤེས་བྱ་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ཉན་ཐོས་རྣམས་ཀྱི་ཤེས་པ། ཡུལ་དང་དུས་ཀྱིས་བསྐལ་པའི་དུས་རྣམས་ལས་ཁ་ཅིག་ལ་ཐེག་པ་དང་སངས་རྒྱས་ཀྱི་ཆོས་རབ་ཏུ་དབྱེ་བ་མཐའ་ཡས་པ་དག་ལ་ཤེས་པ་མི་འཇུག་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མཁྱེན་པ་ནི་དེ་ལྟ་མ་ཡིན་ཏེ། ཡུལ་དང་དུས་ཐམས་ཅད་དུ་དངོས་པོ་རྣམ་པ་ཐ་དད་པ་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་མཁྱེན་པ་འཇུག་པས་དངོས་པོའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་དང༌། ཡོངས་སུ་མི་ཤེས་པའི་ཀུན་དུ་སྤྱོད་པ་གཉིས་མི་མངའ་བའི་ཕྱིར་ཤེས་བྱ་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་


DTG205_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མཆོག་ཏུ་རྣམ་པར་དག་པ་རྟོགས་པར་མཛད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཀྱི་དྲི་མ་མ་ལུས་པར་བསལ་བའི་དེ་བཞིན་ཉིད་དམ་པ་ཆོས་བདག་མེད་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་ནོ། །མཆོག་ཏུ་གཞོལ་པར་མཛད་པ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་རང་བཞིན་གྱིས་རྟོགས་པར་ཐུགས་སུ་ཆུད་ནས་གཞན་དག་ལ་ཡང་གོ་བར་མཛད་པ་སྟེ། ད་ལྟར་མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པའི་ཕྱིར་མཆོག་ཏུ་རྣམ་པར་དག་པ་རྟོགས་པར་མཛད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་གསུངས་ཏེ། ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་གཅོད་པས་འཕགས་པ་དང༌། ལྷ་དང་ཚངས་པའི་གནས་པ་བླ་ན་མེད་པས་རྟག་ཏུ་གནས་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་ལ་སྐུ་དང་དགོངས་པ་དང་ཕྲིན་ལས་ཐ་དད་པ་མི་མངའ་བའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་སྐུ་དང༌། དགོངས་པ་དང་ཕྲིན་ལས་ཐ་དད་པ་མི་མངའ་བས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པར་སྦྱར་རོ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ཐ་མི་དད་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བར་དགོངས་པ་ཐ་མི་དད་པ་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་གཞན་གྱི་


DTG205_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་པའི་ཕྱིར་ཕྲིན་ལས་ཐ་མི་དད་པའི་ཕྱིར་ཆོས་ཀྱི་སྐུ་ལ་སྐུ་དང་དགོངས་པ་དང་ཕྲིན་ལས་ཐ་དད་པ་མི་མངའ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་ལམ་གོམས་པར་མཛད་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྟོགས་པ་ཐུགས་སུ་ཆུད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྒྲིབ་པ་མེད་པའི་རྟོགས་པ་ཞེས་བྱ་བ་ནི་སྒྲིབ་པ་ལས་དབེན་པའི་གནས་སམ་རྟེན་པར་བྱེད་པ་དེ་མྱ་ངན་ལས་འདས་པའོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ཐོབ་པའི་དོན་ཡོད་པའི་ཕྱིར་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། བཤད་པ་དང་ཐུགས་སུ་ཆུད་པའི་ཆོས་རྣམས་དང་ལྡན་པས་གཞན་མུ་སྟེགས་ཅན་དག་གིས་ཕྱིར་མི་ལྡོག་པའི་ཕྱིར་མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་པའི་སྤྱོད་ཡུལ་གྱི་ཆོས་བརྒྱད་པོ་རྙེད་པ་དང༌། མ་རྙེད་པ་དང༌། བསྟོད་པ་དང༌། སྨད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བདག་གིས་འཕྲོགས་པར་མི་འགྱུར་བའི་ཕྱིར་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་རྣམ་པར་འཇོག་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་


DTG205_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་བྱ་བ་གསུངས་ཏེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་བྱིས་པ་མ་ཡིན་པའི་བློས་བརྟག་པར་བྱ་བའི་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད་བསྟན་པ་དང་རྣམ་པར་འཇོག་པར་མཛད་པའི་ཕྱིར་ཆོས་རྣམ་པར་འཇོག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ལུང་སྟོན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར། བསྟན་པའི་དབང་དུ་མཛད་ནས་དུས་གསུམ་དུ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དུས་གསུམ་དུ་གཏོགས་པའི་དངོས་པོ་རྣམས་ཀྱི་བྱུང་བ་དང་འབྱུང་བས་འབྱུང་བར་འགྱུར་བའི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལུང་སྟོན་པར་མཛད་པའི་ཕྱིར་ལུང་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་འདུལ་བ་ཇི་ལྟ་བ་བཞིན་དུ་སྐུ་མདོག་བཻ་ཌཱུརྻ་ལྟ་བུ་ལ་སོགས་པ་ཀུན་དུ་སྟོན་པར་མཛད་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཐེ་ཚོམ་གཅོད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་གསུངས་ཏེ། མཁྱེན་པ་དེ་ནི་བདག་ལ་ངེས་པ་བཞིན་དུ་གཞན་ལ་ཡང་ངེས་པ་བསྐྱེད་པའི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་ཐེ་ཚོམ་གཅོད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །


DTG205_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་སྤྱོད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་གསུངས་ཏེ། གདུལ་བ་ཇི་ལྟ་བ་བཞིན་དུ་ལུས་འདྲ་བ་ཀུན་དུ་སྟོན་པས་ཐེག་པ་ལ་འཛུད་པར་མཛད་པའི་ཕྱིར་སྤྱོད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་འདས་པ། དགེ་བའི་རྩ་བའི་ས་བོན་ཕྲ་མོ་རྡོ་བའི་ཕག་ན་གསེར་ཕྱེ་ཡོད་པ་ལྟ་བུ་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མོས་པ་ཇི་ལྟ་བ་བཞིན་ཀུན་དུ་སྟོན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་གསུངས་ཏེ། རྣམ་པར་མི་རྟོག་ཀྱང་ཡིད་བཞིན་གྱི་ནོར་བུ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང༌། རང་གི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལ་སོགས་པའི་གཟུགས་སུ་མཐོང་ཡང༌། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་ནས་ཇི་སྐད་གསུངས་པ་ལྟ་བུ་ཡིན་པའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ལུས་ཚད་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལུས་ཚད་མེད་པ་དག་གིས་སེམས་ཅན་གདུལ་པའི་ཕྱིར་སྦྱོར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དམ་པའི་ཆོས་ཉན་པ་དང༌། སེམས་


DTG205_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྒོམ་པའི་རིམ་གྱིས་ཡེ་ཤེས་ཐོབ་པ་ཁྱད་པར་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བདགས་པ་དང༌། ཡོངས་སུ་གཏད་བདག་གིས་རྒྱུན་མི་འཆད་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བའི་ཕྱིར་ལུས་ཚད་མེད་པས་སེམས་ཅན་གདུལ་བར་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་དུ་བྱོན་པ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱིས་ཆོས་ཀྱི་སྐུ། །ཉིས་སུ་མེད་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་བྱིན་པ་ཐམས་ཅད་མཚུངས་པར་ཡོངས་སུ་གྲུབ་པའི་ཕྱིར་ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་ཀུན་དུ་སྟོན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་མ་འདྲེས་པའི་རྣམ་པར་ཐར་པ་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་མོས་པ་དང་འཚམ་པར་སངས་རྒྱས་ཀྱི་ཞིང་གསེར་ལ་སོགས་པའི་རང་བཞིན་ལས་གྲུབ་པ་མ་འདྲེས་པ་ཐ་དད་པ་ཀུན་དུ་སྟོན་པའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་ཀུན་དུ་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། མཐའ་དང་དབུས་མེད་པ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་ཁྱད་པར་ཏེ། སྐུ་གསུམ་གྱི་བདག་ཉིད་ཀྱི་སངས་རྒྱས་ཐོག་མ་དང༌། ཐ་མ་དང༌། བར་དང༌། ཉལ་བ་རྣམས་སོ། །དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐུ་


DTG205_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཡུལ་དུ་ཐ་དད་པ་མེད་པའི་དངོས་པོས་མཉམ་པ་ཉིད་དུ་བཞུགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་འཁོར་བའི་མཐའི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པར་ཉེ་བར་གནས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་འཁོར་བ་ཇི་སྲིད་པར་གནས་པ་དང༌། དེའི་རྒྱུ་མཐུན་པ་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་བཞུགས་པའི་ཚེ་དང༌། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཡང་གནས་པའི་ཕྱིར་འཁོར་བའི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པའི་ཉེ་བར་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མི་ཟད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་ལ་རྣམ་པར་བཀོད་པའི་ཡོན་ཏན་རྣམས་ཀྱི་མཐའ་མེད་པས་ན་འཁོར་བ་ཇི་སྲིད་པའི་བར་དུ་ཆོས་ཀྱི་དབྱིངས་ཀྱིས་འགྲོ་བ་མཐའ་དག་གི་དོན་མཛད་པའི་རྒྱུན་མི་འཆད་པར་སྦྱོར་བས་ཡོན་ཏན་མི་ཟད་པའི་ཕྱིར་མི་ཟད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་རྣམ་གྲངས་གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་རྩ་གཅིག་པོ་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པ་བླ་ན་མེད་པ་གཉིས་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་དང༌། བདག་དང་གཞན་གྱི་སྦྱོར་བ་གཉིས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཡན་ལག་བཞིས་ཕུན་སུམ་ཚོགས་པ་གཉིས་བསྟན་ཏོ། །དེ་ལ་ཡན་ལག་དང་པོ་ནི་ཡེ་ཤེས་བླ་ན་མེད་པ་སྟེ་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་གསུངས་པས་བསྟན་ཏེ། བློས་ཐུགས་སུ་ཆུད་


DTG205_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཇི་སྙེད་པ་ཡོད་པ་དེ་སྙེད་དུ་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཞི་སྟེ། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དང༌། དོན་ཟབ་མོ་ཐུགས་སུ་ཆུད་པའི་བློ་ཉིད་དང༌། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དྲི་མ་མེད་པ་དང༌། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་བླ་ན་མེད་པའོ། །དེ་ལ་ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ནི། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་གསུངས་པས་བསྟན་ཏེ། ནང་དང་ཕྱིའི་སྐྱེ་མཆེད་ཀྱི་མཚན་མ་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །དོན་ཟབ་མོ་ཐུགས་སུ་ཆུད་པའི་བློ་ཉིད་ནི། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་གསུངས་པས་བསྟན་ཏེ། ཆོས་བདག་མེད་པ་ལ་མཆོག་ཏུ་གཞོལ་བའི་ཕྱིར་རོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དྲི་མ་མེད་པ་ནི། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་གནས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་བླ་ན་མེད་པ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པའི་ཕྱིར་ཏེ། དེ་ནི་ཡེ་ཤེས་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན་ལག་གཉིས་པ་སྤངས་པ་བླ་ན་མེད་པ་སྟེ། མདོ་ལས་སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་གསུངས་པས་བསྟན་ཏེ། རྟོགས་པར་བྱ་བ་ཇི་སྙེད་ཡོད་པ་རྟོགས་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་དང༌། དེ་དག་ལ་རྣམ་པར་སྨིན་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་དང༌། ཤེས་བྱའི་སྒྲིབ་པ་མི་མངའ་བས་རྟོགས་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་གསུངས་པའི་ཚིག་གཉིས་ཀྱིས་བསྟན་ཏེ། མ་འོངས་པའི་དུས་སུ་ཡང་སྤངས་པ་དེ་ཡོངས་སུ་ཉམས་པ་དང༌། ད་ལྟར་ཉོན་མོངས་པ་མི་འབྱུང་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དེ་དག་ལ་རྣམ་པར་སྨིན་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་གསུངས་པས་བསྟན་ཏེ། སྐུ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་མི་མངའ་བས་རྟོགས་


DTG205_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་གསུངས་པས་བསྟན་ཏེ། དུས་གསུམ་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཡེ་ཤེས་མཉམ་པ་ཉིད་ཚར་ཕྱིན་པའི་ཕྱིར་ཏེ། དེ་ནི་སྤངས་པ་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན་ལག་གསུམ་པ་ནི་བདག་གིས་སྦྱོར་བ་སྟེ་མདོ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་ཕྱིར་རོ། །ཞུགས་པའི་སྐུ་དེ་ནི་རྣམ་པ་བཞི་སྟེ། དགོས་པ་དང༌། ཐབས་དང༌། ཀུན་ནས་ཉོན་མོངས་བ་མེད་པ་དང༌། ངོ་བོ་ཉིད་ཀྱིས་བསྟན་ཏོ། །དེ་ལ་དགོས་པ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བས་ཞེས་གསུངས་པས་བསྟན་ཏེ། ཐེ་ཚོམ་ཐམས་ཅད་བཅད་པའོ། །ཐབས་ནི། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་གསུངས་པས་བསྟན་ཏེ། དགའ་ལྡན་གྱི་གནས་སུ་སྐྱེ་བ་ལ་སོགས་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ་ཞེས་གསུངས་པས་བསྟན་ཏེ། འཇིག་རྟེན་གྱི་ཆོས་རྣམས་ཐོག་མ་ཉིད་དུ་སོ་སོར་རིག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་ནི་རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་གསུངས་པས་བསྟན་ཏེ། ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་མ་བྱུང་བའི་ཕྱིར་ཏེ། དེ་ནི་དེའི་བདག་གི་སྦྱོར་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན་ལག་བཞི་པ་ནི་གཞན་གྱི་སྦྱོར་བ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་གསུངས་པས་བསྟན་ཏེ་བྱང་ཆུབ་སེམས་དཔས་ཡེ་ཤེས་རྣམས་རང་གི་ཡེ་ཤེས་སུ་ཡང་དག་པར་བླངས་པའི་ཕྱིར་རོ། །ཡེ་ཤེས་ཡང་དག་པར་བླངས་པ་དེ་ནི་རྣམ་པ་གསུམ་སྟེ། ཁས་ལེན་པ་དང༌། འགྲུབ་པ་དང༌། རྟོགས་པ་བསྟན་པའོ། །དེ་ལ་ཁས་ལེན་པ་ནི། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ་ཞེས་གསུངས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་བའི་ཆོས་ཀྱི་སྐུ་དང་གཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འགྲུབ་པ་ནི་དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པ་མཛད་པའི་ཡེ་ཤེས་ཀྱི་མཐར་བྱོན་པ་ཞེས་གསུངས་པས་བསྟན་ཏེ། དེ་བཞིན་གཤེགས་


DTG205_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དང་སྤངས་པ་ཐ་དད་པ་མེད་པ་འགྲུབ་པའི་ཕྱིར་རོ། །རྟོགས་པ་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་གསུངས་པས་བསྟན་ཏེ། དེ་གཉི་གའི་གནས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྟོགས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྟོགས་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་གསུངས་པས་ཉན་ཐོས་རྣམས་ལས་ཁྱད་དུ་འཕགས་པ་བསྟན་ཏེ། ཉན་ཐོས་ནི་ཡོངས་སུ་མྱ་ངན་ལས་འདའི། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དེ་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་ནི་འཇིག་པའི་དུས་སམ་ཆགས་པའི་དུས་ན་ཡང་ཟད་པ་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མངོན་བར་རྫོགས་པར་བྱང་ཆུབ་པའི་དུས་སམ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཡང༌། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་དེ་ནི་དེའི་གཞན་གྱི་སྦྱོར་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །དངོས་པོ་བསྡུ་བའི་སྒོ་ནས་ཡང་རྣམ་གྲངས་གཞན་ཏེ། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་ནི་འདིར་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ཐུགས་ཕུན་སུམ་ཚོགས་པ་དང༌། གསུང་ཕུན་སུམ་ཚོགས་པ་དང༌། སྐུ་ཕུན་སུམ་ཚོགས་པ་མྱ་ངན་ལས་འདས་པ་མཚན་ཉིད་མེད་པ་དང༌། བཞུགས་པ་ཕུན་སུམ་ཚོགས་པ་སྟོང་པ་ཉིད་དང༌། སོ་སོར་རྟོག་པས་བཞུགས་པ་དང༌། ཡོན་ཏན་ཡོངས་སུ་འཛིན་པ་ཕུན་སུམ་ཚོགས་པ་དང༌། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང༌། རབ་ཏུ་རྒོལ་བ་ཟིལ་གྱིས་གནོན་པ་ཕུན་སུམ་ཚོགས་པ་དང༌། ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། སྤྲུལ་པ་ཕུན་སུམ་ཚོགས་པ་དང༌། བསྟན་པ་ཕུན་སུམ་ཚོགས་པ་དང༌། སེམས་ཅན་གྱི་སྤྱོད་པ་རྗེས་སུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་གྱི་གདམས་ངག་ཕུན་སུམ་ཚོགས་པ་དང༌། ཕན་པ་གནོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཕུན་སུམ་ཚོགས་པ་དང༌། གཞི་ཕུན་སུམ་ཚོགས་པ་དང༌། མི་མཐུན་པ་མེད་པ་ཕུན་སུམ་ཚོགས་པ་དང༌། ཆོ་འཕྲུལ་གྱི་རྣམ་པར་རོལ་བ་ཕུན་སུམ་


DTG205_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང༌། ཡོན་ཏན་མི་ཟད་པ་ཕུན་སུམ་ཚོགས་པ་དང༌། བདག་གི་དངོས་པོ་ཕུན་སུམ་ཚོགས་པ་དང༌། མྱ་ངན་ལས་འདས་པ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་རྣམ་པ་ཉི་ཤུ་རྩ་གཅིག་པོ་དེ་དག་ཀྱང་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་གསུངས་པའི་བར་གྱི་ཚིག་ཉི་ཤུ་རྩ་གཅིག་དང་གོ་རིམས་བཞིན་དུ་སྦྱར་ཏེ། ཚིག་གི་དོན་ལ་སོགས་པ་ནི་རྣམ་གྲངས་དག་གིས་ལུགས་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ཇི་ལྟ་བུ་དག་དང་བཞུགས་ཤེ་ན། འཁོར་ཕུན་སུམ་ཚོགས་པ་དག་སྟེ། དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་དང་པོར་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཅིའི་ཕྱིར་ཉན་ཐོས་ཀྱི་འཁོར་ཐོག་མར་སྨོས་ཤེ་ན། དེ་ནི་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བ་དང༌། བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་རྣམས་ཀྱི་རྐྱེན་ཉེ་བར་བསྒྲུབ་པ་དང༌། ཉན་ཐོས་རྣམ་པར་དག་པ་རྣམས་ཀྱི་ང་རྒྱལ་སྤང་བ་དང༌། འཁོར་དང་རྒྱུ་བ་རྣམས་ཀྱི་འཁོར་དེ་དག་གདུལ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དག་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔས་ཀྱང་ཉན་ཐོས་རྣམས་ལ་མི་གུས་པར་མི་བྱའོ་ཞེས་གསུངས་པས་ན་དེའི་ཕྱིར་གཞན་དག་དེ་ལ་གུས་པ་བསྐྱེད་པའི་ཕྱིར་དེ་དག་གི་ཡོན་ཏན་ཐོག་མར་བརྗོད་པའོ། །འོ་ན་གནས་དེ་ནི་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཡིན་ནོ་ཞེས་གསུངས་ན། དེ་ནི་ཉན་ཐོས་རྣམས་ཇི་སྲིད་པར་གྱུར་ཏེ་འགལ་ལོ། །ཇི་ལྟར་འགལ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་དང་ལྟ་བ་མཐུན་པའི་རྐྱེན་དུ་འགྱུར་རོ་ཞེ་ན། གལ་ཏེ་ཉན་ཐོས་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་དག་བཞིན་དུ་གནས་ཏེ་མཐོང་ངོ་ཞེས་སྨྲ་ན་ནི་འགལ་བར་ཡང་འགྱུར་གྲང་ན། དེ་དག་དེ་ན་གནས་སུ་ཟིན་ཀྱང་དེ་མཐོང་བར་འགྱུར་བའི་འདུ་བྱེད་དང་བྲལ་བའི་ཕྱིར་དམུས་ལོང་


DTG205_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་འབྱོར་པ་དེ་ལྟ་བུ་དེ་མི་མཐོང་བས་འགལ་བ་མེད་དོ། །དཔེར་ན་གསེར་ལ་སོགས་པ་ལ་སོལ་བ་ལ་སོགས་པར་མཐོང་བ་དང་འདྲ་སྟེ། རང་གི་འདུ་བྱེད་ཀྱི་དབང་གིས་གཞན་དུ་མཐོང་བའི་ཕྱིར་རོ། །ཡང་ན་ཅུང་ཟད་ཅིག་མཐོང་ན་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་མཐོང་བར་ཟད་ཀྱི་རང་གི་འདུ་བྱེད་ཀྱི་དབང་གིས་མཐོང་བ་མ་ཡིན་པས་འགལ་བ་མེད་དོ། །ཡང་ན་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ། ཉན་ཐོས་ཀྱི་ཆ་བྱད་དང་མིང་གིས་འདུལ་བའི་དབང་གི་ཕྱིར་དེ་ན་གནས་པ་ཡིན་པས་འགལ་བ་མེད་དོ། །དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ལ། ཉན་ཐོས་ཞེས་བྱ་བའི་ཚིག་གི་དོན་ནི་ཉན་ཅིང་སྒྲོགས་པས་ན་ཉན་ཐོས་ཞེས་བྱའོ། །དགེ་འདུན་ཞེས་བྱ་བའི་ཚིག་གི་དོན་ནི་མང་པོ་འདུས་པ་སྟེ། དེ་ཡང་ཚུལ་ཁྲིམས་མཐུན་པ་དང༌། ལྟ་བ་མཐུན་པ་དང༌། འཚོ་བ་མཐུན་པ་དང༌། སྤྱོད་པ་མཐུན་པའི་ཕྱིར་བདུད་ལ་སོགས་པས་མི་ཕྱེད་པས་ན་དགེ་འདུན་ཞེས་བྱའོ། །ཚད་མེད་པ་ཞེས་བྱ་བ་ནི་གྲངས་ཚད་མེད་པ་དང༌། ཡོན་ཏན་ཚད་མེད་པའོ། །དེ་ལ་གྲངས་ཚད་མེད་པ་ནི་བགྲང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཡོན་ཏན་ཚད་མེད་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཅང་ཤེས་པ་ཞེས་བྱ་བ་ནི་བསླབ་པ་རྣམས་དང་འགལ་བར་མི་བྱེད་པ་སྟེ། དམུ་རྒོད་མ་ཡིན་པའི་ཕྱིར་རྟ་ཅང་ཤེས་ལྟ་བུའོ། །ཡང་རྣམ་པ་གཅིག་ཏུ་ན་ཅང་ཤེས་པ་ཞེས་བྱ་བ་ནི་མི་འཇིགས་པ་སྟེ། འཇིགས་པ་མེད་པའི་ཕྱིར་མདོ་ལས་ཅང་ཤེས་པ་རྣམ་པ་ལྔར་གསུངས་ཏེ། ལྕེ་འབབ་པ་ལ་སོགས་པ་བག་ཚ་བ་འབྱུང་བར་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང༌། འཐབ་མོའི་འཇིགས་པ་མེད་པས་གླང་པོ་ཆེ་དང༌། རྟ་ཅང་ཤེས་དང༌། གཞན་གྱིས་གནོད་པར་བྱེད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་དང༌། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་སོ། །མདོར་ན་བག་ཚ་བ་ནི་རྣམ་པ་བཞི་སྟེ། སྡུག་བསྔལ་གྱི་བག་ཚ་བ་དང༌། འཇིགས་པའི་བག་ཚ་བ་དང༌། འཇིག་རྟེན་གྱི་ཆོས་ཀྱི་བག་ཚ་བ་དང༌། མི་ཤེས་པས་བག་ཚ་བའོ། །དགྲ་བཅོམ་པ་ལ་ནི་བག་ཚ་བ་དེ་དག་མེད་པས་བདེ་བ་ཐོབ་པ་དང༌། མི་སྐྲག་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པ་དང༌། དབྱུགས་དབྱུང་


DTG205_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་པ་ཞེས་བྱ་སྟེ་གོ་རིམས་བཞིན་ནོ། །དེ་ལ་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་རྣམས་མྱ་ངན་མེད་པའི་ཕྱིར་སྡུག་བསྔལ་གྱི་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང༌། གཞན་གྱིས་སྨད་པ་དང༌། ངན་འགྲོ་དང༌། འཚོ་བ་མེད་པ་དང༌། ཆད་པས་བཅད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང༌། འཚེ་བས་འཇིགས་པ་རྣམས་མེད་པས་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་གྱིས་གོས་པ་མེད་པས་འཇིག་རྟེན་གྱི་ཆོས་ཀྱི་བག་ཚ་བ་མེད་དོ། །མི་ཤེས་པ་དང༌། ཐེ་ཚོམ་གྱི་ཤེས་པ་དང༌། ལོག་པར་ཤེས་པའི་བར་དུ་གཅོད་པ་རྣམས་མེད་པས། མི་ཤེས་པའི་བག་ཚ་བ་མེད་ང༌། དེ་ལྟར་བག་ཚ་བ་མེད་པའི་ཕྱིར་ཅང་ཤེས་པ་ཞེས་བྱའོ། །ཅང་ཤེས་པ་དེའི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་དང༌། ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་དང༌། བསྔགས་པ་ཕུན་སུམ་ཚོགས་པ་དང༌། དཀྱེལ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པ་དང༌། མཐུན་པའི་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང༌། མྱུར་བ་ཉིད་ཕུན་སུམ་ཚོགས་པ་དང༌། རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང༌། འགྲོ་བ་མང་པོ་ཕུན་སུམ་ཚོགས་པ་དང༌། ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་དང༌། ཚོགས་པ་དང་ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་དང༌། འགྲོགས་ན་བདེ་བ་ཕུན་སུམ་ཚོགས་པ་དང༌། དབང་དུ་གྱུར་པ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་བཅུ་གསུམ་པོ་དེ་དག་ཀྱང་མདོ་ལས་སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནས་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཚིག་ཉི་ཤུ་རྩ་བདུན་ལས། གཅིག་དང༌། གཉིས་དང༌། གཅིག་དང༌། གཅིག་དང༌། གསུམ་དང༌། གསུམ་དང༌། བཅུ་དང༌། གཅིག་དང༌། གཅིག་དང༌། གཅིག་དང༌། གཅིག་དང༌། གཅིག་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་དང་པོར་གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལུང་གི་སྟོབས་ཀྱིས་འཕགས་པའི་ལམ་ལས་སྐྱེས་པའི་ཕྱིར་ཡིན་གྱི་སངས་རྒྱས་ཀྱི་གདུང་


DTG205_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འཛིན་པ་ནི་མ་ཡིན་ཏེ། ཉན་ཐོས་རྣམས་ནི་བཅོམ་ལྡན་འདས་ཀྱི་སྲས་ཞལ་ལས་སྐྱེས་པ་ཆོས་ལས་སྐྱེས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཀྱི་གདུང་ཡང་དག་པར་འཛིན་པ་མ་ཡིན་དུ་ཟིན་ཀྱང་ཞལ་ནས་སྐྱེས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་ཁྱད་པར་མེད་པར་སངས་རྒྱས་ཀྱི་སྲས་སུ་འདྲ་བས་ན་དེའི་ཕྱིར་གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་སྲེད་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི། ཁམས་གསུམ་པའི་མ་རིག་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། འདི་ལྟར་འདོད་ཆགས་དང་རྣམ་པར་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བས་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །མ་རིག་པ་དང་རྣམ་པར་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སྲེད་པའི་ཕྱོགས་ཀྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སྤངས་པས། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྤངས་པས་ཐོབ་པར་བྱ་བ་དགྲ་བཅོམ་པའི་ལམ་གྱི་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སེམས་རྣམ་པར་གྲོལ་བ་ཐོབ་པས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །ཤེས་རབ་རྣམ་པར་གྲོལ་བ་ཐོབ་པ་ས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དག་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང༌། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལྟར་ཁམས་གསུམ་པའི་སྲེད་པའི་ཕྱོགས་དང༌། མ་རིག་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མ་དུལ་བའི་མཚན་ཉིད་དག་ལས་སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བས་ན་དེའི་ཕྱིར་ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་བསྔགས་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཚུལ་ཁྲིམས་ཤིན་ཏུ་རྣམ་


DTG205_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ཞེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་དང་ལྡན་པ་སྟེ། ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་བར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཡིན་ཞེ་ན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་དག་ལ་ལུས་ཀྱི་ལས་ཀྱི་མཐའ་མ་ལོག་པ་དང༌། ངག་གི་ལས་ཀྱི་མཐའ་མ་ལོག་པར་གྱུར་ཅིང་མ་ཉམས་པར་བྱེད་པ་དང༌། སྐྱོན་མེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་སོ་སོར་ཐར་བའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། སྡེ་ཚན་བདུན་པོ་དག་གི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། སྐབས་འདིར་ནི་དགེ་སློང་གི་སྡོམ་པ་ལས་བརྟེན་ནས། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱའོ། །ཇི་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ལམ་མམ། འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས་འཇིག་རྟེན་དང་རྗེས་སུ་མཐུན་ཞིང་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང༌། རྗེས་སུ་མཐུན་ཞིང༌། འདུལ་བ་དང་མི་འགལ་བའི་ཆོ་ག་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་དེ་བཞིན་གཤེགས་པས་སྨད་པ་ལྔའོ། །ཤན་བའི་གནས་དང༌། སྨད་འཚོང་མའི་གནས་དང༌། ཆང་འཚོང་གི་གནས་དང༌། རྒྱལ་པོའི་ཕོ་བྲང་དང། གདོལ་པའི་ཁྱིམ་རྣམས་སྤངས་ནས་སྤྱོད་ཡུལ་ཁ་ན་མ་ཐོ་བ་མེད་པ་གཞན་དག་ཏུ་སྤྱོད་པར་བྱེད་ཅིང་དེར་ཡང་དུས་སུ་སྤྱོད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཁན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། བསླབ་པའི་གཞི་ཕྲ་བ་གང་དག་ལ་ལྟུང་བ་འབྱུང་བ་དང༌། ལྟུང་བ་འབྱུང་བ་དེ་ལ་ཆེས་ཆུང་ངུས་ལྟུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་དེ་དག་ལ་ཡང་བདག་ལྟུང་བ་བྱུང་བར་གྱུར་ན་གཞི་དེས་བདག་ལ་མ་ལེགས་པར་འགྱུར་རོ་སྙམ་ནས། དེས་འཇིགས་པར་ལྟ་ཞིང་སྲོག་གི་ཕྱིར་ཡང་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་དེ་དག་ལ་བསམས་བཞིན་དུ་ལྟུང་བ་འབྱིན་པར་མི་བྱེད་


DTG205_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་ཡིན་ཞེ་ན། སྔོན་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པའི་ཚེ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ན་བསླབ་པའི་གཞི་ཆེ་ལོང་རྣམས་ཀྱི་རང་བཞིན་ཐོས་ཤིང་དེ་ལས་གཞན་པ་བསླབ་པའི་ལྷག་མ་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཉིས་བརྒྱ་ལྔ་བཅུ་པོ་ལས་འཕྲལ་དུ་མ་ཐོས་པ་དག་ཀྱང་ཟླ་བ་ཕྱེད་ཕྱེད་བཞིན་སོ་སོར་ཐར་པའི་མདོ་འདོན་པའི་ཚེའམ། གནས་སྐབས་གཞན་དག་ཏུ་མཁན་པོའམ། སློབ་དཔོན་ནམ། ཚངས་པ་མཚུངས་པར་སྤྱོད་པ་གཏམ་འདྲེས་པའམ། ཕེབས་པར་སྨྲ་བའམ། སྨོས་འདྲིན་ནམ། འགྲོགས་བཤེས་དག་ལས་ཐོས་ནས་ཐམས་ཅད་ལ་བསླབ་བར་བྱའོ་ཞེས་དམ་བཅའ་བས་ཡང་དག་པར་བླངས་ཏེ། དེ་ཕྱིན་ཆད་བསླབ་པའི་གཞི་དེ་དག་ལ་ལྷག་ཆད་མེད་པར་སློབ་ཅིང༌། དོན་དང་ཚིག་འབྲུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་དང་ལྡན་པ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡང་ན་ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་ཕྱིར་ཏེ། དེ་ཡང་མཐོང་བའི་ལམ་ལ་ཚུལ་ཁྲིམས་མངོན་པར་རྟོགས་ནས་བཟུང་སྟེ། མི་སློབ་པའི་ལམ་ཐོབ་པའི་བར་གྱི་གནས་སྐབས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་པ་ཉིད་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་དང་ལྡན་པ་དང༌། ཟག་པ་མེད་པའི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་ན་དེའི་ཕྱིར་བསྔགས་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་དཀྱེལ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ་ཞེས་བྱ་བ་གསུངས་ཏེ། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ་ཞེས་བྱ་བ་ནི་འཁོར་ཆོས་འདོད་པ་རྣམས་བདག་གི་དྲུང་དུ་ཉེ་བར་འོངས་ནས་བདག་ཉིད་ཚེ་འདི་ལ་བདེ་བར་གནས་པའི་ལོངས་སྤྱོད་ལས་ཡོངས་སུ་ཉམས་པ་ལ་ཚེགས་མི་ལྟ་ཞིང་འཛུམ་པ་སྔར་གཏོང་བ་དང༌། ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་གསོང་པོར་སྨྲ་ཞིང་དེ་དག་བདག་ཉིད་དང་བདེ་བར་སྤྱོད་པར་བྱེད་པའོ། །ཡང་ན་བདག་ཉིད་ཆོས་འདོད་པས་དགེ་བའི་བཤེས་གཉེན་དང་ཕྲད་པ་ན་ཀུན་ཤེས་པའི་


DTG205_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉེ་བར་འཇོག་པ་ཀླན་ཀ་ཚོལ་བའི་བསམ་པ་མེད་པ་དང༌། སྤྱོད་ལམ་ངན་པ་ཡོངས་སུ་སྤངས་པས་བདག་ཉིད་དགེ་བའི་བཤེས་གཉེན་དང་བདེ་བར་ཕྲད་པར་བྱེད་པའོ། །དེ་ལྟར་འཁོར་ཆོས་འདོད་པ་རྣམས་བདག་ཉིད་དང་བདེ་བར་སྤྲོས་པ་འམ། བདག་ཉིད་ཆོས་འདོད་པས་དགེ་བའི་བཤེས་གཉེན་དང་ཕྲད་པར་བྱེད་པ་ནི་ཡོན་ཏན་གྱི་དཀྱེལ་ཆེ་བ་ཡིན་པས་ན་དེའི་ཕྱིར་དཀྱེལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་རྒྱུ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་མང་དུ་ཐོས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་བརྩམས་པ་སྟེ་གཞུང་དུ་མ་དག་མགོ་མཇུག་ཆུབ་པར་ཉན་ཅིང་གཟུང་བའི་ཕྱིར་རོ། །ཐོས་པ་འཛིན་པ་ཞེས་བྱ་བས་ནི་དེ་དག་གི་དོན་འཛིན་པ་སྟེ། ཐོས་པའི་དོན་ཀུན་འཛིན་པའི་ཕྱིར་རོ། །ཐོས་པ་བསགས་པ་ཞེས་བྱ་བ་ནི་དེ་གཉི་གའི་དོན་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་ལས་བརྩམས་ཏེ། མང་དུ་ཐོས་པ་དང༌། ཐོས་པ་འཛིན་པ་དང༌། ཐོས་པ་བསགས་པའི་བློ་རྒྱ་ཆེ་བ་ཡིན་པས་ན་དེའི་ཕྱིར་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་མཐུན་པའི་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ་ཞེས་གསུངས་ཏེ། བྱིས་པ་རྣམས་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་དང༌། ངག་གི་ཉེས་པར་སྤྱོད་པ་བཞི་དང༌། ལུས་ཀྱི་ཉེས་བར་དགག་པ་གསུམ་སྤྱོད་པས། ཉེས་པར་བསམ་པ་སེམས་པ། ཉེས་པར་སྨྲ་བ་བརྗོད་པ། ཉེས་པར་བྱེད་པའི་ལས་བྱེད་པ་ཡིན་པའི་ཕྱིར་ངན་འགྲོ་དང་འཁོར་བའི་རྒྱུད་དུ་འགྲོ་བ་ཡིན་གྱི། འཕགས་པ་རྣམས་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་དང་མཐུན་པར་གཤེགས་པས་ན་དེའི་ཕྱིར་མཐུན་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་མྱུར་བ་ཉིད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་


DTG205_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཤེས་རབ་མྱུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་དོན་ལ་མྱུར་དུ་འཇུག་པའི་ཕྱིར་རོ། །ཤེས་རབ་མགྱོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་དོན་མང་པོ་ལ་འཇུག་པའི་ཕྱིར་ཏེ། མང་པོ་ལ་འགྲོ་བ་ནི་མགྱོགས་པ་ཞེས་བྱའོ། །ཤེས་རབ་རྣོ་བ་ཞེས་བྱ་བ་ནི་དོན་ཆ་ཕྲ་བ་ལ་འཇུག་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཤེས་རབ་ཅན་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཤེས་རབ་ཟག་པ་མེད་པ་ཐོབ་པའི་ཕྱིར་རོ། །ངེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དགོས་པ་དང་ལྡན་པའི་ཕྱིར་ཏེ། ངེས་པར་རྟོགས་པ་ནི་གཏན་ལ་བབ་པར་རྟོགས་པ་དེ་མྱ་ངན་ལས་འདས་པ་ཡིན་ནོ། །དེའི་དགོས་པ་དང་ལྡན་པའི་ཤེས་རབ་ནི་ངེས་པར་རྟོགས་པའི་ཤེས་རབ་སྟེ། དེ་གང་ལ་ཡོད་པའི་གང་ཟག་ནི་ངེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱའོ། །ཤེས་རབ་ཆེ་བ་ཞེས་བྱ་བ་ནི་དྲིས་པ་ལན་གདབ་བ་ལ་མཐའ་ཐུག་པ་མེད་པའི་ཕྱིར་རོ། །ཤེས་རབ་ཡངས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཤེས་རབ་ཟབ་པ་ཞེས་བྱ་བ་ནི་གཞན་དག་གིས་གཏིང་དཔག་དཀའ་བའི་ཕྱིར་རོ། །ཤེས་རབ་མཉམ་པ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་དབང་པོ་རྟུལ་པོ་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ནི་དོན་གྱི་མཆོག་ཐོབ་པར་བྱེད་པས་རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ཤེས་རབ་མྱུར་བ་ལ་སོགས་པ་འཕགས་པ་ཉན་ཐོས་ཀྱི་ཤེས་རབ་རྣམ་པ་བཅུ་པོ་དེ་དག་དང་ལྡན་པ་ནི་མངོན་པར་ཤེས་པ་མྱུར་བ་ཡིན་པས་ན་དེའི་ཕྱིར་མྱུར་བ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རིག་པ་གསུམ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། རིག་པ་གསུམ་དང་ལྡན་པ་ནི་མི་སློབ་པའི་རིག་པ་གསུམ་ཐོབ་པའི་ཕྱིར་ཏེ། མི་སློབ་པའི་རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིག་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིག་པ་དང༌། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིག་པའོ། །དེ་ལྟར་མི་སློབ་པའི་རིག་པ་གསུམ་གྱིས་སྔོན་


DTG205_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱི་མའི་མཐའ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པར་འགྱུར་བས་ན་དེའི་ཕྱིར་རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་འགྲོ་བ་བཟང་པོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ་ཞེས་བྱ་བ་གསུངས་ཏེ། ཚེ་འདི་ལ་བདེ་བར་གནས་བ་ནི་བསམ་གཏན་གྱི་དངོས་གཞི་ཡོངས་སུ་དག་པ་ལ་གནས་པའོ། །དེ་དག་གི་མཆོག་ཐོབ་བ་ནི་ཡོངས་སུ་མི་ཉམས་པའི་བསམ་གཏན་དང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའོ། །དེ་ལྟར་བསམ་གཏན་གྱི་དངོས་གཞི་དང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་ཚེ་འདི་ལ་བདེ་བར་གནས་པའི་བགྲོད་པ་ཡིན་པས་ན་དེའི་ཕྱིར་འགྲོ་བ་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་བྱ་བ་གསུངས་ཏེ། གང་ཟག་ཚུལ་ཁྲིམས་འཆལ་པ་ཡོན་ཏན་དང་མི་ལྡན་པས་དད་པས་སྦྱིན་པ་ཡོངས་སུ་ལོངས་སྤྱད་པ་ནི་བུ་ལོན་དུ་གྱུར་པ་ཡིན་ལ། གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་གྱིས་ཡོངས་སུ་ལོངས་སྤྱོད་པ་ནི་སྤྱོད་དུ་དབང་པ་ཡིན་ན་ཡང་འབྲས་བུ་མྱུར་དུ་སྐྱེད་པ་མ་ཡིན་གྱི། འཇིག་རྟེན་གསུམ་གྱི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་རི་རབ་དང་འདྲ་བ་འདི་དག་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན་ཡང༌། ཞིང་གཤིན་པ་དང་འདྲ་བར་འབྲས་བུ་བཟང་པོར་མྱུར་དུ་འགྲུབ་པའི་ཕྱིར་ཡོན་ཡོངས་སུ་སྤྱོད་པ་ཆེན་པོ་ཡིན་ནོ། །དེ་ལྟར་བདག་ཉིད་ལ་བུ་ལོན་དུ་མི་འགྱུར་ལ་སྦྱིན་བདག་ལ་ཡང་འབྲས་བུ་མྱུར་ཞིང་བཟང་བའི་ཕྱིར། ཞིང་གཤིན་པ་ལྟ་བུ་ཡིན་པས་ན་དེའི་ཕྱིར་ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་དང༌། སྡོད་པ་དང༌། འདུག་པ་དང༌། ཉལ་བ་ལ་སོགས་པ་སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི་སྤྱོད་ལམ་རབ་ཏུ་ཞི་བ་དང་ལྡན་པ་ཡིན་ནོ། །དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་སྤྱོད་པ་ནི་ཚུལ་ཞི་བ་དང་ལྡན་པ་ཡིན་པས་ན་དེའི་ཕྱིར་ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་ཞེས་


DTG205_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའི་འོག་ཏུ་འགྲོགས་ན་བདེ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བསྟན་པའི་དབང་དུ་མཛད་ནས། བཟོད་པ་དང་ངེས་པ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཇི་སྙེད་སྙམ་པའི་བཟོད་པ་ཆེན་པོ་དང༌། བཀའ་བློ་བདེ་བའི་དེས་པ་ཆེན་པོ་དང་ལྡན་པ་ནི་བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེ་ལྟར་བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ་ནི་བསྟེན་པར་བྱ་བའི་འོས་ཡིན་པས་ན། དེའི་ཕྱིར་འགྲོགས་ན་བདེ་བ་ཕུན་སུམ་ཚོགས་བ་ཞེས་བྱའོ། །དེའི་འོག་ཏུ་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་གསུངས་ཏེ། བསླབ་པ་དག་ལ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བཀའ་མི་འགལ་བར་སྤྱོད་པས་ན་བཀའ་ལ་ཤིན་ཏུ་ཞུགས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ནི་ཉོན་མོངས་པ་གཞན་གྱི་དབང་དུ་མི་འགྱུར་བའི་ཕྱིར་བསླབ་པ་དག་ལ་བག་ཡངས་སུ་སྤྱོད་པ་ཡིན་པས་ན། དེའི་ཕྱིར་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཤ་སྟག་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་ཡོན་ཏན་ཚད་མེད་པ་དེ་ལྟ་བུ་དང་ལྡན་པ་གྲངས་ཚད་མེད་པ་ཤ་སྟག་དང༌། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་དང་ཡང་ཐབས་ཅིག་གོ་ཞེས་ཚིག་འོག་མ་དང་སྦྱར་རོ། །ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་ནས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པའི་དགོས་པ་ནི་དེ་དག་ལ་ཁ་ཅིག་བརྙས་པ་བཟློག་པའི་ཕྱིར་ཏེ། ཉན་ཐོས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དག་ལ་གདུང་བར་བྱའོ་ཞེས་གསུངས་པའི་ཕྱིར་དང༌། ཁ་ཅིག་བྱང་ཆུབ་སེམས་དཔའ་དག་ཀྱང་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ན། དེ་བཞིན་གཤེགས་པ་ལྟ་སྨོས་ཀྱང་ཅི་


DTG205_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྙམ་དུ་དད་པ་བསྐྱོད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ནི་ཆེན་པོ་རྣམ་པ་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེན་པོ་བརྗོད་དེ། གྲངས་ཆེན་པོ་དང༌། ཡོན་ཏན་ཆེན་པོ་དང༌། ལས་ཆེན་པོས་སོ། །དེ་ལ་གྲངས་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞེས་གསུངས་པས་བསྟན་ཏོ། །དེ་ལ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་བ་ཞེས་བྱ་བ་གསུངས་པ་ནི་དོན་དུ་མི་གཉེར་བས་ཆོས་ཉན་དུ་མི་འགྲོ་བ་དང༌། ལེ་ལོས་ཆོས་ཉན་དུ་མི་འགྲོ་བ་དང༌། ང་རྒྱལ་གྱི་དབང་གིས་ཆོས་ཉན་དུ་མི་འགྲོ་བ་དེ་དག་གི་གཉེན་པོར་བསྟན་པའི་ཕྱིར་ཏེ། དེ་ལ་དོན་དུ་མི་གཉེར་བས་ཆོས་ཉན་དུ་མི་འགྲོ་བ་དག་གི་གཉེན་པོར་ནི་དེ་དག་ཀྱང་བདག་ཉིད་ཆོས་མཉན་པ་དོན་དུ་གཉེར་བས་སངས་རྒྱས་ཀྱི་ཞིང་ཐ་དད་ཕ་གཞན་དང་གཞན་ནས་འོངས་པ་ཡིན་གྱི། གཞན་གྱི་དྲིང་འཇོག་པས་ནི་མ་ཡིན་པས་གཞན་དག་གིས་ཀྱང་ཅིའི་ཕྱིར་ཆོས་མཉན་པ་དོན་དུ་གཉེར་བར་མི་བྱ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །ལེ་ལོས་ཆོས་ཉན་དུ་མི་འགྲོ་བ་དག་གི་གཉེན་པོར་ནི་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་ཐག་རིང་པོ་དག་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་ཆེན་པོས་ཆོས་མཉན་པའི་ཕྱིར་འདིར་འོངས་པ་ཡིན་ན། གཞན་དག་ལེ་ལོས་ཉན་དུ་མི་འགྲོ་བ་དེ་དག་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །ང་རྒྱལ་གྱི་དབང་གིས་ཆོས་ཉན་དུ་མི་འགྲོ་བ་དག་གི་གཉེན་པོར་ནི་འབྱོར་པ་ཆེན་པོ་དང་ལྡན་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་གཞན་དག་ནས་ཆོས་མཉན་པའི་ཕྱིར་འོངས་ན་གཞན་དག་ཅིའི་ཕྱིར་འདོད་པར་མི་བྱ་སྙམ་དུ་སེམས་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སེམས་བསྐྱེད་པའོ། །ཡང་གཅིག་ཏུ་ན་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པ་དང་ལྡན་པ་ཡིན་ལ། སེམས་དཔའ་ཞེས་བྱ་བ་ནི་སྙིང་སྟོབས་དང་ལྡན་པ་ལ་བྱའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་བགྲང་བ་ལས་ཡང་དག་པར་འདས་པ་སྟེ། དེ་ཉིད་ཀྱི་གྲངས་ཆེན་པོ་བསྟན་པ་ཡིན་ནོ། །ཡོན་ཏན་ཆེན་པོ་ནི་ཆེན་པོ་རྣམ་པ་དགུས་རིག་པར་བྱ་སྟེ། བརྩོན་འགྲུས་ཆེན་པོ་དང༌། རྒྱུ་ཆེན་པོ་དང༌། དམིགས་པ་ཆེན་པོ་དང༌། དུས་ཆེན་པོ་དང༌།


DTG205_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་མེད་པ་ཆེན་པོ་དང༌། ཡིད་ལ་བྱེད་པ་ཆེན་པོ་དང༌། རྟོགས་པ་ཆེན་པོ་དང༌། ཡོངས་སུ་དག་པ་ཆེན་པོ་དང༌། རྟོགས་པ་ཆེན་པོས་སོ། །དེ་ལ་བརྩོན་འགྲུས་ཆེན་པོ་ནི་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་གནས་ཐམས་ཅད་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གནས་ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་གནས་གང་ཡིན་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གནས་དེ་ཐེག་པ་ཆེན་པོ་ཡིན་ནོ། །དེའི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་རྣམས་ནི་བརྩོན་འགྲུས་དང་ལྡན་པས་ན་དེས་ནི་བརྩོན་འགྲུས་ཆེན་པོ་བསྟན་པ་ཡིན་ནོ། །རྒྱུ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་འབྱུང་བ་ཞེས་གསུངས་པས་བསྟན་ཏེ། ཐེག་པ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་ལ་སོགས་པས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལ་སོགས་པའི་རིམ་གྱིས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཐེག་པ་ཆེན་པོའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གྱི་རང་བཞིན་ཡིན་ལ། ལམ་ནི་ངེས་པར་འབྱུང་བའི་རྒྱུ་ཡིན་པས་ན་དེས་ནི་རྒྱུ་ཆེན་པོ་བསྟན་པ་ཡིན་ནོ། །དམིགས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ལ་བདག་དང་གཞན་དུ་མཉམ་པའི་སེམས་ཐོབ་པས་བྱམས་པ་ཆེན་པོ་ལ་སོགས་པས་མཉམ་པ་ཉིད་དུ་སྦྱོར་བའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དམིགས་པའི་ཡུལ་ཡིན་ལ། དེ་དག་ལ་ཚད་མེད་པའི་སེམས་ཀྱིས་མཉམ་པ་ཉིད་དུ་དམིགས་པར་བྱེད་པས་ན་དེས་ནི་དམིགས་པ་ཆེན་པོ་བསྟན་པ་ཡིན་ནོ། །དུས་ཆེན་པོ་ནི། བསྐལ་པ་དང་བསྐལ་པ་མ་ཡིན་པའི་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པའི་དུས་ཐམས་ཅད་ལ་སྐད་ཅིག་གཅིག་དང་འདྲ་བར་འཇུག་གོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་བསྐལ་པ་ཡིན་ཏེ། བསྐལ་པ་གཅིག་གི་ཡུད་ཙམ་ཞིག་ཏུ་སྤྱད་པར་བྱའོ་ཞེས་སྙམ་པའམ་འདི་ནི་བསྐལ་པ་མ་ཡིན་ཏེ། བསྐལ་པ་བས་ཐུང་བའམ། བསྐལ་པ་ལས་ལྷག་པ་ཡིན་


DTG205_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དག་གི་ཡུད་ཙམ་ཞིག་ཏུ་སྤྱད་པར་བྱའོ་སྙམ་དུ་དུས་ལས་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་གྲུབ་པའི་མཐར་ཐུག་པའི་བར་དུ་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་བར་བྱེད་པ་དང༌། དུས་ཀྱི་མཐར་ཐུག་པའི་བར་དུ་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་དེས་ནི་དུས་ཆེན་པོ་བསྟན་པ་ཡིན་ནོ། །ཡང་རྣམ་གྲངས་གཞན་དུ་ཚིག་གི་དོན་ནི་རྟོག་པ་དང་རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བར་ཡང་འདྲེན་ཏེ། དེའི་ཚིག་གི་དོན་དུ་ན་རྟོག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་རྟོག་པ་སྟེ། འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོ་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ་སྟེ། གཟུགས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །ཚོར་བ་འདི་ནི་སྲེད་པས་བརླན་པའོ། །འདི་ནི་སྲེད་པས་མ་བརླན་པའོ། །འདོད་ཆགས་འདི་ནི་མཐོང་བས་སྤང་བར་བྱའོ། །འདི་ནི་བསྒོམ་པས་སྤང་བར་བྱའོ། །དད་བ་འདི་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པའོ། །འདི་ནི་དཀོན་མཆོག་དང་བདེན་པ་ལ་སེམས་དང་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བྱེ་བྲག་ཏུ་རྣམ་པར་རྟོག་པའོ། །ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པ་སྟེ། འདི་ནི་གཟུགས་ཏེ། གཟུགས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། འདི་ནི་ཚོར་བ་སྟེ། ཚོར་བ་འདི་ནི་སྲེད་པས་བརླན་པའོ། །འདི་ནི་སྲེད་བསམ་བརླན་པའོ། །འདི་ནི་འདོད་ཆགས་ཏེ། འདོད་ཆགས་འདི་ནི་མཐོང་བས་སྤང་བར་བྱའོ། །འདི་ནི་བསྒོམ་པས་སྤང་བར་བྱའོ། །འདི་ནི་དད་པ་སྟེ། དད་པ་འདི་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པའོ། །འདི་ནི་དཀོན་མཆོག་བདེན་པ་ལ་སེམས་དང་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པའོ། །དེ་དག་ཐམས་ཅད་བྲལ་བ་ནི་སྤྱོད་པ་བཞི་ཡོངས་སུ་རྫོགས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་རྫོགས་པ་དང༌། ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་དང༌། འཛིན་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་ཡོངས་སུ་རྫོགས་པ་དང༌། ཆགས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་


DTG205_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པར་བྱེད་པའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་བོ། །ཡོངས་སུ་འདྲིས་པའི་ཤེས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་འགྲུབ་བོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང༌། ཡོངས་སུ་འདྲིས་པའི་ཤེས་པ་དང༌། སྙིང་རྗེ་དང༌། ཤེས་རབ་དང་ལྡན་པས་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཉན་ཐོས་ལྟར་འགོག་པའི་སྟོབས་ཀྱིས་བཀག་པ་ནི་མ་ཡིན་ནོ། །ཚིག་གི་དོན་དེ་དག་གིས་སྐབས་གཞན་དུ་ནི་ཡོན་ཏན་གཞན་ཡང་སྟོན་ཏོ། །སྐབས་འདིར་ནི་དེ་དག་གིས་ཀྱང་དུས་ཆེན་པོ་ཉིད་བསྟན་པ་ཡིན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ལྟར་ཐབས་ལ་མཁས་པ་ལ་སོགས་པས་སྤྱོད་པ་བཞི་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ནི་འཁོར་བ་ཡང་མི་སྤོང༌། མྱ་ངན་ལས་འདས་པ་ཡང་མི་ལེན་པར་ཕྱི་མའི་མཐའི་མུར་ཐུག་པའི་བར་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པས་ན་དེས་ཀྱང་དུས་ཆེན་པོ་བསྟན་པ་ཡིན་ནོ། །འདོད་པ་མེད་པ་ཆེན་པོ་ནི་བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཞེས་གསུངས་པས་བསྟན་ཏེ། འདོད་པ་མེད་པ་ནི་ཡོངས་སུ་འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པས་དེ་ཉིད་ཀྱིས་བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཡིན་ཏེ། ཇི་སྐད་དུ་བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་ཐམས་ཅད་མི་འདོད་པར་འགྱུར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་འཛིན་པ་ཐམས་ཅད་སྤངས་ཏེ། བདུད་ཕྱིར་རྒོལ་བ་ངེས་པར་བཅོམ་པ་ཉིད་འདོད་བ་མེད་པ་ཡིན་པས་ན་དེས་ནི་འདོད་པ་མེད་པ་ཆེན་པོ་བསྟན་པ་ཡིན་ནོ། །ཡིད་ལ་བྱེད་པ་ཆེན་པོ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལ་ས་རིང་དུ་གྱུར་བ་ཞེས་གསུངས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དང་པོ་སེམས་བསྐྱེད་པ་ནས་ཐེག་པ་དམན་པའི་ཡིད་ལ་བྱེད་བ་ཐག་རིང་དུ་སྤངས་པ་ཡིན་པའི་ཕྱིར་ཏེ། འདི་


DTG205_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཐེག་པ་དམན་པའི་ཡིད་ལ་བྱེད་པ་ཐག་རིང་དུ་སྤངས་པ་ཉིད་ཐེག་པ་ཆེན་པོའི་བསམ་པ་ཡིད་ལ་བྱེད་པ་ཡིན་པས་ན་དེས་ནི་ཡིད་ལ་བྱེད་པ་ཆེན་པོ་བསྟན་པ་ཡིན་ནོ། །རྟོགས་པ་ཆེན་པོ་ནི། ཆོས་ཀྱི་རོའི་དགའ་བ་དང༌། བདེ་བ་ཆེན་པོས་བསྟན་པ་ཞེས་གསུངས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཉིད་བྱང་ཆུབ་སེམས་དཔའི་གནས་པ་དང༌། སངས་རྒྱས་ཀྱི་གནས་པ་ལ་གནས་པར་འགྱུར་བའི་རྒྱུ་ཡིན་པས་ན་དེས་ནི་རྟོགས་པ་ཆེན་པོ་བསྟན་པ་ཡིན་ནོ། །ཡོངས་སུ་དག་པ་ཆེན་པོ་ནི། འཇིགས་པ་ཆེན་པོ་ལྔ་ལས་ཤིན་ཏུ་འདས་པ་ཞེས་གསུངས་པས་བསྟན་ཏེ། ལས་རྣམ་པ་གསུམ་དང་ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། ངན་འགྲོས་འཇིགས་པ་ལ་སོགས་པའི་རྒྱུ་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་དྲི་མ་ཡོངས་སུ་དག་པའི་ཕྱིར་རོ། །འཇིགས་པ་ལྔ་ནི་འཚོ་བ་མེད་པས་འཇིགས་པ་དང༌། མི་བསྔགས་པས་འཇིགས་པ་དང༌། འཆི་བས་འཇིགས་པ་དང༌། ངན་འགྲོས་འཇིགས་པ་དང༌། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་སྟེ། དེ་དག་ནི་ལྷག་པའི་བསམ་པ་དག་པའི་ས་ཐོབ་ནས་མེད་པར་འགྱུར་རོ། །དེ་ལྟར་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ་ནི་ལས་རྣམ་པ་གསུམ་ཡོངས་སུ་དག་པ་དང་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཡིན་པས་ན་དེས་ནི་ཡོངས་སུ་དག་པ་ཆེན་པོ་བསྟན་པ་ཡིན་ནོ། །རྟོགས་པ་ཆེན་པོ་ནི། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ་ཞེས་གསུངས་པས་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས་ཐོབ་པས་བགྲོད་པ་གཅིག་པར་གྱུར་པ་ཞེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་ནི་མངོན་པར་འདུ་བྱེད་པས་འཇུག་པའི་ཕྱིར་བགྲོད་པ་གཅིག་པར་གྱུར་པ་མ་ཡིན་ནོ། །ཕྱིར་མི་ལྡོག་པའི་ས་ནི་ས་བརྒྱད་པའོ། །བགྲོད་པ་ནི་ལམ་སྟེས་བརྒྱད་པ་དེ་ཐོབ་པ་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཐོབ་པ་གཞན་དག་དང་བགྲོད་པ་གཅིག་པར་གྱུར་པ་ཡིན་ཏེ། ས་བརྒྱད་བགྲོད་པ་གཅིག་པར་གྱུར་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བར་


DTG205_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་དང་བགྲོད་པ་གཅིག་པར་གྱུར་པ་ཉིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་པས་ན། དེས་ནི་རྟོགས་པ་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལ་ལས་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་ནང་གི་མཚན་མ་ལ་སོགས་པའི་གནོད་པ་གང་དག་ཡིན་པ་དེ་དག་ས་གང་གིས་རབ་ཏུ་ཞི་བར་བྱེད་པའི་ས་དེ་མངོན་དུ་གྱུར་པ་གང་དག་ཡིན་པ་དེ་དག་ལ་འདི་སྐད་ཅེས་བྱ་སྟེ། ས་དེ་ཡང་གང་ཞེ་ན། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་སྟེ། དེ་གཉིས་ཀྱིས་བློ་མྱུར་དུ་བྱུང་བ་ལ་སོགས་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང༌། དབུལ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལྟར་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དེ་གཉིས་ཀྱིས་སེམས་ཅན་བདེ་བ་ལ་བཀོད་པ་དང༌། སྡུག་བསྔལ་ལས་བསྐྱབ་པ་ལ་སོགས་པའི་དོན་བྱ་བ་ཕལ་ཆེར་བྱེད་ལ་དེའི་ས་མངོན་དུ་གྱུར་པས་ན་དེས་ནི་ལས་ཆེན་པོ་བསྟན་པ་ཡིན་ཏེ། དེ་ནི་རེ་ཞིག་རྣམ་གྲངས་གཞན་ཡིན་ནོ། །ཡང་རྣམ་གྲངས་གཞན་དུ་ན་བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་བཞུགས་པ་ཞེས་བསྟན་ཏོ། །གནས་ཆེན་པོ་ལ་ཡང་དག་པར་བཞུགས་པ་ཞེས་བྱ་བ་འདི་སྐབས་འདིར་ནི་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་མི་བྱའི། འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བར་བཤད་དེ། འཇུག་པ་ཆེན་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ལམ་གྱི་རང་བཞིན་ལ་བྱའོ། །དེ་ལ་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ནི་ལམ་གྱི་སྐྱོན་རྣམ་པ་དགུ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་སྟེ། དེ་ཉིད་དེའི་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །དེ་ལ་ལམ་གྱི་སྐྱོན་རྣམ་པ་དགུ་གང་ཞེ་ན། འདི་སྐད་དུ། རྫོགས་པའི་བྱང་ཆུབ་མི་མཐུན་ལམ། །རྡུལ་བཅས་པ་དང་ཚེར་མར་བཅས། །ཆུད་ཟ་འཇིགས་དང་བདེ་མེད་དང༌། །འཇིགས་བཅས་རིས་


DTG205_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཕྱོགས་མིན་འགྲོ་།ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་རྣམ་པ་དགུ་ནི་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དང༌། རྡུལ་དང་བཅས་པའི་ལམ་དང༌། ཚེར་མ་དང་བཅས་པའི་ལམ་དང༌། ཆུད་ཟ་བའི་ལམ་དང༌། འཇིགས་པའི་ལམ་དང༌། བདེ་བ་མེད་པའི་ལམ་དང༌། འཇིགས་པ་དང་བཅས་པའི་ལམ་དང༌། རིས་མ་ཡིན་པའི་ལམ་དང༌། ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བའོ། །ལས་ཀྱི་སྐྱོན་རྣམ་པ་དགུ་པོ་དེ་དག་ཡོངས་སུ་སྤང་བར་ཡང་དག་པར་ཞུགས་པས་ནི་མདོ་ལས། ཐེག་པ་ཆེན་པོའི་ཆོས་ཀྱི་ངེས་པར་འབྱུང་བ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཚིག་དགུ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ངེས་པར་འབྱུང་བ་ཞེས་གསུངས་པས་བསྟན་ཏེ། དེ་ལ་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་བའི་བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དང་མི་མཐུན་བའི་ལམ་ནི་ཐེག་པ་ཆེན་པོ་ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་རྣམས་ཀྱི་མཐུན་པའི་ཕྱོགས་ཀྱི་ཆོས་གང་དག་ཡིན་པ་དེ་ས་དང་པོའི་མི་མཐུན་པའི་ཕྱོགས་སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ནས། ས་བཅུ་པའི་མི་མཐུན་པའི་ཕྱོགས་ཆོས་ལ་དབང་མ་ཐོབ་པ་ཞེས་བྱ་བའི་བར་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ཞེས་བྱ་བ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཤེས་བྱ་མི་ཤེས་པ་ཞེས་བྱ་བའི་བར་གྱི་ཆོས་རྣམས་སོ། །ལམ་དེར་འགྲོ་བ་ལ་མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་དག་ལ་སྤྱོད་པ་ཡིན་ཏེ། དེ་ནི་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ཐེག་པ་ཆེན་པོ་ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་ངེས་པར་འབྱུང་བ་སྟེ། དེའི་ཕྱིར་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་


DTG205_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ལ་སེམས་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། རྡུལ་དང་བཅས་པའི་ལམ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཏེ། ཞེ་སྡང་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། འདོད་པ་དང༌། ཐེ་ཚོམ་དང༌། མཚན་མ་དང་བཅས་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་ཉོན་མོངས་པའི་རྡུལ་དང་བཅས་པའི་སེམས་དེ་དག་ལ་འཇུག་པ་སྟེ། དེ་ནི་ཉོན་མོངས་པའི་རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་སེམས་ཅན་ཐམས་ཅད་ལས་འབྱུང་བར་འོས་པའི་ཁམས་དྲུག་པོ་གནོད་སེམས་ལས་འབྱིན་པ་བྱམས་པ་དང༌། རྣམ་པར་འཚེ་བ་ལས་འབྱིན་པ་སྙིང་རྗེ་དང༌། མི་དགའ་བ་ལས་འབྱིན་པ་དགའ་བ་དང༌། འདོད་པ་ལས་འབྱིན་པ་བཏང་སྙོམས་དང༌། ཐེ་ཚོམ་ལས་འབྱིན་པ་ངའོ་སྙམ་པའི་ང་རྒྱལ་ཡང་དག་པར་འཇོམས་པ་དང༌། མཚན་མ་ལས་འབྱིན་པ་མཚན་མ་མེད་པ་དག་གིས་སེམས་མཉམ་པར་སྦྱོར་བ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཚེར་མ་དང་བཅས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། བསྐལ་པ་དང་བསྐལ་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཐམས་ཅད་བྲལ་བ་ཞེས་གསུངས་པས་བསྟན་ཏེ། དེ་ལ་ཚེར་མ་དང་བཅས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། ཚེར་མ་དང་བཅས་པའི་ལམ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པའི་སེམས་ཏེ། བསྐལ་པ་དང་བསྐལ་བ་མ་ཡིན་པར་ཡོངས་སུ་རྟོག་པ་དང༌། ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་རྟོག་པའི་ཚེར་མ་དང་བཅས་པའི་སེམས་དེ་དག་ལ་གནས་པ་སྟེ། དེ་ནི་རྟོག་པའི་ཚེར་མ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་བསྐལ་པ་དང་


DTG205_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་མ་ཡིན་པར་ཡོངས་སུ་རྟོག་པ་དང༌། ངོ་བོ་ཉིད་བྱེ་བྲག་ཏུ་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བས་བདུད་ཀྱི་ཚེར་མ་དཀྲུགས་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཆུད་ཟ་བའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་ཆུད་མི་ཟ་བའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། ཆུད་ཟ་བའི་ལམ་ཞེས་བྱ་བ་ནི་རབ་ཏུ་ཉམས་པར་འགྱུར་བའི་སེམས་ཏེ། ལུས་ཀྱི་ཡོ་བྱད་དང་ཡོངས་སུ་གཟུང་བའི་དངོས་པོ་ལ་སོགས་པ་དག་ལ་ཡོངས་སུ་འཛིན་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་ཡོངས་སུ་འཛིན་པའི་ཆུད་ཟ་བ་དང་བཅས་པའི་སེམས་དེ་དག་དང་མ་བྲལ་བ་དེ་ནི་རབ་ཏུ་ཉམས་པར་ཆུད་ཟ་བའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པས་བདུད་ཕྱིར་རྒོལ་བ་ལ་ངེས་པར་བཅོམ་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །འཇིགས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་འཇིགས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་འཇིགས་པའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསམ་བ་མ་ཐོབ་པར་ཡོངས་སུ་ཉམས་པའི་སེམས་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་དང་པོ་ཉིད་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་གནས་ཤིང་དེ་དག་གི་ཐེག་པར་སེམས་བསྐྱེད་པ་སྟེ། དེ་ནི་ཐེག་པ་དམན་པའི་ཡིད་ལ་བྱེད་པས་འཇིགས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཡོངས་སུ་ཞུགས་པ་ནི། དང་པོ་ཉིད་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་དང༌། སེམས་བསྐྱེད་པ་དང་མངོན་པར་རྟོགས་པ་ལ་སོགས་པ་དང་ལྡན་པས་ཉན་ཐོས་དང༌། རང་སངས་


DTG205_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །བདེ་བ་མེད་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་བདེ་བ་མེད་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། བདེ་བ་མེད་པའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཉམས་སུ་མ་མྱོང་བའི་སེམས་ཏེ། མངོན་པར་རྟོགས་པའི་ལམ་མ་ཐོབ་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་མངོན་པར་རྟོགས་པ་ཐོབ་པའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལས་གཞན་པ་འཇིག་རྟེན་པའི་ལམ་ལ་སྤྱོད་པ་སྟེ། དེ་ནི་མངོན་པར་རྟོགས་པར་བདེ་བ་མེད་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་མངོན་པར་རྟོགས་པའི་ལམ་ལ་མངོན་པར་རྟོགས་པ་རྣམ་པ་དྲུག་པོ་བསམ་པ་མངོན་པར་རྟོགས་པ་དང༌། དད་པ་མངོན་པར་རྟོགས་པ་དང༌། ཚུལ་ཁྲིམས་མངོན་པར་རྟོགས་པ་དང༌། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང༌། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པར་རྟོགས་པ་དང༌། མཐར་ཐུག་པའི་མངོན་པར་རྟོགས་པ་དང༌། བདག་མངོན་པར་རྟོགས་པ་ཡན་ཆད་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བ་ཡང་དག་པར་ཞུགས་པ་ནི་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། འཇིགས་པ་དང་བཅས་པའི་ལམ་ཞེས་བྱ་བ་ནི། འཇིགས་པ་ལྔ་ལས་མ་འདས་པའི་སེམས་ཏེ། སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་འཇིགས་པ་ལྔ་པོ་དག་གི་རྒྱུ་སེར་སྣ་དང༌། རིམ་གྲོ་ལ་ཆགས་པ་དང༌། བདག་ཏུ་ལྟ་བ་དང༌། ཉེས་པར་སྤྱོད་པ་དང༌། བསམ་པ་དམན་པ་དག་ལ་སྤྱོད་པ་སྟེ། དེ་ནི་འཇིགས་


DTG205_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མ་བྲལ་བས་འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ལས་རྣམ་པ་གསུམ་དང༌། ལྷག་པའི་བསམ་པ་ཡོངས་སུ་དག་པའི་གནས་སྐབས་ནི་འཇིགས་པ་ལྔའི་རྒྱུ་ཡང་དག་པར་རྗེས་སུ་མཐོང་བས་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །རིགས་པ་མ་ཡིན་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་རིགས་མ་ཡིན་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། རིགས་མ་ཡིན་པའི་ལམ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་དང་རིགས་མི་མཐུན་པའི་སེམས་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པོ་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པ་དག་གི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ལམ་ལ་སྤྱོད་པ་སྟེ། དེ་ནི་མཚན་མ་མེད་བ་ལྷུན་གྱིས་གྲུབ་པའི་རིགས་མ་ཡིན་བའི་ལམ་དུ་འགྲོ་བ་ཡིན་བས་སྣང་བ་མེད་པའི་ས་ལྷུན་གྱིས་གྲུབ་བ་ཉིད་ལ་ལྟོས་ན་འཇིགས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར། དེ་ཡངས་གོང་མ་ལ་ལྟོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ཕྱིར་མི་ལྡོག་བའི་ས་ཐོབ་ཅིང་བགྲོད་པ་གཅིག་པར་གྱུར་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པས་བསྟན་ཏེ། དེ་ལ་ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་ཕྱོགས་མ་ཡིན་པའི་ལམ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ལམ་གྱི་ཕྱོགས་མ་ཡིན་པའི་སེམས་ཏེ། སེམས་ཅན་གྱི་དོན་ཡལ་བར་འདོར་ཞིང་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་སེམས་གང་ཡིན་པའོ། །ལམ་དུ་འགྲོ་བ་ནི་


DTG205_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་བགྲོད་པ་གཅིག་པ་ཉིད་ལ་ཞུགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཐབས་ཅིག་གོ་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་དེ་ན་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། འཁོར་ཕུན་སུམ་ཚོགས་པ་དེ་དག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། གླེང་གཞིའི་ཁྱད་པར་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་པ་བཤད་ཟིན་ཏོ།། །།དེ་ལྟར་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་ནས། ད་ནི་མདོ་སྡེའི་ལུས་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མདོ་སྡེའི་ལུས་རྣམ་པར་གཞག་པ་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདིའི་མདོ་སྡེའི་ལུས་རྣམ་པར་གཞག་པ་མཐའ་དག་གིས་བདེན་པ་གཉིས་བོ་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའོ། །དེ་ལ་དོན་དམ་པའི་བདེན་པ་ནི་མཚན་ཉིད་ལྔ་དང་ལྡན་པར་ཤེས་པར་བྱ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང༌། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐ་དད་པ་དང༌། ཐ་དད་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དྲུག་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང༌། ཆོས་གདགས་པ་


DTG205_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་དང༌། ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་པ་སྟེ། མཚན་ཉིད་བཅུ་གཅིག་པོ་དེ་དག་ནི་མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང༌། གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་གསུངས་པ་ལ་སོགས་པ་མདོ་སྡེའི་ལུས་རྣམ་པར་གཞག་པ་ལ་སོགས་པའི་ལེའུ་བཅུ་འབྱུང་བ་ལས། དོན་དམ་པའི་མཚན་ཉིད་དང་པོ་གཉིས་ནི་ལེའུ་དང་པོ་དང་སྦྱར་རོ། །མཚན་ཉིད་ལྷག་མ་དགུ་ནི་ལེའུ་ལྷག་མ་དགུ་དང་གོ་རིམས་བཞིན་དུ་འོག་ནས་རྒྱ་ཆེར་སྟོན་ཏེ། དེ་ནི་མདོ་སྡེའི་ལུས་རྣམ་པར་གཞག་པས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དོན་དམ་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བསམ་གྱིས་མི་ཁྱབ་པ་དང༌། མཚུངས་པ་མེད་པ་དང༌། དཔག་ཏུ་མེད་པ་དང༌། གྲངས་མེད་པ་དང༌། མི་མཉམ་པ་དང་མཉམ་པའི་དོན་རྣམ་པ་ལྔ་གསུངས་པ་དང༌། གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་ལ་དང་བོར་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་ཀྱིས་ཚིག་གི་དོན་ལ་སོགས་པ་ཇེ་བཤད་པར་བྱ་སྟེ། དེ་ཡང་ལུང་རྟོག་པ་སྒྲོ་བཏགས་པ་མེད་པ་དང༌། སྐུར་པ་མེད་པ་ལ་རྨོངས་པའི་གཉེན་པོར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་རྨོངས་པའི་དབང་དུ་མཛད་ནས། དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་བརྗོད་དུ་མེད་པ་དང༌། གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་དྲི་བ་དྲིས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱི་ལེའུ་དང་པོ་འདི་གསུངས་སོ། །དེ་ལ་ལེའུ་དང་པོ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་


DTG205_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་དང༌། དེ་གཉིས་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་དང༌། དེ་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་གཞག་པ་དང༌། དེ་དག་གི་དངོས་པོ་བསྡུ་ན་རྣམ་པར་གཞག་པའོ། །དེ་ལ་མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་ནི། རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བ་ནས། འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་ནི། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ་ཞེས་བྱ་བ་ནས། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་རྣམ་པར་གཏན་ལ་དབབ་པའི་དངོས་པོ་རྣམ་པར་གཞག་པ་ནི། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ་དེ་ཞེས་བྱ་བ་ནས། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་གསུངས་པའི་པར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་ན་རྣམ་པར་གཞག་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་མཛད་པ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པའི་མཚན་ཉིད་གཉིས་གནས་སྐབས་གཅིག་ཏུ་བསྡུས་ཏེ་རྣམ་པར་གཞག་པ་བསྟན་པ་གང་ཡིན་པའོ། །དེ་ཡང་གཉིས་སུ་མེད་པའི་མཚན་ཉིད་གྲུབ་པར་བསྟན་པ་ཉིད་ཀྱིས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཞར་


DTG205_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲུབ་པར་བསྟན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱིས་པའི་བློ་ཅན་དག་ནི་གཉིས་ལ་བརྟེན་ནས་བརྗོད་པ་ལ་མངོན་པར་ཞེན་པར་བྱེད་ཀྱི། མཁས་པ་རྣམས་ཀྱིས་ནི་གཉིས་སུ་མེད་པའི་མཚན་ཉིད་ཁོང་དུ་ཆུད་པས་བརྗོད་པ་ལ་མངོན་པར་ཞེན་པར་མི་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་ཚུལ་བཞིན་ཡིད་ལ་ཀུན་འདྲིས་ཀྱིས། འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ། རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན་ཞེས་བྱ་བ་ལ་སོགས་པས་དྲིས་ཏེ། དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ཏུ་ཆོས་ཐམས་ཅད་གཉིས་སུ་མེད་པའི་གྲུབ་པ་བསྟན་པ་དེ་འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས་རང་གི་བློ་ལ་གཞག་སྟེ། གཉིས་སུ་མེད་པའི་མཚན་ཉིད་དྲི་པའི་གླེང་བ་སླང་བའི་ཕྱིར་ཆོས་ཐམས་ཅད་གཉིས་སུ་མེད་པ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན་ཞེས་ལན་གཉིས་སུ་བཟླས་ཏེ་དྲིས་སོ། །དེ་ལ་དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ཏུ་ཆོས་ཐམས་ཅད་གཉིས་སུ་མེད་པར་གྲུབ་པ་བསྟན་པ་དེ་ཡང་རིགས་པ་གང་གིས་གྲུབ་ཅེ་ན། དེའི་ཕྱིར། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །ཆོས་རྣམས་དངོས་པོ་གང་བརྗོད་པ། །དེ་ནི་གཉིས་སུ་མེད་པར་གྲུབ། །ཅེས་བྱ་བ་བསྟན་ཏེ། བྱིས་པའི་བློ་ཅན་དག་གིས་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག་ནི་མིང་གི་སྔ་རོལ་བློ་མེད་པའི་ཕྱིར་དང༌། མིང་མང་བའི་ཕྱིར་དང༌། མིང་མ་ངེས་པའི་ཕྱིར་མིང་གིས་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཕེབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པར་གྲུབ་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཇི་ལྟར་ན་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་གཉིས་སུ་མེད་པར་གྲུབ་པ་ཡིན་ཞེ་ན། ཆོས་རྣམས་ལ་འདུ་བྱས་ཤེའམ། འདུས་མ་བྱས་ཞེས་མིང་དུ་བཏགས་པའི་སྔ་རོལ་ཏེ། མིང་དུ་བཏགས་པའི་ཚེ་ན་འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་བློ་མི་འབྱུང་བའི་ཕྱིར། དེའི་གནས་སྐབས་ན་ཆོས་རྣམས་ཀྱི་དངོས་པོའི་ངོ་བོ་ཉིད་ནི་འདུས་བྱས་ཤེའམ། འདུས་མ་བྱས་ཞེས་བྱ་བ་ལ་སོགས་བ་ལྟ་བུ་གང་གི་ངོ་བོ་ཉིད་ཀྱང་མ་ཡིན་པས་ན་གཉིས་སུ་མེད་པ་གྲུབ་པ་ཡིན་


DTG205_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལྟར་གཉིས་སུ་མེད་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བརྗོད་དུ་མེད་པ་ཡིན་ནོ། །ཇི་ལྟར་ན་མིང་མང་བའི་ཕྱིར་གཉིས་སུ་མེད་པར་འགྲུབ་པ་ཡིན་ཞེ་ན། ཆོས་རྣམས་ཀྱི་དངོས་པོའི་ངོ་བོ་ཉིད་གཅིག་ལ་ཡང་ཐ་སྙད་ཀྱིས་མིང་མང་པོ་དུ་མར་བཏགས་པ་ཡོད་དེ། དཔེར་ན་རྒྱལ་པོའི་དངོས་པོ་གཅིག་ལ་ཡང་རྒྱལ་པོ་དང༌། ས་བདག་དང༌། མིའི་བདག་པོ་དང༌། ས་སྐྱོང་དང༌། དབང་ཕྱུག་དམ་པའི་མངའ་བདག་ཅེས་བྱ་བ་ལ་སོགས་པ་མིང་མང་པོར་བརྗོད་པ་ལྟ་བུ་སྟེ། དེ་ལ་གལ་ཏེ་རྒྱལ་པོ་དེའི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་མིང་གི་ངོ་བོ་ཉིད་ཡིན་པར་གྱུར་ན། མིང་ལ་རྣམ་པ་མང་པོ་ཐ་དད་པ་དུ་མ་ཡོད་པ་དེ་བཞིན་དུ། རྒྱལ་པོ་དེའི་དངོས་པོའི་ངོ་བོ་ཉིད་ཀྱང་དུ་མར་གྱུར་པའི་རིགས་ན་དེ་ལྟ་མ་ཡིན་ལ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བས་དེའི་ཕྱིར་མིང་ནི་མང་ལ་དངོས་པོའི་ངོ་བོ་ཉིད་ནི་གཅིག་ཏུ་ཟད་པས། དངོས་པོའི་ངོ་བོ་ཉིད་ནི་མིང་གིས་ཇི་སྐད་བརྗོད་པ་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་པས་ན་གཉིས་སུ་མེད་པར་འགྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ། །ཇི་ལྟར་ན་མིང་མ་ངེས་པའི་ཕྱིར་གཉིས་སུ་མེད་པར་འགྲུབ་པ་ཡིན་ཞེ་ན། དངོས་པོ་རྣམས་ཀྱི་མིང་ནི་མ་ངེས་པ་ཡིན་ཏེ། དཔེར་ན་གང་ཟག་གཅིག་ལ་ཡང་སྔར་ལྷ་སྦྱིན་ཞེས་བྱ་བར་མིང་བཏགས་པ་ལས་བར་དུ་མེས་བྱིན་ཞེས་བྱ་བར་མིང་སྤོས་པ་དང༌། དེ་ཉིད་དུས་གཞན་ན་སངས་རྒྱས་བྱིན་ཞེས་བྱ་བར་མིང་སྤོས་ནས། ཡང་དུས་གཞན་ན་ཡོན་ཏན་བཤེས་གཉེན་ཞེས་བྱ་བར་མིང་སྤོས་པ་ལྟ་བུ་སྟེ། དེ་ལ་གལ་ཏེ་གང་ཟག་དེའི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་མིང་གི་ངོ་བོ་ཉིད་ཡིན་པར་གྱུར་ན་མིང་མ་ངེས་ཏེ། གཞན་དང་གཞན་དུ་འགྱུར་བ་དེ་བཞིན་དུ། གང་ཟག་དེའི་དངོས་པོའི་ངོ་བོ་ཉིད་ཀྱང་གཞན་དང་གཞན་དུ་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་ལ་ཆོས་ཐམས་ཅད་དང་དེ་འདྲ་བས་དེའི་ཕྱིར་མིང་ནི་མ་ངེས་ལ་དངོས་པོའི་ངོ་བོ་ཉིད་ནི་མིང་བཞིན་མ་ངེས་པ་མ་ཡིན་པས་དངོས་པོའི་ངོ་བོ་ཉིད་དེ་ནི་མིང་གིས་ཇི་སྐད་བརྗོད་པ་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་པས་ན་གཉིས་སུ་མེད་པར་གྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་སྦྱར་རོ། །ཆོས་ཐམས་ཅད་ནི་གང་ཇི་ལྟར་ན་གཉིས་སུ་མེད་པ་ཡིན་ཞེས་བྱ་བས་ན་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་


DTG205_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡོད་པ་ཉིད་ཀྱི་དྲི་བ་རྣམ་པ་གཉིས་དྲིས་པ་ཡིན་ཏེ། འོག་ནས་ལན་རྣམ་པ་གཉིས་འབྱུང་བས་གོ་རིམས་བཞིན་དུ་སྟོན་ཏོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བས་ནི་སྔར་ཆོས་ཐམས་ཅད་ནི་གང་ཞེས་དྲིས་པའི་ལན་བཏབ་པ་ཡིན་ནོ། །དེ་ལ་གཉིས་ཇི་ཙམ་པ་སྟེ་ཞེས་བྱ་བས་ནི་གཉིས་སུ་ཐམས་ཅད་འདུས་པར་སྟོན་ཏོ། །དེ་ཡང་གང་ཞེ་ན། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བས་བསྟན་ཏེ། དེས་ནི་ཇི་སྙད་ཡོད་པ་ཉིད་བསྟན་པ་ཡིན་ནོ། །དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བས་ནི། སྔར་ཇི་ལྟར་གཉིས་སུ་མེད་པ་ཡིན་ཞེས་དྲིས་པའི་ལན་བཏབ་པ་ཡིན་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། དེ་གཉིས་ནི་འདོགས་པའི་ཚིག་གིས་གློ་བུར་གྱི་མིང་དུ་བཏགས་པ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མ་ཡིན་པས་བྱིས་པའི་བློ་ཅན་དག་གིས་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག་ནི་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་དང༌། མིང་མ་ཡིན་པའི་ཕྱིར་དང༌། མིང་མ་ངེས་པའི་ཕྱིར་མིང་གིས་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཕེབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ་ཞེས་སྔར་བསྟན་པ་ཡིན་ཏེ། དེས་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་གཉིས་སུ་མེད་པར་གྲུབ་པ་བསྟན་པ་ཉིད་ཀྱིས་བརྗོད་དུ་མེད་པ་ཡང་ཞར་ལ་གྲུབ་པར་བསྟན་པས་ན་དེ་ནི་མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཤད་པ་ཞེས་བྱ་བ་ནི་དེ་གཉིས་སུ་མེད་པའི་མཚན་ཉིད་གྲུབ་པར་བསྟན་པ་ཉིད་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཞར་ལ་གྲུབ་པར་བསྟན་པའི་མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་འདིར་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་རྣམ་པར་གཞག་པའི་སྒོ་ནས་ཆོས་ཐམས་ཅད་


DTG205_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པས་བརྗོད་དུ་མེད་པར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པ་གླེང་བསླང་བའི་དབང་དུ་མཛད་ནས་འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས། འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ་ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ནི་འདུས་མ་བྱས་ཀྱང་མ་ཡིན་འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བ་དྲིས་ཏེ། སྔར་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། དེ་གཉིས་ནི་འདོགས་པའི་ཚིག་གིས་གློ་བུར་གྱི་མིང་དུ་བཏགས་པ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མ་ཡིན་པས་བྱིས་པའི་བློ་ཅན་དག་གིས་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག་ནི་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་དང༌། བློ་མང་བའི་ཕྱིར་དང༌། བློ་མ་ངེས་པའི་ཕྱིར་མིང་གི་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཕེབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ་ཞེས་བསྟན་པ་དེ་ཉིད་གཏན་ལ་དབབ་པའི་ཕྱིར་དེ་སྐད་ཅེས་དྲིས་སོ། །དེ་ནས་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་ཀྱང༌། དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པའི་སྒོ་ནས་ཆོས་ཐམས་ཅད་གཉིས་སུ་མེད་པས་བརྗོད་དུ་མེད་པར་བསྟན་ཏེ། དེ་ལ་རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཏོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ་ཞེས་བྱ་བས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཏོ། །བརྗོད་དུ་མེད་པར་མངོན་པར་རྫོགས་པ་གང་ཡིན་པ་སྟེ། ཞེས་བྱ་བས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམ་པར་གཞག་པ་དེ་རྣམ་པ་གསུམ་གྱིས་ནི་མཚན་ཉིད་གཉིས་ཀྱི་དབང་དུ་མཛད་པ་ལས་བརྗོད་དུ་མེད་པའི་མཚན་ཉིད་གཙོ་བོར་བསྟན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྟོན་པས་བཏགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་གཏན་མེད་པ་ཡིན་ནོ། །ཀུན་དུ་རྟོག་པ་སྣ་ཚོགས་ལས་བྱུང་བའི་ཐ་སྙད་དུ་བརྗོད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རྟེན་ཅིང་


DTG205_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བ་ནི་ཡོད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་དེ་འཕགས་པ་རྣམས་ཀྱིས་དོན་དམ་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ཏེ། དེ་ཉིད་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བ་ནི་སྟོན་པས་སེམས་ཅན་རྣམས་ལ་ཐ་སྙད་གདགས་པ་དང་གོ་བར་བྱ་བའི་ཕྱིར་བཀའ་སྩལ་པའི་ཚིག་ཡིན་ནོ། །བཏགས་པའི་ཚིག་དེ་ནི་དང་པོའི་ངོ་བོ་ཉིད་མ་ཡིན་གྱི་འདོགས་པའི་ཚིག་གིས་གློ་བུར་དུ་སྒྲོ་བཏགས་པ་ཡིན་པས་དངོས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་གཏན་མེད་པར་རིག་པར་བྱའོ། །སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་སྟོན་པས་མདོ་སྡེ་དེ་དང་དེ་དག་ཏུ་འདུས་བྱས་ཞེས་མིང་དུ་བཏགས་པ་ལ་གླེངས་ཏེ། འདི་བཤད་པས་སྟོན་པ་གཙོ་ཆེར་སྨོས་པར་ཟད་ཀྱི་འདིར་སྟོན་པ་འབའ་ཞིག་གཟུང་བ་མ་ཡིན་གྱི། ཇི་ཙམ་དུ་ཐ་སྙད་གདགས་པ་དང་གོ་བར་བྱ་བའི་ཕྱིར་དེ་ལས་གཞན་པ་དག་གིས་སྨྲས་པའི་ཚིག་ཀྱང་དེ་བཞིན་དུ་གཟུང་བར་བྱའོ། །ཀུན་དུ་རྟོག་པ་ལས་བྱུང་བ་ཞེས་བྱ་བ་ནི་རྟོག་པས་ངག་ཀུན་ནས་སློང་ཞིང་ངག་གི་ཐ་སྙད་དུ་རྗོད་པར་བྱེད་པའི་ཕྱིར་ཏེ། དེ་ཡང་ཤེས་བྱ་ལ་བརྗོད་པར་བྱ་བའི་རྣམ་པ་དང༌། སྒྲ་ལ་བརྗོད་པར་བྱ་བའི་རྣམ་པ་གཞན་ནས་དེ་གོ་བར་བྱེད་པའི་ཚིག་བརྗོད་པའི་ཕྱིར་ཡིན་གྱི། བརྗོད་པར་བྱ་བ་དང༌། རྗོད་པའི་རྣམ་པ་དག་དངོས་པོ་ལ་གནས་པ་ནི་མ་ཡིན་ནོ། །ཐ་སྙད་དུ་བརྗོད་པ་ཡིན་ལ་ཞེས་བྱ་བའི་ཐ་སྙད་གདགས་པའི་ཕྱིར་བརྗོད་པ་སྟེ། ཐ་སྙད་ནི་རང་གི་བསམ་པ་གོ་བར་བྱེད་པ་ཡིན་ནོ། །ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་ཞེས་བྱ་བ་ནི། ཀུན་དུ་རྟོག་པ་སྣ་ཚོགས་ལས་བྱུང་བའི་ཐ་སྙད་དུ་བརྗོད་པའོ། །གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པས་ཡོངས་སུ་


DTG205_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པའི་ཕྱིར་དང༌། ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་ཏེ། དེའི་ཕྱིར་དེས་ནི་འདུས་བྱས་ཀྱི་སྒྲས་བསྐྱེད་པའི་འདུས་བྱས་ཀྱི་རྣམ་པ་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་ཞེས་བྱ་བའི་འདོགས་པའི་ཚིག་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་དངོས་པོའི་ངོ་བོ་ཉིད་མ་ཡིན་པས་ན་འདུས་བྱས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ན་དེ་དེ་ལྟར་འདུས་བྱས་མ་ཡིན་ན་འདུས་བྱས་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ་ཞེས་བྱ་བ་གསུངས་ཏེ། འདུས་མ་བྱས་ཞེས་བྱ་བའི་རྣམ་པ་ཡང་བརྗོད་པས་བསྐྱེད་པའི་རྣམ་པ་ཡིན་པའི་ཕྱིར་གཏན་ཡོངས་སུ་མ་གྲུབ་པས་དེ་ནི་འདུས་མ་བྱས་ཀྱང་མ་ཡིན་ནོ། །དེ་ལྟར་ན་དེ་དེ་གཉིས་ཀ་མ་ཡིན་པའི་ཕྱོགས་གཞན་ཞིག་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་ཞེས་བྱ་བ་གསུངས་ཏེ། དེ་གཉིས་ཀྱི་སྒྲ་ལ་མ་གཏོགས་པའི་མིང་ཅི་བརྗོད་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཉིད་དུ་འགྱུར་པའོ། །དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ་ཞེས་ལན་གཉིས་སུ་བཟླས་པ་ནི་ཐམས་ཅད་ཀྱང་དེ་དང་འདྲ་བའི་ཞེས་བརྣན་པའི་ཕྱིར་རོ། །དེ་ལྟར་ན་བརྗོད་པའི་སྒྲ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་གཏན་མེད་པས་ན་འདུས་བྱས་ཞེས། སྟོན་པས་བཏགས་པའི་ཚིག་དེ་ནི་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ཏེ། དེ་གཉིས་ལས་མ་གཏོགས་པ་གཞན་ཡང་མ་ཡིན་ནོ། །བརྗོད་པའི་སྒྲ་དང་བརྗོད་པར་བྱ་བའི་རྣམ་པ་གཉིས་ཀས་སྟོང་པ་གང་ཡིན་པ་དེ་ལྟ་བུ་ནི་ཅི་ཡང་མེད་དེ། བརྗོད་པའི་སྒྲ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས་སུ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་མེད་པ་མ་ཡིན་པས་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་བརྗོད་པ་ནི་དངོས་པོ་མེད་པ་ཅན་མ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་ཞེས་བྱ་བ་ནི་སྟོན་པས་བཏགས་པའི་ཚིག་ཅེས་སྔར་བསྟན་པ་སྟེ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ནོ། །དངོས་པོ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དངོས་པོ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །མེད་པ་ཅན་ཡང་མ་ཡིན་ཏེ་ཞེས་བྱ་


DTG205_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བརྗོད་པའི་སྒྲ་ཀུན་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས་སུ་མ་གྲུབ་ཀྱང༌། བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་གཟུང་བ་དང་འཛིན་པ་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡོད་པར་རིག་པར་བྱའོ། །དངོས་པོ་དེ་ཡང་གང་ཞེ་ན་ཞེས་བྱ་བ་ནི་བརྗོད་པའི་སྒྲ་ཀུན་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས་སུ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་བསྟན་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་དེ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་སྟེ། དངོས་པོ་དེ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ལ། དེ་འཕགས་པ་རྣམས་ཀྱིས་དོན་དམ་པའི་ཤེས་པ་དང༌། མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་སྦྱར་རོ། །འཕགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་སོ། །འཕགས་པའི་ཞེས་བྱ་བ་ནི་འཕགས་པའི་དོན་དམ་པའི་ཤེས་པ་དང་མཐོང་བ་ཞེས་བྱ་བར་སྦྱར་རོ། །ཤེས་པ་ཞེས་བྱ་བ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་མ་ཡིན་པའི་ཕྱིར་རོ། །མཐོང་བ་ཞེས་བྱ་བ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རོ། །བརྗོད་དུ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དོན་དམ་པའི་ཤེས་པ་དང༌། མཐོང་བས་རྟོགས་པར་ཐུགས་སུ་ཆུད་པ་གང་ཡིན་པའོ། །དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ཏེ། དེ་ཉིད་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ན་དེ་བཞིན་གཤེགས་པས་འདུས་བྱས་དེ་ཅིའི་ཕྱིར་གདགས་པ་མཛད་ཅེ་ན། དེའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་


DTG205_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་འདོགས་པ་ཚིག་གིས་དེ་སྐད་མ་བརྗོད་ན་ཆོས་ཉིད་དེ་རྟོགས་པར་ཁོང་དུ་ཆུད་པར་བྱ་བའི་ཐབས་གཞན་མེད་པའི་ཕྱིར། དེ་བཞིན་གཤེགས་པས་ཐབས་ལ་འཇུག་པ་ཆུད་མི་ཟ་བ་ལ་མཁས་པའི་དབང་དུ་མཛད་ནས་དེ་སྐད་གདགས་པ་མཛད་དོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདུས་མ་བྱས་ཀྱི་ཚར་ལ་ཡང་སྔ་མའི་ཚུལ་བཞིན་དུ་སྦྱར་ཞིང་བཤད་པར་བྱ་སྟེ། དེ་ནི་དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་ཡིན་ནོ། །འོག་ཏུ་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་རྣམ་པར་གཏན་ལ་དབབ་པའི་དངོས་པོ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་བསྟན་པ་དེ་རྣམ་པར་གཏན་ལ་དབབ་པའི་ཕྱིར་བྱིས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པས་གཞན་གྱི་དབང་གི་ངོ་བོ་ཉིད་མི་རྟོག་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་མཐོང་བའི་དཔེ་དང༌། མཁས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པས་གཞན་གྱི་དབང་གི་ངོ་བོ་ཉིད་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་ཞིང༌། གཞན་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་དཔེའི་དངོས་པོ་རྣམ་པར་གཞག་པ་རྣམ་པ་གཉིས་ཀྱིས་དོན་དེ་རྒྱ་ཆེར་སྟོན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པ་གླེང་བསླང་བའི་དབང་དུ་མཛད་ནས། འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས། འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ། རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཤེས་པ་དང༌། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང༌། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ཞེས་བྱ་བ་དྲིས་ཏེ། དེ་ལ་དངོས་པོ་དེ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཐ་སྙད་དང་བྲལ་བ་བརྗོད་པར་བྱ་བའི་དངོས་པོ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོའོ། །འཕགས་པའི་


DTG205_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་དངོས་པོ་དེ་ཇི་ལྟ་བུ་འཕགས་པའི་རྒྱུད་ལ་མངའ་བའི་དོན་དམ་པའི་ཤེས་པ་དང༌། མངོན་པར་རྟོགས་པར་ཐུགས་སུ་ཆུད་ཅེས་འདྲི་བ་སྟེ། ཇི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་འཕགས་པ་དོན་དམ་པའི་ཤེས་པ་དང༌། མཐོང་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཟིགས་པ་རྣམས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ཉིད་གཞན་གྱིས་རྟོགས་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཀྱི་ཤེས་པ་དང་མཐོང་བས་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་འདོགས་པར་མཛད་པ་སྟེ། ཇི་ལྟར་འདོགས་པར་མཛད་ཅེས་འདྲི་བ་སྟེ། ཇི་ལྟར་ཀུན་རྫོབ་ཀྱི་ཤེས་པ་དང་མཐོང་བས་རྗེས་སུ་ཐ་སྙད་འདོགས་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ །དེ་ནས་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་ཀྱང་དོན་དེ་ཉིད་ངེས་པར་གཏན་ལ་དབབ་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ་ཞེས་བྱ་པ་ལ་སོགས་པས་དཔེའི་དངོས་པོ་རྣམ་པར་གཞག་པ་བསྟན་ཏོ། །དེ་ལ་དཔེའི་དངོས་པོ་རྣམ་པར་གཞག་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་དཔེའི་དངོས་པོ་རྣམ་པར་གཞག་པ་དང༌། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་དཔེའི་དངོས་པོ་རྣམ་པར་གཞག་པའོ། །དཔེས་མཚོན་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱིས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་རྣམ་པར་ཞེན་པས་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མི་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མི་མཐོང་བ་དང༌། མཁས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པས་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་


DTG205_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མཐོང་ཞིང༌། གཞན་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའོ། །དེ་ལ་དཔེའི་དངོས་པོ་རྣམ་པར་གཞག་པ་རྣམ་པ་གཉིས་ནི་མདོ་ལས། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་དང༌། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་གོ་རིམས་བཞིན་དུ་སྦྱར་རོ། །དཔེས་མཚོན་པའི་དོན་རྣམ་པ་གཉིས་ནི་མདོ་ལས། དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་བོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་དང༌། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པས་བདེན་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །སྐབས་འདིར་ནི་དཔེས་མཚོན་པའི་དོན་ཐ་མ་ཉིད་གཟུང་བར་བྱ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཤེས་པ་དང༌། མཐོང་བས་རྟོགས་པ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མངོན་པར་རྫོགས་པར་རྟོགས་པ་ཡིན་པས་དེ་ནི་འཕགས་པ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཉིད་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། དེ་ནས་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་བའི་རང་བཞིན་ཅན་ཞེས་བྱ་བ་ནི་ལུང་དང་རྗེས་སུ་དཔག་པ་དང་མངོན་སུམ་གྱི་ཚད་མའི་རྗེས་སུ་འབྲང་བའི་བློ་མེད་པ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནི་དེ་མི་སླུ་བར་བྱེད་པའི་རྒྱུ་མ་ཡིན་པ་མི་ཤེས་ཤིང༌། གླང་པོ་ཆེ་ལ་སོགས་པ་དངོས་ཉིད་ཡིན་པར་འཛིན་པའོ། །ནན་གྱིས་ཞེས་བྱ་བ་ནི་རང་གི་བློས་བྱེ་བྲག་པ་མེད་པར་གཟུ་ལུམས་སུ་ཞེས་བྱ་བའི་ཐ་ཚིག་གོ །མཆོག་ཏུ་གཟུང་ཞིང་ཞེས་བྱ་བ་ནི་རབ་ཀྱིས་ལྟ་བ་མཆོག་ཏུ་གཟུང་


DTG205_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་པའོ། །མངོན་པར་ཞེན་ནས་ཞེས་བྱ་བ་ནི་གཞན་དག་གིས་དེ་ལས་བཟློག་པ་ན་དེ་འཛིན་ཅིང་མི་འདོར་བའོ། །འདི་ནི་བདེན་གྱི་ཞེས་བྱ་བ་ནི་མངོན་པར་ཞེན་པའི་དབང་གིས་དེ་ལ་ཆགས་ནས་དེ་ཉིད་བདེན་པར་འཛིན་པའོ། །གཞན་ནི་བརྫུན་པའོ་ཞེས་བྱ་བ་ནི་འདི་ལས་བདེན་པ་ལྷག་པ་ལོགས་ཤིག་ན་མེད་དོ་ཞེས་ཟེར་བ་ནི་དེ་ནི་དེ་དག་གི་ཕྱིར་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ན་ལོག་པར་རྟོག་པའི་ཕྱིར་རོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པ་ཡིན་ནོ། །སྣང་བ་གང་ཡིན་པ་འདི་ནི་མེད་དོ་ཞེས་བྱ་བ་ཡང་སྔ་མ་ལས་བཟློག་པ་ཡིན་ནོ། །རྣམ་གྲངས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་དེ་དག་གི་དངོས་པོ་གཅིག་ལ་ཡང་མིང་གི་རྣམ་གྲངས་ཐ་དད་པ་དུ་མར་འདོགས་པའི་འདུ་ཤེས་འབྱུང་བའོ། །སྒྱུ་མ་བྱས་པ་འདི་ནི་ཡོད་ཅེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་མཚན་མ་སེམས་ལས་བྱུང་བ་སྣང་བ་ཙམ་གྱི་མཚན་མ་སྟེ། དེས་ནི་སྒྱུ་མ་ལ་ཡང་གླང་པོ་ཆེ་ལ་སོགས་པ་ལོག་པར་མི་འཛིན་པ་བསྟན་ཏོ། །མི་སླུ་བར་བྱེད་པ་འདི་ནི་ཡོད་དོ་ཞེས་བྱ་བས་ནི་སྒྱུ་མའི་སྒྱུ་རྩལ་ལ་སོགས་པ་དེ་དག་ལ་ཡང་ཕྱི་རོལ་གྱི་དངོས་པོ་ལོག་པར་མི་འཛིན་པ་བསྟན་ཏོ། །རྗེས་སུ་ཐ་སྙད་མི་འདོགས་ཀྱི་ཞེས་བྱ་བས་ནི་དཔེས་མཚོན་པའི་དོན་གྱི་འཇུག་ནས་འཕགས་པའི་ཤེས་པ་དང༌། འཕགས་པའི་བདེན་པས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་འབྱུང་བའི་དོན་དེ་མཚོན་པར་བྱེད་དོ། །འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བས་ནི་དཔེས་མཚོན་པའི་དོན་གྱི་འཇུག་ནས་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་འབྱུང་བའི་དོན་དེ་མཚོན་པར་བྱེད་དེ། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དོན་གང་ཡིན་པ་ཉིད་ལ་མིང་དེ་སྐད་བཏགས་པའི་དོན་དེ་རྣམ་པར་རིག་པར་བྱ་བའི་ཕྱིར་མིང་དེ་སྐད་ཅེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ན་གཏན་ལ་བབ་པར་རྟོགས་པར་བྱ་བའི་ཕྱིར་རོ། །དེ་དག་ནི་དཔེའི་དངོས་པོ་


DTG205_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་རྣམ་པ་གཉིས་ཀྱིས་ཚིག་གི་དོན་བཤད་པ་ཡིན་ནོ། །ད་ནི་དཔེས་མཚོན་པའི་དོན་རྣམ་པ་གཉིས་ཀྱིས་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་བོར་གྱུར་པ་ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་མ་ཐོབ་པ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་དེ་མཐོང་ངམ། ཐོས་ན་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་མ་དང་འདུས་མ་བྱས་ཀྱི་མཚན་མ་རྣམ་པར་རིག་པ་ཙམ་དེ་མཐོང་ངམ་ཐོས་ནས་ཞེས་བྱ་བར་སྦྱར་རོ། །སྣང་བ་གང་ཡིན་པ་དེ་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་བསྟན་ཏོ། །དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ལོག་པར་མངོན་པར་ཞེན་པ་བསྟན་ཏོ། །དེ་ནི་དེ་དག་གི་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ་བསྟན་ཏོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ་བདེན་པ་མཐོང་བ་ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་ཐོབ་པ་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་པ་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི་ཞེས་བྱ་བ་ནི་ཕྱི་རོལ་ན་རྫས་སུ་གྲུབ་པའི་ཡུལ་དུ་གྱུར་པ་མེད་པའོ། །འདིར་གང་ལ་བརྗོད་པ་འཇུག་པར་འགྱུར་བ་དེ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་བཏགས་པའི་ཡོད་པ་གང་ཡིན་པ་དེ་དག་མེད་པར་བསྟན་ཏོ། །རྫས་སུ་ཡོད་པ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ཡང་རྣམ་པར་རིག་པ་ཙམ་དུ་ཡོད་པར་འདོད་ན་གནོད་པ་མེད་དེ། དེའི་ཕྱིར་གང་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ལ་ནི་འདུ་ཤེས་འབྱུང་བར་འགྱུར་བ་མེད་དེ། འབྱུང་ན་ཡང་དེའི་མཚན་མ་ལ་འབྱུང་བས་དེ་ཡང་རྣམ་པར་རིག་པ་ཙམ་ཉིད་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་ལས་བྱུང་བ་ཞེས་བྱ་བ་གསུངས་སོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་དངོས་པོ་ལ་གཟུགས་དང༌།


DTG205_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། སྐྱེས་པ་དང༌། བུད་མེད་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ལྷག་པར་སྒྲོ་བཏགས་པ་གང་ཡིན་པ་སྟེ། དེ་ཉིད་རྣམ་པར་རིག་པ་ཙམ་གྱི་མཚན་མ་ཡིན་ནོ། །དེ་བཞིན་ཉིད་ཀྱི་མཚན་མ་གང་ཡིན་པ་དེ་ཡང་འདུ་ཤེས་ཀྱི་མཚན་མ་ཁོ་ན་སྟེ། འདུས་བྱས་པའི་ཕྱིར་རོ། །སྒྱུ་མ་ལྟ་བུ་འདི་ནི་ཡོད་ཅེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོར་ཡོད་པ་མ་ཡིན་གྱི་རྣམ་པར་རིག་པ་ཙམ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བློ་རྣམ་པར་རྨོངས་པར་བྱེད་པ་འདི་ནི་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་དག་གིས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ལོག་པར་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཤེས་པ་དང་མཐོང་བ་སྟེ། འོག་ནས་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་འབྱུང་བ་དང་སྦྱར་རོ། །དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གྲུབ་པར་བསྟན་ཏོ། །རིགས་ཀྱི་བུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་དོན་གྱི་མཇུག་བསྡུ་བ་བསྟན་ཏེ། དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་དངོས་པོ་དེ་ཤེས་པ་དང་མཐོང་བས་རྟོགས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་བ་ཡིན་པས་དེ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཉིད་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ཏེ། དེ་ནི་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་


DTG205_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ལས་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ཀྱིས་ནི་རྣམ་པར་བྱང་བའི་ཕྱོགས་བསྟན་ཏོ། །རྩ་བ་འོག་མ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་གནས་པ་རྣམས་ཀྱི་ཉེས་དམིགས་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ནི། ཟབ་མོའི་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མེད་རྒྱལ་བས་བསྟན་མཛད་ཀྱང༌། །ཞེས་གསུངས་པ་ཡིན་ཏེ། དེ་ནི་དོན་དམ་པའི་ཟབ་མོའི་སྤྱོད་ཡུལ་མ་ཡིན་པ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ། རྒྱལ་བ་སྟོབས་བཅུ་དང་ལྡན་པ། ཐུགས་རྗེ་དམ་པ་མངའ་བས་བསྟན་པའི་སྒོ་ནས་མཚན་ཉིད་གཉིས་ཀྱི་དངོས་པོ་བསྡུ་བ་བསྟན་ཏེ། དེ་གཉིས་ཀྱི་རྣམ་པར་བྱང་བའི་ཕྱོགས་ཀྱང་བསྟན་པ་ཡིན་ནོ། །རྩ་བ་གོང་མ་གཉིས་ནི། བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །ཞེས་གསུངས་པ་ཡིན་ཏེ། དེས་ནི་བྱིས་པ་གཏི་མུག་གིས་རྨོངས་པ་འདི་དག་ནི་དོན་དམ་པས་བརྗོད་དུ་མེད་པའི་མཚན་ཉིད་དང་ལྡན་པ་མི་ཤེས་པས་སྨྲ་བའི་སྤྲོས་པ་ལ་དགའ་བ་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་མི་ཤེས་པས་གཉིས་ལ་གནས་པའི་སྒོ་ནས་མཚན་ཉིད་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་དངོས་པོ་བསྡུ་བ་བསྟན་ཏེ། དེ་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱང་བསྟན་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པོ་ནི། མ་རྟོགས་པའམ་ལོག་པར་རྟོགས་པ་དག །ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང༌། །དེ་དག་ཤེས་པའི་སྨྲ་བ་དེར་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར། །ཞེས་གསུངས་པ་སྟེ། དེས་ནི་བྱིས་པ་གཏི་མུག་གིས་རྨོངས་པའི་དོན་དམ་པ་བརྗོད་དུ་མེད་པ་དང༌། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པ་དང༌།


DTG205_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་རྟོགས་པ་དེ་དག་ནི་ལུག་དང་བ་ལང་ལ་སོགས་པ་ངན་སོང་གསུམ་པོ་དག་ཏུ་ཡང་དང་ཡང་དུ་སྐྱེ་ཞིང་ཆོས་ཐམས་ཅད་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དེ་བོར་ནས་ཡུན་རིང་པོར་འཁོར་བ་འདིར་འཁོར་བར་འགྱུར་རོ་ཞེས་བསྟན་ཏེ། དེ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ཕྱགས་ལ་གནས་པ་རྣམས་ཀྱི་ཉེས་དམིགས་བསྟན་པ་ཡིན་ནོ། །ལེའུ་དང་པོའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་བརྗོད་དུ་མེད་པའི་མཚན་ཉིད་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། དེ་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཆོས་འཕགས་ཀྱི་ལེའུ་གཉིས་པ་འདི་གསུངས་སོ། །དེ་ལ་ལེའུ་གཉིས་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་བ་རྣམ་པ་བཞི་སྟེ་རྟོག་གེ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་དང༌། དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་དང༌། དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་དང༌། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའོ། །དེ་ལ་རྟོག་གེ་བའི་མཚན་ཉིད་མངོན་བར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་སྔོན་གྱི་གདུགས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ནས། ངོ་མཚར་རྨད་དུ་བྱུང་བ་ལེགས་སོ་སྙམ་བགྱིད་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ནི་འདི་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་རྟོག་གེའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་


DTG205_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ནི། ཆོས་འཕགས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། ཆོས་འཕགས་དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ་མོས་པར་མི་ནུས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོ་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་རྟོག་གེ་པ་དང་ལྡན་པ་རྟོག་གེར་གཏོགས་པའི་ས་རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་ས་སྤྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པ་མངོན་པའི་ང་རྒྱལ་ཅན་བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་ལ་སོགས་པར་མཐོང་བའི་ཆོས་རྣམས་ཀྱི་དོན་དམ་པ་ཡིན་པར་ལྟ་ཞིང་དོན་དམ་པ་རྟོག་གེའི་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཁོང་དུ་མ་ཆུད་པ་དེ་དག་གི་མཚན་ཉིད་ཅི་འདྲ་བ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་ཆོས་འཕགས་ཀྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་སྔོན་གྱི་གདུགས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་སྔོན་གྱི་གདུགས་རྣམས་ཞེས་བྱ་བ་ནི་གང་དག་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་


DTG205_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་དུས་དག་སྟེ། དེ་ཡང་དང་པོར་བྱང་ཆུབ་ལ་གཞོལ་བ་ནས་ཐ་མ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་གྱི་དུས་རྣམས་ལ་ཕྱིར་བསྙགས་པའི་ཕྱིར་གདུགས་རྣམས་ཞེས་མང་པོའི་ཚིག་ཏུ་བྱས་སོ། །ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ནི་གང་དག་ལ་བཅོམ་ལྡན་འདས་པས་སྔར་སངས་རྒྱས་གཞན་དག་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ནའོ། །འདི་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གནས་ཕུན་སུམ་ཚོགས་པ་སྔར་བསྟན་པ་དེ་ནས་སམ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་སོ། །དེ་ན་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་གྲགས་པ་ཅན་དེ་ནའོ། །མུ་སྟེགས་པ་རང་རང་གི་སྟོན་པ་ལ་སོགས་པ་ཞེས་བྱ་བ་ནི་རྟོག་གེ་བ་གྲུབ་པའི་མཐའ་དང་གཞུང་ལུགས་ཐ་དད་པ་རང་རང་གི་མཁན་པོ་དང་དགེ་འདུན་གྱི་ཚོགས་དང་བཅས་པ་དག་གོ །ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་བསམ་པ་ལས་བརྩམས་ནས་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་བར་འདོད་ནས་ཞེས་བྱ་བའི་ཐ་ཚིག་གོ །མཆིས་ཤིང་ཞེས་བྱ་བ་ནི་གང་དག་དངོས་པོ་དེ་ཇི་ལྟ་བ་བཞིན་གཏན་ལ་དབབ་པའི་ཕྱིར་སྔར་དེར་འཁོད་པ་དག་གོ །འདུས་ནས་ཞེས་བྱ་བས་ནི་གང་དག་གིས་སྔ་མ་དེ་དག་མཐོང་ནས་དེའི་འོག་ཏུ་དེར་ལྷགས་པ་རྣམས་སོ། །སེམས་པར་བགྱིད་ཅེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ །འཇལ་བར་བགྱིད་དེ་ཉེ་བར་རྟོག་པར་བགྱིད་ཅེས་བྱ་བ་ནི་བཤད་པའི་ཚིག་སྟེ། དེ་ཡང་རང་གི་གཞུང་ལུགས་ཀྱི་སྒྲོ་འདོགས་པ་དང༌། སྐུར་པ་དང་བྲལ་བས་སེམས་པར་བྱེད་པ་ནི་འཇལ་བར་བགྱིད་ཅེས་བྱ་བས་བསྟན་ཏོ། །རིགས་པ་ལ་བརྟེན་ནས་སེམས་པར་བྱེད་པ་ནི་ཉེ་བར་རྟོག་པར་བགྱིད་ཅེས་བྱ་བས་བསྟན་ཏེ། དེ་ལྟར་ན་དེ་གཉིས་ཀྱིས་ནི་ཇི་ལྟར་སེམས་པར་བྱེད་པ་དང༌། གང་གིས་སེམས་པར་བྱེད་པ་བསྟན་པ་ཡིན་ཏེ་གོ་རིམས་བཞིན་དུ་སྦྱར་རོ། །ཡོངས་སུ་ཚོལ་བར་བགྱིད་ཀྱང་ཞེས་བྱ་བ་ནི་དེ་ལྟར་བསྟན་པ་དང་བཤད་པའི་ཚིག་དེ་དག་གཉིས་ཀྱིས་གཏན་ལ་འབེབས་པར་བྱེད་ཀྱང་ཞེས་བྱ་བར་སྦྱར་རོ། །མ་རྟོགས་ནས་ནི་ཞེས་བྱ་བ་ནི་གཏན་ལ་མ་ཕེབས་ནས་ཞེས་བྱ་བའི་ཐ་ཚིག་གོ །བློ་གྲོས་ཐ་དད་པ་ཞེས་བྱ་བ་ནི་བློ་གྲོས་སོ་སོར་གྱུར་བའོ། །ཡིད་གཉིས་ཅན་ཞེས་བྱ་བ་ནི་གང་དག་སོམ་ཉི་ཟ་བ་དག་གོ །བློ་གྲོས་ངན་པ་ཞེས་བྱ་བ་ནི། དེ་དག་ལས་གང་དག་ལོག་


DTG205_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པ་དེ་དག་གོ །རྩོད་པ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །འགྱེད་པར་གྱུར་པ་ཞེས་བྱ་བ་ནི་ཚིག་གིས་སོ། །གཅིག་ལ་གཅིག་ཁ་སྟོབས་ཀྱིས་གནོད་པ་བགྱིས་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །ཞེར་འདེབས་པར་བགྱིས། གབ་གབ་ཀྱིས་མནན་པ་བགྱིས། ཚར་བཅད་པར་བགྱིས་ཏེ་ཞེས་བྱ་བ་དག་ནི་བཤད་པའི་ཚིག་སྟེ། དེ་ཡང་མི་རིགས་པར་སྨྲས་ན་ངག་རྩུབ་བོ་འབྱིན་པས་གནོད་པར་བྱས་པ་ནི། ཞེར་འདེབས་བར་བགྱིས་ཞེས་བྱ་བས་བསྟན་ཏོ། །རིགས་པར་སྨྲས་ན་སྤོང་བ་ལ་སོགས་པས་གནོད་པར་བྱས་པ་ནི། གབ་གབ་ཀྱིས་མནན་པ་བགྱིས་ཞེས་བྱ་བས་བསྟན་ཏོ། །དེ་གཉིས་ཀའི་དུས་ན་གཉིས་ཀས་གནོད་པ་བྱས་པ་ནི། ཚར་བཅད་པར་བགྱིས་ཏེ་ཞེས་བྱ་བས་བསྟན་ཏོ། །སོ་སོར་མཆིས་པ་དག་ཅིག་མཐོང་ནས་ཞེས་བྱ་བས་ནི་ཕྱོགས་སོ་སོར་དོང་བ་སྟེ། དེ་ལྟར་ཚིག་གི་དོན་དེ་དག་གིས་ནི་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་དེ་ལ་ལྟོས་ན། ཀྱེ་མ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བས་ཤིན་ཏུ་བདེ་བ་ཆེ་བ་དང༌། དེ་དག་བྱུང་བས་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་བསྟན་པ་ཤིན་ཏུ་ཕན་འདོགས་པ་ཆེ་བ་དང༌། དེ་རྟོགས་པ་དང་མངོན་སུམ་དུ་བགྱི་བའི་ཐབས་དང་གནས་སྐབས་མཆིས་པས་ཤིན་ཏུ་དལ་འབྱོར་ཆེ་བ་དང༌། དེ་རྟོགས་པ་དང་མངོན་སུམ་དུ་བགྱི་བའི་རྣལ་འབྱོར་བ་དེ་དག་མཆིས་པས་ཤིན་ཏུ་མངོན་པར་རྟོགས་པ་ཆེ་བའི་སླད་དུ་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟོགས་པ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །མངོན་སུམ་དུ་བགྱི་བ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །དེ་དག་ནི་རྟོག་གེ་པའི་མཚན་ཉིད་ལ་ལྟོས་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་ལ་སོགས་པ་ཤིན་ཏུ་བདེ་བ་དང་ཕན་འདོགས་པ་དང༌། དལ་འབྱོར་དང་མངོན་པར་རྟོགས་བ་ཆེ་བའི་ཕྱིར་ངོ་མཚར་རྨད་དུ་བྱུང་བ་ཡིན་ནོ་ཞེས་ཞར་ལ་བསྟོད་པ་དང༌། ཚིག་འོག་མའི་མགོ་འདྲེན་པ་ཙམ་དུ་ཟད་ཀྱི་དངོས་


DTG205_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྟོག་གི་པའི་མཚན་ཉིད་བསྟན་པའི་གནས་སྐབས་ཡིན་པས་ན་དེ་ནི་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་གྱིས་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་དེ་བཞིན་གཤེགས་པ་ཉིད་ཀྱི་སོ་སོ་རང་གིས་རིག་པའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ཐ་སྙད་རྣམ་པར་གཞག་པའི་སྒོ་ནས་གཞན་ལ་བསྙད་པ་ལ་སོགས་པའི་མཚན་ཉིད་ཅི་འདྲ་བ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བས་ནི་སྔར་རྟོག་གེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ལ་ལྟོས་ན། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་དང༌། དོན་དམ་པར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་སྟོན་པ་དང༌། དེ་རྟོགས་པ་དང་མངོན་སུམ་དུ་བྱ་བའི་ཐབས་དང་གནས་སྐབས་ཡོད་པ་དང༌། དེ་རྟོགས་པ་དང་མངོན་སུམ་དུ་བྱེད་པའི་རྣལ་འབྱོར་པ་དག་ཡོད་པ་ནི། ཤིན་ཏུ་བདེ་བ་ཆེ་བ་དང༌། ཤིན་ཏུ་ཕན་འདོགས་པ་ཆེ་བ་དང་ཤིན་ཏུ་དལ་འབྱོར་ཆེ་བ་དང༌། ཤིན་ཏུ་མངོན་པར་རྟོགས་པ་ཆེ་བའི་ཕྱིར་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ་ཞེས་གསོལ་པ་དེ་ཉིད་ངེས་པ་ཡིན་པར་མནན་པའི་སྒོ་ནས་དོན་དམ་པའི་མཚན་ཉིད་མངོན་པར་གྲུབ་པའི་ཚུལ་རྣམ་པར་གཞག་པ་སྟོན་ཏོ། །ངས་ནི་དོན་དམ་པར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བས་ནི་དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ཉིད་དམིགས་ཀྱིས་བསྟན་པ་ཡང་ཡིན་ལ། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ཡོད་


DTG205_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤིན་ཏུ་བདེ་བ་ཆེ་བ་ཡང་བསྟན་པར་རིག་པར་བྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཡང་ཞེས་བྱ་བ་ལ་སོགས་པས་ཐ་སྙད་རྣམ་པར་གཞག་པའི་སྒོ་ནས་གཞན་ལ་བསྙད་པ་ལ་སོགས་པའི་མཚན་ཉིད་ཅི་འདྲ་བ་ཉིད་དམིགས་ཀྱིས་བསྟན་པ་ཡང་ཡིན་ལ། དོན་དམ་པར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་སྟོན་པ་ཡོད་པ་ལ་སོགས་པ་ཤིན་ཏུ་ཕན་འདོགས་པ་ཆེ་བ་ལ་སོགས་པ་ཡང་བསྟན་པར་རིག་པར་བྱའོ། །བསྙད་ཅིང་ཞེས་བྱ་བ་ནི་བསྙད་པའི་ཚིག་གོ །གསལ་བར་བྱས། རྣམ་པར་ཕྱེ་སྟེ་ཞེས་བྱ་བ་གཉིས་ནི་བཤད་པའི་ཚིག་གིས་གསལ་བར་བྱས་པ་དང༌། རྣམ་པར་ཕྱེ་བ་གཉིས་ཀྱིས་ན་བསྙད་པ་ཡིན་ནོ། །དེ་ལ་གསལ་བར་བྱས་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པས་ལེགས་པར་གདགས་པ་བྱས་པའི་ཕྱིར་རོ། །རྣམ་པར་ཕྱེ་ཞེས་བྱ་བ་ནི་ཆོས་དེ་དག་གི་དོན་རབ་ཏུ་བསྟན་པའི་ཕྱིར་ཏེ། དེ་ལྟར་ན་ཚིག་དང་པོ་ནི་བར་མ་གཉིས་ཀྱིས་བཤད་ལ། བར་མ་གཉིས་ནི་གོ་རིམས་བཞིན་དུ་ཐ་མ་གཉིས་ཀྱིས་བཤད་པར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་རྣམ་པ་ལྔས་ནི་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་རྣམ་པ་ལྔ་སྟོན་ཏེ། དེ་ཡང་རྟོག་གེ་ལ་བརྟེན་ནས་དོན་དམ་པ་རྣམ་པར་དཔྱོད་པ་གཞན་མུ་སྟེགས་ཅན་རྣམས་ལ་གང་གིས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བའི་ཉེས་པ་ལྔ་ཡོད་པའི་གཉེན་པོར་གོ་རིམས་བཞིན་དུ་སྦྱར་རོ། །ཉེས་པ་ལྔ་ནི་ཀུན་དུ་ཚོལ་བའི་ཉེས་པ་དང༌། མངོན་པའི་ང་རྒྱལ་གྱི་ཉེས་པ་དང༌། མངོན་པར་ཞེན་པའི་ཉེས་པ་དང༌། འདོགས་པའི་ཉེས་པ་དང༌། རྩོད་པའི་ཉེས་པ་སྟེ། དེ་དག་ཀྱང་གཞན་གྱིས་བསྟན་པ་ཙམ་གྱིས་དོན་དམ་པ་ཁོང་དུ་ཆུད་པར་རེ་བ་དང་ཞིག་ནས་ཙམ་ཐོབ་ན་མཚན་མར་འཛིན་པ་ཙམ་གྱིས་དོན་དམ་པ་རྟོགས་སོ་སྙམ་པའི་མངོན་པའི་ང་རྒྱལ་དང༌། རྣམ་པར་འཇིག་པའི་དབང་གིས་ཇི་ལྟར་བརྗོད་པ་བཞིན་དུ་མངོན་བར་ཞེན་པ་དང་མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས་སྲོག་ལ་སོགས་པ་ཡོད་པར་རྣམ་པར་འཇོག་པ་འདོགས་པ་དང༌། ཕན་ཚུན་མི་མཐུན་པར་འདོགས་པ་བདག་དང་གཞན་གྱི་ཕྱོགས་ལ་རྗེས་སུ་


DTG205_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་དང་ཁོང་ཁྲོ་བར་གྱུར་པ་རྩོད་པར་འགྱུར་བ་དང༌། གོ་རིམས་བཞིན་དུ་སྦྱར་རོ། །རྟོག་གེ་ལ་བརྟེན་པའི་ཉེས་པ་དེ་ལྔས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་རིག་པར་བྱའོ། །དེ་ལ་དོན་དམ་པ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་ཡིན་པར་ངས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕན་ཚུན་རིག་པར་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་དེ་ཞེས་བྱ་བ་ནི་གཞན་གྱིས་བསྟན་པ་ཙམ་གྱིས་དོན་དམ་པ་ཁོང་དུ་ཆུད་པར་རེ་བའི་ཀུན་དུ་ཚོལ་བའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ། གཞན་གྱིས་བསྟན་པ་ཙམ་གྱིས་ཞེས་བྱ་བ་ནི་རྟོག་གེ་ལས་བྱུང་བའི་དོན་གཅིག་ལ་གཅིག་སྟོན་པར་བྱེད་པ་སྟེ། དེས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་ཀུན་དུ་ཚོལ་བའི་ཉེས་པ་ཡིན་ནོ། །དེ་ལ་དོན་དམ་པ་ཞེས་བྱ་བས་ནི་སྔར་དངོས་པོ་དེ་འཕགས་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་སྨོས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་མངོན་པར་རྫོགས་པར་རྟོགས་པར་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་བཞེད་དོ། །འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྣམ་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ལས་ཐ་མི་དད་པ་དེ་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་རང་རིག་པ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕན་ཚུན་རིག་པར་བྱ་བ་ཞེས་བྱ་བ་ནི་རྟོག་གེ་ལས་བྱུང་བའི་དོན་གཅིག་ལ་གཅིག་སྟོན་པར་བྱེད་པའོ། །རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཀུན་དུ་ཚོལ་བའི་ཉེས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབས་པའི་ཚུལ་རྣམ་པར་གཞག་པ་སྟོན་ཏོ། །དེ་ལྟར་ཀུན་དུ་ཚོལ་བའི་ཉེས་པས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དམ་པའི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་


DTG205_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངས་བཤད་ལ། རྟོག་གེའི་མཚན་མའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བས་ནི་ཞི་གནས་ཙམ་ཐོབ་ནས་མཚན་མར་འཛིན་པ་ཙམ་གྱིས་དོན་དམ་པ་རྟོགས་སོ་སྙམ་པའི་མངོན་པའི་ང་རྒྱལ་གྱི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བར་བསྟན་ཏེ། ཞི་གནས་ཙམ་ཐོབ་ནས་མཚན་མར་འཛིན་པ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱི་སེམས་རྩེ་གཅིག་ཏུ་གྱུར་པ་ཙམ་ཐོབ་པ་ནས་དེ་ཉིད་དོན་དམ་པ་ཡིན་པར་མཚན་མར་འཛིན་པ་སྟེ། དེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་མངོན་པའི་ང་རྒྱལ་གྱི་ཉེས་པ་ཡིན་ནོ། །དེ་ལ་མཚན་མ་མེད་པའི་སྤྱོད་ཡུལ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པའོ། །མཚན་མ་མེད་པའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལ་མཚན་མ་མེད་པའི་སྤྱོད་ཡུལ་ཅན་ཡིན་པ་སྟེ། དེ་ནི་བྱིས་པའི་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་བརྗོད་པའི་ཡུལ་ཡིན་ཏེ་ཞེས་བྱ་བས་ནི་རྣམ་པར་འཇོག་པའི་དབང་གིས་ཇི་ལྟར་བརྗོད་པ་བཞིན་དུ་མངོན་པར་ཞེན་པའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བར་བསྟན་ཏེ། རྣམ་པར་འཇོག་པའི་དབང་གིས་ཞེས་བྱ་བ་ནི་མིང་དང༌། ཚིག་དང༌། ཡི་གེའི་ཚོགས་ཀྱི་སྒོ་ནས་བརྗོད་པ་རྣམ་པར་འཇོག་པ་སྟེ། བརྗོད་པ་ལ་མངོན་པར་ཞེན་པ་དེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་མངོན་པར་ཞེན་པའི་ཉེས་པ་ཡིན་ནོ། །དེ་ལ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བརྗོད་པས་ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །བརྗོད་པའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པའི་སྒོ་ནས་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་དེ་ཞེས་བྱ་བས་ནི་མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས་སྲོག་ལ་སོགས་པ་ཡོད་པར་རྣམ་པར་འཇོག་པ་འདོགས་པའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ། མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས་ཞེས་བྱ་བ་ནི་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་ཐ་སྙད་ལ་བརྟེན་ནས་ཟ་བ་པོ་དང༌། བྱེད་པ་པོར་འཛིན་པའི་སྒོ་ནས་བདག་དང༌། སེམས་ཅན་དང༌།


DTG205_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང༌། གང་ཟག་ལ་སོགས་པ་ཡོད་པར་འདོགས་པ་སྟེ། བདག་ཏུ་འདོགས་པ་དེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་འདོགས་པའི་ཉེས་པ་ཡིན་ནོ། །དེ་ལ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་ནི་བརྗོད་པའི་ཐ་སྙད་ལྟ་ག་ལ་ཡོད་ཀྱི། བརྗོད་པ་ལས་གཞན་པ་མིག་བརྡ་ལ་སོགས་པའི་ཐ་སྙད་གང་དག་ཡིན་པ་དེ་དག་ཀྱང་དེ་ལ་མེད་པའོ། །ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པ་ལ་སོགས་པའི་ཐ་སྙད་ཀྱིས་གདགས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པས་ངས་བཤད་པ། རྟོག་གེ་ནི་རྩོད་པའི་སྤྱོད་ཡུལ་ཏེ་ཞེས་བྱ་བས་ནི་ཕན་ཚུན་མི་མཐུན་པར་འདོགས་པའི་བདག་དང་གཞན་གྱི་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བར་གྱུར་པའི་རྩོད་པའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ། ཕན་ཚུན་མི་མཐུན་པར་འདོགས་པ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་དབང་གིས་གྲུབ་པའི་མཐའ་དང་གཞུང་ལུགས་མི་མཐུན་པར་འདོགས་ཤིང་གཞི་དེས་བདག་གི་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བར་གྱུར་པས་རྩོད་པ་སྟེ། དངོས་པོ་ལ་མངོན་པར་ཞེན་པས་ཕྱོགས་ལ་ཆགས་ཤིང་རྩོད་པར་གྱུར་པ་དེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་རྩོད་པའི་ཉེས་པ་ཡིན་ནོ། །དེ་ལ་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་ནི་མ་རྟོགས་པའམ་ལོག་པར་རྟོགས་པ་མི་མཐུན་པ་ལ་ནི་རྩོད་པ་འབྱུང་བར་འགྱུར་གྱི། འདི་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་ནོ། །རྩོད་པའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་གང་ལ་རྩོད་པ་འབྱུང་བར་འགྱུར་བའི་ཡུལ་དེར་རྟོགས་པ་སྟེ། དེའི་ཡུལ་ཡིན་པའི་ཕྱིར་རོ། །ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བས་ནི་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ལྔ་པ་སྟོན་ཏེ། དེ་ལྟར་རྩོད་པའི་ཉེས་པས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་


DTG205_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པ་ལྔ་སྔར་བསྟན་པ་དེ་དག་རྟོག་གེ་པ་ཉེས་པ་ལྔ་དང་ལྡན་པ་དེ་དག་གིས་ཁོང་དུ་ཆུད་པར་མི་འགྱུར་བའི་དཔེ་མཚན་ཉིད་རྣམ་པ་ལྔ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཆོས་འཕགས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དཔེ་ལྔ་ནི་མོས་པ་རྣམ་པ་ལྔ་པོ་ཡོད་པས་སེལ་བར་མོས་པ་དང༌། འདོད་པ་ལ་མོས་པ་དང༌། རྣམ་པར་རྟོག་པ་ལ་མོས་པ་དང༌། ཐ་སྙད་ལ་མོས་པ་དང༌། བདག་གིར་འཛིན་པ་ལ་མོས་པ་རྣམ་པ་ལྔས་བརྩམས་ནས་རྣམ་པར་གཞག་སྟེ། དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་རྣམ་པ་ལྔས་བསྟན་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་སྐྱེས་བུ་གང་ཟག་ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ལ་སོགས་པས་ནི་ཡོད་པ་སེལ་བའི་མོས་པའི་དཔེ་སྟོན་ཏེ། ཡོད་པ་སེལ་བར་མོས་པ་ཞེས་བྱ་བ་ནི་མཐུ་ཆེན་པོས་མཐུ་ཆུང་ངུ་ཡོད་བཞིན་དུ་ཟིལ་གྱིས་མནན་པར་མོས་པ་སྟེ། དཔེར་ན་ཡུན་རིང་པོ་ནས་ཁ་བ་དང་ཚ་བའི་རོ་ལ་བརྟེན་བརྟེན་པས། སྦྲང་རྩི་ལ་སོགས་པའི་རོ་ཡོད་བཞིན་དུ་མི་རྟོགས་པའི་རོ་ཆེན་པོ་ལ་མོས་པ་ལྟ་བུའོ། །དེ་ལྟར་རོ་ཆེན་པོ་ལ་བརྟེན་བརྟེན་པས་རོ་ཆུང་ངུ་མི་རྟོགས་པ་བཞིན་དུ་རྟོག་གེ་བ་ཀུན་དུ་ཚོལ་བའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་སྦྱར་རོ། །སྦྲང་རྩིའི་རོ་འམ་ཤ་ཀ་རའི་རོ་ཞེས་བྱ་བའི་རོ་ནི་སོ་སོ་རང་རིག་པ་ཡིན་པའི་ཕྱིར་རོ། །བརྟག་པའམ། རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་རྟོག་གེ་དང་རྗེས་སུ་དཔག་པའི་སྟོབས་དང༌། མོས་པའི་སྟོབས་ཀྱིས་ཏེ་གོ་རིམས་བཞིན་ནོ། །ཡུན་རིང་པོ་ནས་འདོད་


DTG205_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་ཆགས་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ལ་མོས་པའི་དཔེ་སྟོན་ཏེ། འདོད་པ་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་འདོད་པའི་ཡོན་ཏན་ལྔ་ལ་མོས་པ་ཉོན་མོངས་པའི་འདོད་པ་དང༌། དངོས་པོའི་འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུང་བ་སྟེ། དེས་ནང་གི་རབ་ཏུ་དབེན་པའི་བདེ་བ་ལ་རྟོག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་མངོན་པའི་ང་རྒྱལ་གྱི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་མཚན་མ་མེད་པའི་སྤྱོད་ཡུལ་ལ་འཇུག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་བདེ་བའོ། །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་དེ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་ནས་ཀུན་དུ་སྨྲ་བ་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་ལ་མོས་པའི་དཔེ་སྟོན་ཏེ། རྣམ་པར་རྟོག་པ་ལ་མོས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་རྣམ་པར་རྟོག་པས་ངག་ཀུན་ནས་བསླང་བའི་བརྗོད་པ་ལ་མངོན་པར་ཞེན་པ་སྟེ། དེས་ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ། རྟོག་གེ་མངོན་པར་ཞེན་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་བརྗོད་དུ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ལ་མཉམ་བར་གཞག་པའོ། །ཡུན་རིང་པོ་ནས་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་བ་དང་རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་ལ་མོས་པའི་དཔེ་སྟོན་ཏེ། ཐ་སྙད་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་མཐོང་བ་ལ་སོགས་པའི་ཐ་སྙད་ལ་མོས་པ་སྟེ། དེས་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་བ་འདོགས་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་


DTG205_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དབྱིངས་སོ། །ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ་ཞེས་བྱ་བ་ལ་སོགས་པས་བདག་གིར་འཛིན་པ་ལ་མོས་པའི་དཔེས་སྟོན་ཏེ། བདག་གིར་འཛིན་པ་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་བདག་གིར་འཛིན་པས་བདག་གི་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བས་རྩོད་པར་འགྱུར་བ་སྟེ། དེས་བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་འཛིན་པ་མེད་པས་རྩོད་པ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་བ་བཞིན་དུ་རྟོག་གེ་པ་རྩོད་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་རྩོད་པ་མེད་པ་ཐམས་ཅད་ཡང་དག་པར་ཆད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་རྩོད་པ་མེད་པ་ཉིད་ཅེས་བྱ་བ་ནི་དེ་ན་བདག་གིར་འཛིན་པ་མེད་པས་རྩོད་པ་མེད་དེ། རྩོད་པའི་གཞི་མེད་པའི་ཕྱིར་རོ། །ཆོས་འཕགས་དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ་ཞེས་བྱ་བས་ནི་དེ་ལྟར་གང་ཟག་ཡོད་པ་སེལ་བར་མོས་པ་དང༌། འདོད་པ་ལ་མོས་པ་དང༌། རྣམ་པར་རྟོག་པ་ལ་མོས་པ་དང༌། ཐ་སྙད་ལ་མོས་པ་དང༌། བདག་གིར་འཛིན་པ་ལ་མོས་པ་དག་གིས་རང་རིག་པའི་རོ་དང༌། ནང་གི་རབ་ཏུ་དབེན་པའི་བདེ་བ་དང༌། ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་དང༌། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་དང༌། བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང༌། རྩོད་པ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་ཀུན་དུ་ཚོལ་བའི་ཉེས་པ་དང༌། མངོན་པའི་ང་རྒྱལ་གྱི་ཉེས་པ་དང༌། འདོགས་པའི་ཉེས་པ་དང༌། རྩོད་པའི་ཉེས་པ་དང་ལྡན་པ་དག་གིས་ཀྱང་དོན་དམ་པ་སོ་སོ་རང་རིག་པ་དང༌། མཚན་མ་མེད་པའི་སྤྱོད་ཡུལ་དང༌། བརྗོད་དུ་མེད་པ་དང༌། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དང༌། རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ལས་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་དཔེས་མཚོན་པའི་དོན་གྱི་མཇུག་བསྡུ་བ་བསྟན་པ་སྟེ།


DTG205_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་དུ་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་བར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་རྟོག་གེ་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དེ་ལ་སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་བཅད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཉིད་དེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་དོན་ལྔ་དང་སྔར་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པ་ལྔ་བསྟན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པར་བསྟན་པར་རིག་པར་བྱའོ། །ལེའུ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གི་ལེའུ་གསུམ་པ་འདི་གསུངས་སོ། །དེ་ལ་ལེའུ་གསུམ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་


DTG205_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་རྣམ་པ་བཞི་སྟེ། དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་དང༌། དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་དང༌། དེ་དག་གི་དཔའི་མཚན་ཉིད་རྣམ་པར་གཞག་པ་དང༌། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའོ། །དེ་ལ་དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ནས་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་འདི་ནི་བདག་གིས་ས་ཕྱོགས་ཞིག་ན་ཞེས་བྱ་བ་ནས་ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་པའི་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་སྐབས་འདིར་དོན་དམ་པ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཕྲ་བ། ཟབ་པ། རྟོགས་པར་དཀའ་བའི་རང་བཞིན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བཀའ་སྩལ་པ་ཉིད་འདིར་མདོར་སྨོས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གིས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་


DTG205_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ལ་གང་གི་སླད་དུ་ཞེས་བྱ་བ་ནི་དོན་དམ་པའི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཕྲ་བ། ཟབ་པ། རྟོགས་པར་དཀའ་བ་ཞེས་བྱ་བ་ནི་གོང་ནས་གོང་དུ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །ངོ་མཚར་ལགས་སོ་ཞེས་བྱ་བ་ནི་རྒྱ་ཆེ་བ་དང༌། ཟབ་པའི་སྒོ་ནས་བསྟོད་པའི་ཚིག་སྟེ། དེ་ནི་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པའི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་དེ་ནི་ངེས་པའི་དོན་དུ་རྣམ་པར་གཞག་པ་སྟེ། སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལ་དང་པོའི་དོན་རྣམ་པར་གཞག་པ་ལ་མངོན་པར་ཞེན་པ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་རྨོངས་པར་གྱུར་པའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་འདི་ན་བདག་གིས་ས་ཕྱོགས་ཤིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་ཏེ། གདགས་པ་ལ་ཤིན་ཏུ་རྨོངས་པ་དང༌། རིགས་པ་ལ་ཤིན་ཏུ་རྨོངས་པས་སོ། །དེ་ལ་གདགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པ་པས་སེམས་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་བྱ་བ་ནས་དོན་དམ་པ་མངོན་སུམ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ནི། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་ནས་ཚུལ་བཞིན་དུ་བཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་ལ་གདགས་པ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ཏེ། དེ་དག་བཅོམ་ལྡན་འདས་ཀྱིས་དྲང་བའི་དོན་གྱི་མདོ་སྡེ་


DTG205_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པ་མཛད་པའི་རྗེས་སུ་འབྲང་པ་ཡིན་པས་ངེས་པའི་དོན་གྱི་མདོ་སྡེ་གདགས་པ་མཛད་པ་ལ་ཤིན་ཏུ་རྨོངས་ཤིང་ང་ལས་ཕྱི་རོལ་དུ་གྱུར་པའི་དོན་དམ་པ་ལ་ཚུལ་བཞིན་དུ་མ་ཡིན་པར་སེམས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང༌། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི་ཞེས་བྱ་བ་དང༌། ཐ་དད་པ་ལགས་སོ་ཞེས་མཆི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུ་བྱེད་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་སྐྱེ་བ་དང༌། གནས་པ་དང༌། འཇིག་པའོ། །དོན་དམ་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་བདག་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་གཉིས་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང༌། ངོ་བོ་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པས་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཡིན་པར་གསུངས་ན། དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ལས་ཁ་ཅིག་ཏུ་འདུ་བྱེད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ལ། དོན་དམ་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་རྣམ་པར་གཞག་པའི་སྒོ་ནས་ཐ་དད་པ་སྐད་ཀྱང་བཀའ་སྩལ། ཁ་ཅིག་ཏུ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་དག་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས་རང་བཞིན་གཅིག་པའི་སྒོ་ནས་ཐ་དད་པ་མ་ཡིན་པ་སྐད་ཀྱང་བཀའ་སྩལ་པའི་མདོ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་སྒྲ་ཇི་བཞིན་དུ་འཛིན་པས་ཁ་ཅིག་ནི་ཐ་དད་པ་མ་ཡིན་ཞེས་ཟེར་ཏེ། དེ་གཉིས་ཀ་ཡང་གདགས་པ་ལ་གཅིག་ཏུ་རྨོངས་པ་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཐེ་ཚོམ་དུ་གྱུར་པའི་བློ་གྲོས་ཅན་ཡིད་གཉིས་སུ་གྱུར་པ་ཞེས་བྱ་བ་དག་ཀྱང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །གང་ནི་མེད་པར་མཆི་བ་ལགས་གང་ནི་ཤོ་བེ་མཆི་བ་ལགས་ཞེས་བྱ་བ་ནི་འདིར་ངེས་པའི་དོན་གྱི་མདོ་སྡེ་བསམ་པའི་སྐབས་སུ་གཉིས་ཀ་ཡང་བརྫུན་པ་ཡིན་པར་བྱའོ། །གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས། གང་ནི་ཚུལ་བཞིན་མ་ལགས་པར་ཞུགས་པ་ལགས་ཞེས་བྱ་བ་ཡང་གཉི་ག་ངེས་པའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་


DTG205_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར་རོ། །བདག་འདི་སྙམ་བགྱིད་དེ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པ་དངོས་སུ་སྟོན་ཏོ། །བྱིས་པ་རྨོངས་པ་མི་གསལ་བ། མི་མཁས་པ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ། །རྟོགས་པ་དང་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ཏེ་དེ་དག་ནི་གདགས་པ་ལས་ཤིན་ཏུ་རྨོངས་པའི་ཚིག་གི་དོན་བཤད་པ་ཡིན་ནོ། །དེ་ལ་རིགས་པ་ལ་ཤིན་ཏུ་རྨོངས་པ་ལ་ཞེས་བྱ་བ་ནི་གཏན་ཚིགས་དང་དཔེའི་ཡན་ལག་མངོན་པར་མི་ཤེས་པའི་ཕྱིར་ཏེ། གཏན་ཚིགས་ཀྱི་ཡན་ལག་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང༌། དཔེའི་ཡན་ལག་ཆོས་མཐུན་པའི་དཔེ་དང༌། ཆོས་མི་མཐུན་པའི་དཔེ་དག་མི་ཤེས་པས་ན་གལ་ཏེ་ཐ་དད་པ་མ་ཡིན་པར་གྱུར་ན་ནི་སྐྱོན་འདིར་འགྱུར་རོ། །གལ་ཏེ་ཐ་དད་པ་ཡིན་པར་གྱུར་ན་ནི་སྐྱོན་འདིར་འགྱུར་རོ་ཞེས་བྱ་བའི་རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་ལ་སོགས་པས་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་གཏན་ཚིགས་སྟོན་ཏེ། བསྒྲིམ་མི་དགོས་པར་ཤེས་པ་དང༌། བསྒྲིམས་ཀྱང་མི་ཤེས་པ་ནི་གཏན་ཚིགས་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སར་ཆུད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་ནི་སྔོན་གོམས་པའི་དབང་གིས་བསྒྲིམ་མི་དགོས་པ་དོན་འདི་ཤེས་པས་དེ་དག་ལ་ཡང་གཏན་ཚིགས་འདི་ཉེས་པར་ཐལ་བར་འགྱུར་པ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ལ། མོས་པས་སྤྱོད་པའི་ས་ལ་གནས་པ་དོན་དམ་པའི་མཚན་ཉིད་ལ་མི་མཁས་པ་རྣམས་ཀྱིས་ནི་སྔོན་མ་གོམས་པའི་ཕྱིར་བསྒྲིམས་ཀྱང་དོན་འདི་མི་ཤེས་ཏེ་མི་ཤེས་པ་ནི་དེ་དག་ཉིད་ཀྱི་ཉེས་པ་ཡིན་གྱི། གཏན་ཚིགས་ཀྱི་ཉེས་པ་མ་ཡིན་པས་དེ་དག་ལ་ཡང༌། ཡང་གཏན་ཚིགས་ཀྱི་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གཏན་ཚིགས་ཡོངས་སུ་དག་པ་འདིས་བརྟགས་ན་ཐ་དད་པ་ཡིན་པར་གྱུར་


DTG205_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་སྐྱོན་དུ་འགྱུར་ལ། ཐ་དད་པ་མ་ཡིན་པར་གྱུར་ན་ཡང་སྐྱོན་དུ་འགྱུར་བར་སྣང་བ་ལགས་ན། མོས་པས་སྤྱོད་པའི་ས་ལ་གནས་པ་དེ་དག་གིས་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པའི་སྐྱོན་མ་རྟོགས་ན་མཐའ་གཉིས་སུ་སོ་སོར་སྨྲ་བ་ནི་རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པའི་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང༌། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་ཞེས་བྱ་བ་ལ་སོགས་པའི་ཚར་གྱིས་ནི་ཐ་དད་པ་མ་ཡིན་པར་གྱུར་ན་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་གྱུར་པ་ལ་སོགས་པ་སྨྲས་པར་ཐལ་བར་འགྱུར་བ་སྟོན་ཏོ། །ད་ནི་ཚིག་གི་དོན་བཤད་པར་བྱ་སྟ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་ཞེས་བྱ་བ་ནི་དེ་དག་གིས་མཚན་མ་དང་བྲལ་བར་རྟོགས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བཞིན་དུ་ཞེས་བྱ་བ་ནི་བདེན་པ་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ་མ་བརྩམས་པ་ཁོ་ནར་རོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ལམ་མ་ཐོབ་པ་ཐོབ་པ་ནི་གྲུབ་པའོ། །ཐོབ་པ་ཆུད་མི་ཟ་བ་ནི་བདེ་བའོ། །འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར་ཞེས་བྱ་བ་ནི་གཞན་མཐོང་བས་གཞན་དང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ་བར་ཡང་འགྱུར་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་གཟུགས་ལ་སོགས་པའི་མཚན་མ་ལས་རྣམ་པར་མི་གྲོལ་བའི་ཕྱིར་རོ། །གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་མ་གྲོལ་བར་འགྱུར་ཞེས་བྱ་བ་ནི་མཚན་མ་མ་སྤངས་པས་དེ་ཡང་མ་སྤངས་པར་རྗེས་སུ་དཔག་པའི་ཕྱིར་ཡིན་གྱི། འདི་ནི་སྤོང་བ་ནི་དེ་ལ་སྤོང་བ་ལ་རག་ལས་པ་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་རིགས་པ་ལ་ཤིན་ཏུ་རྨོངས་པ་སྔ་མ་དག་གོ །འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཕྱིར། ཀུན་ཏུ་རྟོག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །སྤྱིའི་མཚན་ཉིད་དུ་གྱུར་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཐ་དད་པ་ཡིན་ན། དཔེ་གཟུགས་དྲི་ལ་སོགས་པ་གཞན་གྱི་སྤྱིའི་མཚན་ཉིད་ཡིན་པར་གྲགས་པ་མེད་པ་ལྟ་བུར་འགྱུར་བའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་


DTG205_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུ་བྱེད་ཐམས་ཅད་ལ་སྤྱིར་ཁྱབ་པའོ། །གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་རྟོགས་ནས་དེའི་གོང་དུ་དེ་བཞིན་ཉིད་ཡོངས་སུ་ཚོལ་བར་མི་འགྱུར་རོ། །འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང༌། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་དེའི་མཚན་ཉིད་ཐ་དད་པ་བརྒྱུད་ན་ཞེས་བྱ་བར་དགོངས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ་ཞེས་བྱ་བས་ནི་གང་ལ་མཚན་མ་ལས་དེ་བཞིན་ཉིད་ཐ་མི་དད་པ་དེ་ལ་ནི་དུས་གཅིག་ཏུ་འགྲུབ་པར་བརྟག་མི་ནུས་སོ། །ཡང་ན་མཚན་མ་རྣམ་པར་གཞིག་པ་དེ་བཞིན་ཉིད་ཡིན་ན་ཡང་མཚན་མའི་དུས་ན་ནི་དེ་བཞིན་ཉིད་མེད་ལ་དེ་བཞིན་ཉིད་ཀྱི་དུས་ན་ཡང་མཚན་མ་མེད་པ་ཁོ་ན་ཡིན་པས་དུས་གཅིག་ཏུ་འགྲུབ་ཏུ་མི་རུང་བ་དེ་དུས་གཅིག་ཏུ་འགྲུབ་པའི་སྐྱོན་དུ་འགྱུར་རོ། །ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གདགས་པ་ལ་ཤིན་ཏུ་རྨོངས་པ་དང༌། རིགས་པ་ལ་ཤིན་ཏུ་རྨོངས་པས་ངེས་པའི་དོན་ལ་ཚུལ་བཞིན་དུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་གཏན་ཚིགས་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཤིན་ཏུ་རྣམ་པར་དག་པ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི་གདུལ་བའི་བསམ་པ་དང༌། མོས་པ་ཐ་དད་པའི་དབང་དུ་མཛད་ནས་འཇིག་རྟེན་ལ་གྲགས་པའི་གཟུགས་དང་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ཀྱི་མཚན་གཞི་དང་མཚན་ཉིད་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་རྣམས་རྨོངས་སོ། །དེ་ལ་དུང་དང་གསེར་ནི་གཟུགས་སོ། །པི་ཝང་གི་སྒྲ་ནི་སྒྲའོ། །ཨ་ཀ་རུ་ནག་པོའི་དྲི་ནི་དྲིའོ། །


DTG205_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེ་ཤམ་གྱི་ཚ་བ་དང་ཨརྡུརའི་མངར་བ་ནི་རོའོ། །ཤིང་བལ་གྱི་འདབ་མའི་འཇམ་པ་ནི་རེག་བྱའོ། །མར་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་ཏེ། ཆོས་དེ་དག་ཀྱང༌། གཟུགས་དང༌། སེམས་དང་སེམས་ལས་བྱུང་བ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་དང་ཅི་རིགས་པར་སྦྱར་རོ། །དེ་དག་གི་ཚིག་གི་དོན་ནི་དུང་གི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་མཚན་ཉིད་ཡིན་པའི་ཕྱིར་དཀར་པོ་ཉིད་དང་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དུང་གི་རྫས་ནི་འབྱུང་བ་ལས་གྱུར་པ་ཁ་དོག་ཙམ་དུ་ཟད་པ་ཡང་མ་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་དཔེས་མཚོན་པའི་དོན་ནི་གཏན་ཚིགས་སྔར་བསྟན་པ་བཞིན་དུ་སྦྱར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པས་ནི་ངོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་སྔར་བསྟན་པ་དེ་ཉིད་ཀྱི་མཇུག་བསྡུ་བ་བསྟན་ཏོ། །ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བ་ལ། ཕྲ་བ་དང༌། ཟབ་པ་དང༌། རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་ནི་ཕྲ་བ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་ཟབ་པ་ཞེས་བྱ་བ་གསུངས་ལ། ཟབ་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་རྟོགས་པར་དཀའ་བ་ཞེས་གསུངས་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་པར་ཤེས་པར་བྱའོ། །མཆོག་ཏུ་ཕྲ་བ་དང༌། མཆོག་ཏུ་ཟབ་པ་དང༌། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་ཡང་སྔ་མ་བཞིན་དུ་གཅིག་ལས་གཅིག་ཏུ་བྱེ་བྲག་ཏུ་བྱ་བ་ཡིན་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པར་ཤེས་པར་བྱའོ། །བསྙད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་དག་ནི་དཔེས་མཚོན་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་ཞར་ལ་བཟླས་པ་ཙམ་དུ་ཟད་ཀྱི། གཙོ་ཆེར་དཔེར་བསྟན་པའི་གནས་སྐབས་ཡིན་པས་ན་དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་ད་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་


DTG205_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པ་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུས་པའི་མཚན་ཉིད་རྣམ་བར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ལ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ཀྱིས་ནི་དོན་དམ་པའི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་མཚན་ཉིད་རྣམ་པར་གཞག་པ་སྔར་བསྟན་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པའི་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །སྐྱེ་བོའི་ས་ལ་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་པས་ནི། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པའི་རྩ་བ་གོང་མ་འདི་གཉིས་ཀྱིས་ནི་དེ་ལྟར་བསྡུ། ཉོན་མོངས་པའི་ཕྱོགས་ལ་གནས་པ་དེ་དག་གི་གཉེན་པོ་བསྒོམ་པའི་དངོས་པོ་བསྡུ་བ་བསྟན་པའོ། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བའི་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་དེ་ལྟར་གཉེན་པོ་བསྒོམ་པ་དེའི་ཕན་ཡོན་གྱི་དངོས་པོ་བསྡུ་བ་བསྟན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །ལེའུ་གསུམ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་


DTG205_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། ད་ནི་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་རབ་འབྱོར་གྱི་ལེའུ་བཞི་པ་འདི་གསུངས་སོ། །དེ་ལ་ལེའུ་བཞི་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་སྟེ། མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་དང༌། མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་དང༌། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་དང༌། དེ་དགག་དངོས་པོ་བསྡུས་པའི་མཚན་ཉིད་རྣམ་པར་གཞག་པའོ། །དེ་ལ་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ནི། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས། འདི་ནས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་སྨོས་ཀྱང་ཅི་འཚལ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐར་མའི་བར་གྱིས་བསྟན་ཏོ། །དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ནས་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་དོན་དམ་པ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་མངོན་པའི་ང་རྒྱལ་གྱི་


DTG205_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་རྣམ་པར་གཞག་པ་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་གང་ཟག་ཁ་ཅིག་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཁོང་དུ་མ་ཆུད་པར་ཕུང་པོ་ལ་སོགས་པ་དངོས་པོ་རེ་རེའི་མཚན་ཉིད་ཐ་དད་པ་རྟོགས་པ་ཙམ་གྱི་སྒོ་ནས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདིར་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ནི་རྣམ་པ་གསུམ་སྟེ་གཟུང་བའི་མངོན་པའི་ང་རྒྱལ་དང། འཛིན་པའི་མངོན་པའི་ང་རྒྱལ་དང༌། མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་རྣམས་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པའོ། །འཛིན་པའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཆོས་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པའོ། །མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་སྟེ། དེ་དག་གི་འོག་ནས་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་དེ་ཞེས་འབྱུང་བ་ལ་སོགས་པའི་སྐབས་དང་ཅི་རིགས་པར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་ཚིག་གི་དོན་བཤད་པར་བྱ་བ་སྟེ། དེ་ལ་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྟེ། དེ་ཡང་


DTG205_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་པོ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་དང༌། དུད་འགྲོ་རྣམས་དང༌། ཡི་དྭགས་རྣམས་དང༌། ལྷ་རྣམས་དང༌། མི་རྣམས་དང༌། རྒྱལ་རིགས་རྣམས་དང༌། བྲམ་ཟེ་རྣམས་དང༌། རྗེའུ་རིགས་རྣམས་དང༌། དམངས་རིགས་རྣམས་དང༌། སྐྱེས་པ་རྣམས་དང༌། བུད་མེད་རྣམས་དང༌། མ་ནིང་རྣམས་དང༌། ངན་པ་རྣམས་དང༌། འབྲིང་རྣམས་དང༌། བཟང་པོ་རྣམས་དང༌། ཁྱིམ་པ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་དང༌། དཀའ་ཐུབ་དྲག་པོ་ཅན་རྣམས་དང༌། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང༌། སྔོམ་པ་ཅན་རྣམས་དང༌། སྡོམ་པ་ཅན་མ་ཡིན་པ་རྣམས་དང༌། སྡོམ་པ་ཅན་ཡང་མ་ཡིན་སྡོམ་པ་ཅན་མ་ཡིན་པ་ཡང་མ་ཡིན་པ་རྣམས་དང༌། འདོད་ཆགས་དང་བྲལ་བ་རྣམས་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་དང༌། ལོག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང༌། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང༌། མ་ངེས་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང༌། དགེ་སློང་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་ཚུལ་རྣམས་དང༌། དགེ་ཚུལ་མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་དང༌། སྤངས་པ་རྣམས་དང༌། ཁ་ཐོན་པ་རྣམས་དང༌། ཞལ་ཏ་བྱེད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་དང༌། སློབ་དཔོན་རྣམས་དང༌། མཁན་པོ་རྣམས་དང༌། ལྷན་ཅིག་གནས་པ་རྣམས་དང༌། ཉེ་གནས་རྣམས་དང༌། གློ་བུར་དུ་ལྷགས་པ་རྣམས་དང༌། དགེ་འདུན་གྱི་ལས་བྱེད་པ་རྣམས་དང༌། རྙེད་པ་འདོད་པ་རྣམས་དང༌། བཀུར་སྟི་འདོད་པ་རྣམས་དང༌། ཡོ་བྱད་བསྙུངས་པ་རྣམས་དང༌། མང་དུ་ཐོས་པ་རྣམས་དང༌། མཁས་ཤིང་བསོང་ནམས་དང་ལྡན་པ་རྣམས་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་རྣམས་དང༌། མདོ་སྡེ་འཛིན་པ་རྣམས་དང༌། འདུལ་བ་འཛིན་པ་རྣམས་དང༌། མ་མོ་འཛིན་པ་རྣམས་དང། སོ་སོའི་སྐྱེ་བོ་རྣམས་དང༌། བདེན་པ་མཐོང་བ་རྣམས་དང༌། སློབ་པ་རྣམས་དང༌། མི་སློབ་བ་རྣམས་དང༌། ཉན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་དང༌། འཁོར་ལོས་སྒྱུར་བ་རྣམས་སོ། །སེམས་ཅན་


DTG205_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིགས་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་སེམས་ཅན་གྱི་རིགས་བྱེ་བྲག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དག་ཏུ་རུང་བ་རྣམས་དང༌། དེ་དག་ཉིད་ལ་འཇུག་པ་རྣམས་དང༌། རྣམ་པར་བྱང་བ་ཁོ་ན་ལ་འཇུག་པའི་བྱེ་བྲག་རྣམ་པ་གསུམ་ལས་བརྩམས་ཏེ་གཞག་པར་བྱའོ། །དེ་ལ་དང་པོའི་འགྲོ་བ་དང། རིགས་རྣམ་པར་གཞག་པ་དང༌། སེམས་ཅན་དུ་རྣམ་པར་བརྟགས་པ་དང༌། ལས་ཀྱི་བྱེ་བྲག་ལས་རྣམ་པར་གཞག་བ་སྟེ། ཚིག་ལྔ་དང༌། བཞི་དང༌། གསུམ་དང༌། གསུམ་སྟེ་བཅོ་ལྔས་བསྟན་ཏོ། །གཉིས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ཉིད་ཀྱི་གཞི་དང༌། བྱ་བ་ཡང་དག་པར་བླངས་པ། འབྲས་བུ་དང༌། བསྡུ་བ་བསྟན་པའི་བྱེ་བྲག་ལས་རྣམ་པར་གཞག་པ་སྟེ། ཚིག་གཉིས་དང༌། གཉིས་དང༌། གསུམ་དང༌། གཉིས་དང༌། གསུམ་དང༌། བཅུ་གཉིས་ཀྱིས་བསྟན་ཏོ། །གསུམ་བ་ནི་སྡོམ་པའི་བྱེ་བྲག་ལས་རྣམ་པར་གཞག་སྟེ། སྡོམ་པ་རྣམ་པ་བརྒྱད་ཀྱི་ཕྱིར་ནི་ཚིག་བདུན་གྱིས་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་སྡོམ་པ་ཅན་མཆོག་གི་རབ་ཏུ་དབྱེ་བ་སྟོན་ཏོ། །དེ་ཡང་བྱེ་བྲག་རྣམ་པ་ལྔའི་ཕྱིར་ཏེ། དགེ་བའི་ཕྱོགས་ཀྱི་བྱེ་བྲག་དང༌། འདུག་པར་བྱ་བའི་ཡུལ་གྱི་བྱེ་བྲག་དང༌། བསྟན་པ་ལ་གནོད་པ་དང༌། ཕན་པའི་བྱེ་བྲག་དང༌། ལུང་དང་རྟོགས་པའི་བྱེ་བྲག་དང༌། མིའི་ལུས་ཐོབ་ནས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མཆོག་བརྙེས་པའི་བྱེ་བྲག་ལས་རྣམ་པར་གཞག་སྟེ། ཚིག་གསུམ་དང༌། དགུ་དང༌། དྲུག་དང༌། བཅུ་དང༌། གཉིས་ཏེ་སུམ་ཅུས་བསྟན་ཏོ། །མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་སྔར་བསྟན་པའི་མངོན་པའི་ང་རྒྱལ་ཅན་རྣམ་པ་གསུམ་དང་ལྡན་པ་སྟེ། སྤྱིར་ན་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་ཁས་འཆེ་བའོ། །མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཞེས་བྱ་བ་ནི་གཅིག་ཏུ་དེའི་དབང་དུ་སོང་བའོ། །ཤེས་པ་བརྡ་སྤྲོད་པར་ཞེས་བྱ་བ་ནི་རང་གིས་རྟོགས་པའི་ཤེས་པ་གཞན་ལ་གོ་བར་བྱེད་པའོ། །མངོན་པའི་ང་རྒྱལ་མེད་པ་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པའོ། །ཉུང་ཤས་ཤིག་ཤེས་པར་འཚལ་ལགས་ཀྱི་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་ལས་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ལ་


DTG205_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཉི་ཚེར་ཟད་དོ་ཞེས་བྱ་བར་བསམས་པའོ། །ཚད་མ་མཆིས་གྲངས་མ་མཆིས་བརྗོད་དུ་མ་མཆིས་པ་ཇི་སྙེད་ཅིག་མཆིས་པར་འཚལ་ལགས་ཏེ་ཞེས་བྱ་བར་ནི་སེམས་ཅན་གྱི་རིགས་དེ་དག་ལས་གཞན་ཐམས་ཅད་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་བསམས་པ་སྟེ། དེ་ནི་རེ་ཞིག་དེ་དག་མང་བ་སྤྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་དུས་གཅིག་ཅིག་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མང་བ་དེ་ཡང་ཁ་ཅིག་རང་གི་མངོན་སུམ་དུ་གྱུར་པའི་སྒོ་ནས་གཞན་ལ་ཡང་རྗེས་སུ་དཔག་པ་སྟོན་ཏོ། །ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པའི་སྟོན་པས་ཞེས་བྱ་བ་ནི་ཆོས་མཚན་མ་ཐ་དད་པ་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཞེས་བྱ་བའི་ཆོས་མཚན་མ་ཐ་དད་པ་དམིགས་པས་མངོན་པར་རྟོགས་པ་སྟོན་པར་བྱེད་པའམ། ཡང་ན་དམིགས་པ་དེ་ཉིད་མངོན་པར་རྟོགས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཕུང་པོ་དམིགས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །དེ་དག་ཇི་ལྟར་དམིགས་པར་བྱེད་པ་དེ་ནི་ཚིག་འོག་མ་རྣམས་ཀྱིས་སྟོན་པས། འོག་མ་རྣམས་ནི་བཤད་པའི་ཐ་ཚིག་གོ །ཕུང་པོའི་མཚན་མ་དམིགས་པ་ཞེས་བྱ་བ་ནི་རང་གི་མཚན་མ་ཡོངས་སུ་བརྟགས་པའི་སྒོ་ནས་སོ། །ཕུང་པོའི་སྐྱེ་བ་དམིགས་པ་དང༌། ཕུང་པོའི་འཇིག་པ་དམིགས་པ་ཞེས་བྱ་བ་གཉིས་ནི་སྤྱིའི་མཚན་ཉིད་དང་ཡོངས་སུ་བརྟགས་པའི་སྒོ་ནས་ཏེ། དེ་གཉིས་ནི་ཕུང་པོ་རྣམས་ཀྱི་ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་དམིགས་པ་ཞེས་བྱ་བ་ནི་འགོག་པའི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་མངོན་དུ་བགྱི་བ་དམིགས་པ་ཞེས་བྱ་བས་ནི་ལམ་གྱི་བདེན་པའི་རྣམ་པ་སྟོན་ཏོ། །དེ་ལྟར་ཕུང་པོའི་རང་དང་སྤྱིའི་མཚན་ཉིད་དང༌། ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་གཟུང་པའི་ཆོས་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པས་གཞན་ལ་བརྡ་སྤྲོད་པར་བྱེད་པ་ནི་གཟུང་བའི་མངོན་པའི་ང་རྒྱལ་ཡིན་ནོ། །ཕུང་པོ་རྣམས་ལས་ཕུང་པོ་གཅིག་གི་དོན་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཕུང་པོ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པ་ནི་འཛིན་པའི་མངོན་


DTG205_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་གྱི་ཡིན་ནོ། །ཕུང་པོ་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་ནི་མཚན་ཉིད་དབྱེ་བའི་མངོན་པའི་ང་རྒྱལ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །བདེན་པ་ཡོངས་སུ་ཤེས་པ་དང༌། སྤང་པ་དང༌། མངོན་དུ་བགྱི་བ་དང༌། སྒོམ་པ་དམིགས་པ་ཞེས་བྱ་བ་བཞིས་ནི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་དང༌། བསྒོམ་པའི་རྣམ་པ་བསྟན་ཏོ། །ཁམས་སྣ་ཚོགས་པ་ཉིད་དམིགས་པ་ཞེས་བྱ་བ་ནི་རིགས་ལ་གནས་པ་སྣ་ཚོགས་ལ་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་རྣམས་དང༌། འདོད་ཆགས་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་བར་རྣམས་ཀྱི་ཁམས་སྣ་ཚོགས་ཞེས་བྱ་སྟེ། དེ་དག་ལ་སྔ་མ་བཞིན་དུ་དམིགས་པའོ། །ཁམས་དུ་མ་དམིགས་ཞེས་བྱ་བ་ནི་ཁམས་སྣ་ཚོགས་དེ་དག་ལ་ཡང་ཁམས་རབ་ཏུ་དབྱེ་བར་མདོར་བསྡུ་ན་རྣམ་པ་བཞི་སྟེ། རང་བཞིན་དུ་གནས་པའི་ཁམས་དང༌། སྔོན་གོམས་པ་ལས་བྱུང་བའི་ཁམས་དང༌། རྣམ་པར་དག་པར་བྱར་རུང་བའི་ཁམས་དང༌། རྣམ་པར་དག་པ་བྱར་མི་རུང་བའི་ཁམས་ཡོད་པ་ལྟ་བུ་དང༌། གཞན་ཡང་ཁམས་དེ་དག་རེ་རེ་ལ་ཡང་རབ་ཏུ་དབྱེ་བ་མཐའ་ཡས་པ་ནི་ཁམས་གསུམ་པ་དུ་མ་ཞེས་བྱ་སྟེ། དེ་ལ་དམིགས་པ་ཡང་སྔ་མ་བཞིན་དུ་སྦྱར་རོ། །དྲན་པ་ཉེ་བར་གཞག་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དམིགས་པ་ཞེས་བྱ་བ་ནི་ལུས་ལ་གཙང་བ་དང་དངོས་པོར་ལྟ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་དག་གི་གཉེན་པོར་ལུས་ལ་མི་གཙང་བ་དང༌། རང་བཞིན་མེད་པར་ལྟ་བ་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་དག་བསྟན་པ་ལ་དམིགས་པའོ། །དྲན་པ་ཉེ་བར་གཞག་པ་མཐོང་བ་ཞེས་བྱ་བ་ལ་བསྒོམ་པ་ནི་རྣམ་པ་གཉིས་ཏེ། འཐོབ་པ་བསྒོམ་པ་དང༌། བརྟེན་པ་བསྒོམ་པའོ། །དེ་ལ་འཐོབ་པ་བསྒོམ་པ་ནི་མ་སྐྱེས་པ་སྐྱེ་བའོ། །བརྟེན་པ་བསྒོམ་པ་ནི་སྐྱེས་པ་གནས་པ་ལ་སོགས་པའོ། །ཡང་དག་པའི་སྤོང་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །མཐོང་ནས་ཀྱང་བདག་འདི་སྙམ་བགྱི་དེ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་


DTG205_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་དང་ལྡན་པ་ཤ་སྟག་ཡིན་ནོ་ཞེས་བྱ་བར་དམིགས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དམིགས་ཀྱིས་སྟོན་ལ་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཀྱང༌། ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ཁ་ཅིག་རང་གི་མངོན་སུམ་དུ་གྱུར་པའི་སྒོ་ནས་གཞན་ཡང་མང་བར་རྗེས་སུ་དཔག་པའི་མཇུག་བསྡུ་བ་ཡང་སྟོན་ཏེ། དེ་ནི་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ནི་གཟུང་བའི་དངོས་པོ་དང༌། འཛིན་པའི་དངོས་པོ་དང༌། མཚན་ཉིད་རབ་ཏུ་དབྱེ་བའི་དངོས་པོ་ཐམས་ཅད་ལ་བྱེ་བྲག་མེད་པར་ཐམས་ཅད་དུ་རོ་གཅིག་པར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་ཉིད་དམིགས་ཀྱིས་བསྟན་པའི་དབང་དུ་མཛད་ནས། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ། མཆོག་ཏུ་ཕྲག་ཟབ་པ། མཆོག་ཏུ་ཟབ་པ། རྟོགས་བར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐབས་དེ་དག་གི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་ལྟར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་འདི་ཡང་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་


DTG205_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྟན་པ་ཡིན་ཏེ། མངོན་པའི་ང་རྒྱལ་རྣམ་པ་གསུམ་ནི་གཟུང་བའི་མངོན་པའི་ང་རྒྱལ་དང༌། འཛིན་པའི་མངོན་པའི་ང་རྒྱལ་དང༌། མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ད་ནི་དེ་དག་གིས་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་སྟེ། དེའི་གཉེན་པོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དག་པའི་ཤེས་པས་མཐོང་བ་སྟེ། དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མེད་པར་ཡོངས་སུ་བསྟན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕུང་པོ་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་ཡིན་ཏེ། དེ་ཡང་རྣམ་པར་རིག་པའི་མཚན་ཉིད་ལས་ལོགས་ཤིག་ན་ཕྱི་རོལ་གྱི་དངོས་པོར་གྲུབ་པ་མ་ཡིན་མོད་ཀྱི། རྣམ་པར་རིག་པའི་ངོ་བོ་ཉིད་ཡུལ་གྱི་དངོས་པོ་ལྟ་བུར་སྣང་པའི་སྒོ་ནས་གཟུང་བའི་ཆོས་ཞེས་བྱ་བར་ཐ་སྙད་དུ་བརྗོད་དེ། གཞན་གྱི་དབང་གི་ངོ་བོ་ཉིད་འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མཐོང་བར་རྫོགས་པར་སངས་རྒྱས་པ་ཉིད་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་


DTG205_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་པས། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཕུང་པོ་རྣམས་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་མཐོང་བ་དེ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་པར་ཅི་མངོན་སྙམ་པ་ལ་དེའི་ཕྱིར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་བཤད་པ་ཡིན་ནོ། །དེ་ལ་འཛིན་པའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པ་སྟེ། དེའི་གཉེན་པོར་རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལ། རྣལ་འབྱོར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལས་དང་པོ་པ་དང༌། ཡོངས་སུ་སྦྱང་བ་བྱས་པ་དང༌། ཡིད་ལ་བྱེད་པ་ལས་འདས་པའོ། །དེ་ལ་ལས་དང་པོ་པ་ནི་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་ལས་དང་པོ་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པའོ། །དེ་ལ་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི། རྣལ་འབྱོར་པའི་ཡིད་ལ་བྱེད་པའི་དངོས་པོ་གཞི་བདུན་པོ་མཚན་ཉིད་སོ་སོར་རིག་པ་དང༌། མོས་པ་ལས་བྱུང་པའི་རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པ་དང༌། སྤྱོད་པའི་ཡིད་ལ་བྱེད་པ་དང༌། སྦྱོར་བའི་མཐར་ཐུག་པ་དང༌། སྦྱོར་བའི་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་དག་ལས། ད་དུང་མཚན་ཉིད་སོ་སོ་རིག་པའི་ཡིད་ལ་བྱེད་པ་ཡང་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་པ་གང་ཡིན་


DTG205_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཐོབ་ཅིང་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་སྦྱོང་བར་འདོད་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་མངོན་དུ་མ་གྱུར་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་སྦྱོང་བ་བྱས་པ་ནི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས་པ། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡན་ཆད་ནས་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་གང་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་འདས་པ་ནི་སྦྱོར་པ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་པ་དང༌། བསྒོམས་པའི་འབྲས་བུ་ལ་གནས་པ་ཡིན་པས་ན་དེའི་ཕྱིར་ཡིད་ལ་བྱེད་བ་ལས་འདས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ལ་འདུན་པ་ནས་གཟུང་སྟེ། རབ་ཏུ་བརྩོན་པར་བྱེད་པ་ན། ཇི་སྲིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་ནི་ལས་དང་པོ་པ་ཡིན་ནོ། །གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་དེ་དག་སྐྱེད་པར་བྱེད་དེ། །དེའི་ཚེ་ན་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །གང་གི་ཚེ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་ཅིང་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་ལ་སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དེའི་ཚེ་ན་ཡིད་ལ་བྱེད་པ་ལས་འདས་པ་ཡིན་ཏེ། གཞན་གྱི་དྲིང་འཇོག་ཅིང་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་ཤིང༌། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པ་ཡིན་པས་ན་དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱ་སྟེ། སྐབས་འདིར་ནི་ཡིད་ལ་བྱེད་པ་ལས་འདས་པའི་རྣལ་འབྱོར་པ་ཉིད་གཟུང་བར་བྱའོ། །ཕུང་པོ་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ལས་ཕུང་པོ་གཅིག་གི་དེ་བཞིན་ཉིད་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ལས་ཐ་མི་དད་པ་དེ་ཉིད་ཡང་དག་པའི་ཤེས་པས་སོ་སོར་རིག་པའི་ཚུལ་དུ་རྟོགས་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་ཐ་ཚིག་གོ །ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་ལ་སོགས་པ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་པར་བྱེད་ཀྱི་ཞེས་


DTG205_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གལ་ཏེ་ཆོས་སྣ་ཚོགས་པའི་ཕྱིར་ཆོས་ཉིད་ཀྱང་སོ་སོའི་གཞི་ལ་མཚན་ཉིད་ཐ་དད་པར་གྱུར་ན་ནི་རྣལ་འབྱོར་པས་ཆོས་གཅིག་གི་དེ་བཞིན་ཉིད་རྟོགས་ནས་གཞི་གཞན་རྟོགས་པར་བྱ་བའི་ཕྱིར་རྩོམ་པར་བྱེད་པའི་རིགས་ན་རྩོམ་པར་ཡང་མི་བྱེད་དེ། ཆོས་གཅིག་གི་དེ་བཞིན་ཉིད་རྟོགས་པའི་དུས་ཉིད་ན་ཆོས་གཞན་གྱི་དེ་བཞིན་ཉིད་ཀྱང་རྟོགས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་མེད་པའི་ཤེས་པ་ལ་བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་རྟོགས་པའི་རྣམ་པ་དེ་ཉིད་དུ་ཕྱི་མར་གོམས་པར་བྱེད་པར་ཟད་ཀྱི་སྔོན་མ་བྱུང་བ་གཟོད་རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དེ་ཉིད་དེ་བཞིན་ཉིད་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་མེད་པའི་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཡང་དག་པའི་ཤེས་པ་དེ་ཉིད་ལ་གཟུང་བ་དང་འཛིན་པའི་དངོས་པོ་གཉིས་མེད་པ་ཞེས་བྱ་བའི་དོན་ཏོ། །བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་མེད་པའི་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཅེས་བྱ་བའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ཏེ། དེ་ཡང་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་ཕར་ཡོངས་སུ་གྲུབ་བ་ཞེས་བྱ་བའི་ཐ་སྙད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་ཡང་དག་པའི་ཤེས་པ་དང༌། དེ་བཞིན་ཉིད་ཅེས་བརྗོད་པར་ཟད་ཀྱི། དངོས་སུ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ལྟར་གཉིས་སུ་གནས་པ་མ་ཡིན་ཏེ། དེ་བཞིན་ཉིད་སོ་སོར་རང་རིག་པའི་རྣམ་པ་མངོན་པར་རྟོགས་པ་དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །ངེས་པར་འཛིན་པ་དང་མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། དེ་ཡང་དངོས་པོ་གཅིག་གི་དེ་བཞིན་ཉིད་ཡང་དག་པའི་ཤེས་པས་མངོན་པར་རྟོགས་པའི་དུས་ན་དངོས་པོ་གཞན་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་མངོན་པར་རྟོགས་པ་ཁོ་ན་ཡིན་པས། དངོས་པོ་རེ་རེ་ལ་མངོན་པར་རྟོགས་པ་རེ་རེ་ཡོངས་སུ་མ་ཚོལ་བའི་དོན་ཏེ། དེ་ནི་འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་བཤད་པ་ཡིན་


DTG205_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལ་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ། དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་སྟེ། དེའི་གཉེན་པོར་རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་འདི་དག་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་གནས་སྐབས་ནས་རང་གི་མཚན་ཉིད་ཐ་དད་པ་ཡིན་པ་ལྟར་དེ་དག་གི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ནི་དོན་དམ་པའི་བདེན་པ་རྣམ་པར་མ་བཞག་པའི་གནས་སྐབས་ནི་སྤྱིའི་མཚན་ཉིད་ཐ་མི་དད་པར་སྟོན་ཏོ། །དེ་ཡང་གལ་ཏེ་ཐ་དད་པའི་སྐྱོན་དུ་འགྱུར་བའི་ཚར་གཅིག་དང་སྐྱོན་ལས་བཟློག་པ་ཚར་གཅིག་གིས་ཐ་མི་དང་པར་སྟོན་ཏེ་དོན་དེ་ཉིད་ལ་འབྱུང་བ་བཞིན་དུ་སྦྱར་རོ། །དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའི་དངོས་པོ་རྣམས་ནི་རྒྱུ་ལས་རྐྱེན་གྱི་རྗེས་སུ་བསྒྲུབས་པ་ཡིན་པའི་ཕྱིར་མཚན་ཉིད་མི་འདྲ་བར་སྣང་བས་ན་འདི་ཡང་གལ་ཏེ་མཚན་ཉིད་ཐ་དད་པ་ཡིན་ན་གདོན་མི་ཟ་བར་རྒྱུ་དང་བཅས་པ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་ལས་བྱུང་བ་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་འདུས་བྱས་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་དུ་གནས་པ་ཡིན་པའི་ཕྱིར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཇི་ཙམ་དུ་བརྫུན་པ་ཡིན་ལ། ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་བརྫུན་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པ་མ་ཡིན་ན་ནི་དོན་དམ་པ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཞེས་བྱ་བ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རབ་འབྱོར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྐྱོན་ལས་བཟློག་པའི་ཚིག་གི་དོན་རྣམས་ནི་སྔ་མ་ལས་བཟློག་པ་ལས་རིག་པར་བྱའོ། །ཆོས་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཆོས་ཉིད་དབྱིངས་ནི་འཛིན་པའི་དོན་ཡིན་པས་ཆོས་རྣམས་


DTG205_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱིས་འཛིན་པའི་ཕྱིར་ཆོས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་ཀྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་སྟེ། ཆོས་ཅན་རྣམས་ཀྱིའོ། །ཆོས་ཉིད་དབྱིངས་དེ་ནི་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཏེ་ཆོས་ཉིད་དོ། །རྣམ་པར་གནས་པ་ཁོ་ན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྔར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྟག་པ་རྟག་པའི་དུས་ན་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཞེས་སྨོས་པ་དང་སྦྱར་ཏེ། འདུས་བྱས་ཀྱི་དངོས་པོ་ལས་ཁྱད་པར་དུ་འཕགས་པ་དེའི་ཕྱིར་དོན་དམ་པ་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་འདི་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་བཤད་པའི་མཇུག་བསྡུ་བ་ཡིན་ཏེ། དེ་ནི་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ནམ་མཁའི་དཔེས་ནི་ཅི་སྟོན་ཞེ་ན། འདི་ལྟར་ནམ་མཁའ་ནི། གཟུགས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པས་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ནི། དེ་དག་ཐ་དད་པས་ཐ་དད་དུ་དབྱེར་མེད་དོ། །དོན་དམ་པ་ཡང་དེ་དང་འདྲའོ་ཞེས་སྟོན་ཏོ། །མཚན་མ་མེད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་མས་དབེན་པའི་ཕྱིར་རོ། །རྣམ་བར་རྟོག་པ་མེད་པ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ནི་ཐ་དད་པ་སྟེ། དེ་མེད་པས་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །འགྱུར་བ་མེད་པ་སྟེ་ཞེས་བྱ་བ་ནི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ནི་


DTG205_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ཚིག་གི་དོན་སྔར་བཤད་པ་བཞིན་ཏེ། དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དངོས་པོའི་ཚིགས་སུ་བཅད་པས་མདོར་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དེ་ལ། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་དུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །ཞེས་བྱ་བ་རྩ་བ་གོང་མ་གཉིས་ཀྱིས་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེ་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་མཚན་ཉིད་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །ལེའུ་བཞི་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་དོན་དམ་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་ནས་ད་ནི་ཀུན་རྫོབ་ཀྱི་བདེན་པའི་


DTG205_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་མཚན་ཉིད་དྲུག་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་མཚན་ཉིད་དང༌། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང༌། ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་དང༌། ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས། ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་དག་གོ་རིམས་རྣམ་པར་གཞག་པ་ནི་དེ་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་དང་ལྡན་པའི་མདོ་བརྗོད་པར་བྱ་བའི་དོན་དང༌། དགོས་པའི་འབྲས་བུ་དང༌། ཐོབ་པར་བྱ་བའི་ཐབས་དང་ལྡན་པ་འདི་རྣལ་འབྱོར་དམ་པ། བདག་ལ་ཕན་པར་འདོད་པ་དང༌། འགྲོ་བ་མཐའ་དག་གི་གཙོ་བོར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་འདོད་པ་རྣམས་ཀྱི་དད་པ་མཆོག་གི་གནས་ཡིན་པར་མོས་པ་བསྐྱེད་ཅིང་མི་གཡེལ་བར་ནན་ཏན་སྙིང་པོ་བསྒྲུབ་པར་བྱ་བ་ན། དང་པོ་ཁོ་ནར་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་ལ་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་བྱ་དགོས་པས་འདིར་དང་པོར་སེམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་དང༌། སྐྱེ་བ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ངོ་བོ་ཉིད་མེད་པའི་དོན་དེ་ལ་རྣལ་འབྱོར་དུ་བྱ་བའི་ཐབས་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དང་པོ་སེམས་བསྐྱེད་པ་དང༌། ཆོས་གདགས་པ་རྣམ་པར་གཞག་པའི་གནས་དང༌།


DTG205_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་རྒྱུ་ལ་བརྟེན་ཏེ་ཞི་གནས་དང༌། ལྷག་མཐོང་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་ཞི་གནས་དང་ལྷག་མཐོང་གི་ཐེག་པ་དེ་ཉིད་ཀྱི་སྤྱོད་པ་དང༌། རྟོག་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ས་དང་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་འབྲས་བུ་ལ་ཤིན་ཏུ་ཉོན་མོངས་པའི་གཉེན་པོར་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བསྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏེ། བདེ་བར་གཤེགས་པའི་བསྟན་པ་བདེ་པར་བགྲོད་པར་བྱ་བའི་ཆོས་འདི་ལ་ཡོངས་སུ་ཤེས་པར་བྱ་བ་ནི་དེ་ཙམ་དུ་ཟད་དེ། དེས་ཐེག་པ་ཆེན་པོ་མཐའ་དག་བསྡུས་པར་རིག་པར་བྱའོ། །དེ་ལ་དང་པོར་སེམས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་ཤེས་པར་བྱ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་བློ་གྲོས་ཡངས་པའི་ལེ་འུ་ལྔ་བ་འདི་གསུངས་སོ། །དེ་ལ་ལེའུ་ལྔ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་སེམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་དབྱེ་ན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་པ་དང༌། རྒྱ་ཆེ་བར་བསྟན་ཏོ། །དེ་ལ་ཡོངས་སུ་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ནས། ཇི་ཙམ་གྱིས་འདོགས་ལགས་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། རྒྱ་ཆེར་བསྟན་པ་ནི་དེ་སྐད་ཅས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ལེའུ་


DTG205_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བ་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་གླེང་བསླང་བའི་ཕྱིར་དང་པོར་བཅོམ་ལྡན་འདས་ལ་འཕགས་པ་བློ་གྲོས་ཡངས་པས་ཞུ་བཞུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡིད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང༌། འགགས་མ་ཐག་བ་དང་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །གསང་བ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། དེའི་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་ནི་འདི་ལས་ཕྱི་རོལ་པ་དག་དང༌། ཆོས་འདི་དག་ལས་ཀྱང་ཁ་ཅིག་མི་ཤེས་པ་དག་དེ་ལ་རང་བཞིན་གྱིས་ལྐོག་ཏུ་གྱུར་པའོ། །མཁས་བ་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡིན་ནོ། །ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་ན་ཞེས་བྱ་བ་ནི་མདོ་སྡེ་དེ་དང་དེ་དག་ལས་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་ཀྱི་མཚན་ཉིད་ལ་མཁས་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པ་དེ་ལ། དེ་དག་གི་ངོ་བོ་ཉིད་གང་ཞེ་ན། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་གང་ཡིན་པ་སྟེ། དེ་ལ་སེམས་ཞེས་བྱ་བ་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ། གནས་ཀྱི་དངོས་པོར་གནས་པ། ལེན་པར་བྱེད་པ། རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་


DTG205_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གང་ཡིན་པའོ། །ཡིད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་དང༌། བདག་ཏུ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་ལྡན་པ་གང་ཡིན་པ་དང༌། རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པ་གང་ཡིན་པའོ། །ཡང་ན་ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། གནས་ཀྱང་རྣམ་པ་བཞི་སྟེ། ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །འབྱུང་བའི་སྒོ་འབྱེད་པའི་གནས་ནི་རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པའོ། །འཆིང་བའི་གནས་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་ནི་གྲོལ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདོད་ཆགས་ལ་སོགས་པ་དང༌། དད་པ་ལ་སོགས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཅེས་བྱ་བའི་སྒྲས་རྣམ་པར་ཤེས་པ་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་དབང་པོ་ལ་བརྟེན་ནས་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གོ །དེ་དག་གི་གནས་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་གཉིས་ཏེ། ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ། །དེ་མ་ཐག་པའི་གནས་ནི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཡིན་ཏེ། འདི་ལྟར་དེ་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་མི་འགྲོལ་ལ། འགགས་ན་དེ་འགྲོལ་བའི་ཕྱིར་རོ། །སྒོ་ལྔའི་རྣམ་པར་ཤེས་པའི་གནས་ནི་གསུམ་སྟེ། ད་བང་པོ་ནི་ལྷན་ཅིག་བྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ལུས་ལེན་པར་བྱེད་པ་རྣམ་པར་སྨིན་པར་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དེ་དག་གི་དམིགས་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་གཉིས་ཏེ། ནང་གི་ལེན་པ་དང༌། ཕྱི་རོལ་སྣོད་ཡོངས་སུ་མ་ཆད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དམིགས་པ་ནི་ཀུན་གཞི་ལ་བདག་གོ་སྙམ་དུ་དམིགས་པའོ། །ཡིད་ཀྱི་རྣམ་


DTG205_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དེ། དེ་ཡང་རང་བཞིན་གྱི་ཡུལ་དང༌། རང་དང༌། སྤྱིའི་མཚན་ཉིད་དང༌། དུས་གསུམ་དང་སྐད་ཅིག་གི་རྒྱུན་གྱིས་བསྡུས་པ་དག་གོ །སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ནི་ཐམས་ཅད་ཀྱང་ད་ལྟར་བྱུང་བའི་དུས་དང༌། སྐད་ཅིག་གཅིག་གིས་བསྡུས་པ་རང་གི་མཚན་ཉིད་ཤ་སྟག་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དམིགས་པ་ནི་གཟུགས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དག་གོ །དེ་དག་གི་གྲོགས་གང་ཞེ་ན། སེམས་ལས་བྱུང་བའི་ཆོས་དེ་དག་དང༌། ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་རྣམས་སོ། །དེ་དག་གི་ལས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང༌། གནས་རྣམ་པར་རིག་པ་དང༌། བདག་གོ་སྙམ་དུ་རྣམ་པར་རིག་པ་དང༌། ཡུལ་རྣམ་པར་རིག་པའོ། །དེ་ལ་དང་པོ་གཉིས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ལས་ཡིན་ཏེ། དེ་ནི་རྟག་ཏུ་དམིགས་པ་རྣམ་པ་གཉིས་པའི་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་དང༌། ནང་གི་ལེན་པ་རྣམ་པར་རིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལས་ཡིན་ཏེ། དེ་ནི་འཆིང་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཐ་མ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ལས་ཡིན་ཏེ། དེ་དག་ནི་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་ཡིན་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ལས་ཀྱང་རབ་ཏུ་དབྱེ་ན་ཡིད་ཀྱི་རྣམ་པར་ཤེས་པའི་ལས་ནི་རང་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་དང༌། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང༌། དུས་གསུམ་རྣམ་པར་རིག་པར་བྱེད་པ་དང༌། སྐད་ཅིག་གི་རྒྱུན་རྣམ་པར་རིག་པར་བྱེད་པ་དང༌། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་ལས་རྣམ་པར་འདུག་ཅིང་རྗེས་སུ་འཇུག་པར་བྱེད་པ་དང༌། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡང་ཡོངས་སུ་འཛིན་ཏེ། དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ། །དེ་དག་ནི་རྣམ་པར་ཤེས་པའི་ཚོགས་


DTG205_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཡིན་ནོ། །ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཁྱད་པར་དུ་གྱུར་པའི་ལས་ནི་རྣམ་པ་བཅུ་བཞི་སྟེ། དམིགས་པ་ལ་རྣམ་པར་རྟོག་པ་དང༌། དམིགས་པ་ལ་ཉེ་བར་སེམས་པ་དང༌། ར་རོ་བར་བྱེད་པ་དང༌། སྨྱོ་བར་བྱེད་པ་དང༌། གཉིད་ལོག་པར་བྱེད་པ་དང༌། སད་པར་བྱེད་པ་དང༌། བརྒྱལ་བར་བྱེད་པ་དང༌། བརྒྱལ་བ་ལས་སངས་པར་བྱེད་པ་དང༌། ལུས་དང་ངག་གི་ལས་འཇུག་པར་བྱེད་པ་དང༌། འདོད་ཆགས་ལས་བྲལ་བ་ལས་ཡོངས་སུ་ཉམས་པར་བྱེད་པ་དང༌། དགེ་བའི་རྩ་བ་རྣམས་རྒྱུན་མི་འཆད་པར་བྱེད་པ་དང༌། དགེ་བའི་རྩ་བ་རྣམ་མཚམས་སྦྱོར་བར་བྱེད་པ་དང༌། འཆི་འཕོ་དང་སྐྱེ་བར་བྱེད་པའོ། །སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱི་ལས་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། རང་གི་ཡུལ་རྣམ་པར་རིག་པར་བྱེད་པ་དང༌། རང་གི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང༌། ད་ལྟར་གྱི་དུས་རྣམ་པར་རིག་པར་བྱེད་པ་དང༌། སྐད་ཅིག་གཅིག་གི་རྣམ་པར་རིག་པར་བྱེད་པ་དང༌། རྣམ་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་འཇུག་སྟེ། དགེ་བའི་དང་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་དང༌། ལས་ཀུན་ནས་སློང་བའི་རྗེས་སུ་འཇུག་པ་དང༌། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་ཇི་ལྟར་རིག་པར་བྱ་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཉིད་ནི་རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱས་ལ། དེའི་རབ་ཏུ་དབྱེ་བ་ནི་འཇུག་པ་དང༌། ལྡོག་པ་རྣམ་པར་གཞག་པས་རིག་པར་བྱའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་སྲིད་པ་དང༌། དང་པོ་འཇུག་པ་མི་སྲིད་པ་དང༌། གསལ་བར་འཇུག་པ་མི་སྲིད་པ་དང༌། ས་བོན་ཉིད་མི་སྲིད་པ་དང༌། ལས་མི་སྲིད་པ་དང༌། ལུས་ཀྱི་ཚོར་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང༌། རྣམ་པར་ཤེས་པའི་འཆི་འཕོ་མི་སྲིད་པས་སོ། །དེ་ལ་ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་


DTG205_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་འགྱུར་ཞེ་ན། རྒྱུ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་ནི། སྔོན་ལས་མངོན་པར་འདུ་བྱས་པའི་རྒྱུ་ལས་བྱུང་བ་ཡིན་པས་དེས་ལུས་ལེན་པར་བྱེད་ཀྱི་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་གྱི་རྐྱེན་ལས་བྱུང་བ་ཡིན་པས་དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་ཡིན་པས་དེས་ལུས་ལེན་པར་བྱེད་པ་ཡིན་གྱི་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་དགེ་བ་དང་མི་དགེ་བར་སྣང་བས་དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་གཉིས་པ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པའི་རིགས་ཡིན་པས་དེས་ལུས་ལེན་པར་བྱེད་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པའི་རིགས་གང་ཡིན་པ་དེ་ནི་དམིགས་པས། དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་གསུམ་པ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་པས། དེས་ལུས་ལེན་པར་བྱེད་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་གནས་ངེས་པ་ལས་སོ་སོར་འབྱུང་སྟེ། དེ་ལ་རྣམ་པར་ཤེས་པ་གནས་གང་དང་གང་ནས་འབྱུང་བ་དེ་ཉིད་དེས་ཟིན་པར་འགྱུར་གྱི། གནས་གང་ནས་རྣམ་པར་ཤེས་པ་མ་བྱུང་བའི་གནས་དེ་མ་ཟིན་པས། ད་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་བཞི་པ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་དང་པོའི་ལེན་པའི་སྐད་ཅིག་མའི་རྒྱུན་གྱིས་ལུས་ཅིག་ཅར་ལེན་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ལན་འགའ་འབྱུང་ཞིང་ལན་འགའ་མི་འབྱུང་བས་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཡང་དང་ཡང་དུ་ལུས་ལེན་པའི་སྐྱོན་དུ་འགྱུར་ཏེ། དེ་ནི་རྒྱུ་ལྔ་པ་ཡིན་ནོ། །དེ་ལྟར་ན་ད་ལྟར་གྱི་རྐྱེན་ལས་བྱུང་བ་དང༌། དགེ་བ་དང་མི་དགེ་བ་ཡིན་པ་དང༌། རྣམ་པར་སྨིན་པའི་རིགས་མ་ཡིན་པ་དང༌། གནས་ངེས་པ་དང༌། ཡང་དང་ཡང་ལུས་ལེན་པའི་སྐྱོན་དུ་འགྱུར་བས་ཀྱང་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་སྲིད་པས་སྐྱོན་དུ་འགྱུར་བས། དེའི་ཕྱིར་ཀུན་


DTG205_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་དང་པོར་འཇུག་པར་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་དང༌། ལྷན་ཅིག་གི་དངོས་པོས་འཇུག་ཅིང་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ། བརྒྱད་ཅར་ལྷན་ཅིག་འབྱུང་བར་འགྱུར་བ་དེ་མི་འདོད་པས་ཀུན་གཞི་ཡང་མེད་ལ། འཇུག་པའི་རྣམ་པར་ཤེས་པ་དྲུག་ཀྱང་ལྷན་ཅིག་མི་འབྱུང་ཞིང་གང་ཡང་རུང་བ་སྔ་ཕྱིར་རིམ་གྱིས་འབྱུང་ངོ་ཞེས་ཟེར་བ་དེ་མི་རུང་སྟེ། གང་གི་ཚེ་རྣམ་པར་ཤེས་པ་དྲུག་ཅར་གྱི་རྐྱེན་དུས་གཅིག་ཁོ་ནར་ཉེ་བར་གནས་པར་གྱུར་པའི་ཚེ། དང་པོ་གཅིག་འབྱུང་ཞིང་གཞན་ཡང་རིམ་གྱིས་འབྱུང་ཞེས་བྱར་རྐྱེན་ཚོགས་པར་འདྲ་བས་མི་རུང་སྟེ། རྣམ་པར་ཤེས་པ་རྣམས་ལྷན་ཅིག་འབྱུང་བས་ན་དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་གསལ་བར་འཇུག་པ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞི་མེད་ན་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་ཡང་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་གྱི་ཡུལ་ལ་གསལ་བར་འཇུག་ཅེས་བྱའོ། །མིག་ལ་སོགས་པ་ད་ལྟར་གྱི་ཡུལ་ལ་གསལ་བར་འཇུག་པ་དང༌། དུས་གཅིག་ཏུ་འགྱུར་བས་མི་རུང་བའི་རིགས་ནས་ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་གྱི་ཡུལ་ལ་གསལ་བར་འཇུག་པས་ལྷན་ཅིག་གི་དངོས་པོས་འཇུག་པ་ཡོད་པས་ན་དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ས་བོན་ཉིད་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་དགེ་བའི་མཇུག་ཐོགས་སུ་དགེ་བ་དང་མི་དགེ་བ་འབྱུང་བ་ལ་སོགས་པ་ནི་གཅིག་གི་ས་བོན་གཅིག་ཡིན་པར་མི་རུང་བ་དང༌། སེམས་ཀྱི་རྒྱུན་ཡུན་རིང་པོར་རྒྱུན་ཆད་པ་ཡང་འབྱུང་བའི་རྒྱུ་མེད་པས་དེ་དག་མི་འབྱུང་བའི་རིགས་ན་འབྱུང་སྟེ། དེའི་ཕྱིར་ཡང་དེ་དག་གི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལས་མི་སྲིད་པར་འགྱུར་ཞེ་ན། ལས་ནི་མདོར་


DTG205_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང༌། གནས་རྣམ་པར་རིག་པ་དང༌། བདག་གོ་སྙམ་དུ་རྣམ་པར་རིག་པ་དང༌། ཡུལ་རྣམ་པར་རིག་པའོ། །རྣམ་པར་རིག་པ་དེ་དག་ཀྱང་སྐད་ཅིག་སྐད་ཅིག་ལ་ཅིག་ཅར་འབྱུང་བར་སྣང་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པ་རྣམས་ལྷན་ཅིག་གི་དངོས་པོས་འབྱུང་བ་མེད་པས། རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་ལ་ནི་ལས་ཤིན་ཏུ་ཐ་དད་པ་དེ་ལྟ་བུ་དེ་དག་མི་རུང་བས་མི་འབྱུང་བའི་རིགས་ན། འབྱུང་བས་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་ཡོད་པས་ན། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ཀྱི་ཚོར་བ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པ་སེམས་པར་བྱེད་པ་དང༌། རྗེས་སུ་རྟོག་པར་བྱེད་པའམ་སེམས་མཉམ་པར་བཞག་པའམ། སེམས་མཉམ་པར་མ་བཞག་པ་གང་ཡང་རུང་པ་ཅིག་གཅིག་གི་ལུས་ལ་ཚོར་བ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་འབྱུང་བ་དེ་དག་མི་འབྱུང་བའི་རིགས་ན་འབྱུང་སྟེ། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་པ་ན་འདུ་ཤེས་མེད་པ་ལ་སྙོམས་བར་ཞུགས་པའམ། འགོག་པ་ལ་སྙོམས་པར་ཞུགས་པའི་ལུས་རྣམ་པར་ཤེས་པ་དང་བྲལ་བས་ཤི་བ་ཁོ་ནར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་ཀྱིས་དེའི་ལུས་ནི་རྣམ་པར་ཤེས་པ་དང་བྲལ་བ་མ་ཡིན་ནོ་ཞེས་གསུངས་པས་ན། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པའི་འཆི་འཕོ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཤི་བའི་བར་དུ་རྟག་པར་འབྱུང་བ་ཁོ་ནར་འདོད་པས། འཆི་ཀའི་རྣམ་པར་ཤེས་པས་ལུས་རོ་སྟོད་དམ་རོ་སྨད་དུ་དྲོད་ཡལ་བར་བྱེད་ཅིང་སྤང་བར་མི་འགྱུར་བ་ཞིག་ན། དེ་ལྟར་སྣང་བས་


DTG205_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལེན་པར་བྱེད་པ་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་དང་བྲལ་བས་དྲོད་ཡལ་བ་དང་ཚོར་བ་མེད་པར་སྣང་བར་ཟད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་དེའི་འཇུག་པ་དང་ལྡོག་པ་རྣམ་པར་གཞག་པར་གང་ཞེ་ན། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་འཇུག་པ་ནི་རྣམ་པ་བཞིས་རྣམ་པར་གཞག་ལ། ལྡོག་པ་ནི་རྣམ་པ་གཅིག་གིས་རྣམ་པར་གཞག་པ་རིག་པར་བྱ་སྟེ། འདི་ལྟ་སྟེ། དམིགས་པས་འཇུག་པ་རྣམ་པར་གཞག་པ་དང༌། མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་དང༌། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པ་དང༌། ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་སྟེ། རྣམ་པ་བཞི་པོ་དེ་དག་གིས་ནི་འཇུག་པ་རྣམ་པར་གཞག་པའོ། །ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་དམིགས་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པ་དང༌། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའོ། །དེ་ལ་ནང་གི་ལེན་པ་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང༌། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ནོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པར་རྣམ་པར་རིག་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ནང་གི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས། རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང༌། སྣོད་ཀྱི་རྒྱུན་བྱེ་བྲག་ཏུ་མི་འབྱེད་པར་རྣམ་པར་རིག་པ་སྟེ། འདི་ལྟ་སྟེ་དཔེར་ན་མར་མེ་འབར་བ་ནི། སྙིང་པོ་དང༌། སྣུམ་གྱི་རྒྱུས་ནི་ནང་འཇུག་པར་འགྱུར་ལ། ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་དེ་བཞིན་དུ། ནང་གི་ལེན་པའི་དམིགས་པ་དང༌། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་དེ་ནི་འཇིག་རྟེན་གྱི་


DTG205_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རྣམས་ཀྱིས་ཀྱང་ཡོངས་སུ་དཔྱད་པ་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དེ་ནི་རྟག་ཏུ་ཡོད་པ་ཡིན་ཏེ། ལན་འགའ་གཞན་དུ་འགྱུར་ལ། ལན་འགའ་གཞན་དུ་འགྱུར་བ་མ་ཡིན་ཞིང༌། དང་པོའི་ལེན་པའི་སྐད་ཅིག་ལ་བརྟེན་ནས་ཇི་སྲིད་འཚོའི་བར་དུ་རྣམ་པར་རིག་པ་རོ་གཅིག་པས་འཇུག་པར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དམིགས་བ་ལ་སྐད་ཅིག་པ་ཡིན་པར་བལྟ་བར་བྱ་སྟེ། སྐད་ཅིག་པའི་རྒྱུད་ཀྱི་རྒྱུན་གྱིས་འཇུག་པ་ཡིན་གྱི། གཅིག་པ་ཉིད་ནི་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་འདོད་པའི་ཁམས་ན་ནི་རྒྱུ་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་པའི་དམིགས་པ་ཅན་ཡིན་ནོ། །གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ཡིན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་ཅན་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་དུ་བལྟ་བར་བྱ་སྟེ། དེ་ལྟར་ན་དམིགས་པ་རྣམ་པ་གཉིས་རྣམ་པར་རིག་པ་དང༌། ཕྲ་བ་རྣམ་པར་རིག་པ་དང༌། འདྲ་བ་རྣམ་པར་རིག་པ་དང༌། སྐད་ཅིག་མ་རྣམ་པར་རིག་པ་དང༌། རྒྱུ་ཆུང་ངུའི་དམིགས་པའི་རྣམ་པར་རིག་པ་དང༌། རྒྱུ་ཆེན་པོར་གྱུར་པའི་དམིགས་པའི་རྣམ་པར་རིག་པ་དང༌། རྒྱུ་ཚད་མེད་པའི་དམིགས་པའི་རྣམ་པར་རིག་པ་དང༌། རྒྱུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པ་དང༌། རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དམིགས་པས་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་ན་སེམས་དང་མཚུངས་པར་ལྡན་པ་ཀུན་དུ་འགྲོ་བ་ལྔ་པོ་ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་རྣམས་དང་མཚུངས་པར་ལྡན་ནོ། །ཆོས་དེ་དག་ཀྱང་རྣམ་པར་སྨིན་པར་བསྡུས་པ་དང༌། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་དང༌། གཏན་དུ་དམིགས་


DTG205_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ལ་མཚུངས་པར་འཇུག་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི། གཅིག་ཏུ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ཏེ། དེ་ལྟར་ན་སེམས་ལས་འབྱུང་བ་ཀུན་དུ་འགྲོ་བ་ལྔ་དང་མཚུངས་པར་ལྡན་པ་དང༌། རྣམ་པར་སྨིན་པར་རིགས་འདྲ་བ་དང་མཚུངས་པར་ལྡན་པ་དང༌། འཇུག་པ་ཕྲ་བ་དང༌། མཚུངས་པར་ལྡན་པ་དང༌། དམིགས་པ་གཅིག་ལ་མཚུངས་པར་འཇུག་པ་དང༌། མཚུངས་པར་ལྡན་པ་དང་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། མཚུངས་པར་ལྡན་པ་དང༌། ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས། འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། འདི་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ས་བོན་གྱི་དངོས་པོ་དང་རྟེན་བྱེད་པས་སོ། །དེ་ལ་ས་བོན་གྱི་དངོས་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པར་འབྱུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཀུན་གཞིའི་རྣམ་བར་ཤེས་པའི་ས་བོན་དང་ལྡན་པ་ཡིན་ནོ། །དེ་ལ་རྟེན་བྱེད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི། མ་ཟིན་པ་དག་ལས་ནི་མ་ཡིན་ནོ། །ཇི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་གནས་མིག་ལ་སོགས་པ་དང་འདྲ་བ་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་གྱི་མེད་ན་ནི་མ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ཡང་གཉིས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་བརྟས་པར་བྱེད་པ་དང༌། ཕྱི་མ་ལ་


DTG205_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་པར་གྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པས་སོ། །དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་བརྟས་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་བརྟེན་དང་དེ་དང་ལྷན་ཅིག་སྐྱེ་བ་དང༌། འགགས་པས་བག་ཆགས་བསྒོ་བར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོར་ཤིན་ཏུ་བརྟས་པ་དང༌། ཤིན་ཏུ་སྦྱངས་པ་དང༌། ཤིན་ཏུ་འོད་གསལ་བ་དག་ཏུ་འབྱུང་བར་འགྱུར་རོ། །ཕྱི་མ་ལ་དེ་མངོན་པར་གྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་ཡུལ་གྱི་བག་ཆགས་ཀྱིས་ཕྱི་མ་ལ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པ་སྟེ་དེ་ལྟར་ན་ས་བོན་གྱི་དངོས་པོ་དང༌། རྟེན་བྱེད་པ་དང༌། ས་བོན་ཡོངས་སུ་བརྟས་པར་བྱེད་པ་དང༌། ས་བོན་ཡོངས་སུ་འཛིན་པས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉིད་གཅིག་པས་འཇུག་པ་རྣམ་པར་གཞག་པར་བྱའོ། །དེ་ལ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་དང་ལྷན་ཅིག་འཇུག་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང་པོའོ། །རེས་འགའ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དང་གསུམ་ལྷན་ཅིག་འཇུག་གོ །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གང་ཡང་རུང་བ་ཅིག་དང་གསུམ་དང་ངོ༌། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གཉིས་ལྷན་ཅིག་འབྱུང་བ་དང་བཞི་དང་ངོ༌། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ལྔ་ཆར་ལྷན་ཅིག་འབྱུང་བ་དང༌། བདུན་ཆར་གྱི་བར་དག་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ །ཀུན་གཞིའི་རྣམ་པར་ཤེས་པ་དེ་རེས་འགའ་ནི་བདེ་བ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གློ་བུར་བ་རྣམས་དང་ཡང་འདྲེས་མར་འཇུག་སྟེ།


DTG205_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཚོར་བ་གང་དག་འབྱུང་བ་དག་ཀྱང་དེ་ལས་འབྱུང་བ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་མི་རྣམས་དང་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང༌། དུད་འགྲོ་དང༌། ཡི་དྭགས་ཁ་ཅིག་གི་ནང་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་སྡུག་བསྔལ་བ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་དེ་དང༌། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་དག་གི་རྒྱུན་འདྲེན་པར་ལྷན་ཅིག་འབྱུང་ཞིང་འཇུག་གོ །སེམས་ཅན་དམྱལ་བ་དག་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་དེ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཟིལ་གྱིས་མནན་ཏེ། སྡུག་བསྔལ་གྱི་རྒྱུན་འབའ་ཞིག་མ་འདྲེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ཡང་ཟིལ་གྱིས་མནན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་པར་བལྟའོ། །སེམས་ཅན་དམྱལ་བ་དག་ནི་སྡུག་བསྔལ་བ་དང༌། ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་གསུམ་པོ་དག་གི་ས་པའི་ལྷ་རྣམས་ལ་ནི་བདེ་བ་དང་ངོ༌། །བསམ་གཏན་བཞི་པ་ཡན་ཆད་སྲིད་པའི་རྩེ་མོའི་བར་དག་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ངོ༌། །ཀུན་གཞིའི་རྣམ་པར་ཤེས་པ་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་རྟོགས་པའི་སེམས་ལས་བྱུང་བའི་ཆོས་གློ་བུར་བ་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་གོ །དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམས་དང༌། གློ་བུར་གྱི་ཚོར་བ་རྣམས་དང༌། གློ་བུར་གྱི་ཆོས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་དང༌། ལྷན་ཅིག་འབྱུང་ཞིང་འཇུག་ཀྱང༌། དེ་ནི་དེ་དག་དང་མཚུངས་པར་ལྡན་པ་ནི་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་མི་མཚུངས་པ་ལ་འཇུག་པའི་ཕྱིར་ཏེ། འདི་ལྟ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་མིག་དང་ལྷན་ཅིག་བྱུང་ཡང་དེ་ནི་དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་དང༌། ལྷན་ཅིག་གི་དངོས་པོ་དང༌། ཚོར་བ་དང་ལྷན་ཅིག་གི་དངོས་པོ་དང༌། དགེ་བ་ལ་སོགས་པ་དང་ལྷན་ཅིག་གི་དངོས་པོས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོ་འཇུག་པ་


DTG205_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་རྣམས་མདོར་བསྡུ་ན། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འདི་ལྟར་འདི་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང༌། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང༌། ད་ལྟར་གྱི་སྡུག་བསྔལ་གྱི་བདེན་པའི་ངོ་བོ་ཉིད་ཡིན་པ་དང༌། མ་འོངས་པའི་སྡུག་བསྔལ་གྱི་བདེན་པ་འགྲུབ་པར་བྱེད་པ་དང༌། ད་ལྟར་གྱི་ཀུན་འབྱུང་གི་བདེན་པ་འགྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དགེ་བའི་ཆོས་བསྒོམས་པས་ལྡོག་པར་རིག་པར་བྱའོ། །དགེ་བའི་ཆོས་བསྒོམས་པ་དེ་ཡང་མཐོང་བའི་ལམ་ལ་འཇུག་པ་དང༌། བསྒོམ་པའི་ལམ་གྱི་སྦྱོར་བ་རྟོགས་པ་དང༌། དེའི་ཁྱད་པར་གྱི་ལམ་གོམས་པར་བྱ་བ་དང༌། དེའི་མཐར་ཐུག་པའི་ལམ་ཡིད་ལ་བྱེད་པའི་གནས་སྐབས་རྣམས་སུ་ཤེས་པར་བྱ་སྟེ། རྒྱུ་དེས་གནས་འགྱུར་བར་བྱེད་དོ། །གནས་སུ་གྱུར་མ་ཐག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་སྤང་བར་བརྗོད་པར་བྱ་སྟེ། དེ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱང་སྤང་བར་བརྗོད་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་དེའི་གནས་ནི་གཉེན་པོར་བསྒྱུར་བར་རིག་པར་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་པ་དང༌། ལེན་པ་དང་བཅས་པ་ཡིན་ལ། གནས་གྱུར་པ་ནི་རྟག་པ་དང༌། ལེན་པ་མེད་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ། གནས་གྱུར་པ་ནི་གནས་ངན་ལེན་ཐམས་ཅད་དང་གཏན་བྲལ་བ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ཞིང༌། ལམ་གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་མ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་དགེ་བ་དང་ལུང་དུ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང་ལུང་དུ་བསྟན་པའི་ཆོས་རྣམས་ལ་དབང་བྱེད་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤངས་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་བ་དང༌།


DTG205_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ལྟ་བུའི་ལུས་ཀུན་དུ་གནས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཡང་འབྱུང་བའི་རྒྱུ་སྤངས་པའི་ཕྱིར་ཕྱི་མ་ལ་ཡང་འབྱུང་བར་བྱེད་པའི་ལེན་པ་སྤོང་བ་དང༌། ཚེ་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་ཚེ་འདིའི་ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་སྤོང་བ་དང༌། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཙམ་ཀུན་དུ་གནས་པ་ཡིན་ནོ། །དེ་ཡོད་ན་ལུས་ཀྱི་མཐའ་བ་དང༌། སྲོག་གི་མཐའ་པའི་ཚོར་བ་མྱོང་བར་བྱེད་དོ། །དེའི་ཕྱིར་མདོ་ལས་ཀྱང༌། འདིའི་ཚོར་བ་ཐམས་ཅད་དེ་ཙམ་གྱིས་ན་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་རྣམ་པར་གཞག་པ་དང༌། འཇུག་པ་དང༌། རྟོགས་པ་དང༌། གོམས་པ་དང༌། ཡིད་ལ་བྱེད་པ་རྣམ་པར་གཞག་པ་དང༌། གནས་གྱུར་པ་རྣམ་པར་གཞག་པས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལྟར་ན་འདི་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམ་པར་གཞག་པའི་ཚུལ་ཡང་དག་པ་ཡིན་ཏེ། དེ་ལྟར་ཁམས་གསུམ་པའི་སེམས་དང༌། ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཇི་སྐད་བསྟན་པའི་ཚུལ་འདིས་ཀུན་ནས་ཉོན་མོངས་པའི་ཚུལ་དང་རྣམ་པར་བྱང་བའི་ཚུལ་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་ཚུལ་གཞན་དག་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་གདུལ་བའི་རིམ་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟ་སྟེ། གདུལ་བ་བྱིས་པའི་ཤེས་རབ་ཅན་དག་གི་དབང་དུ་མཛད་ནས་ཐབས་བླ་བས་འཇུག་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་ལྟར་སེམས་དང་ཡིད་དང་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་ནི་འདི་ལས་ཕྱི་རོལ་པ་དག་དང༌། ཆོས་འདི་པ་དག་ལས་ཀྱང་ཁ་ཅིག་གིས་མི་ཤེས་པས་དེ་དག་ལ་རང་བཞིན་གྱིས་ལྐོག་ཏུ་གྱུར་པས་ན་གསང་བ་ཞེས་བྱའོ། །མཁས་པ་ཞེས་བགྱི་ན་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡིན་ནོ། །


DTG205_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ལ་ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་ཞེས་བྱ་བ་ནི་མདོ་སྡེ་དེ་དང་དེ་དག་ལས་ཇི་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ་ཇི་ཙམ་གྱི་སྒོ་ནས་མཁས་ན་མཁས་པ་ལགས་ཞེས་ཞུས་པ་ཡིན་ཏེ། ཆོས་ཀྱི་ལུགས་ཤེས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གནས་པ་ཉིད་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་སྒོ་ནས་མཁས་ན་མཁས་པའི་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང༌། འཇུག་པ་རྣམ་པར་གཞག་པ་ལ་མཁས་པ་དེ་ཙམ་གྱིས་མཁས་པ་ཡིན་ནོ། །དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས་ཞེས་བྱ་བས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ཙམ་གྱི་སྒོ་ནས་མཁས་ན་མཁས་པར་འདོགས་པ་ལགས་ཞེས་ཞུས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་ནི་གནས་གྱུར་པས་བསྡུས་པ་ཡང་དག་པར་ཤེས་པ་འཇིག་རྟེན་ལས་འདས་པའོ། །དེའི་སྒོ་ནས་མཁས་ན་མཁས་པར་འདོགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ཀུན་གཞིའི་རྣམ་པར་ཤེས་པའི་ལྡོག་པ་རྣམ་པར་གཞག་པ་ལ་མཁས་ན་དེ་ཙམ་གྱིས་མཁས་པར་འདོགས་པ་ཡིན་ནོ། །ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་དེ་ལྟར་ཡོངས་སུ་ཞུས་ནས། བཅོམ་ལྡན་འདས་ཀྱིས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་ཁྱོད་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདིས་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་


DTG205_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་གསུམ་གྱི་གཉེན་པོར་རྒྱ་ཆེར་བསྟན་ཏེ། ཤིན་ཏུ་རྨོངས་པ་རྣམ་པ་གསུམ་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པ་དང༌། རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་ཞེས་བྱ་བ་ནས། གཟུགས་ཅན་མ་ཡིན་པའི་ཁམས་ནི་ལེན་པ་གཉིས་སུ་མེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་ནས། དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ལ་དང་པོར་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་རྨོངས་པ་ནི་དེ་དག་གི་མཚན་ཉིད་མི་ཤེས་པ་སྟེ། དེའི་གཉེན་པོར་ཀུན་གཞིའི་རྣམ་པར་ཤེས་པ་ནང་གི་ལེན་པར་རྣམ་པ་གཉིས་ཀྱིས་སྐྱེ་གནས་སུ་ཉིང་མཚམས་སྦྱོར་ཞིང་འཁོར་བར་འཇུག་པ་རྣམ་པར་གཞག་པ་བསྟན་པ་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱའོ། །དེའི་ཕྱིར་བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལུས་མངོན་པར་གྲུབ་ཅིང་ཞེས་བྱ་བ་ནི་འབྱུང་བར་འགྱུར་བ་ཞེས་བྱ་བས་བཤད་དེ། དང་པོ་སྐྱེ་གནས་སུ་ཕུང་པོའི་ཉིང་མཚམས་སྦྱོར་བའི་གནས་སྐབས་དང་སྦྱར་རོ། །ལེན་པ་རྣམ་པ་གཉིས་པོ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིང་མཚམས་སྦྱོར་བའི་རྒྱུ་གཉིས་ཏེ། ནང་གི་ལེན་པ་རྣམ་པ་གཉིས་པོ་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང༌། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ལེན་པ་ཞེས་བྱ་བ་དང་སྦྱར་རོ། །རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་ཞེས་བྱ་བ་ལ་རྟེན་ཅེས་བྱ་བ་ནི་དབང་པོ་གཟུགས་ཅན་གྱི་རྟེན་


DTG205_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཟིན་པའི་ཕུང་པོ་གཟུགས་ཅན་དུ་བགྲང་བ་གང་ཡིན་པའོ། །དབང་པོ་གཟུགས་ཅན་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་ལྔ་སྟེ། སྐབས་འདིར་ས་བོན་གྱི་སྒོ་ནས་ནི་ལྔ་ཆར་ཡོད་དོ། །མངོན་པར་གྲུབ་པའི་སྒོ་ནས་ནི་ལུས་ཀྱི་དབང་པོ་འབའ་ཞིག་གཟུང་ངོ༌། །དེ་ཡང་མངལ་ནས་སྐྱེས་པའི་སྐྱེ་གནས་ཀྱི་སྐབས་སུ་ནི་གནས་གསུམ་པོ་མ་ཉམས་བདེ་ཞིང་ཟླ་མཚན་དང་ལྡན་པ་དང༌། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟ་ཉེ་བར་གནས་པ་དང་མངོན་དུ་གྱུར་ལ། བར་དུ་གཅོད་པ་རྣམ་པ་གསུམ་པོ་སྐྱེ་གནས་ཀྱི་ཉེས་པ་ལས་གྱུར་པ་དང༌། ས་བོན་གྱི་ཉེས་པ་ལས་གྱུར་པ་དང། ལས་ཀྱི་ཉེས་པ་ལས་གྱུར་པ་རྣམས་མེད་ཅིང་ཕ་མ་གཉིས་འདོད་ཆགས་སྤྱོད་པ་དར་ལ་བབ་པ་མཇུག་ཐོགས་ཁོ་ནར་ཁུ་བ་སྐྱེ་བར་འབྱུང་བར་འགྱུར་རོ། །དེའི་རྗེས་ཁོ་ན་ལ་ཕ་ལས་ཁུ་བ་ཐིགས་པ་གཅིག་དང༌། མ་ལས་ཁྲག་ཐིགས་པ་གཅིག་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། གཉི་གའི་ཁུ་བ་དང་ཁྲག་གི་ཐིགས་པ་དེ་གཉིས་མའི་སྐྱེ་གནས་སུ་འདྲེས་པར་གྱུར་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ་ཆགས་ཤིང་འདུག་པ་དེ་ནི་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ཞེས་བྱ་སྟེ། དེར་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པར་བསྡུས་པ་ལུས་ལེན་པར་བྱེད་པ་ཀུན་གཞིའི་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །དེ་ལྟར་ན་གཟུགས་དེ་སྔར་ཆགས་ལ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཕྱིས་འཇུག་པ་འདྲ་བས་དེར་ཀུན་གཞིའི་རྣམ་པར་ཤེས་པ་མ་ཞུགས་པའི་གནས་སྐབས་ན་གཟུགས་དེ་ལ་དབང་པོ་གཟུགས་ཅན་ཞེས་ཅིའི་ཕྱིར་བྱ་ཞེ་ན། དེ་གཉིས་ནི་སྔ་ཕྱི་མེད་དེ། ཁུ་བ་དང་ཁྲག་འདུས་ནས་སྤྲིས་མ་ལྟ་བུར་གྱུར་པའི་སྐད་ཅིག་དེ་ཉིད་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་བར་མ་དོའི་སྲིད་པའི་གཟུགས་དེ་འགག་ལ། དེ་འགག་པ་དང་དུས་གཅིག་ཁོ་ནར་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་དེར་འཇུག་ཅིང་ཁུ་བ་དང་ཁྲག་འདུས་པ་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཟིན་པས་དེའི་ཚེ་ན་རྟེན་དང་བཅས་པའི་ལུས་ཀྱི་དབང་པོ་གཟུགས་ཅན་ཞེས་བྱ་སྟེ། ཁུ་བ་དང་ཁྲག་འདུས་པ་དེ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་འཕོ་ཞིང་འཇུག་པ་དེ་ནི་སྐད་ཅིག་གཅིག་གི་གནས་སྐབས་ཁོ་ནར་ལྷན་ཅིག་འབྱུང་བས་དེ་ནི་ཀུན་གཞིའི་རྣམ་པར་


DTG205_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འཁོར་བར་འཇུག་ཅིང་ཉིང་མཚམས་སྦྱོར་བའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །དེའི་གནས་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་གནས་པར་གྱུར་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །མངལ་ནས་སྐྱེ་བའི་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་ཚུལ་ནི་དེ་ཡིན་ནོ། །རྫུས་ཏེ་སྐྱེ་བ་ནི་ལས་ཀྱི་སྐྱེ་གནས་ཅན་ཡིན་པས་དེ་ལ་ནི་འདི་མེད་དོ། །སྒོ་ང་ལས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གཉིས་སུ་ཉིང་མཚམས་སྦྱོར་བ་ལ་ཡང་སྒོ་ངའི་སྦུབས་ཆགས་པ་དང༌། དྲོད་གཤེར་དུས་ལ་བབ་པས་དབང་པོ་གཟུགས་ཅན་གྱི་རྟེན་ཟིན་པའི་ཕུང་པོ་སེམས་ཅན་དུ་བགྲང་བའི་གནས་སྐབས་སུ་གྱུར་པ་གང་དུ་ཀུན་གཞིའི་རྣམ་པར་ཤེས་པ་འཇུག་པར་གྱུར་པ་དེ་ཉིད་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་ཡིན་པ་ཞེས་བྱ་བར་སྦྱར་རོ། །མཚན་མ་དང་མིང་དང་རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཏེ། འཁྲུལ་པའི་རྒྱུ་དང་ལྡན་པའི་རྣམ་པར་རྟོག་པས་འདུ་བྱེད་ཀྱི་མཚན་མ་ལ་མིང་དང་ཐ་སྙད་འདོགས་པའི་སྤྲོས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ། དེ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་ཕྱི་མར་ཉིང་མཚམས་སྦྱོར་བར་བྱེད་པས་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིང་མཚམས་སྦྱོར་བའི་ལྟོས་པའི་རྒྱུ་ཡིན་ནོ། །ས་བོན་ཐམས་ཅད་པའི་སེམས་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཐམས་ཅད་ཀྱི་ས་བོན་དེ་ལ་ཡོད་པའི་ཕྱིར་རོ། །རྣམ་པར་སྨིན་ཅིང་ཞེས་བྱ་བ་ནི་དེ་ཁུ་བ་དང་ཁྲག་འདུས་པའི་ནང་དུ་ཉིང་མཚམས་སྦྱོར་བའི་དུས་ན་སྔོན་གྱི་ལས་ཀྱི་འབྲས་བུར་འགྲུབ་པའོ། །འཇུག་ལ་ཞེས་བྱ་བ་ནི་དུས་དེ་ན་ཕ་མའི་ཁུ་བ་དང༌། ཁྲག་འདུས་པའི་གཟུགས་ཀྱི་རྣམ་པ་གང་ཡིན་པ་དེ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་སྐྱེ་གནས་ཀྱི་སྒོ་ནས་མངལ་དུ་འཕོ་ཞིང་གྲུབ་པ་དང་བདེ་བ་གཅིག་པར་འགྱུར་བའོ། །རྒྱས་ཤིང་ཞེས་བྱ་བས་ནི་དེ་ཕྱིན་ཆད་རྒྱུན་གྱིས་འཇུག་པའི་ཕྱིར་རོ། །འཕེལ་བ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་འབྱུང་བའི་དུས་ནའོ། །ཡངས་པར་འགྱུར་རོ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་གིས་བག་ཆགས་བསྒོས་པའི་ཕྱིར་རོ། །


DTG205_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བའི་ཕྱིར་རོ། །གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་གང་ན་མངལ་དང༌། སྒོ་ང་དང༌། དྲོད་གཤེར་ལས་སྐྱེ་བ་དེ་ནི་རྒྱུ་སྔར་སྨོས་པ་གཉིས་ཀ་ཡོད་པའོ། །གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ་ཞེས་བྱ་བ་ནི་ལེན་པ་གཅིག་ཡོད་པ་སྟེ། དེ་ན་གཟུགས་མེད་པའི་ཕྱིར་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ནི་མེད་ཀྱི། བག་ཆགས་འབའ་ཞིག་ལ་ལྟོས་ནས་སྐྱེའོ། །གཟུགས་ཀྱི་ཁམས་ནི་གཟུགས་ཅན་ཡིན་ཡང་དེ་ན་རྫུས་ཏེ་སྐྱེ་བས། དེ་ན་ཡང་དབང་པོ་གཟུགས་ཅན་མེད་དོ། །སྔར་ཀུན་གཞིའི་རྣམ་པར་ཤེས་པའི་དམིགས་པ་རྣམ་པ་གཉིས་པོ་ནང་གི་ལེན་པ་རྣམ་པར་རིག་པ་དང༌། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མཆད་པ་རྣམ་པར་རིག་པ་ཞེས་བསྟན་པ་ལ་ནང་གི་ལེན་པ་རྣམ་པར་རིག་པ་རྣམ་པ་གཉིས་ཏེ། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་དང༌། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཏེ། དེ་གཉིས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི་རྒྱུ་ཡང་ཡིན་དམིགས་པ་ཡང་ཡིན་ཏེ། དེ་ནི་སྐབས་འདིར་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང༌། མཚན་མ་དང༌། མིང་དང༌། རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ཞེས་བྱ་བ་ལེན་པ་རྣམ་པ་གཉིས་བསྟན་པ་དང་སྦྱར་རོ། །ཕྱི་རོལ་གྱི་སྣོད་ཀྱི་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནང་གི་ལེན་པ་རྣམ་པར་རིག་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང་སྣོད་ཀྱི་རྒྱུན་བྱེ་བྲག་ཏུ་མི་འབྱེད་པར་རྣམ་པར་རིག་པ་སྟེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བས། རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་དམིགས་པ་ཡིན་པར་རིག་པར་བྱ་སྟེ། དམིགས་པ་དེས་ཕྱི་མར་ཉིང་མཚམས་སྦྱོར་བའི་བག་ཆགས་ལེན་པ་ཡང་སོགས་པར་བྱེད་དོ། །དེ་ལྟར་ན་ནང་གི་ལེན་པ་རྣམ་པ་གཉིས་ལ་བརྟེན་ནས། ཀུན་གཞིའི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིང་མཚམས་སྦྱོར་བའི་ཚུལ་བསྟན་པ་འདི་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་


DTG205_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསང་བ་ལ་མཁས་པ་ཞེས་བྱ་སྟེ། སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་དེའི་ཡོད་པ་ཉིད་དང་དམིགས་པའི་འཇུག་པ་རྣམ་པར་གཞག་པ་བསྟན་པ་སྐབས་འདིར་བསྟན་པར་སྦྱར་རོ། །ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རབ་ཏུ་དབྱེ་བ་རྣམ་པ་ལྔ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པ་ལྔ་བསྟན་པ་གང་ཡིན་པའོ། །རབ་ཏུ་དབྱེ་བ་རྣམ་པ་ལྔ་ལ་ཤིན་ཏུ་རྨོངས་པ་ནི་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང༌། སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བའི་ཚིག་དེ་གསུམ་གྱིས་བསྟན་ཏོ། །ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། འདི་ལྟ་སྟེ་ལུས་འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བྱ་བ་དང༌། འདི་ལྟ་སྟེ་ལུས་འདི་གྲུབ་པ་དང༌། བདེ་བ་གཅིག་པའི་དོན་གྱིས་ཀུན་སྦྱོར་བ་དང༌། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དང༌། འདི་ལྟ་སྟེ་དེ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ཀྱིས་ཀུན་དུ་བསགས་པ་དང༌། ཉེ་བར་བསགས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་དེ་གསུམ་གྱིས་བསྟན་ཏོ། །འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་ཞེས་བྱ་བ་ནས། གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་ལྷན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་ལྷན་ཅིག་འབྱུང་ངོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་


DTG205_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་ཞེས་བྱ་བ་ནས། དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་ལེན་པ་མི་མཐོང་ཞེས་བྱ་བ་ནས། དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ལ་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། སེམས་ཞེས་ཀྱང་བྱའོ་ཞེས་རྣམ་གྲངས་གསུམ་གསུངས་པ་དེ་དག་གི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་རབ་ཏུ་དབྱེ་བ་མི་ཤེས་པ་དེའི་གཉེན་པོར་དེ་གསུམ་གྱི་མཚན་ཉིད་རབ་ཏུ་དབྱེ་བ་ལ་མཁས་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང༌། སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་པའི་སྐབས་སུ་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་བ་གནས་ཀྱི་དངོས་པོར་གནས་པ་ལ་ལེན་པར་བྱེད་པ་ཞེས་བྱ་བའི་ཚིག་བཞི་སྨོས་པ་ཡང་སྐབས་འདི་ཉིད་ཀྱིས་སྟོན་ཏེ། དེ་དག་གི་དོན་ནི་ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་སྐབས་སུ་འོག་ནས་འཆད་དོ། །དེའི་འོག་ཏུ་ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་མཚན་ཉིད་སྔར་བསྟན་པ་དེའི་གཏན་ཚིགས་མི་ཤེས་པའི་གཉེན་པོར་ལས་འདི་དང་འདི་ལྟ་བུ་བྱེད་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌། སེམས་ཞེས་བྱའོ་ཞེས་སྔ་མའི་གཏན་ཚིགས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པའོ། །དེ་ལ་རེ་ཞིག་ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་འདིས་ལུས་འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བྱ་


DTG205_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུངས་ཏེ། དེ་ལ་བཟུང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དེས་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་ཉེ་བར་ལེན་ཅིང་མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་བརྟེན་ཅིང་གནས་ཀྱི་དངོས་པོར་གནས་པའོ། །བླངས་པ་ཞེས་བྱ་བ་ནི་དེས་ཟིན་ན་གཟུགས་ཀྱི་ལུས་འདི་སེམས་ཅན་གྱི་དངོས་པོ་བགྲང་བ་ཉིད་དུ་འགྱུར་བར་བདག་གིར་བྱས་པ་སྟེ། དེ་གཉིས་ཀྱིས་ནི་གནས་ཀྱི་དངོས་པོར་གནས་པར་ལེན་པར་བྱེད་པ་ཞེས་སྔར་སྨོས་པའི་ཚིག་དེ་གཉིས་གོ་རིམས་བཞིན་དུ་བསྟན་ཏེ། དེའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་དུ་སྦྱོར་བ་དང༌། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཤེས་པར་བྱ་བ་ནི་སེམས་ཀྱི་དབང་གིས་ཀྱང་ལུས་འདི་རུལ་བ་ལ་སོགས་པར་མི་འགྱུར་ལ། ལུས་ཀྱི་འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་ཕན་པ་དང༌། གནོད་པ་ལ་སོགས་པའི་དབང་གིས་ཀྱང་སེམས་དང་སེམས་ལས་བྱུང་བ་དག་བདེ་བ་དང་སྡུག་བསྔལ་ལ་སོགས་པར་འགྱུར་བར་འབྲེལ་པའི་དོན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ །ཀུན་དུ་སྦྱོར་བ་ཞེས་བྱ་བས་ནི་སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་པའི་སྐབས་སུ་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ་ཞེས་སྨོས་པས་བསྟན་ཏོ། །རབ་ཏུ་སྦྱོར་བ་ཞེས་བྱ་བས་ནི་སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་པའི་སྐབས་སུ་གནས་ཀྱི་དངོས་པོར་གནས་པ་ལེན་པར་བྱེད་པ་ཞེས་སྨོས་པས་བསྟན་ཏེ། ཚིག་དེ་བཞི་ཡང་ཇི་ལྟར་ན་ས་བོན་ཐམས་ཅད་དང་ལྡན་པ་ཡིན་ཞེ་ན། གནས་ཀྱི་དངོས་པོར་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་གནས་ཀྱི་དངོས་བོར་གནས་པ་ཡིན་ཞེ་ན། ལེན་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་ཚིག་སྔ་མ་ཕྱི་མས་བཤད་དེ། རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པར་སྦྱར་རོ། །ཡང་དོན་གཞན་དུ་ན་ཕུང་པོ་ལྔས་བསྡུས་པའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་རྟེན་ཡིན་པའི་ཕྱིར་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ་ཞེས་གསུངས་ཏེ། སྔར་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པའི་རྣམ་པར་གཞག་པ་


DTG205_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ས་བོན་གྱི་དངོས་པོ་དང༌། རྟེན་བྱེད་པས་ཞེས་སྨོས་པ་དང་སྦྱར་རོ། །དེས་ཟིན་པ་མིག་ལ་སོགས་པའི་གནས་ཀྱི་དངོས་པོ་ཉིད་ལེན་པའི་ཕྱིར་ནི་གནས་ཀྱི་དངོས་པོར་གནས་པ་ལེན་པར་བྱེད་པ་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དག་མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་བརྟེན་ཅིང་གནས་ཀྱི་དངོས་པོར་གནས་པའི་ཕྱིར་དང༌། དེས་ཟིན་ན་གཟུགས་ཀྱང་སེམས་ཅན་གྱི་དངོས་པོར་བགྲང་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཡང་དོན་གཞན་དུ་ན་ཚིག་བཞི་པོ་དེ་དག་གིས་ནི་མཐོང་བ་དང༌། གནས་དང༌། འཕེལ་བ་དང༌། ཆུད་མི་ཟ་བའི་བྱེ་བྲག་གིས་རྒྱུ་རྣམ་པ་བཞི་བསྟན་ཏེ། གོ་རིམས་བཞིན་ནོ། །ཡང་དོན་གཞན་དུ་ན་ཚིག་བཞི་པོ་དེ་དག་གིས་ནི་ཀུན་གཞིའི་དོན་རྣམ་པ་བཞི་བསྟན་ཏེ། འབྱུང་བ་དང་ལྡན་པའི་འདུ་བྱེད་རྣམས་དེ་ལ་འབྲས་བུའི་དངོས་པོར་སྦྱོར་བར་བྱེད་པ་དང༌། དེ་དག་ལ་དེའི་རྒྱུའི་དངོས་པོར་སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང༌། སེམས་ཅན་རྣམས་དེ་ལ་བདག་ཏུ་སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང༌། དེ་དང་པོ་ཁོ་ནར་མེར་མེར་པོར་ཞུགས་པ་ན་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང༌། དེས་ལུས་ཟིན་པའི་ཕྱིར་ལེན་པར་བྱེད་པའི་དོན་ནི་ཀུན་གཞི་ཞེས་བྱ་བ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་ན་ཚིག་བཞི་པོ་དེ་དག་གིས་ནི་ཀུན་གཞིའི་དོན་གསལ་བ་ཁོ་ནར་བསྟན་པ་ཡིན་ཏེ། དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་སེམས་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་དེ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ཀྱིས་ཀུན་དུ་བསགས་པ་དང་ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། ཀུན་དུ་བསགས་པ་དང་ཉེ་བར་བསགས་པ་ཞེས་བྱ་བས་ནི་སྔར་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པའི་བསྟན་པའི་སྐབས་སུ་འཇུག་པའི་རྣམ་པར་ཤེས་པ་ཡང་རྣམ་པ་གཉིས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལས་བོན་ཡོངས་སུ་བརྟས་པར་བྱེད་པ་དང༌། ཕྱི་མ་ལ་དེ་མངོན་པར་


DTG205_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ས་བོན་ཡོངས་སུ་འཛིན་པར་བྱེད་པས་སོ་ཞེས་སྨོས་པས་བསྟན་ཏོ། །འཇུག་པའི་རྣམ་པར་ཤེས་པ་དེ་དག་ཉིད་ཀྱིས་བོན་གྱིས་ཀུན་དུ་བསགས་པ་དང༌། དེ་དག་དམིགས་པ་གཟུགས་ལ་སོགས་པའི་བག་ཆགས་ཀྱི་ཉེ་བར་བསགས་པ་ཡིན་པས་ན་སེམས་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ལུས་འདི་འཛིན་ཅིང་ལེན་པར་བྱེད་པ་དང༌། ལུས་འདི་ལ་གྲུབ་པ་དང༌། བདེ་བ་གཅིག་པའི་དོན་གྱིས་ཀུན་དུ་སྦྱོར་བ་དང༌། རབ་ཏུ་སྦྱོར་བར་བྱེད་པ་དང༌། གཟུགས་ལ་སོགས་པའི་ས་བོན་ཀུན་དུ་བསགས་པ་དང༌། ཉེ་བར་བསགས་པའི་བག་ཆགས་སོགས་པར་བྱེད་པ་ཉིད་དེའི་ལས་ཡིན་ཏེ། སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ལས་ནི་སྣོད་རྣམ་པར་རིག་པ་དང༌། གནས་རྣམ་པར་རིག་པར་བྱེད་པའོ་ཞེས་སྨོས་པ་ཡང་སྐབས་འདི་ཉིད་ཀྱིས་བསྟན་ཏེ། དེ་ནི་ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནང་གི་ལེན་པ་རྣམ་པ་གཉིས་ལ་བརྟེན་ཏེ་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བས། དེ་ཕྱིན་ཆད་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པས་འཇུག་པ་ན་ལེན་པའི་རྣམ་པར་ཤེས་པ་དེ་ཉིད་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཇི་ལྟར་འབྱུང་ཞིང༌། ཡུལ་རྣམས་ལ་རེག་པའི་རིམ་གྱིས་འཁོར་བར་འཇུག་ཅིང་མི་ཤེས་པའི་གཉེན་པོར་དེ་དག་གི་ཚུལ་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་དག་གིས་ཅི་རིགས་པར་སྟོན་ཏོ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་ཅེས་བྱ་བས་ནི་དེ་དག་དང་མཚུངས་པའི་མིག་ལ་སོགས་པ་མ་གཏོགས་པར་མཚུངས་པའི་མིག་བསྟན་ཏེ། དེས་ནི་མིག་གི་


DTG205_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ལྷན་ཅིག་འབྱུང་བའི་གནས་བསྟན་ཏོ། །གཟུགས་རྣམས་ཞེས་བྱ་བས་ནི་གཟུགས་བསྟན་དུ་མེད་ལ། ཐོགས་པ་དང་བཅས་པ་ལ་སོགས་པ་མ་གཏོགས་པར་གཟུགས་བསྟན་དུ་ཡོད་ལ། ཐོགས་པ་དང་བཅས་པ་བསྟན་ཏེ། དེས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པ་བསྟན་ཏོ། །མིག་གི་རྣམ་པར་ཤེས་པ་འབྱུང་སྟེ་ཞེས་བྱ་བས་ནི་མིག་ལ་བརྟེན་ནས་གཟུགས་སོ་སོར་རིག་པའི་རྣམ་པར་ཤེས་པ་བསྟན་ཏེ། དེས་ནི་མིག་གི་རྣམ་པར་ཤེས་པའི་ངོ་བོ་བསྟན་ཏོ། །མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ་དང༌། སྤྱོད་ཡུལ་མཚུངས་པ་དང༌། རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་བྱ་བ་ལ། ལྷན་ཅིག་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་སྟེ། དེས་ནི་ཆིག་གི་རྣམ་པར་ཤེས་པ་དང༌། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་བསྟན་ཏོ། །དུས་མཚུངས་པ་ཞེས་བྱ་བས་ནི་སྐད་ཅིག་ཁོ་ན་ལ་སྔ་ཕྱི་མེད་པར་འབྱུང་བ་སྟེ། དེས་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པ་བསྟན་ཏོ། །སྤྱོད་ཡུལ་མཚུངས་པ་ཞེས་བྱ་བས་ནི་དམིགས་པའི་རྣམ་པ་གཅིག་ཁོ་ན་ལ་བར་དུ་མ་ཆོད་པར་འབྱུང་བ་སྟེ། དེ་ས་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པས་འཇུག་པ་རྣམ་པར་ཤེས་པ་བསྟན་ཏོ། །གྲོགས་དང་མཚུངས་པར་ལྡན་པར་འཇུག་པ་རྣམ་པར་གཞག་པ་ཡང་ཅི་རིགས་པར་རིག་པར་བྱ་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བའི་ཆོས་ཀུན་དུ་འགྲོ་བ་ལྔ་པོ་ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དག་གོ །ཀུན་དུ་འགྲོ་བ་ལྔ་པོ་དེ་དག་ནི་གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་ན། གདོན་མི་ཟ་བར་འབྱུང་བ་ཡིན་པས་ན་གྲོགས་ཀྱང་ཡིན་ལ་མཚུངས་པར་ལྡན་པས་འཇུག་པ་ཡང་ཡིན་ཏེ། ཇི་ལྟར་གདོན་མི་ཟ་བར་འབྱུང་ཞེ་ན། བཅོམ་ལྡན་འདས་ཀྱིས་མིག་ཀྱང་ཡོངས་སུ་མ་ཉམས་ལ། གཟུགས་


DTG205_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྣང་བར་འགྱུར་དུ་ཟིན་ཀྱང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཉེ་བར་གནས་པར་མ་གྱུར་ན། དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། འདི་ལྟར་མིག་ཀྱང་ཡོངས་སུ་མ་ཉམས་ལ་གཟུགས་ཀྱང་སྣང་བར་གྱུར་ཅིང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན་དེའི་ཕྱིར་དེ་དང་འབྱུང་གི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། གསུམ་འདུས་བའི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པའོ་ཞེས་གསུངས་པས། དེའི་ཕྱིར་དེ་དག་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཚེ་ན་གདོན་མི་ཟ་བར་འབྱུང་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་ལྔ་ཁོ་ནར་ངེས་ཤེ་ན། དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡུལ་གྱི་ལོངས་སྤྱོད་ཀྱི་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་ནི་ཉུང་བ་མ་ཡིན་ལ། འདུན་པ་དང་མོས་པ་ལ་སོགས་པས་གཞན་དག་གི་ཡུལ་སོ་སོར་ངེས་པ་ཡིན་པས་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་ནི་མང་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཡིད་ལ་བྱེད་པ་དང་སེམས་པ་མེད་ན་མ་བསྒྲུབས་ཤིང་མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་མི་འབྱུང་ལ། འདུ་ཤེས་དང་ཚོར་བ་མེད་ན་ཡུལ་ལ་མཚན་མར་འཛིན་པ་དང༌། མྱོང་བ་མེད་པར་འགྱུར་བས་རྣམ་པར་ཤེས་པ་འབྱུང་བ་ནི་དོན་མེད་པར་འགྱུར་རོ། །རེག་པ་མེད་ན་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དག་ཀྱང་རྟེན་མེད་པས་མི་འབྱུང་བའི་ཕྱིར་ལྔ་ལས་ཉུང་བ་ཡང་མ་ཡིན་ལ། འདུན་པ་ནི་འདོད་པའི་དངོས་པོ་ཁོ་ན་ལས་བྱུང་གི་གཞན་ཡང་མ་ཡིན་ལ། མོས་པ་ཡང་ངེས་པའི་དངོས་པོ་ཁོ་ན་ལས་བྱུང་ཞིང་གཞན་ལ་མ་ཡིན་ཏེ། དེ་དག་ལ་སོགས་པ་གཞན་ཡང་འཁྲུལ་པ་ཡོད་པས་མ་ངེས་པའི་ཕྱིར་ལྔ་ལས་མང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཀུན་དུ་འགྲོ་བ་ནི་ལྔ་ཁོ་ནར་ཟད་དོ་ཞེས་གསུངས་སོ། །ཀུན་དུ་འགྲོ་བ་ལྔ་པོ་དེ་དག་ནི་རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དང་ལྷན་ཅིག་འབྱུང་བ་ཡིན་པས་མིག་གི་རྣམ་པར་ཤེས་པའི་སྐབས་འདིར་ཡང་གནས་དང༌། དམིགས་པ་དང༌། གནས་པ་དང༌། རྫས་དང༌། དུས་མཚུངས་


DTG205_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇུག་པར་རིག་པར་བྱའོ། །དེ་ལྟ་མོད་ཀྱི་སྒོ་ལྔའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དབང་གིས་དགེ་བའམ། མི་དགེ་བའི་རྒྱུད་དུ་འབྱུང་བར་ཟད་ཀྱི། ངོ་བོ་ཉིད་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་དག་རྟོག་པ་བྱེད་པའི་ཕྱིར་ངོ་བོ་ཉིད་ཀྱི་ལུང་དུ་མ་བསྟན་པ་ཡིན་པས། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །སེམས་ལས་བྱུང་བའི་ཆོས་གཞན་གང་དག་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་མཚུངས་བར་ལྡན་པ་དེ་དག་ནི་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། འདུན་པ་ལ་སོགས་པ་ཡུལ་སོ་སོར་ངེས་པ་ལྔ་དང༌། དད་པ་ལ་སོགས་པ་དགེ་བ་བཅུ་གཅིག་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་དང༌། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་མང་པོ་དག་ནི་རྣམ་པ་དུ་མ་ཡོད་པ་བཞིན་དུ་དེ་དག་གི་དམིགས་པ་ཡང་དུ་མ་ཡོད་པ་མ་ཡིན་ཏེ། ཡུལ་དྲུག་པོ་གང་ཡང་རུང་བ་ཅིག་གི་སྤྱི་ལ་དམིགས་པས་ན་དམིགས་པ་ཅན་གཅིག་པ་ཞེས་གསུངས་སོ། །ད་ལྟར་དམིགས་པའི་དངོས་པོ་གཅིག་ཡིན་པས་དམིགས་པར་མཚུངས་ཀྱང་དམིགས་པའི་དངོས་པོ་གཅིག་ལ་ཡང་རྣམ་པ་དུ་མ་ཡོད་དེ། དམིགས་པའི་རྣམ་པ་ཐ་དད་པས་དེ་འཛིན་པའི་སེམས་ལས་བྱུང་བ་ཡང་རྣམ་པ་ཐ་དད་པའི་ཕྱིར་རྣམ་པ་དུ་མ་ཞེས་གསུངས་སོ། །དམིགས་པའི་རྣམ་པ་གཅིག་ལ་སེམས་ལས་བྱུང་བ་ཡང་སྡེ་ཚན་གཅིག་ལས་རྫས་གཅིག་ཁོ་ནར་འབྱུང་གི །གཉིས་པ་མི་འབྱུང་བས་རེ་རེ་འབྱུང་ཞེས་གསུངས་ཏེ། དེ་དག་གི་ཚུལ་ནི་ཞིབ་ཏུ་འོག་ནས་བསྟན་ཏོ། །རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་གི་དངོས་པོ་འཇུག་པ་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་བའི་ངོ་བོ་ཉིད་བསྟན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་གསུམ་སྟེ། ཉེ་བར་གནས་པ་ལས་བྱུང་བ་དང༌། ཚོར་བ་དང་ངེས་པའོ། །དེ་ལ་ཉེ་བར་གནས་པ་ལས་བྱུང་བ་ནི་སྐད་ཅིག་མ་དང་པོ་ལ། དམིགས་པ་ཉེ་བར་གནས་པ་ལ་བརྟེན་ནས། སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་རང་གི་མཚན་ཉིད་ལ་དམིགས་པ་ཡིན་


DTG205_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཚོར་བ་ནི་སྐད་ཅིག་མ་གཉིས་པ་ལ་སྔ་མའི་རྗེས་སུ་སྤྱོད་པ་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་ནོ། །ངེས་པ་ནི་སྐད་ཅིག་མ་གསུམ་པ་ལ་ཡུལ་ངེས་པར་གཅོད་པ་ལ་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་ནོ། །སྐབས་འདིར་ནི་ཉེ་བར་གནས་པ་ལས་བྱུང་བ་ཡིན་པར་རིག་པར་བྱའོ། །དེ་དག་གི་ཚུལ་བཞིན་དུ་བཤད་ན། དེ་ལ་ཉེ་བར་གནས་པ་ལས་བྱུང་བ་ཞེས་བྱ་བ་ནི་འབྱུང་བའི་རྐྱེན་ཉེ་བར་གནས་པ་ལས་བྱུང་བ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་རང་གི་མཚན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་གྱི། སྤྱིའི་མཚན་ཉིད་ལ་དམིགས་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་དམིགས་པ་ལ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་ལན་འགའ་ནི་རང་གི་ཡུལ་གྱི་རང་གི་མཚན་ཉིད་འབའ་ཞིག་ལ་གནས་སོ། །ལན་འགའ་ནི་རང་དང་གཞན་གཉིས་ཀའི་ཡུལ་གྱི་རང་གི་མཚན་ཉིད་ལ་དུས་གཅིག་ཁོ་ན་དམིགས་པར་བྱེད་དོ། །དེ་ལ་རེ་ཞིག་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པ་ནི་གཟུགས་མེད་པའི་ཁམས་སམ། གཟུགས་ཅན་གྱི་ཁམས་ན་ཡང༌། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ་ཉེ་བར་གནས་པར་མ་གྱུར་པའི་གནས་སྐབས་ན་རང་གི་ཡུལ་ཆོས་ཀྱི་ཁམས་བདུན་པོ་དག་ལས་གང་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་ཡུལ་དང༌། དུས་དང༌། རང་བཞིན་གྱིས་མ་བསྐལ་བས་བསྡུས་པ་གང་ཡིན་པ་དེ་དང༌། སྐད་ཅིག་གཅིག་ལ་དུས་གཅིག་ཁོ་ནར་འབྱུང་ཞིང་ཡུལ་དེ་ལ་བྱེ་བྲག་ཏུ་གཅོད་པ་ནི་མི་བྱེད་པར་དེའི་དོན་ཙམ་ལ་དམིགས་པར་བྱེད་པ་སྟེ། དེ་ནི་ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ནོ། །རང་དང་གཞན་གཉིས་ཀའི་ཡུལ་གྱི་རང་གི་མཚན་ཉིད་ལ་དུས་གཅིག་ཁོ་ནར་དམིགས་པ་ནི་རང་གི་ཡུལ་དང་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་རྐྱེན་ཇི་ལྟ་བ་བཞིན་དུ། ཡུལ་གཅིག་གམ་གཉིས་སམ། ལྔ་ཆར་གྱི་བར་དག་ལས་གང་ཡང་རུང་བ་གཅིག་གམ་གཉིས་སམ། ལྔ་ཆར་གྱི་བར་དག་ཉེ་བར་གནས་པར་གྱུར་མ་ཐག་ཏུ་རང་གི་ཡུལ་ཉེ་བར་གནས་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་ལ་ཡང་དམིགས་བཞིན་དུ་སྒོ་ལྔའི་ཡུལ་དེ་དག་ལ་ཡང༌། སྒོ་ལྔའི་དབང་པོ་གང་གི་ཡུལ་གྱི་ཡུལ་ཉེ་བར་གནས་པར་གྱུར་པའི་དབང་པོ་གང་ཡང་རུང་བ་གཅིག་གམ། ལྔ་ཆར་གྱི་བར་དང་དེ་དང་འབྱུང་བ་


DTG205_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ལྔའི་རྣམ་པར་ཤེས་པ་ཡང་གང་གི་ཡུལ་ཉེ་བར་གནས་པར་གྱུར་པའི་རྣམ་པར་ཤེས་པ་གང་ཡང་རུང་བ་གཅིག་གམ་ལྔ་ཆར་གྱི་བར་གྱི་ཡུལ་དང༌། དབང་པོ་དང་རྣམ་པར་ཤེས་པ་དེ་དག་དང༌། སྐད་ཅིག་དང་པོ་ལ་དུས་གཅིག་ཁོ་ནར་ལྷན་ཅིག་འབྱུང་ཞིང༌། ཡུལ་དེ་ལ་བྱེ་བྲག་ཏུ་གཅོད་པར་ནི་མི་བྱེད་པར་དེའི་རང་གི་མཚན་ཉིད་ཀྱི་དོན་ཙམ་ལ་དམིགས་པར་བྱེད་པ་སྟེ། དེ་ཡང་ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ནོ། །ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་འབྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ཀྱང་ཉེ་བར་གནས་པ་ལས་བྱུང་བ་ཞེས་བྱ་སྟེ། དེ་དག་ཀྱང་དབང་པོ་དང་ཡུལ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ལ་སོགས་པ་འབྱུང་བའི་རྐྱེན་ཉེ་བར་གནས་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་སྤྱིའི་མཚན་ཉིད་ལ་དམིགས་པ་མ་ཡིན་ཏེ། རང་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་བྱེ་བྲག་ཏུ་གཅོད་པར་མི་བྱེད་པར་དོན་ཙམ་ལ་དམིགས་པར་བྱེད་པ་ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ལ་བྱེ་བྲག་ཏུ་ན་དེ་དག་གི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཉིད་ཡིན་ནོ། །དེ་ལ་ཚོལ་བ་ཞེས་བྱ་བ་ནི་དེ་ལྟར་སྐད་ཅིག་དང་པོ་ལ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་ཏེ་སྐྱེས་ཀྱང་རུང་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་ལ་དམིགས་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་ཀྱང་རུང་སྟེ། དེར་སྐྱེས་པའི་མཇུག་ཐོགས་ཁོ་ནར་སྐད་ཅིག་གཉིས་པ་ལ་འབྱུང་ཞིང༌། སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པའི་ཡུལ་དེ་འདས་པ་དེ་ཡང་རུང༌། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ་ལ་དམིགས་པའི་ཡུལ་འདས་པ་དེ་ཡང་རུང་སྟེ། དེས་ཡུལ་གྱི་རང་གི་མཚན་ཉིད་ཀྱི་དོན་ཙམ་སོ་སོར་རིག་པའི་ཡུལ་འདས་པ་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་དེ་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་གང་ཡིན་པ་སྟེ། དེ་ནི་དོན་ལ་རྣམ་པར་རྟོག་པ་དང་བཅས་པ་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ལ་རྗེས་སུ་དཔྱོད་པ་དང་མཐུན་པ་ཡིན་ནོ། །དེ་ལ་གང་གི་ཚེ་སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེས་སྒོ་ལྔའི་རྣམ་པར་ཤེས་


DTG205_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་གྱི་ཡུལ་ཉེ་བར་མ་གྱུར་པའི་གནས་སྐབས་ན་རང་གི་ཡུལ་ཆོས་ཀྱི་ཁམས་བདུན་པོ་དག་ལས་གང་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་སོ་སོར་རིག་པའི་ཡུལ་འདས་པ་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་དེ་ཉིད་ཀྱི་ཚེ་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་དེའི་ཚེ་ན་ནི་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་ནོ། །གང་གི་ཚེ་སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེས་རང་དང་གཞན་གྱི་ཡུལ་རྐྱེན་ཇི་ལྟ་བ་བཞིན་དུ། དུས་གཅིག་ཏུ་ཉེ་བར་གནས་པར་གྱུར་པ་དེ་གཉིས་ཀའི་རང་གི་མཚན་ཉིད་སོ་སོར་རིག་པའི་ཡུལ་འདས་པ་དེ་གཉིས་ཀའི་སྤྱིའི་མཚན་ཉིད་གང་དག་ཡིན་པ་དེ་དག་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་དེའི་ཚེ་ན་ནི་རང་དང་གཞན་གཉིས་ཀའི་སྤྱིའི་མཚན་ཉིད་ལ་དུས་གཅིག་ཁོ་ནར་དམིགས་པ་ཞེས་བྱའོ། །དེ་ལ་ངེས་པ་ཞེས་བྱ་བ་ནི་དེ་ལྟར་སྐད་ཅིག་གཉིས་པ་ལ་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་མཇུག་ཐོགས་ཁོ་ནར་སྐད་ཅིག་མ་གསུམ་པ་ལས་འབྱུང་ཞིང་སྔར་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་ཀྱང་རུང༌། རང་དང་གཞན་གཉིས་ཀའི་ཡུལ་གྱི་སྤྱིའི་མཚན་ཉིད་ཀྱང་རུང་སྟེ། སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱས་པའི་ཡུལ་འདས་པ་དེ་ཉིད་ལ་དེ་ནི་སྔོན་པོའོ། །དེ་ནི་སེར་པོའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་འདུ་ཤེས་དང་འབྲེལ་བའི་དྲན་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་བྱེ་བྲག་ཏུ་གཅོད་པ་གང་ཡིན་པ་དེ། དེ་ནི་དོན་ལ་རྣམ་པར་རྟོག་པ་དང༌། དོན་དེའི་མིང་ལ་དམིགས་པར་བྱེད་པ་ཡང་ཡིན་ནོ། །དེ་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་འབའ་ཞིག་ལ་དམིགས་པ་དང༌། རང་དང་གཞན་གཉིས་ཀའི་ཡུལ་གྱི་སྤྱིའི་མཚན་ཉིད་ལ་དུས་གཅིག་ཁོ་ནར་དམིགས་པའི་བྱེ་བྲག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་ན་གནས་སྐབས་ཐམས་ཅད་དུ་ཡང་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་སྒོ་ལྔའི་རྣམ་པར་ཤེས་པ་ནི་རང་གི་མཚན་ཉིད་ལ་དམིགས་པ་ཡིན་ལ། ཚོལ་བ་པ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ནི་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་སེམས་གསུམ་པོ་དེ་དག་ནི་སེམས་མེད་


DTG205_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སྐབས་དྲུག་པོ་གཉིད་ལོག་པ་སེམས་མེད་པའི་གནས་སྐབས་དང༌། བརྒྱལ་བ་སེམས་མེད་པའི་གནས་སྐབས་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་མ་གཏོགས་པ་དེ་ལས་བཟློག་པའི་གནས་སྐབས་དྲུག་པོ་དག་ན་ཡིད་ཀྱི་རྣམ་པར་ཤེས་པ་རང་དང་གཞན་གྱི་ཡུལ་ལ་སྐྱེ་བའི་གནས་སྐབས་ཐམས་ཅད་དུ་ཡང་རིམ་པ་དེ་ལྟར་འབྱུང་བར་རིག་པར་བྱའོ། །དེ་ལ་སྔར་ཡིད་ཀྱི་རྣམ་པར་ཤེས་པའི་ལམ་ནི་རང་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་དང༌། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང༌། དུས་གསུམ་རྣམ་པར་རིག་པར་བྱེད་པ་དང༌། སྐད་ཅིག་གི་རྒྱུན་རྣམ་པར་རིག་པ་ཞེས་སྨོས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་རང་གི་ཡུལ་ནི་ཆོས་ཀྱི་ཁམས་བདུན་ནོ། །གཞན་གྱི་ཡུལ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་གཟུགས་ལ་སོགས་པ་ལྔའོ། །དེ་གཉི་ག་ཡང་རང་དང་སྤྱིའི་མཚན་ཉིད་དང༌། དུས་གསུམ་དང༌། སྐད་ཅིག་གི་རྒྱུ་ཐམས་ཅད་ཀྱིས་བསྡུས་པ་ཡིན་ཏེ། དེ་ལ་རང་གི་མཚན་ཉིད་ནི་ད་ལྟར་བྱུང་བའི་དུས་དང་སྐད་ཅིག་གཅིག་གིས་བསྡུས་པ་དག་གོ །སྤྱིའི་མཚན་ཉིད་ནི་འདས་པ་དང་མ་འོངས་པའི་དུས་དང༌། སྐད་ཅིག་སྔ་ཕྱིའི་རྒྱུན་གྱིས་བསྡུས་པ་དག་ཡིན་ཏེ། རང་དང་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ད་ལྟར་བྱུང་བའི་དུས་དང་སྐད་ཅིག་གཅིག་གིས་བསྡུས་པ་ཡུལ་དང་ངོ་བོ་ཉིད་ཀྱིས་མ་བསྐལ་བ་དེ་དག་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ཡིན་ནོ། །དེ་དག་གི་སྤྱིའི་མཚན་ཉིད་འདས་པ་དང༌། མ་འོངས་པའི་དུས་དང༌། སྐད་ཅིག་སྔ་ཕྱིའི་རྒྱུན་གྱིས་བསྡུས་པ་ཡུལ་དང་ངོ་བོ་ཉིད་ཀྱིས་བསྐལ་པ་དག་ནི་འཚོ་བ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ལ་འཇུག་ཅེ་ན། རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་ལ། དེ་ལ་དམིགས་པ་ཉེ་བར་གནས་པ་ལས་འབྱུང་བའི་སེམས་དེ་ཡང་རྟོག་པ་མེད་པ་དང་མ་ནོར་བ་ཡིན་པའི་ཕྱིར་རོ། །


DTG205_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཚོལ་བ་པ་དང༌། ངེས་པ་གཉིས་སྤྱིའི་མཚན་ཉིད་ལ་འཇུག་ཅེ་ན། སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ལ། དེ་ལ་དམིགས་པའི་ཚོལ་བ་པ་དང༌། ངེས་པའི་སེམས་དེ་གཉིས་ཀྱང་རྟོག་པ་དང་བཅས་པ་དང༌། རྗེས་སུ་དཔོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྔར་སྒོ་ལྔའི་རྣམ་པར་ཤེས་པ་ལས་ནི་རང་གི་ཡུལ་རྣམ་པར་རིག་པར་བྱེད་པ་དང༌། ད་ལྟར་གྱི་དུས་རྣམ་པར་རིག་པར་བྱེད་པ་དང༌། སྐད་ཅིག་གཅིག་རྣམ་པར་རིག་པར་བྱེད་པ་ཞེས་སྨོས་པ་ནི་ཐམས་ཅད་ཀྱང་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཁོ་ན་ཡིན་པས་ན་མངོན་སུམ་གྱི་ཡུལ་ཡིན་ལ། སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཉེ་བར་གནས་པ་ལས་བྱུང་བ་ཁོ་ན་ཡིན་པས། མངོན་སུམ་གྱི་ཡུལ་ལ་འཇུག་པའི་ཕྱིར་དེ་དག་ནི་ཉེ་བར་གནས་པ་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་དམིགས་པ་མཚུངས་ཤིང་ཆ་མཐུན་པ་ཡིན་པས་ན་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉེ་བར་གྱུར་ན་ཡང་གཅིག་དང་ལྷན་ཅིག་འབྱུང་ལ། ལྔ་ཆར་གྱི་རྐྱེན་ཉེ་བར་གྱུར་ན་ཡང་ལྔ་ཆར་དང་དུས་གཅིག་ཁོ་ནར་ལྷན་ཅིག་འབྱུང་སྟེ། དེའི་ཕྱིར་ལུང་ལས། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གིས་ནི་ཅིག་ཅར་དུ་ཡུལ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དང༌། རང་གི་ཡུལ་དང་གཞན་གྱི་ཡུལ་ལ་ཡང་རྣམ་པར་རྟོག་པར་བྱེད་པས་ན། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དེའི་འཇུག་པ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་གསུངས་པ་ཡང་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉིད་ལས་དགོངས་པ་ཡིན་གྱི་ཚོལ་བ་པ་དང༌། ངེས་པ་གཉིས་ནི་མ་ཡིན་ཏེ། དེ་གཉིས་ནི་རང་གི་མཚན་ཉིད་ལ་འཇུག་མི་སྲིད་པ་དང༌། སྤྱིའི་མཚན་ཉིད་ལ་ཡང་གནས་སྐབས་ཐ་དད་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་དུས་གཅིག་ཏུ་རང་དང་གཞན་གྱི་ཡུལ་གྱི་མཚན་ཉིད་ཀྱིས་བསྡུས་པ་ཐ་དད་པ་འཛིན་པ་འདི་ལ་ནི་འགལ་བ་ཡང་མེད་ལ། རྣམ་པར་ཤེས་པའི་རྫས་གཅིག་ཁོ་ནར་ཟད་པ་རིགས་མཐུན་པའི་སེམས་གཉིས་སམ། གསུམ་མམ། མང་པོ་ལྷན་ཅིག་བྱུང་བ་ཡང་མ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པས་དངོས་པོ་གཅིག་


DTG205_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་དུ། རེས་འགའ་ནི་གཟུགས་ཀྱི་རྣམ་པར་རིགས་གཅིག་པར་སྣ་ཚོགས་མ་ཡིན་པ་གཅིག་ཏུ་འཛིན་པར་བྱེད་ལ། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་པར་བྱེད་པ་ལ། འགལ་བ་མེད་ཅིང་རྣམ་པར་ཤེས་པའི་རྫས་གཅིག་ཁོ་ནར་ཟད་པས་རིགས་མཐུན་པའི་སེམས་གཉིས་ལྷན་ཅིག་འབྱུང་བ་ཡང་མ་ཡིན་པ་བཞིན་ནོ། །དེ་ལ་དང་པོ་ཉེ་བར་གནས་པ་ལས་བྱུང་བའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོགས་དང་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བའི་ཆོས་ཀུན་དུ་འགྲོ་བ་ལྔ་པོ་དག་ཁོ་ནར་ཟད་དེ། འདུན་པ་ལ་སོགས་པ་གཞན་ནི་མི་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་ན་ཡུལ་ལ་བྱེ་བྲག་ཏུ་གཅོད་པར་མི་བྱེད་པས་དེ་དག་གི་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཚེ་ན་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡུལ་བྱེ་བྲག་ཏུ་གཅོད་པར་མི་བྱེད་ན་ཅིའི་ཕྱིར་རྣམ་པར་རྟོག་པ་ཞེས་བྱ་ཞེ་ན། དེ་ནི་དེའི་ཚེ་རྟོག་པ་ཤས་ཆུང་བས་དམིགས་པའི་ཡུལ་གང་གིས་རྣམ་པར་ཤེས་པ་དེ་ལ་ཡུལ་གྱི་རྣམ་པ་བསྐྱེད་པའི་རྣམ་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་དུ་རྣམ་པར་ཤེས་པ་དེ་སྐྱེ་ཞིང་ཡུལ་བྱེ་བྲག་ཏུ་གཅོད་པར་མི་བྱེད་པའི་ཕྱིར་ནི་མངོན་སུམ་གྱི་ཡུལ་འཛིན་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་དག་ལ་སོགས་པ་ལྟར་རང་བཞིན་གྱིས་རྣམ་པར་མི་རྟོག་པ་ཡང་མ་ཡིན་ལ། དེ་མ་ཐག་ཏུ་ཚོལ་བ་པ་དང༌། ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་རྣམ་པར་རྟོག་པ་རགས་པ་དང་ལྡན་པ་དག་ཀྱང་བསྐྱེད་ཅིང་དེ་དག་གིས་ཡུལ་གྱི་སྤྱིའི་མཚན་ཉིད་ལ་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ཚོལ་བ་པའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོགས་ཀུན་དུ་འགྲོ་བ་ལྔ་པོ་དེ་དག་ཉིད་དང་འདུན་པ་ཡང་འབྱུང་བར་འགྱུར་ཏེ། འདུན་པ་ནི་འདོད་པའི་དངོས་པོ་ཁོ་ན་ལས་འབྱུང་ལ། ཚོལ་བ་ལ་ཡང་ཉེ་བར་གནས་པ་ལས་བྱུང་བའི་རྣམ་པར་ཤེས་པས་དམིགས་པའི་རང་གི་མཚན་ཉིད་སོ་སོར་རིག་པའི་ཡུལ་འདས་པ་དེ་ཉིད་ལ། སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་པས་དེ་ཉིད་འདུན་པའི་དམིགས་པ་ཡིན་པའི་ཕྱིར་རོ། །དེའི་སྐབས་ན་མོས་པ་ལ་སོགས་པ་


DTG205_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བའི་ཆོས་ལྷག་མ་གཞན་ནི་མི་འབྱུང་སྟེ། དེའི་ཚེ་ན་ཡུལ་མ་ངེས་པས་དེ་དག་གི་དམིགས་པ་མེད་པའི་ཕྱིར་རོ། །ངེས་པའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོགས་ཀུན་དུ་འགྲོ་བ་ལྔ་པོ་དེ་དག་ཉིད་དང༌། སེམས་ལས་བྱུང་བའི་ཆོས་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་དེ་དག་ཀྱང་རང་རང་གི་དམིགས་པ་དང་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་འབྱུང་ངོ༌། །ངེས་པའི་སེམས་དེ་ཚུན་ཆད་ནི་ཡུལ་བྱེ་བྲག་ཏུ་བཅད་ཟིན་པའི་ཕྱིར་རང་གི་འདོད་ཆགས་ལ་སོགས་པའམ། དད་པ་ལ་སོགས་པ་དང་ལྡན་པས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་ཞིང་དེ་མ་ཐག་ཏུ་སྒོ་ལྔའི་རྣམ་པར་ཤེས་པ་དགེ་བའམ་མི་དགེ་བདག་འཕེན་པར་བྱེད་པས་དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་སྒོ་ལྔའི་རྣམ་པར་ཤེས་པ་དག་ཀྱང་དགེ་བའམ་མི་དགེ་བའི་རྒྱུ་འབྱུང་བར་འགྱུར་ཏེ། རང་གི་རྟོག་པའི་དབང་གིས་ནི་མ་ཡིན་ནོ། །དེ་ལྟར་སྐད་ཅིག་དང་པོ་ལ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ཡུལ་གྱི་མཚན་ཉིད་ལ་དམིགས་ཏེ་འབྱུང་བ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་རྣམས་དང་དུས་གཅིག་ཏུ་བྱུང་བའི་གནས་སྐབས་ན་གྲོགས་དེ་དག་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་ཀུན་དུ་འགྲོ་བ་ལྔ་པོ་དག་ཁོ་ནར་ཟད་དེ། འདུན་པ་ལ་སོགས་པ་གཞན་དག་མི་འབྱུང་ན་སྒོ་ལྔའི་རྣམ་པར་ཤེས་པ་ཡང་སེམས་ལས་འབྱུང་བའི་ཆོས་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པ་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་ནོ་ཞེས་བྱ་བ་དེ་སྒོ་ལྔའི་རྣམ་པར་ཤེས་པ་ནི་སྐད་ཅིག་དེ་ཉིད་ལ་བྱུང་མ་ཐག་ཏུ་གཏན་འགག་ཅིང་དུས་ཕྱི་མར་སྡོད་པ་མེད་པས་ཇི་ལྟར་རུང་ཞེ་ན། དེ་ནི་སྔར་དེ་དག་གི་ལས་བཤད་པའི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་དོ་ཞེས་བྱ་བ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་ཡང༌། ཡིད་ཀྱི་རྣམ་པར་ཤེས་པའི་དགེ་བ་དང་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པར་བྱེད་དོ་ཞེས་བསྟན་པས་རིག་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྔར་སྐད་ཅིག་གསུམ་པ་ལ་ངེས་པའི་སེམས་སྐྱེས་པའི་གནས་སྐབས་ན་གྲོགས་


DTG205_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བའི་ཆོས་ཀུན་དུ་འགྲོ་བ་ལྔ་དང་ལྡན་ཞིང་དགེ་བ་དང༌། ཉོན་མོངས་པ་དང༌། ལུང་དུ་མ་བསྟན་པ་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་རྣམས་ལས་ཀྱང་དགེ་བའམ། ཡང་ན་ཉོན་མོངས་པའམ། ཡང་ན་ལུང་དུ་མ་བསྟན་པ་གང་ཡང་རུང་བ་ཅིག་གི་ཡུལ་ཉེ་བར་གནས་པ་ངེས་པར་གྱུར་པ་ན། སྐད་ཅིག་དེ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ངེས་པ་དེ་ཉིད་ཇི་སྲིད་དུ་གཞན་དུ་མ་ཡེངས་ཀྱི་བར་དུ་དམིགས་པ་མཚུངས་པ་དེ་ཉིད་ལ་སེམས་ལས་བྱུང་བ་དགེ་བའམ། ཉོན་མོངས་པའམ། ལུང་དུ་མ་བསྟན་པ་གང་ཡང་རུང་བ་པ་མང་པོ་པ་དེ་དག་དང་གནས་དང། དམིགས་པ་དང༌། རྣམ་པ་དང༌། རྫས་དང༌། དུས་མཚུངས་པས་མཚུངས་པར་ལྡན་ཞིང་འབྱུང་སྟེ། དེའི་ཚེ་ན་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་ཉིད་སེམས་ལས་བྱུང་བ་གང་ཡང་མཚུངས་པར་ལྡན་པ་དེ་ཉིད་ཀྱི་དབང་གིས་ཡང་ན་ནི་དགེ་བར་འགྱུར། ཡང་ན་ནི་ཉོན་མོངས་པར་འགྱུར། ཡང་ན་ནི་ལུང་དུ་མ་བསྟན་པར་འགྱུར་ཞིང༌། ངེས་པའི་སེམས་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་དུ་འགྲོ་བ་ལྔ་པོ་དང༌། ས་མང་པོ་པ་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པ་གང་དག་དང་མཚུངས་པར་ལྡན་པ་དེ་དག་གི་དབང་གིས་དེའི་མཇུག་ཐོགས་སུ་འབྱུང་བའི་སྐད་ཅིག་ཕྱི་མ་ལ་ཉེ་བར་གནས་པ་ལས་བྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་འཕེན་པར་བྱེད་དེ། དེས་འཕངས་ནས་སྐད་ཅིག་ཕྱི་མ་དེ་ལ་ཉེ་བར་གནས་པ་ལས་བྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་སྔར་བསྟན་པའི་ཚུལ་བཞིན་དུ་རང་གི་ཡུལ་ལ་དབང་པོ་དང༌། དེ་དང་ལྷན་ཅིག་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དུས་གཅིག་ཏུ་སྐྱེས་པ་དེ། དེ་ཉིད་འཕེན་ཅིང་ཀུན་ནས་སློང་བའི་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་ལྡན་པས་ཀུན་ནས་བསླང་བ་ཡིན་ན་ནི་དགེ་བ་དང་ལྡན་པ་ཞེས་བྱའོ། །ཉོན་མོངས་པ་དང་ལྡན་པས་ཀུན་ནས་བསླང་བ་ཡིན་ན་ནི་ཉོན་མོངས་པ་དང་ལྡན་པ་ཞེས་བྱ། ལུང་དུ་མ་བསྟན་པ་དང་ལྡན་པས་ཀུན་ནས་བསླང་བ་ཡིན་ན་ནི་ལུང་དུ་མ་བསྟན་པ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་སྒོ་ལྔའི་རྣམ་པར་ཤེས་པ་དེ་ཉིད་ནི་ཆོས་ལས་བྱུང་བའི་སེམས་དགེ་བ་དང་མི་དགེ་བ་དག་གི་རྫས་དངོས་


DTG205_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་མ་ཡིན་གྱི། འཕེན་པ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ། ཉོན་མོངས་པའམ། ལུང་དུ་མ་བསྟན་པ་གང་དང་ལྡན་པས་འཕངས་པ་དེའི་དབང་ཁོ་ནས་དགེ་བའམ། ཉོན་མོངས་པའམ། ལུང་དུ་མ་བསྟན་པའི་རྒྱུད་དུ་འབྱུང་བའི་ཕྱིར་དེ་ནི་གཞན་གྱི་དབང་ཁོ་ནས་འཇུག་པ་ཞེས་བྱའོ། །སྒོ་ལྔའི་རྣམ་པར་ཤེས་པ་ཡང་དེ་དག་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་ནོ་ཞེས་བྱ་བའི་སྒྲ་ནི་འཕེན་པ་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་དེ་དག་དང་མཚུངས་པར་ལྡན་པ་དེས་སྒོ་ལྔའི་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་བརྒྱུད་པའི་སྒོ་ནས་དེ་སྐད་གདགས་པར་ཟད་ཀྱི་དངོས་སུ་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྒོ་ལྔའི་རྣམ་པར་ཤེས་པ་ཉེ་བར་གནས་པ་ལས་འབྱུང་བ་སྐྱེས་པའི་སྐད་ཅིག་དེ་ཉིད་ཀྱི་གནས་སྐབས་ན་སེམས་ལས་བྱུང་བ་ཀུན་དུ་འགྲོ་བ་ལྔ་པོ་མ་གཏོགས་པ་གཞན་གང་ཡང་མེད་པས་དེའི་ཕྱིར་ལུང་ལས་ཀྱང༌། སྒོ་ལྔའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་གསུངས་པར་རིག་པར་བྱའོ། །སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང༌། བདག་ཉིད་གང་གིས་འཕངས་པའི་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་ལ་སོགས་པ་གང་དང་མཚུངས་པར་ལྡན་པས་འཕངས་ཤིང་བསྐྱེད་པ་དེ་དང་རྒྱུ་མཐུན་པར་དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པའི་རྒྱུད་དུ་འབྱུང་བར་ཟད་ཀྱི། དགེ་བ་ལ་སོགས་པའི་ཆོས་དེ་དག་དངོས་པོ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དགེ་བ་ལ་སོགས་པ་དེ་དག་ས་བོན་གྱི་གནས་དང་དེ་མ་ཐག་པའི་གནས་མ་གཏོགས་པར་ལྷན་ཅིག་འབྱུང་བའི་གནས་དང༌། དམིགས་པ་དང༌། རྣམ་པ་དང༌། རྫས་དང༌། དུས་རྣམས་ལས་གང་ཡང་མི་མཚུངས་པའི་ཕྱིར་རོ། །དེ་ལྟ་བས་ན་གཞུང་གཞན་དག་ལས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་ཅིང་རྣམ་པར་གཡེངས་པ་དང༌། མ་འདྲེས་པ་ལ་དམིགས་པ་ལ་ནི་འདུན་པ་ལ་སོགས་འཇུག་པ་མེད་དེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཉེ་བར་གནས་པ་ལས་བྱུང་བ་ཞེས་བརྗོད་པར་བྱའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་འཕེན་པས་ངེས་པའི་ཡིད་ཀྱི་རྣམ་


DTG205_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་དགེ་བ་དང༌། མི་དགེ་བ་ལ་སོགས་པའི་དབང་གིས་དེའི་མཇུག་ཐོགས་སུ་སྐད་ཅིག་ཕྱི་མ་ལ་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་དག་རྒྱུས་ཀུན་ནས་བསླང་བ་དང༌། དེའི་སྐད་ཅིག་མས་ཀུན་ནས་བསླང་བས་དགེ་བའམ། མི་དགེ་བ་ལ་སོགས་པའི་རྒྱུད་དུ་རྒྱུན་མི་འཆད་པར་འབྱུང་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དགེ་བ་དང༌། མི་དགེ་བའི་ཆོས་རྣམས་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་པ་ཞེས་བྱའོ། །ཉེ་བར་གནས་པ་ལས་བྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ཉིད་རྟོག་པ་མེད་པ་ཡིན་ཡང་དེས་དམིགས་པའི་ཡུལ་ཡིད་བདེ་བའམ། ཡིད་མི་བདེ་བའི་གནས་དང་མཐུན་པ་གང་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་ཀྱི་དོན་ཙམ་སོ་སོར་རིག་པ་ལ་བརྟེན་ནས། དེའི་རྗེས་ལ་ཚོལ་བ་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་འདས་པ་དེའི་སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱས་པ་ལ་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པས་བྱེ་བྲག་ཏུ་གཅོད་པ་ན། སྔར་ཉེ་བར་གནས་པ་ལས་བྱུང་བའི་རྣམ་པར་ཤེས་པས་ཡུལ་ཡིད་བདེ་བའི་གནས་དང་མཐུན་པའི་རང་གི་མཚན་ཉིད་སོ་སོར་རིག་པའི་སྤྱིའི་མཚན་ཉིད་ལ་བྱེ་བྲག་ཏུ་བཅད་ན་ནི་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དགེ་བར་འགྱུར་ལ། དེ་ལས་བཟློག་པ་ནི་ཉོན་མོངས་པ་ཅན་དུ་འགྱུར་བ་དེ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པའི་དགེ་བ་དང༌། ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་ཞེས་བྱ་སྟེ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་དང་གཞན་གྱི་དབང་གཉིས་ཀས་འཇུག་ལ། སྒོ་ལྔའི་རྣམ་པར་ཤེས་པ་ནི་གཞན་གྱི་དབང་ཁོ་ནས་སོ། །སྔར་དེ་དག་གི་ལས་བཤད་པའི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ལམ་རྣམས་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་དོ་ཞེས་བྱ་བ་དང༌། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡང་ཡོངས་སུ་འཛིན་ཏེ། དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ་ཞེས་བྱ་བ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཀུན་ནས་སློང་བའི་རྗེས་སུ་འཇུག་པ་དང༌། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བསྟན་པ་དག་ཀྱང་དགེ་


DTG205_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཉོན་མོངས་པ་ཅན་གྱི་ཚུལ་བསྟན་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དེ་དག་ནི་སྤྱིར་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་བསྟན་པ་ཡིན་གྱི། སྐབས་འདིར་མདོ་ལས་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་གསུངས་པ་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཉི་ཚེར་གཟུང་བར་བྱའོ། །འདིར་རྣམ་པར་ཤེས་པ་འཇུག་པའི་རབ་ཏུ་དབྱེ་བ་བསྟན་པ་ནི་མདོར་ན་ལྷན་ཅིག་བྱུང་བའི་མིག་གི་དབང་པོ་དང༌། དམིགས་པ་གཟུགས་དང༌། དེ་དང་བྱུང་བ་མིག་གི་རྣམ་པར་ཤེས་པ་དང༌། དེ་དང་ལྷན་ཅིག་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་ཁོ་ན་ལ་སྔ་ཕྱི་མེད་པར་དུས་གཅིག་ཏུ་འབྱུང་བར་བཞེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་གནས་ཡིན་ལ། གཟུགས་ནི་མིག་གི་རྣམ་པར་ཤེས་པ་གཟུགས་གང་གི་རྣམ་པ་སྐྱེས་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་ཡིན་པ་དང༌། དེ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པ་ཡང་འབྱུང་ངོ་ཞེས་གསུངས་པ་ཉིད་ཡིན་པས་དེ་དག་ནི་དུས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ལ་ལ་དག་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པ་ན། བརྟེན་ནས་ཞེས་བྱ་བའི་སྒྲ་སྐད་ཅིག་དང་པོ་ལ་མིག་དང་གཟུགས་ཕྲད་པ་ལ་བརྟེན་ནས་སྐད་ཅིག་གཉིས་པ་ལ་མིག་གི་རྣམ་པར་ཤེས་པ་འབྱུང་ལ། སྐད་ཅིག་གསུམ་པ་ལ་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བས་དེ་དག་ནི་དུས་ཐ་དད་དོ་སྙམ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བརྟེན་ནས་ཞེས་བྱ་བའི་སྒྲ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་ལ་བརྟེན་ཏེ། འབྲས་བུ་འབྱུང་བའི་ཚུལ་བསྟན་པར་ཟད་ཀྱི། དུས་སྔ་ཕྱི་ཡོད་པ་ནི་མ་ཡིན་ཏེ། དཔེར་ན་མདུང་ཁྱིམ་དང་འདྲའོ། །དེ་ཡང་ཅིས་མངོན་ཞེ་ན། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནི་རྣམ་པ་བཅུ་གཉིས་སུ་གསུངས་ཏེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ།


DTG205_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐྱེད་པའི་ཕྱིར་འདི་སྐྱེ་བ་ཞེས་གསུངས་པ་ཡིན་ཏེ། དེ་ལ་འདི་ཡོད་པས་འདི་འབྱུང་ལ་ཞེས་བྱ་བས་ནི་སེམས་དང་སེམས་ལས་བྱུང་བ་དང༌། དབང་པོ་དང༌། ཡུལ་དང་རྣམ་པར་ཤེས་པ་ལ་སོགས་པ་དུས་གཅིག་ཏུ་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲས་བུ་མགོ་མཉམ་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་པས། འདིར་མིག་དང་གཟུགས་རྣམས་ལ་བརྟེན་ནས་ཞེས་བྱ་བ་ཡང་དེ་གཉིས་ནི་རྒྱུ་ཡིན་ལ། རྣམ་པར་ཤེས་པ་ནི་འབྲས་བུ་ཡིན་པས་རྒྱུ་ལ་བརྟེན་ཏེ་འབྲས་བུ་འབྱུང་ངོ་ཞེས་རྒྱུ་དང་འབྲས་བུའི་ཚུལ་བསྟན་པ་ཡིན་གྱི་དངོས་སུ་ན་དེ་དག་ནི་དུས་གཅིག་པ་ཡིན་ཏེ། འདི་ལྟར་མིག་ནི་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་འབྱུང་བའི་གནས་ཡིན་ལ། གཟུགས་ནི་མིག་གི་རྣམ་པར་ཤེས་པའི་གཟུགས་གང་གི་རྣམ་པར་སྐྱེས་པ་དེ་ཉིད་ཀྱི་མཚན་ཉིད་ཡིན་པས་དེ་དག་ནི་སྔ་ཕྱི་མེད་དེ། དཔེར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་རྒྱུ་དང་འབྲས་བུ་ཡིན་ཡང་དུས་མཚུངས་པ་དང་འདྲའོ། །དེ་ལ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་དུས་སྔ་ཕྱིར་བྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་ནི་སྔ་ལ། འབྲས་བུ་ནི་འཕྱི་བ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་པས་དེ་དག་ལ་ནི་སྔ་ཕྱི་ཡོད་པས་རྟག་ཏུ་རུང་གི །མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པ་ལ་ནི་སྔ་ཕྱི་མེད་དེ། དུས་གཅིག་པ་ཡིན་པར་རིག་པར་བྱའོ། །མིག་གི་རྣམ་པར་ཤེས་པས་དྲངས་ནས་སྐད་ཅིག་གསུམ་པ་ལ་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་དེ་ཡང་ཉེ་བར་གནས་པ་ལས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པར་བྱར་ནི་མི་རུང་སྟེ། དེ་ནི་མདོ་འདི་ཉིད་ལས་ཀྱང༌། མིག་གི་རྣམ་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ། །དུས་དང་དམིགས་པ་ཐ་དད་ཅེས་བྱར་ཡང་མི་རུང་ལ། གཞུང་གཞན་དག་ལས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་དང་གཞན་གྱི་ཡུལ་ལ་འཇུག་གོ་ཞེས་འབྱུང་བས། མིག་གི་ཡུལ་ལ་ཡང་འཇུག་པར་ནི་ངེས་ན། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་སྐད་ཅིག་གཅིག་རྣམ་པར་རིག་


DTG205_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་རང་གི་ཡུལ་སྐད་ཅིག་གཅིག་པ་ཉེ་བར་གྱུར་པ་དེ་ཉིད་ཀྱི་རྣམ་པ་སོ་སོར་རིག་ནས་ཡུལ་དང་བཅས་ཏེ་འགགས་པས་སྐད་ཅིག་ཕྱི་མ་ལ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ཙམ་ན་སྔ་མའི་མིག་དང༌། མིག་གི་རྣམ་པར་ཤེས་པ་དང༌། མིག་གི་ཡུལ་དེ་ཉིད་ལ་འགགས་ཟིན་པས། མིག་གི་ཡུལ་ཞེས་བྱ་བའི་རང་གི་མཚན་ཉིད་ཅི་ཡང་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་ཕྱི་མ་ལ་བྱུང་བ་དེ་མིག་གི་ཡུལ་ལ་དམིགས་ཞེས་བྱར་མི་རུང་ངོ༌། །མིག་གི་ཡུལ་ལ་ནི་མི་འཇུག་གི །མིག་གི་ཡུལ་འགགས་པའི་སྤྱིའི་མཚན་ཉིད་ལ་རྗེས་སུ་འཇུག་པ་ལ་བྱའོ་ཞེ་ན། དེ་ནི་ཚོལ་བའམ། ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གྱི་ཡུལ་གྱི་སྤྱིའི་མཚན་ཉིད་ལ་དམིགས་པ་ཉིད་ཡིན་པས་བརྩད་དུ་མེད་དེ། །དེ་ལྟ་ན་ལྷན་ཅིག་འབྱུང་བའི་གནས་མིག་གི་དབང་པོ་དང༌། དམིགས་པ་གཟུགས་དང༌། དེ་དང་འབྱུང་བ་མིག་གི་རྣམ་པར་ཤེས་པ་དང༌། དེ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། གྲོགས་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་ཀུན་དུ་འགྲོ་བ་ལྔ་ལ་སོགས་པས་མང་པོ་དག་ནི་སྐད་ཅིག་ཁོ་ན་ལ་དུས་གཅིག་ཏུ་འབྱུང་བར་རིག་པར་བྱའོ། །ཚུལ་དེ་ལྟར་བསྟན་པ་ནི་ཐེག་པ་ཆེན་པོའི་ངེས་པའི་དོན་རྣམ་པར་གཏན་ལ་དབབ་པའི་སྐབས་འདིར་སེམས་ཀྱི་འཇུག་པའི་ཚུལ་ཡང་དག་པར་བསྟན་པ་ཡིན་ནོ། །དྲང་བའི་དོན་གྱི་མདོ་ཁ་ཅིག་དང་ཉན་ཐོས་སྡེ་པ་གཞན་གྱི་ལུང་དག་ལས་ཚུལ་གཞན་དུ་བསྟན་པ་ནི་གདུལ་བ་བྱིས་པའི་ཤེས་རབ་ཅན་དག་གི་དབང་དུ་མཛད་པ་ཡིན་པས་དེ་དག་གི་རྗེས་སུ་འཇུག་པར་མི་བྱའོ། །ཆོས་འདི་པ་དང་གཞན་དག་གི་གང་ཟག་དག་གི་གཞུང་ལུགས་ཁ་ཅིག་ལས་གཞན་དུ་བཤད་པ་ནི་རྟོག་གེ་སྐམ་པོ་ཙམ་དུ་ཟད་པས་དེ་དག་དང་ལུང་འདི་ནི་བརྫུན་པར་ཡང་མི་བྱའོ། །བློ་གྲོས་ཡངས་པ་དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། རེག་བྱ་རྣམས་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ་ཞེས་བྱ་བས་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་བཞིའི་ལྷན་ཅིག་འབྱུང་བའི་གནས་དང༌། དམིགས་པ་དང་ངོ་བོ་ཉིད་བསྟན་ཏེ་སྔ་མ་བཞིན་དུ་རིག་པར་སྦྱར་རོ། །ལུས་ཀྱི་རྣམ་པར་


DTG205_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་དོ་ཞེས་བྱ་བས་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་བཞི་དང་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་དང༌། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པ་དང༌། དམིགས་པས་འཇུག་པ་རྣམ་པར་གཞག་པ་དང༌། གྲོགས་དང་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་དང༌། དེ་དག་དང་ལྷན་ཅིག་གི་ངོ་བོས་འཇུག་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་ཏེ། དེ་དག་ཀྱང་སྐད་ཅིག་གཅིག་ཁོ་ན་ལ་སྔ་ཕྱི་མེད་པར་འབྱུང་བར་རིག་པར་བྱ་སྟེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་ཅིག་བྱུང་ན་ནི་མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ༌། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ། གསུམ་མམ། བཞི་ལན་ཅིག་གམ་ལྔ་ཆར་ལན་ཅིག་བྱུང་ན་ཡང་དེར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་ཞེས་བྱ་བའི་ཚར་གྱིས་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རང་དང་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པ་དེ་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱི་རྐྱེན་ཇི་ལྟ་བ་བཞིན་དུ་གཅིག་གམ། གཉིས་སམ། ལྔ་ཆར་གྱི་བར་དང་ལྷན་ཅིག་འབྱུང་བ་ཉིད་ཀྱི་ཚུལ་སྟོན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ནི་ཕྱི་རོལ་གྱི་ཡུལ་གྱི་རྐྱེན་ལ་རག་ལས་པ་ཡིན་པས་འབྱུང་བའི་རིམ་པ་དང་དུས་ངེས་པ་མེད་དེ་གང་གི་རྐྱེན་ཉེ་བར་གནས་པར་གྱུར་པ་ཉིད་འབྱུང་ཞིང་གཞན་ནི་མི་འབྱུང་ངོ༌། །རྐྱེན་རྣམས་ལ་ཡང་ངེས་པ་མེད་དེ། ལན་འགའ་ནི་གཅིག་གི་རྐྱེན་ཉེ་བར་གནས་སོ། །ལན་འགའ་ནི་གཉིས་དང་གསུམ་དང་བཞིའམ། ལྔ་ཆར་གྱི་རྐྱེན་དུས་གཅིག་ཏུ་ཉེ་བར་གནས་པར་འགྱུར་རོ། །དེ་ལྟར་གཅིག་གི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གང་གི་རྐྱེན་ཉེ་བར་གནས་བ་དེ་ཉིད་ཀྱི་རྣམ་པར་ཤེས་པ་


DTG205_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཁོ་ན་རང་གི་རྐྱེན་ལ་བརྟེན་ཏེ་འབྱུང་ངོ༌། །རྐྱེན་གཉིས་དང་གསུམ་དང་བཞིའམ་ལྔ་ཆར་དུས་གཅིག་ཏུ་ཉེ་བར་གནས་པར་གྱུར་ན་ཡང༌། སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ཆར་དུས་གཅིག་ཁོ་ནར་རང་རང་གི་རྐྱེན་ལ་བརྟེན་ཏེ་འབྱུང་ངོ༌། །སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ནི་རང་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པ་སྟེ། མིག་གི་རྣམ་པར་ཤེས་པ་ཡང་ཡུལ་གྱི་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་དུ། གཟུགས་ཀྱི་དངོས་པོ་གཅིག་ལ་ཡང་རེས་འགའ་ནི་གཟུགས་ཀྱི་རྣམ་པར་རིག་པ་གཅིག་བ་སྣ་ཚོགས་མ་ཡིན་པ་འཛིན་པར་བྱེད་ལ། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་པར་བྱེད་དེ། དེ་ལྟར་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་ཀྱང་ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟད་པས་རིགས་མཐུན་པའི་སེམས་གཉིས་ཅིག་ཅར་འབྱུང་བ་ཡང་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་བ་ལ་སོགས་པ་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཉེ་བར་གནས་པ་ལས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་གི་རྐྱེན་ཇི་ལྟ་བ་བཞིན་དུ་ལན་འགའ་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཅིག་དང་གཉིས་དུས་གཅིག་ཏུ་རྐྱེན་དེ་ཉིད་ལ་བརྟེན་ཏེ་འབྱུང་ངོ༌། །ལན་འགའ་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཉིས་དང་གསུམ་དང་བཞིའམ་ལྔ་ཆར་གྱི་བར་དང་དྲུག་དུས་གཅིག་ཏུ་རང་རང་གི་རྐྱེན་དེ་དག་ལ་བརྟེན་ཏེ་འབྱུང་ངོ༌། །དེ་དེ་ལྟར་དུས་གཅིག་ཏུ་སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ཆར་གྱི་བར་དང་ལྷན་ཅིག་འབྱུང་ཡང༌། སྐྱེས་བུ་སྐར་ཁུང་ཐ་དད་པ་ནས་འཇུག་པ་དག་བཞིན་དུ་རྫས་ཐ་དད་པ་ཡང་མ་ཡིན་ཏེ་ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟད་པར་རིགས་མཐུན་པའི་སེམས་གཉིས་ཅིག་ཅར་འབྱུང་བ་ཡང་མ་ཡིན་ནོ། །ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟད་ཀྱང་རང་དང་གཞན་གྱི་ཡུལ་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཐ་དད་པ་ལ་ཡང་དུས་གཅིག་ཏུ་དམིགས་སོ། །དེ་ལྟར་དུས་གཅིག་ཏུ་དམིགས་ཀྱང་དེའི་གནས་སྐབས་ན་གྲོགས་ཀུན་དུ་འགྲོ་བ་ལྔ་དང་མཚུངས་པར་ལྡན་པར་ཟད་ཀྱི་ཡུལ་བྱེ་བྲག་ཏུ་མི་གཅོད་པས་སེམས་ལས་བྱུང་བ་དགེ་བ་དང༌། ཉོན་མོངས་པ་རང་གི་ས་བ་དག་མེད་པའི་ཕྱིར་དགེ་བ་དང་མི་དགེ་བའི་སེམས་མི་མཐུན་པ་གཉིས་དུས་གཅིག་


DTG205_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱུང་བ་ཡང་མེད་དོ། །དེ་ནི་ལྷན་ཅིག་འབྱུང་བའི་གནས་དབང་པོ་གཟུགས་ཅན་ངེས་པ་མེད་ལ་དམིགས་པ་རང་གི་མཚན་ཉིད་ཡིན་པར་འདྲ་བས་རང་དང་གཞན་གྱི་གནས་དམིགས་པ་ཐམས་ཅད་དུ་འགྲོ་བ་ཡིན་གྱི། སྒོ་ལྔའི་རྣམ་པར་ཤེས་པ་དག་ནི་གནས་པ་དང་དམིགས་པ་སོ་སོར་ངེས་པའི་ཕྱིར་ཐམས་ཅད་དུ་འགྲོ་བ་མ་ཡིན་ནོ། །དེ་ལ་མདོར་བསྡུ་ན་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རང་དང་གཞན་གྱི་ཡུལ་དང༌། རང་དང་སྤྱིའི་མཚན་ཉིད་ཡིན་ལ། སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ནི་རང་གི་ཡུལ་དང་རང་གི་མཚན་ཉིད་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་དབྱེ་ན་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཐམས་ཅད་ནི་རང་དང་གཞན་གྱི་ཡུལ་ཡིན་མོད་ཀྱི། རང་དང་གཞན་གྱི་ཡུལ་ཐམས་ཅད་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དམིགས་པ་མ་ཡིན་ཏེ་རང་དང་གཞན་གྱི་ཡུལ་གྱི་སྤྱིའི་མཚན་ཉིད་དོ། །ཚོལ་བ་པ་དང་ཉེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཐམས་ཅད་དང་རང་དང་གཞན་གྱི་ཡུལ་ཡིན་མོད་ཀྱི། རང་དང་གཞན་གྱི་སྐུལ་ཐམས་ཅད་ནི་དེ་གཉིས་ཀྱི་དམིགས་པ་མ་ཡིན་ཏེ། རང་དང་གཞན་གྱི་ཡུལ་གྱི་མཚན་ཉིད་དོ། །དེ་བཞིན་དུ་སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པ་ནི་རང་གི་མཚན་ཉིད་ཡིན་མོད་ཀྱི། རང་གི་མཚན་ཉིད་ཐམས་ཅད་ནི་སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་མ་ཡིན་ཏེ། ཆོས་ཀྱི་ཁམས་ཀྱི་རང་གི་མཚན་ཉིད་དོ། །དེ་ལྟར་རྣམ་པར་ཤེས་པ་རྣམས་ཀྱི་འཇུག་པའི་རབ་ཏུ་དབྱེ་བ་བསྟན་པ་འདི་ལ་ཡང་ས་བོན་གྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་དང་དེ་མ་ཐག་པའི་གནས་རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གནས་ཐུན་མོང་ཡིན་ནོ། །དེ་མ་ཐག་པའི་གནས་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་གཞག་པའི་སྐབས་སུ་ནི། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡི་དེའི། །ཞེས་གསུངས་པས་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཉི་ཚེ་ལ་གཞག་གོ །ཀུན་གཞིའི་རྣམ་པར་ཤེས་པ་གཞག་པའི་སྐབས་སུ་ནི་འབྱུང་བའི་གོ་འབྱེད་པའི་གནས་སྐབས་སུ་ནི། རྣམ་པར་ཤེས་


DTG205_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་འགགས་མ་ཐག་པའོ་ཞེས་གསུངས་པས་རྣམ་པར་ཤེས་པ་བརྒྱད་ཅར་ལ་གཞག་གོ །གནས་དེ་ནི་ངེས་པ་མེད་དེ། དེ་ལ་རེ་ཞིག་སྐྱེ་བོ་རྣམས་ཀྱི་སེམས་ཡོད་པའི་གནས་སྐབས་ན་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྒྱུན་རྟག་ཏུ་འཇུག་པས་རང་གི་སྔ་མ་འགགས་མ་ཐག་པ་རང་གི་རྒྱུན་ཕྱི་མ་ལ་སྐྱེ་བའི་དེ་མ་ཐག་པའི་གནས་ཡིན་ནོ། །སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱང་ཐམས་ཅད་དུས་གཅིག་ཏུ་སྐྱེ་བའི་གནས་སྐབས་ན་ནི་རང་ཀ་འགགས་མ་ཐག་པར་རང་རང་གི་དེ་མ་ཐག་པའི་གནས་ཡིན་ནོ། །ལྔ་ཆར་དུས་གཅིག་ཏུ་འགག་པ་ནི་མཇུག་ཐོགས་སུ་བཞི་ནི་མི་སྐྱེ་གང་ཡང་རུང་བ་གཅིག་སྐྱེ་ན་ནི་ལྔ་ཆར་ནི་འགགས་མ་ཐག་པ་ནི་གང་ཡང་རུང་བ་གཅིག་སྐྱེ་བ་དེ་མ་ཐག་པའི་གནས་ཡིན་ནོ། །བཞི་ནི་མ་སྐྱེས་ལ་གང་ཡང་རུང་བ་གཅིག་སྐྱེས་པ་དེ་འགགས་མ་ཐག་ཏུ་ལྔ་ཆར་དུས་གཅིག་ཏུ་སྐྱེས་ན་ཡང་གཅིག་པོའི་འགགས་མ་ཐག་པ་དེ་ལྔ་ཆར་སྐྱེ་བའི་དེ་མ་ཐག་པའི་གནས་ཡིན་ནོ། །གཉིད་ལོག་པ་དང་བརྒྱལ་བ་སེམས་མེད་པའི་གནས་སྐབས་ནི་སྒོ་ལྔའི་རྣམ་པར་ཤེས་པ་རེ་ཞིག་འགགས་ཏེ། རྒྱུན་ཆད་པ་ཕྱིས་སྐྱེ་བ་ནི་ཀུན་གཞི་དང༌། ཉོན་མོངས་པ་ཅན་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་མ་ཆད་པ་རྣམས་ཀྱི་དེ་མ་ཐག་པའི་གནས་ལས་སྐྱེས་སོ། །དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་པ་སེམས་མེད་པའི་གནས་སྐབས་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་རེ་ཞིག་འགགས་ཏེ། རྒྱུན་ཆད་པ་བྱིས་སྐྱེ་བ་ནི་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་རྒྱུན་མ་ཆད་པའི་དེ་མ་ཐག་པའི་གནས་ལས་སྐྱེས་སོ། །དེ་བཞིན་དུ་འགོག་པའི་སྙོམས་པར་ཞུགས་པ་སེམས་མེད་པའི་གནས་སྐབས་ན་ཉོན་མོངས་བ་ཅན་གྱི་ཡིད་ལ་སོགས་པ་བདུན་པོ་རེ་ཞིག་འགགས་ཏེ། རྒྱུན་ཆད་པ་ཕྱིས་སྐྱེ་བ་ནི་ཀུན་གཞིའི་རྣམ་པར་ཤེས་བ་རྒྱུན་མ་ཆད་པའི་དེ་མ་ཐག་པའི་གནས་སྐབས་ལས་སྐྱེའོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སེམས་མེད་པའི་གནས་སྐབས་ན་ནི་ཀུན་གཞི་སྤངས་པས་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དེ་མ་ཐག་པའི་གནས་མེད་དེ་གནས་གྱུར་བའི་ངོ་བོ་ཉིད་ནི་རྒྱུན་ཆད་བ་མེད་བར་རིག་པར་བྱའོ། །དེ་ལ་གང་ཀུན་གཞིའི་རྣམ་པར་ཤེས་པ་དང་


DTG205_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དེ་འཇུག་པའི་རྣམ་པར་ཤེས་པ་དང་ཡང་ལྡན་ལ། གང་འཇུག་པའི་རྣམ་པར་ཤེས་པ་དང་ལྡན་པ་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་དང་ལྡན་ལ། འཇུག་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་གཉིད་ལོག་པའི་སེམས་མེད་པ་དང༌། བརྒྱལ་བ་སེམས་མེད་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་ཞུགས་བ་ལ་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཅི་རིགས་པར་སྦྱར་རོ། །འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ། ཀུན་གཞིའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའོ། །གཉིས་ཀ་དང་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དེ་དག་ལས་གཞན་པ་རྣམས་སོ། །གཉིས་ཀ་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར་ཞུགས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ། །རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་ཚུལ་བཤད་པའི་སྐབས་འདི་ལ་ཉན་ཐོས་ཀྱི་སྡེ་པ་ཁ་ཅིག་སེམས་རིགས་མི་མཐུན་པ་གཉིས་ཀྱང་ལྷན་ཅིག་འབྱུང་བ་མེད་པར་འདོད་པ་དེ་དག་ནི་བྱིས་པའི་ཤེས་རབ་ཅན་དད་པའི་རྗེས་སུ་འབྲང་བ་ཡིན་པས་དེ་དག་གི་རྗེས་སུ་འཇུག་པར་མི་བྱའོ། །དེ་བས་ན་རྣམ་པར་ཤེས་པ་རིགས་མཐུན་པ་ནི་གཉིས་ཅིག་ཅར་མི་འབྱུང་གི་རིགས་མི་མཐུན་པ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་གཅིག་ནས་གཉིས་རབ་ཏུ་མང་པོ་ཡང་ལྷན་ཅིག་འབྱུང་སྟེ། རྣལ་འབྱོར་པ་དག་གི་སེམས་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཅིག་གིས་ཀྱང་གཞན་ཐམས་ཅད་ཀྱི་བྱ་བ་བྱེད་ནུས་པས་རྣམ་པར་ཤེས་པའི་འཇུག་པ་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །བློ་གྲོས་ཡངས་པ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའི་དཔེ་རྣམ་པ་གཉིས་ཀྱིས་ནི་ས་བོན་གྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་རྣམས་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བའི་


DTG205_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྔར་བསྟན་པ་དེ་ཉིད་ཀྱི་དཔེ་སྟོན་ཏོ། །དེ་ཡང་ཆུའི་ཀླུང་ཆེན་པོ་འབབ་པ་ཞེས་བྱ་བ་དང༌། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པའི་ཞེས་བྱ་བའི་གནས་ལྟ་བུ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །རླབས་དང་གཟུགས་བརྙན་གྱི་གནས་ལྟ་བུ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །འབྱུང་བའི་རྐྱེན་ཅེས་བྱ་བ་ནི་རླུང་དང་གཟུགས་ཀྱི་དངོས་པོ་ལ་སོགས་པ་དག་སྟེ། རྐྱེན་དེ་དག་གི་གནས་ལྟ་བུ་ནི་དེ་མ་ཐག་པའི་གནས་འགགས་མ་ཐག་པ་དང༌། ལྷན་ཅིག་པའི་གནས་དབང་པོ་གཟུགས་ཅན་དང༌། དམིགས་པ་ཡུལ་དང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་ཡིན་པར་བལྟའོ། །འོ་ན་དཔེའི་དངོས་པོ་གཅིག་བསྟན་པས་ཆོག་ན་རྣམ་པ་གཉིས་སྨྲས་པ་ལ་དགོས་པ་ལྷག་པ་ཅི་ཡོད་ཅེ་ན། དོན་གྱི་གནས་མཚོན་པ་ལ་ནི་དཔེ་གཅིག་དང་ཆོག་མོད་ཀྱི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གཞན་དག་ལོག་པར་མངོན་པར་ཞེན་པ་རྣམ་པ་གཉིས་ཡོད་དེ། རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་པ་ལས་འབྱུང་བ་ལྟ་བུ་དང་རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བར་བལྟ་བ་བསལ་བའི་ཕྱིར་དཔེ་རྣམ་པ་གཉིས་སུ་གསུངས་ཏེ་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་ཆུའི་ཀླུང་དེ་རང་གི་རྒྱུན་གྱིས་རྒྱུན་ཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་པ་ལས་འབྱུང་བར་ལྟ་བ་སེལ་ཏོ། །དེ་ལྟར་ལྟ་བ་སུ་ཞེ་ན། འདི་ལྟར་འདི་ནི་དགེ་སྦྱོང་བྲམ་ཟེ་རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྒྱུ་མེད་པར་སྨྲ་བ་དག་ལས་ཁ་ཅིག་སྟེ། དེ་དག་ཀྱང་ཅིའི་ཕྱིར་དེ་ལྟར་ལྟ་ཞིང་རྣམ་པར་འཇོག་པ་ལ་ཡོངས་སུ་སྟོན་པར་བྱེད་ཅེ་ན། འདི་ལྟར་ལུང་དང་རིགས་པས་བྱེད་དེ། ལུང་གང་ཞེ་ན་རྒྱུ་མེད་པ་ཁོ་ནའོ་ཞེས་དེ་དང་ལྡན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང༌། སྡེ་སྣོད་བྱིན་པའི་ཚུལ་གྱིས་དེ་དག་ལ་འོངས་པ་ཡིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་དགེ་སློང་དང་བྲམ་ཟེ་རྟོག་གེ་པ་སྤྱོད་པ་ཅན་རྟོག་གེར་གཏོགས་པའི་རང་གི་སྤོབས་པ་ལས་བྱུང་བའི་སོ་སོའི་སྐྱེ་བོ་ས་དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་པ་དེ་དག་བསམ་གཏན་ལ་བརྟེན་པ་དང༌། རྟོག་གེ་ལ་བརྟེན་པའི་ཚུལ་གྱིས་རྣམ་པ་གཉིས་སུ་སྨྲ་སྟེ། དེ་ལ་བསམ་གཏན་ལ་བརྟེན་པ་


DTG205_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགེ་སྦྱོང་དང་བྲམ་ཟི་སྔོན་གྱི་མཐར་རྟོག་པ་ཁ་ཅིག་འཇིག་རྟེན་པའི་བསམ་གཏན་ཆུང་དུ་དང་འབྲིང་དང་ཆེན་པོ་ལ་བརྟེན་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་སེམས་ཅན་དང༌། འཇིག་རྟེན་གྱི་སྔོན་གྱི་མཐའ་ལ་རྟོག་པ་ན་ཚེ་རབས་གཅིག་གམ་གཉིས་སམ་མང་པོ་ཞིག་གམ་བར་གྱི་བསྐལ་པ་གཅིག་གམ་གཉིས་སམ་མང་པོ་ཞིག་གམ། བསྐལ་པ་ཆེན་པོ་གཅིག་ཚུན་ཆད་རྗེས་སུ་དྲན་པ་ན་དེ་དག་གི་སྔོན་རོལ་གྱི་རྒྱུའི་རྒྱུན་འབྲེལ་བ་རྗེས་སུ་མ་མཐོང་བས་འདི་སྙམ་དུ་སེམས་ཏེ། སེམས་ཅན་དང་འཇིག་རྟེན་འདི་དག་དང་པོར་གྲུབ་པའི་རྒྱུའི་སྔ་མ་ནི་རྒྱུན་ཆད་དེ་མེད་པ་ཡིན་པས་དེས་ནི་མ་བསྐྱེད་ཀྱི་འབྲས་བུ་ཕྱི་མ་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་དག་ལ་ཡང་ལྟ་བར་གྱུར་པ་འདི་འབྱུང་ངོ༌། །རྟོག་གེ་བརྟེན་པ་ནི་མདོར་བསྡུ་ན་དེ་དག་གིས་ནང་དང་ཕྱི་རོལ་གྱི་དངོས་པོ་འདི་དག་སུས་ཀྱང་བསམ་པ་སྔོན་དུ་མ་བཏང་བར་རྣམ་པ་སྣ་ཚོགས་སུ་སྣང་བ་དང༌། རེས་འགའ་རྒྱུ་རྣམས་འབྲས་བུ་མེད་པར་སྣང་བ་དང༌། རེས་འགའ་གློ་བུར་དུ་རླུང་ལྡང་ལ་རེས་འགའ་མི་ལྡང་བ་དང༌། རེས་འགའ་གློ་བུར་དུ་ཆུ་ཀླུང་འབབ་ལ་རེས་འགའ་མི་འབབ་པ་དང༌། རེས་འགའ་གློ་བུར་དུ་ཤིང་ལྗོན་པ་དག་ལས་མེ་ཏོག་དང་འབྲས་བུ་འབྱུང་ལ། རེས་འགའ་མི་འབྱུང་བ་ལ་སོགས་པ་མཐོང་བ་ན་དེ་དག་གི་སྔོན་རོལ་གྱི་རྒྱུའི་རྒྱུན་འབྲེལ་པ་རྗེས་སུ་མ་མཐོང་བས་འདི་སྙམ་དུ་སེམས་ཏེ། ཕྱི་ནང་གི་དངོས་པོ་འདི་དང་པོ་གྲུབ་པའི་རྒྱུའི་རྒྱུན་སྔ་མའི་རྒྱུན་ཆད་དེ་མེད་པ་ཡིན་པས་དེས་ནི་མ་བསྐྱེད་ཀྱི། འབྲས་བུ་ཕྱི་མ་འདི་དག་ནི་རྒྱུ་མེད་པ་ལས་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་དག་ལ་ཡང་ལྟ་བར་གྱུར་པ་འདི་འབྱུང་ངོ༌། །དེའི་ཕྱིར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་རིགས་པས་བསྐྱེད་པ་མ་ཡིན་པའི་སྨྲས་པ་མང་དུ་བརྗོད་པས་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཔེ་བསྟན་པའི་སྐབས་འདིར་དེ་སྐད་ཅེས་གསུངས་སོ། །འདིར་རིགས་པ་བརྗོད་པ་ནི་རྟོག་གེ་པ་བསམ་གཏན་པའི་ཚུལ་གྱིས་སྨྲ་བ་དེ་དག་ནི་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྔོན་གྱི་གནས་རྗེས་སུ་དྲན་པ་དེ་དངོས་པོ་མེད་པ་ཞིག་རྗེས་སུ་དྲན་ནམ་འོན་ཏེ་སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་པར་འདོད། གལ་ཏེ་དངོས་


DTG205_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་རྗེས་སུ་དྲན་ཞེས་བྱར་ནི་དངོས་པོ་མེད་ན་སྔོན་གྱི་གནས་རྗེས་སུ་དྲན་ཞེས་བྱར་ཡང་མི་རུང་ངོ༌། །གལ་ཏེ་སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་ན་ནི་དེས་ན་འབྲས་བུ་འདི་དག་རྒྱུ་མེད་པ་ལས་བྱུང་ཞེས་བྱར་ཡང་མི་རུང་ངོ༌། །རྟོག་གེ་པ་རྟོག་གེ་པ་ལ་བརྟེན་པའི་ཚུལ་གྱིས་སྨྲ་བ་དེ་དག་ལ་ནི་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅིའི་ཕྱིར་ནང་གི་དངོས་པོ་རྣམ་པ་སྣ་ཚོགས་སུ་འཇུག་པ་དང༌། གློ་བུར་དུ་འཇུག་པར་སྣང་བ་དེ་རྒྱུ་མེད་པའམ། འོན་ཏེ་རྒྱུ་ཡོད་པར་འདོད། གལ་ཏེ་རྒྱུ་མེད་ཅེས་བྱར་ནི་རྒྱུ་མེད་ན་རྣམ་པ་སྣ་ཆོགས་སུ་འཇུག་པ་དང༌། གློ་བུར་དུ་འཇུག་པར་སྣང་ཞེས་བྱར་མི་རུང་ངོ༌། །གལ་ཏེ་རྒྱུ་ཡོད་ན་ནི་དེས་ན་འབྲས་བུ་འདི་དག་རྒྱུ་མེད་པ་ལས་བྱུང་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་དངོས་པོ་མེད་པ་རྗེས་སུ་དྲན་པ་དང༌། སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་པ་དང་རྒྱུ་མེད་པར་འཇུག་པ་དང་རྒྱུ་ཡོད་པར་འཇུག་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་དེ་ནི་རིགས་པས་བསྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་ལ། རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་བ་ལས་བྱུང་བ་མ་ཡིན་པར་རིག་པར་བྱའོ། །མེ་ལོང་གི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་གྱུར་བ་ཡང་མ་ཡིན་ལ་ཡོངས་སུ་སྤྲོ་བར་ཡང་མི་མངོན་པ་ཞེས་བྱ་བ་ནི་རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བར་ལྟ་བ་སེལ་ཏོ། །དེ་ལྟར་ལྟ་བ་སུ་ཞེ་ན། འདི་ལྟར་འདི་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དང༌། ཆོས་འདི་ལ་ཁ་ཅིག་འདས་པ་དང༌། མ་འོངས་པ་རྗེས་སུ་ཡོད་བར་སྨྲ་བ་དག་སྟེ། དེ་དག་ཀྱང་ཅིའི་ཕྱིར་དེ་ལྟར་ལྟ་ཞིང་རྣམ་པར་འཇོག་པ་ལ་ཡོངས་སུ་སྟོན་པར་བྱེད་ཅེ་ན་འདི་ལྟར་ལུང་དང་རིགས་པས་བྱེད་དེ། དེ་ལ་རྟོག་གེ་དག་གི་ལུང་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཆོས་འདི་པ་དག་གི་ལུང་གི་མདོ་སྡེ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་སྟེ། བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱིས་ཡོད་དོ་ཞེས་གསུངས་པ་དང༌། འདས་པའི་ལས་ཡོད་དོ་ཞེས་གསུངས་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་འདུ་བྱེད་དང༌། ཁམས་ཡོད་དོ་ཞེས་གསུངས་པ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པའོ། །རིགས་པ་གང་ཞེ་ན་རྟོག་གེ་པ་ཅན་རྟོག་གེར་གཏོགས་པའི་ས་རང་


DTG205_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤོབས་པ་ལས་བྱུང་བའི་སོ་སོའི་སྐྱེ་བོས་དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་པ་དེ་དག་དང༌། ཆོས་འདི་ལ་དེ་བཞིན་གཤེགས་པའི་གསུང་རབ་ཐོག་མ་དང་བར་དང་ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེག་པ་དང་བཅད་པ་དང་བདར་བ་དང་འདྲ་བའི་མངོན་སུམ་དང་རྗེས་སུ་དཔག་པ་དང༌། ལུང་གི་ཚིག་རྣམས་ཀྱིས་ཤིན་ཏུ་རྣམ་པར་དག་པ་ལ་མིག་བཀབ་སྟེ་ལག་ནོམ་བྱེད་པ་དང་འདྲ་བ་དེ་དག་གི་ལུགས་མཐུན་ཏེ། དེ་དག་འདི་སྙམ་དུ་སེམས་ཏེ་ཆོས་གང་རང་གི་མཚན་ཉིད་གང་གིས་རྣམ་པར་གནས་པ་དེ་ནི་དེས་ཡོངས་སུ་གྲུབ་པ་ཡིན་ཏེ། གལ་ཏེ་མ་འོངས་པ་དེ་མེད་དུ་ཟིན་ན་ནི་དེས་ནི་དེའི་ཚེ་རང་གི་མཚན་ཉིད་མ་ཟིན་པར་འགྱུར་རོ། །གལ་ཏེ་འདས་པ་མེད་དུ་ཟིན་ན་ནི་དེས་ན་དེའི་ཚེ་རང་གི་མཚན་ཉིད་དང་བྲལ་བར་འགྱུར་རོ། །དེ་ལྟར་གྱུར་ན་རང་གི་མཚན་ཉིད་ཡོངས་སུ་མ་གྲུབ་པའི་སྐྱོན་དུ་འགྱུར་བས། དེའི་ཕྱིར་རང་གི་མཚན་ཉིད་ནི་ཡོངས་སུ་མ་གྲུབ་ཅེས་བྱར་མི་རུང་ངོ་སྙམ་ནས་དེས་ན་དེ་དག་འདས་པ་ཡང་ཡོད། མ་འོངས་པ་ཡང་ཡོད་དེ། འདས་པ་ཐམས་ཅད་ནི་ད་ལྟར་བྱུང་བའི་རྒྱུ་ཡིན་པས་རྒྱུ་དེ་ཉིད་དང་ད་ལྟར་བྱུང་བའི་འབྲས་བུའི་གནས་སུ་འཕོ་ལ། ད་ལྟར་བྱུང་བ་ཐམས་ཅད་ནི་མ་འོངས་པའི་རྒྱུ་ཡིན་པས་རྒྱུ་དེ་ཉིད་མ་འོངས་པའི་འབྲས་བུའི་གནས་སུ་འཕོ་བར་འགྱུར་རོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་ཅེས་སྨྲའོ། །དེའི་ཕྱིར་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་རིགས་པས་བསྐྱེད་པ་མ་ཡིན་པའི་སྨྲ་བ་མང་དུ་བརྗོད་པས་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཔེ་བསྟན་པའི་ཕྱིར་སྐབས་འདིར་དེ་སྐད་ཅེས་གསུངས་སོ། །འདིར་རིགས་པ་བརྗོད་པ་རེ་ཞིག་རྟོག་གེ་པ་དང་ཆོས་འདི་བ་དེ་དག་གཉིས་ཀ་ལ་སྤྱིར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དང༌། མཚན་ཉིད་གཅིག་པར་འདོད་དམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་པར་འདོད་ན་ནི་དེས་མཚན་ཉིད་དུས་གསུམ་དུ་གཞག་པར་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་ན་ནི་དེས་འདས་པ་དང་མ་འོངས་པ་རང་གི་མཚན་ཉིད་དེས་ཡོངས་སུ་གྲུབ་ཅེས་བྱར་མི་རུང་ངོ༌། །དེ་དག་ལ་འདི་སྐད་ཅེས་ཀྱང་བརྗོད་པར་


DTG205_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཅི་དུས་སུ་རྟོགས་པའི་ཆོས་རྟག་པའི་མཚན་ཉིད་དུ་འདོད་དམ། འོན་ཏེ་མི་རྟག་པའི་མཚན་ཉིད་དུ་འདོད། གལ་ཏེ་རྟག་པའི་མཚན་ཉིད་ཡིན་ན་ནི་དེས་དུས་གསུམ་དུ་རྟོགས་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མི་རྟག་པའི་མཚན་ཉིད་ཡིན་ན་ནི་དེས་ན་དུས་གསུམ་དུ་དེ་ཁོ་ན་བཞིན་དུ་ཡོད་དོ་ཞེས་བྱར་མི་རུང་ངོ༌། །དེ་དག་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། གལ་ཏེ་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ལས་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་ན་དེ་འཕོ་ཞིང་འབྱུང་སྟེ། མ་འོངས་པའི་དུས་ཀྱི་ཡུལ་ནས་ད་ལྟར་གྱི་དུས་ཀྱི་ཡུལ་དུ་འཕོ་ཞིང་འབྱུང་བར་འགྱུར་རམ་འཆི་འཕོ་ཞིང་འབྱུང་སྟེ་མ་འོངས་པའི་དུས་ནས་ཤི་འཕོས་ནས་ད་ལར་གྱི་དུས་སུ་འབྱུང་བར་འགྱུར་རམ། བརྟེན་ནས་འབྱུང་སྟེ་མ་འོངས་པ་དེ་ཁོ་ན་བཞིན་དུ་མི་འགྱུར་བར་འདུག་ལ། དེ་ལ་བརྟེན་ཏེ་གཞན་ཁོ་ན་ཞིག་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་རམ། ལས་དང་བཅས་པར་འབྱུང་སྟེ། མ་འོངས་པའི་དུས་ན་ལས་མི་བྱེད་པར་འགྱུར་བ་ལས་ད་ལྟར་གྱི་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་རྫོགས་པར་འབྱུང་སྟེ། མ་འོངས་པའི་དུས་མཚན་ཉིད་མ་རྫོགས་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་འདྲ་བར་འབྱུང་སྟེ། མ་འོངས་པའི་དུས་ན། མ་འོངས་པའི་དངོས་པོ་དང༌། འབྲས་བུའི་དངོས་པོ་དེ་གཉིས་མཚན་ཉིད་མི་འདྲ་བར་གྱུར་པ་ལས་ད་ལྟར་གྱི་དུས་ད་ལྟར་གྱི་དངོས་པོ་དང་འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་འདྲ་བ་ཞིག་འབྱུང་བར་འགྱུར་གྲང་ན། དེ་ཡོང་ཅིང་འབྱུང་བར་ནི་རྣམ་པ་དྲུག་པོ་དེ་དག་ཐམས་ཅད་ཀྱིས་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། གལ་ཏེ་འབྱུང་བར་གྱུར་ན་དེས་མ་འོངས་པ་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་ཡུལ་ན་གནས་མི་སྲིད་པ་དེ་ཡུལ་ན་གནས་པར་འགྱུར་བ་དང༌། མ་འོངས་པ་ཉིད་ཉམས་པས་ད་ལྟར་དང་ཡང་བྱེ་བྲག་མེད་དེ་ཐེར་ཟུག་པར་འགྱུར་བས་དེ་ནི་མི་རུང་ངོ༌། །གལ་ཏེ་འཆི་འཕོ་ཞིང་འབྱུང་བར་འགྱུར་ན། ཡང་དེས་ན་མ་འོངས་པ་དེ་ཤི་འཕོས་ཏེ་ཞིག་པར་གྱུར་པས་མ་འོངས་པ་དངོས་འདིར་མ་སྐྱེས་པར་འགྱུར་བ་དང༌། མ་འོངས་པ་ནི་སྔོན་མ་བྱུང་བ་དང་མ་སྐྱེས་པ་ཡིན་པས་མ་བྱུང་བ་དང་མ་སྐྱེས་པ་ལ་


DTG205_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང་འཆི་འཕོ་མི་སྲིད་པ་དེ་འདིར་སྐྱེས་པ་དང༌། མ་འོངས་པའི་དུས་སུ་ཤི་འཕོས་པར་འགྱུར་བས་དེ་ཡང་མི་རུང་ངོ༌། །གལ་ཏེ་བརྟེན་ནས་འབྱུང་བར་འགྱུར་ན་ཡང་དེས་ན་མ་འོངས་པ་དེ་དེ་ཁོ་ན་བཞིན་དུ་མི་འགྱུར་བར་འདུག་པས་ཐེར་ཟུག་པར་འགྱུར་བ་དང༌། དེ་ལ་བརྟེན་པ་དེ་ཡང་སྔོན་མ་བྱུང་བ་ཡིན་པས་མ་བྱུང་བ་ལ་སྐྱེ་བ་མི་སྲིད་པས་དེ་འདིར་སྐྱེས་པར་འགྱུར་བ་དང༌། དེ་ལ་བརྟེན་ཏེ་གཞན་ཁོ་ན་ཞིག་འདིར་སྐྱེས་པས་མ་འོངས་པ་དང༌། དངོས་འདིར་མ་སྐྱེས་པའི་ཕྱིར་དེ་ཡང་མི་རུང་ངོ༌། །གལ་ཏེ་ལས་དང་བཅས་པར་འབྱུང་བར་འགྱུར་ན་ཡང་དེས་མ་འོངས་པའི་དུས་ན་ལས་མི་བྱེད་པར་འགྱུར་བ་ལས་ད་ལྟར་གྱི་དུས་སུ་ལས་བྱེད་པར་གྱུར་པས་ལས་དེ་ཡང་སྔོན་མ་བྱུང་བ་ཡིན་པས་མ་བྱུང་བ་ལ་སྐྱེ་བ་མི་སྲིད་པ་དེ་ད་ལྟར་སྐྱེས་པར་གྱུར་པ་དང༌། ལས་ཤིག་འདིར་སྐྱེས་པས་མ་འོངས་པ་དངོས་འདིར་མ་སྐྱེས་པ་དང༌། ཅི་ལས་དེ་ཡང་མ་འོངས་པའི་ཆོས་དེ་དང་མཚན་ཉིད་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད་གལ་ཏེ་མཚན་ཉིད་གཅིག་ན་ནི་དེ་མ་འོངས་པའི་དུས་ན་ལས་མི་བྱེད་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱར་ཡང་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་ན་ནི་དེས་ན་ལས་དེ་ལ་མ་འོངས་པའི་མཚན་ཉིད་མེད་པའི་ཕྱིར་མ་འོངས་པ་འདིར་མ་བྱུང་བས་དེ་ཡང་མི་རུང་ངོ༌། །གལ་ཏེ་མཚན་ཉིད་རྫོགས་པར་འབྱུང་བར་འགྱུར་ན་ཡང་དེས་མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པར་འབྱུང་བའི་མཚན་ཉིད་དེ་ཡང་ཅི་མ་འོངས་པའི་ཆོས་དེ་དང་མཚན་ཉིད་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་ན་ནི་དེས་མ་འོངས་པ་དེ་ཉིད་ད་ལྟར་བྱུང་བ་ཡིན་པས་མ་འོངས་པ་དང་ད་ལྟར་བྱུང་བ་གཉིས་རང་བཞིན་འདྲེས་པར་གྱུར་པས་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་ན་དེས་ན་མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པ་དེ་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པར་འགྱུར་ཞེས་བྱར་ཡང་མི་རུང་བས་དེ་ཡང་མི་རུང་ངོ༌། །གལ་ཏེ་མཚན་ཉིད་འདྲ་བར་འབྱུང་བར་འགྱུར་ན་ཡང་དེས་ན་མ་འོངས་པའི་དུས་ན། མ་འོངས་པའི་དངོས་པོ་དང༌། འབྲས་བུའི་དངོས་པོ་དེ་གཉིས་


DTG205_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚན་ཉིད་མི་འདྲ་བར་གྱུར་པ་ལས་ད་ལྟར་གྱི་དུས་སུ་ད་ལྟར་གྱི་དངོས་པོ་དང་འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་འདྲ་བར་འབྱུང་བར་འགྱུར་བའི་མཚན་ཉིད་དེ་ཡང་ཅི་མ་འོངས་པའི་ཆོས་དེ་དང་མཚན་ཉིད་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་ན་ནི་དེས་ན་མ་འོངས་པ་དེ་ཉིད་ད་ལྟར་བྱུང་བ་ཡིན་པས་མ་འོངས་པ་དང་ད་ལྟར་བྱུང་བ་གཉིས་རང་བཞིན་འདྲེས་པའི་སྐྱོན་སྔ་མ་ལྟ་བུར་གྱུར་པས་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་ན་ནི་དེས་ན་མ་འོངས་པའི་དུས་ན་མཚན་ཉིད་མི་འདྲ་བ་དེ་ད་ལྟར་གྱི་དུས་སུ་མཚན་ཉིད་ཅི་འདྲ་བར་འགྱུར་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་མི་རུང་བས་དེ་ཡང་མི་རུང་སྟེ། དེ་ལྟར་ན་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ལས་ད་ལྟར་གྱི་དུས་སུ་འབྱུང་བ་ནི་རྣམ་པ་གང་གིས་ཀྱང་མི་རུང་བར་ཁོང་དུ་ཆུད་པར་མི་བྱའོ། །མ་འོངས་པ་དང་ད་ལྟར་ཇི་ལྟ་བ་བཞིན་དུ་ད་ལྟར་བ་དང་འདས་པ་ལ་ཡང་གཏན་ཚིགས་འདི་དག་ཉིད་དང༌། ལན་གྱི་ལམ་འདི་དག་ཉིད་ཀྱིས་ཅི་རིགས་པར་སྐྱོན་དང་ལྡན་པར་བལྟ་བར་བྱ་སྟེ། དེ་ལྟར་ན་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང་འཕོ་ཞིང་འབྱུང་བ་དང་བརྟེན་ནས་འབྱུང་བ་དང༌། ལས་དང་བཅས་པར་འབྱུང་བ་དང༌། མཚན་ཉིད་རྫོགས་པར་འབྱུང་བ་དང༌། མཚན་ཉིད་འདྲ་བར་འབྱུང་བས་ཀྱང་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་མི་རུང་བས་འདས་པའི་རྒྱུ་ཉིད་ད་ལྟར་གྱི་འབྲས་བུའི་གནས་སུ་འཕོ་བ་དང༌། ད་ལྟར་གྱི་རྒྱུ་ཉིད་མ་འོངས་པའི་འབྲས་བུའི་གནས་སུ་འཕོ་བར་འགྱུར་རོ་ཞེས་སྨྲ་བ་དེ་རིགས་པས་བསྐྱེད་པ་མ་ཡིན་ནོ། །དེ་ལྟར་འཐད་པས་བསྒྲུབས་ཀྱང་ཆོས་འདི་པ་དག་འདི་སྐད་ཅེས་གལ་ཏེ་འདས་པ་དང༌། མ་འོངས་པ་མེད་དུ་ཟིན་ན་དམིགས་པ་མེད་པ་ལ་ཇི་ལྟར་བློ་འཇུག་པར་འགྱུར། གལ་ཏེ་འཇུག་ན་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱིས་ཡོད་དོ་ཞེས་གསུངས་བ་དང༌། འདས་པའི་ལས་ཡོད་དོ་ཞེས་གསུངས་པ་དང༌། ད་ལྟར་བྱུང་བའི་འདུ་ཤེས་དང་ཁམས་ཡོད་དོ་ཞེས་གསུངས་པའི་ལུང་དང་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འཇིག་རྟེན་ན་མེད་པ་ལ་འཛིན་པའི་བློ་མི་འཇུག་གམ་


DTG205_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་འཇུག་པར་འདོད། གལ་ཏེ་མི་འཇུག་ཅེས་བྱར་ནི་དེས་ན་བདག་མེད་པར་འཛིན་པ་དང༌། རི་བོང་གི་རྭ་དང་མོག་ཤམ་གྱི་བུ་ལ་སོགས་པ་མེད་པར་འཛིན་པའི་བློ་གང་ཡིན་པ་དེ་ཡང་མེད་པ་ཁོ་ནའོ་ཞེས་བྱ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་གཡོ་མེད་པ་ནི་ངས་གདམས་ངག་བྱིན་ཏེ། ཡང་དག་པར་བསྒྲུབ་བ་ན་ཡོད་པ་ལ་ཡོད་བར་ཤེས་མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་གསུངས་པའི་ལུང་དང་ཡང་འགལ་བས་མི་རུང་ངོ༌། །གལ་ཏེ་འཇུག་ན་ནི་དེས་དམིགས་པ་མེད་པ་ལ་ཇི་ལྟར་བློ་འཇུག་པར་འགྱུར་ཞེས་བྱར་མི་རུང་ངོ༌། །བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱིས་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཡོད་པ་ལ་ཡོད་པའི་མཚན་ཉིད་ཡོད་པ་དང༌། མེད་པ་ལ་མེད་པའི་མཚན་ཉིད་ཡོད་པ་ལས་དགོངས་ནས་གསུངས་པ་ཡིན་ཏེ། འདི་ལྟར་ཡོད་པའི་མཚན་ཉིད་ཀྱི་ཆོས་རྣམས་དང་ཡོད་པའི་མཚན་ཉིད་འཛིན་པ་མེད་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱང་མེད་པའི་མཚན་ཉིད་འཛིན་བའི་ཕྱིར་ཆོས་རྣམས་ཞེས་བྱའོ། །དེ་ལྟར་མ་ཡིན་དུ་ཟིན་ཀྱང་རྣལ་འབྱོར་བས་ཡོད་པ་མི་ཤེས་པ་དང༌། མེད་པ་མི་ཤེས་པས་ཤེས་བྱའི་ཆོས་ལ་རྒྱུན་ཆགས་སུ་རྟོགས་བར་མི་འགྱུར་བས་མི་རུང་ངོ༌། །བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ཡོད་དོ་ཞེས་གསུངས་པ་ཡང་འདས་པའི་ཚེ་རབས་རྣམས་སུ་ལས་དགེ་བ་དང་མི་དགེ་བ་བསྐྱེད་ཅིང་འགགས་བ་དེའི་ས་བོན་གྱི་ཕྱི་མ་ལ་འབྲས་བུ་འདོད་པ་དང༌། མངོན་པར་འགྲུབ་པར་འགྱུར་བའི་བག་ཆགས་ལས་དགོངས་ནས་གསུངས་པ་ཡིན་ཏེ། དེ་ཡང་མི་མཐུན་པར་རྒྱུར་སྨྲ་བ་དང་རྒྱུ་མེད་པར་སྨྲ་བ་དག་གི་ལུགས་དགག་པའི་དོན་གྱི་དབང་གཉིས་གཟིགས་བས་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འདས་བ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་འདུ་བྱེད་ཡོད་དོ་ཞེས་གསུངས་པ་དང༌། ད་ལྟར་བྱུང་བའི་འདུ་བྱེད་རང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཉིད་ལས་དགོངས་པ་ཡིན་ཏེ། ད་ལྟར་བྱུང་བའི་འདུ་བྱེད་ནི་འདས་པའི་འབྲས་བུའི་དངོས་པོ་ཡིན་བས་འབྲས་བུའི་མཚན་ཉིད་ལས་དགོངས་ནས་དེའི་རྒྱུ་འདས་བ་ཡོད་དོ་ཞེས་གསུངས་སོ། །མ་འོངས་པའི་རྒྱུའི་དངོས་པོ་ཡིན་པས་རྒྱུའི་མཚན་ཉིད་ལས་དགོངས་ནས་དེའི་འབྲས་བུ་མ་


DTG205_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་ཡོད་དོ་ཞེས་གསུངས་སོ། །ད་ལྟར་རང་གི་མཚན་ཉིད་འཛིན་པ་ལས་དགོངས་ནས། ད་ལྟར་བྱུང་བ་ཡོད་དོ་ཞེས་གསུངས་ཏེ། དེ་ལྟར་འདུ་བྱེད་ཀྱི་མཚན་ཉིད་གསུམ་པོ་རྒྱུའི་མཚན་ཉིད་དང༌། འབྲས་བུའི་མཚན་ཉིད་དོ། །རང་གི་མཚན་ཉིད་ལས་དགོངས་པ་ཡིན་ནོ། །དེ་ལ་འདས་པའི་འདུ་བྱེད་གང་ཞེ་ན། རང་གི་བདག་ཉིད་ཀྱི་དངོས་པོ་ལས་ཞིགས་ཤིང་རབ་ཏུ་ཉམས་པར་འགྱུར་བའི་མཚན་ཉིད་གང་ཡིན་པའོ། །ད་ལྟར་བྱུང་བའི་འདུ་བྱེད་གང་ཞེ་ན། རང་གི་མཚན་ཉིད་ཀྱི་དངོས་པོ་ལས་མ་ཞིགས་ཤིང་མ་ཉམས་པར་སྐྱེ་བ་ཙམ་གྱིས་དུས་ལ་གནས་པའི་མཚན་ཉིད་གང་ཡིན་པའོ། །མ་འོངས་པའི་འདུ་བྱེད་གང་ཞེ་ན། རྒྱུ་ནི་ཡོད་ཅིང་མེད་པ་མ་ཡིན་ལ། རང་གི་མཚན་ཉིད་མ་བྱུང་ཞིང་བདག་ཉིད་མ་ཐོབ་བ་གང་ཡིན་པའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་འདས་པ་དང༌། མ་འོངས་པའི་དངོས་པོ་ནི་མེད་ལ། ད་ལྟར་བྱུང་བའི་དངོས་པོ་ནི་ཡོད་ཅེས་གསུངས་ཏེ། དེ་ཡང་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་མངོན་པར་ཞེན་པ་སྤང་བར་བྱ་བ་དང༌། ད་ལྟར་བྱུང་བ་ཡང་མེད་དོ་སྙམ་དུ་མངོན་པར་ཞེན་པ་སྤང་བར་བྱ་བའི་དོན་གྱི་དབང་དེ་གཉིས་གཟིགས་པས་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཁམས་ཡོད་དོ་ཞེས་གསུངས་པ་ཡང་ས་བོན་གྱི་རྒྱུ་འབྲས་བུ་བསྐྱེད་ཟིན་པའི་འདས་པ་ཡིན་ལ། ས་བོན་གྱི་རྒྱུན་འབྱུང་བ་འབྲས་བུ་མ་བསྐྱེད་པ་ནི་ཁམས་མ་འོངས་པ་ཡིན་ནོ། །ད་ལྟར་གྱི་ས་བོན་གྱི་རྒྱུན་འབྲས་བུ་སྐྱེད་བར་བྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཡིན་ཏེ། དེ་ལ་དགོངས་པ་ནི་དེ་ཡིན་པས་འདས་པ་དང་མ་འོངས་པ་རྫས་སུ་ཡོང་བ་མ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་དགོངས་པ་མ་རྟོགས་བར་གྱ་ཚོམ་དུ་སྨྲ་བ་ནི་བདག་ཕུང་བར་བྱེད་ལ། གཞན་ཡང་ཐེ་ཚོམ་གྱི་དཔྱད་ཐག་ལ་འདོགས་པར་བྱེད་པ་ཡིན་པས་སྒྲིབ་པའི་རྒྱུ་བྱེད་ཅིང༌། བསྟན་པའི་ཚེར་མ་བསྐྱེད་པའི་ལྟ་བ་ངན་པ་དེ་ཤིན་ཏུ་ཐག་བསྲིང་བར་བྱ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་བས་ན་མུ་སྟེགས་བྱེད་གླང་པོའི་རིགས་ཅན་ཚུལ་བཞིན་མ་ཡིན་པའི་དྲེགས་པས་སྨྱོས་པ། འཁོར་བ་དང་ངན་འགྲོའི་གཡང་ས་དང་གཅོང་རོང་གིས་མི་འཛེམ་པ་དེ་དག་ནི་འཇིག་རྟེན་ཡོངས་ལ་བསླུ་ཞིང་


DTG205_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དགྲར་གྱུར་པ་ཡིན་པ་ས་དེ་བཞིན་གཤེགས་པའི་སེང་གེའི་སྒྲའི་ཤུགས་ཀྱིས་སྤ་བཀོང་སྟེ། རིགས་པའི་ལྕགས་ཀྱུས་རྟག་ཏུ་སྣ་ནས་གཟུང་ཞིང་གདུལ་བར་བྱའོ། །བདེ་བར་གཤེགས་པའི་དགོངས་པ་མ་རྟོགས་བཞིན་དུ་རང་གི་རྟོག་པའི་དྲ་བས་གླགས་ཤིང་རང་གི་ཡུལ་གྱི་གཟེབ་ལ་ཐོགས་ནས། རྟ་ལོང་བ་བོང་བའི་ཕྱི་བཞིན་འབྲང་བ་དང་འདྲ་བར་ཆོས་འདི་པར་བས་འཆེ་ཞིང༌། གཞན་མུ་སྟེགས་ཅན་དག་གི་གཞུང་ལུགས་ཀྱི་རྗེས་སུ་འབྲང་བ་དེ་དག་ནི་དམ་པའི་ཆོས་ལྟར་བཅོས་པ་སྟོན་པ་ཡིན་པས་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ། ལུང་གི་སྲབ་ཀྱིས་རྟག་ཏུ་ཁ་ནས་གཟུང་ཞིང་བཀྲི་བར་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་བརྟེན་ཏེ་བྱུང་བ་ཡིན་ལ། རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བ་མ་ཡིན་པར་རིག་པར་བྱའོ། །རྣམ་པར་ཤེས་པའི་ཚོགས་ལྔ་ཆར་ལན་ཅིག་འབྱུང་ངོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་དཔེས་མཚོན་པའི་དོན་ནི་སྔར་བསྟན་པའི་ལུགས་བཞིན་དུ་སྦྱར་བར་བྱ་སྟེ། དེ་ནི་འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། དེའི་ཡོད་པ་ཉིད་དང༌། དམིགས་པས་འཇུག་པ་དང༌། མཚུངས་པར་ལྡན་པས་འཇུག་པ་དང༌། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་དང༌། ལྷན་ཅིག་གི་དངོས་པོ་འཇུག་པ་དག་གིས་འཇུག་པ་རྣམ་པར་གཞག་པ་བསྟན་པ་གང་ཡིན་བདེ་དག་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ཡིན་པས་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ཞེས་བྱའོ། །མི་ཤེས་པའི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་ལུགས་ཤེས་པ་བསྟན་བ་ནི་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས་ཀྱི་ལུགས་ཤེས་པ་ལ་བསྟན་ཅིང་ཆོས་ཀྱི་ལུགས་


DTG205_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་ཀྱི་ལུགས་ཤེས་པ་ཞེས་བྱ་བ་ལ། ཆོས་ཀྱི་ལུགས་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གནས་པ་ཉིད་ཡིན་ཏེ། དེ་ཡང་དོན་དམ་པར་མ་སྐྱེས་པ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་སྒྱུ་མ་དང༌། གཟུགས་བརྙན་ལྟ་བུར་རྒྱུ་དང་རྐྱེན་སྣ་ཚོགས་སོ་སོར་ངེས་པ་ལ་ལྟོས་པ་ཐ་སྙད་གདགས་པར་ཡོད་པ་ཉིད་ཡིན་པས་ན། མདོ་གཞན་ལས་ཀྱང་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི་རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ་ཞེས་གསུངས་སོ། །དེའི་ཕྱིར་ཀུན་རྫོབ་ཏུ་ཆོས་གནས་པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར་མདོ་གཞན་ལས་ཀྱང་དེ་ལ་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྐྱེན་འདི་བ་ཉིད་ཀྱི་འབྲས་བུ་ཆོས་རྣམས་ཀྱི་ཆོས་ཉིད་གནས་པ་གང་ཡིན་པས་ཆོས་གནས་པ་ཉིད་དང༌། ཆོས་ངེས་པར་འགྱུར་བ་ཉིད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པ་ཉིད་དང༌། བདེན་པ་ཁོ་ན་དང༌། མ་ནོར་བ་ཉིད་དང༌། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་བར་དུ་གནས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བསྟན་པ་ཡིན་ནོ་ཞེས་གསུངས་སོ་ཞེས་འབྱུང་བའི་ཕྱིར་ཏེ། དེ་བས་ན་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་ལུགས་ཞེས་བྱའོ། །ཤེས་པ་ཞེས་བྱ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གནས་པ་ཉིད་གང་ཡིན་པ་དེ་ལ་གཞན་མུ་སྟེགས་ཅན་དག་གི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བའི་མཚན་ཉིད་དུ་བརྟགས་པ་དེ་ལྟ་བུ་མ་ཡིན་པར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པའི་མཚན་ཉིད་ལྔ་པོ་རྒྱུ་དང་བཅས་པ་ལས་འབྱུང་བའི་མཚན་ཉིད་དང༌། མི་རྟག་པའི་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་དང༌། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང༌། བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་གང་ཡིན་པའོ། །བརྟེན་ཅིང་གནས་ཞེས་བྱ་བ་


DTG205_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ལྟར་ཆོས་ཀྱི་ལུགས་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་དེ་ལ་བརྟེན་ཅིང་གནས་ནས་སོ། །དེ་ལྟར་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་གནས་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ནི་དེ་དག་གི་ངོ་བོ་ཉིད་དང༌། གནས་དང་དམིགས་པ་དང༌། གྲོགས་དང༌། ལས་དང༌། དེའི་ཡོད་པ་ཉིད་ལ་མཁས་པ་དང༌། དམིགས་པ་ལ་འཇུག་པ་དང༌། མཚུངས་པར་ལྡན་པས་འཇུག་པ་དང༌། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་དང༌། ལྷན་ཅིག་གི་དངོས་པོས་འཇུག་པ་དག་གིས་འཇུག་པ་རྣམ་པར་གཞག་པ་ལ་མཁས་པ་ཡིན་པས་ན་དེ་ཉིད་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ལ་མཁས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེས་ནི་སྔར་འཕགས་པ་བློ་གྲོས་ཡངས་པས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་དག་ནི་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་བསྟན་པ་ཡིན་ནོ། །ཡིན་ཡང་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡང་འཇུག་པ་རྣམ་པར་གཞག་པ་ལ་མཁས་པ་ཡིན་མོད་ཀྱི། ལྡོག་པ་རྣམ་པར་གཞག་པ་ལ་མཁས་པ་མ་ཡིན་པས་དེ་ཙམ་ལ་མཁས་པར་མི་འདོགས་ཀྱི་ལྡོག་པ་རྣམ་པར་གཞག་པ་ལ་མཁས་པ་ལ་ནི་མཁས་པར་འདོགས་སོ་ཞེས་འོག་ནས་འབྱུང་བའི་མིག་འདྲེན་པ་ཡིན་ཏེ། དེ་ལ་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་བསྡུས་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ཞེས་བྱའོ། །དེ་མི་ཤེས་པའི་གཉེན་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་གྱིས་རྣམ་


DTG205_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་བསྟན་པ་གང་ཡིན་པ་ནི་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་ལེན་པ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགེ་བའི་ཆོས་བསྒོམ་པས་རྣམ་པར་ལྡོག་པར་རིག་པར་བྱ་སྟེ། ཇི་ལྟར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཞེ་ན། དེ་ནི་སེམས་ཅན་གྱི་འཇིག་རྟེན་གྲུབ་པར་བྱེད་པ་དང༌། སྣོད་ཀྱི་འཇིག་རྟེན་གྲུབ་པར་བྱེད་པ་དང༌། ད་ལྟར་གྱི་སྡུག་བསྔལ་གྱི་བདེན་པའི་ངོ་བོ་ཉིད་གང་ཡིན་པ་དང༌། མ་འོངས་པའི་སྡུག་བསྔལ་གྱི་བདེན་པ་གྲུབ་པར་བྱེད་པ་དང༌། ད་ལྟར་གྱི་ཀུན་འབྱུང་བའི་བདེན་པ་གྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དགེ་བའི་ཆོས་བསྒོམ་པས་ལྡོག་པར་རིག་པར་བྱ་སྟེ། དགེ་བའི་ཆོས་བསྒོམ་པ་དེ་ཡང་འཇུག་པ་དང༌། རྟོགས་པ་དང༌། གོམས་པ་དང༌། ཡིད་ལ་བྱེད་པའི་གནས་རྣམས་སུ་ཤེས་པར་བྱའོ། །དེ་ལ་འཇུག་པ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྟོགས་པར་བྱ་བའི་ཕྱིར་དང་པོ་སོ་སོའི་སྐྱེ་བོའི་ས་ནས་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པ་སྟེ། དེ་ཡང་བདེན་པ་མཐོང་བ་བདེན་པ་རྣམས་ལ་མིག་མ་ཐོབ་པས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་པས་རྟོགས་པར་མི་ནུས་པས་དེའི་ཕྱིར་སོ་སོའི་སྐྱེ་བོ་སེམས་གནས་པར་བྱ་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་བརྩོན་པར་བྱེད་པ་ན་དང་བོ་ཁོ་ནར་རྣམ་པར་གཞག་པ་དང༌། རྣམ་པར་གཞག་པའི་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པར་བྱ་བའི་ཕྱིར་མཐོང་བའི་ལམ་གྱི་བསྡུས་པའི་དགེ་བའི་ཆོས་བསྒོམ་པ་ནི་འཇུག་པའི་བསྒོམ་པ་ཡིན་ནོ། །རྟོགས་པ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་རྟོགས་པར་བྱེད་པ་སྟེ། དེ་ཡང་དེ་ལྟར་བདེན་པ་མངོན་པར་རྟོགས་ཤིང་ཉན་ཐོས་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་


DTG205_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་སམ། བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་སོ། །ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་པ་ན། ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པས་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའི་ལམ་གྱི་སྦྱོར་བས་བསྡུས་པའི་དགེ་པའི་ཆོས་བསྒོམ་པ་ནི་རྟོགས་པ་བསྒོམ་པ་ཡིན་ནོ། །གོམས་པ་ཞེས་བྱ་བ་ནི་རྟོགས་པ་ཉིད་ཀུན་དུ་བསྟེན་ཅིང་ལན་མང་དུ་བྱེད། གོམས་པར་བྱེད་པ་སྟེ། དེ་ཡང་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་རྟོགས་པའི་འོག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་འདུ་བྱེད་ཀྱི་རྣམ་པ་སྤྲོས་པར་བསྡུས་པ་ཐམས་ཅད་ཀྱི་ཁམས་དང་ལྡན་པ་ཡིན་པའི་ཕྱིར་དེ་ལ་སྤྲོས་པ་ཐམས་ཅད་གཅིག་ཏུ་སྡུད་པ་དང༌། གཅིག་ཏུ་སྤུང་བ་དང༌། གཅིག་ཏུ་སོགས་པར་བྱེད་ཅིང་དེ་ཀུན་དུ་བསྟེན་པ་དང༌། ལན་མང་དུ་བྱ་བ་དང༌། གོམས་པར་བྱ་བའི་ཕྱིར་བསྒོམ་པའི་ལམ་གྱི་ཁྱད་པར་གྱིས་བསྡུས་པའི་དགེ་བའི་ཆོས་བསྒོམ་པ་ནི་གོམས་པར་བསྒོམ་པ་ཡིན་ནོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་མ་ཐོབ་པ་མཐར་ཐུག་པར་བྱ་བའི་ཕྱིར་དེ་བཞིན་ཉིད་ཡིད་ལ་བྱེད་པ་སྟེ། དེ་ཡང་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པར་སྤྲོས་པ་ཐམས་ཅད་གཅིག་ཏུ་བསོགས་ནས་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པས་ཀུན་དུ་བསྟེན་ཅིང་བསྒོམ་པའི་ལམ་གྱི་མཐར་ཐུག་པས་བསྡུས་པའི་དགེ་བའི་ཆོས་བསྒོམ་པ་ནི་ཡིད་ལ་བྱེད་པ་བསྒོམ་པ་ཡིན་ཏེ། རྒྱུ་དེས་གནས་པར་བྱེད་དོ། །གནས་གྱུར་མ་ཐག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་སྤང་པར་བརྗོད་པ་སྟེ། དེ་སྤང་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱང་སྤང་བར་བརྗོད་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་དེའི་གནས་ནི་གཉེན་པོས་བསྒྱུར་བར་རིག་པར་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་པ་དང༌། ལེན་པ་དང་བཅས་པ་ཡིན་ལ། གནས་གྱུར་པ་ནི་རྟག་པ་དང༌། ལེན་པ་མེད་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ། གནས་གྱུར་པ་ནི་གནས་ངན་ལེན་པ་ཐམས་ཅད་དང་གཏན་བྲལ་བ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་མ་ཡིན་ཞིང་ལམ་གྱི་


DTG205_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རྒྱུ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་བྱེད་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤངས་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་བ་དང༌། སྤྲུལ་པ་ལྟ་བུའི་ལུས་ཀུན་དུ་གནས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་འབྱུང་བར་བྱེད་པའི་རྒྱུ་སྤངས་པའི་ཕྱི་མ་ལ་ཡང་འབྱུང་བར་བྱེད་པའི་ལེན་པ་སྤོང་བ་དང༌། ཚེ་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་ཚེ་འདིའི་ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་པ་ཐམས་ཅད་སྤོང་བ་དང༌། གནས་ངན་ལེན་པ་ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཙམ་ཀུན་དུ་གནས་པ་ཡིན་ནོ། །དེ་ཡོད་ན་ལུས་ཀྱི་མཐའ་པ་དང༌། སྲོག་གི་མཐའ་པའི་ཚོར་བ་མྱོང་བར་བྱེད་དེ། དེའི་ཕྱིར་མདོ་ལས་ཀྱང་འདི་ན་དེའི་ཚོར་བ་ཐམས་ཅད་དེ་ཙམ་གྱིས་ན་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་ཙ་བར་རྣམ་པར་གཞག་པ་དང༌། འཇུག་པ་དང༌། རྟོགས་པ་དང༌། གོམས་པ་དང༌། ཡིད་ལ་བྱེད་པ་རྣམ་པར་གཞག་པ་དང༌། གནས་གྱུར་པ་རྣམ་པར་གཞག་པས་ཀུན་གཞིའི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པ་བསྟན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་བསྡུས་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ཉིད་འདིར་དོན་དམ་པའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་མི་ཤེས་པའི་གཉེན་པོར་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་བསྟན་པ་གང་ཡིན་པ་ནི་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་པར་རིག་པར་བྱེ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྔར་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ཞེས་པ་དང༌། ངོ་བོ་ཉིད་དང་བྱེ་བྲག་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ནམ་མཁའི་མེ་ཏོག་དང་འདྲ་


DTG205_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཏན་མེད་པ་ཡིན་ནོ། །ཀུན་བརྟགས་པའི་ཐ་སྙད་དགལ་བའི་སེམས་དང་ཡིད་དང་རྣམ་བར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པས་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རང་བཞིན་སྒྱུ་མ་བྱས་པ་དང་འདྲ་བར་ཡོད་པ་ཡིན་ཡང་དེ་རྣམ་པར་དག་པའི་དམིགས་པ་མ་ཡིན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཡིན་པས་ན་དོན་དམ་པའི་རབ་ཏུ་དབྱེ་བ་མ་ཡིན་ནོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་གྱི་དབང་གི་ངོ་བོ་ཉིད་དེའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རང་བཞིན་ནམ་མཁའ་དང་འདྲ་བ་རྣམ་པར་རྟོག་པའི་དམིགས་པ་ཆོས་བདག་མེད་པ་ཡིན་པས་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ཞེས་བྱ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་གང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་དེ་ལྟ་བུ་ལ་མཁས་པ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་པས་ན། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས་ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་ནང་གི་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་ལས་བཟློག་པ་སྟེ། དེས་ནི་རྣམ་པར་ཤེས་པས་ཟིན་པའི་རྒྱུད་དུ་གཏོགས་པ་ཐམས་ཅད་བསྡུ་བར་བསྟན་ཏོ། །སོ་སོ་རང་གི་ཞེས་བྱ་བ་ནི་གང་ཟག་གཞན་གྱི་རྒྱུད་ལས་བཟློག་པ་སྟེ། དེས་ནི་ལུང་གི་རྗེས་སུ་འབྲང་བ་མ་ཡིན་གྱི། བདག་ཉིད་ཀྱི་རྟོགས་པ་ཚད་མར་བྱ་བ་བསྟན་ཏོ། །ལེན་པ་མི་མཐོང་ཞེས་བྱ་བ་ནི་དོན་གང་གིས་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་གདགས་པ་མི་མཐོང་བ་སྟེ། སྔར་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་འདི་ལྟར་དེས་ལུས་འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ། །དེ་ཡང་གང་གི་ཚེ་ཡང་དག་པའི་ཤེས་པས་དེ་བཞིན་ཉིད་མཐོང་བའི་ཚེ་ན་མི་མཐོང་སྟེ། དེ་ཉིད་ཕྱིན་ཅི་མ་


DTG205_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །མི་མཐོང་ཞེས་བྱ་བའི་ཚིག་གི་དོན་ནི་ལྷག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ལེན་པའི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི་སྔར་མཚན་ཉིད་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་ཆོས་བདག་མེད་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཐོང་བ་ལ་བྱའི། དམུས་མོང་གིས་གཟུགས་མི་མཐོང་བ་ལྟ་བུ་ནི་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཀུན་གཞི་ཡང་ཞེས་བྱ་བ་ནི་དོན་གང་གིས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་གདགས་པ་སྟེ། སྔར་ལས་ཀྱི་འབྲས་བུ་དབྱེ་བ་བསྟན་པའི་སྐབས་སུ་འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱི་ཀུན་དུ་སྦྱོར་བ་དང༌། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི་སྔར་མཚན་ཉིད་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །བསགས་པ་ཡང་ཞེས་བྱ་བ་ནི་དོན་གང་གིས་སེམས་ཞེས་བྱ་བར་གདགས་པ་སྟེ། སྔར་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་འདི་ལྟར་དེ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ཀྱིས་ཀུན་དུ་བསགས་པ་དང༌། ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ། །སེམས་ཀྱང་ཞེས་བྱ་བ་ནི་སྔར་མཚན་ཉིད་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་སེམས་ཞེས་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །དམིགས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་རྣམས་ཀྱི་གནས་དང་དམིགས་པ་དང་ངོ་བོ་ཉིད་བསྟན་ཏེ། སྔར་འཇུག་པའི་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་གནས་དང༌། དམིགས་པ་དང༌། ངོ་བོ་ཉིད་དང༌། གྲོགས་དང༌། ལས་དང༌། འཇུག་པའི་མཚན་ཉིད་བསྟན་པ་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་


DTG205_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་ནོ་ཞེས་དོན་གྱི་མཇུག་བསྡུ་བ་ཡིན་ནོ། །དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བས་ནི་སྔར་འཕགས་པ་བློ་གྲོས་ཡངས་པས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང༌། ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །དེ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་བསྟན་པ་ཡིན་ཏེ། དེ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ། །དེ་ལྟར་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པ་ལྔ་བསྟན་པ་དེ་དག་ནི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཡིན་ནོ། །རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བའི་ཚུལ་བསྟན་པ་འདི་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་ཆར་ཡང་ཀུན་རྫོབ་ཏུ་ཆོས་ཀྱི་ལུགས་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུའང་གསང་བ་ཡིན་པར་འདྲ་ལ། དོན་དམ་པར་གནས་གྱུར་པའི་ཤེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་གསང་བ་ཡིན་པར་འདྲ་བ་ལས་བཅོམ་ལྡན་འདས་ཀྱིས་ཐེག་པ་གདགས་པ་རྣམ་པར་གཞག་པ་བསྟན་པའི་སྐབས་སུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བའི་སྒོ་ནས་ཐེག་པ་ཐམས་ཅད་དུ་ཡང་བསྟན་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཉིད་དང་རབ་ཏུ་དབྱེ་བ་ནི་ཐེག་པ་གཞན་གྱི་གནས་སྐབས་སུ་མ་བསྟན་པ་དེ་ཅིའི་ཕྱིར་མ་བསྟན་པ་དང༌། ཇི་ལྟར་ན་དེའི་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བར་རིག་པར་བྱ་ཞེས། ཞིབ་མོ་མཁས་པ་མཛངས་པ། རྟོགས་པའི་ཤེས་རབ་དང་ལྡན་པ་དག་ཚུལ་བཞིན་དུ་ཞུགས་པའི་བསམ་པ་དང༌།


DTG205_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་བསྐྱེད་པའི་སྨྲ་བས་རྒོལ་བ་དེ་དག་ལ་ལན་གདབ་པ་མི་ཤེས་པས་རྨོངས་པའི་གཉེན་པོར། དེ་ནི་བཅོམ་ལྡན་འདས་ཀྱིས་གསང་སྟེ་བསྟན་ཅིང་རྣམ་པར་གཞག་པ་ཡིན་པས་ན་དེའི་ཕྱིར་མ་བསྟན་ཏོ་ཞེས་བྱ་བ་དང༌། ཐེག་པ་ཆེན་པོ་གདགས་པ་རྣམ་པར་གཞག་པའི་གནས་སྐབས་སུ་དེའི་ཡོད་པ་ཉིད་རབ་ཏུ་དབྱེ་བ་ཡང་བསྟན་ཏོ་ཞེས་དམིགས་ཀྱིས་བསལ་ཞིང་བསྟན་པ་ནི་བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དེ་ནི་བཅོམ་ལྡན་འདས་ཀྱིས་གསང་སྟེ་བསྟན་ཅིང་རྣམ་པར་གཞག་པ་ཡིན་པས་ན་དེའི་ཕྱིར་མ་བསྟན་ཏོ་ཞེས་བསྟན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་གསུངས་ཏེ། དེ་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་གསང་བ་རྣམ་པར་གནས་པ་སྟེ། དེ་དག་གི་ནང་ནས་དེ་ནི་བསྟན་པའི་འོས་མ་ཡིན་པའི་ཕྱིར་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་གྱི་མཚན་ཉིད་དུ་གནས་པའི་ཕྱིར་དང༌། རང་གི་མཚན་ཉིད་ཀྱིས་མི་གནས་པའི་ཕྱིར་ཤེས་པར་དཀའ་བས་ན་དེའི་ཕྱིར་གསང་སྟེ་བསྟན་ཅིང་རྣམ་པར་གཞག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ལན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། སྔར་འདི་ལྟར་དེས་ལུས་འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བསྟན་པས་བཤད་དོ། །ཟབ་ཅིང་ཕྲ་ཞེས་བྱ་བ་ནི་ཟབ་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་ཕྲ་བ་ཞེས་བྱ་བས་བསྟན་ཏོ། །ཡང་ན་དེ་ངོ་བོ་ཉིད་ཀྱིས་ཆ་ཕྲ་བའི་ཕྱིར་ཟབ་བ་ཞེས་བྱའོ། །གཞན་གྱིས་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་ཞེས་བྱའོ། །ས་བོན་ཐམས་ཅད་ཅེས་བྱ་བ་ནི་ས་བོན་ཐམས་ཅད་དང་ལྡན་པ། གནས་ཀྱི་དངོས་པོར་གྱུར་པ། གནས་ཀྱི་དངོས་པོར་གནས་པ། ལེན་པར་བྱེད་པའི་ཚིག་བཞི་རྣམ་པར་གཞག་པ་སྔར་བསྟན་པས་བཤད་དོ། །ཆུ་བོའི་ཀླུང་ལྟར་འབབ་ཅེས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་འཇུག་པའི་རྣམ་པར་ཤེས་པ་ཆུ་རླབས་ལྟ་བུ་རྣམས་ཀྱི་གནས་ཀྱི་དངོས་པོས་ཆུ་བོའི་ཀླུང་ལྟར་རྟག་ཏུ་འཇུག་པ་སྟེ། ཇི་སྐད་


DTG205_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་རླུང་གིས་བསྐྱོད་དེ། དེ་དག་གིས་སེམས་འབྱུང་བར་གཟིགས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ཞེས་བྱ་བ་ནི་ས་བོན་ཐམས་ཅད་པ་དེ་ལ་སྟེ། སྔར་གནས་པའི་དངོས་པོར་གྱུར་པ་དེ་ལ་སེམས་ཅན་རྣམས་བདག་ཏུ་སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱའོ་ཞེས་བསྟན་པ་ན། དེ་ལ་བདག་ཏུ་རྟོག་པར་གྱུར་ན་གཞན་མུ་སྟེགས་ཅན་ཉིད་དུ་གྱུར་པས་མི་རུང་ངོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན་ཞེས་བྱ་བ་ནི་གང་བདག་ཏུ་རྟོག་པར་གྱུར་ན་དེ་དག་ནི་བྱིས་པ་དང་འདྲ་བ་ཡིན་པས་བྱིས་པ་རྣམས་ཞེས་བྱ་སྟེ། དེ་དག་ལ་ངས་ཀུན་གཞིའི་རྣམ་པར་ཤེས་པ་དེའི་ཡོད་པ་ཉིད་དང༌། རབ་ཏུ་དབྱེ་བ་དེ་མ་བསྟན་པས་ན་དེའི་ཕྱིར་དེ་ནི་གསུང་སྟེ་བསྟན་ཅིང་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བ་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ། །ལེའུ་ལྔ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་སེམས་ཀྱི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཆོས་རྣམས་ཀྱི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུ་དྲུག་པ་འདི་གསུངས་སོ། །དེ་ལ་ལེའུ་དྲུག་པ་འདི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་བར་དབྱེ་ན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་པ་དང༌། རྒྱ་ཆེར་བསྟན་པའོ། །དེ་ལ་ཡོངས་སུ་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བྱ་བ་ནས། ཇི་ཙམ་གྱིས་འདོགས་ལགས་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་


DTG205_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བའི་ཆོས་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་མཚན་ཉིད་ལ་མཁས་པ་བསྟན་པ་གླེང་བསླང་བའི་ཕྱིར་འདིར་དང་པོར། བཅོམ་ལྡན་འདས་ལ་འཕགས་པ་ཡོན་ཏན་འབྱུང་གནས་ཀྱིས་ཞུ་བ་ཞུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་རྣམས་ཞེས་བྱ་བ་ནི་མཚན་ཉིད་མེད་པའི་ཆོས་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང༌། རྣམ་པར་བྱད་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་དོ། །མཚན་ཉིད་ཅེས་བྱ་བ་ནི་མཚན་གཞིའི་ཆོས་དེ་དག་གི་དོན་མཚོན་པར་བྱེད་པ་སྟེ། ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་པོ་དེ་དག་ཡིན་ནོ། །མཁས་པ་ཞེས་བྱ་བ་ནི་མཚན་ཉིད་གསུམ་པོ་དེ་དག་ལུང་གི་སྒོ་ནས་སྒྲོ་བཏགས་པ་མེད་པ་དང༌། སྐུར་པ་མེད་པར་ཤེས་པའོ། །ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་བ་ནི་མདོ་སྡེ་དེ་དང་དེ་དག་ལས་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ལགས་ཞེས་བྱ་བ་ནི་ལུང་ཇི་ཙམ་གྱི་སྒོ་ནས་མཁས་པ་མཁས་པ་ལགས་ཞེས་ཞུས་པ་ཡིན་ཏེ། ལུང་ཞེས་བྱ་བས་ནི་མཉན་པའི་རྣམ་པས་ཡོངས་སུ་ཤེས་པའོ། །དེའི་སྒོ་ནས་མཁས་པ་ནི་ཀུན་བརྟགས་པ་ལ་སྒྲོ་འདོགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །ཇི་ཙམ་གྱིས་འདོགས་པ་ལགས་ཞེས་བྱ་བ་ནི་རྟོགས་པ་ཇི་ཙམ་གྱི་སྒོ་ནས་མཁས་པར་འདོགས་ལགས་ཞེས་ཞུས་པ་ཡིན་ཏེ། རྟོགས་པ་ཞེས་བྱ་བ་ནི་བསྒོམ་པའི་རྣམ་པ་ཡོངས་སུ་ཤེས་པ་དང༌། དེའི་འབྲས་བུ་བྱ་བ་མེད་པའོ། །དེའི་སྒོ་ནས་མཁས་པར་འདོགས་པ་ནི་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ནས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། རྣམ་པར་བྱང་བའི་


DTG205_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱིས་ཆོས་ཐོབ་པར་འགྱུར་བ་དེ་ཙམ་གྱིས་ན་མཁས་པར་འདོགས་པ་ཡིན་ནོ། །ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱ་ཆེར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཡོངས་སུ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདིས་ནི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་བསྟན་པ་དང༌། བཤད་པ་རྣམ་པ་གཉིས་བསྟན་ཏེ། དེ་ལ་བསྟན་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ལུང་དང་རྟོགས་པའི་སྒོ་ནས་མེད་པའི་མཚན་ཉིད་ཀྱང་མེད་པར་ཤེས་པར་བྱ་དགོས་པས། མཚན་ཉིད་གསུམ་མདོར་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་མཚན་ཉིད་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དམ། བྱེ་བྲག་ཏུ་ཀུན་བརྟགས་པ་དང༌། མིང་དང་བརྡར་བཏགས་པ་དང༌། ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །དེ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པས་ངོ་བོ་ཉིད་དམ། བྱེ་བྲག་ཏུ་ཀུན་བརྟགས་པ་ཙམ་དུ་ཟད་ཀྱི་གཟུང་བའི་ངོ་བོ་ཉིད་ཀྱང་མ་ཡིན། འཛིན་པའི་ངོ་བོ་ཉིད་ཀྱང་མ་ཡིན་པས་ན་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་སྟེ། ནམ་མཁའི་མེ་ཏོག་དང་འདྲ་བར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉི་གར་གཏན་མེད་པ་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་བ་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པའོ། །དེ་ནི་གཟུང་བ་དང་འཛིན་པའི་དངོས་པོའི་ངོ་བོ་ཉིད་རྒྱུ་དང་རྐྱེན་


DTG205_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་གིས་བྱུང་བ་ཡིན་པས་ན་གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་སྟེ། སྒྱུ་མ་བྱས་པ་དང་འདྲ་བར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་གྱུར་པ་དང༌། དངོས་པོའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དང༌། དེ་བཞིན་ཉིད་གང་ཡིན་པའོ། །དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་གནས་གྱུར་པ་ཡང་དག་པའི་ཤེས་པ་དང༌། དེའི་ཡུལ་གཞན་གྱི་དབང་གི་དངོས་པོའི་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་ཡོངས་སུ་གྲུབ་པ་ཡིན་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་སྟེ། ནམ་མཁའ་དང་འདྲ་བར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་ལ་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་གསུམ་མདོར་བསྟན་པ་གང་ཡིན་པ་དེ་ནི་བསྟན་པ་ཡིན་ནོ། །བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བཤད་པ་ཞེས་བྱ་བ་ནི་དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་གསུམ་མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་གང་ཡིན་པའོ། །བཤད་པ་འདི་ཡང་རྣམ་པ་གཉིས་ཏེ། དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་དང༌། དེ་དག་གི་དངོས་པོ་བསྡུ་བ་བསྟན་པའོ། །དེ་ལ་དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ནི་གཉེན་པོའི་དགོས་པ་དང༌། དཔེའི་དགོས་པ་དང༌། མངོན་པར་བསྒྲུབ་པའི་དགོས་པ་དང༌། ཐབས་ཀྱི་དགོས་པ་དང༌། རྟོགས་པའི་དགོས་པ་དང༌། ཕན་ཡོན་གྱི་དགོས་པ་དང་ལྡན་པའོ། །དེ་ལ་གཉེན་པོའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་བསྒྲུབ་པ་གང་ཡིན་པའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དཔེའི་དགོས་པ་དང་ལྡན་པ་ནི། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་


DTG205_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་གསུངས་པའི་ཁྱད་པར་གྱིས་བསྟན་ཏོ། །མངོན་པར་བསྒྲུབ་བའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲད་བ་དེ་ལྟ་བུ་ནི་ཞེས་བྱ་བ་ནས། ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཐབས་ཀྱི་དགོས་པ་དང་ལྡན་པ་ནི་ཡོད་ཏན་འབྱུང་གནས་དེ་ལ་མཚན་མ་དང་འབྲེལ་པའི་མིང་ལ་བརྟན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རྟོགས་པའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་བའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནས། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཕན་ཡོན་གྱི་དགོས་པ་དང་ལྡན་པ་ནི། ཡོད་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནས། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བ་ནི། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཞེས་བྱ་བ་ནས། ཚིགས་སུ་བཅད་པ་རྫོགས་པའི་བར་གྱི་གཞུང་ལྷག་མ་ཐམས་ཅད་ཀྱི་བསྟན་ཏོ། །དེ་ལ་དང་པོར་གཉེན་བོའི་དགོས་བ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་ཤིན་ཏུ་རྨོངས་པ་རྣམ་པ་བཞིའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་རྨོངས་པ་རྣམ་པ་གཞི་ནི་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྒྲོ་འདོགས་པའི་རྒྱུ་དང༌། ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་བ་འདེབས་པའི་རྒྱུ་དང༌། ཀུན་ནས་ཉོན་མོངས་


DTG205_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུ་དང་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུའོ། །དེ་ལ་དང་པོར་མེད་པའི་པའི་དོན་ལ་ཤིན་ཏུ་རྨོངས་པའི་སྒྲོ་འདོགས་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་བའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་བ་བཤད་པར་བྱ་སྟེ། དེ་ལ་མེད་པའི་དོན་ཅེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་དངོས་པོ་ལ་ངོ་བོ་ཉིད་དམ་བྱེ་བྲག་ཏུ་སུ་ན་བརྟགས་བ་དང་མིང་དང་བརྡ་བཏགས་བ་དང༌། ཐ་སྙད་དུ་བརྗོད་པར་ཟད་ཀྱི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་གང་ཡང་མ་ཡིན་ཏེ། ནམ་མཁའི་མེ་ཏོག་དང་འདྲ་བར་མཚན་ཉིད་ངོ་བོ་ཉིད་མེད་བ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་གཉི་ག་ར་གཏན་མེད་བས་ན་མེད་པའི་དོན་ཅེས་བྱའོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ཀུན་བརྟགས་བའི་མཚན་ཉིད་མེད་པའི་དོན་ལ་ཡོད་པར་མངོན་པར་ཞེན་པ་ཡིན་ནོ། །སྒྲོ་འདོགས་པའི་རྒྱུ་ཞེས་བྱ་བ་ནི་དེ་ལྟར་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་དེ་ཉིད་སྒྲོ་འདོགས་པའི་རྒྱུ་ཡིན་ཏེ། མེད་པའི་དོན་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་མེད་པའི་དོན་དེ་ལ་ཡོད་བར་སྒྲོ་འདོགས་པའི་ཕྱིར་རོ། །དེའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་སྒྲོ་འདོགས་པའི་རྒྱུ་དེ་རྣམ་པར་སེལ་བའི་གཉེན་པོའི་དོན་དང་ལྡན་པ་ཀུན་བརྟགས་པའི་ཆོས་ཀྱི་མཚན་ཉིད་ནམ་མཁའི་མེ་ཏོག་དང་འདྲ་བ་བདེན་པ་གཉི་གར་གཏན་མེད་པར་བསྟན་བ་གང་ཡིན་པ་དེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་གཞག་པ་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཞེས་བྱ་བ་ནི་སྒྲོ་བཏགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱིའོ། །ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་གཞག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་དང༌།


DTG205_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་བརྟགས་པ་དང༌། བཏགས་པ་དང༌། བརྗོད་པའི་དོན་ཏོ། །དེ་ལ་ངོ་བོ་ཉིད་ཅེས་བྱ་བ་ནི་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོ་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པའོ། །བྱེ་བྲག་ཞེས་བྱ་བ་ནི་གཟུགས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །ཚོར་བ་འདི་ནི་སྲེད་པས་བརླན་པའོ། །འདི་ནི་སྲེད་པས་མ་བརླན་པའོ། །འདོད་ཆགས་འདི་ནི་མ་ཐོང་བས་སྤོང་བར་བྱ་བའོ། །འདི་ནི་བསྒོམ་པས་སྤང་བར་བྱ་བའོ། །དད་པ་འདི་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པའོ། །འདི་ནི་དཀོན་མཆོག་དང་བདེན་པ་ལ་སེམས་དང་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བྱེ་བྲག་ཏུ་སྒྲོ་བཏགས་པ་གང་ཡིན་པའོ། །མིང་ཞེས་བྱ་བ་ནི་ཐ་སྙད་གཞན་དུ་མི་འཁྲུལ་པའི་རྒྱུ་སྟེ། གཟུགས་ཤེའམ། ཚོར་བ་ཞེའམ། འདོད་ཆགས་ཤེ་འམ། དད་པ་ལ་སོགས་པ་ལྟ་བུར་ཚིག་གིས་གདགས་པ་ཡིན་ནོ། །བརྡ་ཞེས་བྱ་བ་ནི་ཐ་སྙད་གོ་བར་བྱེད་པའི་རྒྱུ་སྟེ། འདིར་འདུག་ཤིག་པའམ། ཕར་སོང་ཤིག་པའམ། བྱོས་ཤིག་པའམ། མ་བྱེད་ཅིག་པ་ལ་སོགས་པ་ལྟ་བུའི་ཐ་སྙད་ཚིག་གམ། ལག་བརྡའམ། མིག་ཟུར་ལ་སོགས་པས་གོ་བར་བྱེད་པ་ཡིན་ནོ། །རྣམ་པར་གཞག་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་དངོས་པོའི་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཀུན་བརྟགས་པ་དང༌། མིང་དང་བརྡར་བཏགས་པ་དང༌། ཐ་སྙད་དུ་བརྗོད་པ་རྣམ་པར་གཞག་པ་སྟེ། དེ་ནི་དངོས་པོ་ལ་གློ་བུར་བ་ཡིན་ནོ། །དེ་ལྟར་ན་ཀུན་བརྟགས་པའི་མཚན་ཉིད་ནི་ཀུན་བརྟགས་པ་ཙམ་དུ་ཟད་ཀྱི། གཟུང་བ་དང་འཛིན་པའི་ངོ་བོ་ཉིད་མ་ཡིན་པས་དེ་ལྟར་ཤེས་ན་མེད་པའི་དོན་ལ་ཤིན་ཏུ་རྨོངས་ཤིང་ཡོད་པ་སྒྲོ་འདོགས་པའི་ཕྱིར་དེ་ནི་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྒྲོ་འདོགས་པའི་རྒྱུའི་གཉེན་པོར་དགོས་པ་དང་ལྡན་པར་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་པ་འདེབས་བའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་


DTG205_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཡོད་པའི་དོན་ཅེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ། དེ་ནི་ཕྱི་ནང་གི་དངོས་བོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གི་བརྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། སྒྱུ་མ་བྱས་པ་དང་འདྲ་བར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པའི་ཕྱིར་ཡོད་པའི་དོན་ཅེས་བྱའོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ཡོད་པའི་དོན་ལ་མེད་པར་མངོན་པར་ཞེན་པ་ཡིན་ནོ། །སྐུར་བ་འདེབས་པའི་རྒྱུ་ཞེས་བྱ་བ་ནི་དེ་ལྟར་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་དེ་ཉིད་སྐུར་བ་འདེབས་པའི་རྒྱུ་ཡིན་ཏེ། ཡོད་པའི་དོན་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་ལ་མེད་པར་སྐུར་བ་འདེབས་པའི་ཕྱིར་རོ། །དེའི་གཉེན་པོར་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་སྐུར་བ་འདེབས་པའི་རྒྱུ་དེ་རྣམ་པར་སེལ་བའི་གཉེན་པོའི་དོན་དང་ལྡན་པ་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཅེས་བྱ་བ་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་དོ། །འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དང༌། དབང་པོ་དང༌། ཡུལ་དང༌། རྣམ་པར་ཤེས་པ་ལ་སོགས་པ་དུས་གཅིག་ཏུ་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲས་བུ་མགོ་མཉམ་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་དུས་སྔ་ཕྱི་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ། །དེ་ལྟར་ན་གཞན་གྱི་དབང་གི་མཚན་ཉིད་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་


DTG205_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལྟར་ཤེས་ན། ཡོད་པའི་དོན་ལ་ནི་ཤིན་ཏུ་རྨོངས་ཤིང་སྐུར་པ་མི་འདེབས་པའི་ཕྱིར་དེ་ནི་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་པ་འདེབས་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་བསྡུས་པའི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་མངོན་པར་ཞེན་པ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་རྒྱུ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་ཀུན་ནས་ཉོན་མོངས་པ་ཉིད་དོ། །འཇིག་པ་ཞེས་བྱ་བ་ནི་ཆུད་གསོན་པ་སྟེ་དེ་ལ་སྐུར་པ་འདེབས་པའོ། །རྒྱུ་ཞེས་བྱ་བ་ནི་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་ཉིད་ཀུན་ནས་ཉོན་མོངས་པ་དེ་འཇིག་པའི་རྒྱུ་ཡིན་ཏེ། ཡོད་པ་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་དེ་ཆུང་གསོན་པར་བྱེད་པའི་ཕྱིར་རོ། །དེའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཞེས་བྱ་བ་ནི་དེ་ལྟར་འཇིག་པའི་རྒྱུ་དེ་རྣམ་པར་སེལ་བའི་དོན་དང་ལྡན་པ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་སྒྱུ་མ་བྱས་པ་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་བ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེ་དག་གིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བས་བསྡུས་པའི་ཉོན་མོངས་པ་བསྟན་ཏེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གཞན་གྱི་དབང་གི་མཚན་ཉིད་ཀྱང༌། དངོས་པོའི་ངོ་བོ་ཉིད་ཀྱི་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་དེ་ལྟར་ཤེས་ན་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་ཤིང་དེ་


DTG205_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པར་མི་བྱེད་པའི་ཕྱིར་དེ་ཡང་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་སྟེ། འཇིག་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། དེའི་འོག་ཏུ་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་རྣམ་པར་བྱང་བ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དེ་ནི་གནས་གྱུར་པ་དང་དངོས་པོའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དང་དེ་བཞིན་ཉིད་ཡིན་པས་ན་རྣམ་པར་བྱང་བ་ཞེས་བྱའོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་མངོན་པར་ཞེན་པ་ཡིན་ནོ། །དེ་ལ་འཇིག་པའི་རྒྱུ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་བྱང་བ་ཉིད་དོ། །འཇིག་པ་ཞེས་བྱ་བ་ནི་ཆུད་གསོན་པ་སྟེ། དེ་ལ་སྐུར་པ་འདེབས་པའོ། །རྒྱུ་ཞེས་བྱ་བ་ནི། དེ་ལྟར་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་ཉིད་རྣམ་པར་བྱང་བ་དེ་འཇིག་པའི་རྒྱུ་ཡིན་ཏེ། ཡོད་པ་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་དེ་ཆུད་གསོན་པར་བྱེད་པའི་ཕྱིར་རོ། །དེའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་དེ་འཇིག་པའི་རྒྱུ་དེ་རྣམ་པར་སེལ་བའི་གཉེན་པོའི་དོན་དང་ལྡན་པ་ཡོངས་སུ་གྲུབ་པའི་ཆོས་ཀྱི་མཚན་ཉིད་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཡོད་པར་བསྟན་པ་གང་ཡིན་པ་དེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟུན་པའི་རྒྱུ་དང་ལེགས་པར་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་དེ་རྟོགས་ཤིང་དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ་ཞེས་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དངོས་པོའི་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་སྟེ། དེས་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་ཤེས་པ་


DTG205_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པ་བསྟན་ཏེ། དེ་བརྟུལ་བ་ཞེས་བྱ་བ་ནི་རྟག་ཏུ་བྱེད་པའི་སྦྱོར་བའོ། །ལེགས་པར་ཚུལ་བཞིན་ཡིད་ལ་བྱས་པ་ཞེས་བྱ་བ་ནི་སུས་པར་བྱེད་པའི་སྦྱོར་བ་ཡིན་ནོ། །དེ་རྟོགས་ཤིང་ཞེས་བྱ་བས་ནི་མཐོང་བའི་ལམ་གྱིས་སོ། །དེ་རྟོགས་པ་གོམས་པར་བྱས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །ཡང་དག་པར་གྲུབ་པས་ཀྱང་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བཟོད་པ་དང༌། གནས་གྱུར་པ་ཡང་དག་པར་བསྒྲུབ་པས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ་ཞེས་བྱ་བས་ནི་ཡང་དག་པའི་ཤེས་པས་ཡོངས་སུ་གྲུབ་པ་མཐར་ཕྱིན་པ་ཉིད་ཀྱི་གནས་སྐབས་བསྟན་ཏོ། །དེ་ལྟར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གནས་གྱུར་པ་དང་དངོས་པོའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་དང༌། དེ་བཞིན་ཉིད་ཡོངས་སུ་གྲུབ་པ་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན་པས་དེ་ལྟར་ཤེས་ན་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་ཤིང་དེ་འཇིག་པར་མི་བྱེད་པའི་ཕྱིར་དེ་ནི་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུ་དེ་གཉེན་པོ་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེའི་དོན་རྣམ་པ་བཞི་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་དཔེའི་དགོས་པ་རྣམ་པ་བཞི་ནི་དོན་གྱི་དཔེ་དང༌། ཕྱི་རོལ་གྱི་དང༌། ནད་གི་དཔེ་དང༌། མཉམ་པར་མ་བཞག་པའི་ས་པའི་དཔེའོ། །དེ་ལ་དང་པོར་དོན་གྱི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་དོན་གྱི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པའི་མིག་དངོས་དོན་ཞེས་བྱ་སྟེ། དེ་ཉིད་དོན་གྱི་དཔེའོ། །དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཀུན་བརྟགས་པའི་ཆོས་ཀྱི་


DTG205_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གང་ཟག་རབ་རིབ་ཅན་གྱི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་དུ་བརྟགས་པའི་མཚན་ཉིད་དང་བལྟ་བར་བྱའོ་ཞེས་བྱ་བ་གསུངས་སོ། །འདིར་ནི་རྒྱུས་འབྲས་བུ་སྟོན་ཏེ། དཔེར་ན་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་ནི་འཁྲུལ་པའི་རྒྱུ་ཡིན་ལ། རྒྱུ་དེས་འཁྲུལ་པར་འགྱུར་བ་ནི་འབྲས་བུ་ཡིན་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ན་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་གློ་བུར་བར་གནས་པ་དེ་ནི་འདིར་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་འདྲ་བར་བསྟན་ཏེ། དེ་ནི་སྒྲོ་འདོགས་པའི་རྒྱུ་ཡིན་ནོ། །རྒྱུ་དེས་དངོས་པོ་ལ་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་དངོས་པོ་ལ་གློ་བུར་བར་གནས་པ་ནི་འབྲས་བུ་སྟེ། དེ་གཉི་ག་ཀུན་བརྟགས་པའི་མཚན་ཉིད་ཡིན་པར་འདྲ་བ་ལས་འབྲས་བུ་དེ་ནི་དངོས་སུ་འདིར་མ་བསྟན་པས་རྒྱུའི་སྒོ་ནས་ཤེས་པར་བྱ་བའི་ཕྱིར་རྒྱུས་འབྲས་བུ་བསྟན་ཏོ་ཞེས་བཤད་དེ། དེ་ནི་དོན་གྱི་དཔེའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཕྱི་རོལ་གྱི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཕྱི་རོལ་གྱི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པའི་རྒྱུ་དེ་ལས་འབྲས་བུ་ཕྱི་རོལ་གྱི་མཚན་མ་སྣང་བ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན། དེ་ཉིད་ལ་རབ་རིབ་ཀྱི་མཚན་མ་སྐྲ་ཤད་འཛིངས་པ་ལ་སོགས་པའི་མཚན་མ་སྣང་བར་གྱུར་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དཔེར་ན་མིག་འཁྲུལ་པར་བྱེད་པའི་རྒྱུ་རབ་རིབ་གང་གི་མིག་ལ་ཡོད་པ་དེ་ལ་འབྲས་བུ་སྐྲ་ཤད་འཛིངས་པ་ལ་སོགས་པའི་མཚན་མ་དག་སྣང་བ་དང་འདྲ་བར་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སེམས་འཁྲུལ་པར་བྱེད་བའི་རྒྱུ་ཀུན་


DTG205_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་མཚན་ཉིད་གང་གི་རྒྱུད་ལ་ཡོད་པ་དེ་ལ་འབྲས་བུ་གཟུགས་ལ་སོགས་པའི་རྣམ་པ་འཁྲུལ་པའི་དངོས་པོ་དག་སྣང་བ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །སྔར་ཀུན་བརྟགས་པའི་སྐབས་སུ་རྒྱུས་འབྲས་བུ་སྟོན་ཏེ་ཞེས་སྨོས་པ་ནི་འཁྲུལ་པའི་རྒྱུས་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་སྟེ། གཉི་ག་ཀུན་བརྟགས་པ་ཉིད་དོ། །འབྲས་བུ་འདི་ནི་འཁྲུལ་པའི་དངོས་པོར་སྣང་བ་གཞན་གྱི་དབང་ཡིན་ཏེ། དེ་ནི་ཕྱི་རོལ་གྱི་དཔེའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ནང་གི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ནང་གི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ཡོངས་སུ་དག་པའི་སྤྱོད་ཡུལ་མ་ནོར་བ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཡོངས་སུ་གྲུབ་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་ཟག་དེ་ཉིད་ཀྱི་མིག་ཡོངས་སུ་དག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་བྲལ་བར་གྱུར་པ་ན། མིག་དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་བའི་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དཔེར་ན་མིག་འཁྲུལ་པའི་རྒྱུ་རབ་རིབ་ཀྱི་སྐྱོན་དང་བྲལ་བའི་མིག་མ་འཁྲུལ་པའི་སྤྱོད་ཡུལ་མ་ནོར་བ་དང་འདྲ་བར་སེམས་འཁྲུལ་པའི་རྒྱུ་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བའི་གནས་གྱུར་པ་ཡང་དག་པའི་ཤེས་པའི་ཡུལ་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་ཏེ། དེ་ནི་ནང་གི་དཔེའི་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་མཉམ་པར་མ་བཞག་པའི་ས་པའི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཉམ་པར་མ་བཞག་པའི་ས་པའི་དཔེ་ཞེས་བྱ་བ་ནི་ཤེལ་དང༌། ཚོན་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱིར་ཕྱི་རོལ་གྱི་དངོས་པོ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་


DTG205_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པ་དེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་བཞིན་དུ་གསལ་པ་ནི་ཞེས་བྱ་བ་ནས། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་གསུངས་པའི་བར་གྱིས་བསྟན་ཏེ། དཔེ་དེ་དག་གིས་མཚོན་པའི་དོན་ནི་འོག་ནས་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཉིད་ཡིན་པར་སྦྱར་རོ། །དཔེ་དེ་དག་ཀྱང་རྣམ་པར་རིག་པ་ཙམ་ལས་མ་གཏོགས་པ་ཕྱི་རོལ་གྱི་དངོས་པོ་གཞན་མེད་མོད་ཀྱི་འཇིག་རྟེན་ལ་གྲགས་པའི་དབང་དུ་མཛད་ནས་མཉམ་པར་མ་བཞག་པའི་ས་པའི་དཔེ་ཞེས་གསུངས་ཏེ། དེ་ནི་མཉམ་པར་མ་བཞག་པའི་ས་པའི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་མངོན་པར་བསྒྲུབ་པའི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་རྣམ་པར་ཐར་པའི་སྒོ་གསུམ་པོ་ངག་མངོན་པར་བསྒྲུབ་པའི་མཚན་ཉིད་གསུམ་ལ་བརྟེན་ནས་རྣམ་པར་གཞག་སྟེ། ཀུན་བརྟགས་པའི་མཚན་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པ་རྣམ་པར་གཞག་གོ །གཞན་གྱི་དབང་གི་མཚན་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་གཞག་གོ །ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ་མངོན་པར་བསྒྲུབ་པ་རྣམ་པར་གཞག་གོ །དེ་ལ་དང་པོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་


DTG205_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ཆོས་བདག་མེད་པར་རབ་ཏུ་ཕྱེ་བ་ཡིན་ལ། ཀུན་བརྟགས་པའི་མཚན་ཉིད་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་པས་སྟོང་པ་ཉིད་ཡིན་པས་ན། ངེས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པ་རྣམ་པར་གཞག་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ནོར་བུ་རིན་པོ་ཆེ་ཨན་དརྙིལ་ལ་སོགས་པ་ལོག་པར་འཛིན་པ་དེ་ལྟ་བུ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་འཛིན་པར་བལྟ་བར་བྱའོ་ཞེས་གསུངས་ཏེ། དེ་ལ་ཚིག་དང་པོས་ནི་ཐོག་མ་མེད་པའི་དུས་ནས་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་གློ་བུར་བར་གནས་པ་བསྟན་ཏོ། །ཚིག་འོག་མས་ནི་གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་མངོན་པར་ཞེན་པར་བྱེད་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་བསྟན་ཏེ། རྟོག་པ་དེ་དངོས་ནི་གཞན་གྱི་དབང་ཡིན་པས་ཀུན་བརྟགས་པའི་སྐབས་འདིར་མི་སྦྱར་གྱི། དེས་གཟུང་ཞིང་མངོན་པར་ཞེན་པར་བྱ་བ་དངོས་པོ་ལ་གློ་བུར་བའི་མིང་དུ་བཏགས་པ་གང་ཡིན་པ་དེ་འདིར་གཟུང་སྟེ། དེ་གཉིས་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་ཏེ། དེ་ནི་འཁྲུལ་པའི་རྒྱུ་དང་འཁྲུལ་པའི་རང་བཞིན་ཙམ་དུ་ཟད་ཀྱི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་གང་ཡང་མ་ཡིན་པ་གློ་བུར་བ་ཡིན་པས་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་ཁམས་གསུམ་པ་ལ་མི་སྨོན་བས་རབ་ཏུ་ཕྱེ་བ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་ཀྱང་ཁམས་གསུམ་པའི་སེམས་དང་སེམས་ལས་


DTG205_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ངོ་བོ་ཉིད་ཡིན་པས་ན་དེས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་གཞག་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་མཚན་མ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྡུག་བསྔལ་བའི་ངོ་བོ་ཉིད་ཡིན་པས་ན་དེ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མྱ་ངན་ལས་འདས་པ་མཚན་མ་ཐམས་ཅད་བསལ་བས་རབ་ཏུ་ཕྱེ་བ་ཡིན་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་མཚན་མ་ཐམས་ཅད་བསལ་བའི་ངོ་བོ་ཉིད་ཡིན་པས་ན་དེས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་གཞག་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདི་ལྟ་སྟེ། དཔེར་ན་ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ནོར་བུ་རིན་པོ་ཆེ་ཨན་དརྙིལ་ལ་སོགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཀུན་བརྟགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་འདུ་བྱེད་ཀྱི་མཚན་མ་དེ་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་ཡིན་པས་ན་དེ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་


DTG205_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དངོས་པོ་ལྔ་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་མཚན་ཉིད་གསུམ་པོ་དག་ནི་དངོས་པོ་ལྔ་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་ཏེ། མཚན་མ་དང་མིང་ལ་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ། །རྣམ་པར་རྟོག་པ་ལ་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ། །ཡང་དག་པའི་ཤེས་པ་དང་དེ་བཞིན་ཉིད་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ། །དེ་ལ་དང་པོར་མཚན་མ་དང་མིང་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་མཚན་མ་དང་འབྲེལ་པའི་མིང་ལ་བརྟེན་ནས་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། མཚན་མ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་སྟེ། གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །མིང་ནི་མཚན་མ་དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་གཞག་པ་སྟེ། ཀུན་བརྟགས་པའི་མཚན་ཉིད་ཡིན་ནོ། །དེ་ཡང་གནས་མེད་པ་ལ་མིང་དང་གདགས་སུ་མི་རུང་བས་མཚན་མའི་གནས་ལ་མིང་དུ་འདོགས་པར་བྱེད་པ་ནི་མཚན་མ་དང་འབྲེལ་པའི་མིང་ཞེས་བྱ་བ་སྟེ། ཇི་ཙམ་དུ་མིང་དང་མཚན་མ་ལ་མིང་དུ་གདགས་པ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཡིན་པས་དེའི་ཕྱིར་མིང་ལ་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། དེ་ནི་མཚན་མ་དང་མིང་ལ་བརྟན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་


DTG205_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་རྟོག་པ་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བ་ཐབས་ཀྱི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་རྣམ་པར་རྟོག་པས་མངོན་པར་ཞེན་པ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྟེ། ཇི་སྲིད་དུ་མཚན་མ་ལ་མིང་དུ་རྣམ་པར་རྟོག་པས་མངོན་པར་ཞེན་པ་དེ་སྲིད་དུ་གཞན་གྱི་དབང་གི་མཚན་ཉིད་ཡིན་པས་ན་དེའི་ཕྱིར་མངོན་པར་ཞེན་པ་ལ་བརྟེན་ནས་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། དེ་ནི་རྣམ་པར་རྟོག་པ་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡང་དག་པའི་ཤེས་པ་དང་དེ་བཞིན་ཉིད་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་མངོན་པར་ཞེན་པ་མེད་པ་ནི་གནས་གྱུར་པས་བསྡུས་པ་ཡང་དག་པའི་ཤེས་པ་དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་པ་སྟེ། གང་གི་ཚེ་གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་ཡང་དག་པར་ཤེས་པས་མངོན་པར་ཞེན་པ་མེད་པ་དེའི་ཚེ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས། དེའི་ཕྱིར་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཡང་དག་པའི་ཤེས་པ་དང༌། དེ་བཞིན་ཉིད་ལ་བརྟེན་ནས་རབ་ཏུ་ཤེས་


DTG205_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་མཚན་ཉིད་གསུམ་རྟོགས་བ་ལ་བརྟེན་ནས་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་རྟོགས་པར་འགྱུར་ཞིང་དེ་རྟོགས་པའི་འབྲས་བུ་ཕན་ཡོན་གྱི་དགོས་པ་ཐོབ་ཅིང་མཁས་པར་འདོགས་པར་འགྱུར་བའི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་མེད་པའི་ཆོས་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང༌། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྣམ་པ་ཐམས་ཅད་དོ། །དེ་ཡང་ཀུན་བརྟགས་པའི་མཚན་ཉིད་རྟོགས་པ་ལ་བརྟེན་ནས་ནི་མཚན་ཉིད་མེད་པའི་ཆོས་རྟོགས་པར་འགྱུར་རོ། །གཞན་གྱི་དབང་གི་མཚན་ཉིད་རྟོགས་པ་ལ་བརྟེན་ནས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་རོ། །ཡོངས་སུ་གྲུབ་པའི་མཚན་ཉིད་རྟོགས་པ་ལ་བརྟེན་ནས་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་རོ། །དེ་ལ་དང་པོར་མཚན་ཉིད་མེད་པའི་ཆོས་རྟོགས་པར་གྱུར་པའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མའོ། །ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་པ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་


DTG205_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡ་རྣམ་པར་གཞག་པ་དེ་གློ་བུར་བར་ཤེས་ནའོ། །མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་དང་འདྲ་བར་བདེན་པ་གཉི་གར་གཏན་མེད་པར་ཤེས་ཤིང་ཆོས་བརྟགས་པའི་ཕྱིར་ཆོས་བདག་མེད་པ་རྟོགས་པར་འགྱུར་བ་སྟེ། དེ་ནི་མཚན་ཉིད་མེད་པའི་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཉིད་དུ་ཤེས་ནའོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བས་བསྡུས་པའི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་དོན་དམ་པའི་ངོ་བོ་ཉིད་མེད་པ་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་ཤེས་ཤིང་གཞན་གྱི་དབང་ཐམས་ཅད་སྡུག་བསྔལ་བར་རྟོགས་པར་འགྱུར་བ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་བའི་དགོས་པ་


DTG205_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་པར་ཤེས་ནའོ། །རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་བཟློག་པས་བསྡུས་པའི་ཤེས་རབ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དང༌། སྟོབས་བཅུ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུར་གྱུར་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པར་ཤེས་ཤིང་རྣམ་པར་གྲོལ་བ་ཐམས་ཅད་བདེ་བར་རྟོགས་པར་འགྱུར་བ་སྟེ། དེ་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པར་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་རྟོགས་པའི་འབྲས་བུ་ཕན་ཡོན་གྱི་དགོས་པ་ཐོབ་པ་དེ་ཙམ་གྱིས་ན་མཚན་ཉིད་ལ་མཁས་པར་འདོགས་ན་ནི་འོག་ནས་སྟོན་ཏོ། །རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅིང་མཁས་པར་འདོགས་པར་འགྱུར་བའི་ཕན་ཡོན་གྱི་དོན་དང་ལྡན་པའི་ཆོས་ཀྱི་


DTG205_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུའི་གནས་ཏེ། དེ་ཡང་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་རྟོགས་པ་ལ་བརྟེན་ནས་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་བོ། །གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤངས་བ་ལ་བརྟེན་ནས་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པས་ནི་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་བོ། །དེ་ལ་དང་པོར་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པ་ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བརྟགས་པའི་མིང་མེད་པར་ཤེས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་རབ་ཏུ་སྤོང་བར་འགྱུར་བ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་རབ་ཏུ་སྤངས་པ་ཉིད་སྤངས་པ་ཕུན་སུམ་ཚོགས་པ་ཡིན་པས་དེ་ནི་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པ་ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་འཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་


DTG205_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དབང་དུ་མཛད་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་གནས་གྱུར་ནའོ། །རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གནས་གྱུར་པས་བསྡུས་པ་ཡང་དག་པའི་ཤེས་པ་ཐོབ་པ་སྟེ། དེ་ལྟར་ཡང་དག་པའི་ཤེས་པ་ཐོབ་པ་ཉིད་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་པས་དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པས་རྒྱ་ཆེར་བསྟན་པ་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དོན་དེ་དག་གིས་དངོས་པོ་བསྡུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་གི་མཇུག་བསྡུ་ཞིང་སྒོ་དེ་ནས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་དང༌། མཚན་ཉིད་ལ་མཁས་པར་འདོགས་པ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དེ་གང་དག་གི་དངོས་པོ་བསྡུ་བ་འདི་ནི་དོན་རྣམ་པ་གསུམ་བསྟན་ཏེ། མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་དང༌། བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་དང༌། དེའི་འབྲས་བུས་བྱ་བ་མེད་པའོ། །དེ་ལ་དང་པོར་མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་ནི་ད་ལྟར་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཞེས་བྱ་བས་བསྟན་ཏེ། དེས་ནི་སྔར་གཉེན་པོའི་དགོས་པ་དང༌། དཔེའི་དགོས་པ་


DTG205_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་དག་ནི་ལུང་གི་སྒོ་ནས་ཀྱང་ཤེས་པར་བྱར་རུང་བ་ཡིན་པས་ན་མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་ཞེས་བྱའོ། །དེའི་འོག་ཏུ་བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་ནི། མཚན་ཉིད་མེད་པ་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང༌། རྣམ་པར་བྱང་བའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་ཞེས་བྱ་བས་བསྟན་ཏེ། དེས་ནི་སྔར་རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་དག་གི་ལམ་བསྒོམ་པས་ཤེས་པར་བྱ་བ་ཡིན་པས་ན་སྒོམ་པའི་རྣམ་པ་ཡོངས་སུ་ཤེས་པ་ཞེས་བྱའོ། །དེའི་འོག་ཏུ་དེའི་འབྲས་བུས་བྱ་བ་མེད་པ་ནི། མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་གྱུར་པ་ཞེས་བྱ་བ་བསྟན་ཏེ། དེས་ནི་སྔར་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ་དེ་དག་ནི་སྔར་བསྒོམ་པའི་རྣམ་པར་བྱ་བ་བྱས་ཟིན་པའི་འབྲས་བུའི་འགྲེལ་པ་སྦྱར་བ་ཙམ་དུ་ཟད་ཀྱི། གཟོད་བྱ་བ་བསྒྲུབ་པ་མ་ཡིན་པས་ན་དེའི་འབྲས་བུ་བྱ་བ་མེད་པ་ཞེས་བྱའོ། །དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ་ཞེས་བྱ་བ་ནི་མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་དེ་ཙམ་གྱིས་ན་མཁས་པ་ཡིན་པར་བསྟན་ཏེ། དེས་ནི་སྔར་ཡོངས་སུ་ཞུས་པའི་སྐབས་སུ་འཕགས་པ་ཡོན་ཏན་འབྱུང་གནས་ཀྱིས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བ་ནི་བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་དང༌། དེའི་འབྲས་བུ་བྱ་བ་མེད་པ་དེ་ཙམ་གྱིས་ན་མཁས་པར་འདོགས་སོ་ཞེས་བསྟན་ཏེ།


DTG205_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་སྔར་ཡོངས་སུ་ཞུས་པའི་སྐབས་སུ་འཕགས་པ་ཡོན་ཏན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་དང་པོས་ནི་ཕན་ཡོན་གྱི་དགོས་པ་དེ་ཉིད་ཀྱི་དངོས་པོ་བསྡུ་བ་བསྟན་ཏོ། །གཉིས་པས་ནི་དེ་ལྟར་མི་སྒྲུབ་པའི་ཉེས་དམིགས་པ་བསྟན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བས་རྒྱ་ཆེར་བསྟན་པ་བཤད་པ་ཡིན་ནོ། །ལེའུ་དྲུག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་རྣམས་ཀྱིས་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་འཕགས་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུ་བདུན་པ་འདི་གསུངས་སོ། །དེ་ལ་ལེའུ་བདུན་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་པ་དང༌། རྒྱ་ཆེར་བསྟན་པའོ། །དེ་ལ་ཡོངས་སུ་ཞུས་པ་ནི་བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དཔེན་པ་ཞིག་ན་མཆིས་པའི་ཚེ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ་ཞེས་བྱ་བ་ནས། བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རྒྱ་ཆེར་བསྟན་པ་ནི་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་


DTG205_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་མཚན་ཉིད་དང༌། སྐྱེ་བ་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་ལ་མཁས་པ་བསྟན་པ་གླེང་བསླང་བའི་ཕྱིར་འདིར་དང་པོ་བཅོམ་ལྡན་འདས་ལ་འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་ཞུ་བ་ཞུས་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་ཞུས་པའི་སྐབས་འདིར་ནི་འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྙམ་དུ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ་གྱི་མགུར་ནས་སོ་སོ་ཡང་དག་པར་རིག་པ་བཞིའི་མཁྱེན་པས་ཆོས་རྣམས་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་ཡང་བཀའ་སྩལ་ལ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡང་བཀའ་སྩལ་པ་འདི་ལ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་མ་བརྗོད་ན། གཞན་དག་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ལ་དོན་ལ་ལོག་པར་རྟོགས་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་བསྟན་པར་དགོངས་ནས། འདིར་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་རང་གི་མཚན་ཉིད་ལ་སོགས་པ་ཡང་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་ཡང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ། བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ་ཞེས་ཡོངས་སུ་ཞུས་པར་སྦྱར་རོ། །སྐབས་འདི་དག་གི་ཚིག་གི་དོན་གཞན་ནི་སྔར་འཕགས་པ་རབ་འབྱོར་གྱི་ལེའུར་བཤད་པ་བཞིན་དུ་རིག་པར་བྱའོ། །ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱ་ཆེར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཡོངས་སུ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་ཁྱོད་ཀྱི་སེམས་ཀྱི་ཡོངས་སུ་རྟོགས་པ་དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདིས་ནི་དོན་རྣམ་པ་


DTG205_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟོན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་དང༌། དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་བསྟན་པ་དང༌། མདོ་སྡེའི་ཆེ་བ་ཉིད་བསྟན་པའོ། །དེ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ནི། དོན་དམ་ཡང་དག་འཕགས་དེའི་ཕྱིར་ཉོན་ཅིག་དང་ངས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་བསྟན་པ་ནི། དོན་དམ་ཡང་དག་འཕགས་ངས་ནི་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་ཏེ། གཞན་དུ་མ་ཡིན་གྱིས་དེས་ནི་དེ་བཞིན་དུ་ཟུང་ཤིག་ཅེས་གསུངས་པའི་བར་གྱིས་བསྟན་ཏོ། །མདོ་སྡེའི་ཆེ་བ་ཉིད་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པའི་ཞེས་བྱ་བ་ནི་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་ངོ་བོ་ཉིད་མེད་པ་ཉིད་གསུམ་བསྟན་པ་འདི་མ་བརྗོད་ན་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིས་ཆུད་ཟ་བར་འགྱུར་བ་དེའི་གཉེན་པོར་ངོ་བོ་ཉིད་མེད་པ་གསུམ་བསྟན་པའོ། །དེ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞི་ནི་གནས་མེད་པར་ལོག་པར་རྟོག་པ་དང༌། དགོངས་པ་མེད་པར་ལོག་པར་རྟོག་པ་དང༌། དོན་མེད་པར་ལོག་པར་རྟོག་པ་དང༌། ལྟོས་པ་མེད་པར་ལོག་པར་རྟོག་པའོ། །དེ་ལ་གནས་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ནི། དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ནི། དོན་དམ་ཡང་དག་


DTG205_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དོན་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ནི། དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྟོས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ནི། དོན་དམ་ཡང་དག་འཕགས་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་གནས་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གནས་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལ་མ་བརྟེན་པའི་ཕྱིར་གནས་མེད་པར་ལོག་པར་རྟོག་པ་སྟེ། དེ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་གསུངས་པ་ནི་ངོ་བོ་ཉིད་གསུམ་པོ་ཀུན་བརྟགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ཏེ་གསུངས་པའི་ཕྱིར་གནས་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་ངོ་བོ་ཉིད་གསུམ་ལ་མ་བརྟེན་པར་གསུངས་སོ་སྙམ་དུ་གནས་མེད་པར་ལོག་པར་རྟོག་པ་སྟེ། དེས་ཀྱང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ལ་བརྟེན་ནས་དེ་དག་གི་ངོ་བོ་ཉིད་མེད་པ་གསུམ་ལས་དགོངས་ཏེ་གསུངས་པ་ཡིན་པས་གནས་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ངོ་བོ་ཉིད་མེད་པ་ཉིད་གསུམ་གྱི་ཚིག་གི་དོན་ནི་འོག་ནས་སྟོན་ཏོ། །དེ་ནི་གནས་མེད་པར་ལོག་པར་རྟོག་བས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་ལ་བསྟན་པ་


DTG205_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའི་འོག་ཏུ་དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལས་དགོངས་པ་ཡོངས་སུ་སྤང་བའི་ཕྱིར་དགོངས་པ་མེད་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་ངོ་བོ་ཉིད་མེད་པ་ཉིད་གཅིག་པུ་ཞིག་ལས་དགོངས་པ་མིན་གྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་པས་དགོངས་པ་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་ངོ་བོ་ཉིད་མེད་པ་གསུམ་ལས་མ་དགོངས་སོ་སྙམ་དུ་དགོངས་པ་མེད་པར་ལོག་པར་རྟོག་པ་སྟེ། དེས་དང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་མཚན་ཉིད་གསུམ་པོ་དག་གོ །ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་དག་སྟེ། དེ་ཡང་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཐམས་ཅད་གཅིག་གིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། ཀུན་བརྟགས་པའི་མཚན་ཉིད་ནི་མིང་དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གཞག་པ་ནི་མ་ཡིན་པས། བདེན་པ་གཉིས་ཀར་གཏན་མེད་པའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་ནི་མ་ཡིན་པས། ཀུན་རྫོབ་ཀྱི་བདེན་པར་སྒྱུ་མ་ཅམ་དུ་ཡོད་པའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ལ། རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་པས་


DTG205_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཡིན་ལ། དོན་དམ་པའི་བདེན་པ་ཡང་ཡིན། ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་པའི་ཕྱིར་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ལ་དགོངས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དོན་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བ་ཞེས་བྱ་བ་ནི་སྒྲོ་བཏགས་པ་མེད་ཅིང་སྐུར་པ་མེད་པའི་དོན་རྣམ་པར་སྤངས་པའི་ཕྱིར་དོན་མེད་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་གསུངས་པ་ནི་སྒྲོ་བཏགས་པ་མེད་པ་དང་སྐུར་པ་མེད་པའི་དོན་དང་ལྡན་པ་ཡིན་ཏེ། ཀུན་བརྟགས་པའི་མཚན་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ནི་ནམ་མཁའི་མེ་ཏོག་དང་འདྲ་བར་བདེན་པ་གཉི་གར་གཏན་མེད་པས་དེ་ནི་སྒྲོ་བཏགས་པ་མེད་པའི་དོན་དང་ལྡན་པ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ནི་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ནི་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན་པས། དེ་གཉིས་ནི་སྐུར་པ་འདེབས་པ་མེད་པའི་དོན་དང་ལྡན་པ་ཡིན་པའི་ཕྱིར་དོན་ཡོད་པ་ཡིན་ན། དེ་ལྟར་ན་མི་ཤེས་ཤིང་སྒྲོ་བཏགས་པ་མེད་པ་དང༌། སྐུར་པ་མེད་པའི་དོན་དང་མི་ལྡན་ནོ་སྙམ་དུ་དོན་མེད་པར་ལོག་པར་རྟོག་པ་སྟེ་དེས་ཀྱང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་ཞེས་བྱ་


DTG205_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་སྟེ། དེ་ཡང་མཚན་ཉིད་ཐམས་ཅད་ལ་སྐུར་པ་བཏབ་པ་མ་ཡིན་ཏེ། ཀུན་བརྟགས་པའི་མཚན་ཉིད་ནི་ནམ་མཁའི་མེ་ཏོག་དང་འདྲ་བར་བདེན་པ་གཉིས་ཀར་གཏན་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས། དེ་ནི་སྒྲོ་བཏགས་པ་མེད་པའི་དོན་དང་ལྡན་པ་ཡིན་ལ་གཞན་གྱི་དབང་གི་མཚན་ཉིད་ནི་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཅིག་ཤོས་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཚུལ་དུ་ཡོད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་དོན་དམ་པར་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སྤོང་བ། དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཡང་ཡིན་པའི་ཚུལ་དུ་ཡོད་པ་ཡིན་པས་དེ་གཉིས་ནི་སྐུར་པ་མེད་པའི་དོན་དང་ལྡན་པར་གསུངས་པས་ན་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་ཡང་དག་འཕགས་ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི་གནས་མེད་པ་དང༌། དགོངས་པ་མེད་པ་དང༌། དོན་མེད་པར་ལོག་པར་རྟོག་པའི་གཉེན་པོ་སྔར་བསྟན་པ་གསུམ་ཆར་གྱི་མཇུག་བསྡུ་བ་ཡིན་ཏེ། ས་བཅད་པ་ནི་ཐ་མའི་ནང་དུ་བསྡུའོ། །དེ་ནི་དོན་དམ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ལྟོས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ལྟོས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལྟར། སྔ་མ་ལ་ཕྱི་མ་ལྟོས་པའི་ཕྱིར་ལྟོས་པ་མེད་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་


DTG205_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཞེས་གསུངས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང༌། མ་འགགས་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཞེས་གསུངས་པ་དང༌། ཡང་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་གསུངས་པ་ཡང་ཡིན་ཏེ། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཡིན་ལ། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གསུངས་པ་ནི་སྔ་མ་ལས་ཕྱི་མ་ལྟོས་པའི་ཕྱིར་ལྟོས་པ་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་སྔ་མ་ལ་ཕྱི་མ་མ་ལྟོས་མ་སྐྱེས་པ་ཡང་གཞན་ཞིག་ཡིན་ལ། མ་འགགས་པ་ཡང་གཞན། གཟོད་མ་ནས་ཞི་བ་ཡང་གཞན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་གཞན་ཞིག་ཡིན་པར་གསུངས་སོ་སྙམ་དུ་ལྟོས་པ་མེད་པར་ལོག་པར་རྟོག་པ་སྟེ། དེས་ཀྱང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་དང༌། དོན་དམ་ཡང་དག་འཕགས་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་མཚན་ཉིད་ངོ་


DTG205_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་མེད་པ་ལས་དགོངས་པ་ཡང་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལྟར་སྔ་མ་ལ་ཕྱི་མ་ལྟོས་པའི་ཕྱིར་དེ་ཡང་ལྟོས་པ་མེད་པ་མ་ཡིན་ལ། དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་པ་ཡང་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་པས་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང༌། མ་འགགས་པ་ཡིན་ལ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་གཞན་ཞིག་ཡིན་པར་ཞེས་གསུངས་པ་ཡང་སྔ་མ་ལ་ཕྱི་མ་ལྟོས་པའི་ཕྱིར་ལྟོས་པ་མེད་པ་མ་ཡིན་པས་ན། དེའི་ཕྱིར་མ་སྐྱེས་པ་ཡང་གཞན་ཞིག་ཡིན་ལ་མ་འགགས་པ་ཡང་གཞན། གཟོད་མ་ནས་ཞི་བ་ཡང་གཞན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་གཞན་ཞིག་ཡིན་པར་གསུངས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ལྟོས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ལྡེམ་པོར་དགོངས་པ་བསྟན་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་ལྡེམ་པོར་དགོངས་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་ནི་རྣམ་པ་གཉིས་ཏེ། སྒྲུབ་པའི་བྱེ་བྲག་དང༌། མོས་པའི་བྱེ་བྲག་གོ །དེ་ལ་སྒྲུབ་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པར་བྱའོ། །མོས་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་སྒྲུབ་པའི་བྱེ་བྲག་མདོར་བསྟན་པ་ནི། དོན་དམ་ཡང་དག་འཕགས་ངས་ནི་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནས་འཁོར་བ་ལས་མི་འདའ་བའི་ཕྱིར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །སྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པ་ནི། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བ་ནས་དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་


DTG205_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདོགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མོས་པའི་བྱེ་བྲག་མདོར་བསྟན་པ་ནི། དོན་དམ་ཡང་དག་འཕགས་འདི་ལྟར་ངའི་ཆོས་འདུལ་བ་ཞེས་བྱ་བ་ནས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཆོས་སྟོན་ཏོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ནི། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་དེ་གཞན་དུ་མ་ཡིན་གྱི་དེ་ནི་དེ་བཞིན་དུ་ཟུང་ཤིག་ཅེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་དེ་ལ་སྤྱོད་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྒྲུབ་པའི་བྱེ་བྲག་མདོར་བསྟན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་གསུམ་པོ་དག་གི་ངོ་བོ་ཉིད་མེད་པ་ཡིན་པར་གསུངས་པས། ངོ་བོ་ཉིད་གསུམ་ལས་ངོ་བོ་ཉིད་མེད་པ་གསུམ་ཐ་དད་པ་མ་ཡིན་ན་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་མཐོང་ཞིང་ངོ་བོ་ཉིད་ལ་མངོན་པར་ཞེན་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པར་བསྒྲུབ་ཅིང་ཡུན་རིང་བོར་འཁོར་བར་འཁོར་བར་འགྱུར་བའི་བསྒྲུབ་པའི་བྱེ་བྲག་མདོར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་ངས་ནི་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་གསུམ་དང༌། ངོ་བོ་ཉིད་མེད་པ་ཉིད་གསུམ་ནི་དོན་ཐ་དད་པ་མ་ཡིན་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་གཅིག་གིས་ངོ་བོ་ཉིད་མེད་པ་ཡིན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ངོ་བོ་ཉིད་གསུམ་བསྟན་པས་ངོ་བོ་ཉིད་མེད་པ་ཉིད་གསུམ་ཡང་རྟོགས་པར་འགྱུར་བའི་ཕྱིར་ངོ་བོ་ཉིད་གསུམ་གདགས་པར་བྱས་པ་ལས་ལོགས་ཤིག་ཏུ་ངོ་བོ་ཉིད་མེད་པ་ཉིད་གསུམ་གདགས་མི་དགོས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་ཆོས་གདགས་པ་རྣམ་པར་གཞག་པ་མཛད་པའི་གནས་སྐབས་དེ་


DTG205_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་དག་ཏུ་ངོ་བོ་ཉིད་གསུམ་གདགས་པ་ཡང་མཛད་པ་དེ་ལ་དགོས་བ་ནི་ཅི་ཡོད་དགོངས་པ་ནི་གང་ཡིན་སྙམ་དུ་ཞིབ་མོར་བརྟགས་པ་མཁས་པ་མཛངས་པའི་ཤེས་རབ་དང་ལྡན་པ་དག་ཚུལ་བཞིན་དུ་བཞུགས་པའི་བསམ་པས་རྟོག་ཅིང་རིགས་པས་བསྐྱེད་པའི་སྨྲ་བས་རྒོལ་བར་འགྱུར་བའི་བསམ་པས་བརྟགས་ནས། བཅོམ་ལྡན་འདས་སྟོབས་བཅུའི་མཁྱེན་བ་མངའ་བ་ཐུགས་རྗེ་དང་ལྡན་པས་སྔར་ངོ་བོ་ཉིད་གསུམ་གདགས་པ་མཛད་པའི་འོག་ཏུ་ངོ་བོ་ཉིད་མེད་པ་ཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གསུམ་ཡང་གདགས་པ་མཛད་པའི་སྐབས་འདིར་དོན་དམ་ཡང་དག་འཕགས་ངས་ནི་སེམས་ཅན་ཀྱི་ཁམས་ན་སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད། ངོ་བོ་ཉིད་ཀྱིས་ཐ་དད་བར་མཐོང་ཞིང་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན། དེའི་ཕྱིར་ངོ་བོ་ཉིད་རྣམ་པ་གསུམ་མི་འདོགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན་ངོ་བོ་ཉིད་གསུམ་ལས་ངོ་བོ་ཉིད་མེད་པ་ཉིད་གསུམ་གྱི་དོན་ཐ་དད་པ་མ་ཡིན་མོད་ཀྱི། སེམས་ཅན་རྣམས་ཀྱི་གལ་ཏེ་དེ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མཚན་ཉིད་མ་འདྲེས་པར་མཐོང་ཞིང་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པར་མཚན་ཉིད་མ་འདྲེས་པར་མཐོང་ན་ནི་དེའི་ཚེ་དེ་དག་གིས་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ཤིང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་བ་ཉིད་ཡིན་བས་དེའི་ཕྱིར་ཡང་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་གསུམ་འདོགས་པར་ཡང་མི་མཛད་པ་ཞིག་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་མཐོང་ཞིང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཏེ། ཇི་ཙམ་དུ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་བསམས་པ་དེ་ཙམ་དུ་


DTG205_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་གི་ངོ་བོ་ཉིད་ལུགས་བཞིན་དུ་སྐྱེས་ཤིང་ཉོན་མོངས་པ་དང་ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་བར་འགྱུར་ཏེ། ཡུན་རིང་པོར་ལམ་རྒྱུད་ལྔར་འཁོར་ཞིང་འཁོར་བ་ལས་མི་འདའ་བའི་ཕྱིར་དེ་དག་གིས་ངོ་བོ་ཉིད་གསུམ་པོ་དག་ངོ་བོ་ཉིད་མེད་པར་རྟོགས་པར་བྱ་བའི་དོན་དུ་ངོ་བོ་ཉིད་མེད་པ་ཉིད་གསུམ་འདོགས་པར་མཛད་དེ། དེ་ལ་དགོས་པ་དང་དགོངས་པ་ནི་དེ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ངོ་བོ་ཉིད་ལ་མངོན་པར་ཞེན་ཅིང་ངོ་བོ་ཉིད་མེད་པ་མི་རྟོགས་པས་ཡུན་རིང་པོར་འཁོར་བར་མི་འཁོར་བར་འགྱུར་བ་དེ་ཉིད་ལ་སྤྱོད་པའི་གང་ཟག་གི་སྒྲུབ་པའི་བྱེ་བྲག་མདོར་བསྟན་པ་ཡིན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་སྒྲུབ་པའི་བྱེ་བྲག་ཡིན་པར་སྦྱར་རོ། །དེ་ལྟར་མཚམས་སྦྱར་བ་དང༌། བརྒལ་བའི་ལན་གྱིས་སྤྱིའི་དོན་བསྟན་ནས། ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཐ་དད་པར་མཐོང་ཞིང་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བའོ། །ཐ་དད་པ་ཞེས་བྱ་བའི་སྒྲ་ནི་མཚན་ཉིད་མ་འདྲེས་པ་སྟེ། ཀུན་བརྟགས་པའི་མཚན་ཉིད་སྒྲོ་བཏགས་པ་མེད་པ་དེ་ཉིད་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་སྐུར་པ་མེད་པ་དང༌། མཚན་ཉིད་མ་འདྲེས་པར་ཐ་དད་པར་མཐོང་བའོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ཞེས་བྱ་བ་མང་ངོ་བོ་ཉིད་དེ་གཉིས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་ནའོ། །ཐ་དད་པ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། བྱེ་བྲག་ཏུ་ནི་གཞན་གྱི་དབང་གི་ཀུན་རྫོབ་ཏུ་སྐུར་པ་མེད་པར་ཡོད་ལ། ཡོངས་སུ་གྲུབ་པ་ནི་དོན་དམ་པར་སྐུར་བ་མེད་པར་ཡོད་པའི་མཚན་ཉིད་མ་འདྲེས་པར་ཐ་དད་བར་མཐོང་ནའོ། །དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་མི་འདོགས་ཤིང་ཞེས་བྱ་བ་ནི་དེ་ལྟར་མཐོང་ན་དེའི་ཚེ་སྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་དང་དེའི་འབྲས་བུ་བྱ་བ་མེད་པ་ཉིད་ཡིན་པས་དེའི་ཕྱིར་ཡང་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་ཉིད་གསུམ་མི་འདོགས་ཀྱི་དེ་དག་གིས་དེ་ལྟར་མ་མཐོང་བས་དེའི་ཕྱིར་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་གསུམ་འདོགས་པར་བྱེད་དོ་ཞེས་འོག་ནས་འབྱུང་བ་དང་སྦྱར་བར་


DTG205_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཇི་ལྟར་ན་དེ་དག་གིས་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པར་མ་མཐོང་ཞེ་ན། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། སེམས་ཅན་རྣམས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་ཞེས་བྱ་བ་ནི་དེ་སྐད་དུ་མིང་དུ་བརྟགས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་རྗེས་སུ་ཐ་སྙད་འདོགས་ཏེ་ཞེས་བྱ་བ་ནི་ཚིག་གིས་འདོགས་པར་བྱེད་པའོ། །ཐ་སྙད་བཏགས་པས་ཡོངས་སུ་བསྒོས་པའི་སེམས་ཞེས་བྱ་བ་ནི་ཀུན་བརྟགས་པའི་བག་ཆགས་ཀྱིས་བསྒོས་པ་ཀུན་གཞི་རྣམ་པར་ཤེས་པའོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་བག་ཆགས་སད་པའོ། །བག་ལ་ཉལ་གྱིས་ཞེས་བྱ་བ་ནི་འཁྲུལ་པའི་རྒྱུ་རང་བཞིན་ཉིད་དུ་གནས་པའོ། །མངོན་པར་ཞན་ཏོ་ཞེས་བྱ་བ་ནི་རྣམ་པར་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་དུ་བསྐྱེད་དེ་ཞེས་བྱ་བ་ནི་ཡང་འབྱུང་བའི་སྲིད་པར་མཚམས་སྦྱོར་བའོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལུགས་བཞིན་འབྱུང་བས་བསྡུས་པའོ། །འཁོར་བ་ལས་མི་འདའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་གིས་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པར་མ་མཐོང་ངོ་ཞེས་བཀའ་སྩལ་པར་སྦྱར་རོ། །སྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་སྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གསུམ་ཐ་དད་པར་མ་མཐོང་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་གསུམ་འདོགས་པར་མཛད་པ་ལ་བརྟེན་ནས་སེམས་ཅན་རྣམས་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལས་སྒྲུབ་པར་བྱེད་པའི་སྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པ་གང་ཡིན་པའོ། །དེ་ཡང་གཞི་གསུམ་དང་ལྡན་པ་ཡིན་ཏེ། གཞི་གསུམ་དང་ལྡན་པ་ནི་བསྟན་པའི་གཞི་དང་ལྡན་པ་དང༌། རིགས་པའི་གཞི་དང་ལྡན་པ་དང༌། རྐྱེན་གྱི་གཞི་དང་ལྡན་པ་སྟེ། དེ་དག་ནི་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་སྒྲུབ་པའི་


DTG205_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་བསྟན་པ་ཡིན་ནོ། །དེ་ལ་བསྟན་པའི་གཞི་དང་ལྡན་པ་ནི་དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་སྐྱེས་པ་ཞེས་བྱ་བ་ནས། སེམས་ཅན་གྱི་རིགས་སྣ་ཚོགས་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་ཀྱི་གཞི་དང་ལྡན་པ་ནི། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ཞི་བའི་བགྲོད་བ་གཅིག་པུ་པ་ནི་ཞེས་བྱ་བ་ནས་དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རྐྱེན་གྱི་གཞི་དང་ལྡན་པ་ནི་ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནས། དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་བསྟན་པའི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསྟན་པའི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་ཅེས་བྱ་བ་ནི་སེམས་ཅན་ལས་དང་པོ་པ་དག་དེ་བཞིན་གཤེགས་པས་ཆོས་བསྟན་པའི་གཞི་ལ་བརྟེན་ནས་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལམ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ལས་དང་པོ་པའི་མཚན་ཉིད་རྣམ་པ་ལྔ་བསྟན་ཏེ། རིགས་ཡང་དག་པར་མ་བསྒྲུབས་པ་དང༌། སྒྲིབ་པ་ཡོངས་སུ་མ་དག་པ་དང༌། རྒྱུད་ཡོངས་སུ་མ་སྨིན་པ་དང༌། སེམས་མ་བསྐྱེད་པ་དང༌། ཤེས་རབ་ཡོངས་སུ་མ་སྨིན་པའོ། །དེ་ལ་རིགས་ཡང་དག་པར་མ་བསྒྲུབས་པ་ནི་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བས་བསྟན་ཏེ། རིགས་ལ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པའི་རིགས་དང༌། ཡང་དག་པར་བསྒྲུབས་པའི་རིགས་སོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་ཆོས་ཉིད་ཀྱི་ཐོབ་པ་གང་ཡིན་པ་སྟེ། དེ་ནི་ཡང་དག་པར་སྒྲུབ་མི་དགོས་པར་སེམས་ཅན་ཐམས་ཅད་ལ་རང་


DTG205_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ཡོད་པ་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དེ་ནི་ཡང་དག་པར་མ་བསྒྲུབས་ཀྱི་བར་དུ་མི་ཐོབ་པ་ལ་ཡང་དག་པར་བསྒྲུབས་ན་ཐོབ་པ་ཡིན་པས་སྐབས་འདིར་ནི་རིགས་ཡང་དག་པར་མ་བསྒྲུབས་པ་ཞེས་བྱ་བ་དེ་ནི་ཡང་དག་པར་བསྒྲུབས་པའི་རིགས་དེ་ཡང་དག་པར་མ་བསྒྲུབས་པས་ཇི་ལྟར་རིགས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟགས་གང་དག་གིས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་དང་མི་ལྡན་པས་ན། དེའི་ཕྱིར་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱའོ། །རིགས་འདིའི་རྣམ་པར་གཞག་པ་ཞིབ་ཏུ་ནི་རིགས་ཀྱི་གཞི་དང་ལྡན་པ་བཤད་པའི་སྐབས་སུ་འོག་ནས་སྟོན་ཏོ། །སྒྲིབ་པ་ཡོངས་སུ་མ་དག་པ་ནི་སྒྲིབ་པ་ཡོངས་སུ་མ་དག་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབ་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་སུ་ཟིན་ཀྱང༌། ཇི་སྲིད་དུ་དཀར་པོའི་ཆོས་དང་མི་མཐུན་པ་ཉེ་བའི་ཉོན་མོངས་པ་བཞི་པོ་དག་ལས་ཟད་པར་རམ་གཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ་རང་བཞིན་གྱིས་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཀྱི་དགེ་བའི་ཆོས་དེ་དག་དང་ལྡན་པར་འགྱུར་ལ། གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ་དེ་དཀར་པོའི་ཆོས་དེ་དག་ལ་ཡང་མི་སྣང་ལ་ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་བའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་དང་མ་བྲལ་བ་སྟེ། དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་གང་ཞེ་ན། སྔོན་བག་མེད་པར་གྱུར་ཅིང་ཉོན་མོངས་པ་དྲག་པོ་དང༌། ཉོན་མོངས་པ་ཡུན་རིང་བ་འདི་ནི་ཉེ་བའི་ཉོན་མོངས་པ་དང་པོའོ། །བླུན་ཞིང་མི་མཁས་ལ་སྡིག་པའི་གྲོགས་པོ་ལ་བརྟེན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གཉིས་པའོ། །བླ་མ་དང༌། རྗེ་དཔོན་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། ཕྱིར་རྒོལ་བ་ལ་སོགས་པས་ནན་གྱིས་མནན་ཏེ། བདག་ལ་དབང་མེད་པ་དང༌། སེམས་འཁྲུལ་པ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ། །ཡོ་བྱད་མེད་ཅིང་འཚོ་བ་ལ་ལྟ་བ་འདི་ནི་ཉེ་བའི་ཉོན་


DTG205_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་བཞི་པ་སྟེ། ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་དང་མ་བྲལ་བའི་ཕྱིར་སྒྲིབ་པ་ཡོངས་སུ་མ་དག་པ་ཞེས་བྱའོ། །རྒྱུད་ཡོངས་སུ་མ་སྨིན་པ་ནི་རྒྱུད་ཡོངས་སུ་མ་སྨིན་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རིགས་ཡང་དག་པར་བསྒྲུབ་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་ཤིང༌། སྒྲིབ་པ་ཡོངས་སུ་དག་ཏུ་ཟིན་ཀྱང༌། རྒྱུ་བཞིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུད་དེ་དག་དང་མ་བྲལ་བ་སྟེ། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་ཀྱང་དགེ་བའི་བཤེས་གཉེན་ནམ་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པ་དང་མ་ཕྲད་པ་འདི་ནི་རྒྱུ་དང་པོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཕྲད་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་འཛིན་ཅིང་ཕྱིན་ཅི་ལོག་ཏུ་སློབ་པ་འདི་ནི་རྒྱུ་གཉིས་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་མི་སློབ་ཏུ་ཟིན་ཀྱང་སྦྱོར་བ་དེ་ལ་སྦྱོར་བ་གཡེལ་ཞིང་ལེ་ལོ་བྱེད་པ་ཡིན་ཏེ། ཤས་ཆེར་རྒྱུན་དུ་བརྩོན་པ་དང་མི་ལྡན་པ་འདི་ནི་རྒྱུ་གསུམ་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཡང་ཕྱིན་ཅི་མ་ལོག་པར་སློབ་ཅིང་སྦྱོར་བ་དེ་དག་ལ་བརྩོན་འགྲུས་བརྩམ་དུ་ཟིན་ཀྱང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡུན་རིང་དུ་ཉམས་འོག་ཏུ་ཆུད་པར་མ་བྱས་པས་དབང་པོ་ཡོངས་སུ་མ་སྨིན་པ་དང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་འདི་ནི་རྒྱུ་བཞི་པ་སྟེ། རྒྱུ་བཞི་པོ་དེ་དག་དང་མ་བྲལ་བའི་ཕྱིར་རྒྱུད་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །སེམས་མ་བསྐྱེད་པ་ནི་མོས་པ་མི་མང་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རིགས་ཡང་དག་པར་བསྒྲུབས་ནས་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་དག་ལ་རྒྱུད་ཡོངས་སུ་སྨིན་དུ་ཟིན་ཀྱང༌། དེའི་འོག་ཏུ་དང་པོ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པས་ཡིད་ཆེས་པས་རབ་ཏུ་ཕྱེ་བ་མོས་པའི་གནས་


DTG205_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་མཆོག་གི་གནས་དང༌། རྒྱ་ཆེ་བའི་གནས་དང༌། ཟབ་པའི་གནས་དང༌། རྒྱུ་རིག་པའི་གནས་དང༌། འབྲས་བུ་རིག་པའི་གནས་དང༌། རྟོགས་པར་བྱ་བའི་གནས་དང༌། བསྒྲུབ་པར་བྱ་བའི་གནས་དང༌། བཤད་པར་བྱ་བའི་གནས་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང༌། དེ་ཁོ་ནའི་དོན་དང༌། ལམ་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། ལེགས་པར་གསུངས་པའི་ཆོས་མདོ་སྡེ་ལ་སོགས་པ་ལ་མོས་པའི་ཁམས་བརྟས་པར་བྱེད་པའི་རྒྱུ་གཉིས་པོ་མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང༌། བཟོད་པ་དྲག་པོ་མེད་པས་མ་བརྟས་པ་སྟེ། དེ་ནི་མོས་པ་མི་མང་བ་ཞེས་བྱའོ། །ཤེས་རབ་ཡོངས་སུ་མ་སྨིན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་ནས་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་དག་པ་རྒྱུད་ཡོངས་སུ་སྨིན་ཅིང་དེའི་འོག་ཏུ་སེམས་བསྐྱེད་དུ་ཟིན་ཀྱང༌། སེམས་བསྐྱེད་པ་དེའི་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་དང༌། བསོད་ནམས་དང་ཡེ་ཤེས་ཐོབ་པ་དང༌། གནས་པ་དང་འཕེལ་བར་འགྱུར་བ་ལ་འདུན་པ་དང༌། མཐུན་ལ་མི་མཐུན་པ་མེད་པའི་རྐྱེན་དང༌། སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བར་འཁོར་ཞིང༌། སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང༌། ཅི་དགའ་མགུར་སེམས་ཅན་གྱི་དོན་དང༌། སེམས་ཅན་ལ་ཕན་འདོགས་ནུས་པར་འགྱུར་བ་དང༌། ཡེ་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི་ལོག་པས་མ་ཡིན་པ་དང༌། མཁས་བར་བྱ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་འགྱུར་བ་དག་ཡང་དག་པར་མ་གྲུབ་པས་ཤེས་རབ་ཡོངས་སུ་མ་སྨིན་པ་སྟེ།


DTG205_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་བསྒྲུབས་པ་ཞེས་བྱའོ། །ལས་དང་པོ་བའི་མཚན་ཉིད་ལྔ་པོ་དེ་དག་ལས་དང་པོ་གསུམ་གྱིས་ནི་རིགས་ཕུན་སུམ་ཚོགས་པར་མ་གྱུར་པའི་སྒོ་ནས་ལས་དང་པོ་བར་བསྟན་ཏོ། །བཞི་པས་ནི་མོས་པ་ཕུན་སུམ་ཚོགས་པར་མ་གྱུར་པའི་སྒོ་ནས་ལས་དང་པོ་པར་བསྟན་ཏོ། །ལྔ་པས་ནི་ཤེས་རབ་ཕུན་སུམ་ཚོགས་པར་མ་གྱུར་པའི་སྒོ་ནས་ལས་དང་པོ་པར་བསྟན་ཏེ། དེ་ལྟ་བུའི་ལས་དང་པོ་བདག་གིས་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པར་མ་མཐོང་བས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་གསུམ་གདགས་པར་མཛད་ཅིང་ཆོས་བསྟན་པ་ན་གཞི་དེ་ལ་བརྟེན་ནས་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལམ་སྒྲུབ་པར་བྱེད་པ་ནི་བསྟན་པའི་གཞི་དང་ལྡན་པའི་སྒྲུབ་པ་ཞེས་བྱའོ། །དེ་དག་ལ་ནི་ང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ་ཞེས་བྱ་བ་ནི་སྔར་སེམས་ཅན་གྱི་ཁམས་ན་སེམས་ཅན་རྣམས་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ནི་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་མི་འདོགས་ཀྱི། མ་མཐོང་བས་འདོགས་སོ་ཞེས་སྨོས་པ་ལ་ཇི་ལྟར་མ་མཐོང་བ་སྔར་གྲུབ་པའི་བྱེ་བྲག་མདོར་བསྟན་པའི་སྐབས་སུ་བསྟན་ནས་དེར་མ་མཐོང་བས། དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་འདོགས་སོ་ཞེས་ཇི་ལྟར་འདོགས་པ་བསྟན་ཏོ། །འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ལ་སྐྱེ་བ་ངོ་བོ་ཉིད་དེ་ལ་མཚན་ཉིད་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་གཏན་མེད་པར་མི་ཤེས་པའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་དེ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉིད་རྣམ་པར་དག་པའི་དམིགས་པ་མ་ཡིན་པར་དོན་དམ་པའི་ངོ་བོ་ཉིད་མེད་ཅིང་ཀུན་རྫོབ་ཏུ་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་མི་ཤེས་པ་དང་དེ་ཉིད་གནས་བསྒྱུར་ཅིང་རྣམ་པར་དག་པའི་དམིགས་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པ་ས་རབ་ཏུ་ཕྱེ་བ་རྣམ་


DTG205_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཐོབ་པར་བྱ་བ་མི་ཤེས་པའོ། །ཡང་དེ་བཞིན་གཤེགས་པ་དེ་དག་ལ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཞེས་བྱ་བ་ལ་སོགས་པས་ནི་སྔར་སེམས་ཅན་གྱི་ཁམས་ན་སེམས་ཅན་རྣམས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ནི་དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་མི་འདོགས་ཀྱི་མ་མཐོང་བས་འདོགས་སོ་ཞེས་སྨོས་པ་ལས་ཇི་ལྟར་མ་མཐོང་བ་སྔར་བསྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་སྐབས་སུ་བསྟན་ནས་དེ་ལྟར་མ་མཐོང་བས་དེའི་ཕྱིར་འདོགས་སོ་ཞེས་ཇི་ལྟར་འདོགས་པ་བསྟན་ཏོ། །དེ་དག་གིས་ཆོས་དེ་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔར་སྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་སྐབས་སུ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་སྒྲུབ་པ་ཇི་སྐད་བསྟན་པ་ལས་བཟློག་པ་ཡིན་ནོ། །ཚེ་འདི་ལ་ཤེས་པའི་སྟོབས་བསྐྱེད་པ་ཞེས་བྱ་བ་ནི་མཚན་མ་རྣམ་པར་བཤིག་པའི་ཕྱིར་དང༌། གནས་ངན་ལེན་སྤངས་པའི་ཕྱིར་རོ། །ཕྱི་མ་ལ་རྒྱུད་ཡང་དག་པར་ཆད་པས་ཞེས་བྱ་བས་ནི་ཚེ་འདི་ལ་མཚན་མ་དང་གནས་ངན་ལེན་སྤངས་པའི་ཕྱིར་ཕྱི་མར་གཞན་གྱི་དབང་ཡང་འབྱུང་བའི་རྒྱུ་མེད་པའོ། །འགོག་པར་བྱེད་དེ་ཞེས་བྱ་བ་ནི་གནས་འགྱུར་བར་བྱེད་པའོ། །ལམ་འདི་ཉིད་དང་སྒྲུབ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་གྲངས་ཏེ། ངོ་བོ་ཉིད་མེད་པ་ཉིད་གདགས་པ་མཛད་པ་འདི་ཉིད་ཀྱིས་སོ། །རྣམ་པར་དག་པའི་ལམ་གཅིག་པ་ཡིན་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བའི་ལམ་ཐུན་མོང་ཡིན་པའོ། །རྣམ་པར་དག་པ་ཡང་གཅིག་སྟེ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་འབྲས་བུའི་དབང་དུ་མཛད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་བདག་མེད་པ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་མི་འགྱུར་ཞེན་ཤེས་བྱའི་རྣམ་པར་ཤས་པར་བྱ་བ་ནི་དེ་ཙམ་དུ་ཟད་པ་མ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་ཤེས་


DTG205_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དུ་མ་ཡོད་པ་དེ་དག་ད་དུང་མི་ཤེས་པའི་ཕྱིར་རོ། །སེམས་ཅན་གྱི་རིགས་སྣ་ཚོགས་ཅན་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དབང་པོའི་རིམ་པ་ལས་ཐེག་པ་རྣམ་གསུམ་གྱི་རིགས་སུ་གདགས་པ་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བསྟན་པའི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རིགས་ཀྱི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་ཀྱི་གཞི་དང་ལྡན་པའི་སྒྲུབ་པ་ཞེས་བྱ་བ་ནི་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་དག་དེ་བཞིན་གཤེགས་པས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་པ་མཛད་ཅིང་ཆོས་བསྟན་པ་ནི་རང་གི་རིགས་ཀྱི་གཞི་ལ་བརྟེན་ནས། ཉན་ཐོས་ཀྱི་ཐེག་པས་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལམ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རིགས་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའི་གཞི་ཡིན་ཏེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་ཆོས་ཉིད་ཀྱིས་ཐོབ་པ་གང་ཡིན་པ་སྟེ། དེ་ཡང་རྐྱེན་གང་དང་ལྡན་པ་དེ་ཉིད་ཀྱི་འབྲས་བུ་ཐོབ་པའི་སྐལ་པ་དང་ལྡན་པའི་གཞི་རྣམ་པར་ཤེས་པ་ཉིད་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དེ་ཡང་རང་བཞིན་གྱིས་གནས་པའི་རིགས་དེ་ལ་དང་པོ་ཁོ་ནར་རྐྱེན་གང་ཡང་དག་པར་བསྒྲུབས་པ་དེའི་འབྲས་བུ་ཐོབ་པའི་སྐལ་པ་དང་ལྡན་པའི་གཞི་ཡོད་པ་གང་ཡིན་པའོ། །དེ་ལ་ཡང་བཞིན་གྱིས་གནས་པའི་རིགས་ནི་ཡང་དག་པར་བསྒྲུབ་མི་དགོས་པར་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་ཡོད་པ་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་ཡང་དག་པར་མ་བསྒྲུབས་ཀྱི་བར་དུ་མི་ཐོབ་


DTG205_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡང་དག་པར་བསྒྲུབས་ན་ཐོབ་པ་ཡིན་ནོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་འཇུག་པ་རྣམ་པར་གཞག་པའི་ཚུལ་གྱིས་ནི་འཁོར་བའི་མཐའ་ཇི་སྲིད་ཀྱི་བར་དུ་རྒྱུན་རྟག་པར་གནས་ཏེ། ནམ་ཡང་མེད་པར་མི་འགྱུར། ལ་ཀུན་གཞི་རྣམ་པར་ཤེས་པའི་ལྡོག་པ་རྣམ་པར་གཞག་པའི་ཚུལ་གྱིས་ནི་གཉེན་པོས་གནས་བསྒྱུར་ནས་གནས་གྱུར་པས་བསྡུས་པ་ཡང་དག་པའི་ཤེས་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་ངོ་བོ་ཉིད་རྟག་པར་གནས་ཏེ། ནམ་ཡང་མེད་པར་མི་འགྱུར་བར་རིག་པར་བྱའོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་ཡང་དག་པར་བསྒྲུབས་ཏེ་ཐོབ་ཕྱིན་ཆད་དེ་དང་མཐུན་པའི་རྐྱེན་གྱིས་ཡང་དང་ཡང་དུ་བསྣན་ན་ནི་ཕྱིར་ཞིང་ཕྱིར་ཞིང་ཆེས་འོད་གསལ་བ་དང༌། ཆེས་མཐུ་དང་ལྡན་པར་འགྱུར་ཞིང༌། རིགས་བཟང་པོ་ཕུན་སུམ་ཚོགས་པ་དག་མང་དུ་སྣང་ལ། སེམས་བསྐྱེད་པ་ལ་སོགས་པ་འབྲས་བུ་ཡང་དག་པར་འགྲུབ་པ་ཡང་དུས་ཉེ་བར་འགྱུར་རོ། །དེ་དང་མཐུན་པའི་རྐྱེན་གྱིས་མ་བསྣན་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་རིགས་བཟང་པོ་ཡང་དག་པར་བསྒྲུབས་པ། དཔེར་ན་རྡོ་བའི་ཕྲག་ན་གསེར་ཕྱེ་ཡོད་པ་དང་འདྲ་བར་གནས་པར་བྱས་པ་དེ་ཚེ་རབས་ཐམས་ཅད་དུ་རྒྱུན་མི་འཆད་ཅིང༌། ནམ་འབྲས་བུ་མ་གྲུབ་ཀྱི་བར་དུ་གཞན་དུ་མི་འགྱུར་བར་གནས་ལ། འབྲས་བུ་གྲུབ་ནས་གལ་ཏེ་དེས་བསྒྲུབས་པའི་འབྲས་བུ་དེ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་ཡིན་ན་ནི་དེ་ལས་གོང་དུ་བསྒྲུབ་ཏུ་ཡང་མེད་དོ། །གལ་ཏེ་བླ་ན་མེད་པ་ཉིད་མ་ཡིན་ན་དེའི་གོང་དུ་ཡང་རང་བཞིན་གྱིས་གནས་པའི་རིགས་དེ་ལ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་འགྲུབ་པའི་རྐྱེན་ཁྱད་པར་ཅན་ཡང་དག་པར་བསྒྲུབས་པའི་རིགས་ཐོབ་ཅིང༌། དེས་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་འགྲུབ་པར་འགྱུར་ལ། དེ་འགྲུབ་པ་ན་རིགས་སྔ་མ་དེ་གཏན་སྤོང་བར་འགྱུར་རོ། །དེ་བས་ན་མདོ་སྡེ་ལས་རིགས་ལྔར་གསུངས་པ་ཡང་རང་བཞིན་གྱིས་གནས་པའི་རིགས་ནི་ལྔ་ཆར་ལ་ཡང་འདྲ་བར་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་འདྲ་བའི་ཕྱིར་རོ། །དེ་ཡང་འགྲོ་བ་ལྔར་འཁོར་བའི་རྐྱེན་དང་ཐེག་བ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་


DTG205_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བའི་རྐྱེན་དེ་དག་གིས་རྐྱེན་ཇི་ལྟ་བ་བཞིན་དུ་བཀྲིར་རུང་བས་རང་བཞིན་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གཅིག་ཏུ་ངེས་པ་མེད་པར་གསུངས་པའི་ཕྱིར་རོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་ལྔ་ཆར་ལ་འདྲ་བར་ཡོད་པ་མ་ཡིན་ཏེ། དེ་དག་ལ་ལས་ནི་མ་བསྒྲུབས། ལ་ལས་ནི་ཆ་མཉམ་པར་བསྒྲུབས། ལ་ལས་ནི་ཐ་དད་པར་བསྒྲུབས་པའི་ཕྱིར་རོ། །དེ་ཡང་འབྲས་བུ་མ་གྲུབ་ཀྱི་བར་དུ་ནི་གཞན་དུ་མི་འགྱུར་བར་གནས་ལ། འབྲས་བུ་གྲུབ་ནས་གལ་ཏེ་དེས་བསྒྲུབས་པའི་འབྲས་བུ་དེ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་མ་ཡིན་ལ་དེའི་འོག་ཏུ་ཡང་རང་བཞིན་གྱིས་གནས་པའི་རིགས་དེ་ལ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་འགྲུབ་པའི་རྐྱེན་ཁྱད་པར་ཅན་གཞན་ཡང་དག་པར་བསྒྲུབས་པའི་རིགས་འཐོབ་ཅིང༌། དེས་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་འགྲུབ་པར་འགྱུར་ལ། དེ་གྲུབ་པ་ན་རིགས་སྔ་མ་དེ་གཏན་སྤོང་བར་འགྱུར་བས་རང་བཞིན་གཅིག་ཏུ་ངེས་པ་མ་ཡིན་ནོ། །མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་འགྲུབ་པའི་རིགས་དེ་ནི་སྔར་ཀུན་གཞིའི་རྣམ་པར་ཤེས་པའི་ལྡོག་པ་རྣམ་པར་གཞག་པའི་ཚུལ་བསྟན་པ་དང་འདྲ་བར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་བར་དུ་ངོ་བོ་ཉིད་རྟག་པར་གནས་ཏེ། ནམ་ཡང་མེད་པར་མི་འགྱུར་བར་རིག་པར་བྱའོ། །དེ་ལ་རིགས་མེད་པ་ཞེས་བྱ་བ་གང་ཞེ་ན། རང་བཞིན་གྱིས་གནས་པའི་རིགས་ནི་ཡོད་ལ། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ནི་མེད་པ་སྟེ། གང་གི་ཚེ་རྐྱེན་མེད་པ་དེའི་འབྲས་བུ་སྐྱེ་བ་མི་སྲིད་པས། དེ་ཡང་དེའི་ཚེ་ན་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་མེད་པས་རིགས་མེད་པ་ཞེས་བྱ་བར་ཟད་ཀྱི་ནམ་དུ་ཡང་མྱ་ངན་ལས་འདའ་བར་འགྱུར་བའི་སྐལ་བ་མེད་པར་ངེས་པ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པས་གང་གི་ཚེ་ཐེག་པ་གསུམ་པོ་གང་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་རྙེད་པ་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །རྐྱེན་རྙེད་པར་འགྱུར་བ་དེ་ལ་ནི་ངེས་པ་མེད་དེ། ལ་ལས་ནི་དུས་ཉེ་བར་རྙེད་པར་འགྱུར། ལ་ལས་ནི་ཡུན་རིང་པོས་རྙེད་པར་འགྱུར།


DTG205_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་ནི་རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་ཏེ། ཆོས་རྣམས་ཀྱི་ཚོགས་པ་གཅིག་ཏུ་ངེས་པ་མེད་པར་གསུངས་པའི་ཕྱིར་རོ། །རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་པ་དེ་ལ་ནི་གཏན་རིགས་མེད་པ་ཡིན་ནོ་ཞེས་གཅིག་ཏུ་ངེས་པར་བསྟན་དུ་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་རང་བཞིན་གཅིག་ཏུ་ངེས་པ་མེད་པ་དང༌། མ་ངེས་པའི་ཆོས་ཀྱང་མ་ངེས་པར་ཡོང་པར་གསུངས་པའི་ཕྱིར་རོ། །རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་པ་དེས་ཕྱིས་ནམ་ཞིག་ན་རྐྱེན་རྙེད་དམ་མི་རྙེད་པ་ཡང་འཁོར་བ་མཐའ་མེད་པ་དང༌། སེམས་ཅན་གྱི་ལས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚོགས་པ་བསམ་གྱིས་མི་ཁྱབ་པས་དེས་ན་གཅིག་ཏུ་ཆད་པར་བྱར་མི་རུང་ངོ༌། །དེ་ལྟར་རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་པ་དེ་ལ་ནི་ཕྱིས་ཀྱང་མི་རྙེད་པས་རིགས་མེད་པ་ཞེས་བྱར་མི་རུང་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིགས་རྣམ་པར་གཞག་པའི་སྐབས་སུ་རིགས་འབྲས་བུས་ཡང་དག་པར་འགྲུབ་པ་ནི་འབྲས་བུ་དང་བཅས་པས་རགས་པ་ཡིན་ལ་རིགས་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་གྱི། གཞན་གྱིས་དཔག་པའི་ཡུལ་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་རིགས་མེད་པ་ཞེས་བྱ་བ་ནི་ད་ལྟར་རྐྱེན་མ་རྙེད་པའི་རེ་ཞིག་གི་དུས་ལས་དགོངས་པ་ཡིན་གྱི། གཏན་དུ་རིགས་མེད་པར་གཅིག་པུ་ངེས་པ་མ་ཡིན་ཏེ། དེས་ཕྱིས་རིགས་ཡང་དག་པར་བསྒྲུབས་པའི་རིགས་འཐོབ་པ་དང་མི་འཐོབ་པ་ནི་གཅིག་པུ་མ་ངེས་པར་རིག་པར་བྱའོ། །མ་ངེས་པའི་རིགས་ཅན་ཞེས་བྱ་བ་ནི་སེམས་ཅན་རང་བཞིན་གྱིས་གནས་པའི་རིགས་ཅན་དེ་དག་ཁ་ཅིག་གི་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ཅན་མཉམ་པར་འཐོབ་ཅིང་བྱང་ཆུབ་རྣམ་གསུམ་མངོན་པར་རྟོགས་པར་འགྱུར་བའི་སྐལ་བ་དང་ལྡན་པའི་གཞི་གསུམ་ཆར་ཡོད་ལ། ད་དུང་ཐེག་པ་གང་དུ་ཡང་སེམས་མ་བསྐྱེད་པ་དང་པོར་བྱང་ཆུབ་རྣམ་གསུམ་གང་འཐོབ་པ་མ་ངེས་པ་གནས་པ་སྟེ། དེ་ནི་སེམས་བསྐྱེད་ཁར་ཐེག་པ་རྣམ་གསུམ་ལས་དང་པོར་གང་གི་རྐྱེན་གཞན་གཅིག་དང་ཕྲད་པ་དེའི་དབང་དུ་གྱུར་པ་ཡིན་པས་གདོན་མི་


DTG205_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་གཅིག་རྐྱེན་རྙེད་པར་འགྱུར་ཞིང༌། ཡོངས་སུ་མྱ་ངན་ལས་འདའ་བར་ངེས་པ་ཁོ་ན་ཡིན་ཏེ། རྐྱེན་གཞན་རྙེད་པར་འགྱུར་པ་ལ་དུས་ངེས་པ་ནི་མེད་པར་རིག་པར་བྱའོ། །མ་ངེས་པའི་རིགས་ཅན་དེ་གལ་ཏེ་དང་པོར་ཉན་ཐོས་སམ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ན་ཡང་རིང་པོར་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་རྐྱེན་རྙེད་པར་འགྱུར་ཞིང་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བར་ངེས་པ་ཁོ་ན་ཡིན་ཏེ། ཇི་ཙམ་གྱིས་འགྱུར་བའི་དུས་ནི་ངེས་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཡང་ལ་ལ་ནི་སློབ་པར་གྱུར་པ་ཁོ་ནའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ལམ་ལས་ལྡོག་ཅིང་བྱང་ཆུབ་ཆེན་པོར་ཡོངས་སུ་འགྱུར་བ་ཡང་ཡོད། ལ་ལ་ནི་མི་སློབ་པར་གྱུར་ནས་དབང་པོའི་རིམ་པ་དང་རྐྱེན་གྱི་རིམ་པ་ལ་ལྟོས་ནས་ལྡོག་ཅིང་ཡོངས་སུ་འགྱུར་བར་བྱེད་དེ། མི་སློབ་པར་གྱུར་ནས་ལྡོག་ཅིང་ཡོངས་སུ་འགྱུར་བ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་མི་འདའ་བར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་ཚེའི་འདུ་བྱེད་བསྲིངས་ཏེ། དབང་པོའི་ལུས་བྱིན་གྱིས་བརླབས་ནས་སྤྲུལ་པའི་ལུས་ཀྱི་ཆོས་མཐུན་པ་པ་གཞན་དག་ལ་བདག་ཉིད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་བྱེད་དེ། དེས་ན་གཞན་དག་འདི་སྙམ་དུ་དེ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་པར་ཟད་ཀྱི། དེའི་དབང་པོའི་ལུས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །དེ་དབང་པོའི་ལུས་བྱིན་གྱིས་བརླབས་པ་དེས་འཛམ་བུའི་གླིང་འདི་ལ་སོགས་པ་གར་དགའ་བར་ཅི་ནས་ཀྱང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། སེམས་ཅན་ཕལ་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་ལུས་ཀྱིས་རབ་ཏུ་དབེན་པར་གནས་ཤིང༌། འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་ལ་སྦྱོར་བར་


DTG205_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །དེ་དེ་ལྟར་སྦྱོར་བ་ན་ཡང་སྔོན་ཉོན་མོངས་པ་ཤས་ཆེ་བ་དང་དབང་པོ་རྟུལ་བའི་ཤུགས་ཀྱིས་མྱ་ངན་ལས་འདའ་བ་ལ་མངོན་པར་དགའ་བ་དང༌། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ལམ་བསྒོམས་པ་ལ་ཡང་བག་མེད་པ་སྐྱེ་སྟེ། དེའི་ཚེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དང་ཡང་དུ་ཡང་དག་པར་བསྐུལ་བར་མཛད་དོ། །ཡང་དག་པར་བསྐུལ་བ་ན་ཡང་དེ་ཡང་དང་ཡང་དུ་བག་ཡོད་པ་ལ་རྣལ་འབྱོར་དུ་བྱེད་ཅིང་རིམ་གྱིས་ཆོས་ཟབ་མོ་ལ་བཟོད་པ་ཡང་འཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱིས་ལ་བསམ་པ་ངེས་པ། ཉོན་མོངས་པ་ཐམས་ཅད་སྤངས་པ། ཆོས་ཀྱི་དབྱིངས་རྟོགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་དེ་ལ་དེ་བཞིན་གཤེགས་པས་སངས་རྒྱས་སུ་འགྲུབ་པར་ལུང་སྟོན་ཏེ། དེ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་ཡང་སྲིད་པ་གཞན་ལེན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཉིད་དུ་གྱུར་ནས། དགོས་པའི་དབང་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་ཡང་འགྱུར་རོ། །དེ་ལྟར་མི་སློབ་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ས་བརྒྱད་པར་གྱུར་བ་དེ་སྲིད་པ་གཞན་ལེན་པར་བྱེད་པའི་རྒྱུ་གང་ཞེ་ན། དེ་ནི་སྟོབས་རྣམ་པ་གཉིས་ཏེ། རྐྱེན་གྱི་སྟོབས་དང༌། རྒྱུའི་སྟོབས་སོ། །དེ་ལ་རྐྱེན་གྱི་སྟོབས་ནི་དེ་མི་སློབ་པར་གྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པའི་གནས་གྱུར་པའི་དེ་བཞིན་ཉིད་ལ་གནས་བ་ན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་གནས་གྱུར་པ་ཐོབ་ཀྱང་ཤེས་བྱའི་སྒྲིབ་པ་མ་སྤངས་


DTG205_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉོན་མོངས་པ་མེད་པའི་མ་རིག་པའི་བག་ཆགས་ཕྲ་མོ་མ་སྤངས་པ་ནི་སྲིད་པ་གཞན་ལེན་པའི་རྐྱེན་གྱི་སྟོབས་ཡིན་ནོ། །རྒྱུའི་སྟོབས་ནི་འཁོར་བའི་རྒྱུ་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། བསོད་ནམས་ཀྱི་ཚོགས་བཙལ་བས་ཡོངས་སུ་མི་ངོམས་པ་དང༌། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པར་སྨོན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང༌། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡོངས་སུ་མི་གཏོང་བ་སྟེ། དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་བསྒྱུར་བ་དེ་དག་མ་རིག་བའི་བག་ཆགས་ཀྱི་རྐྱེན་གྱི་དབང་གིས་བརྟས་པར་གྱུར་ན་ཡང་སྲིད་པར་ལུས་མངོན་པར་གྲུབ་པའི་རྒྱུར་འགྱུར་བས་རྒྱུ་རྐྱེན་དེ་གཉིས་ཀྱང་སྲིད་པ་ལེན་པར་བྱེད་དོ། །དེ་ལྟར་མི་སློབ་པར་གྱུར་ནས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེའི་ཚེའི་འདུ་བྱེད་དུ་བསྲིངས་སུ་ཟིན་ཀྱང་དབང་པོ་རྟུལ་བ་དང༌། མྱ་ངན་ལས་འདས་བ་ལ་མངོན་པར་དགའ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་ཤིན་ཏུ་བུལ་བ་ཡིན་པས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བ་ནི་མ་ངེས་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་བས་ཆེས་མགྱོགས་པར་རིག་པར་བྱའོ། །སེམས་ཅན་མ་ངེས་པའི་རིགས་ཅན་དེ་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་རྐྱེན་གཞན་རྙེད་ན་ནི་དང་པོ་ཉིད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་སའི་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ཡང་སེམས་བསྐྱེད་པ་ནས་ས་དང་པོའི་བར་དུ་འཇིག་རྟེན་པའི་ལམ་ལ་ནི་ཤིན་ཏུ་དབང་པོ་རྟུལ་བ་དང༌། ཉོན་མོངས་པ་ཤས་ཆེ་བ་དང༌། མི་བརྩོན་པའི་ཤས་ཆེ་བས་བསྐལ་པ་གྲངས་མེད་པ་དང་པོས་ངེས་པར་འབྱུང་བར་མ་ངེས་སོ། །ས་དང་པོ་ཐོབ་པ་ཡན་ཆད་ནི་མི་བརྩོན་པ་མི་སྲིད་པས་བསྐལ་བ་གྲངས་མེད་པ་གཉིས་ཀྱིས་ངེས་པར་


DTG205_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་ངེས་པ་ཡིན་ནོ། །དེ་ལྟར་ན་མ་ངེས་པའི་རིགས་ཅན་ཞེས་བྱ་བ་ཡང་སྔར་ནི་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ཆ་མཉམ་པར་ཐོབ་པ་ཡིན་ལ། ཕྱིས་སེམས་བསྐྱེད་པའི་གནས་སྐབས་ན་ནི་ཐེག་པ་གང་ཡང་རུང་བའི་རྐྱེན་གཞན་གཅིག་གི་དབང་དུ་འགྱུར་བ་ཙམ་ལ་དགོངས་པ་ཡིན་པས་སེམས་ཅན་གྱི་རིས་ན་གཅིག་ཏུ་དེ་ལྟར་ངས་པའི་སྡེ་ཚན་དུ་ཆད་པ་ནི་མེད་དེ། དེ་ཡང་རང་བཞིན་གཅིག་ཏུ་མ་ངེས་པ་ཡིན་པར་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་གསུམ་ནི་ཚུལ་འདྲ་སྟེ། སེམས་ཅན་རང་བཞིན་གྱིས་གནས་པའི་རིགས་ཅན་དེ་དག་ལས་གང་གིས་ཉན་ཐོས་ཀྱི་ཐག་པས་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ། གང་གིས་རང་སངས་རྒྱས་ཀྱི་ཐེག་པས་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ། གང་གིས་ཐེག་པ་ཆེན་པོས་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་སྟེ། དེ་དག་ཀྱང་ཡང་དག་པར་བསྒྲུབས་པའི་རིགས་ཀྱི་རྐྱེན་ཇི་ལྟ་བ་བཞིན་རང་རང་གི་ཐེག་པ་མངོན་པར་རྟོགས་ཤིང༌། དེའི་འབྲས་བུ་སོ་སོའི་བྱང་ཆུབ་ཐོབ་པར་ངེས་པ་ཡིན་ནོ། །བྱང་ཆུབ་ཐོབ་ནས་ཀྱང་དེ་བཞིན་གཤེགས་པ་ནི་མཐར་ཐུག་པའི་འབྲས་བུ་མངོན་པར་རྟོགས་པ་བླ་ན་མེད་པ་ཡིན་པས་དེ་ལས་གོང་དུ་ལ་ཟླར་ཡང་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་རབ་ཏུ་ཕྱེ་བ་གནས་གྱུར་བ་ཐོབ་པའི་ཆོས་ཉིད་ཀྱིས་ན་ཕྱིར་ས་འོག་མར་མི་ལྟུང་བར་ངེས་པ་དང༌། གོང་དུ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ངེས་པར་འཐོབ་པ་ཁོ་ན་ཡིན་པས་མཇུག་ཏུ་ནི་ཐམས་ཅད་ཀྱང་བླ་ན་མེད་པའི་


DTG205_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིང་དུ་འགྲུབ་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ཏུ་ན་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ནི་ཞི་བའི་བགྲོད་པ་གཅིག་པུ་བ་ཞེས་བྱ་སྟེ། དེ་ནི་དང་པོ་ནས་ཀྱང་དབང་པོ་རྟུལ་བ་དང༌། སྙིང་རྗེ་ཆུང་བ་དང༌། སྡུག་བསྔལ་གྱིས་འཇིགས་པའི་རང་བཞིན་ཅན་ཡིན་པར་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་དུས་ན་ཡང་དབང་པོ་རྟུལ་བ་དང༌། སྙིང་རྗེ་ཤིན་ཏུ་ཆུང་བ་དང༌། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་ཡིན་ཏེ། དབང་པོ་རྟུལ་བས་ནི་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མི་འཐོབ་ལ། སྙིང་རྗེ་ཆུང་བས་ནི་སེམས་ཅན་གྱི་དོན་བྱ་བ་ལ་མི་ཕྱོགས་པར་འགྱུར། སྡུག་བསྔལ་གྱིས་འཇིགས་པས་ན་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་མི་ཕྱོགས་པར་འགྱུར་ཏེ། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མ་ཐོབ་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང༌། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་དེ་ནི་དེའི་ཚེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བའི་སྐལ་བ་དང་ལྡན་པའི་གཞི་མེད་པ་ཁོ་ན་ཡིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་མེད་པ་ཞེས་བྱ་སྟེ། དེའི་ཚེ་ན་ནི་དཔེར་ན་ནོར་བུ་མཆིང་བུ་བྱི་དོར་བྱས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་མི་འགྱུར་བ་དང་འདྲ་བར། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་གཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཐོབ་པར་མི་ནུས་སོ། །དེ་ཞི་བའི་བགྲོད་པ་གཅིག་པུ་པའི་འབྲས་བུ་དེ་ཉིད་ལ་གནས་ན་སྙིང་རྗེ་ཆུང་བ་དང༌། སྡུག་བསྔལ་གྱིས་འཇིགས་པའི་རྐྱེན་དེ་ཉིད་ཀྱིས་མྱུར་བ་ཁོ་ནར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང་དབྱིངས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་དེ་བཞིན་ཉིད་ལ་གནས་ཏེ། ཁམས་དང་འགྲོ་བ་


DTG205_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་གྱི་རིགས་གང་གི་ཁོངས་སུ་ཡང་མི་བགྲང་བར་ཟག་པ་མེད་པའི་དབྱིངས་ན་སོ་སོ་རང་རིག་པའི་ཤེས་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པས་གནས་སོ། །ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་དེ་བཞིན་ཉིད་ལ་གནས་པ་དང༌། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་གནས་གྱུར་པ་ཐོབ་ཀྱང་ཤེས་བྱའི་སྒྲིབ་པ་མ་སྤངས་པས་ཉོན་མོངས་པ་མེད་པའི་མ་རིག་པའི་བག་ཆགས་ཕྲ་མོ་རྒྱུད་ལ་ཡོད་པའི་རྐྱེན་དང༌། སྔོན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་བདག་མེད་པ་རྟོགས་པའི་ལམ་གྱི་ཀུན་གཞི་རྣམ་པར་ཤེས་པ་དེ་ནས་གྱུར་པའི་སྔར་དེ་བཞིན་གཤེགས་པའི་སྙིང་པོ་ཁམས་བཟང་པོ་ཡོད་པའི་རྒྱུའི་སྟོབས་ཀྱང་བརྟས་ནས་ནམ་ཞིག་ན་ཟག་པ་མེད་པའི་དབྱིངས་དེ་ནི་སོ་སོར་རིག་པའི་ཤེས་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དེ་སྔོན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཆོས་བདག་མེད་པར་རྟོགས་པའི་རྗེས་སུ་རྟོགས་པའི་དུས་ཀྱང་ཡོད་སྐབས་ཀྱང་ཡོད་དོ། །དེའི་དུས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པས་ཡང་དག་པར་བསྐུལ་ནས་ཟག་པ་མེད་པའི་དབྱིངས་དེ་ནས་ལངས་ཏེ། ཡིད་ལས་བྱུང་བའི་ལུས་བྱིན་གྱིས་རློབ་ཅིང་ལུས་དེ་སྔར་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་སྐབས་སུ་ཇི་སྐད་བཤད་པའི་ཚུལ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རང་སངས་རྒྱས་མ་ངེས་པའི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་གྱིས་རང་བྱང་ཆུབ་ཐོབ་པ་ནི་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྔོན་དུ་བཏང་བ་དང༌། མངོན་པར་རྟོགས་པ་སྔོན་དུ་བཏང་བ་དང༌། སྔོན་དུ་མ་བཏང་བའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྔོན་དུ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་ཐོབ་པ་ལ་བརྟེན་ནས། སློབ་པའི་ས་བདུན་པོ་གང་ཡང་མི་ཐོབ་པར་ཐལ་བྱུང་དུ་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་རྟེན་པའི་ས་དང༌། མི་སློབ་པའི་ས་ནི་ཡོད་ལ། སློབ་པའི་ས་ནི་མེད་པ་ཡིན་ནོ། །མངོན་


DTG205_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་སྔོན་དུ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་ཡང་ཐོབ་བོ། །སློབ་པའི་ས་བདུན་པོ་དག་མངོན་པར་རྟོགས་པ་ཡང་ཐོབ་པ་ལ་བརྟེན་ནས། མི་སློབ་པའི་སར་བ་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་རྟེན་པའི་ས་དང༌། སློབ་པའི་ས་དང༌། མི་སློབ་པའི་ས་གསུམ་ཆར་ཡོད་པ་ཡིན་ནོ། །སྔོན་དུ་མ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དེ་ཉིད་ལ་བརྟེན་ནས། བསྐལ་བ་བརྒྱར་ཚོགས་བསགས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་མི་ཐོབ། སློབ་པའི་ས་ཡང་མི་ཐོབ་པར་ཐལ་བྱུང་དུ་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་རྟེན་པའི་ས་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང༌། མི་སློབ་པའི་ས་ནི་ཡོད་ལ། འཇིག་རྟེན་པའི་ས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། སློབ་པའི་ས་ནི་མེད་པ་ཡིན་ནོ། །དེ་ལ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་ཚོགས་ན་སྤྱོད་པར་འགྱུར་རོ། །ཐ་མས་ནི་བསེ་རུ་ལྟ་བུར་འགྱུར་ཏེ། དེ་དག་ལས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དང༌། ཞི་བའི་བགྲོད་པ་གཅིག་པུ་པར་གདགས་པ་དང༌། སྒོ་དེ་གཉིས་ལ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ནི་ཉན་ཐོས་དང་འདྲ་བ་ཁོ་ནར་རིག་པར་བྱའོ། །དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་ཐེག་བ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་གསུམ་ཡང་ཐེག་པ་སོ་སོས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ཀྱིས་རྐྱེན་གྱི་དབང་གིས་འགྱུར་བར་ཟད་ཀྱི། སེམས་ཅན་གྱི་རིས་ན་དེ་ལྟར་ངེས་པའི་སྡེ་ཚན་དུ་ཆད་པ་ནི་མེད་དེ། དེ་དག་ཀྱང་རང་བཞིན་གཅིག་ཏུ་མ་ངེས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་མདོ་སྡེ་ལས་རིགས་ལྔར་གསུངས་པ་ཡང་རང་བཞིན་དུ་གནས་པའི་རིགས་ནི་ཐམས་ཅད་ལ་ཡང་འདྲ་བར་ཡོད་ལ། ཡང་དག་པར་བསྒྲུབས་པའི་རིགས་ཀྱི་བྱེ་བྲག་ལས་རེ་ཞིག་པའི་ཚུལ་གྱིས་རྣམ་པ་ལྔར་དབྱེ་བར་ཟད་ཀྱི། གཏན་དུ་སོ་སོར་ངེས་བ་ནི་མ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་རིགས་རྣམ་པར་གཞག་པ་སྤྱིར་བསྟན་པ་ཡིན་གྱི།


DTG205_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་རིགས་ཀྱི་གཞི་དང་ལྡན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པར་མངོན་པར་རྟོགས་པའི་རིགས་ཅན་ཞི་བའི་བགྲོད་པ་གཅིག་པུ་པ་ཉི་ཚེ་གཟུང་བར་བྱའོ། །དེ་ལྟར་སྤྱིའི་དོན་བསྟན་ནས་ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱ་བ་ལ། ཞི་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །བགྲོད་པ་ཞེས་བྱ་བ་ནི་ལམ་དང་འབྲས་བུ་སྟེ། ཉན་ཐོས་ཀྱི་ཐེག་པའི་ལམ་དང༌། རྣམ་པར་གྲོལ་བའི་འབྲས་བུའོ། །གཅིག་པུ་པ་ཞེས་བྱ་བ་ནི་དེའི་ཚེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མ་ཐོབ་ཅིང༌། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་མྱ་ངན་ལས་འདས་པ་ཉི་ཚེ་ལ་གནས་པའོ། །སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོར་གཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ་ཞེས་བྱ་བ་ནི་དེའི་ཚེ་ན་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མེད་པས། དཔེར་ན་ནོར་བུ་མཆིང་བུ་བྱི་དོར་བྱས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་མི་འགྱུར་བ་དང་འདྲ་བར་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ཀྱང་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་སྐལ་བ་མེད་པ་ལས་དགོངས་པ་ཡིན་གྱི་གཏན་དུ་དེ་ལྟ་བུ་ནི་མ་ཡིན་ཏེ། ནམ་ཞིག་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འཐོབ་པར་འགྱུར་ཞིང༌། སྔར་རིགས་ཀྱི་སྐབས་སུ་བསྟན་པའི་རིམ་པ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་ངེས་པ་ཁོ་ན་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་རབ་ཏུ་ཕྱེ་བ་གནས་གྱུར་པ་ཐོབ་པའི་ཆོས་ཉིད་ཀྱིས་ན་ཕྱིར་ས་འོག་མར་མི་ལྟུང་བར་ངེས་པ་དང༌། གོང་དུ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་ངེས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་ཚེ་ན་ནོར་བུ་མཆིང་བུ་དང་འདྲ་བའོ་ཞེས་བྱ་བའི་དཔེ་གསུངས་པ་ཡང་དེའི་གནས་གྱུར་པའི་སེམས་ཀྱི་རང་བཞིན་མཆིང་བུ་དང་འདྲ་བར་གཞན་དུ་བསྒྱུར་དུ་མི་རུང་བ་ནི་མ་ཡིན་གྱི། ཉན་ཐོས་ཐེག་པས་བསྡུས་པའི་བསམ་པ་དང༌། མོས་པའི་ཁམས་དང༌། བག་ལ་ཉལ་ཏེ་མཆིང་བུ་དང་འདྲ་བར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་པ་ལས་དགོངས་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་མངོན་སུམ་གྱི་རྒྱུ་མ་ཡིན་


DTG205_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱུ་མི་འདྲ་བ་ལས་འབྲས་བུ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་གློ་བུར་བ་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་མེད་པས་རང་བཞིན་གྱིས་དམན་པ་ཁོ་ན་ཡིན་པ་ལ་བྱའི། དེའི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་ཉིད་ལ་ནི་རང་བཞིན་གྱིས་དམན་པར་གཅིག་ཏུ་ངེས་པ་མེད་དེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ཡང་དེ་ལ་ཡོད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པའོ། །འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ་ཞེས་བྱ་བ་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་མི་བྱེད་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ཏོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ན། དེ་གཉིས་མི་བྱེད་པ་དེ་ལ་ནི་དེའི་ཚེ་ན་ནི་དེའི་རྒྱུ་མེད་པའི་ཕྱིར་ཏེ། དེ་ཡང་སྦྱོར་བའི་བྱེ་བྲག་ཙམ་དུ་ཟད་ཀྱི། སེམས་ཀྱི་ངོ་བོ་ཉིད་ལས་གྱུར་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་པུ་ཞེས་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མ་ཐོབ་ཅིང༌། རྩོལ་བར་མི་བྱེད་པ་དེ་ཉིད་ཀྱི་བར་དུ་ཞེས་བྱ་བར་དགོངས་པ་སྟེ། དེ་ནི་རིགས་ཀྱི་གཞི་དང་ལྡན་པའི་བསྒྲུབ་པའི་བྱེ་བྲག་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྐྱེན་གྱི་གཞི་དང་ལྡན་པའི་བསྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྐྱེན་གྱི་གཞི་དང་ལྡན་པ་ཞེས་བྱ་བ་ནི་སེམས་ཅན་མ་ངེས་པའི་རིགས་ཅན་ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་དག་དེ་བཞིན་གཤེགས་པས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་བསྟན་པ་མཛད་ཅིང་ཆོས་བསྟན་པ་ན། དེ་བཞིན་གཤེགས་པས་ཡང་དག་པར་བསྐུལ་བའི་རྐྱེན་གྱི་གཞི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ལམ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་


DTG205_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་འདིའི་ཚུལ་བཤད་པ་ནི་སྔར་རིགས་ཀྱི་རྣམ་པར་གཞག་པ་བསྟན་པའི་སྐབས་སུ་བཤད་པ་ཁོ་ན་བཞིན་དུ་རིག་པར་བྱའོ། །འདིར་ཚིག་གི་དོན་བཤད་པར་བྱ་སྟེ། རྣམ་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི་དེ་དེའི་ཚེ་ཁོ་ན་ན། ཉན་ཐོས་ཡིན་ཡང་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའི་གྲངས་སུ་ཡང་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཅིའི་ཕྱིར་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། འདི་ནི་མི་སློབ་པར་གྱུར་ནས་ཉན་ཐོས་ཀྱི་སྨོན་ལམ་ལས་ལྡོག་ཅིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་རྐྱེན་གྱིས་ཕུང་པོའི་ལྷག་མ་དང་བཅས་པའི་ལུས་དེས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་སྦྱར་རོ། །འོ་ན་དེ་ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ནི་དང་པོར་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་བྱ་བ་གསུངས་ཏེ། དང་པོ་མ་ངེས་པའི་རིགས་ཅན་ཡིན་ཡང་བར་དུ་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བས། ཇི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་མ་གྱུར་གྱི་བར་དུ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །བསྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་མོས་པའི་བྱེ་བྲག་མདོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མོས་པའི་བྱེ་བྲག་མདོར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་པར་མཛད་པ་འདི་ལ་སེམས་ཅན་རྣམས་ཀྱི་མོས་པའི་བྱེ་བྲག་རྣམ་པ་དུ་མ་ཡོད་པ་དང་པོར་མདོར་བསྡུས་ཏེ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་འདི་ལྟར་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལ་ནི་


DTG205_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་ཡང་སྣང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་འདུལ་བ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ཉིད་ལ་བྱ་སྟེ། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ནི་ཆོས་ཡིན་ནོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ནི་འདུལ་བ་ཡིན་ནོ། །ཡང་དག་པའི་རྩོལ་བ་ནི་ཀུན་དུ་འགྲོ་བ་ཡིན་ནོ། །ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འདུལ་བ་དེ་ཉིད་ཁྱད་པར་དུ་བཤད་པར་བྱ་སྟེ། ལེགས་པར་གསུངས་པ་ཞེས་བྱ་བ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་གསུངས་སོ། །ཤིན་ཏུ་གྱ་ནོམ་པ་ཞེས་བྱ་བ་ནི་དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ་ཞེས་གསུངས་པའོ། །བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་དག་པ་དང༌། ཡོངས་སུ་བྱང་བ་ཞེས་གསུངས་པའོ། །ཆོས་ལེགས་པར་བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་བར་དག་ལ་ཡང་དག་པར་བསྟན་པ་ཞེས་གསུངས་པའོ། །དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཐམས་ཅད་ཀྱིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། ཀུན་བརྟགས་པའི་མཚན་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་གཅིག་གིས་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བས་ངོ་བོ་ཉིད་མེད་པ་ལས་དགོངས་ཏེ་གསུངས་པ་དང༌། ཆོས་ཐམས་ཅད་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ཏེ་གསུངས་པ་ནི། དྲང་བའི་དོན་གྱི་མདོ་སྡེ་བརྗོད་པའི་རྣམ་པ་ཞེས་བྱའོ། །མོས་པའི་བྱེ་བྲག་མདོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་མོས་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་རྣམ་པ་ལྔ་སྟེ་རིགས་ཕུན་སུམ་ཚོགས་པ་ལས་གྱུར་པ་དང༌། མོས་


DTG205_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུན་སུམ་ཚོས་པ་ལས་གྱུར་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ལས་གྱུར་པ་དང༌། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་བ་ནས། དད་པ་འཐོབ་པར་འགྱུར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་དང་མོས་པར་ལྡན་པ་ལས་གྱུར་ལ། ཤེས་རབ་དང་བྲལ་བ་ནི་གཉིས་པ་སྟེ་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་དང་ཞེས་བྱ་བ་ནས་གོང་དུ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དེ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་དང་མོས་པ་ལས་ལྡན་པར་གྱུར་པ་དང༌། ཤེས་རབ་ཆུང་ངུ་ལས་པ་ནི་གསུམ་པ་སྟེ། ཇི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་ཡང་ཞེས་བྱ་བ་ནས། དེ་དག་གི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཐམས་ཅད་དང་བྲལ་ཞིང་བཀྲི་དགོས་པ་ལས་གྱུར་པ་ནི་བཞི་པ་སྟེ། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བ་ནས་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ལས་གྱུར་པ་ནི་ལྔ་པ་སྟེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་ཏེ། གཞན་དུ་མ་ཡིན་གྱི་དེ་ནི་དེ་བཞིན་དུ་ཟུང་ཤིག་ཅེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་དང་པོའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་པ་སྟེ། དེ་ནི་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ། སྒྲིབ་པ་ཡོངས་སུ་དག་པ། རྒྱུད་ཡོངས་སུ་སྨིན་པ་ཞེས་བྱ་བས་བསྟན་ཏོ། །དེ་ལ་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་བ་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟགས་གང་དག་གིས་ནི་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ། བྱང་ཆུབ་སེམས་དཔའི་


DTG205_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པའི་ཐེག་པའི་མངོན་པར་རྟོགས་པའི་རིགས་ཡང་དག་པར་བསྒྲུབ་པ་དེ་ནི་རང་བཞིན་གྱིས་ཡོན་ཏན་དང་ལྡན་ཞིང་བཟང་ལ་དགེ་བ་དང༌། དཀར་པོའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕང་དེ་ཙམ་དུ་བསྐྱེད་པར་དཀའ་བ། གཙོ་བོར་གྱུར་པ། བསམ་གྱིས་མི་ཁྱབ་པ། མི་གཡོ་བ་བླ་ན་མེད་པ་དེ་ཐོབ་པའི་རྒྱུར་གྱུར་པ་ཡིན་པས་ན་ཡང་དག་པར་བསྒྲུབས་པའི་རིགས་དེ་ཐོབ་བ་ནི་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱའོ། །སྒྲིབ་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་སུ་ཟིན་ཀྱང་ཇི་སྲིད་དུ་དཀར་པོའི་ཆོས་དང་མི་མཐུན་པའི་ཉོན་མོངས་པ་བཞི་པོ་དག་ལས་ཟད་པར་རམ། ཁ་ཅིག་གི་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཀྱི་དགེ་བའི་ཆོས་དེ་དག་དང་ལྡན་པར་གྱུར་ལ། གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་དཀར་པོའི་ཆོས་དེ་དག་ལ་ཡང་མི་སྣང་ལ་ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་བའི་ཉེ་བའི་ཉོན་མོངས་པ་བཞི་པོ་སྔར་བསྟན་པ་དེ་དག་དང་བྲལ་བའི་སྒྲིབ་པ་ཡོངས་སུ་དག་པ་ཞེས་བྱའོ། །རྒྱུད་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་དག་ཏུ་ཟིན་ཀྱང་རྒྱུ་བཞིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུ་བཞི་སྔར་བསྟན་པ་དེ་དག་དང་བྲལ་བའི་ཕྱིར་རྒྱུད་ཡོངས་སུ་སྨིན་པ་ཞེས་བྱའོ། །མོས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་འཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་ཁམས་བརྟས་པ་སྟེ། དེ་ནི་མོས་པ་མང་བ་ཞེས་བྱ་བས་བསྟན་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན་མོས་པའི་གནས་བརྒྱད་པོ་སྔར་བསྟན་པ་དག་ལ་མོས་པའི་ཁམས་བརྟས་པར་བྱེད་པའི་རྒྱུ་གཉིས་པོ་སྔར་བསྟན་པ་དག་ཡོད་པས་མོས་པའི་ཁམས་བརྟས་པ་སྟེ། དེ་ནི་མོས་པ་མང་བ་ཞེས་བྱའོ། །ཤེས་རབ་ཕུན་སུམ་ཚོགས་པ་ཞེས་


DTG205_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དོན་དམ་པའི་བདེན་པ་འཛིན་པའི་ཤེས་རབ་ཡོངས་སུ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་གྲུབ་པ་ཞེས་བྱ་བས་བསྟན་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པའི་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། དེའི་རྒྱུ་དང་འབྲས་བུ་སྔར་བསྟན་པ་དག་ཡང་དག་པར་བསྒྲུབས་པའི་རིམ་གྱིས་ཤེས་རབ་ཡོངས་སུ་སྨིན་པ་སྟེ། དེ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་སྦྱར་རོ། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ནི་རིགས་ཕུན་སུམ་ཚོགས་པ་དང༌། མོས་པ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། རིགས་ཕུན་སུམ་ཚོགས་པ་ནི་སྐལ་བ་དང་ལྡན་པའི་གཞི་ཡིན་ལ། མོས་པ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་ཡིན་པས་དེ་གསུམ་གྱིས་ནི་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །རིགས་ཕུན་སུམ་ཚོགས་པ་ལས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གྱུར་པ་ཞེས་བྱ་བའི་སྒྲ་ནི་གཞི་དེ་གསུམ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་ནི་སྐབས་འདིར་ཆོས་དང༌། དོན་རྟོགས་པ་ཞེས་བྱ་བའི་དོན་དུ་གཟུང་ངོ༌། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཞེས་བྱ་བས་ནི་རིགས་ཕུན་སུམ་ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པའི་ཕྱིར་ནི་ཆོས་དེ་ཐོས་པར་གྱུར་ལ། རིགས་ཕུན་སུམ་ཚོགས་པའི་ཕྱིར་ནི་དགོངས་ཏེ་ཆོས་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་སྦྱར་རོ། །ཆོས་དེ་ལ་ཡང་མོས་པར་འགྱུར་ལ་ཞེས་བྱ་བས་ནི་མོས་པ་ཕུན་སུམ་ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པའི་ཕྱིར་ནི་ཆོས་དེ་ལ་མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པའི་ཕྱིར་ནི་ཆོས་དེ་རྟོགས་པར་སྦྱར་རོ། །དོན་དེ་ཡང་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་ཞེས་བྱ་བ་ནི་ཤེས་རབ་ཕུན་སུམ་


DTG205_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །དེ་རྟོགས་པ་གོམས་པས་ཀྱང་ཞེས་བྱ་བ་ནི་མོས་པའི་བྱེ་བྲག་རྣམ་པ་གསུམ་པོ་ཇི་སྐད་བསྟན་པ་དེ་རྟོགས་པ་གོམས་པར་བྱས་པ་སྟེ། དེ་གསུམ་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་རིགས་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རྒྱུ་ཕུན་སུམ་ཚོགས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར་འགྱུར་བས། དེ་ནི་མྱུར་བ་མྱུར་བ་ཁོ་ནང་སྐལ་བ་དང་ལྡན་པའི་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །མོས་པ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ་ཆོས་དེ་ལ་མོས་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་འགྱུར་བས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱར་བའི་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །ཤེས་རབ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ། དོན་དེ་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྒྱུ་ཕུན་སུམ་ཚོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་མཐར་ཐུག་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ཏེ། དེ་གསུམ་གྱིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ང་ལ་ཡང་ཨ་ལ་ལ་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་དད་པ་འཐོབ་པར་འགྱུར་རོ་ཞེས་བྱ་བས་ནི་དེ་དག་གིས་དེ་ལྟར་གཞི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ལ་བརྟེན་ཏེ། རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཐོབ་པར་འགྱུར་བར་རྗེས་སུ་རྟོགས་པའི་སྒོ་ནས་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་ཉིད་ཡང་དག་པར་རྗེས་སུ་མཐོང་བས་སྟོན་པ་ལ་ཡང་དད་པ་འཐོབ་པའི་མོས་པའི་བྱེ་བྲག་བསྟན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་དང་པོ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་པ་ཞེས་


DTG205_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་བར་རྟོགས་པའི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་དང་ལྡན་ལ་བརྟས་པ་ཉིད་མ་ཡིན་པ་སྟེ། དེ་ནི་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་དང༌། སྒྲིབ་པ་ཡོངས་སུ་དག་པ་དང༌། རྒྱུད་ཡོངས་སུ་སྨིན་པ་དང༌། མོས་པ་ཆེན་པོ་མ་ཡིན་པ་ཞེས་བྱ་བས་བསྟན་ཏེ། ཆེན་པོ་མ་ཡིན་ཞེས་བྱ་བའི་སྒྲ་ནི་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་མ་ཡིན་པ། སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་པ། རྒྱུད་ཡོངས་སུ་སྨིན་པ་ཆེན་པོ་མ་ཡིན་པ། མོས་པ་མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བར་ཐམས་ཅད་དང་སྦྱར་ཏེ། དེས་ན་རིགས་དང་མོས་པ་དང་ལྡན་ལ། ཕུན་སུམ་ཚོགས་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་མ་ཡིན་ཞེས་བྱ་བ་ནི་རིགས་ལ་གནས་པར་བྱང་ཆུབ་སེམས་དཔའ་ལ་རྟགས་གང་གིས་ནི་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པའོ། །སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན། དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་སྔར་བསྟན་པ་དེ་དག་དང་ཤས་ཆེར་བྲལ་ལ་གཏན་བྲལ་བ་ནི་མ་ཡིན་ནོ། །རྒྱུད་ཡོངས་སུ་སྨིན་པ་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་ཟད་དུ་ཟིན་ཀྱང་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུ་བཞི་པོ་སྔར་བསྟན་པ་དེ་དག་དང་ཤས་ཆེ་ར་བྲལ་ལ་གཏན་བྲལ་བ་མ་ཡིན་པ་སྟེ། དེ་དག་གིས་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་བསྟན་ཏོ། །མོས་པ་མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན། མོས་པའི་གནས་བརྒྱད་པོ་སྔར་བསྟན་པ་དག་ལ་འཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་རི་མོས་པའི་ཁམས་དང་ལྡན་ལ་རྒྱུ་གཉིས་པོ་སྔར་བསྟན་པ་མེད་པས་མོས་པའི་ཁམས་བརྟས་པ་ཉིད་མ་


DTG205_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་སྟེ། དེས་ནི་མོས་པ་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་བསྟན་ཏོ། །ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དོན་དམ་པའི་བདེན་པ་འཛིན་པའི་ཤེས་རབ་ཡོངས་སུ་མ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་མ་གྲུབ་པ་ཞེས་བྱ་བས་བསྟན་ཏེ། ཆེན་པོ་ཞེས་བྱ་བའི་སྒྲས་དང་པོ་སེམས་བསྐྱེད་པའི་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི་རྒྱུ་དང་འབྲས་བུ་ཤས་ཀྱིས་ཡོད་ཀྱང་ཡོངས་སུ་མ་སྨིན་པ་ཡིན་ལ། འབྲས་བུ་ཡང་མོང་རྟུལ་ལས་ཤེས་རབ་དང་བྲལ་བ་ཞེས་བྱ་སྟེ། དེའི་ཕྱིར་དྲང་པོ་དང་དྲང་པོའི་རང་བཞིན་ཅན། རྟོག་པ་དང་སེལ་མི་ནུས་པ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པའོ། །དྲང་པོའི་རང་བཞིན་ཅན་ཞེས་བྱ་བ་ནི་གཡེར་བག་གི་སྦྱོར་བ་མི་རྩོམ་པའོ། རྟོག་པ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ལ་རྟོག་པ་དེ་མི་ནུས་པའོ། །སེལ་བ་ཞེས་བྱ་བ་ནི་གཉེན་པོས་མི་མཐུན་པའི་ཕྱོགས་སེལ་བ་དེ་མི་ནུས་པའོ། །དེ་ལྟར་ཇི་ལྟར་བསྟན་པའི་རྣམ་པ་དེ་དག་གིས་ནི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། མོས་པ་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་ཤེས་རབ་དང་བྲལ་བ་བསྟན་ཏེ། དེས་ན་སྐལ་བ་དང་ལྡན་པའི་གཞི་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་བྲལ་བར་བསྟན་པ་ཡིན་ནོ། །རིགས་དང་མོས་པ་དང་ལྡན་པ་ལས་གྱུར་པ་ཞེས་བྱ་བ་ལ། གྱུར་ལ་ཞེས་བྱ་བའི་སྒྲ་ཡང་གཞི་དེ་གཉིས་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་དད་པས་མོས་པ་ཞེས་བྱ་བའི་དོན་དུ་གཟུང་སྟེ། དེའི་ཕྱིར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དད་པས་མོས་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་མོད་ཀྱི་ཞེས་བྱ་བ་ནི་རིགས་དང་ལྡན་པ་ལས་གྱུར་པ་ནི་མོས་


DTG205_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་ལྟར་ཆོས་དེ་ཐོས་པར་འགྱུར་ལ་རིགས་ཕུན་སུམ་ཚོགས་པ་མ་ཡིན་པས་སྐལ་བ་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་ལྟར་དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །འོན་ཀྱང་ཆོས་དེ་ལ་མོས་པ་བྱེད་ཅིང་དད་པ་ཡང་ཐོབ་སྟེ་ཞེས་བྱ་བས་ནི་བསྒོམ་པའི་རྣམ་པས་སྦྱོར་བར་ནི་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་མོས་པ་དང་ལྡན་པ་ལས་གྱུར་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་ལྟར་ཆོས་དེ་ལ་མོས་པར་འགྱུར་བ་མོས་པ་ཕུན་སུམ་ཚོགས་པ་མ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་ལྟར་རྟོགས་པའི་མོས་པ་མི་ཐོབ་པར་སྦྱར་རོ། །མདོ་སྡེ་འདི་དག་ནི་ཞེས་བྱ་བ་ནི་དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པ་ཞེས་སྔར་སྨོས་པ་ཉིད་ཡིན་པར་སྦྱར་རོ། །ཟབ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །ཟབ་པར་ནང་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་ཟབ་པར་རྟོགས་ཤིང་བློ་ལ་སྣང་བར་བྱར་རུང་བའོ། །སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་བདག་མེད་པས་རབ་ཏུ་ཕྱེ་བའོ། །མཐོང་བར་དཀའ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་བར་ཆད་མེད་པའི་ལམ་མ་སྐྱེས་ཀྱི་བར་དུ་ཐབས་གཞན་གྱིས་མི་མཐོང་བའོ། །རྟོགས་པར་དཀའ་བ་ཞེས་བྱ་བ་ནི་བསྒོམ་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་མ་སྐྱེས་ཀྱི་བར་དུ་ཐབས་གཞན་གྱིས་མི་རྟོགས་པའོ། །བརྟག་མི་ནུས་པ་ཞེས་བྱ་བ་ནི་ཚད་མས་གཞལ་བར་མི་ནུས་པའོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་འཕགས་པ་སོ་སོ་རང་རིག་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞིབ་མོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཤེས་རབ་བོ། །བརྟགས་པ་ཞེས་བྱ་བ་ནི་ཚར་བྱུང་གི་དོན་ལ་འཇུག་པའི་ཤེས་རབ་བོ། །མཁས་བ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་བོ། །མཛངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །ཤེས་རབ་རྣོན་པོ་དེ་བཞི་དང་ལྡན་པའི་གང་ཟག་ནི་ཞིབ་མོ་བརྟགས་པ་མཁས་པ་མཛངས་པ་ཞེས་བྱ་སྟེ། གང་ཟག་དེ་ལྟ་བུས་རིག་པ་ཡིན་ནོ་ཞེས་མོས་པར་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་


DTG205_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ནི་སྔར་ཆོས་དེ་ལ་མོས་པར་བྱེད་ཅིང་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་བསྟན་པར་རིག་པར་བྱའོ། །མདོ་སྡེ་དེ་དག་གིས་བསྟན་པ་དག་ལ་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་སྟོན་ཏེ། དེའི་སྒོ་ནས་ཀྱང་དད་པས་མོས་པའི་མཚན་ཉིད་སྟོན་པར་སྦྱར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པར་ཐུགས་སུ་ཆུད་པའོ། །ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་སྒྲོ་བཏགས་པ་མེད་པ་དང༌། སྐུར་པ་མེད་པའི་ཆོས་ཉིད་དོ། །མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ་ཞེས་བྱ་བ་ནི་གདུལ་བ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྒོ་སྣ་ཚོགས་ནས་སྟོན་པའོ། །དེ་དག་མདོ་སྡེ་དེ་རྣམས་གོམས་པར་བྱས་ཏེ་ཡི་གེར་བྲི་བར་ཡང་བྱེད་ཅེས་བྱ་བ་ལ་སོགས་པས་ནི་སྔར་དང་བྱ་ཡང་འཐོབ་སྟེ་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་སྟོན་ཏེ། སྒོ་དེ་ནས་ཀྱང་དད་པས་མོས་པའི་བྱེ་བྲག་སྟོན་པར་སྦྱར་རོ། །བསྒོམ་པའི་རྣམ་པས་སྦྱོར་བར་ནི་མི་ནུས་སོ་ཞེས་བྱ་བས་ནི་ཤེས་རབ་དང་བྲལ་བའི་རྒྱུ་བསྟན་ཏེ། བསྒོམ་པའི་རྣམ་པ་ལ་བརྟེན་ནས་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་དག་གཞི་དེས་ན་ཞེས་བྱ་བ་ལ་སོགས་པས་ནི་བསོད་ནམས་དང་ཡེ་ཤེས་དང་དེའི་རྒྱུ་དང་འབྲས་བུ་སྔར་བསྟན་པ་དག་རིམ་གྱིས་འཕེལ་བའི་སྒོ་ནས་ཤེས་རབ་དང་ལྡན་པར་འགྱུར་རོ་ཞེས་སྟོན་ཏོ། །གོང་དུ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བས་ནི་ཤེས་རབ་དང་ལྡན་པར་གྱུར་པའི་གོང་དུ་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་ལྡན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གཉིས་པ་ཡིན་ནོ།། །།དེའི་མོས་པའི་བྱེ་སྦྲག་རྒྱས་པར་བཤད་པ་གསུམ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་དང་ལྡན་ལ་བརྟས་པ་ཉིད་མ་ཡིན་པ་སྟེ། སྔར་གཉིས་པའི་སྐབས་སུ་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ཤེས་རབ་ཆུང་ངུ་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཇི་སྟེ་སེམས་ཅན་དེ་དག་ལས་


DTG205_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་འགྲུབ་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་དུ་ཞེས་བྱ་བའི་སྒྲ་ནི་སྔར་གཉིས་པའི་སྐབས་སུ་དགེ་བའི་རྩ་བ་བསྐྱེད་པ་དང༌། སྒྲིབ་པ་ཡོངས་སུ་དག་པ་དང༌། རྒྱུད་ཡོངས་སུ་སྨིན་པ་དང༌། མོས་པ་ཆེན་པོ་མ་ཡིན་པ་ཞེས་གསུངས་པ་དག་ཀྱང་འདིར་བསྡུ་བའི་ཚིག་ཡིན་ནོ། །ཆེན་པོ་ཞེས་བྱ་བའི་སྒྲས་དང་པོ་སེམས་བསྐྱེད་པའི་གོང་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། དེའི་རྒྱུ་དང་འབྲས་བུ་ཤས་ཀྱིས་ཡོད་ཀྱང་ཡོངས་སུ་མ་ཡིན་པར་ནི་སྔ་མ་དང་འདྲ་ལ། འཕྲལ་དུ་མོང་རྟུལ་བ་མ་ཡིན་པའི་ཕྱིར་ནི་ཤེས་རབ་ཆུང་ངུ་དང་ལྡན་པ་ཞེས་བྱ་སྟེ། དེའི་ཕྱིར་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་ནུས་ཤིང་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་ཏེ། དེས་ན་ཤེས་རབ་ཆུང་ངུ་དང་ལྡན་པས་རེ་ཞིག་ཆུད་ཟ་བར་འགྱུར་བར་སྟོན་ཏོ། །གྱུར་པ་ཞེས་བྱ་བའི་སྒྲ་ཡང་གཞི་དེ་གསུམ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་ལ་དད་པས་མོས་ལ། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཞེས་བྱ་བའི་དོན་དུ་གཟུང་སྟེ། དེའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དད་པས་མོས་པ་དང༌། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ནས་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ་ཞེས་བྱ་བས་ནི་རིགས་དང་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་བཞིན་དུ་ཆོས་དེ་ཐོས་པར་འགྱུར་ལ། རིགས་ཕུན་སུམ་ཚོགས་པ་མ་ཡིན་པས་སྐལ་པ་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་བཞིན་དུ་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །ཆོས་དེ་ལ་མོས་ཀྱང་ཞེས་བྱ་བ་ནི་མོས་པ་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་བཞིན་དུ་ཆོས་དེ་ལ་


DTG205_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པ་མ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་བཞིན་དུ་རྟོགས་བར་མི་འགྱུར་ཞིང༌། ཆོས་དེ་ལ་དད་པས་མོས་པའི་བྱེ་བྲག་ཐོབ་པར་སྦྱར་རོ། །ཆོས་འདི་དག་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། ཤེས་རབ་ཆུང་ངུ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི་རྒྱུ་དང་འབྲས་བུ་ཡང་དག་པར་འགྲུབ་པའི་རིམ་གྱིས་ཐོབ་པ་ནི་མ་ཡིན་གྱི། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་ནུས་པ་ཙམ་གྱིས་ཤེས་རབ་ཡིན་པས་ཤེས་རབ་ཆུང་ངུ་དེ་ལས་གྱུར་པའི་མོས་པའི་བྱེ་བྲག་དེ་ཡང་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པས་བྱེད་པའི་མཚན་ཉིད་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པ། ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་མཉམ་པས་ཡོངས་སུ་མཉམ་པར་བྱེད་པ་ཡིན་ཏེ། སྔར་ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཡོངས་སུ་མ་སྨིན་པས་ཆུད་ཟ་བར་འགྱུར་བ་ཡང་མེད་ཀྱི། ཤེས་རབ་ཆུང་ངུ་འདི་ནི་རེ་ཞིག་ཆུད་ཟ་བར་འགྱུར་བར་རིག་པར་བྱའོ། །དེ་ལ་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་གསུངས་པ་ནི་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། སྔར་དྲང་བའི་དོན་གྱི་མདོ་སྡེ་བརྗོད་པའི་རྣམ་པས་བསྟན་པ་ལྟ་བུ་ཡིན་ན། དེ་ལྟར་མི་ཤེས་ཤིང་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་པ་ཁོ་ནའོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་ཞེས་བྱ་བ་ནི་མཚན་ཉིད་མེད་པའི་ཆོས་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང༌། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མགོ་མཉམ་དུ་མེད་པར་བལྟ་བར་བྱའོ། །མཚན་ཉིད་མེད་པ་ལ་ལྟ་བ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་


DTG205_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡོངས་སུ་གྲུབ་པའི་མཚན་ཉིད་ཐམས་ཅད་མགོ་མཉམ་དུ་མེད་པར་བལྟ་བའོ། །འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་འགྱུར་ན་ཞེས་བྱ་བ་ནི་མཚན་ཉིད་དེ་གཉིས་ལ་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་འདོགས་པ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དེ་དག་ནི་ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་འཛིན་པ་སྟེ། དེས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་ཞེས་པ་སྟེ། དེས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཉིད་བསྟན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི་ཞེས་བྱ་བས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་པ་མོས་པའི་བྱེ་བྲག་གི་ཕན་ཡོན་སྟོན་ཏེ། དེ་དག་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཡང་དག་པར་བསྒྲུབས་པ་དང་ལྡན་ཞིང༌། དེའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན་མོས་པའི་གནས་བརྒྱད་པོ་དག་ལ་མོས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་མོས་པའི་ཁམས་དང་ལྡན་པས། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ཟིན་པའི་ཕྱིར་རིང་པོ་མི་ཐོགས་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་ཞིང་མཐོང་བའི་ལམ་དང་བསྒོམ་པའི་ལམ་དང༌། མཐར་ཐུག་པའི་འབྲས་བུ་ཡང་རིམ་གྱིས་ཐོབ་པར་འགྱུར་བས་ན། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱི་འཕེལ་བ་ཞེས་བྱ་སྟེ། ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པར་བསྟན་པ་ཡིན་ནོ། །འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལ་ཡོངས་སུ་ཉམས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་ངུ་


DTG205_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པའི་མོས་པའི་བྱེ་བྲག་གི་ཉེས་དམིགས་སྟོན་ཏེ། དེ་དག་ཤེས་རབ་ཆུང་ངུ་དང་ལྡན་པས་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་ཅིང་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པར་བྱེད་པས། རེ་ཞིག་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་མཐོང་བའི་ལམ་ལ་སོགས་པས་བསྡུས་པའི་ཤེས་རབ་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཉེས་དམིགས་ཆེན་པོ་དང་ལྡན་པར་སྟོན་ཏོ། །ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང༌། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་དེ་དག་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་ན་ཤེས་རབ་དེ་དག་གིས་བསྡུས་པའི་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་སྟེ། དེ་ཙམ་དུ་འགྱུར་བར་ཟད་ཀྱི་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་བའི་དོན་ཏོ། །དེ་དག་ལས་གཞན་དག་གི་ཆོས་ལ་ཆོས་སུ་དང༌། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་ཞེས་བྱ་བའི་སྨྲ་བ་པོ་ཤེས་རབ་ཆུང་ངུ་དེ་དག་ལས་ཉན་པ་པོ་ལས་དང་པོ་པ་གཞན་དག་གིས་ཐོས་ནས་སོ། །དེ་ལ་ཉན་པ་པོ་ནི་རྣམ་པ་གཉིས་ཏེ། དེ་དག་གི་ལྟ་བ་ལ་དགའ་བར་བྱེད་པ་དང༌། དེ་དག་གི་ལྟ་བ་ལ་དགའ་བར་མི་བྱེད་པའོ། །ལྟ་བ་ལ་དགའ་བར་བྱེད་པ་དག་ནི་སྨྲ་བ་པོ་དེ་དག་ཉིད་དང་འདྲ་བར་ཆོས་ལ་མོས་པའི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་འཕེལ་བར་འགྱུར། །དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་དང༌། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་བར་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྟ་བ་ལ་དགའ་བར་མི་བྱེད་པ་དག་ནི་དེ་དག་གི་ལྟ་བ་ལ་མ་ཕྱོགས་པའི་ཡོན་ཏན་ཡོད་ཀྱང༌། ཆོས་ལ་ཡང་མི་མོས་ཤིང་སྐུར་པ་འདེབས་པ་ལ་སོགས་པའི་རིམ་གྱིས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བར་ལྟ་ག་ལ་འགྱུར་གྱི། ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་སྟེང་དུ། ཁ་ན་མ་ཐོ་བ་ཆེན་པོ་ཡང་འཕེལ་བར་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་


DTG205_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱེད་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་དག་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་དེ་དག་ལ་སྒྲ་ཇི་བཞིན་དུ་ཐོས་པའོ། །སྐྲག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་སྐུར་པ་འདེབས་པའི་ལྟ་བ་ལ་མ་མོས་པའི་ཕྱིར་རོ། །མདོ་སྡེ་དག་ལ་སྐུར་པ་འདེབས་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་དེ་དག་གི་ལྟ་བ་ལ་མོས་པར་ལྟ་ག་ལ་འགྱུར་གྱི། དེ་དག་གང་ལ་མོས་པའི་ཆོས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དང་དེ་དག་ལ་ཡང་སྐུར་པ་འདེབས་ཤིང་གཏན་སྤང་བ་ལ་སོགས་པར་བྱེད་པ་ཡིན་ནོ། །གཞི་དེས་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དག་ལ་སྐུར་པ་བཏབ་པ་ལ་སོགས་པའི་གཞི་དེས་སོ། །ཕོངས་པ་ཆེན་པོ་ཐོབ་པར་འགྱུར་ཞིང་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་ཆེན་པོ་ཐོབ་པར་འགྱུར་བའམ། ཡང་ན་གཞི་དེས་འབྲས་བུ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར་བའོ། །ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཀྱང་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཆེན་པོའི་འབྲས་བུ་སེམས་ཅན་དམྱལ་བ་ཆེན་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་འཕེན་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཞི་དེས་ཀྱང་ཞེས་བྱ་བ་ནི་ཉན་པ་པོ་རྣམ་པ་གཉིས་ཏེ། དེ་ལྟར་རབ་ཏུ་ཉམས་པར་བྱེད་པའི་གཞི་དེས་ཀྱང་ངོ་གང་དག་ཅེས་བྱ་བ་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་དང་ལྡན་པའི་སྨྲ་བ་པོ་དག་གོ །དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ་ཞེས་བྱ་བ་ནི་སྨྲ་བ་པོ་དེ་དག་རང་གི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་གིས་ནི་ཤེས་རབ་དང༌། དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་ལ་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་མོད་ཀྱི། ཉན་པ་པོ་རྣམ་གཉིས་རབ་ཏུ་ཉམས་པར་བྱས་པའི་གཞི་དེས་ཁ་ན་མ་ཐོ་བ་གཞན་འཕེལ་ཞིང་རེ་ཞིག་ཆུད་ཟ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གསུམ་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐམས་ཅད་དང་བྲལ་ཞིང་བཀྲི་བ་


DTG205_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་དང༌། མོས་པ་མེད་པ་དང་ཤེས་རབ་འཆལ་པ་མཁས་པ་རྣམས་ཀྱིས་སྙིང་རྗེའི་ཞགས་པས་གཟུང་ཞིང་བཀྲི་དགོས་པ་སྟེ། དེ་ལ་དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་སྒྲིབ་པ་ཡོངས་སུ་མ་དག་རྒྱུད་ཡོངས་སུ་མ་སྨིན་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་བསྟན་ཏོ། །མོས་པ་མི་མང་ཞེས་བྱ་བས་ནི་མོས་པ་མེད་པ་བསྟན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་ཅིང༌། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་མི་ནུས་ཤིང་ཞེས་བྱ་བས་ནི་ཤེས་རབ་འཆལ་པ་བསྟན་ཏོ། །གྱུར་པ་ཞེས་བྱ་བ་ཡང་ཐམས་ཅད་དང་བྲལ་ཞིང་བཀྲི་དགོས་པ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་ཆོས་མ་ཡིན་པ་དང༌། དོན་མ་ཡིན་པར་འདུ་ཤེས་པ་ཞེས་བྱ་བའི་དོན་དུ་གཟུང་ངོ༌། །དེའི་ཕྱིར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་འདུ་ཤེས་ཀྱི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཞེས་བྱ་བས་ནི་རིགས་ཡང་དག་པར་མ་བསྒྲུབས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ་རང་བཞིན་གྱིས་གནས་པའི་རིགས་ཡོད་པས་ནི་ཆོས་དེ་ཐོས་པར་འགྱུར་ལ། ཡང་དག་པར་བསྒྲུབས་པའི་རིགས་མེད་པས་ནི། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །ཆོས་དེ་ལ་ཡང་མོས་པར་ཡང་མི་འགྱུར་ལ་ཞེས་བྱ་བས་ནི་མོས་པ་མེད་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །དེ་དག་ཆོས་དེ་ལ་ཆོས་མ་ཡིན་པར་འདུ་ཤེས་ཤིང་དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་འཆལ་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །སླད་ཀྱང་འཇུད་པར་བྱེད་དེ་ཞེས་བྱ་བ་ནི་དོན་དང་ཚིག་ལ་རང་དགའ་དང་འདོད་ཕྱོགས་ལ་སོགས་པ་བྱེད་ཅིང་དམ་པའི་ཆོས་ལྟར་བཅོས་པ་སྟོན་པར་བྱེད་པའོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ལ་ཞེས་བྱ་བ་ནི་ད་ལྟར་འདི་ལྟ་བུའི་གནས་སྐབས་སུ་གྱུར་པའི་རྒྱུ་སྔོན་བསགས་པ་གང་ཡིན་པས་སོ། །ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་


DTG205_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པ་སླའི་ཞེས་བྱ་བས་ནི་སྔོན་གྱི་དུས་འདི་ཙམ་ཞིག་ནས་གཞི་འདི་ལྟ་བུ་ལས་གྱུར་ཏེ་ཞེས་དང་པོའི་གཞི་བརྟགས་པའོ། །འབྱུང་བར་འགྱུར་རོ་ཞེས་གདགས་པ་ནི་དཀའོ་ཞེས་བྱ་བ་ནི་སྒྲིབ་པ་དེ་འདི་ཙམ་ན་སྤོང་བར་འགྱུར་རོ་ཞེས་དེ་ལས་ཐར་པར་འགྱུར་བའི་ཕྱི་མའི་མཐའ་བརྟག་པར་ནི་དཀའོ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་བྱ་བས་ནི་དེ་ཡན་ཆད་དུ་མོས་པའི་བྱེ་བྲག་མདོར་བསྟན་པ་དང༌། རྒྱས་པར་རྣམ་པ་བཞི་བསྟན་པ་དེ་དག་གི་མཇུག་བསྡུ་བ་བསྟན་ཏོ། །དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་པའོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་ནི་བཅོམ་ལྡན་འདས་ཀྱིས་དེ་ཡན་ཆད་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་ནི་དོན་ལ་ལོག་པར་རྟོགས་པ་རྣམ་པ་བཞིས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་སྔར་བསྡུ་བའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པས་ནི་དེ་ལ་སྤྱོད་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པ་གསུམ་སྔར་བསྟན་པའི་དང་པོ་བསྟན་པའི་གཞི་དང་ལྡན་པའི་སྐབས་སུ་རྣམ་པར་དག་པའི་ལམ་གཅིག་དང༌། རྣམ་པར་དག་པ་གཅིག་དང༌། ཐེག་པ་གཅིག་པ་དང༌། སེམས་ཅན་གྱི་དབང་པོའི་རིམ་པ་ལ་རིགས་སྣ་ཚོགས་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བཤད་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་བཞི་པའི་རྩ་བ་དང་པོ་གཉིས་ཀྱིས་ནི་རིགས་ཀྱི་གཞི་དང་ལྡན་པའི་སྐབས་སུ་གང་ཟག་ཉན་ཐོས་ཀྱི་རིགས་ཅན་ཞི་བ་བགྲོད་པ་གཅིག་པུ་པ་ཞེས་བཤད་པ་དེ་ལྟ་བུའི་སེམས་ཅན་མང་པོའི་དངོས་པོ་བསྡུ་བ་བསྟན་ཏོ། །རྩ་བ་འོག་མ་གཉིས་ཀྱིས་ནི་རྐྱེན་གྱི་གཞི་དང་ལྡན་པའི་སྐབས་སུ་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་བཤད་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ལམ་སྒྲུབ་པ་དེ་ལྟ་བུའི་སེམས་ཅན་ཤིན་ཏུ་དཀོན་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་ཐ་མས་ནི་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་


DTG205_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད་པ་དེ་ལ་སྤྱོད་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་དང༌། མོས་པའི་བྱེ་བྲག་ཐ་དད་དུ་ཟིན་ཀྱང་སྒོ་དེ་ནས་ཞུགས་ཏེ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་དབྱིངས་ལ་བྱེ་བྲག་མེད་པ་དང༌། དེའི་ཚེ་བརྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ལྔ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ཞེས་བྱ་བ་ནི་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་འདིར་རིགས་དང༌། མོས་པ་དང༌། ཤེས་རབ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བའི་ཚད་མར་བྱས་པ་ཡིན་ཏེ། དེ་དང་འདྲ་བར་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ལ་ཡང་དག་པར་ཞུགས་པ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་གཞན་དག་ཀྱང་གཟུང་བར་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐབས་འདིར་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཚད་མར་བྱས་པ་ཡིན་པས་དེའི་རིགས་དང༌། མོས་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་ནི་ཡོད་པར་མངོན་པར་ཞར་ལ་གླེངས་པར་ཟད་ཀྱི་དམིགས་ཀྱིས་བསྟན་པ་མེད་དོ། །དེ་ཇི་ལྟར་མགོ་གླེངས་པས་གོ་བ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་སྐབས་དེ་ཡན་ཆད་དུ་མགོ་གླེངས་ཏེ་བཀའ་སྩལ་པའི་རྗེས་ལ། འདིར་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཀྱིས་དེ་བཞིན་དུ་གོ་ཞིང་རྒྱ་ཆེར་སྟོན་པ་ཉིད་མགོ་གླེངས་པས་གོ་བ་ཡིན་པར་སྦྱར་རོ། །གྱུར་པ་ཞེས་བྱ་བ་ཡང་དེ་ལྟ་བུར་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པའི་མཐོང་བའི་རྟོགས་པ་བསྒོམ་པའི་རྣམ་པ་ཡོངས་སུ་ཤེས་པ་དང༌། དེའི་འབྲས་བུ་བྱ་བ་མེད་པ་ཉིད་ཡིན་པར་སྦྱར་རོ། །མོས་པའི་བྱེ་བྲག་དེ་དག་ཀྱང་གང་ཞེ་ན། གཞུང་


DTG205_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་རྣམས་ཀྱིས་ཇི་སྐད་སྟོན་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ཞེས་བྱ་བ་ནི་ཚིག་གི་གཞི་གཅིག་ཏུ་བསྡུས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཉིད་ཡིན་ནོ། །ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་སྟེ། དེ་ཡང་གནས་མེད་པ་ལ་གདགས་སུ་མི་རུང་བས་དེའི་གནས་ཀྱང་འདུ་བྱེད་ཀྱི་མཚན་ཉིད་ཡིན་ནོ། །དེ་ལྟར་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་འདུ་བྱེད་ཀྱི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་ཀྱང་འདུ་བྱེད་ཀྱི་མཚན་མ་ཡིན་ནོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྣམ་པ་སྟེ། རྣམ་པར་རྟོག་པ་ཉིད་འདུ་བྱེད་ཀྱི་རྣམ་པར་སྣང་བ་ལ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཞེས་བྱའི། རྣམ་པར་རྟོག་པ་ལས་གཞན་པ་ཕྱི་རོལ་ན་དེའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་གཞན་ནི་མེད་དོ། །དེ་ཉིད་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་གྱི་དབང་གི་མཚན་ཉིད་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་མཚན་ཉིད་དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པར་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མིང་དང་བརྡར་བཏགས་བ་དང༌། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་གང་ཡིན་པ་དེ་ནི་དངོས་པོའི་ངོ་བོ་ཉིད་མ་ཡིན་པ་སྒྲོ་བཏགས་པ་ཡིན་པས་ཀུན་བརྟགས་པའི་མཚན་ཉིད་ཡིན་པར་བསྟན་ཏོ། །དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་


DTG205_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི། གང་དག་གིས་དེ་ལྟར་མི་མཐོང་བ་དེ་དག་ལ་ཀུན་བརྟགས་པའི་མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བའི་ཐ་ཚིག་གི་དོན་ནི་གང་དུ་བསྟན་ཟིན་ཏོ།། །།དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ཡང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་ལྟར་མ་མཐོང་བ་དེ་དག་ལ་གཞན་གྱི་དབང་གི་མཚན་ཉིད་དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་ཀྱང་ཞེས་བྱ་བ་ནི། གཞན་གྱི་མཚན་ཉིད་རྣམ་པར་དག་པའི་དམིགས་པ་མ་ཡིན་པའི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཞེས་སྔར་བསྟན་པ་དེ་གཟུང་བར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཀྱི་མིང་དང་བརྡར་སྒྲོ་བཏགས་


DTG205_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེར་ཡོངས་སུ་མ་གྲུབ་པའོ། །ངོ་བོ་ཉིད་མེད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་ཁོ་ནས་སོ། །ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ལྟར་ཀུན་བརྟགས་པའི་མཚན་ཉིད་དེར་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མེད་པ་གཞན་གྱི་དབང་གི་ངོ་བོ་ཉིད་དེའི་དེ་བཞིན་ཉིད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །རྣམ་པར་དག་པའི་དམིགས་པ་གང་ལགས་ཞེས་བྱ་བ་ལ་རྣམ་པར་དག་པ་ཞེས་བྱ་བ་ནི། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་ཡང་དག་པའོ། །དེའི་དམིགས་པ་ནི་ཆོས་བདག་མེད་པ་དེ་བཞིན་ཉིད་ཅེས་གོང་དུ་བསྟན་པ་ཉིད་ཡིན་ནོ། །དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་དེ་ལྟར་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དེ་བཞིན་ཉིད་དེ་དང༌། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དང༌། ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་ཡིན་པས་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་གཉིས་སུ་གནས་པ་མ་ཡིན་གྱི། ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཡིན་པས་འཕགས་པ་སོ་སོར་རིག་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་དེ་ལས་གཅིག་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གི་ས་དེ་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་དག་མ་མཐོང་བ་དེ་དག་ལས་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པ་ངོ་བོ་ཉིད་མཆིས་པ་དེ་ཉིད་དེ་ལས་གཅིག་ཅེས་བྱ་བར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དོན་དམ་པ་ངོ་བོ་ཉིད་


DTG205_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་ཅེས་སྔར་བསྟན་པ་དེ་གཟུང་བར་བྱའོ། །འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་བཅའ་སྒ་དང༌། རི་མོ་བྲི་བའི་གཞི་དང༌། མར་དང༌། ནམ་མཁའི་དཔེ་བསྟན་པ་ནི་དངོས་པོ་བསྟན་པ་ཙམ་དུ་ཟད་ཀྱི་གོ་རིམས་དེ་ལྟར་ངེས་པ་ཁོ་ནར་དགོངས་པ་ནི་མ་ཡིན་པས། འདི་བླ་མའི་གནས་ལྟ་བུ་དག་གིས་དཔེ་རྣམ་པ་དེ་བཞིས་མཚོན་པའི་དོན་གྱི་སྒོ་ནས་གོ་རིམས་ཀྱི་ཤུགས་སྦྱར་བ་ནི་དང་པོ་མར་གྱི་དཔེས་བསྟན་ལ་དེའི་འོག་ཏུ་བཅའ་སྒའི་དཔེས་བསྟན། དེའི་འོག་ཏུ་རི་མོ་བྲི་བའི་གཞིའི་དཔེས་བསྟན། དེའི་འོག་ཏུ་ནམ་མཁའི་དཔེས་བསྟན་ཏོ། །གོ་རིམས་དེ་ལྟར་བཀོད་བའི་དཔེ་བཞི་པོ་དག་གིས་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་གཏམ་དང༌། ཤེས་རབ་ཀྱི་གཏམ་དང༌། ཀུན་རྫོབ་ཀྱི་གཏམ་དང༌། དོན་དམ་པའི་གཏམ་བསྟན་ཏེ། གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །གཏམ་དེ་བཞིའི་གོ་རིམས་ཅིའི་ཕྱིར་དེ་ལྟར་རྣམ་པར་གནས་པར་ངེས་ཤེ་ན། དང་པོར་ལྷག་པའི་ཚུལ་ཁྲིམས་ལ་གནས་ན་ལྷག་པའི་སེམས་སྐྱེ་བར་འགྱུར་བས་དེའི་ཕྱིར་དང་པོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་སེམས་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བར་འགྱུར་བས་དེའི་འོག་ཏུ་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་ཤེས་རབ་ཀྱིས་ཤེས་པར་བྱ་བའི་ཡུལ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་སྟེ། དེ་ལ་འཇིག་རྟེན་པའི་ལམ་ནི་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཡིན་པས་དེ་དང་པོར་རྟོགས་པར་བྱ་དགོས་པའི་ཕྱིར་དེའི་འོག་ཏུ་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །འཇིག་རྟེན་ལས་འདས་བའི་ལམ་ནི་དོན་དམ་པའི་བདེན་པས་བསྡུས་པ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའི་འོག་ཏུ་དོན་དམ་པའི་བདེན་པ་རྟོགས་པར་བྱ་དགོས་པའི་ཕྱིར་དེའི་འོག་ཏུ་དོན་དམ་པའི་གཏམ་བསྟན་ཏོ། །གཏམ་དེ་བཞིའི་འབྲེལ་པ་ནི་དཔེ་རྣམ་པ་བཞིས་མཚོན་བའི་དོན་ཉིད་ལ་དེ་བཞིན་དུ་སྣང་བས་ན་དེའི་ཕྱིར། འདི་ལྟ་སྟེ་དཔེར་བགྱི་ན་ཆབ་མར་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་ན་དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི། ངེས་པའི་དོན་བསྟན་པ་འདི་དྲང་བའི་དོན་གྱི་མདོ་སྡེ་


DTG205_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སྦྱར་ན། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་མི་འགྱུར་ཞིང་མཐོང་བའི་ལམ་གྱིས་བསྡུས་པའི་མངོན་པར་རྟོགས་པ་དྲུག་པོ་དག་མཐོང་བས་དད་པ་མངོན་པར་རྟོགས་པའི་སྒོ་ནས་ཚུལ་ཁྲིམས་མངོན་པར་རྟོགས་པའི་དུས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་རབ་ཏུ་ཕྱེ་བའི་ལྷག་པའི་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་ནི་དགའ་བ་ཆེན་པོར་འགྱུར་བ་ཡིན་ལ། ལྷག་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཚུལ་ཁྲིམས་མངོན་པར་རྟོགས་པའི་སྒོ་ནས་བསམ་པ་མངོན་པར་རྟོགས་པའི་དུས་ན། བསམ་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་དགའ་བ་ཁ་ན་མ་ཐོ་བ་མེད་པས་རབ་ཏུ་ཕྱེ་བའི་ལྷག་པའི་སེམས་དང་ལྡན་པར་འགྱུར་བ་ནི་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་བ་ཞེས་བྱ་སྟེ། དེའི་ཕྱིར་མར་གྱི་དཔེས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་བཅའ་སྒ་ནི་ཞེས་བགྱི་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་བར་བགྱི་བ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་བའི་སེམས་དེ་ལ་བརྟེན་ནས་བསམ་པ་མངོན་པར་རྟོགས་པའི་སྒོ་ནས་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མཐོང་བར་རྟོགས་པའི་དུས་ན་རྣམ་བར་མ་བཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བའི་ལྷག་པའི་ཤེས་རབ་སྐྱེ་བར་འགྱུར་བ་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་བར་བགྱི་བ་ཞེས་བྱ་སྟེ། དེའི་ཕྱིར་བཅའ་སྒའི་དཔེས་ནི་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་རི་མོ་བྲི་བའི་གཞི་ནི་ཞེས་བྱ་བ་ལ་སོགས་པའི་དཔེས། ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་དང་བའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་ཤེས་རབ་དེ་ལ་བརྟེན་ནས་མངོན་པར་རྟོགས་པའི་ཤེས་པ་མངོན་པར་རྟོགས་པའི་སྒོ་ནས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་ལ་མངོན་པ་མངོན་པར་རྟོགས་བའི་དུས་ན། རྣམ་བར་གཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་འཇིག་རྟེན་པའི་ལམ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲང་བའི་དོན་ཐམས་ཅད་ལ་རོ་གཅིག་པ་དང༌། དེ་དག་ཤིན་ཏུ་གསལ་


DTG205_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིད་བ་ཞེས་བྱ་སྟེ། དེའི་ཕྱིར་རི་མོ་བྲི་བའི་དཔེ་བཞིས་ནི་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོར་བརྩལ་བ་ཐམས་ཅད་ལ་སྒྲིབ་པ་མི་འགྱུར་བ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་སྒོ་ནས་མཐར་ཐུག་པའི་མངོན་པར་རྟོགས་པའི་དུས་ན་ཟད་པ་དང༌། མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བ་འཇིག་རྟེན་ལས་འདས་པའི་ལམ་དོན་དམ་པའི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང༌། བརྩལ་བ་ཐམས་ཅད་ལ་སྒྲིབ་པ་མི་འགྱུར་བ་ཞེས་བྱ་སྟེ། དེའི་ཕྱིར་ནམ་མཁའི་དཔེས་ནི་དོན་དམ་པའི་གཏམ་བསྟན་ཏོ། །དེ་ལ་ངེས་པའི་དོན་བསྟན་པ་འདི་ཡང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ཡང་མཚན་ཉིད་གསུམ་ལ་སོ་སོར་ངེས་པ་བསྟན་ཏེ། ཀུན་བརྟགས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན། གཞན་ཀྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་གསུངས་པ་དང༌། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་ཀུན་བརྟགས་པའི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་སོ་སོར་ངེས་པ་བསྟན་པ་ལ་བྱའོ། །དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ངེས་པ་མ་བསྟན་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་སྟེ། དེ་ནི་ངེས་པའི་དོན་མ་ཡིན་པས་དྲང་ཞིང་བཤད་དགོས་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དོན་དམ་ཡང་དག་འཕགས་དེ་བཞིན་ཏེ་གཞན་དུ་མ་


DTG205_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་དེ་ནི་དེ་བཞིན་དུ་ཟུང་ཤིག་ཅེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་བས་གོ་བ་ཚད་མར་འཛིན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ལྔ་ཡིན་ནོ། །མོས་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། དེ་ལ་སྤྱོད་པའི་གང་ཟག་གི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མདོ་སྡེའི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་དང༌། བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་དང༌། ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་དང༌། འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པའོ། །དེ་ལ་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ནས། རྒྱུའི་བར་དུ་ཡང་མི་འགྲོའོ་ཞེས་གསུངས་པའི་བར་ཐ་མའི་བར་གྱིས་བསྟན་ཏོ། །ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བའི་བར་གྱིས་བསྟན་ཏོ། །འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ་ནི། དོན་དམ་པ་ངེས་པའི་དོན་འདི་བསྟན་པ་འདི་བཤད་པ་ནི་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དང་པོར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དེའི་


DTG205_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་བ་ཉིད་མོས་པའི་རྣམ་པས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་གཉིས་ནི་བླ་ན་ཡོད་པ། སྐབས་ཡོད་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་གྱི་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་འདི་ནི་བླ་ན་མེད་པ། སྐབས་མེད་པ། ངེས་པའི་དོན། རྩོད་བའི་གཞིའི་གནས་སུ་གྱུར་པ་མ་ཡིན་པས། དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྔ་མ་གཉིས་པས་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་གསུམ་པ་ནི་ཆེས་ཁྱད་པར་དུ་འཕགས་པའི་ཆེ་བ་ཉིད་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེ་ག་ལ་ཡང་ད་གར་ཞུགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཞེས་བྱ་བ་ནི་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པའོ། །ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་བཟླས་པ་དང་པོ་ལ་མཐོང་བའི་ལམ་སྐྱེ་བ་དང༌། བཟླས་པ་གཉིས་པ་ལ་སློབ་པའི་ལམ་སྐྱེ་བ་དང༌། བཟླས་པ་གསུམ་པ་ལ་མི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་དང་མཐུན་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་མཐུན་པར་རོ། །བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་རྣམ་གྲངས་དེ་ངེས་པའི་དོན་མ་ཡིན་པས་ད་དུང་གཞན་དུ་དྲང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྟོང་པ་ཉིད་སྨོས་པའི་རྣམ་བས་ཞེས་བྱ་བ་ནི་ཆོས་བདག་མེད་པ་སྟོན་པའོ། །ཆོས་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་མཐོང་བ་དང༌། སློབ་པ་དང་མི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་དང་


DTG205_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྐོར་བ་ལ་ལྟོས་ན་གཉིས་པ་སྟེ། ཐེག་པ་ཆེན་པོ་དྲང་བའི་དོན་གྱི་མདོ་བཤད་པ་ཐམས་ཅད་སྤྱིར་གཟུང་ངོ༌། །ཐེག་པ་ཆེན་པོ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་གཅིག་པ་དང༌། རྣམ་པར་དག་པ་གཅིག་པ་དང༌། ཐེག་པ་གཅིག་ཏུ་བསྟན་བའི་ཕྱིར་རོ། །ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའོ། །གཅིག་ཏུ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་ཚུལ་གྱིས་མཐོང་བ་དང༌། སློབ་པ་དང་མི་སློབ་པའི་ལས་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ལ་ལྟོས་ན་གསུམ་པ་སྟེ། སྐབས་འདིར་དོན་དམ་པ་ངེས་པའི་དོན་དམ་པ་བསྟན་པ་འདི་ཉིད་ཡིན་པར་སྦྱར་རོ། །བླ་ན་མ་མཆིས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་ངེས་པའི་དོན་ཡིན་པས་དེ་ལས་གཞན་དུ་དྲང་བ་མེད་བའི་ཕྱིར་ཏེ། དེ་ནི་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་བསོད་ནམས་ཆེ་བའི་འཕེལ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་འདི་ལ་ཆོས་སྤྱོད་པ་རྣམ་པ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། བསོད་ནམས་རྒྱ་ཆེན་པོ་བསྐྱེད་པའི་ལམ་དང༌། སྦྱོར་བའི་ལམ་དང། སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་པས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྐྱེད་པར་བྱེད་པའི་ཕྱིར་དང༌། ངེས་པའི་དོན་བསྟན་པ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་སྤྱོད་པ་རྣམ་པ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་དེ་དག་ལ་སྤྱོད་པ་རེ་རེའི་སྒོ་ནས་ཀྱང་བསོད་ནམས་དཔག་ཏུ་མེད་པ་གྲངས་མེད་པ་སྐྱེ་བའི་ཆེ་བ་ཉིད་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོས་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་


DTG205_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བཅུ་པོ་དག་བསྟན་ཏེ། ཅི་རིགས་པར་སྦྱར་རོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གི་ཆ་དང༌། འབུམ་གྱི་ཆ་ཞེས་བྱ་བ་ནི་འཇིག་རྟེན་ན་མང་བར་གྲགས་པའི་སྒོ་ནས་མཚོན་པ་ཡིན་ནོ། །གྲངས་ཞེས་བྱ་བ་ནི་མཚུངས་པར་རྩི་བ་ཉིད་དེ། དཔེར་ན་རི་བོ་གངས་ཅན་དང་ཅིག་ཤོས་འབིགས་བྱེད་ཅེས་བྱ་བ་ནི་མཚུངས་པར་རྩི་བའི་གྲངས་སུ་རིགས་ཀྱི། རི་བོ་གངས་ཅན་དང་ཡུངས་འབྲུ་ནི་མཚུངས་པར་རྩི་བའི་གྲངས་སུ་མི་རིགས་པར་བལྟའོ། །ཆ་ཞེས་བྱ་བ་ནི་ཡན་ལག་སྟེ། དེ་ཡང་རང་བཞིན་འདྲ་བ་ཡིན་ཏེ། དཔེར་ན་རྩེ་མོ་ཅན་རྣམས་ཀྱི་རྩེ་མོ་ནི་ཆེ་བ་ཡིན་གྱི། རྩྭའི་རྩེ་མོ་ནི་དེ་དག་གི་ཆ་མ་ཡིན་པ་བཞིན་ནོ། །བགྲང་བ་ཞེས་བྱ་བ་ནི་དེ་ཡང་མཚུངས་པ་ཡིན་ཏེ། དཔེར་ན་རི་རབ་དང་གངས་བཞེས་བགྲང་གི །རི་རབ་དང་ཡུངས་འབྲུ་ཞེས་ནི་མི་བགྲང་བ་བཞིན་ནོ། །དཔེ་ཞེས་བྱ་བ་ནི་འདྲ་བ་ཉིད་དེ། དཔེར་ན་བ་ལང་དང་འདྲ་བ་ལ་བ་ལང་ཞེས་བྱའི། སྦྲང་མ་ལམ་ཡིན་པ་བཞིན་ནོ། །རྒྱུར་ཡང་ཞེས་བྱ་བ་ནི་དེའི་རྒྱུའི་དངོས་པོར་ཡང་མི་བཟོད་པ་སྟེ། དེ་ནི་བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་ཡིན་ནོ། དེའི་འོག་ཏུ་ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པའི་ལེའུ་འདིའི་མིང་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་ངེས་པའི་ཚིག་ཏུ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའི་མདོ་སྡེ་འདིའི་ལུས་རྣམ་པར་གཞག་པ་སྤྱི་ལ་སྙེགས་སོ། །བསྟན་པ་འདིའི་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པའི་ལེའུ་འདི་ཉི་ཚེ་དང་སྦྱར་རོ། །དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་ལ། དོན་དམ་པ་ཞེས་བྱ་བ་ནི་དམ་པའི་དོན་ཅེས་བྱ་བར་སྦྱར་ཏེ། དམ་པ་ནི་ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དོན་ནི་དེའི་ཡུལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང༌། རྣམ་པར་


DTG205_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བའི་མཚན་ཉིད་ཀྱི་ཆོས་སོ། །འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བ་ནི་མིང་དེ་ལྟར་ཐུང་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་འབྲས་བུ་འཐོབ་པའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་སྟེ། ལྔ་གང་ཞེན་དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་བསྐྱེད་པར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་བའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་མཆོག་ཐོབ་པར་འགྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་བསྟན་པས་ལུང་འབོགས་པ་དང༌། ཁ་ཐོན་བྱེད་པ་དང༌། ཡང་དག་པར་སྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་བསྟན་པ་ནི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་ཆེ་བ་ཉིད་བསྟན་པ་ཞེས་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་ལས་དང་པོ་བཞི་ནི་དཀྱུས་ཀྱི་ཚིག་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །ལྔ་བ་ནི་མདོ་སྡེ་ཐམས་ཅད་ཀྱི་མཇུག་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་ལ་སོགས་པའི་འཇིག་རྟེན་ཡི་རང་སྟེ། མངོན་པར་དགའོ་ཞེས་འབྱུང་བའི་སྐབས་དང་སྦྱར་ཏེ། སྐབས་འདིར་དམིགས་ཀྱིས་མ་སྨོས་ཀྱང་མཇུག་ནས་འབྱུང་བ་ཉིད་སྐབས་འདིར་སྦྱར་བར་བྱའོ། །དེ་ལ་རྣམ་པ་ལྔ་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། གང་


DTG205_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའོ། །དེ་ལ་གང་ཟག་གི་དབང་དུ་བྱས་པ་ཡང་རིགས་དང༌། བསམ་པ་ལ་སོགས་པའི་དབང་གིས་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང༌། ཐེག་པ་ཆེན་པོ་པའི་གང་ཟག་གོ །ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ཀྱང་རྒྱུད་ཀྱི་དབང་གིས་རྣམ་པ་གཉིས་ཏེ། མཐོང་བའི་ལམ་སྐྱེ་བ་དང༌། བསྒོམ་པའི་ལམ་གྱིས་མི་སློབ་པའི་ས་མན་ཆད་འཐོབ་པ་སྟེ། དཀྱུས་ཀྱི་ཚིག་བར་མ་གཉིས་དང་གོ་རིམས་བཞིན་ནོ། །ཐེག་པ་ཆེན་པོ་པའི་གང་ཟག་ཀྱང་སེམས་མ་བསྐྱེད་པ་དང༌། བསྐྱེད་པའི་དབང་གིས་རྣམ་པ་གཉིས་ཏེ། སེམས་མ་བསྐྱེད་པ་ནི་ཀུན་རྫོབ་ཀྱི་སེམས་དང༌། དོན་དམ་པའི་སེམས་མ་བསྐྱེད་པ་སྐྱེད་པར་བྱེད་དེ། སེམས་བསྐྱེད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དཀྱུས་ཀྱི་ཚིག་དང་པོ་དང༌། ཐ་མ་གཉིས་དང་གོ་རིམས་བཞིན་དུ་སྦྱར་རོ། །ཆོས་ཀྱི་དབང་དུ་བྱས་པ་ནི་བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པ་སྟེ། ཚིག་ཐམས་བསྟན་ཏོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སེམས་དང༌། དོན་དམ་པའི་སེམས་སྐྱེས་པ་ཅི་རིགས་པར་སྦྱར་རོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་བྱ་བ་ལ་ཆོས་རྣམས་ལ་ཞེས་བྱ་བ་ནི་བདེན་པ་བཞིའི་ཆོས་རྣམས་ལའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་མཐོང་བའི་ལམ་གྱི་ཤེས་པའོ། །རྡུལ་མེད་ཅིང་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱི་ཤེས་པའོ། །དྲི་མ་དང་བྲལ་བ་རྣམས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་ཤེས་པའོ། །རྣམ་པར་དག་གོ་ཞེས་བྱ་བ་ནི་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ལ་ལེན་པ་མེད་པར་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པའོ། །ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཟད་པ་ཤེས་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ས་བརྒྱད་པ་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །ལེའུ་བདུན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་


DTG205_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། ད་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལེའུ་བརྒྱད་པ་འདི་གསུངས་སོ། །དེ་ལ་ལེའུ་བརྒྱད་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་ཕྱེ་བ་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་དྲུག་གིས་རྣལ་འབྱོར་གྱི་ལམ་བསྟན་ཏེ། ཡོངས་སུ་ཤེས་པ་དང༌། ཡོངས་སུ་མི་ཤེས་པ་དང༌། ངོ་བོ་ཉིད་དང༌། སྦྱོར་བའི་རྒྱུ་དང༌། འཐོབ་པ་དང། འཐོབ་པའི་ཐབས་དང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པས་དེ་བསྟན་ཏོ། དེ་ལ་ཡོངས་སུ་ཤེས་པ་དང༌། ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ནི་ལེའུ་འདི་བསྡུས་པའི་དོན་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་དབྱེ་བ་ཞེས་བྱ་བས་ལམ་གྱི་རྒྱུ་དང༌། ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་བསྟན་པའི་ལུས་ཐམས་ཅད་དང་སྤྱིར་སྦྱར་ཏེ། འདིར་འཕགས་པ་བྱམས་པས་ཞུ་བ་རྣམ་པ་མང་པོ་ཞུས་པ་ནི་ཡོངས་སུ་མི་ཤེས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ལན་རྣམ་པ་མང་པོ་བཀའ་སྩལ་པ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ནི་གཞུང་ཐམས་ཅད་ལ་ཡང་སྤྱིར་འདྲ་བ་ཡིན་མོད་ཀྱི་སྐབས་འདིར་ཞུས་པ་དང་ལན་བཏབ་པ་ལྷག་པར་མང་བ་དང༌། བཅོམ་ལྡན་འདས་ནི་བདག་ཉིད་ཀྱིས་ཡོངས་སུ་མཁྱེན་ནས་ཡོངས་སུ་མི་ཤེས་པ་གཞན་དག་ལ་སྟོན་པར་མཛད་དོ་ཞེས་སྟོན་པའི་ཆེ་བ་ཉིད་བསྟན་པའི་ཕྱིར་དམིགས་ཀྱིས་སྨོས་ཏེ། ལེའུ་འདི་མགོ་མཇུག་གི་བར་དུ་ཞུས་པ་དང་ལན་བཏབ་པའི་གཞུང་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །ངོ་བོ་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་ཞེས་བྱ་བས་བསྟན་ཏེ། དེ་ལ་རྣལ་འབྱོར་ཅེས་བྱ་བའི་སྒྲ་


DTG205_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྦྱོར་བ་ཞེས་བྱ་བའི་དོན་ཏེ། ལྷག་པའི་ཚུལ་ཁྲིམས་སོ། །ཞི་གནས་དང་ལྷག་མཐོང་གིས་ཞེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་སྟེ། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་དེ་ལ་དངོས་དང༌། བརྒྱུད་པའི་ཚུལ་དུ་སྦྱོར་བར་བྱེད་པས་ན་ལྷག་པའི་ཚུལ་ཁྲིམས་ནི་སྦྱོར་བ་ཞེས་བྱ་སྟེ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་སྦྱོར་བས་ཡོངས་སུ་བསྡུས་པ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱའོ། །ཡང་གཅིག་ཏུ་ན་རྣལ་འབྱོར་ཅེས་བྱ་བའི་སྒྲ་ནི་རིགས་པ་ལ་ཡང་བྱ་སྟེ། རིགས་པ་བཞིའོ། །ཞི་གནས་དང་ལྷག་མཐོང་ནི་སྦྱོར་བའི་རྒྱུ་ལ་སོགས་པ་ལ་ལྟོས་པས་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་ལ་མི་མཐུན་པའི་ཕྱོགས་སྤོང་བ་དང༌། གཉེན་པོ་བསྐྱེད་པ་དང་འབྲས་བུ་འཐོབ་པར་བྱེད་པས་བྱ་བ་བྱེད་པའི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན། རྣལ་འབྱོར་པའི་མངོན་སུམ་ལ་སོགས་པའི་མཚན་མ་དང་མི་འགལ་བས་འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་པས་རིགས་པས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་སྟེ། དེ་ལ་ཚིག་གི་དོན་སྤྱིར་བསྡུ་ན། ལྷག་པའི་ཚུལ་ཁྲིམས་དང་རིགས་པ་བཞིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱིས་མ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་ནང་གི་རྨུགས་པ་དང༌། ལྟ་བའི་ངོ་བོ་ཉིད་ཡིན་པས་ལམ་མ་ཡིན་ལ། རིགས་པས་མ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ཡང་ལམ་གོལ་བ་ཡིན་པས་ལམ་མ་ཡིན་གྱི། ལྷག་པའི་ཚུལ་ཁྲིམས་དང་རིགས་པའི་རྣལ་འབྱོར་གྱིས་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་ནི་སྤངས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་བླ་ན་མེད་པ་ཐོབ་པའི་ལམ་ཡིན་པས་ན། དེའི་ཕྱིར་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་ནི་ངོ་བོ་ཉིད་དེ། དེ་ཡང་ལེའུ་འདི་ལས་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྟན་པའི་གཞུང་


DTG205_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་སྤྱིར་སྦྱར་རོ། །སྦྱོར་བའི་རྒྱུ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཞེས་བྱ་བས་བསྟན་ཏེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཅི་ལ་བརྟེན་ཏེ་ཞེས་བྱ་བ་ནས། འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །འཐོབ་པ་དང་འཐོབ་པའི་ཐབས་དང༌། ཆུད་མི་ཟ་བའི་གདགས་པ་གཏན་ལ་དབབ་པ་ནི་རབ་ཏུ་དབྱེ་བ་ཞེས་བྱ་བས་བསྟན་ཏེ། དེ་ལ་འཐོབ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ཅིང་གནས་ནས་ཞེས་བྱ་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །འཐོབ་པའི་ཐབས་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ཞེས་བྱ་བ་ནས། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པའི་བར་གྱིས་བརྗོད་དོ། །ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། ཞི་གནས་ཀྱི་ལམ་དང༌། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་བའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་སྦྱོར་བའི་རྒྱུའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྦྱོར་བའི་རྒྱུ་ཞེས་བྱ་བ་ནི་དང་པོ་སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣལ་འབྱོར་པ་ལས་དང་པོ་པས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱོར་བའི་རྒྱུ་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། གནས་ཀྱི་སྦྱོར་བའི་རྒྱུ་དང༌། རྟེན་གྱི་སྦྱོར་བའི་རྒྱུ་དང༌། དམིགས་པའི་སྦྱོར་བའི་རྒྱུ་བསྟན་པའོ། །དེ་ལ་དང་པོར་གནས་ཀྱི་སྦྱོར་བའི་རྒྱུ་དང༌། རྟེན་གྱི་སྦྱོར་བའི་རྒྱུ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཚམས་སྦྱོར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པས་གཞན་དག་འདི་སྙམ་དུ་རབ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་


DTG205_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ལ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པ་ནི་ས་འོག་མའི་རགས་པ་ཉིད་ལ་གནས་ཤིང་ས་གོང་མའི་ཞི་བ་ཉིད་ལ་གནས་ཤིང་སྦྱོར་བར་བྱེད། འཇིག་རྟེན་ལས་འདས་པ་ཐེག་པ་གཉིས་ནི་འཁོར་བའི་ཉེས་དམིགས་ལ་གནས་ཤིང་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བརྟེན་ཏེ་སྦྱོར་བར་བྱེད་ན། འཇིག་རྟེན་ལས་འདས་པའི་ཐེག་པ་ཆེན་པོ་ལ་རྣལ་འབྱོར་པ་རྣམ་པ་ཅི་ལ་གནས་ཤིང་ཅི་ལ་བརྟེན་ཏེ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཅི་ལ་བརྟེན་ཏེ། ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བགྱིད་ལགས་ཞེས་ཞུས་པར་སྦྱར་རོ། །དེ་ལ་ཅི་ལ་གནས་ཞེས་བྱ་བས་ནི་གནས་ཀྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ཐབས་ཀྱི་རྒྱུ་བསྟན་ཏོ། ཅི་ལ་བརྟེན་ཏེ་ཞེས་བྱ་བས་ནི་འཇིག་རྟེན་གྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ཆུད་མི་ཟ་བའི་རྒྱུ་སྟོན་ཏོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ནི་འཇིག་རྟེན་པ་དང༌། ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པའི་ལམ་སྟོན་ཏོ། །ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང༌། རིགས་པ་བཞིས་ཡོངས་སུ་བསྡུས་པའི་སེམས་དང༌། ལྷག་པའི་ཤེས་རབ་ཅེས་བྱ་བའི་ཐ་ཚིག་སྟེ། དེས་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་སྟོན་ཏོ། །སྒོམ་པར་བགྱིད་པ་ལགས་ཞེས་བྱ་བ་ནི་ལམ་ཀྱི་ངོ་བོ་ཉིད་དེ་ལ་ཇི་ལྟར་སྦྱོར་བར་བགྱིད་ཅེས་ཞུས་པ་ཡིན་ཏེ། དེས་ནི་ལམ་གྱི་ངོ་བོ་ཉིད་ལ་རྣལ་འབྱོར་དུ་བྱེད་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་བསྟན་པའི་དབང་དུ་མཛད་ནས། བྱམས་པ་ཆོས་གདགས་པ་རྣམ་པར་གཞག་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ནས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་གདགས་པ་རྣམ་པར་གཞག་པ་ལ་ནི་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་ནི་བརྟེན་ཏེ། ཐེག་པ་ཆེན་པོ་ལ་རྣམ་འབྱོར་གྱིས་ཡོངས་


DTG205_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེས་ཅི་བསྟན་ཅེ་ན། ཆོས་གདགས་པ་རྣམ་པར་གཞག་པ་ནི་བཤད་པའི་ཆོས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་ལ་གནས་པ་ནི་འཇིག་རྟེན་པ་ལས་འདས་པའི་གོ་འཕང་ཐོབ་པའི་སྔོན་དུ་འགྲོ་བ་ཡིན་པས། དེ་ནི་འཇིག་རྟེན་པའི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད་པར་དུ་འཕགས་པའི་གནས་ཀྱི་སྦྱོར་བའི་རྒྱུ་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེར་སྨོན་ལམ་མི་གཏོང་བ་ནི་བྱང་ཆུབ་ཆེན་པོར་འདྲེན་པར་བྱེད་པའི་ཆོས་ཀྱི་སྔོན་དུ་འགྲོ་བ་ཡིན་པས་དེ་ནི་ཐེག་པ་གཉིས་ཀྱི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད་པར་དུ་འཕགས་པའི་རྟེན་གྱི་སྦྱོར་བའི་རྒྱུ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ལུང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདགས་པ་རྣམ་པར་གཞག་པ་ནི་རྣམ་པ་བཞི་སྟེ། ཆོས་གདགས་པ་རྣམ་པར་གཞག་པ་དང༌། བདེན་པ་གདགས་པ་རྣམ་པར་གཞག་པ་དང༌། རིགས་གདགས་པ་རྣམ་པར་གཞག་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་ཁོ་ན་ཡང་དག་པར་འདོགས་ཤིང་རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་དང༌། བྲམ་ཟེར་གྱུར་པ་གཞན་གང་གིས་ཀྱང་མི་ནུས། དེ་དག་ཉིད་ལས་ཐོབ་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ལས་ཆོས་གདགས་པ་རྣམ་པར་གཞག་པ་དང་ཞེས་བྱ་བ་དང་སྦྱར་ཏེ། མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམས་བཞིན་དུ་སྦྱར་བ་དང༌། གོ་རིམས་བཞིན་དུ་རྣམ་པར་གཞག་ཅིང་བསྡེབ་པ་གང་ཡིན་པ་དེ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །དེ་ལ་གནས་པ་ཞེས་བྱ་བ་ནི་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་གཟུང༌། ཁ་ཐོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའོ། །དེ་ལ་གནས་ནས་འཁོར་བར་སྲིད་པ་དང༌། ལོངས་སྤྱོད་ལ་སོགས་པར་ཡོངས་སུ་མི་བསྔོ་ཞིང་འཇིག་རྟེན་ལས་འདས་


DTG205_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ལ་སྦྱོར་བར་བྱེད་པས་ན། དེ་ནི་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པའི་གནས་ཀྱི་ཞི་གནས་དང་ལྷག་མཐོང་གི་ལམ་ལ་སྦྱོར་བའི་རྒྱུ་བསྟན་ཏོ། །བླ་ན་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པ་དྲུག་སྟེ། མཐོང་བ་བླ་ན་མེད་པ་དང༌། ཐོས་པ་བླ་ན་མེད་པ་དང༌། རྙེད་པ་བླ་ན་མེད་པ་དང༌། བསླབ་པ་བླ་ན་མེད་པ་དང༌། རིམ་གྲོ་བླ་ན་མེད་པ་དང༌། རྗེས་སུ་དྲན་པ་བླ་ན་མེད་པའོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པའི་དོན་ཏོ། དེར་སྨོན་ལམ་མི་གཏོང་བ་ཞེས་བྱ་བ་ནི་དང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་ལྔ་པོ་ཡང་དག་པའི་སྨོན་ལམ་དང་པོ་ངོ་བོ་ཉིད་དང༌། བདག་གི་བྱང་ཆུབ་དང༌། སེམས་ཅན་གྱི་དོན་བསྒྲུབས་པའི་རྣམ་པ་དང༌། བླ་ན་མེད་པའི་བྱང་ཆུབ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་དམིགས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་པའི་སྔོན་དུ་འགྲོ་བ་དང༌། སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་མི་མཐུན་པའི་ཡོན་ཏན་དང༌། དེ་ལས་གཞན་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དོན་དག་ལ་ཡང་དག་པའི་སྨོན་པའི་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག་བླ་ན་མེད་པས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་རྒྱུན་མི་འཆད་བར་བསམ་པ་ཐག་པ་ནས་སྐྱེད་པར་བྱེད་པའོ། །དེ་ལ་བརྟེན་ནས་སོ་ཞེས་བྱ་བ་ནི་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པའི་གོ་མི་འབྱེད་པའི་ཚུལ་གྱིས་བརྟེན་ནས་སོ། །དེ་ལ་བརྟེན་ནས་སེམས་ཅན་གྱི་དོན་ཡལ་བར་མི་འདོར་ཞིང༌། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ལ་སོགས་པར་ཡོངས་སུ་མི་བསྔོ་ཞིང་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པས་ན། དེ་ནི་ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པའི་རྟེན་གྱི་ཞི་གནས་དང༌། ལྷག་མཐོང་གི་ལམ་ལ་སྦྱོར་བའི་རྒྱུ་ཡིན་ཏེ། དེས་ནི་ཆུད་མི་ཟ་བའི་རྒྱུ་བསྟན་ཏོ། དེ་ལྟར་ན་ཆོས་གདགས་པ་རྣམ་པར་གཞག་པ་ལ་ནི་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་


DTG205_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་ནི་རྟེན་ཏེ། ཐེག་པ་ཆེན་པོ་ལ་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། དེ་ནི་གནས་ཀྱི་སྦྱོར་བའི་རྒྱུ་དང༌། རྟེན་གྱི་སྦྱོར་བའི་རྒྱུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དམིགས་པས་སྦྱོར་བའི་རྒྱུ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཚམས་སྦྱོར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ། དེ་ལྟར་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་བསྟན་པས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བའི་ཐབས་དང་ཆུད་མི་ཟ་བའི་རྒྱུ་བསྟན་དུ་ཟིན་ཀྱང་དེ་ནི་དམིགས་པའི་དངོས་པོ་ལ་བརྟེན་ཏེ་སྐྱེ་བ་ཡིན་པས་བདེ་བར་གཤེགས་པས་ཀྱང་མདོ་སྡེ་དེ་དང་དེ་དག་ཏུ་དམིགས་པའི་དངོས་པོ་རྣམ་པ་བཞི་བཀའ་སྩལ་ཏེ། བཞི་གང་ཞེ་ན། ཁྱབ་པའི་དམིགས་པ་དང༌། སྤྱད་པའི་རྣམ་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ། །སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། མི་སྡུག་པ་དང༌། བྱམས་པ་དང༌། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཁམས་རབ་ཏུ་དབྱེ་བ་དང༌། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་དྲན་པའོ། །མཁས་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡང་རྣམ་པ་གཉིས་ཏེ། ས་འོག་མ་རྣམས་ལ་རགས་པར་ལྟ་བ་དང༌། ས་གོང་མ་རྣམས་ལ་ཞི་བར་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་


DTG205_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་དམིགས་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པ་དང༌། རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པ་སྟེ། དེ་ལྟར་དམིགས་པ་རྣམ་པ་བཞི་པོ་དེ་དག་གང་ལ་དམིགས་ཏེ། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱར་བར་བྱ་ཞིང་དམིགས་པ་གང་ནི་ལམ་གང་གི་དམིགས་པ་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། མི་ཕམ་པ་ཉིད་ཀྱིས་ཁྱབ་པའི་དམིགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་དུ་འགྲོ་ཞིང༌། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སོགས་པ་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་ཡིན་པ་དང༌། དེ་དག་ནི་ལྷག་མཐོང་གི་ཕྱོགས་དང༌། དངོས་པོ་ཐམས་ཅད་དང་ལྡན་པ་དང༌། ཡང་དག་པའི་དངོས་པོ་དང་ལྡན་པ་དང༌། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ཏེ། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ཡིན་ལ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་ཞི་གནས་ཀྱི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །དངོས་པོའི་མཐའ་ནི་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་དངོས་པོ་ཐམས་ཅད་དང་ལྡན་པ་དང༌། ཡང་དག་པའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན། དགོས་པ་ཡོངས་སུ་གྲུབ་པ་ནི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་པའི་རྒྱུས་འབྲས་བུ་གནས་ངན་ལེན་སྤངས་པ་དང༌། གནས་གྱུར་པ་དང༌། དངོས་གཞི་ཐོབ་པ་དང༌། ཤེས་བྱ་ལ་ཤེས་པ་དང༌། མཐོང་བ་འཇུག་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་པས། དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱ་སྟེ། དེ་ཉིད་མངོན་དུ་བྱ་བ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས་ཞི་གནས་དང༌། ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གང་དག་བསྟན་པ་དེ་ལ་ཞེས་བྱ་བ་ལ་སོགས་པས་དམིགས་པ་སྦྱོར་བའི་རྒྱུ་གང་ཡིན་པ་


DTG205_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང། དམིགས་པ་གང་ནི་ལམ་གང་གི་དམིགས་པ་ཡིན་པར་སྦྱར་རོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱ་བ་ནི་ལྷག་མཐོང་གི་རྣམ་པས་རབ་ཏུ་ཕྱེ་བའི་ཤེས་བྱའི་དངོས་པོ་དང་ཆ་མཐུན་བ་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པ་སྟེ། དེ་ལ་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་པ་བཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་གང་ཡིན་པའོ། །གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་དེས་རབ་ཏུ་ཕྱེ་བ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པ། སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པའོ། །དེ་ལ་སྦྱོར་བའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ནམ་པ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱས་པའི་ཕྱིར། མོས་པ་ཡིད་ལ་བྱེད་པའི་ལྷག་མཐོང་གི་རྣམ་པ་གང་ཡིན་པའོ། །ཤེས་རབ་ཀྱི་སྤྱོད་པ་བཞི་གང་ཞེ་ན་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པའོ། །དེ་ལ་རྣམ་པར་འབྱེད་པ་གང་ཞེ་ན། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་བའི་ཤེས་རབ་གང་ཡིན་པའོ། །རབ་ཏུ་རྣམ་པར་འབྱེད་པ་གང་ཞེ་ན། དམིགས་པ་དེ་དག་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་ཤེས་རབ་གང་ཡིན་པའོ། །ཡོངས་སུ་རྟོག་པ་གང་ཞེ་ན། ཤེས་རབ་དེ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པ་ཡིན་ནོ། །ཡོངས་སུ་དཔྱོད་པ་གང་ཞེ་ན། ཤེས་རབ་དེ་གཉིས་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པ་དེ་ཉིད་ཀྱིས་ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པ་ཡིན། དེ་དག་ཀྱང་དང་པོ་ནི་རྟོགས་པ་ཡིན་ལ། ལྷག་མ་གསུམ་གྱིས་ནི་རྟོགས་པ་དེ་ཉིད་བྱེ་བྲག་ཏུ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལྷག་མཐོང་གི་སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་


DTG205_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྗེས་སུ་ཞུགས་པ་དང༌། ཡོངས་སུ་བཅས་པའི་རྗེས་སུ་ཞུགས་པ་དང༌། ཡོངས་སུ་བཙལ་བ་ལས་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པ་གང་ཞེ་ན། གང་གི་ཚེ་དམ་ཆོས་ཐོས་པ་དང་གཟུང་བ་འམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཉམ་པར་གཞག་པའི་ཡིད་ལ་བྱེད་པ་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་དེའི་ཚེ་ན་ནི་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པ་ཡིན་ནོ། །ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་གང་ཞེ་ན། གང་གི་དམ་པའི་ཆོས་ཐོས་པ་དང་གཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ལ་མཉམ་པར་གཞག་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་སེམས་པར་བྱེད་རྟོག་པར་བྱེད་འཇལ་བར་བྱེད་ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཡིན་ནོ། །ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་གང་ཞེ་ན། གང་གི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བ་ལས་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཡིན་ནོ། །དེ་ལ་ལྷག་མཐོང་གི་གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་གང་ཞེ་ན། དེ་དམིགས་པས་ཡོངས་སུ་ཚོལ་བར་བྱེད་པ་ན་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་དེ། དོན་དང༌། དངོས་པོ་དང༌། མཚན་ཉིད་དང༌། ཕྱོགས་དང༌། དུས་དང༌། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཇི་ལྟར་ན་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྤྱོད་པ་རྣམ་པར་སྦྱོང་བ་དང༌། མཁས་པ་དང༌། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་དེ་དག་ལ་སྨྲས་པ་དེའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་དངོས་པོ་རྣམ་པ་གཉིས་པོ་ནང་གི་དངོས་པོ་དང༌། ཕྱི་རོལ་གྱི་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དེ། དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་མཚན་ཉིད་རྣམ་པ་གཉིས་


DTG205_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་ཕྱོགས་རྣམ་པ་གཉིས་སོ། །ནག་པོའི་ཕྱོགས་དང༌། དཀར་པོའི་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དེ། ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཏེ་དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་དུས་གསུམ་པོ་འདུས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །མ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་ཉིད་ལ་རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པས་བསྒྲུབས་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དེ། དེ་ལ་ལྟོས་པའི་རིགས་པས་ནི་ཀུན་རྫོབ་ཀྱང་ཀུན་རྫོབ་ཀྱི་སྒོ་ནས། དོན་དམ་པ་ཡང་དོན་དམ་པའི་སྒོ་ནས། གཞི་ཡང་གཞིའི་སྒོ་ནས་ཡོངས་སུ་ཚོལ་བར་བྱེད་དོ། །བྱ་བ་བྱེད་པའི་རིགས་པས་ནི་ཆོས་རྣམས་ཀྱི་བྱེད་པ་ཡོངས་སུ་ཚོལ་བར་བྱེད་དེ་འདི་ནི་ཆོས་སོ། །འདི་ནི་བྱེད་པའོ། །འདི་ནི་འདིའི་བྱེད་པའོ་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །འཐད་པས་བསྒྲུབས་པའི་རིགས་པས་ནི་ཚད་མ་གསུམ་པོ་ཡིད་ཆེས་པའི་ལུང་དང༌། མངོན་སུམ་དང་རྗེས་སུ་དཔག་པས་ཡོངས་སུ་ཚོལ་བར་བྱེད་དེ། ཅི་འདི་ལ་ཡིད་ཆེས་པའི་ལུང་ཡོད་དམ་མེད། ཅི་མངོན་སུམ་དུ་དམིགས་སམ། འོན་ཏེ་མ་ཡིན། ཅི་རྗེས་སུ་དཔག་པས་རིགས་སམ། འོན་ཏེ་མ་ཡིན་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །ཆོས་ཉིད་ཀྱི་རིགས་པས་ནི་ཆོས་རྣམས་ཀྱི་དེ་ལྟར་གྱུར་པ་ཉིད་དང༌། གྲགས་པའི་ཆོས་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་སེམས་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། དེ་ལྟར་རིགས་པས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་རྣམ་པར་གཞག་ཅེ་ན། རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་


DTG205_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། སྨྲས་པའི་དོན་རྟོགས་པ་དང༌། དངོས་པོའི་མཐའ་རྟོགས་པ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་ཚོལ་བས་ནི་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་པ་དང༌། རང་གི་མཚན་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཐའ་རྟོགས་པ་ཡིན་ནོ། །སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང༌། ཕྱོགས་ཡོངས་སུ་ཚོལ་བ་དང༌། དུས་ཡོངས་སུ་ཚོལ་བ་དང༌། རིགས་པ་ཡོངས་སུ་ཚོལ་བས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ཡིན་ཏེ། རྣལ་འབྱོར་པས་ཤེས་པར་བྱ་བ་ནི་སྨྲས་པའི་དོན་དང༌། ཤེས་བྱའི་དངོས་པོའི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་པ། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་སྟེ། དེས་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཞེས་བྱ་བའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པ་དེ་ནི་གཟུགས་བརྙན་ཞེས་བྱའོ་ཞེས་བྱ་བ་ལ། ཤེས་བྱའི་དངོས་པོ་གང་ཞེ་ན། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་པའི་དམིགས་པ་སྔར་བསྟན་པ་དེ་དག་གོ །དེ་དང་ཆ་མཐུན་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་དམིགས་པ་དེ་དག་ལས་གང་ཡང་རུང་བ་མཐོང་བའམ། ཐོས་པའམ། ཡོངས་སུ་བརྟགས་པ་གཅིག་གཟུང་སྟེ། དམ་པའི་ཆོས་ཐོས་པ་དང་གཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་བརྟེན་ནས་དེ་ཉིད་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་མངོན་དུ་བྱས་ཏེ། དེའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱེད་ཅིང༌། དེ་ལྟར་མོས་པ་ཡིད་ལ་བྱེད་པ་ན། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་དེའི་མཐུས་ཤེས་བྱའི་དངོས་པོ་དེ་དང་འདྲ་བའི་རྣམ་པ་རང་གི་བློ་ལ་སྣང་བར་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཤེས་བྱའི་དངོས་པོ་དེ་ཉིད་མངོན་སུམ་དུ་མཐོང་བ་མ་ཡིན་གྱི། དེ་ལ་བརྟེན་ནས་མོས་པ་ཡིད་ལ་བྱས་པའི་མཐུས་དེ་དང་ཆ་མཐུན་པའི་རྣམ་པ་བློ་ལ་


DTG205_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡིན་པས་ན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་ཞེས་བྱའོ། །སེམས་ཀྱི་གཟུགས་བརྙན་རང་རིག་པ་ཞེས་བྱ་བ་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དེ་ཉིད་ཀྱི་ཕྱི་རོལ་ཤེས་བྱའི་དངོས་པོ་མ་ཡིན་གྱི། ནང་གི་ལྷག་མཐོང་གི་སེམས་ཀྱི་རྣམ་པ་ཉིད་གཟུགས་བརྙན་དང་རིག་པ་དེ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །ཅིའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་དེས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་པས་ན་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་དེ་ཉིད་གཟུགས་བརྙན་གྱི་རྣམ་པ་དེ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་བས་ན་དེ་ནི་ལྷག་མཐོང་གི་རྣམ་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །གཟུགས་བརྙན་ཞེས་བྱ་བའི་སྒྲ་ཡང་དཔེར་ན་གཟུགས་ལ་ལྟོས་ཏེ་གཟུགས་བརྙན་སྣང་བ་ནི་གཟུགས་ལ་ལྟོས་ཏེ་བྱུང་བ་ཡིན་ལ། གཟུགས་དང་འདྲ་ཞིང་གཟུགས་ལས་ཐ་དད་པ་མ་ཡིན་ཡང་གཟུགས་ལས་ལོགས་ཤིག་ན་སྣང་བས་གཟུགས་བརྙན་ཞེས་བྱ་བ་བཞིན་དུ། འདི་ལྟར་གཟུགས་ལྟ་བུར་ལྟ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་ཉིད་ཡིན་ལ། གཟུགས་བརྙན་ལྟ་བུར་བལྟ་བ་ནི་སེམས་ཀྱི་གཟུགས་བརྙན་རང་རིག་པ་བློ་ལ་སྣང་བ་ཡིན་ཏེ། གཟུགས་བརྙན་དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་ལ་ལྟོས་ཏེ་བྱུང་བ་ཡིན་ལ། སེམས་ཇི་ལྟར་མོས་པ་དེ་དང་འདྲ་བར་སྣང་ཞིང༌། སེམས་ཉིད་དེ་ལྟར་སྣང་བར་སེམས་ལས་ཐ་དད་པར་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་འཐོབ་པ་དང་ལྷག་མཐོང་གི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་གཅིག །ངོ་བོ་ཉིད་དང་གཅིག་མོད་ཀྱི་རྣམ་པར་རྟོག་པའི་སེམས་ཀྱི་སྤྱོད་ཡུལ་ལྟ་བུར་བློ་ལ་སྣང་བས་ན་གཟུགས་བརྙན་ཞེས་བྱའོ། །གཞུང་གཞན་ལས་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པ་ཞེས་འབྱུང་བ་ཡང་འདི་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་མཐོང་བའི་ལྷག་མཐོང་གི་སེམས་དེ་ནི་སྦྱོར་བའི་སེམས་ཀྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་པ་གཞི་རབ་ཏུ་དབྱེ་བ་


DTG205_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དྲུག་ལ་དམིགས་པ་ཡིན་ལ། ད་དུང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པའི་ཡིད་ལ་བྱེད་པའི་གནས་སྐབས་ཡིན་གྱི། སྦྱོར་བ་མཐར་ཐུག་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་གནས་སྐབས་མ་ཡིན་པས། དེའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱའོ། །ཡང་དེས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་དེ་ལ་ཡང་དག་པར་རྟོག་པར་བྱེད་པ་ན་ཡོན་ཏན་དང་སྐྱོན་རྣམ་པར་ངེས་པར་རྟོག་པ་དང་བཅས་པའི་ཕྱིར་རྣམ་པར་ངེས་པར་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་གཟུགས་བརྙན་དེ་ཡུལ་གྱི་བྱེ་བྲག་ཏུ་རྟོག་པ་དང་བཅས་པའི་ཕྱིར་བྱེ་བྲག་ཏུ་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་གཟུགས་བརྙན་དེ་ལ་རྣམ་པ་སྣ་ཚོགས་སུ་རྟོག་པ་དང་བཅས་པའི་ཕྱིར་སྣ་ཚོགས་སུ་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་གཟུགས་བརྙན་དེ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ཏེ། གཉིས་མེད་པ་ལ་གཉིས་སུ་འགལ་བར་རྟོག་པ་དང་བཅས་པའི་ཕྱིར་འགལ་བར་རྟོག་པ་དང་བཅས་པ་ཞེས་ཀྱང་བྱ་སྟེ། དེ་དག་ནི་རྣམ་བར་རྟོག་པ་དང་བཅས་པ་དེའི་མིང་གི་རྣམ་གྲངས་ཡིན་ནོ། །གཟུགས་བརྙན་དེ་ནི་གཟུགས་བརྙན་ཞེས་ཀྱང་བྱ། ཏིང་ངེ་འཛིན་གྱི་མཚན་མ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡུལ་དང༌། ཏིང་ངེ་འཛིན་གྱི་ཐབས་དང༌། ཏིང་ངེ་འཛིན་གྱི་སྒོ་དང༌། ཡིད་ལ་བྱེད་པའི་རྟེན་དང༌། ནང་དུ་རྣམ་པར་རྟོག་པའི་ལུས་དང༌། སྣང་བརྙན་ཞེས་ཀྱང་བྱ་སྟེ། དེ་དག་ནི་གཟུགས་བརྙན་དེའི་མིང་གི་རྣམ་གྲངས་ཡིན་ནོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱ་བ་ནི་ཞི་གནས་ཀྱི་རྣམ་པས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པ་སྟེ། དེ་ལ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ། སྟོབས་དྲུག་དང་ལྡན་པ་ཡིད་ལ་བྱེད་པ་བཞིས་འཇུག་པ་གང་ཡིན་པའོ། །གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་


DTG205_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་ཞེས་བྱ་བ་ནི་སྔར་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གིས་རྣམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པས་ཡིད་ལ་བྱས་སམ། དེ་ཁོ་ན་ཉིད་ཡིད་ལ་བྱས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པའི་གནས་སྐབས་ན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་གཟུགས་བརྙན་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཞི་གནས་ཀྱི་རྣམ་པ་གང་ཡིན་པའོ། །སེམས་གནས་པ་དགུ་གང་ཞེ་ན། སེམས་འཇོག་པར་བྱེད་པ་དང༌། ཡང་དག་པར་འཇོག་པར་བྱེད་པ་དང༌། བསྡུས་ཏེ་འཇོག་པར་བྱེད་པ་དང༌། ཉེ་བར་འཇོག་པར་བྱེད་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། རྒྱུད་གཅིག་ཏུ་བྱེད་པ་དང༌། ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལ་ཇི་ལྟར་ན་འཇོག་པར་བྱེད་པ་ཡིན་ཞེ་ན། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ། རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་དང་པོ་ཉིད་དུ་ཉེ་བར་རྟོགས་པར་བྱེད་པ་གང་ཡིན་པ་དེ་ནི་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཡང་དག་པར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོར་ཉེ་བར་བརྟགས་པའི་སེམས་གང་ཡིན་པ་དེ་གཡོ་བ་དང༌། རགས་པ་དང༌། ཡང་དག་པར་མི་གནས་པ་དང༌། ཡོངས་སུ་མི་གནས་པར་གྱུར་ན་དེ་དམིགས་པ་དེ་ཉིད་ལ་བརྟོད་པའི་ཚུལ་དང༌། དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས་ཕྲ་བར་བྱེད་ཅིང༌། མངོན་པར་གཡེང་བར་མི་བྱེད་པ་གང་ཡིན་པ་ད་ནི་ཡང་དག་པར་འཇོག་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ཞེ་ན། དེ་ལྟར་དེའི་སེམས་གཞག་པ་དང༌། ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བར་གྱུར་ན་དེ་ཡང་ཕྱིས་དེ་ཉིད་ལ་སྡུད་པར་བྱེད་དེ། དེ་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོ་ཁོ་ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ་གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཅི་ནས་ཀྱང་དེའི་སེམས་དེ་ཕྱི་རོལ་དུ་མི་འཕྲོ་བར་བྱེད་དེ། དེ་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་འདུལ་བར་བྱེད་པ་


DTG205_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེ་ན། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་མཚན་མའམ། འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་དང༌། སྐྱེས་པ་དང༌། བུད་མེད་ཀྱི་མཚན་མ་གང་གིས་དེའི་སེམས་རྣམ་པར་གཡེང་བར་འགྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། མཚན་མ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་དུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཞི་བར་བྱེད་པ་ཡིན་ཞེ་ན། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང༌། འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་ཏུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལས་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ཞེ་ན། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་གཉིས་ཀ་ཀུན་དུ་འབྱུང་བར་འགྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང༌། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཞེ་ན། ཀུན་དུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པའི་འཇུག་པ་དང༌། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་དུ་བྱེད་པ་མེད་པ་དང༌། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་དེ་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུད་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །དེ་ལ་སྟོབས་དྲུག་གང་ཞེ་ན། ཐོས་པའི་སྟོབས་དང༌། བསམ་པའི་སྟོབས་དང༌། དྲན་པའི་སྟོབས་དང༌། ཤེས་བཞིན་གྱི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། ཡོངས་སུ་འདྲིས་པའི་སྟོབས་སོ། །སྟོབས་དྲུག་པོ་དེ་དག་གིས་སེམས་གནས་པ་དགུ་པོ་དེ་དག་འགྲུབ་སྟེ། དེ་ལ་ཐོས་པའི་སྟོབས་དང༌། བསམ་པའི་སྟོབས་ཀྱིས་ནི་རེ་ཞིག་ཐོས་པ་གང་ཡིན་པ་དང༌། བསམ་པ་གང་ཡིན་པའི་དབང་དུ་བྱས་ནས། དང་པོ་ཁོ་ནར་སེམས་དམིགས་པ་ལ་


DTG205_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པར་བྱེད་པ་དང༌། དེ་ཉིད་ལ་བརྟོད་པའི་ཚུལ་གྱིས་ཡང་དག་པར་འཇོག་པར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་དེ་ལྟར་སེམས་གཏད་པ་ལས་ཡང་དག་པར་བསྡུས་པ་དང༌། རྣམ་པར་མི་གཡེང་བར་བྱེད་བས་བསྡུས་ཏེ་འཇོག་པ་དང་ཉེ་བར་འཇོག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་དེ་ནས་རྣམ་པར་རྟོག་པ་དང༌། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་བར་མི་བྱེད་པས་དུལ་བར་བྱེད་པ་དང་ཞི་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉིས་ཀ་དང་དུ་མི་ལེན་པ་དང༌། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་པས་ཉེ་བར་ཞི་བར་བྱེད་པ་དང་རྒྱུད་གཅིག་ཏུ་བྱེད་དོ། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་དུ་བྱེད་དོ། །ཡིད་ལ་བྱེད་པ་བཞི་གང་ཞེ་ན། བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་དང༌། སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་དང༌། སྐབས་སུ་འཆད་པ་མེད་པར་འཇུག་པ་ཡིད་ལ་བྱེད་པ་དང༌། རྩོལ་བ་མེད་པར་འཇུག་པ་ཡིད་ལ་བྱེད་པའོ། །སེམས་གནས་པ་དགུ་པོ་དེ་དག་ནི་ཡིད་ལ་བྱེད་པ་དེ་བཞིས་འཇུག་སྟེ། དེ་ལ་འཇོག་པར་བྱེད་པ་དང༌། ཡང་དག་པར་འཇོག་པར་བྱེད་པ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ །བསྡུས་ཏེ་འཇོག་པར་བྱེད་པ་དང༌། ཉེ་བར་འཇོག་པར་བྱེད་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་ནི་སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ །རྒྱུད་གཅིག་ཏུ་བྱེད་པ་ནི་སྐབས་སུ་འཆད་པ་མེད་པར་ཡིད་ལ་བྱེད་པས་འཇུག་གོ །ཏིང་ངེ་འཛིན་དུ་བྱེད་པ་ནི་རྩོལ་བ་མེད་བར་འཇུག་པའི་ཡིད་ལ་བྱེད་པས་འཇུག་སྟེ། དེ་ལྟར་ཡིད་ལ་བྱེད་པ་བཞི་པོ་དེ་དག་ནི་སེམས་གནས་པ་དགུ་པོ་དག་ལ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །ནང་གི་སེམས་ཀྱི་ཞི་གནས་ཐོབ་པ་ལྷག་མཐོང་ལ་རབ་ཏུ་རྩོལ་བར་བྱེད་པ་ལ་ནི་ལྷག་མཐོང་གི་ཕྱོགས་ཀྱང་ཡིན་ཏེ། དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ་སྟོབས་དྲུག་དང་ལྡན་པའི་ཡིད་ལ་བྱེད་པ་བཞིས་འཇུག་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པ་དེ་ནི་གཟུགས་བརྙན་ཞེས་བྱའོ་ཞེས་བྱ་བ་ལ། ཤེས་བྱའི་དངོས་པོ་དང་ཆ་མཐུན་


DTG205_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། སྔར་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གིས་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས། ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་སམ་དེ་ཁོ་ན་ཉིད་ཡིད་ལ་བྱས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དེ་ཉིད་དོ། །དེ་ལ་བྱེ་བྲག་ཏུ་ན་འདིར་ནི་གཟུགས་བརྙན་དེ་ཉིད་ལ་ལྷག་མཐོང་གི་རྣམ་པས་མོས་པར་མི་བྱེད་པར་ཞི་གནས་ཀྱི་རྣམ་པས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་སེམས་ཀྱི་ངོ་བོ་ཉིད་དུ་ཡིད་ལ་བྱེད་ཅིང༌། རྩེ་གཅིག་ཏུ་མཉམ་པར་བྱེད་དོ། །སེམས་ཀྱི་གཟུགས་བརྙན་རང་རིག་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ཏེ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དེ་ཉིད་ཕྱི་རོལ་གྱི་ཤེས་བྱའི་དངོས་པོ་མ་ཡིན་གྱི། ནང་གི་ཞི་གནས་ཀྱི་སེམས་ཀྱི་རྣམ་པ་ཉིད་གཟུགས་བརྙན་རང་རིག་པ་དེ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱ་ཞེ་ན། རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པའི་སེམས་དེས། སེམས་ཀྱི་གཟུགས་བརྙན་རང་རིག་པ་དེ་ཉིད་ལ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་ཀྱི་ངོ་བོ་ཉིད་དུ་ཡིད་ལ་བྱེད་ཅིང༌། རྩེ་གཅིག་ཏུ་མཉམ་པར་འཇོག་པ་ན་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པའི་སེམས་དེ་ཉིད་གཟུགས་བརྙན་གྱི་རྣམ་པ་དེ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་བས་ན་དེ་ཉིད་ནི་ཞི་གནས་ཀྱི་རྣམ་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །གཟུགས་བརྙན་ཞེས་བྱ་བའི་སྒྲ་ཡང་སྔ་མ་བཞིན་ཏེ། འདིར་གཟུགས་བརྙན་ལྟ་བུར་ལྟ་བ་ནི་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པའི་སེམས་ཉིད་ཡིན་ལ། གཟུགས་བརྙན་ལྟ་བུར་ལྟ་བ་ནི་སེམས་ཀྱི་གཟུགས་བརྙན་རང་རིག་པ་བློ་ལ་སྣང་བ་ཡིན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང༌། ཞི་གནས་ཀྱི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་གཅིག །ངོ་བོ་ཉིད་དང་གཅིག་པ་ཉིད་ཀྱི་རྣམ་པར་མི་རྟོག་པའི་སེམས་ཀྱི་སྤྱོད་ཡུལ་ལྟ་བུར་བློ་ལ་སྣང་བས་ན་གཟུགས་བརྙན་ཞེས་བྱའོ། །དེ་ལྟར་མཐོང་བའི་ཞི་གནས་ཀྱི་སེམས་དེ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ་སྟོབས་དྲུག་དང་ལྡན་པའི་ཡིད་ལ་བྱེད་པ་བཞིས་འཇུག་པ་ཡིན་ལ། སྦྱོར་བ་མཐར་ཐུག་པའི་ལམ་


DTG205_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡིད་ལ་བྱེད་པའི་གནས་སྐབས་ཡིན་པས་དེའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཡང་དེས་སེམས་ཀྱི་གཟུགས་བརྙན་རང་རིག་པ་དེ་ལ་ལྷག་མཐོང་གི་རྣམ་པས་རྣམ་པར་འབྱེད་པར་མི་བྱེད། རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་པར་དམིགས་པའི་མཚན་མ་དེ་ཉིད་མི་གཏོང་བའི་ཞི་གནས་ཀྱི་རྣམ་པས་སེམས་ནང་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད་པས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །སྔར་རྣམ་པར་རྟོག་པ་དང་བཅས་པའི་རྣམ་གྲངས་ཇི་སྐད་བསྟན་པ་དག་པས་བཟློག་པའི་རྣམ་གྲངས་ཐམས་ཅད་ཀྱང་དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། དེ་དག་ནི་རྣམ་པར་མི་རྟོག་པ་དེའི་མིང་གི་རྣམ་གྲངས་ཡིན་ནོ། །གཟུགས་བརྙན་གྱི་མིང་གི་རྣམ་གྲངས་ནི་སྔ་མ་ཁོ་ན་བཞིན་ནོ། །བྱེ་བྲག་ཏུ་ན་སྔ་མ་ནི་ལྷག་མཐོང་གིས་རབ་ཏུ་ཕྱེ་བ་ཡིན་པ་འདི་ནི་ཞི་གནས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་གཉིས་ཀ་ལ་ཡང་ལྷག་མཐོང་དང་ཞི་གནས་གཉིས་ཀའི་ཆ་ཡོང་མེད་ཀྱི་ཟུང་དུ་འབྲེལ་བའི་ལམ་མ་ཐོབ་པའི་གནས་སྐབས་ན། སྔ་མ་ནི་དམིགས་པ་མ་ཐོབ་པ་ཐོབ་པར་བྱེད་པ་ཡིན་པས་རྟོག་བའི་ཤས་ཆེ་བའི་ཕྱིར་ལྷག་མཐོང་གིས་རབ་ཏུ་ཕྱེ་བ་ཞེས་བྱ། འདི་ནི་དམིགས་པ་ཐོབ་པ་གོམས་པར་བྱེད་པ་ཡིན་པས་རྟོགས་པ་ཤས་ཆུང་བའི་ཕྱིར་ཞི་གནས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བྱའོ། །དངོས་པོའི་མཐའ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བས་རབ་ཏུ་ཕྱེ་བ་དམིགས་པ་དང་གནས་ཀྱི་དངོས་པོའི་མཐའ་གནས་གྱུར་པའི་ངོ་བོ་ཉིད་གང་ཡིན་པ་སྟེ། དེ་ལ་དངོས་པོ་ཞེས་བྱ་བ་ནི་ལྷག་མཐོང་དང་ཞི་གནས་ཀྱི་དམིགས་པ་རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དངོས་པོ་ཀུན་གཞི་རྣམ་པར་ཤེས་པའོ། །མཐའ་ཞེས་བྱ་བ་ནི་དེའི་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་མཐར་གྱུར་པ་གནས་གྱུར་པའི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་དམིགས་པ་དེ་ཉིད་ལ་དངོས་པོ་ཞེས་བྱ་ཞེ་ན། དེ་གཉིས་ནི་ཞི་གནས་དང་ལྷག་མཐོང་གི་དངོས་པོའི་དམིགས་པ་དང་གནས་ཀྱི་དངོས་པོ་ཡིན་པའི་ཕྱིར་ཏེ། དེ་ལ་དམིགས་པའི་དངོས་པོའི་ཞེས་བྱ་


DTG205_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཞི་གནས་དང་ལྷག་མཐོང་ནི་དམིགས་པ་གང་གིས་བསྐྱད་པ་དེ་ཉིད་ལ་དམིགས་པ་ཡིན་པས་མཉམ་པར་གཞག་པའི་ས་པའི་མོས་པའི་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་མཐུས་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པར་གྱུར་པ་དེས་ཞི་གནས་དང་ལྷག་མཐོང་བསྐྱེད་ལ། ཞི་གནས་དང་ལྷག་མཐོང་ཡང་གཟུགས་བརྙན་གྱི་དམིགས་པ་དེ་ཉིད་ལ་དམིགས་པར་བྱེད་པའི་ཕྱིར་གཟུགས་བརྙན་གྱི་དམིགས་པ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དེ་ནི་ཞི་གནས་དང་ལྷག་མཐོང་སེམས་ལས་བྱུང་བའི་ངོ་བོ་ཉིད་དེའི་དམིགས་པའི་དངོས་པོ་ཞེས་བྱའོ། །དེ་ལ་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་གནས་ཀྱི་དངོས་པོ་ཡིན་པས་མཉམ་པར་གཞག་པའི་ས་པའི་མོས་པའི་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་མཐུས་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པར་གྱུར་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ལ། དམིགས་པ་དེ་ལ་བརྟེན་ཏེ་སྐྱེས་པའི་ཞི་གནས་དང་ལྷག་མཐོང་ནི་མཉམ་པར་གཞག་པའི་ས་པའི་སེམས་ལས་བྱུང་བའི་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་བརྙན་གྱི་དམིགས་པ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དེ་ནི་ཞི་གནས་དང་ལྷག་མཐོང་དེ་ནི་སེམས་ལས་བྱུང་བའི་ངོ་བོ་ཉིད་དེའི་གནས་ཀྱི་དངོས་པོ་ཞེས་བྱ་སྟེ། དེའི་ཕྱིར་གཟུགས་བརྙན་དེ་ནི་དམིགས་པ་དང་གནས་ཀྱི་དངོས་པོ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་དངོས་པོ་དེའི་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་མཐའ་ཞེས་བྱ་ཞེ་ན། དེ་ཙམ་གྱིས་ནི་རྣམ་གྲངས་ཀྱི་མཐར་ཕྱིན་པ་དང༌། མཚན་ཉིད་ཀྱི་མཐར་ཕྱིན་པར་གྱུར་པའི་ཕྱིར་ཏེ། དེ་ལ་ཇི་སྙེད་ཡོད་པ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་ཏེ། དཔེར་ན་ཕུང་པོ་ནི་ལྔ་ཁོ་ནར་ཟད་དེ། དེ་དག་གིས་འདུས་བྱས་ཐམས་ཅད་བསྡུས་སོ། །ཁམས་ནི་བཅོ་བརྒྱད་ཁོ་ནའོ། །སྐྱེ་མཆེད་ནི་བཅུ་གཉིས་ཁོ་ན་སྟེ། དེ་དག་གིས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བསྡུས་སོ། །འཕགས་པའི་བདེན་པ་ནི་བཞི་ཁོ་ན་སྟེ། དེ་དག་གིས་ནི་ཤེས་


DTG205_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་དངོས་པོ་ཐམས་ཅད་བསྡུས་སོ་ཞེས་བྱ་བ་ནི་ཇི་སྙེད་ཡོད་པ་ཉིད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ནི་མཚན་ཉིད་དེ། དཔེར་ན་ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པ་དེ་དག་གིས་ཡང་དག་པ་ཉིད་དང༌། དེ་བཞིན་ཉིད་རིགས་པ་བཞི་དང་ལྡན་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །དེ་དང་འདྲ་བར་འདིར་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་འཇུག་པ་རྣམ་པར་གཞག་པའི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད་ནི་ཇི་སྙེད་པ་ཡོད་པ་ཉིད་དོ། །ལྡོག་པ་རྣམ་པར་གཞག་པའི་མཚན་ཉིད་ཅི་འདྲ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱ་སྟེ། དེ་ཙམ་གྱིས་ན་དངོས་པོ་དེའི་མཐར་ཕྱིན་པའི་ཕྱིར་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ནི་དངོས་པོ་དེའི་མཐའ་ཞེས་བྱའོ། །དེ་ཡང་གང་གི་དུས་ན་དངོས་པོ་དེའི་མཐར་གྱུར་པ་ཡིན་ཞེ་ན། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་དེའི་ཚེ་ན་དངོས་པོ་དེའི་རྣམ་གྲངས་དང་མཚན་ཉིད་ཀྱི་མཐར་གྱུར་པ་ཡིན་ནོ། །དེ་ལྟར་ན་དམིགས་པ་དང་གནས་ཀྱི་དངོས་པོའི་མཐའ་གནས་གྱུར་པའི་ངོ་བོ་ཉིད་ནི་དངོས་པོའི་མཐའ་ཞེས་བྱ་སྟེ། དེ་ནི་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཡང་གང་གིས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཚེ་ཟུང་དུ་འབྲེལ་བའི་ལམ་སྐྱེས་པ་དེའི་ཚེ་ན་གནས་གྱུར་པ་ཐོབ་པ་ཡིན་ལ། གནས་གྱུར་པའི་དེ་བཞིན་ཉིད་དེ་ཡང་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཡིན་པས་གནས་གྱུར་པའི་དམིགས་པ་འཐོབ་པ་དང་ཟུང་དུ་འབྲེལ་པའི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་གཅིག་ངོ་བོ་ཉིད་དང་གཅིག་པས་ན་ཟུང་དུ་འབྲེལ་པས་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། དེ་ནི་དངོས་པོའི་མཐའ་ཡིན་ནོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པས་རབ་ཏུ་ཕྱེ་བ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་པ་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ཡིན་པ་སྟེ། དེ་ལ་དགོས་པ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའོ། །ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་དེ་ཡོངས་སུ་གྲུབ་པའི་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དོ། །དེ་ལ་ཅིའི་ཕྱིར་སྦྱོར་བའི་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ལ་དགོས་པ་ཞེས་བྱ་ཞེ་ན། དགོས་པ་ཞེས་བྱ་བའི་དོན་ནི་འབྲས་བུ་དང་བྱ་བ་ཡིན་ལ། དགོས་པ་མཐར་ཐུག་པའི་འབྲས་བུ་ཡང་དངོས་གཞི་ཐོབ་པའི་འབྲས་


DTG205_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་པས་དེ་ཉིད་དགོས་པ་ཡིན་པའི་ཕྱིར་དང་དེའི་ཡིད་ལ་བྱེད་པ་ཡང་བྱ་བ་ཡིན་པས་དེ་ཡང་དགོས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་དེ་ཡོངས་སུ་གྲུབ་པ་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ལ་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། དེ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་དངོས་གཞི་ཐོབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་ལུས་པར་སྤངས་ཏེ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་ན་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་དེ་ཡོངས་སུ་གྲུབ་པ་ཡིན་ལ། དེ་ཉིད་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་འཇུག་པ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་པ་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ནི་དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཡང་གང་གིས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཚེ་ཟུང་དུ་འབྲེལ་པའི་ལམ་སྐྱེས་པ་དེའི་ཚེ་ན་ཡང་དག་པའི་ཤེས་པ་ཐོབ་པ་ཡིན་ལ། ཡང་དག་པའི་ཤེས་པའི་དེ་བཞིན་ཉིད་ཀྱང་ཟུང་དུ་འབྲེལ་པའི་ལམ་གྱི་དམིགས་པ་ཡིན་པས་ཡང་དག་པའི་ཤེས་པའི་དམིགས་པ་འཐོབ་པ་དང་ཟུང་དུ་འབྲེལ་པའི་ལམ་སྐྱེ་བ་འདི་འབྱུང་བའི་དུས་ཀྱང་གཅིག་ངོ་བོ་ཉིད་ཀྱང་གཅིག་པས་ན་ཟུང་དུ་འབྲེལ་པས་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། དེ་ནི་དགོས་པ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་ལྟར་དམིགས་པའི་དངོས་པོ་བཞི་བསྟན་པ་དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱ་སྟེ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་དུ་འགྲོ་ཞིང༌། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སོགས་པ་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བཤད་པ་ཡིན་པས་ན་དེའི་ཕྱིར་ཁབ་པའི་དམིགས་པ་ཞེས་བྱའོ། །ཡང་དེ་དག་ནི་ལྷག་མཐོང་གི་ཕྱོགས་དང༌། ཞི་གནས་ཀྱི་ཕྱོགས་དང༌། དངོས་པོ་ཐམས་ཅད་དང་ལྡན་པ་དང༌། ཡང་དག་པའི་དངོས་པོ་དང་ལྡན་པ་དང༌། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་པས་ན་དེའི་ཕྱིར་ཡང་ཁྱབ་པའི་


DTG205_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཞེས་བྱ་སྟེ། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་ཞི་གནས་ཀྱི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །དངོས་པོའི་མཐའ་ནི་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་དངོས་པོ་ཐམས་ཅད་དང་ལྡན་པ་དང༌། ཡང་དག་པའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ། །དགོས་པ་ཡོངས་སུ་གྲུབ་པ་ནི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་པའི་རྒྱུས་འབྲས་བུ་གནས་ངན་ལེན་སྤངས་པ་དང༌། གནས་གྱུར་པ་དང༌། དངོས་གཞི་ཐོབ་པ་དང༌། ཤེས་བྱ་ལ་ཤེས་པ་དང༌། མཐོང་བ་འཇུག་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ། །དེ་ནི་གཞན་དག་དེ་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ནི་དམིགས་པ་ལ་བརྟེན་ཏེ་སྐྱེ་བ་ཡིན་ན། དམིགས་པ་བཞི་པོ་གང་ལ་བརྟེན་ཏེ་སྐྱེ་སྙམ་པ་ལ། མི་ཕམ་པ་ཉིད་ཀྱིས་ཁྱབ་པའི་དམིགས་པ་དེ་ཉིད་མངོན་དུ་བྱ་བར་མཁྱེན་ནས་ཁྱབ་པའི་དམིགས་པ་བཞི་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་འོག་ཏུ་དམིགས་པ་གང་ནི་ལམ་གང་གི་དམིགས་པ་ཡིན་སྙམ་པ་ལ་དམིགས་པ་དུ་དང་གང་ཞིག་ལམ་གང་གི་དམིགས་པ་ཡིན་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་སུ་ཞིག་ཞི་གནས་ཀྱི་དམིགས་པ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ལ་འདིར་ཅིའི་ཕྱིར་ཞི་གནས་དང་པོར་བསྟན་ཅེ་ན། མཉམ་པར་མ་བཞག་པའི་ས་པའི་སེམས་ཆུ་བཞིན་དུ་གཡོ་བ་དེ་དང་པོར་མཉམ་པར་གཞག་པའི་ས་པའི་ཞི་གནས་སྣོད་དང་འདྲ་བས་བཙལ་དགོས་པའི་ཕྱིར་རོ། །འོ་ན་ཁྱབ་པའི་དམིགས་པ་རྣམ་པ་བཞི་ལས་དང་པོར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་བསྟན་ལ། དེའི་འོག་ཏུ་རྣམ་པར་མི་རྟོག་པའི་གཟུགས་བརྙན་བསྟན་པ་དང་ཇི་ལྟར་མི་འགལ་ཞེ་ན་འགལ་བ་མེད་དེ། དེ་ལྟར་བསྟན་པ་ནི་དམིགས་པ་ཐོབ་པ་དང༌། དམིགས་པ་གོམས་པར་བྱེད་པའི་དབང་དུ་མཛད་པ་ཡིན་གྱི། རྣལ་འབྱོར་པ་ལས་དང་པོ་པས་དམིགས་པ་ཡོངས་སུ་ཚོལ་བ་དང༌། དམིགས་པ་ཐོབ་པ་དང༌། དམིགས་པ་གོམས་པར་བྱེད་པ་དང༌། འབྲས་བུ་ཐོབ་པའི་རིགས་ནི་དང་པོ་ཁོ་ནར་


DTG205_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་དམིགས་པ་ཡོངས་སུ་ཚོལ་བའི་ཚེ་ན་མཉམ་པར་མ་བཞག་པའི་སེམས་ཀྱི་དམིགས་པ་གང་ཡང་རུང་བ་མཐོང་བའམ། ཐོས་པའམ། ཡོངས་སུ་བརྟགས་པ་གཅིག་གཟུང་བའི་དུས་ན་ཚོལ་བ་དང༌། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡང་མི་ཐོབ། ལྷག་མཐོང་གི་ལམ་ཡང་མི་སྐྱེའོ། །དེའི་འོག་ཏུ་དམ་པའི་ཆོས་ཐོས་པ་དང༌། གཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟེན་པ་ལ་བརྟེན་ནས་དེ་ཉིད་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་མངོན་དུ་བྱས་ཏེ། དེའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱེད་པའི་དུས་ན་ནི་དང་པོར་མཉམ་པར་གཞག་པའི་ས་པའི་སེམས་ཀྱིས་མོས་པ་ཡིད་ལ་བྱ་དགོས་པས་དམིགས་པ་ཡོངས་སུ་ཚོལ་བ་དེའི་ཚེ་ན་ནི་ཞི་གནས་སྔོན་དུ་འགྲོ་བ་ཡིན་ནོ། །དེའི་འོག་ཏུ་དེ་ལྟར་མོས་པའི་ཡིད་ལ་བྱེད་པ་ན་མཉམ་པར་གཞག་པའི་ས་བའི་ཡིད་ལ་བྱེད་པ་དེའི་མཐུས་ཤེས་བྱའི་དངོས་པོ་ད་དང་འདྲ་བའི་རྣམ་པ་རང་གི་བློ་ལ་སྣང་བར་གྱུར་པའི་དུས་ན་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང༌། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་སྐྱེས་པ་ཡིན་ནོ། །དེའི་འོག་ཏུ་དམིགས་པ་ཐོབ་པ་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་དུས་ན་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་གོམས་པར་བྱེད་པ་དང༌། ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་རྩེ་གཅིག་པ་ཉིད་སྐྱེས་པ་ཡིན་ཏེ། ཇི་ཙམ་དུ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ་དང་འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་དེའི་མཇུག་ཐོགས་སུ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་ཞི་བའི་ཞི་གནས་ཀྱི་ལམ་དུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བ་ཡང་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་ལ། ཇི་ཙམ་དུ་ཆོས་དེ་གཉིས་ཡངས་པ་དང་འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ཡང་ཡངས་པ་དང༌། འཕེལ་བ་


DTG205_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱས་པར་འགྱུར་རོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་གི་སེམས་དེ་གཉིས་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་གྱུར་པའི་ཚེ་ན་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྐྱེ་ཞིང་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་དུས་གཅིག་ཏུ་ཐོབ་པར་གྱུར་ཏེ། དེ་ཐོབ་པའི་ཚེ་ན་ཡངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་གནས་གྱུར་པའི་ངོ་བོ་ཉིད་དང༌། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཐོབ་པ་ཡིན་ནོ། །འབྲས་བུ་དེ་གཉིས་ཐོབ་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བླ་ན་མེད་པ་ཉིད་ཐོབ་པ་ཡིན་ཏེ། དེའི་དུས་ན་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །དེ་ལྟར་ན་རྣལ་འབྱོར་པ་ལས་དང་པོ་པ་ཐོག་མ་ཁོ་ནར་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཞི་གནས་སྔོན་དུ་འགྲོ་བ་ཡིན་ལ། དམིགས་པ་ཐོབ་པའི་དུས་ན་ནི་ལྷག་མཐོང་གི་ཤས་ཆེ་བ་ཡིན། དམིགས་པ་གོམས་པར་བྱེད་པའི་དུ་ས་ན་ནི་ཞི་གནས་ཀྱི་ཤས་ཆེ་བ་ཡིན། འབྲས་བུ་ཐོབ་པའི་དུས་ན་ནི་ཟུང་དུ་འབྲེལ་པའི་ལམ་གྱི་འཇུག་པ་ཡིན་པས་ན་དེའི་ཕྱིར་འདིར་དང་པོར་འཕགས་པ་མི་ཕམ་པ་ཉིད་ཀྱིས་ཞི་གནས་ཀྱི་ལམ་གྱི་དམིགས་པ་དུ་དང་གང་ལགས་ཞེས་ཞུས་པར་སྦྱར་རོ། །གཅིག་སྟེ་ཞེས་བྱ་བས་ནི་དུ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ་ཞེས་བྱ་བས་ནི་གང་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་ནི་དམིགས་པ་ཐོབ་པའི་གོང་དུ་དམིགས་པ་གོམས་པར་བྱེད་པའི་གནས་སྐབས་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞི་གནས་ཀྱི་དམིགས་པ་ཡིན་ཞེ་ན། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ། སྟོབས་དྲུག་དང་ལྡན་པ། ཡིད་ལ་བྱེད་པ་བཞིས་འཇུག་པ་ཡིན་ལ། གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་སེམས་ཀྱི་གཟུགས་བརྙན་རང་རིག་པ་ཡིན་པའི་ཕྱིར་རོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས་ཞེས་བྱ་བས་ཀྱང་དུ་དང་གང་ལགས་ཞེས་པར་སྦྱར་རོ། །གཅིག་ཁོ་ན་སྟེ་ཞེས་བྱ་བས་ནི་དུ་ལགས་ཞེས་


DTG205_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་ལན་བཏབ་པ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ་ཞེས་བྱ་བས་ནི་གང་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་ནི་དམིགས་པ་ཡོངས་སུ་བཙལ་བའི་གོང་དུ་དམིགས་པ་ཐོབ་པའི་གནས་སྐབས་དང་སྦྱར་རོ། །དེ་ཅིའི་ཕྱིར་ལྷག་མཐོང་གི་དམིགས་པ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་པ། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ལ། གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་ཡིན་པའི་ཕྱིར་རོ། །དུ་ཞིག་དེ་གཉིས་ཀའི་དམིགས་པ་ལགས་ཞེས་བྱ་བས་ཀྱང་དུ་དང་གང་ལགས་ཞེས་ཞུས་བར་སྦྱར་ཏེ། དེ་གཉིས་ཀའི་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པ་འཇུག་པའི་ལམ་གྱི་ཞེས་བྱ་བའི་ཐ་ཚིག་གོ །གཉིས་ཏེ་ཞེས་བྱ་བས་ནི་དུ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོངས་པ་ཡོངས་སུ་གྲུབ་པའོ་ཞེས་བྱ་བས་ནི་གང་ལགས་ཞེས་ཞུས་བའི་ལན་བཏབ་པ་ཡིན་ཏེ། དེ་ནི་དམིགས་པ་གོམས་པར་བྱས་པའི་གོང་དུ་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཐོབ་པའི་གནས་སྐབས་དང་སྦྱར་རོ། །དེ་གཉིས་ཅིའི་ཕྱིར་ཟུང་དུ་འབྲེལ་པའི་ལམ་གྱི་དམིགས་པ་ཡིན་ཞེ་ན། ཟུང་དུ་འབྲེལ་པའི་ལམ་གྱི་ཞི་གནས་ཀྱི་རྣམ་པ་ནི་ཡོངས་སུ་འདྲིས་པའི་སྟོབས་དང༌། རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་ཏིང་ངེ་འཛིན་དུ་བྱེད་པ་ཁོ་ན་ཡིན་ལ། ལྷག་མཐོང་གི་རྣམ་པ་ནི་ཡོངས་སུ་དཔྱོད་པའི་རྣམ་པས་བསྡུས་པ་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་དང་ལྡན་པ་རྟོགས་པའི་གཞི་རབ་ཏུ་དབྱེ་བ་ལ་དམིགས་པ་ཡིན་ཏེ། དེ་གཉིས་མཉམ་པར་ཟུང་དུ་འབྲེལ་པས་འཇུག་པའི་ལམ་དེ་གང་གི་ཚེ་སྐྱེས་པ་དེའི་ཚེ་ན་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་འཐོབ་པ་ཡིན་ལ། ཟུང་དུ་འབྲེལ་པའི་ལམ་དེ་ཡང་དམིགས་པ་དེ་གཉིས་ལ་དམིགས་པ་ཡིན་པས་དམིགས་པ་དེ་ཉིད་འཐོབ་པ་དང༌། ཟུང་དུ་འབྲེལ་པའི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་གཅིག །ངོ་བོ་ཉིད་ཀྱང་གཅིག་པའི་ཕྱིར་རོ། །དེ་ནི་དམིགས་པས་སྦྱོར་བའི་རྒྱུ་བསྟན་པ་ཡིན་


DTG205_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྦྱོར་བའི་རྒྱུའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འཐོབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འཐོབ་པ་ཞེས་བྱ་བ་ནི་དེ་ལྟར་སྦྱོར་བའི་རྒྱུ་རྣམ་པ་གསུམ་ལ་བརྟེན་ཏེ། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ན་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་དེ་ལྟར་རྣལ་འབྱོར་པས་སྦྱོར་བའི་རྒྱུ་དེ་ལྟ་བུ་ལ་བརྟེན་ཏེ། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ནི་ཇི་ལྟར་ཡོངས་སུ་བཙལ་བར་བྱ། ལྷག་མཐོང་ལ་ནི་ཇི་ལྟར་མཁས་པར་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཡོངས་སུ་བཙལ་བ་དང༌། ལྷག་མཐོང་ལ་མཁས་པ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་དེ་དག་བརྟེན་ཅིང༌། གནས་ནས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང༌། ལྷག་མཐོང་ལ་མཁས་པ་ལགས་ཞེས་བྱ་བར་ཞུས་བར་སྦྱར་རོ། །དེ་ལ་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་ཅེས་བྱ་བ་ནི་སྦྱོར་བའི་རྒྱུ་ཡོངས་སུ་ཚོལ་བ་མ་ཡིན་གྱི། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཡོངས་སུ་ཚོལ་བ་སྟེ། ཇི་ཙམ་གྱིས་ན་དེ་ཐོབ་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་ལྷག་མཐོང་ལ་མཁས་པ་ལགས་ཞེས་བྱ་བ་ཡང་སྦྱོར་བའི་ལམ་གྱི་རབ་ཏུ་ཕྱེ་བ་ལ་མཁས་པ་མ་ཡིན་གྱི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་པ་སྟེ། ཇི་ཙམ་གྱིས་ན་དེ་ཐོབ་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཞི་གནས་ནི་མཚན་མ་དང་གནས་ངན་ལེན་གྱི་གཡེང་བའི་ངོ་བོ་ཉིད་དང་རབ་ཏུ་ཕྱེ་བས་


DTG205_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་གདུང་བ་ཡོངས་སུ་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཡོངས་སུ་བཙལ་བར་བྱ་བ་ཡིན་ལ། ལྷག་མཐོང་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་མཁས་པར་བྱ་བ་བསྟན་པའི་དབང་དུ་མཛད་ནས། བྱམས་པ་ངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱི་སྦྱོར་བའི་རྒྱུ་རྣམ་པ་གསུམ་ལས་གནས་ཀྱི་སྦྱོར་བའི་རྒྱུ་ནི་དང་པོར་སྦྱོར་བའི་ཐབས་ཀྱི་རྒྱུ་ཡིན་པས་གཙོ་ཆེར་བསྟན་ཏེ། རྟེན་གྱི་སྦྱོར་བའི་རྒྱུ་དང༌། དམིགས་པས་སྦྱོར་བའི་རྒྱུ་ཡང་སྔར་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་མདོར་བསྟན་པ་ཡིན་ཏེ། དཔེར་ན་བདེན་པ་གདགས་པ་རྣམ་པར་གཞག་པ་དང༌། རིགས་པ་གདགས་པ་རྣམ་པར་གཞག་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པ་དང་ཞེས་མདོར་བསྟན་པ་དང་འདྲའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པ་ཡིན་ཏེ། དཔེར་ན་བདེན་པ་གདགས་པ་རྣམ་པར་གཞག་པ་ནི་བདེན་པ་གཅིག་ནས་བཅུའི་བར་རོ། །རིགས་པ་གདགས་པ་རྣམ་པར་གཞག་པ་ནི་རིགས་པ་བཞིའོ། །ཐེག་པ་གདགས་པ་རྣམ་པར་གཞག་པ་ནི་ཐེག་པ་གསུམ་མོ་ཞེས་རྒྱས་པར་བཤད་པ་དང་འདྲའོ། །དེ་ལ་མདོའི་སྡེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་གདུལ་བ་དེ་དང་དེ་དག་དང༌། གདུལ་བའི་སྤྱོད་པ་རྣམས་ལས་བརྩམས་ཏེ་ཕུང་པོ་དང་ལྡན་པའི་གཏམ་དང༌། སྐྱེ་མཆེད་དང་ལྡན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་དང༌། ཟས་དང་ལྡན་པ་དང༌། ཁམས་དང་ལྡན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་དང་ལྡན་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པའི་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་གྱི་ཡན་ལག་དང་ལྡན་པ་དང། མི་སྡུག་པ་དང༌། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་དང༌། བསླབ་པ་དང༌། ཤེས་ནས་དད་པ་དང་ལྡན་པའི་གཏམ་གསུངས་པ་གང་ཡིན་པ་དག་ཡང་དག་པར་སྡུད་བར་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་འདི་ལྟ་སྟེ། དོན་དགེ་བ་


DTG205_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དང། དོན་དང་ལྡན་པ་ཚངས་པར་སྤྱོད་པ་དང་ལྡན་པ་དེ་དང་དེ་དག་བསྟན་པར་བྱ་བའི་ཕྱིར་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་བཀོད་ཅིང་རིམ་གྱིས་སྦྱར་བ་གང་ཡིན་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱ་བ་ནི་གང་གིས་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང༌། དྲང་བའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན་པའི་སྡེ་ཞེས་བྱ་བ་ནི་གང་ལས་ཉན་ཐོས་ཤི་འཕོས་བ་དང་འདུས་བྱས་པ་དང༌། སྐྱེ་བ་ལུང་སྟོན་པ་དང་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྡེ་ཞེས་བྱ་བ་ནི་རྒྱས་པར་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པའམ། རྩ་བ་གསུམ་པའམ། རྩ་བ་བཞི་པའམ། རྩ་བ་ལྔ་པའམ། རྩ་བ་དྲུག་པར་བསྡེབས་བཤད་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ཞེས་བྱ་བ་ནི་གང་ཟག་གི་མིང་དང་རིགས་ཡོངས་སུ་མ་བརྗོད་མ་བསྟན་པར་ཕྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང༌། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ། །གླེང་གཞིའི་སྡེ་ཞེས་བྱ་བ་ནི་གང་ཟག་གི་མིང་དང་རིགས་བརྗོད་ཅིང་བསྟན་ཏེ་བཤད་པ་དང༌། ཅུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་སོ་སོར་ཐར་པའི་མདོ་སྡེ་གང་ཡིན་པའོ། །རྟོགས་པ་བརྗོད་པའི་སྡེ་ཞེས་བྱ་བ་ནི་དཔེ་དང་བཅས་པར་བསྟན་པ་སྟེ། དཔེ་དེས་དོན་གྱི་ངོ་བོ་ཉིད་དེ་རྣམ་པར་གསལ་བར་འགྱུར་བ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱ་བ་ནི་ཅུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན་པའོ། །སྐྱེས་པ་རབས་ཀྱི་སྡེ་ཞེས་བྱ་བ་ནི་འདས་པའི་དུས་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དཀའ་བ་སྤྱད་པ་བསྟན་པ་གང་ཡིན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ནི་གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། སྟོབས་བཅུ་དང། སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་པ་གང་ཡིན་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་བྱ་བ་ནི་གང་ལས་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་དགེ་སློང་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་ཚུལ་


DTG205_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། དགེ་ཚུལ་མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་ཀྱི་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། དེ་ལས་གཞན་པ་ཁྱད་པར་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བར་གྲགས་པ་དག་བསྟན་པ་གང་ཡིན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་བྱ་བ་ནི་མདོ་སྡེ་འདྲེན་མར་བྱེད་ཅིང༌། མདོ་སྡེ་རྣམ་པར་འཆད་པར་བྱེད་པ་མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་དོ། །གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དེ་དག་ལ་མདོ་སྡེ་ཡང་ཡོད། འདུལ་བ་ཡང་ཡོད། ཆོས་མངོན་པ་ཡང་ཡོད། དེ་ལ་རེ་ཞིག་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་གང་ཡིན་པ་དེ་ནི་གཉིས་ཀའི་འདུལ་བའི་སྡེ་སྣོད་དོ། །གཏན་ལ་དབབ་བར་བསྟན་པའི་སྡེ་གང་ཡིན་པ་དེ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ། །སྐབས་ཁ་ཅིག་ནས་ནི་གླེང་གཞིའི་སྡེ་དང༌། གཏན་ལ་དབབ་བར་བསྟན་པའི་སྡེ་མ་གཏོགས་པ་གཞན་བཅུ་ནི་གཉི་གའི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་ནི་གཉི་གའི་འདུལ་བའི་སྡེ་སྣོད་དོ། །གཏན་ལ་དབབ་བར་བསྟན་པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ་ཞེས་ཀྱང་བཤད་དོ། །གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་ཅེས་བྱ་བས་ནི་ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པའི་ཆོས་གདགས་པ་རྣམ་པར་གཞག་པ་ཡིན་པར་བསྟན་ཏོ། །དེ་ལྟར་ཆོས་གདགས་པ་རྣམ་པར་གཞག་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་བསྟན་ནས། ད་ནི་དེ་ལ་ཇི་ལྟར་གནས་བས་གནས་པའི་རྒྱུ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་གནས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ལུང་གི་ཆོས་དེ་དག་ལ་གནས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལེགས་པར་ཐོས་ཞེས་བྱ་བ་ནི་ཚིག་དང་དོན་ཕྱིན་ཅི་མ་


DTG205_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་ཐོས་པའོ། །ལེགས་པར་གཟུང་ཞེས་བྱ་བ་ནི་ཐོས་པ་དེ་ཉིད་མི་བརྗེད་པར་གཟུང་བའོ། །ཁ་ཐོན་བྱང་བར་བྱས་ཞེས་བྱ་བ་ནི་གཟུང་བ་དེ་དག་རྣམ་པར་བཤད་པ་དང༌། ཁ་ཐོན་དུ་གོམས་པར་བྱས་པ་སྟེ། དེ་དག་གིས་ཐོས་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ལུང་གི་ཆོས་དེ་དག་ལ་གནས་པ་བསྟན་ཏོ། །ཡིད་ཀྱིས་ལེགས་པར་བརྟགས་ཞེས་བྱ་བ་ནི་ཁ་ཐོན་བྱང་བར་བྱས་པ་དེ་དག་རིགས་པས་ཡིད་ཀྱི་མངོན་སུམ་དུ་བྱས་པའོ། །མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་ཞེས་བྱ་བ་ནི་ཡིད་ཀྱི་མངོན་སུམ་དུ་བྱས་པ་དེ་དག་གི་ངེས་པའི་དོན་དང༌། དྲང་པའི་དོན་གང་ཡིན་པར་རིགས་པས་བསྐྱེད་པའི་བློས་ལེགས་པར་རྟོགས་པར་བྱས་པ་སྟེ། དེ་དག་གིས་ནི་བསམ་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ལུང་གི་ཆོས་དེ་དག་ལ་གནས་པ་བསྟན་ཏོ། །དེ་ལྟར་སྦྱོར་བའི་རྒྱུ་བསྟན་པ་དེ་ནི་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པའི་ཐབས་ཀྱི་རྒྱུ་ཡིན་པས་འདིར་གཙོ་ཆེར་སྨོས་པར་ཟད་ཀྱི་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བ་དང༌། ལྷག་མཐོང་ལ་མཁས་པར་འདོད་པས་ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་བ་གཞན་དག་ལ་ཡང་ངེས་པར་སྦྱར་བར་བྱ་དགོས་ཏེ། དེ་ལ་ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་པ་གང་ཞེ་ན། དེ་ནི་རྣམ་པ་བཅུ་གསུམ་སྟེ། བདག་གི་འབྱོར་པ་དང། གཞན་གྱི་འབྱོར་པ་དང༌། དགེ་བའི་ཆོས་ལ་འདུན་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་དང༌། དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་དང་ལྡན་པའོ། །དེ་དག་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གང་ཡང་རུང་བས་འདོད་ཆགས་དང་བྲལ་པར་གྱུར་པའི་ཏིང་ངེ་འཛིན་གྱི་ཚོགས་རྒྱ་ཆེར་བསྟན་པ་ཡིན་ཏེ། དེ་དག་གིས་ཉམས་པར་གྱུར་པའི་ཆ་དང་མཐུན་པའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་ཁྱད་པར་དུ་གྱུར་པ་ནི་ཆ་དང་མཐུན་པའི་ཆོས་རྣམས་ལ་སོ་སོར་བརྟེན་པས་དེའི་འོག་ཏུ་རབ་ཏུ་དབེན་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོར་བའི་རིམ་གྱིས། ཞི་གནས་དང་ལྷག་མཐོང་གི་དམིགས་པ་ཡོངས་སུ་ཚོལ་བ་


DTG205_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་སྟེ། འདིར་དང་པོར་སྦྱོར་བའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་སྔོན་དུ་འགྲོ་བར་སྦྱར་རོ། །དེ་ལ་རབ་ཏུ་དབེན་པ་ལ་སྦྱོར་བ་བསྟན་པའི་དབང་དུ་མཛད་ནས་དེ་གཅིག་པུ་དབེན་བར་འདུག་སྟེ་ཞེས་བྱ་བ་གསུངས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །གཅིག་བུ་ཞེས་བྱ་བ་ནི་ལུས་དབེན་པའོ། །དབེན་པ་ཞེས་བྱ་བ་ནི་སེམས་དབེན་པར་རོ། །འདུག་སྟེ་ཞེས་བྱ་བ་ནི་རབ་ཏུ་དབེན་པ་ལ་ངེས་པར་སྦྱོར་བའོ། །དེ་ལ་རབ་ཏུ་དབེན་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་སྟེ། གནས་ཕུན་སུམ་ཚོགས་པ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། དཔེན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གནས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། གནས་ནི་རྣམ་པ་གསུམ་སྟེ། དགོན་པ་དང༌། ཤིང་དྲུང་དང༌། ཁྱིམ་གྱིས་སྟོངས་པའོ། །དེ་ལ་དགོན་པ་ཞེས་བྱ་བ་ནི་གནས་མལ་བླ་གབ་མེད་པ་དང༌། དུར་ཁྲོད་དང༌། བས་མཐའོ། །ཤིང་དྲུང་ཞེས་བྱ་བ་ནི་ནགས་འདབ་པོ། །ཁྱིམ་གྱིས་སྟོངས་པ་ཞེས་བྱ་བ་ནི་གང་ན་ཁྱིམ་གྱི་གནས་བྱ་བ་མེད་པ་སྟེ། རི་ཁྲོད་དང༌། རི་ཕུག་དང༌། རྩྭ་གསེབ་བོ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྟེ། དང་པོ་ཁོ་ནར་གནས་དབྱིབས་སུ་ཤིས་པ་བལྟ་ན་སྡུག་པ། མཛེས་པ། ཀུན་དགའི་ར་བ་དང་ལྡན་པ། ནགས་ཚལ་དང་ལྡན་པ། རྫིང་བུ་དང་ལྡན་པ། གཙང་བ། ཉམས་དགའ་བ། ཤང་ཤིང་མེད་པ། སྡོང་དུམ་དང་ཚེར་མའི་གཞི་མ་ཡིན་པ། རྡོ་བ་དང༌། གསེག་མ་གྱོ་དུམ་མི་མང་བ་གང་དེས་མཐོང་ན་སྤོང་བ་ལ་བརྩོན་བ་ལ་གནས་པར་བྱ་བའི་ཕྱིར་སེམས་མངོན་པར་དང་བར་གྱུར་ཅིང༌། སེམས་རངས་པ་དང༌། རབ་ཏུ་དགའ་བས་སྤོང་བ་ལ་རབ་ཏུ་རྟོགས་པར་བྱེད་པ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་དང་པོ་ཡིན་ནོ། །གཞན་ཡང་ཉིན་མོ་མི་སྡུག་པ་ཉུང་ལ། མཚན་མོ་སྒྲ་ཆུང་ཞིང་ཀླག་ཅོར་ཉུང་བ་དང༌། ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱི་རེག་པ་ཉུང་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་གཉིས་པ་ཡིན་ནོ། །གཞན་ཡང་སེང་གེ་དང༌། སྟག་དང་གུང་དང༌། ཆོམ་རྐུན་དང༌། ཕ་རོལ་གྱི་དམག་ཚོགས་དང༌། མི་དང་མི་མ་ཡིན་པའི་འཇིགས་པ་དང༌། འཇིགས་སུ་རུང་བ་མེད་པ་ཡིད་བརྟན་ཅིང་བག་ཚ་བ་མེད་པ་བདེ་བ་ལ་རེག་པར་གནས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་


DTG205_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡིན་ནོ། །གཞན་ཡང་གོང་དུ་ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་གང་དག་ཡིན་པ་དེ་དག་ཚེགས་ཆུང་ངུས་འགྲུབ་ཅིང༌། བསོད་སྙོམས་ལ་སོགས་པས་ལུས་ངལ་བ་མེད་པར་འཚོ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་བཞི་པ་ཡིན་ནོ། །གཞན་ཡང་གང་དུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་ཞིང༌། གང་དག་དེ་ལ་མ་ཕྱེ་བའི་གནས་རྣམས་འབྱེད་པར་བྱེད་ཅིང༌། ཕྱེ་བ་རྣམས་ཀྱང་བསལ་བར་བྱེད་པ་དང༌། ཤེས་པ་དང་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཟབ་མོའི་འདོན་དང༌། ཚིག་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་ལེགས་པར་རབ་ཏུ་སྟོན་པར་བྱེད་པ་དང༌། དེ་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་མཁས་བ་དག་གནས་པ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་ལྔ་པ་ཡིན་ཏེ། དེ་དག་གཅིག་ཏུ་བསྡུས་པ་ནི་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་སྤྱོད་ལམ་ཕུན་སུམ་ཚོགས་པ་གང་ཞེ་ན། གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་ཉིན་མོ་འཆག་པ་དང༌། འདུག་པ་དག་གིས་འདའ་བར་བྱེད་ཅིང༌། མཚན་མོའི་ཐུན་དང་པོ་ལ་ཡང་དེ་བཞིན་བྱེད་པ་དང༌། ཐུན་བར་མ་ལ་གློ་གཡས་པ་ཕབ་སྟེ། རྐང་པ་རྐང་པའི་སྟེང་དུ་བཞག་ནས་སྣང་བའི་འདུ་ཤེས་དང༌། དྲན་པ་དང་ཤེས་བཞིན་དང་ལྡན་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཐུམ་ཕྲས་ཀྱིས་ཉལ་བར་བྱེད་པ་དང༌། ཐུན་ཐ་མ་ལ་མྱུར་བ་མྱུར་བ་ཁོ་ནར་ལངས་ཏེ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་པ་དང༌། འཆག་པ་ན་ཡང་འཆགས་དཀྱུས་རིང་ཞིང་ཧ་ཅང་ཡང་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བར་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ལུས་ཀྱི་ལས་ཀྱིས་ཅི་རན་པར་འཆག་པ་དང་འདུག་པ་ན་ཡང་སངས་རྒྱས་ཀྱིས་གནང་བའི་ཁྲི་འམ་ཁྲིའུ་འམ། རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་གཞག་སྟེ་འདུག་པའོ། །དེ་ལ་ཅིའི་ཕྱིར་སྐྱིལ་མོ་ཀྲུང་བཅའ་ཞེ་ན། རྒྱུ་རྣམ་པ་ལྔའི་ཕྱིར་ཏེ། སྤྱོད་ལམ་དེས་ལུས་ལེགས་པར་བསྒྲིམས་ནས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་སྤྱོད་ལམ་དེས་འདུག་པས་ཡུན་རིང་དུ་འདའ་བར་བྱེད་ཅིང་ལུས་ངལ་བར་མི་འགྱུར་བ་དང༌། སྤྱོད་ལམ་དེ་གཞན་དུ་མུ་སྟེགས་ཅན་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་དང༌། སྤྱོད་ལམ་དེས་འདུག་པ་གཞན་དག་གིས་


DTG205_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་ཤིན་ཏུ་དང་བ་སྐྱེ་བ་དང༌། སྤྱོད་ལམ་དེ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ། །དེ་ལ་ལུས་དྲང་པོར་བསྲང་བ་གང་ཞེ་ན། ལུས་ལ་བག་ཡངས་སུ་དྲང་པོར་གཞག་པ་དང༌། སེམས་ལ་གཡོ་དང་ཚུལ་འཆོས་པ་མེད་བར་དྲང་པོར་གཞག་པའོ། །དེ་ལ་ལུས་བག་ཡངས་སུ་དྲང་པོར་གཞག་པས་ནི་ནང་གི་རྨུགས་པ་དང་གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་མི་གནས་ལ་སེམས་ལ་གཡོ་དང་ཚུལ་འཆོས་པ་མེད་པར་དྲང་པོར་གཞག་པས་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་དང་རྒོད་པའི་སེམས་ཡང་དག་པར་བླངས་ཏེ་མི་གནས་སོ། །དྲན་པ་ཕྱོགས་པར་གཞག་སྟེ་ཞེས་བྱ་བ་ནི་དྲན་པའི་ཕྱིར་ཕྱོགས་པ་དང༌། མངོན་དུ་ཕྱོགས་པར་གཞག་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་པ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་མཚན་མ་ལ་དམིགས་པའི་དྲན་པ་ནི་མཉམ་པར་གཞག་པའི་ས་པའི་དམིགས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ཡིན་པས་དེ་ལྟར་དྲན་པའི་ཕྱིར་ཕྱོགས་པ་དང༌། མངོན་དུ་ཕྱོགས་པར་གཞག་པ་ནི་དྲན་པ་ཕྱོགས་པར་གཞག་པ་ཞེས་བྱ་སྟེ། དེ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་དབེན་པ་ཕུན་སུམ་ཚོགས་པ་གང་ཞེ་ན་རྣམ་པ་གཉིས་ཏེ། ལུས་དབེན་པ་དང༌། སེམས་དབེན་པའོ། །དེ་ལ་ལུས་དབེན་པ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་གཉིས་ལྷན་ཅིག་མི་གནས་པའོ། །སེམས་དབེན་པ་ནི་ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་སྤངས་ཏེ་མཉམ་པར་གཞག་པའི་ས་པའི་འམ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས་བྱུང་བའི་ཡིད་ལ་བྱེད་པ་དགེ་བ་དོན་དང་ལྡན་པ་སྒོམ་པར་བྱེད་པ་སྟེ། དེ་ནི་རབ་ཏུ་དབེན་པ་ལ་ངེས་པར་སྦྱོར་བ་ཞེས་བྱའོ། །དེའི་འོག་ཏུ་སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོར་བ་བསྟན་པའི་དབང་དུ་མཛད་ནས། ནང་དུ་ཡང་དག་བཞག་ནས་ཞེས་བྱ་བ་གསུངས་སོ། །དེ་ལ་ནང་དུ་ཡང་དག་འཇོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཞེས་ཀྱང་བྱ། དགེ་བའི་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་སྟེ། དེ་ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་ཆ་མཐུན་བ་ལ་དམིགས་པ་དང༌། རྒྱུན་དང་ལྡན་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་དང༌། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པའོ། །དེ་ལ་ཡང་དང་ཡང་དུ་རྗེས་སུ་དྲན་པའི་སེམས་ཀྱི་


DTG205_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་ཆོས་གང་དག་ཉན་ཅིང་གཟུང་བ་དང༌། བླ་མ་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་མཉམ་པར་གཞག་པའི་ས་པའི་མཚན་མ་མངོན་དུ་བྱས་ཏེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པས་རྗེས་སུ་འཇུག་པར་བྱེད་ཅིང་ཉེ་བར་གཏོད་པར་བྱེད་པའོ། །ཆ་མཐུན་པ་ལ་དམིགས་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་དམིགས་པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་ཡིན་པ་དེ་དག་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་བ་སེམས་ཀྱི་གཟུགས་བརྙན་རང་རིག་པ་ཡིན་པས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་ཞེས་བྱ་སྟེ། ཆ་མཐུན་པའི་དམིགས་པ་དེ་ལ་མཉམ་པར་གཞག་པའི་ས་པའི་སེམས་ཀྱིས་དམིགས་པར་བྱེད་པའོ། །རྒྱུན་དང་ལྡན་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ལ་དྲན་པ་རྣམ་པར་གཡེང་བ་མེད་པ་དང༌། རབ་ཏུ་ཆད་པ་མེད་པ་དང༌། རྒྱུན་ཆགས་པ་དང༌། རྟག་ཏུ་གུས་པར་འཇུག་པ་གང་ཡིན་པའོ། །ཁ་ན་མ་ཐོ་བ་མེད་པ་དང་ལྡན་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་ཉོན་མོངས་པ་མེད་ཅིང་བདེ་བ་ལ་རེག་བར་གནས་པའི་དྲན་པས་ལམ་དུ་ཞུགས་བ་གང་ཡིན་པའོ། །དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་མངོན་པར་དགའ་ཞིང་བདེ་བ་ལ་རེག་པར་གནས་པའི་དྲན་པས་ལམ་དུ་ཞུགས་པ་གང་ཡིན་པའོ། །སེམས་རྩེ་གཅིག་པ་ཉིད་དེ་ལ་ཡང་ཞི་གནས་ཀྱི་ཕྱོགས་ཀྱང་ཡོད། ལྷག་མཐོང་གི་ཕྱོགས་ཀྱང་ཡོད་དེ། དེ་ལ་སེམས་གནས་པ་དགུ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཤེས་རབ་ཀྱི་སྤྱོད་པ་བཞི་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཏེ། དེ་ནི་སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོར་བ་ཞེས་བྱའོ། །དེ་ཙམ་གྱིས་ན་རྣལ་འབྱོར་པ་ལས་དང་པོ་པས་དམིགས་པ་ཡོངས་སུ་བཙལ་པ་ཡིན་ཏེ། དེ་ལྟར་སྦྱོར་བའི་རྒྱུ་དང་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་ནས་རབ་ཏུ་དབེན་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱར་བའི་རིམ་གྱིས་སྦྱོར་བའི་ལམ་གྱི་ཞི་གནས་སྔོན་དུ་བཏང་སྟེ་དམིགས་པ་ཡོངས་སུ་བཙལ་ནས་ད་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང༌། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་བྱེ་བའི་ལྷག་མཐོང་གི་ལམ་སྐྱེ་བ་བསྟན་པའི་དབང་དུ་མཛད་ནས། ཇི་ལྟར་


DTG205_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ནི་སྔར་ཆོས་གདགས་པ་རྣམ་པར་གཞག་པ་གང་དག་ལེགས་པར་ཐོས། ལེགས་པར་གཟུང༌། ཁ་ཐོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས་མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའི་ཆོས་དེ་དག་ཉིད་དོ། །ཡིད་ལ་བྱེད་ཅིང་ཞེས་བྱ་བ་ནི་སྔར་ཤེས་བྱའི་དངོས་པོའི་མཚན་མ་བཟུང་སྟེ། ཇི་ལྟར་ལེགས་པར་བཟུང་བའི་ཆོས་དེ་དག་ཉིད་ལ་བརྟེན་ནས་མཉམ་བར་གཞག་པའི་ས་པའི་མོས་པ་ཡིད་ལ་བྱས་པའི་མཐུས་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ལ་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ཕྱོགས་ཀྱི་ཡིད་ལ་བྱེད་བ་བཞི་པོ་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་དང༌། སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་དང༌། སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་དང༌། རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་དག་གིས་ཅི་རིགས་པར་ཡིད་ལ་བྱེད་པའོ། །དེ་ཙམ་གྱིས་ན་རྣལ་འབྱོར་པ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང༌། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གྱི་ལམ་སྐྱེས་པ་ཡིན་ཏེ། དེའི་དུས་ན་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ཡིན་ནོ། །དེའི་འོག་ཏུ་དམིགས་པ་འཐོབ་པ་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་དུས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་འཐོབ་པ་དང་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བཞི་བའི་ཞི་གནས་ཀྱི་ལམ་སྐྱེ་བ་བསྟན་པའི་དབང་དུ་མཛད་ནས། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ་ཞེས་བྱ་བ་གསུངས་ཏེ། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ཞེས་བྱ་བ་ནི་སྔར་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པའི་སེམས་གང་གིས་རྣམ་པར་རྟོག་པ་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ལ་ལྷག་མཐོང་གི་ཕྱོགས་ཀྱི་ཡིད་ལ་བྱེད་པ་བཞིས་ཅི་རིགས་བར་ཡིད་ལ་བྱེད་པའི་སེམས་དེ་ཉིད་དོ། །ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ་ཞེས་བྱ་བ་ལ་ནང་དུ་ཞེས་བྱ་བ་ནི་


DTG205_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས་ཀྱི་རྣམ་པས་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། དེ་ཡང་ལྷག་མཐོང་གི་རྣམ་པས་སེམས་དེ་དང་དེས་མོས་པ་ཡིད་ལ་བྱས་པ་ལས་བྱུང་བ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་བློ་ལ་སྣང་བ་དེ་གཉིས། སྦྱོར་བའི་ལམ་གྱི་གནས་སྐབས་དེས་ན་གཟུང་བ་དང་འཛིན་པའི་རྣམ་པ་ལྟ་བུར་གཉིས་སུ་སྣང་བ་དེ་ལ་གཉིས་སུ་མེད་པར་སེམས་ཀྱི་ངོ་བོ་ཉིད་དུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་གཟུགས་བརྙན་གྱི་དམིགས་པ་མ་བཏང་བའི་སེམས་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་རང་རིག་པའི་ཚུལ་དུ་མཉམ་པར་འཇོག་གོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུན་ཆགས་སོ་ཞེས་བྱ་བ་ནི་ཞི་གནས་དེ་ཉིད་ལ་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་རྒྱུད་གཅིག་ཏུ་བྱེད་པའི་དོན་ཏོ། །དེ་ཡང་རྣལ་འབྱོར་པ་དབང་པོ་རྣོན་པོ་སེམས་ལས་སུ་རུང་བའི་ཤས་ཆེ་བ་དག་ནི་དང་པོ་ཞི་གནས་ཀྱི་སེམས་རྩེ་གཅིག་པ་དེ་ཉིད་ལ་བརྟེན་ནས་བརྩོན་འགྲུས་ཀྱི་སྟོབས་དང༌། སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་རྒྱུད་གཅིག་ཏུ་བྱེད་པའི་དབང་གིས་ཡོངས་སུ་འདྲིས་པའི་སྟོབས་དང༌། ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་ལ་བྱེད་པ་འཐོབ་ཅིང་ཐལ་བྱུང་ཏིང་ངེ་འཛིན་དུ་བྱེད་པས་རྒྱུན་ཆགས་སུ་ཡིད་ལ་བྱེད་དོ། །རྣལ་འབྱོར་པ་དབང་པོ་རྟུལ་པོ་སེམས་ལས་སུ་རུང་བའི་ཤས་མི་ཆེ་བ་དག་ནི་དང་པོ་ཞི་གནས་ཀྱི་སེམས་རྩེ་གཅིག་པ་དེ་ལ་བརྟེན་ནས་སེམས་གནས་པ་དགུ་དང༌། སྟོབས་དྲུག་དང་ཡིད་ལ་བྱེད་པ་བཞི་སྔར་བསྟན་པའི་རིམ་པ་ཁོ་ན་བཞིན་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་ཅིང་ཐ་མར་ཏིང་ངེ་འཛིན་དུ་བྱེད་དེ། དེ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཀྱི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ཙམ་གྱིས་ན་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་འཐོབ་པ་དང༌། ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་སྐྱེས་པ་ཡིན་ཏེ། དེའི་དུས་ན་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ཡིན་ནོ། །དེའི་འོག་ཏུ་དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་གྱུར་པ་དེའི་མཇུག་ཐོགས་སུ་


DTG205_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ལུས་དང་སེམས་ཤིན་ཏུ་སྦྱངས་བའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་བསྟན་པའི་དབང་དུ་མཛད་ནས་དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་ལ་དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དུ་ཞུགས་པའོ། །དེ་ལ་ལན་མང་དུ་གནས་པ་ཞེས་བྱ་བ་ནི་མཚན་མའི་གཡེང་བ་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ་དང་འཕེལ་བ་དང༌། རྒྱས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སེམས་གནས་པ་དགུ་དང༌། སྟོབས་དྲུག་དང༌། ཡིད་ལ་བྱེད་པ་བཞི་པོ་དག་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ཐ་མར་ཡོངས་སུ་འདྲིས་པའི་སྟོབས་དང༌། ལྷུན་གྱིས་གྲུབ་པའི་འཇུག་པའི་ཡིད་ལ་བྱེད་པ་ཐོབ་ཅིང་ཏིང་ངེ་འཛིན་དུ་བྱེད་ནུས་པའི་དུས་དང་སྦྱར་རོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ལ་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ལུས་དབེན་པ་ལས་སྐྱེས་པ་ལུས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ལུས་ཟོ་མདོག་བདེ་བའོ། །སེམས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་སེམས་དབེན་པ་ལས་སྐྱེས་པ། སེམས་ཀྱི་གནས་ངན་ལེན་གྱི་གཉེན་པོ་སེམས་ལས་སུ་རུང་བའོ། །ཡང་གཉེན་པོ་ཆོས་ཡིད་ལ་བྱེད་པའི་རྣམ་པ་ཐོས་པས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་ཡིན་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར་སེམས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ལུས་ངལ་བ་མེད་པའི་ཕྱིར་དང༌། སེམས་ཡོངས་སུ་གདུང་བ་མེད་པའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་བྱའོ། །དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་ནི་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་གནས་སྐབས་ན་


DTG205_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་དུ་གོམས་པ་དང༌། ཡོངས་སུ་དག་པའི་སྟོབས་ཀྱི་དབང་བྱས་ཏེ། ཡངས་པ་དང་འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཀྱང་ཡངས་པ་དང༌། འཕེལ་བ་དང་རྒྱས་པར་གྱུར་ལ། ཇི་ཙམ་དུ་ནང་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་དེའི་མཇུག་ཐོགས་སུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བ་ཡང་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་རོ། །ཇི་ཙམ་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་ནང་གི་སེམས་རྩེ་གཅིག་པ་དེ་སྐབས་འདིར་ཡང་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་ཏེ། དེ་ལྟར་ན་ཆོས་གཉིས་པོ་ནང་གི་སེམས་རྩེ་གཅིག་པ་ཉིད་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་པ་དང༌། གཅིག་ལ་གཅིག་རག་ལས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིག་ཡིན་ཏེ། དེ་ལྟར་ན་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ཆོས་ཡིད་ལ་བྱེད་པ་ཁོ་ནས་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་ངེས་པར་འབྱེད་དོ། །ཞི་གནས་ཞེས་བྱ་བའི་ཚིག་གི་དོན་ནི་མཚན་མའི་གཡེང་བ་དང༌། གནས་ངན་ལེན་གྱི་གཡེང་བ་ཞི་བའི་གནས་ཏེ། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་སྦྱོར་བའི་རྒྱུ་ཡོངས་སུ་ཚོལ་བའི་མ་ཡིན་གྱི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་ཡོངས་སུ་ཚོལ་བ་སྟེ། དེ་ཙམ་གྱིས་ན་ཞི་གནས་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞི་གནས་ཡོངས་སུ་ཚོལ་བ་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་ལྷག་མཐོང་ལ་མཁས་པ་བསྟན་པའི་དབང་དུ་མཛད་ནས། དེ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་


DTG205_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་ཐོབ་ནས་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ལ་གནས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་དེ་ཉིད་ལ་གནས་ཏེ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་ལ་མཁས་པར་བྱའོ་ཞེས་བསྟན་ཏོ། །དེ་ཡང་མཉམ་པར་གཞག་པའི་ས་པའི་སེམས་ལ་གནས་པའི་དུས་ན་ཞི་གནས་དང་ལྷག་མཐོང་གནས་སྐབས་ཐ་དད་པ་མ་ཡིན་ཏེ། རྟག་ཏུ་འབྲེལ་མར་བྱུང་བ་ཡིན་མོད་ཀྱི་ཟུང་དུ་འབྲེལ་པའི་ལམ་མ་ཐོབ་ཀྱི་བར་དུ་ཤས་ཆེ་ཆུང་གི་དབང་དུ་མཛད་པ་དང༌། མཉམ་པར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བར་གྱུར་པའི་རིམ་པ་བསྟན་པར་བྱ་བ་དང༌། ཞི་གནས་ཀྱི་སེམས་དེ་ཉིད་ལ་ལྷག་མཐོང་གི་བྱ་བ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། འདིར་ཞི་གནས་དེ་ཉིད་ལ་གནས་ཏེ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་རྣམ་པ་སྤངས་ནས་ཞེས་བྱ་བ་ལ། སེམས་ཀྱི་རྣམ་པ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་དེའི་དམིགས་པ་རྣམ་པར་མི་རྟོག་པའི་གཟུགས་བརྙན་བློ་ལ་དམིགས་པའི་རྣམ་པར་སྣང་བའོ། །དེ་སྤངས་པ་ནི་རྣམ་པ་དེ་ལ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གིས་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པར་སེམས་ཙམ་དུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བའི་དུས་ན་སེམས་ཀྱི་རྣམ་པ་སྤངས་པ་ཞེས་བྱའོ། །འོ་ན་རྟོགས་པའི་གནས་སྐབས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་མེད་བ་ཡིན་ལ། དེ་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་ལྷག་མཐོང་གི་སེམས་ནི་ཤེས་རབ་ཀྱི་སྤྱོད་པ་བཞི་དང་སྒོ་གསུམ་དང་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་རྣམ་པ་དང་བཅས་པ་ཡིན་ན། ཇི་ལྟར་རྣམ་པ་མེད་པའི་ཆོས་རྣམས་རྣམ་པ་དང་བཅས་པའི་སེམས་དང་གཅིག་ཏུ་བྱས་ཏེ། སོ་སོར་བརྟགས་པ་དང༌། མོས་པར་བྱར་རུང་ཞེ་ན། དམིགས་པར་བྱ་བའི་སེམས་དང༌། དམིགས་པར་བྱེད་པའི་


DTG205_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྣམ་པ་གཉིས་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ངོ་བོ་ཉིད་ལ་སེམས་ཀྱི་ངོ་བོ་ཉིད་ཀྱིས་རང་རིག་པའི་ཚུལ་དུ་དམིགས་པ་ཡིན་པས་ཡུལ་དང་ཡུལ་ཅན་ལྟ་བུར་མི་འགྱུར་ཏེ། དེ་ནི་འཕགས་པ་སོ་སོ་རང་རིག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཡིན་པར་བཞེད་དོ་ཞེས་སྟོན་ཏོ། །ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ནི་སྔར་ཆོས་གདགས་པར་རྣམ་པར་གཞག་པ་གང་དག་ལེགས་པར་ཐོས། ལེགས་པར་གཟུང༌། ཁ་ཐོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའི་ཆོས་དེ་དག་ཉིད་དེ། དེ་ཡང་དང་པོ་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཤེས་བྱའི་དངོས་པོ་མཚན་མ་བཟུང་སྟེ། ཆོས་དེ་དག་ལ་བརྟེན་ནས་མོས་པ་ཡིད་ལ་བྱས་པའི་མཐུས་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་ཀྱི་དམིགས་པ་ཐོབ་པ་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་རྩེ་གཅིག་ཏུ་མཉམ་པར་གཞག་པའི་དུས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དེ་ཉིད་ལ་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱའི། དང་པོ་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནི་མ་ཡིན་ནོ། །ནང་དུ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་དེ་ཉིད་སེམས་ལས་ཕྱི་རོལ་དུ་མ་གྱུར་པར་ནང་དུ་སེམས་ཀྱི་ངོ་བོ་ཉིད་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་ཅེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་རྩེ་གཅིག་པ་ཉིད་དོ། །སྤྱོད་ཡུལ་དུ་གཟུགས་བརྙན་དུ་ཞེས་བྱ་བ་ནི་སེམས་དེའི་རང་རིག་པའི་སྤྱོད་ཡུལ་སེམས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་བརྙན་དུ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་རྟོག་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའོ། །མོས་པར་བྱེད་དོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་མ་ཡིན་གྱི་ངེས་པར་འབྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ཏིང་ངེ་འཛིན་དང་ཤེས་རབ་ནི་ས་མང་པོ་པ་ཡིན་པའི་ཕྱིར་རྟག་ཏུ་སེམས་དང་འཇུག་པ་ཡིན་ན། སེམས་ཀྱི་རྣམ་པ་མེད་ན་དེ་གཉིས་ཀྱང་མེད་པར་འགྱུར་རོ། །དེ་གཉིས་མེད་ན་ཞི་གནས་ནི་ཏིང་ངེ་འཛིན་ལ་ལྷག་མཐོང་ནི་ཤེས་རབ་ཡིན་པས་ཞི་གནས་དང་ལྷག་མཐོང་ཡང་མེད་པར་


DTG205_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་གཉིས་མེད་ན་ཇི་ལྟར་ཆོས་དེ་དག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་བརྟག་ཅིང་མོས་པར་བྱར་རུང་ཞེ་ན། སེམས་གང་ཡིན་པ་དང་ཏིང་ངེ་འཛིན་གང་ཡིན་པ་དང༌། ཤེས་རབ་གང་ཡིན་པ་དང༌། ཆོས་དེ་དག་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་རྟོགས་པའི་གནས་སྐབས་ན་སེམས་ལས་ཕྱི་རོལ་དུ་སྦྱོར་པ་མ་ཡིན་པའི་ཕྱིར་སེམས་བཞིན་དུ་ངོ་བོ་ཉིད་མེད་པ་དག་ཡིན་ནོ། །སེམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་སེམས་ཀྱི་ངོ་བོ་ཉིད་སེམས་མེད་པ་ཉིད་ཡིན་ཏེ། དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལས་ཀྱང་སེམས་ནི་སེམས་མེད་པ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཉིད་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་དོ་ཞེས་གསུངས་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་སྤྱོད་པ་བཞི་དང་སྒོ་གསུམ་དང༌། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པས་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་དབང་དུ་མཛད་ནས། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཞེས་བྱ་བ་ནི་སེམས་ལས་ཕྱི་རོལ་དུ་མ་གྱུར་པའི་ཆོས་སེམས་ཀྱི་ངོ་བོ་ཉིད་དེ་དག་ལའོ། །ཤེས་བྱའི་དོན་དེ་ཞེས་བྱ་བ་ནི་གཉིས་མེད་པའི་དོན་དེའོ། །རྣམ་པར་འབྱེད་བ་དང༌། རབ་ཏུ་རྣམ་པར་འབྱེད་བ་དང༌། ཡོངས་སུ་རྟོག་པ་དང། ཡོངས་སུ་དཔྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དཔྱོད་པ་བཞི་ཞེས་ཀྱང་བྱ། ལྷག་མཐོང་རྣམ་པ་བཞི་ཞེས་ཀྱང་བྱ་སྟེ། སྐབས་འདིར་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་རྣམ་པ་ཡིན་པར་སྦྱར་རོ། །འདི་བཞིའི་ཚིག་གི་དོན་ནི་སྔར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་རིག་པར་བྱའོ། །བཟོད་པ་དང༌། འདོད་པ་དང༌། བྱེ་བྲག་འབྱེད་པ་ཞེས་བྱ་བ་གསུམ་གྱིས་ནི་ལྷག་མཐོང་གི་སྒོ་གསུམ་བསྟན་ཏེ། སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་གྱིས་རྗེས་སུ་


DTG205_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང༌། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང༌། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་དམ་པའི་ཆོས་ཐོས་པ་དང༌། བཟུང་བ་དང༌། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་ཡིན་ལ། བཟོད་པ་ཞེས་བྱ་བ་ཡང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་དེ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་པར་བཟོད་པ་ཡིན་པས་ན། བཟོད་པ་ཞེས་བྱ་བའི་ཚིག་གིས་ནི་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པའི་སྒོ་བསྟན་ཏེ། སྐབས་འདིར་ནི་ཐམས་ཅད་ཀྱང་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་སྒོ་ཡིན་པར་སྦྱར་རོ། །ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་དམ་པའི་ཆོས་ཐོས་པ་དང༌། གཟུང་བའམ་དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་ཡིན་ལ། འདོད་པ་ཞེས་བྱ་བ་ཡང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་ཏེ། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་འདོད་པ་ཡིན་པས་ན་འདོད་པ་ཞེས་བྱ་བའི་ཚིག་གིས་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་སྒོ་སྟོན་ཏོ། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་ཡིན་ལ་བྱེ་བྲག་འབྱེད་པ་ཞེས་བྱ་བ་ཡང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་དེ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་ཅིང་བྱེ་བྲག་འབྱེད་པ་ཡིན་པས་ན་བྱེ་བྲག་འབྱེད་པ་ཞེས་བྱ་བའི་ཚིག་གིས་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་བསྟན་ཏོ། །ལྟ་བ་དང་རྟོག་པ་ཞེས་བྱ་བས་ནི་གཞི་རབ་ཏུ་དབྱེ་བ་དྲུག་ལ་


DTG205_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བསྟན་ཏེ། གཞི་རབ་ཏུ་དབྱེ་བ་དྲུག་གང་ཞེ་ན། དོན་དང༌། དངོས་པོ་དང༌། མཚན་ཉིད་དང༌། ཕྱོགས་དང༌། དུས་དང༌། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་པ་སྟེ། དེ་དག་གི་ཚིག་གི་དོན་ཡང་སྔར་བསྟན་པ་བཞིན་ནོ། །ལྟ་བ་ཞེས་བྱ་བ་ནི་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ལ། རྟོག་པ་ཞེས་བྱ་བ་ནི་ཡོངས་སུ་བཙལ་ནས་དེ་དག་ལ་སོ་སོར་རྟོག་པ་ཡིན་པས་ན་ལྟ་བ་དང་རྟོག་པ་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གཞི་རབ་ཏུ་དབྱེ་བ་དྲུག་པོ་རེ་རེ་ལ་ཡང་ཡོངས་སུ་ཚོལ་བར་བྱེད་ཅིང༌། ཡོངས་སུ་བཙལ་ནས་སོ་སོར་རྟོག་པར་བྱེད་པའི་རིམ་གྱིས་གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་བསྟན་ཏོ། །དེ་ནི་ལྷག་མཐོང་ཞེས་བྱ་བ་སྟེ་ལྷག་མཐོང་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་སུ་མེད་པའི་དོན་རང་རིག་པའི་རྣམ་པས་སོ་སོར་རྟོག་པར་བྱེད་མོས་པར་བྱེད་པའི་ངོ་བོ་ཉིད་དང༌། ཤེས་རབ་ཀྱི་དཔྱོད་པ་བཞི་དང༌། སྒོ་གསུམ་དང༌། གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པས་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱའོ། །དེ་ཡང་རྣལ་འབྱོར་པ་ཡང་དག་པར་རབ་ཏུ་བརྩོན་པ་དེའི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ཞི་གནས་རྣམ་པར་མི་རྟོག་པའི་གཟུགས་ལ་དམིགས་པའི་གནས་སྐབས་ན་ཇི་ཙམ་དུ་གོམས་པ་དང༌། ཡོངས་སུ་དག་པའི་སྟོབས་ཀྱི་དབང་དུ་བྱས་ཏེ། ཡངས་པ་དང་འཕེལ་བ་དང་རྒྱས་པར་གྱུར་པ་དེ་ཙམ་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་འདི་ཡང་ཡངས་པ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་ལ། ཇི་ཙམ་དུ་ལྷག་མཐོང་གི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་འདི་སྤངས་པ་དང༌། འཕེལ་བ་དང༌། རྒྱས་པར་གྱུར་པ་དེ་ཙམ་དུ་མཚན་མའི་དབྱེ་བ་དང་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ཞི་གནས་ཀྱི་ངོ་བོ་ཉིད་ཀྱང་ཡངས་པ་དག་འཕེལ་བ་དང་རྒྱས་པར་གྱུར་ཏེ། དེ་ལྟར་ན་ཆོས་གཉིས་པོ་ཞི་གནས་ཀྱི་ལམ་དང༌། ལྷག་མཐོང་གི་ལམ་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་པ་དང༌། གཅིག་ལ་གཅིག་རག་ལས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡན་ཆད་ནི་ཟུང་དུ་འབྲེལ་པར་འཇུག་པའི་ལམ་དང་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་


DTG205_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དམིགས་པ་འཐོབ་ཅིང་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཉིད་ལ་སྦྱོར་བར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིག་ཡིན་ཏེ། དེ་ལྟར་ན་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་རྣམ་པས་ཡིད་ལ་བྱེད་པ་ནི་ལྷག་མཐོང་ལ་མཁས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་ཤེས་པར་བྱེད་དོ། །ལྷག་མཐོང་ཞེས་བྱ་བའི་ཚིག་གི་དོན་ནི་རང་དང་སྤྱིའི་མཚན་ཉིད་དང་ལྡན་པའི་ཆོས་རྣམས་རྣམ་པར་གཞག་པའི་ཕྱིར་ལྟ་བ་ནི་ལྷག་མཐོང་ཞེས་བྱའོ། །མཁས་པ་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་པ་མ་ཡིན་གྱི། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་པ་སྟེ། དེ་ཙམ་གྱིས་ན་ལྷག་མཐོང་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོབ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འཐོབ་པའི་ཐབས་ཀྱི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འཐོབ་པའི་ཐབས་ཞེས་བྱ་བ་ནི་དེ་ལྟར་ཞི་གནས་ཡོངས་སུ་བཙལ་བ་དང༌། ལྷག་མཐོང་ལ་མཁས་པ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཐོབ་པ་ཡིན་ཏེ། ཇི་སྲིད་དུ་མ་ཐོབ་ཀྱི་བར་དུ་སྦྱོར་བའི་ལམ་གང་གིས་དེ་ཐོས་པར་འགྱུར་བའི་སྒོ་ནི་ཐོབ་པའི་ཐབས་ཞེས་བྱའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་མཚན་མའི་གཡེང་བ་ཞི་བ་ནང་གི་སེམས་རྩེ་གཅིག་པ་ཉིད་དང༌། གནས་ངན་ལེན་གྱི་གཡེང་བ་ལུས་དང་སེམས་སྦྱངས་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་ནི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ལ། སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་རྣམ་པས་ཡིད་ལ་བྱེད་པའི་ངོ་བོ་ཉིད་དང༌། རབ་ཏུ་འབྱེད་པ་ནི་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ཙམ་གྱིས་ན་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའི་ཡིད་


DTG205_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེ། མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་གྱི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་ན། ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེ། མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་བ་ཉིད་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ། བྱང་ཆུབ་སེམས་དཔའི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་ན། ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུ་སྦྱོར་བའི་ལམ་ཡིད་ལ་བྱེད་པའི་གནས་སྐབས་ན། རྣམ་པར་རྟོག་པ་དང་བཅས་པ་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བ་ལ་སོགས་པའི་ཞུ་བ་རྣམ་པ་གཉིས་ཞུས་པར་སྦྱར་ཏེ་གོ་རིམས་བཞིན་ནོ། །སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིས་པ་ན་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་ནའོ། །དེ་སྲིད་དུ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུའོ། །ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེ་མཚན་མའི་


DTG205_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་བའི་ཐ་ཚིག་གོ །ཞི་གནས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པའི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་ཐོབ་པ་ཡིན་གྱི། འདི་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཙམ་དུ་ཟད་པས་ད་རུང་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་དེ་ལ་ཅི་ཞེས་བྱ་སྙམ་པ་ལ་ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་རྗེས་སུ་མཐུན་པའི་མོས་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིན་པས་དེའི་ཕྱིར་དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པ་དེའི་འཐོབ་པའི་ཐབས་ཡིན་ནོ་ཞེས་སྦྱར་རོ། །ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཞེས་བྱ་ནི་ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུའོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མཐོང་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་སེམས་


DTG205_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཐོབ་པ་ཡིན་གྱི། འདི་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་ཙམ་དུ་ཟད་པ་དང༌། ད་དུང་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་དེ་ལ་ཅི་ཞེས་བྱ་སྙམ་པ་ལ་ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བའི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པས། དེའི་ཕྱིར་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་དེའི་འཐོབ་པའི་ཐབས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཐོབ་པའི་ཐབས་ཀྱི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ད་ནི་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྟན་པ་འདི་ལས་རབ་ཏུ་ཉམས་ཤིང་ཆུད་ཟ་བར་མི་འགྱུར་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་གདགས་པ་གཏན་ལ་དབབ་པའོ། །དེ་ནི་རྣམ་པ་བཅུ་བཞི་སྟེ། རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། རྣམ་པར་མི་རྟོག་པའི་ཤེས་པའི་རྟོག་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། རྒྱུ་མཚན་གསུམ་སྒོམ་པའི་དུས་མི་ཤེས་པ་རྣམ་པར་བཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། དགེ་བའི་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་བའི་


DTG205_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། སྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། ཞི་གནས་དང་ལྷག་མཐོང་སྒོམ་པ་ལ་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུ་དང༌། ལས་དང༌། སྦྱོར་བ་དང༌། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་གི་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང༌། བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང༌། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ནི་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་ལ་སོགས་པའོ། །དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་ཆོས་ལ་གནས་པ་ཞེས་ཀྱང་བགྱི་ཞེས་


DTG205_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལའོ། །དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ། །རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་པའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང་ལྷག་མཐོང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་འགྱུར་བ་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང༌། ལྷག་མཐོང་བསྒོམ་པའི་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་ལགས་ན་ཞེས་བྱ་བ་ལ་སོགས་པའོ། །ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང་དག་པར་རིག་པ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཡིད་ལ་བགྱིད་པས་གང་གིས་མཚན་མ་གང་ཇི་ལྟར་སེལ་བར་བགྱིད་ལགས་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་བཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་རྟོགས་ན། སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་བ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུ་དང༌། ལས་དང་སྦྱོར་བ་དང༌། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབང་


DTG205_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར་བསྒྲུབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གཅིག་དང་ཐ་དད་པའི་མཐའ་གཉིས་དང་བྲལ་བའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཏེ། དེ་ནི་མཐའ་གཉིས་དང་བྲལ་བས་གཉིས་སུ་དབྱེར་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡང་ཡིན། ལམ་གྱི་ངོ་བོ་ཉིད་ཡིན་པས་ཤེས་པ་ཡང་ཡིན་ལ། དེ་ལ་གནས་ན་སེམས་ཀྱི་ཏིང་ངེ་འཛིན་གྲུབ་པས་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་ཅི་ཞིག་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ཐ་དད་དམ་གཅིག་པ་ཡིན། གལ་ཏེ་ཐ་དད་ན་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་ཇི་ལྟར་ཟུང་དུ་འབྲེལ་ཞིང་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་གཅིག་ལ་དམིགས་པར་འགྱུར། གལ་ཏེ་གཅིག་ན་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་ཇི་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐ་དད་པ་དམིགས་པར་འགྱུར་སྙམ་དུ་སེམས་པ་


DTG205_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ཞུས་བར་སྦྱར་རོ། །བྱམས་པ་ཐ་དད་པ་ཡང་མ་ཡིན་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱའོ་ཞེས་བྱ་བས་ནི་བསྟན་པས་ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ནི་ཞི་གནས་ཀྱི་ལམ་ཡང་ལྷག་མཐོང་གི་དམིགས་པའི་སེམས་ཀྱི་ངོ་བོ་ཉིད་ལ་དམིགས་པས་ལམ་གྱི་ངོ་བོ་དམིགས་པ་ཐ་དད་པ་ཉིད་དུ་གཅིག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ནི་ལྷག་མཐོང་གི་ལམ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པས་ཞི་གནས་དང་དམིགས་པ་ཐ་དད་པའི་ཕྱིར་གཅིག་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཚིག་གི་དོན་སྤྱིར་བསྡུ་ན་དེ་གཉིས་ལམ་གྱི་ངོ་བོ་ཉིད་དུ་གཅིག་པའི་ཕྱིར་ན་ཐ་དད་པ་མ་ཡིན་ལ། དམིགས་པའི་རྐྱེན་ཐ་དད་པའི་ཕྱིར་ནི་གཅིག་པ་མ་ཡིན་ཏེ། གལ་ཏེ་ལམ་གྱི་ངོ་བོ་ཉིད་ཐ་དད་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་ཟུང་དུ་འབྲེལ་ཞིང་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་གནས་དམིགས་པ་གཅིག་ལ་དམིགས་པར་མི་འགྱུར་ལ། དམིགས་པའི་རྐྱེན་གཅིག་ན་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐ་དད་པ་ལ་དམིགས་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་དེའི་ཕྱིར་དེ་གཉིས་ནི་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་


DTG205_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཤེས་པ་རྟོག་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་པ་རྟོག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གཉིས་མེད་པའི་ཤེས་པ་སེམས་ཀྱི་ངོ་བོ་ཉིད་དང་ཐ་དད་པ་མ་ཡིན་པར་རྟོགས་པ་སྟེ། དེ་ནི་གཉིས་མེད་པས་གཉིས་སུ་དབྱེར་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡང་ལམ་གྱི་ངོ་བོ་ཉིད་ཡིན་པས་ཤེས་པ་ཡང་ཡིན་ལ། དེས་སེམས་དང་ཐ་དད་པ་མ་ཡིན་པར་རྟོགས་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོག་པ་ཞེས་བྱའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་བ་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ཡིན་པ་དེ་སེམས་དེ་དང་ཐ་དད་དམ་གཅིག་པ་ཡིན། གལ་ཏེ་ཐ་དད་ན་ནི་གཟུང་བ་དང་འཛིན་པའི་ཆོས་སུ་གྱུར་པས་གཉིས་མེད་པ་རྣམ་པར་མི་རྟོག་པའི་ཤེས་པ་ཡང་ཇི་ལྟར་རྟོགས་པར་འགྱུར། གལ་ཏེ་གཅིག་ན་ནི་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་ཇི་ལྟར་རུང་སྙམ་དུ་སེམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཅི་ལགས་སེམས་དེ་དང་ཐ་དད་པ་ཞེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ཞུས་པར་སྦྱར་རོ། དེ་ལ་རྣམ་པར་ལྟ་བར་བགྱིད་པ་ཞེས་བྱ་བ་ནི་ལྷག་མཐོང་དང་ལྡན་པའི་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པའོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་སེམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཡིན་པ་དེའོ། །སེམས་དེ་དང་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་


DTG205_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་དེ་དང་ངོ༌། །བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ་ཞེས་བྱ་བ་ནི་བསྟན་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ་ཞེས་བྱ་བས་ནི་གཟུགས་བརྙན་དེ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་དེ་དང་ཐ་དད་པ་མ་ཡིན་ཏེ། དེ་ལྟར་ཐ་དད་པ་མ་ཡིན་པར་རྟོགས་པ་ཉིད་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཡིན་ནོ་ཞེས་བསྟན་ཏོ། །འོ་ན་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་ཇི་ལྟར་རུང་སྙམ་པ་ལས་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་ཉིད་གཟུགས་བརྙན་གྱི་དམིགས་པ་ལྟ་བུར་སྣང་བས་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་རུང་ལ། སེམས་ཀྱི་ངོ་བོ་ཉིད་ལས་ཐ་མི་དད་པའི་གཟུགས་བརྙན་དེ་ནི་རང་རིག་པའི་ཚུལ་གྱིས་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ཐ་དད་པ་མ་ཡིན་ན། དཔེར་ན་མིག་ཉིད་ཀྱིས་མིག་ཉིད་ལ་བརྟག་ཏུ་མི་རུང་བ་བཞིན་དུ་སེམས་ཉིད་ཀྱིས་སེམས་ཉིད་ལ་ཇི་ལྟ་བུར་བརྟག་ཏུ་རུང་སྙམ་པ་དག་གི་ཕྱིར། བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད་ལགས་ཞེས་བྱ་བ་ཞུས་སོ། །དེ་ལ་གཞན་དག་འདི་སྙམ་དུ་རྟོག་པར་བྱེད་པའི་སེམས་ནི་བྱེད་པ་པོར་གྱུར་པ་ཡིན་ལ་བརྟག་པར་བྱ་བ་གཟུགས་བརྙན་ནི་ལས་སུ་གྱུར་པ་ཡིན་ན། ཇི་ལྟར་དེ་གཉིས་ཐ་དད་པ་མ་ཡིན་པར་རུང་སྟེ། འཇིག་རྟེན་ནི་བྱེད་པ་པོ་དང་ལས་ནི་ཐ་དད་པར་སྣང་བའི་ཕྱིར་རོ་སྙམ་པ་ལ། ཡང་དག་པར་ན་ཐ་དད་པ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི་ཞེས་བྱ་བ་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི་བྱེད་པ་པོར་བསྟན་པ་ཡིན་ལ། ཆོས་གང་ལ་ཡང་ཞེས་བྱ་བ་ནི་ལས་སུ་བསྟན་པ་ཡིན་ཏེ། དེ་ལྟར་བྱེད་པ་པོ་དང་ལས་སུ་གྱུར་པའི་ཚུལ་གྱིས་རྟོག་པར་བྱེད་པ་ནི་འགའ་ཡང་མེད་པར་སྟོན་ཏོ། །ཇི་ལྟ་ཞེ་ན་ཆོས་གཅིག་པུ་ནི་འགའ་ཡང་


DTG205_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་རྟོག་པར་བྱེད་པ་དང་བརྟག་པར་བྱ་བ་བྱེད་པ་པོ་དང༌། ལས་སུ་གྱུར་པ་འགའ་ཡང་མེད་པའི་ཕྱིར་དང༌། ཡང་དག་པར་ན་སེམས་དང་སེམས་ལས་བྱུང་བ་དང༌། ས་རྡུལ་ཕྲ་རབ་རེ་རེ་མི་སྣང་བའི་ཕྱིར་བྱེད་པ་པོ་དང༌། ལས་ཀྱི་ཐ་སྙད་ཀྱང་མེད་ལ། འདུས་པ་དག་ལ་ཡང་ཀུན་རྫོབ་ཡིན་པའི་ཕྱིར་ལྟོས་པ་དང་བཅས་པའི་ཕྱིར་དང་མཐུ་མེད་པའི་ཕྱིར་བྱེད་པ་པོ་དང་ལས་ཀྱི་ཐ་སྙད་མེད་པའི་ཕྱིར་དང་དངོས་པོ་རང་དབང་ཅན་ནི་འགའ་ཡང་མེད་པ་ཡིན་ན། འཇིག་རྟེན་པ་ནི་བྱེད་པ་པོ་ལ་མངོན་པར་ཞེན་པས་བྱ་བ་དག་འཇུག་པར་བྱེད་པར་ཟད་དེ། བྱེད་པ་པོ་མི་རིགས་པའི་ཕྱིར་བྱ་བ་དང་ལས་ཀྱང་མི་རིགས་པའི་ཕྱིར་རོ། །འོ་ན་སེམས་ཀྱི་ངོ་བོ་ཉིད་གཅིག་ཏུ་དེ་ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བར་འགྱུར་ཞེ་ན། འོན་ཀྱང་དེ་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ་ཞེས་བྱ་བ་གསུངས་ཏེ། ཐོག་མ་མེད་པའི་དུས་ནས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་སེམས་ཡོངས་སུ་དག་པ་བསྟན་ལ། དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ་ཞེས་བྱ་བས་ནི་གཞན་གྱི་དབང་གིས་སེམས་འཁྲུལ་པར་བསྟན་ཏོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་ཐ་དད་པ་མ་ཡིན་པའི་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་དཔེ་སྟོན་ཏེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གཞན་འབྱུང་བ་མེད་པར་གཟུགས་ཉིད་གཟུགས་བརྙན་ལྟ་བུར་སྣང་བ་ནི་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་པ་དང་འདྲ་བར་སེམས་ཉིད་གཟུགས་བརྙན་ལྟ་བུར་སྣང་བར་ཟད་ཀྱི། སེམས་ལས་གཞན་པའི་གཟུགས་བརྙན་མེད་དོ་ཞེས་བྱ་བར་སྟོན་ཏོ། །འདི་ལ་སྨྲ་བ་པོ་དག་མེ་ལོང་གི་དཀྱིལ་འཁོར་དང་གཟུགས་ལ་བརྟེན་ནས་གཟུགས་བརྙན་གཞན་ཞིག་འབྱུང་བས་བརྟེན་ཏེ་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོད་པ་ཡིན་ན་དཔེ་འདི་ཇི་ལྟར་རུང་བར་འགྱུར་ཞེས་ཟེར་བ་དག་ཀྱང་ཡོད་དེ། དེ་དག་ལ་འདི་སྐད་ཅེས་གཟུགས་དང་གཟུགས་བརྙན་གྱི་རྣམ་པའི་རྣམ་པར་ཤེས་པ་ལས་གཞན་པའི་དོན་བྱེད་པས་རྫས་གཞན་ནི་མེད་དོ། །ཇི་ལྟར་དོན་མེད་ཅེ་ན། དོན་མེད་ཀྱང་རྣམ་པར་


DTG205_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྐྱེ་བ་སྣང་བའི་ཕྱིར་ཏེ། འདི་ལྟར་འདས་པ་དང་མ་འོངས་པ་དང་རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དེའི་རྣམ་པའི་རྣམ་པར་ཤེས་པ་སྐྱེ་བ་སྣང་བ་ལྟ་བུའོ། །ཡང་གཅིག་ཏུ་ན་དོན་མཚུངས་པ་ལ་མོས་པའི་དབང་གིས་རྣམ་པར་རིག་པ་ཐ་དད་པ་དམིགས་པས་ཀྱང་སེམས་ཉིད་གཟུགས་བརྙན་དུ་སྣང་བར་རིགས་ཏེ་ངེས་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་གི་དངོས་པོ་གཅིག་ལ་དུད་འགྲོ་རྣམས་ཀྱིས་ནི་གནས་ཀྱི་རྣམ་པར་མཐོང༌། ཡི་དྭགས་རྣམས་ཀྱིས་ནི་རྣག་གི་རྣམ་པར་མཐོང༌། མི་རྣམས་ཀྱིས་ནི་ཆུའི་རྣམ་པ་ལྟ་བུར་མཐོང་བ་དང༌། ལྷ་རྣམས་ཀྱིས་ནི་ས་གཞི་བཻ་ཌཱུརྻའི་རང་བཞིན་དུ་མཐོང་བ་ལྟ་བུའོ་ཞེས་བརྗོད་པས་བྱའོ། །དེ་ལྟར་མཉམ་པར་གཞག་པའི་ས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་འབའ་ཞིག་སེམས་དང་ཐ་དད་པ་མ་ཡིན་པར་ཟད་དམ། འོན་ཏེ་མཉམ་པར་མ་བཞག་པའི་ས་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པར་སྣང་བ་དེ་ཡང་སེམས་དང་ཐ་དད་པ་མ་ཡིན་སྙམ་པ་དག་གི་ཕྱིར། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ཞུས་ཏེ། གཟུགས་ལ་སོགས་པར་སྣང་བ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྫས་སོ། །སེམས་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སེམས་ལ་སྣང་བར་གྱུར་པའོ། །རང་བཞིན་དུ་གནས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པ་རྣམས་ཀྱི་སྤྱོད་ཡུལ་ཐ་མལ་པར་གནས་པའོ། །བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་སྟེ་ཞེས་བྱ་བ་ནི་བསྟན་པའོ། །བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་སྟེ། དེས་ན་ཅིའི་ཕྱིར་སེམས་ལས་ཐ་དད་པ་ལྟ་བུར་སྣང་སྙམ་པ་ལ། བྱིས་པ་དེ་ཁོ་ན་ཉིད་མ་མཐོང་བ་ལྟ་བ་རབ་རིབ་ཀྱིས་ཉམས་པར་བྱས་པ་རྣམས་ནི་ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡོད་པར་མཐོང་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་པས་ཉོགས་པ་དང༌། རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་


DTG205_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་ཞེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་དང༌། ཞི་གནས་ཀྱི་རྒྱུ་མཚན་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་མི་ཤེས་པ་དེ་རྣམ་པར་གཞིག་ཅིང་རྒྱུ་མཚན་གསུམ་བསྒོམ་པའི་དུས་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྒྱུ་མཚན་གསུམ་བསྒོམ་པའི་དུས་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་འདི་ལ་སྦྱོར་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་དང༌། གཉེན་པོ་འཕེལ་བའི་དུས་ཤེས་པར་བྱ་དགོས་ན། དེ་ལ་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་ངས་ནི་གང༌། ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་ནི་གང༌། བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་ནི་གང་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་དྲུག་ཞུས་པར་སྦྱར་རོ། །ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་བྱ་བས་ནི་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་དུས་གང་ལགས་ཞེས་ཞུས་པ་ཡིན་ནོ། །གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བསྟན་པས་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ལ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཞེས་བྱ་བས་ནི་ལྷག་མཐོང་བསྟན་ཏེ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ཀྱི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང༌། ཤེས་རབ་ཀྱི་སྤྱོད་པ་བཞི་དང༌། སྒོ་གསུམ་དང་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་དེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ནི་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །སེམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་ནི་རྣམ་པ་གཉིས་ཏེ་


DTG205_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྒྱུ་མཚན་དང༌། གཞིའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི་རྒྱུ་མཚན་ནི་ལྷག་མཐོང་ཡིད་ལ་བྱེད་པ་ཐོབ་པའི་རྒྱུ་མཚན་ཏེ། ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའོ། །གཞིའི་རྒྱུ་མཚན་ནི་ལྷག་མཐོང་གི་ལམ་ཡོངས་སུ་དག་པའི་རྒྱུ་སྟེ། ལྷག་མཐོང་གི་སེམས་ཡོངས་སུ་བསྒོམས་ནས་དེའི་འོག་ཏུ་ལྷག་མཐོང་གི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞི་གནས་ཀྱི་སེམས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་གང་ཡིན་པ་སྟེ། སྐབས་འདིར་ནི་དམིགས་པའི་རྒྱུ་མཚན་ཉིད་གཟུང་བར་བྱའོ། །ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་སྒོམ་པའི་དུས་བསྟན་ཏེ། ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་པའི་དུས་སམ། མ་བསྒོམས་པའི་དང་པོའི་དུས་སུ་ནི་ལྷག་མཐོང་སྒོམ་པའི་དུས་ཡིན་ཏེ། དུས་དེར་ལྷག་མཐོང་གི་རྒྱུ་མཚན་དེ་ལྷག་མཐོང་གི་ཕྱོགས་ཡིད་ལ་བྱེད་པ་བཞི་པོ་སྔར་བསྟན་པ་དག་གིས་ཡིད་ལ་བྱས་ན་བྱིང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤོང་ཞིང་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ལ་སོགས་པ་གཉེན་པོ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་བསྒོམ་པ་ལགས་ཞེས་བྱ་བས་ནི་ཞི་གནས་ཀྱི་རྒྱུ་བསྒོམ་པའི་དུས་མཚན་གང་ལགས་ཞུས་པ་ཡིན་ནོ། །གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བསྟན་པས་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ལ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཞེས་བྱ་བས་ནི་ཞི་གནས་བསྟན་ཏེ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་ཞི་གནས་མཚན་མ་དང་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ངོ་བོ་ཉིད་དང་སེམས་གནས་པ་དགུ་དང་སྟོབས་དྲུག་དང་ཡིད་ལ་བྱེད་པ་བཞིའི་རབ་ཏུ་དབྱེ་བ་དང་བཅས་པས་སེམས་རྩེ་གཅིག་ཏུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །བར་ཆད་མེད་པའི་སེམས་ཞེས་བྱ་བས་ནི་ཞི་གནས་ཀྱི་རྒྱུ་མཚན་བསྟན་ཏེ། རྒྱུ་མཚན་ནི་རྣམ་པ་གཉིས་ཏེ། དམིགས་པའི་རྒྱུ་མཚན་དང༌། ཞི་བའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི་རྒྱུ་མཚན་ནི་ཞི་གནས་ཀྱི་ཡིད་ལ་བྱེད་པ་ཐོབ་པའི་རྒྱུ་སྟེ། ཞི་


DTG205_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་དམིགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཡིན་པའོ། །གཞིའི་གཟུགས་བརྙན་ནི་ཞི་གནས་ཀྱི་ལམ་ཡོངས་སུ་དག་པའི་རྒྱུ་སྟེ། ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་ནས་དེའི་འོག་ཏུ་ཞི་གནས་ཀྱི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་མཐོང་གི་སེམས་ཀྱི་མཚན་ཉིད་ལ་སྦྱོར་བ་གང་ཡིན་པ་སྟེ། སྐབས་འདིར་ནི་དམིགས་པའི་རྒྱུ་མཚན་ཉིད་གཟུང་བར་བྱའོ། །ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་བསྟན་ཏེ། སེམས་རྒོད་པར་གྱུར་པའི་དུས་སམ་རྒོད་དུ་དོགས་པའི་དུས་སུ་ནི་ཞི་གནས་བསྒོམ་པའི་དུས་ཡིན་ཏེ། དུས་དེ་ཞི་གནས་ཀྱི་རྒྱུ་མཚན་དེ་ཞི་གནས་ཀྱི་ཕྱོགས་ཀྱི་ཡིད་ལ་བྱེད་པ་བཞི་པོ་སྔར་བསྟན་པ་དག་གིས་ཡིད་ལ་བྱས་ན་རྒོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤོང་ཞིང་ནང་གི་སེམས་རྩེ་གཅིག་པ་ཉིད་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པ་ལ་སོགས་པ་གཉེན་པོ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་གང་ལགས་ཞེས་པ་ཡིན་ནོ། །གང་གི་ཚེ་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བསྟན་པས་བཏང་སྙོམས་གྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་སྟེ། དེ་ལ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བས་ནི་བཏང་སྙོམས་དང་བཏང་སྙོམས་ཀྱི་རྒྱུ་མཚན་བསྟན་ཏེ། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་གནས་སྐབས་ཀྱི་བཏང་སྙོམས་དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ། ཀུན་ནས་ཉོན་མོངས་པའི་སེམས་མཉམ་པ་དང༌། རྣལ་དུ་བབ་པ་དང༌། རང་གི་ངང་གིས་འཇུག་པ་དང༌། སེམས་ཉམས་བདེ་བ་དང༌། སེམས་ལས་སུ་རུང་བའི་རྗེས་སུ་རྩོལ་བ་མེད་པའི་བྱ་བས་གདོད་ཅིང༌། དམིགས་པ་དེ་ལ་རྒྱུན་ཆགས་དུ་བརྩལ་མི་དགོས་པར་སེམས་རྩེ་གཅིག་པ་ཉིད་ལྷུན་གྱིས་གྲུབ་པ་ནི་བཏང་སྙོམས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །རྒྱུ་མཚན་ནི་རྣམ་པ་གཉིས་ཏེ། དམིགས་པའི་རྒྱུ་མཚན་དང༌། གཞིའི་རྒྱུ་མཚན་ནོ། །དེ་ལ་


DTG205_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྒྱུ་མཚན་ནི་བཏང་སྙོམས་ཀྱི་ཡིད་ལ་བྱེད་པ་ཐོབ་པའི་རྒྱུ་སྟེ། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་གང་ཡིན་པའོ། །གཞིའི་རྒྱུ་མཚན་ནི་བཏང་སྙོམས་ཀྱི་ལམ་ཡོངས་སུ་དག་པའི་རྒྱུ་སྟེ། བཏང་སྙོམས་ཀྱི་སེམས་དེ་ཉིད་ཆེས་ཤིན་ཏུ་གོང་ནས་གོང་དུ་ཡོངས་སུ་དག་པར་བྱ་བའི་ཕྱིར་དམིགས་པ་དེ་ཉིད་ལ་རེན་པར་སྤྱོད་ཅིང༌། བརྩོན་འགྲུས་ཧ་ཅང་ལྷག་པར་བརྩོན་པར་མི་བྱེད་པ་གང་ཡིན་པ་སྟེ། སྐབས་འདིར་ནི་དམིགས་པའི་རྒྱུ་མཚན་ཉིད་གཟུང་བར་བྱའོ། །ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་བསྟན་ཏེ། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་བྱིང་བ་དང་རྒོད་པ་མེད་པའི་དུས་སུ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་ཡིན་ཏེ། དུས་དེར་བཏང་སྙོམས་ཀྱི་རྒྱུ་མཚན་དེ་ལྷུན་གྱིས་གྲུབ་པར་ཡིད་ལ་བྱེད་པས་ཡིད་ལ་བྱས་ན་སེམས་ཞུམ་པ་དང་རྒོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐག་རིང་དུ་སྤོང་ཞིང་དངོས་པོའི་མཐའ་དང། དགོས་པ་ཡོངས་སུ་གྲུབ་པས་རབ་ཏུ་ཕྱེ་བ་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བས་ནི་སྔར་ལྷག་མཐོང་གི་དམིགས་པའི་རྒྱུ་མཚན་བསྟན་པ་དེའི་བཤད་པ་ཞུས་པ་ཡིན་ནོ། །བྱམས་པ་ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའི་ཞེས་བྱ་བས་ནི་བཤད་པས། ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཡིན་པར་བསྟན་ཏོ། །བར་ཆད་མ་མཆིས་པའི་སེམས་གང་ལགས་ཞེས་བྱ་བས་ནི་སྔར་ཞི་གནས་ཀྱི་དམིགས་པའི་རྒྱུ་མཚན་བསྟན་པ་དེའི་བཤད་པ་ཞུས་པ་ཡིན་ནོ། །བྱམས་པ་ཞི་གནས་ཀྱི་དམིགས་པ་གཟུགས་བརྙན་ལ་དམིགས་པའི་སེམས་གང་ཡིན་པའོ་ཞེས་བྱ་བས་ནི་བཤད་པས་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་བཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། བར་ཆད་མེད་པའི་སེམས་ཞེས་བྱ་བས་ནི་དེ་ལ་


DTG205_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་པར་ལྷག་མཐོང་འབྱུང་བ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ཞི་གནས་ཀྱི་སེམས་ཉིད་ཡིན་པར་བསྟན་ཏོ། །སེམས་རྩེ་གཅིག་པ་ཉིད་གང་ལགས་ཞེས་བྱ་བས་ནི་སྔར་བཏང་སྙོམས་ཀྱི་དམིགས་པའི་རྒྱུ་མཚན་བསྟན་པ་དེའི་བཤད་པ་ཞུས་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དེ་རྟོགས་ནས་ཀྱང་དེ་བཞིན་དུ་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བས་ནི་བཤད་པས་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བས་དམིགས་པ་གཅིག་ཏུ་གྱུར་པ་སྟེ། གཟུགས་བརྙན་རྣམ་པ་གཉིས་ཀྱི་དམིགས་པ་ལས་ཡང་དག་པར་འདས་ནས། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་གཅིག་ལ་ཟུང་དུ་འབྲེལ་པའི་སེམས་སོ། །དེ་ལྟར་རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་དེ་རྣམ་པར་བཤིག་ཅིང་རྒྱུ་མཚན་གསུམ་བསྒོམ་པའི་དུས་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྒྱུ་མཚན་གསུམ་བསྒོམ་པའི་དུས་ཤེས་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་གཞི་ཐ་དད་པ་ལས་བྱུང་བ་དང༌། རྣམ་པ་ཐ་དད་པ་དང༌། གནས་སྐབས་ཐ་དད་པ་དུ་མ་ཡོད་པས་རྣལ་འབྱོར་པས་དེ་དག་ཐམས་ཅད་ཡོངས་སུ་ཤེས་པར་བྱ་ཞིང་ཀུན་ཆུབ་པར་བྱ་དགོས་པ་ཡིན་ན། དེ་དག་ལ་འགའ་ཙམ་ཞིག་ཡོངས་སུ་ཤེས་པར་བྱས་ཤིང་ཀུན་ཆུབ་བར་བྱས་པས་ཆོག་པར་འཛིན་པ་ནི་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཞེས་བྱའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དེ་རྣམ་པར་


DTG205_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་ཅིང༌། ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་གཞི་གང་ལས་བྱུང་བ་རྣམ་པ་དུ་ཡོད་གནས་སྐབས་གང་དག་ན་ཡོད་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་ལ་སོགས་པ་ཞུབ་རྣམ་པ་གཉིས་ཞུས་པར་སྦྱར་རོ། །བྱམས་པ་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་ལྷག་མཐོང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །མཚན་མ་ལས་བྱུང་བ་དང༌། ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་སོར་རྟོག་པ་ལས་བྱུང་བའོ་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱི་སྒོ་གསུམ་པོ་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་དང༌། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང༌། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཞེས་ཇི་སྐད་བསྟན་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ཡང་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་ཡིན་ནོ། །ཡང་དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། ལམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། དྲི་མ་མེད་པས་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡང་ཡིན་ཏེ། དེ་ལ་དམིགས་པ་རྣམ་པར་དག་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དམ་པའི་ཆོས་ཐོས་པ་དང༌། གཟུང་བ་འམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཉམ་པར་གཞག་པའི་ས་པ་ཡིད་ལ་བྱེད་པ་དམིགས་པའོ། །ལམ་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ལ་དམིགས་པ་རྣམ་པར་དག་པས་དམིགས་པར་བྱེད་ཅིང༌། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པའི་ལམ་མོ། །དྲི་མ་མེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ལ་


DTG205_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྣམ་པར་དག་པས་བསམས་ཤིང་བརྟགས་ལ་གཞལ་ཞིང༌། ཉེ་བར་བརྟགས་ནས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་ན། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་སེམས་རྣམ་པར་གྲོལ་བའོ། །རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཚེ་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ཤེས་རབ་རྣམ་པར་གྲོལ་བའོ། །ཡང་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པའི་མཚན་མ་ལས་བྱུང་བ་དང༌། འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །མཚན་མ་ལས་བྱུང་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ལྷག་མཐོང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་རྣམ་པ་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། །།ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ། དེ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་ཐོས་པ་ལས་བྱུང་བ་དང༌། དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་མཚན་མའི་རིགས་པ་ལས་བྱུང་བ་ཡིན་ནོ། །དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བས་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་བསམས་པ་ལས་བྱུང་བ་དང༌། ལམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །དེ་ལ་དེ་དང་དེར་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་གཟུགས་བརྙན་དེ་དང་དེ་ལའོ། ཤེས་རབ་ཀྱིས་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བ་དང༌། ལམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ཤིན་ཏུ་ལེགས་པར་མ་


DTG205_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པར་མ་གྱུར་པའི་གཟུགས་བརྙན་གྱི་ཆོས་དེ་དག་ཉིད་དོ། །དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་བདེ་བ་དང་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བས་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་བསྒོམས་པ་ལས་བྱུང་བ་དང༌། དྲི་མ་མེད་པར་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །དེ་ལ་དེར་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་དོན་རྣམ་པར་རིག་པ་ཙམ་ཉིད་ཀྱིས་རབ་ཏུ་ཕྱེ་བ་སེམས་ཀྱི་ངོ་བོ་ཉིད་དེ་དང་དེ་ལའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བ་དང༌། དྲི་མ་མེད་པ་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོག་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ཆོས་རྣམས་ལའོ། །རྣམ་པར་གྲོལ་བས་ཞེས་བྱ་བས་ནི་དྲི་མ་མེད་པ་རྣམ་པར་དག་པ་སེམས་རྣམ་པར་གྲོལ་བ་དང༌། རང་བཞིན་རྣམ་པར་དག་པ་ཤེས་རབ་རྣམ་པར་གྲོལ་བས་སོ། །ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཐོབ་པས་རབ་ཏུ་ཕྱེ་བ་སྤངས་པ་ཕུན་སུམ་ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་རོ། །བར་ཆད་མེད་པའི་སེམས་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་ཏེ། དེ་ལ་བར་ཆད་མེད་པར་ལྷག་པར་ལྷག་མཐོང་འབྱུང་བའི་ཕྱིར་རོ། །དེའི་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་དེའི་རྗེས་སུ་ལྷག་མཐོང་འབྲང་བས་སོ། །དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་དེའི་རྗེས་སུ་འབྲང་བ་ལྟག་མཐོང་རྣམ་པ་གསུམ་ཡོད་པས་དེའི་སྔོན་དུ་འགྲོ་བ་ཞི་གནས་ཀྱི་སེམས་དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཞི་གནས་དང་མཚན་མ་ལས་བྱུང་བ་དང༌། ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་


DTG205_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པ་ལས་བྱུང་བ་རྣམ་པ་གསུམ་ཡོད་པར་བརྗོད་པར་བྱའོ། །འདིར་བསྟན་པ་དང་བཤད་པས་ཞི་གནས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པ་ཡང་ལྷག་མཐོང་ལས་བཟློག་པའི་ཚུལ་གྱིས་ཅི་རིགས་པར་རིག་པར་བྱ་སྟེ། དེ་དག་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་གཞི་གང་ལས་བྱུང་བ་དང༌། རྣམ་པ་དུ་ཡོད་པ་བསྟན་པ་ཡིན་ནོ། །ཡང་ཞི་གནས་ནི་རྣམ་པ་བརྒྱད་དེ་ཞེས་བྱ་བ་དང༌། ཡང་རྣམ་པ་བཞི་སྟེ་ཞེས་བྱ་བས་ནི་བསམ་གཏན་དང༌། གཟུགས་མེད་པའི་རབ་ཏུ་དབྱེ་བས་ནང་དུ་བསྡུས་པ་རྣམ་པ་བརྒྱད་ཡོད་པའི་ཕྱིར་དང༌། ཚད་མེད་པ་བཞི་ཡང་གནོད་སེམས་ལ་སོགས་པ་སེམས་ཡོངས་སུ་གདུང་བའི་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞི་གནས་གཙོ་ཆེར་རྣམ་པར་བཤད་པར་ཟད་ཀྱི། དེ་དག་གི་རྗེས་སུ་འབྲང་བའི་ལྷག་མཐོང་ཡང་རྣམ་པ་དེ་སྙེད་ཡོད་པ་ཡིན་པས། དེ་དག་གིས་ནི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་གནས་སྐབས་གང་དག་ན་ཡོད་པ་བསྟན་པ་ཡིན་ཏེ། དེ་ལྟར་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དེ་རྣམ་པར་གཞིག་ཅིང་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཅུང་ཟད་ཙམ་གྱིས་ཆོག་བར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དབང་པོ་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དཀའ་བའི་ལམ་སྟེ། སྐབས་འདིར་བྱང་ཆུབ་སེམས་དཔའ་ཆོས་ལ་མི་གནས་པའི་ཞི་གནས་དང༌། ལྷག་མཐོང་ལ་བརྟེན་ནས་དད་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོར་གདགས་པ་གང་ཡིན་པའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་དབང་པོ་ཡོངས་སུ་ཉམས་པ་དེ་རྣམ་པར་གཞིག་ཅིང༌། དབང་པོ་ཡོངས་སུ་མ་ཉམས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་


DTG205_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་དབང་པོ་ཡོངས་སུ་མ་ཉམས་པར་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་བ་དགའ་བའི་ལམ་ཡང་ཡོད་ན། དེ་དག་གི་བྱེ་བྲག་ཇི་ལྟར་ཤེས་པར་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་ཆོས་ལ་གནས་པ་ཞེས་ཀྱང་བགྱི། ཆོས་ལ་མི་གནས་པ་ཞེས་ཀྱང་བགྱི་ན། ཆོས་ལ་གནས་པ་ནི་གང་ལགས། ཆོས་ལ་མི་གནས་པ་ནི་གང་ལགས་ཞེས་བྱ་བ་ཞུས་པར་སྦྱར་རོ། །བྱམས་པ་ཇི་ལྟར་གཟུང་བ་དང་བསམ་པའི་ཆོས་ཀྱི་མཚན་མའི་རྗེས་སུ་འབྲང་བས། དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པས་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་ཇི་ལྟར་གཟུང་བ་དང་བསམ་པའི་ཆོས་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དག་བདག་ཉིད་ཀྱི་རྐྱེན་གྱི་སྟོབས་ཀྱིས་ལེགས་པར་ཐོབ་པ་ལ་སོགས་པའོ། །མཚན་མའི་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ལ་སོགས་པའི་མཚན་མའི་འོ། །རྗེས་སུ་འབྲང་བས་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ །དོན་ལ་ཞེས་བྱ་བ་ནི་དོན་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཆོས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་གི་གང་ཡིན་པ་དེ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཟུང་བ་དང་བསམས་པའི་ཆོས་ལ་མི་ལྟོས་པར་ཞེས་བྱ་བ་ནི་དེས་བདག་ཉིད་ཀྱི་རྐྱེན་གྱི་སྟོབས་ཀྱིས་ཆོས་གདགས་པ་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དེ་དག་གཟུང་བ་ལ་སོགས་པར་མི་ནུས་པས་མདོའི་སྡེ་ལ་སོགས་པའི་ཆོས་གཟུང་བ་དང་བསམས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་འཇུག་པ་ཡིན་གྱི་རང་གི་རྐྱེན་གྱི་སྟོབས་ཀྱིས་ནི་མ་ཡིན་པའོ། །གདམས་ངག་ཅེས་བྱ་བས་ནི་རྟོགས་པར་བྱ་བའི་ངག་སྟེ། དང་པོ་ལུང་ཕོག་པའོ། །རྗེས་སུ་བསྟན་པ་ཞེས་བྱ་བ་ནི་རྟོགས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་རྗེས་སུ་བསྟན་པའོ། །དོན་


DTG205_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་དེ་ལྟར་གཞན་གྱིས་གདམས་པ་དང་རྗེས་སུ་བསྟན་པ་དེའི་དོན་རྟོགས་པར་བྱ་བའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་ཆོས་བཟུང་བའི་སྟོབས་ཀྱིས་འཇུག་པ་མ་ཡིན་པས་ཆོས་རྣམས་ལ་ངེས་པ་མེད་པའི་ཕྱིར་ཆོས་ལ་གནས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །བྱམས་པ་དེ་ལ་ང་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཆོས་གནས་པའི་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོ་རྣོན་པོར་འདོགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཇི་ལྟར་ཐོས་པ་དང་གཟུང་བའི་ཆོས་ཀྱི་རྗེས་སུ་འབྲང་བ་ནི་རང་གི་བློའི་སྟོབས་ཀྱིས་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་བརྟན་པར་སྐྱེས་པ་ལ་བསྒོམས་པ་ཡིན་པས་ཕྱིར་མི་ལྡོག་ཅིང་མྱུར་བ་ཁོ་ནར་ཟུང་དུ་འབྲེལ་པས་འཇུག་པ་མངོན་པར་ཤེས་པ་མྱུར་བར་བདེ་བའི་ལམ་ཐོབ་པའི་ཕྱིར་རོ། །དེ་ལ་ནི་དབང་པོ་རྣོན་པོར་འདོགས་སོ་ཞེས་བསྟན་ཏོ། །ཆོས་ལ་མི་གནས་པ་ལ་བརྟན་ནས་དད་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོར་འདོགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་དང་པོ་ཉིད་ནས་མདོའི་སྡེ་ལ་སོགས་པའི་ཆོས་ཉན་པ་དང༌། འཛིན་པར་མི་ནུས་པ་ནི་དད་པས་གཞན་གྱི་རྐྱེན་གྱིས་འཇུག་པའི་སྒོ་ནས་ཞི་གནས་དང་ལྷག་མཐོང་གི་ལམ་ཐོབ་ཀྱང་གཞན་དག་གིས་གཡོ་ཞིང་ཟུང་དུ་འབྲེལ་བའི་ལམ་མྱུར་དུ་མི་ཐོབ་པས་མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ལ་གནས་པ་ཡིན་པའི་ཕྱིར་དེ་ལ་ནི་དབང་པོ་རྟུལ་པོར་འདོགས་སོ་ཞེས་བསྟན་ཏོ། །དེ་ལྟར་དབང་པོ་ཡོངས་སུ་ཉམས་པ་དེ་རྣམ་པར་གཞིག་ཅིང་དབང་པོ་ཡོངས་སུ་མ་ཉམས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་དབང་པོ་ཡོངས་སུ་མ་ཉམས་པར་གདགས་པ་གཏན་ལ་དབབ་པར་བསྟན་པ་ནི་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་དགེ་བའི་འཕེལ་བ་ཆུད་མི་ཟ་བར་


DTG205_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དགེ་བ་འཕེལ་བ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་མ་འདྲེས་པའི་ཆོས་ལ་དམིགས་པ་དང༌། འདྲེས་པའི་ཆོས་ལ་དམིགས་པ་དང༌། འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་དང༌། འདྲེས་པ་ཆེན་པོའི་ཆོས་ལ་དམིགས་པ་དང༌། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པའི་རིམ་གྱིས་གོང་ནས་གོང་དུ་ལུང་དང་རྟོགས་པའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་མངོན་པར་འཕེལ་བར་འགྱུར་རོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་དགེ་བ་འཕེལ་བས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱེད་པའི་བསྟན་པ་དང་བཤད་པས་དགེ་བའི་འཕེལ་བ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེའི་དམིགས་པ་ཡང་མ་འདྲེས་པའི་ཆོས་དང༌། འདྲེས་པའི་ཆོས་དང༌། འདྲེས་པ་ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་ན། དེ་དག་གི་རབ་ཏུ་དབྱེ་བ་ནི་ཇི་ལྟ་བུ་ཡིན། བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་གྱིས་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་པར་འགྱུར། ས་གང་ལ་ནི་དེ་རྟོགས་ཤིང་ཐོབ་པར་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ན་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་བཞི་ཞུས་པར་སྦྱར་རོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པ་གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བ་དང་བསམ་པ་རྣམས་ཀྱི་ནང་ནས་ཞེས་བྱ་བའི་ཐ་ཚིག་གོ །མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པའི་ཞེས་བྱ་བས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ལས་ཡན་ལག་གང་ཡང་རུང་བ་ཅིག་གི་རྣམ་གྲངས་སམ། མཚན་


DTG205_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། ངེས་པའི་ཚིག་གམ། རབ་ཏུ་བྱེད་པ་སྣ་གཅིག་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་ནི་གསུང་རབ་ན་ཡང་མ་འདྲེས་ལ་གཅིག་གི་ཡང་ཆོས་ཐམས་ཅད་འདྲེས་པ་མ་ཡིན་པའི་ཕྱིར་མ་འདྲེས་པའི་ཆོས་ལ་དམིགས་པ་ཡིན་པར་སྟོན་ཏོ། །གལ་ཏེ་མདོའི་སྡེ་ལ་སོགས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་གཅིག་ཏུ་བསྲེས་ཏེ་ཐམས་ཅད་རོ་གཅིག་པ་ཉིད་དུ་དམིགས་པ་ནི་འདྲེས་པའི་ཆོས་ལ་དམིགས་པ་ཡིན་པར་སྟོན་ཏོ། གཅིག་ཏུ་བཟླུམས་བ་དང༌། གཅིག་ཏུ་བསྡུ་བ་དང༌། གཅིག་ཏུ་བརྟུལ་བ་དང༌། ཕུང་པོ་གཅིག་ཏུ་བྱས་ཏེ་ཞེས་བྱ་བས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཐམས་ཅད་གཅིག་ཏུ་བསྲེས་ནས་དེ་དག་སྤྱིའི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བའི་སྡེ་ཚན་བཞི་ཚོམས་བཞིར་བསྡུ་བ་བསྟན་ཏེ་གོ་རིམས་བཞིན་ནོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ནི་སྡེ་ཚན་བཞི་ཚོམས་བཞིར་བསྡུས་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད་དང༌། བྱང་ཆུབ་དང༌། མྱ་ངན་ལས་འདས་པ་དག་གནས་གྱུར་པ་ལ་གཞོལ་བ་དང༌། འབབ་པ་དང༌། བབ་པར་རོ་གཅིག་པ་ཉིད་དུ་དམིགས་པས་སྟོན་ཏོ། །དེ་ལ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །གཞོལ་བ་དང༌། འབབ་པ་དང་བབ་པ་ཞེས་བྱ་བ་ནི་ཕྱོགས་དང་མཐུན་པར་གྱུར་བ་དང༌། ངོ་བོ་ཉིད་དུ་གྱུར་པ་སྟེ། རོ་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་རྣམ་པ་གཅིག་ཏུ་ན་རྣལ་འབྱོར་པའི་ཤེས་རབ་རྣམ་གསུམ་གྱིས་མཐོང་བའི་རིམ་པར་ཡང་བཤད་དོ། །རྣལ་འབྱོར་བས་སེམས་བསྐྱེད་དང༌། མོས་པས་སྤྱོད་པ་ལ་གནས་པ་དང༌། སར་ཆུད་པའི་གནས་སྐབས་སུ་ཐོབ་པའི་བྱེ་བྲག་ཏུ་ཡང་བཤད་དོ། །བྱང་ཆུབ་ཅེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདུས་མ་བྱས་པའི་དབྱིངས་སོ། །གནས་གྱུར་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རོ་གཅིག་པའི་ཆོས་དེ་དག་ཐམས་ཅད་ལུང་དང་རྟོགས་པའི་ཆོས་དགེ་བ་དཔག་ཏུ་མེད་པ་དག་མངོན་སུམ་དུ་བརྗོད་པ་དང་འདྲ་བར་མངོན་དུ་སྣང་བ་དང༌།


DTG205_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དང༌། སྟོན་པར་བྱེད་པའི་སྒོ་ནས་དགེ་བ་འཕེལ་བར་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །དགེ་བའི་ཆོས་ཞེས་བྱ་བ་ནི་ལུང་གི་གནས་སྐབས་ན་ལམ་གྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་དགེ་བ་ཡང་ཡིན་ལ་མི་དགེ་བའི་གཉེན་པོ་ཡང་ཡིན་པས་ལམ་གྱི་ངོ་བོ་ཉིད་དགེ་བ་དང༌། རྟོགས་པའི་གནས་སྐབས་ན་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་དགེ་བ་ཡང་ཡིན་ལ། ཉོན་མོངས་པ་དང་བྲལ་བ་ཡང་ཡིན་པས་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དགེ་བ་དག་གོ །དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་དགེ་བའི་ཆོས་ཀྱི་དབྱིངས་ལ་ཡོངས་སུ་བཅད་དུ་མེད་པའི་ཕྱིར་རོ། །གྲངས་མེད་པ་དག་ཅེས་བྱ་བ་ནི་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཕྱིར་ཏེ། གྲངས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་དུ་བརྗོད་པ་དང་འདྲ་བར་མངོན་སུམ་དུ་སྣང་བར་བྱེད་གསལ་བར་བྱེད་སྟོན་པར་བྱེད་པའི་སྒོ་ནས་དགེ་བ་འཕེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདྲེས་པའི་ཆོས་ལ་དམིགས་པ་རྣམས་ཀྱི་ཆུང་ངུ་དང་ཆེན་པོར་གྱུར་པ་དང༌། ཚད་མེད་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་ཞུས་ཏེ་འདི་མན་ཆད་ཀྱིས་ནི་བཤད་པས་དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །བྱམས་པ་མདོའི་སྡེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ལས་གང་ཡང་རུང་བ་ཅིག་གི་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་ཐམས་ཅད་དང་པོ་དང༌། བར་དང༌། ཐ་མ་ཚར་ཕྱིན་པས་གཅིག་ཏུ་བཟླུམས་ཏེ་སྔ་མ་བཞིན་དུ་ཆོས་འདི་ནི་དེ་བཞིན་ཉིད་དང༌། བྱང་ཆུབ་དང༌། མྱ་ངན་ལས་འདས་པ་དང༌། གནས་གྱུར་པ་ལ་གཞོལ་བ་འབབ་པ་བབ་པ་སྟེ། ཆོས་འདི་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ཡིན་ནོ་སྙམ་དུ་རོ་གཅིག་པར་ཡིད་ལ་བྱེད་པའི་ཞི་གནས་དང༌། ལྷག་མཐོང་ནི་འདྲེས་པའི་ཆོས་ལ་དམིགས་པ་ཡིན་ལ་ཆོས་མཐའ་དག་ལ་དམིགས་པ་ཡིན་པའི་ཕྱིར་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན་པར་རིག་བར་བྱའོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པ་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་


DTG205_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བཅུ་གཉིས་པོ་དག་ལས་གང་ཡང་རུང་བ་གཉིས་སམ་གསུམ་མམ་བཅུ་གཉིས་མན་ཆད་ཇི་སྙེད་བཟུང་བ་དང༌། བསམ་པ་དག་གི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་ཐམས་ཅད་དང་པོ་དང༌། བར་དང༌། ཐ་མ་ཚར་ཕྱིན་པར་གཅིག་ཏུ་བཟླུམས་ཏེ། སྔ་མ་བཞིན་དུ་ཆོས་འདི་དག་ནི་དེ་བཞིན་ཉིད་དང༌། བྱང་ཆུབ་དང༌། མྱ་ངན་ལས་འདས་པ་དང༌། གནས་གྱུར་པ་ལ་གཞོལ་པ་འབབ་པ་བབ་པ་དག་སྟེ་ཆོས་འདི་དག་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་ཞི་གནས་དང༌། ལྷག་མཐོང་ནི་འདྲེས་པའི་ཆོས་ལ་དམིགས་པ་ཡང་ཡིན་ལ། ཆོས་མང་པོ་ལ་དམིགས་པ་ཡང་ཡིན་པའི་ཕྱིར་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་དང༌། དེ་དག་གི་རབ་ཏུ་དབྱེ་བ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚད་མེད་པ་ལ་སོགས་པ་ཐམས་ཅད་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་ཐམས་ཅད་དང་པོ་དང༌། བར་མ་དང༌། ཐ་མ་ཚར་ཕྱིན་པར་གཅིག་ཏུ་བཟླུམས་ཏེ་སྔ་མ་བཞིན་དུ་ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་དང༌། བྱང་ཆུབ་དང༌། མྱ་ངན་ལས་འདས་པ་དང༌། གནས་གྱུར་པ་ལ་གཞོལ་བ་འབབ་པ་བབ་པ་དག་སྟེ། ཆོས་འདི་དག་ཐམས་ཅད་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་རོ་གཅིག་པར་ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཐམས་ཅད་དང༌། དེ་དག་གི་རབ་ཏུ་དབྱེ་བ་ཐམས་ཅད་ལ་དམིགས་པ་ཡིན་པའི་ཕྱིར་འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་ཆོས་བསྟན་པ་ཚད་མེད་པ་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་དམིགས་པ་ཐམས་ཅད་ཀྱི་ཕྱིར་སྒོ་ཐམས་ཅད་དང་དུས་ཐམས་ཅད་དུ་འདུལ་བའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་མགུ་བར་བྱེད་པས་འཇུག་པ་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་རེ་རེ་ལ་ཡང་ཚད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། གསུང་རབ་ཏུ་གཏོགས་པ་རེ་རེ་


DTG205_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཚད་མེད་པར་སྦྱར་རོ། །གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་པ་རྣམས་ཞེས་བྱ་བ་ནི་འདུལ་བའི་ཞིང་གི་རྡུལ་སྙེད་པོ་བསམ་པ་ཐ་དད་པ། མོས་པ་ཐ་དད་པ། ཐེ་ཚོམ་ཐ་དད་པ། སྐད་ཐ་དད་པ་རྣམས་ཀྱིས་དུས་གཅིག་ཏུ་སོ་སོ་ནས་བསྐལ་པའི་ཞིང་གི་རྡུལ་སྙེད་དུ་ཞུ་བཞུས་ཀྱང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཅིག་ཅར་རློན་པར་དེ་ལྟ་བུའི་ཤེས་རབ་དང་སྤོབས་པ་ཕྱི་མའི་མཐའི་མུར་ཐུག་པའི་བར་དུ་གོང་ནས་གོང་དུ་ཚད་མེད་པ་རྣམས་སོ། །དེ་ལ་དགེ་བ་འཕེལ་བའི་རིགས་པ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གིས་ཀྱང༌། ལུང་དང་རྟོགས་པའི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་འཕེལ་བར་འགྱུར་མོད་ཀྱི། དེ་བས་ཀྱང་འདྲེས་པ་ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པའི་ཆོས་ལ་དམིགས་པ་དག་གོང་ནས་གོང་དུ་ཆེས་ཤིན་ཏུ་ཁྱད་པར་དུ་འཕེལ་བར་རིག་པར་བྱའོ། །དེ་འཐོབ་པའི་རྒྱུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །བྱམས་པ་དེ་ནི་རྒྱུ་ལྔ་ལས་ཐོབ་པར་འགྱུར་བར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་ལྔ་པོ་དེ་དག་གང་གི་ཚེ་ཐོབ་པ་དེའི་ཚེ་ན་དེ་ཡང་ཐོབ་བར་བརྗོད་པར་བྱའོ་ཞེས་སྟོན་ཏོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པ་བྱེད་པ་དང་ཞེས་བྱ་བ་ལ་གནས་ངན་ལེན་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བའི་གནས་ངན་ལེན་དང༌། ལྟ་བའི་རྣམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བའི་གནས་ངན་ལེན་ཏེ། དེའི་རྟེན་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ནི་གནས་ངན་ལེན་དེ་དག་གི་གཉེན་པོ་ཡིན་པའི་ཕྱིར་དེ་ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་དེ་དག་གི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་འཇིག་པར་བྱེད་དོ། །འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང་ཞེས་བྱ་བ་ནི་གནས་ངན་ལེན་གྱི་སྒྲིབ་པ་དང་བྲལ་བའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་ཐོབ་པས་འདུ་ཤེས་སྣ་ཚོགས་དང་བྲལ་བ་སེམས་རྩེ་གཅིག་པ་ཉིད་ཀྱི་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པའོ། །ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་


DTG205_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་ཤེས་པ་དང་ཞེས་བྱ་བའི་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་ཐོབ་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ལྷག་མཐོང་གི་ཤེས་པ་སྐྱེ་བའོ། །དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་དུ་འབྱུང་བ་དང་ཞེས་བྱ་བ་ལ་དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བྱ་བ་ཡོངས་སུ་གྲུབ་པ་དང་ལྡན་ཞིང་གང་ཟག་དང་ཆོས་ཀྱི་རྣམ་པའི་ལྟ་བ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཆ་ཞེས་བྱ་བ་ནི་རྟོག་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ། །དེ་དང་མཐུན་པའི་མཚན་མ་ནི་དེ་ཐོབ་པའི་རྒྱུ་སྟེ། ཟུང་དུ་འབྲེལ་པས་འཇུག་པའི་ལམ་གྱི་དམིགས་པ་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པ་རྣམ་པར་མ་བརྟགས་པས་གཟུགས་བརྙན་ལས་འདས་པ་ལྷུན་གྱིས་གྲུབ་པའི་སས་བསྡུས་པ་དག་རང་གི་ངང་གིས་ཀུན་དུ་འབྱུང་བའོ། །ཆོས་ཀྱི་སྐུ་ཐོབ་པ་དང༌། ཡོངས་སུ་རྫོགས་པ་དང༌། ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་རྒྱུ་གོང་མ་བས་ཆེས་གོང་མ། བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པའོ་ཞེས་བྱ་བ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྟོགས་པའི་ཆོས་ཀྱི་སྐུ་དང༌། བཤད་པའི་ཆོས་ཀྱི་ཚོགས་སོ། །དེ་འཐོབ་པས་ནི་གསུམ་པ་ལ་སྟེ། ས་དང་པོ་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་གཉིས་པ་ལ་ཡོངས་སུ་སྦྱང་བ་བྱས་པའི་རྒྱུས་ས་གསུམ་པ་ལ་མི་ཉམས་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་དང༌། ཐོས་པའི་གཟུངས་ཐོབ་པའི་ཕྱིར་རྟོགས་པའི་ཆོས་ཀྱི་སྐུ་དང༌། བཤད་པའི་ཆོས་ཀྱི་ཚོགས་ཐོབ་པ་ཡིན་ནོ། །ཡོངས་སུ་རྫོགས་པའི་ས་བཅུ་པ་ལ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བའི་ཕྱིར་དང༌། ཆོས་ཀྱི་སྤྲིན་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ནི་དེ་བཞིན་གཤེགས་པའི་ས་ལ་སྟེ། མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པའི་ངེས་པར་འབྱུང་བའི་ལམ་མོ། །གོང་མ་བས་ཆེས་གོང་མ། བཟང་པོ་བས་ཆེས་བཟང་པོ་ཞེས་བྱ་བ་ནི་འཐོབ་པའི་རྒྱུ་བས་ཡོངས་སུ་རྫོགས་པའི་རྒྱུ་དང༌། ཡོངས་སུ་རྫོགས་པའི་རྒྱུ་བས་ཡོངས་སུ་གྲུབ་


DTG205_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་གོང་མ་བས་ཆེས་གོང་མ་དང༌། བཟང་པོ་བས་ཆེས་བཟང་པོ་ཡིན་ཏེ། ས་བཅུའི་མདོ་ལས་གསེར་གྱི་དཔེས་བསྟན་པ་ལྟ་བུའོ། །རྒྱུ་ལྔ་པོ་དེ་དག་དུས་གཅིག་ཏུ་འཐོབ་པར་ངེས་པ་ནི་མེད་དོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་ས་གང་ལ་རྟོགས་ཤིང་ཐོབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །ས་དང་པོ་རབ་ཏུ་དགའ་བ་ལ་ནི་རྟོགས་པ་ཡིན་ལ་ཞེས་བྱ་བ་ནི་དེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་དོན་རྟོགས་པའི་ཕྱིར་རོ། །ས་གསུམ་པ་འོད་བྱེད་པ་ལ་ནི་ཐོབ་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐམས་ཅད་ཐོབ་པའི་ཕྱིར་རོ། །ལས་དང་པོ་པ་དག་རྗེས་སུ་གཟུང་བའི་ཕྱིར། བྱམས་པ་དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་བ་མི་བཏང་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་དགེ་བ་འཕེལ་བས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་དགེ་བ་འཕེལ་བ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྟོག་པ་དང་གཡོ་བ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །གཉེན་པོ་དང་བཅས་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དེའི་གཉེན་པོ་སྟེ། རྟོག་པ་དང་བཅས་པའི་གཉེན་པོ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཏོ། །དཔྱོད་པ་དང་བཅས་པའི་གཉེན་པོ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་དང་རྟོག་པ་དང༌། གཡོ་བ་གཉེན་པོ་དང་བཅས་པ་


DTG205_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེས་ནི་མཉམ་པར་གཞག་པའི་ས་སྙོམས་པར་འཇུག་པ་དང༌། སྐྱེ་བ་དང་བཅས་པ་ཐམས་ཅད་རབ་ཏུ་ཕྱེ་བ་ཡིན་ལ། ས་དེ་དག་ནི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་པ་ཡིན་ན་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ཇི་ལྟར་ཏིང་ངེ་འཛིན་གསུམ་དུ་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང༌། ལྷག་མཐོང་རྟོག་པ་དང་བཅས་ཤིང༌། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་གྱུར་པ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པར་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གསུམ་གྱི་རྣམ་གྲངས་དང་པོས་ནི་བསྟན་པས་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། རྣམ་གྲངས་འོག་མས་ནི་བཤད་པས་དེ་བསྟན་པར་རིག་པར་བྱའོ། །དེ་ལ་བྱམས་པ་ཇི་ལྟར་བཟུང་ཞིང་བརྟགས་པ་ངང་དཔྱད་པའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་ཆོས་གདགས་པ་རྣམ་པར་གཞག་པ་ཇི་ལྟར་གཟུང་བ་དེ་དག་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ་ནི་མི་ལྕོགས་པ་མེད་པ་དང༌། དངོས་གཞི་གང་ཡང་རུང་བ་ལ་བརྟེན་ཏེ་རྟོག་པ་དང་དཔྱོད་པ་གཉིས་ཀ་དང་མཚུངས་པར་ལྡན་པའི་མོས་པ་ཡིད་ལ་བྱེད་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་བའི་གཟུགས་བརྙན་གྱི་དམིགས་པ་རགས་པ་ཐོབ་པ་ལ་རྗེས་སུ་དཔྱོད་པའི་ཞི་གནས་དང༌། ལྷག་མཐོང་གི་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ་དེ་ཉིད་ཀྱི་ས་པ་ཡིན་པས་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཇི་ལྟར་གཟུང་ཞིང་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་གཟུང་བའོ། །བརྟགས་པ་དང་དཔྱད་པ་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ་མི་ལྕོགས་པ་མེད་པ་དང༌། དངོས་གཞི་གང་ཡང་རུང་བ་ལ་བརྟེན་ཏེ། ཆོས་དེ་དག་ལ་རྟོག་པ་དང་དཔྱོད་པ་གཉི་ག་དང་


DTG205_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་པའི་མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡིད་ལ་བྱས་པའོ། །དེ་དག་གི་མཚན་མ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འཐོབ་པའི་དུས་ན་གཟུགས་བརྙན་རྣམ་གཉིས་ཀྱི་མཚན་མ་བློ་ལ་སྣང་བའོ། །གསལ་ཞིང་རགས་པ་མྱོང་བ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རྟོག་པ་དང་བཅས་པའི་ས་པའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །རྗེས་སུ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་དེ་ཉིད་བསམ་གཏན་དང་པོའི་དཔྱོད་པ་དང་བཅས་པའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བས་ནི་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པའི་ས་པའི་ཞི་གནས་དང༌། ལྷག་མཐོང་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་པར་བསྟན་ཏོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གདགས་པ་རྣམ་པར་གཞག་པ་ཇི་ལྟར་གཟུང་བ་དེ་དག་ཉིད་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་འབའ་ཞིག་ལ་བརྟེན་ཏེ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དུ་མཚུངས་པར་ལྡན་པའི་མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་བའི་གཟུགས་བརྙན་གྱི་དམིགས་པ་ཆ་ཕྲ་མོ་ཐོས་པ་ལ་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་ནི་བསམ་གཏན་ཁྱད་པར་ཅན་དེ་ཉིད་ཀྱི་ས་པ་ཡིན་པས་ན་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ། །དེ་ལས་མཚན་མ་གསལ་ཞིང་རགས་པ་མྱོང་བའི་རྗེས་སུ་དཔྱོད་པ་མ་ཡིན་གྱི་ཞེས་བྱ་བ་ནི་དམིགས་པ་རྗེས་སུ་ཚོལ་བའི་དུས་ན་བསམ་གཏན་ཁྱད་པར་ཅན་ལ་བརྟེན་ཏེ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་མཚུངས་པ་དང་ལྡན་པའི་མོས་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱས་པ་ལས་བྱུང་བའི་ཕྱིར་གཟུགས་བརྙན་ཡིན་པའི་ཕྱིར་རོ། །དེ་སྣང་བ་ལ་ཕྱིས་དྲན་པ་ཙམ་ཕྲ་མོ་མྱོང་བ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་འབའ་ཞིག་ལ་བརྟེན་ཏེ་ཡིད་ལ་བྱེད་པའི་ཐོབ་པའི་གཟུགས་བརྙན་དེ་ནི་རྟོག་པ་མེད་པའི་ཕྱིར་ཆ་ཕྲ་མོར་བསྟན་པ་སྟེ། དཔེར་ན་ད་ལྟར་མངོན་སུམ་གྱི་ཡུལ་ལ་དམིགས་པའི་དྲན་བ་ལྟ་བུ་མ་ཡིན་པ་འདས་པའི་ཡུལ་གྱི་རྣམ་པ་རྗེས་སུ་བསྟན་པ་ལ་དམིགས་པའི་དྲན་པ་ལྟ་བུ་ལ་བྱའོ། །རྗེས་སུ་དཔྱོད་པའི་ཞེས་བྱ་བ་ནི་དེ་ཉིད་བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ཙམ་དང་མཚུངས་པར་ལྡན་པའི་གཟུགས་བརྙན་ཡིན་


DTG205_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་གྱི་ཁྱད་པར་ཅན་གྱི་ས་པའི་ཞི་གནས་དང་ལྷག་མཐོང་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་པར་བསྟན་ཏེ། དེ་བསྒོམས་ན་ཚངས་པ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་དག་གི་མཚན་མ་ལ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གདགས་པ་རྣམ་པར་གཞག་པ་ཇི་ལྟར་གཟུང་བ་དེ་དག་ཉིད་བསམ་གཏན་གཉིས་པ་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉེར་བསྡོགས་དང་དངོས་གཞི་གང་ཡང་རུང་བ་ལ་བརྟེན་ཏེ་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་མོས་པ་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་བའི་གཟུགས་བརྙན་གྱི་དམིགས་པ་ལྷུན་གྱིས་གྲུབ་པ་ཐོབ་པ་ལ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་ཙམ་དུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ས་པ་ཡིན་པས་ན་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་བསམ་གཏན་གཉིས་པའི་ཉེར་བསྡོགས་ཡན་ཆད་གང་ཡང་རུང་བ་ལ་བརྟེན་ཏེ་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་མོས་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །ཆོས་མྱོང་བ་ཡིད་ལ་བྱེད་པས་རྣམ་པར་དཔྱོད་པའི་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་ཆོས་རང་རིག་པས་རྣམ་པར་དཔྱོད་པ་སྟེ། དེ་ཉིད་བསམ་གཏན་གཉིས་པའི་ཉེར་བསྡོགས་པ་ཡན་ཆད་ཀྱི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བས་ནི་བསམ་གཏན་གཉིས་པའི་ཉེར་བསྡོགས་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་ས་པའི་ཞི་གནས་དང་ལྷག་མཐོང་གི་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་པར་བསྟན་ཏེ། དེ་དག་ཀྱང་རྟོག་པ་དང་དཔྱོད་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པ་ཞེས་བྱ་བའི་ཀུན་དུ་འབྱུང་བ་མེད་པ་ནི་མ་ཡིན་ཏེ། དེར་སྐྱེས་པའི་ཚེ་དང་ལངས་པ་རྣམས་ལས་བྱུང་ངོ༌། །དེ་དག་ནི་ཁམས་སུ་གཏོགས་པའི་ཏིང་ངེ་འཛིན་གསུམ་གྱི་ཚུལ་བསྟན་པ་ཡིན་ནོ། །དེ་དག་ཉིད་ལ་བརྟེན་ནས་འཕགས་པའི་ལམ་གྱི་


DTG205_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་གསུམ་ཐོབ་པའི་ཏིང་ངེ་འཛིན་གསུམ་ནི་ཁམས་སུ་མ་གཏོགས་པའི་ཡིན་པར་རིག་པར་བྱའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་སྔར་སྒོ་གསུམ་བསྟན་པ་ལས་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་སྒོ་དང་སྦྱར་རོ། །རྟོག་པ་དང་བཅས་ཞིང་ཞེས་བྱ་བ་ནི་དེའི་ཚེ་དམ་པའི་ཆོས་ཐོས་པ་དང༌། བཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་པའི་ཕྱིར་རོ། །དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པའི་ཕྱིར་ཏེ། འདིར་ཡང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ནི་སྔ་མ་བཞིན་ནོ། །སོ་སོར་རྟོག་པ་ལས་བྱུང་བ་ཞེས་བྱ་བ་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་དང་སྦྱར་རོ། །རྟོག་པར་བྱེད་ཅིང་ཞེས་བྱ་བ་ནི་དེའི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ཟིན་པའི་ཕྱིར་རོ། །དཔྱོད་པ་ཙམ་གྱི་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་གཞག་པའི་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པའི་ཕྱིར་ཏེ། འདིར་ཡང་ས་ནི་སྔ་མ་བཞིན་ནོ། །འདྲེས་པའི་ཆོས་ལ་དམིགས་པ་ཞེས་བྱ་བ་ནི། འདྲེས་པ་ཆུང་དུ་དང་ཆེན་པོར་གྱུར་པ་དང༌། ཚད་མེད་པའི་ཆོས་ལ་དམིགས་པ་དང་སྦྱར་རོ། །རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་རོ་གཅིག་པ་ཉིད་དུ་དམིགས་པའི་ཕྱིར་ཏེ། འདིར་ཡང་ས་ནི་སྔ་མ་བཞིན་ནོ། །དེ་ལྟར་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཡིན་ནོ།། །།དེའི་འོག་ཏུ་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཞི་གནས་བསྒོམ་པའི་དུས་སུ་ཞི་གནས་ཀྱི་རྒྱུ་མཚན་དང༌། རབ་ཏུ་འཛིན་པ་བསྒོམ་པའི་དུས་སུ་རབ་ཏུ་འཛིན་པའི་རྒྱུ་མཚན་དང༌། བཏང་སྙོམས་བསྒོམ་པའི་དུས་སུ་བཏང་སྙོམས་ཀྱི་རྒྱུ་མཚན་ཡོངས་སུ་ཤེས་པའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་


DTG205_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱོར་བ་ན། ཞི་གནས་ཀྱི་དུས་སུ་ཞི་གནས་བསྒོམ་པའི་རྒྱུ་མཚན་དང༌། རབ་ཏུ་འཛིན་པའི་དུས་སུ་རབ་ཏུ་འཛིན་པ་བསྒོམ་པའི་རྒྱུ་མཚན་དང༌། བཏང་སྙོམས་ཀྱི་དུས་སུ་བཏང་སྙོམས་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པར་བྱ་དགོས་ན། རྒྱུ་མཚན་གསུམ་པོ་དེ་དག་གང་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་མཚན་ནི་གང་ལགས། བཏང་སྙོམས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་ཞུས་པར་སྦྱར་རོ། །འདིར་དུས་སུ་ཡིད་ལ་བྱེད་པ་བསྟན་པས་ནི་བསྟན་པས་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དམིགས་པའི་རྒྱུ་མཚན་དང༌། གཞིའི་རྒྱུ་མཚན་བསྟན་པས་ནི་བཤད་པར་རིག་པར་བྱའོ། །བྱམས་པ་སེམས་རྒོད་པ་འམ་རྒོད་དུ་དོགས་པ་ན་ཞེས་བྱ་བས་ནི་ཞི་གནས་ཀྱི་དུས་བསྟན་ཏེ། དུས་དེར་ཞི་གནས་ལྷག་པར་བསྒོམ་དགོས་པའི་ཕྱིར་རོ། །དེ་ལ་སེམས་རྒོད་པའམ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པས་སེམས་ཉེ་བར་མ་ཞི་བའོ། །རྒོད་དུ་དགོས་པ་ན་ཞེས་བྱ་བ་ནི་འཕྲོ་བའི་བསམ་པ་ཉེ་བར་གནས་པར་གྱུར་པའོ། །འདིར་རྒྱུ་མཚན་ནི་རྣམ་པ་གཉིས་ཏེ། དམིགས་པའི་རྒྱུ་མཚན་དང༌། གཞིའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི་རྒྱུ་མཚན་ནི་ཡིད་ལ་བྱེད་པ་འཐོབ་པའི་རྒྱུ་ཡིན་ལ། གཞིའི་རྒྱུ་མཚན་ནི་ལམ་ཡོངས་སུ་དག་པའི་རྒྱུ་ཡིན་པར་རིག་པར་བྱའོ། །དེ་ལ་ཀུན་དུ་སྐྱོ་བར་འགྱུར་བ་དང༌། མཐུན་པའི་ཆོས་རྣམས་ཞེས་བྱ་བས་ནི་ཞི་གནས་ཀྱི་གཞིའི་རྒྱུ་མཚན་བསྟན་ཏེ། སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་གོ །ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་ནས། དེའི་འོག་ཏུ་ཞི་གནས་ཀྱི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་མཐོང་གི་སེམས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་ཡང་ཞི་གནས་ཀྱི་གཞིའི་རྒྱུ་མཚན་ཡིན་ནོ། །དེ་ལ་སྔ་མས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་ལ། ཕྱི་མས་


DTG205_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉེན་པོའི་རྗེས་སུ་འཇུག་སྟེ། སྐབས་འདིར་ནི་སྔ་མ་ཉིད་གཟུང་ངོ༌། །བར་ཆད་མེད་པའི་སེམས་དེ་ཞེས་བྱ་བས་ནི་ཞི་གནས་ཀྱི་དམིགས་པའི་རྒྱུ་མཚན་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ཞི་གནས་ཀྱི་སེམས་དེའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱ་བའོ་ཞེས་བྱ་བ་ནི་རྒོད་པ་ཉེ་བར་ཞི་བའི་གནས་ནི་ཞི་གནས་ཡིན་ལ། དེའི་རྒྱུ་མཚན་ནི་ཡིད་ལ་བྱེད་པ་དེ་ཡིན་པས་ན་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་སྟོན་ཏོ། སེམས་བྱིང་ངམ་བྱིང་དུ་དོགས་པན་ཞེས་བྱ་བས་ནི་རབ་ཏུ་འཛིན་པའི་དུས་བསྟན་ཏེ། དུས་དེར་རབ་ཏུ་འཛིན་པ་ལྷག་པར་བསྒོམ་དགོས་པའི་ཕྱིར་རོ། །རབ་ཏུ་འཛིན་པ་ཞེས་བྱ་བ་ནི་སེམས་བྱིང་བ་གཟེངས་བསྟོད་ཅིང་དམིགས་པ་ལ་ཉེ་བར་གཏོད་པ་སྟེ། ལྷག་མཐོང་གི་ཆ་ཡིན་ནོ། །དེ་ལ་སེམས་བྱིང་ངམ་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་ཀྱིས་སེམས་ཉམས་པར་བྱས་པའོ། །བྱིང་དུ་དོགས་པ་ན་ཞེས་བྱ་བ་ནི་བྱིང་བའི་རྗེས་སུ་མཐུན་པར་གྱུར་པ་ནའོ། །མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཞེས་བྱ་བས་ནི་རབ་ཏུ་འཛིན་པའི་གཞིའི་རྒྱུ་མཚན་བསྟན་ཏེ། འགོག་པ་དང་ལམ་གྱི་རྣམ་པ་དག་གོ །རབ་ཏུ་འཛིན་པའི་སེམས་ཡོངས་སུ་བསྒོམས་ནས་དེའི་འོག་ཏུ་རབ་ཏུ་འཛིན་པའི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞི་གནས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་ཡང་རབ་ཏུ་འཛིན་པའི་གཞིའི་རྒྱུ་མཚན་ཡིན་ནོ། །དེ་ཡང་སྔ་མས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་ལ། ཕྱི་མས་ནི་གཉེན་པོའི་རྗེས་སུ་འཇུག་སྟེ། སྐབས་འདིར་ནི་སྔ་མ་ཉིད་གཟུང་ངོ༌། །སེམས་ཀྱི་མཚན་མ་དེ་ཞེས་བྱ་བས་ནི་རབ་ཏུ་འཛིན་པའི་དམིགས་པའི་རྒྱུ་མཚན་བསྟན་ཏེ། ལྷག་མཐོང་གི་དམིགས་པ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེའོ། །ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བས་ནི་སེམས་བྱིང་བ་གཟེངས་བསྟོད་ཅིང་དམིགས་པ་ལ་ཉེ་བར་གཏོད་པ་ནི་རབ་ཏུ་འཛིན་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཡིད་ལ་བྱེད་པ་དེ་ཡིན་པས་ན་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བསྟན་ཏོ། །ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་པའི་ལམ་ཡང་རུང་སྟེ་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་དུས་བསྟན་ཏེ། དུས་དེ་གསུམ་དུ་བཏང་སྙོམས་ལྷག་པར་བསྒོམ་


DTG205_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་རོ། །དེ་གཉིས་ཀ་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ལ་ཞེས་བྱ་བས་བཏང་སྙོམས་ཀྱི་གཞིའི་རྒྱུ་མཚན་བསྟན་ཏེ། ཞི་གནས་ལ་གཅིག་ཏུ་ངེས་པའི་ལམ་ལ་ནི་རྒོད་པ་དང་འགྱོད་པའི་ཉེ་བའི་ཉོན་མོངས་པ་མེད་ལ། ལྷག་མཐོང་ལ་གཅིག་ཏུ་ངེས་པའི་ལམ་ལ་ནི་རྨུགས་པ་དང་གཉིད་ཀྱི་ཉེ་བའི་ཉོན་མོངས་པ་མེད། ཐུང་དུ་འབྲེལ་པའི་ལམ་ལ་ནི་དེ་གཉི་གའི་ཉེ་བའི་ཉོན་མོངས་པ་མེད་པའོ། །བཏང་སྙོམས་ཀྱི་སེམས་དེ་ཉིད་ཅེས་ཤིན་ཏུ་གོང་ནས་གོང་དུ་ཡོངས་སུ་དག་པར་བྱ་བའི་ཕྱིར་དམིགས་པ་དེ་ཉིད་ལ་རན་པར་དཔྱོད་ཅིང་བརྩོན་འགྲུས་ཧ་ཅང་ལྷག་པར་རྩོམ་པར་མི་བྱེད་པ་ཡང་བཏང་སྙོམས་ཀྱི་གཞིའི་རྒྱུ་མཚན་ཡིན་ནོ། །དེ་ཡང་སྔ་མས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་ལ། ཕྱི་མས་ནི་གཉེན་པོའི་རྗེས་སུ་འཇུག་སྟེ། སྐབས་འདིར་ནི་སྔ་མ་ཉིད་གཟུང་ངོ༌། །སེམས་རང་གི་ངང་གིས་འཇུག་པ་ན་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་དམིགས་པའི་རྒྱུ་མཚན་བསྟན་ཏེ། ཟུང་དུ་འབྲེལ་པའི་ལམ་གྱི་དམིགས་པ་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའི་གནས་སྐྱབས་སོ། །ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བས་ནི་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་ནི་བཏང་སྙོམས་ཡིན་ལ། དེའི་རྒྱུ་མཚན་ནི་གནས་སྐབས་དེ་དག་ནི་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་དེ་ཡིན་པས་ན་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱ་བའོ་ཞེས་བསྟན་ཏོ། །དེ་ལྟར་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་བསྒོམ་སའི་རྒྱུ་མཚན་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། །།དེའི་འོག་ཏུ་མངོན་པའི་ང་རྒྱལ་རྣམ་པར་བཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་བར་བྱ་སྟེ། མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱོར་བའི་གནས་སྐབས་ན་ཞི་གནས་ཙམ་དང་ཤེས་པ་དང༌། མཐོང་བ་དན་དོན་ཙམ་སྐྱེས་པ་ལ་བརྟེན་ནས་ཡོངས་སུ་མ་ཤེས་པ་དང༌། མངོན་སུམ་དུ་མ་བྱས་པའི་ཆོས་དང་དོན་གཞན་


DTG205_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་ཡོངས་སུ་ཤིས་ཤིང་མངོན་སུམ་དུ་བྱས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་དེ་རྣམ་པར་གཞིག་ཅིང་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་མངོན་པའི་ང་རྒྱལ་མེད་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་བ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བས་ནི་བདག་ཉིད་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་མེད་པར་བྱ་དགོས་ན། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་བར་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ནི་ཇི་ལྟ་བུ་ཡིན་དེ་དག་ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པར་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་ལགས་ན་ཞེས་བྱ་བ་ལ་སོགས་པ་ཞུས་པར་སྦྱར་རོ། །འདིར་བཅོམ་ལྡན་འདས་ཀྱིས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་ཡང་བསྟན། དེ་དག་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ཡང་བསྟན་ཏེ། དེ་ཡང་ཆོས་ནི་གནས་ཡིན་ལ་དོན་ནི་གནས་པ་ཡིན་པས་གནས་ཀྱིས་གནས་པ་མཚོན་དགོས་པའི་ཕྱིར་དང་པོ་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཡང་བསྟན། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པར་བསྟན་ཏོ། །དེ་ལ་བྱམས་པ་རྣམ་པ་ལྔས་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱི་ཆོས་སོས་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏེ། །མིང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་


DTG205_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ་བཤད་པའི་ཆོས་དང༌། རྟོགས་པའི་ཆོས་སོ། །བཤད་པའི་ཆོས་ནི་རྟོགས་པའི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱིར་དེ་བསྟན་པས་རྟོགས་པའི་ཆོས་མ་བསྟན་ཀྱང་ཞར་ལ་རིག་པར་བྱ་སྟེ། བཤད་པའི་ཆོས་ནི་མིང་དང་ཚིག་དང༌། ཡི་གེ་དང༌། སོ་སོ་བ་དང༌། བསྡུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མིང་དང་ཚིག་དང༌། ཡི་གེ་དང༌། སོ་སོ་བ་དང༌། བསྡུས་པས་སོ་ཞེས་བྱ་བ་གསུངས་སོ། །མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉིད་དང་བྱེ་བྲག་གི་མིང་དུ་བཏགས་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བའི་ཆོས་རྣམས་ཞེས་བྱ་བ་ནི་དད་པ་ལ་སོགས་པའོ། །ངོ་བོ་ཉིད་ཀྱི་མིང་དུ་བྱ་བར་བཏགས་པ་ཞེས་བྱ་བ་ནི་འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས་བྱ་བར་བཏགས་པའོ། །བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཞེས་བྱ་བ་ནི་འདོད་ཆགས་འདི་ནི་ཡོངས་སུ་ཤེས་པར་བྱ་བའོ། །འདི་ནི་སྤང་བར་བྱ་བའོ། །དད་པ་འདི་ནི་ཐོབ་པར་བྱ་བའོ། །འདི་ནི་བརྟེན་པར་བྱ་བའོ་ཞེས་བྱ་བ་ལ་སོགས་པར་བཏགས་པའོ། །ཚིག་གང་ཞེ་ན་ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བ་པའི་དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གནས་དང་རྟེན་མིང་དེ་དག་ཉིད་ཀྱི་ཚོགས་ལ་བརྟེན་པ་གང་ཡིན་པའོ་ཞེས་བྱ་བ་ནི་མིང་དེ་དག་ཉིད་ཀྱི་ཚོགས་གནས་དང༌། རྟེན་ཡིན་ཏེ་དེ་ལ་བརྟེན་པ་ནི་ཚིག་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་མིང་ཅན་གྱི་ཆོས་དེ་དག་སྤང་བར་བྱའོ་ཞེ་འམ། རྣམ་པར་བྱང་བའི་མིང་ཅན་གྱི་ཆོས་དེ་དག་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་དེ་དག་གི་དོན་མཚོན་པར་བྱ་བའི་ཕྱིར་རོ། །གནས་དང་རྟེན་ཞེས་བྱ་བ་ནི་མིང་དེ་དག་ཉིད་ཀྱི་ཆོགས་གནས་དང་རྟེན་ཡིན་ཏེ། དེ་ལ་ཚིག་དང་གནས་ཤིང་བརྟེན་པའི་ཕྱིར། མིང་དེ་དག་ཉིད་ཀྱི་ཚོགས་ཞེས་བྱ་བ་ནི་འདོད་པ་དང༌། སྲེད་པའི་འདོད་ཆགས་ཡོངས་སུ་


DTG205_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་ཞེས་བྱ་བ་ལྟ་བུ་དང༌། ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་ཤིང་སེམས་དང་བའི་དད་པ་ཐོབ་པར་བྱ་བ་དང༌། བརྟེན་པར་བྱ་བ་ཞེས་བྱ་བ་ལྟ་བུ་ལ་སོགས་པའོ། །བརྟེན་པ་གང་ཡིན་པའོ་ཞེས་བྱ་བ་ནི་གནས་དང་རྟེན་དུ་གྱུར་པའི་མིང་དེ་དག་ཉིད་ཀྱི་ཚོགས་ལ་ཚིག་བརྟེན་པ་སྟེ། མིང་དེ་དག་ཉིད་ཀྱི་ཚོགས་ལ་དེའི་དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཚིག་ཏུ་བརྗོད་པ་འབྱུང་བས་ན་མིང་ལ་བརྟེན་པ་ནི་ཚིག་ཡིན་ནོ། །ཡི་གེ་གང་ཞེ་ན། དེ་གཉི་གའི་གནས་ཀྱི་ཡིག་འབྲུ་གང་ཡིན་པའོ་ཞེས་བྱ་བ་ནི་མིང་དང་ཚིག་དེ་གཉིས་ཀའི་གནས་སུ་གྱུར་པ་ཨ་ཨཱ་ཨི་ཨཱི་ཞེས་བྱ་བ་ལ་སོགས་པའི་ཡིག་འབྲུ་ནི་ཡི་གེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་སོ་སོ་ལས་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡིག་འབྲུ་སོ་སོ་ལས་སོ། །མ་འདྲེས་པ་ལ་སོ་སོའི་ཡིད་ལ་བྱེད་པས་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེ་བཀོད་པ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ངམ། ཡང་ན་ཚིག་གམ། ཡང་ན་ཡི་གེ་སྣ་གཅིག་ལ་དམིགས་པའི་ཡིད་ལ་བྱེད་པས་སོ། །བསྡུས་པ་ལས་ཞེས་བྱ་བ་ལ་སོགས་པས་ནི་སྔ་མ་ལས་བཟློག་པ་ཡིན་ནོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་ཚིག་དང༌། ཡི་གེ་དང༌། སོ་སོ་བ་དང༌། བསྡུས་པས་ཆོས་སོ་སོ་ཡང་དག་པར་རིག་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ནོ་ཞེས་བྱ་བས་ནི་དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །དེ་ལྟར་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ནས། དེ་ནི་དེ་ལ་གནས་པ་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་པར་བྱ་སྟེ། དེ་ནི་རྣམ་པ་བཞིས་བསྟན་ཏེ། ཤེས་བྱའི་དོན་ཐམས་ཅད་བསྡུས་པ་དང༌། བསྟན་པའི་དོན་ཐམས་ཅད་བསྡུས་པ་དང༌། སེམས་ལ་བརྟག་པའི་དོན་ཐམས་ཅད་


DTG205_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་དང༌། གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པས་སོ། །དེ་ལ་ཤེས་བྱའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དེ་རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་བྱང་ཆུབ་སེམས་དཔས་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། འདིར་ཇི་སྙེད་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ། །བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་ཤེས་བྱའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་ཤེས་བྱའི་དངོས་པོ་ནི་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །ཤེས་བྱའི་དངོས་པོ་གང་ཞེ་ན། འཛིན་པའི་དོན་དང་གཟུང་བའི་དོན་ཏོ། །འཛིན་པའི་དོན་ནི་གཟུང་བའི་དོན་ཀྱང་ཡིན་ཏེ། གཟུང་བའི་དོན་གང་ཞེ་ན། གནས་ཀྱི་དོན་དང་ལོངས་སྤྱོད་ཀྱི་དོན་ཏེ། དེ་དག་གིས་ནི་ཤེས་བྱའི་དངོས་པོའི་ཇི་སྙེད་ཡོད་པ་ཉིད་བསྟན་ཏོ། །འཛིན་པའི་དོན་ལ་སོགས་པ་དེ་དག་ཉིད་ལ་ཕྱིན་ཅི་ལོག་གི་དོན་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་དོན་ཏོ། །དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པའི་དོན་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་དོན་ཏེ། དེ་དག་གིས་ནི་ཤེས་བྱའི་དངོས་པོའི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་བསྟན་ཏེ། དེ་ནི་བསྟན་པ་དང་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཕུང་པོ་རྣམས་ཀྱི་ནི་གྲངས་ལྔས་སོ་ཞེས་བྱ་བ་ནི་ཕུང་པོ་རྣམས་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ནི་ཞེས་བྱ་བར་སྦྱར་ཏེ། དེས་ནི་ངོ་བོ་ཉིད་བསྟན་ཏོ། །ནང་གི་སྐྱེ་མཆེད་རྣམས་ཀྱི་ནི་གྲངས་དྲུག་གིས་སོ་ཞེས་བྱ་བ་ཡང་རྣམ་པ་རབ་ཏུ་དབྱེ་བ་སྟེ། དེས་ནི་ཟབ་པ་མ་བསྟན་ཏོ། །ཕྱི་


DTG205_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཡང་གྲངས་དྲུག་ཁོ་ནས་སོ་ཞེས་བྱ་བ་ཡང་རྣམ་པ་རབ་ཏུ་དབྱེ་བ་སྟེ། དེས་ནི་ལོངས་སྤྱོད་བསྟན་ཏོ། །སོགས་པའོ་ཞེས་བྱ་བའི་སྒྲས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་གཞན་ཡང་བསྡུ་བ་བསྟན་ཏོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་མཚན་ཉིད་དོ། །འབྱུང་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱིས་འཁོར་བར་འབྱུང་བ་ནི་རྣམ་པ་དེ་དག་གིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། འདུ་བྱེད་རྣམས་ཀྱི་ཐོག་མ་དང༌། ཐ་མ་མེད་པ་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་མཚན་ཉིད་གསུམ་པོ་དག་གང་ཟག་དང་ཆོས་ཀྱི་ངོ་བོ་ཉིད་མེད་པ་ནི་དེ་དག་གིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང་ཆོས་བདག་མེད་པ་གང་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་གཉིས་མེད་པའི་ངོ་བོ་ཉིད་ནས་ངོ་བོ་ཉིད་དེས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་གང་ཡིན་པའོ། །གནས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་ངོ་བོ་ཉིད་དུས་ལ་སོགས་པར་གནས་པ་ནི་ངོ་བོ་ཉིད་དེས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ལས་དང་ཉོན་མོངས་པས་སྐྱེ་བ་བསྒྲུབ་པ་ནི་ལོག་པར་བསྒྲུབ་པ་དེ་ཉིད་ཀྱིས་གཞན་དུ་མ་ཡིན་པར་དེ་བཞིན་ཉིད་ཅེས་བྱ་སྟེ། ཀུན་འབྱུང་གི་བདེན་པ་བསྟན་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་འགགས་པས་རྣམ་པར་དག་པ་ནི་རྣམ་པར་དག་པ་ཉིད་ཀྱིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ། །ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ལོག་པར་བསྒྲུབ་པའི་གཉེན་པོ་འཕགས་པའི་ལམ་གྱི་མྱ་ངན་ལས་འདས་པ་བསྒྲུབ་པ་ནི་ཡང་དག་པར་སྒྲུབ་པ་དེ་ཉིད་ཀྱིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་བདུན་པོ་དེ་དག་སེམས་ཅན་གྱི་བྱེ་


DTG205_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དང༌། ཆོས་ཀྱི་བྱེ་བྲག་དང༌། བྱང་ཆུབ་ཀྱི་བྱེ་བྲག་དང་ལམ་གྱི་བྱེ་བྲག་ཏུ་བསྡུ་བའི་ཚུལ་སྟོན་ཏོ། །སེམས་ཅན་ཐམས་ཅད་ནི་འཁོར་བར་འབྱུང་བ་དང༌། སྡུག་བསྔལ་དང་ཀུན་འབྱུང་བའི་བྱེ་བྲག་ཡིན་པས་འབྱུང་བ་དང༌། གནས་པ་དང༌། ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ཀྱིས་མཚུངས་ཤིང་མཉམ་མོ། །ཆོས་ཐམས་ཅད་ནི་བདག་མེད་པ་དང་རྣམ་པར་རིག་པ་ཙམ་གྱི་བྱེ་བྲག་ཡིན་པས་མཚན་ཉིད་དང་རྣམ་པར་རིག་པའི་དེ་བཞིན་ཉིད་ཀྱིས་མཚུངས་ཤིང་མཉམ་མོ། །བྱང་ཆུབ་ཐམས་ཅད་ནི་འགོག་པའི་བྱེ་བྲག་ཡིན་པས་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་མཚུངས་ཤིང་མཉམ་མོ། །འོ་ན་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལས་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་འཇུག་པ་འབྱུང་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལས་ནི་མ་ཡིན་ཞེ་ན། དེ་དག་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་མཚུངས་ཀྱང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུས་མི་མཚུངས་ཏེ། དེ་ཡང་སྔོན་གྱི་སྨོན་ལམ་གྱི་དབང་ཙམ་དུ་ཟད་ཀྱི་རང་བཞིན་ནི་ཐ་དད་པར་ངེས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་འདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲའི་རི་མོ་ལྟར། །དེ་བཞིན་ཤུགས་ཀྱི་དབང་གིས་ན། །གྲོལ་བ་ཡེ་ཤེས་རི་མོ་བཀྲ། །ཞེས་བཤད་པ་ལྟ་བུའོ། །ཐོབ་པ་ཐམས་ཅད་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དུ་དམིགས་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། ལས་ཐམས་ཅད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བྱེ་བྲག་ཡིན་པས། ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ཀྱིས་མཚུངས་ཞིང་མཉམ་མོ། །འཛིན་པའི་དོན་ཞེས་བྱ་བ་ནི་དམིགས་པ་དང་བཅས་པའོ། །གཟུང་བའི་དོན་ཅེས་བྱ་བ་ནི་དམིགས་པར་བྱ་བའོ། །ཡང་འཛིན་པའི་དོན་གང་ཡིན་པ་དེ་ནི་གཟུང་བའི་དོན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་གཟུང་བ་ཡིན་པའི་ཕྱིར་རོ། །གནས་ཀྱི་དོན་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །གྲོང་ཚིགས་ཞེས་བྱ་བ་བ་ནི་གྲོང་གི་མཚམས་ཏེ། གྲོང་དང་གྲོང་དེ་ཉིད་ཀྱི་འཁོར་དུ་གཏོགས་པའི་གྲོད་གི་མཚམས་གཅིག་གོ །གྲོང་ཚིགས་བརྒྱ་དང༌། དེ་སྟོང་དང༌། དེ་འབུམ་


DTG205_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི་གྲངས་ཀྱི་མཐའ་དེ་དག་ཏུ་ངེས་པ་ནི་མ་ཡིན་ནོ། །རྒྱ་མཚོ་ལ་ཐུག་པའི་ས་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་དབུས་ནས་བཟུང་སྟེ། ཕྱོགས་བཞིར་རྒྱ་མཚོ་ལ་ཐུག་པ་བཞི་ཡོད་པར་སྦྱར་རོ། །དེ་ཡང་གྲོང་ཚིགས་འབུམ་ལ་རྒྱ་མཚོ་ལ་ཐུག་པའི་ས་གཅིག་ཏུ་བསྒྲེ་བ་ཡང་མ་ཡིན། རྒྱ་མཚོ་ལ་ཐུག་པའི་ས་འབུམ་ལ་འཛམ་བུའི་གླིང་གཅིག་ཏུ་བསྒྲེ་བ་ཡང་མ་ཡིན་ཏེ། གྲོང་ཚིགས་དང་འབུམ་ལ་ཐག་པའི་ཚར་གཅིག །རྒྱ་མཚོ་ལ་ཐུག་པའི་ས་ཡང་འབུམ་ལ་ཐུག་པའི་ཚར་གཅིག་ཏུ་སོ་སོར་གཞག་པ་ཡིན་ནོ། །འཛམ་བུའི་གླིང་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཚར་སོ་སོར་སྦྱར་བར་བྱ་སྟེ། དེ་ལྟར་གྲོང་ཚིགས་དང་དེ་བརྒྱ་ལ་སོགས་པ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་མངོན་པར་བསྒྲུབ་པའི་རྒྱུ་ཡིན་གྱི། འཇིག་རྟེན་གྱི་ཁམས་ཀྱི་ཚད་མཉམ་པ་དེ་དང་གྲངས་དེས་བསྒྲེ་བ་ནི་མ་ཡིན་ནོ། །ལོངས་སྤྱོད་ཀྱི་དོན་ཅེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བྱ་བའི་གཞིའོ། །ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཡོངས་སུ་བཟུང་བའི་དངོས་པོ་བདུན་ཏེ། བདག་དང་ཕ་མ་དང་བུ་དང་ཆུང་མ་དང་བན་དང་བྲན་མོ་དང་ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱི་དངོས་པོ་དང་ཞིང་གི་དངོས་པོ་དང༌། ཁང་ཁྱིམ་གྱི་དངོས་པོ་དང༌། ཟོང་དགྲམ་པའི་དངོས་པོ་དང༌། བསོད་ནམས་བྱ་བའི་དངོས་པོ་དང༌། ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་དང༌། ནོར་སོགས་པའི་དངོས་པོའོ། །ཡོ་བྱད་ཅེས་བྱ་བ་ནི་ཡོ་བྱད་བཅུ་སྟེ། ཟས་དང༌། སྐོམ་དང༌། བཞོན་པ་དང། གོས་དང༌། རྒྱན་ཆ་དང༌། བཞད་གད་དང༌། གླུ་བྲོ་དང༌། རོལ་མོའི་སྒྲ་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། སྣོད་སྤྱད་དང༌། སྣང་བ་དང༌། སྐྱེས་པ་དང༌། བུད་མེད་ཀྱིས་བསྙེན་བཀུར་བྱེད་པ་རྣམས་སོ། །ཕྱིན་ཅི་ལོག་གི་དོན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞིས་འདུ་ཤེས་དང༌། སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ་ཞེས་བྱ་བ་ནི་འཛིན་པ་དང༌། གཟུང་བ་དང༌། གནས་དང༌། ལོངས་སྤྱོད་ཀྱི་དོན་དེ་དག་ལའོ། །འདུ་ཤེས་ཕྱིན་ཅི་ལོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་བཞིར་འདུ་ཤེས་ཀྱིས་ཡོངས་སུ་


DTG205_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའོ། །སེམས་ཕྱིན་ཅི་ལོག་ཅེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་བཞི་པོ་དག་ལ་ལྟ་བས་མངོན་པར་ཞེན་པའི་སེམས་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པར་གྱུར་བའོ། །ལྟ་བ་ཕྱིན་ཅི་ལོག་ཅེས་བྱ་བ་ནི་འདུ་ཤེས་ཀྱིས་ཡོངས་སུ་རྟོག་པ་དེ་ཉིད་ལ་དེ་བཞིན་དུ་བཟོད་པ་དང༌། འདོད་པ་དང༌། རྣམ་པར་འཇིག་པ་དང༌། མངོན་པར་ཞེན་པའོ། །ཕྱིན་ཅི་མ་ལོག་པའི་དོན་ཅེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་དེ་ལས་བཟློག་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་དོན་ཅེས་བྱ་བ་ནི་འཛིན་པའི་དོན་དེ་དག་ཉིད་ལ་ཕྱིན་ཅི་ལོག་གི་དོན་སྔོན་དུ་འགྲོ་བ་གང་ཡིན་པ་སྟེ། དེ་ཡང་རྣམ་པ་གསུམ་མོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་རྣམ་པར་གཞག་སྟེ། ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། རྒྱུ་དང༌། གནས་སྐབས་དང༌། སྒོ་དང༌། ཆེ་བ་དང༌། ཕྱིན་ཅི་ལོག་དང། རྣམ་གྲངས་དང༌། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་བདག་ཉིད་ཀྱང་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་སྐྱེ་ལ་དེ་སྐྱེས་པས་འདུ་བྱེད་ཀྱི་རྒྱུད་ཀྱང་རབ་ཏུ་མ་ཞི་བ་ཁོ་ནར་འཇུག་པའོ། །རབ་ཏུ་དབྱེ་བ་གང་ཞེ་ན། ཉོན་མོངས་པ་དྲུག་དང༌། ཉེ་བའི་ཉོན་མོངས་པ་མང་པོ་དག་གི་མཚན་ཉིད་རབ་ཏུ་དབྱེ་བའོ། །རྒྱུ་གང་ཞེ་ན། རྣམ་པ་དྲུག་སྟེ། རྟེན་དང༌། དམིགས་པ་དང༌། འདུ་འཛི་དང༌། བཤད་པ་དང༌། གོམས་པ་དང༌། ཡིད་ལ་བྱེད་པ་ལས་ཉོན་མོངས་པ་སྐྱེ་བའོ། །གནས་སྐབས་གང་ཞེ་ན། རྣམ་པ་བདུན་ཏེ། བག་ལ་ཉལ་བ་དང༌། ཀུན་ནས་དཀྲིས་པ་དང༌། ཀུན་བརྟགས་པ་དང༌། ལྷན་ཅིག་སྐྱེས་པ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་གནས་སྐབས་སོ། །སྒོ་གང་ཞེ་ན། རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གྱི་སྒོའོ། ཆེ་བ་གང་ཞེ་ན། རྣམ་པ་དྲུག་སྟེ། ལྷུང་བ་དང༌། སྐྱེ་བ་དང༌། རྒྱུད་དང༌། གཞི་དང༌། ལས་ཀུན་ནས་སློང་བ་དང༌། མཐར་གྱུར་པའོ། །ཕྱིན་ཅི་ལོག་གང་ཞེ་ན། རྣམ་པ་བདུན་ཏེ། ཕྱིན་ཅི་ལོག་བཞི་དང༌། དེ་དག་ལ་འདུ་ཤེས་དང༌། ལྟ་བ་དང༌། སེམས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །རྣམ་གྲངས་གང་ཞེ་ན། རྣམ་གྲངས་མང་པོ་འདི་ལྟ་སྟེ། ཀུན་དུ་སྦྱོར་བ་དང༌། འཆི་བ་


DTG205_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བག་ལ་ཉལ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཐ་བ་དང༌། དྲི་མ་དང༌། སྡིག་པ་དང༌། ཟུག་རྔུ་དང༌། ཡོངས་སུ་འཛིན་པ་དང༌། རྩ་བ་དང༌། ཉེས་པར་སྤྱོད་པ་དང༌། ཟག་པ་དང༌། ཕོངས་པ་དང༌། ཡོངས་སུ་གདུང་བ་དང༌། འཁྲུག་པ་དང༌། འཐབ་པ་དང༌། མེ་དང༌། རིམས་ནད་དང༌། ནགས་སྦྱོར་བ་དང༌། གགས་དང༌། དེ་ལྟ་བུ་དང་མཐུན་པ་ཉོན་མོངས་པའི་རྣམ་གྲངས་མང་པོ་དག་གོ །ཉེས་དམིགས་གང་ཞེ་ན། ཉེས་དམིགས་རྣམ་པ་དུ་མ་འདི་ལྟ་སྟེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། དམིགས་པ་ལ་ཕྱིན་ཅི་ལོག་པར་བྱེད་པ་དང༌། བག་ལ་ཉལ་བརྟན་པར་བྱེད་པ་དང༌། རྒྱུ་མཐུན་པའི་འདུ་བྱེད་ཀྱི་རྒྱུད་འཇུག་པར་བྱེད་པ་དང༌། བདག་དང་གཞན་དང་གཉི་ག་ལ་གནོད་པ་དང༌། ཚེ་འདི་དང་ཕྱི་མ་གཉིས་ཀའི་ཁ་ན་མ་ཐོ་བ་བསྐྱེད་པ་དང༌། དེ་ལ་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དང༌། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང༌། མྱ་ངན་ལས་འདས་པ་ལས་རྒྱུད་ཐག་རིང་བར་བྱེད་པ་དང༌། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང༌། ལོངས་སྤྱོད་ཉམས་པར་བྱེད་པ་དང༌། འཁོར་གྱི་ནང་དུ་ཞུམ་པར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང༌། དམ་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང༌། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པ་དང༌། ལུས་ཞིག་སྟེ་འཆི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟ་བའི་སེམས་ཅན་རྣམས་སུ་སྐྱེ་བ་དང༌། བདག་གི་དོན་ཐོབ་པར་མི་འགྱུར་བའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་མངོན་པར་འདུ་བྱེད་པ་རྣམས་སོ། །དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་དགུས་རྣམ་པར་གཞག་སྟེ། ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། རྒྱུ་དང༌། གནས་སྐབས་དང༌། སྒོ་དང༌། ཆེ་བ་དང༌། ཕྱིན་ཅི་ལོག་པ་དང༌། རྣམ་གྲངས་དང༌། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན། མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱང་སྐྱེ་ལ་དེ་སྐྱེས་པས་ལུས་དང་ངག་གི་མངོན་པར་འདུ་


DTG205_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡང་འཇུག་པའོ། །རབ་ཏུ་དབྱེ་བ་གང་ཞེ་ན། རྣམ་པ་གཉིས་ཏེ། དགེ་བ་བཅུ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། འཇུག་པའི་གང་ཟག་གི་མཚན་ཉིད་རབ་ཏུ་དབྱེ་བ་དང༌། ལས་ཀྱི་ལམ་དེ་ཉིད་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་དབྱེ་བའོ། །རྒྱུ་གང་ཞེ་ན། རྣམ་པ་བཅུ་གཉིས་ཏེ། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། བདག་དང་གཞན་དང༌། གཞན་གྱི་རྗེས་སུ་འཇུག་པ་དང༌། ཟང་ཟིང་དང༌། འཇིགས་པ་དང༌། གནོད་པ་བྱ་བའི་ཕྱིར་དང༌། རྩེ་ཞིང་དགའ་བ་དང༌། ཆོས་སུ་འདུ་ཤེས་པ་དང༌། ལོག་པར་ལྟ་བའོ། །གནས་སྐབས་གང་ཞེ་ན། རྣམ་པ་ལྔ་སྟེ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། བྱུང་བ་དང༌། བག་ཆགས་ཀྱི་གནས་སོ། །སྒོ་གང་ཞེ་ན། རྣམ་པ་གཉིས་ཏེ། འབྲས་བུ་འབྱིན་པའི་སྒོ་དང༌། གནོད་པ་བྱེད་པ་དང༌། ཕན་འདོགས་པའི་སྒོའོ། །ཆེ་བ་གང་ཞེ་ན། རྣམ་པ་དྲུག་སྟེ། མངོན་པར་འདུ་བྱེད་པ་དང༌། གོམས་པ་དང༌། ངོ་བོ་ཉིད་དང༌། གཞི་དང༌། མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་དང༌། མི་མཐུན་པའི་ཕྱོགས་སེལ་བའོ། །ཕྱིན་ཅི་ལོག་གང་ཞེ་ན། རྣམ་པ་གསུམ་སྟེ། བྱ་བ་ཕྱིན་ཅི་ལོག་དང༌། འཛིན་པ་ཕྱིན་ཅི་ལོག་དང༌། དགའ་བ་ཕྱིན་ཅི་ལོག་གོ །རྣམ་གྲངས་གང་ཞེ་ན། ལས་བྱས་པ་དང༌། མ་བྱས་པ་དང༌། བསགས་པ་དང༌། མ་བསགས་པ་དང༌། བསམས་པ་ལས་བྱུང་བ་དང༌། མ་བསམས་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པར་ངེས་པ་དང༌། རྣམ་པར་སྨིན་པར་མ་ངེས་པ་དང༌། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་དང༌། རྣམ་པར་སྨིན་པ་རྣམ་པར་མ་སྨིན་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། སྒོམ་པས་བསྡུས་པ་དང༌། སྡོམ་པ་མ་ཡིན་པས་བསྡུས་པ་དང༌། སྡོམ་པས་བསྡུས་པ་ཡང་མ་ཡིན་ལ། སྡོམ་པ་མ་ཡིན་པས་བསྡུས་པ་ཡང་མ་ཡིན་པ་དང༌། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་དང༌། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བ་དང༌། བདེ་བ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་དང༌། ཚེ་འདི་ལ་མྱོང་བར་འགྱུར་བ་དང༌། སྐྱེས་


DTG205_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། འདོད་པ་དང་ལྡན་པ་དང༌། གཟུགས་དང་ལྡན་པ་དང༌། གཟུགས་མེད་པ་དང་ལྡན་པ་དང༌། སློབ་པ་དང༌། མི་སློབ་པ་དང༌། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་དང༌། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་བས་སྤང་བར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་དང༌། གནག་ལ་རྣམ་པར་སྨིན་པ་གནག་པ་དང༌། དཀར་ལ་རྣམ་པར་སྨིན་པ་དཀར་བ་དང༌། །དཀར་ལ་རྣམ་པར་སྨིན་པ་དཀར་གནག་དང༌། །གནག་པ་ཡང་མ་ཡིན། དཀར་བ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་ཡང་མེད་དེ། ལས་ཟད་པར་འགྱུར་བ་དང༌། ཡོན་པོའི་ལས་དང༌། ཉེ་བའི་ལས་དང༌། སྙིགས་མའི་ལས་དང༌། གཙང་མའི་ལས་དང་མཐུན་པའི་ལས་དག་གོ །ཉེས་དམིགས་གང་ཞེ་ན་རྣམ་པ་བདུན་ཏེ། བདག་ལ་གནོད་པ་དང༌། གཞན་ལ་གནོད་པ་དང༌། གཉིས་ཀ་ལ་གནོད་པ་དང༌། ཚེ་འདིའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པའི་ཁམས་སུ་སྐྱེ་བ་མེད་དོ། །དེའི་རབ་ཏུ་དབྱེ་བ་ནི་རྣམ་པ་བཞིས་རྣམ་པར་གཞག་སྟེ། རབ་ཏུ་དབྱེ་བ་དང༌། སྡུག་བསྔལ་བ་དང༌། མ་ངེས་པ་དང༌། འཇུག་པས་སོ། །དེ་ལ་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཁམས་ཀྱི་རབ་ཏུ་དབྱེ་བ་དང༌། འགྲོ་བའི་རབ་ཏུ་དབྱེ་བ་དང༌། གནས་གཞན་གྱི་རབ་ཏུ་དབྱེ་བ་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་དང༌། འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ཁམས་གསུམ་གྱི་རབ་ཏུ་དབྱེ་བ་ནི་ཁམས་གསུམ་དུ་སྐྱེ་བའོ། །འགྲོ་བའི་རབ་ཏུ་དབྱེ་བ་ནི་འགྲོ་བ་ལྔར་སྐྱེ་བའོ། །གནས་གཞན་གྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་དང༌། གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་དང༌། གཟུགས་མེད་པའི་ཁམས་ན་གནས་གཞན་བཞི་སྟེ། དེ་དག་བསྡོམས་ན་གནས་གཞན་ལྔ་བཅུ་རྩ་བརྒྱད་དུ་སྐྱེ་བའོ། །རིགས་ཀྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་


DTG205_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་རྣམས་ལ་སྐྱེ་བ་རྣམ་པ་གསུམ་ཡོད་དེ། རིགས་ངན་པར་སྐྱེ་བ་དང༌། རིགས་བཙུན་པར་སྐྱེ་བ་དང༌། རིགས་ངན་པར་ཡང་མ་ཡིན་རིགས་བཙུན་པར་ཡང་མ་ཡིན་པར་སྐྱེ་བ་དང༌། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། ལྷ་མ་ཡིན་དུ་སྐྱེ་བ་དང༌། ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ་དང༌། ནམ་མཁའི་གཞལ་མེད་ཁང་དུ་བརྟེན་པའི་ནང་དུ་སྐྱེ་བ་དང༌། གཟུགས་གྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅས་པ་དང༌། འདུ་ཤེས་མེད་པར་སྐྱེ་བ་དང༌། འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བ་དང། གཟུགས་མེད་པའི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ་དང༌། ཅི་ཡང་མེད་པར་འདུ་ཤེས་པ་རྣམས་ཀྱི་ནང་དུ་སྐྱེ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་སྟེ། དེ་དག་བསྡོམས་ན་རིགས་བཅུ་གཉིས་སུ་སྐྱེ་བའོ། །འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན་སེམས་ཅན་ཚད་མེད་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ནི་ཡུན་རིང་པོ་ནས་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཡན་ལག་དང་ཉིང་ལག་བཅད་པ་མང་པོ་ཉམས་སུ་མྱོང་བ་ལས་ཁྲག་ཟག་ཅིང་འབབ་པ་དང༌། དེར་ཕ་མ་དང་ཕུ་ནུ་དང་བུ་སྲིང་གི་ཕྱིར་སྡུག་བསྔལ་བ་དང༌། གཉེན་བཤེས་དང༌། ནོར་དང༌། ལོངས་སྤྱོད་ཟད་པ་མང་པོ་ཉམས་སུ་མྱོང་བ་རྣམས་ཀྱི་མཆི་མ་མང་པོ་ཟག་ཅིང་འབབ་པ་དང༌། དེ་དག་ཏུ་མའི་ནུ་ཞོ་འཐུངས་པ་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་ཆེས་མང་ངོ་ཞེས་གསུངས་པ་དང་དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་མ་ངེས་པའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཕ་དང་མའི་མཐར་ཐུག་པ་མེད་པ་དང༌། ཕ་མ་དང༌། ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང༌། སློབ་དཔོན་དང༌། བླ་མ་ལྟ་བུར་མ་གྱུར་པ་མེད་པ་དང༌། གང་ཟག་གཅིག་གི་བསྐལ་པ་གཅིག་གི་རུས་པའི་ཕུང་པོ་ཡང་གལ་ཏེ་སྡུད་པ་ཅིག་ཡོད་པ་བསྡུས་ནས་ཀྱང་འཇིག་པ་དང་རུལ་བར་མི་འགྱུར་དུ་ཟིན་ན་རི་བོ་ངོས་ཡངས་ཙམ་མོ་ཞེས་གསུངས་པ་དང༌། དེ་ལྟ་བུ་དང་


DTG205_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་རྣམས་ནི་སྐྱེ་བའི་མ་ངེས་པའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་འཇུག་པའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དང༌། དོན་དང་རབ་ཏུ་དབྱེ་བ་དང༌། གོ་རིམས་དང་བསྡུ་བ་དང༌། རྟེན་རྣམ་པར་གཞག་པ་དག་ཡིན་པར་རིག་པར་བྱའོ། །རྣམ་པར་བྱང་བའི་དོན་ཅེས་བྱ་བ་ནི་འཛིན་པའི་དོན་ལ་སོགས་པ་དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པའི་དོན་སྔོན་དུ་འགྲོ་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །བྱམས་པ་རྣམ་པ་བཅུ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བས་ནི་ཤེས་བྱའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པས་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་བསྟན་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་ནི་ངོ་བོ་ཉིད་ཀྱང་བསྟན་ཏོ། །བྱམས་པ་དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་བསྟན་པའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་དོན་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་དང༌། ཡོངས་སུ་ཤེས་པའི་འབྲས་བུ་ཐམས་ཅད་དང་བསྡུས་པ་སྟེ། དེ་ལ་ཡོངས་སུ་


DTG205_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ། །ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་ནི་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པར་བྱ་བའི་འབྲས་བུ་ནི་ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་དང༌། དེ་རབ་ཏུ་རིག་པར་བྱེད་པ་སྟེ། དེ་ནི་བསྟན་པ་དང༌། དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ། །ཤེས་བྱ་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཕྱོགས་ཐམས་ཅད་དོ། །འདི་ལྟ་སྟེ། ཕུང་པོ་རྣམས་ཞེས་བྱ་བའམ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོའི་ཐོག་མར་ཕུང་པོ་ལ་སོགས་པ་ཡིན་པར་བསྟན་ཏོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་བསྡུ་བ་བསྟན་ཏོ། །རྣམ་པ་ཇི་སྙེད་ཀྱིས་ཞེས་བྱ་བ་ནི་རྣམ་གྲངས་ཇི་སྙེད་ཡོད་པ་ཉིད་ཀྱིས་སོ། །ཤེས་བྱ་དེའང་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དེའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པའི་དོན་རྣམ་པ་བཅུ་སྟོན་ཏེ། བདེན་པ་གཉིས་ཀྱི་དོན་དང༌། ཉེས་དམིགས་དང་ཕན་ཡོན་གྱི་དོན་དང༌། རྐྱེན་ལས་བྱུང་ཞིང་དུས་རྟོགས་པའི་དོན་དང༌། མི་རྟག་པ་དང༌། སྡུག་བསྔལ་བའི་དོན་དང༌། རྣམ་པར་བཞག་པ་བདེན་པའི་དོན་དང༌། རྣམ་པར་མ་བཞག་པ་བདེན་པའི་དོན་དང༌། བསྡུ་བ་དང༌། དབྱེ་བའི་དོན་དང༌། ལན་གདབ་པའི་དོན་དང༌། གསང་བ་དང༌། བསྒྲགས་པའི་དོན་ཏོ། །དེ་ལ་བདེན་པ་གཉིས་ཀྱི་དོན་ནི་ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདེན་པ་གཉིས་ལ་བརྟེན་ནས་ཆོས་བསྟན་པའི་ཕྱིར་རོ། །ཉེས་དམིགས་དང་ཕན་ཡོན་གྱི་དོན་ནི་སྐྱོན་དང་ཡོན་ཏན་ཞེས་བྱ་བས་བསྟན་ཏེ། བདེན་པ་གཉིས་བསྟན་པ་དེར་ཡང་ཀུན་ནས་ཉོན་མོངས་པའི་སྐྱོན་གྱི་ཉེས་དམིགས་བརྗོད་ལ། རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་ཕྱིར་རོ། །རྐྱེན་ལས་བྱུང་ཞིང་དུས་སུ་རྟོག་པའི་དོན་ནི་རྐྱེན་དང་དུས་ཞེས་བྱ་བས་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་རྐྱེན་རྣམས་ལས་བྱུང་བ་ཡིན་གྱི་དབང་


DTG205_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་སོགས་པ་ལས་བྱུང་བ་མ་ཡིན་པ་དང༌། དེ་དག་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་སུ་རྟོགས་པ་ཡིན་པའི་ཕྱིར་རོ། །མི་རྟག་པའི་དོན་ནི་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཅེས་བྱ་བས་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་ཕལ་ཆེར་འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བས་མི་རྟག་པའི་ཕྱིར་རོ། །སྡུག་བསྔལ་བའི་དོན་ནི་ནད་ལ་སོགས་པས་ཞེས་བྱ་བས་བསྟན་ཏེ། འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བའི་མི་རྟག་པ་དེ་དག་ནི་ནད་དང་ཤུ་བ་དང་ཟུག་རྔུ་དང༌། སྡིག་པ་ལ་སོགས་པའི་མཚན་ཉིད་ཀྱིས་སྡུག་བསྔལ་བ་ཡིན་པའི་ཕྱིར་རོ། །རྣམ་པར་གཞག་པའི་དོན་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་ཞེས་བྱ་བས་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་ཉན་ཐོས་ཀྱི་ཐེག་པར་ནི་བདེན་པ་བཞི་རྣམ་པར་གཞག་པར་བསྟན་པའི་ཕྱིར་རོ། །རྣམ་པར་མ་བཞག་པའི་བདེན་པའི་དོན་ནི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་ཀྱང་ཐེག་པ་ཆེན་པོར་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དབྱིངས་དེ་ནི་ཆོས་གནས་པར་བྱ་བའི་ཕྱིར་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བསྡུ་བ་དང་དབྱེ་བའི་དོན་ནི་བསྡུ་བ་དང་དབྱེ་བ་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་ཀྱང་མདོར་བསྡུ་བ་དང༌། རྒྱས་པར་དབྱེ་བ་གཉིས་ཀྱིས་སྟོན་པར་མཛད་པའི་ཕྱིར་རོ། །ལན་གདབ་པའི་དོན་ནི་མགོ་གཅིག་ཏུ་ལན་གདབ་པ་དང༌། རྣམ་པར་དབྱེ་བ་དང༌། དྲིས་ཏེ་ལན་གདབ་པ་དང༌། གཞག་པ་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་གི་དྲིས་པ་ལན་འདེབས་ན་ཡང་རྣམ་པ་དེ་བཞིས་ལན་འདེབས་པར་མཛད་པའི་ཕྱིར་རོ། །དེ་ལ་མགོ་གཅིག་ཏུ་ལན་གདབ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་བ་ལ་ཐམས་ཅད་འཆི་བར་འགྱུར་ཞེས་མགོ་གཅིག་ཏུ་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །རྣམ་པར་དབྱེ་ཞིང་ལན་གདབ་པ་ཞེས་བྱ་བ་ནི་ཤི་བ་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་ལ་གང་དག་ཉོན་མོངས་པ་དང་བཅས་པ་དེ་དག་ནི་སྐྱེ་བར་འགྱུར་རོ། །གང་དག་ཉོན་མོངས་པ་མེད་པ་དེ་དག་ནི་སྐྱེ་བར་མི་འགྱུར་རོ་ཞེས་རྣམ་པར་


DTG205_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་སྟེ་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །དྲིས་ཏེ་ལན་གདབ་པ་ནི་ཞེས་བྱ་བ་ནི་མི་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནམ་དམན་པ་ཡིན་ཞེས་འདྲི་བ་ལས་གང་ལ་ལྟོས་ཏེ་འདྲི་ཞེས་ཕྱིར་དྲིས་ནས་གལ་ཏེ་ངན་སོང་རྣམས་ལ་ལྟོས་ཏེ་འདྲིའོ་ཞེས་ཟེར་ན་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ལན་གདབ་པ་དང༌། གལ་ཏེ་ལྷ་རྣམས་ལ་ལྟོས་ཏེ་འདྲིའོ་ཞེས་ན་ནི་དམན་པ་ཡིན་ནོ་ཞེས་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །གཞག་པས་ལན་གདབ་པ་ནི་བདག་ཕུང་པོ་རྣམས་དང་གཅིག་གམ་ཐ་དད་ཅེས་འདྲི་བ་ལ་བདག་གཏན་མེད་པས་ཕུང་པོ་རྣམས་དང་གཅིག་གམ་ཐ་དད་པར་འགྱུར་བ་ཡོད་རེ་སྐན་སྙམ་དུ་དོན་གྱི་དབང་དེ་ཡིད་ལ་བྱས་ཏེ་ཅང་མི་སྨྲ་བས་ལན་གདབ་པ་ལ་སོགས་པའོ། །གསང་བ་དང་བསྒྲགས་པའི་དོན་ནི་གསང་བ་དང་བསྒྲགས་པ་ཞེས་བྱ་བས་བསྟན་ཏེ། སེམས་ཅན་སྣོད་དུ་མ་གྱུར་པ་དག་ལ་དོན་ཟབ་མོ་གསང་བ་དང༌། སྣོད་དུ་གྱུར་པ་དག་ལ་སྒྲོགས་པར་མཛད་པའི་ཕྱིར་རོ། །དེ་ལ་རྣམ་པ་ཇི་སྙེད་ཡོད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་ལ་སོགས་པའི་རྣམ་པ་དག་གིས་སོ། །མཚན་ཉིད་ཇི་ལྟ་བུ་བཞིན་དུ་ཡོད་པ་ཉིད་ཀྱིས་ཤེས་པར་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་དག་གིས་སོ། །དེ་གཉིས་ཀར་འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དེ་གཉིས་ཀ་འཛིན་པར་བྱེད་པ་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་ཡིན་པ་དག་སྟེ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པས་འདོད་ཆགས་ལ་སོགས་པ་རྩེ་འཇིལ་བའོ། །མ་ལུས་པར་སྤོང་བ་ཞེས་བྱ་བ་ནི་ཡོངས་སུ་གཏུགས་ཏེ་སྒོམ་པའོ། །དགེ་སྦྱོང་ཉིད་ཅེས་བྱ་བ་ནི་དྲི་མ་མེད་པའི་ལམ་མོ། །འབྲས་བུ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །ཡོན་ཏན་འཇིག་རྟེན་པ་ཞེས་བྱ་བ་ནི་བསམ་གཏན་དང་ཚད་མེད་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །ཐུན་མོངས་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་དང༌། སྨོན་པ་ཞེས་


DTG205_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའོ། །མངོན་དུ་བྱ་བ་ནི་འབྲས་བུ་ཐོབ་པའོ། །དེ་རབ་ཏུ་རིག་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ། དེ་རབ་ཏུ་རིག་པར་བྱེད་པ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མངོན་སུམ་དུ་བྱས་པའི་ཆོས་དེ་དག་ཉིད་ལ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་དེ་དག་ཉིད་ལའོ། །རྣམ་པར་གྲོལ་བ་ཤེས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང་ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་རང་གིས་རྟོགས་པའི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པའོ། །བྱམས་པ་དོན་ལྔ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བས་ནི་བསྟན་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་སེམས་ལ་བརྟགས་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་བཞིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིག་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ། །བཤད་པ་དང་རབ་ཏུ་དབྱེ་བ་ནི་ལོགས་ཤིག་ཏུ་མ་བསྟན་ཏེ་སྐབས་དེ་ཉིད་ཀྱིས་རིག་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་སེམས་ལ་བརྟགས་པའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུ་བརྟག་པ་དང༌། སེམས་ཀྱི་མྱོང་བ་བརྟག་པ་དང༌། སེམས་ཀྱི་རྣམ་པར་རིག་པ་བརྟག་པ་དང༌། སེམས་ཀྱི་ཀུན་ནས་ཉོན་མོངས་པ་བརྟག་པ་དང༌། རྣམ་


DTG205_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་བ་བརྟག་པས་གོ་རིམས་བཞིན་དུ་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་སྟེ། དེ་ལ་སེམས་ཀྱི་རྒྱུ་བརྟག་པ་ནི་སེམས་ཀྱི་ལེན་པའི་དོན་ཅེས་བྱ་བས་བསྟན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི་རྒྱུ་གཉིས་པོ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང༌། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་སྟེ། དེ་ཉིད་ཀྱི་ལུས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་མྱོང་བ་བརྟག་པ་ནི་མྱོང་བའི་དོན་ཅེས་བྱ་བས་བསྟན་ཏེ། བདག་གོ་སྙམ་དུ་རྣམ་པར་རིག་པར་ཚོར་བ་རྣམ་པ་གསུམ་མྱོང་བ་སྟེ། དེ་ཉིད་ཀྱིས་ཚོར་བ་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་རྣམ་པར་རིག་པ་བརྟག་པ་ནི་རྣམ་པར་རིག་པའི་དོན་ཅེས་བྱ་བས་བསྟན་ཏེ། དམིགས་པ་རྣམ་པར་རིག་པས་སེམས་ཙམ་དུ་རིག་པ་སྟེ། དེ་ཉིད་ཀྱིས་སེམས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བརྟག་པ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དོན་ཅེས་བྱ་བས་བསྟན་ཏེ། སེམས་དེ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དག་གི་གནས་དང་དམིགས་པའི་རྣམ་པ་མ་རྟོགས་པ་དང༌། རྟོགས་པ་ལས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བ་སྟེ། དེ་ཉིད་ཀྱིས་ཆོས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །བྱམས་པའི་དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ལ་བརྟག་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང༌། དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟ་སོ་སོ་ཡང་དག་པར་རིག་པ་ནི་བྱམས་པ་བྱང་ཆུབ་སེམས་དཔས་རྣམ་པ་གསུམ་གྱིས་


DTG205_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་གསུམ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་བསྟན་ཏོ། །བྱམས་པ་དེ་ལ་ཚིག་འབྲུའི་དོན་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་གནས་དང༌། གནས་པ་དང༌། ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ལ་གནས་ནི་ཚིག་འབྲུའི་དོན་ཏོ། །གནས་པ་ནི་དོན་གྱི་དོན་ཏོ། །དེ་གཉིས་ནི་བསྟན་པ་ཟབ་པ་དང༌། དོན་ཟབ་པར་ཤེས་པར་བྱ་སྟེ་གོ་རིམས་བཞིན་ནོ། །ཁམས་ཀྱི་དོན་གྱིས་རྒྱ་ཆེ་སྟེ། དཔག་ཏུ་མེད་པའི་ཕྱིར་རོ། །དེ་ནི་བསྟན་པ་དང༌། དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ། །མིང་གི་ཚོགས་ལ་སོགས་པ་ཞེས་བྱ་བ་ནི་སྔར་ཆོས་སོ་སོ་ཡང་དག་པར་རིག་པའི་སྐབས་སུ་མིང་དང་ཚིག་དང་ཡི་གེ་སོ་སོ་བ་དང་བསྡུས་པ་བསྟན་པ་གནག་ཡིན་པར་བལྟ་བར་བྱའོ། །དེ་ཁོ་ནའི་མཚན་ཉིད་ཅེས་བྱ་བ་ནི་གཟུང་བ་ཉིད་ཀྱིས་སོ། །ཡོངས་སུ་ཤེས་པའི་མཚན་ཉིད་ཅེས་བྱ་བ་ནི་འཛིན་པ་ཉིད་ཀྱིས་སོ། །སྤང་བའི་མཚན་ཉིད་ཅེས་བྱ་བ་ནི་འབྲལ་བ་ཉིད་ཀྱིས་སོ། །མངོན་དུ་བྱ་བའི་མཚན་ཉིད་ཅེས་བྱ་བ་ནི་འཐོབ་པ་ཉིད་ཀྱིས་སོ། །བསྒོམ་པའི་མཚན་ཉིད་ཅེས་བྱ་བ་ནི་ཆུང་མི་ཟ་བའི་ཚུལ་གྱིས་སོ། །རྣམ་པར་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་རྣམ་པ་གཉིས་ཏེ། མེ་ལོང་གི་དེ་ཁོ་ན་དང་སྣང་བའི་དེ་ཁོ་ན་ཞེས་བྱ་བ་ལྟ་བུ་དང༌། ཡོངས་སུ་ཤེས་པ་ནི་དགུ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་


DTG205_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་པའོ། །འདོད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ། །གཟུགས་དང་གཟུགས་མེད་པའི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ། །ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་པའོ། །གཟུགས་ཀྱི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་བརྒྱད་པའོ། །གཟུགས་མེད་པའི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་དགུ་པའོ་ཞེས་བྱ་བ་ལྟ་བུ་དང༌། སྤང་བ་ནི་ཡོངས་སུ་རྣམ་པ་གཉིས་ཏེ། མཐོང་བས་སྤང་བ་དང༌། བསྒོམ་པས་སྤང་བ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་དང༌། མངོན་དུ་བྱ་བ་ནི་རྣམ་པ་གཉིས་ཏེ། ལམ་མངོན་དུ་བྱ་བ་དང༌། འབྲས་བུ་མངོན་དུ་བྱ་བ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་དང༌། བསྒོམ་པ་ནི་རྣམ་པ་བཞི་སྟེ། འཐོབ་པ་བསྒོམ་པ་དང༌། བརྟེན་པ་བསྒོམ་པ་དང༌། སྤང་བ་བསྒོམ་པ་དང༌། གཉེན་པོ་བསྒོམ་པའོ་ཞེས་བྱ་བ་ལྟ་བུ་ལ་སོགས་པར་དེ་དག་གི་རྣམ་པ་རབ་ཏུ་དབྱེ་བ་གང་ཡིན་པའོ། །གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་དང་དོན་དུ་འབྲེལ་པ་སྟེ། དེ་ཡང་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ་དང༌། དེ་ལས་སྐྱེས་པའི་མཚན་ཉིད་ཀྱིས་འབྲེལ་པའོ། །བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྒྲིབ་པ་ལ་སོགས་པའོ། །རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ལེགས་པར་མཉམ་པ་ལ་སོགས་པའོ། །ཉེས་དམིགས་དང་ཕན་ཡོན་གྱི་མཚན་ཉིད་ཅེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཡོངས་སུ་མཉམ་པ་དང༌། ཕུན་སུམ་ཚོགས་པར་འགྱུར་བའོ། །ཁམས་ལྔ་སྟེ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་ལྔ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་


DTG205_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་སྟེ། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔས་ཡོངས་སུ་སྦྱང་བར་བྱ་བ་དག་གོ །སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྟེ། རིགས་ཡང་དག་པར་བསྒྲུབས་པ་དང༌། མ་བསྒྲུབས་པའི་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་པོ་བྱང་ཆུབ་སེམས་དཔས་ཡོངས་སུ་སྨིན་པར་བྱ་བ་དག་གོ །ཆོས་ཀྱི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་དཔག་ཏུ་མེད་པ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་གང་དག་གིས། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གྱི་ཁམས་དེ་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བ་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་དག་གོ །གདུལ་བའི་ཁམས་ཞེས་བྱ་བ་ནི་གདུལ་བའི་ཁམས་དཔག་ཏུ་མེད་པ་སྟེ། སེམས་ཅན་དེ་དག་གི་ནང་ན་སེམས་ཅན་གང་དག་རིགས་ཡང་དག་པར་བསྒྲུབས་ཤིང་སྐལ་བ་དང་ལྡན་པ་གཏན་དུ་སྡུག་བསྔལ་ལས་ཐར་བར་བྱར་རུང་བ་བྱང་ཆུབ་སེམས་དཔས་རྣམ་པར་གྲོལ་བར་བྱ་བ་དག་གོ །འདུལ་བའི་ཐབས་ཀྱི་ཁམས་ཞེས་བྱ་བ་ནི་འདུལ་བའི་ཐབས་དཔག་ཏུ་མེད་པ་སྟེ། སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་བྱང་ཆུབ་སེམས་དཔས་ལགས་པར་བསྟན་པར་བྱ་བ་དག་གོ །བྱམས་པ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བས་ནི་གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དང༌། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལྟར་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་མངོན་པའི་ང་རྒྱལ་མེད་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པ་ཡིན་ནོ།། །།དེའི་འོག་ཏུ་ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་


DTG205_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཞི་གནས་ཙམ་གྱིས་ཞེས་བྱ་བ་ནི་ལྷག་མཐོང་གི་ཤེས་པ་དང་མཐོང་བ་མེད་པའི་ཞི་གནས་འབའ་ཞིག་གིས་སོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་ཞི་གནས་ཀྱིས་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་དེ་ཙམ་གྱིས་ཆོག་པར་འཛིན་ན་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལས་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པ་དང༌། མཐོང་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པས་ཞི་གནས་ཙམ་དང༌། ཤེས་པ་དང༌། མཐོང་བ་ངན་ངོན་ཙམ་གྱིས་ཆོག་པར་མི་བཟུང་ཞིང་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ལ་བརྟེན་ཏེ། ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་བྱ་དགོས་ན། ཤེས་རབ་རྣམ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་མཐོང་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་གང་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་བརྟགས་ནས། བཅོམ་ལྡན་འདས་ཐོས་བ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་གཉིས་ཞུས་པར་སྦྱར་རོ། །འདིར་ཤེས་རབ་རྣམ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་བསྟན་པས་ནི་ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །བསྒོམས་པ་ལས་བྱུང་བའི་ཤེས་པ་དང༌། མཐོང་བའི་ངོ་བོ་ཉིད་བསྟན་པས་ནི་བཤད་པས་དེ་བསྟན་ཏོ། །ཐོས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་ཚིག་འབྲུ་ལ་གནས་ཏེ་སྐྱེ་བ་ཡིན་པས་དེས་ནི་ཚིག་འབྲུ་ལ་སོགས་པའི་


DTG205_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་སྟོན་ཏོ། །དེ་ལ་ཚིག་འབྲུ་ལ་གནས་པའི་དོན་ཅེས་བྱ་བ་ནི་མིང་དང༌། ཚིག་དང༌། ཡི་གེ་དང༌། སོ་སོ་བ་དང༌། བསྡུས་པ་ལས་བརྟེན་པའི་དོན་ཏོ། །སྒྲ་ཇི་བཞིན་པའི་དོན་ཅེས་བྱ་བ་ནི་དགོངས་པ་མེད་པའི་དོན་ཅེས་བྱ་བས་བསྟན་ཏོ། །མངོན་དུ་མ་གྱུར་པའི་དོན་ཅེས་བྱ་བ་ནི་མཉམ་པའི་ས་པའི་དམིགས་པ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་མངོན་དུ་མ་གྱུར་པའོ། །རྣམ་པར་ཐར་པའི་རྗེས་སུ་མཐུན་པའི་དོན་ཅེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པས་རྣམ་པར་ཐར་པར་བྱེད་པའི་བརྒྱུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་དེ་ཉིད་ཀྱིས་མངོན་སུམ་དུ་རྣམ་པར་ཐར་པར་བྱེད་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་བྱ་བ་ནི་ཁ་ཕྱིར་བལྟས་ཏེ་འཇུག་པའི་ཤེས་རབ་ཀྱིས་སོ། །བསམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་རིགས་པས་ཚུལ་བཞིན་དུ་རྟོགས་པ་ལས་བྱུང་བ་སྟེ། དེ་ཡང་མཉམ་པར་གཞག་པའི་ས་པ་ཉིད་མ་ཡིན་པས་ཚིག་འབྲུལ་གནས་པའི་དོན་ཁོ་ན་སོ་སོ་ཡང་དག་པར་རིག་པར་བྱེད་པ་ཡིན་མོད་ཀྱི། རིགས་པས་ཚུལ་བཞིན་དུ་རྟོག་པའི་རྒྱུས་སྒྲ་ཇི་བཞིན་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་སྟོན་ཏོ། །ཚིག་འབྲུ་ལ་གནས་པ་ཁོ་ནའི་དོན་ཅེས་བྱ་བ་ནི་ཐོས་པའི་དོན་ལ་བརྟེན་པའི་ཕྱིར་རོ། །སྒྲ་ཇི་བཞིན་མ་ཡིན་པ་དགོངས་པ་ཅན་གྱི་དོན་ཅེས་བྱ་བ་ནི་རིགས་པས་བརྟགས་པའི་དོན་ཡིན་པའི་ཕྱིར་རོ། །མངོན་དུ་མ་གྱུར་པའི་དོན་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། འོན་ཀྱང་མཉམ་པར་གཞག་པའི་ས་པའི་མོས་པས་ཡིད་ལ་བྱེད་པའི་དོན་གྱི་རྗེས་སུ་འཇུག་པས་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པའི་དོན་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། འོན་ཀྱང་དེ་མ་ཐག་ཏུ་ཉོན་མོངས་པ་ལས་རྣམ་པར་ཐར་པར་བྱེད་ནུས་པའི་དོན་གྱི་རྗེས་སུ་འཇུག་པས་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་བྱ་བ་ནི་རིགས་པས་ཚུལ་


DTG205_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྟོག་པའི་ཤེས་རབ་ཀྱིས་སོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་ཆོས་ངེས་པར་བྱས་པ་ལས་བྱུང་བ་སྟེ། དེས་ནི་སྔ་མ་གཉིས་ཀའི་དོན་དང་དེ་ལས་ཁྱད་པར་དུ་གྱུར་པ་ཚིག་འབྲུ་ལ་གནས་པ་མ་ཡིན་པ་ལ་སོགས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་སྟོན་ཏོ། །ཚིག་འབྲུ་ལ་གནས་པའི་དོན་ཅེས་བྱ་བ་ནི་སྔ་མ་གཉིས་ཀའི་དོན་ཀྱང་རྟོགས་པའི་ཕྱིར་རོ། །ཚིག་འབྲུ་ལ་གནས་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་བརྗོད་པའི་སྒྲ་དང་མ་འདྲེས་པའི་ཕྱིར་རོ། །སྒྲ་ཇི་བཞིན་པའི་དོན་ཅེས་བྱ་བ་ནི་ཐོས་པའི་དོན་ལ་དམིགས་པའི་ཕྱིར་རོ། །དགོངས་པ་ཅན་གྱི་དོན་ཅེས་བྱ་བ་ནི་བསམས་པའི་དོན་ལ་དམིགས་པའི་ཕྱིར་རོ། །ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱིས་མངོན་དུ་གྱུར་བའི་དོན་ཅེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱིས་དམིགས་པ་མངོན་དུ་གྱུར་པས་རང་རིག་པའི་དོན་ཏོ། །རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་པའི་དོན་ཅེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པའི་དོན་ཅེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པར་བྱེད་དེ་ཞེས་བྱ་བ་ནི་ངེས་པར་གྱུར་པའི་ཤེས་རབ་ཀྱིས་སོ། །དེ་དག་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ་ཞེས་བྱ་བས་ནི་མཉམ་པར་མ་བཞག་པའི་ས་པའི་དོན་དང༌། མཉམ་པར་བཞག་པའི་ས་པའི་རྗེས་སུ་མཐུན་པའི་དོན་དང༌། མཉམ་པར་གཞག་པའི་ས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པས་དེ་དག་གི་བྱེ་བྲག་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་རབ་རྣམ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་བསྟན་ནས། ད་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་དང་མཐོང་བའི་ངོ་བོ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །རྣམ་གྲངས་དུ་མས་སྟོན་པར་བྱེད་མོད་ཀྱི་ཞེས་བྱ་བ་ནི་ཤེས་པ་ནི་དོན་དམ་པའི་བདེན་པ་འཛིན་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་འཛིན་པ་དང༌། སྣ་ཚོགས་མ་ཡིན་པ་འཛིན་པའོ། །མཐོང་བ་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང༌། ཇི་སྙེད་ཡོད་པ་ཉིད་འཛིན་པ་དང༌།


DTG205_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པའོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་སོ། །མདོར་བསྡུས་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་ངོ་བོ་ཉིད་བསྟན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་རྣམ་པ་སྣ་ཚོགས་མ་ཡིན་པའི་ཕྱིར་རོ། །མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་ཇི་སྙེད་ཡོད་པ་ཉིད་དང༌། རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རོ། །དེ་ལྟར་ཞི་གནས་ཙམ་གྱིས་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་དེ་ཙམ་གྱིས་ཆོག་པར་འཛིན་ན་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལས་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཤེས་རབ་རྣམ་གསུམ་གྱི་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པ་དང༌། མཐོང་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཕྲ་བ་ཀུན་དུ་འབྱུང་བས་ཞེས་བྱ་བ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་སོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང༌། གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་ཆོས་རབ་ཏུ་སྤངས་ཏེ། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་


DTG205_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང༌། བཤད་པས་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང༌། གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ཏེ། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་བྱ་དགོས་ན། དེ་དག་གི་རྣམ་པར་གཞག་པའི་ཚུལ་ཇི་ལྟ་བུ་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་པ་ལགས་ཞེས་བྱ་བ་ལ་སོགས་པས་ཞུས་པ་རྣམ་པ་ལྔར་ཞུས་པ་སྦྱར་རོ། །དེ་ལ་ཞུ་བ་དང་པོ་འདིར་ནི་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་ཅེས་དོན་རྣམ་པ་གསུམ་ཞུས་པ་ཡིན་ཏེ། དེ་དག་གིས་ནི་བསྟན་པས་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཞུ་བ་ལྷག་མ་བཞིས་ནི་བཤད་པས་དེ་བསྟན་པར་རིག་པར་བྱའོ། །དེ་ལ་ཡིད་ལ་བགྱིད་པ་གང་གིས་ཞེས་ཞུས་པའི་ལན་དུ། དེ་བཞིན་ཉིད་ཡིད་ལ་བྱེད་པས་ཞེས་བྱ་བ་གསུངས་ཏེ། རྣམ་པར་རིག་པའི་དེ་བཞིན་ཉིད་རྣམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་སྟེ། དེ་ནི་ཕྲ་བ་ཀུན་འབྱུང་བས་ཞེས་བྱ་བའི་དོན་ཏོ། །མཚན་མ་གང་རྣམ་པར་སེལ་བར་བགྱིད་ལགས་ཞེས་ཞུས་པའི་ལན་དུ་ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ཀྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ། དེས་ནི་གཞན་


DTG205_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤང་བ་བསྟན་ཏོ། །དེ་ལ་ཆོས་ཞེས་བྱ་བ་ནི་སྔར་ཆོས་སོ་སོ་ཡང་དག་པར་རིག་པའི་སྐབས་སུ་མིང་དང་ཚིག་དང་ཡི་གེས་སོ་སོ་ཡང་དག་པར་རིག་པར་བྱ་བ་བསྟན་པ་གང་ཡིན་པའོ། །དོན་ཅེས་བྱ་བ་ནི་སྔར་དོན་སོ་སོ་ཡང་དག་པར་རིག་པར་བྱ་བའི་སྐབས་སུ་རྣམ་པ་བཅུ་དང་ལྔ་དང་བཞི་དང༌། གསུམ་གྱིས་སོ་སོ་ཡང་དག་པར་རིག་པར་བྱ་བ་བསྟན་པ་གང་ཡིན་པའོ། །མཚན་མ་ཞེས་བྱ་བ་ནི་ཆོས་དང་དོན་ཉིད་མཚན་མ་སྟེ། སེམས་ཀྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡིན་པས་གནས་གྱུར་པར་བྱ་དགོས་པའི་ཕྱིར་རྣམ་པར་བསལ་བར་བྱ་བ་ཡིན་ནོ། །ཇི་ལྟར་རྣམ་པར་སེལ་བར་བགྱིད་ཅེས་ཞུས་པའི་ལན་དུ། མིང་དང་མིང་གི་ངོ་བོ་ཉིད་མི་དམིགས་ཤིང་དེའི་གནས་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་པས་དེ་སེལ་ཏོ། །དེ་ལ་ཆོས་དང་དོན་གྱི་མཚན་མ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡིན་ལ། མིང་ལ་སོགས་པའི་ཀུན་བརྟགས་པའི་མཚན་ཉིད་དེ་མཚན་ཉིད་མེད་པའི་ཆོས་ཡིན་ནོ། །མིང་ལ་མིང་གི་ངོ་བོ་ཉིད་དམིགས་ཤིང་ཞེས་བྱ་བས་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཆོས་དེ་ལ་ངོ་བོ་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པས་རྣམ་པར་སེལ་བ་བསྟན་ཏེ། གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དེ་ལ་ངོ་བོ་ཉིད་དམ། བྱེ་བྲག་ཏུ་མིང་བཏགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པས་མིང་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཀུན་བརྟགས་པའི་མིང་ལ་མིང་གི་ངོ་བོ་ཉིད་མི་


DTG205_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་རྣམ་པར་སེལ་ཏོ། །དེའི་འོག་ནས་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་ཞེས་བྱ་བས་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་པས་རྣམ་པར་སེལ་བ་བསྟན་ཏེ། ཀུན་བརྟགས་པའི་མིང་དེའི་གནས་གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་གང་ཡིན་པ་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཀུན་བརྟགས་པའི་མིང་དེའི་གནས་གཞན་གྱི་དབང་གི་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ། །རྣམ་པར་སེལ་ཏོ་ཞེས་བྱ་བས་ནི་དེ་ལྟར་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་པས་གཞན་གྱི་དབང་གི་མཚན་ཉིད་ཀྱི་མཚན་མ་དེ་རྣམ་པར་སེལ་ཏོ། །དེ་རྣམ་པར་བསལ་ནས་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པ་ཡིན་ཏེ། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མིང་ལ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་ལ་ཡང་དེ་བཞིན་ཏེ། དེ་དག་གིས་ནི་ཆོས་ཀྱི་མཚན་མ་ཇི་ལྟར་རྣམ་པར་སེལ་བ་བསྟན་ཏེ། དོན་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་དོན་གྱི་མཚན་མ་ཇི་ལྟར་རྣམ་པར་སེལ་བ་བསྟན་ཏོ། །རྣམ་པ་བཅུ་དང༌། ལྔ་དང༌། བཞི་དང༌། གསུམ་པོ་དག་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་ལ། དེ་དག་གིས་སོ་སོ་ཡང་དག་པར་རིག་པར་བྱ་བའི་དོན་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་པས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་རབ་ཏུ་སྤོང་ཞིང་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་བ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཁམས་ཀྱི་བར་ལ་ཞེས་བྱ་བ་ནི་སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུ་


DTG205_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པ་ནས་བཟུང་སྟེ། ལྔ་དང༌། བཞི་དང༌། གསུམ་གྱི་ཐ་མར་ཁམས་ཀྱི་དོན་རྣམ་པ་ལྔ་པོ་འཇིག་རྟེན་གྱི་ཁམས་དང༌། སེམས་ཅན་གྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། གདུལ་བའི་ཁམས་དང༌། གདུལ་བའི་ཐབས་ཀྱི་ཁམས་ཞེས་སྨོས་པའི་བར་དག་བཟུང་སྟེ། ཁམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་མི་དམིགས་ཤིང༌། ཀུན་བརྟགས་པའི་ངོ་བོ་ཉིད་དེའི་གནས་གཞན་གྱི་དབང་གི་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་དོན་གྱི་མཚན་མ་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྣམ་པར་སེལ་ཏོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཅི་ལགས་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ལགས་པ་དེ་ཡང་རྣམ་པར་སེལ་བར་བགྱིད་ལགས་སམ་ཞེས་བྱ་བས་ནི་དེ་ལྟར་གཞན་གྱི་དབང་གི་མཚན་མ་རྣམ་པར་བསལ་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤོང་ཞིང༌། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པ་ཡིན་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པའི་དུས་ན་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ཡིན་པ་དེ་ཡང་རྣམ་པར་རབ་སལ་བར་བྱ་བ་ཡིན་ནམ་ཞེས་ཞུས་པ་ཡིན་ནོ། །བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ལ་ནི་མཚན་མ་མེད་དེ་མི་དམིགས་ན་དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ་ཞེས་བྱ་བ་ལ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །མཚན་མ་ཞེས་བྱ་བ་ནི་གཉིས་སུ་དམིགས་པའོ། །མེད་དེ་མི་དམིགས་ན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཉིས་སུ་དམིགས་པ་སྟེ། དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་ཀྱང༌། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན། རྣམ་པ་ནི་ཞི་བ་ཡིན། བདག་པོ་ནི་དྲན་པ་ཡིན། མཚན་ཉིད་ནི་མེད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ་ཞེས་བྱ་བ་ནི་བཙལ་བ་ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གང་མེད་པ་རྣམ་པར་སེལ་བར་བློ་འཇུག་པ་དེ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་བདག་མེད་པ་ཆུད་


DTG205_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པས་རབ་ཏུ་ཕྱེ་བ་གཞན་གྱི་དབང་གི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་དེས་དེ་རྣམ་པར་སེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་གང་གིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་ཡིན་པར་ང་མི་སྨྲའོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་རྣམ་པར་བསལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཆབ་རྙོག་མ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང༌། མེ་ལོང་ཡོངས་སུ་མ་དག་པའི་དཔེ་དང༌། མཚེ་འུ་འཁྲུགས་པའི་དཔེས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་དོ། །ཡིད་ལ་བྱེད་པ་ནི་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་སོ་ཞེས་བཤད་པ་དེ་ཉིད་དམིགས་ཀྱིས་སྟོན་ཏོ། །དེ་ལ་དཔེ་དེ་གསུམ་ནི་མདོ་གཞན་དག་ལས་སེམས་རྙོག་པ་ཅན་དུ་གྱུར་པའི་ཉེས་པ་ནི་གསུམ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉེས་པ་དང༌། བག་ལ་ཉལ་གྱི་ཉེས་པ་དང༌། ཀུན་ནས་དཀྲིས་པའི་ཉེས་པའོ། །དེ་དག་གིས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་སེམས་རྙོག་པ་ཅན་དུ་གྱུར་ན་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཀྱི་དེ་ལས་བཟློག་པས་ནི་མི་ནུས་སོ་ཞེས་གསུངས་པའི་དཔེ་ཡིན་ནོ། །མ་བསྒོམས་པའི་སེམས་ཀྱིས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་སེམས་ཉེས་པ་སྔ་མ་གསུམ་གྱིས་རྙོག་པ་ཅན་དུ་གྱུར་པས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཀྱི་ཞེས་བྱ་བ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་སོ། །སེམས་ཀྱིས་སོ་སོར་བརྟགས་པ་ནི་གང་ལགས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་སེམས་གང་དག་གིས་རྣམ་པར་རིག་པའི་དེ་


DTG205_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཡིད་ལ་བགྱིད་ལགས་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་ཉིད་ནི་གང་ལས་དགོངས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བགྱི་པའི་དེ་བཞིན་ཉིད་དེ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་སེམས་ཀྱི་སོ་སོར་བརྟགས་པ་རྣམ་པ་གསུམ་གྱི་ཕྱིར་ཏེ་ཞེས་བྱ་བས་ནི་ཆུ་རྙོག་པ་ཅན་གྱི་སྣོད་ལ་སོགས་པ་ལས་བཟློག་པའི་དཔེས་སེམས་ཉེས་པ་གསུམ་གྱིས་རྙོག་པ་ཅན་དུ་མ་གྱུར་པས་རྣམ་པར་རིག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་ནུས་པའི་སེམས་རྣམ་པ་གསུམ་བསྟན་ཏེ། མཉམ་པར་གཞག་པའི་ས་པའི་ཐོས་པ་ལས་བྱུང་བའི་སེམས་ལ་སོགས་པས་རྣམ་པར་རིག་པའི་དེ་བཞིན་ཉིད་ལ་སོ་སོར་བརྟག་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ལས་དགོངས་ཏེ་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བས་ནི་དེ་ལྟར་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱ་བའི་དེ་བཞིན་ཉིད་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བསྟན་ཏོ། །དེ་ལྟར་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་རྣམ་པར་རིག་པའི་དེ་བཞིན་ཉིད་ལ་སོ་སོར་རྟོག་པ་ནི་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཞེས་སྔར་སྨོས་པ་ཡིན་ཏེ། དེས་ནི་ཕྲ་བ་ཀུན་དུ་འབྱུང་བས་ཞེས་བྱ་བའི་དོན་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་དང༌། མཚན་མ་རྣམ་པར་སེལ་བ་ལ་ཞུགས་པའི་ཞེས་བྱ་བ་ལ་སོགས་པས་ནི་སྔར་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱི་ལགས་ཞེས་ཞུས་པས་གཞན་གྱི་དབང་གི་མཚན་མ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་སྤངས་པས་རྣམ་པར་སེལ་ཏོ་ཞེས་བསྟན་པ་དེ་ལས་གཞན་གྱི་དབང་གི་མཚན་མ་རྣམ་པར་བསལ་དཀའ་བ་གང་ཡིན་པ་དང༌། དེ་དག་གཉེན་པོ་གང་གིས་སེལ་བ་སྟོན་ཏེ། དེ་ནི་ཡོངས་སུ་ཤེས་པ་ཞེས་བྱ་བའི་དོན་ཏོ། །མཚན་མ་དུ་ཞིག་ནི་རྣམ་པར་བསལ་དཀའ་བ་དག་ལགས་ལ་ཞེས་བྱ་བས་ནི་སྔར་ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དོ་ཞེས་སྨོས་པ་དེ་དག་གི་ནང་


DTG205_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་སྐབས་སུ་མཚན་མ་རྣམ་པར་བསལ་དཀའ་བ་མཆིས་ཞེས་བྱ་བར་སྦྱར་རོ། །གང་གིས་ན་དེ་དག་རྣམ་པར་སེལ་ལགས་ཞེས་པ་ནི་གཉེན་པོ་གང་གིས་ཞེས་བྱ་བར་སྦྱར་རོ། །དུ་ཞིག་ནི་རྣམ་པར་བསལ་དཀའ་བ་དག་ལགས་ལ་ཞེས་བྱ་བའི་ལན་དུ་བཅུ་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་དང་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་སྔར་བསྟན་པ་དག་གི་ནང་ནས་གནས་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་བ་ཡོད་དོ་ཞེས་བྱ་བར་སྦྱར་ཏེ། གནས་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་དཀའ་བ་ནི་བཅུ་དྲུག་ཡོད་པར་རིག་པར་བྱའོ། །གང་གིས་དེ་དག་རྣམ་པར་སེལ་ལགས་ཞེས་ཞུས་པའི་ལན་དུ། དེ་དག་ནི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་གསུངས་ཏེ། གནས་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་དཀའ་བ་བཅུ་དྲུག་ཡོད་པ་དེ་དག་སྟོང་པ་ཉིད་བཅུ་དྲུག་གིས་རྣམ་པར་སེལ་ཏོ་ཞེས་བྱ་བར་སྦྱར་རོ། །བཅུ་གང་ཞེ་ན་ཞེས་བྱ་བ་ནི་གནས་སྐབས་བཅུ་གང་ཞེས་བྱ་བར་སྦྱར་ཏེ། གནས་སྐབས་བཅུ་པོ་འདིའི་མཚན་མ་ཐམས་ཅད་རྣམ་པར་བསལ་དཀའ་བ་ནི་མ་ཡིན་གྱི། དཀའ་སླ་འདྲེན་མར་ཡོད་པ་ལས་འདིར་ནི་སླ་བ་རྣམས་མ་སྨོས་པར་དཀའ་བ་ཉི་ཚེ་སྟོན་ཏེ། དཀའ་བ་ཡང་གནས་སྐབས་བཅུ་པོ་ཁ་ཅིག་ལ་རེ་རེ་ཡོད། ཁ་ཅིག་ལ་གཉིས་གཉིས་ཡོད། ལ་ལ་ལ་བཞི་ཡོད་པས་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །ཆོས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དང་པོ་སྟེ། སྔར་ཆོས་སོ་སོ་ཡང་དག་པར་རིག་པར་བྱེད་པ་བསྟན་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ཚིག་དང་ཡི་གེའི་མཚན་མ་སྣ་ཚོགས་གང་ཡིན་པའོ། །དེ་ནི་མིང་དང་ཚིག་དང་ཡི་གེའི་གནས་ཆོས་ཀྱི་མཚན་མ་སྣ་ཚོགས་ཡིན་པས་ཀུན་བརྟགས་པའི་ཐ་སྙད་ལ་མངོན་པར་ཞེན་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་མིང་དང༌། ཚིག་དང་ཡི་གེའི་གནས་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སྟོང་པར་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །གནས་པའི་དེ་


DTG205_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་རྣམ་པ་གཉིས་ཏེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང་ན་གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། སྐྱེ་བ་དང༌། འཇིག་པ་དང༌། གནས་པ་དང་གཞན་དུ་འགྱུར་བ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་གང་ཡིན་པའོ། །དེ་ནི་སྡུག་བསྔལ་གྱི་བདེན་པ་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་ནང་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་མཚན་ཉིད་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་མཚན་ཉིད་དང༌། མཚན་གཞི་མེད་པ་དང༌། སྔོན་དང༌། ཕྱི་མའི་མཐའ་མེད་པས་སྟོང་པ་ཉིད་དུ་ཡིད་ལ་བྱས་ན་དེ་ལ་རྣམ་པར་སེལ་བའི་ཕྱིར་རོ། །འཛིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་གསུམ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་བཅུའི་སྐབས་སུ་འཛིན་པའི་དོན་ནི་སྐྱེ་མཆེད་གཟུགས་ཅན་ལྔ་དང༌། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང༌། སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ་དཀའ་བ་གཉིས་ཡོད་དེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་དང༌། ངའོ་སྙམ་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་འཛིན་པའི་དོན་རྣམས་ལས་སེམས་ལས་བྱུང་བའི་ཆོས་འཇིག་ཚོགས་ལ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་ཡིན་པས་ཤིན་ཏུ་དབུལ་བར་དཀའ་བར་བྱ་བའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ནང་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ནང་གི་ཕུང་པོ་སྟོང་པ་དང༌། བདག་མི་དམིགས་པར་ཡིད་ལ་བྱས་ན་དེ་གཉིས་རྣམ་པར་སེལ་བར་འགྱུར་པའི་ཕྱིར་རོ། །གཟུང་བའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བཞི་པ་སྟེ། སྔར་དོན་སོ་


DTG205_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་བཟུང་བའི་དོན་གྱི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཡིན་ནོ་ཞེས་བསྟན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ལོངས་སྤྱོད་ལ་ལྟ་བའི་མཚན་མ་གང་ཡིན་པའོ། །དེ་ནི་ཡུལ་ཡིད་དུ་འོང་བ་བདག་གིར་བྱ་བ་ཡིན་པས་རྗེས་སུ་འཆགས་པའི་གནས་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བའི་ཕྱིའི་ཡུལ་རྣམས་སྟོང་པར་ཡིད་ལ་བྱས་ནས་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །ཡོངས་སུ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང༌། བུད་མེད་ཀྱི་བསྙེན་བཀུར་དང་ཡོ་བྱད་དང་ལྡན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་ལྔ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་ལོངས་སྤྱོད་ཀྱི་དོན་ནི་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ངས་སེམས་ཅན་རྣམས་ཀྱི་ཡོངས་སུ་བཟུང་བ་དང༌། ཡོ་བྱད་བསྟན་པ་གང་དག་ཡིན་པ་རྣམས་སོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་གཉིས་ཡོད་དེ། ནང་གི་བདེ་བའི་མཚན་མ་དང༌། ཕྱི་རོལ་གྱི་སྡུག་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་ཡོངས་སུ་བསྡུ་པའི་དངོས་པོ་བདུན་དང་ཡོ་བྱད་བཅུ་པོ་དག་ལས་ནང་གི་ཚོར་བ་ལས་ལོག་པར་བདེ་བར་མོས་པ་དང༌། ཕྱི་རོལ་གྱི་བསྙེན་བཀུར་ལ་སོགས་པ་ལོག་པར་སྡུག་པར་མོས་པ་ཡིན་པས་མངོན་པར་ཞེན་པའི་གནས་ཀྱི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཕྱི་ནང་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ནང་གི་བདེ་བ་དང༌། ཕྱི་རོལ་གྱི་སྡུག་བསྔལ་བའི་མཚན་མ་རྨི་ལམ་བཞིན་དུ་ཕྱི་ནང་སྟོང་པ་དང༌། ནང་དང་ཕྱི་རོལ་ལ་ལོག་པར་མོས་པ་རང་བཞིན་གྱིས་སྟོང་པར་ཡིད་ལ་བྱས་ན་དེ་གཉིས་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །གནས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དྲུག་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་གནས་ཀྱི་དོན་ནི་འཇིག་རྟེན་གྱི་ཁམས་


DTG205_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་སྟེ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ཚད་མེད་པའི་མཚན་མ་གང་ཡིན་པའོ། །དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་རྟོག་པ་ཡིན་པས་གཡེང་པའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོང་པ་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པ་ལ་བརྟེན་ཏེ་ཞེས་བྱ་བ་ནི་གནས་སྐབས་བདུན་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་ཀུན་ནས་ཉོན་མོངས་པའི་དོན་ནི་རྣམ་པ་གསུམ་སྟེ། ཁམས་གསུམ་པའི་དོན་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཞེས་བསྟན་པའི་ནང་ནས། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ནང་གི་ཞི་བའི་རྣམ་པར་ཐར་བའི་མཚན་མ་གང་ཡིན་པའོ། །དེ་ནི་མེད་པ་དང་ཅི་ཡང་མེད་པ་དང༌། ཕྲ་བར་འདུ་ཤེས་པ་ལ་ཞི་བ་རྣམ་པར་ཐར་པར་ལྟ་བ་ཡིན་པས་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་དེ་ཡང་འདུས་བྱས་ཀྱི་ཁོངས་སུ་གཏོགས་ལ། འདུས་བྱས་ཐམས་ཅད་རྐྱེན་ལ་རག་ལས་པས་སྟོང་པ་ཉིད་དུ་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བརྒྱད་པ་སྟེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང་ནས་མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང༌། ཆོས་བདག་མེད་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ་དཀའ་བ་བཞི་ཡོད་དེ། གང་ཟག་བདག་མེད་པའི་མཚན་མ་དང༌། ཆོས་བདག་མེད་


DTG205_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་མ་དང༌། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང༌། དོན་དམ་པའི་མཚན་མ་གང་ཡིན་པའོ། །དེ་དག་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་དེ་ལྟར་འཛིན་པ་ཡིན་པས། མཚན་ཉིད་ལ་མངོན་པར་ཞེན་པའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ལ་དང་བོ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །གང་ཟག་གཏན་མེད་པས་དགག་པ་ཡང་གཏན་མེད་པའི་ཕྱིར་རོ། །གཉིས་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། ཆོས་དངོས་པོ་མེད་པས་དགག་པ་ཡང་གཏན་མེད་པའི་ཕྱིར་རོ། །གསུམ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། འཁྲུག་པའི་རང་བཞིན་གྱི་རྣམ་པར་རིག་པ་ནི་གཉིས་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། ཡང་དག་པའི་ཤེས་པ་དམ་པ་དང༌། དེའི་དོན་དེ་བཞིན་ཉིད་ནི་ཀུན་བརྟགས་པའི་ཐ་སྙད་དང་བྲལ་བ་དང༌། ཡང་དག་པ་མ་ཡིན་པས་ཀུན་རྟོག་པ་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དགུ་པ་སྟེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང་ནས་རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་གཉིས་ཡོད་དེ། འདུས་མ་བྱས་ཀྱི་མཚན་མ་དང༌། འགྱུར་བ་མེད་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་འགོག་པ་ལ་འདུས་མ་བྱས་པ་དང༌། ཕུང་པོ་མེད་པ་ཉིད་དུ་མངོན་པར་ཞེན་པ་ཡིན་པས་འཇིག་ཚོགས་འགོག་པ་ལ་དམིགས་པའི་མཚན་མ་ཕྲ་མོ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ལ་དང་པོ་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། འདུས་མ་བྱས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་འགྱུར་བ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། འགྱུར་བ་མེད་པ་ཞེས་ཀྱང་བྱ། དོར་བ་མེད་པ་ཞེས་བྱ་སྟེ། འགྱུར་བ་དང་དོར་བ་ཞེས་བྱ་བ་ནི་ཕུང་པོའི་མིང་གི་རྣམ་


DTG205_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སོ། །དེ་མེད་པ་ནི་འགོག་པ་མྱ་ངན་ལས་འདས་པ་སྟེ། །དེ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྟོང་པའི་ཕྱིར། དེ་ཡིད་ལ་བྱས་ན་མཚན་མ་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །མཚན་མ་དེའི་གཉེན་པོ་སྟོང་པ་ཉིད་དེ་ཉིད་ཡིད་ལ་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བཅུ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་རྣམ་པར་བྱང་བའི་དོན་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་ཉིད་དང་བྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་དག་ཡིན་པ་རྣམས་ཏེ་ཞེས་བསྟན་པ་ལས་རྣམ་པར་མ་བཞག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། སྟོང་པ་ཉིད་ཀྱི་མཚན་མ་གང་ཡིན་པའོ། །དེ་ནི་སྟོང་པ་ཉིད་ཤེས་པ་གང་གིས་མཚན་མ་ཐམས་ཅད་རྣམ་པར་སེལ་བར་འགྱུར་བའི་སྟོང་པ་ཉིད་དེ་ལ་མངོན་པར་ཞེན་པ་ཡིན་པས། མཐུན་པའི་ཆོས་ལ་སྲེད་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཤེས་པ་གང་གིས་མཚན་མ་ཐམས་ཅད་རྣམ་པར་སེལ་བར་འགྱུར་པའི་སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་དུ་མཉམ་པར་གཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱས་ན་མཚན་མ་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །དེ་དག་གིས་ཀྱང་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད་པ་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་བ་སྟོན་ཏོ། །བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་ཞེས་བྱ་བ་ནི་ཞི་གནས་དང༌། ལྷག་མཐོང་གི་དམིགས་པ་གཟུགས་བརྙན་གཉིས་རྣམ་པར་སེལ་བར་བྱེད་པ་སྟེ། དེས་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་


DTG205_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་འཆིང་བའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་ལ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བར་འགྱུར་བ་སྟེ། དེས་ནི་གནས་གྱུར་པ་ཉིད་བསྟན་ཏོ། །དེ་ཡང་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གང་ལས་གྲོལ་བར་འགྱུར་བའི་འཆིང་བ་དེ་ཡང་རྣམ་པར་སེལ་ཏེ། དེས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་བ་ཉིད་བསྟན་པ་ཡིན་ནོ། །བྱམས་པ་སྟོང་པ་ཉིད་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་ཞེས་སྨོས་པའི་དོན་ཏེ། ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཡིད་ལ་བྱེད་པ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་སླའོ། །དེ་ལྟར་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང༌། བཤད་པས་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཕྲ་བ་ཀུན་དུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྟོང་པ་ཉིད་ལ་སྐྲག་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་དོན་མ་རྟོགས་ན་དེས་སྐྲག་པར་འགྱུར་རོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་སྐྲག་པ་དེ་རྣམ་པར་གཞིག་ཅིང་ཀུན་བརྟགས་པའི་མཚན་ཉིད་ཀྱིས་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང༌། ལྷག་མཐོང་


DTG205_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང༌། བཤད་པ་སྟོང་པ་ཉིད་ཀྱིས་སྐྲག་པ་རྣམ་པར་གཞིག་ཅིང་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་དེ་དག་གཞན་གྱི་དབང་གི་མཚན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་གནས་སྐབས་བཅུའི་མཚན་མ་རྣམ་པར་བསལ་དཀའ་བ་རྣམ་པ་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་གིས་རྣམ་པར་སེལ་ཅིང་སྟོང་པ་ཉིད་རེ་རེ་ལ་ཡང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་གསུངས་ན་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་རྟོགས་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་རྟོགས་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས་ཞེས་བྱ་བ་ཞུས་པ་དང་སྦྱར་རོ། །འདིར་ལེགས་སོ་ཞེས་བྱ་བ་བྱིན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པས་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་བ་བསྟན་པར་བྱ་སྟེ། ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆུད་ཟ་བར་འགྱུར་བའི་རྒྱུ་མངོན་པའི་ང་རྒྱལ་གྱི་གཉེན་པོ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་མཚན་ཉིད་ཡོངས་སུ་ཤེས་པར་བྱས་ན་ཆུད་མི་ཟ་བར་འགྱུར་བས་དེའི་ཕྱིར་བྱམས་པ་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བ་ལེགས་སོ་ཞེས་བཀའ་སྩལ་པ་ཉིད་ཀྱིས་དེ་མདོར་བསྟན་པ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ལས་རབ་ཏུ་ཉམས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་སུ་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་


DTG205_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་ཤེས་པས་ནི་ཐེག་པ་ཆེན་པོའི་དོན་ཀྱང་ཡོངས་སུ་མི་ཤེས་པའི་ཕྱིར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་མཐའ་དག་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །བྱམས་པ་དེའི་ཕྱིར་ཉོན་ཅིག་དང་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཀུན་བརྟགས་པའི་མཚན་ཉིད་དང༌། ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་བྱ་བ་ནི་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་རྣམ་པར་བྱང་བ་ཡིན་ནོ་ཞེས་ངོ་བོ་ཉིད་དང་བྱེ་བྲག་ཏུ་མིང་བརྡར་སྒྲོ་འདོགས་པ་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པས། མཚན་ཉིད་སྔ་མ་གཉིས་ཀུན་བརྟགས་པའི་མཚན་ཉིད་དང༌། ཤིན་ཏུ་རྣམ་པར་བྲལ་བ་ཉིད་ནི་མཚན་ཉིད་དེ་གཉིས་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་ཡིན་པས་སྟོང་པ་ཉིད་ནི་མཚན་ཉིད་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དེ་དམིགས་པ་གང་ཡིན་པའོ། །དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཀུན་བརྟགས་པའི་མཚན་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཀྱང་ངོ་བོ་ཉིད་མེད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་ཡིན་པས། གཞན་གྱི་དབང་གི་མཚན་ཉིད་མེད་པའི་ཆོས་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང༌། གཞན་གྱི་དབང་གི་


DTG205_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པར་འགྱུར་བ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱིས་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུ་དང༌། ལམ་དང་སྦྱོར་བ་དང༌། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་གི་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འདིར་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པ་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང༌། བཤད་པས་ཞི་གནས་དང༌། ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ། རྣལ་འབྱོར་པས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པས་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་


DTG205_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་གདགས་པ་གཏན་ལ་དབབ་པ་ཤེས་པར་བྱ་དགོས་ན། ཞི་གནས་དང་ལྷག་མཐོང་གི་ལམ་བསྒོམ་པ་ལ་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ནི་ཇི་ལྟ་བུ་ཡིན། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། སྦྱོར་བ་དང་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ནི་ཇི་ལྟ་བུ་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པར་སྦྱར་རོ། །འདིར་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ཞུས་པ་དང་པོ་འདིས་ནི་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཇི་ལྟ་བུ་ཡིན་ཞེས་ཞུས་པ་ཡིན་ཏེ། དེ་ལན་དང་བཅས་པས་ནི་བསྟན་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་དང་འབྲས་བུ་དང༌། ལས་དང་སྦྱོར་བ་དང༌། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཇི་ལྟ་བུ་ཡིན་པ་རིམ་བཞིན་དུ་སྟོན་ཏེ། དེ་དག་གིས་ནི་བཤད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་གདམས་ངག་སྦྱིན་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་བྱམས་པ་ངས་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་དང་ལྷག་མཐོང་གི་ལམ་ནི་ཏིང་ངེ་འཛིན་ཡིན་ལ། དེའི་དམིགས་པའི་ཁྱད་པའི་དམིགས་པ་དང་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་པས་ལམ་དང་དམིགས་པའི་ངོ་བོ་ཉིད་དེས་ནི་ཐེག་པ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ཉེར་བསྡོགས་དང༌། དངོས་གཞི་དང་བཅས་པ་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐེག་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གང་ཡང་རུང་བ་ལ་སྦྱོར་བར་འདོད་པས་ནི་ཞི་གནས་དང༌། ལྷག་མཐོང་གི་ལམ་དང་དམིགས་པའི་ངོ་བོ་ཉིད་དེ་ལ་


DTG205_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པར་བྱའོ་ཞེས་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེའི་འོག་ཏུ་རྒྱུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས་ཞེས་བྱ་བ་ཞུས་སོ། །བྱམས་པ་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང༌། ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ་ཞི་གནས་ནི་ལྷག་པའི་སེམས་ཡིན་པས་དེ་ནི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ནི་ཞི་གནས་ཡིན་ནོ། །ལྷག་མཐོང་ནི་བསྒོམས་པ་ལས་བྱུང་བ་ལྷག་པའི་ཤེས་རབ་ཡིན་པས་དེ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པ་ལ་བརྟེན་ཏེ་བྱུང་བའི་ཕྱིར་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བས་ནི་ལྷག་མཐོང་ཡིན་ཏེ། དེས་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་འདོད་པས་ནི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ལྟ་བ་རྣམ་པར་དག་པར་བྱའོ་ཞེས་རྒྱུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེའི་འོག་ཏུ་འབྲས་བུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པར་བརྗོད་པར་བགྱི་ཞེས་བྱ་བ་ཞུས་སོ། །བྱམས་པ་སེམས་རྣམ་པར་དག་པ་ནི་འབྲས་བུ་ཡིན། ཤེས་རབ་རྣམ་པར་དག་པ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བས་ནི་ཞི་གནས་ཀྱི་མཚན་མའི་གཡེང་བ་དང་གནས་ངན་ལེན་གྱི་གཡེང་བའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་ཡིན་པས་དེས་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་སེམས་རྣམ་པར་དག་པ་ནི་ཞི་གནས་ཀྱི་འབྲས་བུ་ཡིན་ནོ། །ལྷག་མཐོང་གི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་ཡིན་པས་དེས་ཤེས་རབ་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་སེམས་རྣམ་


DTG205_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ནི་ལྷག་མཐོང་གི་འབྲས་བུ་ཡིན་ནོ་ཞེས་བསྟན་ཏོ། །བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་གསུམ་ཆར་གྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ལམ་དང་དམིགས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་ཕྱེ་བ་ཡིན་པས་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་བསྟན་ཏེ། དེས་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་འདོད་པས་ནི་སེམས་རྣམ་པར་དག་པ་དང༌། ཐེག་པ་ཐམས་ཅད་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཐོབ་པར་བྱའོ་ཞེས་འབྲས་བུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། དེའི་འོག་ཏུ་ལམ་གྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ལས་ཅི་ལགས་ཞེས་བྱ་བ་ཞུས་སོ། །མཚན་མའི་འཆིང་བ་དང༌། གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་ཐར་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་མཚན་མ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡིན་པས་འཆིང་བ་ཞེས་བྱའོ། །གནས་ངན་ལེན་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཐ་སྙད་ལ་མངོན་པར་ཞེན་པའི་བག་ཆགས་ཡིན་པས་འཆིང་བ་ཞེས་བྱའོ། །དེ་གཉིས་ལས་རྣམ་པར་ཐར་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་གནས་གྱུར་པ་ཡིན་པས་རྣམ་པར་ཐར་པ་ཞེས་བྱའོ། །དེ་གཉིས་ལས་རྣམ་པར་ཐར་པ་དང་དེ་ཐོབ་པར་བྱེད་པ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་ཡིན་ཏེ། དེས་ནི་རྣལ་འབྱོར་པ་ཞི་གནས་ངང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་འདོད་པས་ནི་གཞན་གྱི་དབང་དང་ཀུན་བརྟགས་པའི་འཆིང་བ་ལས་རྣམ་པར་ཐར་པར་བྱ་ཞིང་ཡོངས་སུ་གྲུབ་པ་ཐོབ་པར་བྱའོ་ཞེས་ལས་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེའི་འོག་ཏུ་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་


DTG205_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གགས་རྣམ་པ་ལྔ་གསུངས་པ་གང་དག་ལགས་པ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ཞུས་ཏེ། གགས་ལྔ་དང༌། སྒྲིབ་པ་ལྔ་དང༌། རྣམ་པར་གཡེང་བ་ལྔ་པོ་དག་ལམ་གང་གི་ཡང་ཡིན་པ་ཤེས་པར་བྱ་ཞིང་དེ་དག་རྣམ་པར་བསལ་ཏེ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱོར་བ་བསྟན་པ་ནི་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་པར་སྟོན་ཏོ། །གགས་རྣམ་པ་ལྔ་ཞེས་བྱ་བ་ནི་ལུས་ལ་ལྟ་བ་དང༌། ལོངས་སྤྱོད་ལ་ལྟ་བ་དང༌། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་དང༌། འདྲེས་པར་གནས་པ་དང༌། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་སྟེ་འདོད་པའི་ཡོན་ཏན་ལ་ཆགས་པ་མེད་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་འཐོབ་པའི་བར་ཆད་བྱེད་པས་ན་གགས་ཞེས་བྱའོ། །ལུས་ལ་ལྟ་བ་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ལ་ཆགས་པའོ། །ལོངས་སྤྱོད་ལ་ལྟ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྐྱེ་མཆེད་ལ་ཆགས་པ་སྟེ། དེ་གཉིས་ནི་ཉོན་མོངས་པའི་འདོད་པ་དང་འདོད་པའི་འདོད་པ་ལ་འདུན་པའི་རང་བཞིན་ཡིན་པས་ཚུལ་ཁྲིམས་རྣམ་པར་དག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཞི་གནས་ཀྱི་གགས་ཡིན་ནོ། །འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་ཞེས་བྱ་བ་ནི་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང་ཐོས་པ་དང་བསམ་པའི་སྒོ་གཉིས་ཀ་ནས་མ་ཐོབ་པ་སྟེ། དེ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ལྷག་མཐོང་གི་གགས་ཡིན་ནོ། །འདྲེས་པར་གནས་པ་ཞེས་བྱ་བ་ནི་ལུས་མི་དབེན་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཞེས་བྱ་བ་ནི་སེམས་མི་དབེན་པའོ། །དེ་ལ་ཡང་ཅིག་ཤོས་འདྲེས་པར་གནས་པས་ནི་ཞི་གནས་དང་ལྷག་མཐོང་ལ་སྦྱོར་བར་མི་བྱེད་ལ། ཅིག་ཤོས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་བས་དེ་གཉིས་ནི། ཞི་གནས་དང་ལྷག་མཐོང་དེ་གཉིས་ཀའི་གགས་ཡིན་ནོ། །སྒྲིབ་པ་ལྔ་ཞེས་བྱ་བ་ནི་རྒོད་པ་དང༌། འགྱོད་པ་དང༌། རྨུགས་པ་དང༌། གཉིད་དང༌། ཐེ་ཚོམ་དང༌། འདོད་


DTG205_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འདུན་པ་དང༌། གནོད་སེམས་ཏེ། དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་སྒྲིབ་པ་ཞེས་བྱའོ། །དེ་ལ་རྒོད་པ་ཞེས་བྱ་བ་ནི་ཉེ་དུ་དང༌། ཡུལ་དང་མི་འཆི་བར་རྟོག་པ་ལ་བརྟེན་ནས་སྔོན་བགད་པ་དང༌། རྩེས་པ་དང༌། དགའ་བ་དང༌། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་ནི་སེམས་རྣམ་པར་མ་ཞི་ཞིང་འཕྱར་བ་སྐྱེ་བ་གང་ཡིན་པའོ། །འགྱོད་པ་ཞེས་བྱ་བ་ནི་ཉེ་དུ་ལ་སོགས་པ་དེ་དག་ཉིད་ལ་རྟོག་པ་ནི་ཅིའི་ཕྱིར་བདག་གིས་དེ་དག་སྤངས་ཏེ། རབ་ཏུ་བྱུང་སྙམ་པ་དེ་ལྟ་བུའི་རྐྱེན་གྱིས་སེམས་འགྱོད་ཅིང་ཡིད་ལ་གཅེས་པ་སྐྱེ་བ་གང་ཡིན་པ་སྟེ། དེའི་ཕྱིར་རྒོད་པ་དང་འགྱོད་པ་དེ་གཉིས་ནི་གཞི་མཐུན་པས་སྒྲིབ་པ་གཅིག་ཏུ་མཛད་དོ། །གཞན་ཡང་འགྱོད་པ་ཞེས་བྱ་བ་ནི་བྱ་བ་མ་བྱས་པ་དང༌། མི་བྱ་བ་བྱས་པ་དང༌། འགྱོད་པ་དང་པོ་སྐྱེས་པ་དེ་མ་རྟོགས་པ་དེ་འགྱོད་པའི་གནས་དཀྲིས་པ་དེ་ཉིད་བསལ་མ་ནུས་ནས་ཕྱི་མའི་དུས་སུ་སེམས་ཀྱི་རྒྱུན་འགྱོད་ཅིང་ཡིད་ལ་གཅགས་བ་སྐྱེ་བ་ཡང་ཡིན་ཏེ། དེ་ནི་རྒོད་པ་དང་གཞི་མི་མཐུན་མོད་ཀྱི་ཇི་ལྟར་རྒོད་པས་རྣམ་པར་གཡེང་བའི་རྣམ་པས་ཉེ་བར་ཞི་བར་མི་བྱེད་པ་ནི་དེ་བཞིན་དུ་འདི་དང་ཡིད་མི་བདེ་བའི་རྣམ་པས་ཉེ་བར་ཞི་བར་མི་བྱེད་པའི་ཕྱིར་འདིར་ཡང་རྒོད་པ་དང་བྱ་བ་མཐུན་པས་སྒྲིབ་པ་གཅིག་ཏུ་མཛད་དེ། དེ་ནི་ལྷག་མའི་སེམས་ཀྱི་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྟ་བ་དང༌། འཚོ་བ་ཉམས་པ་ལ་སོགས་པ་ལ་བརྟེན་ནས་སྤོང་བ་ལ་སྦྱོར་བ་མ་བྱས་པའི་ཉོན་མོངས་པ་ཐམས་ཅད་སྐྱེ་བ་དང༌། མཐུན་པ་ལུས་དང་སེམས་རྨུགས་ཤིང་ལས་སུ་མི་རུང་བ་གང་ཡིན་པའོ། །གཉིད་ཅེས་བྱ་བ་ནི་སེམས་མངོན་པར་སྡུད་པ་སྟེ། རྨུགས་པ་ནི་ཉོན་མོངས་པ་སྐྱེད་པས་སྤོང་བའི་སྦྱོར་བ་འཇིག་པར་བྱེད་ལ། གཉིད་ནི་སེམས་མངོན་པར་སྡུད་པས་སྤོང་བའི་སྦྱོར་བ་འཇིག་པར་བྱེད་པས་བྱ་བ་མཐུན་པའི་ཕྱིར་སྒྲིབ་པ་གཅིག་ཏུ་མཛད་དོ། །ཐེ་ཚོམ་ནི་ཞེས་བྱ་བ་སྟོན་པའམ་ཆོས་སམ་བསླབ་པ་འམ་གདམས་ངག་དང་རྗེས་སུ་བསྟན་པའམ་རྟོགས་པའམ། དུས་གསུམ་མམ། བདེ་བ་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བ་གང་ཡིན་པའོ། །དེ་ལ་རྨུགས་པ་ནི་ལས་སུ་མི་རུང་བ་སློང་བ་ཡིན་ལ། གཉིད་ནི་མངོན་པར་སྡུད་པས་


DTG205_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བ་ཡིན། ཐེ་ཚོམ་ནི་ཡིད་གཉིས་ཟ་བར་ལྷག་པའི་ཤེས་རབ་ཀྱི་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་དེ་དག་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ། །འདོད་པ་ལ་འདུན་པ་ཞེས་བྱ་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲང་ཞིང་འདོད་པའི་ཡོན་ཏན་ལྔ་ལ་ལྟ་བ་ལ་སོགས་པར་འདོད་པ་དང༌། སྔོན་མྱོང་བ་རྗེས་སུ་དྲན་ནས་རྟོག་པར་འདོད་པ་གང་ཡིན་པའོ། །གནོད་སེམས་ཞེས་བྱ་བ་ནི་ཁོང་ཁྲོ་བའི་རྒྱུ་གང་ཡང་རུང་བ་རྗེས་སུ་དྲན་པའི་སེམས་ཀྱི་ཀུན་ནས་མནར་སེམས་དང༌། གནོད་པར་བྱ་བར་འདོད་པ་ཁོང་ཁྲོའི་རྒྱུ་དེ་ཉིད་ལ་ཤས་ཆེར་རྗེས་སུ་རྟོག་པའི་སེམས་ཀྱིས་ཀུན་ནས་མནར་སེམས་གང་ཡིན་པའོ། །དེ་གཉིས་ནི་འདོད་པ་ལས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ལས་དབེན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་དེ་གཉིས་ཀའི་སྒྲིབ་པ་ཡིན་ནོ། །དེ་ལྟར་སྒྲིབ་པ་བསྟན་ནས་དེ་དག་སྤངས་པས་ཞི་གནས་དང་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ལ་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །རྨུགས་པ་དང་གཉིད་ནི་ནང་དུ་ཞུམ་པར་བྱེད་པ་ཡིན་པས་དེ་གཉིས་ལེགས་པར་རབ་ཏུ་ཆོམས་པར་འགྱུར། ཞི་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ཡིན་ནོ། །རྒོད་པ་དང་འགྱོད་པ་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡིན་པས་དེ་གཉིས་ལེགས་པར་རབ་ཏུ་ཆོམས་པར་གྱུར་ན། ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ཡིན་ཏེ། སྔར་སྒྲིབ་པའི་གནས་སྐབས་ནི་སྦྱོར་བའི་ལམ་ཡིན་པས་དེར་ནི་ཞི་གནས་ལ་རྒོད་པ་དང༌། འགྱོད་པ་སྒྲིབ་པ་ལྷག་མཐོང་ལ་རྨུགས་པ་དང་གཉིད་སྒྲིབ་པར་བསྟན་གྱི། འདིར་ཡོངས་སུ་དག་པའི་གནས་སྐབས་ནི་སྦྱོར་བ་མཐར་ཐུག་པའི་ལམ་ཡིན་པས་སྔ་མ་ལས་བཟློག་སྟེ་སྦྱར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཞུགས་པས་རྣམ་པ་དུ་དག་གིས་སེམས་རྣམ་པར་ཡོངས་སུ་འཚལ་བར་བགྱིད་ལགས་ཞེས་བྱ་བས་ནི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ཐམས་ཅད་བསྡུས་ལ། ཏིང་ངེ་འཛིན་དེ་དག་གི་བར་དུ་གཅོད་པར་བྱེད་པའི་ཆོས་


DTG205_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་རྣམ་པར་གཡེང་བ་ཡིན་པས་དེ་དག་ཡོངས་སུ་ཤེས་པར་བྱ་སྟེ། སྤང་བར་བྱ་བའི་གདམས་ངག་སྦྱིན་དགོས་པས་དེ་སྐད་ཞུས་སོ། །བྱམས་པ་རྣམ་པ་ལྔས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐེག་པ་དམན་པ་ཡིད་ལ་བྱེད་པ་ལ་སོགས་པའི་གཡེང་བ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་པའི་རྟེན་དུ་གྱུར་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད་པ་ཡིན་པས་ཡོངས་སུ་ཤེས་པར་བྱས་ཏེ་སྤང་བར་བྱའོ་ཞེས་སྟོན་ཏོ། ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་དང་ལྡན་པ་ཆོས་བདག་མེད་པ་ཡིད་ལ་བྱེད་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་ལམ་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང་ལྡན་པ་གང་ཟག་བདག་མེད་པར་ཡིད་ལ་བྱེད་པའོ། །འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དངོས་པོའི་འདོད་པའི་གཟུགས་ལ་སོགས་པ་ལྔའོ། །འདུ་འཛི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང༌། ཁྱིམ་པ་དང་འགྲོགས་པ་ལ་སོགས་པའོ། །མཚན་མ་དང་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་དབྱིབས་ཀྱི་མཚན་མའོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་འདོད་པ་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དང་མཐུན་པའི་གཞི་ཐམས་ཅད་དོ། །ཕྱི་རོལ་གྱི་དམིགས་པ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་ཐམས་ཅད་དེ་དེ་དག་ལ་དེ་དག་དང་འབྲེལ་པའི་སེམས་སྐྱེ་བས་སེམས་འཕྲོར་གཏོང་བ་ཞེས་བྱ་བར་སྦྱར་རོ། །རྨུགས་པ་དང་གཉིད་ཀྱིས་བྱིང་བ་འམ་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་ཀྱིས་བྱིང་བ་དྲངས་པ་གང་ཡིན་པ་དེས་སེམས་ཉེ་བར་ཉོན་མོངས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྙོམས་པར་འཇུག་པའི་རོ་མྱང་བ་ཞེས་བྱ་བས་ནི་བསམ་གཏན་དང་སྙོམས་པར་འཇུག་པའི་རོ་མྱོང་བར་བྱེད་པ་ནི་ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བ་སྒྲུབ་པ་ཡིན་པས་བསམ་གཏན་དང་སྙོམས་པར་འཇུག་པར་འགྱུར་བར་མི་ནུས་པས་དེས་སེམས་ཅན་གྱི་དོན་ཉམས་པར་འགྱུར་བའི་ཕྱིར་རོ། །སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་


DTG205_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་ཞུམ་པ་དང་རྒོད་པར་འགྱུར་བ་ལ་སོགས་པའོ། །ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན་ཞེས་བྱ་བ་ནི་རྒྱུ་བའི་གནས་སྐབས་ན་ཕྱི་རོལ་གྱི་མཚན་མ་སྡུག་པ་དང་མི་སྡུག་པ་གཟུང་བ་གང་ཡིན་པ་དེ་ལ་བརྟེན་ནས་གནས་པའི་སྐབས་སུ་དེ་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་ལ་སོགས་པ་སེམས་ལ་མཚན་མར་བྱེད་པ་དང༌། ཡང་ཕྱི་རོལ་གྱི་མཚན་མ་དང་བརྟན་པ་ལ་སོགས་པ་འདྲ་བར་ནང་གི་གཟུགས་བརྙན་ལ་ལྟ་བ་དང༌། ཡང་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུ་མཚན་གྱི་ཕྱིར་ཏིང་ངེ་འཛིན་གྱི་མཚན་མ་ཡིད་ལ་བྱེད་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གང་གིས་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ལུས་དང༌། སེམས་ཀྱི་ཚོར་བ་ཟག་པ་དང་བཅས་པ་སྲིད་པ་དང་རྗེས་སུ་ཆགས་པ་འཕགས་པའི་ལམ་ཐམས་ཅད་དང་མི་མཐུན་པ་ལའོ། །གནས་ངན་ལེན་གྱི་ལུས་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་ལུས་ཀྱིས་སོ། །དེ་དག་གིས་ནི་གགས་ལྔ་དང༌། སྒྲིབ་པ་ལྔ་དང༌། རྣམ་པར་གཡེང་བ་ལྔ་པོ་དག་ལམ་གང་གིས་གང་ཡིན་པ་ཤེས་པར་བྱ་ཞིང་དེ་དག་རྣམ་པར་བསལ་ཏེ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱར་བར་བྱའོ་ཞེས་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའོ།། །།དེའི་འོག་ཏུ་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་ལ་གང་གི་གཉེན་པོ་ལགས་ཞེས་བྱ་བ་ཞུས་ཏེ། ས་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་འཇུག་པ་བསྟན་པ་ནི་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་པར་སྟོན་ཏོ། །བྱམས་པ་ཞི་གནས་དང་ལྷག་མཐོང་གི་དང་པོ་


DTG205_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་ངན་སོང་བའི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་ས་དང་པོའི་མི་མཐུན་པའི་ཕྱོགས་ནི་ངན་སོང་དང་པོ་སོ་སོའི་སྐྱེ་བོ་ཉིད་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་བདག་མེད་པའི་ཤེས་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་རྣམས་ཀྱིའོ་ཞེས་བྱ་བ་ནི་ས་གཉིས་པའི་མི་མཐུན་པའི་ཕྱོགས་ནི་ངང་ཚུལ་ངན་པ་དང༌། ལོག་པར་བསྒྲུབས་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཡང་དག་པར་བསྒྲུབ་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱིའོ་ཞེས་བྱ་བ་ནི་ས་གསུམ་པའི་མི་མཐུན་པའི་ཕྱོགས་ནི་འདོད་པའི་འདོད་ཆགས་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་མི་ཉམས་པའི་བསམ་གཏན་དང་སྙོམས་པར་འཇུག་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང༌། ཆོས་ལ་སྲེད་པའི་འོ་ཞེས་བྱ་བ་ནི་ས་བཞི་པའི་མི་མཐུན་པའི་ཕྱོགས་ཀྱི་སྙོམས་པར་འཇུག་པ་ལ་སྲེད་པ་དང༌། ཆོས་ལ་སྲེད་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལན་མང་དུ་གནས་པ་དང༌། མདོའི་སྡེ་ལ་སོགས་པའི་ཆོས་ནས་ཚོགས་ཀྱི་ང་རྒྱལ་རྣམ་པར་བསལ་བ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལྔ་པ་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་བདག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཀྱིའོ་ཞེས་བྱ་བ་ནི་ལམ་ལྔ་པའི་མི་མཐུན་པའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུད་ཐ་དད་པར་ལྟ་བ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་འཕགས་པའི་བདེན་པ་བཞི་སྒོམ་པ་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུད་ཐ་དད་པར་མི་དམིགས་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་དུ་འབྱུང་བའིའོ་ཞེས་བྱ་བ་ནི་ས་དྲུག་པའི་མི་མཐུན་པའི་ཕྱོགས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་


DTG205_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་མ་གྱུར་པས་མཚན་མ་མང་པོ་ཀུན་དུ་འབྱུང་བ་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དེ་བཞིན་ཉིད་མངོན་དུ་གྱུར་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་མ་ནག་པོ་དང༌། དཀར་པོའི་ཕྱོགས་མི་དམིགས་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའིའོ་ཞེས་བྱ་བ་ནི་ས་བདུན་པའི་མི་མཐུན་པའི་ཕྱོགས་ནི་མངོན་པར་འདུ་བྱེད་པ་དང༌། རྩོལ་བའི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་བགྲོད་པ་གཅིག་པའི་ལམ་དང༌། འབྲེལ་པ་མཚན་མ་མེད་པའི་གནས་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བ་དང༌། མཚན་མ་ལ་དབང་དུ་མ་གྱུར་པའིའོ་ཞེས་བྱ་བ་ནི་ས་བརྒྱད་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་མེད་པ་ལ་རྩོལ་བ་དང༌། མཚན་མ་དང་དབང་མ་ཐོབ་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་མངོན་པར་འདུ་བྱེད་པ་མེད་ཅིང་མཚན་མ་ལ་གནས་པ་དང༌། མཚན་མ་ཟིལ་གྱིས་མནན་ཏེ། དབང་བཅུ་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པའིའོ་ཞེས་བྱ་བ་ནི་ས་དགུ་པའི་མི་མཐུན་པའི་ཕྱོགས་ནི་བློ་གྲོས་རྒྱ་ཆེན་པོས་གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དབང་དུ་མ་གྱུར་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པས་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཡེ་ཤེས་ཁྱད་པར་ཅན་ཡོངས་སུ་ཚོལ་ཞིང་ཆོས་སྟོན་པར་བྱེད་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པས་སོ་སོ་ཡང་དག་པར་རིག་པ་མི་འཐོབ་པའིའོ་ཞེས་བྱ་བ་ནི་ས་བཅུ་པའི་མི་མཐུན་པའི་ཕྱོགས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་


DTG205_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་པ་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུས་པ་དང༌། ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང༌། དབང་བསྐུར་བ་ཐོབ་པ་དང༌། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་ལ་སོགས་པས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཅེས་ཤིན་ཏུ་ཕྲ་བའི་གཉེན་པོ་ཡིན་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སའི་མི་མཐུན་པའི་ཕྱོགས་ནི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་མ་བཅོམ་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་དེ་སྤངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལེགས་པར་བཅོམ་པས་དེ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་ཐོབ་པ་ཞེས་བྱ་བ་ནི་སྒྲིབ་པ་ཕྲ་མོ་དེ་ལེགས་པར་མ་ལུས་པར་བཅོམ་པས་ཤེས་བྱ་ཐམས་ཅད་ལ་མངོན་དུ་མི་ཕྱོགས་པའི་ཕྱིར་ཆགས་པ་མེད་པ་དང༌། གང་ལ་ཉན་ཐོས་ལ་སོགས་པའི་ཤེས་པ་ཐོགས་པར་འགྱུར་བ་དེ་ལ་མི་ཐོགས་པའི་ཕྱིར་ཐོགས་པ་མེད་པའི་ཤེས་པ་དང་མཐོང་བ་བརྙེས་པའོ། །དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་ཞེས་བྱ་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བདག་དང་གཞན་གྱི་དོན་མཐར་ཕྱིན་པ་ཐོབ་པ་ན་ཞེས་བྱ་བར་སྦྱར་རོ། །ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བ་དེ་བཞིན་གཤེགས་པའི་གནས་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཞི་གནས་དང་ལྷག་མཐོང་བསྒོམས་པ་ལ་ངོ་བོ་ཉིད་ལ་


DTG205_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་བསྒོམས་པ་ལ་ངོ་བོ་ཉིད་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། སྦྱོར་བ་དང་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། །།དེའི་འོག་ཏུ་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བ་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་མངོན་པར་བསྒྲུབ་པ་དང༌། ཇི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ཚོར་བ་ཐམས་ཅད་འགག་པར་འགྱུར་ཞིང་ཤེས་ན། བསྒོམ་པའི་འབྲས་བུ་མ་རྟོགས་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་འདུན་པ་དྲག་པོ་མེད་པ་དེ་རྣམ་པར་གཞིག་ཅིང་འདུན་པ་དྲག་པོས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་བསྒོམ་པ་ལས་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བས་ཇི་ལྟར་བསྒྲུབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་འགྲུབ་པ་དང༌། ཚོར་བ་ཐམས་ཅད་འགག་པར་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར་བསྒྲུབ་ན་བླ་ན་མེད་


DTG205_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལགས་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་གསུམ་ཞུས་པར་སྦྱར་རོ། །དེ་ལ་ཞུ་བ་དང་པོ་འདི་ལན་དང་བཅས་པས་ནི་བསྟན་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པར་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཞུ་བ་ལྷག་མ་གཉིས་པོ་ལན་དང་བཅས་པས་ནི་བཤད་པས་དེ་བསྟན་ཏོ། །བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ཐོབ་ནས་ཞེས་བྱ་བ་ནི་དང་པོ་སྦྱར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང་སྦྱར་རོ། །དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཟུང་དུ་འབྲེལ་པའི་ལམ་གྱི་དམིགས་པ་ཇི་ལྟར་ཐོབ་པ་སྟོན་ཏོ། །དེ་བཞིན་ཉིད་རྣམ་པ་བདུན་ནི་འབྱུང་བའི་དེ་བཞིན་ཉིད་ལ་སོགས་པ་སྔར་བསྟན་པ་དག་གོ །ཇི་ལྟར་ཐོས་པ་དང་བསམ་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཞི་གནས་དང་ལྷག་མཐོང་དང་དེ་བཞིན་ཉིད་བདུན་གྱི་དམིགས་པར་གྱུར་པ་རྣམས་ལ་སྟེ། དེས་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །མཉམ་པར་གཞག་པའི་སེམས་ཀྱིས་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །ལེགས་པར་བཟུང་བ་དང༌། ལེགས་པར་བསམས་པ་དང༌། ལེགས་པར་རྣམ་པར་གཞག་པའི་ཞེས་བྱ་བ་ནི་ཤེས་རབ་རྣམ་གསུམ་གྱི་རིམ་གྱིས་ཏེ། དེ་ཙམ་གྱིས་ན་དེ་བཞིན་ཉིད་དེ་ནང་དུ་ཡིད་ལ་བྱར་རུང་བར་སྟོན་ཏོ། །དེ་བཞིན་ཉིད་དེ་ཉིད་ནང་དུ་ཡིད་ལ་བྱེད་དེ་ཞེས་བྱ་བ་ནི་དེ་བཞིན་ཉིད་བདུན་གྱི་དོན་སེམས་ཙམ་དུ་རྟོགས་པ་དེ་ཉིད་སེམས་ཙམ་ལས་བཟླས་ཏེ། དེ་བཞིན་ཉིད་དུ་ཡིད་ལ་བྱེད་པའོ། །དེ་དེ་ལྟར་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པ་ལས་འདའ་ཞིང༌། ས་དང་པོའི་ཟུང་དུ་འབྲེལ་བའི་ལམ་སྐྱེ་བ་དང༌། དངོས་པོའི་མཐའི་དམིགས་པའི་རིམ་པ་སྟོན་ཏོ། །མཚན་མ་ཕྲ་མོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །སེམས་ལྷག་པར་བཏང་སྙོམས་


DTG205_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཇོག་ན་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ །མཚན་མ་རགས་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཐ་སྙད་ཀྱི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གཟུགས་ཞེས་བྱ་བ་ལ་སོགས་པར་ཚིག་གི་གདགས་པ་དག་གོ །བྱམས་པ་དེ་ལ་མཚན་མ་ཕྲ་མོ་ནི་འདི་དག་ཡིན་ཏེ་ཞེས་བྱ་བ་ལ་མཚན་མ་ཕྲ་མོ་ཉི་ཤུ་རྩ་གཅིག་ལ་དང་པོ་བཞིའི་དོན་ནི་དྲན་པ་ཉེ་བར་གཞག་པ་བཞིའི་རྗེས་སུ་འབྲང་བས་རིག་པར་བྱའོ། །ལྷག་མ་རྣམས་ཀྱི་དོན་ནི་སྟོང་པ་ཉིད་བཅུ་དྲུག་གི་རྗེས་སུ་འབྲང་བས་རིག་པར་བྱ་སྟེ། དོར་བ་མེད་པ་སྟོང་པ་ཉིད་ལ་ནི་ཚིག་གཉིས་བསྡུས་པའི་མཚན་མ་གཅིག་དང་སྦྱར་བར་བྱའོ། །མཚན་ཉིད་སྟོང་པ་ཉིད་ལ་ནི་མཚན་མ་གཉིས་སོ། །ལྷག་མ་རྣམས་ནི་རེ་རེ་དང་སྦྱར་བར་རིག་པར་བྱའོ། །སེམས་ཀྱི་ལེན་པའི་མཚན་མ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་རྒྱུ་གཉིས་པོ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང༌། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་སྟེ། དེ་བླངས་པའི་ནང་གི་ལུས་དང་ཕྱིའི་ལུས་དང༌། ཕྱི་ནང་གཉིས་ཀའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ལུས་དྲན་པ་ཉེ་བར་གཞོག་པ་ན་ལུས་དེ་ལ་མི་གཙང་བའི་མཚན་མ་དང༌། དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་ཉིད་འདིར་སེམས་ཀྱི་ལེན་པའི་མཚན་མ་ཞེས་བྱའོ། །མྱོང་བའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་ཀྱི་བདག་ཏུ་རྨོངས་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ལ་ཆགས་པ་སྟེ། དེས་མྱོང་བའི་ནང་གི་ཚོར་བ་དང༌། ཕྱིའི་ཚོར་བ་དང༌། ཕྱི་ནང་གཉི་གའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་ཚོར་བ་དྲན་པ་ཉེ་བར་འཇོག་པ་ན། ཚོར་བ་ལ་སྡུག་བསྔལ་གྱི་མཚན་མ་དང༌། དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་ཉིད་འདིར་སེམས་ཀྱི་མྱོང་བའི་མཚན་མ་ཞེས་བྱའོ། །རྣམ་པར་རིག་པའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་ཀྱི་དམིགས་པ་རྣམ་པར་རིག་པ་སྟེ། དེས་སེམས་ཙམ་དུ་རྣམ་པར་རིག་པའི་ནང་གི་སེམས་དང༌། ཕྱི་རོལ་གྱི་སེམས་དང༌། ཕྱི་ནང་གཉིས་ཀའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་སེམས་


DTG205_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེ་བར་འཇོག་པ་ན། སེམས་དེ་ལ་མི་རྟག་པའི་མཚན་མ་དང༌། དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པ་གང་ཡིན་པ་ཉིད་འདིར་སེམས་ཀྱི་རྣམ་པར་རིག་པའི་མཚན་མ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་མཚན་མ་དང་རྣམ་པར་བྱང་བའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་སེམས་དང༌། སེམས་ལས་བྱུང་བ་དག་སྟེ། དེ་དག་གི་གནས་དང༌། དམིགས་པའི་ཆོས་ལ་ནང་གི་ཆོས་དང༌། ཕྱིའི་ཆོས་དང༌། ཕྱི་ནང་གཉིས་ཀའི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་ཆོས་དྲན་པ་ཉེ་བར་འཇོག་པ་ན་ཆོས་དེ་དག་མ་རྟོགས་པས་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་བདག་མེད་པའི་རྣམ་པས་ཀུན་ནས་ཉོན་མོངས་པར་འགྱུར་བའི་མཚན་མ་དང༌། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་དང༌། ཆོས་དེ་དག་རྟོགས་པས་འགོག་པ་དང་ལམ་དང་བདག་མེད་པའི་རྣམ་པས་རྣམ་པར་བྱང་བར་འགྱུར་བའི་མཚན་མ་དང༌། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་ཉིད་འདིར་སེམས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་མ་ཞེས་བྱའོ། །ནང་གི་མཚན་མ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་རྟོགས་པའི་རྣམ་པའོ། །ཕྱི་རོལ་གྱི་མཚན་མ་ཞེས་བྱ་བ་ནི་ཕྱི་སྟོང་པ་ཉིད་རྟོགས་པའི་རྣམ་པའོ། །དེ་གཉིས་ཀའི་མཚན་མ་ཞེས་བྱ་བ་ནི་ཕྱི་ནང་སྟོང་པ་ཉིད་རྟོགས་པའི་རྣམ་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱར་བར་བྱའོ་སྙམ་པའི་མཚན་མ་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། དེ་ནི་དེ་ལྟར་ཕྱི་ནང་གཉི་ག་སྟོང་པ་ཉིད་ཡིན། སྟོང་པ་ཉིད་ལ་ནི་ཅི་ཡང་བསྒྲུབ་ཏུ་མེད་དོ་སྙམ་ནས་སེམས་ཅན་གྱི་དོན་ཡལ་བར་འདོར་བའི་གཉེན་པོར་ཅི་ཡང་བསྒྲུབ་ཏུ་མེད་དོ་སྙམ་པའི་སྟོང་པ་ཉིད་དེ་ཡང་སྟོང་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱར་བར་བྱའོ་སྙམ་དུ་སྟོང་པ་ཉིད་སྟོང་པ་ཉིད་དུ་རྟོགས་པའོ། །ཤེས་པའི་མཚན་མ་ཞེས་བྱ་བ་ནི་ཆེན་པོ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕྱི་རོལ་གྱི་དངོས་པོ་མ་ཡིན་གྱི་ཤེས་པའི་ངོ་བོ་ཉིད་དུ་རྟོགས་པའོ། །དེ་བཞིན་ཉིད་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་


DTG205_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་མ་ཞེས་བྱ་བ་ནི་དོན་དམ་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། རྣམ་པར་མ་བཞག་པའི་དེ་བཞིན་ཉིད་དང༌། རྣམ་པར་བཞག་པའི་བདེན་པ་བཞི་རྟོགས་པའོ། །འདུས་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། འདུས་བྱས་སྟོང་པ་ཉིད་དུ་རྟོགས་པའོ། །འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་མ་བྱས་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་དུ་རྟོགས་པའོ། །རྟག་པའི་མཚན་མ་ནི་ཞེས་བྱ་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་གང་ཟག་གཏན་མེད་པར་རྟོགས་པའོ། །མི་རྟག་པའི་མཚན་མ་ཞེས་བྱ་བ་ནི་ཐོག་མ་དང་ཐམས་ཅད་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། འདུས་བྱས་སྔོན་དང་ཕྱི་མའི་མཐའ་མེད་པ་མི་རྟག་པ་སྟོང་པ་ཉིད་རྟོགས་པའོ། །སྡུག་བསྔལ་དང༌། འགྱུར་བ་དང་བཅས་པའི་རང་བཞིན་གྱི་མཚན་མ་ཞེས་བྱ་བ་ནི་དོར་བ་མེད་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། སྡུག་བསྔལ་གྱི་རང་བཞིན་དང༌། འགྱུར་བ་དང་བཅས་པའི་རང་བཞིན་ཞེས་བྱ་བ་ཚིག་གཉིས་བསྡུས་པའི་མཚན་མ་གཅིག་དང་སྦྱར་རོ། །དེ་ལ་སྡུག་བསྔལ་གྱི་རང་བཞིན་ཡང་ཕུང་པོའོ། །འགྱུར་བ་དང་བཅས་པའི་རང་བཞིན་ཡང་ཕུང་པོ་སྟེ། སྡུག་བསྔལ་གྱི་བདེན་པ་ཉིད་ཡིན་པའི་ཕྱིར་མི་རྟག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་རང་བཞིན་གྱི་ཕུང་པོ་དང༌། འགྱུར་བ་དང་བཅས་པའི་རང་བཞིན་གྱི་ཕུང་པོ་དེ་ནི་དོར་བ་ཞེས་བྱ་སྟེ། ཕུང་པོའི་མིང་གི་རྣམ་གྲངས་ཡིན་ནོ། །དོར་བ་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ནི་སྡུག་བསྔལ་གཏན་འགགས་པ་དང༌། འགྱུར་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྟོགས་པའི་རྣམ་པ་ནི་སྡུག་བསྔལ་དང་འགྱུར་བ་མེད་པའི་ས་པའི་རང་བཞིན་གྱི་མཚན་མ་ཞེས་བྱའོ། །དེ་ལ་མི་འགྱུར་བའི་རང་བཞིན་གྱི་མཚན་མ་ཞེས་བྱ་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། སྡུག་བསྔལ་དང་འགྱུར་བ་དང་བཅས་པའི་རང་བཞིན་དེ་མི་འགྱུར་བའི་རང་བཞིན་རྟག་པ་ཡིན་ནོ་སྙམ་པ་དེ་རང་བཞིན་གྱི་སྟོང་པ་ཉིད་དུ་རྟོགས་པ་ཞེས་བྱ་


DTG205_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྦྱར་རོ། །དེ་ལ་ཡང་ལ་ལ་འདི་སྙམ་དུ་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། སེམས་ཅན་རྣམས་ཀྱི་རང་བཞིན་དུ་གྱུར་པའི་འདོད་ཆགས་ལ་སོགས་པའི་སྤྱོད་པ་དང༌། བསམ་པ་དང༌། བག་ལ་ཉལ་དང༌། མོས་པ་དང༌། ཁམས་དང༌། རིགས་ཞེས་བྱ་བ་ལ་སོགས་པ་མི་འགྱུར་བའི་རང་བཞིན་ཅན་གང་དག་གི་དབང་གིས་བསམ་པ་དང༌། བག་ལ་ཉལ་སྣ་ཚོགས་མཁྱེན་པ་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇུག་པར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་འཐད་པར་མི་འགྱུར་ཏེ། དེ་བས་ན་མི་འགྱུར་བའི་རང་བཞིན་གྱི་ཆོས་དེ་དག་ནི་དོན་དམ་པར་ཡོད་དོ་སྙམ་དུ་སེམས་པའི་ཆོས་དེ་དག་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡིད་ལ་བྱེད་བ་ན་སྟོང་པ་ཉིད་དུ་མཐོང་བའི་རྣམ་པ་དེ་ནི་མི་འགྱུར་བའི་རང་བཞིན་གྱི་མཚན་མ་ཞེས་བྱ་བའོ། །འདུས་བྱས་ཀྱི་མཚན་ཉིད་མི་འདྲེ་བའི་མཚན་མ་འམ། དེའི་རང་གི་མཚན་ཉིད་ཀྱི་མཚན་མ་ཞེས་བྱ་བ་ནི་མཚན་ཉིད་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། འདུས་བྱས་ཀྱི་མཚན་ཉིད་མི་འདྲ་བ་ནི་འདུས་མ་བྱས་པ་སྟེ་དོན་དམ་པའི་བདེན་པའོ། །དེའི་རང་གི་མཚན་ཉིད་ནི་འདུས་བྱས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །མཚན་ཉིད་དེ་གཉིས་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་པ་སྟེ་མཚན་མ་གཉིས་སོ་སོར་བགྲང་ངོ༌། །ཐམས་ཅད་ཐམས་ཅད་ཅེས་བྱ་བར་རིག་ནས་ཐམས་ཅད་ཀྱི་མཚན་མ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །གང་ཟག་བདག་མེད་པའི་མཚན་མ་ཞེས་བྱ་བ་ནི་མི་དམིགས་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། གང་ཟག་མི་དམིགས་པ་སྟོང་པ་ཉིད་དུ་རྟོགས་པའོ། །ཆོས་བདག་མེད་པའི་མཚན་མ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། ཆོས་རྣམས་དངོས་པོ་མེད་པ་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་དེ་བཞིན་ཉིད་ལ་ཞུགས་པའོ། །དེ་ལ་མང་དུ་གནས་པ་ཞེས་


DTG205_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་དེ་བཞིན་ཉིད་དེ་ཀུན་དུ་རྟེན་གོམས་པར་བྱས་ལན་མང་དུ་བྱས་པའོ། །དུས་དུས་སུ་ཞེས་བྱ་བ་ནི་ཞི་གནས་ཀྱི་དུས་དང༌། ལྷག་མཐོང་གི་དུས་དང༌། གཉིས་ཀའི་དུས་སུའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། ནང་གི་སོ་སོའི་བདག་ཉིད་ལ་སོ་སོ་རང་རིག་པ་དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོགས་པའི་ཤེས་པ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནང་གི་སོ་སོའི་བདག་ཉིད་ལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལའོ། །སོ་སོར་རང་རིག་པ་ཞེས་བྱ་བ་ནི་གཉིས་མེད་པའོ། །དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོགས་པའི་ཞེས་བྱ་བ་ནི་འབྱུང་བའི་དེ་བཞིན་ཉིད་ལ་སོགས་པ་སྟེ། ཤེས་བྱའི་དངོས་པོའི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་མཚན་ཉིད་ནི་དེ་བདུན་དུ་འདུས་པའི་ཕྱིར་རོ། །ཤེས་པ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པར་བདུན་རྟོགས་པའི་སྒོ་ནས་ཤེས་པ་ཡང་རྣམ་པ་བདུན་ཞེས་བྱ་བར་ཟད་ཀྱི་ཤེས་པའི་ངོ་བོ་ཉིད་ལ་ནི་རྣམ་པ་བདུན་དུ་དབྱེ་བ་མེད་དེ། མཐོང་བའི་ལམ་གྱི་ངོ་བོ་ཉིད་གཅིག་ཏུ་ཟད་དོ། །དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་སོ་སོ་ཡང་དག་པར་རང་རིག་པའི་ཤེས་པ་དེའོ། །དེ་ཐོབ་པས་ཞེས་བྱ་བ་ནི་མཐོང་བའི་ལམ་དེའོ། །ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ནི་དང་པོ་ཁོ་ནས་དེ་ཁོ་ན་མཐོང་བའོ། །དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བ་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་ངེས་པའོ། །ས་དང་པོ་ཞེས་བྱ་བ་ནི་རབ་ཏུ་དགའ་བའོ། །ས་དེའི་ཕན་ཡོན་ཞེས་བྱ་བ་ནི་ས་དང་པོ་དང་ཕན་ཡོན་གང་དག་བསྟན་པ་དེ་དག་གོ །དེས་སྔར་ཞེས་བྱ་བ་ནི་མཐོང་བའི་ལམ་མ་ཐོབ་པའི་དུས་ན་སྟེ། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ནའོ། །ད་ལྟར་ནི་མཐོང་བའི་ལམ་ཐོབ་པས་དངོས་པོའི་མཐའི་དམིགས་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནི་དེས་སངས་རྒྱས་ཀྱིས་ཉིད་ལ་ཡོངས་སུ་གྲུབ་པ་ཡིན་མོད་ཀྱི། དང་པོར་ས་དང་པོ་ལ་རྟོགས་པའི་ཕྱིར་རོ། །དོགས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་མེད་པ་མ་ཡིན་མོད་ཀྱི་ཡོངས་སུ་རྫོགས་པ་མ་ཡིན་པས་དེ་ཐོབ་བོ་ཞེས་མ་བསྟན་ཏོ། །དེས་


DTG205_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་གོང་མ་རྣམས་སུ་ཞེས་བྱ་བ་ནི་ས་གཉིས་པ་ཡན་ཆད་དུའོ། །དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའི་དམིགས་པའོ། །ནང་གི་མཚན་མ་རྣམ་པར་སེལ་བ་ཉིད་ཀྱིས་ཞེས་བྱ་བ་ནི་དམིགས་པ་གསུམ་པོ་དེ་ལ་གཉིས་མེད་པའི་དོན་གྱིས་ཏེ། དེ་ཉིད་ཁྱེའུ་ཆེས་ཕྲ་མོ་ལྟ་བུར་བལྟ་བར་བྱའོ། །ཀུན་ནས་ཉོན་མོངས་པའི་ཆ་དང་མཐུན་པའི་རྣམ་པ་ཐམས་ཅད་ཅེས་བྱ་བ་གཞན་གྱི་དབང་གི་མཚན་མ་སྟེ། དེ་ནི་ཁྱེའུ་སྦོམ་པོ་ལྟ་བུར་བལྟ་བར་བྱའོ། །མཚན་མ་རྣམས་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་མ་རྣམས་སོ། །གནས་ངན་ལེན་རྣམས་ཞེས་བྱ་བ་ནི་ཀུན་བརྟགས་པའི་བག་ཆགས་རྣམས་སོ། །གསེར་ལྟ་བུར་ཞེས་བྱ་བ་ནི་ས་བཅུ་པའི་མདོ་ལས་དང་པོ་ནས་ས་བཅུ་པའི་བར་དུ་སེམས་རྣམ་པར་སྦྱོང་བ་གསེར་ལ་དཔེ་བླངས་པ་དང་སྦྱར་རོ། །ཚུལ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱ་ཞིང་དགོས་པ་ཡོངས་སུ་གྲུབ་པ་ཡང་འཐོབ་སྟེ་ཞེས་བྱ་བ་གསུངས་ཏེ། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་དེ་ལྟར་སྒྲུབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་སྔར་ཞུས་པའི་ལན་གྱི་བསྡུ་བ་བསྟན་ཏེ། དེས་ནི་བསྟན་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། །།དེའི་འོག་ཏུ་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབས་ན་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་འགྲུབ་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པར་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཇི་ལྟར་སྒྲུབ་པར་བགྱིད་ན་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ལགས་ཞེས་བྱ་བ་མངོན་པར་ཞུས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་རྣམ་པ་ལྔ་སྟེ། མངོན་པར་ཤེས་པའི་མཐུ་དང༌།


DTG205_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་དང༌། ཐུན་མོང་གི་མཐུ་དང༌། ཐུན་མོང་མ་ཡིན་པའི་མཐུའོ། །དེ་ལ་མངོན་པར་ཤེས་པའི་མཐུ་གང་ཞེ་ན་མངོན་པར་ཤེས་པ་དྲུག་སྟེ། རྫུ་འཕྲུལ་གྱི་ཡུལ་ཞེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང༌། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་རྫུ་འཕྲུལ་གྱི་ཡུལ་ནི་གང༌། རྫུ་འཕྲུལ་གྱི་ཤེས་པ་ནི་གང༌། རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་ནས་རྒྱས་པར་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བའི་བར་གང་ཡིན་པ་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དེས་ཡུལ་དེ་ཉམས་སུ་མྱོང་བ་དང༌། ཉེ་བར་སྟོན་པར་བྱེད་པས་ན་དེའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ། །དེ་ལ་རྣམ་པར་བསྒྱུར་བ་དང་སྤྲུལ་པའོ། །དེ་ལ་ཡོངས་སུ་བསྒྱུར་བ་ཞེས་བྱ་བ་ནི་དངོས་པོ་ཡོད་པའི་རང་བཞིན་གཞན་དུ་བསྒྱུར་བ་སྟེ་གཡོ་བར་བྱེད་པ་དང༌། འབར་བར་བྱེད་པ་དང༌། ཁྱབ་པར་བྱེད་པ་དང༌། རྣམ་པར་སྟོན་པ་དང༌། གཞན་དུ་འགྱུར་བར་བྱེད་པ་དང༌། འགྲོ་བ་དང་འོང་བར་བྱེད་པ་དང༌། སྡུད་པ་དང་རྒྱས་པར་བྱེད་པ་དང༌། གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་པ་དང༌། སྐལ་བ་མཉམ་པའི་གམ་དུ་འགྲོ་བར་བྱེད་པ་དང༌། སྣང་བར་བྱེད་ཅིང་མི་སྣང་བར་ཡང་བྱེད་པ་དང༌། དབང་བྱེད་པ་དང༌། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་བྱེད་པ་དང༌། སྤོབས་པ་སྦྱིན་པ་དང༌། དྲན་པ་སྦྱིན་པ་དང༌། བདེ་བ་སྦྱིན་པ་དང༌། འོད་ཟེར་འབྱིན་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་ནི་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །དེ་ལ་སྤྲུལ་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་སྤྲུལ་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་སྟེ། དེ་ནི་རྣམ་པ་གསུམ་སྟེ། ལུས་སྤྲུལ་པ་དང༌། ངག་སྤྲུལ་པ་དང༌།


DTG205_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྤྲུལ་པའོ། །དེ་ལ་ལུས་སྤྲུལ་པ་ནི་བདག་དང་འདྲ་བའམ་མི་འདྲ་བར་སྤྲུལ་པ་དང༌། གཞན་དང་འདྲ་བ་འམ་མི་འདྲ་བར་སྤྲུལ་པ་དང༌། ལུས་ཀྱི་སྤྲུལ་པ་མང་པོ་སྤྲུལ་པ་སྟེ། དེ་དག་ཀྱང་དབང་པོ་དང་འདྲ་བ་དང༌། དབང་པོའི་རྟེན་སྤྲུལ་པར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིན་ནོ། །ངག་སྤྲུལ་པ་ནི་གདངས་སྙན་པ་དང༌། སྐད་གསལ་བ་དང༌། བདག་དང་འབྲེལ་བ་དང༌། གཞན་དང་འབྲེལ་པ་དང༌། གཉིས་ཀ་དང་མ་འབྲེལ་པ་དང༌། ཆོས་སྟོན་པར་རྟོགས་པ་དང༌། བག་མེད་པ་ལ་བསྐུལ་བར་རྟོགས་པའོ། །ཡུལ་སྤྲུལ་པ་ནི་ཟས་དང་སྐོམ་ལ་སོགས་པ་དང༌། ནོར་བུ་དང་མུ་ཏིག་ལ་སོགས་པ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱར་རྟོགས་པ་ཕྱི་རོལ་གྱི་ཡོ་བྱད་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་སྟེ། ཡོངས་སུ་བསྒྱུར་བ་དང༌། སྤྲུལ་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱ་བ་ནི་མཐུ་དེ་དང་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བའི་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་དེ་ནི་ཡུལ་དེ་ཉམས་སུ་མྱོང་བ་དང༌། ཉེ་བར་སྟོན་པར་འགྱུར་བས་ན་དེའི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ཞེས་བྱ་བ་ནི་ཤེས་པ་དེ་ཉིད་ཀྱི་ས་བོན་སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ཡོངས་སུ་བརྟས་པ་གང་ཟག་དེའི་རྒྱུད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་སྟེ། ས་བོན་ཡོངས་སུ་བརྟས་པས་གང་ཟག་དེས་ཤེས་པ་དེ་མངོན་དུ་བྱེད་པར་གྱུར་པས་དེའི་ཕྱིར་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ཞེས་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཛུད་པར་བྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་གདགས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཉེ་བར་སྒྲུབ་པར་བྱེད་པའོ། །ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ། ལྷའི་རྣ་བ་ནི་གང༌། ལྷའི་རྣ་བའི་ཤེས་པ་ནི་གང༌། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། ལྷའི་རྣ་


DTG205_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ་ནི་ལྷའི་གནས་པ་བསམ་གཏན་རྣམས་བསྒོམས་པའི་འབྲས་བུ་རྣ་བས་བསྡུས་པའི་གཟུགས་དང་བ་གང་ཡིན་པ་སྟེ། ལྷའི་རྣ་བ་དེ་ལྷའི་གནས་བ་དེ་ལ་བརྟེན་པ་དང༌། དེའི་འབྲས་བུ་དང་དེས་བསྡུས་པས་ན་དེའི་ཕྱིར་ལྷའི་རྣ་བ་ཞེས་བྱའོ། །དེས་ནི་ལྷ་དང་མིའི་སྒྲ་དང་འཕགས་པ་རྣམས་དང༌། འཕགས་པ་མ་ཡིན་པ་རྣམས་དང༌། སྒྲ་བོ་ཆེ་རྣམས་དང༌། སྒྲ་ཆུང་ངུ་རྣམས་དང༌། གསལ་བ་རྣམས་དང༌། མི་གསལ་བ་རྣམས་དང༌། སྤྲུལ་པ་རྣམས་དང༌། སྤྲུལ་པ་མ་ཡིན་པ་རྣམས་དང༌། ཐག་རིང་བ་རྣམས་དང༌། ཐག་ཉེ་བ་རྣམས་ཐོས་བ་ཡིན་ཏེ། དེ་དག་ཀྱང་མདོར་བསྡུ་ན། འགྲོ་བའི་གནས་ཀྱི་ཁྱད་པར་དང༌། ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཁྱད་པར་དང༌། ཆེ་ཆུང་གི་ཁྱད་པར་དང༌། གོ་བར་བྱེད་པ་དང་མི་བྱེད་པའི་ཁྱད་པར་དང༌། མཐུ་དང་ལྡན་པ་དང་མི་ལྡན་པའི་ཁྱད་པར་དང༌། ཐག་ཉེ་རིང་གི་ཁྱད་པར་ཡིན་པས་དེར་སྒྲའི་ཁྱད་པར་ཐམས་ཅད་འདུས་པར་བལྟ་བར་བྱའོ། །དེ་ལ་གསལ་ཏེ་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་གཞན་ལས་བརྩམས་ཏེ། ཐོས་པར་འཇུག་པར་མི་བྱེད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་པ་ཡན་ཆད། སྟེང་དུ་འོག་མིན་ལ་ཐུག་པ་མན་ཆད་ཐད་ཀར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་གཅིག་ཚུན་ཆད་ཀྱི་སྒྲ་ཐོས་སོ། །གལ་ཏེ་འཇུག་པར་བྱེད་ན་ནི་འོག་དང་སྟིང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དག་གི་སྒྲ་ཐམས་ཅད་ཐོས་ཏེ། དེ་ནི་ལྷའི་རྣ་བ་ཞེས་བྱའོ། །ལྷའི་རྣ་བའི་ཤེས་པ་ཞེས་བྱ་བ་ནི་རྣ་བ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་དེ་ནི་སྒྲ་དེ་དག་ཐོས་པ་དང༌། ཉམས་སུ་མྱོང་བར་འགྱུར་བས་ན་དེའི་ཕྱིར་ལྷའི་རྣ་བའི་ཤེས་པ་ཞེས་བྱའོ། །ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ནི་ཤེས་པ་དེ་ཉིད་ཀྱི་ས་བོན་སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ཡོངས་སུ་བརྟས་པ་གང་ཟག་དེའི་རྒྱུད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་སྟེ། ས་བོན་ཡོངས་སུ་བརྟས་པས་གང་ཟག་དེས་ཤེས་པ་དེ་མངོན་དུ་བྱེད་པར་འགྱུར་བས་ན་དེའི་ཕྱིར་དེ་ནི་ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ཞེས་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷའི་


DTG205_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བའི་ཤེས་པ་མངོན་དུ་བྱ་བའི་ཤེས་པ་ཞེས་བྱའོ། །དེའི་ལས་ནི་ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་དག་ཐོས་ནས་སེམས་ཅན་དེ་དག་ལ་ཅི་རིགས་ཅི་འོས་པར་ན་ནན་ཏན་བྱེད་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་སེམས་ཀྱི་རྣམ་གྲངས་ནི་གང༌། སེམས་ཀྱི་རྣམ་གྲངས་ཤེས་པ་ནི་གང༌། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་སེམས་ཅན་འཁོད་པ་རྣམས་ཀྱི་སེམས་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང༌། ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང་ཉོན་མོངས་པ་དང་འབྲེལ་ཅིང་བག་ལ་ཉལ་དང་བཅས་པ་དང༌། ཉོན་མོངས་པ་དང་འབྲེལ་པ་མ་ཡིན་ཞིང་བག་ལ་ཉལ་མེད་པ་དང༌། སྨོན་ལམ་ལོག་པར་བཏབ་པ་དང༌། སྨོན་ལམ་ལེགས་པར་བཏབ་པ་དང༌། དམན་པ་དང༌། བར་མ་དང༌། གྱ་ནོམ་པ་དང༌། བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པར་འཇུག་པ་གང་ཡིན་པའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་བའི་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་གཅིག་གིས་སེམས་ཅན་གཅིག་གི་སེམས་གང་ཡིན་པ་དང༌། ཇི་ལྟ་བུ་དང༌། ཇི་འདྲ་བ་དང༌། ཇི་སྙེད་པར་གནས་པ་ཐམས་ཅད་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཤེས་པ་གཅིག་ཁོ་ནས་སེམས་ཅན་མང་པོ་དག་གི་སེམས་གང་ཡིན་པ་དང་ཇི་ལྟ་བུ་དང་ཇི་འདྲ་བ་དང་ཇི་སྙེད་ཉེ་བར་གནས་པ་ཐམས་ཅད་དང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ན་དེའི་ཕྱིར་སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་བྱའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང༌། མོས་པ་སྣ་ཚོགས་ཤེས་པ་དང༌། ཁམས་དང་སྤྱོད་པ་སྣ་ཚོགས་


DTG205_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང༌། མྱ་ངན་ལས་འདས་པར་འགྲོ་བའི་ལམ་སྣ་ཚོགས་ཤེས་པས་དེ་དག་ཏུ་ཅི་རིགས་པར་སྦྱོར་བ་བྱེད་པ་ཡིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་གང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ནི་གང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། སྔོན་གྱི་གནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཕྱོགས་བཅུའི་སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་དག་ན། སེམས་ཅན་མིང་དང་བརྡ་སྣ་ཚོགས་རྣམ་པར་གཞག་པ་ཐ་དད་པ་རྣམས་ཀྱི་སྔོན་འདས་པའི་རབས་དག་གི་ལུས་ཀྱི་རྣམ་པ་མངོན་པར་བརྗོད་པ་ན། ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེས་སུ་དྲན་པ་གང་ཡིན་པ་སྟེ། ཐ་སྙད་ཀྱི་གཞི་བརྒྱད་གང་ཞེ་ན། མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང༌། ཚེ་རིང་ཁྱད་ནི་འདི་ཙམ་ཞིག །ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བའོ། །ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་གང་ཞེ་ན། བོད་པའི་བརྡ་དང༌། རྒྱལ་རིགས་ལ་སོགས་པའི་རིགས་རྣམས་དང༌། ཕམ་དང་ཟས་སྐོམ་ལ་སོགས་པའི་བྱ་བ་དང༌། དར་བ་དང༌། རྒུད་པ་དང༌། ཚེའི་རྣམ་པ་སྣ་ཚོགས་ཏེ། འདི་ལྟར་འཇིག་རྟེན་ཐ་སྙད་ཀྱི་གཞི་བརྒྱད་པོ་དེ་དག་ལ་བརྟེན་ནས་བདག་དང༌། གཞན་དག་གི་སྤྱོད་པ་དྲུག་པོ་དག་ཐ་སྙད་འདོགས་པ་ན་བདག་གམ། འདིའི་མིང་ནི་འདི་ཞེས་བྱ། བདག་གམ་འདིའི་རིགས་ནི་རྒྱལ་རིགས་ལ་སོགས་པ་ནི་འདི་ཞེས་བྱ། བདག་གམ་འདིའི་ཕ་མ་ནི་འདི་ཡིན་པས་རུས་ནི་འདི་ཞེས་བྱ། བདག་གམ་འདིའི་ཟས་སྐོམ་ལ་སོགས་པའི་བྱ་བས་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདག་གམ་འདི་དར་བ་དང་རྒུད་པས་བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་འབྱུང༌། བདག་གམ་འདིའི་ན་ཚོད་ནི་གཞོན་པའམ། བར་མ་འམ་རྒན་པ་འདི་ཙམ་ཞིག་གནས་གནས་སོ་ཞེས་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་ཏེ། བདག་དང་གཞན་དག་གི་སྔོན་འདས་པའི་ཚེ་རབས་དག་གི་ལུས་ཀྱི་རྣམ་པ་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་པོ་དེ་དག་རྗེས་སུ་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་


DTG205_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱ་ནི་དྲན་པ་དེ་ལ་བརྟེན་ཅིང་དེ་དང་མཚུངས་པར་ལྡན་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་གིས་དེ་ལ་དྲན་པ་འཇུག་པ་གང་ཡིན་པ་སྟེ། ཤེས་པ་དེས་བདག་དང་གཞན་དག་གི་སྔོན་གྱི་གནས་དང༌། སྲིད་པ་བར་མ་དང༌། སྔོན་གྱི་སྤྱོད་པ་ཉུང་ངུ་དང༌། མང་པོ་དང༌། ཚད་མེད་པ་དང༌། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་ལ་སོགས་པའི་རྒྱུན་བར་ཆད་མེད་པའི་ཚུལ་གྱིས་ཞུགས་པ་དང༌། བསྐལ་བ་བགྲང་བའི་ཚུལ་གྱིས་གྲངས་སུ་བྱར་ནུས་པའི་ཆ་དང༌། གྲངས་སུ་བྱར་མི་ནུས་པའི་དུས་དཔག་ཏུ་མེད་པ་དག་དང༌། གང་འདོད་པ་དང༌། ཇི་ཙམ་འདོད་པ་ལ་ཤེས་པ་ཐོགས་པ་མེད་པར་འཇུག་པར་འགྱུར་བས་ན་དེའི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱའོ། །དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བསྐྱེད་པ་དང༌། འཁོར་བ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་རྨད་དུ་བྱུང་བ་སྐྱེས་པའི་རབས་ཀྱི་སྡེ་སྣོད་སྣ་ཚོགས་བསྟན་པ་དང༌། སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ། སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བའི་སྡེ་སྣོད་སྣ་ཚོགས་སྟོན་པ་དང༌། སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དང༌། ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་རྟག་པར་ལྟ་བ་སེལ་བར་བྱེད་པ་ཡིན་ནོ། །འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་འཆི་འཕོ་དང་སྐྱེ་བ་ནི་གང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་ནི་གང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། འཆི་འཕོ་དང་སྐྱེ་བ་ཞེས་བྱ་བ་ནི་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དང། ཁ་དོག་ངན་པ་དང༌། ཁ་དོག་བཟང་བ་དང༌། ངན་པ་དང༌། ངན་འགྲོར་འགྲོ་བ་དང༌། བདེ་འགྲོར་འགྲོ་བ་དང༌། ལུས་དང༌། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང༌། ལྡན་པ་ལོག་པར་ལྟ་བ་འཕགས་པ་ལ་སྐུར་པ་འདེབས་པ། ལོག་པའི་ལས་ནི་མངོན་པར་འདུ་བྱེད་པ། ཡང་དག་


DTG205_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་པའི་རྒྱུས་རྒྱུ་དེ་དང༌། རྐྱེན་དེས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་དང༌། ལུས་དང༌། ངག་དང༌། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡང་དག་པར་ལྟ་བ་འཕགས་པ་རྣམས་ལ་ཡིད་ཆེས་པ། ཡང་དག་པའི་ལམ་མངོན་པར་འདུ་བྱེད་པ་ཡང་དག་པར་བླངས་པའི་རྒྱུས་རྒྱུ་དེ་དང༌། རྐྱེན་དེས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་སེམས་ཅན་གྱི་རིས་དེ་དང་དེ་ནས་ཤི་འཕོས་ནས་སེམས་ཅན་གྱི་རིས་དེ་ལས་གཞན་བར་སྐྱེ་བ་གང་ཡིན་པའོ། །འཆི་འཕོ་དང་སྐྱེ་བ་ཤེས་པ་ཞེས་བྱ་བ་ནི་ལྷའི་མིག་གི་ཤེས་པ་སྟེ། ལྷའི་མིག་ཅེས་བྱ་བ་ནི་ལྷའི་གནས་པ་བསམ་གཏན་རྣམས་བསྒོམས་པའི་འབྲས་བུ་མིག་གིས་བསྡུས་པའི་གཟུགས་དང་བ་གང་ཡིན་པ་སྟེ། ལྷའི་མིག་དེ་ལྷའི་གནས་པ་དེ་ལ་བརྟེན་པ་དང༌། དེའི་འབྲས་བུ་དང༌། དེས་བསྡུས་པས་ན་དེའི་ཕྱིར་ལྷའི་མིག་ཅེས་བྱའོ། །དེས་ན་འཆི་འཕོ་བ་དང༌། སྐྱེ་བའི་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པ་དེ་དག་དང༌། སྣང་བ་དང༌། ཆ་ཕྲ་བ་དང༌། གཟུགས་སྤྲུལ་པ་དང༌། ལྷའི་གཟུགས་དར་བ་ཡང་མཐོང་སྟེ། དེར་གཟུགས་ཀྱི་ཁྱད་པར་ཐམས་ཅད་འདུས་པར་བལྟ་བར་བྱའོ། །དེ་ལ་གལ་ཏེ་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་གཞན་ལས་བརྩམས་ཏེ། མཐོང་བ་འཇུག་པར་མི་བྱེད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་པ་ཡན་ཆད་སྟེང་དུ་འོག་མིན་ལ་ཐུག་པ་མན་ཆད་ཐད་ཀར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་གཅིག་ཚུན་ཆད་ཀྱི་གཟུགས་མཐོང་ངོ༌། གལ་ཏེ་འཇུག་པར་བྱེད་ན་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དག་གི་གཟུགས་ཐམས་ཅད་མཐོང་སྟེ། དེ་ནི་ལྷའི་མིག་ཅེས་བྱའོ། །ལྷའི་མིག་གི་ཤེས་པ་ཞེས་བྱ་བ་ནི་མིག་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་དེ་ནི་གཟུགས་དེ་དག་མཐོང་བ་ཉམས་སུ་མྱོང་བར་འགྱུར་བས་ན་དེའི་ཕྱིར་ལྷའི་མིག་གི་ཤེས་པ་ཞེས་བྱ་སྟེ། དེ་ཉིད་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད་


DTG205_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུས་པ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་ལུས་ཀྱི་སྤྱོད་པ་དགེ་བ་དང་མི་དགེ་བ་དག་གཟིགས་ནས་ཅི་རིགས་ཅི་འོས་པར་དེ་དག་ལ་ནན་ཏན་བྱེད་པ་ཡིན་ནོ། །ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ། ཟག་པ་ཟད་པ་ནི་གང༌། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། ཟག་པ་ཟད་པ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་མ་ལུས་པར་འཇུག་པ་གང་ཡིན་པའོ། །ཟག་པ་ཟད་པ་ཤེས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཟག་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པས་ཟག་པ་ཟད་པ་དེ་ཤེས་པ་དེ་གང་ཡིན་པ་སྟེ། ཟག་པ་ཐམས་ཅད་ཀྱི་བག་ལ་ཉལ་བ་མ་ལུས་པར་སྤངས་པའི་ཕྱིར་དེའི་གཉེན་པོར་གྱུར་པ་ཟག་པ་མེད་པའི་སེམས་དང་ཟག་པ་མེད་པའི་ཤེས་རབ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་མཆོག་གིས་བསྡུས་པ་ནི་ཟག་པ་ཟད་པས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་ཡང་མཐོང་བའི་ལམ་དང༌། བསྒོམ་པའི་ལམ་ལ་བརྟེན་ཏེ་ཐོས་ནས་སློབ་པ་དང༌། མི་སློབ་པའི་ས་དེ་ཉིད་ལ་བདག་གིས་ཐོབ་བོ་སྙམ་དུ་ཟག་པ་ཟད་པ་ཤེས་པ་འདིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ལ་དེས་གཞན་དག་གིས་དེ་ཐོབ་པ་དང༌། མ་ཐོབ་པ་དང༌། བདག་དང་གཞན་དག་གིས་དེ་འཐོབ་པའི་ཐབས་དང་ཐབས་མ་ཡིན་པ་དང༌། གཞན་དག་གིས་དེ་འཐོབ་པ་ནི་མངོན་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་མེད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ནི་དེའི་ཕྱིར་དེ་ནི་ཟག་པ་ཟད་པ་ཞེས་བྱའོ། །དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔས་ནི་དེ་མཁྱེན་ཀྱང་བདག་ཉིད་ཀྱིས་མངོན་དུ་མི་མཛད་དེ་ཟག་པ་དང་བཅས་པའི་དངོས་པོ་ཟག་པ་དང་ལྷན་ཅིག་ཏུ་མི་སྤོང་བར་ཟག་པ་དང་བཅས་པའི་དངོས་པོ་དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་དཔྱོད་དེ། དེ་ནི་མཐུ་ཐམས་ཅད་ཀྱི་ནང་ན་ཆེས་མཐུ་ཆེ་བ་ཡིན་པར་རིག་པར་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ལ་


DTG205_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྟོན་ཅིང་མངོན་པའི་ང་རྒྱལ་ཡང་སེལ་བར་བྱེད་པ་ཡིན་ནོ། །ཤེས་པ་དྲུག་པོ་དེ་དག་དང་ལྡན་པའི་རྣལ་འབྱོར་པ་ནི་དུས་ལ་བབ་ན་ཉེ་བར་སྟོན་པའམ། གནས་པའམ་གཞན་དག་གི་དོན་ཀུན་དུ་སྤྱོད་པའམ། དེ་ལ་དྲི་བ་དྲིས་པའི་ལན་གདབ་པ་མངོན་པར་ཤེས་པར་འགྱུར་བས་ན་དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དང་པོ་གསུམ་ནི་མངོན་པར་ཤེས་པ་ཁོ་ན་ཡིན་གྱི་རིག་པ་ནི་མ་ཡིན་ནོ། །ཐ་མ་གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ལ་རིག་པ་ཡང་ཡིན་ཏེ། དུས་གསུམ་ལ་ཀུན་དུ་རྨོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་དང་པོས་ནི་གཞན་དག་འདུན་པར་བྱེད་དེ་བདག་ལ་གཞན་དག་གུས་པ་དང་རི་མོ་ཆེར་སྐྱེད་པར་ཡང་བྱེད་དོ། །གཉིས་པས་ནི་གཞན་དག་གི་ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་ཤེས་ནས་དེ་དག་ལ་བསྐུལ་བ་དང་རངས་པར་ཡང་བྱེད་དོ། །གསུམ་པས་ནི་གཞན་དག་གི་སེམས་ཀྱི་རྒྱུད་དགེ་བ་དང་མི་དགེ་བ་ཀུན་ཤེས་པར་བྱས་ནས་ལེགས་པར་འདོམས་པར་ཡང་བྱེད་དོ། །ཐ་མ་གསུམ་གྱིས་ནི་རྟག་པའི་མཐའ་དང་ཆད་པའི་མཐའ་སྤངས་ནས་ཟག་པ་ཟད་པ་ལ་མངོན་པའི་ང་རྒྱལ་མེད་པར་དབུ་མའི་ལམ་ལེགས་པར་སྟོན་ཅིང་དེ་ལ་འདོམས་པར་ཡང་བྱེད་དེ། དེ་ནི་མངོན་པར་ཤེས་པའི་མཐུ་ཡིན་ནོ། །དེ་ལ་ཆོས་ཀྱི་མཐུ་གང་ཞེ་ན། སྦྱིན་པའི་མཐུ་དང༌། ཚུལ་ཁྲིམས་ཀྱི་མཐུ་དང༌། བཟོད་པའི་མཐུ་དང༌། བརྩོན་འགྲུས་ཀྱི་མཐུ་དང༌། བསམ་གཏན་གྱི་མཐུ་དང༌། ཤེས་རབ་ཀྱི་མཐུའོ། །ཆོས་ཀྱི་མཐུ་དེ་དག་ཀྱང་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་སྤོང་བ་དང། ཚོགས་ཡོངས་སུ་སྨིན་པར་བྱེད་པ་དང༌། བདག་དང་གཞན་ལ་ཕན་གདགས་པ་དང༌། ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པའོ། །དེ་ལ་སྦྱིན་པའི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་བྱིན་པ་ན་མི་མཐུན་པའི་ཕྱོགས་སེར་སྣ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་སྦྱིན་པ་དེ་དག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །སྦྱིན་པའི་སྔ་རོལ་དུ་ཡང་ཡིད་དགའ་ལ་སྦྱིན་པའི་ཚེ་ཡང་སེམས་དང་


DTG205_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང་བྱིན་པའི་འོག་ཏུ་ཡང་འགྱོད་པ་མེད་དེ། དུས་གསུམ་དུ་དགའ་བའི་སེམས་ཀྱིས་བདག་ཉིད་ལ་ཕན་འདོགས་པ་དང༌། གཞན་དག་གི་བཀྲེས་པ་དང༌། སྐོམ་པ་དང༌། གྲང་བ་དང༌། ཚ་བ་དང༌། ན་བ་དང༌། འདོད་པས་ཕོངས་པ་དང༌། འཇིགས་པའི་སྡུག་བསྔལ་སེལ་བས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ཕྱི་རོལ་དུ་ཡང་གང་དང་གང་དུ་སྐྱེས་པར་ཕྱུག་པ་དང༌། ལོངས་སྤྱོད་ཆེ་བ་དང༌། རྩ་འཇིང་ཆེ་བ་དང༌། གཡོག་འཁོར་མང་དུ་འགྱུར་ལ། སྦྱིན་པ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་མཐུ་རྣམ་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའི་ལུས་དང་ངག་གི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ན། མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས་འཇིགས་པ་དང༌། ཁ་ན་མ་ཐོ་བ་དང༌། འཁོན་དུ་འཛིན་པ་སྤོང་བ་ནི་བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང༌། འགྱོད་པ་མེད་ཅིང་མཆོག་ཏུ་དགའ་བ་ནས་སེམས་ཏིང་ངེ་འཛིན་དུ་འགྱུར་བའི་བར་གྱིས་བདག་ཉིད་ལ་ཕན་འདོགས་པ་དང༌། སེམས་ཅན་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་ཐོ་མི་འཚམས་པས་མི་འཇིགས་པ་སྦྱིན་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ལུས་ཞིག་ནས་ཀྱང་གཞི་དེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །བཟོད་པའི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པའི་མི་མཐུན་པའི་ཕྱོགས་མི་བཟོད་པ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བཟོད་པ་དེ་བདག་ཉིད་ཀྱི་བྱང་ཆུབ་


DTG205_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་སུ་གྱུར་པ་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །བདག་ཉིད་འཇིགས་པ་ཆེན་པོ་ལས་སྐྱོབ་པས་བདག་ཉིད་ལ་ཕན་འདོགས་པ་དང་གཞན་དག་ཀྱང་འཇིགས་པ་ཆེན་པོ་ལས་སྐྱོབ་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །གཞི་དེས་ཕྱི་མ་ལ་འཁོན་པ་མང་བར་མི་འགྱུར་ཞིང་འབྱེད་པ་མི་མང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་བར་མི་འགྱུར་ཏེ། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་ལ། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། བཟོད་པ་ལ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཏེ་རྣམ་པ་མི་མཐུན་པའི་ཕྱོགས་ལེ་ལོ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བརྩོན་འགྲུས་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པས་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བ་ལ་རེག་པར་གནས་པ་སྔོན་ལས་གོང་དུ་ཁྱད་པར་དུ་གྱུར་པ་མཐོང་ནས་དགའ་ཞིང་མཆོག་ཏུ་དགའ་བས་བདག་ཉིད་ལ་ཕན་འདོགས་པ་དང༌། དགེ་བའི་ཕྱོགས་ལ་བརྩོན་པས་གཞན་ལ་ལུས་དང་ངག་གིས་རྣམ་པར་མི་འཚེ་བ་དང༌། གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ལ་འདུན་པ་སྐྱེད་པས་གཞན་ལ་ཕན་འདོགས་པ་ནི། བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ཕྱི་མ་ལ་ཡང་རྒྱུ་སྟོབས་དང་ལྡན་པ་སྐྱེས་བུའི་རྩལ་མངོན་པར་དགའ་བར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །བསམ་གཏན་གྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སྙོམས་པར་འཇུག་པ་ན། མི་མཐུན་པའི་ཕྱོགས་ཚིག་གི་རྟོག་པ་དང༌། དགའ་བ་དང༌། བདེ་བ་དང༌། གཟུགས་ཀྱི་འདུ་ཤེས་ལ་སོགས་པ་སྤོང་བ་


DTG205_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བསམ་གཏན་དེ་དག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་བར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཚེ་འདི་ཉིད་ལ་བདེ་བར་གནས་པས་བདག་ཉིད་ལ་ཕན་འདོགས་པ་དང༌། ཞི་ཞིང་རབ་ཏུ་ཞི་ལ་འདོད་ཆགས་དང་བྲལ་བས་སེམས་ཅན་རྣམས་ཀྱི་ནང་ན་གནོད་པ་མེད་ཅིང་རྣམ་པར་མི་འཁྲུགས་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །བསམ་གཏན་གྱི་འབྲས་བུ་ཕྱི་མ་ལ་ཡེ་ཤེས་རྣམ་པར་དག་པ་དང༌། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང༌། རྣམ་པར་དག་པའི་ལྷར་སྐྱེ་བར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ་མི་མཐུན་པའི་ཕྱོགས་མ་རིག་པ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་ཤེས་རབ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་མཐུན་པ་དང༌། དོན་སྤྱོད་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པ་ཡིན་ནོ། །ཤེས་བྱའི་དངོས་པོའི་དོན་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པ་དང་ལྡན་པའི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོས་བདག་ཉིད་ལ་ཕན་འདོགས་པ་དང༌། ཐམས་ཅད་དུ་རིགས་བར་ལུང་འབོགས་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང༌། བདེ་བས་སེམས་ཅན་རྣམས་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ཕྱི་མ་ལ་དེས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་དང༌། སྒྲིབ་པ་གཉིས་དང་བྲལ་བ་མངོན་དུ་བྱེད་བར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ཏེ། ཆོས་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུ་ནི་རྣམ་པ་བཞི་པོ་དེ་དག་ཏུ་འདུས་པས་དེ་ནི་ཆོས་ཀྱི་མཐུ་ཡིན་ནོ། །དེ་ལ་ལྷན་ཅིག་སྐྱེས་པའི་མཐུ་གང་ཞེ་ན། རང་བཞིན་གྱིས་ཚེ་རབས་དྲན་པ་དང༌། སེམས་


DTG205_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་བཟད་པ་རྒྱུན་མི་འཆད་པས་མི་མཛེས་པ་དང༌། སེམས་ཅན་རྣམས་ཀྱི་དོན་ཁོ་ནའི་ཕྱིར་སེམས་ཅན་གྱི་དོན་སྒྲུབ་པའི་སྡུག་བསྔལ་བས་དགའ་བ་དང༌། དགའ་ལྡན་དུ་སྐྱེས་ནས་ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན་གནས་པ་དང༌། དགའ་ལྡན་དུ་སྐྱེས་པའི་ལྷའི་བུ་གཞན་དག་གནས་གསུམ་པོ་ལྷའི་ཚེ་དང༌། ལྷའི་ཁ་དོག་དང༌། ལྷའི་གྲགས་པ་ཟིལ་གྱིས་གནོན་པ་དང༌། དགའ་ལྡན་ནས་འབབ་པ་ལ་སོགས་པ་ནས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་མཐུ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་དག་ནི་མངོན་པར་ཤེས་པས་མངོན་པར་འདུ་བྱས་པ་མ་ཡིན་གྱི། རང་བཞིན་གྱི་མཐུ་ཡིན་པས་ན་དེའི་ཕྱིར་དེ་དག་ནི་ལྷན་ཅིག་སྐྱེས་པའི་མཐུ་ཞེས་བྱའོ། །དེ་ལ་ཐུན་མོང་གི་མཐུ་ནི་གང་ཐུན་མོང་མ་ཡིན་པའི་མཐུ་ནི་གང་ཞེ་ན། ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་མཐུ་ནི་རྣམ་པ་གསུམ་སྟེ། ཆ་ཕྲ་བ་དང༌། རྣམ་པ་དང༌། ཁམས་སོ། །དེ་ལ་ཆ་ཕྲ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་པ་གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པའོ། །རྣམ་པ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང་ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཁམས་ཐམས་ཅད་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་དུ་གྱུར་པ་གང་ཡིན་པ་སྟེ་དེ་ནི་ཐུན་མོང་མ་ཡིན་པའི་མཐུ་ཞེས་བྱའོ། །ཐུན་མོང་གི་མཐུ་ནི་རྣམ་པ་དེ་དག་མ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དེ་ལས་གཞན་པ་ཐམས་ཅད་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའམ་ཡང་ན་དེའི་ཕྱིར་དེ་ནི་ཐུན་མོང་གི་མཐུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་རྣམ་པ་ལྔ་པོ་དེ་དག་ནི་


DTG205_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཞིང་ཡང་རྒྱུ་ལྔས་བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ། རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་དང༌། འཇིག་རྟེན་དཔེ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་དང༌། མཐུ་དེ་སེམས་ཤིན་ཏུ་སྦྱང་བ་བྱས་པ་ཁོ་ན་དང་འབྲེལ་པ་ཉིད་ཀྱི་ཕྱིར་དང༌། མཉན་པར་མ་བཞག་པའི་ས་པའི་སེམས་དང་གཅིག་ཏུ་ཆ་མི་མཐུན་པ་ཉིད་ཀྱི་ཕྱིར་དང༌། དེ་མཉམ་པར་བཞག་པའི་སེམས་དང་འབྲེལ་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་ཞེས་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་གནས་དྲུག་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ཡིན་ཏེ། སེམས་ཀྱི་སྐྱེ་བ་ལ་མཁས་པ་དང༌། གནས་པ་ལ་མཁས་པ་དང༌། བསླང་བ་ལ་མཁས་པ་དང༌། འཕེལ་བ་ལ་མཁས་པ་དང༌། འགྲིབ་པ་ལ་མཁས་པ་དང༌། ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་དག་ནི་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ལ་སོགས་པའི་རྒྱུ་ལྔ་པོ་ཇི་སྐད་སྔར་བསྟན་པ་དེ་དག་གིས་བསམ་གྱིས་མི་ཁྱབ་པ་ཡན་པས་དེ་དག་མངོན་པར་བསྒྲུབ་པ་ནི་སེམས་ཀྱི་སྐྱེ་བ་ལ་མཁས་པ་ལ་སོགས་པ་ལ་རག་ལས་པ་ཡིན་ནོ་ཞེས་སྟོན་ཏོ། །བརྟན་པ་དང་སྣོད་རྣམ་པར་རིག་པ་མི་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ལེན་པའི་རྣམ་པར་ཤེས་པའི་སྐྱེ་བའོ་ཞེས་བྱ་བ་ནི་ལེན་པའི་རྣམ་པར་ཤེས་པ་ནི་རྟེན་རྣམ་པར་རིག་པ་མི་རིག་པ་དང༌། སྣོད་རྣམ་པར་རིག་པ་མི་རིག་པ་ཡིན་པས་དེ་ནི་སྐྱེ་བ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྟན་པ་ཞེས་བྱ་བ་ནི་ལེན་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་གནས་ཡིན་པའི་ཕྱིར་རོ། །སྣོད་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །རྣམ་པར་རིག་པ་ཞེས་བྱ་བ་ནི་ཀུན་གཞིའི་ངོ་བོ་ཉིད་དུ་རང་རིག་པའི་ཚུལ་དུ་རྣམ་པར་རིག་པའོ། །མི་རིག་པ་ཞེས་བྱ་བ་ནི་རྣམ་པ་དང་དམིགས་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །དེའི་སྐྱེ་བ་ལ་མཁས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲིབ་པ་དང་གནས་ངན་ལེན་ཐམས་ཅད་རྣམ་པར་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་


DTG205_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྒྲུབ་པ་ཡིན་ནོ། །དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ཡིན་པས་དེའི་སྐྱེ་བ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའི་མཐུ་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་ཅིག་ཅར་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་ངེས་པར་རྟོག་པ་དང༌། རྗེས་སུ་དྲན་པར་ནུས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་མ་ན་ཞེས་བྱ་བ་ནི་ཞེས་པ་སྟེ། འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །དེ་དག་རྣམ་པར་རིག་པར་བྱེད་པ་ནི་མ་ན་བི་ཛྙཱ་ན་སྟེ། ཤེས་པ་རྣམ་པར་ཤེས་པ་ཞེས་བྱའོ། །དེའི་འཇུག་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་དེ། ཐུན་མོང་བ་ནི་ཕྱི་རོལ་དང་ནང་གི་ཡུལ་ཅིག་ཅར་འཛིན་པ་ཞེས་བྱ་བས་བསྟན་ཏེ། ཕྱི་རོལ་གྱི་ཡུལ་ནི་གཟུགས་ལ་སོགས་པའོ། །ནང་གི་ཡུལ་ནི་དབང་པོ་དང་སེམས་དང་སེམས་ལས་བྱུང་བ་དག་གོ །ཅིག་ཅར་འཛིན་པ་ནི་ཕྱི་ནང་གི་ཡུལ་ནས་སྐྱེས་པའི་ཚོར་བ་ཅིག་ཅར་མྱོང་བར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་ཅིག་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་མང་པོ་དག་གི་བྱ་བ་གང་ཡིན་པ་དེ་ནི་གཅིག་པུ་བྱའོ་སྙམ་ནས་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པའོ། །སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས་པ་མང་པོ་མཐོང་བ་ཞེས་བྱ་བ་ལ་མཐོང་བ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་ན། ཡིད་ཀྱི་རྣམ་པར་ཤེས་པས་མཐོང་བར་ཇི་ལྟར་རུང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་གནས་པ་ལས་བྱུང་བ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་དང༌། གནས་དང་དམིགས་པ་མཐུན་པར་འཇུག་པ་དེས་མཐོང་བ་ལ་འགལ་བ་མེད་དེ། དཔེར་ན་སེམས་པ་ལས་ལུས་དང་ངག་གི་ལས་བཞིན་ནོ། །དམིགས་པའི་མཚན་མ་ཆུང་ངུ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདོད་


DTG205_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ཞེས་བྱ་བ་ནི་ཁམས་ཆུང་བ་དང༌། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཆེན་པོར་གྱུར་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་དང་ལྡན་པའི་སེམས་སྐྱེ་བའོ་ཞེས་བྱ་བ་ནི་ཁམས་ཆེ་བ་དང། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཚད་མེད་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་མཐའ་ཡས་སོ་སྙམ་པའི་འདུ་ཤེས་ཚད་མེད་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཕྲ་མོ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་འདུ་ཤེས་ཅི་ཡང་མེད་དོ་སྙམ་པའི་ཕྲ་བའི་ས་བ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་མཐར་ཐུག་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ཁམས་དང་ས་དང་འཇིག་རྟེན་པའི་ལམ་གྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །མཚན་མ་མེད་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པ་དང༌། འགོག་པ་ལ་དམིགས་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་དམིགས་པ་མཚན་མ་མེད་པའི་ཕྱིར་རོ། །སྡུག་བསྔལ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་པའི་སེམས་སྐྱེ་བའོ་ཞེས་བྱ་བ་ནི་དེ་དག་གི་ཀུན་གཞིའི་རྣམ་པར་ཤེས་པའི་ཚོར་བ་བཏང་སྙོམས་ཀྱང་གློ་བུར་གྱི་སྡུག་བསྔལ་གྱི་ཚོར་བ་ཟིལ་གྱིས་མནན་པའི་ཕྱིར་རོ། །ཚོར་བ་འདྲེན་མ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་འདྲེན་མ་དང་ལྡན་པའི་ཕྱིར་རོ། །དགའ་བ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་དང་གཉིས་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་


DTG205_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར་རོ། །བདེ་བ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་གསུམ་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ནང་ཡོངས་སུ་དང་བ་ལས་སྐྱེས་པའི་བདེ་བ་དང་ལྡན་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་བར་གྱི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་སྐྱོན་བརྒྱད་པའོ། །རྟོག་པ་དང༌། དཔྱོད་པ་དང༌། དབུགས་རྔུབ་པ་དང༌། དབུགས་དབྱུང་བ་དང༌། བདེ་བ་དང་སྡུག་བསྔལ་བ་དང༌། ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བྲལ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སེམས་ཡོད་པའི་གནས་སྐབས་ཐམས་ཅད་ཀྱིའོ། །དགེ་བ་དང་ལྡན་པའི་སེམས་སྐྱེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་སེམས་ཡོད་པའི་གནས་སྐབས་ཐམས་ཅད་ན་དགེ་བ་བཅུ་གཅིག་གམ། དབང་པོ་ལྔ་དང་ལྡན་པའོ། །ལུང་དུ་མ་བསྟན་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། དེ་གཉི་ག་དང་མི་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་སེམས་ཡོད་པའི་གནས་སྐབས་སྔ་མ་གཉིས་མ་གཏོགས་པ་རྣམ་པར་སྨིན་པ་ལས་སྐྱེ་བ་དང༌། སྤྱོད་ལམ་ལས་བྱུང་བ་དང༌། བཟོའི་གནས་ལས་བྱུང་བ་དང༌། སྤྲུལ་པ་བྱེད་པའི་སེམས་ཀྱི་སྐྱེ་བའོ། །སེམས་ཀྱི་སྐྱེ་བ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་དང་སེམས་ལྡོག་པ་སྟེ། དེ་དག་ནི་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ཡིན་ནོ། །ཇི་ལྟར་ན་གནས་པ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་རྣམ་པར་རིག་པའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་བའོ་ཞེས་བྱ་བ་ནི་སེམས་ཀྱི་གནས་པ་ནི་གཉིས་པའི་ངོ་བོ་ཉིད་ཡིན་པས། རྣམ་པར་རིག་པའི་དེ་བཞིན་ཉིད་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་དུ་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ། །ཇི་ལྟར་ན་བསླང་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་བསླང་བར་ནི་གཞན་གྱི་དབང་དང༌། ཀུན་བརྟགས་པའི་འཆིང་བ་ལས་རྣམ་པར་གྲོལ་ཞིང་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དུ་གནས་པར་གྱུར་པ་ཡིན་པས། དེ་


DTG205_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ། །མཚན་མའི་འཆིང་བ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་མའོ། །གནས་ངན་ལེན་གྱི་འཆིང་བ་ཞེས་བྱ་བ་ནི་ཀུན་བརྟགས་པའི་བག་ཆགས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་ཤེས་ལ། ཀུན་བརྟགས་པ་ནི་མཚན་ཉིད་མེད་པར་ཤེས་པའོ། །དེ་ལས་སེམས་འདི་བསླང་བར་བྱའོ་ཞེས་བྱ་བ་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་འཆིང་བ་དེ་གཉིས་དེ་ལྟར་ཤེས་ནས་དེ་ལས་རྣམ་པར་གྲོལ་བར་བྱ་ཞིང་ཡོངས་སུ་གྲུབ་པའི་དེ་བཞིན་དུ་གནས་གྱུར་བར་བྱ་བ་ལ་མཁས་པ་སྟེ། དེ་ཙམ་གྱིས་ན་སེམས་ཀྱི་བསླང་བ་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་འཕེལ་བ་ནི་གནས་གྱུར་པའི་ངོ་བོ་ཉིད་ཡིན་པས་དེ་ཟུང་དུ་འབྲེལ་བའི་ལམ་གྱི་ས་སྐྱེ་བ་དང་འཕེལ་བ་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ། །གཉེན་པོའི་སེམས་གང་ཡིན་པ་སྟེ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་དུ་གནས་གྱུར་པའི་སེམས་སོ། །སྐྱེ་བ་དང་འཕེལ་བ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པའི་ལམ་གྱི་རང་གི་མཚན་ཉིད་སྐྱེ་བ་དང་རྒྱུན་འཕེལ་བའོ། །ཇི་ལྟར་ན་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་མཚན་མ་དང་གནས་ངན་ལེན་གྱི་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་པ་ཡིན་པས་དེ་ཟུང་དུ་འབྲེལ་བའི་ལམ་གྱིས་འགྲིབ་པ་དང་འབྲི་བར་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ། །དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་བྱ་བ་ནི་འཕེལ་བ་དེ་དང་ངོ༌། །འགྲིབ་ཅིང་འབྲི་བ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པའི་ལམ་གྱི་རང་གི་མཚན་ཉིད་འགྲིབ་པ་དང་རྒྱུན་འབྲི་བའོ། །ཇི་ལྟར་ན་ཐབས་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་ཞུས་པའི་ལན་གྱི་མཇུག་བསྡུ་བ་བསྟན་ཏེ། དེས་ནི་བཤད་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། །།དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོལ་བ་ཐམས་ཅད་འགོག་པ་ཤེས་པ་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་


DTG205_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགག་གོ་ཞེས་གང་གསུངས་པ་ལ་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །བཅོམ་ལྡན་འདས་གང་འགག་པའི་ཚོར་བ་དེ་དག་གང་ལགས་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ན་ཡོད་པའི་ཚོར་བ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས་སུ་འགག་པའོ། །གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ལ་གནས་ཞེས་བྱ་བ་ནི་གནས་མ་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང༌། བག་ཆགས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་གནས་ཞེས་བྱ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དང༌། སྟོབས་བཅུ་ལ་སོགས་པའི་ཤེས་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །གནས་ངན་ལེན་ཞེས་བྱ་བ་ནི་གནས་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་བག་ཆགས་གནས་ངན་ལེན་དང་བཅས་པ་ལ་བྱ་སྟེ། ལུས་དང་སེམས་ལས་སུ་མི་རུང་བ་དང༌། གནས་ངན་ལེན་པར་བྱེད་པའི་ཕྱིར་རོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ཕུང་པོའི་ལྷག་མ་ཙམ་ཡོད་པ་ལ་གནས་ངན་ལེན་ཅེས་བྱ་སྟེ། ཚོར་བའི་གཞི་ཡིན་པའི་ཕྱིར་རོ། །རིག་པ་ཞེས་བྱ་བ་ནི་ཚོར་བ་སྟེ་གནས་མ་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ཚོར་བ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང༌། དེ་ལ་གློ་བུར་གྱི་ཚོར་བ་བློ་བདེ་བ་དང༌། སྡུག་བསྔལ་བ་དང༌། གཉིས་ཀ་མ་ཡིན་པ་དག་རིག་པའོ། །སྐབས་འདིར་ནི་གནས་གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་གནས་གྱུར་པའི་ཚོར་བ་བཏང་སྙོམས་ལ་བྱ་སྟེ། དེ་ཡང་ཕུང་པོའི་ལྷག་མ་མེད་


DTG205_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགག་གོ་ཞེས་བྱ་བར་སྦྱར་རོ། །དེའི་དབྱིངས་སུ་ཡུལ་རིང་པ་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་གནས་ཀྱི་གནས་ངན་ལེན་རིག་པ་དེའི་འོ། །འབྲས་བུ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ལམ་ལོགས་ཤིག་ཏུ་ན་ཡུལ་གཞན་མེད་མོད་ཀྱི། རྣམ་པ་ལྟ་བུར་སྣང་བས་འབྲས་བུ་ཞེས་བྱའོ། །ཡུལ་རིག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དུ་སྣང་བར་རིག་པའི་ཚོར་བའོ། །དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་བག་ཆགས་གནས་ངན་ལེན་དང་བཅས་པ་དེའི་འབྲས་བུ་ལུས་དང་ལོངས་སྤྱོད་གནས་ཀྱི་རྣམ་པར་སྣང་བའི་སྤྱོད་ཡུལ་མ་དག་པ་རྣམ་པར་རིག་པའི་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་རིག་པ་སྟེ། དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགག་གོ་ཞེས་བྱ་བར་སྦྱར་རོ། །གནས་ཀྱི་གནས་ངན་ལེན་རིག་པ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ནི་གནས་མ་གྱུར་པ་སོ་སོའི་སྐྱེ་བོ་དང༌། སློབ་པ་རྣམས་ལ་ཡང་རང་རང་གི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་མོད་ཀྱི། སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་ཡོད་པ་དང་སྦྱར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བག་ཆགས་དང་བཅས་པ་ཡིན་པས་འདིར་ནི་དེ་བཞིན་གཤེགས་པ་ཉིད་དང་སྦྱར་རོ། །གཟུགས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གནས་མ་གྱུར་པའི་གནས་སྐབས་ན་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་ཕུང་པོ་གཟུགས་ཀྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་གཟུགས་ཀྱི་བག་ཆགས་དང་བཅས་པའི་རིག་པའི་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་གཟུགས་ཀྱི་ཕུང་པོའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་གཟུགས་ཀྱི་བག་ཆགས་དང་


DTG205_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གནས་གྱུར་པའི་ཕྱིར་ཞིང་སྐུ་དང་མཚན་དང་དཔེ་བྱད་དང་གསུང་དབྱངས་མཐའ་ཡས་པ་དང༌། སྤྱི་གཙུག་བལྟར་མི་སྣང་བ་ལ་སོགས་པ་གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་ལ་བྱའོ། །གཟུགས་མེད་པའི་གནས་ངན་ལེན་རིག་པ་ཞེས་བྱ་བྱ་ནི་གནས་མ་གྱུར་པའི་གནས་སྐབས་ན་ནི་ཁམས་གསུམ་དུ་གཏོགས་པའི་ཕུང་པོ་གཟུགས་ཅན་མ་ཡིན་པའི་གཞིའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཕུང་པོ་གཟུགས་ཅན་མ་ཡིན་པའི་བག་ཆགས་དང་བཅས་པ་རིག་པའི་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ཚོར་བའི་ཕུང་པོ་གནས་ཀུན་གཞིའི་རྣམ་པར་ཤེས་པ་ཚོར་བའི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་རྒྱ་ཆེན་པོ་ལ་གནས་པ་ལ་སོགས་པ་ཚོར་བའི་ཕུང་པོའི་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་དང༌། འདུ་ཤེས་ཀྱི་ཕུང་པོའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་འདུ་ཤེས་པ་འདུ་ཤེས་ཀྱི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་སྟོན་པ་ལ་དབང་འབྱོར་པ་ལ་སོགས་པ་འདུ་ཤེས་ཀྱི་ཕུང་པོའི་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་དང༌། འདུ་བྱེད་ཀྱི་ཕུང་པོའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་ཡོངས་སུ་བསྒྱུར་བ་དང༌། སྤྲུལ་པ་དང༌། འཁོར་བསྡུ་བ་དང། དཀར་པོའི་ཆོས་ཅན་དགུག་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་དང༌། རྣམ་པར་ཤེས་པའི་ཕུང་པོའི་གནས་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་སོགས་པ་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པར་བྱའོ། །འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་


DTG205_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཉིད་དང་ད་ལྟར་ཕུང་པོའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་སྟེ། དེའི་ཕྱིར་ད་ལྟར་གྱི་གང་ཡིན་པའོ་ཞེས་གསུངས་སོ། །དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་གནས་མ་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་ད་ལྟར་ན་བག་ཆགས་དང་བཅས་པའི་ཕུང་པོའི་རྒྱུད་ཉིད་ཉམས་སུ་མྱོང་བ་སྟེ། དེ་ནི་ཟག་པ་དང་བཅས་པ་ཡིན་པས་གནས་ངན་ལེན་རིག་པ་ཞེས་བྱའོ། །སྐབས་འདིར་ནི་གནས་གྱུར་པའི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་ཡིན་པས་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པའི་དེ་དག་ཉིད་ད་ལྟར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་སྟེ། དེ་ནི་ཕུང་པོ་ལྷག་མ་ཚད་ཡོད་པ་ཡིན་པས་གནས་ངན་ལེན་རིག་པ་ཞེས་བྱའོ། །འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་དང་ད་ལྟར་ཕུང་པོའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་མ་ཡིན་གྱི། ཕྱིས་ཉམས་སུ་མྱོང་བའི་རྒྱུད་ད་ལྟར་གྱི་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་པ་སྟེ། དེའི་ཕྱིར་མ་འོངས་པའི་རྒྱུར་གྱུར་པ་གང་ཡིན་པའོ་ཞེས་གསུངས་སོ། །དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་འཆིང་བ་མཐའ་དག་ཡོད་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་དག་ཕྱིས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་ནི་ད་ལྟར་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་པ་རྐྱེན་ཉེ་བར་མ་གྱུར་བས་ད་དུང་ཉམས་སུ་མ་མྱོང་བ་ལ་བྱའོ། །འཆིང་བ་མ་ཚང་བ་སློབ་པ་རྣམས་ལ་ནི་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་མ་ཡིན་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་གཟུགས་ཀྱི་གནས་རིག་པ་དང་གཟུགས་མེད་པའི་གནས་རིག་པ་དག་ཕྱིས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་ནི་ད་ལྟར་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་ལ་རྐྱེན་ཉེ་བར་མ་གྱུར་པས་ད་དུང་ཉམས་སུ་མ་མྱོང་བ་ལ་ཡང་


DTG205_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སློབ་པར་གྱུར་པ་ནི་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར་བའི་རྒྱུ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་ད་ལྟར་སློབ་པ་ཉིད་ཀྱི་རྒྱུད་ལ་ཡོད་པ་ལ་ཡང་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ་ཞེས་བྱའོ། །གནས་གྱུར་པའི་གནས་སྐབས་ནི་མི་སློབ་པའི་རྒྱུད་ལ་གནས་གྱུར་པས་རབ་ཏུ་དབྱེ་བའི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་ལ་འབྲས་བུར་གྲུབ་ཟིན་ཏེ། ཕྱིས་འབྲས་བུ་གཞན་ཐོབ་པར་འགྱུར་བ་མེད་ཀྱང་འབྲས་བུར་གྲུབ་པ་དེ་ཉིད་ཀྱི་རྒྱུན་ཕྱི་མ་ཉམས་སུ་མྱོང་བར་འགྱུར་བའི་རྐྱེན་ནི་ཉེ་བར་མ་གྱུར་པ་རྒྱུ་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རྒྱུད་དེ་ལ་ཡོད་པ་ལ་ཡང་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ་ཞེས་བྱ་སྟེ། སྐབས་འདིར་ནི་སོ་སོའི་སྐྱེ་བོ་དང༌། སློབ་པའི་རྣམ་གྲངས་སྔ་མ་ཤོས་དང་མི་སྦྱར་གྱི། སློབ་པའི་རྣམ་གྲངས་ཕྱི་མ་ཤོས་དང་མི་སློབ་པའི་རྒྱུད་ལ་ཡོད་པ་དང་སྦྱར་རོ། །དེའི་འབྲས་བུ་ཡུལ་རིག་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་ཡུལ་རིག་པ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་དག་ཉིད་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། ཡུལ་གྱི་རྣམ་པ་ལྟ་བུར་སྣང་བས་འབྲས་བུ་ཞེས་བྱའོ། །གནས་རིག་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་རིག་པ་སྟེ། དེ་ཡང་གནས་གྱུར་པའི་གནས་སྐབས་ན་ནི་གནས་ཀྱི་རྣམ་པར་སྣང་བ་སྣོད་ཀྱི་འཇིག་རྟེན་མ་དག་པ་རྣམ་པར་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་གནས་གཞལ་མེད་ཁང་ཆེན་པོ་ཁ་དོག་ཕུན་སུམ་ཚོགས་པ་དང༌། དབྱིབས་ཕུན་སུམ་ཚོགས་པ་ལ་སོགས་པར་སྔར་གྱི་གླེང་གཞིའི་སྐབས་སུ་བསྟན་པ་ལྟ་བུ་རྣམ་པར་རིག་པ་ལ་བྱའོ། །ཡོ་བྱད་རིག་པ་ཞེས་བྱ་བ་ནི་གནས་དེ་ཉིད་ལས་ལུས་ཀྱི་ཡོ་བྱད་འབྱུང་བ་དག་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་ལུས་ཀྱི་ཡོ་བྱད་བཅུ་སྔར་བསྟན་པ་


DTG205_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དག་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་འཇིག་རྟེན་ལས་འདས་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དག་རྣམ་པར་རིག་པ་ལ་བྱའོ། །ལོངས་སྤྱོད་རིག་པ་ཞེས་བྱ་བ་ནི་གནས་དང་ཡོ་བྱད་དེ་དག་ལས་ལོངས་སྤྱོད་པ་སྣ་ཚོགས་ཀྱི་རྣམ་པར་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་ལུས་ཀྱི་ཡོ་བྱད་ལ་ལོངས་སྤྱོད་པ་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། བདག་དང་གཞན་དག་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་པ་མྱོང་བར་མཛད་པར་རིག་པ་ལ་བྱའོ། །ལྟོས་པའི་རིག་པ་ཞེས་བྱ་བ་ནི་གནས་དང་ཡོ་བྱད་དང་ལོངས་སྤྱོད་རིག་པ་དེ་དག་རྒྱུ་གང་ལ་ལྟོས་པའི་རྒྱུའི་རྒྱུ་མཚན་ཡོངས་སུ་མ་རྡུགས་པར་ཡོད་པར་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་གནས་དང་ཡོ་བྱད་དང་ལོངས་སྤྱོད་རིག་པའི་རྒྱུ་སྔོན་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་བྱས་ཤིང་བསགས་པ་དག་གི་རྒྱུན་ད་ལྟར་འབྲས་བུ་མྱོང་བའི་གནས་སྐབས་ན་ཡང་ཡོངས་སུ་མ་རྡུགས་པར་ཡོད་པ་ནི་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ད་ལྟ་གནས་དང༌། ཡོ་བྱད་དང་ལོངས་སྤྱོད་རིག་པའི་རྒྱུ་སྔོན་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་དག་གི་རྒྱུན་ད་ལྟར་འབྲས་བུ་ཉམས་སུ་མྱོང་བའི་གནས་སྐབས་ན་ཡང་ཡོངས་སུ་མ་རྡུགས་པར་ཡོད་པར་རིག་པ་ཡིན་ཏེ། ལྟོས་པ་ཞེས་བྱ་བ་ནི་རྒྱུའི་དོན་ཡིན་ནོ། །དེ་ལྟར་གནས་ངན་ལེན་རིག་པ་དང་དེའི་འབྲས་བུ་ཡུལ་རིག་པ་དེ་ནི་གནས་མ་གྱུར་བ་སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ལ་ཡང་རང་རང་གི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་ཀྱི། སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་ཡོད་པ་དང་སྦྱར་བ་བསྟན་པའི་ཕྱིར། དེ་ཡང་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ་ཞེས་བྱ་བ་གསུངས་


DTG205_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ཡང་ཞེས་བྱ་བ་ནི་གནས་ཀྱི་གནས་ངན་ལེན་གྱི་རིག་པ་རྣམ་པ་བཞི་དང༌། དེའི་འབྲས་བུ་ཡུལ་རིག་པ་རྣམ་པ་བཞིའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ་ཞེས་བྱ་བ་ནི་དེ་ན་ཚོར་བ་དེ་དག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཉན་ཐོས་དང་རང་སངས་རྒྱས་ལ་ཡང་དེ་དག་ཡོད་མོད་ཀྱི། དེ་ནི་བག་ཆགས་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་པས་སྐབས་འདིར་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་སྦྱར་རོ། །འབྲས་བུ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་སློབ་པར་གྱུར་པ་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར་བའི་རྒྱུ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟ་སློབ་པ་ཉིད་ཀྱི་རྒྱུད་ལ་ཡོད་པ་མྱོང་བའི་སློབ་པ་རྣམས་ཀྱིས་ནི་ཚོར་བ་འདྲེན་མར་མྱོང་བ་སྟོན་ཏོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་བ་ཞེས་བྱ་བ་ནི་སློབ་བ་རྣམས་ཏེ། དེ་དག་ལ་ཡང་མ་རིག་པའི་འདུས་ཏེ་རེག་པ་ལ་བྱུང་བའི་ཚོར་བ་ཡོད་མོད་ཀྱི། དེ་ནི་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང༌། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར་བའི་རྒྱུ་མ་ཡིན་པས་འདིར་མ་སྨོས་སོ། །སློབ་པ་རྣམས་ཀྱི་མཐོང་བའི་ལམ་དང༌། བསྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་དེའི་རྒྱུ་ཡིན་པས་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ་ཞེས་བྱ་བ་སྟེ་དེ་ལྟ་བུའི་ཚོར་བ་མྱོང་བའི་གང་ཟག་སློབ་པ་རྣམས་ཀྱི་འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བར་སྦྱར་རོ། །དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་ཐམས་ཅད་དུ་འགག་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཉོན་མོངས་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བསྒོམ་པས་སྤང་བར་བྱ་བ་དག་གོ །འདྲེན་མར་མྱོང་ངོ་ཞེས་


DTG205_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདྲེན་མར་མྱོང་བའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མི་སློབ་པས་ཀྱང་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྤངས་ཀྱང་ཉོན་མོངས་པ་མེད་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་སྤངས་པས་དེ་དག་ཀྱང་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དང༌། ཉོན་མོངས་པ་མེད་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདྲེན་མར་མྱོང་བར་སྦྱར་རོ། །འབྲས་བུ་གྲུབ་པ་མྱོང་བ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་འབྲས་བུ་གྲུབ་པའི་ཚོར་བ་མྱོང་བ་ལ་ནི་མ་རིག་པ་མེད་དེ། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་བར་སྟོན་ཏོ། །ཚོར་བ་རྣམ་པ་དེ་གཉི་ག་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཉོན་མོངས་པ་མེད་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་གཉིས་ཀའོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་ངོ་ཞེས་བྱ་བ་ནི་སྒྲིབ་པ་རྣམ་པ་གཉིས་དང་བྲལ་བའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ན་དེ་ཡང་འགག་པར་འགྱུར་ཏེ་ཞེས་བྱ་བ་ནི་རེག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་ཡང་འགག་པར་འགྱུར་ཏེ། ཕྲད་པའི་ཚོར་བ་དང༌། འབྲལ་བའི་ཚོར་བའི་སྐྱེ་བའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ཟད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྔར་ཞུས་པའི་ལན་གྱི་མཇུག་བསྡུ་བ་བསྟན་ཏེ། དེས་ཀྱང་བཤད་པས་སྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ངན་ལས་འདས་ན་ཇི་ལྟར་འཁོར་བའི་མཐའི་བར་དུ་གཞན་གྱི་དོན་མཛད་པ་འགྲུབ་པར་འགྱུར་ཞེ་ན། དེ་བཞིན་


DTG205_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ན་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཀྱང་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་གཅོད་དེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་སྣ་ཚོགས་ཡིན་པའི་ཕྱིར་རོ། །དེ་ལྟར་སྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་འདུན་པ་དྲག་པོས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་སྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་སྒོམ་བ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པ་ཡིན་ནོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ད་ནི་འདི་མན་ཆད་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་དང༌། མདོ་སྡེའི་ལུས་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་དང༌། མདོ་སྡེའི་ངེས་པའི་ཚིག་བསྟན་པ་དང༌། འབྲས་བུ་ཐོབ་པའི་ཆེ་བ་ཉིད་རྣམས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །དེ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི། དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་རྣལ་འབྱོར་གྱི་ལམ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང༌། རིག་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་གང་ཡིན་པའོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱོར་བའི་རྒྱུ་དང༌། འཐོབ་པ་དང༌། འཐོབ་པའི་ཐབས་དང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དག་གིས་སོ། །ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཁྱབ་པའི་དམིགས་པ་བཞི་པོ་དག་ལས་ཞི་གནས་ཀྱི་ལམ་དང༌། ལྷག་མཐོང་གི་ལམ་དང༌། ཟུང་དུ་འབྲེལ་བའི་ལམ་ཤིན་ཏུ་ཡོངས་སུ་དག་པའོ། །རྣལ་འབྱོར་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཞེས་བྱ་བ་ནི་གཏན་ལ་དབབ་པ་ཞེས་བྱ་བའི་ཐ་ཚིག་གོ །མཁས་པས་ཞེས་བྱ་བ་ནི་སྐབས་སུ་བབ་པར་ཞེས་བྱ་བའི་དོན་ཏོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་བསྟོད་པ་


DTG205_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྗེས་སུ་ཡི་རང་བར་མཛད་པ་སྟེ་དེས་ན་གཞན་དག་དམ་པའི་ཆོས་འདི་ཡོངས་སུ་འཛིན་པར་འགྱུར་རོ། །ངས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དམ་པའི་ཆོས་འདི་ཡོངས་སུ་གཟུང་བའི་འོས་ཡིན་བར་སྟོན་ཏོ། །རིགས་ཀྱི་བུ་རྣམས་དང་རིགས་ཀྱི་བུ་མོ་དག་གིས་འདི་ལ་ཤིན་ཏུ་བརྩོན་པར་བྱ་བའི་རིགས་སོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པའི་གདུང་རྒྱུན་མི་གཅད་པའི་མན་ངག་གི་དམ་པའི་ཆོས་ཡོངས་སུ་འཛིན་དུ་གཞུག་པ་བསྟན་ཏེ། དེ་དག་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་བསྟན་པ་ཡིན་ནོ། །མདོའི་སྡེའི་ལུས་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་སྔར་སྦྱོར་བའི་རྒྱུ་རྣམ་པ་གཉིས་པོ་གནས་ཀྱིས་སྦྱོར་བའི་རྒྱུ་དང༌། རྟེན་གྱིས་སྦྱོར་བའི་རྒྱུ་བསྟན་པ་ལས་གནས་ཀྱིས་སྦྱོར་བའི་རྒྱུ་ཆོས་གདགས་པ་རྣམ་པར་གཞག་པ་དེ་ལ་གནས་པའི་ཕན་ཡོན་སྟོན་ཏོ། །ཆོས་རྣམས་གདགས་པ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་ཆོས་གདགས་པ་རྣམ་པར་གཞག་པ་གང་ཡིན་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་རིག་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང༌། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་ཞེས་བྱ་བར་སྦྱར་རོ། །བག་ཡོད་ཅེས་བྱ་བ་ནི་ནན་ཏན་དང་བརྩོན་འགྲུས་ཀྱིས་བག་ཡོད་པར་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་གོ །དོན་ཆེན་ཡིན་ཞེས་བྱ་བ་ནི་ཕན་འདོགས་པའི་ཕྱིར་རོ། །ཇི་ལྟར་ཕན་འདོགས་པས་དོན་ཆེ་བ་ཡིན་ཞེ་ན། གང་དག་ཆོས་དེར་བརྟེན་ནས་རྣལ་འབྱོར་འདིར། །ཡང་དག་བརྩོན་པ་དེ་དག་བྱང་ཆུབ་ཐོབ། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་གང་དག་ཆོས་གདགས་པ་རྣམ་པར་གཞག་པས་དེ་ལ་གནས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་ཡང་དག་པར་བརྩོན་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཚིགས་


DTG205_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་གཉིས་པས་ནི་ཆོས་གདགས་པ་རྣམ་པར་གཞག་པ་དེ་ལ་བསམ་པ་ཐག་པ་ནས་མི་གནས་པའི་ཉེས་དམིགས་སྟོན་ཏེ། གང་དག་གླགས་ལྟ་ཞེས་བྱ་བ་ནི་གང་དག་ཆོས་བདུད་རྩི་འདི་གཏན་གཞིག་པའམ། དམ་པའི་ཆོས་ལྟར་བཅོས་པ་སྤེལ་ལོ་སྙམ་པའི་བསམ་པས་བསྟན་པ་འདི་ལ་གླགས་ལྟ་བའོ། །དེ་སྐད་རྒོལ་བ་ལས་ཐར་བར་ལྟ་བས་ཞེས་བྱ་བས་ནི་རྟོག་གེ་པ་ལ་ལ་གཞན་དང་གྲུབ་པའི་མཐའ་བསྒྲན་ཅིང་བརྩད་པ་དང༌། རང་གི་གྲུབ་པའི་མཐའ་ཉམས་ལ་ཐུག་པའི་ཚེ་སངས་རྒྱས་ཀྱི་བསྟན་པ་ལས་གཏན་ཚིགས་དང་དཔེ་དང༌། རིག་པ་ལ་སོགས་པ་བསླབས་པ་ཕས་ཀྱི་རྒོལ་བ་དེ་ལས་བདག་ཐར་བར་བྱའོ་སྙམ་དུ་སེམས་པའོ། །ཆོས་ཀུན་ཆུབ་བྱེད་པ་ཞེས་བྱ་བ་ནི་དེ་ལྟར་གླགས་ལྟ་བའི་བསམ་པ་དང༌། དེ་སྐད་རྒོལ་བ་ལས་ཐར་བར་ལྟ་བའི་ལམ་བསམ་པས་སངས་རྒྱས་ཀྱི་ཆོས་འདི་སྒྲུབ་པར་བྱེད་པའོ། །བྱམས་པ་ཞེས་བྱ་བ་ནི་བོད་པའི་ཚིག་གོ །དེ་དག་རྣལ་འབྱོར་འདི་ལས་ནི། །ཐག་རིང་གནམ་ས་རིང་བ་ཇི་བཞིན་ནོ། །ཞེས་བྱ་བ་ནི་གང་ཟག་དེ་དག་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ལམ་འདི་ཐག་རིང་སྟེ། དཔེར་ན་གནམ་ས་ཐག་རིང་བ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཚིགས་སུ་བཅད་པ་གསུམ་པའི་རྩ་བ་དང་པོ་གཉིས་ཀྱིས་ནི་སྔར་བརྟེན་ཅིང་སྦྱོར་བའི་རྒྱུ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་བསྟན་པའི་ཕན་ཡོན་སྟོན་ཏེ། བློ་ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་དོན་ཞེས་བྱ་བ་ནི་སེམས་ཅན་གྱིས་གཅེས་པར་བྱེད་པའོ། །དེ་དག་ལས། ལན་བྱེད་རིག་ནས་སེམས་ཅན་དོན་བརྩོན་མིན། །ཞེས་བྱ་བ་ནི་སེམས་ཅན་དེ་དག་ལས་ལན་དུ་ཕན་པ་བྱེད་པར་འོས་པར་རིག་ནས་སེམས་ཅན་གྱི་དོན་ལ་བརྩོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་གི་དོན་སྤྱིར་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་དེའི་རྒྱུ་ནི་སྙིང་རྗེ་ཡིན་ལ། སྙིང་རྗེའི་ཡུལ་ནི་སེམས་ཅན་ཐམས་ཅད་ཡིན་པས་སྙིང་རྗེས་ནི་སེམས་ཅན་གྱི་དོན་གཅེས་པར་བྱེད་ལ། སེམས་ཅན་གྱི་དོན་བྱེད་པ་ན།


DTG205_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིགས་སུ་བཅད་པ་གསུམ་པའི་རྩ་བ་འོག་མ་གཉིས་ཀྱིས་ནི་ཟང་ཟིང་གི་བསམ་པས་སེམས་ཅན་གྱི་དོན་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་མེད་པའི་ཉེས་དམིགས་སྟོན་ཏེ། ལན་དེར་རྟོག་ན་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་ཅུང་ཟད་སྦྱོར་བ་ན། དེ་དག་ལས་ལན་འོང་དུ་རེ་ཞིང་དེ་ལ་རྟོག་ནའོ། །ཀུན་གཞི་དམ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཟང་ཟིང་མེད་པའི་དགའ་བ་ཞེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་པོ་རབ་ཏུ་དགའ་བས་རབ་ཏུ་ཕྱེ་བའོ། །ཚིགས་སུ་བཅད་པ་བཞི་པས་ནི་གནས་ཀྱི་སྦྱོར་བའི་རྒྱུ་ཆོས་གདགས་པ་རྣམ་པར་གཞག་པ་དེ་ལ་གནས་ནས་ཀྱང་རབ་ཏུ་དབེན་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་མི་སྦྱོར་བའི་ཉེས་དམིགས་སྟོན་ཏེ། གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོགས་པ། །ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ཆུབ་པར་བྱས་ནས་རབ་ཏུ་དབེན་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་མི་སྦྱོར་བར་རྙེད་པ་དང༌། བཀུར་སྟི་ལ་སོགས་པ་ཟང་ཟིང་འདོད་པའི་ཕྱིར་གྲོང་དང་འདུ་འཛིའི་ནང་ན་གནས་ཤིང་ཆོས་ཀྱི་ལུང་འབོགས་པའོ། །དེ་དག་འདོད་པ་སྤོངས་པ་ཕྱིར་ལེན་ཏེ། །ཞེས་བྱ་བ་ནི་སྔར་རབ་ཏུ་བྱུང་བ་ལ་སོགས་པའི་རིམ་གྱིས་དངོས་པོའི་འདོད་པ་སྤངས་པའི་ཕྱིར་ལེན་པ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ །རྨོངས་པ་དེ་དག་ཆོས་ཀྱི་རིན་པོ་ཆེ། །རིན་ཐང་མེད་པ་རྙེད་ཀྱང་སྤོང་ཞིང་རྒྱུ། །ཞེས་བྱ་བ་ནི་གང་ཟག་རྨོངས་པ་དེ་དག་ནི་དཔེར་ན་ལ་ལ་ཞིག་གིས་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ཀྱང་དེ་སྤངས་ཏེ། སྤོང་ཞིང་རྒྱུ་བ་དང་འདྲ་བར་ཆོས་ཀྱི་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ཀྱང་འདོད་པའི་ལོངས་སྤྱོད་ལ་སྤོང་ཞིང་འཁོར་བ་ན་རྒྱུ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཚིགས་སུ་བཅད་པ་ལྔ་པས་ནི་ཕན་ཡོན་དང་ཉེས་དམིགས་དེ་ལྟ་བུ་དག་ཡོད་པས་དེའི་ཕྱིར་སྦྱོར་བའི་རྒྱུ་རྣམ་པ་གཉིས་


DTG205_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ལ། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ལམ་ལ་བརྩོན་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ཕྱིར་རྩོད་དང་འདུ་འཛི་སྤྲོས་ལྡན་པ། །རྣམ་པར་སྤོང་བ་ཞེས་བྱ་བ་ནི་འདོད་པའོ། །བརྩོན་འགྲུས་མཆོག་བྱོས་ཏེ་ཞེས་བྱ་བ་ནི་ལེ་ལོ་སྤང་བ་བསྟན་ཏེ། དེ་དག་གིས་ནི་གནས་ཀྱི་སྦྱོར་བའི་རྒྱུ་ལ་བརྟེན་ཅིང་བསྐུལ་བ་བསྟན་ཏོ། །ལྷར་བཅས་འཇིག་རྟེན་བསྒྲལ་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་བ་བསྟན་ཏེ། དེས་ནི་རྟེན་གྱི་སྦྱོར་བའི་རྒྱུ་ལ་བརྟེན་ཅིང་ཞེས་བསྐུལ་བ་བསྟན་ཏོ། །རྣལ་འབྱོར་འདི་ལ་རབ་ཏུ་བརྩོན་པར་གྱིས། །ཞེས་བྱ་བ་ནི་དེ་ལྟར་སྦྱོར་བའི་རྒྱུ་རྣམ་པ་གཉིས་ལ་བརྟེན་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ལམ་གྱི་ངོ་བོ་ཉིད་ལ་བརྩོན་པར་གྱིས་ཤིག་ཅེས་བསྐུལ་བ་བསྟན་ཏོ། །མདོའི་སྡེའི་ངེས་པའི་ཚིག་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིས་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའི་མདོ་སྡེ་འདིའི་ལུས་རྣམ་པར་གཞག་པ་སྤྱི་ལ་སྙེགས་སོ། །བསྟན་པ་འདི་ཞེས་བྱ་བ་ནི་རྣལ་འབྱོར་ངེས་པའི་དོན་བསྟན་པའི་ལེའུ་འདི་ཉི་ཚེ་དང་སྦྱར་རོ། །རྣལ་འབྱོར་ངེས་པའི་དོན་བསྟན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་རིག་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གིས་ལམ་གྱི་ངོ་བོ་ཉིད་ཀྱི་དོན་ངེས་པར་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ །འབྲས་བུ་ཐོབ་པའི་ཆེ་བ་ཉིད་ནི། རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འབྲས་བུ་ཐོབ་པའི་ཆེ་བ་ཉིད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་ཆེ་བ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་སྟེ་ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་


DTG205_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་དྲི་མ་དང་བྲལ་བ་བསྐྱེད་བར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པར་འགྱུར་བ་དང༌། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཐོབ་པར་འགྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས་ལུང་འབོགས་པ་དང༌། ཁ་ཐོན་བྱེད་པ་དང༌། ཡང་དག་པར་སྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། ལྔ་པོ་དག་ལས་དང་པོ་བཞི་ནི། སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པའི་དོན་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །ལྔ་པ་ནི་མདོ་སྡེ་ཐམས་ཅད་ཀྱི་མཇུག་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་ལ་སོགས་པའི་འཇིག་རྟེན་ཡི་རང་སྟེ་མངོན་པར་དགའོ་ཞེས་འབྱུང་བའི་སྐབས་དང་སྦྱར་རོ། །སྐབས་འདིར་དམིགས་ཀྱིས་མ་སྨོས་ཀྱང་མཇུག་ནས་འབྱུང་བ་ཉིད་སྐབས་འདིར་སྦྱར་བར་བྱའོ། །དེ་དག་གི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ནོ། །རྣལ་འབྱོར་ཆེན་པོའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་སྣང་བ་མེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་སྟེ། དེ་ཉིད་ཀྱིས་བཟོད་པ་མཆོག་ཐོབ་པ་བསྟན་ཏོ། །ལེའུ་བརྒྱད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། དེའི་འོག་ཏུ་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས། ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་ནས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་


DTG205_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དགུ་པ་འདི་གསུངས་སོ། །དེ་ལ་ལེའུ་དགུ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་བ་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལས་བརྩམས་ནས་དྲིས་པ་དང་ལན་བརྗོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཐེག་པ་ཆེན་པོས་བསྡུས་པའི་ཕྱིར་རོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་བརྩམས་ནས་ཤེས་པར་བྱ་བ་ནི་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཞེས་བྱ་བས་བསྟན་ཏེ། ཐེག་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལམ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །འབྲས་བུ་ནི་སངས་རྒྱས་ཀྱི་སའོ། །དེ་དག་ནི་ལམ་འདིས་འགྲོ་བའི་ཕྱིར་ཐེག་པ་དང༌། འབྲས་བུ་བགྲོད་པར་བྱ་བའི་ཕྱིར་ཐེག་པ་ཞེས་བྱ་བ་སྟེ། དེ་ལྟར་ན་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་རྣམ་པར་གཞག་པ་ལས་བརྩམས་པ་ཡིན་མོད་ཀྱི། དེ་ལྟར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ལམ་དང་འབྲས་བུ་དང་བཅས་པ་རྣམ་པར་གཞག་པ་དེ་ལས་ཕ་རོལ་ཏུ་ཕྱིན་པ་ནི་གང་ལམ་ནི་གང་འབྲས་བུ་ནི་གང་ཞེས་དེ་དག་གི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ན་ས་ནི་རྟོགས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྟོགས་པ་དང་སྤྱོད་པ་དེ་གཉིས་ཀ་ཡིན་ལ། འབྲས་བུ་ནི་སངས་རྒྱས་ཀྱི་ས་ཡིན་པས་སྤྱོད་པ་ཡོངས་སུ་རྫོགས་པས་རྟོགས་པ་ཡང་ཡོངས་སུ་རྫོགས་པར་འགྱུར་ལ། སྤྱོད་པ་དང་རྟོགས་པའི་ལམ་དེ་ཡོངས་སུ་རྫོགས་པས་འབྲས་བུ་སངས་རྒྱས་ཀྱི་ས་ཡང་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སྤྱོད་པ་ཐོག་མར་འགྲོ་བའི་གོ་རིམས་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་མཁས་པར་བྱ་བ་ལས་བརྩམས་ནས་ཞེས་བྱ་བ་སྨོས་པར་ཟད་ཀྱི། དངོས་སུ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་བ་རྣམ་པར་གཞག་པ་ལས་བརྩམས་ནས་ཞེས་བྱ་བར་སྦྱར་ཏེ། དེ་ནི་ལེའུ་འདི་ལ་ལུས་རྣམ་པར་གཞག་པ་སྤྱི་དང་སྦྱར་རོ། །དྲིས་པ་དང་ལྡན་བརྗོད་པ་ཞེས་བྱ་བ་ནི་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ཞེས་བྱ་བས་


DTG205_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པ་དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཡོངས་སུ་རྫོགས་པ་དང༌། །གང་དག་ཡོངས་སུ་རྫོགས་པའོ། །དེ་ལ་ཇི་ལྟར་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྟོགས་པ་ཡོངས་སུ་རྫོགས་པའི་སྒོ་ནས་སྤྱོད་པ་ཡོངས་སུ་རྫོགས་པར་མངོན་པའི་ཕྱིར་ས་རབ་ཏུ་དབྱེ་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་པ་སྟེ། དེའི་ཕྱིར་འདིར་རྟོགས་པ་ཡོངས་སུ་རྫོགས་པ་རབ་ཏུ་དབྱེ་བ་ཐོག་མར་སྟོན་ཏེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ་ཞེས་བྱ་བ་ནས་དེའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས་འགྲོ་བ་དང༌། སྨོན་ལམ་གྱི་སྟོབས་ཅན་རྣམས་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །གང་དག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཡོངས་སུ་རྫོགས་པར་བསྟན་པ་སྟེ། དེའི་ཕྱིར་འདིར་རྟོགས་པ་ཡོངས་སུ་རྫོགས་པའི་རབ་ཏུ་དབྱེ་བ་བསྟན་པའི་འོག་ཏུ་སྤྱོད་པ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་བ་རབ་ཏུ་དབྱེ་བ་སྟོན་པ་སྟེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་ས་རབ་ཏུ་དབྱེ་བའི་ཚིག་གི་དོན་ལ་སོགས་པ་བཤང་བར་བྱ་སྟེ་དེ་ཡང་རྣམ་པ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ས་ནི་བཅུ་གཅིག་ལགས་ན་ཞེས་གསུངས་པའི་བར་གྱིས་བསྟན་ཏེ། དེས་ནི་བྱང་ཆུབ་སེམས་དཔའི་གནས་པ་བཅུ་དང་དེ་བཞིན་གཤེགས་པའི་གནས་པ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་ནི་རབ་ཏུ་དགའ་བའི་ས་ལ་གནས་པ་དང༌། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང༌། ལྷག་པའི་སེམས་ལ་གནས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་


DTG205_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང༌། དེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང༌། མཚན་མ་མེད་པ་ལ་གནས་བ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་དང༌། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པ་ལ་ལྷུན་གྱིས་གྲུབ་པ་དང༌། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང༌། གནས་པ་མཆོག་གོ །དེ་ལ་རབ་ཏུ་དགའ་བ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བྱ་བས་བསྟན་ཏེ། རིགས་ལ་གནས་པ་དང་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའི་གནས་པ་གང་ཡིན་པའོ། །ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ནི་དྲི་མ་མེད་པ་ཞེས་བྱ་བས་བསྟན་ཏེ། ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་གནས་གང་ཡིན་པའོ། །ལྷག་པའི་སེམས་ལ་གནས་པ་ནི་འོད་བྱེད་པ་ཞེས་བྱ་བས་བསྟན་ཏེ། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་ལ་གནས་པ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ནི་འོད་འཕྲོ་ཅན་ཞེས་བྱ་བས་བསྟན་ཏེ། འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བའི་ཕྱིར། དྲན་པ་ཉེ་བར་གཞག་བ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ནི་ཤིན་ཏུ་སྦྱང་དཀའ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་གནས་གང་ཡིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ནི་མངོན་དུ་གྱུར་ཅེས་བྱ་བས་བསྟན་ཏེ། བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་


DTG205_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པས་རབ་ཏུ་ཕྱེ་བ་དང༌། དེ་ཤེས་པས་སྡུག་བསྔལ་འགོག་པ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་གནས་གང་ཡིན་པའོ། །མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ནི། རིང་དུ་སོང་བ་ཞེས་བྱ་བས་བསྟན་ཏེ། ལྷག་པའི་ཤེས་རབ་ལ་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མངོན་པར་འདུ་བྱེད་པ་རྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་བསྒོམ་པ་དང་ལྡན་པའི་གནས་པ་གང་ཡིན་པའོ། །མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ནི་མི་གཡོ་བ་ཞེས་བྱ་བས་བསྟན་ཏེ། མཚན་མ་མེད་པ་ལ་སྔ་མ་དེ་ཉིད་ཤས་ཆེར་བསྒོམས་པས་རང་གི་ངང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པའི་གནས་གང་ཡིན་པའོ། །སོ་སོ་ཡང་དག་པར་རིག་པར་གནས་པ་ནི། ལེགས་པའི་བློ་གྲོས་ཞེས་བྱ་བས་བསྟན་ཏེ། ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས་བློ་གྲོས་ཆེན་པོ་རྒྱ་ཆེར་རབ་ཏུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས། ཆོས་རྣམས་ཀྱི་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །གནས་པའི་མཆོག་ནི་ཆོས་ཀྱི་སྤྲིན་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་བོ། །སྐྱེ་བ་གཅིག་གིས་ཐོགས་པ་འམ། ཡང་ན་སྲིད་པ་ཐ་མ་པར་གྱུར་པ་སྟེ། གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་པར་འགྱུར་བའི་གནས་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་གནས་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱ་བས་བསྟན་ཏེ། གནས་པ་མཆོག་དེ་ཉིད་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་


DTG205_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཤེས་པ་དང་མཐོང་བ་བརྙེས་ཏེ། སྐུ་གསུམ་དང་ཡེ་ཤེས་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའི་ཆེ་བ་ཉིད་མཐར་ཕྱིན་ཅིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པའི་གནས་པ་གང་ཡིན་པའོ། །ས་དེ་དག་གི་ཚིག་གི་དོན་ནི་མིང་ལ་མཁས་པའི་སྐབས་སུ་འོག་ནས་བསྟན་ཏོ། །བཤད་པ་ནི་རྣམ་པ་བདུན་ཏེ། འབྲས་བུ་ལ་མཁས་པ་དང༌། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་ལ་མཁས་པ་དང༌། མིང་ལ་མཁས་པ་དང༌། མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་ལ་མཁས་པ་དང༌། གཉེན་པོའི་དབྱེ་བ་ལ་མཁས་པ་དང༌། བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་པ་ལ་མཁས་པ་དང༌། བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའོ། །དེ་ལ་འབྲས་བུ་ལ་མཁས་པ་ནི། ས་དེ་དག་རྣམ་པར་དག་པ་དུ་དག་དང་ཞེས་ཞུས་པ་དང༌། སྤྱན་རས་གཟིགས་དབང་ཕྱུག་ས་དེ་དག་ནི་རྣམ་པ་བཞི་དང་ཞེས་བཀའ་སྩལ་པའི་གནས་སྐབས་ནས་བཟུང་སྟེ། སྤྱན་རས་གཟིགས་དབང་ཕྱུག་དེ་ལས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པ་ནི། ཡན་ལག་དུ་དག་གིས་བསྡུས་ལགས་ཞེས་ཞུས་པ་དང༌། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ་ཞེས་བཀའ་སྩལ་པའི་གནས་སྐབས་ནས་བཟུང་སྟེ། ཡན་ལག་བཅུ་གཅིག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མིང་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ས་དང་པོ་ལ་རབ་ཏུ་དགའ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ས་དེ་དག་ལ་ཀུན་དུ་རྨོངས་པ་ནི་དུ་མཆིས་གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པ་ནི་བཅོམ་ལྡན་འདས་དེ་དག་རྣམ་པར་དག་པ་དུ་དག་གིས་རྣམ་པར་གཞག་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན། བྱང་ཆུབ་སེམས་དཔའི་སྐྱེ་བ་རབ་མཆོག་ཅེས་བགྱི་ལགས་ཞེས་བྱ་བ་ལ་སོགས་པས་


DTG205_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང༌། སྨོན་ལམ་གྱ་ནོམ་པ་དང་ལྡན་པ་དང་སྨོན་ལམ་གྱི་སྟོབས་ཅན་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་འབྲས་བུ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འབྲས་བུ་ཞེས་བྱ་བ་ནི་ས་ཐམས་ཅད་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་འཇུག་པ་དང་གནས་པའི་ངོ་བོ་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའི་གནས་པ་བཅུ་དང༌། དེ་བཞིན་གཤེགས་བའི་གནས་པ་དེ་དག་ཐམས་ཅད་ཀྱང་སྔ་མ་སྔ་མ་ནི་རྒྱུའི་ལུས་ཡིན་ལ། ཕྱི་མ་ཕྱི་མ་ནི་འབྲས་བུའི་མཚན་ཉིད་ཡིན་པས། རྒྱུའི་ལུས་ནི་འཇུག་པའི་ངོ་བོ་ཉིད་ཡིན་འབྲས་བུའི་མཚན་ཉིད་ནི་གནས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། རིགས་ལ་གནས་པ་དང་མོས་པས་སྤྱོད་པ་ལ་གནས་པ་འཇིག་རྟེན་པ་དེ་གཉིས་ལ་བརྟེན་ནས་རབ་ཏུ་དགའ་བ་ལ་གནས་པ་ཡན་ཆད་ནི་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་གནས་པ་མངོན་པར་རྟོགས་པ་ཡིན་པས་འབྲས་བུ་ཞེས་བྱའོ། །འབྲས་བུ་ལ་མཁས་པ་ཞེས་བྱ་བ་ནི་འབྲས་བུ་དེ་དག་ཀྱང་རྣམ་པར་དག་པ་བཞིས་བསྡུས་པས་ས་རབ་ཏུ་དབྱེ་བ་ལ་མཁས་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ས་དེ་དག་རྣམ་པར་དག་པ་དུ་དག་དང་ཞེས་བྱ་བ་ལ་སོགས་པ་ཞུས་ནས། སྤྱན་རས་གཟིགས་དབང་ཕྱུག་དེ་དག་གི་རྣམ་པར་དག་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ་ཞེས་བྱ་བ་ནི་ས་དང་པོ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་གནས་ཡིན་ལ། བསམ་པ་རྣམ་པར་དག་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོད་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་དང༌། ལྷག་པའི་བསམ་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་རྒྱུ་ལས་བྱུང་བ། བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་བསམས་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་ངོ་བོ་ཉིད་དང་དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་དེ་ཡང་བྱང་ཆུབ་


DTG205_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ལྷག་པའི་བསམ་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང༌། སོ་སོར་རྟོག་པ་དང་ངེས་པར་འབྱེད་པ་དད་པ་སྔོན་དུ་འགྲོ་བ་དང༌། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་གང་ཡིན་པའོ། །དེ་ནི་རྣམ་པ་བཅོ་ལྔ་སྟེ། མཆོག་གི་བསམ་པ་དང༌། ཚུལ་ཁྲིམས་ཀྱི་བསམ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང༌། དེ་ཁོ་ནའི་དོན་གྱི་བསམ་པ་དང༌། མཐུའི་བསམ་པ་དང༌། ཕན་པའི་བསམ་པ་དང༌། བདེ་བའི་བསམ་པ་དང༌། སྡུག་པའི་བསམ་པ་དང༌། བརྟན་པའི་བསམ་པ་དང༌། མི་སླུ་བའི་བསམ་པ་དང༌། མ་དག་པའི་བསམ་པ་དང༌། དག་པའི་བསམ་པ་དང༌། ཤིན་ཏུ་དག་པའི་བསམ་པ་དང༌། ཚར་གཅད་པའི་བསམ་པ་དང༌། ལྷན་ཅིག་སྐྱེས་པའི་བསམ་པའོ། །དེ་ལ་མཆོག་གི་བསམ་པ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམ་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པའོ། །ཚུལ་ཁྲིམས་གྱི་བསམ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་ལྷག་པའི་བསམ་པ་གང་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པའོ། །དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་དོན་དམ་པ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། །མཐུའི་བསམ་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་འམ། ལྷན་ཅིག་སྐྱེས་པའི་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། །ཕན་པའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་གང་ཡིན་པའོ། །བདེ་བའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཉེ་བར་སྒྲུབ་པར་འདོད་པ་གང་ཡིན་པའོ། །སྡུག་པའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང༌། སྡུག་པའི་རྣམ་པར་སྨིན་པ་དང༌། འབྲེལ་པ་མེད་པའི་སེམས་གང་ཡིན་པའོ། །བརྟན་པའི་བསམ་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་


DTG205_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པའོ། །མི་སླུ་བའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་གྱི་ཐབས་དང་བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་གང་ཡིན་པའོ། །མ་དག་པའི་བསམ་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། །དག་པའི་བསམ་པ་ཞེས་བྱ་བ་ནི་བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། །ཤིན་ཏུ་དག་པའི་བསམ་པ་ཞེས་བྱ་བ་ནི་མཐར་ཐུག་པར་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། །ཚར་གཅད་པའི་བསམ་པ་ཞེས་བྱ་བ་ནི་མ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། སོ་སོ་བརྟག་པར་བྱ་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་བ་ནི་དག་པ་དང་ཤིན་ཏུ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པ་དང༌། རྟེན་ལ་ཤིན་ཏུ་གནས་པའི་ཕྱིར་རོ། །བསམ་པ་བཅོ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཞིར་གྱུར་ཏེ། དོན་གང་ལ་ལྷག་པའི་བསམ་པ་དང༌། ཁྱད་པར་གང་གིས་ལྷག་པའི་བསམ་པ་དང༌། ས་གང་ལ་ལྷག་པའི་བསམ་པ་དང༌། གོ་རིམས་གང་གིས་ལྷག་པའི་བསམ་པར་གྱུར་པའོ། །དེ་ལ་དོན་གང་ཞེ་ན། བདག་དང་གཞན་གྱི་དོན་ལ་སྟེ། བདག་གི་དོན་གྱི་གཞི་ནི་རྣམ་པ་ལྔ་སྟེ། མཆོད་པའི་གཞི་དང༌། དགེ་བའི་ཆོས་ཀྱི་གཞི་དང་དགེ་བའི་ཆོས་སྒོམ་པ་རྟག་ཏུ་བྱེད་པའི་གཞི་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་འཁོར་བར་འཁོར་བའི་གཞི་དང༌། སངས་རྒྱས་ཀྱི་བསྟན་པ་ལ་སྙིང་ཐག་པ་ནས་དད་པར་བྱ་བའི་གཞིའོ། །དེ་ལ་ལྷག་པའི་བསམ་པ་ཡང་རྣམ་པ་ལྔ་སྟེ། མཆོག་གི་བསམ་པ་ནས་མཐུའི་བསམ་པའི་བར་དུ་གོ་རིམས་བཞིན་ནོ། །གཞན་གྱི་དོན་ནི་རྣམ་པ་གཉིས་ཏེ། ཚེ་རབས་གཞན་དུ་ཕན་པའི་གཞི་དང༌། ཚེ་རབས་འདི་ལ་བདེ་བའི་གཞིའོ། །དེ་གཉིས་ལ་ནི་ལྷག་པའི་བསམ་པ་གཉིས་ཏེ། ཕན་པའི་བསམ་པ་དང་བདེ་བའི་བསམ་པ་དང་གོ་རིམས་བཞིན་ནོ། །ཁྱད་པར་གང་གིས་ཤེ་ན། རྣམ་པ་གསུམ་གྱིས་ཏེ། གཞན་གྱི་དོན་གྱི་ཐབས་དང༌། བདག་གི་དོན་གྱི་ཐབས་དང༌། གཉིས་ཀའི་དོན་གྱི་ཁྱད་པར་གྱིས་ཏེ།


DTG205_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པ་དང༌། བརྟན་པའི་བསམ་པ་དང༌། མི་སླུ་བའི་བསམ་པ་དང་གོ་རིམས་བཞིན་ནོ། །ས་གང་ལ་ཞེ་ན། ས་གསུམ་པ་ལ་ཡོད་དེ་མ་དག་པའི་ས་དང༌། དག་པའི་ས་དང༌། ཤིན་ཏུ་དག་པའི་ས་ལ་སྟེ། མ་དག་པའི་བསམ་པ་དང༌། དག་པའི་བསམ་པ་དང༌། ཤིན་ཏུ་དག་པའི་བསམ་པ་དང༌། གོ་རིམས་བཞིན་ནོ། །གོ་རིམས་གང་གིས་ཤེ་ན། རྣམ་པ་གསུམ་གྱིས་ཏེ། མ་དག་པའི་བསམ་པས་དག་པའི་བསམ་པ་བསྐྱེད་ལ་དག་པའི་བསམ་པས་ཤིན་ཏུ་དག་པའི་བསམ་པ་བསྐྱེད་པ་སྟེ། ཚར་གཅད་པའི་བསམ་པ་དང༌། ལྷན་ཅིག་སྐྱེས་པའི་བསམ་པ་དང་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལྷག་པའི་བསམ་པ་དགེ་བས་ཐམས་ཅད་དུ་རྟོགས་པ་བཅོ་ལྔ་པོ་དེ་དག་གིས་བྱ་བ་བཅུ་བྱེད་དེ། མཆོག་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པ་དང༌། བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དེ། ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སོ། །སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག་གི་ཕྱིར་ཡང་བསམས་བཞིན་དུ་ཉེས་པར་འབྱུང་བར་མི་བྱེད་ལ། ཉེས་པ་བྱུང་ན་ཡང་མྱུར་བ་མྱུར་བར་སོ་སོར་འཆགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པས་ནི། །དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་བག་ཡོད་པར་གནས་པར་བྱེད་པའོ། །དེ་ཁོ་ནའི་དོན་གྱི་བསམ་པས་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བར་འཁོར་བར་བྱེད་ལ་མྱ་ངན་ལས་འདས་པའི་ལྷག་པའི་བསམ་པ་མི་གཏོང་བར་ཡང་བྱེད་དོ། །མཐུའི་བསམ་པས་ནི་བསྟན་པ་ལ་སྙིང་ཐག་པ་ནས་དད་ཅིང་སྟོན་པར་ཡང་བྱེད་ལ་བསྒོམ་པ་ལ་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ་ཐོས་པ་དང་བསམ་པ་ཙམ་གྱིས་ཆོག་པར་མི་འཛིན་པར་བྱེད་དོ། །ཕན་པའི་བསམ་པ་དང༌། བདེ་བའི་བསམ་པ་དང༌། ལྷག་པའི་བསམ་པས་ནི་སེམས་ཅན་གྱི་དོན་གྱི་བྱ་བ་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དེ། །སྦྱོར་བ་བྱས་ཀྱང་ཡོངས་སུ་སྐྱོབ་མི་སྐྱེད་པར་བྱེད་དོ། །བརྟན་པའི་བསམ་པས་ནི་བརྩོན་འགྲུས་འབར་བ་དང༌། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པ་ལ་གནས་ཏེ། །སྦྱོར་


DTG205_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྷོད་པར་མི་འགྱུར་ཞིང་སྦྱོར་བ་ཉམས་པར་མི་འགྱུར་བར་བྱེད་དོ། །མི་སླུ་བའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་བསྒྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། ཁྱད་པར་ཐོབ་པ་དམའ་བ་དང༌། ཅུང་ཟད་ཙམ་དང་ངན་དོན་ཙམ་གྱིས་ཆོག་པར་མི་འཛིན་པར་བྱེད་དོ། །ཚར་གཅད་པའི་བསམ་པས་ནི་ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པ་འདྲེན་པར་བྱེད་དོ། །ལྷན་ཅིག་སྐྱེས་པའི་བསམ་པས་ནི་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བསྟན་པ་དང༌། གདགས་པ་དང་བཤད་པ་ཐམས་ཅད་ཀྱང་བསམ་པ་བཅོ་ལྔ་པོ་འདིར་འདུས་ལ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བསམ་པ་བཅོ་ལྔ་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བས་ན་བསམ་པ་བཅོ་ལྔ་པོ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུའི་ཕན་ཡོན་ཅན་ཡིན་པའི་ཕྱིར། འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་དང་པོའི་སྐབས་འདིར་མ་དག་པའི་བསམ་པ་ནི་དག་པར་གྱུར་ལ། ཤིན་ཏུ་དག་པའི་བསམ་པ་ནི་རྒྱུའི་ལུས་སུ་ཡོད་པས། བསམ་པ་རྣམ་པར་དག་པ་བཅོ་ལྔ་པོ་ཐམས་ཅད་ཀྱིས་བསྡུས་པར་བལྟ་བར་བྱའོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ལ། ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་དགེ་བ་མི་ལྕོགས་པ་མེད་པ་ལ་སོགས་པའི་གནས་ཐམས་ཅད་ལ་བརྟེན་ཏེ་དམིགས་པའི་རྒྱུ་ལས་བྱུང་བའི་ཚུལ་ཁྲིམས་མངོན་པར་རྟོགས་པ་འཕགས་པ་དགྱེས་པའི་ལུས་དང༌། ངག་གི་ལས་དང༌། ཡིད་ཀྱི་ངོ་བོ་ཉིད་དང་དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པའི་ངོ་བོ་ཉིད་ལ་ཡང་བྱང་ཆུབ་སེམས་དཔའི་ལྷག་པའི་ཚུལ་ཁྲིམས་བསླབ་པ་རྣམ་པར་དག་པ་ཤེས་ནས་དད་པ་


DTG205_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །དེ་ནི་རྣམ་པ་དགུ་སྟེ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང༌། ཚུལ་ཁྲིམས་ཐམས་ཅད་དང༌། དཀའ་བའི་ཚུལ་ཁྲིམས་དང༌། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང༌། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང༌། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་སོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའི་འབྲས་བུ་སྐྱེད་པ་སྟེ། འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་ས་གསུམ་པ་ནི་ལྷག་པའི་སེམས་ལ་གནས་པ་ཡིན་ལ། ལྷག་པའི་སེམས་རྣམ་པར་དག་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་བསམ་གཏན་དང་སྙོམས་པར་འཇུག་པ་ཉེར་བསྡོགས་དང༌། དངོས་གཞིར་བཅས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ས་གསུམ་པོ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །བསམ་གཏན་དང་སྙོམས་པར་འཇུག་པ་ཉེར་བསྡོགས་དང་དངོས་གཞིར་བཅས་པའི་ངོ་བོ་ཉིད་དེ་ཡང་བྱང་ཆུབ་སེམས་དཔའི་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པ་བསམ་གཏན་ཐོབ་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །དེ་ཡང་རྣམ་པ་དགུ་སྟེ། བསམ་གཏན་གྱི་ངོ་བོ་ཉིད་དང༌། དངོས་གཞིར་བཅས་པའི་ངོ་བོ་ཉིད་བསམ་གཏན་གྱི་ངོ་བོ་ཉིད་དང༌། དཀའ་བའི་བསམ་གཏན་དང༌། ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་དང༌། སྐྱེས་བུ་དམ་པའི་བསམ་གཏན་དང༌། རྣམ་པ་ཐམས་ཅད་ཀྱི་བསམ་གཏན་དང༌། ཕོངས་ཤིང་འདོད་པ་ལ་བསམ་གཏན་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་དང༌། རྣམ་པར་དག་པའི་བསམ་གཏན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དཔག་ཏུ་མེད་པ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་གྱུར་པ་སྟེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་


DTG205_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་བཞི་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་ནི་ལྷག་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ་གྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པས་བསྡུས་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན། ས་ལྔ་པ་ནི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན། ས་དྲུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན། ས་བདུན་པ་ནི་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤས་ཆེར་བསྒོམས་པས་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན། ས་དགུ་པའི་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན། ས་བཅུ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པས་གནས་པ་མཆོག་ཡིན་པའི་ཕྱིར་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན། སངས་རྒྱས་ཀྱིས་ནི་འབྲས་བུའི་གནས་ཏེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ་ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་ཤེས་བྱ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རྟོགས་པའི་ཤེས་རབ་དང་ཤེས་བྱ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ན་ས་བཞི་པ་ཡན་ཆད་ནི་ཤེས་རབ་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ཡང་སློབ་པ་དང་མི་སློབ་པའི་རྒྱུ་དེ་ལ་མངའ་བ་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབྱེད་པ་གང་ཡིན་པའོ། །དེ་ཡང་རྣམ་པ་དགུ་སྟེ། ཤེས་རབ་ཀྱི་ངོ་བོ་ཉིད་དང༌། ཤེས་


DTG205_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཐམས་ཅད་དང༌། ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་དང༌། སྐྱེས་བུ་དམ་པའི་ཤེས་རབ་དང༌། རྣམ་པ་ཐམས་ཅད་ཀྱི་ཤེས་རབ་དང༌། ཕོངས་པའི་འདོད་པ་ལ་ཤེས་རབ་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་དང༌། རྣམ་པར་དག་པའི་ཤེས་རབ་བོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་ཤིང་དཔག་ཏུ་མེད་པ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་འགྱུར་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ན། འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་དེ་དག་ནི་རྣམ་པར་དག་པ་བཞི་པོ་དག་གིས་བསྡུས་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། །ས་དེ་དག་ནི་ཞེས་བྱ་བས་ནི་འབྲས་བུ་བསྟན་ཏོ། །རྣམ་པར་དག་པ་བཞི་པོ་དེ་དག་གིས་བསྡུས་པ་ཡིན་ནོ་ཞེས་བྱ་བས་ནི་འབྲས་བུ་ལ་མཁས་པ་བསྟན་ཏེ། དེ་ཡང་མདོར་བསྡུ་ན་འཇིག་རྟེན་པའི་ས་ལས་ཡང་དག་པར་འདས་པ་མ་མཐོང་བའི་ལམ་གྱིས་རབ་ཏུ་ཕྱེ་བ་ལྷག་པའི་བསམ་པ་རྣམ་པར་དག་པས་ནི་ས་དང་པོའི་འབྲས་བུ་ཐམས་ཅད་བསྡུས་པ་ཡིན་ལ་མཐོང་བའི་ལམ་དེ་ཉིད་ཤེས་ནས་དད་པའི་ཚུལ་ཁྲིམས་ཐོབ་པ་ལ་བརྟེན་ཏེ། བསྒོམ་པའི་ཚུལ་ཁྲིམས་རྣམ་པར་དག་པས་ནི་ས་གཉིས་པའི་འབྲས་བུ་ཐམས་ཅད་བསྡུས་སོ། །ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་དེ་ལ་བརྟེན་ཏེ་བསམ་གཏན་ལ་སྙོམས་པར་འཇུག་པ་ཐོབ་པའོ་ལྷག་པའི་སེམས་རྣམ་པར་དག་པས་ནི་ས་གསུམ་པའི་འབྲས་བུ་ཐམས་ཅད་བསྡུས་པ་ཡིན་ལ། ལྷག་པའི་སེམས་རྣམ་པར་དག་པ་དེ་དག་ལ་བརྟེན་ཏེ་ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བའི་ལྷག་པའི་ཤེས་རབ་རྣམ་པར་དག་པས་ནི་ས་བཞི་པ་ཡན་ཆད་ཀྱི་འབྲས་བུ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནི་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཡིན་པས་གཅིག་ཏུ་ཡང་ཟད་ན། ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ལྷག་པའི་སེམས་རྣམ་པར་དག་པ་དང༌། ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་བསླབ་པའི་ངོ་བོ་ཉིད་ཡིན་ན་ཅིའི་ཕྱིར་གྲངས་གསུམ་དུ་ངེས་ཤེ་ན། དེ་ནི་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང༌། །ཤེས་པའི་


DTG205_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་དོན་དང༌། བྱ་བ་བྱས་པའི་དོན་གྱི་ཕྱིར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་ལ་གནས་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །ཤེས་པའི་རྟེན་གྱི་དོན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ཏེ། སེམས་མཉམ་པར་གཞག་པའི་དྲན་པ་རྩེ་གཅིག་པ་ལ་ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བ་འཇུག་པའི་ཤེས་པ་སྐྱེ་བའི་ཕྱིར་རོ། །བྱ་བ་བྱས་པའི་དོན་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། ཤེས་པ་དང་མཐོང་བ་འབའ་ཞིག་ཏུ་རྣམ་པར་དག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ནི་རང་གི་དོན་བླ་ན་མེད་པ་ཡིན་པས་བྱ་བ་བྱས་པའི་དོན་ཅེས་བྱ་བ་སྟེ། སྒྲིབ་པ་གཉིས་སློང་བ་དེ་ནི་བྱ་བའི་མཆོག་ཡིན་པས་དེའི་གོང་དུ་བྱ་བ་གཞན་མེད་པའི་ཕྱིར་རོ། །འོ་ན་བསླབ་པ་དེ་གསུམ་གོ་རིམས་ཅིའི་ཕྱིར་དེ་ལྟར་རྣམ་པར་གཞག་ཅེ་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་ན་ལྷག་པའི་སེམས་ཀྱི་ཏིང་ངེ་འཛིན་འཐོབ་ལ། ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཅེས་བྱ་ཞེ་ན། ལྷག་པ་ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་དང་ལྷག་པའི་དོན་ཏེ། དེ་ལ་དབང་དུ་བྱ་བའི་དོན་ནི་ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །སྒྲིབ་པ་སྤོང་བའི་དབང་དུ་བྱས་པའི་ཤེས་པ་དང་མཐོང་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། དེ་ནི་དབང་དུ་བྱ་བའི་དོན་ཏོ། །ལྷག་པའི་དོན་ནི་བསླབ་པ་དེ་རྣམས་ནི་བདེ་བར་གཤེགས་པའི་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པས་ཕྱི་རོལ་པ་ལས་ལྷག་པའི་དོན་ཏེ། དེ་ནི་ལྷག་པའི་དོན་ཏོ། །འོ་ན་བསླབ་པ་དེ་གསུམ་པ་དེ་དག་ལ་ཇི་སྐད་བསྟན་པ་བཞིན་སོ་སོར་ངེས་པ་ཁོ་ན་ཡིན་ནམ་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མེད་པ་ཡང་ཡོད་ཀྱི། ལྷག་པའི་


DTG205_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་བསླབ་པ་ཡོད་ལ་ལྷག་པའི་སེམས་དང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མེད་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མེད་པ་ནི་མི་སྲིད་དེ། དེའི་ཕྱིར་གང་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོད་པ་དེ་ན་ལྷག་པའི་སེམས་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་ཡོད་ལ། གང་ན་ལྷག་པའི་སེམས་ཀྱི་བསླབ་པ་ཡོད་པ་དེ་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་ཡོད་པར་རིག་པར་བྱ་སྟེ། བསླབ་པ་གསུམ་གྱིས་བསྡུས་པའི་སའི་ཡོན་ཏན་གཞན་ཐམས་ཅད་ཀྱང་ཚུལ་དེ་བཞིན་དུ་རིག་པར་བྱའོ། །འབྲས་བུ་ལ་སོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ད་ནི་ས་བཅུ་གཅིག་པོ་དེ་དག་གི་སོ་སོའི་མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་སྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་པ་དང༌། དེ་གཉིས་ཀའི་གནས་ཡོངས་སུ་རྫོགས་པ་ལ་མཁས་པའོ། །དེའི་ཕྱིར་ཡན་ལག་དུ་དག་གིས་བསྡུས་པ་ལགས་ཞེས་ཞུས་པ་དང༌། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ས་དང་པོའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། མོས་པས་སྤྱོད་པའི་ས་ཞེས་བྱ་བས་བསྟན་ཏེ། ས་དང་པོའི་མི་མཐུན་པའི་ཕྱོགས་ནི་སོ་སོའི་སྐྱེ་བོ་ཉིད་དོ། །དེ་ཡང་མོས་པས་སྤྱོད་པའི་ས་མན་ཆད་འཇིག་རྟེན་ལས་འདས་པའི་ལམ་མ་ཐོབ་པ་ཐམས་ཅད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམས་པའི་ཕྱིར་བཟོད་པས་དེ་ལས་ཡང་དག་པར་འདས་ནས་ཞེས་བྱ་བས་བསྟན་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་ཐུག་གི་བར་དུ་ཆོས་སྤྱོད་པ་བཅུ་པོ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འདྲིར་བཅུག་སྟེ། འཛིན་པ་དང༌། མཆོད་པ་དང༌། གཞན་དག་ལ་སྦྱིན་པ་དང༌། སྟོན་པ་ན་གུས་པར་བྱས་ཏེ་ཉན་པ་དང༌། བདག་ཉིད་ཀློག་པ་དང༌། ཀུན་ཆུབ་པར་ལུང་མནོད་པ་དང༌། ལུང་འབོགས་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་དོན་བྱེད་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌།


DTG205_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བུ་དབེན་པར་སོང་སྟེ་སེམས་པ་དང་སྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པ་དག་གིས་བསྡུས་པའི་དགེ་བའི་རྩ་བ་ཤིན་ཏུ་བསགས་ཤིང་ངེས་པར་བྱེད་པའི་ཆ་དང་མཐུན་པའི་མོས་པ་ཤིན་ཏུ་བསྒོམ་པའི་ཕྱིར་ཆོས་སྟོང་པ་ལ་བཟོད་པས་མོས་པོས་སྤྱོད་པའི་ས་དེ་ལས་ཡང་དག་པར་འདས་པའི་གཉེན་པོ་བསྒོམས་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་སྐྱོན་མེད་པ་ལ་འཇུག་གོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་པོ་མངོན་པར་འགྲུབ་པ་སྟེ། ས་དང་པོ་ཐོབ་པའོ། །དེ་ནི་རྣམ་པ་བཞིས་བསྟན་ཏེ། གནས་པ་དང་ངེས་པའི་ཚིག་དང༌། རབ་ཏུ་གནས་པ་དང༌། ཁྱད་པར་རོ། །དེ་ལ་གནས་པ་ཞེས་བྱ་བ་ནི་ཐོག་མར་ན་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་ལ་སེམས་དེ་སྐྱེ་བ་སྟེ། དགེ་བའི་རྩ་བ་ཤིན་ཏུ་བསགས་པའི་གནས་ཡོད་པའོ། །དགེ་བའི་རྩ་བ་ཤིན་ཏུ་བསགས་པ་དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། ཚུལ་ཁྲིམས་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་ཆོས་བསགས་པ་དང༌། ཏིང་ངེ་འཛིན་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་སྤྱོད་པ་བསགས་པ་དང༌། ཐོས་པ་ལས་བྱུང་བའི་ཤེས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་བསྙེན་བཀུར་བྱས་པ་བསགས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ལེགས་པར་རྟོགས་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྡུས་པ་བསགས་པ་དང༌། དེ་ཁོ་ན་རྟོགས་པར་སྦྱོར་བའི་སྒོམ་པ་ལ་གདམས་ངག་ལེགས་པར་རྙེད་ཀྱི་ཕྱིར་ཡོངས་སུ་བཟུང་བ་བསགས་པ་དང༌། དེ་ཁོ་ན་རྟོགས་པ་ཐོབ་པ་ཉིད་ཀྱི་ཕྱིར་བསམ་པ་རྣམ་པར་དག་པ་བསགས་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རྒྱས་པ་བསགས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་ཉིད་ཀྱི་ཕྱིར་མོས་པ་བསགས་པ་དང༌། སྙིང་བརྩེ་བ་དང་སྙིང་རྗེ་ལ་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསགས་པ་སྟེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཤིན་ཏུ་བསགས་པའི་གནས་ཏེ་དེ་ལྟ་བུ་ཡོད་པ་ལ་སེམས་དེ་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །གང་གི་ཕྱིར་ཞེས་བྱ་བ་ནི་ཅི་ལ་དམིགས་ནས་དེ་སྐྱེ་བ་སྟེ།


DTG205_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཞེས་བྱ་བ་དང༌། སྤོང་བ་དང་མངོན་སུམ་དུ་བྱེད་པ་དང༌། བསྒོམ་པ་བླ་ན་མེད་པ་དང་ལྡན་པ་མངོན་པར་འདོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་ཡང་ལས་རྣམ་པ་དགུའི་བྱེ་བྲག་གིས་རྣམ་པ་དགུར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྟོབས་ཀྱི་ཡེ་ཤེས་དྲིས་པ་ལན་འདེབས་པའི་ལས་ཅན་དང༌། སངས་རྒྱས་ཀྱི་མི་འཇིགས་པའི་ཡེ་ཤེས་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ལས་ཅན་དང༌། སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་གང་ཟག་དང་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་གདམས་ངག་སྦྱིན་པའི་ལས་ཅན་དང༌། སངས་རྒྱས་ཀྱིས་ཡོངས་སུ་བསྐྱབ་པའི་ཡེ་ཤེས་བསྡུ་བའི་དངོས་པོ་བཞི་བོ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་ཅན་དང༌། སངས་རྒྱས་ཀྱི་རྣམ་པར་སྦྱོང་བའི་ཡེ་ཤེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེའི་གཞི་ཡོངས་སུ་སྦྱང་བའི་ལས་ཅན་དང༌། སངས་རྒྱས་ཀྱིས་མ་ལུས་པར་མཁྱེན་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ཉིན་མཚན་དྲུག་ཏུ་རྣམ་པར་གཟིགས་པའི་ལས་ཅན་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྦྱོང་བའི་ཡེ་ཤེས་དང༌། སེམས་ཐོགས་པ་མེད་པའི་ཕྱིར། ཞིང་ཐམས་ཅད་དུ་ཐོགས་པ་མེད་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པས་འཇུག་པར་བྱེད་པའི་ལས་ཅན་དང༌། སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་ཅན་དེ་དག་གི་དུས་གསུམ་གྱི་བསམ་པ་བག་ལ་ཉལ་སྐད་ཅིག་གཅིག་གིས་མཁྱེན་པའི་ལས་ཅན་དང༌། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་ཆོས་ཀྱི་འཁོར་ལོ་བསྐོར་བས་རྣམ་པར་ཐར་པའི་ཐབས་ལ་མཁས་པའི་ལས་ཅན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟ་བུ་མངོན་པར་འདོད་པའི་ཕྱིར་སེམས་དེ་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །གཞི་གང་ཡིན་པ་ཞེས་བྱ་བ་ནི་གཞི་གང་ལས་སེམས་ཇི་ལྟ་བུར་མཚན་ཉིད་ཅི་འདྲ་ཞིང་གང་གི་བདག་ཉིད་དུ་སྐྱེ་བ་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་གཞི་ལས་སྙིང་རྗེའི་བདག་ཉིད་སྐྱེ་བའོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དེ་ཡང་སྙིང་རྗེ་ཆེན་པོ་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། ཕྲ་བའི་སྡུག་བསྔལ་ཉིད་ཤེས་པའི་དབང་གིས་སྐྱེ་བ་ཉིད་ཀྱི་ཕྱིར་དབང་དུ་གྱུར་པ་ཆེན་པོ་ཉིད་དང༌། སེམས་ཅན་སྡུག་བསྔལ་བ་ཡོངས་སུ་བསྐྱབ་


DTG205_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ལ་མཁས་པ་ཡོངས་སུ་ཟད་པ་ཉིད་ཀྱི་ཕྱིར་ཡོངས་སུ་འཛིན་པ་ཆེན་པོ་ཉིད་དང༌། དེའི་དུས་དང་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བར་ཁས་ལེན་པས་འཕེལ་བ་ཉིད་ཀྱི་ཕྱིར་རབ་ཏུ་རྟོགས་པ་ཆེན་པོ་ཉིད་དང༌། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུ་ཡོངས་སུ་འཛིན་པ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ཆེན་པོ་དང་རྒྱ་ཆེན་པོ་ལ་མོས་པ་དང་ཟབ་མོ་ཤེས་པས་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཆེན་པོ་ཉིད་དང༌། རང་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་རྗེས་སུ་མཐུན་པ་ཉིད་དང་ཁྱད་པར་དུ་འགྲོ་བའི་མན་ངག་ཡོངས་སུ་ཚོལ་བ་ཉིད་གྱི་ཕྱིར་ཡང་དག་པར་ཚོལ་བ་ཉིད་དང༌། ཡོན་ཏན་ཡོངས་སུ་གཟུང་བ་གཙོར་བྱེད་པ་ཉིད་ཀྱི་ཕྱིར་དམ་པ་ཆེན་པོ་དང༌། འབྲས་བུ་ཡིད་དུ་འོང་བའི་རྒྱུ་ཟང་མི་ཤེས་པ་དང༌། མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་གནས་པ་དང༌། མཐར་ཕྱིན་པ་ཆེན་པོ་ཉིད་དང༌། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་གཞི་དེ་ལྟ་བུ་ལས་སྙིང་རྗེའི་བདག་ཉིད་དུ་སེམས་དེ་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །ཅི་འདྲ་བའི་སེམས་སྐྱེ་བ་ཞེས་བྱ་བ་ནི་སེམས་དེ་སྐྱེས་ན་ཕན་ཡོན་ཅིར་འགྱུར་བ་སྟེ། སེམས་དེ་བསྐྱེད་མ་ཐག་ཏུ་སོ་སོ་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་དེ་འདྲ་བའི་སེམས་སྐྱེ་བའོ། །སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་བ་ནི་འཕགས་པ་ཉིད་དེ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པར་སྟོན་ཏོ། །ཤིན་ཏུ་འདས་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། མངལ་དུ་ཞུགས་པ་དང་མཐུན་པས་འཇིག་རྟེན་ལས་འདས་པའི་སེམས་དང་བོར་མངོན་པར་འགྲུབ་པ་ཉིད་ཀྱི་ཕྱིར་ཞུགས་པས་ཤིན་ཏུ་འདས་པ་དང༌། རིགས་སུ་སྐྱེས་པ་དང་མཐུན་བས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཉིད་ཀྱི་ཕྱིར་རིགས་ཀྱི་ཤིན་ཏུ་འདས་པ་དང་འདྲ་པའི་བུ་དང་མཐུན་པར་ཐེག་པ་ཆེན་པོའི་སྤྱོད་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ནད་མེད་པས་ཤིན་ཏུ་འདས་པ་དང༌། འགྲོ་བ་གཞན་དུ་སྐྱེས་པ་དང་མཐུན་པས་འཇིག་རྟེན་པའི་འགྲོ་བས་མ་བསྡུས་ལ་འཇིག་རྟེན་ལས་འདས་པའི་འགྲོ་བ་ལས་ཤིན་ཏུ་འདས་པ་དང༌། ལུང་གི་རང་བཞིན་དང་མཐུན་པས་སྙིང་རྗེའི་བདག་ཉིད་ཀྱིས་གཞན་གྱི་དགོངས་པ་བདག་གི་དགོངས་པ་ཉིད་ཡིན་པའི་ཕྱིར་ཆོས་ཉིད་ཀྱིས་ཤིན་ཏུ་འདས་པ་དང༌། བཙས་ནས་གནས་པ་དང༌།


DTG205_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པས་འཁོར་བར་ཡོངས་སུ་མི་གཏོང་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་མཁས་པ་གནས་པ་ཉིད་ཀྱི་ཕྱིར་གནས་པ་ཤིན་ཏུ་འདས་པ་དང༌། བཙས་ནས་འཚོ་བ་དང་མཐུན་པས་སྟོང་པ་ཉིད་རྟོགས་པའི་འཕགས་པའི་ཤེས་རབ་ཀྱི་ཕྱིར་མཉམ་པ་ཉིད་ཀྱིས་ཤིན་ཏུ་འདས་པ་དང༌། ཕུན་སུམ་ཚོགས་པ་དང་མཐུན་པས་སངས་རྒྱས་ཀྱི་རིགས་ལས་ཡོངས་སུ་མི་ཉམས་ཤིང༌། མྱ་ངན་ལས་འདས་པ་ལས་གཞོལ་བ་ཉིད་ཀྱི་ཕྱིར་ངེས་པས་ཤིན་ཏུ་འདས་པ་སྟེ། དེ་ལྟར་སེམས་དེ་བསྐྱེད་མ་ཐག་ཏུ་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་དེ་འདྲ་བའི་སེམས་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །དེ་ལ་ངེས་པའི་ཚིག་ཅེས་བྱ་བ་ནི་ཅིའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བར་རྣམ་པར་གཞག་ཅེ་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་པ་ཉིད་བླ་ན་མེད་པ་ཐོག་མར་ཐོབ་པས་མཆོག་ཏུ་དགའ་བ་ཞེས་བྱ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱ་སྟེ། དེ་ནི་འོག་མ་ནས་མི་ལ་མཁས་པའི་སྐབས་སུ་བསྟན་ཏོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། ཡོངས་སུ་བསྡོ་བ་ཕུན་སུམ་ཚོགས་པས་ས་རྒྱ་ཆེར་ཡོངས་སུ་སྦྱོང་བ་དང་སྦྱོར་བར་བྱེད་པའོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཡིད་ཆེས་པ་དང༌། དང་བའི་དབང་གིས་བསམ་པ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པའོ། །ཡིད་ཆེས་པ་དེ་ཡང་དངོས་པོ་གང་དག་ལ་ཡིད་ཆེས་པ་དེ་དབང་བྱེད་པ་དེའི་བྱེ་བྲག་གིས་དབང་བྱེད་པ་དེ་རྣམ་པ་དགུར་རིག་པར་བྱ་སྟེ། དཀོན་མཆོག་གསུམ་པོ་དག་ལ་ཡིད་ཆེས་པའི་དབང་དང༌། བདག་གིས་རྟོགས་པ་ལ་རྣམ་པར་དག་པའི་ཡིད་ཆེས་པའི་དབང་དང་གཞན་གྱིས་རྟོགས་པ་ལ་སྲིད་པར་འཛིན་པའི་ཡིད་ཆེས་པའི་དབང་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་བརྩེ་བ་དང༌། སྙིང་རྗེའི་ཡིད་ཆེས་པའི་དབང་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཉིད་ཀྱི་ཕྱིར་བྱམས་པའི་ཡིད་ཆེས་པའི་དབང་དང༌། དེ་ཡོངས་སུ་སྨིན་པར་བྱ་བ་ཚེ་རབས་དུ་མར་རབ་ཏུ་བསྒྲུབ་པའི་ཕྱིར་ཡུན་རིང་དུ་འཁོར་བར་ཁས་བླངས་པའི་ཕྱིར་ཡོངས་སུ་མི་སྐྱོ་བའི་དད་པའི་དབང་དང༌། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བར་བྱ་བའི་ཕྱིར་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལ་འཛེམ་པའི་ཕྱིར་ཚུལ་གང་དང་ངོ་ཚ་ཤེས་ཤིང་ཁྲེལ་


DTG205_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་དད་པའི་དབང་དང༌། ཆོས་མཐུན་པ་ལ་རྣམ་པར་ཐོ་མི་མཚམས་པའི་ཕྱིར་དེས་པའི་དད་པའི་དབང་སྟེ། དེ་ལ་བསྟི་སྟང་བྱེད་པའི་ཕྱིར་བསྟན་པ་ལ་ཡིད་ཆེས་པའི་དབང་སྟེ། དེ་ལྟ་བུའི་བསམ་པ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལ་སོགས་པ་ལ་རྒྱུན་མི་འཆད་པར་མངོན་བར་བརྩོན་པས་སྦྱོར་བར་བྱེད་པའོ། །དགེ་བའི་རྩ་བ་བ་སོགས་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྙེན་བཀུར་བྱེད་པ་སོགས་པ་དང༌། འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་དགའ་བའི་ཕྱིར་ཆོས་ཀྱི་ཀུན་དགའ་དག་ལ་སོགས་པ་དང༌། མང་དུ་ཐོས་པ་ཚོལ་བ་ལ་ངོམས་མི་མྱོང་བའི་ཕྱིར་མང་དུ་ཐོས་པ་ལ་སོགས་པ་དང༌། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་རྟོག་པའི་ཕྱིར་རྟོག་པ་སོགས་པ་དང༌། བསམ་གཏན་རོ་མྱང་བ་མེད་པའི་ཕྱིར་གནས་མེད་པ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་བར་དུ་གཅོད་པ་ཡོངས་སུ་སྤང་བའི་ཕྱིར་རྙེད་པ་དང་བཀུར་སྟི་ཐོབ་པ་དང༌། མ་ཐོབ་པ་ལ་ལྷག་པར་ཆགས་བ་མེད་པ་ལ་སོགས་པ་དང༌། དེ་ཉིད་ཀྱི་ཕྱིར་ཡོ་བྱད་ལ་མངོན་པར་དགའ་བ་མེད་པ་ལ་སོགས་པ་དང༌། འཇིག་རྟེན་ལས་འདས་པའི་སེམས་རྒྱུན་མི་འཆད་པར་མངོན་དུ་བྱེད་པའི་ཕྱིར་རིན་པོ་ཆེ་ལྟ་བུའི་སེམས་ལ་སོགས་པ་སྟེ། དེ་ལྟ་བུ་ནི་སྦྱོར་བར་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པའི་ཐབས་ཀྱིས་སྦྱོར་བར་བྱེད་པ་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཇི་ལྟར་མངོན་པར་འདོད་པའི་བྱེ་བྲག་གི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་ལ་དམིགས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རྣམ་པར་དག་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཡོངས་སུ་སྤོང་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། དེ་སྐད་སྨྲས་པ་དེ་བཞིན་བྱེད་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རྗེས་སུ་བསྲུང་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རིགས་སུ་འབྱིན་པར་བྱེད་པས་ཐམས་ཅད་མཁྱེན་


DTG205_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་མངོན་པར་འདོད་པ་དང༌། མི་གཡོ་བས་ཐམས་ཅད་མཁྱེན་བའི་ས་མངོན་བར་འདོད་པ་དང༌། མི་འདོར་ལ་ལྡན་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། སོགས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཚོལ་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་སྟེ། དེ་ལྟ་བུ་ནི་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ལྟར་བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ནི་ས་རྒྱ་ཆེར་ཡོངས་སུ་སྦྱོང་བ་ནི་སྦྱོར་བར་བྱེད་པ་ཡིན་ཏེ། སྦྱོར་བ་ནི་རྣམ་པ་བཞི་སྟེ། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཐབས་སོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ལས་དད་པའི་དབང་ཞེས་བྱ་བ་ནི་དད་པ་སྟེ། དེས་ན་འདུན་པ་གསུམ་པ་ཡིན་ནོ། །སྦྱོར་བ་ཕུན་སུམ་ཚོགས་པ་ལས་དགེ་བའི་རྩ་བ་སོགས་པ་ལས་རྒྱུན་མི་འཆད་པར་མངོན་པར་བརྩོན་བ་ཞེས་བྱ་བ་ནི་བརྩོན་འགྲུས་ཡིན་ནོ། །ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ལས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་ཞེས་བྱ་བ་ནི་ཐབས་ཡིན་ནོ། །དེ་ལ་ཁྱད་པར་ཞེས་བྱ་བ་ནི་ས་དང་པོ་ལ་གནས་པ་ཁྱད་པར་གང་གིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པའོ། །དེ་ནི་རྣམ་པ་གསུམ་སྟེ། འདུན་པའི་ཁྱད་པར་དང༌། སྒྲུབ་པའི་ཁྱད་པར་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་འདུ་ན་པའི་ཁྱད་པར་ཞེས་བྱ་བ་ནི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པའོ། །སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ་དེ་ཡང་དགེ་བའི་སྨོན་ལམ་གྱི་བྱེ་བྲག་ལས་རྣམ་པ་བཅུར་རིག་པར་བྱ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བ་དང༌། ཆོས་ཀྱི་ཚུལ་ཡང་དག་བར་གཟུང་བར་བྱ་བའི་སྨོན་ལམ་ཆེན་པོ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྨོན་ལམ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བསྟེན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌།


DTG205_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་པར་བྱ་བའི་སྨོན་ལམ་ཆེན་པོ་སྟེ། དེ་ལྟར་ཡང་དག་པའི་སྨོན་ལམ་གྱི་བྱེ་བྲག་སྨོན་ལམ་ཆེན་པོ་བཅུ་པོ་དེ་དག་རེ་རེ་ལ་ཡང་སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་དག་མངོན་པར་སྒྲུབ་པར་བྱེད་པ་ནི་འདུན་པའི་ཁྱད་པར་ཞེས་བྱའོ། །སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་དེ་ལྟར་སྨོན་ལམ་ཤིན་ཏུ་སྒྲུབ་པ་སྟེ་ལས་སུ་རུང་བའི་སེམས་དང་གཉེན་པོའི་སེམས་སུ་གྱུར་པས་དད་པ་ལ་སོགས་པས་ཡོངས་སུ་སྦྱོང་བའི་ཆོས་སྒྲུབ་པར་བྱེད་བའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་རྣམ་པ་བཞི་སྟེ། ལས་སུ་རུང་བའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། འཇུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། སྨོན་ལམ་ཤེས་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་ལས་སུ་རུང་བའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་གསེར་གྱི་ས་ལེ་སྦྲམ་ཡོངས་སུ་སྦྱང་བ་བྱས་ནས་ལས་སུ་རུང་བ་དང་འདྲ་བར་དད་པ་ལ་སོགས་པའི་དགེ་བའི་ཆོས་དེ་དག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆོད་པ་བྱེད་པས་ཕན་ཡོན་གྱི་ཞིང་བཀོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་ཞིང་བཀོད་པ་དང༌། བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་བླ་ན་མེད་པའི་འབྲས་བུ་དགོད་པས་ཡོངས་སུ་སྦྱང་བ་བྱས་ན་གོང་ནས་གོང་དུ་ལས་སུ་རུང་བར་འགྱུར་བའོ། །འཇུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་དེད་དཔོན་ཆེན་པོས་འགྲོན་པ་མང་པོ་རྒྱ་མཚོ་ལས་སྒྲོལ་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོར་གྱུར་པས་སེམས་ཅན་འགྲོན་པ་ཕལ་པོ་ཆེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བར་བྱེད་པའོ། །རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་ཆེ་བ་ནི་འཛམ་བུའི་


DTG205_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་དབང་ཕྱུག་ཉིད་དུ་འགྱུར་བའོ། །རྒྱུ་མཐུན་པ་རྒྱ་ཆེ་བ་ནི་གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཅིང་སེར་སྣའི་དྲི་མ་ཟློག་བ་ལ་མཁས་པ་དང༌། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་དང༌། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་ལ་སོགས་པའོ། །སྨོན་ལམ་ཤེས་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱི་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འདོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པའམ། བཀོད་པའམ། བྱིན་གྱིས་བརླབས་སམ། མོས་པའམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཇི་སྙེད་པ་དེ་སྙེད་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་གསུངས་སོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤངས་པ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་གཉིས་པའི་མི་མཐུན་པའི་ཕྱོགས་སྤངས་པ་གང་ཞེ་ན། ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤང་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་གཉིས་པའི་མི་མཐུན་པའི་ཕྱོགས་ནི་ལུས་ལ་སོགས་པས་སེམས་ཅན་རྣམས་ལ་ལོག་པར་བསྒྲུབ་པའོ། །དེ་ཡང་ས་དང་པོ་ལ་ལྷག་པའི་བསམ་པ་དག་པ་ལ་གནས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལྟུང་བ་ཕྲ་མོ་སེམས་བསྐྱེད་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་འཁྲུལ་པ་ལ་སོ་སོར་བརྟག་པའི་བྱ་བས་བསྲུང་དགོས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོའི་བསྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་དང་པོ་ནས་གཉིས་པར་འཕར་བའི་གནས་སྐབས་ན་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་དྲང་པོའི་བསམ་པ་ཐོབ་པས་ས་དང་པོ་ལས་གནས་འཕར་ཞིང་གཉིས་པ་གནོན་པར་གྱུར་པ་དེ་ལ་འབད་པའོ། །དེ་ལ་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའི་བྱང་


DTG205_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ས་གཉིས་པ་ལ་མངོན་པར་འདོད་པ་ན། མངོན་པར་རྟོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་ལ་གནས་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ནས། ས་དང་པོ་ནས་གཉིས་པའི་བར་དུ་འབྱུང་བར་བྱེད་པའོ། །དྲང་པོའི་བསམ་པ་ཞེས་བྱ་བ་ནི་སོ་སོར་བརྟག་པའི་བྱ་བ་མེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་པའི་སེམས་ཀྱི་བསམ་པ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམས་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ལ་རང་བཞིན་རྣམ་པར་དག་པས་གནས་པ་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱིས་ཁྱད་པར་བསྟན་པ་ཐོབ་པོ། །དེ་ལ་རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་པའོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་ཐམས་ཅད་སྤངས་པ་དང༌། རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་བསྲུང་བར་སྐྱོན་མེད་པའོ། །དེ་ལ་རྣམ་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་སྤང་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་ཡང་དག་པར་བླངས་ཏེ་གནས་པའོ། །རྟག་ཏུ་རྒྱུན་མི་འཆད་བར་རྗེས་སུ་བསྲུང་བ་སྐྱོན་མེད་པ་ཞེས་བྱ་བ་ནི་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་ཡང་དག་པར་བླངས་ཏེ། གནས་པ་དེ་ལ་འབྱུང་འཇུག་མེད་པ་སྟེ། དེ་གཉིས་ཀྱིས་ནི་ངང་ཚུལ་ངན་པའི་དྲི་མ་དང་བྲལ་བ་བསྟན་ཏོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་བོར་གྱུར་པ་ལ་འབྲས་བུ་དང་བཅས་པའི་ལས་ཀྱི་ལམ་དུ་རབ་ཏུ་བརྟགས་ནས་གཉེན་པོ་མངོན་པར་སྒྲུབ་པར་སྦྱོར་བར་འདོད་པ་དང༌། དགེ་བའི་ལས་ཀྱི་ལམ་གོང་ནས་གོང་དུ་རྣམ་པར་དག་པས་འབྲས་བུ་དང་བཅས་ལ་རབ་ཏུ་བརྟགས་ནས་མཆོག་མངོན་པར་སྒྲུབ་པར་སྦྱོར་བར་འདོད་པའོ། །དེ་ལ་དང་པོ་ནི་ངན་འགྲོ་དང་བདེ་འགྲོའི་ལས་ཀུན་དུ་སྤྱོད་པའི་རྒྱུས་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་


DTG205_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རབ་ཏུ་ཤེས་ནས་ངན་འགྲོའི་རྒྱུའི་ལས་ཡང་དག་པར་ལེན་པར་བྱེད་པའོ། །གཉིས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཐེག་པ་གསུམ་གྱི་ཚུལ་གྱིས་སྒྲུབ་པའི་རྒྱུས་གོང་ནས་གོང་དུ་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། དེ་ལྟ་བས་ན་བདག་གིས་མངོན་པར་སྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་སྒྲུབ་བ་ཉིད་ལ་བརྩོན་པར་བྱའོ་ཞེས་དེ་བས་ཀྱང་ཡང་དག་པར་སློབ་པར་བྱེད་པ་སྟེ། དེ་གཉིས་ནི་ལོག་བར་རྩོལ་བའི་དྲི་མ་དང་བྲལ་བ་བསྟན་ཏོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ལྔ་སྟེ། ཡོངས་སུ་ཤེས་པ་དང༌། སྨོན་ལམ་དང༌། སྒྲུབ་པ་དང༌། རྒྱུ་མཐུན་པ་དང༌། རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྣམ་པ་གསུམ་སྟེ། གནས་སྐབས་ཀྱི་འབྲས་བུ་ཡོངས་སུ་ཤེས་པ་ནི་མི་དགེ་བའི་ལས་ཀྱི་ལམ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུ་ངན་སོང་གསུམ་དུ་རིམ་བཞིན་དུ་འགྲོ་བར་ཡོངས་སུ་ཤེས་པའོ། །རྣམ་པར་སྨིན་པ་ནི་འབྲས་བུའི་བྱེ་བྲག་ཡོངས་སུ་ཤེས་པ་ནི་མི་དགེ་བའི་ལས་ཀྱི་ལམ་རེ་རེས་ཀྱང་ངན་སོང་གསུམ་དུ་རྣམ་པར་སྨིན་པའི་འབྲས་བུ་བསྐྱེད་བར་ཡོངས་སུ་ཤེས་པའོ། །རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་ཡོངས་སུ་ཤེས་པ་ནི་བརྒྱ་ལ་མིར་སྐྱེན་ཡང་རྒྱུ་མཐུན་པའི་འབྲས་བུ་གཉིས་གཉིས་མྱོང་བར་འགྱུར་བར་ཡོངས་སུ་ཤེས་པའོ། །སྨོན་ལམ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བའི་དོན་དུ་དགེ་བའི་ཆོས་བསྡུ་བའི་ཕྱིར་ཐེག་བ་ཆེན་པོའི་མངོན་པར་དགའ་བ་ཉིད་ཀྱི་བསམ་པ་སྨོན་པའོ། །སྒྲུབ་པ་ཞེས་བྱ་བ་ནི་བདག་ཀྱང་དགེ་བའི་ལས་ཀྱི་ལམ་ལ་གནས་པར་བྱེད་ཅིང། དེའི་མི་མཐུན་པའི་ཕྱོགས་སྤོང་བར་བྱེད་ལ་གཞན་དག་ཀྱང་དེ་ལ་འཇོག་པར་སྒྲུབ་པའོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི་སྙིང་རྗེ་སྐྱེས་པ་ལ་བརྟེན་ནས་སེམས་ཅན་རྣམས་ལ་དེ་བས་ཀྱང་ཤས་ཆེར་སྙིང་རྗེའི་སེམས་བསྐྱེད་པའོ། །རྒྱུ་མཐུན་པའི་འབྲས་བུ་ཞེས་བྱ་བ་ནི་སྙིང་རྗེའི་ཁྱད་པར་གྱིས་ཡོངས་སུ་ཟིན་པའི་མཐུན་པའི་ཁྱད་པར་གྱིས་སེམས་ཅན་རྣམས་ལ་སྡུག་བསྔལ་བར་རྟོག་ཅིང་གཉེན་པོ་སྒྲུབ་པར་བྱེད་པ་སྟེ། དེ་ལ་ངས་ཀྱང་ལོག་པར་རྩོལ་བའི་དྲི་མ་དང་བྲལ་བར་བསྟན་ཏོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་ལས་སུ་རུང་བའི་འབྲས་


DTG205_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཕན་ཡོན་གྱི་ཁྱད་པར། འཇུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། སྨོན་ལམ་ཤེས་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་བསྟན་པ་དག་ཉིད་འདིར་སྔ་མ་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཅི་རིགས་པའོ། །དེ་གཉི་གའི་གནས་ཡོངས་སུ་རྫོགས་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བས་བསྟན་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་དེ་གཉི་གའི་གནས་པའི་དངོས་གཞི་ཡོངས་སུ་རྫོགས་པ་ཡིན་ཏེ། བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་ས་གསུམ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། འཇིག་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང༌། ཐོས་པའི་གཟུངས་ཡོངས་སུ་རྫོགས་པར་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་གསུམ་པའི་མི་མཐུན་པའི་ཕྱོགས་ནི་ཐོས་པ་དང་བསམ་པ་དང༌། བསྒོམ་པའི་ཆོས་རྣམས་བརྗེད་པས་མུན་པའི་ཚུལ་ཅན་ཉིད་དོ། །དེ་ཡངས་གཉིས་པ་ལ་ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པ་ལ་གནས་སུ་ཟིན་ཀྱང་འཇིག་རྟེན་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དག་ལ་དབང་ཡོངས་སུ་རྫོགས་པ་མཐོང་བ་དང༌། ཐོབ་པ་ཡོངས་སུ་ཚོལ་བའི་གཟུངས་ཡོངས་སུ་རྫོགས་པ་ཉིད་མ་ཐོབ་པ་ཉིད་ཡིན་པ་དང་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ནས་གསུམ་པར་འཕར་བའི་གནས་སྐབས་ན་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་བ་ཞེས་བྱ་བ་དག་པའི་སེམས་ཀྱི་བསམ་པ་ཡིན་ལ་བྱེད་པའི་རྒྱུས་འདོད་ཆགས་དང་བྲལ་བར་སྦྱོར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་ཐོབ་པས་ས་གཉིས་ལས་འཕར་ཞིང་གསུམ་པ་གནོན་པར་འགྱུར་བ་དེ་ལ་འབད་པའོ། །དེ་ལ་འདོད་ཆགས་དང་བྲལ་བ་སྦྱོར་བ་འབྱུང་བར་བྱེད་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་གསུམ་པ་གནོན་པ་ན་འདོད་པའི་འདོད་ཆགས་དང་བྲལ་


DTG205_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྦྱོར་བའི་རྒྱུ་འདོད་ཆགས་དང་བྲལ་བར་སྦྱོར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་འབྱུང་བར་བྱེད་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པའོ། །དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བར་སྦྱོར་བའི་སེམས་ཀྱི་བསམ་པ་དག་པ་དེ་འབྱུང་བའི་རྒྱུ་ཡིད་ལ་བྱེད་པའོ། །འདོད་ཆགས་དང་བྲལ་བར་སྦྱོར་བ་ནི་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉེ་བར་སྒྲུབ་སྟེ། གནས་པར་མ་གྱུར་གྱི་བར་དུ་དེ་ལ་སྦྱོར་བའི་རྒྱུ་གང་ཡིན་པའོ། །སྦྱོར་བ་རྣམ་པ་གསུམ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བ་དང༌། ཐེག་པ་དམན་པ་ཀུན་དུ་བསྲུང་བའི་སྦྱོར་བ་དང༌། ཐབས་ཡོངས་སུ་གཟུང་བའི་སྦྱོར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བ་ནི་རྣམ་པ་གཉིས་ཏེ། འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པའི་ཡོངས་སུ་རྟོག་པ་དང༌། མངོན་དུ་བརྟེན་པར་བྱ་བ་མ་ཡིན་པར་ཡོངས་སུ་རྟོག་པའོ། །དེ་ལ་མི་རྟག་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ལ་ཚེའི་འདུ་བྱེད་མི་གནས་པས་ཉེས་དམིགས་སྣ་ཚོགས་ཀྱིས་སུན་འབྱིན་པར་བྱེད་པའོ། །མངོན་དུ་བརྟེན་པར་བྱ་བ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་དེ་དག་ལ་རྟེན་མེད་པས་སེམས་སྐྱོ་བ་སྐྱེད་པར་བྱེད་པའོ། །ཐེག་པ་དམན་པ་ལ་ཀུན་དུ་བསྲུང་བའི་སྦྱོར་བ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡང་དག་པར་གཏོང་བ་དང༌། སེམས་ཅན་རྣམས་ལ་སེམས་ཀྱི་བསམ་པ་ཉེ་བར་འཇོག་པ་དང༌། སེམས་ཅན་ཡོངས་སུ་སྐྱོབ་པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡོངས་སུ་གཏོང་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཡོངས་སུ་འཛིན་པ་ཆེ་བ་ཉིད་དང༌། རྣམ་པར་དག་པ་ཆེ་བ་ཉིད་དང་ལྡན་པ་ལ་ཡོན་ཏན་སྣ་ཚོགས་ཀྱིས་ཕན་ཡོན་དུ་ལྟ་ཞིང་དེ་ལ་འདོད་པ་སྐྱེས་པ་ཡིན་ནོ། །སེམས་ཅན་རྣམས་ལ་སེམས་ཀྱི་བསམ་པ་ཉེ་བར་འཇོག་པ་ཞེས་བྱ་བ་ནི་སྙིང་ཐེག་པ་ནས་འདུག་པས་སེམས་ཅན་གྱི་ཁམས་ལ་མགོན་མེད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་སྡུག་བསྔལ་བར་བལྟའོ། །སེམས་ཅན་ཡོངས་སུ་སྐྱོབ་


DTG205_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། གང་ལས་ཡོངས་སུ་བསྐྱབ་པར་བྱ་བའི་ལས་དང༌། ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་སོ། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་ནི་བསླབ་པ་གསུམ་འཛིན་དུ་གཞུག་པའོ། །ཇི་ལྟར་ན་ཡོངས་སུ་སྐྱོབ་པ་པོར་གྱུར་པ་ནི་མྱ་ངན་ལས་འདས་པའི་དབྱིངས་རྣམ་པ་གཉིས་ཐོབ་པར་བྱེད་པའོ། །ཐབས་ཡོངས་སུ་གཟུང་བའི་སྦྱོར་བ་ཡང་རྣམ་པ་གསུམ་སྟེ། མཐར་ཕྱིན་པའི་རྟོགས་པ་དང༌། མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་དང༌། དེ་སྒྲུབ་པའི་གནས་ལ་སྦྱོར་བ་རྟོགས་པའོ། །དེ་ལ་མཐར་ཕྱིན་པ་རྟོགས་པ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གཏན་དུ་སྡུག་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཐབས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་བསྒྲིབས་པ་སངས་རྒྱས་ཀྱི་མཐར་ཕྱིན་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བའོ། །མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྣང་བ་དེ་སྒྲུབ་པའི་གནས་ནི་བསམ་གཏན་དང༌། ཏིང་ངེ་འཛིན་ཡིན་ལ་དེ་ལ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་པ་སྔོན་དུ་འགྲོ་བ་ཡིན་པར་མཐོང་བ་སྟེ། འདིའི་དུས་ན་གང་ཟག་ལ་མངོན་པར་ཞེ་ན་བས་འཕངས་པ་ཆོས་ཁོང་དུ་ཆུད་པའི་མངོན་པའི་ང་རྒྱལ་ནི་ཡོད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་སྦྱོར་བས་ནི་འདོད་པའི་འདོད་ཆགས་དང་བྲལ་བར་བྱེད་པ་ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་མི་བྱེད་དོ། །ཐབས་ཡོངས་སུ་གཟུང་བས་ནི་ཤེས་རབ་ཀྱི་སྣང་བ་ཚད་མེད་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་མངོན་པར་སྒྲུབ་པར་བྱེད་དེ། དེ་ལ་འབད་བ་ནི་གཉེན་པོ་སྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་བྲལ་བའི་འབྲས་བུའི་གནས་པ་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱིས་ཁྱད་པར་ཐོབ་པར་བསྟན་པའོ། །དེ་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་བར་འཇུག་པ་ཐོབ་པའོ། །འདོད་ཆགས་དང་བྲལ་བའི་འབྲས་བུ་ཞེས་བྱ་བ་ནི་ཚད་མེད་པ་བཞི་དང༌། མངོན་པར་ཤེས་པ་ལྔ་ཐོབ་པའི་གཟུངས་ཐོབ་པའོ། །འབྲས་བུའི་


DTG205_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་བཞི་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་གིས་དེ་ལ་མང་དུ་གནས་པར་བྱ་བ་དང༌། སྙོམས་པར་འཇུག་པ་ལ་སྲེད་པ་དང༌། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་མི་མཐུན་པའི་ཕྱོགས་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པའི་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བའོ། །དེ་ཡང་གསུམ་པ་ལས་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དག་ལ་གནས་སུ་ཟིན་ཀྱང་བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་བ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པར་མི་ནུས་པ་དང༌། འཇིག་རྟེན་པའི་སྙོམས་པར་འཇུག་པ་དང་ཐོས་པའི་ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པ་ཉིད་ཡིན་པ་དང་སྦྱར་རོ། །གཉེན་པོ་བསྒོམས་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་གསུམ་པ་ནས་བཞི་པར་འཕར་བའི་གནས་སྐབས་ན། རྣམ་པར་དག་པ་དང་གཉེན་པོ་སྒོམ་པ་འཕེལ་བའི་རྒྱུ་རྣམ་པར་གཞག་པ་ཞེས་བྱ་བ་ཆོས་ལ་སྣང་བར་འཇུག་པ་ཐོབ་པས་གསུམ་པ་ལས་འཕར་ཞིང་བཞི་པ་ནོད་པར་གྱུར་པ་དེ་ལ་འབད་པའོ། །དེ་ལ་རྣམ་པར་དག་པ་དང་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་ཞེས་བྱ་བ་ནི་ས་གསུམ་པ་ལ་སྣང་བ་ཤིན་ཏུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་བཞི་པ་ནོད་པ་ནས་བཞི་པ་ལ་རྣམ་པར་དག་པ་འཕེལ་བ་ཞེས་བྱ་བ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཡེ་ཤེས་ཡོངས་སུ་སྨིན་པས་དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་ཐོས་པའི་ཕྱིར་དེ་


DTG205_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་རིགས་སུ་ཡང་དག་པར་གྲུབ་པ་དང༌། གཉེན་པོ་སྒོམ་པ་འཕེལ་བ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་འཕེལ་བར་འགྱུར་བ་དེ་གཉིས་ཀྱི་རྒྱུའོ། །ཆོས་ལ་སྣང་བས་འཇུག་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་བསྟན་པའི་ཆོས་རྣམ་པར་དཔྱད་པ་ཐ་དད་པ་ལ་ས་གསུམ་པའི་ས་རྟོགས་པའི་ཤེས་རབ་ཀྱི་སྣང་བས་ཆོས་རྣམ་པར་དཔྱད་པ་ཐ་དད་པ་དེ་དག་རྟོགས་པར་བྱེད་པ་སྟེ། དེ་ནི་ས་གསུམ་པའི་དུས་ན་གང་ཟག་ལ་མངོན་པར་ཞེན་པས་འཕངས་པ་ཆོས་ཁོང་དུ་ཆུད་པའི་ང་རྒྱལ་གྱི་གཉེན་བོ་དག་ས་བཞི་པ་ཉིད་ཀྱི་རྣམ་པར་དག་པ་དང༌། གཉེན་པོ་སྒོམ་པ་འཕེལ་བའི་རྒྱུ་ཡང་ཡིན་ཏེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམས་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་འཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་རྣམ་པར་དག་པ་འཕེལ་བ་རྣམ་པར་གཞག་པ་དང༌། གཉེན་པོ་བསྒོམས་པ་རྣམ་པར་འཕེལ་བ་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་གནས་དང་འབྲས་བུའི་ཁྱད་པར་གྱིས་ཁྱད་པར་ཐོབ་པ་བསྟན་པ་ཐོབ་པའོ། །དེ་ལ་རྣམ་པར་དག་པ་འཕེལ་བ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཡོངས་སུ་སྨིན་པས་དེ་བཞིན་གཤེགས་པའི་རིགས་སུ་དེ་བདག་ཉིད་ཀྱིས་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་འགྲུབ་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཐོབ་པ་ཞེས་བྱ་བ་ནི་ཡེ་ཤེས་བཞི་པོ་རང་གི་གནས་ལ་གནས་པའི་ཡེ་ཤེས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་གནས་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཕྱིར་མི་ལྡོག་པའི་བསམ་པ་དང༌། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པའི་ཡེ་ཤེས་དཀོན་མཆོག་གསུམ་གྱི་རྣམ་པ་ཤེས་ནས་དད་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་དཀོན་མཆོག་གསུམ་ལ་དད་པ་མི་བྱེད་པའི་མཐར་ཐུག་པའི་འགྲོ་བ་དང༌། དེ་བཞིན་ཉིད་ཀྱི་ཡེ་ཤེས་གང་ཟག་དང༌། ཆོས་བདག་མེད་པའི་དེ་བཞིན་ཉིད་ཤེས་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་དང༌། རང་བཞིན་གྱིས་མ་སྐྱེས་པར་རྣམ་པར་འཇིག་པ་དང༌། རྣམ་པར་གཞག་པའི་ཡེ་ཤེས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པར་གཞག་པ་ཤེས་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་འཇིག་


DTG205_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྱུང་བ་དང༌། ལས་ཀྱི་སྲིད་པར་སྐྱེ་བ་ལ་རྣམ་པར་འཇིག་པ་ལ་སོགས་པ་ཐོབ་པའོ། །དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་ཐོབ་བ་ཞེས་བྱ་བ་ནི་ཆོས་གང་གིས་དེ་བཞིན་གཤེགས་པ་རབ་ཏུ་ཕྱེ་བ་ཤེས་བྱའི་སྒྲིབ་པ་གཅོད་པ་ཡོངས་སུ་འཛིན་པར་འགྱུར་བའི་ཆོས་ཐོབ་པའོ། །དེ་བཞིན་གཤེགས་པའི་རིགས་སུ་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཡེ་ཤེས་ཡོངས་སུ་སྨིན་པས་མང་དུ་ཐོས་པའི་གནས་ཀྱིས་ཡེ་ཤེས་ཁྱད་པར་དུ་ཞུགས་པར་གྱུར་པས་ཤེས་བྱའི་སྒྲིབ་པ་སྤོང་བ་ཡོངས་སུ་འཛིན་པའི་ཁྱད་པར་ཡོངས་སུ་གྲུབ་པ་སྟེ། དེའི་དུས་ན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་པར་ལྟ་བའི་ང་རྒྱལ་ནི་ཡོད་དོ། །གཉེན་པོ་བསྒོམ་པའི་འཕེལ་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་འཕེལ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་ཕྱིར་བསྒོམ་པ་འཕེལ་བ་དང༌། ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བའི་ཕྱིར་བསྒོམ་པ་འཕེལ་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་ཕྱིར་བསྒོམ་པ་འཕེལ་བ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའོ། །ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བའི་ཕྱིར་སྒོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དེ་དག་སེམས་ཅན་ཐམས་ཅད་ལྟ་བ་དང་བཅས་པས་སྒོམ་པའོ། །དེའི་འབྲས་བུ་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤང་བ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤང་བ་དང༌། ཁྱད་པར་ཐོབ་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་དང༌། དེ་སྟོན་པའི་སྟོན་པ་ལ་བྱས་པ་གཟོ་བ་དང༌། དེའི་ཐབས་ལ་སྦྱོར་བ་ལ་བརྩོན་འགྲུས་བརྩམས་པ་དང༌། དེ་སྔོན་དུ་འགྲོ་བའི་ཁམས་བརྟས་པའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་དང་ཁྱད་པར་དེ་དག་ཐོས་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་


DTG205_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ས་ལྔ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། བདེན་པ་རྣམས་རྣམ་པར་དཔྱད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང༌། མངོན་དུ་ཕྱོགས་པའི་ཡིད་ལ་བྱེད་པ་རྟག་པར་བཏང་སྙོམས་སུ་གཞག་པ་སྟེ། ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པའི་མི་མཐུན་པའི་ཕྱོགས་ནི་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ཡང་ས་བཞི་པ་ལ་འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་གནས་སུ་གྱུར་བའི་ཏིང་ངེ་འཛིན་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ལ་གནས་སུ་ཟིན་ཀྱང་གནས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་མི་ནུས་པ་དང༌། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུ་ཐ་དད་པར་ལྟ་བའི་ང་རྒྱལ་ཡོད་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་ནས་ལྔ་པར་འཕར་བའི་གནས་སྐབས་ན་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་རྣམ་པར་དག་པ་ལ་སེམས་ཀྱི་མཉམ་པ་ཉིད་ཐོབ་པས་ས་བཞི་པ་ལས་འཕར་ཞིང་ས་ལྔ་པ་གནོན་པར་གྱུར་པ་དེ་ལ་འབད་པའོ། །དེ་ལ་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་ལམ་ཡོངས་སུ་རྫོགས་པར་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་པ་ན། དེས་སྔར་ས་གསུམ་པ་ལ་གང་ཟག་ལ་མངོན་པར་ཞེན་པས་འཕངས་པ་ཆོས་ཁོང་དུ་ཆུད་པའི་ང་རྒྱལ་སྤངས་ཀྱང༌། ས་བཞི་པ་ཉིད་ཀྱི་ཚེ་ན་རྣམ་པར་དག་པ་འཕེལ་བས་དུས་གསུམ་གྱི་སངས་རྒྱས་རྣམས་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་པར་ལྟ་བའི་མངོན་པའི་ང་རྒྱལ་མ་སྤངས་པས་ང་རྒྱལ་སྔ་མ་ལས་ཁྱད་པར་དུ་གྱུར་པའི་ང་རྒྱལ་དེའི་གཉེན་པོ་རྣམ་པར་གཞག་པ་ཡིན་ནོ། །རྣམ་པར་དག་པ་ལ་སེམས་


DTG205_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཉམ་པ་ཉིད་ཅེས་བྱ་བ་ལ་རྣམ་པར་དག་པ་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་སྟེ། དེ་ཡང་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དུས་གསུམ་གྱི་སྟོབས་ལ་སོགས་པ་དག་དང་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་སུ་འགྱུར་བ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དག་གོ །སེམས་ཅན་གྱི་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པ་དེ་དག་གི་རྒྱུད་ཐ་མི་དད་པར་མཐོང་བ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་ཐོབ་པ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པར་གནས་པ་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་བསྟན་པ་ཐེབ་པོ་དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་ཤེས་བྱ་ལ་ཤེས་པ་རྣམ་པར་དག་པའི་ཁྱད་པར་གྱི་བདེན་པ་མངོན་པར་རྟོགས་པས་འཁོར་བ་ལ་མི་གནས་པ་དང༌། འདུས་བྱས་ཐམས་ཅད་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་ནས་སེམས་ཅན་སྙིང་བརྩེ་བས་བརྩོན་འགྲུས་སྒྲུབ་པའི་ཁྱད་པར་གྱི་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །དེ་ལ་ཞེས་བྱ་བ་ལ་ཤེས་པ་རྣམ་པར་དག་པའི་ཁྱད་པར་གྱིས་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་བདེན་པ་ལ་སོགས་པས་རབ་ཏུ་ཤེས་པའི་ཕྱིར་བདེན་པའི་ཆོས་ཉིད་རྣམ་པར་གཞག་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྒྱུ་དང་འབྲས་བུ་ཐ་དད་པས་བདེན་པ་གཉིས་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཉིད་ཡིན་ལ། གཉིས་ནི་རྣམ་པར་བྱང་བའི་ཆོས་ཉིད་དུ་རྣམ་པར་གཞག་པས་རབ་ཏུ་ཤེས་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པ་རབ་ཏུ་ཤེས་པའི་ཕྱིར་སེམས་ཅན་ཡོངས་སུ་གྲོལ་བའི་ཐབས་རྣམ་པར་གཞག་པ་ནི་ཉན་ཐོས་ཀྱི་འདུལ་བ་དང༌། ཐེག་པ་ཆེན་པོའི་འདུལ་བ་ཐ་དད་པ་དག་ལ་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་རིམ་པ་ཐམས་ཅད་ལ་མཚམས་སྦྱར་བ་བསྒྲུབས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་ལ་མཁས་


DTG205_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་གཞག་པ་རབ་ཏུ་ཤེས་པ་སྟེ། དེ་གཉིས་ཀྱིས་ནི་བདེན་པ་མངོན་པར་རྟོགས་པས་འཁོར་བ་ལ་མི་གནས་པ་བསྟན་ཏོ། །འདུས་བྱས་ཐམས་ཅད་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་ནས་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་མཚན་མ་མེད་པས་བརྫུན་པ་དང་རྟག་པ་ལ་སོགས་པའི་མངོན་པར་ཞེན་པའི་གཞི་ཡིན་པས་སླུ་བའི་ཆོས་ཅན་དང་དར་བའི་མཐའ་རྒུད་པ་ཡིན་པས་འདུ་ཤེས་པ་དང་ཕུན་སུམ་ཚོགས་པས་སྐྱེ་བོ་བླུན་པོ་ཕྱོགས་པའི་ཕྱིར་བྱིས་པ་འདྲིད་པར་རིགས་པར་བྱའོ། །སེམས་ཅན་རྣམས་ལ་སྙིང་བརྩེ་བས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཞིང༌། བྱམས་པ་ཆེན་པོའི་སྣང་བ་ཡང་རབ་ཏུ་འབྱུང་བ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་རྒྱུ་གཉིས་ཀྱིས་མངོན་དུ་འགྱུར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པས་སྡུག་བསྔལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་དང་དུས་རིང་པོ་ནས་འབྲེལ་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལ། སོ་སོར་རྟོག་པས་སྡུག་བསྔལ་དྲག་པོ་ལ་དམིགས་པ་ལས་སོ། །བྱམས་པ་ཆེན་པོའི་སྣང་བ་ནི་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཙན་དེ་དག་ཤིན་ཏུ་རྣམ་པར་དག་པ་ཐོབ་པར་གྱུར་པ་ནས། སྟོབས་བཅུའི་སྟོབས་ཀྱིས་ཡེ་ཤེས་ཆགས་པ་མེད་པའི་བར་གྱིས་མཐར་ཐུག་པ་ཐོབ་པར་བྱ་བའི་དོན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་དེ་དག་གི་དོན་དུ་བདག་ཉིད་གཅིག་བུ་གཉིས་སུ་མེད་པར་གྱུར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་ཤིང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་བར་བྱེད་པ་སྟེ། དེ་དག་གིས་ནི་མྱ་ངན་ལས་འདས་པ་ལ་མི་གནས་པ་བསྟན་ཏོ། །དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་རྣམ་པར་གཞག་པ་དང༌། སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་རྣམ་པར་གཞག་པ་དང༌། དེ་དང་མཐུན་པར་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པའོ། །དེ་ལ་ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་ཞེས་བྱ་བ་ནི་ཐོས་པ་དང༌། ཚུལ་ཁྲིམས་དང༌། ཤེས་པ་ཡོངས་སུ་འཛིན་པའི་ཁྱད་པར་དུ་རིག་པར་བྱའོ། །སྒྲུབ་པའི་ཁྱད་པར་


DTG205_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་བདེན་པར་མཐོ་བའི་རྒྱུ་དང༌། ངེས་པར་ལེགས་པའི་རྒྱུ་སྒྲུབ་པ་ལ་སོགས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་ཞེས་བྱ་བ་ནི། བསྡུ་པའི་དངོས་པོ་བཞི་ལ་སོགས་པའོ། །དེ་དང་མཐུན་པར་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་གནོད་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡི་གེ་ལ་སོགས་པ་དང༌། སྡོམ་པའི་ཆོ་ག་ལ་གནས་པ་ལ་སོགས་པའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ་མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་དྲུག་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་ནས་དེ་ལ་སྐྱོ་བ་མང་བ་དང༌། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་དྲུག་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་རགས་པ་ཀུན་དུ་འབྱུང་བའོ། །དེ་ཡང་ས་ལྔ་པ་ལ་བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ལ་གནས་སུ་ཟིན་ཀྱང་དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པར་རབ་ཏུ་ཕྱེ་བ་དང༌། དེ་ཤེས་པས་སྡུག་བསྔལ་འགོག་པ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་སྐྱོ་བ་མང་པོ་བསྐྱེད་པར་མི་ནུས་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་མ་འགྱུར་པར་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་ནས་ས་དྲུག་པར་འཕར་བའི་གནས་སྐབས་ན། ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བས་ཆོས་མཉམ་པ་ཉིད་ཐོབ་པས་ས་ལྔ་པ་ལས་འཕར་ཞིང་ས་དྲུག་པ་གནོན་པར་འགྱུར་བ་དེ་ལ་འབད་པའོ། །


DTG205_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ང་རྒྱལ་གྱི་ཁྱད་པར་གྱིས་ཁྱད་པར་རྣམ་པར་གཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་པ་ན། སྔར་ས་བཞི་པ་ལས་གསུམ་པའི་དུས་ན་གང་ཟག་ལ་མངོན་པར་ཞེན་པས་འཕངས་པ་ཆོས་ཁོང་དུ་ཆུད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་པ་དང༌། ས་ལྔ་པས་བཞི་པའི་དུས་ན་དུས་གསུམ་གྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་པ་ལྟ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་པ་དེ་ལས་ཁྱད་པར་དུ་གྱུར་པ་ས་ལྔ་པའི་དུས་ན་ཆོས་ལ་མངོན་པར་ཞེན་པ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐ་དད་པར་ལྟ་བའི་མངོན་པའི་ང་རྒྱལ་དེའི་གཉེན་པོ་རྣམ་པར་གཞག་པ་ལ་བྱའོ། །ཆོས་མཉམ་པ་ཉིད་ཐོབ་པས་ཞེས་བྱ་བས་ནི་སྐྱེ་མཆེད་བཅུ་གཉིས་པོ་དག་གི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་ལ་འབད་པ་ནི་གཉིས་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་མི་གནས་པར་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་གནས་པ་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱིས་ཁྱད་པར་བསྟན་པ་ཐོབ་པའོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བ་དང་བཅས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཆ་ཕྲ་བའི་རྣམ་པ་ཐམས་ཅད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཁོར་བ་ལ་མི་གནས་པའོ། །དེ་ལ་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང༌། སྙིང་རྗེ་ཆེན་པོ་ལ་དབང་བྱ་བ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་འབྱུང་བ་དང༌། འཇིག་པ་ལ་རྣམ་པར་ལྟ་བ་དང༌། དེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྟན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཆ་ཕྲ་བའི་རྣམ་པ་ཐམས་ཅད་ལ་སོ་སོར་རྟོག་པས་ཞེས་བྱ་བ་ལ་ཡེ་ཤེས་རྣམ་པར་དག་པ་


DTG205_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇུག་པ་ཆ་ཕྲ་བ་ལ་སྒོ་གསུམ་ནས་རྟོག་པ་སྟེ། སྒོ་གསུམ་ནི་སྒྲུབ་པ་དང༌། བརྒལ་བའི་ལན་དང༌། མཚན་ཉིད་རྣམ་པར་གཞག་པའི་སྒོ་དང༌། དོན་དམ་པའི་བདེན་པ་རྣམ་པར་གཞག་པའི་སྒོ་དང༌། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་སྒོ་ནས་སོ། །དེ་ལ་སྒྲུབ་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདག་མེད་པར་སྒྲུབ་པའོ། །བརྒལ་བའི་ལན་རྣམ་པར་གཞག་པ་ཞེས་བྱ་བ་ནི་བདག་མེད་དུ་ཟིན་ན། བདག་ནི་མངོན་པར་ཞེན་པ་ཇི་ལྟར་འབྱུང་སྙམ་པ་ལ་བྱིས་པའི་བློ་ཅན་དུ་གྱུར་པའི་ཕྱིར་རོ་ཞེས་ལན་བཏབ་པའོ། །མཚན་ཉིད་རྣམ་པར་གཞག་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དག་མཚན་ཉིད་གང་གིས་རྣམ་པར་གནས་ཤིང་འབྱུང་བ་རྣམ་པར་གཞག་པའོ། །དོན་དམ་པའི་བདེན་པ་རྣམ་པར་གཞག་པའི་སྒོ་ཞེས་བྱ་བ་ནི་ཇི་ལྟར་དེ་ཡོངས་སུ་ཤེས་པས་རྣམ་པར་གྲོལ་བར་གྱུར་པ་དེ་ཡོངས་སུ་བརྟག་པའོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་སྒོ་ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་རྟོགས་པས་དོན་དམ་པའི་བདེན་པ་ལ་འཇུག་པ་སྟེ། དོན་རྣམ་པ་དྲུག་སྟེ། ཀུན་ནས་ཉོན་མོངས་པའི་གནས་ཡོངས་སུ་བརྟག་པ་དང༌། རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་དང༌། ཉེས་དམིགས་བསྡུ་བར་ཡོངས་སུ་བརྟག་པ་དང༌། ཉེས་པ་སྤང་བ་ཡོངས་སུ་བརྟག་པ་དང༌། ཡིད་མི་འབྱུང་བ་དང་ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་དང༌། ཟབ་པ་ཉིད་དུ་ཡོངས་སུ་བརྟག་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་གནས་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་སྲིད་པའི་ཡན་ལག་རྣམ་པ་བདག་དང་བྲལ་བའི་སེམས་ཙམ་ལ་བརྟེན་པས་སེམས་གཅིག་པུ་ལ་བརྟེན་པར་ཡོངས་སུ་བརྟག་པའོ། །རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་བྱེད་པས་ཡན་ལག་གཞན་གྱི་རྒྱུད་ཡོངས་སུ་བརྟག་པའི་ཕྱིར་གཞན་གྱི་རྒྱུད་ཡོངས་སུ་བརྟག་པ་དང༌། མ་རིག་པ་ལ་སོགས་པ་རང་གི་རིགས་ཀྱི་རྒྱུའི་དངོས་པོར་རྐྱེན་དུ་ཡོངས་སུ་བརྟག་པའི་ཕྱིར་བདག་ཉིད་དུ་ཡོངས་སུ་བརྟག་པའོ། །ཉེས་དམིགས་བསྡུས་པར་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ཉོན་མོངས་པ་དང༌། ལས་དང་སྡུག་བསྔལ་


DTG205_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལམ་གསུམ་གྱིས་བསྡུས་པར་བརྟག་པའོ། །ཉེས་པ་ཡོངས་སུ་སྤང་བར་བརྟག་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ལ་ཉེས་པ་གསུམ་ཡོད་པ་གཞན་རྟོག་པ་ཡོངས་སུ་སྤོང་བ་སྟེ། ཉེས་པ་གསུམ་ནི་རྒྱུ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་ལུས་ཅིག་ཅར་མངོན་པར་འགྲུབ་པའི་ཉེས་པ་དང༌། བྱེད་པོ་མེད་པ་ལས་བདག་གིར་བྱ་བ་མེད་པར་འགྱུར་བའི་ཉེས་པ་དང༌། འབྲས་བུ་མ་བསྐྱེད་པར་རྒྱུ་འགག་པས་ལས་རྣམས་ཆུད་ཟ་བའི་ཉེས་པ་སྟེ། ཉེས་པ་དེ་གསུམ་ནི་དུས་གསུམ་གྱི་མཐར་བལྟས་པས་རིམ་བཞིན་དུ་ཡོངས་སུ་སྤང་བར་བརྟག་གོ །ཡིད་མི་འབྱུང་བ་དང༌། ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་ལས་འདུ་བྱེད་ཀྱི་སྡུག་བསྔལ་ཆ་ཕྲ་མོ་ནི་ཡིད་འབྱུང་བར་མི་འགྱུར་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་རགས་པས་ནི་ཡིད་འབྱུང་བར་བརྟག་གོ །ཟབ་པ་ཉིད་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། རང་གི་རྒྱུད་ལས་བྱུང་བའི་ཕྱིར་སྲིད་པའི་ཡན་ལག་རྣམས་གཞན་གྱིས་མ་བྱས་པ་དང༌། རྐྱེན་ལས་བྱུང་བའི་ཕྱིར་སྲིད་པའི་ཡན་ལག་རྣམས་བདག་གིས་མ་བྱས་པ་དང༌། བྱ་བའི་དུས་ན་མི་གནས་པས་བྱེད་པ་མེད་པའི་ཕྱིར་སྐྱེ་བ་ཙམ་ལ་རག་ལས་པས་གཉིས་ཀས་མ་བྱས་པ་དང༌། སྲིད་པའི་ལུགས་བཞིན་དུ་འབྱུང་བས་རྒྱུ་མེད་པ་ལས་མ་བྱུང་བས་ཟབ་པར་ཡོངས་སུ་བརྟག་པ་སྟེ། དེ་དག་གིས་ནི་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཁོར་བ་ལ་མི་གནས་པར་བསྟན་ཏོ། །དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། གཉེན་པོ་འཐོབ་པ་དང༌། མི་མཐུན་པའི་ཕྱོགས་ཉམས་པའི་ཁྱད་པར་དང༌། སྒྲུབ་པ་དང་གནས་པའི་ཁྱད་པར་ཐོབ་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་དང༌། བསམ་པའི་ཁྱད་པར་ཐོབ་པ་དང༌། ནུས་པའི་ཁྱད་པར་ཐོབ་པ་རྣམ་པར་གཞག་པའོ། །དེ་ལ་གཉེན་པོ་ཐོབ་པ་དང་མི་མཐུན་པའི་ཕྱོགས་ཉམས་པའི་ཁྱད་པར་ཞེས་བྱ་བ་ལ། གཉེན་པོ་ཐོབ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ཐོབ་པའོ། །མི་མཐུན་པའི་ཕྱོགས་ཉམས་པ་ཞེས་བྱ་བ་ནི་འདུ་ཤེས་རྣམ་པ་གསུམ་པོ་བདག་དང་གཞན་གྱི་འདུ་ཤེས་དང༌། བྱེད་པ་པོ་དང་ཚེར་བ་པོའི་འདུ་ཤེས་དང༌།


DTG205_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བའོ། །སྒྲུབ་པ་དང་གནས་ཀྱི་ཁྱད་པར་ཐོབ་པ་ཞེས་བྱ་བ་ལ་སྒྲུབ་པའི་ཁྱད་པར་ནི་སྒྲུབ་པ་རྣམ་པ་གཉིས་ཏེ། གོ་ཆའི་སྒྲུབ་པ་འདུས་བྱས་ལ་ཉེས་པ་མང་པོའི་སྐྱོན་ཆགས་པར་ཡོངས་སུ་ཤེས་པ་ལས་དང་ཉོན་མོངས་པའི་འཆིང་བ་དང༌། སྐྱེ་བའི་ཚོགས་པ་སྤོང་པ་སེམས་ཅན་གྱི་དོན་བྱེད་པ་ཁྱད་པར་ཅན་དང༌། སྐྱེས་བུའི་བྱེད་པའི་སྒྲུབ་པ་རྣམ་པར་སུན་འབྱིན་པའི་གཉེན་པོ་ཉེས་པ་མང་པོ་སྐྱོན་ཆགས་པར་སོ་སོར་རྟོག་པ་དང༌། སྤོང་བའི་གཉེན་པོས་རང་དང་སྤྱིའི་མཚན་ཉིད་རང་བཞིན་གྱིས་མེད་པར་སོ་སོར་རྟོག་པའོ། །གནས་པའི་ཁྱད་པར་ནི་ཡེ་ཤེས་དང་སྙིང་རྗེའི་ཁྱད་པར་དང་ལྡན་པས་མི་གནས་པའི་ལམ་ལ་གནས་པ་དང༌། དེའི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པ་དང༌། འདུས་བྱས་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རབ་ཏུ་རྟོགས་པས་དེ་དང་མི་འགྲོགས་མི་གནས་པའོ། །ཏིང་ངེ་འཛིན་གྱི་ཁྱད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་སྒོ་ཏིང་ངེ་འཛིན་འབུམ་ཕྲག་བཅུ་མངོན་དུ་འགྱུར་བའོ། །བསམ་པའི་ཁྱད་པར་ཞེས་བྱ་བ་ནི་བསྟན་པའི་ཕྱིར་མི་ཕྱེད་པའི་བསམ་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་སོང་བ་ཐོབ་པའོ། །ནུས་པའི་ཁྱད་པར་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ནུས་པ་དང༌། ཐེ་ཚོམ་སེལ་བའི་ནུས་པ་དང༌། ཐེག་པ་ལ་མི་གཡོ་བའི་ནུས་པ་དང༌། གསང་བའི་གནས་ལ་མོས་པའི་ནུས་པ་ལ་སོགས་པ་ཐོབ་པའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་བདུན་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། བར་ཆད་མེད་པ་དང༌། རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པའི་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་བདུན་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་ཕྲ་བ་


DTG205_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་འབྱུང་བའོ། །དེ་ཡང་ས་དྲུག་པ་ལ་བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བ་དང༌། དེ་ཤེས་པས་སྡུག་བསྔལ་འགོག་པ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའམ་གནས་སུ་ཟིན་ཀྱང་མངོན་པར་འདུ་བྱེད་པ་དང་རྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ་པར་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་དྲུག་ཕ་ནས་བདུན་བར་འཕར་བའི་གནས་སྐབས་ན་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་ཡང་དག་པར་སྐྱེས་པའི་ལམ་གཞན་རྩོམ་པའི་ཁྱད་པར་ཐོབ་པས་ས་དྲུག་པ་ལས་འཕར་ཞིང་བདུན་པ་ནོན་པར་འགྱུར་བ་དེ་ལ་གནོན་པའོ། །དེ་ལ་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའི་ས་བདུན་པ་གནོན་པ་ནས་སྔར་ས་དྲུག་པ་ལ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་བར་ཕྱོགས་པ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པས་ཤེས་རབ་ཀྱི་ཤས་ནི་ཆེ་ལ། ཐབས་ཀྱི་ཤས་ནི་ཆུང་བས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་སེམས་མངོན་བར་དགའ་ཞིང༌། མངོན་པར་འབྱུང་བའི་ལམ་མངོན་པར་འདུ་བྱེད་པ་ལ་མི་དགའ་བའི་གཉེན་པོ་རྣམ་པར་གཞག་པའོ། །ཐབས་དང་ཤེས་རབ་ཀྱིས་ཡང་དག་པར་བསྐྱེད་པའི་ལམ་གཞན་རྩོམ་པའི་ཁྱད་པར་ཞེས་བྱ་བ་དད། ཐབས་དང་ཤེས་རབ་ཅེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་སེམས་ཅན་ལ་ལྟ་བ་དང་བཅས་པའོ། །ཡང་དག་པར་བསྐྱེད་པ་ཞེས་བྱ་བ་ནི་མངོན་པར་སྒྲུབ་པའོ། །ལམ་ཞེས་བྱ་བ་ནི་གཉེན་པོས་ཟིན་པ་མངོན་པར་འབྱུང་བའི་ལམ་མོ། །གཞན་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་གཞན་དང་འཇིག་རྟེན་པའི་མངོན་པར་འབྱུང་བའི་ལམ་ལས་གཞན་དུ་གྱུར་པའོ། །བསམ་པ་ཞེས་


DTG205_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་སྒྲུབ་པའོ། །ཁྱད་བར་ཞེས་བྱ་བ་ནི་ལམ་གཞན་བརྩམས་པ་དེ་ཡོན་ཏན་བཞིས་ཁྱད་པར་དུ་འཕགས་པ་སྟེ། ལོངས་སྤྱོད་དང༌། ལུས་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པ་དང༌། ཉེས་པར་སྤྱོད་པ་ལས་ཀུན་དུ་བསྲུང་བའི་རྒྱུར་གྱུར་པ་དང༌། དགེ་བའི་རྩ་བ་ཀུན་དུ་བསྲུང་བའི་རྒྱུར་གྱུར་པ་དང༌། སེམས་ཅན་ལ་ཕན་འདོགས་པའི་རྒྱུར་གྱུར་པ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པའོ་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ལ་དེའི་རྣམ་བར་གཡེང་བའི་གཉེན་པོ་རྣམ་པར་གཞག་པ་དང༌། ཟུང་དུ་འབྲེལ་བའི་ལམ་རབ་ཏུ་འཐོབ་པ་རྣམ་པར་གཞག་པ་དང༌། ས་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་གནས་པ་དང༌། འབྲས་བུ་ལེགས་པའི་ཁྱད་པར་གྱིས་ཁྱད་པར་བསྟན་པ་འཐོབ་པའོ། །དེ་ལ་དེའི་རྣམ་པར་གཡེང་བའི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཞི་བའི་ཤས་ཆེ་བའི་གཉེན་པོར་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པའི་རྣམ་པ་བསྒོམ་པ་དང་ཐབས་ཀྱི་ཤས་ཆེ་བའི་གཉེན་པོར་མངོན་པར་འབྱེད་པ་མེད་པའི་ལམ་ལ་སྦྱོར་བ་ཡིན་ནོ། །ཟུང་དུ་འབྲེལ་པའི་ལམ་རབ་ཏུ་ཐོབ་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། གཉིས་ཅིག་ཅར་རྒྱུན་དུ་འབྱུང་བ་དང༌། མོས་པ་རྣམ་པར་གཞག་པའི་ཁྱད་པར་དང༌། དོན་ཆེན་པོ་བྱེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་དབྱེ་བའོ། །དེ་ལ་གཉིས་ཅིག་ཅར་རྒྱུན་དུ་འབྱུང་བས་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་མངོན་སུམ་དུ་བྱེད་ཅིང་སྤྱོད་ལམ་ཐམས་ཅད་དུ་དེ་དང་ལྡན་པའོ། །མོས་པ་རྣམ་པར་དག་པའི་ཁྱད་པར་ཞེས་བྱ་བ་ནི་སྒྲིབ་པ་མེད་པས་སྤྱོད་ལམ་ཐམས་ཅད་ལ་གནས་ཤིང་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པའི་རྣམ་པ་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ནོ། །དོན་ཆེན་པོ་བྱེད་པ་ཞེས་བྱ་བ་ནི་སེམས་བསྐྱེད་པ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་སྒྲུབ་པའོ། །བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གཏེགས་


DTG205_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྡུ་བའི་དངོས་པོ་རྣམས་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་རྟོགས་པའི་བདེན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། རྣམ་པར་ཐར་པའི་སྒོ་རྣམས་དང༌། ཤེས་བྱའི་སྒྲིབ་བ་རྣམ་པར་དག་པར་རྟོགས་པའི་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་ལ་ཡོངས་སུ་རྫོགས་པར་འགྱུར་རོ། །ས་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པ་ཞེས་བྱ་བ་ནི་ས་བདུན་པ་འདི་ས་འོག་མ་རྣམས་ལས་ཁྱད་ཞུགས་པ་དང༌། ས་གོང་མ་བས་དམན་པར་བསྟན་པའོ། །དེ་ལ་འོག་མ་རྣམས་ལས་ཁྱད་ཞུགས་པའི་ཞེས་བྱ་བ་ནི་ས་བདུན་པ་ལ་སྦྱོར་བ་ཅན་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཡེ་ཤེས་དང་མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་རོ། །ས་གོང་མ་བས་དམན་པ་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པར་སྦྱོར་བའི་ཡན་ལག་རྣམས་འབད་པ་དང་བཅས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པའི་ལམ་གྱི་འབྲས་བུ་རྣམ་པར་གཞག་པ་བཞི་སྟེ། ལས་རྣམ་པར་དག་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་དང་ས་ལས་ཤིན་ཏུ་འདས་པ་དང༌། གནས་པའི་ཁྱད་པར་ཐོབ་པའོ། །དེ་ལ་ལས་རྣམ་པར་དག་པ་ལ་ཡང་བཞི་སྟེ། །ཚུལ་ཁྲིམས་རྣམ་པར་དག་པའི་ཁྱད་པར་དད། འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་ཁྱད་པར་དང༌། བསམ་པ་སྦྱོར་བས་མཉམ་པ་མེད་པའི་ལུས་ཀྱི་ཁྱད་པར་ཐོབ་པ་དང༌། བསམ་གཏན་ལ་སོགས་པ་མངོན་སུམ་དུ་བྱེད་པའི་ཁྱད་པར་གྱིས་ནུས་པའི་ཁྱད་པར་ཐོབ་པའོ། །ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོའི་སྒོའི་ཏིང་ངེ་འཛིན་ཡོངས་སུ་སྦྱོར་བར་བྱེད་པ་བརྒྱ་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་པའོ། །ས་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དེ་ཐོབ་ནས་སྙིང་བརྩེ་བ་དང༌། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་པ་དང༌། ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པའི་


DTG205_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྒྱད་པ་དང༌། ཉེ་བར་འགྱུར་བ་ཡིན་ནོ། །གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་ལ་གནས་པ་དང༌། འགོག་པ་མངོན་སུམ་དུ་མི་བྱེད་པ་དང༌། སྲིད་པ་མི་གཏོང་བས་གནས་པའི་ཁྱད་པར་ཐོབ་པ་ཡིན་ནོ། །འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་གསུངས་ཏེ། མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ས་བརྒྱད་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཏེ། མཚན་མ་མེད་པར་རྣམ་པ་དེ་ལ་རྩོལ་བ་ལྷག་པར་བཏང་སྙོམས་སུ་གཞག་པ་དང༌། མཚན་མ་ལ་དབང་ཐོབ་པར་མི་ནུས་པས་ཞེས་བྱ་བས་བསྟན་ཏེ། ས་བརྒྱད་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པའོ། །དེ་ཡང་ས་བདུན་པ་ལ་ལྷག་པའི་ཤེས་རབ་ལ་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མངོན་པར་འདུ་བྱེད་པ་དང་རྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་ལ་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ་པ་དང་ལྡན་པ་ལ་གནས་སུ་ཟིན་ཀྱང་རང་གི་དང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པ་ལ་གནས་པར་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ནས་བརྒྱད་པར་འཕར་པའི་གནས་སྐབས་ན་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུས་པ་ཞེས་བྱ་བས་ས་བདུན་པོ་སྤྱི་དང་སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་དེས་རྣམ་པར་དག་པའི་བཟོད་པ་ཐོབ་པ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་བས་ས་བདུན་པ་ལས་འཕར་ཞིང་བརྒྱད་པ་གནོན་པར་འགྱུར་བ་དེ་ལ་འབད་པའོ། །དེ་ལ་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་དེ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་འཇུག་པ་ན་སྦྱོར་བ་ཅན་གྱི་སྤྱོད་པ་ལ་འཇུག་པའི་ས་


DTG205_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྦྱང་བ་བྱས་པ་བདུན་པོ་དག་ཡོངས་སུ་སྦྱངས་པས་ས་བདུན་པོ་དག་གི་སའི་ཡོན་ཏན་ཐམས་ཅད་ཐོབ་པའོ། །ས་བདུན་པོ་སྤྱི་དང་སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་བ་ལ། ས་བདུན་པོ་སྤྱིས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་བ་ནི་བདག་མེད་པ་རྣམ་པ་གཉིས་གོང་ནས་གོང་དུ་རབ་ཏུ་རྟོགས་པ་དང༌། ཐབས་ཀྱིས་བསྡུས་པའི་ཤེས་རབ་ཀྱིས་མི་གནས་པའི་ལམ་དེ་ཡོངས་སུ་སྦྱོང་བ་དང༌། སྦྱོར་བས་བསྡུས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཡོན་ཏན་ཐོབ་པའོ། །ས་བདུན་པོ་སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་བ་ནི་ས་དང་པོ་ལ་སྨོན་ལམ་ཤིན་ཏུ་བཏབ་པ་ལ་སོགས་པ་དང་ས་གཉིས་པ་ལ་དེ་ལྟ་བས་ན་བདག་གི་མངོན་པར་སྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་སྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་ས་གསུམ་པ་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ལས་མི་ཉམས་པའི་བསམ་གཏན་ལ་སོགས་པ་ཐོབ་པའི་ཕྱིར་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཐོབ་པ་དང༌། ས་བཞི་པ་ལ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཐོབ་པས་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཆོས་ཡིད་ལ་བྱ་བ་དང་ལྡན་པ་དང༌། ས་ལྔ་པ་ལ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཀྱིས་ལྷག་པའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་དང༌། ས་དྲུག་པ་ལ་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྲ་མོའི་རྣམ་པ་ཐམས་ཅད་ལ་རྟོག་པས་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་དང༌། ས་བདུན་པ་ལ་ལམ་གཞན་བརྩམས་པའི་ཁྱད་པར་རྣམས་ཀྱིས་སེམས་ཅན་རྣམས་ལ་སྦྱོར་བ་མི་གཏོང་བ་དང༌། དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པའི་རྣམ་པ་བསྒོམས་པ་ལ་སོགས་པའི་ཡོན་ཏན་ཇི་སྐད་བསྟན་པ་ཐམས་ཅད་འདིས་ཐོབ་པའོ། །རྣམ་པར་དག་པའི་བཟོད་པ་འཐོབ་པ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པར་གྱུར་པའི་དམིགས་པའི་ཆོས་ཐོབ་པའོ། །མི་སྐྱེ་བའི་


DTG205_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་བཟོད་པའི་དམིགས་པ་ཐོབ་པ་ཞེས་བྱ་བ་ནི་མི་སྐྱེ་བ་རྣམ་པ་བཞི་སྟེ། ཡོད་པ་མི་སྐྱེ་བ་དང༌། རང་བཞིན་མི་སྐྱེ་བ་དང༌། གྲངས་ཐ་དད་པ་མི་སྐྱེ་བ་དང༌། །ལས་ཐ་དད་པ་མི་སྐྱེ་བའོ། །དེ་ལ་ཡོད་པ་མི་སྐྱེ་བ་ཞེས་བྱ་བ་ནི་གཞན་གྱིས་ཡོད་པར་བརྟགས་པ་རྣམ་པ་བདུན་པོ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་སྔ་ནས་ཡོད་པ་དང༌། གསར་དུ་སྐྱེ་བ་ཡོད་པ་དང༌། མཚན་ཉིད་ཡོད་པ་དང༌། ཐ་མའི་མཐའ་ཡོད་པ་དང༌། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཐོག་མའི་མཐའ་ཡོད་པ་དང༌། སེམས་ཅན་རྣམས་ཀྱི་མཐའ་རྫོགས་པ་ཡོད་པ་དང་རྣམ་པར་བྱང་ནས་ཀུན་ནས་ཉོན་མོངས་པ་ཡོད་པར་བརྟགས་པ་དེ་དག་མི་སྐྱེ་བའོ། །རང་བཞིན་མི་སྐྱེ་བ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་རང་བཞིན་མི་སྐྱེ་བའོ། །གྲངས་ཐ་དད་པའི་མི་སྐྱེ་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་དུས་གསུམ་དུ་འབྲི་བ་དང༌། འཕེལ་བའི་གྲངས་ཐ་དད་པ་མི་སྐྱེ་བའོ། །ལས་ཐ་དད་པ་མི་སྐྱེ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ཐ་དད་དུ་བྱ་བ་མི་སྐྱེ་བ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་བཞི་པོ་དེ་དག་ཐོབ་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པ་དང༌། གནས་པའི་ཁྱད་པར་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱི་ཁྱད་པར་དང༌། ངེས་པའི་ཚིག་རབ་ཏུ་དབྱེ་བས་གནས་པ་དང༌། འབྲས་བུ་ལེགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བསྟན་པ་ཐོབ་པའོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པ་ཞེས་བྱ་བ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་རློམ་སེམས་ཅན་དང་ཡུལ་རྣམ་པར་རིག་པས་བསྡུས་པའི་རྣམ་པར་རྟོག་པའི་རང་བཞིན་གྱི་འདུ་ཤེས་དང་བྲལ་བ་སྟེ། དེ་ཡང་རྣམ་པ་གསུམ་གྱིས་ས་འོག་མ་ལས་ཁྱད་པར་དུ་འཕགས་ཏེ། ལྷུན་


DTG205_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པ་དང༌། ཁྱབ་པ་དང༌། རང་གི་ཚུལ་གྱི་དེ་བཞིན་ཉིད་ལ་བཞུགས་པའི་ཕྱིར་མི་གཡོ་བས་ཁྱད་པར་དུ་འཕགས་སོ། །དེ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་སྔར་ས་བདུན་པ་ནས་བརྒྱད་པར་འཕར་བའི་གནས་སྐབས་ན་རྣམ་པར་དག་པའི་བཟོད་པ་འཐོབ་པ་ཞེས་བྱ་བ་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་པའི་རྒྱུས་ས་བརྒྱད་པ་ལ་རྣམ་པར་དག་པའི་བཟོད་པ་ཐོབ་པར་གྱུར་པ་ཉིད་ཡིན་ནོ། །གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། གནས་པ་སྔ་མའི་སྐྱོན་སྤངས་པ་དང༌། ཞི་བའི་མཐའ་ལས་བཟློག་པ་དང༌། ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་བསྒྲུབ་པའོ། །དེ་ལ་གནས་པ་སྔ་མའི་སྐྱོན་སྤངས་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་བ་སྔ་མ་ལ་དེའི་སྐྱོན་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་སྤངས་པ་སྟེ། རྩོལ་བར་མངོན་པར་འདུ་བྱེད་པར་སྤངས་པ་དང༌། རྣམ་པར་དག་པའི་གནས་གོང་མ་ལ་སྙིང་ལས་སུ་གྱུར་པ་སྤངས་པ་དང༌། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་གྱུར་པ་སྤངས་པ་དང༌། འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་སྤངས་པའོ། །དེ་ལ་རྩོལ་བའི་མངོན་པར་འདུ་བྱེད་པ་སྤངས་པ་ཞེས་བྱ་བ་ནི་གནས་པ་ཟབ་མོ་ཐོབ་པའོ། །རྣམ་པར་དག་པའི་གནས་པ་གོང་མ་ལ་སྙིང་ལས་སུ་གྱུར་པ་སྤངས་པ་ཞེས་བྱ་བ་ནི་དཔེར་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་གཡོ་བ་དང་རློམ་སེམས་དང་བྲལ་བ་བཞིན་དུ་འདི་ཡང་འབད་པ་ཐམས་ཅད་དང་བྲལ་ཏེ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ལུས་དང་དག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་རྣམ་པར་སྨིན་པ་ལ་གནས་པ་ཞི་བ་ཉིད་ཐོབ་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་གྱུར་པ་སྤངས་པ་ཞེས་བྱ་བ་ནི་དཔེར་ན་མི་གཉིད་ཀྱིས་ལོག་པའི་རྨི་ལམ་ན་བདག་ཉིད་ཆུ་བོ་ཆེན་པོས་ཁྱེར་བ་ལས་ཅི་ཐར་དུ་འབད་ཅིང་རྩོལ་བ་ཆེན་པོས་རྩོལ་བ་ལས་དེ་ཉིད་ཀྱིས་སད་མ་ཐག་ཏུ་འབད་ཅིང་རྩོལ་བ་ཐམས་ཅད་བྲལ་བ་བཞིན་དུ་འདི་ཡང་སེམས་ཅན་གྱི་ཚོགས་ཆུ་བོ་ཆེན་པོ་བཞིས་ཁྱེར་བར་ཤེས་ནས་འབད་ཅིང་རྩོལ་བ་ཆེན་པོ་རྩོམ་པ་ལས་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་འབད་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་


DTG205_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཞེས་བྱ་བ་ནི་དཔེར་ན་ཚངས་པའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀུན་དུ་མི་འབྱུང་བ་བཞིན་དུ་འདི་ལ་ཡང་ས་འོག་མའི་སེམས་དང་རྣམ་པར་ཤེས་པའི་ཀུན་དུ་འབྱུང་བ་ཀུན་དུ་མི་འབྱུང་བ་ཡིན་ནོ། །ཞི་བའི་མཐའ་ལས་བཟློག་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པས་བསྐུལ་བ་དང༌། ཡང་དག་པར་འཛིན་དུ་འཇུག་པ་དང༌། མངོན་པར་སྒྲུབ་པའི་སྒོ་སྟོན་པའོ། །དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་མ་ཐོབ་པ་ཐོབ་པར་བྱེད་ནུས་པའི་དབང་དུ་བྱས་ནས་བཟློག་པར་མཛད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་དོན་ཆེ་བའི་དབང་དུ་བྱས་ནས་བཟློག་པར་མཛད་པ་དང༌། སྨོན་ལམ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡེ་ཤེས་ཀྱི་ཚོགས་འབྲས་བུ་མེད་པར་འགྱུར་བའི་དབང་དུ་མཛད་ནས་བཟློག་པར་མཛད་པ་དང༌། ཐུན་མོང་མ་ཡིན་པའི་དོན་གྱིས་དུབ་པ་འབྲས་བུ་མེད་པར་འགྱུར་བའི་དབང་དུ་བྱས་ནས་བཟློག་པར་མཛད་པའོ། །ཡང་དག་པར་འཛིན་དུ་གཞུག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ནུས་པ་ཡང་དག་པར་འཛིན་དུ་གཞུག་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བར་གནས་པའི་ཁྱད་པར་ཡང་དག་པར་འཛིན་དུ་གཞུག་པ་དང༌། འཇིག་རྟེན་གྱི་ཁམས་དང་སེམས་ཅན་དང་ཆོས་རབ་ཏུ་དབྱེ་བ་ཇི་ལྟར་མཐོང་བས་བྱང་ཆུབ་པར་བསྟན་པ་ཡང་དག་པར་འཛིན་དུ་གཞུག་པའོ། །མངོན་པར་སྒྲུབ་པའི་སྒོ་སྟོན་པ་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་ཚད་མེད་པ་དེ་དག་ལ་སོགས་པ་གང་དག་གིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་སྒྲུབ་པའི་ལས་མངོན་པར་བསྒྲུབ་པ་དག་ཉེ་བར་སྒྲུབ་པར་མཛད་པའོ། །ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཡོན་ཏན་ཡོངས་སུ་འཛིན་པའི་རྒྱུའི་ཁྱད་པར་དང་མངོན་པར་ཤེས་པ་མྱུར་བའི་རྒྱུའི་ཁྱད་པར་རོ། །དེ་ལས་ཡོན་ཏན་ཡོངས་སུ་འཛིན་པའི་རྒྱུའི་ཁྱད་པར་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། ཚོགས་སོགས་པ་དང༌། སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་ནས་ཡེ་ཤེས་


DTG205_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པའོ། །མངོན་པར་ཤེས་པ་མྱུར་བའི་རྒྱུའི་ཁྱད་པར་ཞེས་བྱ་བ་ནི་དཔེར་ན་རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་པའི་འགྲོ་བར་བྱ་བར་རྒྱ་མཚོ་ཆེན་པོ་ལ་ཞེན་མ་ཐག་ཏུ་རླུང་གིས་དལ་གྱིས་བསྐྱོད་ནས་ཆེད་དུ་བསྐྱོད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཞིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་བརྒྱ་སྟོང་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་བར་གནོན་པར་མི་ནུས་པ་དེ་ལྟ་བུས་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ཡང་རྣམ་པ་གསུམ་སྟེ། སྣོད་ཀྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་དང༌། སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་དང༌། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བའོ། །དེ་ལ་སྣོད་གྱི་འཇིག་རྟེན་ལ་དབང་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། གང་འདོད་པ་དེ་ཀུན་དུ་སྟོན་པའམ་མི་སྣང་བར་བྱེད་པ་དང༌། ཅི་འདྲ་བ་འདོད་བ་དེ་འདྲ་བ་སྟོན་པ་དང༌། དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྟོན་པ་དང༌། བསྡུས་པ་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་དང༌། ཇི་སྙེད་འདོད་པ་དེ་སྙེད་སྟོན་པའོ། །སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་ཕྱིར་ཞེས་བྱ་བ་ནི་དེ་དག་གི་ནང་དུ་རང་གི་ལུས་རྣམ་པར་ཕྱེ་བ་སྟོན་པ་ལ་དབང་བྱེད་པའི་ཕྱིར་སྦྱོར་བ་སྟེ། གདུལ་བ་རྣམས་ཀྱི་ལུས་དང་སེམས་དང་མཐུན་པའི་ལུས་དང་སེམས་སྟོན་པའོ། །ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། དོན་དམ་པའི་ཡེ་ཤེས་དང༌། ཀུན་རྫོབ་ཀྱི་ཡེ་ཤེས་སོ། །དེ་ལ་དོན་དམ་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད་ཡོངས་སུ་མི་གཅོད་པས་ལུས་སུ་རྣམ་པར་རྟོག་པ་ཐམས་


DTG205_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མེད་པ་དང་ལུས་མཉམ་པ་ཉིད་ཐོབ་པའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གཉིས་ཀ་མ་ཡིན་པར་ཤེས་པའི་ཕྱིར་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་དང༌། དེ་སྐྱེ་བའི་རྒྱུ་ལས་ཀྱི་ལུས་དང༌། ཐེག་པ་རྣམ་པ་གསུམ་གྱི་ཡེ་ཤེས་དང༌། ཆོས་ཀྱི་ལུས་དང་ནམ་མཁའི་ལུས་རབ་ཏུ་ཤེས་པའོ། །དབང་ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་གྱི་འཇིག་རྟེན་དང༌། ཡེ་ཤེས་མངོན་པར་རྫོགས་བར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བའི་རྣམ་པ་གསུམ་གྱིས་བྱང་ཆུབ་སེམས་དཔའི་དབང་བཅུ་ཐོབ་པའོ། །ཆེ་བ་ཉིད་ཀྱི་ཁྱད་པར་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། ཡེ་ཤེས་ཀྱི་ཆེ་བ་ཉིད་དང༌། ལས་ཀྱི་ཆེ་བ་ཉིད་དང༌། དེ་གཉིས་ཀའི་གནས་ཡོན་ཏན་གྱི་ཆེ་བ་ཉིད་དོ། །དེ་ལ་ཡེ་ཤེས་ཀྱི་ཆེ་བ་ཉིད་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ཡང་བསྒོམ་པ་ཁྱད་པར་ཞུགས་པས་བསམ་གྱིས་མི་ཁྱབ་པ་དང༌། ཤེས་བྱ་རབ་ཏུ་རྟོགས་པས་བསམ་གྱིས་མི་ཁྱབ་པ་དང༌། མི་མཐུན་པའི་ཕྱོགས་བསལ་བས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ལས་ཀྱི་ཆེ་བ་ཉིད་ཅེས་བྱ་བ་ནི་དེ་ལྟ་བུའི་ཡེ་ཤེས་ཀྱི་རྗེས་སུ་སོང་ཞིང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོབ་ཤིན་ཏུ་མེད་པ་ཀུན་དུ་འབྱུང་བ་སྟེ་དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་འབྱུང་བར་བྱེད་པ་དང༌། འབྱུང་བའི་དུས་ན་བྱུང་བས་ཁ་ན་མ་ཐོ་བ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ལམ་གྱིས་ལམ་ཡོངས་སུ་འཛིན་པས་ཁ་ན་མ་ཐོ་བ་མེད་པ་དང༌། བདག་དང་གཞན་གྱི་སྦྱོར་བའི་རྒྱུས་རྒྱུ་ཡོངས་སུ་འཛིན་པས་ཁ་ན་མ་ཐོ་བ་མེད་པ་དང༌། སེམས་ཅན་གྱི་དོན་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྡུད་པའི་བྱ་བ་སྒྲུབ་པས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །དེ་གཉིས་ཀའི་གནས་ཡོན་ཏན་གྱི་ཆེ་བ་ཉིད་ཅེས་བྱ་བ་ནི་ཡོན་


DTG205_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྣམ་པ་བདུན་གི་དབང་དུ་བྱས་པ་སྟེ། ཤིན་ཏུ་བརྟན་པའི་ལམ་གྱི་ཡོན་ཏན་དང༌། ཉམས་པ་མེད་པའི་ཡོན་ཏན་དང༌། ངག་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། སེམས་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། རྒྱུའི་ཡོན་ཏན་དང༌། སྦྱོར་བའི་ཡོན་ཏན་དང༌། འདུས་པའི་ཡོན་ཏན་ནོ། །ངེས་པའི་ཚིག་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་དང༌། གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བ་སྟེ། དེ་ནི་འོག་ནས་མིང་ལ་མཁས་པའི་སྐབས་སུ་རྒྱ་ཆེར་སྟོན་ཏོ། །འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ས་དགུ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། རྣམ་གྲངས་དང་མཚན་ཉིད་ངེས་པའི་ཚིག་དང་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་ས་དགུ་པའི་མི་མཐུན་པའི་ཕྱོགས་ནི་སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱ་བ་མེད་པའོ། །དེ་ཡང་ས་བརྒྱད་པ་ལ་མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤས་ཆེར་བསྒོམས་པས་རང་གི་ངང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པ་ལ་གནས་སུ་ཟིན་ཀྱང་བློ་གྲོས་རྒྱ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང༌། དེའི་མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་མི་ནུས་པ་ཉིད་ཡིན་པར་སྦྱོར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བརྒྱད་པ་ནས་ས་དགུ་པར་འཕར་བའི་གནས་སྐབས་ན་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བདག་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་ཆོས་ཐོབ་པས་ས་བརྒྱད་པ་ལས་འཕར་ཞིང་དགུ་པ་གནོན་པར་གྱུར་པའི་ཆོས་དེ་


DTG205_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབད་པའོ། །དེ་ལ་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་ཡེ་ཤེས་ཚད་མེད་པས་རྣམ་པར་དཔྱད་པའི་བློས་བྱང་ཆུབ་སེམས་དཔའི་ས་དགུ་པ་གནོན་པ་ནས་བརྒྱད་པ་ལ་གནས་པའི་ཁྱད་པར་ཐབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱི་ཁྱད་པར་ཐོབ་པ་ཙམ་གྱིས་ཆོག་པར་མི་འཛིན་པར་གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རྗེས་སུ་འགྲོ་བའི་རིམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་རྒྱུའི་ཆོས་ཕུན་སུམ་ཚོགས་པ་ལ་བྱའོ། །བདག་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་ཆོས་ཐོབ་པ་ཞེས་བྱ་བ་ནི་གཟུགས་མེད་པ་རྣམས་སུ་ཐར་པ་ཐོབ་པར་འགྱུར་བར་འདུ་ཤེས་བའི་གདུལ་བ་བཟློག་པས་གཞན་གྱི་དོན་དང༌། སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་པ་ཐོབ་པར་བྱེད་པས་བདག་གི་དོན་ལ་སོགས་པའི་ཆོས་ཐོབ་པ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དང༌། བཤད་པ་ཕུན་སུམ་ཚོགས་པས་གནས་པ་དང༌། འབྲས་བུ་ལེགས་པའི་ཁྱད་པར་གྱིས་ཁྱད་པར་བསྟན་པ་ཐོབ་པོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོས་བཤད་པར་བྱ་བ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཤེས་ནས་སྟོན་པར་བྱེད་པའོ། །སྤྱོད་པ་འཇུག་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱོད་པ་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་གནས་པ་དང་བཅས་པ་ལས་བརྩམས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འགྲོ་བ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ངེས་པ་དང༌། མ་ངེས་པར་རྣམ་པར་གནས་པ་ལས་བརྩམས་ཏེ། དེ་དག་གི་སྤྱོད་པ་ཐིབས་པོ་རྒྱུ་བ་ཡོངས་སུ་ཤེས་པར་བྱེད་པའོ། །བཤད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་གྱི་སྤྱོད་པ་རྣམ་པ་ཐ་དད་པ་དེ་ལྟ་བུ་དག་ཤེས་ནས་དེ་བཞིན་དུ་ཐར་པའི་ཉེ་བར་སྒྲུབ་པ་ཉེ་བར་སྒྲུབ་པ་སྟེ། དེ་


DTG205_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པ་གསུམ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། ངག་ཕུན་སུམ་ཚོགས་པ་དང༌། སྨྲ་བ་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གང་ཤེས་ནས་གང་གི་དབང་དུ་བྱས་ཏེ་སྟོན་པའོ། །གང་ཤེས་ནས་སྟོན་ཅེ་ན། ཡོངས་སུ་སྨིན་པར་གྱུར་བས་རྣམ་པར་གྲོལ་བའི་སྣོད་དང༌། གདུལ་བས་རྣམ་པར་གྲོལ་བའི་རང་བཞིན་དང༌། ཐེག་པ་གསུམ་ཐ་དད་པས་རྣམ་པར་གྲོལ་བའི་རབ་ཏུ་དབྱེ་བ་ཤེས་ནས་སྟོན་པའོ། །གང་གི་དབང་དུ་བྱས་ཏེ་སྟོན་ཞེ་ན། གཉེན་པོའི་མན་ངག་གི་སྣོད་དང༌། ཆོས་བསྟན་པའི་སྣོད་དང༌། དཔེ་ཇི་ལྟ་བུ་ཉེ་བར་སྒྲུབ་པའི་སྣོད་དང༌། རྣམ་གྲངས་ཇི་ལྟ་བུའི་སྣོད་ལ་སོགས་པའི་དབང་དུ་བྱས་ཏེ་སྟོན་པའོ། །དེ་ལ་ངག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟར་ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་སྒྲུབ་པའི་ཚིག་གིས་ཆོས་སྟོན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་མ་འདྲེས་པ་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྟག་ཏུ་འབྱུང་བའོ། །སོ་སོ་ཡང་དག་པར་རིག་པ་བཞིའི་ཡུལ་ནི་ཆོས་ཉིད་དང༌། ཆོས་ཉིད་སྤྱོད་ཡུལ་དང༌། གོ་བར་བྱེད་པ་སྒོ་དུ་མ་སྟེ་གོ་རིམས་བཞིན་ནོ། །དེ་ལ་ཆོས་ཉིད་ཅེས་བྱ་བ་ནི་མཐའ་གཉིས་རྣམ་པར་སྤངས་པའི་རིགས་ཀྱིས་བསྡུས་པའི་ཆོས་གང་ཡིན་པའོ། །ཆོས་ཉིད་སྤྱོད་ཡུལ་ཞེས་བྱ་བ་ནི་རིགས་ཀྱིས་བསྡུས་པའི་ཆོས་ཉིད་དེ་ཉིད་ཇི་ལྟར་ཤེས་པའི་ཡུལ་དུ་གྱུར་པའོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་ཤེས་པའི་ཡུལ་དེ་ཉིད་བརྗོད་པར་གོ་བར་བྱེད་པའོ། །གོ་བར་བྱེད་པའི་སྒོ་དུ་མ་ཞེས་བྱ་བ་ནི་བརྗོད་པས་གཞན་ལ་གོ་བར་བྱེད་པ་དེ་ཉིད་ཀྱི་རྣམ་གྲངས་ཚད་མེད་པ་ཤེས་པའོ། །སྨྲ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། གཟུངས་ཕུན་སུམ་


DTG205_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང༌། རབ་ཏུ་སྟོན་པ་ཕུན་སུམ་ཚོགས་པ་དང༌། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང༌། འཛིན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གཟུངས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་དེ་ལྟར་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དེ་ལ་མཁས་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཐོས་པ་ཆོས་སྨྲ་བ་ཆེན་པོ་བྱེད་པ་དེ་དོན་དང་ལྡན་པའི་གཟུགས་ལ་སོགས་པ་གཟུངས་ཀྱི་སྒོ་གྲངས་མེད་བ་བརྒྱ་སྟོང་ཕྲག་བཅུ་ཐོབ་སྟེ། གཟུངས་ཀྱི་སྒོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་མཁས་པ་དེ་སྙེད་དུ་ཚད་མེད་པ་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་ཆོས་སྟོན་པའོ། །རབ་ཏུ་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟ་བུའི་གཟུངས་ཐོབ་ཅིང་སྤོབས་པ་ཐོབ་པས་ཆོས་ཀྱི་གཏམ་བྱ་བའི་ཕྱིར་འདུག་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ཆོས་ཀྱི་སྟན་ལ་འདུག་ཅིང་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་སྟེ་སེམས་ཅན་རྣམས་ལ་ཆོས་སྟོན་པའོ། །དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ན་སྟོང་གཉིས་པ་དང༌། སྟོང་གསུམ་པ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་གཏོགས་པའི་སེམས་ཅན་རྣམས་ལྷགས་ཏེ། དེ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དྲི་བ་ཡོངས་སུ་འདྲི་ཞིང་དེ་དག་རེ་རེས་ཀྱང་སྒྲ་རྣམས་ཐ་དད་པ་ཚད་མེད་པས་ཡོངས་སུ་དྲིས་ལ། གཅིག་གིས་གང་དྲིས་པ་དེ་གཉིས་པས་མ་ཡིན་ན་ཡང་བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཉིད་ལ་ཐམས་ཅད་བཟུང་སྟེ། ཚིག་གཅིག་བརྗོད་པས་ཐམས་ཅད་གོ་བར་བྱེད་པའོ། །འཛིན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་བས་ཀྱང་ཡེ་ཤེས་ཀྱི་སྣང་བ་འདི་ལྟ་བུ་རབ་ཏུ་འཛིན་པར་རྩོམ་སྟེ། གལ་ཏེ་སྐྲའི་རྩེ་མོའི་གོ་གཅིག་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ལ། དེ་སྙེད་དུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་ན་ཆོས་སྟོན་ཅིང་དེ་བཞིན་


DTG205_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེ་དག་རེ་རེས་ཀྱང་དེ་སྙེད་དུ་ཚད་མེད་པའི་སེམས་ཅན་རྣམས་ལ་ཆོས་ཐ་དད་པ་སྟོན་ལ། སེམས་ཅན་གྱི་བསམ་པའི་རྒྱུད་རེ་རེ་ལ་ཡང་དེ་ཉིད་དུ་ཚད་མེད་པའི་ཆོས་ཉེ་བར་སྒྲུབ་པ་ཉེ་བར་བསྒྲུབ་སྟེ། དེ་བཞིན་གཤེགས་པ་གཅིག་གིས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་ལ། སྐྲའི་རྩེ་མོའི་གོ་གཅིག་ལ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ན་ཡང་དེ་བཞིན་ན་ཡང་དེ་ཐམས་ཅད་ཟིན་པར་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་འཛིན་པ་བརྩོན་པར་བྱེད་པ་ཡིན་ནོ། །འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱ་བ་མེད་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ས་བཅུ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་བཅུ་པའི་མི་མཐུན་པའི་ཕྱོགས་ནི་ཆོས་རྣམས་ལ་དབང་མ་ཐོབ་པའོ། །དེ་ཡང་ས་དགུ་པ་ལ་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས་བློ་གྲོས་ཆེན་པོ་རྒྱ་ཆེ་བ་ཤིན་ཏུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ལ་གནས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་གང་ལ་གནས་ནས། བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པ་སྐྱེ་བ་གཅིག་གིས་ཐོགས་པའམ་ཡང་ན་སྲིད་པ་ཐ་མར་གྱུར་ཏེ། གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པར་འགྱུར་བའི་གནས་པ་མ་ཐོབ་པ་ཉིད་ཡིན་པར་སྦྱར་རོ། །གཉེན་


DTG205_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྒོམ་པ་གང་ཞེ་ན། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ནས་བཅུ་པར་འཕར་བའི་གནས་སྐབས་ན་ཡོངས་སུ་སྦྱང་བ་བྱས་པའི་ས་ཡོངས་སུ་རྫོགས་པ་ཞེས་བྱ་བ་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བས་ས་དགུ་པོ་རྣམས་ཡོངས་སུ་རྫོགས་པར་བྱས་པ་ཐོབ་པས་དགུ་པ་ལས་འབར་ཞིང་བཅུ་པ་གནོན་པར་འགྱུར་བ་དེ་ལ་འབད་པའོ། །དེ་ལ་ཡོངས་སུ་སྦྱང་བར་བྱ་བའི་ས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་ས་དགུ་པའི་བར་དུ་ཤེས་བྱ་ཚད་མེད་ལ་རྣམ་པར་བརྟགས་པའི་བློས་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་བར་ཕྱེ་བ་དེ་བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནོན་པ་ན། ཤེས་བྱ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པས་ས་དགུ་པོ་དག་གི་སའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ། །རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་ས་དགུ་པའི་ཡེ་ཤེས་རྣམ་པར་འབྱེད་པ་ཞེས་བྱ་བས་ཤེས་བྱའི་རྣམ་པ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་བཅུ་པ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང༌། དབང་བསྐུར་བ་ཐོབ་པ་དང༌། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་དང༌། སའི་ངེས་པའི་ཚིག་དང༌། མཐུ་བླ་ན་མེད་པ་དང༌། བླ་ན་ཡོད་པས་གནས་པ་དང༌། འབྲས་བུ་ལེགས་པའི་ཁྱད་པར་གྱིས་ཁྱད་པར་བསྟན་པ་འཐོབ་པའོ། །དེ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་བའི་ས་ཐོབ་པ་དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་འཁོར་དང་བཅས་པ་ལ་སོགས་པ་ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་མངོན་དུ་གྱུར་ཅིང་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང༌། ཏིང་ངེ་འཛིན་ལ་མཁས་པ་དང༌། ཏིང་ངེ་འཛིན་གྱི་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་མྱོང་བ་དང༌། ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཇི་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་པའོ། །དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། སྟན་གང་དང༌། ལུས་ཀྱི་ཚད་ཇི་


DTG205_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པ་དང༌། འཁོར་གང་དང༌། མཚན་མ་གང་འབྱུང་བར་འགྱུར་བ་དང༌། གང་གིས་དང༌། ཇི་ལྟར་དབང་བསྐུར་བའོ། །དེ་ལ་སྟན་གང་ལ་དབང་བསྐུར་ཞེ་ན། མཚན་ཉིད་རྣམ་པ་བཅུ་དང་ལྡན་པའི་སྟན་ལ་སྟེ། ཚད་ཀྱི་མཚན་ཉིད་ནི་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་གཏོས་དང་མཉམ་པའོ། །མཆོག་གི་རང་བཞིན་གྱི་རྗེས་དང་འབྲེལ་བའི་མཚན་ཉིད་ནི་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པད་མའོ། །མཚན་ཉིད་ཀྱི་རང་བཞིན་གྱིས་ཁྱད་པར་གྱི་མཚན་ཉིད་ནི་རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱིས་སྤྲས་པའོ། །སའི་མཚན་ཉིད་ནི་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པའོ། །རྒྱུའི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བའོ། །གྲུབ་པའི་མཚན་ཉིད་ནི་སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་དུ་ཡོངས་སུ་གྲུབ་པའོ། །དོན་དམ་པའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་ལ་ཤིན་ཏུ་གནས་པར་སྣང་བའོ། །ལྷའི་དྲི་བསུང་ལས་ཤིན་ཏུ་འདས་པས་ཡོན་ཏན་གྱི་མཚན་ཉིད་ནི་ལྷའི་ཡུལ་ལས་ཤིན་ཏུ་འདས་པའོ། །ཆུ་བ་ལ་སོགས་པ་རང་བཞིན་གྱི་མཚན་ཉིད་ནི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་ཆེན་པོའི་ཆུ་བ་ཅན། ཙན་དན་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། རྡོའི་སྙིང་པོ་ཆེན་པོའི་ཟེ་བ་ཅན་འཛམ་བུ་ཆུ་བོའི་གསེར་ལྟར་སྣང་བའི་ལོ་མ་ཅན་འོད་ཟེར་དཔག་ཏུ་མེད་པས་རྒྱས་པའི་ལུས་ཅན་ནོ། །རྒྱན་གྱི་མཚན་ཉིད་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ནང་རབ་ཏུ་སྤྲས་པ་རིན་པོ་ཆེའི་དྲ་བ་མུ་མེད་པས་ཀུན་ནས་གཡོགས་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པད་མའི་འཁོར་དང་ལྡན་པ་ཡིན་ནོ། །ལུས་ཀྱི་ཚད་ཇི་ཙམ་ལ་དབང་བསྐུར་ཞེ་ན། སྟན་དེའི་རྐྱེན་དུ་བབ་པའི་ལུས་ཀྱི་ཚད་ལ་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་བབ་པར་གནས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་རིན་པོ་ཆེ་ཆེན་པོའི་པད་མའི་སྟན་དེ་ལ་འདུག་པར་ཀུན་དུ་སྣང་ངོ༌། །འཁོར་གང་གི་ནང་ན་དབང་བསྐུར་ཞེ་ན། རིན་པོ་ཆེ་ཆེན་པོའི་པད་མའི་སྟན་དེའི་འཁོར་གྱི་པད་མ་དག་ལ་འཁོད་པའི་བྱང་ཆུབ་སེམས་དཔའི་འཁོར་


DTG205_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནང་དུ་སྟེ། བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པད་མ་དེ་ལ་འདུག་མ་ཐག་ཏུ་དེ་ནས་རིན་པོ་ཆེའི་རྒྱལ་པོའི་འཁོར་པད་མ་ཇི་སྙེད་བྱུང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔས་དེ་བསྐོར་ནས་པད་མ་དེ་དག་ལ་འཁོད་པར་སྣང་སྟེ། བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་དེ་དག་རེ་རེ་ལ་ཡང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །མཚན་མ་གང་བྱུང་བར་གྱུར་ན་དབང་བསྐུར་ཞེ་ན། འོད་ཟེར་བྱུང་བ་སྟེ། འོད་ཟེར་དེ་ཡང་ལས་གསུམ་དང་ལྡན་པ་ཡིན་ཏེ། ཕན་འདོགས་པའི་ལས་ཅན་དང༌། སྦྲོན་པའི་ལས་ཅན་དང༌། འགུགས་པའི་ལས་ཅན་ནོ། །དེ་ལ་ཕན་འདོགས་པའི་ལས་ཅན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པད་མའི་སྟན་དེ་ལ་འདུག་མ་ཐག་ཏུ་དེའི་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་ཡན་ལག་རེ་རེ་ནས་ཀྱང་འོད་ཟེར་གྲངས་མེད་པ་བརྒྱ་ཕྲག་བཅུ་བཅུ་དང༌། སྟེང་གི་ཡན་ལག་གི་དམ་པ་མགོ་ལས་སྟོང་གསུམ་གྲངས་མེད་པ་བརྒྱ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འོད་ཟེར་བྱུང་བས། ཕྱོགས་བཅུའི་ངན་སོང་གསུམ་དང་མི་དང་ལྷ་དང་ལྷ་མ་ཡིན་དང་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང་བདུད་དང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ནས་སྡུག་བསྔལ་ཞི་བ་དང༌། ཆོས་ཀྱི་སྣང་བའི་སྒོ་དང༌། ཏིང་ངེ་འཛིན་གྱི་སྒོའི་ཚུལ་དང༌། ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཉེ་བར་སྒྲུབ་པ་དང༌། མཆོད་པ་དང༌། རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་རབ་ཏུ་འབྱེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་གཡོ་བ་དང༌། ངན་སོང་ཐམས་ཅད་རྒྱུན་ཆད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བས་རྒྱས་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པ་དང༌། ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྒྲ་གྲག་པ་དང༌། སྤྱོད་པ་མཐུན་པའི་བྱང་ཆུབ་སེམས་དཔའ་འདུ་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་རོལ་མོ་གླུ་དང་རོལ་མོའི་སྒྲ་དང༌། སིལ་སྙན་གྱི་སྒྲ་འབྱུང་བ་དང༌། སེམས་ཅན་ཐམས་ཅད་བདེ་བ་སྐྱེ་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་བསམ་གྱིས་མི་ཁྱབ་པར་བྱེད་པ་འབྱུང་བར་འགྱུར་


DTG205_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །སྦྲོན་པའི་ལས་ཅན་ཞེས་བྱ་བ་ནི་དེ་ནས་འོད་ཟེར་དེ་དག་གིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ཏེ། འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་མཐིལ་གྱི་འོག་ཏུ་ནུབ་པར་གྱུར་ཏེ། དེ་ནས་དེ་བཞིན་གཤེགས་པ་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སྤྱོད་པ་དེ་ལྟ་བུ་དང་ལྡན་བ་ཞིག་དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་པར་འགྱུར་རོ། །དགུག་པའི་ལས་ཅན་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་རབ་ཏུ་གནས་པའི་བར་གྱི་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དག་ཕྱོགས་བཅུ་ནས་དེར་ལྷགས་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཀུན་ནས་བསྐོར་ཏེ། མཆོད་པ་ཆེན་པོ་བྱས་ནས་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་བར་འཇུག་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་བ་གཞན་དག་གི་དཔལ་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་བར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་གཅིག་འོད་ཟེར་གྱི་གྲངས་མེད་བརྒྱ་ཕྲག་བཅུ་དང་བཅས་པ་འབྱུང་སྟེ། ཕྱོགས་བཅུ་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེའི་དཔལ་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་སུ་ནུབ་པར་འགྱུར་ཞིང༌། ནུབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་སྟོབས་དང༌། མཐུ་ཡང་བརྒྱ་ཕྲག་སྟོང་གྱུར་པས་དང་ལྷག་པར་མངོན་པར་འཕེལ་བར་སྣང་ངོ༌། །གང་གིས་དབང་བསྐུར་ཞེ་ན། དེ་བཞིན་གཤེགས་པ་དག་གི་འོད་ཟེར་རྣམས་དང༌། བྱང་ཆུབ་སེམས་དཔའ་དེ་གཞན་དང་གཞན་དག་གི་ཡེ་ཤེས་དང་མཉམ་པ་ཉིད་དུ་ཡང་དག་པར་རབ་ཏུ་འཛིན་པས་ཏེ། དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་མཛོད་སྤུ་དག་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་དག་འབྱུང་སྟེ། དེ་དག་གིས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སྣང་བར་བྱས་ནས་འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་ཆེན་པོ་རྣམས་བསྟན། བྱང་ཆུབ་སེམས་དཔའ་བྱེ་བ་


DTG205_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྐུལ། སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད། ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་འགྲོ་བ་སྐྱེ་བ་རབ་ཏུ་ཞི་བར་བྱས། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གདན་ཀུན་དུ་བསྟན། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བཀོད་པའི་མཐུ་རབ་ཏུ་བསྟན། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱིར་ལོག་སྟེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་ནས་བསྐོར་བ་བྱས་ནས་བཀོད་པ་ཆེན་པོ་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེའི་ཡན་ལག་གི་དམ་པར་ནུབ་པར་འགྱུར་ལ། དེའི་འཁོར་གྱི་འོད་ཟེར་རྣམས་ནི་དེ་ལྟར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོར་ནུབ་པར་འགྱུར་ཏེ། འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་རབ་ཏུ་ཐོབ་ལ། འོད་ཟེར་དེ་དག་དུས་གཅིག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གི་ཡན་ལག་གི་དམ་པ་ལ་བབ་པས། བྱང་ཆུབ་སེམས་དཔའ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་ལ། སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བགྲང་བ་ཡང་འཐོབ་པར་འགྱུར་བ་སྟེ། དེ་ལྟ་བུས་དབང་བསྐུར་བ་ཡིན་ནོ། །ཇི་ལྟར་དབང་བསྐུར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་ལྟ་བུར་ཏེ། འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་གཞོན་ནུ་བཙུན་མོ་དམ་པ་ལས་བཙས་པ་རྒྱལ་པོའི་མཚན་དང་ལྡན་པར་གྱུར་པ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ལྷའི་གླང་པོ་རིན་པོ་ཆེ་ལ་གསེར་གྱི་ཁྲི་བཟང་པོའི་སྟེང་དུ་བཞག་སྟེ། སྟེང་ནས་བླ་རེ་བྲེས་ཤིང་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོའི་བཀོད་པ་རྒྱ་ཆེན་པོ་བྱས་ཏེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་པ་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེས་གཞོན་ནུའི་སྤྱི་བོ་ནས་དབང་བསྐུར་ན། དེ་དབང་བསྐུར་མ་ཐག་ཏུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་


DTG205_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་ནི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་མིང་ཐོབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བ་ཞེས་བྱ་སྟེ། སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོ་བ་དེ་ལྟར་དབང་བསྐུར་ཏེ། དེ་ནི་དབང་བསྐུར་བ་ཐོབ་པ་ཞེས་བྱའོ། །ཆེ་བ་ཉིད་མཐར་ཕྱིན་པར་སྤོང་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ཤེས་བས་ཆེ་བ་ཉིད་དང༌། རྣམ་པར་ཐར་པས་ཆེ་བ་ཉིད་དང༌། ཏིང་ངེ་འཛིན་གྱིས་ཆེ་བ་ཉིད་དང༌། གཟུངས་ཀྱིས་ཆེ་བ་ཉིད་དང༌། མངོན་པར་ཤེས་པས་ཆེ་བ་ཉིད་དོ། །དེ་ལ་ཤེས་བས་ཆེ་བ་ཉིད་ཅེས་བྱ་བ་ནི་ཤེས་བྱའི་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དང་འབྲེལ་བ་སྟེ། དེ་ཡང་རྣམ་པ་བདུན་ཏེ། ཡང་དག་པར་གྲུབ་པ་ཤེས་པས་ཆེ་བ་ཉིད་དང༌། སྤྲུལ་པ་ཤེས་པས་ཆེ་བ་ཉིད་དང༌། བྱིན་གྱིས་བརླབས་པ་ཤེས་པས་ཆེ་བ་ཉིད་དང༌། ཕྲ་བ་ལ་འཇུག་པའི་ཤེས་པས་ཆེ་བ་ཉིད་དང༌། གསང་པའི་གནས་ཤེས་པས་ཆེ་བ་ཉིད་དང༌། བསྐལ་པ་ལ་འཇུག་པ་ཤེས་བས་ཆེ་བ་ཉིད་དང༌། ལམ་ལ་གཟུད་པ་ཤེས་པས་ཆེ་བ་ཉིད་དོ། །ཡང་དག་པར་འགྲུབ་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་ནུས་པའི་དབང་དུ་བྱས་པ་སྟེ། ཆོས་ཀྱི་ཁམས་ཡང་དག་པར་འགྲུབ་བ་ལ་སོགས་པ་ཤེས་པ་ཡིན་ནོ། །སྤྲུལ་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་དེ་ལ་གནས་པས་མངོན་པར་བསྒྲུབ་ནུས་པའི་དབང་དུ་བྱས་པ་སྟེ། སེམས་ཅན་དུ་སྤྲུལ་པ་ལ་སོགས་པ་ཤེས་པ་ཡིན་ནོ། །བྱིན་གྱིས་བརླབས་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་དེ་ཉིད་དེ་ལྟ་བུར་འཇུག་ནུས་པའི་དབང་དུ་བྱས་པ་སྟེ། སངས་རྒྱས་སུ་བྱིན་གྱིས་བརླབས་པ་ལ་སོགས་པ་ཤེས་པ་ཡིན་ནོ། །ཕྲ་བ་ལ་འཇུག་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སྤྲུལ་པ་དང་བྱིན་གྱིས་བརླབས་པ་དེ་གཉིས་ཀ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་དུ་འབྱུང་བའི་དབང་དུ་བྱས་པ་སྟེ། སྤྱོད་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་ལ་སོགས་པ་ཤེས་པ་ཡིན་ནོ། །གསང་བའི་གནས་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སེམས་ཅན་ཡོངས་སུ་མ་སྨིན་པའི་སྐྲག་པ་བསལ་བའི་དབང་དུ་བྱས་


DTG205_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྐུ་གསང་བ་ལ་སོགས་པ་ཤེས་པ་ཡིན་ནོ། །བསྐལ་པ་ལ་འཇུག་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པ་དང༌། གཏོང་བ་ལ་དབང་བའི་དབང་དུ་བྱས་པ་སྟེ། བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་གཞོལ་བ་ལ་སོགས་པ་ཡིན་ནོ། །ལམ་ལ་གཟུད་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་གཉེན་པོའི་མན་ངག་གི་དབང་དུ་བྱས་པ་སྟེ། བྱིས་པའི་ལམ་གྱིས་གཟུད་པ་མཁྱེན་པ་ལ་སོགས་པ་ཤེས་པ་ཡིན་ཏེ། དེ་དག་ནི་ཤེས་པས་ཆེ་བ་ཉིད་རྣམ་པ་བདུན་ཡིན་ནོ། །རྣམ་པར་ཐར་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སེམས་ལ་དབང་བའི་དོན་དང་འབྲེལ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཁོར་དང་བཅས་པ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ཆེ་བ་ཉིད་ཅེས་བྱ་བ་ནི་དོན་ཐམས་ཅད་འགྲུབ་པ་སེམས་བསྐྱེད་པ་ཙམ་ལ་རག་ལས་པའི་དོན་དང་འབྲེལ་པ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །གཟུངས་ཀྱིས་ཆེ་བ་ཉིད་ཅེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་འཇུག་པ་དང་འབྲེལ་པ་སྟེ། དེ་བཞིན་དུ་གཟུངས་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །མངོན་པར་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་དང་འབྲེལ་པ་སྟེ། དེ་བཞིན་དུ་མངོན་པར་ཤེས་པ་བསྒྲུབ་པ་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ཏེ། དེ་ནི་ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་ཞེས་བྱའོ། །སའི་ངེས་པའི་ཚིག་ཅེས་བྱ་བ་ནི་ས་འདིའི་མིང་ཆོས་ཀྱི་སྤྲིན་ཞེས་བྱ་བ་སྟེ། དེ་ཡང་སྤྲིན་དང་འདྲ་བའི་ཆོས་རྣམ་པ་གསུམ་སྟེ། ཐོས་པའི་ཆོས་སྤྲིན་ལྟ་བུས་ས་འདི་བའི་ལུས་ནམ་མཁའ་ལྟ་བུ་ལ་ཁྱབ་པར་བྱེད་པས་ཁྱབ་པ་དང༌། ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་དང་མེ་ལྕེ་རབ་ཏུ་ཞི་བས་ཞི་བར་བྱེད་པ་དང༌། དགའ་ལྡན་གྱི་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་འདོན་པའི་ཕྱིར་སྤྲིན་གྱི་ཆར་གྱིས་ལོ་ཏོག་འདོན་པ་བཞིན་དུ་འདོན་པ་སྟེ། དེ་དག་ནི་མིང་ལ་མཁས་པའི་


DTG205_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་མགོ་ནས་རྒྱ་ཆེར་བསྟན་ཏོ། །མཐུ་བླ་ན་མེད་པ་དང་བླ་ན་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་མཐུ་ལ་ལྟོས་ཏེ་བླ་ན་མེད་པ་དང༌། དེ་བཞིན་གཤེགས་པའི་མཐུ་ལ་ལྟོས་ཏེ་བླ་ན་ཡོད་པའོ། །དེ་ཡང་རྣམ་པ་དྲུག་སྟེ། གནས་དང༌། གཞི་དང༌། རང་གི་མཚན་ཉིད་དང༌། བྱ་བ་བསྒྲུབ་པ་དང་ཡོངས་སུ་ཚིམ་པར་བྱེད་པ་དང༌། རྒྱ་ཆེ་བའོ། །དེ་ལ་མཐུའི་གནས་ནི་རྣམ་པ་བཞི་སྟེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང༌། རྒྱ་མཚོ་ལྟར་འབྱོར་པའི་ཏིང་ངེ་འཛིན་དང༌། ཡེ་ཤེས་མངོན་པར་སྒྲུབ་བ་དང་ལྡན་པའི་གཟུངས་དང༌། རྫུ་འཕྲུལ་གྱི་བྱ་བ་མངོན་པར་ཤེས་པའོ། །གཞི་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་དངོས་པོ་ས་ལ་སོགས་པ་དང༌། ནང་གི་དངོས་པོ་རང་གི་ལུས་ལ་སོགས་པའོ། །རང་གི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་བསྒྱུར་བ་དང༌། སྤྲུལ་པའོ། །བྱ་བ་སྒྲུབ་བ་ནི་མཆོད་པའི་སྒོ་ནས་བྱང་ཆུབ་ཀྱི་ཚོགས་སོགས་པར་བྱེད་པའོ། །ཡོངས་སུ་ཚིམ་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། ཐེ་ཚོམ་དུ་གྱུར་པ་ལ་རང་གི་མཐུ་ཀུན་དུ་སྟོན་པ་དང༌། ཆོས་ཐམས་ཅད་སྟོན་པས་སོ། །རྒྱ་ཆེ་བ་ཡང་རྣམ་པ་གཉིས་ཏེ། མཐུ་རྒྱ་ཆེ་བ་དང་གྲངས་རྒྱ་ཆེ་བའོ། །འབྲས་བུ་ལེགས་པའི་ཁྱད་བར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ལ་དབང་མ་ཐོབ་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཀྱི་སའི་མི་མཐུན་པའི་ཕྱོགས་ནི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པའོ། །དེ་ཡང་ས་བཅུ་པ་ཇི་སྲིད་དུ་གནས་པ་མཆོག་དེ་ཉིད་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་བརྙེས་ཏེ། སྐུ་གསུམ་དང༌། ཡེ་ཤེས་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའི་


DTG205_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཉིད་མཐར་ཕྱིན་ཅིང༌། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པའི་གནས་པ་ཐོབ་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བཅུ་པ་ནས་སངས་རྒྱས་ཀྱི་སར་འཕར་བའི་གནས་སྐབས་ན་སློབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ལམ་གྱིས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བས་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ལ་མཉམ་པར་གཞག་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་བར་བཅོམ་ནས་གནས་གྱུར་པར་རབ་ཏུ་ཕྱེ་བས་སངས་རྒྱས་ཀྱིས་འཐོབ་པ་ལ་འབད་པའོ། །བསྒོམས་པའི་འབྲས་བུ་འཐོབ་པ་གང་ཞེ་ན། དེ་ཡང་འཐོབ་སྟེ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཀྱིས་ལ་སྤངས་པ་དང༌། ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བའི་སྐུ་གསུམ་དང༌། ཡེ་ཤེས་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུས་གནས་པ་དང་ཁྱད་པར་བསྟན་པ་འཐོབ་པའོ། །དེ་ལ་སྤངས་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམ་པ་གཉིས་ཀྱི་བག་ཆགས་དང་བཅས་པའི་ཀུན་གཞི་གནས་གྱུར་པའོ། །ཡེ་ཤེས་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བའི་ཤེས་པའོ། །སྐུ་གསུམ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུ་རྣམ་གཉིས་སོ། །ཡེ་ཤེས་བཞི་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བསྲུང་བ་མེད་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་པར་བཅོམ་པའི་ཕྱིར་རོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་


DTG205_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ནི་སྒྲིབ་པ་དང་བཅས་པའི་མངལ་ན་གནས་པའི་ལུས་ཀྱི་དུས་བཅུ་དང་འདྲ་ལ། སངས་རྒྱས་ཀྱི་ས་ནི་ཤེས་བྱའི་སྤྱོད་ཡུལ་ཐམས་ཅད་རབ་ཏུ་མྱོང་བ་བཙས་པའི་དུས་དང་འདྲ་བས། དེ་ལ་མི་མཐུན་པའི་ཕྱོགས་ནི་ཡོད་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །མངལ་གྱི་ནང་ན་གནས་པའི་ལུས་ཀྱི་དུས་བཅུ་ནི། མེར་མེར་པོའི་དུས་དང༌། ནུར་ནུར་པོའི་དུས་དང༌། ལྟར་ལྟར་པོའི་དུས་དང༌། མཁྲང་འགྱུར་གྱི་དུས་དང༌། ལུས་དང་མཐུན་པའི་དུས་དང༌། རང་བཞིན་དང་མཐུན་པའི་དུས་དང༌། ལས་དང་བཅས་པའི་དུས་དང༌། ཡོངས་སུ་རྫོགས་པའི་དུས་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང༌། དཔེ་བྱད་ཡོངས་སུ་རྫོགས་པ་དང༌། ཆུ་ཞེང་ཡོངས་སུ་རྫོགས་པའི་དུས་སོ། །སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཡན་ལག་བཅུ་གཅིག་པོ་དེ་དག་གིས་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུས་པའི་ཚིག་གོ །ཡན་ལག་བཅུ་གཅིག་ཅེས་བྱ་བ་ནི་གཉེན་པོ་བསྒོམ་པ་བཅུ་གཅིག་དང་སྦྱར་རོ། །མི་མཐུན་བའི་ཕྱོགས་དང་གཉེན་པོ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མིང་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མིང་ལ་མཁས་པ་ཞེས་བྱ་བ་ནི་ས་བཅུ་གཅིག་པོ་དེ་ངེས་པའི་ཚིག་བསྟན་པ་ལ་མཁས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ལས་དང་པོ་ནི་ཞེས་བྱ་བ་ལས་དང་པོའི་ངེས་པའི་ཚིག་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རབ་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཞེས་བྱ་བར་བསྟན་ཏོ། །དེ་ལ་རྒྱུའི་སྒོ་ནས་བསྟན་པ་ནི། དོན་ཆེ་བ་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་བས་ཞེས་བྱ་བས་བསྟན་ཏོ། །དེ་ལ་དོན་ཆེ་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དེ་དག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །འདྲིས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་འཇིག་རྟེན་དང་འཇིག་རྟེན་མ་ཡིན་ཏེ། སྔོན་ཆད་ཐོབ་མ་མྱོང་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སེམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་གནས་པ་ལས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་ན་བྱང་ཆུབ་སེམས་དཔའ་སྨོན་པའི་བླ་ན་མེད་


DTG205_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་སྔ་མ་བྱང་ཆུབ་ལེགས་པར་མ་རྟོགས་པ། བྱང་ཆུབ་པར་བྱ་བའི་ཐབས་ལེགས་པར་མ་རྟོགས་པ་ཕལ་ཆེར་གཞན་གྱི་རྐྱེན་གྱིས་འགྲོ་བ་ངེས་པ་མ་ཡིན་པ་དེ་སྤངས་ནས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་རང་གི་བསྒོམས་པ་ལས་བྱུང་བ་སར་པ། ཤིན་ཏུ་རྣམ་པར་ངེས་པའི་ཁྱད་པར་དྲག་པོ་དེ་བཞིན་ཉིད་ལ་དམིགས་པ་རོ་གཅིག་པའི་རྣམ་པས་དམིགས་པའི་རྣམ་པ་ཤིན་ཏུ་རྣམ་པར་ངེས་པ་དང༌། འཇིག་རྟེན་ལས་འདས་པ་ཉིད་དེ་འཇིག་རྟེན་པའི་ཡུལ་མ་ཡིན་པས་རང་བཞིན་གྱིས་ཤིན་ཏུ་རྣམ་པར་ངེས་པ་དང༌། ཆོས་ཆེན་པོའི་དབྱིངས་ཉིད་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཙོ་བོར་ཤིན་ཏུ་རྣམ་པར་ངེས་པ་དང༌། དེ་ནམ་མཁའ་ལྟར་ཟད་པ་མེད་པའི་ཕྱིར་འབྲས་བུ་རྟག་པའི་ཡིད་དུ་འོང་བ་འགྲུབ་པའི་རྒྱུ་ཉིད་ཤིན་ཏུ་རྣམ་པར་ངེས་པ་དང་མྱ་ངན་འདས་པ་ལ་གཞོལ་བའི་ཕྱིར་འབྲས་བུ་རྟག་པའི་རྒྱུ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་དང་ལྡན་པ་གཞན་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་ཁྱད་པར་རྣམ་པ་དྲུག་དང་ལྡན་པ་དེ་ནི་ས་དང་པོ་ལ་ཞུགས་པའི་དོན་དམ་པའི་སེམས་བསྐྱེད་པ་ཡིན་པས་ན་འཇིག་རྟེན་ལས་འདས་པའི་སེམས་ཞེས་བྱའོ། །དེ་འཐོབ་པ་ཞེས་བྱ་བ་ནི་གནས་གང་ཡོད་པ་དང༌། གང་གི་ཕྱིར་དང༌། གཞི་གང་ཡིན་པ་དང༌། ཅི་འདྲ་བའི་སེམས་སྐྱེ་བས་ས་དང་པོ་ལ་གནས་པའི་གནས་སྐབས་ན་ཐོབ་པ་ཡིན་ཏེ། རྒྱུ་དེ་ལས་རབ་ཏུ་དགའ་བ་སྐྱེ་བས་ན་དེ་ནི་རྒྱུའི་སྒོ་ནས་ངེས་པའི་ཚིག་བསྟན་པ་ཡིན་ནོ། །འབྲས་བུའི་སྒོ་ནས་བསྟན་པ་ནི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། དེ་ནི་རྣམ་པ་གཉིས་ཏེ་ས་འདི་ལ་རབ་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རབ་ཏུ་དགའ་བ་ཇི་འདྲ་བ་དང་དམིགས་པ་ཇི་འདྲ་བས་རབ་ཏུ་དགའ་བའོ། །དེ་ལ་རབ་ཏུ་དགའ་བ་ཅི་འདྲ་བས་རབ་ཏུ་དགའ་བ་ཡིན་ཞེ་ན། དགའ་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་ཤེས་ནས་དད་པས་རབ་ཏུ་ཕྱེ་བའི་མཆོག་ཏུ་དགའ་བ་མང་པོ་ཡིན་ནོ། །དེ་ཡང་རྣམ་པ་དགུ་སྟེ། དཀོན་མཆོག་རྣམ་པ་གསུམ་པོ་དག་ལ་དབང་པའི་


DTG205_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་དགའ་བ་དང༌། དམིགས་པ་ལ་དགའ་བས་ཚིམ་པའི་ཕྱིར་དགའ་བའི་མཆོག་ཏུ་དགའ་བ་དང༌། བདག་གི་ཁོང་དུ་ཆུད་པའི་ཁྱད་པར་ལ་རྟོག་པའི་ཕྱིར་རངས་པའི་མཆོག་ཏུ་དགའ་བ་དང༌། རང་གི་ལུས་དང་སེམས་ལ་ཕན་བཏགས་པས་བརྟས་པའི་ཕྱིར་མགུ་བའི་མཆོག་ཏུ་དགའ་བ་དང༌། རང་གི་ལུས་དང་སེམས་ལ་ཁྱད་པར་ཕན་བཏགས་པས་དགའ་རླབས་ཀྱི་མཆོག་ཏུ་དགའ་བ་དང༌། བྱང་ཆུབ་ཏུ་ཉེ་བར་གྱུར་པར་རྟོགས་པའི་ཕྱིར་སྤྲོ་བའི་མཆོག་ཏུ་དགའ་བ་དང༌། རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་དུས་ན་འཁྲུལ་བ་མེད་པའི་མཆོག་ཏུ་དགའ་བ་དང༌། གཞན་ཡོངས་སུ་སྨིན་བར་བྱ་བའི་ཕྱིར་སེམས་ཅན་སྡུད་པའི་དུས་ན་སྙིང་རྗེ་དང་དེས་བས་རྣམ་བར་མི་འཚེ་བའི་ཕྱིར་རྣམ་པར་འཚེ་བ་མེད་པའི་མཆོག་ཏུ་དགའ་བ་དང༌། དེ་ལོག་པར་ཞུགས་པའི་དུས་སུ་བཟོད་པའི་ཕྱིར་ཁྲོ་བ་མེད་པའི་མཆོག་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཞེས་བྱའོ། །དམིགས་པ་ཇི་འདྲ་བས་རབ་ཏུ་དགའ་བ་ཡིན་ཞེན་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། དེ་ནི་རྣམ་པ་གཉིས་ཏེ། མ་འོངས་པ་ན་ཐོབ་བར་བྱ་བ་དང༌། ད་ལྟར་ཐོབ་པའོ། དེ་ལ་མ་འོངས་བ་ན་ཐོབ་བར་བྱ་བའི་དམིགས་པ་ནི་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་པ་དང་རབ་ཏུ་དགའ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅི་འདྲ་བར་མ་འོངས་པ་ན་བདག་ཀྱང་དེ་འདྲ་བར་བྱའོ་སྙམ་ནས་རབ་ཏུ་དགའ་བ་ཡིན་ནོ། །དེ་ཡང་རྣམ་པ་དགུ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་དྲན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་དྲན་པ་དང༌། བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ་དྲན་པ་དང༌། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་རྗེས་སུ་དྲན་པ་དང༌། བྱང་ཆུབ་སེམས་དཔའི་མི་འཕྲོགས་བ་རྗེས་སུ་དྲན་པ་དང༌། དེ་བཞིན་གཤེགས་པའི་གདམས་དག་དང་རྗེས་སུ་བསྟན་པ་རྗེས་སུ་དྲན་པ་དང༌། སེམས་ཅན་གྱི་དོན་རབ་ཏུ་ཐོབ་པར་བྱེད་པ་རྗེས་སུ་དྲན་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་པའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པའི་རབ་ཏུ་དགའ་བ་ཡིན་ནོ། །ད་ལྟར་ཐོབ་


DTG205_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པ་ནི་བདག་ནི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ་སྙམ་ནས་ཕྱིར་ཞིང་མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། འགྲོ་བའི་ལོངས་སྤྱོད་ལས་ཕྱིར་ལོག་པའི་ཕྱིར་རོ། །དེ་ཡང་རྣམ་པ་དགུ་སྟེ། སངས་རྒྱས་དང་ཉ་བར་གྱུར་པས་ཕྱིར་ལོག་པ་དང༌། བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར་པས་ཕྱིར་ལོག་པ་དང༌། ཡེ་ཤེས་ཀྱིས་དང་ཉེ་བར་གྱུར་པས་ཕྱིར་ལོག་པ་དང༌། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པས་ཕྱིར་ལོག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་བས་ཕྱིར་ལོག་པ་དང༌། དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་ཉེ་བར་གྱུར་པས་ཕྱིར་ལོག་པ་དང༌། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་བྱུང་བས་ཕྱིར་ལོག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་པས་ཕྱིར་ལོག་པ་དང༌། འཇིགས་པ་དང་སྡང་བ་དང་བག་ཚ་བ་དང་བྲལ་བས་ཕྱིར་ལོག་གོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་བ་སྟེ། དེའི་ཕྱིར་ས་དང་པོ་ནི་རབ་ཏུ་དགའ་བ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་གཉིས་པ་ནི་ཞེས་བྱ་བ་ལས་གཉིས་པའི་ངེས་པའི་ཚིག་ནི་ངང་ཚུལ་ངན་པའི་དྲི་མ་དང༌། ལོག་པར་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བ་སྟོན་ཏོ། །དེ་ལ་ངང་ཚུལ་ངན་པའི་དྲི་མ་དང་བྲལ་བ་ནི་ལྟུང་བ་ཕྲ་མོའི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ལ་རང་བཞིན་རྣམ་པར་དག་པས་བསྟན་པ་ལ་རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ཚུལ་ཁྲིམས་རྣམ་པར་དག་པ་གསུམ་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། ངང་ཚུལ་ངན་པའི་དྲི་མ་དང་བྲལ་པའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བར་བསྟན་ཏོ། །ལོག་པར་རྩོལ་བ་དྲི་མ་དང་བྲལ་བ་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་པས་ནི་ལོག་པར་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བར་བསྟན་ཏོ། །དེའི་ཕྱིར་ས་གཉིས་པ་ནི་དྲི་མ་མེད་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་གསུམ་པ་ནི་ཞེས་བྱ་བ་ལས་གསུམ་པའི་ངེས་པའི་ཚིག་ནི་སྦྱིན་པ་དང་འབྲས་བུའི་གནས་སྐབས་ཀྱིས་ཆོས་ཀྱི་


DTG205_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཆེན་པོ་བྱེད་པའི་ཕྱིར་འོད་བྱེད་པ་ཞེས་བྱ་བར་སྟོན་ཏོ། །དེ་ལ་སྦྱོར་བའི་གནས་སྐབས་ནི་ཏིང་ངེ་འཛིན་དང་ཐོབ་པའི་གཟུངས་ཏེ་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ནས་ས་གསུམ་པར་འཕར་བའི་གནས་སྐབས་ན་འདོད་ཆགས་དང་བྲལ་བའི་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ་བ་དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པའི་རྒྱུས་འདོད་ཆགས་དང་བྲལ་བར་སྦྱོར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བས་བསམ་གཏན་ལ་སྦྱོར་ཞིང་ཤེས་པའི་སྣང་བ་ཚད་མེད་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་བ་མངོན་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་ནི་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་བསྟན་ཏེ། ས་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བའི་འབྲས་བུ་གནས་པ་ཞེས་བྱ་བ་སྔར་བསྟན་པ་ལ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་སྟེ། ཏིང་ངེ་འཛིན་དེ་ཞེས་གསུངས་པ་དང་སྦྱར་རོ། །འདོད་ཆགས་དང་བྲལ་བའི་འབྲས་བུ་ཞེས་བྱ་བ་ནི་ཚད་མེད་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང་ཐོས་པའི་གཟུངས་ཐོབ་པ་སྟེ། ཐོས་པའི་གཟུངས་དེ་ཞེས་གསུངས་པ་དང་སྦྱར་རོ། །དེ་ལྟར་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ་ཐོབ་པ་ན་དེ་ཉིད་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་དེས་བདག་དང་གཞན་གྱི་རྒྱུད་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་ན་འོད་བྱེད་པ་ཞེས་བྱ་སྟེ། དེའི་ཕྱིར་ས་གསུམ་པ་ནི་འོད་བྱེད་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བཞི་པ་ནི་ཞེས་བྱ་བ་ལ་ས་བཞི་པའི་ངེས་པའི་ཚིག་ནི་གཉེན་པོ་བསྒོམ་པ་དང༌། དེའི་འབྲས་བུའི་སྒོ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཡེ་ཤེས་ཀྱི་མི་འབྱུང་བའི་དྲོད་དང་ལྡན་པས་འོད་འཕྲོ་ཅན་ཞེས་བྱ་བར་སྟོན་ཏོ། །དེ་ལ་གཉེན་པོ་བསྒོམ་པའི་སྒོ་ནས་བསྟན་པ་ནི། ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་སྟེ་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་ལ་གཉེན་པོ་བསྒོམ་པ་འཕེལ་བ་ཞེས་བྱ་བ་ཉོན་མོངས་པའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་


DTG205_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྒོམ་པ་འཕེལ་བ་དེ་ཉིད་ཕྱིས་ས་བཅུ་པ་ནས་སངས་རྒྱས་ཀྱི་སར་འཕར་བའི་གནས་སྐབས་ན་སློབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ལམ་གྱིས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བས་རབ་ཏུ་ཕྱེ་བའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཤིང་བསྲེག་པ་བྱུང་བའི་དྲོད་དུ་གྱུར་པའི་དྲོད་དེ་དང་ལྡན་པས་ན་འོད་འཕྲོ་ཅན་ཞེས་བྱ་སྟེ། འོད་འཕྲོ་ཞེས་བྱ་བ་ནི་མེ་བྱུང་བའི་འོད་འཕྲོ་ལ་མི་བྱའི་མེ་ད་དུང་མ་བྱུང་བ་འབྱུང་བའི་དྲོད་ལ་བྱའོ། །དེའི་འབྲས་བུའི་སྒོ་ནས་བསྟན་པ་ནི། ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་ལ་དེའི་འབྲས་བུ་ཞེས་བྱ་བ་གཉེན་པོ་བསྒོམས་པ་དེའི་འབྲས་བུ་དྲུག་པོ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་ལ་སོགས་པ་ཐོས་པའི་དུས་ན། སྔར་གཉེན་པོ་བསྒོམས་པའི་སྐབས་སུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམས་པས་འབྲས་བུར་གྱུར་པ་དེ་ཉིད་སྔ་མ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཡེ་ཤེས་ཀྱི་མེ་ཕྱིས་འབྱུང་བའི་དྲོད་དུ་གྱུར་པའི་ཕྱིར་འོད་འཕྲོ་ཅན་ཞེས་བྱ་སྟེ། དེའི་ཕྱིར་ས་བཞི་པ་ནི་འོད་འཕྲོ་ཅན་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་ལྔ་པ་ནི་ཞེས་བྱ་བ་ལ་ས་ལྔ་པའི་ངེས་པའི་ཚིག་ནི་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དང༌། དེའི་འབྲས་བུའི་རྣམ་པར་གཞག་པའི་སྒོ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཤེས་པ་ཤིན་ཏུ་སྦྱང་བར་དཀའ་བ་ཤིན་ཏུ་སྦྱངས་པས་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་བ་བསྟན་ཏོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་སྒོ་ནས་བསྟན་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱིས་བསྒོམ་པ་དེ་ལ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་པའི་ཁྱད་པར་གྱིས་བདེན་པར་རྟོགས་པས་འཁོར་བ་ལ་མི་གནས་པ་དང༌། འདུས་བྱས་ཐམས་ཅད་ལ་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་པ་ནས་སེམས་ཅན་ལ་སྙིང་བརྩེ་བས་བརྩོན་འགྲུས་སྒྲུབ་པའི་ཁྱད་པར་གྱིས་མྱ་ངན་ལས་འདས་པ་ལ་མི་གནས་པའི་དུས་ན་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་


DTG205_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཤེས་རབ་ཀྱིས་ཤིན་ཏུ་བསྒོམས་པ་དེས་ཐེག་པ་ཆུང་ངུས་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཐབས་ལ་མཁས་པས་ཐེག་པ་ཆུང་ངུ་ལས་ཀུན་དུ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་ལ་ཐབས་ཀྱིས་བསྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཤེས་པ་ཤིན་ཏུ་སྦྱང་བར་དཀའ་བ་དེས་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་མི་གནས་པའི་ལས་སྒྲུབ་པའི་ཁྱད་པར་དེས་སྦྱར་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བྱེད་པས་ན་ཤིན་ཏུ་སྦྱང་དཀའ་ཞེས་བྱའོ། །དེའི་འབྲས་བུ་རྣམ་པར་གཞག་པའི་སྒོ་ནས་བསྟན་པ་ནི། དབང་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་ལ་དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དེའི་འབྲས་བུ་རྣམ་པ་བཞིའི་ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་ལ་སོགས་པ་ཐོབ་པའི་དུས་ན། ཤིན་ཏུ་སྦྱང་བར་དཀའ་བའི་ལམ་དབང་བྱ་བར་དཀའ་བ་དེ་ཤིན་ཏུ་སྦྱངས་ཤིང་དབང་དུ་བྱས་པ་ན་དེའི་ཕྱིར་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་སྟེ། དེའི་ཕྱིར་ས་ལྔ་པ་ནི་ཤིན་ཏུ་སྦྱང་དཀའ་ཞེས་བྱ་བར་སྦྱར་རོ། །ས་དྲུག་པ་ནི་ཞེས་བྱ་བ་ལ། ས་དྲུག་པའི་ངེས་པའི་ཚིག་ནི་མི་གནས་པའི་ལས་སྒྲུབ་པའི་ཁྱད་པར་གྱི་སྒོ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ་གྱུར་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པའི་སྒོ་ནས་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་ཞེས་བྱ་བར་སྟོན་ཏོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་སྒོ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ་གྱུར་པ་ནི། འདུ་བྱེད་ཀྱི་འཇུག་པ་ལ་མངོན་སུམ་དུ་གྱུར་པ་ཉིད་ཅེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་མི་གནས་པའི་ལམ་བསྒྲུབ་པའི་ཁྱད་པར་ཞེས་བྱ་བ་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་པ་དང༌། རྟེན་ཅིང་འབྲེལ་བར་


DTG205_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཕྲ་མོའི་རྣམ་པ་ཐམས་ཅད་ལ་རྟོགས་པས་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཁོར་བ་ལ་མི་གནས་པའི་དུས་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་ལ་སྒོ་གསུམ་ནས་བརྟག་པས་མངོན་དུ་གྱུར་པའོ། །དེའི་འབྲས་བུ་རྣམ་པར་གཞག་པའི་སྒོ་ནས་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པ་ནི། མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་པ་མངོན་དུ་གྱུར་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དེའི་འབྲས་བུ་གནས་པའི་ཁྱད་པར་ཐོབ་པའི་དུས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མེད་པ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མཚན་མ་མེད་པ་སྣང་བའི་ཚུལ་གྱིས་མང་དུ་ཡིད་ལ་བྱེད་པ་མངོན་པར་གྱུར་པས་མངོན་དུ་གྱུར་ཞེས་བྱ་སྟེ། དེའི་ཕྱིར་ས་དྲུག་པ་ནི་མངོན་དུ་གྱུར་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བདུན་པ་ནི་ཞེས་བྱ་བ་ལ་ས་བདུན་པའི་ངེས་ཚིག་ནི་ས་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པའི་སྒོ་ནས་འོག་མ་རྣམས་ལས་ཁྱད་ཞུགས་པ་དང༌། དེའི་འབྲས་བུའི་རྣམ་པར་གཞག་པའི་སྒོ་ནས་ས་ལས་ཤིན་ཏུ་འདས་པར་རིང་དུ་སོང་བ་ཞེས་བྱ་བར་སྟོན་ཏོ། །དེ་ལས་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པའི་སྒོ་ནས་འོག་མ་རྣམས་ལས་ཁྱད་ཞུགས་པ་ནི་མཚན་མ་མེད་པའི་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ལ་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པ་ཞེས་བྱ་བ་ས་བདུན་པ་འདིས་འོག་མ་རྣམས་ལས་ཁྱད་ཞུགས་པ་དང༌། ས་གོང་མ་བས་དམན་པར་བསྟན་པ་ལས་ས་འོག་མ་རྣམས་ལས་ཁྱད་ཞུགས་པ་ཞེས་བྱ་བ་ནི་ས་བདུན་པ་ལ་སྦྱོར་བ་ཅན་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཡེ་ཤེས་དང་མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་ས་འོག་མ་རྣམས་ལས་ཁྱད་ཞུགས་པས་རིང་དུ་སོང་བ་ཞེས་བྱའོ། །དེའི་འབྲས་བུ་རྣམ་པར་གཞག་པའི་སྒོ་ནས་ས་ལས་ཤིན་ཏུ་འདས་པ་ནི་རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ལ་དེའི་འབྲས་བུ་རྣམ་པར་གཞག་པ་ཞེས་བྱ་བ་ཟུང་དུ་འབྲེལ་བའི་


DTG205_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་འབྲས་བུ་ས་ལས་ཤིན་ཏུ་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་པ་དང༌། ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པའི་ས་དང་ཉེ་བར་གྱུར་པ་ཞེས་བསྟན་པ་ལས་ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པའི་ས་དང་ཉེ་བར་གྱུར་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ས་བརྒྱད་པ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་པས་དེའི་ཕྱིར་ཡང་རིང་དུ་སོང་བ་ཞེས་བྱ་སྟེ། དེའི་ཕྱིར་ས་བདུན་པ་ནི་རིང་དུ་སོང་བ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བརྒྱད་པ་ནི་ཞེས་བྱ་བ་ལས་བརྒྱད་པའི་ངེས་པའི་ཚིག་རབ་ཏུ་དབྱེ་བའི་སྒོ་ནས་རྣམ་པ་གཉིས་ཏེ། སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་དང༌། གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བའོ། །དེ་ལ་སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི་མཚན་མ་མེད་པའི་ལྷུན་གྱིས་གྲུབ་པ་ཉིད་ཅེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ས་འདི་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱ་བར་སྟོན་ཏོ། །དེ་ཡང་རྣམ་པ་བཅུར་རིག་པར་བྱ་བ་མི་འཕྲོགས་པའི་ཕྱིར་མི་གཡོ་བའི་ས་དང༌། ཡེ་ཤེས་མི་ཟློགས་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་དང༌། འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བའི་ཕྱིར་བསྙེན་པར་དཀའ་བའི་ས་དང༌། ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་དང༌། བསམ་པ་ཇི་ལྟ་བ་བཞིན་དུ་དབང་བྱེད་པའི་ཕྱིར་སྐྱེ་བའི་ས་དང༌། ཡང་བྱ་བ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ས་དང༌། ཡེ་ཤེས་ཀྱིས་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པའི་ཕྱིར་མཐར་ཐུག་པའི་ས་དང༌། སྨོན་ལམ་ཤིན་ཏུ་མངོན་པར་བསྒྲུབས་པའི་ཕྱིར་མྱ་ངན་ལས་འདས་པའི་ས་དང༌། གཞན་གྱིས་རྣམ་པར་མི་འཁྲུགས་པའི་ཕྱིར་བྱིན་གྱི་རླབས་ཀྱི་ས་དང༌། སྔོན་གྱི་མཐའ་མངོན་པར་བསྒྲུབས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ས་ཞེས་བྱའོ། །གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི། མཚན་མའི་ཉོན་མོངས་པ་ཀུན་དུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་མཚན་མའི་ཉོན་མོངས་པ་ཀུན་དུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་ས་མི་གཡོ་བ་ཐོབ་པ་ཞེས་བྱ་བར་སྟོན་ཏོ། །དེ་ནི་རྣམ་པ་གཉིས་ཀྱིས་སྟོན་ཏེ། གཅིག་ཏུ་མི་གཡོ་བ་དང༌། གཅིག་པ་ཉིད་དུ་མི་གཡོ་བས་ས་མི་གཡོ་བ་ཐོབ་པ་ཞེས་བྱའོ། །དེ་ལ་གཅིག་ཏུ་མི་གཡོ་བ་ཞེས་བྱ་བ་ནི་རྟག་པར་རྒྱུན་དུ་དེ་བཞིན་


DTG205_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཡང་ཡོན་ཏན་རྣམ་པ་ལྔའི་དབང་དུ་བྱས་པར་རིག་པར་བྱ་སྟེ། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བས་བསྡུ་བས་མཆོད་པའི་ཡོན་ཏན་དང༌། ལག་ན་རྡོ་རྗེ་རྟག་པར་ཕྱི་བཞིན་དུ་འབྲང་བས་ཀུན་དུ་བསྲུངས་པའི་ཡོན་ཏན་དང༌། ཏིང་ངེ་འཛིན་གྱི་སྟོབས་མ་བཏང་བས་གནས་ཀྱི་ཡོན་ཏན་དང༌། ལུས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་བསྒྲུབས་པས་ཞིང་ཡོངས་སུ་དག་པའི་ཡོན་ཏན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡོན་ཏན་རྣམ་པ་ལྔ་སྟེ། ལུས་ཀྱི་སྤྱོད་པའི་སྟོབས་ཐམས་ཅད་དང་ལྡན་པས་ཆེད་དུ་བསམས་ཏེ་སྐྱེ་བ་ཡོངས་སུ་འཛིན་པའི་ཡོན་ཏན་དང་མངོན་པར་ཤེས་པ་ཆེན་པོ་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པས་དབང་པོ་དང་བསམ་པ་དང་བག་ལ་ཉལ་ཤེས་པའི་ནུས་པའི་ཡོན་ཏན་དང༌། ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་བྱེད་པས་ཆོས་ཀྱི་ཚུལ་ལ་གཟུད་པའི་ཕྱིར་ཆོས་མཐའ་ཡས་པ་འཛིན་པའི་ནུས་པའི་ཡོན་ཏན་དང༌། ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ནོད་པས་འཛིན་ནུས་པའི་ཡོན་ཏན་དང༌། འགྲོ་བ་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པས་བཤད་པའི་ནུས་པའི་ཡོན་ཏན་གྱིས་གཅིག་ཏུ་མི་གཡོ་བས་ས་མི་གཡོ་བ་ཐོབ་པ་ཞེས་བྱའོ། གཅིག་པ་ཉིད་དུ་མི་གཡོ་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དཀྱིལ་འཁོར་ཐ་དད་པ་མེད་པར་ཞུགས་པ་ཡིན་ཏེ། དེ་ནི་ཐ་མི་དད་པ་རྣམ་པ་དགུས་རིག་པར་བྱ་སྟེ། ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པས་ཡེ་ཤེས་ཐ་མི་དད་པ་དང༌། རྟག་པར་རྒྱུན་དུ་ཤེས་རབ་ཀྱི་སྣང་བའི་འོད་ཟེར་རབ་ཏུ་གཏོང་བས་བཤད་པ་ཐ་མི་དད་པ་དང༌། ཆོས་ཀྱི་དབྱིངས་ཆགས་པ་མེད་པའི་ལམ་དུ་ཞུགས་པས་རྣམ་པར་གྲོལ་བ་ཐ་མི་དད་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པས་ཞིང་ཡོངས་སུ་དག་པ་ཐ་མི་དད་པ་དང༌། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པས་ཐེག་པ་ཆེན་པོ་ལས་འཇུག་པ་ཐ་མི་དད་པ་དང༌། རང་གི་སེམས་སེམས་བསྐྱེད་པ་ལ་དབང་བྱེད་པས་ཐམས་ཅད་ཤེས་པ་ཐ་མི་དད་པ་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཤིན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པས་དྲི་བ་ལུང་སྟོན་པར་ནུས་པ་ཐ་


DTG205_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པ་དང༌། བདུད་ཀྱི་ལས་ཐམས་ཅད་འཇུག་པ་དང་ལྡོག་པའི་ཡེ་ཤེས་དང་ལྡན་པས་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་པ་ཐ་མི་དད་པ་དང༌། དེ་བཞིན་གཤེགས་པའི་ཡུལ་དང་སྤྱོད་ཡུལ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐ་མི་དད་པས་གཅིག་པ་ཉིད་དུ་མི་གཡོ་བ་ཐོབ་པ་ཞེས་བྱ་སྟེ། དེའི་ཕྱིར་ས་བརྒྱད་པ་ནི་མི་གཡོ་བ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་དགུ་པ་ནི་ཞེས་བྱ་བ་ལས་ས་དགུ་པའི་ངེས་པའི་ཚིག་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ལ། ངག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་སྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་ཐོབ་པས་ལེགས་པའི་བློ་གྲོས་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ནི། རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་གང་ཤེས་ནས་གང་གི་དབང་དུ་བྱས་ཏེ་སྟོན་པ་ཞེས་བསྟན་པ་ལ་གང་ཤེས་ནས་སྟོན་ཅེ་ན། ཡོངས་སུ་སྨིན་པར་གྱུར་པའི་གྲོལ་བའི་སྣོད་དང༌། གདུལ་བས་རྣམ་པར་གྲོལ་བའི་རང་བཞིན་དང༌། ཐེག་པ་གསུམ་ཐ་དད་པས་རྣམ་པར་གྲོལ་བའི་བར་དུ་དབྱེ་བ་ཤེས་ནས་སྟོན་པའོ། །གང་གི་དབང་དུ་བྱས་ནས་སྟོན་ཅེ་ན། གཉེན་པོའི་མན་ངག་གི་སྣོད་དང༌། ཆོས་བསྟན་པའི་སྣོད་དང༌། དཔེ་ཇི་ལྟ་བུ་ཉེ་བར་སྒྲུབ་པའི་སྣོད་དང༌། རྣམ་གྲངས་ཇི་ལྟ་བུའི་སྣོད་ལ་སོགས་པའི་དབང་དུ་བྱས་ཏེ་སྟོན་པ་ཤེས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ཞེས་བྱ་སྟེ། ངག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་སྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་འཐོབ་པ་ནི། ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་ངག་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ལྟར་ཡེ་ཤེས་ཚད་མེད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབ་པའི་ཚིག་གིས་ཆོས་སྟོན་པ་ཞེས་བསྟན་པ་ལ། ཚིག་གིས་ཆོས་སྟོན་པ་ཞེས་བྱ་བ་ནི་ངག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་ཡིན་ནོ། །དེ་མངོན་པར་སྒྲུབ་པ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་ངག་ཕུན་


DTG205_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་བསྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་ཐོབ་པ་ཞེས་བྱ་སྟེ། དེ་ནི་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་ཉིད་ལ་བརྟེན་ནས་བློ་གྲོས་རྒྱ་ཆེན་པོ་རྒྱ་ཆེ་བ་ཤིན་ཏུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་ཀྱི་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པར་འབྱེད་པའི་བློ་གྲོས་ཡིན་པས་ན་དེ་ཐོབ་པ་ནི་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཞེས་བྱ་སྟེ། དེའི་ཕྱིར་ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བཅུ་པ་ནི་ཞེས་བྱ་བ་ལས་བཅུ་པའི་ངེས་པའི་ཚིག་ནི་བསྟན་པ་ལས་ས་འདི་ལ་སྤྲིན་དང་འདྲ་བའི་ཆོས་རྣམ་པ་གསུམ་གྱིས་ཆོས་ཀྱི་སྤྲིན་ཞེས་བྱ་བར་སྟོན་ཏེ། ཐོས་པའི་ཆོས་སྤྲིན་ལྟ་བུས་ས་བཅུ་པའི་ལུས་ནམ་མཁའ་ལྟ་བུ་ལ་ཁྱབ་པར་བྱེད་པས་ཁྱབ་པ་དང༌། ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་དང༌། མེ་ལྕེ་རབ་ཏུ་ཞི་བར་བྱེད་པས་རབ་ཏུ་ཞི་བར་བྱེད་པ་དང༌། དགའ་ལྡན་གྱི་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་འདོན་པའི་ཕྱིར་སྤྲིན་གྱི་ཆར་གྱིས་ལོ་ཏོག་འདོན་པ་བཞིན་དུ་འདོན་པས་སོ། །དེ་ལ་ཁྱབ་པར་བྱེད་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་ཚོགས་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཞེས་བྱ་བས་བསྟན་ཏེ། དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་ལས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལས་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་བཟོད་པ་དང༌། ཡང་དག་པར་ལེན་པ་དང༌། བདག་གིར་བྱེད་པ་དང་ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ། །རབ་ཏུ་ཞི་བར་བྱེད་པ་དང༌། འདོན་པར་བྱེད་པ་ནི་ཁེབས་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་དང། མེ་ལྕེ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཆོས་ཀྱི་སྣང་བ་ཆེན་པོ་བསྒྲག་པའི་འབྲུག་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པ་དང༌། བདུད་ཀྱི་


DTG205_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཤིན་ཏུ་ཚར་གཅོད་པ་ཀུན་ནས་བསྡུས་པའི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་ནས་དགེ་བའི་བདུད་རྩིའི་ཆར་གྱི་རྒྱུན་ཆེན་པོས་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ཤེས་པ་ལས་ལངས་པའི་རྡུལ་དང་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །དགའ་ལྡན་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་འདོན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སའི་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང༌། གཤེགས་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། གཞོན་ནུ་རོལ་པ་དང༌། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་བཏུལ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་དུ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་པས་སྤྲིན་གྱི་ཆར་གྱིས་ལོ་ཏོག་འདོན་པ་བཞིན་དུ་སེམས་ཅན་འདོན་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བཅུ་གཅིག་པ་ནི་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སའི་ངེས་པའི་ཚིག་ནི་སྤངས་པ་དང་ཡེ་ཤེས་ཀྱི་སྒོ་ནས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་སྣང་བ་འཇུག་པས་ཀུན་དུ་འོད་ཅེས་བྱ་བར་སྟོན་ཏོ། །དེ་ལ་སྤངས་པའི་སྒོ་ནས་བསྟན་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས་ཞེས་བྱ་བས་བསྟན་ཏེ། ཡེ་ཤེས་ཀྱི་སྒོ་ནས་བསྟན་པ་ནི། ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པར་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏོ། །སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་བྱ་བས་ནི་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་སྣང་བ་འཇུག་པས་སངས་རྒྱས་ཀྱིས་ཀུན་དུ་འོད་ཅེས་བྱ་བར་བསྟན་པ་ཡིན་ནོ། །མིང་


DTG205_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ནི་སྔར་ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་བསྟན་པ་དེ་ཉིད་ཀྱི་རབ་ཏུ་དབྱེ་བའོ། །དེ་ནི་རྣམ་པ་གཉིས་ཏེ། ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་དང༌། སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་སོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་དག་ལ་ཀུན་དུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས་ཞེས་བྱ་བ་ཞུས་སོ། །ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ནི་ས་བཅུ་གཅིག་ལ་གཉིས་གཉིས་སུ་སྦྱར་ཏེ། དེ་ནི་མ་རིག་པ་ཡིན་པས་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་ཅེས་བྱ་བ་ནི་ས་བཅུ་གཅིག་ལ་རེ་རེར་སྦྱར་ཏེ་དེ་ནི་བག་ལ་ཉལ་ཡིན་པས་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ས་དང་པོ་ལ་ནི་ཞེས་བྱ་བ་ལ། ས་དང་པོའི་མི་མཐུན་པའི་ཕྱོགས་སོ་སོའི་སྐྱེ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་དུ་རྨོངས་པ་དང༌། ངན་སོང་བའི་ཉོན་མོངས་པའི་ཀུན་དུ་རྨོངས་པ་སྟེ། སོ་སོའི་སྐྱེ་བོའི་དུས་ན་བདག་ཏུ་མངོན་པར་ཞེན་པ་དང་མི་དགེ་བ་སྤྱོད་པའོ། །མ་རིག་པ་དེ་གཉིས་ཡོད་ན་མཐོང་བའི་ལམ་གྱི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་གཉིས་ནི་ས་དང་པོའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་མཐོང་བའི་ལམ་གྱི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དང་པོའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གཉིས་པ་ནི་ཞེས་བྱ་བ་ལས་གཉིས་པའི་མི་མཐུན་པའི་ཕྱོགས་ལོག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་རྨོངས་པ་དང༌། ལས་ཀྱི་རྣམ་པ་སྣ་ཚོགས་པ་ཀུན་དུ་རྨོངས་པ་སྟེ། ས་དང་པོའི་དུས་ན་ངང་ཚུལ་ངན་པའི་དྲི་མ་ཀུན་དུ་རྨོངས་པ་དང༌། ལོག་པའི་རྩོལ་བའི་དྲི་མ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་


DTG205_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་ན་ས་དང་པོ་ནས་གཉིས་པར་འཕར་བའི་གནས་སྐབས་ན་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་དྲང་པོའི་བསམ་པ་ཐོབ་པས་ན། དང་པོ་ལས་འཕར་ཞིང་གཉིས་པ་ནོན་པར་གྱུར་པའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་གཉིས་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ནི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ནས་གཉིས་པ་ལ་རང་བཞིན་རྣམ་པར་དག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་གནས་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གསུམ་པ་ལ་ནི་ཞེས་བྱ་བ་ལ། ས་གསུམ་པའི་མི་མཐུན་པའི་ཕྱོགས་ཐོས་པ་ལ་སོགས་པའི་ཆོས་རྣམས་བརྗོད་པས་མུན་པར་བྱེད་པའི་རབ་ཏུ་དབྱེ་བ་ནི་འདོད་པའི་འདོད་ཆགས་ཀུན་དུ་རྨོངས་པ་དང༌། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལས་ཀུན་དུ་རྨོངས་པ་སྟེ། ས་གཉིས་པའི་དུས་ན་ཏིང་ངེ་འཛིན་ལ་ཀུན་དུ་རྨོངས་པ་དང༌། ཐོས་པའི་གཟུངས་ལ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ནས་གཉིས་པ་ནས་གསུམ་པར་འཕར་བའི་གནས་སྐབས་ན་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ་བ་དག་པའི་སེམས་བསམ་པ་ཡིད་ལ་བྱེད་པའི་རྒྱུས་འདོད་ཆགས་དང་བྲལ་བར་སྦྱོར་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་ཐོབ་པས་ས་གཉིས་པ་ལས་འཕར་ཞིང་གསུམ་པ་ལ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་གསུམ་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ནས་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བའི་འབྲས་བུས་གནས་པའི་སེམས་རྣམ་པར་གྲོལ་བས་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་གསུམ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཞི་པ་ལ་ནི་ཞེས་བྱ་བ་ལ། ས་བཞི་པའི་མི་མཐུན་པའི་ཕྱོགས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པའི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བའི་རབ་ཏུ་དབྱེ་བ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་དུ་རྨོངས་པ་དང༌། ཆོས་ལ་སྲེད་པ་ཀུན་དུ་རྨོངས་པ་སྟེ། ས་གསུམ་པའི་དུས་ན་འདོད་ཆགས་དང་བྲལ་བའི་ཏིང་


DTG205_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་ལ་སྲིད་པའི་ཀུན་དུ་རྨོངས་པ་དང༌། འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པའི་གཟུངས་ཀྱི་ཆོས་ལ་སྲེད་པའི་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་གསུམ་པ་ནས་ས་བཞི་པར་འཕར་བའི་གནས་སྐབས་ན་རྣམ་པར་དག་པ་དང་གཉེན་པོ་བསྒོམ་པ་འཕེལ་བ་ནི་རྒྱུ་ཞེས་བྱ་བ་ཆོས་ལ་སྣང་བ་ལ་འཇུག་པ་ཐོབ་པས་ས་གསུམ་པ་ལས་འཕར་ཞིང་བཞི་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཞི་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་བག་ཆགས་ཏེ། དེ་ཡོད་ན་ས་བཞི་པ་ལ་རྣམ་པར་དག་པ་འཕེལ་བ་དང༌། གཉེན་པོ་བསྒོམ་པ་འཕེལ་བ་དང་དེའི་འབྲས་བུས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཞི་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ལྔ་པ་ལ་ནི་ཞེས་བྱ་བ་ལས་ལྔ་པའི་མི་མཐུན་པའི་ཕྱོགས་ཐེག་པ་ཆུང་ངུས་ཡོངས་སུ་མྱ་ངན་ལས་འདས་པའི་རབ་ཏུ་དབྱེ་བ་ནི། འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང༌། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་དང༌། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་སྟེ། ས་བཞི་པའི་དུས་ན་འཕགས་པའི་བདེན་པ་བཞི་ལ་ཀུན་དུ་རྨོངས་པ་དང༌། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུ་ཐ་དད་པར་ལྟ་བའི་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་བཞི་པ་ནས་ལྔ་པར་འཕར་བའི་གནས་སྐབས་ནས་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་རྣམ་པར་དག་པ་ལས་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཐོབ་པས་ས་བཞི་པ་ལས་འཕར་ཞིང་ལྔ་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་ལྔ་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ནས་ལྔ་པ་ལ་མི་གནས་པའི་ལམ་དུ་སྒྲུབ་པའི་ཁྱད་པར་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་ལྔ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་


DTG205_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ཡིན་ནོ། །དྲུག་པ་ལ་ནི་ཞེས་བྱ་བ་ལ་ས་དྲུག་པའི་མི་མཐུན་པའི་ཕྱོགས་མཚན་མ་རགས་པ་ཀུན་དུ་འབྱུང་བའི་རབ་ཏུ་དབྱེ་བ་ནི། འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་ཉིད་ལ་ཀུན་དུ་རྨོངས་པ་དང༌། མཚན་མ་མང་པོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་སྟེ། ས་ལྔ་པའི་དུས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་སུམ་དུ་བྱ་བ་ལ་ཀུན་དུ་རྨོངས་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་བྱ་བ་ལ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ནས་ལྔ་པ་ནས་དྲུག་པར་འཕར་བའི་གནས་སྐབས་ན་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ཆོས་མཉམ་པ་ཉིད་ཐོབ་པས་ས་ལྔ་པ་ལས་འཕར་ཞིང་དྲུག་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དྲུག་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་དྲུག་པ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དེའི་འབྲས་བུ་རྣམ་པར་གཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དྲུག་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བདུན་པ་ལ་ནི་ཞེས་བྱ་བ་ལས་བདུན་པའི་མི་མཐུན་པའི་ཕྱོགས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་རབ་ཏུ་དབྱེ་བ་ནི། མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང༌། མཚན་མ་མེད་པ་གཅིག་པུ་ཡིད་ལ་བྱེད་པས་ཐབས་ཀུན་དུ་རྨོངས་པ་སྟེ། ས་དྲུག་པའི་དུས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ་གྱུར་པས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པས་ཤེས་རབ་ཀྱི་ཤས་ཆེ་ལ་ཐབས་ལ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་དྲུག་པ་ནས་བདུན་པར་འཕར་བའི་གནས་སྐབས་ན་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པའི་ལམ་གཞན་བརྩམས་པའི་ཁྱད་པར་ཐོབ་པས་ས་དྲུག་པ་ལས་འཕར་ཞིང་བདུན་པ་གནོན་པར་


DTG205_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བདུན་པའི་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་བདུན་པ་ལ་དེའི་རྣམ་པར་གཡེང་བའི་གཉེན་པོའི་རྣམ་པར་གཞག་པ་དང༌། ཟུང་དུ་འབྲེལ་བའི་ལམ་རབ་ཏུ་ཐོབ་པ་རྣམ་པར་གཞག་པ་དང༌། ས་སྔ་ཕྱིའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བདུན་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བརྒྱད་པ་ལ་ནི་ཞེས་བྱ་བ་ལ། ས་བརྒྱད་པའི་མི་མཐུན་པའི་ཕྱོགས་མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པའི་རབ་ཏུ་དབྱེ་བ་ནི། མཚན་མ་མེད་པ་ལ་རྩོལ་བ་ཀུན་དུ་རྨོངས་པ་དང༌། མཚན་མ་རྣམས་ལ་མི་དབང་བ་ཀུན་དུ་རྨོངས་པ་སྟེ། ས་བདུན་པའི་དུས་ན་མཚན་མ་མེད་པ་ལ་རང་གི་ངང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་མི་ནུས་པས་མཚན་མ་མེད་པ་ལ་རྩོལ་བ་ཀུན་དུ་རྨོངས་པ་དང༌། མཚན་མ་མེད་པའི་ཟིལ་གྱིས་གནོན་པའི་དབང་མ་ཐོབ་པས་མཚན་མ་ལ་མི་དབང་བ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་བདུན་པ་ནས་བརྒྱད་པར་འཕར་བའི་གནས་སྐབས་ན་ཡོངས་སུ་སྦྱང་བ་བྱས་བའི་ས་བསྡུས་པས་ཞེས་བྱ་བས་བདུན་པོ་སྤྱི་དང༌། སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་དེས་རྣམ་པར་དག་པའི་བཟོད་པ་ཐོབ་པ་ཞེས་བྱ་བ་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་པས་ས་བདུན་པ་ལས་འཕར་ཞིང་བརྒྱད་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བརྒྱད་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པ་དང༌། གནས་པའི་ཁྱད་པར་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱི་ཁྱད་པར་དང༌། ངེས་པའི་ཚིག་རབ་ཏུ་དབྱེ་བས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བརྒྱད་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དགུ་པ་ལ་ནི་ཞེས་བྱ་བ་ལ། ས་དགུ་པའི་མི་མཐུན་པའི་ཕྱོགས་སེམས་


DTG205_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱེད་པ་མེད་པའི་རབ་ཏུ་དབྱེ་བ་ནི། ཆོས་བསྟན་པ་དཔག་ཏུ་མེད་པ་དང༌། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང༌། གོང་ནས་གོང་དུ་ཤེས་རབ་དང༌། སྤོབས་པ་ལ་གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པ་དང༌། སྤོབས་པའི་དབང་ལ་ཀུན་དུ་རྨོངས་པ་སྟེ། ས་བརྒྱད་པའི་དུས་ན་བློ་གྲོས་ཆེན་པོ་རྒྱ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་མི་ནུས་པས་ཆོས་བསྟན་པ་དཔག་ཏུ་མེད་པ་དང༌། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་ལ་གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པ་དང༌། གོང་ནས་གོང་དུ་ཤེས་རབ་དང༌། སྤོབས་པ་ལ་སྤོབས་པའི་དབང་ལ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ནས་བརྒྱད་པ་ནས་དགུ་པར་འཕར་བའི་གནས་སྐབས་ན་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བདག་དང་གཞན་གྱི་དབང་དུ་བྱས་པའི་ཆོས་ཐོས་པས་བརྒྱད་པ་ལས་འཕར་ཞིང་དགུ་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དགུ་པའི་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དང༌། བཤད་པ་ཕུན་སུམ་ཚོགས་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དགུ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཅུ་པ་ལ་ནི་ཞེས་བྱ་བ་ལ། ས་བཅུ་པའི་མི་མཐུན་པའི་ཕྱོགས་ཆོས་རྣམས་ལ་དབང་མ་ཐོབ་པའི་རབ་ཏུ་དབྱེ་བ་ནི། མངོན་པར་ཤེས་པ་ཆེན་པོ་ལ་ཀུན་དུ་རྨོངས་པ་དང༌། གསང་བ་དང་ཕྲ་བ་ལ་འཇུག་པ་ལ་ཀུན་དུ་རྨོངས་པ་སྟེ། ས་དགུ་པའི་དུས་ན་ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་མཐོང་བས་མངོན་པར་ཤེས་པ་ཆེ་བ་ཉིད་ལ་ཀུན་དུ་རྨོངས་པ་དང༌། གསང་བའི་གནས་ཤེས་པ་ཆེ་བ་ཉིད་དང་ཕྲ་བ་ལ་འཇུག་པ་ཤེས་པ་ཆེ་བ་ཉིད་ལ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་དགུ་པ་ནས་བཅུ་པར་འཕར་བའི་གནས་སྐབས་ན་ཡོངས་སུ་སྦྱང་བ་བྱ་བའི་ས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཤིན་


DTG205_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་དབྱེ་བས་ས་དགུ་པོ་རྣམས་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པས་ས་དགུ་པ་ལས་འཕར་ཞིང་བཅུ་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཅུ་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ནས་ས་བཅུ་པ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང༌། དབང་བསྐུར་བ་ཐོབ་པ་དང༌། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་དང༌། ས་ངེས་པའི་ཚིག་དང༌། མཐུ་བླ་ན་མེད་པ་དང༌། བླ་ན་ཡོད་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཅུ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ནི་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སའི་མི་མཐུན་པའི་ཕྱོགས་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པའི་རབ་ཏུ་དབྱེ་བ་ནི། ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་དུ་རྨོངས་པ་དང༌། ཐོགས་པ་ཀུན་དུ་རྨོངས་པ་སྟེ། ས་བཅུ་པའི་དུས་ན་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་དུ་རྨོངས་པ་དང༌། ཐོགས་པ་མེད་པ་ཤིན་ཏུ་ཕྲ་མོ་ཀུན་དུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་བཅུ་པ་ནས་སངས་རྒྱས་ཀྱི་སར་འཕར་བའི་གནས་སྐབས་ན་སློབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ལམ་གྱིས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བས་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ལ་མཉམ་པར་གཞག་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་པར་བཅོམ་ནས་གནས་གྱུར་པས་རབ་ཏུ་ཕྱེ་བ་སངས་རྒྱས་ཀྱི་ས་ཐོབ་པའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་སངས་རྒྱས་ཀྱི་སའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེའི་བག་ཆགས་ཏེ། དེ་ཡོད་ན་སངས་རྒྱས་ཀྱི་ས་ལ་སྤངས་པ་དང༌། ཡེ་ཤེས་ཀྱིས་རབ་ཏུ་བྱེ་བའི་སྐུ་གསུམ་དང༌། ཡེ་ཤེས་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུས་གནས་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བླ་ན་མེད་པ་


DTG205_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མི་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པའི་དུས་ན་མི་མཐུན་པའི་ཕྱོགས་སྤང་བར་བྱ་བ་མེད་པའི་དོན་ཏོ། །ངོ་མཚར་ལགས་སོ་ཞེས་བྱ་བ་ནི་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དུས་ན་མི་མཐུན་པའི་ཕྱོགས་སྤང་བར་བྱ་བ་མེད་པ་དེའི་ཕན་ཡོན་དང་འབྲས་བུ་ཆེན་པོ་ལ་བསྟོད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གཉེན་པོའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སྔར་ས་རྣམས་ཀྱི་གཉེན་པོ་བསྟན་པ་དེ་དག་རེ་རེ་ལ་ཡང་སར་ཆུད་པའི་དགེ་བ་རྣམ་པར་དག་པ་རྣམས་བརྒྱད་བརྒྱད་ཀྱིས་རབ་ཏུ་དབྱེ་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་དག་རྣམ་པར་དག་པ་དུ་དག་གིས་རྣམ་པར་གཞག་པ་ལགས་ཞེས་བྱ་བ་ཞུས་སོ། །བརྒྱད་ཀྱིས་ཏེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ལ་ནི་སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ལྷག་མ་བདུན་ནོ། །ས་བདུན་པོ་དེ་དག་ལ་ས་རེ་རེར་ཡང་རྣམ་པར་དག་པ་རྣམ་པ་བརྒྱད་བརྒྱད་ཀྱིས་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་སྟོན་ཏོ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་བསམ་པ་བཅོ་ལྔས་བསྟན་པ་དེ་དག་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པའི་རང་གི་བསྒོམས་པ་ལས་བྱུང་བས་སར་ཤིན་ཏུ་རྣམ་པར་ངེས་པའི་ཁྱད་པར་དྲུག་དང་ལྡན་པ་སྐྱེ་བས་སྨོན་ལམ་ཆེན་པོ་རེ་རེ་ལ་ཡང་འཁོར་བརྒྱ་སྟོང་གྲངས་མེད་པ་དང་བཅས་པའི་སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་སེམས་རྣམ་པར་དག་པའི་གསེར་ཤིན་ཏུ་སྦྱངས་པ་ལྟ་བུ་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སྙིང་རྗེ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ངོ་བོ་ཉིད་དང༌། གནས་དང༌། འབྲས་བུའི་ཕན་ཡོན་ཏེ། ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་རྟོགས་པ་དང༌།


DTG205_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་རྟོགས་པའོ། །དེ་ལ་བསམ་པར་རྟོགས་པ་ནི་ཕན་པའི་བསམ་པ་དང༌། བདེ་བའི་བསམ་པའོ། །སྒྲུབ་པར་རྟོགས་པ་བསམ་པ་དེ་ཉིད་སེམས་ཅན་ལ་ཅི་ནུས་ཅི་ལྕོགས་ཀྱིས་ལུས་དང་ངག་གིས་ཉེ་བར་སྒྲུབ་པའོ། །གནས་ནི་རྣམ་པ་ལྔ་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་དང༌། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང༌། བག་མེད་པ་རྣམས་དང༌། ལོག་པར་ཞུགས་པ་རྣམས་དང༌། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་སོ། །འབྲས་བུའི་ཕན་ཡོན་སེམས་ཅན་རྣམས་ལ་འཁོན་སྤོང་བ་དང༌། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་ཡིད་ཞུམ་པ་མེད་པར་སྦྱོར་བ་དང༌། སྦྱོར་བ་དེ་ལ་ཡོངས་སུ་མི་སྐྱོ་བ་དང༌། སྙིང་བརྩེ་བས་ཤས་ཆེར་གནས་པ་དང༌། ཁ་ན་མ་ཐོ་བ་མེད་པར་ཚེ་འདི་ལ་བདེ་བར་གནས་པ་དང༌། ཚེ་ཕྱི་མ་ལ་ཕན་པར་འགྱུར་བ་དང༌། བྱམས་པའི་ཕན་ཡོན་དེའི་ལུས་ལ་དུག་གིས་མི་ཚུགས་མཚོན་གྱིས་མི་ཚུགས་ཞེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་དེ་དག་ཐམས་ཅད་ཀྱང་ཡིན་པར་རིག་པར་བྱ་སྟེ། དེ་ཡང་ས་དང་པོ་ལ་ཉེ་བར་འཇིགས་པ་དང་སྡང་བ་དང༌། བག་ཚ་བ་དང༌། སྤུ་ཟིང་ཞེས་བྱེད་པ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པ་མ་ཉམས་པ་དང་མི་དམའ་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཤིན་ཏུ་བརྩོན་པར་བྱེད་དོ་ཞེས་བསྟན་པ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ངོ་བོ་ཉིད་དང༌། ཐམས་ཅད་དང༌། དཀའ་བ་དང༌། ཐམས་ཅད་ཀྱི་སྒོ་དང༌། སྐྱེས་བུ་དམ་པ་དང༌། རྣམ་པ་ཐམས་ཅད་དང༌། ཕོངས་ཤིང་འདོད་པ་དང༌། འདི་དང་གཞན་གྱི་བདེ་བར་འགྱུར་བ་དང༌། རྣམ་པར་དག་པས་རབ་ཏུ་ཕྱེ་བདག་ལས་ངོ་བོ་ཉིད་ཡང་དག་པར་བླངས་ནས་སྦྱིན་པ་ཐམས་ཅད་ཤེས་རབ་ཐམས་ཅད་ཀྱི་བར་དག་ཀུན་དུ་བསྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་མ་ཐག་ཀུན་དུ་རྫོགས་པར་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། རྡོ་རྗེའི་སྙིང་པོའི་སྐུ་དང་དམ་པའི་ཆོས་ཡུན་རིང་དུ་གནས་པའི་འབྲས་བུ་མངོན་པར་འགྲུབ་པ་དང༌། དཀའ་


DTG205_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཚུངས་པ་མེད་པ་དང་ལྡན་པའི་འབྲས་བུ་མངོན་བར་འགྲུབ་པ་དང་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གཙོ་བོར་གྱུར་བའི་སེམས་ཅན་ལྷ་དང་མི་རྣམས་ཀྱིས་མཆོད་པར་གྱུར་པའི་འབྲས་བུ་མངོན་པར་གྲུབ་པ་དང༌། སྐྱེས་བུ་དམ་པའི་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་འབྲས་བུ། མངོན་པར་འགྲུབ་པ་དང༌། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་སྐུ་བསོད་ནམས་སྣ་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྡུས་པའི་འབྲས་བུ་མངོན་པར་འགྲུབ་པ་དང༌། ཕོངས་ཤིང་འདོད་པ་ལ་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཚེ་བདུད་དང༌། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་གནོན་པར་བྱ་བ་དང༌། ཐོ་འཚམས་པ་དང༌། བསྐྱོད་པར་མི་ནུས་པའི་འབྲས་བུ་མངོན་པར་འགྲུབ་པ་དང༌། འདི་དང་གཞན་དུ་བདེ་བར་འགྱུར་པའི་སྦྱིན་པ་ལ་སོགས་པ་ཀུན་དུ་བསྟེན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ཡོན་ཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བདེ་བའི་མཆོག་གི་འབྲས་བུ་མངོན་པར་འགྲུབ་པ་དང༌། རྣམ་པར་དག་པའི་སྦྱིན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་པོ་སྐུ་དང་དམིགས་པ་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པ་ལ་སོགས་པའི་འབྲས་བུ་མངོན་པར་འགྲུབ་པ་སྟེ། དེ་ཡང་ས་དང་པོ་ལ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཅི་ནུས་ཀྱི་ཚུལ་དུ་ཡང་དག་པར་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་


DTG205_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པར་དག་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་ནི་རྣམ་པ་བཅུ་སྟེ། སྐུ་ལ་མཆོད་པ་དང༌། མཆོད་རྟེན་ལ་མཆོད་པ་དང༌། མངོན་སུམ་དུ་མཆོད་པ་དང༌། མངོན་སུམ་མ་ཡིན་པར་མཆོད་པ་དང༌། བདག་གིས་བྱས་པའི་མཆོད་པ་དང༌། གཞན་བྱེད་དུ་བཅུག་པའི་མཆོད་པ་དང༌། རྙེད་པ་དང༌། བཀུར་སྟིའི་མཆོད་པ་དང༌། རྒྱ་ཆེན་པོའི་མཆོད་པ་དང༌། ཀུན་ནས་ཉོན་མོངས་པ་མ་ཡིན་པའི་མཆོད་པ་དང༌། སྒྲུབ་པའི་མཆོད་པའོ། །དེ་ལ་སྐུ་ལ་མཆོད་པ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མཆོད་པ་བྱེད་པའོ། །མཆོད་རྟེན་ལ་མཆོད་པ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་གདུང་ཁང་བྱུར་བུ་འམ་གཙང་ཁང་ངམ་མཆོད་རྟེན་རྙིང་པའམ་མཆོད་རྟེན་སར་པ་ལ་མཆོད་པ་བྱེད་པའོ། །མངོན་སུམ་དུ་མཆོད་པ་ནི་དེ་བཞིན་གཤེགས་པའི་སྐུའམ་མཆོད་རྟེན་ལ་མངོན་སུམ་དུ་མཆོད་པ་བྱེད་པའོ། །མངོན་སུམ་མ་ཡིན་པར་མཆོད་པ་ནི་དེ་བཞིན་གཤེགས་པའི་སྐུ་གསུམ་མམ་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལ་དེའི་ཕྱིར་དམིགས་ཏེ་མཆོད་པ་བྱེད་པའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པ་ཐུན་མོང་གི་མཆོད་པ་ཡང་ཡོད་དེ། །དེ་བཞིན་གཤེགས་པའི་སྐུ་འམ་མཆོད་རྟེན་གཅིག་ལ་མངོན་སུམ་དུ་མཆོད་པ་བྱེད་པ་ན་ལྷག་པའི་བསམ་པ་འདི་ལྟ་བུས་དེ་བཞིན་གཤེགས་པ་གཅིག་དང་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང༌། མཆོད་རྟེན་ཐམས་ཅད་ཀྱི་ཆེད་ཉིད་ཡིན་པས་བདག་གིས་དེ་བཞིན་གཤེགས་པ་དང་མཆོད་རྟེན་མངོན་དུ་གྱུར་པ་འདི་ལ་མཆོད་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང༌། གཞན་ཐམས་ཅད་ལ་ཡང་མཆོད་དོ་སྙམ་པའི་སེམས་ཀྱིས་མཆོད་པ་བྱེད་པ་སྟེ། དེ་ལ་མངོན་སུམ་གྱི་མཆོད་པ་ནི་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །མངོན་སུམ་དུ་མ་ཡིན་པའི་མཆོད་པ་ནི་དེ་བས་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །མངོན་སུམ་དང་མངོན་སུམ་མ་ཡིན་པ་ཐུན་མོང་གི་མཆོད་པ་ནི་དེ་བས་ཀྱང་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་རིག་པར་བྱའོ། །བདག་གིས་བྱས་པའི་


DTG205_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནི་དེ་བཞིན་གཤེགས་པ་འམ་མཆོད་རྟེན་ལ་རང་གི་ལག་གིས་མཆོད་པ་བྱེད་དེ། ལེ་ལོ་དང་སྙོམ་ལས་དང་བག་མེད་པ་ལ་བརྟེན་ཏེ་གཞན་བྱེད་དུ་མི་འཇུག་པའོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི་མཆོད་པའི་ཡོ་བྱད་ཆུད་ཤས་བདོག་པ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་གཞན་དག་ལ་བསྟན་ཏེ་མཆོད་པ་བྱེད་དུ་བཅུག་པའོ། །བདག་གིས་བྱས་བ་དང་གཞན་བྱེད་དུ་བཅུག་པའི་ཐུན་མོང་གི་མཆོད་པ་ཡང་ཡོད་དེ། བདག་ཉིད་ཀྱང་བྱེད་ལ་གཞན་དག་ཀྱང་བྱེད་དུ་འཇུག་པ་སྟེ། དེ་ལ་བདག་གིས་བྱས་པའི་མཆོད་པ་ནི། བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི་དེ་བས་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །བདག་གིས་བྱས་པ་དང་གཞན་བྱེད་དུ་བཅུག་པའི་ཐུན་མོང་གི་མཆོད་པ་ནི་དེ་བས་ཀྱང་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་ནི་དེ་བཞིན་གཤེགས་པའམ། མཆོད་རྟེན་ལན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་བསྙུན་གྱི་གསོས་སྨན་ཡོ་བྱད་དང༌། གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། མཆོད་པའི་ལས་དང༌། བསྟོད་པ་དང༌། རིན་པོ་ཆེ་དང༌། ཡོ་བྱད་ལ་སོགས་པས་མཆོད་པ་བྱེད་པའོ། །རྒྱ་ཆེ་བའི་མཆོད་པ་ནི་དེ་བཞིན་གཤེགས་པའམ་མཆོད་རྟེན་ལ་མཆོད་པ་བྱེད་པ་ནི་དངོས་པོ་བདུན་རྒྱ་ཆེ་བ་ཡིན་ཏེ། ཡུན་རིང་པོར་མཆོད་པས་དུས་རྒྱ་ཆེ་བ་དང༌། དངོས་པོ་མང་པོས་མཆོད་པས་དངོས་པོ་མང་པོ་རྒྱ་ཆེ་བ་དང༌། དངོས་པོ་གྱ་ནོམ་པས་མཆོད་པས་དངོས་པོ་གྱ་ནོམ་པ་རྒྱ་ཆེ་བ་དང༌། མངོན་སུམ་དང་མངོན་སུམ་མ་ཡིན་པར་མཆོད་པས་གནས་ཀྱི་ཁྱད་པར་རྒྱ་ཆེ་བ་དང༌། བདག་གིས་བྱས་པ་དང་གཞན་བྱེད་དུ་གཞུག་པས་མཆོད་པ་བྱེད་པའི་གང་ཟག་གི་ཁྱད་པར་རྒྱ་ཆེ་བ་དང༌། སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང་མོས་པ་དྲག་པོས་མཆོད་པས་བསམ་པ་རྒྱ་ཆེ་བ་དང༌། དགེ་བའི་རྩ་བ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་མཆོད་པས་འབྲས་བུ་བསྔོ་བ་རྒྱ་ཆེ་བའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་


DTG205_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་མཆོད་པ་རྣམ་པ་དྲུག་སྤངས་པ་སྟེ། རང་གི་ལག་གིས་བྱེད་པས་ལེ་ལོས་གཞན་བྱེད་དུ་འཇུག་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། གུས་པས་བྱེད་པས་མ་གུས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། སེམས་མི་གཡེང་བས་བྱེད་པས་སེམས་གཡེང་བའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། བསམ་པ་དག་པས་བྱེད་པས་བསམ་པ་མ་དག་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། ཚུལ་འཚོས་པ་མེད་པས་བྱེད་པས་ཚུལ་འཆོས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། མི་མཐུན་པའི་དངོས་པོ་བ་བླས་བྱུགས་པ་དང༌། མར་ཁུས་བཀྲུ་བ་དང༌། གུ་གུལ་གྱིས་བདུག་པ་དང༌། ཨརྒའི་མེ་ཏོག་གིས་གཏོར་བ་ལ་སོགས་པ་སྤངས་ཏེ། མཐུན་པའི་དངོས་པོས་བྱེད་པའི་མི་མཐུན་པའི་ཀུན་ནས་ཉོན་མོངས་པ་མེད་པའོ། །སྒྲུབ་པའི་མཆོད་པ་ནི་ཉན་ཐོས་དང་ཐུན་མོང་ཚད་མེད་པའི་རྒྱུ་བསྒོམ་པ་དང༌། འདུ་ཤེས་བསྒོམ་པ་དང༌། རྗེས་སུ་དྲན་པ་བསྒོམ་པ་དང༌། ཐུན་མོང་མ་ཡིན་པ་དེ་ཁོ་ནའི་དོན་བསྒོམ་པ་དང༌། བསླབ་པ་གསུམ་བསྒོམ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ལ་སོགས་པ་ཅུང་ཟད་ཅུང་ཟད་དང༌། ཡུད་ཙམ་དུ་ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང་བསམ་པ་དང༌། སྦྱོར་བ་སྒྲུབ་པར་བྱེད་པ་སྟེ། དེ་མཆོད་པའི་མཆོག་དམ་པ་གྱ་ནོམ་པ་གོང་ན་མེད་པ་ཡིན་ཏེ། སྔ་མའི་རྙེད་པ་དང་བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་ཀྱིས་བརྒྱའི་ཆ་དང་སྟོང་གི་ཆ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ་ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང༌། ཕན་འདོགས་པ་བླ་ན་མེད་པ་ལྷག་པའི་བསམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང༌། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་པའི་ལྷག་པའི་བསམ་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་སྟེ། འབའ་ཞིག་ལྷག་པའི་བསམ་


DTG205_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་སྟོན་པའི་ལྷག་པའི་བསམ་པས་བྱེད་པས་ན་རྣམ་པར་དག་པ་ཡིན་ཏེ། དེ་ཡངས་དང་པོར་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་མཐོང་ཞིང་མཆོད་པ་དང་བསྙེན་བཀུར་དཔག་ཏུ་མེད་པ་བྱེད་དོ་ཞེས་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པ་དྲུག་སྟེ། ཡོངས་སུ་སྨིན་པའི་ངོ་བོ་ཉིད་དང༌། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང༌། ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་དང༌། ཡོངས་སུ་སྨིན་པར་བྱ་བའི་ཐབས་དང༌། ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་དང༌། ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་དོ། །དེ་ལ་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ནི་དགེ་བའི་ཆོས་ཀྱི་ས་བོན་དང་ལྡན་པའི་དགེ་བའི་ཆོས་རྣམས་ལ་ཀུན་དུ་བསྟེན་པའི་རྒྱུས་ཡང་དག་པའི་སྦྱོར་བ་གང་ཡིན་པའི་མཐར་ཐུག་པ་ན་དེའི་མོད་ལ་རྣམ་པར་དག་པ་མངོན་སུམ་དུ་བྱའི་སྐལ་པ་དང་ལྡན་ཞིང་མཐུ་ཡོད་པའོ། །ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ན་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཡང་དག་པར་བསྒྲུབས་པའི་རིགས་ཅན་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང༌། རང་སངས་རྒྱས་ཀྱི་རིགས་ཡང་དག་པར་བསྒྲུབས་པའི་རིགས་ཅན་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་རིགས་ཡང་དག་པར་བསྒྲུབས་པའི་རིགས་ཅན་ཐེག་པ་ཆེན་པོས་ཡོངས་སུ་སྨིན་པར་བྱ་བ་དང༌། ཐེག་པ་གསུམ་གྱི་རིགས་ཡང་དག་པར་མ་སྒྲུབས་པ་བདེ་འགྲོར་འགྲོ་བའི་ཕྱིར་ཡོངས་སུ་སྨིན་པར་བྱའོ། །ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་ནི་རྣམ་པ་དྲུག་སྟེ། དབང་པོ་ཡོངས་སུ་སྨིན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང༌། ཤེས་པ་ཡོངས་སུ་སྨིན་པ་དང༌། ཡོངས་སུ་སྨིན་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །ཡོངས་སུ་སྨིན་པར་བྱ་བའི་ཐབས་ནི་རྣམ་པ་ཉི་ཤུ་རྩ་བདུན་ཏེ། ཁམས་བརྟས་པ་དང༌། ད་ལྟར་གྱི་རྐྱེན་ཉེ་བར་སྒྲུབ་པ་དང༌། འཇུག་པ་


DTG205_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དང། དགའ་བར་འཛིན་པ་དང༌། དང་པོ་འཇུག་པ་དང༌། དང་པོ་འཇུག་པ་མ་ཡིན་པ་དང༌། རྣམ་པར་དག་པ་ཐག་རིང་བ་དང༌། རྣམ་པར་དག་པ་ཐག་ཉ་བ་དང༌། སྦྱོར་བ་དང༌། བསམ་པ་དང༌། ཟང་ཟིང་གི་ཉེ་བར་སྒྲུབ་པ་དང༌། ཆོས་ཉེ་བར་སྒྲུབ་པ་དང༌། རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་དང༌། ཆོས་སྟོན་པ་དང༌། གསང་སྟེ་ཆོས་བརྗོད་པ་དང༌། རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་དང༌། སྦྱོར་བ་ཆུང་ངུ་དང༌། སྦྱོར་བ་འབྲིང་དང༌། སྦྱོར་བ་ཆེན་པོ་དང༌། ཐོས་པ་དང༌། སེམས་པ་དང༌། སྒོམ་པ་དང༌། སྡུད་པ་དང༌། ཚར་གཅོད་པ་དང༌། བདག་གིས་བྱེད་པ་དང༌། གཞན་ལ་རྩོལ་བ་དང༌། གཉི་གས་སྦྱོར་བའོ། །ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་ནི་ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། མོས་པས་སྤྱོད་པའི་ས་ལ་གནས་པའི་དུས་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་དང༌། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང༌། ངེས་པའི་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་དང༌། ངེས་པར་སྤྱོད་པ་སྒྲུབ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་སྤྱོད་པ་ལ་ཞུགས་པ་དང༌། མཐར་ཐུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་གྱུར་པའོ། །ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་ནི་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་པའི་གང་ཟག་རྣམས་ཀྱི་ཡོངས་སུ་སྨིན་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་མཚན་ཉིད་དེ། དེ་ལ་ཉན་ཐོས་ནི་སྔོན་དགེ་བ་ལ་གོམས་པས་གང་གི་ཚེ་ཡོངས་སུ་སྨིན་པ་ཆུང་ངུ་ལ་གནས་པའི་ཚེ་ན་ནི་འདུན་པ་ཆུང་བ་དང༌། སྦྱོར་བ་ཆུང་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་འཐོབ་ཅིང་ཚེ་དེ་ཉིད་ལ་མྱ་ངན་ལས་འདས་པ་ཡང་མི་ཐོབ་བོ། །གང་གི་ཚེ་ཡོངས་སུ་སྨིན་པ་འབྲིང་ལ་གནས་པའི་ཚེ་ན་ནི་འདུན་པ་འབྲིང་དང༌། སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ནི་འཐོབ་ཀྱི་མྱ་ངན་ལས་འདས་པ་ནི་མི་ཐོབ་པོ། །གང་


DTG205_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པའི་ཚེ་ན་ནི་འདུན་པ་ཆེ་བ་དང༌། སྦྱོར་བ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་འདི་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་ཐོབ་མྱ་ངན་ལས་འདས་པ་ཡང་ཐོབ་པོ། །རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པའི་མཚན་ཉིད་ནི་ཉན་ཐོས་དང་འདྲ་བར་རིག་པར་བྱའོ། །ཐེག་པ་ཆེན་པོས་ཡོངས་སུ་སྨིན་པའི་མཚན་ཉིད་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་ཡོངས་སུ་སྨིན་པའི་ཆུང་ངུ་ཡིན་ཏེ། །འདུན་པ་ཆུང་བ་དང་སྦྱོར་བ་ཆུང་བས་ངན་སོང་རྣམས་སུ་ཡང་འགྲོ་ལ་བསྐལ་པ་གྲངས་མེད་པའི་དང་པོར་གཏོགས་པ་ཡིན་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་དང་མི་གཡོ་བ་དང༌། ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་མི་ལྡན་པ་ཡིན་ནོ། །ལྷག་པའི་བསམ་པ་དག་པའི་ས་ལ་གནས་པ་ནི་ཡོངས་སུ་སྨིན་པ་འབྲིང་ཡིན་ཏེ། འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་པས་ངན་སོང་རྣམས་སུ་མི་འགྲོ་ལ་བསྐལ་པ་གྲངས་མེད་པའི་གཉིས་པར་གཏོགས་པ་ཡིན་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་དང༌། མི་གཡོ་བ་དང་ནི་མི་ལྡན་ལ་ཤིན་ཏུ་རྣམ་པར་དག་པ་དང་ནི་མི་ལྡན་པ་ཡིན་ནོ། །ངེས་པ་དང་མཐར་ཐུག་པར་གྱུར་པ་ནི་ཡོངས་སུ་སྨིན་པ་ཆེན་པོ་ཡིན་ཏེ། འདུན་པ་ཆེ་བ་དང་སྦྱོར་བ་ཆེ་བས་ངན་སོང་རྣམས་སུ་ཡང་མི་འགྲོ་ལ་བསྐལ་པ་གྲངས་མེད་པ་གསུམ་པར་གཏོགས་པ་ཡིན་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་དང༌། མི་གཡོ་བ་དང་ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་སྦྱངས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་ཤིང་བྱེད་པ་རང་བཞིན་གྱིས་བརླིང་བ་དང༌། གསལ་བ་དང༌། འབྲས་བུ་ཆེ་བ་དང་ཕན་ཡོན་ཆེ་བའོ། །མི་གཡོ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཇི་ལྟར་ཐོབ་པ་རྣམས་དང༌། ཇི་ལྟར་བསགས་པ་དེ་དག་ལས་ཕྱིར་མི་ལྡོག་པ་དང་ཡོངས་སུ་མི་ཉམས་བ་དང་ཁྱད་པར་དུ་འགྲོ་བའོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཆེས་ཡོངས་སུ་དག་པ་གོང་ན་མེད་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ཡང་ས་དང་པོ་ལ་སྐད་ཅིག་གཅིག་ལ་སེམས་ཅན་བརྒྱ་


DTG205_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྨིན་པར་བྱེད་དོ་ཞེས་བསྟན་པ་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སྐྱེ་བ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་སྟེ། ལས་ཀྱི་དབང་གིས་སྐྱེ་བ་དང༌། སྨོན་ལམ་གྱི་དབང་གིས་སྐྱེ་བ་དང། ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་དང༌། འབྱོར་པའི་དབང་གིས་སྐྱེ་བའོ། །དེ་ལ་ལས་ཀྱི་དབང་གིས་སྐྱེ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ལས་ཀྱི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བའོ། །སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་སར་ཆུད་པ་རྣམས་སྨོན་ལམ་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུད་འགྲོ་ལ་སོགས་པའི་གནས་ངན་པར་སྐྱེ་བའོ། །ཏིང་ངེ་འཛིན་གྱི་དབང་གིས་ཡོངས་སུ་སྐྱེ་བ་ནི་བསམ་གཏན་ཐོབ་པ་རྣམས་བསམ་གཏན་རྣམ་པར་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བའོ། །འབྱོར་བའི་དབང་གིས་སྐྱེ་བ་ནི་སྤྲུལ་པ་རྣམས་ཀྱིས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བའོ། །ལྷག་པའི་བསམ་པ་དག་པའི་སར་ཆུད་པ་ཡན་ཆད་སྐྱེ་བ་དེ་དག་གང་གིས་སྐྱེ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང༌། དེ་དང་སྐལ་པ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་དང༌། ཆེན་པོར་སྐྱེ་བ་དང༌། བདག་པོར་སྐྱེ་བ་དང༌། ཐ་མའི་སྐྱེ་བའོ། །དེ་ལ་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་མུ་གེ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང༌། ཁམས་མ་སྙོམས་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང༌། གཞན་གྱིས་སྤྲུལ་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང༌། ལོག་པར་ལྟ་བས་བསྒྲུབས་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་པར་བྱེད་པའི་སྐྱེ་བའོ། །དེ་ལ་མུ་གེ་ལས་གྱུར་བའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་མུ་གེས་ཕོངས་ཤིང་གནོད་པ་ཆེན་པོ་འབྱུང་བའི་དུས་དག་ཏུ་སྨོན་ལམ་བཏབ་ནས་སེམས་ཅན་རྣམས་ཚེགས་ཆུང་དུས་འཚོ་བར་འགྱུར་བའི་རྒྱུར་བདག་


DTG205_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཉ་ཆེན་པོ་ལ་སོགས་པའི་སྐྱེ་གནས་རྣམས་སུ་སྐྱེ་བར་བྱེད་ཅིང༌། འགྲོ་བ་མཐའ་དག་རང་གི་ཤས་ཚིམ་པར་བྱེད་པའོ། །ཁམས་མ་སྙོམས་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པ་ནི་འཇིག་རྟེན་དུ་སེམས་ཅན་རྣམས་ལ་ཁམས་མ་སྙོམས་པའི་ནད་མང་པོ་བྱུང་བའི་དུས་དག་ཏུ་ནད་དེ་དག་རབ་ཏུ་ཞི་བར་བྱ་བའི་སྨོན་ལམ་བཏབ་ནས་བདག་ཉིད་རིག་སྔགས་འཆང་གྲུབ་པའི་སྨན་པ་ཆེན་པོའི་ལུས་ཡོངས་སུ་འཛིན་ཅིང་སེམས་ཅན་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱེད་པའོ། །གཞན་གྱིས་སྤྲུལ་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་ཕ་རོལ་གྱི་དམག་ཚོགས་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ཕ་རོལ་གྱི་དམག་ཚོགས་ཀྱིས་ཤིན་ཏུ་གནོད་པར་གྱུར་པའི་སེམས་ཅན་རྣམས་ལ་ཆོས་བཞིན་དུ་སྙོམས་པར་ཐབས་མཁས་པས་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བདག་ཉིད་སྟོབས་དང་ལྡན་པའི་རྒྱལ་པོར་སྐྱེ་བ་ཡོངས་སུ་འཛིན་ཅིང་དེ་དག་གི་གནོད་པ་རབ་ཏུ་ཞི་བར་བྱེད་པ་དང༌། ཕན་ཚུན་མི་མཐུན་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་སེམས་ཅན་ཞེ་འགྲས་པ་ཕན་ཚུན་མི་མཐུན་པ་རྣམས་ལ་བསྡུམས་བྱ་བ་དང༌། ཁོན་གྱི་བསམ་པ་སྤང་བའི་ཕྱིར་བདག་ཉིད་ཚིག་བརྩན་པ་དང་ལྡན་པའི་གཙོ་བོར་སྐྱེ་བ་ཡོངས་སུ་འཛིན་ཅིང་དེ་དག་གནོད་པ་རབ་ཏུ་ཞི་བར་བྱེད་པ་དང༌། རྒྱལ་པོ་ཆོས་བཞིན་མི་བྱེད་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་རྒྱལ་པོ་འབངས་རྣམས་ལ་མི་རིགས་པའི་ཆད་པ་དང་འཆིང་བ་དང༌། གནོད་པ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་སེམས་ཅན་གྱི་གནོད་པ་དེ་དག་ཉིད་བསལ་བའི་ཕྱིར་བདག་ཉིད་དེ་ལྟ་བུ་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ཆོས་དང་ལྡན་པའི་སེམས་ཅན་ལ་སྙིང་བརྩེ་བ་ཅན་དུ་སྐྱེ་བ་ཡོངས་སུ་འཛིན་ཅིང་དེ་དག་གི་གནོད་པ་རབ་ཏུ་ཞི་བར་བྱེད་པའོ། །ལོག་པར་ལྟ་བ་སྒྲུབ་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་སེམས་ཅན་གང་དག་ལྷའི་གནས་འགའ་ཞིག་ལ་མོས་ནས་ལོག་པར་ལྟ་ཞིང་སྡིག་པ་བྱེད་པ་དེ་དག་ལ་སྙིང་བརྩེ་བས་ལོག་པར་ལྟ་བ་དང་སྡིག་པ་བྱེད་པ་དེ་སྤང་བའི་ཕྱིར་བདག་ཉིད་ལྷའི་གནས་དེ་དག་ཏུ་སྐྱེ་ཞིང་


DTG205_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་གནོད་པ་ཡང་དག་པར་ཞི་བར་བྱེད་པའོ། །དེ་དང་སྐལ་པ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ནི་སྨོན་ལམ་གྱིས་སམ་དབང་ཐོབ་པས་སེམས་ཅན་དུང་འགྲོའི་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་སྐྱེས་པ་རྣམས་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་ལ་སོགས་པ་གཅིག་ལ་གཅིག་འཁུ་ཞིང་མི་མཐུན་པ་རྣམས་དང༌། བྲམ་ཟེ་ལོག་པར་ལྟ་བ་རྣམས་དང་ཉེས་པར་སྤྱད་པ་སྤྱོད་ཅིང་དེས་ཚོལ་དེར་མངོན་པར་དགའ་བ་རྣམས་དང༌། འདོད་པ་རྣམས་ལ་ཧ་ཅང་ལྷག་པར་ཞེན་པ་འདོད་པ་ལ་མོས་པ་རྣམས་ལ་ཉེས་པ་དེ་བཟློག་པའི་ཕྱིར་སེམས་ཅན་དེ་དག་དང་སྐལ་བ་མཉམ་པར་གཙོ་བོར་སྐྱེ་ཞིང་སེམས་ཅན་དེ་དག་དགེ་བ་གང་ཀུན་དུ་མི་སྤྱོད་པ་དེ་ནི་ཀུན་དུ་སྤྱོད་ཅིང་དེ་དག་ལ་ཆོས་སྟོན་ཏེ། ཆོས་བསྟན་པ་དེ་དང་མི་མཐུན་པར་ཀུན་དུ་སྤྱོད་པ་དེ་དང་ཐབས་མཁས་པ་དེས་དེ་དག་ཉེས་པ་དེ་དག་ལས་ཟློག་པར་བྱེད་པ་ཡིན་ནོ། །ཆེན་པོར་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་ནི་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཆོས་ཁ་དོག་དང༌། རིགས་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་ཞིང་རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་དོན་རྣམ་པ་ཐམས་ཅད་བྱེད་པའོ། །བདག་པོར་སྐྱེ་བ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་ལ་གནས་པ་དང་པོ་ནས་བཟུང་སྟེ། གནས་པ་བཅུ་པའི་བར་དག་གིས་སྐྱེ་བ་བརྗོད་པ་འཛམ་བུའི་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང་དུ་གནས་པར་མཆོག་ཐོབ་པ་ཁོ་ནའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་གྱུར་པ་དབང་ཕྱུག་ཆེན་པོའི་བར་དེའི་བདག་པོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱི་དབང་གིས་འགྲུབ་པ་ཡིན་ནོ། །ཐ་མའི་སྐྱེ་བ་ནི་སྐྱེ་བ་གང་དུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་མམ་རྒྱལ་པོའི་ཕོ་བྲང་དུ་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པ་དེ། སྐྱེ་བ་དེ་ལས་གཞན་མེད་པ་ཐ་མའི་སྐྱེ་བ་ཞེས་བྱའོ། །སྐྱེ་བ་ལྔ་པོ་དེ་དག་ཀྱང་མདོར་བསྡུས་


DTG205_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ན་དང་པོ་གསུམ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་པ་སྟེ། དེ་ཡང་དགོས་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ཏེ། ཡིད་དུ་མི་འོང་བའི་འབྲས་བུ་ལས་བཟློག་པ་དང༌། ཡིད་དུ་མི་འོང་བའི་འབྲས་བུའི་རྒྱུ་ལས་བཟློག་པ་དང༌། ཡིད་དུ་འོང་བའི་འབྲས་བུའི་རྒྱུ་ལ་འཛུད་པའི་སྐྱེ་བ་སྟེ་གོ་རིམས་བཞིན་ནོ། །བཞི་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་པ་སྟེ། བདག་ཉིད་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ལེགས་པའི་ཁྱད་པར་ལ་གནས་པའི་ཕྱིར་རོ། །ལྔ་པ་ནི་བདག་དང་གཞན་གཉི་གའི་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་སྟེ། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་དང༌། མཛད་པས་གཞན་ལ་ཕན་འདོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང་བཟང་བ་དང་ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང༌། སྐྱེ་བར་འགྱུར་བ་དང༌། སྐྱེ་བ་གང་དུ་ཡང་རུང་བ་དེ་དག་ཐམས་ཅད་དང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟད་དེ་སྐྱེ་བ་དེ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྐྱེ་བ་རྣམ་པར་དག་པ་དེ་ཡང་ས་དང་པོ་ནས་སངས་རྒྱས་ཀྱི་ས་དེ་མ་གཏོགས་པ་བཅུ་པའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །མཐུ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་རྣམ་པ་ལྔ་སྟེ། མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་དང༌། ཐུན་མོང་གི་མཐུ་དང༌། ཐུན་མོང་མ་ཡིན་པའི་མཐུའོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་སྔར་འཕགས་པ་བྱམས་པའི་ལེའུར་བསྟན་པ་ཡིན་ནོ། །དེ་ཡང་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ཞེས་བྱ་བ་ནི་སངས་རྒྱས་སུ་གྲུབ་ནས་སྐྱེ་བ་ལེན་པ་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་དང་ཡང་མཉམ་ལ་ཞེས་བྱ་བ་ནི་ས་འོག་མ་རྣམས་ཀྱི་ཡོན་ཏན་ཡང་དེ་ན་ཡོད་པས་དེ་དང་མཉམ་པའོ། །གཉེན་པོའི་རབ་


DTG205_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབྱེ་བའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་གྲུབ་པས་སོ་སོར་བརྟགས་ཏེ་སྐྱེ་བ་ལེན་པ་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཏེ། ཉིད་དང་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་སྲིད་པར་སྐྱེ་བ་ནི་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ཡིན་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའི་སྐྱེ་བ་རབ་མཆོག་ཅེས་བགྱི་ལགས་ཞེས་བྱ་བ་ཞུས་ཏེ། སྲིད་པར་སྐྱེ་བ་མངལ་དུ་འཇུག་ན་ཡང་སོ་སོའི་སྐྱེ་བོ་ཕལ་པ་ནི་མི་ཤེས་པར་འཇུག་ཅིང་གནས་ཏེ། འཁོར་ལོས་སྒྱུར་བ་ནི་ཤེས་བཞིན་དུ་འཇུག་པ་ལ་མི་ཤེས་པར་གནས་ཤིང་འབྱུང༌། ཉན་ཐོས་དང་རང་སངས་རྒྱས་ནི་ཤེས་བཞིན་དུ་འཇུག་ཅིང་གནས་པར་མི་ཤེས་པར་འབྱུང་གི །བྱང་ཆུབ་སེམས་དཔའ་ནི་ཤེས་བཞིན་དུ་འཇུག་ཅིང་གནས་ཏེ་འབྱུང་བ་དང༌། སྐྱེ་གནས་དང༌། ཁམས་དང༌། འགྲོ་བ་གང་དུ་སྐྱེས་ཀྱང་བྱང་ཆུབ་སེམས་དཔའི་ཆེན་པོར་སྐྱེ་བ་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཚེ་དང༌། ཁ་དོག་དང༌། རིགས་དང༌། དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་དེས་ཀྱང་འགྲུབ་པར་འགྱུར་ཞིང༌། རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་དེ་ཅིའི་ཕྱིར་ཞེས་ཞུས་པ་ཡིན་ནོ། །རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ། རྒྱུ་རྣམ་པ་བཞི་འོག་ནས་འབྱུང་བ་དང་པོ་གཉིས་ཀྱང་རྒྱུ་དང་འབྲས་བུ་འོག་མ་གཉིས་ཀྱང་རྒྱུ་དང་འབྲས་བུར་འབྲེལ་པར་སྲིད་པས་སྐྱེ་བ་ལེན་པས་ན་བྱང་ཆུབ་སེམས་དཔའི་སྐྱེ་བ་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གནས་ཡིན་པའི་ཕྱིར་སྲིད་པར་


DTG205_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཐམས་ཅད་ཀྱི་ནང་ན་རབ་མཆོག་ཅེས་བྱ་བར་སྟོན་ཏོ། །དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་འགྲུབ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འོག་ནས་སོ་སོར་བརྟགས་ཏེ་ལེགས་པ་ཉིད་ཀྱི་ཕྱིར་ཞེས་འབྱུང་བའི་རྒྱུ་ཡིན་ཏེ། དེ་ལ་དགེ་བའི་རྩ་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་དོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པ་དང༌། ཕུལ་དུ་བྱུང་བ་དང༌། རྣམ་པར་དག་པས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ལ་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་གསུམ་གྱིས་ཏེ། ལུས་དང་ངག་དང་ཡིད་ཀྱིས་སོ། །ཕུལ་དུ་བྱུང་བ་ལ་ནི་རྒྱུ་གཉིས་ཏེ། རྒྱ་ཆེ་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་སོ། །དེ་ལ་རྒྱ་ཆེ་བ་ནི་སེམས་ཅན་ལ་དབྱེ་བ་མེད་པ་དང༌། དངོས་པོ་ལ་དབྱེ་བ་མེད་པ་དང༌། དུས་ལ་དབྱེ་བ་མེད་པ་སྟེ། སེམས་ཅན་ལ་དབྱེ་བ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བརྟེན་ཏེ་བརྩམས་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པ་བྱེད་ཀྱི་བདག་འབའ་ཞིག་ཁོ་ནའི་ཕྱིར་མ་ཡིན་པའོ། །དངོས་པོ་ལ་དབྱེ་བ་མེད་པ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་ཡང་དག་པར་བླངས་ཏེ་ཀུན་དུ་སྤྱོད་པའོ། །དུས་ལ་དབྱེ་བ་མེད་པ་ནི་ཚེ་འདི་ལ་མཚན་མོ་དང་ཉིན་མོ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང༌། བརྩོན་པ་མི་འདོར་བ་དང༌། རྒྱུ་དེ་ཉིད་ཀྱིས་ཚེ་རབས་ཐམས་ཅད་དུ་ཡང་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པར་བྱེད་པའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོག་ཏུ་དགའ་བ་དང༌། མི་མཐུན་པ་མེད་པ་དང༌། གུས་པ་དང་མི་བརྟེན་པ་སྟེ། མཆོག་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དགའ་བ་དང༌། སྡུག་བསྔལ་བ་མེད་པ་དང༌། ཡིད་མི་བདེ་བ་མེད་པས་དགེ་བའི་རྩ་བ་དེ་དག་ལ་རྟེན་པར་བྱེད་ཅིང་གཞི་དེས་འགྱོད་པར་ཡང་མི་བྱེད་པའོ། །མི་མཐུན་པ་མེད་པའི་གཞན་ལ་གནོད་པ་མེད་པ་དང༌། ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་མེད་པར་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པའོ། །གུས་པས་ནི་གུས་པ་དང་སྙིང་ཐག་པ་ནས་དེ་དག་ཉིད་ལ་ཡོན་ཏན་དང་སྙིང་པོར་ལྟ་ལ་ཤིན་ཏུ་


DTG205_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དང༌། གཞན་གྱི་དྲིང་མི་འཇོག་པ་དང་གཞན་གྱིས་མི་བཀྲི་བར་དགེ་བའི་རྩ་བ་དེ་དག་ཡང་དག་པར་བླངས་ཏེ་ཀུན་དུ་སྤྱོད་པའོ། །མི་བརྟེན་པའི་དགེ་བའི་རྩ་བ་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དམ། བརྒྱ་བྱིན་ཉིད་དམ། བདུད་ཉིད་དམ། ཚངས་པ་ཉིད་དུ་རེ་བ་མེད་པ་དང༌། གཞན་ལས་ལེན་དུ་ཕན་འདོགས་པ་དང༌། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་བརྟེན་པ་མེད་པའོ། །དེ་ལ་རྣམ་པར་དག་པ་ནི་རྒྱུ་གསུམ་གྱིས་ཏེ། སྦྱངས་པ་དང༌། མི་གཡོ་བ་དང༌། ཤིན་ཏུ་རྣམ་པར་དག་པས་སོ། །དེ་ལ་སྦྱངས་པ་དང་མི་གཡོ་བ་ནི་ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པའི་དགེ་བའི་རྩ་བ་སྟེ། སྦྱངས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་ཤིང་བྱེད་པ་རང་བཞིན་གྱིས་བརླིང་བ་དང༌། གསལ་བ་དང༌། འབྲས་བུ་ཆེ་བ་དང༌། ཕན་ཡོན་ཆེ་བའོ། །མི་གཡོ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཇི་ལྟར་ཐོབ་པ་རྣམས་དང༌། ཇི་ལྟར་བསགས་པ་དེ་དག་ལས་ཕྱིར་མི་ལྡོག་པ་དང༌། ཡོངས་སུ་མི་ཉམས་པ་དང༌། ཁྱད་པར་འགྲོ་བའོ། །ཤིན་ཏུ་རྣམ་པར་དག་པ་ནི་ངེས་པའི་དང་མཐར་ཐུག་པར་གྱུར་པའི་དགེ་བའི་རྩ་བ་སྟེ། བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཆེས་ཡོངས་སུ་དག་པ་གོང་ན་མེད་པའོ། དེ་ལྟར་དགེ་བའི་རྩ་བ་རྒྱུ་གསུམ་གྱིས་ཀུན་དུ་སྤྱོད་པ་དང༌། རྒྱུ་གཉིས་ཀྱིས་ཕུལ་དུ་བྱུང་བ་དང༌། རྒྱུ་གསུམ་གྱིས་རྣམ་པར་དག་པ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡང་དག་པར་གྲུབ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་དག་པར་འགྲུབ་པ་ནི་བྱང་ཆུབ་སེམས་དཔའི་རང་གི་རིགས་པ་དང༌། དང་པོ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་རིམ་གྱིས་ཡང་དག་པར་འགྲུབ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའི་ནི་རང་གི་རིགས་ལ་བརྟེན་ཅིང་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འབྱུང་ཞིང་མཐུ་ཡོད་པར་འགྱུར་བས། རང་གི་རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཡིན་ལ། དང་པོ་སེམས་བསྐྱེད་པ་ལ་བརྟེན་ཅིང་གནས་ནས་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་


DTG205_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྦྱོར་བར་བྱེད་པས་དང་པོ་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ཉིད་ལ་བརྟེན་ཅིང་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་གཞི་ཡིན་པས། གཞི་དེ་གསུམ་གྱི་རིམ་གྱིས་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་དག་པར་འགྲུབ་ལ། དེ་ཡང་དག་པར་འགྲུབ་པས་སོ་སོར་བརྟགས་ཏེ་སྐྱེ་བ་ལེན་པར་བྱེད་དོ། །སོ་སོར་བརྟགས་ཏེ་ལེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་གྲུབ་པ་དེའི་འབྲས་བུ་སྟེ། སྔར་བྱང་ཆུབ་སེམས་དཔའི་སྐྱེ་བ་རྣམ་པར་དག་པ་ཇི་སྐད་བསྟན་པ་དག་ཡིན་པར་སྦྱར་རོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འོག་ནས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང༌། གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་བའི་རྒྱུ་ཡིན་ནོ། །སྔར་བྱང་ཆུབ་སེམས་དཔའི་སྙིང་རྗེ་རྣམ་པར་དག་པ་ཇི་སྐད་བསྟན་པ་དག་ཡིན་པར་སྦྱར་རོ། །བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང༌། གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པ་དེའི་འབྲས་བུ་སྟེ། བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་ལ་མཁས་པ་རྣམ་པ་དྲུག་དང་ལྡན་པའི་ཕྱིར་ཏེ། དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་དང༌། འདུ་བྱེད་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་བལྟ་བ་ལ་བརྟེན་ནས་འཁོར་བ་ཡོངས་སུ་མི་གཏོང་བ་དང༌། འདུ་བྱེད་ཐམས་ཅད་ཡང་དག་པ་ཇི་ལྟ་བ་


DTG205_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡོངས་སུ་ཤེས་པ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ནས་འཁོར་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བའོ། །གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་ལ་མཁས་པ་རྣམ་པ་དྲུག་དང་ལྡན་པའི་ཕྱིར་ཏེ། དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད་མེད་པར་སྒྲུབ་པར་བྱེད་པ་དང༌། ཚོགས་ཆུང་དུས་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཡང་དག་པར་སྐྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་སེལ་བར་བྱེད་པ་དང༌། ཐ་མལ་པ་རྣམས་འཛུད་པར་བྱེད་པ་དང༌། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱེད་པའོ། །དེ་ལྟར་ཐབས་ལ་མཁས་པ་དེ་དག་གིས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱེ་བ་ནི་རབ་མཆོག་ཅེས་བྱའོ། །བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསམ་པ་ཡོངས་སུ་རྫོགས་པའི་ཐབས་ལ་མཁས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཚིག་གི་དོན་ལ་སྨོན་ལམ་མངོན་པར་སྒྲུབ་པ་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཡིན་པས་དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང༌། སྨོན་ལམ་གྱ་ནོམ་པ་དང་ལྡན་པ་དང༌། སྨོན་ལམ་གྱི་སྟོབས་ཅན་ལགས་ཞེས་བྱ་བ་ཞུས་ཏེ། བྱང་


DTG205_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང༌། སྐྱེ་བའི་སྨོན་ལམ་དང༌། སྤྱོད་ཡུལ་གྱི་སྨོན་ལམ་དང༌། ཡང་དག་པའི་སྨོན་ལམ་དང༌། སྨོན་ལམ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་ཡང་དག་པའི་སྨོན་ལམ་དེ་ལྟ་བུ་མངོན་པར་བསྒྲུབ་ཅིང་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་དེའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ནོ། །དེ་ལ་སྨོན་ལམ་རྒྱ་ཆེན་པོས་མཆི་བ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་སྨོན་ལམ་དང༌། སྐྱེ་བའི་སྨོན་ལམ་གྱིས་འགྲོ་བ་སྟེ། སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་སྒྲུབ་པའི་གོང་དུ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྐྱེ་བའི་སྨོན་ལམ་ཞེས་བྱ་བ་ནི་ཕྱི་མ་ལ་སེམས་ཅན་གྱི་དོན་དང་མཐུན་པའི་འགྲོ་བ་རྣམས་སུ་སྐྱེ་བའི་སྨོན་ལམ་པའོ། །དེ་ལ་སེམས་བསྐྱེད་པའི་སྨོན་ལམ་གྱིས་ནི་དང་པོ་སེམས་བསྐྱེད་པ་ཡན་ཆད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་བདག་གི་དོན་ཕུན་སུམ་ཚོགས་པའི་གནས་ཐམས་ཅད་དུ་འགྲོ་ལ་སྐྱེ་བའི་སྨོན་ལམ་གྱི་སྣ་དེའི་བར་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་ཐམས་ཅད་དུ་འགྲོ་བའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས་འགྲོ་བ་ཞེས་བྱའོ། །སྨོན་ལམ་གྱ་ནོམ་པ་དང་ལྡན་པ་ཞེས་བྱ་བ་ནི། སྤྱོད་ཡུལ་གྱི་སྨོན་ལམ་གྱ་ནོམ་པ་དང་ལྡན་པ་སྟེ། སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱ་བ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པར་སྨོན་པ་དང་ཚད་མེད་པ་ལ་སོགས་པ་དགེ་བའི་ཆོས་སྒོམ་པའི་ཡུལ་ལ་སྨོན་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐམས་ཅད་བསྒོམ་པའི་སྨོན་ལམ་བཟང་པོ་དང་ལྡན་པས་ན་སྨོན་ལམ་གྱ་ནོམ་པ་དང་ལྡན་པ་ཞེས་བྱའོ། །སྨོན་ལམ་གྱི་སྟོབས་ཅན་ཞེས་བྱ་བ་ནི་ཡང་དག་པར་སྨོན་ལམ་དང་ཆེན་པོའི་སྟོབས་དང་ལྡན་པ་སྟེ། ཡང་དག་པའི་སྨོན་ལམ་ཞེས་བྱ་བ་ནི་ཕྱི་མ་ལ་མདོ་དང་རྒྱས་པར་བྱང་ཆུབ་སེམས་དཔའི་དགེ་བ་ཐམས་ཅད་སྡུད་པ་ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པའོ། །སྨོན་


DTG205_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱ་སྟེ། ད་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བ་ཐམས་ཅད་དཔག་ཏུ་མེད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང༌། དགའ་ལྡན་གྱི་གནས་ན་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྨོན་ལམ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་སྨོན་ལམ་ཆེན་པོའོ། །དེ་དག་རེ་རེ་ལ་ཡང་སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་དག་ཡོད་དེ། དེ་ཡང་ལྷག་པའི་བསམ་པ་དག་པའི་ས་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་འཕྲུལ་པས་ན་སྨོན་ལམ་གྱི་སྟོབས་ཅན་ཞེས་བྱའོ། །རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ནི་འོག་ནས་རྒྱུ་རྣམ་པ་བཞིའི་འབྱུང་བ་དང་པོ་གཉིས་ནི་གཉེན་པོ་ཡིན། ཐ་མ་གཉིས་ནི་མི་མཐུན་པའི་ཕྱོགས་དེ་ལྟ་བུའི་གཉེན་པོ་ཐོབ་ཀྱང་མི་མཐུན་པའི་ཕྱོགས་མི་སྤོང་བས་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཀྱི་ཡང་དག་པའི་སྨོན་ལམ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་


DTG205_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་བདེ་བ་ལ་གནས་པ་ལ་མཁས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་སྐྲག་པར་མི་འགྱུར་བ་སྟེ། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་ལ་མོས་པ་དེས་སྦྱོར་བ་དེ་མྱ་ངན་ལས་འདས་པས་ཡིད་མི་སྐྲག་པས་མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བ་དང༌། དེ་ལ་ཡོད་པའི་ཡོན་ཏན་མཐོང་བའི་དད་པ་དང༌། མོས་པ་མི་སྤོང་བའི་ཕྱིར་གོང་དུ་མྱ་ངན་ལས་འདས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་ན་དེ་ཉིད་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་ལ་མཁས་པ་ཞེས་བྱ་སྟེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །དེ་མྱུར་དུ་ཐོབ་པར་ནུས་པ་ཞེས་བྱ་བ་ནི་འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེས་སྦྱོར་བ་ན། འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་སེམས་ལྷག་པར་བཏང་སྙོམས་སུ་འཇོག་པར་ནུས་ཏེ། དེ་ལ་སེམས་ལྷག་པར་བཏང་སྙོམས་སུ་གཞག་ན་སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་འཁོར་བར་འཁོར་བར་འགྱུར་ལ་དེ་ལྟར་གྱུར་ནས། སངས་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་མྱུར་དུ་འཐོབ་པར་ནུས་པ་ཡིན་ཏེ། དེ་ནི་རྒྱུ་གཉིས་པ་ཡིན་ནོ། །མྱུར་དུ་འཐོབ་པ་དེ་དང་བདེ་བར་གནས་པ་དེ་ཡང་སྤངས་ཏེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་དུ་གཉེར་བ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེ་སྦྱོར་བ་ན་མྱ་ངན་ལས་འདས་པ་དོན་དུ་གཉེར་བར་མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་ཏེ། མྱ་ངན་ལས་མི་འདའ་བས་སངས་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །མྱུར་དུ་འཐོབ་པ་དེ་དང་བདེ་བར་གནས་པ་དེ་ཡང་སྤངས་པ་ཡིན་ཏེ། དེ་ནི་རྒྱུ་གསུམ་པ་ཡིན་ནོ། །སེམས་ཅན་གྱི་དོན་རྒྱུ་མེད་པ་དགོས་པ་མེད་པ་སྡུག་བསྔལ་མང་པོ་སྣ་ཚོགས་ཡུན་རིང་པོ་འབྱུང་བ་ལ་ཡིད་ཀྱིས་སྨོན་པར་བྱེད་པ་ཞེས་བྱ་བ་ནི་འཁོར་བས་ཡིད་སྐྱོ་བར་མི་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེས་སྦྱོར་བ་ན་འཁོར་བས་


DTG205_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྐྱོ་བ་མེད་བས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་ཏེ། མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་ལ་ཡིད་ཀྱིས་སྨོན་པར་བྱེད་པ་ཡིན་ཏེ། ད་ནི་རྒྱུ་བཞི་པ་ཡིན་ནོ། །བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །ས་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།སྔར་ལེའུ་དགུ་པ་འདིའི་བསྡུ་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལས་བརྩམས་ནས་དྲིས་པ་དང་ལན་བརྗོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པ་དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཡོངས་སུ་རྫོགས་པ་དང༌། གང་དག་ཡོངས་སུ་རྫོགས་པའོ། །དེ་ལ་ཇི་ལྟར་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྟོགས་པ་ཡོངས་སུ་རྫོགས་པའི་སྒོ་ནས་སྤྱོད་པ་ཡོངས་སུ་རྫོགས་པར་མངོན་པའི་ཕྱིར་རབ་ཏུ་དབྱེ་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏེ་ཞེས་སྨོན་པའི་རབ་ཏུ་དབྱེ་བ་ནི་དེ་ཡན་ཆད་དུ་བཤད་ཟིན་ཏོ།། །།ད་ནི་གང་དག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཡོངས་སུ་རྫོགས་པ་བསྟན་པ་སྟེ་ཞེས་སྨོས་པ་ནི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ཞུས་སོ། །ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བ་ནི་རྣམ་པ་ཉི་ཤུ་སྟེ། བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །གནས་པ་ལ་མཁས་པ་ནི། བཅོམ་ལྡན་འདས་གཞི་དྲུག་པོ་དེ་དག་ལས་དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་མཁས་པ་ནི། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ནི་བསོད་ནམས་ཀྱི་ཚོགས་ལགས་ཞེས་བྱ་བ་ལ་སོགས་པའོ། །ལེགས་


DTG205_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིན་ཏུ་བསླབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་བསླབ་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །མཐར་ཐུག་པ་བསྡུ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བསླབ་པའི་གཞི་དེ་དག་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །གྲོགས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བ་ལ་མཁས་པ་ནི་བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གོ་རིམས་ཇི་ལྟར་བསྟན་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པའི་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་དུར་རབ་ཏུ་དབྱེ་ལགས་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་བ་ལ་སོགས་པའོ། །གདགས་པ་བསྡུ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་རྣམ་པ་ལྔ་པོ་དེ་དག་གི་སོ་སོའི་ལས་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་གྱི་ཁྱད་པར་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱ་ཆེ་བ་ཉིད་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་མི་འཆད་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པས་འཚལ་བ་དང་ཕ་རོལ་ཏུ་ཕྱིན་པ་འཚལ་བ་དང་ལྡན་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་ཉིད་ལ་གནས་པའི་ཐབས་ལ་མཁས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟ་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པ་མ་ལགས་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་སྒྲུབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཡོངས་


DTG205_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྡུ་བའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་ལས་བྱུང་བ་དང༌། འབྲས་བུ་གང་དང་ལྡན་པ་དང༌། དོན་གང་དང་ལྡན་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ལ་ཕན་གདགས་པའི་བགེགས་ལ་མཁས་པ་ནི་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས་མ་འཚལ་བ་དང་ལྡན་པ་དང༌། སྙིང་རྗེ་ཅན་ལགས་ན་ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཐབས་ལ་འཇུག་པ་ཆུད་མི་ཟ་བ་ལ་མཁས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས་ཞེས་བྱ་བ་ལ་སོགས་པའོ། །འགྲིབ་པ་དང་འཕེལ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུས་རྗེས་སུ་འཛིན་པ་གཞིག་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་རྣམ་པ་དུ་མ་ཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་འབྱིན་པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་པ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དང་པོར་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཡིན་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ཞུས་སོ། །བསླབ་པའི་གཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སུ་གང་


DTG205_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་པར་བྱ་བའི་གཞི་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དྲུག་སྟེ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་རྣམ་པ་དགུ་དགུར་ཤེས་པར་བྱའོ། །སྦྱིན་པ་རྣམ་པ་དགུ་ནི་སྦྱིན་པའི་ངོ་བོ་ཉིད་དང༌། ཐམས་ཅད་སྦྱིན་པ་དང༌། དཀའ་བའི་སྦྱིན་པ་དང༌། ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང༌། སྐྱེས་བུ་དམ་པའི་སྦྱིན་པ་དང༌། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང༌། ཕོངས་ཤིང་འདོད་པ་ལ་སྦྱིན་པ་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང༌། རྣམ་པར་དག་པའི་སྦྱིན་པའོ། །དེ་ལ་སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། མཚན་ཉིད་རྣམ་པ་ལྔ་པོ་རང་བཞིན་དང༌། སྒོ་དང༌། དངོས་པོ་དང༌། བསམ་པ་དང༌། ལེན་པའི་མཚན་ཉིད་དང་ལྡན་པའི་སྦྱིན་པའོ། །དེ་ལ་རང་བཞིན་ནི་ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པའོ། །སྒོ་ནི་དེས་ཀུན་ནས་བསླང་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་སོ། །དངོས་པོ་ནི་སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་གཏོང་བའོ། །བསམ་པ་ནི་སྡོམ་པ་ལ་གནས་པ་དང༌། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བའོ། །ལེན་པ་ནི་སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པའོ། །ཐམས་ཅད་སྦྱིན་པ་གང་ཞེ་ན་རྣམ་པ་གཉིས་ཏེ། ནང་དང་ཕྱི་རོལ་གྱི་དངོས་པོ་སྦྱིན་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། དངོས་པོ་དང༌། རྒྱུ་དང་བྱེ་བྲག་གོ །དཀའ་བའི་སྦྱིན་པ་གང་ཞེ་ན། རྣམ་པ་གསུམ་སྟེ་སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་བདོག་པ་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་དང༌། སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པའམ། ཡུན་རིང་པོ་ནས་འདྲིས་པའམ། ཤས་ཆེར་ཕན་པའམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་རབ་མཆོག་ཏུ་གྱུར་པ་ལ་ཞེན་པ་བསལ་ནས་གཞན་དག་ལ་སྦྱིན་པར་བྱེད་པ་དང༌། སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པོ་ས་སྒྲུབ་པ་རྣམས་གཞན་དག་ལ་སྦྱིན་པར་བྱེད་པའོ། །ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན་རྣམ་པ་བཞི་སྟེ། སྦྱིན་པར་བྱ་བའི་དངོས་པོ་


DTG205_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བདོག་པ་ཡང་སྦྱིན་པར་ཡང་བྱེད་པ་དང༌། གཞན་དག་ལས་བསླངས་ཏེ། ཡང་སྦྱིན་པར་བྱེད་པ་དང༌། ལེན་པ་པོ་བདག་གི་ཚལ་པ་ལ་སོགས་པ་ཡང་སྦྱིན་པར་བྱེད་པ་དང༌། སློང་མོ་པ་གཞན་འདོད་པ་རྣམས་ལ་ཡང་སྦྱིན་པར་བྱེད་པའོ། །སྐྱེས་བུ་དམ་པའི་སྦྱིན་པ་གང་ཞེ་ན་རྣམ་པ་ལྔ་སྟེ། དད་པས་སྦྱིན་པ་བྱེད་པ་དང༌། གུས་པས་སྦྱིན་པ་བྱེད་པ་དང༌། རང་གི་ལག་ནས་སྦྱིན་པ་བྱེད་པ་དང༌། གཞན་ལ་མི་གནོད་པར་སྦྱིན་པ་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང༌། རྣམ་པ་བདུན་ཏེ་སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་མི་རྟེན་པར་སྦྱིན་པ་དང༌། མི་སྲི་བར་བྱེད་པ་དང༌། དགའ་བར་སྦྱིན་པ་དང༌། རྒྱུན་མི་འཆད་པར་སྦྱིན་པ་དང༌། སྣོད་ལ་སྦྱིན་པ་དང༌། སྣོད་མ་ཡིན་པ་ལ་སྦྱིན་པའོ། །རྣམ་པ་བདུན་ནི་ཐམས་ཅད་སྦྱིན་པ་དང༌། ཀུན་ལ་སྦྱིན་པ་དང༌། དུས་ཐམས་ཅད་དུ་སྦྱིན་པ་དང༌། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་དང༌། སེམས་ཅན་གྱི་དངོས་པོ་སྦྱིན་པ་དང༌། ཡུལ་གྱི་དངོས་པོ་སྦྱིན་པ་དང༌། ནོར་དང་འབྲུའི་དངོས་པོ་སྦྱིན་པའོ། །ཕོངས་ཤིང་འདོད་པ་ལ་སྦྱིན་པ་གང་ཞེ་ན་རྣམ་པ་བརྒྱད་དེ། ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པ་དང༌། བཞོན་པས་ཕོངས་ཤིང་འདོད་པ་རྣམས་ལ་བཞོན་པ་སྦྱིན་པ་དང༌། གོས་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་གོས་སྦྱིན་པ་དང༌། རྒྱན་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་རྒྱན་སྦྱིན་པ་དང༌། སྣོད་སྤྱད་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་སྣོད་སྤྱད་སྦྱིན་པ་དང༌། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པས་ཕོངས་ཤིང་འདོད་པ་རྣམས་ལ་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་སྦྱིན་པ་དང༌། གནས་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་གནས་སྦྱིན་པ་དང༌། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན་པའོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན་རྣམ་པ་དགུ་སྟེ། ཟང་ཟིང་གི་སྦྱིན་པ་སེར་སྣ་དང༌། གསོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང༌། གཙང་བ་དང༌། རུང་བ་སྦྱིན་པ་གསུམ་དང༌། མི་འཇིགས་པ་


DTG205_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་དུད་འགྲོ་ལ་སོགས་པ་དང༌། མི་དང༌། སེམས་ཅན་དུ་བགྲོད་པ་མ་ཡིན་པ་ལས་བསྐྱབ་པ་གསུམ་དང༌། ཆོས་ཀྱི་སྦྱིན་པ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང༌། རིགས་པར་སྟོན་པ་དང༌། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་གསུམ་མོ། །རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན་རྣམ་པ་བཅུ་སྟེ། ཐོགས་པ་མེད་པའི་སྦྱིན་པ་དང༌། མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་དང༌། བསགས་པ་མེད་པའི་སྦྱིན་པ་དང༌། ཁེངས་པ་མེད་པའི་སྦྱིན་པ་དང༌། མི་རྟེན་པའི་སྦྱིན་པ་དང༌། ཞུམ་པ་མེད་པའི་སྦྱིན་པ་དང༌། ངན་པ་མ་ཡིན་པའི་སྦྱིན་པ་དང༌། རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་དང༌། ལན་ལ་མི་ལྟ་བའི་སྦྱིན་པ་དང༌། རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཡོན་ཏན་རྣམ་པ་བཞི་པོ་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང༌། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང༌། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་དེ་དྲན་པ་ཉེ་བར་གནས་པ་དང་ལྡན་པའི་སྡོམ་པའོ། །ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན། རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་ལ་དབང་ཕྱུག་ལ་དབང་བྱེད་ཅིང་འདུན་པ་ལས་དེ་སྤངས་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང༌། ཚུལ་ཁྲིམས་བླངས་ནས་ཉམ་ཐག་སྟེ་སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ཉམས་པར་མི་བྱེད་ཅིང༌། མེད་པར་མི་བྱེད་པ་དང༌། ཇི་སྲིད་འཚོའི་བར་དུ་ཅི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ན། ལྕི་བ་ལྟ་འབྱུང་བར་ག་ལ་འགྱུར་བ་དེ་ལྟར་སྤྱོད་པ་དང༌། གནས་


DTG205_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཡིད་ལ་བྱེད་པ་ཐམས་ཅད་ལ་དྲན་པ་ཉེ་བར་གནས་ཤིང་བག་ཡོད་པ་ཡིན་ནོ། །ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བཞི་སྟེ། ཡང་དག་པར་བླངས་བ་དང༌། རང་བཞིན་གྱི་ཚུལ་ཁྲིམས་དང༌། གོམས་པ་དང༌། ཐབས་དང་ལྡན་པའོ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་གང་ཞེ་ན། རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང༌། གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་འཇུག་པ་དང༌། ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པ་དང༌། ཆོས་མཐུན་པ་མཐོང་ན་ཡིད་དགའ་བར་འགྱུར་བ་དང་ཉེས་པར་གྱུར་ན་ཆོས་བཞིན་དུ་འཆོས་པའོ། །རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་རྒྱ་ཆེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། རབ་ཏུ་དགའ་བའི་གནས་དང་མཐུན་པ་དང༌། རྟག་ཏུ་བྱེད་པ་དང༌། བརྟན་པ་དང༌། ཚུལ་ཁྲིམས་རྒྱན་དང་ལྡན་པའོ། །རྣམ་པ་བདུན་ནི་ལྡོག་པའི་ཚུལ་ཁྲིམས་དང༌། འཇུག་པའི་ཚུལ་ཁྲིམས་དང༌། ཀུན་ནས་བསྲུང་བའི་ཚུལ་ཁྲིམས་དང༌། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང༌། སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། །ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བརྒྱད་དེ། གསང་བ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་མོ་དང༌། ངག་འཁྱལ་པ་དང༌། ལག་པ་དང༌། བོང་བ་དང༌། ལྕག་ལ་སོགས་པས་རྣམ་པར་འཚེ་བ་དང༌། བདག་ཉིད་ལ་གཞན་གྱིས་བྱས་ན་དེས་བདག་ཉིད་ཕོངས་ཤིང་དེའི་གཉེན་པོ་འདོད་པ་བཞིན་དུ་བདག་གིས་གཞན་དག་ལ་བྱས་ན་ཡང་དེས་གཞན་དག་ཕོངས་ཤིང་དེའི་གཉེན་པོ་འདོན་པར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་ཉེས་པ་དེ་བརྒྱད་ཀུན་དུ་མི་སྤྱོད་པའོ། །འདི་དང་


DTG205_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་དགུ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནས་སུ་འགྱུར་བ་རྣམས་འགོག་པར་བྱེད་པ་དང༌། གནང་བར་བྱ་བའི་གནས་སུ་གྱུར་པ་རྣམས་གནང་བར་བྱེད་པ་དང༌། བསྡུ་བར་བྱ་བ་རྣམས་སྡུད་པར་བྱེད་པ་དང༌། ཚར་གཅད་པར་བྱ་བ་རྣམས་ཚར་གཅོད་པར་བྱེད་པ་དང༌། སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས་དང༌། བཟོད་པ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། བསམ་གཏན་དང་ལྡན་པ་དང༌། ཤེས་རབ་དང་ལྡན་པའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བཅུ་སྟེ། དང་པོ་ཉིད་ནས་ལེགས་པར་བླངས་པ་དང༌། ཧ་ཅང་ཞུམ་པ་མ་ཡིན་པ་དང༌། ཧ་ཅང་ཐལ་བ་མ་ཡིན་པ་དང༌། བག་ཡོད་པས་ཡོངས་སུ་ཟིན་པ་དང༌། སྨོན་ལམ་ལེགས་པར་བཏབ་པ་དང༌། ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང༌། འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང༌། མཐའ་གཉིས་རྣམ་པར་སྤངས་བ་དང༌། ངེས་པར་འབྱེད་པ་དང༌། ཡོངས་སུ་མ་ཉམས་པའོ། །བཟོད་པ་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་བཟོད་པའི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་བཞི་པོ་རྟེན་གྱི་ཁྱད་པར་དང༌། གནས་ཀྱི་ཁྱད་པར་དང༌། དམིགས་པའི་ཁྱད་པར་དང༌། རྒྱུའི་ཁྱད་པར་དང་ལྡན་པའི་ཇི་མི་སྙམ་པའོ། །དེ་ལ་རྟེན་གྱི་ཁྱད་པར་ནི། སོ་སོར་བརྟགས་པའི་སྟོབས་དང༌། བསྒོམས་པའི་སྟོབས་ལ་བརྟེན་པའོ། །གནས་ཀྱི་ཁྱད་པར་ནི་སེམས་ཅན་མཛའ་བཤེས་དང༌། དགྲ་བོ་དང༌། ཐ་མལ་པ་བདེ་བ་དང་སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཐམས་ཅད་ལ་གནས་པའོ། །དམིགས་པའི་ཁྱད་པར་ནི་གནོད་པ་དང༌། སྡུག་བསྔལ་བ་དང༌། ཆོས་ལ་རྟོག་པ་ཐམས་ཅད་ལ་དམིགས་པའོ། །རྒྱུའི་ཁྱད་པར་ནི། ཟང་ཟིང་མེད་པའི་སེམས་དང་སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པའོ། །བཟོད་པ་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། གཞན་གནོད་པ་བྱེད་པ་


DTG205_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །དཀའ་བའི་བཟོད་པ་གང་ཞེ་ན་རྣམ་པ་གསུམ་སྟེ། སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ་དང༌། བདག་ཉིད་རྗེ་དཔོན་དུ་གྱུར་པ་བྲན་གཡོག་གིས་གནོད་པ་བྱས་པ་བཟོད་པ་དང༌། སེམས་ཅན་བདག་པས་རིགས་དང་རུས་ཆེས་དམན་པ་དག་གིས་གནོད་པ་མཆོག་ཏུ་ཆེན་པོ་བྱས་པ་བཟོད་པའོ། །ཐམས་ཅད་ཀྱི་སྒོ་ནས་བཟོད་པ་གང་ཞེ་ན་རྣམ་པ་བཞི་སྟེ། མཛའ་བོ་དང༌། མི་མཛའ་བ་དང༌། ཐ་མལ་བ་དང༌། གསུམ་ཆར་གྱིས་དམའ་བ་དང༌། མཚུངས་པ་དང་ལྷག་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ། །སྐྱེས་བུ་དམ་པའི་བཟོད་པ་གང་ཞེ་ན་རྣམ་པ་ལྔ་སྟེ། བཟོད་པ་ལ་ཕན་ཡོན་དུ་ལྟ་བ་དང༌། བདག་ཉིད་ཀྱིས་ཀྱང་བཟོད་པ་དང༌། གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང༌། བཟོད་པའི་བསྔགས་པ་བརྗོད་པ་དང༌། གང་ཟག་བཟོད་པ་ཅན་མཐོང་བ་ཡང་ཡིད་དགའ་བའོ། །རྣམ་པ་ཐམས་ཅད་ཀྱི་བཟོད་པ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། རྣམ་པར་སྨིན་པས་འཇིགས་པས་བཟོད་པ་དང༌། བྱམས་པས་བཟོད་པ་དང༌། བྱང་ཆུབ་འདོད་པའི་རྒྱུས་བཟོད་པ་དང༌། ཆོས་ཡང་དག་པར་བླངས་པས་བཟོད་པ་དང༌། རང་བཞིན་གྱིས་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པས་བཟོད་པའོ། །རྣམ་པ་བདུན་ནི་གནོད་པ་དང༌། ཡུལ་དང༌། དུས་དང༌། གནས་སྐབས་དང༌། ལུས་དང༌། ངག་དང༌། ཡིད་ཀྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པའོ། །ཕོངས་ཤིང་འདོད་པ་ལ་བཟོད་པ་གང་ཞེ་ན་རྣམ་པ་བརྒྱད་དེ། སློང་མོ་བ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་བཟོད་པ་དང༌། སེམས་ཅན་མ་རུངས་བ་སྡིག་པ་ཆེན་པོའི་ལས་བྱེད་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ་དང༌། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་བ་རྣམས་ལ་ཆོས་


DTG205_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་པ་དང༌། བརྩལ་བ་རྣམ་པ་ལྔ་པོ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ་དང༌། ཆོས་རྣམས་ཡོངས་སུ་བཙལ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་དང༌། སེམས་ཅན་གྱི་བྱེད་པ་རྣམས་དང༌། བྱ་བ་རྣམས་ལ་ཡང་དག་པའི་གྲོགས་སུ་འགྲོ་བའི་བརྩལ་བ་མི་བརྗོད་པའོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་གང་ཞེ་ན་རྣམ་པ་དགུ་སྟེ། གྲང་བ་དང༌། ཚ་བ་དང། བཀྲེས་པ་དང༌། སྐོམ་པ་དང༌། སྦྲང་བུས་ཟིན་པ་དང༌། ཤ་སྦྲང་གིས་ཟིན་པ་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་དང༌། ལུས་དང༌། སེམས་དུབ་པ་དང༌། འཁོར་བའི་སྡུག་བསྔལ་བཟོད་པའོ། །རྣམ་པར་དག་པའི་བཟོད་པ་གང་ཞེ་ན་རྣམ་པ་བཅུ་སྟེ། གནོད་པ་བྱས་པ་ལ་ཕྱིས་གནོད་པ་དང༌། འཁྲུག་པ་དང༌། དགྲའི་བསམ་པ་མི་འཛིན་པ་དང༌། སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་པ་དང༌། གནོད་པར་བྱེད་པ་རྣམས་ལ་ཡང་བདག་ཉིད་ཀྱིས་ཤད་ཀྱིས་བྱང་བར་བྱེད་པ་དང༌། མི་དགའ་བར་བྱས་པ་ནི་མི་དགའ་བར་གྱུར་ཀྱང་རུང་ཞེས་གཞན་དག་འཆགས་སུ་མི་གཞུག་པ་དང༌། དེ་ཉིད་ཀྱི་རྐྱེན་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤས་ཆེར་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ལྡན་པ་དང༌། བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ་ཤས་ཆེར་སྡུག་པར་འཛིན་ཅིང་གུས་པ་དང་ལྡན་པ་དང༌། སེམས་ཅན་ལ་རྣམ་པར་ཐོ་མི་འཚམས་པ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ་དང༌། མི་བཟོད་པའི་ཆོས་གྲོགས་དང་བཅས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བའོ། །བརྩོན་འགྲུས་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་བཞི་པོ་ལ་དམིགས་པ་དང༌། རྣམ་པ་དང༌། སྦྱོར་བ་དང༌། རྒྱུ་མཐུན་པ་དང་ལྡན་པའི་ཡོངས་སུ་གཡོ་བའོ། །དེ་ལ་དམིགས་པའི་དགེ་


DTG205_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རོ། །རྣམ་པ་ནི་སེམས་མངོན་པར་སྤྲོ་བའོ། །སྦྱོར་བ་ནི་སྦྱངས་པའི་བར་ཆད་མེད་པའི་ཕྱིན་ཅི་ལོག་པའོ། །རྒྱུ་མཐུན་པ་ནི་དེ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཡོངས་སུ་གཡོ་བའོ། །བརྩོན་འགྲུས་ཐམས་ཅད་གང་ཞེ་ན། རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང༌། དགེ་བའི་ཕྱོགས་ཀྱི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པའོ། །དགའ་བའི་བརྩོན་འགྲུས་གང་ཞེ་ན། རྣམ་པ་གསུམ་སྟེ། གོས་དང་ཟས་དང་མ་ལ་ཆ་དང་སྟན་དང་བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དགེ་བའི་ཆོས་རྣམས་བསྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་པ་དང༌། རིགས་མཐུན་པ་མ་བོར་གྱི་བར་དུ་དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དེས་ཞུགས་པ་དང༌། མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོན་ཏན་དང་ལྡན་པ་ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་གཏུགས་པ་ཡང་མ་ཡིན་ལ་ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་པའི་བརྩོན་འགྲུས་དང་ལྡན་པའོ། །ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་གང་ཞེ་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་དང༌། དཀར་པོའི་ཆོས་འགྲུབ་པར་བྱེད་པ་དང༌། ལས་ཡོངས་སུ་དག་པར་བྱེད་པ་དང༌། ཤེས་པ་རྣམ་པར་འཕེལ་བར་བྱེད་པའོ། །སྐྱེས་བུ་དམ་པའི་བརྩོན་འགྲུས་གང་ཞེ་ན། རྣམ་པ་ལྔ་སྟེ། མ་བཏང་བ་དང༌། ཉམས་པ་མྱོང་བ་དང༌། ཞུམ་པ་མེད་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། བསྟུན་ཏེ་སྦྱོར་བའོ། །རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། རྟག་པའི་བརྩོན་འགྲུས་དང༌། གུས་པའི་བརྩོན་འགྲུས་དང༌། རྒྱུ་མཐུན་པའི་བརྩོན་འགྲུས་དང༌། སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་དང༌། མི་འཁྲུགས་པའི་བརྩོན་འགྲུས་དང༌། ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །རྣམ་པ་བདུན་


DTG205_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་འདུན་པ་དང་ལྡན་པ་དང༌། མཐུན་པ་དང་ལྡན་པ་དང༌། ཁྱད་པར་ཅན་དང༌། ཚོལ་བ་པོ་དང༌། བསླབ་པའི་བརྩོན་འགྲུས་དང༌། བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བ་ཀུན་ནས་བསྲུང་ཞིང་འཁྲུལ་བ་ཆོས་བཞིན་དུ་ཕྱིར་འཆོས་པའི་བརྩོན་འགྲུས་སོ། །ཕོངས་ཤིང་འདོད་པ་ལ་བརྩོན་འགྲུས་གང་ཞེ་ན་རྣམ་པ་བརྒྱད་དེ། སློང་མོ་བ་སྡུག་བསྔལ་བ་རྣམས་ལ་སློང་བའི་སྣོད་ལ་མངོན་བར་སྤྲོ་བ་དང༌། སེམས་ཅན་མ་རུངས་པའི་སྡིག་པ་ཆེན་པོའི་ལས་བྱས་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་ཕྱིར་མངོན་པར་སྤྲོ་བ་དང། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་མངོན་པར་སྤྲོ་བ་དང༌། བཙལ་བ་རྣམ་པ་ལྔ་པོ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ་དང༌། ཆོས་རྣམས་ཡོངས་སུ་བཙལ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང༌། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། བྱ་བ་རྣམས་ཡང་དག་པར་གྲོགས་སུ་འགྲོ་བའི་བཙལ་བ་ལ་མངོན་པར་སྤྲོ་བའོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་གང་ཞེ་ན་རྣམ་པ་དགུ་སྟེ། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། སྦྲང་བུས་ཟིན་པ་དང༌། ཤ་སྦྲང་གིས་ཟིན་པ་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་དང༌། ལུས་དང༌། སེམས་དུབ་པ་དང༌། འཁོར་བའི་སྡུག་བསྔལ་ལ་མངོན་པར་སྤྲོ་བའོ། །རྣམ་པར་དག་པའི་བརྩོན་འགྲུས་གང་ཞེ་ན། རྣམ་པ་བཅུ་སྟེ། འཚམ་པ་དང༌། གོམས་པ་དང༌། མི་གཡེང་བ་དང༌། ལེགས་པར་ཟིན་པ་དང༌། དུས་སུ་གོམས་པར་བརྩོན་པ་དང༌། མཚན་མ་རྟོག་པ་དང་ལྡན་པ་དང༌། ཞུམ་པ་མེད་པ་དང༌། སྙོམས་པ་དང༌། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའོ། །བསམ་གཏན་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་བཞི་པོ་རྟེན་དང༌། རྣམ་པ་དང༌། ངོ་བོ་ཉིད་དང་ཕྱོགས་ཀྱིས་རབ་ཏུ་དབྱེ་བའི་སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་རྟེན་ནི་བྱང་ཆུབ་


DTG205_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྡེ་སྣོད་ཐོས་པ་དང༌། བསམས་པ་སྔོན་དུ་འགྲོ་བའོ། །རྣམ་པ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །ངོ་བོ་ཉིད་ནི་སེམས་རྩེ་གཅིག་པ་དགེ་བ་ལ་སེམས་གནས་པའོ། །ཕྱོགས་ནི་ཞི་གནས་ཀྱི་ཕྱོགས་དང༌། ལྷག་མཐོང་གི་ཕྱོགས་དང༌། ཟུང་དུ་འབྲེལ་བའི་ལམ་གྱི་ཕྱོགས་གང་ཡིན་པའོ། །བསམ་གཏན་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །དཀའ་བའི་བསམ་གཏན་གང་ཞེ་ན་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་བསམ་གཏན་ལ་གནས་པ་མངོན་པར་བསྒྲུབ་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཤིན་ཏུ་འདྲིས་པ་དག་གི་གནས་ནས་རང་དགར་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བ་དང༌། བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བསམ་གཏན་དཔག་ཏུ་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་མངོན་པར་བསྒྲུབ་པ་དང༌། བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པའོ། །ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་གང་ཞེ་ན་རྣམ་པ་བཞི་སྟེ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་དང༌། དགའ་བ་དང་ལྡན་པ་དང༌། རིམ་པའི་བདེ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའོ། །སྐྱེས་བུ་དམ་པའི་བསམ་གཏན་གང་ཞེ་ན་རྣམ་པ་ལྔ་སྟེ། རོ་མྱོང་བ་མེད་པ་དང༌། བྱམས་པ་དང་ལྡན་པ་དང༌། སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའོ། །རྣམ་པ་ཐམས་ཅད་ཀྱི་བསམ་གཏན་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང༌། རྣམ་པ་བདུན་ཏེ། སྤྱིར་བསྡོམས་ན་རྣམ་པ་བཅུ་


DTG205_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། དགེ་བའི་བསམ་གཏན་དང༌། སྤྲུལ་པ་དང་སྤྲུལ་པ་ལ་ལུང་དུ་མ་བསྟན་པའི་བསམ་གཏན་དང༌། ཞི་གནས་ཀྱི་ཕྱོགས་ཀྱི་བསམ་གཏན་དང༌། ལྷག་མཐོང་གི་ཕྱོགས་ཀྱི་བསམ་གཏན་དང༌། བདག་དང་གཞན་གྱི་དོན་ལེགས་པར་ངེས་པའི་བསམ་གཏན་དང༌། མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་ནོ། །རྣམ་པ་བདུན་ནི་མིང་ལ་དམིགས་པ་དང༌། དོན་ལ་དམིགས་པ་དང༌། ཞི་གནས་ཀྱི་མཚན་མ་ལ་དམིགས་པ་དང༌། རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ་དང༌། བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ་དང༌། ཚེ་འདི་ལ་བདེ་བར་གནས་པ་དང༌། གཞན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཕོངས་ཤིང་འདོད་པ་ལ་བསམ་གཏན་གང་ཞེ་ན་རྣམ་པ་བརྒྱད་དེ། དུག་དང༌། ཐོག་དང༌། རིམས་དྲག་པོ་དང༌། འབྱུང་བ་དང༌། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་བསྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབ་པའི་བསམ་གཏན་དང༌། ཁམས་འཁྲུག་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན་དང༌། མུ་གེའི་ངུ་འབོད་ཆེན་པོ་དག་བྱུང་བའི་ཚེ་ཆར་སྒྲུབ་བར་བྱེད་པའི་བསམ་གཏན་དང༌། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་སྐོམ་ལ་ཡོད་པ་རྣམས་ལས་ལེགས་པར་ཡོངས་སུ་བསྐྱབ་པའི་བསམ་གཏན་དང༌། འབྲོག་དགོན་པ་ན་གནས་པ་ཟས་དང་སྐོམ་གྱིས་ཕོངས་པ་རྣམས་ལ་ཟས་སྐོམ་ཉེ་བར་བསྒྲུབ་པའི་བསམ་གཏན་དང༌། དབུལ་པོ་ལོངས་སྤྱོད་མེད་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར་བསྒྲུབ་པའི་བསམ་གཏན་དང༌། ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱ་བ་འབྱུང་དོ་ཅོག་ལེགས་པར་བྱ་བའི་བསམ་གཏན་ནོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་གང་ཞེ་ན། རྣམ་པ་དགུ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་


DTG205_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང༌། སྡིག་པ་བྱེད་པ་རྣམས་ལ་ངན་སོང་གིས་རྣམ་པར་སྟོན་པའི་བསམ་གཏན་དང༌། སེམས་ཅན་སྤོབས་པ་མེད་པ་རྣམས་ལ་སྤོབས་པ་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་དང༌། སྙན་དངགས་དང༌། མ་མོ་སྦྱར་བ་རྣམ་པར་གཞག་པའི་བསམ་གཏན་དང༌། འཇིག་རྟེན་པ་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང༌། ཡི་གེ་དང་རྩིས་དང་ཤོད་འགོད་པ་དང༌། གྲངས་དང་ལག་རྩིས་ལ་སོགས་པ་དང༌། ཁྲི་དང༌། ཁྲིའུ་དང༌། གདུགས་དང་ལྷམ་ལ་སོགས་པ་དང༌། གནོད་བྱེད་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན་དང༌། སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་བསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏན་ནོ། །རྣམ་པར་དག་པའི་བསམ་གཏན་གང་ཞེ་ན་རྣམ་པ་བཅུ་སྟེ། འཇིག་རྟེན་པའི་རྣམ་པར་དག་པས་རྣམ་པར་དག་པ་རོ་མྱང་བ་མེད་པའི་བསམ་གཏན་དང༌། འཇིག་རྟེན་ལས་འདས་པའི་དག་པས་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དང༌། སྦྱོར་བའི་དག་པས་དག་པ་དང༌། དངོས་གཞི་ཐོབ་པས་དག་པ་དང༌། དངོས་གཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། འཇུག་པ་དང༌། གནས་པ་དང༌། ལྡང་བ་ལ་དབང་བ་རྣམ་པར་དག་པའི་བསམ་གཏན་དང༌། བསམ་གཏན་བཟློག་ནས་ཡང་སྙོམས་པར་འཇུག་པ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་བ་རྣམ་པར་དགེ་པས་རྣམ་པར་དག་པའི་བསམ་གཏན་དང༌། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་ནས་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་ནོ། །


DTG205_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྣམ་བ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན་ཁྱད་པར་རྣམ་པ་གསུམ་པོ་རྣམ་པར་གཞག་བ་དང༌། ངོ་བོ་ཉིད་དང་དམིགས་པས་རབ་ཏུ་ཕྱེ་བའི་ཆོས་རབ་ཏུ་རྣམ་པར་དབྱེ་བའོ། །དེ་ལ་རྣམ་པར་གཞག་པ་ནི། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང༌། ཤེས་བྱ་ཐམས་ཅད་ལ་ཞུགས་པའོ། །ངོ་བོ་ཉིད་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའོ། །དམིགས་པ་ནི་རིག་པའི་གནས་ལྔ་ལ་དམིགས་ནས་འཇུག་པའོ། །ཤེས་རབ་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། ཤེས་བྱ་ལ་དེ་ཁོ་ན་ཁོང་དུ་ཆུད་པའི་རྟོག་པར་བྱེད་པ་དང༌། རིག་པའི་གནས་ལྔ་དང༌། ཚོགས་གསུམ་ལ་མཁས་པར་བྱེད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་བོ། །དཀའ་བའི་ཤེས་རབ་གང་ཞེ་ན། རྣམ་པ་གསུམ་སྟེ། ཆོས་བདག་མེད་པ་ཟབ་མོ་ཤེས་པར་དཀའ་བ་ཤེས་པའི་ཤེས་རབ་དང༌། སེམས་ཅན་རྣམས་གདུལ་བའི་ཐབས་ཤེས་པར་དཀའ་བ་ཤེས་པའི་ཤེས་རབ་དང༌། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པ་མཆོག་ཏུ་དཀའ་བ་ཤེས་པའི་ཤེས་རབ་བོ། །ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་གང་ཞེ་ན་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། བསམས་པ་ལས་བྱུང་བའི་ཤེས་རབ་དང༌། སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའི་བྱ་བ་ལ་འཇུག་པ་དང༌། བྱ་བ་མ་ཡིན་པ་ལས་ལྡོག་པ་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ་དང༌། བསྒོམས་པའི་སྟོབས་ཀྱིས་བསྡུས་པ་མཉམ་པར་གཞག་པའི་ཤེས་རབ་ཚད་མེད་པའོ། །སྐྱེས་བུ་དམ་པའི་ཤེས་རབ་གང་ཞེ་ན་རྣམ་པ་ལྔ་སྟེ། དམ་པའི་ཆོས་མཉན་པས་ཡང་དག་པར་ཐོབ་པ་དང༌། སོ་སོར་རང་གི་ཚུལ་བཞིན་ཡིད་ལ་བྱེད་བ་དང་ལྡན་པ་དང༌། བདག་དང་གཞན་གྱི་དོན་བསྒྲུབ་པའི་ཐབས་དང་ལྡན་པ་དང་ཆོས་རྣམས་ཀྱི་ཆོས་གནས་པ་ཆོས་རྣམ་པར་གནས་པ་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་


DTG205_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་འབེབས་པའི་ཤེས་རབ་དང༌། ཉོན་མོངས་པ་རྣམ་བར་སྤངས་བའི་ཤེས་རབ་བོ། །རྣམ་གྲངས་གཞན་ཡང་ཤེས་བྱ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་འཇུག་པའི་ཕྱིར་ཆ་ཕྲ་བ་དང༌། ཤེས་བྱ་ཇི་སྙེད་ཡོད་པ་དེ་ཉིད་ལ་འཇུག་པའི་མཁས་བ་དང༌། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང༌། སངས་རྒྱས་རྣམས་དང་ས་ཆེན་པོ་ལ་བཞུགས་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟན་པའི་ཆོས་དང༌། དོན་ལེན་ཅིང་འཛིན་པའི་ཕྱིར་ལུང་དང་ལྡན་པ་དང༌། བསམ་པ་དག་པའི་ས་ཡན་ཆད་མཐར་ཐུག་པར་འགྲོ་བའི་ས་མན་ཆད་ཡོངས་སུ་གཟུང་བའི་ཕྱིར་རྟོག་པ་དང་ལྡན་པའོ། །རྣམ་པ་ཐམས་ཅད་ཀྱི་ཤེས་རབ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང༌། རྣམ་པ་བདུན་ཏེ། སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་བདེན་པ་རྣམས་ལ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། མཐར་ཐུག་པ་ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །རྣམ་པ་བདུན་ནི། ཆོས་ཤེས་པ་དང༌། རྗེས་སུ་རྟོག་པ་ཤེས་བ་དང༌། ཀུན་རྫོབ་ཤེས་པ་དང༌། མངོན་པར་ཤེས་བ་ཤེས་པ་དང༌། མཚན་ཉིད་ཤེས་པ་དང༌། སྟོབས་བཅུ་སྔོན་དུ་འགྲོ་བའི་ཤེས་པ་དང༌། རིགས་པ་བཞི་པོ་དག་ལ་རིགས་པ་ཤེས་པའོ། །ཕོངས་ཤིང་འདོད་བ་ལ་ཤེས་རབ་གང་ཞེ་ན་རྣམ་པ་བརྒྱད་དེ། ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་ངེས་པའི་ཚིག་ཤེས་བ་ལས་བརྩམས་ཏེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་རྣམ་པའི་གཞི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་བའི་བྱང་ཆུབ་སེམས་དཔའི་ཤེས་རབ་དང༌། བདག་གི་སྨྲ་བ་རྣམ་པར་གཞག་པ་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ་དང༌། ཁྱིམ་པའི་རྒྱུད་


DTG205_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྐྱང་བ་དང༌། ཁྱིམ་འབྱོར་བར་བྱ་བའི་ཤེས་རབ་དང༌། རྒྱལ་པོའི་ཚུལ་དང་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེམས་དཔའི་ངེས་པའི་ཤེས་རབ་བོ། །འདི་དང་གཞན་དུ་བདེ་བར་འགྱུར་པའི་ཤེས་རབ་གང་ཞེ་ན་རྣམ་པ་དགུ་སྟེ། ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ་དང༌། གསོ་བའི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། སྒྲའི་རིག་པ་དང༌། འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། རབ་ཏུ་གནས་པ་མ་ཡིན་པའི་ཤེས་རབ་དང༌། རིག་པའི་གནས་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས་གདུལ་བ་རྨོངས་པ་རྣམས་དང༌། བག་མེད་པ་རྣམས་དང༌། ཞུམ་པ་རྣམས་དང༌། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་བསྟན་པ་དང་ཡང་དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་བྱང་ཆུབ་སེམས་དཔའི་ཤེས་རབ་གང་ཡིན་པའོ། །རྣམ་པར་དག་པའི་ཤེས་རབ་གང་ཞེ་ན་རྣམ་པ་བཅུ་སྟེ། དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས་དང༌། རྒྱུ་དང་འབྲས་བུ་ལེགས་པར་འཛིན་པའི་ཕྱིར་འཇུག་པའི་དོན་རྣམ་པ་གཉིས་དང༌། ཕྱིན་ཅི་མ་ལོག་བ་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལན་པའི་དོན་རྣམ་པ་གཉིས་དང༌། བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ་གཉིས་དང༌། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། ཤེས་རབ་རྣམ་པ་ལྔའི་རབ་ཏུ་དབྱེ་བ་བཅུ་པོ་དེ་དག་ནི། རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ། །བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་


DTG205_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་གནས་དང་གནས་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གནས་དང་གནས་པ་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསླབ་པ་གསུམ་དུ་བསྡུས་པ་ལས་བསླབ་པ་གསུམ་པོ་སྔ་མ་སྔ་མ་ནི་གནས་པ་ཡིན་ལ། ཕྱི་མ་ཕྱི་མ་ནི་གནས་པ་ཡིན་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་གཞི་དྲུག་པོ་དེ་དག་ལས་དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང་བཟོད་པ་གསུམ་སྟེ། སྦྱིན་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་རྒྱུ་ཡང་ཡིན་ཏེ་མི་འཇིགས་པ་སྦྱིན་པ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ་ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན། བཟོད་པ་ནི་ཚུལ་ཁྲིམས་ཀྱི་འཁོར་ཡིན་པའི་ཕྱིར་རོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ཀུན་དུ་འགྲོ་བ་ཡིན་པར་ང་སྨྲའོ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསླབ་པ་གསུམ་གྱི་གྲངས་དང༌། གོ་རིམས་དང༌། ངེས་པའི་ཚིག་དང༌། ཡོད་པ་དང་མེད་པ་ལ་སོགས་པ་རྒྱ་ཆེར་ནི་སྔར་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །གནས་དང་གནས་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཐབས་ལ་མཁས་པ་ཞེས་བྱ་བ་ལ་མངོན་པར་མཐོ་བ་ནི་མཐོ་རིས་སོ། །


DTG205_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །ཐབས་ནི་དེ་གཉིས་ཀ་ཐོབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ནི་བསོད་ནམས་ཀྱི་ཚོགས་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཡིན་ནོ་ཞེས་བྱ་བ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་སྟེ། བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ་དེས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་བོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ་དེས་ནི་ལུས་ཕུན་སུམ་ཚོགས་པ་ཐོབ། བཟོད་པ་ནི་ཚད་མེད་པ་བཞི་ལ་སོགས་པ་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། དེས་ནི་འཁོར་ཕུན་སུམ་ཚོགས་པ་ཐོབ་པས་ན། ལོངས་སྤྱོད་དང་ལུས་དང༌། འཁོར་ཕུན་སུམ་ཚོགས་པའི་རྒྱུ་བསོད་ནམས་ཀྱི་ཚོགས་དེ་ནི་མངོན་པར་མཐོ་བའི་ཐབས་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཡེ་ཤེས་ནི་ཤེས་བྱ་ལ་ཕྱིན་ཅི་མ་ལོག་པར་ཀུན་རྫོབ་ཀྱི་བདེན་པ་དང༌། ཇི་སྙེད་ཡོད་པ་ཉིད་དང༌། རྣམ་གྲངས་འཛིན་པ་ཡིན་ལ། ཤེས་རབ་ཀྱང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་དམ་པའི་བདེན་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་དང༌། མཚན་ཉིད་འཛིན་པ་ཡིན་པས་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་པ་དང༌། མཐོང་བས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་དེ་ནི་ངེས་པར་ལེགས་པའི་ཐབས་ཡིན་ནོ། །བརྩོན་འགྲུས་དང་བསམ་གཏན་ནི་ཀུན་དུ་འགྲོ་བ་ཡིན་པར་ང་སྨྲའོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་བསམ་གཏན་ལ་བརྟེན་ནས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་དང༌། བྱམས་པ་ལ་སོགས་པ་ཚད་མེད་པ་བསྒོམ་


DTG205_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཕྱོགས་ཡིན་ནོ། །དེ་གཉིས་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་ལ་སྦྱོར་བར་བྱེད་ཅིང༌། མཁས་པར་བྱ་བའི་ཐམས་ཅད་ལ་མཁས་པ་དང༌། བདེན་པ་རྣམས་ལ་སོ་སོར་རྟོག་པ་དང༌། དགེ་བ་དང་མི་དགེ་བའི་ཆོས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འབྱེད་ཅིང་སོ་སོར་རྟོག་པ་ནི་ཡེ་ཤེས་ཀྱི་ཕྱོགས་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ལ་ནི་རྒྱུ་ཡང་ཡོད། འབྲས་བུ་ཡང་ཡོད་དེ། རྒྱུ་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་ཡེ་ཤེས་མཐོང་བ་དང༌། གནས་པ་དང་འཕེལ་བར་འགྱུར་ལ་འདུན་པ་དང༌། མཐུན་པ་ལ་མི་མཐུན་པ་མེད་པའི་རྐྱེན་དང༌། སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པའོ། །འབྲས་བུ་གང་ཞེ་ན། བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བར་འཁོར་ཞིང་སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང༌། ཅི་དགའ་མགུར་སེམས་ཅན་གྱི་དོན་དང༌། ཕན་འདོགས་ནུས་པར་འགྱུར་ཏེ། དེ་གཉིས་ནི་བསོད་ནམས་ཀྱི་འབྲས་བུའོ། །ཡེ་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི་ལོག་པས་མ་ཡིན་པ་དང༌། མཁས་པར་བྱ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་ཏེ། དེ་གཉིས་ནི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་དང་འབྲས་བུར་བཅས་པ་དེ་ནི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཐབས་ཡིན་ནོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་ཤིན་ཏུ་བསླབ་པ་སྟེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བསླབ་པའི་གཞི་


DTG205_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །དེ་ནི་རྣམ་པ་ལྔས་ཤེས་པར་བྱ་སྟེ། ཁམས་བརྟས་པ་དང༌། ཚོགས་ཡང་དག་པར་བསྒྲུབ་པ་དང༌། ལེགས་པ་ལས་ཡོངས་སུ་མི་ཉམས་པ་དང༌། སོམ་ཉི་མེད་པ་དང༌། གནས་སྐབས་ཀྱིས་སོ། །དེ་ལ་ཁམས་བརྟས་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབ་པ་ལ་གནས་པའི་ཁམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་བརྟས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཞེས་བྱ་བ་བསྟན་ཏེ། སེམས་ཅན་རང་བཞིན་གྱིས་གནས་པའི་རིགས་ཅན་གྱི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྫོགས་པའི་རིགས་ཡང་དག་པར་བསྒྲུབ་པའི་ཁམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་བརྟས་པར་གྱུར་པའི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཞེས་བྱ་སྟེ། དེ་ལྟ་བུས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་ཡིན་ཏེ། མོས་པའི་ཁམས་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་བརྟས་པའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་གནས་པ་ནི་རྣམ་པ་བརྒྱད་དེ། མཆོག་གི་གནས་དང༌། རྒྱ་ཆེ་བའི་གནས་དང༌། ཟབ་པའི་གནས་དང༌། རྒྱུ་རིགས་པའི་གནས་དང༌། འབྲས་བུ་རིགས་པའི་གནས་དང༌། རྟོགས་པར་བྱ་བའི་གནས་དང། བསྒྲུབ་པར་བྱ་བའི་གནས་དང༌། བཤད་པར་བྱ་བའི་གནས་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང༌། དེ་ཁོ་ནའི་དོན་དང༌། ལམ་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་དང༌།


DTG205_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་བསླབ་པ་དང༌། ལེགས་པར་གསུངས་པའི་ཆོས་མདོ་སྡེ་ལ་སོགས་པ་དག་གོ །བདག་ཇི་ལྟར་མོས་པའི་གནས་སུ་འགྱུར་ཞེ་ན། དང་པོ་ཁོ་ནར་དཀོན་མཆོག་གསུམ་ནི་མོས་པ་མཆོག་གི་གནས་ཡིན་པས་དེ་དག་གི་ཡོན་ཏན་ལ་མོས་པ་སྐྱེའོ། །དེ་ལྟར་མཆོག་གི་གནས་ལ་མོས་པར་གྱུར་ན་སངས་རྒྱས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་རྒྱ་ཆེ་བའི་གནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ལ་མོས་པ་སྐྱེའོ། །ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་ཟབ་པའི་གནས་དེ་ཁོ་ནའི་དོན་ལ་མོས་པ་སྐྱེའོ། །ཡང་དགེ་འདུན་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་རྒྱུ་རིགས་པའི་གནས་དང༌། འབྲས་བུ་རིགས་པའི་གནས་ལམ་ལ་གནས་པ་དང༌། འབྲས་བུ་ཐོབ་པ་ལ་མོས་པ་སྐྱེའོ། །ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་རྟོགས་པར་བྱ་བའི་གནས་དང༌། བསྒྲུབ་པར་བྱ་བའི་གནས་དང༌། བཤད་པར་བྱ་བའི་གནས་དང༌། བླ་ན་མེད་པའི་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། ལེགས་པར་གསུངས་པའི་ཆོས་མདོའི་སྡེ་ལ་སོགས་པ་ལ་མོས་པ་སྐྱེ་བའི་ཕྱིར་རོ། །མོས་པའི་གནས་བརྒྱད་པོ་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བས་བསྡུས་པར་བསྟན་ཏེ། འདི་ལྟར་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས་ནི་རྣམ་པ་བརྒྱད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང༌། དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་བསྟན་པ་དང༌། ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་དང༌། དེ་ཚུལ་བཞིན་དུ་ཉན་པ་དང༌། སེམས་པ་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་ཡོངས་སུ་གྲུབ་པ་དང༌། འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པའོ། །དེ་དག་གིས་ཐེག་པ་ཆེན་པོ་ཐམས་ཅད་ཇི་ལྟར་སྡུད་པར་བྱེད་ཅེ་ན། གང་ལ་བསྟན་ནས་ཐབས་གང་དང་བསྒྲུབ་པ་གང་གིས་འབྲས་བུ་གང་ཐོབ་པ་དང༌། ཁྱད་པར་གང་གིས་ཁྱད་པར་དུ་འགྲོ་བས་ཐེག་པ་ཆེན་པོར་འགྱུར་


DTG205_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། དེ་ལ་གང་ལ་བརྟེན་ནས་ཤེ་ན། བསྟན་པའི་གཞི་ལས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའོ། །ཐབས་གང་གིས་ཤེ་ན། སྐྱོ་བ་མེད་པ་དང༌། ཉོན་མོངས་པ་མེད་པའི་ཐབས་ཀྱིས་ཏེ། མཐུ་དང་དེ་ཁོ་ནའི་དོན་ཏོ། །སྒྲུབ་པ་གང་གིས་ཤེ་ན། ཤེས་རབ་རྣམ་པ་གསུམ་སྒྲུབ་པས་དེ་ཉན་པ་དང༌། སེམས་པ་དང༌། སྒོམ་པའོ། །བསྒོམས་པའི་འབྲས་བུ་ཅི་ཐོབ་ཅེ་ན། བླ་ན་མེད་པའི་བྱང་ཆུབ་སྟེ། བསྒོམས་པའི་འབྲས་བུ་ཡོངས་སུ་གྲུབ་པའོ། །ཁྱད་པར་གང་གིས་ཤེ་ན། ཟད་པ་དང༌། མི་སྐྱེ་བའི་ཡེ་ཤེས་ཀྱིས་དེ་འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པའོ། །དེ་དག་གིས་ཇི་ལྟར་ཐེག་པ་ཆེན་པོར་འགྱུར་ཞེ་ན། རྣམ་པ་གསུམ་མོ། །གང་གིས་འདེགས་ཤེ་ན་བར་མ་གསུམ་མོ། །གང་དུ་འདེགས་ཤེན་ཐམ་གཉིས་སུ་འདེགས་ཏེ། དེ་ཙམ་གྱིས་ཐེག་པ་ཆེན་པོ་ཐམས་ཅད་བསྡུས་པའི་ཕྱིར་རོ། །མོས་པའི་གནས་བརྒྱད་པོ་དེ་དག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་བར་བྱེད་པའི་ཆོས་བརྒྱད་པོ་འདིས་བསྡུས་ཏེ། མཆོག་གི་གནས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པས་བསྡུས་ཏེ། གང་གིས་བསྟན་པ་དང༌། གང་བསྟན་པ་དང༌། གང་ལ་བསྟན་པའི་རྣམ་པ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བའི་གནས་དང༌། ཟབ་པའི་གནས་ནི་དེ་ཉིད་དུ་མཐུ་དང༌། དེ་ཁོ་ནའི་དོན་བསྟན་པ་བསྡུས་སོ། །རྒྱུ་རིགས་པའི་གནས་དང༌། འབྲས་བུ་རིགས་པའི་གནས་པའི་སྒྲུབ་པར་བྱེད་པ་ཡིན་ལ། རྟོགས་པར་བྱ་བའི་གནས་དང༌། བསྒྲུབ་པར་བྱ་བའི་གནས་དང༌། བཤད་པར་བྱ་བའི་གནས་ནི་བསྒྲུབ་པར་བྱ་བ་ཡིན་པས། སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བ་དེ་ཇི་ལྟར་སྒྲུབ་ཅེ་ན། དེ་ཉན་པ་དང༌། སེམས་པ་དང༌། བསྒོམ་པས་སོ། །དེ་ལྟར་བསྒྲུབས་ན་འབྲས་བུ་ཅི་ཐོབ་ཅེ་ན། བསྒོམས་པའི་འབྲས་བུ་ཡང་དག་པར་གྲུབ་པ་དང༌། འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པ་ཐོབ་སྟེ། དེ་ལྟར་མོས་པའི་གནས་བརྒྱད་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས་བརྒྱད་ཀྱིས་བསྡུས་ལ་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས་བརྒྱད་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་


DTG205_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་པའི་ཆོས་བསྟན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དེས་ནི་མོས་པའི་གནས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་ཡིན་པས་དེ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཡིན་ཏེ། དེ་ལྟ་བུ་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཚོགས་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་དེ་ལྟར་ཁམས་བརྟས་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་པ་བཅུ་པོ་དག་གི་རིམ་གྱིས་ཤེས་རབ་རྣམ་གསུམ་སྐྱེས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པ་སྟེ། དེ་ནི་དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང༌། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་བསྒྲུབ་པ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཁམས་བརྟས་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱད་པ་བཅུ་པོ་དག་གི་རིམ་གྱིས་ཤེས་རབ་རྣམ་པ་གསུམ་སྐྱེས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པ་ནི་དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པ་ཡིན་པས་དེ་ལྟ་བུས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་ཆོས་སྤྱོད་པ་བཅུ་པོ་དག་ཅེས་བྱ་བ་ནི། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་གི་ཡི་གེར་འདྲིར་བཅུག་སྟེ། འཛིན་པ་དང༌། མཆོད་པ་དང༌། གཞན་དག་ལ་སྦྱིན་པ་དང༌། སྟོན་པ་ལ་གུས་པར་བྱས་ཏེ། སེམས་པ་དང་བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པ་སྟེ། དེ་དག་ཐམས་ཅད་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པ་སྐྱེ་བའི་


DTG205_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡིན་ནོ། །དགུ་པ་ནི་སྦྱོར་བའི་ལམ་ཡིན་ནོ། །བཅུ་པ་ནི་སྒྲིབ་པ་རྣམ་པར་སྦྱོར་བའི་ལམ་མོ། །དེ་དག་ལམ་དང་པོ་བརྒྱད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དོ། །དགུ་པས་ནི་བསམས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དོ། །བཅུ་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ལས་བྱུང་བའི་ཤེས་པ་སྐྱེད་པར་བྱེད་པས་ནི། དང་པོར་བདག་ཉིད་ཆོས་སྤྱད་པ་དང་པོ་བརྒྱད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར་ཆོས་བཙལ་བར་བྱའོ། །དེའི་འོག་ཏུ་གཞན་དག་ཆོས་སྤྱད་པ་བརྒྱད་པོ་དེ་ཉིད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པས་བསྐྱེད་དུ་གཞུག་པའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཆོས་སྤྱད་པ་དང་པོ་བརྒྱད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར། ཆོས་ཚོལ་བས་ཇི་ལྟར་ཚོལ། ཅིའི་ཕྱིར་ཆོས་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། ཉན་ཐོས་ཀྱི་སྡེ་སྣོད་དང༌། ཕྱི་རོལ་གྱི་བསྟན་བཅོས་དང༌། འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཤེས་པ་རྣམས་ཚོལ་ལོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ཡིན་ནོ། །ཉན་ཐོས་ཀྱི་སྡེ་སྣོད་ནི་ཡན་ལག་ལྷག་མ་རྣམས་ཡིན་ནོ། །ཕྱི་རོལ་གྱི་བསྟན་བཅོས་ནི་རྣམ་པ་གསུམ་སྟེ། གསོ་བའི་བསྟན་བཅོས་དང༌། གཏན་ཚིགས་ཀྱི་བསྟན་བཅོས་དང༌། སྒྲའི་བསྟན་བཅོས་སོ། །འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཤེས་པ་ནི། བཟོ་དང་ལས་ཀྱི་གནས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་དག་ཀྱང་མདོར་བསྡུ་ན། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང༌། གསོ་བའི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། སྒྲའི་རིག་པ་དང༌། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་དག་ཡིན་ནོ། །དེ་ལ་ནང་གི་རིག་པ་ནི། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གཞི་གདགས་པ་རྣམ་པར་གཞག་པ་དང༌། མིང་རབ་ཏུ་དབྱེ་བ་གདགས་པ་རྣམ་པར་གཞག་པ་དང༌། བསྟན་པའི་དོན་བསྡུ་བ་དང༌། སངས་རྒྱས་ཀྱི་


DTG205_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཞེས་བྱ་བའི་གནས་སོ། །དེ་ལ་གཞི་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་མདོ་སྡེ་དང༌། འདུལ་བ་དང༌། མ་མོའི་གཞི་གསུམ་གྱིས་སངས་རྒྱས་ཀྱི་བཀའ་བསྡུ་བའོ། །མིང་རབ་ཏུ་དབྱེ་བ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་བསྡུས་པའི་ཆོས་ཐམས་ཅད་ཀྱི་མིང་རབ་ཏུ་དབྱེ་བའོ། །བསྟན་པའི་དོན་བསྡུ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀས་བསྡུས་པའི་བསྟན་པ་མཐའ་ཡས་པ་ཐམས་ཅད་མདོར་བསྡུ་བའོ། །སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་གནས་ནི་སངས་རྒྱས་ཀྱི་བཀའ་ཞེས་བྱ་བ་ཐམས་ཅད་བསྡུས་པས་ན་སངས་རྒྱས་ཀྱི་བཀའ་ཉིད་ཤེས་པར་བྱ་བའི་གནས་ཡིན་པའོ། །རང་གི་རིག་པ་དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་འཇུག་སྟེ་རྒྱུ་དང་འབྲས་བུ་ཡང་དག་སྟོན་པའི་རྣམ་པ་དང༌། བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་དང་ཕྲད་པར་མི་འགྱུར་བས་སྟོན་པའི་གནས་སོ། །གསོ་བའི་རིག་པ་ནི་གསོ་བའི་བསྟན་བཅོས་ཏེ། ནད་གསོ་བ་ཤེས་པའོ། །དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ནད་ལ་མཁས་པ་དང༌། ནད་ཅི་ལས་གྱུར་པ་ལ་མཁས་པ་དང༌། ནད་བྱུང་བ་བསལ་བ་ལ་མཁས་པ་དང༌། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པའོ། །དེ་ནི་རྣམ་པ་བཞི་པོ་དེ་དག་ཉིད་ཀྱིས་འཇུག་པ་ཡིན་ནོ། །གཏན་ཚིགས་ཀྱི་རིག་པ་ནི་གཏན་ཚིགས་ཀྱི་བསྟན་བཅོས་ཏེ། བརྟག་པའི་དུས་སུ་ཡོད་པའི་དངོས་པོ་གང་ཡིན་པའོ། །དེ་ནི་རྣམ་པ་བདུན་དུ་བལྟ་བར་བྱ་སྟེ། སྨྲ་བ་དང༌། སྨྲ་བའི་ཞལ་ཆེ་བ་དང༌། སྨྲ་བའི་གཞི་དང༌། སྨྲ་བའི་རྒྱན་དང༌། སྨྲ་བའི་ཆད་པས་བཅད་པ་དང༌། སྨྲ་བ་ལས་བྱུང་བ་དང༌། སྨྲ་བ་གཅེས་པ་ལ་དགོས་པའི་ཆོས་རྣམས་སོ། །དེ་ཡང་རྣམ་པ་གཉིས་འཇུག་སྟེ། ཕ་རོལ་ཀླན་ཀ་ཚོལ་བ་ལ་བརྗོད་པའི་ཕན་ཡོན་སྟོན་པའི་རྣམ་པ་དང༌། གཞན་ལས་བྱུང་བའི་ཕས་ཀྱི་རྒོལ་བ་ལས་ཐར་པའི་ཕན་ཡོན་སྟོན་པའི་རྣམ་པས་སོ། །སྒྲའི་རིག་པ་ནི་སྒྲའི་བསྟན་བཅོས་ཏེ། གདགས་པའི་རྣམ་པར་གཞག་པ་བརྡ་སྤྲོད་པར་བྱེད་པའོ། །དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཆོས་གདགས་པ་རྣམ་པར་གཞག་པ་དང༌། དོན་གདགས་པ་རྣམ་པར་གཞག་པ་དང༌། གང་ཟག་གདགས་པ་རྣམ་པར་གཞག་པ་


DTG205_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དུས་གདགས་པ་རྣམ་པར་གཞག་པ་དང༌། གྲངས་གདགས་པ་རྣམ་པར་གཞག་པ་དང༌། གཞི་ཡན་ལག་དང་བཅས་པ་གདགས་པ་རྣམ་པར་གཞག་པའོ། །ཡང་རྣམ་པ་གཉིས་ཀྱིས་འཇུག་སྟེ། སྐད་ཀྱི་བྱིངས་ཀྱི་ངོ་བོ་ཉིད་བསྒྲུབ་པ་རྣམ་པར་གཞག་པ་སྟོན་པའི་རྣམ་པ་དང༌། ཚིག་ལེགས་པར་སྦྱར་བའི་ཕན་ཡོན་སྟོན་པའི་རྣམ་པས་སོ། །བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཤེས་པའོ། །དེ་ནི་རྣམ་པ་བཅུ་གཉིས་སུ་བལྟ་བར་བྱ་སྟེ། སྣམ་སུ་བྱ་བའི་བཟོ་དང༌། ཉོ་ཚོང་གི་བཟོ་དང༌། རྒྱལ་པོའི་ཞམ་འབྲིང་བྱ་བའི་བཟོ་དང༌། ཡི་གེ་དང༌། རྩིས་དང༌། ཤོད་འགོད་པ་དང༌། གྲངས་དང་ལག་རྩིས་ཀྱི་བཟོ་དང༌། ལྟས་སུ་ལྟ་བའི་བཟོ་དང༌། བློ་གྲོས་ཀྱི་བཟོ་དང༌། བསྐྱེད་པའི་བཟོ་དང༌། རྡུངས་ཀྱི་བཟོ་དང༌། སྣམ་བྱ་བའི་བཟོ་དང༌། སྦྱོར་བའི་བཟོ་དང༌། གཡོས་བྱ་བའི་བཟོ་དང༌། རོལ་མོའི་བཟོའོ། །དེ་ནི་རང་རང་གི་ལས་དང༌། བཟོའི་གནས་བསྒྲུབས་པའི་འབྲས་བུ་ཡོངས་སུ་གྲུབ་པ་སྟོན་པའི་རྣམ་པས་འཇུག་གོ །ཇི་ལྟར་ཚོལ་ཞེ་ན་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་རྣམ་པ་གསུམ་གྱིས་ཚོལ་ཏེ། གུས་པ་ཆེན་པོ་ཉེ་བར་གཞོག་པ་དང༌། འགྲོ་བ་ཕུན་སུམ་ཚོགས་པ་དང༌། ཉན་པ་ཕུན་སུམ་ཚོགས་པས་སོ། །དེ་ལ་གུས་པ་ཆེན་པོ་ཉེ་བར་གཞོག་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་ཉམས་སུ་ལེན་ཅིང་ཚོལ་བ་དང༌། བདེ་བ་ཁྱད་དུ་གསོད་ཅིང་ཚོལ་བའོ། །འགྲོ་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཡོན་ཏན་འདོད་པས་ཆོས་སྨྲ་བའི་གམ་དུ་འགྲོ་བའི་ཀླན་ཀའི་སེམས་ཀྱིས་མ་ཡིན་པ་དང༌། གུས་པ་དང་བཅས་པས་འགྲོ་བའི་ང་རྒྱལ་གྱིས་ཁེངས་པ་མ་ཡིན་པ་དང༌། དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོ་བའི་བདག་ཉིད་སྒྲུབ་པའི་ཕྱིར་མ་ཡིན་པ་དང༌། བདག་དང་གཞན་དག་དགེ་བའི་རྩ་བ་ཡང་དག་པར་སྦྱར་བར་བྱའོ་སྙམ་པས་འགྲོ་བའི་རྙེད་པ་དང༌། བཀུར་སྟིའི་ཕྱིར་མ་ཡིན་པའོ། །ཉན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་མེད་པས་ཉན་པ་དང༌། རྣམ་པར་མི་གཡེང་བས་ཉན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་ཉན་པ་ནི་ཀུན་ནས་ཉོན་མོངས་པ་གསུམ་དང་བྲལ་བས་ཉན་པ་སྟེ།


DTG205_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པ་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ཉན་པའོ། །དེ་ལ་རྣམ་པ་དྲུག་གིས་ན་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། དུས་སུ་ཉན་པ་དང༌། བཀུར་སྟི་བྱེད་པ་དང། སྲི་ཞུ་བྱེད་པ་དང༌། མི་ཁྲོ་བ་དང༌། རྗེས་སུ་གྲུབ་པ་དང༌། ཀླན་ཀ་མི་ཚོལ་བས་སོ། །རྣམ་པ་བཞི་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། ཆོས་ལ་གུས་པ་ཉེ་བར་གཞག་པ་དང༌། ཆོས་སྨྲ་བའི་གང་ཟག་ལ་གུས་པ་ཉེ་བར་གཞག་པ་དང༌། ཆོས་ལ་ཁྱད་དུ་མི་གསོད་པ་དང༌། ཆོས་སྨྲ་བའི་གང་ཟག་ཁྱད་དུ་མི་གསོད་པའོ། །རྣམ་པ་གཅིག་གིས་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། བདག་ཉིད་ཀྱིས་མི་ལྕོགས་སོ་སྙམ་དུ་བདག་ཉིད་ཁྱད་དུ་མི་གསོད་པའོ། །རྣམ་པར་མི་གཡེང་བས་ཉན་པ་ནི་རྣམ་པ་ལྔ་སྟེ། ཀུན་ནས་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང༌། སེམས་རྩེ་གཅིག་པ་དང༌། རྣ་བླགས་པ་དང༌། ཡིད་བཏུད་པ་དང༌། སེམས་ཀུན་གྱིས་བསམས་ནས་ཉན་པའོ། །ཅིའི་ཕྱིར་ཚོལ་ཞེ་ན། བྱང་ཆུབ་སེམས་དཔའ་ནང་གི་རིག་པ་ནི་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དང༌། གཞན་དག་ལ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རོ། །གསོ་བའི་རིག་པ་ཡང་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། སེམས་ཅན་རྣམས་ཀྱི་རྣམ་པ་སྣ་ཚོགས་རྣམ་པར་གཞག་པའི་ཕྱིར་དང༌། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་རིག་པ་ནི་རྣམ་པ་བཞིའི་ཕྱིར་ཚོལ་ཏེ། དེ་ཉིད་ལེགས་པར་བཤད་པ་དང༌། ཉེས་པར་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་དང༌། ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ཕྱིར་དང༌། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་རོ། །སྒོའི་རིམ་པ་ནི་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། ཚིག་དང་ཡི་གེ་ངེས་ཚིག་བཟང་པོས་སྤྱོད་པས་ལེགས་པར་སྤྱད་དེ་བརྗོད་པ་ལ་མོས་པ་རྣམས་གདགས་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་དང༌། དོན་གཅིག་ལ་ཡང་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བཟོ་དང་ལས་ཀྱི་རིག་པ་ནི་རྣམ་པ་གསུམ་གྱི་ཕྱིར་ཚོལ་ཏེ། སེམས་


DTG205_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་དོན་དུ་ཚེགས་ཆུང་དུས་ལོངས་སྤྱོད་བསྒྲུབ་པའི་ཕྱིར་དང༌། སེམས་ཅན་རྣམས་ཀྱི་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང༌། བཟོ་དང་ལས་ཀྱི་གནས་ཤེས་པ་བྱིན་པའི་ཕན་འདོགས་བསྡུ་བར་བྱ་བའི་ཕྱིར་རོ། །དེ་དག་ནི་རིག་པའི་གནས་ལྔ་པོས་སོ་སོའི་དགོས་པ་བསྟན་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་པོ་དེ་དག་ཚོལ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་གཞན་དག་ཆོས་སྤྱད་པ་བརྒྱད་པོ་དེ་ཉིད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དུ་གཞུག་པའི་ཕྱིར་ཆོས་སྟོན་པས་ཅི་ཞིག་སྟོན་ཅིའི་ཕྱིར་སྟོན་ཞེ་ན། གང་བཙལ་བ་དེ་ཉིད་སྟོན་ཏོ། །བདག་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་སྟོན་ཏོ། །ཇི་ལྟར་སྟོན་ཞེ་ན། རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་གཏམ་བརྗོད་པ་དང༌། ཡོངས་སུ་དག་པས་སྟོན་ཏོ། །དེ་ལ་མཐུན་པའི་གཏམ་བརྗོད་པ་ཞེས་བྱ་བ་ནི་གཞན་གྱི་དོན་དང་མཐུན་པ་སྟེ། དེ་རྣམ་པ་བཅོ་ལྔ་སྟེ་སྤྱོད་ལམ་དང་ཚུལ་དང་མཐུན་པར་གནས་པ་ལ་ལྟོས་པ་དང༌། ཆོས་ལ་སེར་སྣ་དང་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པ་དང་ཚིག་དང་ཡི་གེ་གོ་རིམས་བཞིན་དུ་སྟོན་པ་དང༌། དོན་གོ་རིམས་བཞིན་དུ་སྟོན་པ་དང༌། ཆོས་ཀྱང་དོན་དང་ལྡན་པ་དོན་ཀྱང་ཆོས་དང་ལྡན་པར་སྟོན་པ་དང༌། ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ཡང་དག་པར་སྟོན་པ་དང༌། ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ཡང་དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམས་ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ཡང་དག་པར་དགའ་བར་བྱེད་པ་དང༌། འཇུག་སླ་བར་སྟོན་པ་དང༌། ཚད་མ་གསུམ་དང་ལྡན་པར་སྟོན་པ་དང༌། བདེ་འགྲོར་འགྲོ་བ་དང༌། མཐུན་པར་སྟོན་པ་དང༌། རྣམ་པར་མ་འཁྲུགས་པར་སྟོན་པ་དང༌། འཕགས་པའི་བདེན་པ་དང་ལྡན་པར་སྟོན་པ་དང༌། འཁོར་ཐམས་ཅད་དང་ལྡན་པར་སྟོན་ཏེ། མདོ་གཞན་ལས་དུས་དང༌། བཀུར་སྟི་དང༌། གོ་རིམས་དང༌། མཚམས་སྦྱོར་བ་དང༌། རྗེས་སུ་མཐུན་པ་དང༌། དགའ་བར་བྱེད་པ་དང༌། འདོད་པར་བྱེད་པ་དང༌། མགུ་བར་བྱེད་པ་དང༌། སྤྲོ་བར་བྱེད་པ་དང༌། སྨ་མི་འབེབས་པ་དང༌། རིགས་


DTG205_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཚམ་པ་དང༌། མ་འདྲེས་པ་དང༌། ཆོས་དང་ལྡན་པ་དང༌། འཁོར་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ་ཞེས་གསུངས་པ་དང༌། གོ་རིམས་བཞིན་ནོ། །ཡོངས་སུ་དག་པས་སྟོན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་མ་འདྲེས་པ་སྟོན་པ་སྟེ། སེམས་འདི་རྣམ་པ་ལྔ་སྟེ། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་བྱམས་པའི་སེམས་ཀྱིས་སྟོན་པ་དང༌། ཉེས་པར་སྟོན་པ་རྣམས་ལ་ཕན་པའི་སེམས་ཀྱིས་སྟོན་པ་དང༌། བག་མེད་པ་ཞུམ་པ་རྣམས་ལ་སྙིང་བརྩེ་བའི་སེམས་ཀྱིས་སྟོན་པ་དང༌། བདག་ལ་ནི་མི་བསྟོད། གཞན་ལ་ནི་མི་སྨོད་པར་སྟོན་པ་དང༌། རྙེད་པ་དང༌། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་རེ་བར་སྟོན་པ་སྟེ། མདོ་གཞན་ལས་བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། སྙིང་བརྩེ་བའི་སེམས་དང༌། ཕྲག་དོག་མེད་པའི་སེམས་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་སྟོན་ཏོ་ཞེས་གསུངས་པ་དང་གོ་རིམས་བཞིན་ནོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ། གུས་པས་བསམས་པ་ལས་བྱུང་བ་ཤེས་པ་སྐྱེད་པར་བྱེད་པ་ན་གཅིག་པུ་དབེན་པར་སོང་སྟེ། སེམས་པ་ནི་ཇི་སྐད་ཐོས་པའི་སེམས་རྣམས་ལ་མི་མཐུན་པའི་ཕྱོགས་སྤོང་བ་དང༌། གཉེན་པོ་ཡིད་ལ་བྱེད་པ་རྣམ་པ་བརྒྱད་ཀྱིས་སེམས་པར་བྱེད་དེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས་ཆོས་རྣམས་བསམ་པ་རྩོམ་པར་བྱེད་པ་དང༌། རྟག་ཏུ་སྦྱོར་བ་དང༌། གུས་པར་སྦྱོར་བ་དང༌། རྒྱུན་དུ་སྦྱོར་བར་བྱེད་དོ། །ལྷོད་པར་མི་བྱེད་པ་དང༌། རིགས་པས་དཔྱད་པར་བྱ་བ་ལ་རིགས་པས་དཔྱོད་ཅིང་རིགས་པ་དང་འགལ་བར་མི་བྱེད་པ་དང༌། མོས་པར་བྱ་བ་ལ་མོས་པར་བྱེད་ཅིང་མོས་པས་ཡིད་ལ་བྱེད་པ་གཏོང་བར་མི་བྱེད་པ་དང༌། དོན་ལ་རྟོན་པར་བྱེད་ཀྱི་ཚིག་འབྲུ་ལ་མི་རྟོན་པ་དང༌། ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་དང༌། ཐོག་མར་འཇུག་པ་ནས་ཀྱང་སེམས་ལ་འཇུག་ཅིང་སྐབས་མ་ཡིན་པ་ལ་མི་འཇུག་པ་དང༌། ཞུགས་ནས་ཀྱང་ཡང་དང་ཡང་དུ་ཡིད་ལ་བྱེད་པས་ན་སྙིང་པོ་ཉིད་ཐོབ་པར་བྱེད་དེ། ཡལ་བར་མི་འདོར་བས་སེམས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་སྤོང་བ་དང༌། གཉེན་པོ་ཡིད་ལ་བྱེད་པ་རྣམ་པ་བརྒྱད་ཀྱིས་སེམས་པར་བྱེད་པ་ལ་གོ་རིམས་བཞིན་དུ་ཕན་ཡོན་རྣམ་པ་བརྒྱད་ཡོད་དེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་


DTG205_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་སྤངས་ནས་ཆོས་རྣམས་བསམ་པ་རྩོམ་པར་བྱེད་ན་སེམས་རྨོངས་པ་དང༌། རྣམ་པར་གཡེང་བར་མི་འགྱུར་རོ། །རྟག་ཏུ་སྦྱོར་བ་དང་གུས་པས་སྦྱོར་བས་རྒྱུན་དུ་སྦྱོར་བར་བྱེད་དེ། ལྷོད་པར་མི་བྱེད་ན་སྔར་མ་རྟོགས་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་ལ། རྟོགས་པའི་དོན་ཡང་ཆུད་མི་ཟ་ཞིང་མི་གསལ་བར་མི་འགྱུར་རོ། །རིགས་པས་དཔྱད་པར་བྱ་བ་ལ་རིགས་པས་དཔྱོད་ཅིང་རིགས་པ་དང་འགལ་བར་མི་བྱེད་ན། རིགས་པས་བརྟགས་པའི་ཆོས་དེ་ལ་གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། །མོས་པར་བྱ་བ་ལ་མོས་པར་བྱེད་ཅིང༌། མོས་པས་ཡིད་ལ་བྱེད་པ་གཏོང་བར་མི་བྱེད་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི། བདག་གི་བློའི་སྤྱོད་ཡུལ་མ་ཡིན་ནོ། །ཆོས་དེ་དག་ཡིད་ཆེས་ཤིང་མི་སྤོང་བས་བདག་ཉིད་མ་སྨས་མ་ཉམས་པར་འགྱུར་ཞིང༌། ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དོན་ལ་རྟོན་པར་བྱེད་ཀྱི་ཚིག་འབྲུ་ལ་མི་རྟོན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཏེ་གསུངས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །ནག་པོ་བསྟན་པའི་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་བ་ཆོས་ཉིད་དང་འགལ་བ་དང༌། ཆེན་པོ་བསྟན་པའི་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང༌། ཆོས་ཉིད་དང་མི་འགལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། དེ་ཁོ་ནའི་དོན་ལས་སུས་ཀྱང་བསྐྱོད་པའམ། བསྒུལ་བར་མི་ནུས་པར་འགྱུར་རོ། །ཐོག་མར་འཇུག་པ་ནས་ཀྱང་སེམས་པ་ལ་འཇུག་ཅིང་སྐབས་མ་ཡིན་པ་མི་འཇུག་པ་ན་བཟོད་པ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་རོ། །ཞུགས་ནས་ཀྱང་ཡང་དང་ཡང་དུ་ཡིད་ལ་བྱེད་པས་སྙིང་པོ་ཉིད་ཐོབ་པར་བྱེད་དེ། ཡལ་བར་མི་འདོར་བར་སེམས་ན་སྒོམ་པ་ལ་རྗེས་སུ་འཇུག་པར་འགྱུར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་ཆོས་སྤྱད་པ་བཅུ་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་སྐྱེད་པར་བྱེད་པ་ནི། བསམ་པ་རྣམ་པ་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་ནས་བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་ན་ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ལ་གོམས་པ་དང༌། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་སྒོམ་པར་བྱེད་དེ། དེ་ལ་ཞི་གནས་གང་ཞེ་ན། བྱང་ཆུབ་སེམས་དཔའ་


DTG205_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་རྣམ་པ་བརྒྱད་པོ་དེ་དག་ཤིན་ཏུ་རྫོགས་པའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཙམ་དང༌། དོན་ཙམ་གྱི་དམིགས་པ་ལ་སེམས་ངེས་པར་གཏད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མོས་པ་ན། ནང་གི་ཏིང་ངེ་འཛིན་མཚན་མ་རྣམས་ལ་སེམས་གནས་པ་དགུ་དང༌། སྟོབས་དྲུག་དང༌། ཡིད་ལ་བྱེད་པ་བཞིས་འཇུག་པའོ། །ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངས་སུ་བསྒོམ་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་པའི་ཤེས་རབ་ཀྱི་སྤྱོད་པ་བཞི་དང༌། གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་དང༌། ཡིད་ལ་བྱེད་པ་བཞིས་འཇུག་པའོ། །ཞི་གནས་དང་ལྷག་མཐོང་ལ་གོམས་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བའོ། །ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་མཚན་མ་དེ་དག་གཉིས་ལས་སེམས་མི་གཡོ་བ་ལ་རང་གི་ངང་གིས་མངོན་པར་འདུ་བ་མེད་པར་འཇུག་ཅིང་གནས་པ་དང༌། སྡུད་ཅིང་མི་འཕྲོ་བ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱེད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་ཡོངས་སུ་དག་པ་དེ་ལྟ་དེ་ལྟར་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ཆེ་བ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལྷག་མཐོང་ཡོངས་སུ་དག་པ་དེ་ལྟ་དེ་ལྟར་ཤེས་པ་དང༌། མཐོང་བ་ཆེ་བ་དང༌། འཕེལ་བ་དང༌། རྒྱས་པར་འགྱུར་རོ། །བསྒོམ་པའི་བྱ་བ་ནི་འདིར་ཟད་དེ། རྟེན་ལ་ཡོད་པའི་གནས་ངན་ལེན་བསལ་བར་བྱ་བ་དང༌། ཤེས་བྱ་ཐམས་ཅད་ལ་ཤེས་པ་དང༌། མཐོང་བ་རྣམ་པར་དག་པར་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་དེ་ཐམས་ཅད་ཀྱང་བསྒོམ་པ་རྣམ་པ་བཞི་པོ་འདིས་འགྲུབ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་


DTG205_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བརྟས་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱད་པའི་ས་ལ་ཆོས་སྤྱོད་པ་བཅུའི་རིམ་གྱིས་ཤེས་རབ་རྣམ་པ་གསུམ་སྐྱེས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་ཚོགས་ཡང་དག་པར་གྲུབ་པ་ཡིན་ཏེ། ཆོས་ཡང་དག་པར་གྲུབ་པ་དེས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཐེག་པ་ལས་ཡོངས་སུ་མི་ཉམས་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་པ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལས་ཤེས་རབ་དང༌། སྙིང་རྗེ་གཉིས་ཀྱིས་ཡོངས་སུ་མི་ཉམས་ཏེ། དེ་ནི་བྱང་ཆུབ་ཀྱི་སེམས་རྗེས་སུ་བསྲུང་པ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་ལས་ཡོངས་སུ་མི་ཉམས་པས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་འགྲུབ་པ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྟེ། དེ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་ཡང་དག་པའི་སྨོན་ལམ་ཞེས་ཀྱང་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་བསམ་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་པས་དེས་ནི་འཁོར་བ་ལ་མི་གནས་ལ། སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པས་དེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །དེ་ཉིད་ཡང་དག་པའི་སྨོན་ལམ་ཞེས་བྱ་སྟེ། ཡང་དག་པའི་སྨོན་ལམ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང༌། སྐྱེ་བའི་སྨོན་ལམ་དང༌། སྤྱོད་ཡུལ་གྱི་སྨོན་ལམ་དང༌། ཡང་དག་པའི་སྨོན་ལམ་དང༌། སྨོན་ལམ་ཆེན་པོ་སྟེ། དེ་དག་གིས་རབ་ཏུ་དབྱེ་བ་ནི་སྔར་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་སྐབས་སུ་བསྟན་པ་བཞིན་ནོ། །རྗེས་སུ་བསྲུང་བ་ཞེས་བྱ་བ་ནི་ཐེག་པ་དེ་ལས་ཡོངས་སུ་མི་ཉམས་པར་བསྟན་ཏེ། དེ་ནི་ཤེས་རབ་དང་སྙིང་རྗེས་


DTG205_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་ཉམས་ཏེ། ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་བསམ་པའི་ཁམས་བརྟས་པའི་ཕྱིར་བདག་གི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་ཅིང་འཁོར་བ་ལ་མི་གནས་ལ། སྙིང་རྗེས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པའི་ཁམས་བརྟས་པའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་པའི་མྱ་ངན་ལས་འདས་པ་ལ་མི་གནས་པས་དེའི་ཕྱིར་ཤེས་རབ་དང་སྙིང་རྗེ་ནི་བླ་ན་མེད་པའི་བྱང་ཆུབ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པའི་ཁམས་བརྟས་པར་བྱེད་པ་དང༌། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་པར་བྱེད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བྱེད་པ་ཡིན་པས་ཐེག་པ་དེ་ལས་ཡོངས་སུ་མི་ཉམས་ཤིང་རྗེས་སུ་བསྲུང་བ་ཡིན་ཏེ། དེ་ལྟ་བུས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སོམ་ཉི་མེད་པ་ཞེས་བྱ་བ་ནི་སོམ་ཉི་ནི་ཡང་དག་པར་སྒྲུབ་པ་ཐམས་ཅད་ཀྱི་བར་དུ་གཅོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་སོམ་ཉི་ཐམས་ཅད་ཡང་དག་པར་སེལ་བར་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་སོམ་ཉི་མེད་པ་སྟེ། དེ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བས་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་སོམ་ཉི་མེད་པར་འགྱུར་ལ། སོམ་ཉི་མེད་པས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ་ད་ལ་རྣམ་པ་དུ་མ་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུས་ནི་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན། རྣམ་པ་དུ་དང་ལྡན་ན་དགེ་བའི་བཤེས་གཉེན་དད་པའི་གཞིའི་གནས་ལ་མཁས་པ་ཡིན། དགེ་བའི་བཤེས་གཉེན་གྱིས་འདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་དུ་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་དུས་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་འདུ་ཤེས་དུས་ནི་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གང་ཟག་ཆོས་སྨྲ་བ་ལ་གནས། དུ་ནི་ཡིད་ལ་མི་བྱ་ཞེ་ན་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་རིག་


DTG205_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཚུལ་ཁྲིམས་ལ་གནས་པ་དང༌། མང་དུ་ཐོས་པ་དང༌། རྟོགས་པ་དང་ལྡན་པ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྙིང་རྗེ་དང་ལྡན་པ་དང༌། འཇིགས་པ་མེད་པ་དང༌། བཟོད་པ་དང་ལྡན་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་དང༌། དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །རྣམ་པ་ལྔས་ནི་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། མ་གསོལ་བར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། ཚེ་འདི་དང་ཕྱི་མའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། ཡང་དག་པའི་ལམ་དུ་འཛུད་པས་ཕན་འདོགས་པ་དང༌། དམ་བཅས་པའི་རྩོམ་པ་འབྲས་བུ་ཡོད་པར་བྱེད་པ་དང༌། ཕྱོགས་མི་འཛིན་ཅིང་སྙིང་རྗེ་སྙོམས་པས་སོ། །རྣམ་པ་ལྔ་དང་ནི་དགེ་བའི་བཤེས་གཉེན་དད་པའི་གཞིའི་གནས་ལ་གནས་པ་ཡིན་ཏེ། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། བརྟན་པ་དང་ལྡན་པ་དང༌། ཚུལ་འཆོས་པ་མེད་པ་དང༌། ཕྲག་དོག་མེད་པ་དང༌། ཡོ་བྱད་བསྙུངས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་གདུལ་བ་གཞན་དག་ལ། དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་རྣམ་པ་ལྔ་ཡོད་དེ། གླེང་བར་བྱེད་པ་དང༌། དྲན་པར་བྱེད་པ་དང༌། འདོམས་པར་བྱེད་པ་དང༌། རྗེས་སུ་སྟོན་པར་བྱེད་པ་དང༌། ཆོས་སྟོན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་རྫོགས་པར་འགྱུར་ཏེ། རིམ་གྲོ་བྱེད་པ་དང༌། བསྙེན་བཀུར་བྱེད་པ་དང༌། ཡོ་བྱད་སྟོབས་པ་དང༌། བཀའ་བཞིན་བྱེད་པས་སོ། །བྱང་ཆུབ་སེམས་དཔའ་འདུ་ཤེས་ལྔས་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན་པོ་ཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གི་འདུ་ཤེས་དང༌། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང༌། ཚེ་འདི་ལ་ཞི་གནས་དང་ལྷག་མཐོང་གི་དགའ་བ་ཁན་མ་ཐོ་བ་མེད་པའི་རྒྱུའི་དངོས་པོའི་དོན་གྱིས་དགའ་བ་ཁ་ན་ཐོ་བ་མེད་པའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་དང༌། རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུའི་དངོས་པོའི་དོན་གྱི་འབྲས་བུ་དང༌། ཕན་ཡོན་ཆེ་བའི་འདུ་ཤེས་ཀྱིས་སོ། །བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གང་ཟག་ཆོས་སྨྲ་བ་ལ་གནས་ལྔ་ཡིད་ལ་མི་བྱེད་དེ། ཚུལ་ཁྲིམས་ཉམས་པར་ཡིད་ལ་མི་བྱ་བ་དང་རིགས་དམའ་བར་ཡིད་ལ་མི་བྱ་བ་དང༌། བྱད་བཞིན་ངན་པར་ཡིད་ལ་མི་བྱ་བ་


DTG205_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྙན་པ་མེད་པར་ཡིད་ལ་མི་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུ་ལ་རྣམ་པ་དེ་ལྟ་བུས་བསྟན་ཏེ། སོམ་ཉི་མེད་པར་གྱུར་པས། བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གནས་སྐབས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཁྱིམ་པའི་ཕྱོགས་ལ་གནས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་གནས་སྐབས་ན་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་སྟེ། དེ་ནི་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཁྱིམ་པའི་ཕྱོགས་ལ་གནས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་གནས་སྐབས་ནས་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསླབ་པའི་གཞི་དྲུག་པོ་དེ་དག་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་ལ་གནས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་གནས་སྐབས་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བའི་ཆོས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ལས་ཀྱི་མཐའ་ལེགས་པར་བྱེད་པ་དང༌། མཁས་པ་དང༌། གཞན་ལ་ཕན་འདོགས་པ་དང༌། ཡོངས་སུ་བསྔོ་བའོ། །དེ་ལ་ལས་ཀྱི་མཐའ་ལེགས་པར་བྱེད་པ་ནི། རྣམ་པ་བཞི་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པར་འབྱེད་པ་དང༌། བྱང་བར་བྱེད་པ་དང༌། རྟག་ཏུ་བྱེད་པ་དང༌། ཁ་ན་མ་ཐོ་བ་མེད་པར་བྱེད་པའོ། །མཁས་པ་ནི་རྣམ་པ་བཅུ་སྟེ། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་སྡང་བ་བསལ་བ་དང༌། ཐ་མལ་པ་རྣམས་འཇུག་པར་བྱ་བ་དང༌། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་ཐབས་ལ་མཁས་པ་དང༌། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པའི་བྱ་བ་ལ་མཁས་པ་དང༌། ཡང་དག་པའི་སྨོན་ལམ་ལ་མཁས་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དང༌། ཐེག་པ་ཆེན་པོ་ལ་མཁས་པའོ། །གཞན་ལ་ཕན་འདོགས་པ་ནི་བསྡུ་བའི་དངོས་པོ་བཞིས་ཁ་ཅིག་ལ་ཕན་པ་ཉེ་བར་བསྒྲུབ་པ་དང༌། ཁ་ཅིག་ལ་བདེ་བ་ཉེ་བར་བསྒྲུབ་པ་དང༌། ཁ་ཅིག་ལ་


DTG205_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་དང༌། བདེ་བ་ཉེ་བར་སྒྲུབ་པར་བྱེད་པ་ཡིན་ནོ། །ཡོངས་སུ་བསྔོ་བ་ནི་བྱང་ཆུབ་སེམས་དཔའ་ལས་ཀྱི་མཐའ་ལེགས་པར་བྱེད་པ་དང་མཁས་པ་དང༌། གཞན་ལ་ཕན་འདོགས་པའི་སྒོ་གསུམ་པོ་དག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཅི་བསགས་སོ་ཅོག་ཐམས་ཅད་སྙིང་ཐག་པ་ནས་དད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པ་གཉིས་ཀ་ཆོས་བཞི་པོ་དེ་དག་ལ་ཡང་དག་པར་སྦྱོར་དུ་ཟིན་ཀྱང༌། བྱང་ཆུབ་སེམས་དཔའ་ཁྱིམ་པ་བས་རབ་ཏུ་བྱུང་བ་ཤིན་ཏུ་ཁྱད་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བུ་སྨད་ཡོངས་སུ་འཛིན་པའི་ཉེས་པ་ལས་ཡོངས་སུ་མ་གྲོལ་གྱི། རབ་ཏུ་བྱུང་བ་ནི་དེ་ལས་ཡོངས་སུ་གྲོལ་བ་དང༌། ཁྱིམ་པ་ནི་ཡོངས་སུ་འཛིན་པ་དེ་ཉིད་ཀྱི་ཆེད་དུ་ཞིང་ལས་དང་ཉོ་ཚོང་དང༌། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པས་ཉོན་མོངས་པ་དང༌། ཆགས་པའི་སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་གྱི། རབ་ཏུ་བྱུང་བ་ནི་དེ་ལས་ཡོངས་སུ་གྲོལ་བ་དང༌། ཁྱིམ་པས་ནི་ཚངས་པར་སྤྱོད་པ་གཅིག་པུ་ངེས་པར་ལུ་གུ་རྒྱུད་བཞིན་དུ་བསྟན་པར་སྤྱོད་མི་ནུས་ཀྱི་རབ་ཏུ་བྱུང་བས་ནི་ནུས་པ་དང༌། ཁྱིམ་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་དུལ་ཞིང༌། དགེ་བ་གང་དང་གང་རྩོམ་པ་དེ་དང་དེ་ཉིད་མྱུར་དུ་མཐར་ཕྱིན་པར་མི་འགྱུར་གྱི། རབ་ཏུ་བྱུང་བ་ནི་དེ་ལྟ་མ་ཡིན་པ་དང༌། ཁྱིམ་པ་ནི་བརྟུལ་ཞུགས་ལ་ངེས་པར་གནས་པ་མ་ཡིན་པས་གཞན་དག་ལ་ཚིག་མི་བཙུན་གྱི་རབ་ཏུ་བྱུང་བ་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ། རབ་ཏུ་བྱུང་བ་ནི་དེ་ལྟ་བུ་དང་མཐུན་པའི་ཆོས་ཐམས་ཅད་ཀྱིས་ཁྱིམ་པ་ལས་ཤིན་ཏུ་ཁྱད་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །དེ་ལྟར་གནས་སྐབས་དེ་ལྟ་བུ་དག་ནས་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྦྱར་རོ། །ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།


no previousའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། ཀླུའི་རྒྱལ་མཚན།no next