cover

སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་བདུན་པ།

སྣ་ཚོགས། ཉོ༽

ཀླུ་སྒྲུབ། ཙནྡྲགོམིན། མར་མེ་མཛད་ཡེ་ཤེས། རྟ་དབྱངས། སངས་རྒྱས་དཔལ་ཡེ་ཤེས། གཞན་ལ་ཕན་པའི་དབྱངས་དགོན་པ། དགོངས་པ་རབ་གསལ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དོན་རྣམ་པར་གདོན་མི་ཟ་བའི་འགྲེལ་པ།


DTG207_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམ་པར་གདོན་མི་ཟ་བའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་མདོ་སྡེ་ཡི། །དོན་ནི་བདག་གིས་གསལ་བར་བཤད། །དེ་ལ་མདོ་སྡེ་འཆད་འདོད་པས། །དང་པོར་དགོས་པ་དང༌། འབྲེལ་པ་དང༌། གླེང་གཞི་དང༌། གླེང་བསླང་བ་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་སྟོན་ཏེ། དོན་རྣམ་པ་དྲུག་རྣམས་བསྟན་དགོས་སོ། །དེ་ལ་སློབ་མ་རྣམས་མཉན་པ་དང༌། བསམ་པ་དང་གཟུང་བ་ལ་སོགས་པ་ཤེས་རབ་རྣམས་གསུམ་གྱིས། མདོའི་དོན་རྣམ་པར་ངེས་པ་མ་མཐོང་བར་ནི་བློ་སྔོན་དུ་གཏོང་བའི་ཤེས་རབ་ཅན་དག་བྱ་རོག་གི་སོ་བརྟག་པ་བཞིན་དུ་དོན་མེད་དོ་ཞེས་གང་ལ་ཡང་འཇུག་པར་མི་འགྱུར་རོ། །དེ་བས་ན་དང་པོར་དགོས་པ་བཤད་ཅེས་གསུངས་ཏེ། ཅི་དགོས་ཤེ་ན། ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་བྱ་བའི་ཕྱིར་གསུངས་ན། མཉན་པ་དང་གཟུང་བ་ལ་སོགས་པ་ལ། ཉན་པ་གུས་པར་བྱེད་པས་ན། །དེ་བས་དང་པོར་དགོས་པ་བཤད། །ཅེས་གསུངས་སོ། །དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་འདིའི་མགོ་


DTG207_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་དོན་དང༌། མཚན་ཉིད་ཀྱི་བྱེ་བྲག་རྣམ་པར་འབྱེད་པ་ལེགས་པར་བྱ་བའི་ཕྱིར་བཤད་དེ། དེ་ནི་དགོས་པའོ། །གལ་ཏེ་ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པ་ནི་ཐབས་གཞན་གྱིས་ཀྱང་འགྱུར་རོ་ཞེ་ན། དེ་ལྟ་ན་མ་ཡིན་ཏེ། ཐབས་གཞན་གྱིས་ནི་ཆོས་འདིའི་མགོ་མཇུག་གི་ཕྲིན་ལས་རྣམ་པར་འབྱེད་པ་ལ་མཁས་པར་མི་ནུས་ཏེ། དེ་བས་ན་ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པ་ནི་བྱ་བའི་ཐབས། བཅོམ་ལྡན་འདས་ཀྱི་མདོའི་དོན་སྟོན་ཏོ། །དེ་ལྟར་མཉན་པ་དང་བསམ་པ་དང་གཟུང་བ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་ཤེས་པར་བྱ་བའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། དགོས་པའི་ཡང་དགོས་པ་བཤད་ཅེས་གསུངས་སོ། །དེ་ལྟར་བསྟན་ཅིང་བཤད་པ་དེ་ཡང་ཅི་དགོས་ཤེ་ན། ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་ན། བླང་བར་བྱ་བ་དང་དོར་བར་བྱ་བ་ཤེས་པས་ཕན་པ་ལེན་པ་དང༌། གནོད་པ་སྤོང་བའི་སྒོ་ནས་ཉོན་མོངས་པ་རྣམས་སྤོང་བར་འགྱུར་རོ། །ཉོན་མོངས་པ་རྣམས་སྤངས་པར་གྱུར་ན། མྱ་ངན་ལས་འདས་པའི་གནས་ཐོབ་པར་འགྱུར་ཏེ། འདི་ནི་དགོས་པའི་དགོས་པའོ། །དེ་ལ་འབྲེལ་པ་མ་བརྗོད་ན་སེའུ་ལྔ་དང་ཁུར་བ་དྲུག་ལྟ་བུར་གང་དང་ཅིར་ཡང་མ་འབྲེལ་པའོ་སྙམ་པའམ། ཀླུའི་རྒྱལ་པོ་འཇོག་པོའི་མགོ་ལ་རིམས་ནད་ཐམས་ཅད་སེལ་བའི་ནོར་བུ་རིན་པོ་ཆེ་ཡོད་ཀྱང༌།


DTG207_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བླང་བར་བྱ་བའི་ཐབས་མེད་པ་ལྟ་བུ་ཡིན་ནོ་སྙམ་ནས། རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་ཏུ་མི་བཏུབ་པ་གསལ་བའི་ཕྱིར་འབྲེལ་བ་བཤད་དོ། །དེ་ཡང་ཚིག་དང་དོན་དུ་འབྲེལ་པ་དང༌། དོན་དང་བསྒྲུབ་པར་འབྲེལ་པ་དང༌། བསྒྲུབ་པ་དང་འབྲས་བུར་འབྲེལ་པའོ། །དེ་ལ་ཚིག་དང་དོན་དུ་འབྲེལ་པ་ནི། ཕུང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གོང་དུ་མདོ་སྡེའི་ལུང་དོན་ཉི་ཤུ་རྩ་དྲུག་གིས་ཆོས་ཐམས་ཅད་བསྡུས་ནས་བཤད་པ་དེ་ཁོང་དུ་ཆུད་པར་འགྱུར་པའི་ཕྱིར་རོ། །དོན་དང་བསྒྲུབ་པར་འབྲེལ་པ་ནི། མདོ་སྡེའི་དོན་བཟང་པོ་མཆོག་ཏུ་གྱུར་པ་མཐོང་ནས། སློབ་མ་རྣམས་དགའ་བའི་ཁྱད་པར་སྐྱེ་སྟེ། འདི་ནི་བསྒྲུབ་པར་བྱ་བའི་གཙོ་བོ་ཡིན་ནོ་ཞེ་ན། དེ་ལ་དེ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །བསྒྲུབ་པ་དང་འབྲས་བུར་འབྲེལ་པ་ནི། དེ་ལྟར་དོན་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་བསྒྲུབས་ན། ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ལ་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །གླེང་བསླང་བ་ནི་མདོ་སྡེ་བཤད་པའི་ཕྱིར། སྐབས་དང་སྦྱར་ཏེ་སྨྲས་པའམ། སྐབས་སུ་བབས་པར་སྨྲ་བ་སྟེ། སྐབས་སུ་བབས་པར་སྨྲས་ན། སྨྱོན་པའི་ཚིག་ལྟ་བུར་གྱུར་པས། རང་གིས་རིག་པར་བྱ་བའི་དོན་དུ་སྐབས་དང་སྦྱར་ཏེ་སྨྲ་བ་ནི་གླེང་བསླང་བའོ། །དེ་ཡང་དེ་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སྦྱོང་དེ་རྣམས་བཅོམ་ལྡན་འདས་ལ་སླར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ཀྱང་སློབ་མ་རྣམས་ཀྱི་དོན་དང་ཚིག་བདེ་བར་ཁོང་དུ་ཆུད་པར་བྱ་བ་དང༌། གཟུང་སླ་བར་བྱ་བའི་ཕྱིར་བཤད་དེ། དེ་ཡང་དགེ་སློང་དག་ལ་འདི་སྐད་ཅེས་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་དག་འདི་ནི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལུང་ཞེས་བྱ་ཡན་ཆད་ཀྱིས་བསྟན་ཏོ། །ཚིག་གི་དོན་ནི་བསྡུས་པའི་དོན་དང༌། ཚིག་སོ་སོའི་


DTG207_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྒྱས་པར་འགྲེལ་པ་སྟེ། དེ་ཡང་དེ་ལ་དགེ་སློང་དག་ཕུང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ་མདོ་རྫོགས་ཀྱི་བར་དུའོ། །ད་ནི་གླེང་གཞིའི་ཚིག་དབྱེ་བའི་དབང་དུ་བྱས་ནས་བཤད་པར་བྱའོ། །གླེང་གཞི་དེ་ཡང་རྣམ་པ་བཞི་སྟེ། དུས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་འདི་སྐད་ཅེས་བྱ་བའི་ཚིག་འདི་ནི་དོན་མང་པོར་འཇུག་སྟེ། དཔེ་དང་ལུང་འབོགས་པ་དང༌། དྲིས་པ་ལ་རྣམ་པར་ངེས་པ་དང༌། ཁས་ལེན་པ་དང་ཚིག་གི་ལན་ཏོ། །དེ་ལ་དཔེར་འདྲེན་པ་ནི། དཔེར་ན་ངལ་བསོ་བ་ལྟ་བུ་ཕྱུག་པ་དང༌། སེང་གེ་ལྟ་བུ་དཔའ་བ་དང༌། རྡོ་རྗེ་ལྟ་བུ་སྲ་བ་ཞེས་བྱ་བ་ལྟ་བུའོ། །ལུང་འབོགས་པར་འདྲེན་པ་ནི་འདི་སྐད་ལྷོགས་ཤིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ་ལ་རྣམ་པར་ངེས་པར་འདྲེན་པ་ནི། ཇི་སྐད་ཐོས་ཞེས་དྲིས་པ་དང༌། འདི་སྐད་བདག་གིས་ཐོས་ཏེ། དེ་བཞིན་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ། །ཁས་ལེན་པ་ནི་འདི་ལྟར་གྱིས་ཤིག་ཅེས་གསོལ་བ་བཏབ་པ་དང༌། དེ་བཞིན་དུ་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ནོ་འདི་སྐད་བདག་གིས་ཐོས་པ་ཡིན་ནམ་ཞེས་སྨྲས་པ་ལ། དེ་དེ་ལྟའོ་ཞེས་བྱ་བ་ལྟ་བུའོ། །འདིའི་སྐབས་སུ་རབ་ཏུ་འབྱེད་པའི་དབང་གིས་ཁས་ལེན་པར་འདྲེན་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟ་ཞེ་ན་འཕགས་པ་འོད་སྲུངས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་མདོ་ཡང་དག་པར་བསྡུ་བ་ལ་ཞུགས་པ་ན་འཕགས་པ་དགའ་བོ་ལ་དགྲ་བཅོམ་པ་གཞན་དག་གིས་ཁྱོད་ཀྱིས་ཇི་སྐད་དུ་ཐོས་པ་དེ་བཞིན་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་འདི་སྐད་ཅེས་སྨྲས་ཏེ། བདག་གིས་བཅོམ་ལྡན་འདས་ལས་འདི་སྐད་དུ་ཐོས་ཏེ། ཇི་སྐད་དུ་ཐོས་པ་དེ་བཞིན་དུ་བཤད་པར་བྱའོ་ཞེས་ཁས་བླང་བའི་ཕྱིར་རོ། །བདག་གིས་ཞེས་བྱ་བས་གཞན་བཅད་ནས་མངོན་སུམ་དུ་ཐོས་པ་སྟོན་ཏེ། མདོ་འདི་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཀྱི། ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་ཞེས་བྱ་བ་ནི་རྣ་བའི་དབང་པོ་རྣམ་པར་དག་པ་དང་ལྡན་པའི་རྣ་བའི་རྣམ་པར་ཤེས་པས་དོན་དང་ཚིག་མ་ནོར་བར་གཟུང་ཞེས་བྱ་བའི་དོན་ཏེ། དེས་ནི་ཁོང་དུ་ཆུད་པ་མེད་པར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་བཅོམ་ལྡན་འདས་ལས་འཕགས་པ་དགའ་བོས་མདོ་འདི་མངོན་སུམ་དུ་


DTG207_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་དེའི་ཚེ། འཕགས་པ་དགའ་བོས་བདེན་པ་རྟོག་པ་མེད་དེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་བདེན་པ་མཐོང་བའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་སྒྲ་དུས་དང་ཕྲད་པ་སྟེ། དོན་རྣམ་པ་གཉིས་སུ་འདྲེན་ཏོ། །དེ་ལ་དུས་སུ་འདྲེན་པ་ནི་བདག་གིས་ཐོས་པའི་ཞེས་བྱ་བའི་ཚིག་དང་ཡང་སྦྱར་ཏེ། དེ་ནི་མདོ་སྡེའི་འདི་ཐོས་པར་དཀའ་བ་ལས་ལན་ཅིག་གམ་དུས་གཅིག་ན་ཐོས་སོ་ཞེས་བྱ་བའི་དོན་ཏོ། །ཕྲད་པར་འདྲེན་པ་ནི་དུས་གཅིག་ནའི་ཚིག །བཅོམ་ལྡན་འདས་དང་འོག་མར་སྦྱར་ཏེ། སྦལ་མགྲིན་དང་གཉའ་ཤིང་བཞིན་དུ་མི་ལུས་དང་ཁོམ་པ་རྙེད་དཀའ་བ་ལས་རྙེད་པ་དང་སངས་རྒྱས་འབྱུང་བ་རྙེད་པར་དཀའ་བ་ལས་ཕྲད་དེ། མཉན་དུ་ཡོད་པ་ལ་སོགས་པར་ཆོས་འདི་ཐོས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མདོ་སྡེ་འདི་ལན་ཅིག་དུས་གཅིག་ན་ཐོས་ཏེ། དུས་གཞན་ན་མདོ་སྡེ་གཞན་ཡང་ཐོས་སོ་ཞེས་འཕགས་པ་དགའ་བོ་ཉིད་ཐོས་པ་མང་བར་སྟོན་ཏོ། །དུས་འདི་ན་ནི་བཅོམ་ལྡན་འདས་གནས་འདི་ན་བཞུགས་ཏེ་ཆོས་འདི་བཤད་ཀྱིས། དུས་གཞན་གྱི་ཚེ་ན་ནི་གཞན་ན་བཞུགས་ཤིང་ཆོས་གཞན་ཡང་བཤད་དོ་ཞེས་བཅོམ་ལྡན་འདས་ཉིད་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་རྒྱུན་དུ་མཛད་པར་སྟོན་ཏོ། །དེས་ནི་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བའི་ཚིག་འདི་དོན་རྣམ་པ་གསུམ་དུ་འདྲེན་ཏེ། བཅོམ་ལྡན་དུ་འདྲེན་པ་དང༌། དཔལ་ལྡན་དུ་འདྲེན་པ་དང༌། སྐལ་ལྡན་དུ་འདྲེན་པའོ། །དེ་ལ་བཅོམ་ལྡན་དུ་འདྲེན་པ་ནི་བདུད་བཞི་བཅོམ་པའི་ཕྱིར་ཏེ། བདུད་བཞི་ནི་ལྷའི་བུའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ཕུང་པོའི་བདུད་དོ། །དེ་ལ་ལྷའི་བུའི་བདུད་ནི་མངོན་པར་སངས་རྒྱས་ནས། རྡོ་རྗེའི་གདན་ལ་བཞུགས་པའི་ཚེ་བཅོམ་སྟེ། འདོད་པའི་ཁམས་ཀྱི་ལྷའི་བུའི་བདུད་མང་པོའི་མཚོན་ཆ་དང་རི་ལ་སོགས་པའི་གནོད་པའི་ཚུལ་མང་པོས་བརྒལ་བ་ལས། བྱམས་པ་དང་སྙིང་རྗེ་དང་སྟོང་པ་ལ་སོགས་པའི་བྱིན་ཆེན་པོས་མཚོན་ཆ་ལ་སོགས་པ་ཡང་མེ་ཏོག་ཏུ་བསྒྱུར་ཏེ། བཏུལ་ནས་ཐམས་ཅད་མཁྱེན་པ་གང་ཟག་ཟླ་མེད་པའོ་ཞེས་གྲགས་པ་ཆེན་པོར་མཛད་པ་ན་བཅོམ་མོ། །ཉོན་མོངས་པའི་བདུད་ནི་དེ་ལྟར་ཐུན་སྔ་མ་ལ་ལྷའི་བུའི་བདུད་བཅོམ་ནས། དེའི་འོག་ཏུ་ཐུན་ཕྱི་མ་ལ་མཐོང་བའི་ལམ་གྱིས་སྤང་པར་བྱ་བའི་ཉོན་མོངས་པ་དང༌། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་གཉིས་ལས་ཆེན་པོ་དང་འབྲིང་པོ་དང༌།


DTG207_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་སྟེ། རྣམ་པ་དགུར་གཞག་པ་ལ། རྡོ་རྗེ་ལྟ་བུའི་ཡེ་ཤེས་སྐྱེས་ནས། ཉོན་མོངས་པ་ཆུང་ངུའི་ཡང་ཆུང་ངུ༌། ཡེ་ཤེས་ཆེན་པོའི་ཡང་ཆེན་པོས་བརྩལ་བས་ན་བཅོམ་མོ། །དེ་བས་ན་བདུད་གཉིས་ནི། རྡོ་རྗེ་ལྟ་བུའི་གདན་ལ་བཞུགས་པའི་ཚེ། བཅོམ་བར་བཤད་དོ། །འཆི་བདག་གི་བདུད་ནི་རྩྭ་མཆོག་གི་གྲོང་ཁྱེར་དུ་བཅོམ་སྟེ། སངས་རྒྱས་རྣམས་མིའི་ཚེ་ལས་ཆོས་ཉིད་ཀྱིས་ལྔ་ཆ་གཅིག་འབྲི་སྟེ། ཤཱཀྱ་ཐུབ་པ་ཡང་ལོ་བརྒྱད་ཅུ་བཞི་འཇིག་རྟེན་ན་བཞུགས་ནས། མྱ་ངན་ལས་འདའ་པའི་རིགས་པ་ལས། སེམས་ཅན་སངས་རྒྱས་ཀྱིས་འདུལ་བའི་སྐལ་བ་དང་ལྡན་པ། གཞན་ནི་སྔར་ཐབས་མང་པོས་གྲོལ་བར་མཛད། བྲམ་ཟེ་སུ་བད་ཏྲ་ཞེས་བྱ་བ་མྱ་ངན་ལས་འདའ་བ་བསྟན་ཁར་གཟིགས་ན། འདུལ་བའི་སྐལ་པ་ཅན་ལས་སྔར་མ་བཏུལ་བ་ལས་ཟླ་བ་གསུམ་བཤོལ་ཏེ། ཟླ་བ་གསུམ་དུས་ལས་ནུར་ནས། འཕྲལ་དུ་མྱ་ངན་ལས་མ་འདས་པ་ལྟ་བུའོ། །དེ་ལ་ཕུང་པོའི་བདུད་ཀྱང་རྩྭ་མཆོག་གི་གྲོང་ཁྱེར་ཉིད་དུ་བཅོམ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་མ་ལུས་པར་སྤངས་པའི་ཚེ་བཅོམ་མོ། །དེ་བས་ན་བདུད་གཉིས་ནི། །རྩྭ་མཆོག་གི་གྲོང་ཁྱེར་དུ་བཅོམ་པར་བཤད་དོ། །བཅོམ་ལྡན་འདས་ཀྱི་སྒྲ་དཔལ་ལྡན་དུ་འདྲེན་པ་ནི། ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་དཔལ་ལྡན་ཏེ། ཡོན་ཏན་དྲུག་ནི། ཕྱུག་པ་ཕུན་སུམ་ཚོགས་པ་དང༌། །གཟུགས་དང་གྲགས་པ་དང་ནི་དཔལ། །དེ་བཞིན་ཡེ་ཤེས་འབད་པ་སྟེ། །དྲུག་པོ་རྣམས་ལ་བཅོམ་ཞེས་བཤད། །ཅེས་གསུངས་པ་ལྟ་བུའོ། །དེ་ལ་ཕྱུག་པ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །གཟུགས་ཕུན་སུམ་ཚོགས་པ་ནི་སྐྱེས་བུའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། སྐུ་ལ་མངའ་བའི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པའི་ཕྱིར་རོ། །དཔལ་ཕུན་སུམ་ཚོགས་པ་ནི་དཔག་བསམ་གྱི་ཤིང་དང༌། ཡིད་


DTG207_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་འགེངས་པར་མཛད་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། ཆགས་པ་མེད་པར་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱིར་རོ། །འབད་པ་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་བརྩོན་འགྲུས་ཆེན་པོ་ནམ་དུ་ཡང་མི་གཏོང་བར་བརྩོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་སྒྲ་སྐལ་ལྡན་དུ་འདྲེན་པ་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པའི་སྤོང་བ་བཞི་ལྟ་བུར། བཞི་བཞིར་མཉམ་པ་དང༌། དབང་པོ་ལྔ་དང་སྟོབས་ལྟ་བུར་ལྔ་ལྔར་ཆོས་མཉམ་པ། ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་ཏེ། དེ་ནི་སྟོན་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །མཉན་དུ་ཡོད་པ་ཞེས་བྱ་བ་ནི་ཤྲ་བ་སྟི་ཞེས་བྱ་བའི་དྲང་སྲོང་གི་གནས་སུ་འགྲོ་བ་རྣམས་ཀྱི་གནས་བཅས་པའི་ཕྱིར་རོ། །གྲོང་ཁྱེར་དེའི་མིང་ཡང་མཉན་དུ་ཡོད་པ་ཞེས་བྱ་ལ། གྲོང་ཁྱེར་དེ་མཚོན་པའི་ཡུལ་གྱི་ཁྱད་པར་གཞན་ལ་ཡང་མཉན་དུ་ཡོད་པ་ཞེས་བྱའོ། །ཡང་ན་གྲོང་ཁྱེར་འདི་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྐྱེད་པའི་སེམས་ཅན་ཡོན་ཏན་མང་པོ་དང་ལྡན་པ་ཤ་སྟག་གི་གནས་ཡིན་པས། ལེགས་པ་དང་འབྱོར་པ་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཏེ། རྣ་བས་མཉན་དུ་ཡོད་ཅིང་ཐོས་པ་ཐམས་ཅད་ཡོད་པར་གྲགས་པས་ན། གྲོང་ཁྱེར་གྱི་མིང་ཡང་མཉན་དུ་ཡོད་པར་གྲགས་སོ། །དེ་ཡང་ཅི་མངོན་ཞེ་ན། དེ་ལྟར་ཐམས་ཅད་ཡོད་པར་གྲགས་པ་ལས། མི་གཅིག་ཅིག་གིས་དེ་ལྟར་མིའི་མིག་འཚོང་བ་ཡོད་དམ་མེད་ཅེས་གྲོང་ཁྱེར་དུ་ཞུགས་པ་ལས་གྲོང་ཁྱེར་ན་གནས་པའི་ལྷས་རང་གི་ལུས་མི་ལྟ་བུར་བསྒྱུར་ནས། མིའི་མིག་གསར་དུ་ཕྱུང་བ་ཁར་གཞོང་གང་འགུལ་བ་དེའི་མདུན་དུ་ཚོང་དུ་འོངས་སོ་ཞེས་འབྱུང་བ་ལྟ་བུའོ། །མཉན་དུ་ཡོད་པའི་གྲོང་ཁྱེར་ཡང་ཤིན་ཏུ་རྒྱ་ཆེ་བས་དེའི་ཡང་ཕྱོགས་གང་ན་བཞུགས་པ་མི་ཤེས་ཏེ། དེ་བས་ན་ཤར་གྱི་ཀུན་དགའ་ཞེས་བྱ་བ་སྨོས་སོ། །ཀུན་དགའ་ཞེས་བྱ་བ་ནི་ལྡུམ་རའི་ས་ཕྱོགས་ལ་བྱ་སྟེ། དེ་དག་ཀྱང་ས་གཞི་མཉམ་


DTG207_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྙོམས་པ་དང༌། མེ་ཏོག་ལ་སོགས་པ་སྡུག་གུ་མང་པོས་བརྒྱན་པ་དང༌། ཕྱོགས་བཟང་ཞིང་ཅི་མཛེས་པས། འགྲོ་བ་རྣམས་དེར་སེམས་ཅན་ཀུན་དགའ་བའི་ཕྱིར་ཀུན་དགའ་སྟེ། ཀུན་འགའ་དེ་མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་ཤར་གྱི་ཆ་ན་གནས་པས་ན། ཤར་གྱི་ཀུན་དགའ་ཞེས་བྱའོ། །མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་ཤར་གྱི་ཕྱོགས་ན་ཡང༌། །ཀུན་འགའ་མང་དུ་ཡོད་པས། གང་ན་བཞུགས་པ་མི་ཤེས་ཏེ། དེ་བས་ན་ཁྱད་པར་དུ་རི་དགས་མའི་ཁང་པ་ན་ཞེས་གསུངས་སོ། །དེ་ལ་རི་དགས་མ་ཞེས་བྱ་བ་ནི། །དགེ་བསྙེན་མ་བདེན་པ་མཐོང་བ། རྒྱུན་དུ་ཞུགས་པའི་ལམ་ལ་ཞུགས་པའི་མིང་སྟེ། དེས་བྱས་པའི་ཁང་པའོ། །དེ་ལ་ཁང་པའི་སྒྲའི་དོན་ནི། །དེ་མཐོང་བས་འགྲོ་བ་སེམས་དང་བར་བྱེད་པས་ན་ཁང་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །དེ་ལ་མཉན་དུ་ཡོད་པའི་ཤར་གྱི་ཀུན་དགའ་བ་དང༌། རི་དགས་མའི་གནས་གཉིས་སྨོས་པ་ནི། རབ་ཏུ་བྱུང་བ་དང༌། ཁྱིམ་ན་གནས་པའི་ཕྱོགས་གཉིས་ལ་ཕན་གདགས་པའི་ཕྱིར་ཏེ། ཀུན་དགའ་སྨོས་པས་ནི་རབ་ཏུ་བྱུང་བ་ལ་ཕན་གདགས་པའི་ཕྱིར་རོ། །མཉན་དུ་ཡོད་པ་རི་དགས་མའི་གནས་སྨོས་པས་ནི། །ཁྱིམ་ན་གནས་པའི་ཕྱོགས་ལ་ཕན་གདགས་པའི་ཕྱིར་རོ། །འདི་ན་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཅི་བཅོམ་ལྡན་འདས་ཉག་གཅིག་བཞུགས་སམ་སྙམ་པ་ལ་མ་ཡིན་པར་བསྟན་པའི་ཕྱིར། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་དེ་དག་གིས་ཁྱད་པར་རྣམ་པ་ལྔ་བསྟན་ཏེ། སོ་སོར་ཐར་པའི་སྡོམ་པ་མཚུངས་པ་དང༌། བདུད་ལ་སོགས་པས་མི་ཕྱེད་པ་དང༌། ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་དང༌། ཉོན་མོངས་པ་བཅོམ་པ་དང༌། གྲངས་མང་བའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་མཚུངས་པས་ན། དགེ་སློང་གི་ཞེས་བྱ་བའི་ཚིག་དང་པོ་སྨོས་ཏེ། གསོལ་བ་དང་ཞུ་བའི་ལས་ཀྱིས་བསྙེན་པར་རྫོགས་པ་དང༌། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཤ་སྟག་པས་དགེ་སློང་ངོ༌། དགེ་འདུན་ཞེས་བྱ་བས་བདུད་ལ་སོགས་པས་མི་ཕྱེད་པར་བསྟན་ཏེ། དེ་དག་ལྟ་བ་དང༌། ཚུལ་ཁྲིམས་ལ་སོགས་པར་གཞན་གྱིས་


DTG207_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བར་མི་ནུས་པས་ན་དགེ་འདུན་ནོ། །ཆེན་པོ་ཞེས་བྱ་བས། ཡོན་ཏན་ཁྱད་པར་དང་ལྡན་པར་བསྟན་ཏེ། དེ་ཡང་བྱ་བ་བྱས་པ་དང༌། བྱེད་པ་བྱས་པ་དང༌། ཁུར་བོར་བ་དང༌། ཅང་ཤེས་པ་དང༌། རང་གི་དོན་རྗེས་སུ་ཐོབ་པའི་ཡོན་ཏན་ལྔ་དང་མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དགེ་སློང་ཞེས་བྱ་བའི་ཚིག་ཕྱི་མས་ཉོན་མོངས་པ་སྤངས་པར་བསྟན་ཏེ། གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་སྟེ། སྤངས་པས་ན་དེའི་ཕྱིར་དོན་དམ་པའི་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་བྱ་བས་གྲངས་མང་བར་བསྟན་ཏེ། དོན་རྣམ་པར་གདོན་མི་ཟ་བའི་མདོ་འདི་བཤད་པའི་ཚེ་ན་ནི་འཁོར་གྱི་དགེ་སློང་འདི་སྙེད་ཅིག་ཡོད་དོ་ཞེས་བསྟན་པའོ། །གྲངས་དེར་ཆད་པར་སྨྲས་པ་ཡང༌། དེ་བཞིན་གཤེགས་པས་ལྟེང་རྒྱས་འོད་སྲུངས་འཁོར་ལྔ་བརྒྱ་དང་བཅས་ཏེ་རབ་ཏུ་ཕྱུང༌། དེ་ནས་ག་ཡ་འོད་སྲུངས་འཁོར་ཉིས་བརྒྱ་ལྔ་བཅུ་དང༌། དེའི་འོག་ཏུ་ཆུ་བོ་འོད་སྲུངས་འཁོར་ཉིས་བརྒྱ་ལྔ་བཅུ་དང༌། དེ་ནས་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས། འཁོར་ཉིས་བརྒྱ་ལྔ་བཅུ་རྣམས་དང་བཏུལ་ཏེ། རབ་ཏུ་ཕྱུང་ནས་རྟག་ཏུ་བཅོམ་ལྡན་འདས་ཀྱི་འཁོར་དུ་གྱུར་པའི་ཕྱིར། གྲངས་ཆད་པར་སྨོས་སོ། །བཞུགས་ཏེ་ཞེས་བྱ་བ་ལ་བཞུགས་པ་རྣམ་པ་གསུམ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང༌། ཆོས་འཆད་ཅིང་བཞུགས་པ་དང༌། ནང་དུ་ཡང་དག་འཇོག་ལ་བཞུགས་པའོ། །དེ་ལ་སྤྱོད་ལམ་གྱིས་བཞུགས་པ་ནི། །བཞུགས་པ་དང་བཞེངས་པ་དང༌། མནལ་བ་དང་འཆག་པའོ། །ཆོས་འཆད་ཅིང་བཞུགས་པ་ནི། འཁོར་གྱི་ནང་དུ་གསུང་རབ་གྱི་དོན་སྒྲོགས་པར་མཛད་པའོ། །ནང་དུ་ཡང་དག་འཇོག་ལ་བཞུགས་པ་ནི། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞི་ལ་སྙོམས་པར་ཞུགས་པའམ། སྟོང་པ་ཉིད་དང༌། མཚན་མེད་པ་དང༌། སྨོན་མེད་པ་ལ་སོགས་པ་ལ་སྙོམས་པར་བཞུགས་པའོ། །དེ་ལ་སྤྱོད་ལམ་གྱིས་བཞུགས་པ་ནི། སྐུའི་ཕྲིན་ལས་སོ། །ཆོས་འཆད་ཅིང་བཞུགས་པ་ནི། གསུང་གི་ཕྲིན་ལས་སོ། །ནང་དུ་ཡང་དག་འཇོག་ལ་བཞུགས་པ་ནི། ཐུགས་ཀྱི་ཕྲིན་ལས་ཏེ། དེའི་སྐབས་སུ་ནི་ཆོས་འཆད་


DTG207_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཞུགས་པར་བལྟའོ། །གླེང་གཞི་ཕུན་སུམ་ཚོགས་པ་རྫོགས་སོ།། །།གླེང་བསླང་བའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ནི་མཉན་དུ་ཡོད་པ། ཤར་གྱི་ཀུན་དགའ་རི་དགས་མའི་གནས་ནའོ། །ཡང་ན་དེ་ན་ཞེས་བྱ་བ་ནི་ཚིག་གིས་མགོ་དྲང་བའམ། ཚིག་དགོད་པའོ། །བཅོམ་ལྡན་འདས་ཞེས་བྱ་བའི་དོན་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ནི་འཆད་པ་པོ་ཡིན་ལ། དགེ་སློང་རྣམས་ནི་ཉན་པར་བྱེད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །གསུང་གང་གིས་བཀའ་སྩལ་པ་ན། དེའི་ཕྱིར་ཚངས་པའི་གསུང་སྤྲིན་ལྟར་ཟབ་མོ་སྙན་པ་རྒྱ་ཆེན་པོས་ཞེས་བྱ་བ་གསུངས་ཏེ། བྱ་ཀ་ལ་པིང་ཀའི་སྒྲ་ལྟར་ཤིན་ཏུ་སྙན་ཅིང་འཇམ་པས་འདུལ་བའི་འགྲོ་བ་རྣམས་དགའ་བར་བྱེད་པའི་ཕྱིར་ཚངས་པའི་གསུང་ངོ༌། །གང་གི་ཕྱིར་གསུང་དེ་རིང་དུ་འགྲོ་ཞིང་འཁོར་ཀུན་ལ་ཁྱབ་པར་བྱེད་པས་ན། སྤྲིན་ལྟར་ཟབ་མོ་ཞེས་བྱའོ། །འདི་ལྟར་གསུང་དེ་ཚངས་པའི་གསུང་ཡིན་པས། ཉན་པའི་དུས་ན་འགྲོ་བ་རྣམས་ཀྱི་བསམ་པ་ཚིམ་པར་བྱེད་ཅིང་ཡིད་འདྲེན་པས་ན་སྙན་པའོ། །གང་གི་ཕྱིར་གསུང་དེ་སྤྲིན་ལྟར་འཁོར་ཀུན་ལ་ཁྱབ་སྟེ། ཉེ་རིང་འདྲ་བར་ཐོས་པར་བྱེད་པས་ན། དེའི་ཕྱིར་རྒྱ་ཆེན་པོ་ཞེས་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་གསུང་གིས། དགེ་སློང་རྣམས་ལ་བཀའ་སྩལ་ཏོ། །དགེ་སློང་ཁྱེད་རྣམས་ལ་ཞེས་བྱ་བ་ནི། ཉན་པའི་འདུལ་བར་གྱུར་བ། ཁྱེད་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཆོས་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། །ཆོས་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེའི་ཕྱིར་དེ་དག་ལ་ཆོས་ཞེས་བརྗོད་ཅེ་ན། དེ་དག་གི་རིགས་སྟོན་པའི་ཕྱིར་ཆོས་ཞེས་བྱའོ། །བསྟན་པ་བྱས་ཏེ་ཞེས་བྱ་བ་ནི་བཤད་པར་བྱ་སྟེ། ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་ཅེས་བྱ་བའི་ཆོས་བསྟན་པར་མཛད་སྙམ་པ་ལ། དེའི་ཕྱིར་འདི་ལྟར་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཞེས་སྨོས་ཏེ། འདི་ལྟར་ཞེས་བྱ་བ་ནི། འདི་ལྟ་སྟེ་ཞེས་བྱ་བའི་དོན་ཏོ། །ཆོས་འདིའི་ནང་ནས་


DTG207_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། བསྒོམ་པར་བྱ་བ་དང་ཐོབ་པར་བྱ་བའི་ཆོས་ཀྱི་དོན་རྣམ་པར་ངེས་པ་དང་གཏན་ལ་བབས་པ་སྟོན་ལ། སེམས་ཅན་རྣམས་ཀྱིས་འདི་ཐོས་ན་ཡང༌། དོན་དེ་དག་གཏན་ལ་བབས་པ་ཁོ་ནར་ཤེས་པར་འགྱུར་བས་ན། དེའི་ཕྱིར་ན་མདོ་སྡེ་འདི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོའི་ཆོས་ཀྱི་ཚོགས། ཆོས་མང་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆོས་ལ་ཡང་རྣམ་པ་གཉིས་ཏེ། བཤད་པར་བྱ་བའི་ཆོས་དང༌། ཁོང་དུ་ཆུད་པར་བྱ་བའི་ཆོས་ཏེ། ཆོས་དེ་གཉིས་ཀ་འདིའི་ནང་ནས་བཤད་པར་སྟོན་ཏོ། །བཤད་པར་བྱ་བའི་ཆོས་ཀྱི་ཁྱད་པར་དང༌། ཡོན་ཏན་བསྟན་པར་བྱ་བའི་ཕྱིར། ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་ཞེས་གསུངས་ཏེ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ན། ཐོག་མར་དགེ་བ་ཞེས་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཇི་ལྟར་མདོ་དག་ལས། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་འཇིགས་པར་ལྟ་ཞིང༌། ཡང་དག་པར་བླངས་ནས་བསླབ་པའི་གནས་ལ་སློབ་བོ་ཞེས་གསུངས་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པའི་ཕྱིར། བར་དུ་དགེ་བ་སྟེ་ལྷག་པའི་སེམས་ཀྱི་བསླབ་པ་ཡང༌། ཇི་ལྟར་མདོ་དག་ལས་བསམ་གཏན་བཞི་གང་ཞེ་ན། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པར་དགའ་བ་དང༌། བདེ་བར་ལྡན་པས། བསམ་གཏན་དང་པོ་ལ་ཉེ་བར་ཞུགས་ནས་གནས་སོ། །རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བས། ནང་དང་ཞིང་སེམས་རྩེ་གཅིག་ཏུ་གྱུར་ཏེ། རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ལྡན་པ། བསམ་གཏན་གཉིས་པ་ལ་ཉེ་བར་ཞུགས་ནས་གནས་སོ། །དགའ་བའི་འདོད་ཆགས་དང་བྲལ་ནས་བཏང་སྙོམས་ལ་གནས་ཏེ། དྲན་པ་དང་ཤེས་བཞིན་དང་བཅས་པས། བདེ་བ་སོ་སོར་ལུས་ཀྱིས་མྱོང་སྟེ། གང་དི་ལ་


DTG207_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྣམས་བཏང་སྙོམས་པ་དྲན་པ་དང་བཅས་ཤིང༌། བདེ་བ་ལ་གནས་པའོ་ཞེས་གསུངས་པ། བསམ་གཏན་གསུམ་པ་ལ་ཉེ་བར་ཞུགས་ནས་གནས་སོ། །བདེ་བ་ཡང་སྤང་སྡུག་བསྔལ་ཡང་སྤངས་ནས། ཡིད་བདེ་བ་དང་ཡིད་མི་བདེ་བ་གཉིས་ཐོག་མ་ཉིད་དུ་ནུབ་བར་གྱུར་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བཏང་སྙོམས་དྲན་པ་ཡོང་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་ཞུགས་ནས་གནས་སོ་ཞེས་བཤད་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པའི་ཕྱིར་ཐ་མར་དགེ་བ་ཞེས་བྱ་སྟེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡང་མདོ་ལས་འདི་ལ་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པའི་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བར་བྱེད་པའི་ལམ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དང་སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེས་རྣམ་པར་གྲོལ་བ་རྣམ་པར་གྲོལ་བ་ཉིད་དུ་ཡེ་ཤེས་མཐོང་བར་འགྱུར་རོ། །ཞེས་བཤད་པའོ། །དེ་ལྟར་དུས་གསུམ་དུ་དགེ་བའི་ཆོས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཞེས་བྱ་བ་གསུངས་ཏེ། བརྗོད་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་ཅིང་མཆོག་ཏུ་གྱུར་པ་དོན་ཕུན་སུམ་ཚོགས་པའི་ཕྱིར་དོན་བཟང་པོའོ། །འབྲུ་ནི་ཨ་དང་ཀ་ལ་སོགས་པ་རྗོད་པར་བྱེད་པའི་ཚིག་ལ་བྱ་སྟེ། ཚིག་གསལ་ཞིང་དོན་མྱུར་དུ་གོ་བར་བྱེད་པས་ན་ཚིག་འབྲུ་བཟང་པོའོ། །འདི་ཡང་ཆད་ཀྱིས་བཤད་པའི་ཆོས་ཀྱི་མཚན་ཉིད་བཟང་པོར་བསྟན་ཏོ། །རྣམ་པ་དེ་ལྟ་བུར་གྱུར་པའི་ཆོས་དེས་ཀྱང་ཅི་ཞིག་བསྒྲུབ་ཅིང་སྟོན་པར་བྱེད་ཅེ་ན། དེའི་ཕྱིར་ཚངས་པར་སྤྱོད་པ་ཡང་དག་པ་བསྟན་ཞེས་བྱ་བ་གསུངས་སོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང༌། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་ཚངས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ལ་ཚངས་པ་ཞེས་བྱ་བར་ཡང་ཅི་མངོན་ཞེ་ན།


DTG207_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་དག་ལས་ཀྱང་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས་ཞི་བའོ་ཞི་བར་གྱུར་པའོ། །ཚངས་པའོ་ཚངས་པར་གྱུར་པའོ། །བསིལ་བའོ་བསིལ་བར་གྱུར་པའོ་ཞེས་གསུངས་པར་གྱུར་ལ། དེ་ལྟ་བུའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཕགས་པའི་ལམ་རྟོགས་པར་བྱ་བའི་མཚན་ཉིད་ཀྱིས་ཆོས་ལ་ཚངས་པར་སྤྱོད་པའོ་ཞེས་བྱ་བ་སྟེ། འཕགས་པའི་ལམ་དེ་ལྟ་བུ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་འདིས་ནི་རྟོགས་པར་བྱའོ་དོན་དམ་པའི་མཚན་ཉིད་ཀྱི་ཆོས་བསྟན་ཏོ། །དོན་དམ་པའི་མཚན་ཉིད་ཀྱི་ཆོས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར། འབའ་ཞིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པའི་ལམ་རྟོགས་པར་བྱ་བའི་ཆོས་དེ་མུ་སྟེགས་ལ་སོགས་པ་གཞན་གྱི་གཞུང་ལ་མེད་དེ། གཞན་དང་ཐུན་མོང་མ་ཡིན་ཞིང་ཆོས་འདི་པ་འབའ་ཞིག་ལ་ཡོད་པས་ན་འབའ་ཞིག་པ་ཞེས་བྱའོ། །འཕགས་པའི་ལམ་དེ་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་ཐམས་ཅད་ཀྱི་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར། ཡོངས་སུ་རྫོགས་པ་ཞེས་བྱ་བ་སྟེ། འཇིག་རྟེན་པའི་ལམ་གྱིས་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པའི་གཉེན་པོ་མི་བྱེད་ན་ཡོངས་སུ་རྫོགས་པ་ཞེས་མི་བརྗོད་དོ། །འཕགས་པའི་ལམ་དེ་རང་བཞིན་གྱིས་གྲོལ་བས་རྣམ་པར་གྲོལ་ཏེ། རང་བཞིན་གྱིས་ཉོན་མོངས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར། ཡོངས་སུ་དག་པ་ཞེས་བྱའོ། །འཕགས་པའི་ལམ་དེ་ཟག་པ་ཟད་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ལས་སྐྱེས་ཏེ། རྒྱུད་ཀྱི་རྣམ་པར་དག་པས་རྣམ་པར་དག་པའི་ཕྱིར། ཀུན་ཏུ་དཀར་བ་ཞེས་བྱའོ། །ཡང་ན་ཉན་པའི་ཚེ་དད་པ་ཆེན་པོ་སྐྱེད་པར་བྱེད་པས་ན་ཐོག་མར་དགེ་བའོ། །སེམས་པའི་ཚེ་དགའ་བ་ཆེན་པོ་སྐྱེད་པར་བྱེད་པས་ན། བར་དུ་དགེ་བའོ། །བསྒོམ་པའི་ཚེ་བློ་ཆེན་པོ་སྐྱེད་པར་བྱེད་པས་ན་ཐ་མར་དགེ་བའོ། །མཐོ་རིས་དང་མྱ་ངན་ལས་འདས་པའི་དོན་འབྱུང་བས་ན་དོན་བཟང་པོའོ། །དེ་འཆད་པར་བྱེད་པའི་ཚིག་རྣམས་གསལ་ཞིང་ཟུར་ཕྱིན་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་ཚིག་འབྲུ་བཟང་པོའོ། །ཡང་ན་མུ་སྟེགས་ལ་སོགས་པ་ཕྱི་རོལ་དུ་གྱུར་པའི་ཆོས་ཀྱི་གཉེན་པོར་སངས་


DTG207_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཆོས་ཀྱི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་མུ་སྟེགས་ལ་སོགས་པའི་ཆོས་ནི་སྔ་ཕྱིར་བཤད་པ་འགལ་བ་འབྱུང་བས་ན། དེ་དག་གི་ཆོས་ཐོག་མ་དང་བར་མ་དང་ཐ་མར་དགེ་བ་མ་ཡིན་ནོ། །ཇི་ལྟར་སྔ་ཕྱི་བཤད་པ་འགལ་ཞེ་ན། དེ་དག་འདི་སྐད་དུ་འཆད་དེ་མི་འཚེ་བ་ནི་ཆོས་ཀྱི་མཆོག་ཅེས་བཤད་ལ། སྦྱིན་སྲེག་དང་མཆོད་སྤྱིན་གྱི་ཕྱིར་ནི་ཕྱུགས་བསད་ཀྱང་ཉེས་པ་མེད་དོ་ཞེས་ཟེར་བ་དང༌། རྫུན་དུ་སྨྲ་བ་ལས་སྡིག་ཆེ་བ་མེད་ཅེས་ཟེར་བ་རྩེད་མོ་དང་བུད་མེད་དང་མི་ཚངས་པར་སྤྱད་པའི་དུས་དང༌། བག་མ་ལེན་པ་དང༌། ནོར་འཕྲོག་པ་དང༌། སྲོག་ལ་བབས་པའི་ཚེ་རྫུན་སྨྲས་ཀྱང་ཉེས་པ་མེད་དོ། །ཞེས་ཟེར་བས་སྔ་ཕྱིར་འགལ་ལོ། །དོན་བཟང་བ་མ་ཡིན་ཏེ། བདག་དང་བྱེད་པ་པོ་དང༌། སེམས་ཅན་ཡོད་པར་འཆད་པའི་ཕྱིར་རོ། །འབྲུ་བཟང་བ་མ་ཡིན་ཏེ་ཡི་གེ་མ་འབྲེལ་ཞིང་མི་གསལ་བ་དང་ཅལ་ཅོལ་དུ་འབྱུང་བའི་ཕྱིར་རོ། །འབའ་ཞིག་པ་ཡང་མ་ཡིན་ཏེ། མུ་སྟེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང༌། བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་རྣམས་མིའི་ཐོད་ཅན་དང་གཅེར་བུ་ལ་སོགས་པ་ཕན་ཚུན་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ཡང་མ་ཡིན་ཏེ། དེ་དག་གི་ལམ་ནི་ས་འོག་མའི་ཉོན་མོངས་པའི་གཉེན་པོ་ཙམ་བྱེད་པར་ཟད་ཀྱིས། ས་ཐམས་ཅད་ཀྱི་ཉོན་མོངས་པ་ཀུན་གྱི་གཉེན་པོ་མི་བྱེད་པའི་ཕྱིར་རོ། །ཡོངས་སུ་དག་པ་མ་ཡིན་ཏེ། རང་གང་ལ་གནས་པའི་སའི་ཉོན་མོངས་པ་ཐམས་ཅད་རྒྱུ་ཞིང་འབྱུང་བའི་གནས་སུ་གྱུར་པའི་ཕྱིར་ཏེ། གང་གི་ཕྱིར་གལ་ཏེ་འདོད་པའི་ཁམས་ན་གནས་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་འབྱུང་བའི་གནས་སུ་གྱུར་པའི་ཕྱིར་རོ། །ཀུན་དུ་དཀར་བ་མ་ཡིན་ཏེ། ས་གཞན་ལ་ཉོན་མོངས་པ་བག་ལ་ཉལ་དང་ཡང་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཚངས་པར་སྤྱོད་པ་ཡང་མ་ཡིན་ཏེ། ལམ་དེ་དག་གིས་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་པའི་ཕྱིར་རོ། །ཡང་ན་དོན་བཟང་བའི་ཕྱིར་ཐོག་མར་དགེ་བའོ། །འབྲུ་བཟང་བའི་ཕྱིར་བར་དུ་དགེ་བའོ། །འབའ་ཞིག་དང་ཡོངས་སུ་རྫོགས་པ་དང༌།


DTG207_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་དང༌། ཀུན་ཏུ་དཀར་བ་དང༌། ཚངས་པར་སྤྱོད་པའི་ཕྱིར་ཐ་མར་དགེ་བའོ། །ཡང་དག་པར་རབ་ཏུ་བསྟན་གྱིས་ཞེས་བྱ་བ་ནི་བཤད་པར་བྱ་བ་དང༌། རྟོགས་པར་བྱ་བའི་ཆོས་ཕྱིན་ཅི་མ་ལོག་པར་བཤད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ལ་སོགས་པས། ཉན་པའི་འདུལ་བ་རྣམས་རྣ་བ་མི་གཡེང་བར་ཉོན་ཅིག་ཅེས་མི་གཡེང་བ་ལ་སྦྱོར་བར་མཛད་དོ། །དེ་ཞེས་བྱ་བ་ནི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ལ་བྱ་བར་སྙེགས་སོ། །ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ནི། །ཕྱིན་ཅི་མ་ལོག་པར་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི། དོན་མ་ལུས་པར་ཟུང་ལ་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་མདོ་ལས་ཚིག་རྣམ་པ་གསུམ་འབྱུང་སྟེ། ཤིན་ཏུ་ཉོན་ལ་ཞེས་བྱ་བ་དང༌། ལེགས་པར་ཉོན་ལ་ཞེས་བྱ་བ་དང༌། ཡིད་ལ་ཟུང་ཤིག་ཅེས་བྱ་བ་གསུམ་སྟེ། དེས་རིམ་བཞིན་དུ་སྣོད་ཀྱི་ཉེས་པ་རྣམ་པ་གསུམ་སྤོངས་ཤིག་ཅེས་པར་བཀའ་སྩལ་བའོ། །ཉེས་པ་རྣམ་པ་གསུམ་ནི་སྣོད་ཁ་ཕུབ་པ་ལྟ་བུའི་ཉེས་པ་དང༌། སྣོད་མི་གཙང་བས་གང་བ་ལྟ་བུའི་ཉེས་པ་དང༌། སྣོད་རྡོལ་བ་ལྟ་བུའི་ཉེས་པའོ། །དེ་ལ་སྣོད་ཁ་ཕུབ་པ་ལྟ་བུའི་ནི། དཔེར་ན་སྣོད་ཁས་ཕུབ་ན་ནམ་མཁའ་ལས་ཆར་བབས་ཀྱང་ཆུ་ནང་དུ་མ་འདུས་པར། ཆར་བབ་པ་དོན་མེད་པ་དང་འདྲ་བར་གསུང་རབ་འཆད་པའི་ཚེ་ན་གཡེངས་པ་དང་རྨུགས་པས་ནོན་ནས། ཆོས་ཀྱི་ཆར་བབས་པ་དོན་མེད་པར་གྱུར་བའི་ཉེས་པ་དེ་སྤང་བའི་ཕྱིར་ཤིན་ཏུ་ཉོན་ལ་ཞེས་བཀའ་སྩལ་ཏེ། གཡེངས་པ་དང་རྨུགས་པ་སྤོངས་ལ། དོན་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྣོད་མི་གཙང་བས་གང་བ་ལྟ་བུ་ནི་དཔེར་ན་སྣོད་མི་གཙང་བར་ཆར་བབས་ན། ཆར་གྱི་ཆུ་མི་གཙང་བར་གྱུར་པས། ཆར་བབ་པ་དོན་མེད་པར་གྱུར་བ་དེ་བཞིན་དུ། ཆོས་ཀྱི་ཆར་བབ་པའི་དུས་ན། རང་གི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གིས་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་བཟུང་ན་ཡང་ཆོས་ཀྱི་ཆར་བབ་པ་དོན་མེད་པར་གྱུར་པས། དེ་སྤང་བར་བྱ་བའི་ཕྱིར་ལེགས་པར་ཉོན་ལ་ཞེས་བཀའ་སྩལ་ཏེ། ཕྱིན་


DTG207_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མ་ལོག་པར་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །སྣོད་རྡོལ་བ་ལྟ་བུ་ནི། དཔེར་ན་སྣོད་རྡོལ་བ་ལ་ནམ་མཁའི་ཆར་ནང་དུ་ཞུགས་ཀྱང༌། དེ་མ་ཐག་ཏུ་ཕྱིར་ཟག་པས་བབ་པ་དོན་མེད་པར་གྱུར་པ་དེ་བཞིན་དུ། དམ་པའི་ཆོས་ཀྱི་ཆར་བབས་ན། དོན་དང་ཚིག་ལ་སོགས་པ་སྔར་བརྡ་ཕྲད་ཀྱང་ཕྱིས་རྗེད་པར་བྱས་ན། ཆོས་ཀྱི་ཆར་བབ་པ་དོན་མེད་པར་གྱུར་པས། དེའི་གཉེན་པོར་ཡིད་ལ་ཟུང་ཤིག་ཅེས་བཀའ་སྩལ་ཏེ། ཇི་ལྟར་ཚིག་དང་དོན་རྣམས་གཟུང་བ། དེ་བཞིན་དུ་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །བཤད་དོ་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་བྱས་ན་ནི་བཤད་ཀྱིས། གཞན་དུ་ན་ཆོས་ཀྱི་ཆར་ཕབ་པ་དོན་མེད་པར་འགྱུར་བས་ན་མི་བཤད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་དེ་བཞིན་གཤེགས་པ་ལ་རབ་ཏུ་བྱུང་བའི་སློབ་མ་ནད་པ་རྣམ་པ་གསུམ་དང་འདྲ་བ་ཡོད་དེ། དེའི་གཉེན་པོར་ཤིན་ཏུ་ལེགས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ནད་པ་དང་པོ་ནི། སྐྱེས་བུ་འགའ་ཞིག་ནད་ཀྱིས་བཏབ་པ་ལས། དེ་ལ་ཕན་པར་འདོད་པའི་ཕ་དང་མས། ཕན་པར་གྱུར་པའི་སྨན་དང་ཁ་ཟས་བྱིན་ན། ཟར་མི་བཏུབ་སྟེ། དེས་ཀྱང་དེ་ལ་ཕན་པར་འདོད་པའི་ཕ་མ་ལ་གནོད་པར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བའི་གང་ཟག་ལ་ཉོན་མོངས་པའི་ནད་ཀྱིས་བཏབ་པ་དེ་ལ། ཉོན་མོངས་པའི་ནད་ལ་ཕན་པའི་སྨན། ཆོས་ཐོག་མར་དགེ་བ་ལ་སོགས་པ་ཉོན་ཅིག་ཅེས་བསྒོ་ན་ཉན་དུ་མི་བཏུབ་སྟེ། དེས་ཀྱང་དེ་ལ་ཕན་པར་དགོངས་པ་ཆོས་ཀྱིས་ཡབ་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་པའོ། །དེའི་གཉེན་པོར་ཤིན་ཏུ་ཉོན་ལ་ཞེས་བཀའ་སྩལ་ཏེ། དེ་བཞིན་གཤེགས་པའི་གསུང་རབ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ནད་པ་གཉིས་པ་ནི་དེ་ལ་ཕན་པར་འདོད་པའི་ཕ་མས་ཕན་པར་གྱུར་བའི་སྨན་དང་ཁ་ཟས་བྱིན་ནས་གང་ཕན་པ་མི་ཟ་བའི་ཕན་པ་བཟའ་བར་བྱེད་དེ། དེས་ཀྱང་དེ་ལ་ཕན་པར་སེམས་པའི་ཕ་མ་ལ་གནོད་པར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བའི་གང་ཟག་ཁ་ཅིག་


DTG207_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་བསྟན་ནས། ཕྱིན་ཅི་མ་ལོག་པར་མ་བཟུང་གི །ཕྱིན་ཅི་ལོག་ཏུ་འཛིན་ཏེ། དེས་ཀྱང་དེ་ལ་ཕན་པར་དགོངས་པའི་ཆོས་ཀྱིས་ཡབ་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་དེ། །དེའི་གཉེན་པོར་ལེགས་པར་ཉོན་ལ་ཞེས་བཀའ་སྩལ་ཏེ། ཕྱིན་ཅི་མ་ལོག་པར་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ནད་པ་གསུམ་པ་ནི་དེ་ལ་ཕན་པར་སེམས་པའི་ཕ་མས། ཕན་པར་འགྱུར་པའི་སྨན་དང་ཁ་ཟས་བྱིན་ན། བྱིན་པ་བཞིན་ཟོས་ལ་ཕྱིས་སྐྱུག་པར་བྱེད་དེ། །དེས་ཀྱང་དེ་ལ་ཕན་པར་སེམས་པའི་ཕ་མ་ལ་གནོད་པར་བྱེད་དོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་གང་ཟག་ཁ་ཅིག །ཇི་སྐད་བསྒོ་བ་བཞིན་དུ་དམ་པའི་ཆོས་ཉན་ལ་ཚིག་དང་དོན་ཁོང་དུ་ཆུད་ཀྱང་ཕྱིས་བརྗེད་པར་བྱེད་པ་སྟེ། དེས་ཀྱང་དེ་ལ་ཕན་པར་དགོངས་པའི་ཆོས་ཀྱིས་ཡབ་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་པ་ཡིན་ནོ། །དེའི་གཉེན་པོར་ཡིད་ལ་ཟུང་ཤིག་ཅེས་བཀའ་སྩལ་ཏེ། དོན་དང་ཚིག་སྔར་བཟུང་བ་རྣམས་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །བཤད་དོ་ཞེས་བྱ་བ་ནི་ད་ནི་འཆད་པ་པོར་ཟད་ཀྱི་ནན་ཏན་དུ་ནི་ཁྱེད་ཀྱིས་སྒྲུབ་ཤིག་པར་བཀའ་སྩལ་པའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གནས་དམ་པ་ལ་བཀོད་པས། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ལེགས་སོ་བྱ་བ་གསོལ་ཏོ། །སྔར་བཅོམ་ལྡན་འདས་ཀྱིས་སྐྱོན་རྣམ་པར་གསུམ་སྤོངས་ལ་ཉོན་ཅིག་ཅེས་བཀའ་སྩལ་པ་བཞིན་དུ། སྐྱོན་སྤངས་ནས། ཉན་པ་ལ་ཞུགས་པ་བསྟན་པའི་ཕྱིར། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ལ་སླར་ཉན་པ་ཞེས་བྱ་བ་ལ་སྨོས་ཏེ། སླར་ཉན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་ཉན་ཏོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བཀའ་སྩལ་ཞེས་བྱ་བ་ནི། འོག་ནས་འབྱུང་བ་སྐད་དུ་བཀའ་སྩལ་བ་སྟེ། གླེང་བསླང་བ་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུས་པའི་དོན་བཤད་པར་བྱ་བའི་ཕྱིར། དགེ་སློང་དག་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་པར་བྱ་བ་དང་སྤང་བར་བྱ་བ་


DTG207_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསྒོམ་པར་བྱ་བ་དང༌། ཐོབ་པར་བྱ་བའི་ཆོས་རྣམས་འདིར་གཏན་ལ་བབ་པར་སྟོན་པས་ན། དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བ་སྟེ། གང་ཞེ་ན་ཞེས་བྱ་བ་ནི་དེ་གང་ཡིན་ཞེས་དྲིས་པའོ། །དེ་བསྟན་པར་བྱ་བའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི་དེ་བཞིན་ནི་འདི་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་ལྔ་ནས་བརྩམས་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་དོན་ཉི་ཤུ་རྩ་དྲུག་པོ་རྣམས་ཀྱིས། །མདོའི་དོན་མཐའ་དག་མ་ལུས་པར་རྫོགས་སོ་ཞེས་བསྟན་པའི་ཕྱིར། དགེ་སློང་དག་འདི་ནི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལུང་ངོ་ཞེས་བཀའ་སྩལ་ཏོ། །དེ་ལ་ཕུང་པོ་ལྔ་ནས། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་བར་གྱིས་ནི་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། བསྒོམ་པར་བྱ་བ་གསུམ་བསྟན་ཏེ། ཆོས་དེ་དག་ལས་གང་ལུང་དུ་མ་བསྟན་པའི་མཚན་ཉིད་རྣམས་ནི་ཤེས་པར་བྱའོ། །གང་མི་དགེ་བའི་མཚན་ཉིད་དེ་དག་ནི་སྤང་བར་བྱའོ། །གང་དགེ་བའི་མཚན་ཉིད་དེ་དག་ནི་བསྒོམ་པར་བྱའོ། །དེ་ལ་བསམ་གཏན་བཞི་ནས་བརྩམས་ཏེ། རྒྱུན་དུ་ཞུགས་པའི་ཡན་ལག་བཞི་ཞེས་བྱ་བ་ཡན་ཆད་ཀྱིས་ནི་བསྒོམ་པར་བྱ་བའི་ཆོས་བསྟན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཐོབ་པར་བྱ་བའི་ཆོས་བསྟན་ཏོ། །བསྡུས་པའི་དོན་བསྟན་པ་ཡང་ཅི་དགོས་ཤེ་ན། མདོ་འདི་དོན་ཉི་ཤུ་རྩ་དྲུག་ལས་མང་དུ་ཡང་མི་འཆད་ཉུང་དུ་མི་འཆད་དོ་ཞེས་བསྐྱེད་པ་དང༌། སྐུར་བ་སྤང་བའི་ཕྱིར་རོ། །ཡང་ན་སློབ་མ་རྣམས་ཚིག་དང་དོན་བདེ་བར་ཁོང་དུ་ཆུད་ཅིང་གཟུང་བླ་བར་བྱ་བའི་ཕྱིར། བསྡུས་པའི་དོན་སྨོས་ཏེ། དཔེར་ན་རྟ་དང་པོར་དཀྱུས་བསྟན་པ། ཕྱིས་ཐོགས་པ་མེད་པ་རྒྱུ་བ་བཞིན་དུ་ཐོག་མར་བསྡུས་པའི་དོན་ཁོང་དུ་ཆུད་ན། ཕྱིས་སློབ་མ་རྣམས་ཡན་ལག་གི་དོན་བདེ་བ་ཁོང་དུ་ཆུད་པར་འགྱུར་བས་སོ། །ཡང་ན་སློབ་མ་རྣམ་པ་གཉིས་ཏེ། །མདོ་ཙམ་དུ་བསྟན་པས་འདུལ་བ་དང༌། རྒྱས་པར་བཤད་པས་འདུལ་བའོ། །དེ་ལ་མདོ་ཙམ་དུ་བསྟན་པས་


DTG207_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཆེད་དུ་མཛད་ནས། སྔར་བསྡུས་པའི་དོན་བཀའ་སྩལ་ཏོ། །རྒྱས་པར་བཤད་པས་འདུལ་བའི་ཆེད་དུ་མཛད་ནས་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ། ཚིག་གི་དོན་རྒྱས་པར་བཤད་པ། བསྡུས་པའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་དགེ་སློང་དག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་ཚིག་གི་དོན་བསྟན་པར་བྱ་སྟེ། དེ་བས་ན་དེ་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །དྲིས་པ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་དཔེའི་ཚིག་ཏུ་ཡང་སྟོན་མོད་ཀྱི། འདིའི་སྐབས་སུ་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ། གཟུགས་ལ་སོགས་པའི་ཕུང་པོ་ཉེ་བར་བསྟན་པར་བྱ་བའི་དོན་དུ་འགྲོ་སྟེ། དེ་བས་ན་འདི་ལྟ་སྟེ་ཞེས་བྱ་བ་ནི། །ཕུང་པོ་ལྔ་ནི་འདི་ཡིན་ཏེ། ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང་ཞེས་བྱ་བ་འདིས་ནི་ཟག་པ་མེད་པའི་ཕུང་པོ་བསྟན་པ་ཡིན་ཏེ། དེ་ལྟར་ན་ཕུང་པོ་གཉིས་ཏེ། ཟག་པ་མེད་པའི་ཕུང་པོ་དང༌། ཟག་པ་དང་བཅས་པའི་ཕུང་པོའོ། །འདིར་ནི་ཕུང་པོ་ཞེས་སྤྱིར་སྨོས་ན། ཟག་པ་མེད་པའི་ཕུང་པོ་ཡིན་པར་ཅི་མངོན་ཞེ་ན་ཡང༌། དེ་ནི་མངོན་ཏེ་འོག་ནས། དེ་ལ་དགེ་སློང་དག་ལེན་པའི་ཕུང་པོ་ལྔ་གང་ཞེ་ན་ཟག་པ་ཅན་གྱི་ཕུང་པོ་མིང་གིས་གསལ་བར་སྨོས་པ་ན་སྔར་སྨོས་པའི་ཕུང་པོ་ལྔ་ནི་ཟག་པ་མེད་པའི་ཕུང་པོ་ལ་བྱ་བར་མངོན་ནོ། །དེ་ལྟ་མ་ཡིན་ཏེ་གཉིས་ཀ་ཟག་པ་ཅན་གྱི་ཕུང་པོ་ལ་བྱ་བར་གྱུར་ན་ནི། ཟག་པ་ཅན་གྱི་ཕུང་པོ་དེ་ཉིད་ལན་གཉིས་སུ་ཟློས་པའི་སྐྱོན་དུ་འགྱུར་རོ། །འོན་ཟག་པ་མེད་པའི་ཕུང་པོ་བསྟན་པ་འདིར་ཅི་དགོས་ཞེ་ན། སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གནས། ཟག་པ་མེད་པའི་ཕུང་པོ་ཡོད་པར་མཐོང་ན། ཟག་པ་ཅན་གྱི་ཕུང་པོ་ལ་སྐྱོ་བ་སྐྱེའོ། །སྐྱོ་བ་སྐྱེས་ནས་ཟག་པ་ཅན་གྱིས་ཕུང་པོ་འདོར་བར་བྱ་བ་ལ་བརྩོན་པ་བསྐྱེད་དོ། །བརྩོན་པ་སྐྱེས་ན། སྡུག་བསྔལ་གྱི་ཕུང་པོ་འདོར་བར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་བོར་ན་བདེ་བའི་མཆོག་མྱ་ངན་ལས་


DTG207_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཐོབ་སྟེ། ཟག་པ་མེད་པའི་ཕུང་པོ་བསྟན་པ་ནི། དེར་དགོས་སོ། །དེ་ལ་ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོ་གང་ཞེ་ན། རྣལ་འབྱོར་པ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་པའི་ཚེ། གང་ཟག་པ་མེད་པའི་མཚན་ཉིད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །གང་དེའི་ཚེ་ཚོགས་ཉིད་ལ་ཟག་པ་མེད་པའི་ཚོར་བ་བྱུང་བ་ནི་ཚོར་བའི་ཕུང་པོའོ། །གང་དེའི་ཚོགས་ཉིད་ལ་འདུ་ཤེས་ཡོད་པ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཡང་ན་རྣལ་འབྱོར་པ་རྣམས་ཀྱི་འདུ་ཤེས་རྣམ་པ་བཅུ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། འདུ་ཤེས་བཅུ་ལ། མི་རྟག་པའི་འདུ་ཤེས་དང༌། སྡུག་བསྔལ་གྱི་འདུ་ཤེས་དང༌། བདག་མེད་པའི་འདུ་ཤེས་དང༌། མི་གཙང་བའི་འདུ་ཤེས་དང༌། ཁ་ཟས་ལ་རྗེས་སུ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། འཆི་བའི་འདུ་ཤེས་དང༌། རབ་ཏུ་སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་སོ། །དེ་ལ་རྒྱུ་དང་རྐྱེན་ལ་རག་ལུས་པས། མི་གནས་པར་སེམས་པ་ནི་མི་རྟག་པའི་འདུ་ཤེས་སོ། ལུས་དང་སེམས་ལ་གནོད་པར་བྱེད་པར་སེམས་པ་ནི་སྡུག་བསྔལ་བར་འདུ་ཤེས་སོ། །བདག་ལ་རང་དབང་མེད་དེ་གཞན་གྱི་དབང་དུ་གྱུར་པར་སེམས་པ་ནི། བདག་མེད་པའི་འདུ་ཤེས་སོ། །ལུས་ཀྱི་རང་བཞིན་ཁྲག་དང་རྣག་ལ་སོགས་པའི་མཚན་ཉིད་དུ་ཞེས་པ་ནི་མི་གཙང་བའི་འདུ་ཤེས་སོ། །ཁ་ཟས་རྣམས་ཁར་བཅུག་པ་ན་ཡང་མཆིལ་མ་དང་སྣབས་ལ་སོགས་པ་དང་འདྲེས་ནས་ཁོང་དུ་ཞུགས་ལ། ཁོང་དུ་ཡང་བཤད་པ་དང་གཅི་བར་འགྱུར་རོ་ཞེས་སེམས་པ་ནི་ཁ་ཟས་ལ་རྗེས་སུ་མི་མཐུན་པའི་འདུ་ཤེས་སོ། །སེམས་ཅན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་མེས་བསྲེགས་ལ། སྐྱེ་བ་དང་རྒ་བའི་གནོད་པས་མནར་བའོ་ཞེས་སེམས་པ་ནི། འཇིག་རྟེན་རྣམས་ལ་མངོན་པར་མི་དགའ་བའི་འདུ་ཤེས་སོ། །བུམ་པ་ཞབས་རྡོལ་བའི་ཆུ་བཞིན་དུ་སྐད་ཅིག་མ་རེ་རེ་ལ་ཡང་འཚོ་བའི་དབང་པོ་ཟད་དོ། །ཞེས་སེམས་


DTG207_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འཆི་བའི་འདུ་ཤེས་སོ། །དང་པོར་རྒྱུན་དུ་ཞུགས་པའི་འབྲས་བུའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། རབ་ཏུ་སྤོང་བའི་འདུ་ཤེས་སོ། །ཕྱིར་མི་འོང་བའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། འདོད་ཆགས་དང་བྲལ་བའི་འདུ་ཤེས་སོ། །དགྲ་བཅོམ་པའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། འགོག་པའི་འདུ་ཤེས་སོ། །གང་དེ་ཉིད་ཀྱི་ཚོགས་ན་དད་པ་དང༌། བརྩོན་འགྲུས་དང༌། སེམས་པ་ལ་སོགས་པ་འདུ་བྱེད་སེམས་དང་ལྡན་པ་རྣམས་དང༌། སྐྱེ་བ་དང༌། རྒ་བ་ལ་སོགས་པ་དང་མིང་གི་ཚོགས་དང་ཚིག་གི་ཚོགས་ལ་སོགས་པ་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་ནི། འདུ་བྱེད་ཀྱི་ཕུང་པོའོ། །གང་དེ་ཉིད་ཀྱི་ཚོགས་ན་ཟག་པ་དང་བཅས་པའི་ཕུང་པོ་དང༌། འདོད་པ་ལྔའི་ཡོན་ཏན་ལ་དགའ་བ་མེད་པའི་རྣམ་པར་ཤེས་པ་ནི། །རྣམ་པར་ཤེས་པའི་ཕུང་པོའོ། །ཟག་པ་མེད་པའི་ཕུང་པོ་ལྔ་བཤད་ཟིན་པ་བསྟན་པའི་ཕྱིར། འདི་ནི་དགེ་སློང་དག་ཕུང་པོ་ལྔ་རྣམས་སོ་ཞེས་བྱ་བ་གསུངས་ཏེ། ཟག་པ་མེད་པའི་ཕུང་པོ་ལྔ་རྣམས་རྫོགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕུང་པོ་ལྔ་ཞེས་སྨོས་པས་ཆོག་མོད། གཟུགས་དང་ཚོར་བའི་མཚན་ཉིད་གཟུང་བ་ཅི་དགོས་ཤེ་ན། གཟུགས་དང་ཚོར་བའི་མཚན་ཉིད་གཟུང་བ་ནི། ཚུལ་ཁྲིམས་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་གཞན་ཡང་ཡོད་པས་དེ་དག་དགག་པར་བྱ་བའི་ཕྱིར་རོ། །ཕུང་པོ་ལྔའི་འོག་ཏུ་ལེན་པའི་ཕུང་པོ་ལྔ་བསྟན་པས་ཇི་ལྟར་བསྟན་པ་དེ་བཞིན་བཤད་པར་བྱ་བའི་ཕྱིར། དེ་ལ་དགེ་སློང་དག་ལེན་པའི་ཕུང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལེན་པའི་ཕུང་པོ་ལྔ་བཤད་པ་ཡང་ཅི་དགོས་ཤེ་ན། ལེན་པའི་ཕུང་པོ་ལྔ་བཤད་ན་བདེན་པ་བཞི་ཞེས་པར་གྱུར་པས་ན། དེ་ཁོ་ན་ཤེས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་སྐྱེས་ན་ཡིད་ལ་གནས་པའི་ཉེས་པ་རྣམས་སྤང་བར་འགྱུར་རོ། །ཉེས་པ་སྤངས་ན་ལས་མངོན་པར་འདུ་མི་བྱེད་དོ། །ལས་མངོན་པར་འདུས་མ་བྱས་ན། སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཐོབ་པར་གྱུར་ཏེ་དེར་དགོས་པའོ། །ཡང་ན་ཕུང་པོ་བསྟན་པས་རྟག་པ་མ་ཡིན་པ་དང༌། བདེ་བ་མ་ཡིན་པ་དང༌། བདག་མེད་པ་དང༌། སྙིང་


DTG207_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་དང༌། སྐྱབས་མེད་པ་དང༌། མགོན་མེད་པ་དང༌། རང་དབང་མེད་ཅིང་རྒ་བ་དང༌། ན་བ་དང་འཆི་བ་ལ་སོགས་པ་སྡུག་བསྔལ་མཐའ་མེད་པ་རྣམས་ཀྱིས་གནོད་པར་གྱུར་པའི་ཕུང་པོ་ལ་དབུ་བ་དང་ཆུ་བུར་དང་སྨིག་རྒྱུ་དང་ཆུ་སྐྱེས་ཀྱི་སྡོང་བུ་དང་སྒྱུ་མ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན། འཕགས་པ་ཉན་ཐོས་རྣམས་སེམས་ལ་ཡོད་པའི་མ་རིག་པའི་མུན་པ་སེལ་བར་བྱེད་དོ། །མུན་པ་བསལ་ན་མུ་སྟེགས་པའི་སྲིན་བུ་མེ་ཁྱེར་དང་འདྲ་བའི་ཤེས་པའི་གཟི་རྣམས་ཉི་མས་ཟིལ་གྱིས་གནོན་པ་བཞིན་དུ་ཟིལ་གྱིས་གནོན་པ་དང༌། ལོག་པའི་ལྟ་བ་དང་དེ་ལས་སྐྱེས་པའི་ཉེས་པ་སྐྱེ་བ་དང༌། རྒ་བ་ལ་སོགས་པ་སྤངས་ནས། མྱ་ངན་ལས་འདས་པའི་ཡོན་ཏན་ཐོབ་པར་འགྱུར་ཏེ་དེར་དགོས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ཆོས་གཞན་ལས་བཀར་ཏེ། བསྟན་པར་འདོད་པའམ། ཚིག་གི་མགོ་འདྲེན་པར་བྱེད་པའོ། །དགེ་སློང་དག་ཅེས་བྱ་བ་ནི་བོས་པའོ། །ལེན་པ་ཞེས་བྱ་བ་ལ་ཉོན་མོངས་པའི་ཚོགས་འདིས་མ་འོངས་པའི་སྲིད་པ་ལེན་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་ལེན་པ་ཞེས་བྱ་སྟེ། ལེན་པ་དེ་ལས་བྱུང་བའི་ཕུང་པོ་ནི། །ལེན་པའི་ཕུང་པོ་སྟེ། ཚིག་བར་མ་སྦས་པས་རྩྭ་དང་ཕུབ་མའི་མེ་བཞིན་ནོ། །དཔེར་ན་རྩྭ་ལས་བྱུང་བའི་མེ་ལ་རྩྭའི་མེ་དང་ཕུབ་མ་ལས་བྱུང་བའི་མེ་ལ་ཕུབ་མའི་མེ་ཞེས་ཚིག་པར་མ་སྦས་པ་དང་འདྲའོ། །ཁ་ཅིག་ཚིག་པར་མ་སྦས་པར་དྲུག་པའི་བསྡུ་བས་བསྒྲུབ་སྟེ་ལེན་པ་ཞེས་བྱ་ལ་ཉོན་མོངས་པ་དང་འབྲེལ་པའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དཔེར་ན་རྩྭ་དང་ཕུབ་མའི་མེ་ལ་རྩྭའི་མེ་ཕུབ་མའི་མེ་ཞེས་བྱ་བ་བཞིན་ནོ། །སྨྲས་པ་གང་སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམས་ནི་ལེན་པའི་ཕུང་པོ་ཞེས་བྱ་བར་རིགས་ཏེ། ཉོན་མོངས་པས་བརླན་པའི་ལས་ཀྱི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །ཕྱིའི་དངོས་པོ་སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམས་ལ། ཇི་ལྟར་ན་ལེན་པའི་ཕུང་པོ་ཞེས་བྱ་བ་ཞེ་ན། སྨྲས་པ་དེ་དག་ཀྱང་ལེན་པ་ལས་བྱུང་བ་ལ་ལེན་པའི་ཕུང་པོ་ཞེས་བྱ་བར་རིགས་ཏེ། འཇིག་རྟེན་སྣ་ཚོགས་ལས་ལས་


DTG207_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ལེན་པ་དང༌། རྗེས་སུ་མཐུན་པར་བྱེད་པའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། རྒྱལ་པོའི་སྐྱེས་བུ་བཞིན་ནོ། །དཔེར་ན་རྒྱལ་པོའི་བཀའ་དང་རྗེས་སུ་མཐུན་པར་བྱེད་པའི་སྐྱེས་བུ་ལ་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་བཞིན་དུ། ཉོན་མོངས་པ་དང་རྗེས་སུ་མཐུན་པར་བྱེད་པའི་ཕུང་པོ་ནི་ལེན་པའི་ཕུང་པོ་སྟེ། དེའི་དབང་གིས་དམིགས་པ་དང་འགྲོ་བ་གཞན་དུ་འཇུག་པའི་ཕྱིར་རོ། །ཡང་ན་ཕུང་པོ་རྣམས་ལ་ཉོན་མོངས་པ་འབྱུང་བའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དཔེར་ན་མེ་ཏོག་དང་འབྲས་བུ་འབྱུང་བའི་ཤིང་ལ་མེ་ཏོག་གི་ཤིང་འབྲས་བུའི་ཤིང་ཞེས་བྱ་བ་བཞིན་དུ། ཕུང་པོ་ལས་ཉོན་མོངས་པ་འབྱུང་བས་ན་ལེན་པའི་ཕུང་པོ་ཞེས་གདགས་སོ། །ལྔ་ཞེས་སྨོས་པས་ནི་ལྷག་ཆད་དགག་པའི་ཕྱིར་ཏེ། ཁ་ཅིག་ནི་སོ་སོར་བརྟགས་ཏེ་འགག་པ་དང༌། མ་བརྟག་པར་འགག་པ་དང༌། ནམ་མཁའ་ཡང་ཕུང་པོར་འདོད་པ་ཡོད་དོ། །ཕུང་པོ་སྨོས་པས་ནི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལྔ་དགག་པའི་ཕྱིར་རོ། །གཟུགས་ལེན་པའི་ཕུང་པོ་དང་ཞེས་བྱ་བ་ལ་གཟུགས་རྣམ་པ་གཉིས་ཏེ། འབྱུང་བ་ཆེན་པོ་བཞི་དང༌། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་སོ། །འབྱུང་བ་ཆེན་པོ་བཞི་གང་ཞེ་ན། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་ཀྱི་རང་བཞིན་ནི་སྲ་བ་དང་རྩུབ་པའོ། །ཆུའི་ཁམས་ཀྱི་རང་བཞིན་ནི་བརླན་པ་དང་གཤེར་པའོ། །མེའི་ཁམས་ཀྱི་རང་བཞིན་ནི་ཚ་བ་དང་དྲོ་བའོ། །རླུང་གི་ཁམས་ཀྱི་རང་བཞིན་ནི་ཡང་བ་དང་གཡོ་བའོ། །ཡང་ན་སའི་ཁམས་ཀྱི་རང་བཞིན་ནི་དྲི་དང་ལྡན་པའོ། །ཆུའི་ཁམས་ནི་རོ་དང་ལྡན་པའི་རང་བཞིན་ནོ། །མེའི་ཁམས་ནི་གཟུགས་དང་ལྡན་པའི་རང་བཞིན་ནོ། །རླུང་གི་ཁམས་ནི་སྒྲ་དང་རེག་བྱའི་རང་བཞིན་ནོ། །ཡང་ན་བརྟན་པ་དང་ལྕི་བ་དང་མཁྲངས་བ་དང༌། འཇམ་པ་དང་རྩུབ་པ་ནི་སའི་ཁམས་ཀྱི་མཚན་ཉིད་དོ། །གཤེར་བ་དང་ལྕི་བ་དང་འཇམ་པ་དང་གྲང་བ་དང་སྣུམ་པ་ནི་ཆུའི་ཁམས་ཀྱི་མཚན་ཉིད་དོ། །དྲོ་བ་དང་ཡང་བ་དང་སྨིན་པ་


DTG207_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚ་བ་ནི་མེའི་ཁམས་ཀྱི་མཚན་ཉིད་དོ། །མགྱོགས་པ་དང་ཡང་བ་དང་རྩུབ་པ་དང་གཡོ་བ་ནི་རླུང་གི་ཁམས་ཀྱི་མཚན་ཉིད་དོ། །འབྱུང་བ་ཆེན་པོ་འདི་དག་ལས་ཅི་བྱེད་ཅེ་ན། སའི་ཁམས་ནི་རྟེན་པའི་ལས་བྱེད་དོ། །ཆུའི་ཁམས་ནི་སྡུད་པའི་ལས་བྱེད་དོ། །མེའི་ཁམས་ནི་སྨིན་པའི་ལས་བྱེད་དོ། །རླུང་གི་ཁམས་ནི་སྐྱེ་ཞིང་འཕེལ་བའི་ལས་བྱེད་དོ། །ཅིའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ནར་བཤད་པ་ལྔ་དང་དྲུག་ལ་སོགས་པར་མ་ཡིན་ཞེ་ན། མྱུ་གུ་སྐྱེས་པའི་རྐྱེན་དུ་བཞི་ཁོ་ནར་དགོས་པར་ཟད་པས་ན་ལྔ་དང་དྲུག་ལ་སོགས་པར་མ་བཤད་དོ། །དེ་ལ་ས་ནི་ས་བོན་གྱི་རྟེན་བྱེད་དོ། །ཆུ་ནི་ས་བོན་བརླན་པར་བྱེད་དོ། །མེ་ནི་ས་བོན་སྨིན་པར་བྱེད་དོ། །རླུང་ནི་ས་བོན་འཕེལ་ཞིང་རྒྱས་པར་བྱེད་དོ། །ཡང་ན་སའི་ཁམས་ནི་ལྕི་བའི་རང་བཞིན་ཡིན་པས་གང་དེའི་ཤས་ཆེ་བ་དེ་དག་ནི་ལུས་ལྕི་བ་དང་གཉིད་ཆེ་བ་ཡིན་ཏེ། མ་བསླངས་ན་ནད་དུ་འགྱུར་རོ། །ཆུའི་ཁམས་ནི་གཤེར་བའི་རང་བཞིན་ཡིན་པས་དེའི་ཤས་ཆེ་བ་རྣམས་ནི་བད་ཀན་དུ་གྱུར་ཏེ་བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་མ་བྱས་ན་ནད་དུ་འགྱུར་རོ། །མེའི་ཁམས་ནི་ཚ་བའི་རང་བཞིན་ཡིན་པས་དེའི་ཤས་ཆེ་ན་མཁྲིས་པར་འགྱུར་ཏེ། བཀྲེས་པའི་ཚེ་དུས་སུ་ཁ་ཟས་ལ་སོགས་པས་མ་གསོས་ན་ནད་དུ་འགྱུར་རོ། །རླུང་གི་ཁམས་ནི་གཡོ་བ་ཡིན་པས་དེའི་ཤས་ཆེ་བ་རྣམས་ནི་རླུང་ཅན་དེ་སྣུམ་གྱིས་བསྐུས་ཏེ་མཉེ་བ་ལ་སོགས་པ་མ་བྱས་ན་ནད་དུ་འགྱུར་ཏེ། དེའི་ཕྱིར་ཡང་འབྱུང་བ་ཆེན་པོ་བཞི་ཉིད་དུ་འགྱུར་རོ། །ཞེས་སློབ་དཔོན་ཁ་ཅིག་གིས་བཤད་དོ། །འོ་ན་ཅིའི་ཕྱིར་ནམ་མཁའ་དང་ཚོར་བ་ལ་སོགས་པ་འབྱུང་བ་ཆེན་པོ་ཞེས་མི་བྱ་ཞེ་ན། སྨྲས་པ་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་དོན་ལ། །ཆེན་པོ་ཞེས་བྱ་བ་ནི་ཁྱབ་པའི་དོན་ཏེ་ཚོར་བ་ལ་སོགས་པ་འབྱུང་བ་ཡིན་ཡང་ཁྱབ་པ་མེད་པས་ན་ཆེན་པོ་མ་ཡིན་པ་དང༌། ནམ་མཁའ་ཁྱབ་པ་ཡིན་ཡང་སྐྱེ་བ་མེད་པས་ན་འབྱུང་བ་ཆེན་པོ་ཞེས་མི་བྱའོ། །དེ་བས་ན་འབྱུང་བའི་དོན་ནི་སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པའི་དོན་ཡིན་ལ་ཆེན་པོའི་དོན་ནི་ཁྱབ་པའི་དོན་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་


DTG207_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །འོ་ན་ཇི་ལྟར་ཆེན་པོ་ཡིན་ཞེ་ན། ཇི་སྐད་དུ་མདོ་ལས་འདི་ལྟར་དགའ་བོ་ས་ཆེན་པོ་འདི་ནི་ཆུ་ལ་གནས་སོ། །ཆུ་ནི་རླུང་ལ་གནས་སོ་ཞེས་གསུངས་པ་དང༌། ཡང་ན་མེའི་ཁམས་བ་དོན་ཚངས་པའི་འཇིག་རྟེན་མན་ཆད་སྲེག་གོ །ཆུའི་ཁམས་བདོ་ན་འོད་སྣང་རིས་མན་ཆད་འཇིག་པར་བྱེད་དོ། །རླུང་གི་ཁམས་བདོ་ན་དགེ་རྒྱས་མན་ཆད་འཇིག་པར་བྱེད་དོ་ཞེས་གསུངས་སོ། །ཡང་ན་སའི་ཁམས་བདོ་ན་ཆུའི་བུ་ག་ཀུན་དགག་གོ །བུ་ག་འགགས་ན་རླུང་མི་འབྱུང་ངོ༌། །རླུང་མ་བྱུང་ན་དེའི་ཤོལ་བསྐམས་སོ། །ཤོལ་བསྐམས་ན་ནམ་མཁའ་ལ་མེ་འབྱུང་སྟེ། ཚིག་པར་བྱེད་དོ་ཞེས་གསུངས་པ་ན། དེ་དག་ཆེན་པོ་ཞེས་བྱའོ། །སྨྲས་པ་གང་ན་འབྱུང་བ་ཡོད་པ་དེར་འབྱུང་བ་གཞན་དག་ཀྱང་ཡོད་དམ། སློབ་དཔོན་ཁ་ཅིག་གིས་སྨྲས་པ། ཡོད་དོ་ཞེའོ། །ཇི་ལྟར་ཞེ་ན་བཞི་པོ་དེ་དག་རྟག་ཏུ་མི་འབྲལ་བར་གནས་པའི་ཕྱིར་རོ། །གལ་ཏེ་སའི་ཁམས་ལ་ཆུའི་ཁམས་མེད་ན་ཐལ་བ་གཏོར་བ་བཞིན་དུ་སའི་ཁམས་དེ་དག་སོ་སོར་ཞིག་པར་འགྱུར་རོ། །གལ་ཏེ་ཆུའི་ཁམས་ལ་སའི་ཁམས་མེད་ན་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་བཙོས་ཀྱང་སྲ་བར་མི་འགྱུར་རོ། །གལ་ཏེ་མེའི་ཁམས་ལ་སའི་ཁམས་དང་ཆུའི་ཁམས་མེད་ན་མེ་ལྕེ་རྣམས་སོ་སོར་གྱེས་པ་དང་འདབ་མ་ལ་སོགས་པ་མེ་ལྕེས་འདེགས་མི་ནུས་པར་འགྱུར་རོ། །གལ་ཏེ་རླུང་གི་ཁམས་ལ་སའི་ཁམས་དང་མེའི་ཁམས་ལ་སོགས་པ་མེད་ན། རླུང་གིས་རྩྭ་དང་འདབ་མ་ཁྱེར་མི་ནུས་ལ་རླུང་ཚ་བ་དང་རླུང་གྲང་བ་ཞེས་བྱ་བ་ཡང་མེད་པར་འགྱུར་རོ། །གཞན་ཡང་ས་ལས་ཆུ་འབྱུང་སྟེ། ཆུ་ཤེལ་ལས་ཆུ་མངོན་པར་འགྲུབ་པ་དང༌། དེ་བཞིན་དུ་ས་ལས་མེ་འབྱུང་སྟེ། མེ་ཤེལ་ལས་མེ་མངོན་པར་འགྲུབ་པ་དང༌། ས་ལས་རླུང་འབྱུང་སྟེ། ཐལ་མོས་བརྡབ་པའམ། ཏ་ལའི་འདབ་མ་གཡོས་པ་ལས་རླུང་ལྡང་བའི་ཕྱིར་རོ། །ཆུ་ལ་ཡོད་དེ་འདབ་མ་ལ་སོགས་པ་འདེགས་པར་བྱེད་པ་དང༌། མེ་ལ་ཡོད་དེ་འདབ་མ་དང་རྩྭ་ལ་སོགས་པ་འབྲུལ་བར་བྱེད་པ་དང༌། རླུང་ཡོད་དེ་གཡོ་ཞིང་ཐུར་དུ་འབབ་པའི་ཕྱིར་རོ། །མེ་ལ་ཡོད་དེ་མེ་ལྕེ་གཅིག་གིས་གཅིག་


DTG207_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་འདབ་མ་ལ་སོགས་པ་འཛིན་པ་དང༌། ཆུ་ཡོད་དེ་མེ་ལྕེ་མི་འགྱེས་བ་དང༌། རླུང་ཡོད་དེ་གཡོ་ཞིང་འགུལ་བར་བྱེད་པའི་ཕྱིར་རོ། །རླུང་ལ་ཡོད་དེ་འདབ་མ་ལ་སོགས་པ་འདེགས་པར་བྱེད་པ་དང༌། མེ་ཡོད་དེ་རས་རློན་པ་ལ་སོགས་པ་སྐམ་པར་བྱེད་པ་དང༌། ཆུ་ཡོད་དེ་ཕན་ཚུན་མི་འགྱེས་པར་གཅིག་ཏུ་གཡོ་ཞིང་འབྱུང་བའི་ཕྱིར་རོ། །འབྱུང་བ་ལས་གྱུར་པའི་གཟུགས་བཅུ་གཅིག་སྟེ། དབང་པོ་ལྔ་དང༌། ཡུལ་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ལ་དབང་པོ་ལྔ་ལ། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོའོ། ཡུལ་ལྔ་ལ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའོ། །དེ་ལ་མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་བའོ། །རྣ་བའི་དབང་པོ་གང་ཞེ་ན། རྣ་བའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་བའོ། །སྣའི་དབང་པོ་གང་ཞེ་ན། སྣའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་བའོ། །ལྕེའི་དབང་པོ་གང་ཞེ་ན། ལྕེའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་བའོ། །ལུས་ཀྱི་དབང་པོ་གང་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་བའོ། །གཟུགས་གང་ཞེ་ན། རྣམ་པ་གཉིས་ཏེ། ཁ་དོག་གི་བདག་ཉིད་དང༌། དབྱིབས་ཀྱི་བདག་ཉིད་དོ། །དེ་ལ་ཁ་དོག་གི་བདག་ཉིད་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང༌། དཀར་པོའོ། །དབྱིབས་ཀྱི་བདག་ཉིད་ནི་རིང་བ་དང་ཐུང་བ་དང༌། ཟླུམ་པ་དང༌། ཀུན་ཏུ་དཀྱིལ་འཁོར་དང༌། ཕྲ་བ་དང༌། སྡོམ་པ་དང༌། མཉམ་པ་དང༌། མི་མཉམ་པའོ། །སྒྲ་གང་ཞེ་ན། རྣམ་པ་གསུམ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། གཉི་གའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་སེམས་ཅན་གྱི་སྒྲའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ནགས་ཚལ་དང་ཆུ་བོའི་སྒྲའོ། །


DTG207_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་གའི་རྒྱུ་ལས་བྱུང་བ་ནི་རྫ་རྔ་དང་པི་ཝང་ལ་སོགས་པའི་སྒྲའོ། །དྲི་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང༌། དྲི་མི་ཞིམ་པ་དང༌། དྲི་མཉམ་པའོ། །དེ་ལ་དྲི་ཞིམ་པ་ནི་ཙནྡན་ལ་སོགས་པའི་དྲིའོ། །དྲི་མི་ཞིམ་པ་ནི་མི་གཙང་བ་ལ་སོགས་པའི་དྲིའོ། །དྲི་མཉམ་པ་ནི་དུང་དང༌། ཉ་ཕྱིས་ལ་སོགས་པའི་དྲིའོ། །རོ་གང་ཞེ་ན་རྣམ་པ་དྲུག་སྟེ། མངར་བ་དང༌། སྐྱུར་བ་དང༌། ཁ་བ་དང༌། ཚ་བ་དང༌། བྲོ་བ་དང༌། བསྐ་བའོ། །དེ་ལ་མངར་བ་ནི་ཀ་ར་ལ་སོགས་པའི་རོའོ། །སྐྱུར་བ་ནི་སྐྱུ་རུ་ར་ལ་སོགས་པའི་རོའོ། །ཁ་བ་ནི་མཁྲིས་པ་དང༌། ཏིག་ཏ་ལ་སོགས་པའི་རོའོ། །ཚ་བ་ནི་སྒེའུ་གཤེར་ལ་སོགས་པའི་རོའོ། །བྲོ་བ་ནི་ལན་ཚྭའི་རོའོ། །བསྐ་བ་ནི་ཨ་རུ་ར་ལ་སོགས་པའི་རོའོ། །དེ་ལ་རེག་བྱ་གང་ཞེ་ན། དེ་ཡང་རྣམ་པ་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང༌། འཇམ་པ་དང༌། རྩུབ་པ་དང། ཡང་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པའོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གང་ཞེ་ན། དེ་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། དེ་གཉི་གའི་མཚན་ཉིད་དོ། །དགེ་བའི་རྣམ་པར་རིག་བྱེད་ཀྱང་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ལས་བྱུང་བ་དང༌། ཏིང་ངེ་འཛིན་ལས་བྱུང་བ་དང༌། ཟག་པ་མེད་པའི་བསམ་གཏན་ལས་བྱུང་བའོ། །སོ་སོར་ཐར་པའི་སྡོམ་པ་ལས་བྱུང་བ་ནི། གང་དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་དང༌། དུས་ཁྲིམས་པའོ། །བསམ་གཏན་ལས་བྱུང་བ་ནི། །གང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་རྒྱུ་ལས་བྱུང་བའོ། །ཟག་པ་མེད་པའི་སྡོམ་པ་ནི་གང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་པའི་རྒྱུ་ལས་བྱུང་བའོ། །མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི། བྱ་བ་དང༌། ཉ་པ་དང༌། ཤན་པ་ལ་སོགས་པའི་སྡིག་པ་མི་དགེ་བའི་སེམས་རྣམས་སོ། །དེ་གཉི་གའི་མཚན་ཉིད་ནི་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའོ། །ཞེ་འམ། སེམས་ཅན་འགའ་ཞིག་མ་བརྡེགས་མ་བསད་པར་ཟན་མི་བཟའ་ཞེས་


DTG207_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་བའོ། །དེ་ལ་གཟུགས་ཀྱི་ཕུང་པོ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཅི་རིགས་པར་སོ་སོར་རྣམ་པ་བཅུ་གཅིག་ཏུ་ཤེས་པར་བྱ་སྟེ། མི་གཙང་བར་ཤེས་པར་བྱ་བ་དང༌། དེ་ལས་བྱུང་བར་ཤེས་པར་བྱ་བ་དང༌། དེར་གནས་པར་ཤེས་པར་བྱ་བ་དང༌། དེ་ཟ་བར་ཤེས་པར་བྱ་བ་དང༌། དེ་ལ་དགའ་བར་ཤེས་པར་བྱ་བ་དང༌། དེ་འབྱུང་བར་ཤེས་པར་བྱ་བ་དང༌། དེ་འབྱུང་བར་ཤེས་པར་བྱ་བ་དང༌། སྙིང་པོ་མེད་པར་ཤེས་པར་བྱ་བ་དང༌། མི་རྟག་པར་ཤེས་པར་བྱ་བ་དང༌། སྡུག་བསྔལ་བར་ཤེས་པར་བྱ་བ་དང༌། སྟོང་པར་ཤེས་པར་བྱ་བ་དང༌། བདག་མེད་པར་ཤེས་པར་བྱ་བའོ། །དེ་ལ་མི་གཙང་བར་ཤེས་པར་བྱ་བ་ནི། ལུས་འདི་ཀླད་པའི་རྒྱས་ནས་རྐང་པའི་མཐིལ་གྱི་བར་དུ་རྣག་དང་ཁྲག་དང་ཆུ་སེར་ལ་སོགས་པའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་ལས་བྱུང་བར་ཤེས་པར་བྱ་བ་ནི། ལུས་འདི་དང་པོ་ཡང་མའི་ཁྲག་དང་ཕའི་ཁུ་བ་ལས་གྱུར་པར་ཤེས་པར་བྱའོ། །དེར་གནས་པར་ཤེས་པར་བྱ་བ་ནི། མའི་མངལ་ན་གནས་པའི་ཚེ་ཡང་ཞུ་བའི་གནས་དང་མ་ཞུ་བ་གཉིས་ཀྱི་བར་ན། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་ནས། འདུག་པར་ཤེས་པར་བྱའོ། །དེ་ཟ་བར་ཤེས་པར་བྱ་བ་ནི། མ་ཁ་ཟས་དང་བཏུང་བ་ལ་སོགས་པ་ཟོས་ཤིང་འཐུང་བའི་མཆིལ་མ་དང་ཆུ་སེར་ལ་སོགས་པར་གྱུར་པ་དེ་ཟ་བར་བྱེད་དོ། །ཞེས་ཤེས་པར་བྱའོ། །དེ་ལ་དགའ་བར་ཤེས་པར་བྱ་བ་ནི། ཕ་དང་མ་གཉིས་མི་ཚངས་པར་སྤྱོད་པའི་དུས་ན་དེའི་ཁྲག་དང་ཁུ་བ་དང་དྲི་ང་བ་བྱུང་བ་ལ་དགའ་བར་བྱེད་པར་ཤེས་པར་བྱའོ། །དེ་ལ་འབྱུང་བར་ཤེས་པར་བྱ་བའི་ལུས་འདི་ལས་མི་གཙང་བ་རྣམས་པ་སྣ་ཚོགས་འབྱུང་ངོ༌། །ཞེས་ཤེས་པར་བྱའོ། །སྙིང་པོ་མེད་པར་ཤེས་པར་བྱ་བ་ནི། གླང་པོ་ཆེ་ལ་སོགས་པའི་མགོ་ན་མུ་ཏིག་ཙམ་གྱི་སྙིང་པོ་ཡང་ཡོད་ན། ལུས་འདི་ལ་ནི་དམ་པར་བྱ་བ་རྡུལ་ཙམ་ཡང་མེད་དོ་ཞེས་ཤེས་པར་བྱའོ། །མི་རྟག་པར་ཤེས་པར་བྱ་བ་ནི། སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ནོ། །ཞེས་ཤེས་པར་བྱའོ། སྡུག་བསྔལ་བར་ཤེས་པར་བྱ་བ་ནི། ལུས་འདི་དགའ་བ་དང་འཆི་བ་ལ་སོགས་པས་རྟག་ཏུ་གཟིར་


DTG207_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཞེས་ཤེས་པར་བྱའོ། །སྟོང་པར་ཤེས་པར་བྱ་བ་ནི། ལུས་འདིའི་ནང་ན་མུ་སྟེགས་ཀྱིས་བརྟག་པའི་བདག་རྟག་པ་མེད་པར་ཤེས་པར་བྱའོ། །བདག་མེད་པར་ཤེས་པར་བྱ་བ་ནི། ལུས་འདི་ཉིད་མུ་སྟེགས་ཀྱིས་བརྟག་པའི་བདག་རྟག་པའི་རང་བཞིན་མ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཚོར་བའི་ཕུང་པོ་ཞེས་བྱ་བ་ལ་ཚོར་བ་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་གང་ལུས་དང་སེམས་ལ་སིམ་ཞིང་ཕན་པར་བྱེད་པ་ནི་བདེ་བའི་ཚོར་བའོ། །གང་ལུས་དང་སེམས་ལ་སིམ་པ་མ་ཡིན་པ་དང༌། གནོད་པར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བའོ། །གང་ལུས་དང་སེམས་ལ་སིམ་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་པ་ནི། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །ཡང་ན་ལས་དགེ་བའི་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བའི་ཚོར་བའོ། །ལས་མི་དགེ་བའི་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་ཚོར་བའོ། །ལས་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་ཚོར་བའི་ཕུང་པོ་གང་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པ་བདུན་ལྟ་བུར་ཤེས་པར་བྱ་སྟེ། སླུ་བར་བྱེད་པར་ཤེས་པར་བྱ་བ་དང༌། གཉེན་པོ་ལས་གྱུར་པར་ཤེས་པར་བྱ་བ་དང༌། གཡོགས་པར་ཤེས་པར་བྱ་བ་དང༌། རྟག་པ་ལས་བྱུང་བར་ཤེས་པར་བྱ་བ་དང༌། རླག་པའི་གཞིར་ཤེས་པར་བྱ་བ་དང༌། ངོམས་པ་མེད་པར་ཤེས་པར་བྱ་བ་དང༌། མི་རྟག་པར་ཤེས་པར་བྱའོ། །དེ་ལ་སླུ་བར་བྱེད་པར་ཤེས་པར་བྱ་བ་ནི། གང་ཚོར་བ་ཐམས་ཅད་སྡུག་བསྔལ་བར་འཕགས་པ་རྣམས་ཀྱིས་གཟིགས་ན་དེ་བྱིས་པ་རྣམས་ལ་བདེ་བ་ལྟ་བུར་སྣང་ངོ༌། །ཞེས་ཤེས་པར་བྱའོ། །གཉེན་པོ་ལས་གྱུར་པར་ཤེས་པར་བྱ་བ་ནི་རྨ་ལ་སྨན་བསིལ་བས་བསྐུས་ན། ཐང་ཅིག་སྡུག་བསྔལ་ཞི་བ་ཉིད་ལ་བདེ་བར་སེམས་པ་བཞིན་དུ་སྡུག་བསྔལ་གྱི་གཉེན་པོས་སྡུག་བསྔལ་བཅིལ་བ་ཙམ་ལ་བདེ་བའི་འདུ་ཤེས་སྐྱེའོ། །ཞེས་ཤེས་པར་བྱའོ། །


DTG207_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པར་ཤེས་པར་བྱ་བ་ནི་སྡུག་བསྔལ་གྱི་རང་བཞིན་ལ་གོས་དང་རྒྱན་ལ་སོགས་པ་དང་སྤྱོད་ལམ་བཅོས་པ་ཙམ་གྱིས་བདེ་བའི་འདུ་ཤེས་སྐྱེའོ། །ཞེས་ཤེས་པར་བྱའོ། །རྟག་པ་ལས་བྱུང་བར་ཤེས་པར་བྱ་བ་ནི། སྡུག་བསྔལ་བའི་རང་བཞིན་ལ་བདེའོ་སྙམ་དུ་སེམས་པ་འདི་ཉིད་ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བ་ཡིན་ནོ། །ཞེས་ཤེས་པར་བྱའོ། །རླག་པའི་གཞིར་གྱུར་པར་ཤེས་པར་བྱ་བ་ནི། ཚོར་བའི་བདེ་བ་ལ་ཆགས་པ་ལས་ངན་སོང་གསུམ་གྱི་རྒྱུར་འགྱུར་རོ། །ཞེས་ཤེས་པར་བྱའོ། །ངོམས་པ་མེད་པར་ཤེས་པར་བྱ་བ་ནི། ལན་ཚྭའི་ཆུ་འཐུང་བ་བཞིན་དུ་ཚོར་བ་འདི་ལ་བསྐལ་པའི་མཐར་སྤྱད་ཀྱང་ཆོག་པར་འགྱུར་བ་མེད་པར་ཤེས་པར་བྱའོ། །མི་རྟག་པར་ཤེས་པར་བྱ་བ་ནི། ཚོར་བ་ཐམས་ཅད་སྐད་ཅིག་མའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ཞེས་བྱ་བ་ལ། སྔོན་པོ་དང༌། སེར་པོ་དང༌། རིང་པོ་དང༌། ཐུང་ངུ་ལ་སོགས་པའི་ཡུལ་མཚན་མར་འཛིན་ཅིང་ཡོངས་སུ་གཅོད་པ་ནི་འདུ་ཤེས་ཏེ། དེ་ཡང་ཆུང་ངུ་དང༌། ཆེན་པོ་དང༌། ཚད་མེད་པའོ། །དེ་ལ་འདོད་པའི་ཁམས་ཀྱི་འདུ་ཤེས་ནི་ཆུང་ངུ་ཞེས་བྱ་སྟེ། འདོད་པ་ལྔའི་ཡོན་ཏན་ཙམ་གྱིས་དངོས་པོ་ངན་པ་ལ་འཛིན་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི། ཆེན་པོ་ཞེས་བྱ་སྟེ། བསམ་གཏན་གྱི་རོའི་མཚན་མ་ལ་འཛིན་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི་ཚད་མེད་པ་ཞེས་བྱ་སྟེ། ནམ་མཁའ་ནི་མཐའ་ཡས་སོ། །ཞེས་བྱ་བ་ལ་སོགས་པ་དམིགས་པའི་ཕྱིར་རོ། །འདུ་ཤེས་ཀྱི་ཕུང་པོ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པ་འདི་ལྟ་བུར་ཤེས་པར་བྱ་སྟེ། བྱིས་པའི་འགྲོ་བ་རྨོངས་པར་བྱེད་པ་དང༌། སླུ་བར་བྱེད་པ་དང༌། མི་རྟག་པའི་མཚན་ཉིད་དང། འདུ་ཤེས་ཕྱིན་ཅི་ལོག་པས་དོན་མེད་པ་གཞན་འབྱུང་བར་ཤེས་པར་བྱའོ། །བྱིས་པའི་འགྲོ་བ་རྨོངས་པར་ཤེས་པར་བྱ་བ་ནི། ཇི་ལྟར་སྨིག་རྒྱུ་ཆུར་སྣང་བས་བྱིས་པ་དག་སླུ་བར་བྱེད་པ་བཞིན་དུ། འདུ་ཤེས་ཀྱི་སེར་པོ་དང༌། སྔོན་པོ་ལ་སོགས་པར་ཡུལ་ལ་མཚན་མར་འཛིན་པའི་


DTG207_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་བྱིས་པ་རྣམས་རྨོངས་པར་བྱེད་དོ། །ཞེས་ཤེས་པར་བྱ་བའོ། །སླུ་བར་ཤེས་པར་བྱ་བ་ནི། འདུ་ཤེས་ཕྱིན་ཅི་ལོག་པའི་རྟག་སྐྱིད་གཙང་བ་ལ་སོགས་པར་འཛིན་པའོ། །ཞེས་ཤེས་པར་བྱའོ། །མི་རྟག་པར་ཤེས་པར་བྱ་བ་ནི། སྐད་ཅིག་མ་རེ་རེ་ལ་ཡང་འཇིག་པའི་མཚན་ཉིད་དོ། །ཞེས་ཤེས་པར་བྱའོ། །འདུ་ཤེས་ཕྱིན་ཅི་ལོག་ནས་དོན་མེད་པ་གཞན་འབྱུང་བར་ཤེས་པར་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུར་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །ཞེས་ཤེས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བ་ལ། ལས་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་མཚན་ཉིད་བྱེད་པ་ནི་འདུ་བྱེད་དེ། དེ་ཡང་འདུ་བྱེད་སེམས་དང་ལྡན་པ་དང༌། སེམས་དང་མི་ལྡན་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་འདུ་བྱེད་སེམས་དང་ལྡན་པ་ནི་ཡིད་ལ་བྱེད་པ་དང༌། རེག་པ་དང༌། འདོད་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། འདོད་མི་ཆགས་པ་དང༌། ཞེ་མི་སྡང་བ་དང༌། གཏི་མི་མུག་པ་དང༌། བརྩོན་འགྲུས་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ཀྱི་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་སྙེམས་པ་དང༌། ལོག་པའི་ལྟ་བ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། གཡོ་དང༌། སྒྱུ་དང༌། འཚེ་བ་དང༌། ཁྲེལ་མེད་པ་དང༌། ངོ་ཚ་མི་ཤེས་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང། དྲན་པ་ཉམས་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། གཡེངས་པ་དང༌། གཉིད་དང༌། འགྱོད་པ་དང༌། རྟོག་པ་དང༌། དཔྱོད་པའོ། །འདུ་བྱེད་སེམས་དང་མི་ལྡན་པ་གང་ཞེ་ན། རྙེད་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་


DTG207_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། ཚོར་བའི་དབང་པོ་དང༌། རིས་མཐུན་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ལ་སོགས་པའོ། །འདུ་བྱེད་ཀྱི་ཕུང་པོ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། སྙིང་པོ་མེད་པ་དང༌། ཡོངས་སུ་མ་གྲུབ་པ་དང༌། མི་རྟག་པ་དང༌། བདག་མེད་པ་དང༌། སྡུག་བསྔལ་བ་དང༌། སྟོང་པའོ། །དེ་ལ་སྙིང་པོ་མེད་པར་ཤེས་པར་བྱ་བ་ནི། ཇི་ལྟར་ཆུ་ཤིང་གི་སྡོང་པོ་འདབ་མ་སོ་སོར་བསལ་ན་སྙིང་པོ་མེད་པ་བཞིན་དུ་འདུ་བྱེད་ཀྱི་ཚོགས་འདི་དག་ལ་ཡང་བརྟགས་ན་སྙིང་པོ་གང་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་མ་གྲུབ་པ་ནི་ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྣང་ཡང་གྲོང་ཁྱེར་དུ་མ་གྲུབ་པ་བཞིན་དུ། འདུ་བྱེད་ཀྱི་ཕུང་པོ་འདི་དག་ཀྱང་རང་བཞིན་མ་གྲུབ་པའི་ཕྱིར་རོ། །མི་རྟག་པ་ནི་སྐད་ཅིག་མ་རེ་རེ་ལ་ཡང་འཇིག་པ་ཡིན་པའི་ཕྱིར། སྡུག་བསྔལ་བ་ནི། སྐྱེ་བ་དང༌། རྒ་བ་ལ་སོགས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །སྟོང་པ་ནི་འདུ་བྱེད་དེ་དག་ལ་མུ་སྟེགས་ཀྱིས་བརྟག་པའི་བདག་མེད་པའི་ཕྱིར་རོ། །བདག་མེད་པ་ནི་དེ་དག་ཉིད་མུ་སྟེགས་ཀྱིས་བརྟག་པའི་བདག་གི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཀྱི་མཚན་ཉིད་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བ་ལ་བརྟེན་སྒྲ་ལ་དམིགས་ནས་སྒྲའི་མཚན་ཉིད་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ནི་སྣ་ལ་བརྟེན་དྲི་ལ་དམིགས་ནས་དྲིའི་མཚན་ཉིད་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེ་ལ་བརྟེན་རོ་ལ་དམིགས་ནས་རོའི་མཚན་ཉིད་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ལ་བརྟེན་རེག་བྱ་ལ་དམིགས་ནས་རེག་བྱའི་མཚན་ཉིད་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན་ཡིད་ལ་བརྟེན་ཆོས་ལ་དམིགས་ནས་ཆོས་ཀྱི་མཚན་ཉིད་ཤེས་པའོ། །


DTG207_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཇི་ལྟ་ན་རྣམ་པར་ཤེས་པའི་ཕུང་པོ་ཤེས་པར་བྱ་ཞེ་ན། རྣམ་པ་བཅུ་གཅིག་ཏུ་ཤེས་པར་བྱ་སྟེ། གཡོ་བ་མེད་པ་དང༌། རང་དབང་མེད་པ་དང༌། རྐྱེན་དུ་མ་ལས་བྱུང་བ་དང༌། འབྲས་བུ་གཅིག་ཏུ་ཟད་པ་དང༌། རང་བཞིན་གྱིས་སྟོང་པ་དང༌། སྐད་ཅིག་མ་དང༌། མི་སྡོད་པར་མྱུར་དུ་འགྲོ་བ་དང༌། ཡུལ་ལ་གཡོ་བ་དང༌། མི་གཙང་བའི་ཡུལ་ལ་ཡོན་ཏན་དུ་ལྟ་བ་དང༌། མི་དགེ་བའི་སྦྲང་བུ་ལ་སོགས་པའི་རྟེན་དུ་གྱུར་པ་དང༌། ཡེ་ཤེས་ཀྱི་མེ་དང་རྟག་ཏུ་བྲལ་བའོ། །དཔེར་ན་མྱུ་གུ་དང༌། ས་བོན་ལ་སོགས་པ་ལྟར་ཅིག་གཅིག་སྐྱེས་པ་པོ་དང༌། བསྐྱེད་པར་བྱ་བ་མ་ཡིན་ཞིང་བསྐྱེད་པར་བྱའོ་སྙམ་དུ་མི་སེམས་པས་ན་གཡོ་བ་མེད་པའོ། །དཔེར་ན་འཁྲུལ་འཁོར་གྱི་མེ་རླུང་གི་དབང་གིས་གཡོ་བ་བཞིན་དུ། རྣམ་པར་ཤེས་པ་འདི་ཡང་ལས་དང་ཉོན་མོངས་པའི་དབང་གིས་གཡོ་བས་ན་རང་དབང་མེད་པའོ། །དབང་པོ་དང༌། ཡུལ་དང༌། ལས་དང༌། ཉོན་མོངས་པ་ལ་སོགས་པ་རྒྱུ་རྐྱེན་དུ་མ་ལས་བྱུང་བས་ན། རྐྱེན་དུ་མ་ལས་བྱུང་བའོ། །དེ་ལྟར་རྐྱེན་དུ་མས་བསྐྱེད་ཀྱང༌། འབྲས་བུ་རྣམ་པར་ཤེས་པ་གཅིག་ལས་མི་སྐྱེ་བས་ན། འབྲས་བུ་གཅིག་ཏུ་ཟད་པའོ། །རུས་སྦལ་གྱི་སྤུ་ལྟར་བདག་ལྟ་བུའི་རང་བཞིན་མེད་པས་ན་རང་བཞིན་གྱིས་སྟོང་པའོ། །མར་མེའི་ལྕེ་བཞིན་དུ་སྐད་ཅིག་མ་རེ་རེ་ལ་འཇིག་པས་ན་མི་རྟག་པའོ། །རི་གཟར་པོའི་ཆུ་བཞིན་དུ་སྐད་ཅིག་ཀྱང་མི་གནས་པར་འགྲོ་བས་ན། མི་སྡོད་པར་མྱུར་དུ་འགྲོ་བའོ། །སྤྲེའུ་བཞིན་དུ་རྟག་ཏུ་ཡུལ་ལ་ཆགས་ཤིང་རྒོད་པའི་མཚན་ཉིད་ཡིན་པས་ན། ཡུལ་ལ་གཡོ་བའོ། །ཕག་བཞིན་དུ་མི་གཙང་བའི་ཡུལ་ལ་དམ་པར་འཛིན་པས་ན། མི་གཙང་བའི་ཡུལ་ལ་ཡོན་ཏན་དུ་བལྟ་བའོ། །རྣམ་པར་ཤེས་པའི་རྒྱུ་ལས་མི་དགེ་བ་ཐམས་ཅད་སྐྱེ་བས་ན། མི་དགེ་བའི་སྦྲང་བ་ལ་སྔོན་པོའི་རྟེན་དུ་གྱུར་པའོ། །ཇི་སྲིད་དུ་རྣམ་པར་ཤེས་པ་དང་འགྲོགས་པ་དེ་སྲིད་དུ། འཕགས་པའི་བདེན་པ་བཞིའི་ཡེ་ཤེས་མི་འབྱུང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་མེ་དང་བྲལ་བའོ། །འོ་ན་ཅིའི་ཕྱིར་ཕུང་པོ་ལྔའི་རིམ་པ་དེ་ལྟ་བུར་བཀོད་དེ། དང་པོ་


DTG207_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། དེའི་འོག་ཏུ་ཚོར་བ། དེའི་འོག་ཏུ་འདུ་ཤེས་ལ་སོགས་པ་བཀོད་ཅེ་ན། རྣམ་པ་གསུམ་གྱི་ཕྱིར་ཏེ། ཇི་ལྟར་རགས་པ་དང༌། ཇི་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བ་དང༌། སྣོད་ལ་སོགས་པའི་དོན་གྱི་ཕྱིར་རོ། །དེ་ལ་ཐོགས་པ་དང་བཅས་ཤིང་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་དུ་གྱུར་པས། ཚོར་བ་ལ་སོགས་པ་བས་གཟུགས་རགས་ཏེ་དེ་བས་ན་དང་པོར་བཤད་དོ། །གཟུགས་མེད་པའི་ཕུང་པོ་གཞན་པས་ཚོར་བ་རགས་ཏེ། འདི་ལྟར་ལག་པ་ན་བར་ཚོར་རོ། །རྐང་པ་ན་བར་ཚོར་རོ། །ཞེས་སྟོན་པའི་ཕྱིར་ལྷག་མ་གསུམ་ལས་ཀྱང་ཚོར་བ་སྔར་བཤད་དོ། །འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་བས། འདུ་བྱེད་ཀྱི་ཕུང་པོ་རགས་ཏེ། འདི་ནི་སྐྱེས་པ་འདི་ནི་བུད་མེད་དོ་ཞེས་འཛིན་པའི་ཕྱིར། གཉིས་ལས་ཀྱང་འདུ་ཤེས་སྔར་བཤད་དོ། །རྣམ་པར་ཤེས་པ་བས་འདུ་བྱེད་ཀྱི་ཕུང་པོ་རགས་ཏེ། ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཐམས་ཅད་པས་རྣམ་པར་ཤེས་པ་ཆ་ཕྲ་མོའི་ཕྱིར་མཇུག་ཏུ་བཤད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་འབྱུང་བའི་རིམ་པས་རིམ་པར་བཀོད་དེ། འདི་ལྟར་འཁོར་བ་ཐོག་མ་མེད་པའི་དུས་ནས། བུད་མེད་དང་སྐྱེས་པ་གཉིས་གཅིག་ལ་གཅིག་གཟུགས་ལ་ཆགས་ཏེ། དེ་བས་ན་གཟུགས་དང་པོར་བཤད་དོ། །གཟུགས་ལ་ཆགས་པ་ཡང་ཚོར་བ་བདེ་བ་ལ་ཞེན་པའི་ཕྱིར་ཏེ། དེ་བས་ན་དེའི་འོག་ཏུ་ཚོར་བའོ། །དེ་ལ་ཞེན་པ་ཡང་མི་བཟང་བ་ལ་བཟང་བར་འདུ་ཤེས་ཕྱིན་ཅི་ལོག་ལས་གྱུར་ཏེ། དེ་བས་ན་དེའི་འོག་ཏུ་འདུ་ཤེས་སོ། །འདུ་ཤེས་ཕྱིན་ཅི་ལོག་ཀྱང་འདུ་བྱེད་ཀྱི་ཚོགས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ལས་བྱུང་སྟེ། དེ་བས་ན་དེའི་འོག་ཏུ་འདུ་བྱེད་དོ། །དེ་རྣམས་ཀྱིས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པས་ན། མཇུག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བཤད་དོ། །ཡང་ན་སྣོད་ལ་སོགས་པའི་རིམ་གྱིས་ཀྱང་རིམ་པ་བཞིན་ནོ། །སྣོད་ལྟ་བུར་གྱུར་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། ཚོར་བ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་རོ། །ཟས་ལྟ་བུར་གྱུར་པ་ནི་ཚོར་བའི་ཕུང་པོ་སྟེ།


DTG207_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་བདེ་བ་དང༌། སྡུག་བསྔལ་ཉིད་མྱོང་ཞིང་བཟའ་བར་བྱ་བ་ཡིན་པས་སོ། །ཚོད་མ་དང་ཚ་སྤོད་ཚག་ཚེག་ལྟ་བུར་གྱུར་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། མི་བདེ་བ་ལ་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུ་ལས། ཚོར་བ་འདུ་ཤེས་ལ་ཆགས་པར་འགྱུར་བའི་ཕྱིར་རོ། །བྱེད་པ་པོར་གྱུར་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པས་མངོན་པར་བསྒྲུབས་ནས། རྣམ་པར་ཤེས་པ་ལ་སྟོབས་པར་བྱེད་པའི་ཕྱིར་རོ། །ཀུན་ནས་ལོངས་སྤྱོད་པར་བྱེད་པ་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པར་སྨིན་པ། མཇུག་ཏུ་དེས་མྱོང་བར་བྱེད་པའི་ཕྱིར་རོ། །ཡང་ན་ཞིང་དང་ས་བོན་ལྟ་བུར་གྱུར་པས། རྣམ་པར་ཤེས་པའི་ཕུང་པོ་མཇུག་ཏུ་བཤད་དོ། །འདོད་པའི་ཁམས་ཀྱི་རྣམ་པར་ཤེས་པ་གཟུགས་ཀྱི་ཕུང་པོ་ལ་བརྟེན་ཏོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིན་ནི། རྣམ་པར་ཤེས་པ་ཚོར་བའི་ཕུང་པོ་ལ་བརྟེན་ཏོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ན་ནི། རྣམ་པར་ཤེས་པ་འདུ་ཤེས་ཀྱི་ཕུང་པོ་ལ་བརྟེན་ཏོ། །ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་དེ་སྲིད་པའི་རྩེ་མོ་ན་ནི། རྣམ་པར་ཤེས་པའི་འདུ་བྱེད་སེམས་དང་མི་ལྡན་པ་དང༌། སེམས་དང་ལྡན་པའི་ཚོགས་ལ་བརྟེན་ཏོ། །འོ་ན་ཕུང་པོའི་དོན་ཅི་ཞེ་ན་སྤུང་པའི་དོན་ནི་ཕུང་པོའི་དོན་ཏེ། གང་ཅུང་ཟད་གཟུགས་འདས་པ་དང༌། མ་འོངས་པ་དང། དེ་ལྟར་གྱི་དང༌། ཕྱི་དང༌། ནང་གི་དང༌། ཕྲ་བ་དང༌། རགས་པ་དང༌། བཟང་པོ་དང༌། ངན་པ་དང༌། རིང་བ་དང༌། ཐུང་བ་ཡང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས། སྤུངས་པ་ལ་ཕུང་པོ་ཞེས་བྱའོ། །ཕུང་པོའི་འོག་ཏུ་ཁམས་རྣམས་བཤད་པའི་སྐབས་ཡིན་པས། དེའི་དབང་དུ་བྱས་ནས། དེ་ལ་དགེ་སློང་དག་ཁམས་བཅྭ་བརྒྱད་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །འོ་ན་ཁམས་བཅྭ་བརྒྱད་བསྟན་པ་འདིར་ཅི་དགོས་ཤེ་ན། སྨྲས་པ། བདག་དང༌། བདག་གི་དང༌། བྱེད་པ་པོ་དང༌། ཚོར་བ་པོར་མངོན་པར་


DTG207_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་རྣམས་ལ། མིག་དང་གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པས་གཟུགས་ཤེས་པ་ཙམ་དུ་ཟད་ཀྱིས། ལྟ་བ་པོ་ལ་སོགས་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཁམས་བཅྭ་བརྒྱད་གསུངས་སོ། །ཡང་ན་མི་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ་དང༌། ལོག་པར་ཤེས་པའི་མུན་པ་བསལ་བར་བྱ་བའི་ཕྱིར། ཁམས་བཅྭ་བརྒྱད་གསུངས་ཏེ། ཁམས་བཅྭ་བརྒྱད་ཤེས་པའི་ཡེ་ཤེས་ཀྱི་སྣང་བ་བྱུང་ནས་མ་རིག་པའི་མུན་པ་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ན་འཁོར་བ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་བྲལ་ཏེ། དབུལ་བར་གྱུར་པ་རྣམས་ལ། བྱང་ཆུབ་ཀྱི་ཆོས་རིན་པོ་ཆེའི་གཏེར་བསྟན་པར་བྱ་བའི་ཕྱིར་རོ། །ཁམས་བཅྭ་བརྒྱད་བཤད་དེ་ཁམས་ཙམ་རྗེས་སུ་དྲན་པར་བྱས་ན། དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་སྒོམ་པ་རྫོགས་པར་འགྱུར་རོ། །དེ་ལ་ཁམས་བཅྭ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་གསུངས་ཏེ། མིག་གི་དབང་པོ་དང༌། མིག་གི་ཁམས་དང༌། མིག་གི་སྐྱེ་མཆེད་དག་ནི། མིང་ཐ་དད་པར་ཟད་ཀྱི་དོན་གཅིག་པར་རིག་པར་བྱའོ། །དེ་ལ་མིག་གི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། དེའི་རྡུལ་ཕྲ་མོ་ནི་ནག་པོ་དང་སེར་ནག་ཡུལ་ལ་མངོན་དུ་བལྟས་པས། ཤེལ་བཞིན་དུ་གསལ་བ། གཟུགས་འཛིན་ནུས་པའོ། །ཁ་ཅིག་ན་རེ་སྣོད་ཆུས་གང་བའི་སྟེང་དུ་ཕྱེས་བཏབ་པ་བཞིན་དུ། དེའི་རྡུལ་ཕྲན་ནང་དུ་མི་འབྱིང་ཞིང་ཁ་ན་སྣང་བ་དང༌། གསལ་བར་འདུག་ཅེས་ཀྱང་འཆད་ཁ་ཅིག་ན་རེ་གོ་སྙོད་ཀྱི་མེ་ཏོག་ཁ་འབུས་པ་དང་འདྲ་བར་ཁ་དོག་གསལ་བར་གནས་ཏེ། འབྱུང་བ་ཆེན་པོ་རྣམས་ཀྱིས་བསྐོར་བས་ན་སོ་སོར་མི་འགྱེས་སོ་ཞེས་ཀྱང་འཆད། ལ་ལ་ན་རེ་གང་དུ་ཟླུམ་པོ་བཞིན་དུ་ཡ་ཐོག་མ་ཐོག་དང་དབུས་དང་གསུམ་གྱི་ཆར་འདུག་སྟེ། ཤིན་ཏུ་གསལ་བས། ཆ་གསུམ་པོ་གཅིག་གིས་གཅིག་མི་སྒྲིབ་པ་ནི། དཔེར་ན་སྟོན་གྱི་ཆུ་མ་རྙོག་པས་འདུས་པ་བཞིན་ཞེས་ཀྱང་འཆད་དོ། །གཟུགས་


DTG207_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁམས་གང་ཞེ་ན། མིག་གི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་ཐུང་དང༌། ཟླུམ་པོ་དང༌། ཀུན་ཏུ་དཀྱིལ་འཁོར་དང༌། ཕྲ་མོ་དང༌། སྦོམ་པོ་དང༌། མཉམ་པ་དང༌། མི་མཉམ་པ་དང༌། མཐོ་བ་དང༌། དམའ་བ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། བླ་གབ་མེད་པ་དང༌། རྣམ་པར་རིག་བྱེད་དོ། །མིག་གི་རྣམ་པར་ཤིས་པའི་ཁམས་གང་ཞེ་ན། གང་མིག་གི་ཁམས་ལ་ནི་བརྟེན། གཟུགས་ལ་དམིགས་ནས་གཟུགས་ཀྱི་རྣམ་པ་ཅི་འདྲ་བ་དེ་བཞིན་དུ་ཤེས་པར་གྱུར་ཏེ། གལ་ཏེ་གཟུགས་སྔོན་པོ་ཞིག་ན་ཡང་སྔོན་པོའི་རྣམ་པར་སྐྱེ་ཞིང་སྔོན་པོར་ཤེས་པར་བྱེད་དོ། །རྣ་བའི་ཁམས་གང་ཞེ་ན། རྣ་བའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་དེའི་ཚེ་རྡུལ་ཕྲ་མོ་ནི་ཤེལ་བཞིན་དུ་གསལ་ལ། སྒྲ་རྣམས་འཛིན་ནུས་པ་གྲོག་གཅུས་པ་འདྲ་བར་རྣ་བའི་ནང་ན་གནས་སོ། །སྒྲའི་ཁམས་གང་ཞེ་ན། རྣ་བའི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། དེ་ཡང་སྙན་པ་དང༌། མི་སྙན་པ་དང༌། དེ་གཉི་ག་མ་ཡིན་པ་དང༌། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། དེ་གཉི་གའི་རྒྱུ་ལས་བྱུང་བ་དང༌། འཇིག་རྟེན་དུ་གྲགས་པ་དང༌། གྲུབ་པ་ལས་བྱུང་བ་དང༌། ཀུན་ཏུ་རྟག་པ་དང༌། འཕགས་པའི་ཐ་སྙད་དང༌། འཕགས་པ་མ་ཡིན་པའི་ཐ་སྙད་དོ། །དེ་ལ་རྣ་བའི་དབང་པོ་དང༌། རྣམ་པར་ཤེས་པ་ལ་ཕན་པ་དང༌། སིམ་པར་བྱེད་པ་ནི་སྙན་པ་ཞེས་བྱའོ། །གང་རྣ་བའི་དབང་པོ་དང༌། རྣམ་པར་ཤེས་པ་ལ་གནོད་པ་དང༌། གདུང་བར་བྱེད་པ་ནི་མི་སྙན་པ་ཞེས་བྱའོ། །དབང་པོ་དང༌། རྣམ་པར་ཤེས་པ་ལ་གཉི་ག་མི་བྱེད་པ་ནི། སྙན་པ་ཡང་མ་ཡིན་མི་སྙན་པ་ཡང་མ་ཡིན་ཞེས་བྱའོ། །ཟིན་པའི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ལ་སོགས་པ་གསུམ་ནི་སྔར་བཤད་པ་བཞིན་ནོ། །བྱེད་པ་ནི་མི་ཉན་པ་ཞེས་བྱའོ། །འཇིག་རྟེན་དུ་གྲགས་པ་ནི་གང་འཇིག་རྟེན་


DTG207_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐད་དང་འང་འབྲེལ་བའོ། །གྲུབ་པ་ལས་བྱུང་བ་ནི་གང་འཕགས་པ་རྣམས་ཀྱིས་བཤད་པའོ། །ཀུན་ཏུ་བརྟགས་པ་ནི་གང་མུ་སྟེགས་པ་རྣམས་ཀྱིས་བཤད་པའོ། །གང་མཐོང་བ་ལ་སོགས་པ་ལ། མཐོང་ངོ་བ་དང༌། ཐོས་སོ་བར་དང༌། ཤེས་སོ་བར་དང་པོར་སྨྲ་བ་ནི་འཕགས་པའི་ཐ་སྙད་དོ། །དེ་ལས་བཟློག་ན་འཕགས་པ་མ་ཡིན་པའི་ཐ་སྙད་ཅེས་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། རྣ་བའི་ཁམས་ལ་བརྟེན་སྒྲའི་ཁམས་ལ་དམིགས་ནས། སྒྲའི་མཚན་ཉིད་གང་ཡིན་པ་ཤེས་པར་གྱུར་པའོ། །སྣའི་ཁམས་གང་ཞེ་ན། སྣའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། །དེའི་རྡུལ་ཕྲ་མོ་ནི། ཤེལ་ལྟར་གསལ་ཞིང་དྲི་རྣམས་འཛིན་ནུས་པ་དེ་སྲན་མ་ཁ་བྱེ་བ་ལྟར་མཚུལ་བའི་སྟེང་ན་གནས་སོ། །ཁ་ཅིག་ན་རེ་ཐུར་མ་ལྟར་མཚུལ་བའི་གོང་ཐོག་ཐག་ན་འདུག་གོ་ཞེས་འཆད་དོ། །དྲིའི་ཁམས་གང་ཞེ་ན། སྣའི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། དེ་ཡང་དྲི་ཞིམ་པ་དང༌། མི་ཞིམ་པ་དང༌། དྲི་མཉམ་པ་དང༌། ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་དང༌། ཡོངས་སུ་གྱུར་པའོ། །དེ་ཡང་དྲི་ཞིམ་པ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ། །ལྷན་ཅིག་སྐྱེས་པ་ནི་ཙནྡན་ལ་སོགས་པའོ། །སྦྱར་བ་ནི་སི་ཧླ་ལ་སོགས་པ་རྫས་མང་པོ་ལས་གྱུར་པ། བདུག་སྤོས་ཀྱི་དྲི་རྣམས་སོ། །ཡོངས་སུ་གྱུར་པ་ནི་འབྲས་བུ་ཡོངས་སུ་སྨིན་པའི་དྲི་ལ་སོགས་པའོ། །སྣའི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། སྣའི་ཁམས་ལ་བརྟེན་ནས། དྲི་ལ་དམིགས་ཏེ་དྲིའི་རང་བཞིན་གང་ཡིན་པ་ཤེས་པར་གྱུར་པའོ། །ལྕེའི་ཁམས་གང་ཞེ་ན། ལྕེའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་སྟེ། དེའི་རྡུལ་ཕྲ་མོ་ནི་ཤེལ་གསལ་བ། རོ་མྱང་ནུས་ཤིང་ཟླ་བ་ཕྱེད་ཀྱི་ཤས་ལྟར་གནས་ཏེ། ལྕེའི་དབུས་སུ་སྐྲའི་རྩེ་མོ་ཙམ་གྱི་ཁྱོན་ཞིག་མ་ཁྱབ་ཀྱི་གཞན་ནི་ཀུན་ཏུ་ཁྱབ་པའོ། །གལ་ཏེ་དེ་ལྟར་ཁྱབ་པར་གྱུར་ན་ནི། །ཀླད་རྒྱས་རྟག་ཏུ་ཟག་པ་མྱོང་བས་རྙིས་ཏེ། ཡི་ག་ཡང་རྟག་ཏུ་འཆུས་པར་འགྱུར་རོ། །རོའི་ཁམས་གང་ཞེ་ན། དེ་རྣམ་པ་དྲུག་སྟེ། དེ་དག་གི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །ལྕེའི་


DTG207_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ཁམས་གང་ཞེ་ན། ལྕེའི་ཁམས་ལ་བརྟེན་རོ་ལ་དམིགས་ནས། གང་རོ་སྐྱུར་བ་དང་མངར་བ་ལ་སོགས་པ་ཤེས་པར་གྱུར་པའོ། །ལུས་ཀྱི་ཁམས་གང་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་སྟེ། དེའི་རྡུལ་ཕྲ་མོ་ནི་ཤེལ་ལྟར་དངས་པ་དང༌། པགས་པ་བཞིན་དུ་ལུས་ལ་ཐམས་ཅད་དུ་ཁྱབ་པར་གནས་ཤིང་རེག་བྱ་འཛིན་ནུས་པའོ། །རེག་བྱའི་ཁམས་གང་ཞེ་ན། དེ་ཡང་རྣམ་པ་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང༌། འཇམ་པ་དང༌། རྩུབ་པ་དང༌། ཡང་བ་དང༌། ལྕི་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པའོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ནི་སྔར་བཤད་པར་ཟད་དོ། །མེ་དང་ཆུའི་ཁམས་ཤས་ཆེ་བ་ནི་འཇམ་པའོ། །ས་དང་རླུང་གི་ཤས་ཆེ་བ་ནི་རྩུབ་པའོ། །ས་དང་ཆུའི་ཤས་ཆེ་བ་ནི་ལྕི་བའོ། །རླུང་གི་ཤས་ཆེ་བ་ནི་ཡང་པའོ། །མེ་དང་ཆུའི་ཤས་ཆེ་བ་ནི་གཉེན་པའོ། །རླུང་དང་ཆུའི་ཤས་ཆེ་བ་ནི་གྲང་བའོ། །མེ་དང་རླུང་གི་ཤས་ཆེ་བ་ལས། ཕོ་བ་ཁ་འབྱོར་པར་གྱུར་ན་བཀྲེས་པ་དང་སྐོམ་པ་སྐྱེའོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ནི། ལུས་ཀྱི་ཁམས་ལ་བརྟེན་རེག་བྱ་ལ་དམིགས་ནས་རེག་བྱའི་མཚན་ཉིད་ཤེས་པར་འགྱུར་བའོ། །ཡིད་ཀྱི་ཁམས་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། རྣམ་པར་ཤེས་པ་རྣམ་པར་དྲུག་རྣམས་སྔ་མ་འགག་པ་ལ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དེ་ནི་རྡུལ་ཕྲ་མོའི་རང་བཞིན་མ་ཡིན་ནོ། །ཆོས་ཀྱི་ཁམས་གང་ཞེ་ན། དེ་ཡང་རྫས་རྣམ་པ་བདུན་ཏེ། ཚེར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། སོ་སོར་བརྟགས་ཏེ་འགག་པ་དང༌། མ་བརྟགས་ཏེ་འགག་པ་དང༌། ནམ་མཁའ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ལ་གཞན་ནི་སྔར་བཤད་པར་ཟད་དོ། །སོ་སོར་བརྟགས་ཏེ་འགག་པ་ཞེས་བྱ་བ་ནི། བདེན་པ་བཞི་ལ་འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང༌། འདི་ནི་འགོག་པ། འདི་ནི་ལམ་གྱི་བདེན་པའོ་ཞེས་ཤེས་རབ་ཀྱིས་བརྟགས་ནས། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་བ་དང༌། འགག་པར་གྱུར་པ་ནི་སོ་སོར་བརྟགས་ཏེ་འགག་པ་ཞེས་


DTG207_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སོ་སོར་མ་བརྟགས་པར་འགག་པ་གང་ཞེ་ན། གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་རྐྱེན་གྱི་མཐུ་ལས་སྐྱེ་བ་ཡིན་པ་ལས། རྣམ་པར་ཤེས་པ་ཡུལ་གཅིག་ལ་ཞེན་པ་ནི། རྣམ་པར་ཤེས་པ་གཞན་གྱི་ཡུལ་རྣམས་ནི་འགག་གི །རྣམ་པར་ཤེས་པ་ནི་རྐྱེན་དང་མ་ཕྲད་པས་མ་སྐྱེས་ཏེ། མ་འོངས་པའི་དུས་སུ་ལུས་པ་ནི་སོ་སོར་མི་བརྟགས་པ་འགག་པ་ཞེས་བྱའོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་གཟུགས་ལ་ཞེན་པའི་ཚེ། སྒྲ་ལ་སོགས་པའི་ཡུལ་ནི་བྱུང་ནས་འགགས་ཀྱི། རྣ་བའི་རྣམ་པར་ཤེས་པ་ནི་ཡུལ་མེད་པས་མ་སྐྱེས་པར་འགག་པ་ཉིད་སོ་སོར་མ་བརྟགས་ཏེ། འགག་པ་ཞེས་བྱའོ། །དེ་ལ་ནམ་མཁའ་གང་ཞེ་ན། གང་ཐོགས་པ་མེད་ཅིང་གཟུགས་སྐྱེ་བ་ལ་གོ་འབྱེད་པར་བྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། ཡིད་ཀྱི་ཁམས་ལ་བརྟེན་ཆོས་ལ་དམིགས་ནས་འདི་ནི་སེར་པོ་ཉིད་ཡིན་གྱི་སྔོན་པོ་མ་ཡིན་ནོ་ཞེ་འམ། འདི་ནི་པི་ཝང་གི་སྒྲ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཡོངས་སུ་གཅོད་པར་བྱེད་པའོ། །སློབ་དཔོན་ཁ་ཅིག་གིས་བཤད། ཁམས་བཅྭ་བརྒྱད་ལས་མིག་གི་ཁམས་ནི་མེའི་ཤས་ཆེ་སྟེ། མེའི་ཤས་ཆེ་བས་ན་གཟུགས་འཛིན་པར་ནུས་སོ། །རྣ་བ་ནི་ནམ་མཁའི་བདག་ཉིད་དོ། །ཐོགས་པ་མེད་པ་ནས། སྒྲ་ཐོས་པར་ནུས་སོ་ཞེས་ཟེར་མོད་ཀྱི། རྣ་བའི་དབང་པོ་ལ་ཕན་པ་དང༌། གནོད་པ་འབྱུང་བ་ཡིན་ལ། ནམ་མཁའ་ལ་ཕན་གནོད་མེད་པས་མི་རུང་ངོ༌། །དེ་བས་ན་རྣ་བའི་ཁམས་ནི་རླུང་གི་ཤས་ཆེ་བའི་བདག་ཉིད་དོ། །རླུང་གི་ཤས་ཆེ་བས་ན་སྒྲ་འཛིན་པར་ནུས་སོ། །སྣའི་ཁམས་ནི་སའི་ཤས་ཆེ་བའི་བདག་ཉིད་དེ། གང་གི་ཕྱིར་ས་ཡང་དྲིའི་ཤས་ཆེ་བས་ན། གང་ཤས་ཆེར་ཡོད་པ་དེ་ཉིད་ཀྱིས་དེ་འཛིན་པར་ནུས་སོ། །ལྕེའི་ཁམས་ནི་ཆུའི་ཤས་ཆེ་བའི་བདག་ཉིད་དེ། གང་གི་ཕྱིར་དེར་གཤེར་བའི་ཤས་ཆེ་བས་ན་རོ་འཛིན་པར་ནུས་ཀྱིས། གཞན་དུ་རྡོ་སྐམ་པོ་གཉིས་རེག་པ་བཞིན་དུ་ཅི་ཡང་མྱོང་བར་མི་འགྱུར་རོ། །ལུས་ཀྱི་ཁམས་ནི་འབྱུང་བ་ཆེན་པོ་ཐམས་ཅད་ཀྱི་བདག་ཉིད་དོ། །ཁམས་བཅྭ་བརྒྱད་ཇི་ལྟར་བཤད་པ་རྣམས་བསྡུས་ཏེ་


DTG207_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་བའི་ཕྱིར་དགེ་སྦྱོང་དག་འདི་ནི་ཁམས་བཅྭ་བརྒྱད་ཅེས་བྱའོ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་ཁམས་བཅྭ་བརྒྱད་བཤད་དེ། མང་དུ་ཡང་མ་ཡིན་ཉུང་ངུ་ཡིན་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས། རྟེན་དང་བརྟེན་པར་བྱེད་པ་དང༌། དམིགས་པ་རྣམ་པ་དྲུག་ཏུ་ཕྱེ་བས་ཁམས་བཅྭ་བརྒྱད་ཉིད་དུ་གསུངས་ཏེ། རྟེན་དྲུག་མིག་གི་ཁམས་ནས། ཡིད་ཀྱི་ཁམས་ཀྱི་བར་དུའོ། །བརྟེན་པ་དྲུག་ནི་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དམིགས་པ་དྲུག་ནི་གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དུའོ། །ཡང་ཁ་ཟས་དུག་ཅན་གྱི་སྣོད་ལྟ་བུ་དང༌། དུག་དང་ལྡན་པའི་ཁ་ཟས་ལྟ་བུ་དང༌། དེ་ལ་ཟ་བ་པོ་ལྟ་བུའི་ཉེས་པ་ཤེས་པར་བྱ་བའི་ཕྱིར། ཁམས་བཅྭ་བརྒྱད་དུ་བཤད་དོ། །དེ་ལ་ཁ་ཟས་དུག་ཅན་གྱི་སྣོད་ལྟ་བུ་ནི། མིག་གི་ཁམས་ལ་སོགས་པའི་དབང་པོ་དྲུག་གོ །དུག་དང་ལྡན་པའི་ཁ་ཟས་ལྟ་བུ་ནི་གཟུགས་ལ་སོགས་པ་ཡུལ་དྲུག་གོ །དེ་ལ་ཟ་བ་པོ་ལྟ་བུ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ། རྣམ་པར་ཤེས་པ་དྲུག་གོ །ཁམས་བཅྭ་བརྒྱད་ཀྱི་རིམ་པ་བཤད་པར་བྱ་སྟེ། མིག་གི་ཁམས་ལ་སོགས་པའི་རིམ་པ་བསྟན་པ་ཉིད་ཀྱི། དེའི་ཡུལ་དང་རྣམ་པར་ཤེས་པའི་ཁམས་ཀྱི་རིམ་པ་བསྟན་པར་གྲུབ་བོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་པས་མིག་ལ་སོགས་པའི་ཁམས་ལྔ་སྔར་བསྟན་པ་ནི། དེ་དག་གི་ཡུལ་ད་ལྟ་ཡིན་པའི་ཕྱིར་དང༌། ཡིད་ཀྱི་ཁམས་ནི་མ་ངེས་ཏེ། ད་ལྟར་ཡང་དེའི་ཡུལ་ཡིན་ལ། དུས་གསུམ་དང་ཟག་པ་མེད་པ་ལ་སོགས་པ། དུས་གསུམ་མ་ཡིན་པའི་ཆོས་ཀྱང་དེའི་ཡུལ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཁམས་པས་མིག་ལ་སོགས་པའི་ཁམས་བཞི་སྔར་བསྟན་པ་ནི། མིག་ལ་སོགས་པའི་ཁམས་བཞི་རྣམས་ཀྱི་ཡུལ་ནི། འབྱུང་བ་ལས་གྱུར་པ་ཡིན་ལ། ལུས་ཀྱི་ཡུལ་ནི་མ་ངེས་པ་སྟེ། བར་འགའ་ནི་ས་དང་ཆུ་ལ་སོགས་པ་འབྱུང་བ་ཡང་དམིགས། བར་འགའ་ནི་ལྕི་བ་དང༌། ཡང་བ་ལ་སོགས་པ་འབྱུང་བར་གྱུར་པ་ལ་ཡང་དམིགས། བར་འགའ་ནི་གཉི་ག་ལ་དམིགས་པའི་ཕྱིར་རོ། །ལྕེ་


DTG207_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྣ་གཉིས་པས་མིག་དང་རྣ་བའི་ཁམས་སྔར་བཤད་པ་ནི། ཡུལ་རིང་པོ་ལ་འཇུག་པའི་ཕྱིར་ཏེ། ཐག་རིང་པོ་ན་གནས་པའི་གཟུགས་མཐོང་ཞིང༌། རྒྱང་ནས་བོས་པའི་སྒྲ་ཡང་ཐོས་པའི་ཕྱིར། སྣ་དང་ལྕེ་གཉིས་ནི་ཕྲད་པ་ཡུལ་དུ་གྱུར་པའི་ཕྱིར་ཏེ། ཡུལ་དང་མ་ཕྲད་ཀྱི་བར་དུ་འཛིན་པར་མི་ནུས་པས་རིང་དུ་འཇུག་པ་མེད་དོ། རྣ་བ་བས་ཀྱང་མིག་རིང་དུ་འཇུག་སྟེ། ཐག་རིང་པོ་ནས་འབབ་པའི་ཆུ་མཐོང་ན་ཡང་དེའི་སྒྲ་རྣ་བས་མི་ཐོས་པའི་ཕྱིར། །རྣ་བ་བས་ཀྱང་མིག་སྔར་བསྟན་ཏོ། །ལྕེ་བས་ཀྱང་སྣ་སྔར་བསྟན་ཏེ་འདི་ལྟར་ལྕེས་བཟའ་བ་མ་རེག་པར་ཡང་དེའི་དྲི་སྔར་སྣས་ཚོར་བ་ན་མྱུར་དུ་འཇུག་པའི་ཕྱིར་རོ། །ཡང་ན་ལུས་འདི་ལ་མིག་གི་ཁམས་གོང་ན་གནས་སོ། །དེའི་འོག་ཏུ་རྣ་བའོ། །དེའི་འོག་ཏུ་སྣའོ། །དེའི་འོག་ཏུ་ལྕེའོ། །དེའི་འོག་ཏུ་ཕལ་ཆེར་ལུས་ལ་གནས་ཏེ། ཡིད་ནི་དེ་དག་ཉིད་ལ་བརྟེན་ཅིང་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པས་ན་མཇུག་ཏུ་བཤད་དོ། །འོ་ན་རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ། དཔེར་ན་གཅིག་ལ་གསེར་དང་དངུལ་ལ་སོགས་པ་རིགས་མང་དུ་ཡོད་པ་དེ་ལ་ཁམས་ཞེས་བྱ་བ་དེ་བཞིན་དུ། ལུས་འདི་གཅིག་ལ་རིགས་བཅྭ་བརྒྱད་ཡོད་པས་ན། ཁམས་བཅྭ་བརྒྱད་ཅེས་བྱའོ། །ཡང་ན་འབྱུང་ཁུང་གི་དོན་ནི་ཁམས་ཀྱི་དོན་ཏེ་དཔེར་ན་གནས་གང་ནས་རིན་པོ་ཆེ་ལ་སོགས་པ་འབྱུང་བའི་གནས་ལ་ཁམས་ཞེས་བྱ་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་མང་པོ་འབྱུང་བའི་གནས་ཡིན་པས་ན་ཁམས་ཞེས་བྱའོ། །ཁམས་ཀྱི་འོག་ཏུ་སྐྱེ་མཆེད་བཤད་པའི་སྐབས་ཡིན་པས། དེའི་ཕྱིར་དེ་ལ་དགེ་སློང་དག་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་མཆེད་བཅུ་གཉིས་བསྟན་པ་ཡང་ཅི་དགོས་ཤེ་ན། བདག་ལ་ཆགས་པ་དང༌། ཡོ་བྱད་ལ་ཆགས་པའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་བསྟན་ཏོ། །དེ་ལ་ཡོངས་སུ་ཤེས་ན་ཆགས་པ་གཏོང་བར་བྱེད་དོ། །ཆགས་པ་བཏང་ན་ཁམས་གསུམ་དུ་མངོན་པར་མི་སྐྱེ་སྟེ། དེ་བསྟན་པའི་དགོས་པ་ནི་དེ་ཡིན་ནོ། །ཡང་ན་བལྟ་བ་དང་ཉན་པ་དང༌། མྱོང་བ་དང༌། སྣོམ་པ་དང༌། རེག་པར་བྱེད་པ་དང༌། ཡིད་ཀྱི་རྣམ་པར་ཤེས་


DTG207_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་རྣམས་ལ་མངོན་པར་ཞེན་པར་བྱེད་དོ། །ཞེས་བདག་ཏུ་མངོན་པར་ཆགས་པ་སྤང་བར་བྱ་བའི་ཕྱིར་སྐྱེ་མཆེད་བཅུ་གཉིས་བསྟན་ཏོ། །དེ་ལ་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ལྔ་དང༌། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ལྔ་སྟེ་བཅུའི་དོན་ནི་ཁམས་ཀྱི་སྐབས་སུ་བཤད་པ་དང་མཐུན་ནོ། །རྣམ་པར་ཤེས་པའི་ཁམས་དྲུག་གི་སྟེང་དུ་ཡིད་ཀྱི་ཁམས་ཀྱིས་བསྟན་ཏེ། ཆོས་བདུན་ལ་ཡིད་ཀྱི་སྐྱེ་མཆོད་ཅེས་བྱའོ། །ཆོས་ཀྱི་ཁམས་ཀྱི་སྐབས་སུ་རྫས་བདུན་བཤད་པ་ཉིད་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ། །དེ་ལ་མིག་གི་ནང་གི་སྐྱེ་མཆེད་དོ་ཞེས་པ་ལ་རྒལ་བ་དང༌། གལ་ཏེ་བདག་ཡོད་ན་ནི་ནང་ངམ། ཕྱི་རོལ་ཞེས་བྱར་ཡང་རུང་སྟེ། གང་བདག་གི་བྱིན་གྱིས་བརླབ་པ་དེ་དག་ནི་ནང་ཞེས་བྱ་བ་ན་སངས་རྒྱས་པ་རྣམས་ནི་ཆོས་ཐམས་ཅད་བདག་མེད་པར་འདོད་དེ། བདག་མད་ན་ཇི་ལྟར་མིག་ནང་གི་སྐྱེ་མཆེད་ཅེས་བྱ། སྨྲས་པ་འགལ་བ་མེད་དེ་ང་རྒྱལ་གྱི་གཞིར་གྱུར་པའི་སེམས་ཉིད་ལ་བདག་ཅེས་བཏགས་ནས། གང་སེམས་ང་རྒྱལ་ཅན་གྱི་རྒྱུ་དང་རྐྱེན་དུ་གྱུར་པ་ན་ནང་གི་སྐྱེ་མཆེད་ཅེས་བྱའོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་ཀྱི་རིམ་པ་དེ་ལྟར་བཀོད་ཅེ་ན། འཇིག་རྟེན་གྱི་ཐ་སྙད་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་སྐྱེ་མཆེད་ཀྱི་རིམ་པ་དེ་ལྟར་བཀོད་དེ། འཇིག་རྟེན་པའི་ཐ་སྙད་ནི་དང་པོར་ཕྲད་ནས་ཕན་ཚུན་གཅིག་ལ་གཅིག་ལྟ་བ་བཞིན་མིག་གི་སྐྱེ་མཆེད་ཐོག་མར་བཤད་དོ། །དེའི་འོག་ཏུ་ཕྲད་ནས་སྨྲ་བར་བྱེད་པས་ན་རྣ་བའི་སྐྱེ་མཆེད་དོ། །དེ་ནས་ཁྲུས་དང༌། དྲི་དང་ཕྲེང་བ་ལ་སོགས་པའི་ལོངས་སྤྱོད་བྱེད་པས་ན། སྣའི་སྐྱེ་མཆེད་དོ། །དེ་ནས་ཁ་ཟས་དང༌། ལྟུང་བའི་ལོངས་སྤྱོད་བྱེད་པས་ན་ལྕེའི་སྐྱེ་མཆེད་དོ། །དེ་ནས་མལ་སྟན་དང་བུད་མེད་ལ་སོགས་པའི་ལོངས་སྤྱོད་བྱེད་པས་ན་ལུས་ཀྱི་སྐྱེ་མཆེད་དོ། །ཡིད་ཀྱི་སྐྱེ་མཆེད་ནི་དེ་དག་ཀུན་ལ་ཁྱབ་པར་གནས་པ་ན་མཇུག་ཏུ་བཤད་དོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ངེས་པར་བསྟན་ཅེ་ན། རྣམ་པར་ཤེས་པ་དྲུག་གི་བདག་པོ་དང༌། དམིགས་པ་དྲུག་ཉེ་བར་བསྟན་པར་བྱ་བའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཁོ་ནར་བཤད་དོ། །དེ་ལ་


DTG207_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ནི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏོ། །གཟུགས་ནས་ཆོས་ཀྱི་བར་དུ་ནི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཏོ། །སྐྱེ་མཆེད་ཀྱི་དོན་ཅི་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འཕེལ་བའི་རྒྱུ་བྱེད་པས་ན་སྐྱེ་མཆེད་ཅེས་བྱའོ། །དེ་ལ་བརྒལ་བ་ཁམས་ཀྱི་སྐབས་སུ་ནི་རྟེན་དང་ཡུལ་གྱི་སྒོ་ནས་བཅྭ་བརྒྱད་དུ་བཤད་ན། སྐྱེ་མཆེད་ཀྱི་སྐབས་སུ་ནི་རྟེན་དང་ཡུལ་དུ་བཤད་ན་བརྟེན་པ་ཅིའི་ཕྱིར་མ་བཤད་ཅེ་ན། སྨྲས་པ་བཅོམ་ལྡན་འདས་ཆོས་སྟོན་པ་ནི་འདུལ་བའི་ཆེད་དུ་སྟོན་པས་སྐྱེ་མཆེད་བཅུ་གཉིས་སུ་བསྟན་པས་འདུལ་བའི་ཆེད་དུ་རྣམ་པར་ཤེས་པ་རྣམས་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་ནས་བཅུ་གཉིས་གསུངས་སོ། །ཇི་ལྟར་གང་ཕུང་པོའི་སྐབས་སུ་བཤད་པའི་ཆོས་དེ་དག་ཉིད་ཁམས་སུ་ཡང་དེ་བཤད་དེ། ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོར་འབྱུང་བ་ལས་གྱུར་པའི་གཟུགས་བཅུ་གཅིག་བཤད་པ་ལས་ཡུལ་ལྔ་དང་དབང་པོ་ལྔ་རྣམས་མིག་གི་ཁམས་ནས་གཟུགས་ཀྱི་ཁམས་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཁམས་བཅུར་བཤད་ལ། ཕུང་པོ་ལྔའི་སྐབས་སུ་ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ཁམས་ཀྱི་སྐབས་སུ་ཆོས་ཀྱི་ཁམས་སུ་བསྟན་ལ། རྣམ་པར་ཤེས་པའི་ཕུང་པོ་ནི་ཁམས་ཀྱི་སྐབས་སུ་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་ཞེས་བསྟན་ལ། ཕུང་པོའི་ཁམས་སུ་ཡིད་ཀྱི་དབང་པོ་ནི་ཁམས་ཀྱི་སྐབས་སུ་ཡིད་ཀྱི་ཁམས་སུ་བཤད་པ་དང༌། གང་ཁམས་སུ་བཤད་པའི་ཆོས་དེ་དག་ཉིད་སྐྱེ་མཆེད་ཀྱི་ཚེ་ཡང་དེ་བཤད་དེ། ཅི་ལྟར་ཞེ་ན་གང་ཁམས་སུ་ཡིད་ཀྱི་ཁམས་ལ་སོགས་པའི་ཁམས་ལྔ་དང༌། གཟུགས་ཀྱི་ཁམས་ལ་སོགས་པ་ལྔ་སྟེ། བཅུ་ནི་སྐྱེ་མཆེད་ཀྱི་སྐབས་སུ་མིག་གི་སྐྱེ་མཆེད་ནས་གཟུགས་ཀྱི་སྐྱེ་མཆེད་དོ་ཞེས་སྐྱེ་མཆེད་བཅུར་བཤད་ལ། གང་ཁམས་ཀྱི་སྐབས་སུ་ཚོར་བ་ལ་སོགས་པའི་རྫས་བདུན་ཆོས་ཀྱི་ཁམས་སུ་བསྟན་པ་དེ་ཉིད་སྐྱེ་མཆེད་ཀྱི་སྐབས་སུ་


DTG207_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐྱེ་མཆེད་དུ་བསྟན་པ་དང༌། ཁམས་ཀྱི་སྐབས་སུ་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དྲུག་དང༌། ཡིད་ཀྱི་ཁམས་ཏེ་བདུན་བཤད་པ་སྐྱེ་མཆེད་ཀྱི་སྐབས་སུ་ཡིད་ཀྱི་སྐྱེ་མཆེད་དུ་བསྟན་ཅེ་ན། ཇི་ལྟར་རྨོངས་པ་རྣམ་པ་གསུམ་ཡོད་དེ། དེ་བསལ་བར་བྱ་བའི་ཕྱིར་ཆོས་དེ་དེ་དག་ཉིད་ཀྱི་མིང་གཞན་དུ་བཏགས་ནས་བཟླས་ཏེ་བསྟན་ཏོ། །དེ་ལ་རྨོངས་པ་རྣམ་པ་གསུམ་ནི་སེམས་ལ་གཅིག་ཏུ་རྨོངས་པ་དང༌། སེམས་དང་གཟུགས་ལ་གཅིག་ཏུ་རྨོངས་པ་དང༌། གཟུགས་ལ་གཅིག་ཏུ་རྨོངས་པའོ། །དེ་ལ་སེམས་ལ་གཅིག་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ཕུང་པོ་ལྔ་བསྟན་ཏེ། ཕུང་པོ་ལྔའི་སྐབས་སུ་ནི། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའི་ཕུང་པོར་སེམས་མང་དུ་ཕྱེ་སྟེ་གསུངས་སོ། །སེམས་དང་གཟུགས་ལ་གཅིག་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ཁམས་བཅྭ་བརྒྱད་བཤད་དེ། །མིག་དང་གཟུགས་ལ་སོགས་པ་ཡུལ་བཅུར་ཕྱེ་སྟེ་བསྟན་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་སུ་སེམས་མང་དུ་ཕྱེ་སྟེ་བསྟན་པའི་ཕྱིར་རོ། །གཟུགས་ལ་གཅིག་ཏུ་རྨོངས་པ་བསལ་བའི་ཕྱིར་སྐྱེ་མཆེད་བཅུ་གཉིས་བཤད་དེ། སྐྱེ་མཆེད་ཀྱི་སྐབས་སུ་མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་གཟུགས་བཅུར་ཕྱེ་སྟེ་བཤད་པའི་ཕྱིར་རོ། །ཡང་ན་འདོད་པ་རྣམ་པ་གསུམ་ཡོད་དེ་མདོ་ཙམ་དུ་བསྟན་པ་དང༌། བར་དུ་བསྟན་པ་དང༌། རྒྱས་པར་བཤད་པར་འདོད་པའོ། །དེ་ལ་མདོ་ཙམ་དུ་བསྟན་པ་འདོད་པའི་དོན་དུ་ཕུང་པོ་ལྔ་བཤད། བར་དུ་བསྟན་པ་འདོད་པའི་དབང་དུ་སྐྱེ་མཆེད་བཅུ་གཉིས་བཤད། རྒྱས་པར་བཤད་པར་འདོད་པའི་དབང་དུ་ཁམས་བཅྭ་བརྒྱད་བཤད་དེ། ཡང་ན་དབང་པོ་རྣོན་པོ་དང་དབང་པོ་འབྲིང་དང༌། དབང་པོ་རྟུལ་པོའི་དབང་དུ་བྱས་ནས་ཕུང་པོ་ལ་སོགས་པ་བསྟན་ཏེ། དབང་པོ་རྣོན་པོའི་དོན་དུ་ནི་ཕུང་པོ་ལྔ་བཤད། དབང་པོ་འབྲིང་གི་དོན་དུ་ནི་སྐྱེ་མཆེད་བཅུ་གཉིས་བཤད། དབང་པོ་རྟུལ་པོའི་དོན་དུ་ནི་ཁམས་བཅོ་བརྒྱད་བཤད་དོ། །སྐྱེ་མཆེད་ཀྱི་འོག་ཏུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་


DTG207_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྐབས་ཡིན་པས་དེའི་དབང་དུ་བྱས་ནས། དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པ་ཡང་ཅི་དགོས་ཤེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཁོང་དུ་མ་ཆུད་པས། འགྲོ་བ་རྣམས་འཁོར་བའི་བཙོན་ར་ན་འཁྱམ་ཞིང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས་པ་དང༌། སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་རྟག་ཏུ་གནོད་པར་འགྱུར་བ་ལ། དེ་ཁོང་དུ་ཆུད་ན་མ་རིག་པའི་མུན་པ་སངས་ནས་ཁམས་གསུམ་གྱི་བཙོན་ར་ནས་འབྱུང་བ་དང༌། སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ཐར་བར་འགྱུར་བས་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་གསུངས་སོ། །ཡང་ན་འགྲོ་བ་འདི་དག་རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་གྱི། མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་སོ། །ཡང་ན་གང་གི་འཁོར་བར་སྐྱེ་བའི་རྒྱུ་དང༌། ཇི་ལྟར་ན་འཁོར་བ་ལས་ལྡོག་པར་འགྱུར་བསྟན་པར་བྱ་བའི་ཕྱིར། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལུགས་བཞིན་དང་ལུགས་ལས་ལྡོག་པའི་མཚན་ཉིད་གཉིས་སུ་གསུངས་ཏེ། གང་གི་འཁོར་བར་སྐྱེ་བའི་རྒྱུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་དུ་འབྱུང་བ་གསུངས་པ་དང༌། གང་གི་འཁོར་བ་ལས་ལྡོག་པར་འགྱུར་བ་ཤེས་པར་བྱ་བའི་ཕྱིར། མ་རིག་པ་འགགས་ན། འདུ་བྱེད་འགག་པ་ལ་སོགས་པ་ལུགས་ལས་ལྡོག་པའི་མཚན་ཉིད་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཅི་བརྟན་པའི་དོན་ནི་ཕྲད་པའི་དོན་ཏོ། །འབྱུང་བའི་དོན་ནི་སྐྱེ་བའི་དོན་ཏེ། རྒྱུ་དང་རྐྱེན་ཕྲད་ནས་འབྲས་བུ་སྐྱེ་པ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཡན་ལག་བཅུ་གཉིས་ཞེས་བྱ་བ་ནི་ཆ་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟེན་ཅིང་ཞེས་བྱ་བ་དང༌། འབྲེལ་པ་ཞེས་བྱ་བ་དང༌། འབྱུང་བ་ཞེས་བྱ་བའི་ཚིག་གསུམ་གྱིས། ལྟ་བ་ལོག་པར་སྨྲ་བ་རྣམ་པ་གསུམ་


DTG207_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པར་བྱེད་དེ། རྒྱུ་མེད་པ་ལས་ཆོས་རྣམས་སྐྱེའོ་ཞེས་སྨྲ་བ་དགག་པར་བྱ་བའི་ཕྱིར། རྟེན་པའི་ཚིག་སྨོས་ཏེ། རྒྱུ་མེད་པ་ལས་ཆོས་རྣམས་མི་འབྱུང་གི །རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་དང་བདག་ལ་སོགས་པ་བྱེད་པ་པོ་ལས་ཆོས་རྣམས་སྐྱེའོ་ཞེས་མི་མཐུན་པའི་རྒྱུར་སྨྲ་བ་དགག་པར་བྱ་བའི་ཕྱིར་འབྲེལ་པའི་སྒྲ་སྨོས་ཏེ། མཐུན་པའི་རྒྱུ་ལས་འབྱུང་བའི་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་ནི། ཆོས་རྣམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཆད་པར་སྨྲ་བ་དགག་པར་བྱ་བའི་ཕྱིར། འབྱུང་བའི་ཚིག་སྨོས་ཏེ། འཇིག་རྟེན་འདི་ནས་ཕྱི་མར་མི་སྐྱེ་བ་མ་ཡིན་གྱིས། ལས་དང་ཉོན་མོངས་པའི་རྒྱུན་མ་ཆད་པའི་བར་དུ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བརྟེན་པའི་སྒྲས་ཐེར་ཟུག་གི་ལྟ་བ་འགོག་པར་བྱེད་དེ། ཆོས་རྣམས་ཐེར་ཟུག་ཡིན་ན་ནི། རྒྱུ་རྐྱེན་ལ་བརྟེན་མི་དགོས་ན། རྒྱུ་རྐྱེན་ལ་བརྟན་པས་ན་ཐེར་ཟུག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པའི་སྒྲ་མ་བྱས་པར་འབྱུང་བའི་ལྟ་བ་འགོག་པར་བྱེད་དེ། །གང་གིས་ལས་བྱས་པ་དེས་མྱོང་གི་ལས་གཞན་གྱིས་བྱས་ལ་འབྲས་བུ་གཞན་གྱིས་མྱོང་བར་ནི་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྱུང་བའི་སྒྲས་ཆད་པར་ལྟ་བ་འགོག་པར་བྱེད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། རྣམ་པ་བཅུ་གཅིག་ཏུ་ཁོང་དུ་ཆུད་པར་བྱ་སྟེ། མཚན་ཉིད་དང༌། ཡན་ལག་བསྡུ་བ་དང༌། ཡན་ལག་གི་རྐྱེན་རྣམ་པར་གཞག་པ་དང༌། ཡན་ལག་གི་ལས་རྣམ་པར་གཞག་པ་དང༌། ཡན་ལག་ཀུན་ནས་ཉོན་མོངས་པ་བསྡུ་བ་དང༌། དོན་དང༌། ཟབ་པ་དང༌། རབ་ཏུ་དབྱེ་བ་དང༌། ལུགས་བཞིན་པ་དང༌། ལུགས་ལས་ལྡོག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་མཚན་ཉིད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་རྣམ་པར་གསུམ་དུ་ཁོང་དུ་ཆུད་པར་བྱ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའོ། །དེ་ལ་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ནི། རྐྱེན་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་བར་ཟད་ཀྱི། འདི་ལ་བྱེད་པ་པོ་འམ། རྐྱེན་ཉིད་ཀྱང་


DTG207_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་འདི་དག་བསྐྱེད་དོ་སྙམ་དུ་མི་སེམས་པའི་ཕྱིར་རོ། །མི་རྟག་པའི་རྐྱེན་ལས་བྱུང་བ་ནི། གང་གི་ཕྱིར་རྒྱུ་ལས་འབྲས་བུ་འབྱུང་བས་ན། ཆོས་འདི་དག་མི་རྟག་སྟེ། གལ་ཏེ་རྟག་པ་ཞིག་ཡིན་ན་ནི། གང་ལས་ཀྱང་ཅི་ཡང་འབྱུང་བར་མི་འགྱུར་རོ། །ནུས་པའི་རྐྱེན་ལས་བྱུང་བ་ནི། མ་རིག་པས་འདུ་བྱེད་བསྐྱེད་པར་ནུས་པ་ནས། སྐྱེ་བ་ལས་ཀྱང་རྒ་ཤི་སྐྱེ་བར་ནུས་པའི་ཕྱིར་རོ། །དེ་ལ་ཡན་ལག་རབ་ཏུ་བསྡུ་བ་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་ཡན་ལག་ལྔར་བསྡུས་ཏེ། འཕེན་པར་བྱེད་པའི་ཡན་ལག་དང། འཕངས་པའི་ཡན་ལག་དང༌། མངོན་པར་སྒྲུབ་པའི་ཡན་ལག་དང༌། མངོན་པར་གྲུབ་པའི་ཡན་ལག་དང༌། ཉེས་དམིགས་ཀྱི་ཡན་ལག་གོ །དེ་ལ་རྒྱུའི་དུས་ན་ནི་གང་གིས་འཕངས་པ་དང༌། གང་འཕངས་པ་སྟེ་གཉིས་སུ་གཞག །འབྲས་བུའི་དུས་ན་ནི་གང་གིས་མངོན་པར་བསྒྲུབས་པ་དང༌། གང་མངོན་པར་སྒྲུབ་པ་སྟེ་གཉིས་སུ་གཞག་གོ །ང་ལ་གང་གིས་འཕངས་ཤེ་ན། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་གསུམ་གྱིས་འཕངས་ཏེ། མ་རིག་པའི་དབང་གིས་ལས་དགེ་བ་དང༌། མི་དགེ་བ་བྱས་པའི་བག་ལ་ཉལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསྒོས་པས། ཚེ་རབས་གཞན་དུ་རྣམ་པར་སྨིན་པའི་ཕུང་པོ་འཕེན་པར་བྱེད་དོ། །གང་འཕངས་ཤེ་ན་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང༌། ཚོར་བ་རྣམས་འཕངས་ཏེ། གོང་མ་གསུམ་གྱི་རྒྱུས། མིང་དང་གཟུགས་ལ་སོགས་པ་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་རྣམས་འབྱུང་བའི་ཕྱིར་རོ། །མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་ནི། སྲེད་པ་དང༌། ལེན་པ་དང༌། སྲིད་པ་གསུམ་སྟེ། འདོད་པའི་ཡོན་ཏན་ལ་སྲེད་པ་མ་སྤངས་པའི་རྒྱུས་ཁམས་གསུམ་ལ་ཆགས་པར་གྱུར་ན། །ལས་ཀྱི་བག་ལ་ཉལ་བརྟས་པས་འཆི་བའི་དུས་ན་ཡང་འབྲས་བུ་སྨིན་ནུས་པར་འགྱུར་བའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བའོ། །རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ །ཇི་ལྟར་ན་ཡན་ལག་གི་རྐྱེན་དུ་རྣམ་པར་གཞག་ཅེ་ན། རྐྱེན་རྣམ་པ་བཞིས་ཡན་ལག་གི་


DTG207_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་རྣམ་པར་གཞག་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་མ་རིག་པའི་བག་ལ་ཉལ། ཡིད་ཀྱི་རྣམ་པར་ཤེས་པ་ལ་གཞག་པ་ཉིད་འདུ་བྱེད་ཀྱི་རྒྱུར་འགྱུར་ཏེ། དེའི་དབང་གིས་འདུ་བྱེད་མངོན་པར་འགྲུབ་པའི་ཕྱིར་རོ། །དེ་མ་ཐག་པའི་རྐྱེན་ནི་མ་རིག་པའི་སྐད་ཅིག་མ་སྔར་འགགས་ན། འདུ་བྱེད་འབྱུང་གི །མ་རིག་པ་མ་འགགས་པར་འདུ་བྱེད་མི་འབྱུང་བའོ། །དམིགས་པའི་རྐྱེན་ནི་དངོས་པོ་ལ་ཀུན་ཏུ་རྨོངས་པའི་རྒྱུས། རྟག་པ་དང་བདེ་བ་ལ་སོགས་པ་ཡིད་ལ་བྱས་པས། མངོན་པར་འདུ་བྱེད་པའི་ཕྱིར་རོ། །བདག་པོའི་རྐྱེན་ནི་དཔེར་ན་མིག་གི་དབང་པོའི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ་མ་རིག་པའི་དབང་གིས་འདུ་བྱེད་འབྱུང་བའི་ཕྱིར་ཏེ། ཡན་ལག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཇི་ལྟར་ན་ཡན་ལག་གི་ལས་རྣམ་པར་གཞག་ཅེ་ན། མ་རིག་པ་ལས་རྣམ་པ་གཉིས་བྱེད་དེ། དངོས་པོ་ལ་མི་རྟག་པ་ལ་རྟག་པར་འཛིན་དུ་འཇུག་པས་ན་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང༌། འདུ་བྱེད་ཀྱི་རྐྱེན་དུ་འགྱུར་བའོ། །དེ་ལ་སེམས་ཅན་རྨོངས་པར་བྱེད་པ་ནི་མ་རིག་པས་བསྒྲིབས་པས་སྔོན་དང་ཕྱི་མ་དང༌། དེ་ལྟར་གྱི་དུས་རྣམས་མི་ཤེས་པར་གྱུར་ནས། ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་ཡིན་ནམ་མ་བྱུང་བ་ཞིག་ཡིན་ཞེས་པ་དང༌། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། །མི་འགྱུར་བ་ཞིག་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །འདུ་བྱེད་ཀྱི་རྐྱེན་དུ་འགྱུར་བ་ནི་མ་རིག་པ་ཡོད་ན་དེའི་དབང་གིས་ཡང་སྲིད་པའི་ལས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །འདུ་བྱེད་ཀྱང་ལས་རྣམ་པ་གཉིས་བྱེད་དེ་འགྲོ་བ་རྣམས་སེམས་ཅན་སྦྱོར་བར་བྱེད་པ་དང༌། རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་བའོ། །དེ་ལ་འགྲོ་བ་རྣམས་སུ་སེམས་ཅན་སྦྱོར་བར་བྱེད་པ་ནི། ལས་ཡོད་ན་དེའི་དབང་གིས་ཚེ་རབས་གཞན་དུ་འགྲོ་བ་ལྔར་སེམས་ཅན་སྐྱེ་བར་འགྱུར་གྱི། ལས་མེད་ན་ནི་ཉོན་མོངས་པ་ཡོད་ཀྱང་གྲོགས་མེད་པས་སྐྱེ་བར་མི་ནུས་སོ། །རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་བ་ནི་ལས་ཀྱི་བག་ལ་ཉལ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་དགོས་པའི་དབང་


DTG207_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གིས། ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་པ་ན། མའི་མངལ་དུ་འཇུག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་ལས་རྣམ་པ་གཉིས་བྱེད་དེ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྟེན་བྱེད་པ་དང་མིང་དང་གཟུགས་ཀྱི་རྐྱེན་དུ་འགྱུར་བའོ། །དེ་ལ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྐྱེན་དུ་འགྱུར་བ་ནི་ལས་མངོན་པར་འདུ་བྱས་པ་རྣམས་ཀྱི་ས་བོན་རྣམ་པར་ཤེས་པས་འཛིན་པའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་དུ་འགྱུར་བ་ནི། མའི་མངལ་དུ་རྣམ་པར་ཤེས་པ་འཕོས་ན་མིང་དང་གཟུགས་འཕེལ་བ་དང་རྒྱས་པར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ཀྱང་ལས་རྣམ་པ་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་འཛིན་པར་བྱེད་པ་དང༌། སྐྱེ་མཆེད་ཀྱི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་འཛིན་པར་བྱེད་པ་ནི་དེའི་དབང་གིས་རྐང་ལག་དང་དབང་པོ་ལ་སོགས་པ་རིམ་གྱིས་དོད་ནས་རིས་མཐུན་པའི་རིས་དང་འདྲ་བར་སྐྱེ་བར་བྱེད་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་བ་ནི་མིང་དང་གཟུགས་ཀྱི་ཡན་ལག་སྔ་མ་ལ་བརྟེན་ནས་དེ་འཕེལ་བ་ལས་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་ཡན་ལག་ཕྱི་མ་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་ཀྱང་ལས་རྣམ་པ་གཉིས་བྱེད་དེ། །སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་རྫོགས་པར་འཛིན་པར་བྱེད་པ་དང༌། རེག་པའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་རྫོགས་པར་འཛིན་པར་བྱེད་པ་ནི་སྐྱེ་མཆེད་དྲུག་མ་ཉམས་པ་ཉིད་སེམས་ཅན་གྱི་ལུས་ཡོངས་སུ་རྫོགས་པ་ཞེས་བྱའོ། །རེག་པའི་རྐྱེན་དུ་འགྱུར་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ཡོད་ན། མིང་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ལས་རེག་པ་ཞེས་བྱ་བར་གདགས་པའི་ཕྱིར་རོ། །རེག་པ་ཡང་ལས་རྣམ་པར་གཉིས་བྱེད་དེ་སེམས་ཅན་རྣམས་ལོངས་སྤྱོད་མ་རུངས་པ་ལ་སྦྱོར་བར་བྱེད་པ་དང༌། །ཚོར་བའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ལོངས་སྤྱོད་མ་རུངས་པ་ལ་སྦྱོར་བར་བྱེད་པ་ནི་དེ་དག་ཡོད་ན་ཁ་ཟས་དྲུག་དང་འདྲེས་པ་དང་འདྲ་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་རྣམས་མྱོང་བར་འགྱུར་བའི་ཕྱིར་རོ། །རེག་པ་ཚོར་བའི་རྐྱེན་དུ་


DTG207_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ནི། རེག་པ་ཡོད་ན་ཡུལ་མཛེས་པ་ཞིག་དང་ཕྲད་ན་ནི་ཚོར་བ་བདེ་བ་སྐྱེ། ཡུལ་ངན་པ་ཞིག་དང་ཕྲད་ན་ནི། ཚོར་བ་སྡུག་བསྔལ་སྐྱེ། ཡུལ་གཉི་ག་མ་ཡིན་པ་དང་ཕྲད་ན་ནི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བའི་ཕྱིར་རོ། །ཚོར་བ་ཡང་ལས་རྣམ་པ་གཉིས་བྱེད་དེ། ཚེའི་ཀུན་ཏུ་ལོངས་སྤྱོད་ལ་སེམས་ཅན་འགོད་པར་བྱེད་པ་དང༌། སྲེད་པའི་རྐྱེན་དུ་འགྱུར་བའོ། །ཚེའི་ཀུན་ཏུ་ལོངས་སྤྱོད་ལ་སེམས་ཅན་འགོད་པར་བྱེད་པ་ནི་ཚོར་བའི་དབང་གིས་ལས་བྱས་པའི་རྒྱུས་ཚེ་རབས་གཞན་དུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཕྱིར་རོ། །སྲེད་པའི་རྐྱེན་དུ་གྱུར་ན་ནི་ཚོར་བའི་དབང་གིས། ཚོར་བ་བདེ་བ་དང་མི་འབྲལ་བར་ཆགས་པ་དང༌། ཚོར་བ་སྡུག་བསྔལ་བ་དང་བྲལ་བར་ཆགས་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ཡང་ལས་རྣམ་པ་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ཚེ་རྒྱུན་མི་གཅོད་པར་བྱེད་པ་དང༌། སྲེད་པའི་དབང་གིས་ཚེ་རབས་གཞན་གྱི་ཚེའི་རྒྱུན་ཆད་པ་མེད་པར་འགྱུར་བའི་ཕྱིར་རོ། །ལེན་པའི་རྐྱེན་དུ་འགྱུར་བ་ནི་སྲེད་པ་ཡོད་ན་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་རྣམས་འདོད་པའི་འདོད་ཆགས་སྐྱེ་ཞིང་དེ་མི་གཏོང་བར་བྱེད་པའི་ཕྱིར་རོ། །ལེན་པ་ཡང་ལས་རྣམ་པ་གཉིས་བྱེད་དེ། །སེམས་ཅན་རྣམས་ཀྱི་ཡང་སྲེད་པ་སྦྱིན་པ་ལ། རྣམ་པར་ཤེས་པ་རྒྱུ་དང་བཅས་པར་བྱེད་པ་དང༌། སྲེད་པའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ཡང་སྲེད་པ་སྦྱིན་པ་ལ། རྣམ་པར་ཤེས་པ་རྒྱུ་དང་བཅས་པར་བྱེད་པ་ནི། ཉོན་མོངས་པའི་མཚན་ཉིད་ལེན་པ་ཡོད་ན་དམྱལ་བ་ལ་སོགས་པའི་འགྲོ་བར་རྣམ་པར་ཤེས་པ་སྐྱེ་བར་ངེས་པར་འགྱུར་བའི་ཕྱིར་རོ། །སྲིད་པའི་རྐྱེན་དུ་འགྱུར་བ་ནི་ལེན་པའི་དབང་གིས་ལས་མངོན་པར་འདུས་བྱས་ནས། ཡིད་ཀྱི་རྣམ་པར་ཤེས་པ་ལ་བག་ལ་ཉལ་འཇོག་པར་བྱེད་པའི་ཕྱིར་རོ། །སྲིད་པ་ཡང་ལས་རྣམ་པ་གཉིས་བྱེད་དེ། ཡང་སྲེད་པ་ལ་སེམས་ཅན་རྣམས་མངོན་སུམ་དུ་ལྟ་བར་བྱེད་པ་དང༌། སྐྱེ་བའི་རྐྱེན་དུ་འགྱུར་བའོ། །ཡང་སྲེད་པ་ལ་སེམས་ཅན་རྣམས་མངོན་དུ་ལྟ་བར་བྱེད་པ་ནི་ལས་ཀྱི་མཚན་ཉིད་ཀྱི་སྲེད་པ་བྱས་


DTG207_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་མ་ཐག་ཏུ་འགྲོ་བ་གཞན་དུ་སེམས་ཅན་འགྲོ་བར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་རྐྱེན་དུ་འགྱུར་བ་ནི་སྲིད་པའི་དབང་གིས་རིས་མཐུན་པའི་ལུས་གཞན་ལེན་པར་བྱེད་པས་སོ། །སྐྱེ་བ་ཡང་ལས་རྣམ་པ་གཉིས་བྱེད་དེ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང༌། ཚོར་བ་ལ་སོགས་པའི་རིམ་པར་སེམས་ཅན་སྐྱེ་བར་བྱེད་པ་དང༌། རྒ་ཤིའི་རྐྱེན་དུ་འགྱུར་བའོ། །དེ་ལ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང༌། རེག་པ་དང་ཚོར་བ་ལ་སོགས་པའི་རིམ་པར་སེམས་ཅན་སྐྱེ་བར་བྱེད་པ་ནི། མའི་མངལ་དུ་རྣམ་པར་ཤེས་པ་སྐྱེས་པར་འགྱུར་ན་དེའི་འོག་ཏུ་མིང་དང་གཟུགས་འབྱུང་བ་དང་མིང་དང་གཟུགས་ཀྱི་འོག་ཏུ་སྐྱེ་མཆེད་དྲུག་དང༌། དེའི་འོག་ཏུ་རེག་པ་ལ་སོགས་པ་རིམ་གྱིས་འབྱུང་བར་འགྱུར་བས་སོ། །རྒ་ཤིའི་རྐྱེན་དུ་འགྱུར་བ་ནི་ཕུང་པོ་གཞན་དུ་འགྱུར་བའི་མཚན་ཉིད་རྒ་བ་དང་ཕུང་པོ་འཇིག་པའི་མཚན་ཉིད་འཆི་བ་ངེས་པར་འབྱུང་བའི་ཕྱིར་རོ། །རྒ་ཤི་ལས་ཅི་བྱེད་ཅེ་ན་དེ་གཉིས་ནི་ལས་རེ་རེ་བྱེད་དེ། །རྒ་བས་ནི་དར་ལ་བབ་པར་འགྱུར་བར་བྱེད་པ་དང༌། ཤི་བས་ནི་ཚེའི་དབང་པོ་འགྱུར་བར་བྱེད་དོ། །དེ་ལ་དར་ལ་བབ་པ་འགྱུར་བར་བྱེད་པ་ནི། །གཞོན་ནུའི་དུས་ཀྱི་རྩལ་དང་དབང་པོ་གསལ་བ་ཉམས་ནས། ལུས་ལྕི་བ་དང་དབང་པོ་མི་གསལ་བར་བྱེད་པའི་ཕྱིར་རོ། །ཚེའི་དབང་པོ་འགྱུར་བར་བྱེད་པ་ནི་རིས་མཐུན་པའི་ཚེའི་དབང་པོ་རྒྱུན་ཆད་ན། རིས་མཐུན་པ་གཞན་གྱིས་ཚེའི་དབང་པོ་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་ཡན་ལག་རྣམས་ཀུན་ནས་ཉོན་མོངས་པར་བསྡུ་ཞེ་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཚེའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་མ་རིག་པ་དང་སྲེད་པ་དང༌། ལེན་པའི་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །འདུ་བྱེད་དང་སྲེད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུའོ། །རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་བདུན་ནི་ཚེའི་ཀུན་ནས་ཉོན་མོངས་པར་བསྡུའོ། །དེ་ལྟར་ན་ཡན་ལག་འདི་དག་དུམ་བུ་གསུམ་དུ་རྣམ་པར་གཞག་སྟེ། ཚེ་


DTG207_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རབས་སྔ་མའི་དུམ་བུར་གཏོགས་པའི་ཡན་ལག་དང༌། ཚེ་འདིའི་དུམ་བུར་གཏོགས་པའི་ཡན་ལག་དང༌། ཚེ་རབས་ཕྱི་མའི་དུམ་བུར་གཏོགས་པའི་ཡན་ལག་གོ །དེ་ལ་ཚེ་རབས་སྔ་མའི་དུམ་བུར་གཏོགས་པའི་ཡན་ལག་གཉིས་ཏེ། མ་རིག་པ་དང་འདུ་བྱེད་དོ། །ཚེ་འདིའི་དུམ་བུར་གཏོགས་པའི་ཡན་ལག་ནི་བརྒྱད་དེ། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་ཏེ། ཚེ་རབས་སྔ་མར་མ་རིག་པའི་དབང་གིས་ལས་མངོན་པར་འདུ་བྱས་པས། ཚེ་འདིའི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་བརྒྱད་སྐྱེས་པའི་ཕྱིར་རོ། །ཡང་སྐྱེ་བ་དང་རྒ་ཤི་གཉིས་ནི་ཚེ་ཕྱི་མའི་དུམ་བུར་གཏོགས་པའི་ཡན་ལག་སྟེ། ཚེ་འདིར་སྲེད་པ་དང༌། ལེན་པའི་ཉོན་མོངས་པ་ཅན་གྱི་དབང་གིས་ལས་ཀྱི་མཚན་ཉིད་ཀྱི་སྲེད་པ་བྱས་པས་ཚེ་རབས་གཞན་དུ་སྐྱེ་བ་དང༌། རྒ་ཤི་འབྱུང་བའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་འདི་དུག་གི་ཤིང་ལྟ་བུའི་དཔེས་ཉོན་མོངས་པ་དང༌། སྡུག་བསྔལ་བའི་རང་བཞིན་ཡིན་པར་རིག་པར་བྱ་སྟེ། དཔེར་ན་དུག་གི་ཤིང་མི་གཙང་བའི་རང་བཞིན་ལུད་ཀྱིས་གཡོགས་ལ། ས་བོན་གྱི་རྟེན་གྱི་ཤིང་དུ་བཏབ་སྟེ། མྱུ་གུ་དང་སྡོང་བུ་ལ་སོགས་པའི་རིམ་པས་སྡོང་པོ་ཆེན་པོར་གྱུར་ན། གསོད་པ་ལ་སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་བྱེད་པ་དེ་བཞིན་དུ། ཡན་ལག་བཅུ་གཉིས་འདི་ཡང་མ་རིག་པའི་ལུད་ཀྱིས་གཡོགས་ལ། ལས་མངོན་པར་འདུ་བྱེད་པའི་ཞིང་དུ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་ས་བོན་གཞག་ན། མིང་དང་གཟུགས་ཀྱི་མྱུ་གུ་ལས་སྐྱེ་མཆེད་དྲུག་གི་འདབ་མ་དང་སྡོང་བུ་འབྱུང་ངོ༌། །སྐྱེ་མཆེད་དྲུག་གི་འདབ་མ་དང༌། སྡོང་བུ་ལས་རེག་པའི་མཚན་ཉིད་ཀྱི་མེ་ཏོག་རྒྱས་པ་འབྱུང་ངོ༌། །རེག་པའི་མཚན་ཉིད་ཀྱི་མེ་ཏོག་ལས། ཚོར་བའི་མཚན་ཉིད་ཀྱི་འབྲས་བུ་འགྲུབ་པོ། །དེ་ནས་ཚོར་བ་ལ་མངོན་པར་ཆགས་པའི་སྲེད་པས་ཟིན་པའི་དབང་གིས་ལེན་པའི་ཆུས་ཡོངས་སུ་བརླན་ཅིང༌། སྲིད་པའི་མཚན་ཉིད་ཀྱི་ཞིང་ལ་གནས་པའི་རྣམ་པར་ཤེས་པ་ལས་མ་འོངས་པ་ན། ཚེའི་ཤིང་


DTG207_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་མངོན་པར་འགྲུབ་སྟེ། དེ་ལས་རྒ་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འབྱུང་བ་ཞེས་བྱའོ། །ཡང་ན་ཡན་ལག་བཅུ་གཉིས་དུམ་བུ་རྣམ་པ་བཞིར་གཞག་སྟེ། མ་རིག་པ་དང་འདུ་བྱེད་ནི་རྒྱུའི་དུས་སུ་གཏོགས་ན་ཚེ་སྔ་མའི་ཡན་ལག་གོ །རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་ནི་འབྲས་བུའི་དུས་ཏེ། ཚེ་རབས་སྔ་མས་བསྐྱེད་པས་ཚེ་འདིའི་ཡན་ལག་གོ །སྲེད་པ་དང༌། ལེན་པ་དང༌། སྲིད་པ་ནི་རྒྱུའི་དུས་ཏེ། ཚེ་འདིའི་ཡན་ལག་ལ་ཚེ་ཕྱི་མའི་རྒྱུར་འགྱུར་བའོ། །སྐྱེ་བ་དང༌། རྒ་ཤི་ནི་འབྲས་བུའི་དུས་ཏེ། ཚེ་ཕྱི་མའི་ཡན་ལག་ལ་ཚེ་འདིའི་རྒྱུར་བསྐྱེད་པའོ། །ཡང་ན་ཡན་ལག་བཅུ་གཉིས་སྡུག་བསྔལ་རྣམ་པ་ལྔའི་གནས་སུ་གྱུར་པ་སྟེ། སྡུག་བསྔལ་རྣམ་པ་ལྔ་ནི། འདུ་བྱེད་ཀྱི་དུས་ཀྱི་སྡུག་བསྔལ་གྱི་གནས་དང༌། མངལ་གྱི་དུས་ཀྱི་སྡུག་བསྔལ་གྱི་གནས་དང༌། ཡུལ་ལ་འཇུག་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་དང༌། སྡུག་བསྔལ་རབ་ཏུ་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་དང༌། སྡུག་བསྔལ་རྒྱུན་མི་འཆད་པར་འབྱུང་བའི་སྡུག་བསྔལ་གྱི་གནས་སོ། །དེ་ལ་མ་རིག་པ་དང༌། འདུ་བྱེད་གཉིས་ནི་བྱེད་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། མ་རིག་པའི་དབང་གིས་ལས་མངོན་པར་འདུ་བྱེད་པ་ན་ཡང་བསད་པ་དང༌། བཅད་པ་དང་གྲང་བ་དང༌། ཚ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་དང༌། མིང་དང་གཟུགས་གཉིས་ནི་མངལ་གྱི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། རྣམ་པར་ཤེས་པ་མའི་མངལ་དུ་འཕོས་ནས། མིང་དང་གཟུགས་ཀྱི་མཚན་ཉིད་དུ་གནས་པའི་ཚེ་ན་ཡང༌། ཞུ་བ་དང་མ་ཞུ་བའི་གནས་ཀྱི་བར་ན། རིས་བརྩིར་བ་དང་འདྲ་བའི་སྡུག་བསྔལ་ལ་སོགས་པ་རྒྱུན་དུ་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་དང་རེག་པ་དང༌། ཚོར་བ་གསུམ་ནི་ཡུལ་ལ་འཇུག་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། དེའི་


DTG207_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ན་ཡང་མི་མཛའ་བ་དང་ཕྲད་པ་དང༌། མཛའ་བ་དང་བྲལ་བ་དང༌། འདོད་པ་མི་རྙེད་པ་ལ་སོགས་པའི་སྡུག་བསྔལ་རྟག་ཏུ་མྱོང་བའི་ཕྱིར་རོ། །སྲེད་པ་དང༌། ལེན་པ་དང༌། སྲིད་པ་གསུམ་ནི་སྡུག་བསྔལ་རབ་ཏུ་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། སྲིད་པའི་དབང་གིས་འདོད་པ་ཀུན་ཏུ་ཚོལ་བ་ན་ཡང་ནོར་རྫས་ལ་སོགས་པ་མི་རྙེད་པའི་སྡུག་བསྔལ་དང༌། རྙེད་ན་བསྲུང་དཀའ་བའི་སྡུག་བསྔལ་དང༌། བསྲུངས་ཏེ་སྟོར་བར་གྱུར་ན། མྱ་ངན་གྱི་སྡུག་བསྔལ་ལ་སོགས་པ་རྒྱུན་དུ་མྱོང་ཞིང་སྐྱེ་བ་དང༌། རྒ་བ་ལ་སོགས་པའི་སྡུག་བསྔལ་གཞན་གྱི་རྒྱུར་ཡང་བྱེད་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་གཉིས་ནི་སྡུག་བསྔལ་གྱི་རྒྱུན་མི་འཆད་པར་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། སྐྱེ་བ་ནས་འཆི་བའི་བར་དུ་ན་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པ་ནས། ཕུང་པོ་རྙིངས་པ་དང་ཚེའི་འདུ་བྱེད་རྒྱུན་ཆད་པའི་སྡུག་བསྔལ་རྟག་ཏུ་འབྱུང་བའི་ཕྱིར་རོ། །ཇི་ལྟར་དོན་གྱིས་ཤེ་ན། བྱེད་པ་པོ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་དང༌། རྒྱུ་དང་བཅས་པའི་དོན་དང༌། སེམས་ཅན་གྱི་དབང་གི་དོན་དང༌། གཞན་གྱི་དབང་གི་དོན་དང༌། གཡོ་བ་མེད་པའི་དོན་དང༌། མི་རྟག་པའི་དོན་དང༌། སྐད་ཅིག་མའི་དོན་དང༌། རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པའི་དོན་དང༌། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པར་ཡོངས་སུ་འཛིན་པའི་དོན་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང༌། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཏེ། དེ་ལ་བྱེད་པ་མེད་པའི་དོན་ནི་ཆོས་ཐམས་ཅད་ལ་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་མེད་ཅིང་བྱེད་པ་པོས་མ་བྱས་པའི་ཕྱིར་རོ། །རྒྱུ་དང་བཅས་པའི་དོན་ནི་མ་རིག་པའི་རྒྱུ་ལས་འདུ་བྱེད་འབྱུང་བས་ན་སྐྱེ་བའི་རྒྱུ་ལས་རྒ་ཤི་འབྱུང་བའི་ཕྱིར་རོ། །སེམས་ཅན་མེད་པའི་དོན་ནི་མ་རིག་པ་ལ་སོགས་པ་ཡང་མུ་སྟེགས་ཀྱིས་བརྟགས་པའི་བདག་གི་རང་བཞིན་མ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་གི་དོན་ནི་མ་རིག་པ་ལ་སོགས་པ་རང་ཉིད་སྐྱེ་མི་ནུས་ཀྱི། རྒྱུ་རྐྱེན་གྱི་མཐུ་ལས་འབྱུང་བའི་ཕྱིར་རོ། །གཡོ་བ་མེད་པའི་དོན་ནི་མ་རིག་པ་ཡང་འདི་ལྟར་


DTG207_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་འདུ་བྱེད་བསྐྱེད་དོ་སྙམ་དུ་མི་སེམས་ལ། འདུ་བྱེད་ཀྱང་འདི་ལྟར་བདག་ནི་མ་རིག་པ་ལས་སྐྱེས་སོ་སྙམ་དུ་མི་སེམས་པའི་ཕྱིར་རོ། །མི་རྟག་པའི་དོན་ནི་མ་རིག་པ་ལ་སོགས་པ་ཐེར་ཟུག་གི་ཆོས་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དོན་ནི་སྐྱེས་ནས་སྐད་ཅིག་མ་གཉིས་སུ་མི་སྡོད་པར་འཇིག་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་ནི་སྲང་མདའི་མཐོན་དམན་བཞིན་དུ་རྒྱུའི་སྐད་ཅིག་མ་འགགས་པ་དང༌། མགོ་མཉམ་དུ་འབྲས་བུའི་སྐད་ཅིག་མི་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་རྗེས་སུ་མི་མཐུན་པའི་དོན་ནི་ཐམས་ཅད་ལས་ཐམས་ཅད་མི་འབྱུང་སྟེ། དཔེར་ན་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་འབྱུང་གི །གྲོ་ལ་སོགས་པའི་མྱུ་གུ་མི་འབྱུང་བ་དང༌། སྦྱིན་པ་ལས་ལོངས་སྤྱོད་ཆེན་པོ་འགྱུར་གྱི། །གཞན་དུ་མ་ཡིན་པ་ལ་སོགས་པ་ལྟ་བུའོ། །རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་ནི་རྒྱུ་མང་པོ་ལས་འབྲས་བུ་ཡང་རྣམ་པ་མང་པོ་འབྱུང་སྟེ། དཔེར་ན་ནས་ལས་ནས་དང༌། གྲོ་ལས་གྲོ་དང༌། སྦྱིན་པ་ལས་ལོངས་སྤྱོད་དང༌། ཚུལ་ཁྲིམས་ལས་མཐོ་རིས་འབྱུང་ངོ༌། །ཞེས་བྱ་བ་ལྟ་བུའོ། །རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་མི་དགེ་བ་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་མི་བདེ་བ་འབྱུང་བ་དང༌། དགེ་བ་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་བདེ་བ་འབྱུང་བར་ངེས་པའོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་ཅེ་ན། རྒྱུ་ཟབ་པ་དང༌། མཚན་ཉིད་ཟབ་པ་དང༌། སྐྱེ་བ་ཟབ་པ་དང༌། གནས་ཟབ་པ་དང༌། འཇུག་པ་ཟབ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཟབ་པ་རིག་པར་བྱའོ། །དེ་ལ་རྒྱུ་ཟབ་པ་ནི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པར་སྨྲ་བའི་གཉེན་པོ་རྣམ་པ་གཉིས་ཀྱིས་བསྟན་ཏེ། བྱེད་པ་པོ་མེད་པའི་དོན་དང༌། རྒྱུ་དང་བཅས་པའི་དོན་གྱིས་སོ། །དེ་ལ་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་སྨྲ་བའི་གཉེན་པོར་བྱེད་པ་པོ་མེད་པའི་དོན་བསྟན་ཏོ། །རྒྱུ་མེད་པ་ལས་སྐྱེ་བར་སྨྲ་བའི་གཉེན་པོར་རྒྱུ་དང་བཅས་པའི་དོན་བསྟན་ཏོ། །མཚན་ཉིད་ཟབ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་བདག་མེད་པའི་ཕྱིར་ཏེ། །དེ་ཡང་སེམས་ཅན་མེད་པ་


DTG207_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་གཅིག་གིས་བསྟན་ཏོ། །སྐྱེ་བ་ཟབ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དེ་དག་རྐྱེན་ལས་སྐྱེ་ལ། འོན་ཀྱང་རྒྱུ་ནི་འབྲས་བུའི་བྱེད་པ་པོ་མ་ཡིན་པའི་ཕྱིར་ཏེ། དེ་ཡང་སེམས་ཀྱི་དབང་གིས་དོན་དང་གཡོ་བ་མེད་པའི་དོན་གཉིས་ཀྱིས་བསྟན་ཏོ། །དེ་ལ་རྐྱེན་རྣམས་ཀྱི་དབང་ལས་འབྲས་བུ་སྐྱེ་བས་ན་གཞན་གྱི་དབང་གི་དོན་ཏོ། །འོན་ཀྱང་རྐྱེན་རྣམས་བྱེད་པ་པོ་མ་ཡིན་པ་ཞིང་བདག་གིས་སྐྱེད་པར་བྱེད་དོ་སྙམ་དུ་སེམས་པ་མེད་པའི་ཕྱིར་ཏེ། གཡོ་བ་མེད་པའི་དོན་ཏོ། །གནས་ཟབ་པ་ནི་མི་གནས་པའི་ཆོས་རྣམས་ཀྱང་གནས་པར་སྣང་བའི་ཕྱིར་ཏེ། དེ་ཡང་མི་རྟག་པའི་དོན་དང་སྐད་ཅིག་མའི་དོན་གྱིས་བསྟན་ཏེ། ཐེར་ཟུག་མ་ཡིན་ཞིང་སྐད་ཅིག་མ་རེ་རེ་ལ་འཇིག་ཀྱང་གནས་པ་འདྲ་བར་སྣང་བའི་ཕྱིར་རོ། །འཇུག་པ་ཟབ་པ་ནི་རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པར་འབྱུང་བ་ཤེས་པར་དཀའ་བའི་ཕྱིར་རོ། །དེ་ཡང་རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པའི་དོན་དང༌། རྒྱུ་དང་འབྲས་བུ་མཐུན་པ་ཡོངས་སུ་འཛིན་པའི་དོན་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང༌། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ཏེ། རྣམ་པ་བཞིས་བསྟན་ཏོ། །རབ་ཏུ་དབྱེ་བ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། རྣམ་པར་ཤེས་པའི་སྐྱེ་བ་རབ་ཏུ་དབྱེ་བ་དང༌། སྐྱེ་བ་དང་འཆི་བ་རབ་ཏུ་དབྱེ་བ་དང༌། ཕྱིའི་འབྲུ་ལ་སོགས་པ་སྐྱེ་བ་རབ་ཏུ་དབྱེ་བ་དང༌། འབྱུང་བ་དང༌། འཇིག་པ་རབ་ཏུ་དབྱེ་བ་དང༌། ཁ་ཟས་ཀྱིས་བསྟན་པ་རབ་ཏུ་དབྱེ་བ་དང༌། ཡིད་དུ་འོང་བ་དང༌། མི་འོང་བའི་འགྲོ་བ་རབ་ཏུ་དབྱེ་བ་དང༌། རྣམ་པར་དག་པ་རབ་ཏུ་དབྱེ་བ་དང༌། མཐུ་རབ་ཏུ་དབྱེ་བའོ། །དེ་ལ་རྣམ་པར་ཤེས་པ་སྐྱེ་བ་རབ་ཏུ་དབྱེ་བ་ནི་མིག་དང༌། གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་དང་འཆི་བ་རབ་ཏུ་དབྱེ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་ནས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དག་གོ །ཕྱིའི་འབྲུ་ལ་སོགས་པ་སྐྱེ་བ་རབ་ཏུ་དབྱེ་བ་ནི་ས་བོན་གྱི་རྐྱེན་གྱིས་མྱུ་གུ་ཞེས་བྱ་བ་ནས་མེ་ཏོག་གི་རྐྱེན་གྱིས་འབྲས་བུ་ཞེས་བྱ་བའི་བར་དག་གོ །འབྱུང་བ་དང༌། འཇིག་


DTG207_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་ཏུ་དབྱེ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཐུན་མོང་གི་དབང་ལ་བརྟེན་ནས། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་དང་ཞེས་བྱ་བ་ལ་སོགས་པའོ། །ཁ་ཟས་ཀྱིས་བསྟན་པས་རབ་ཏུ་དབྱེ་བ་ནི་ཟས་རྣམ་པ་བཞི་ལ་བརྟེན་ནས། ཁམས་གསུམ་གྱི་སེམས་ཅན་རྣམས་གནས་པར་གྱུར་པ་སྟེ། ཟས་བཞི་ནི་ཁམ་གྱིས་བཟའ་བའི་ཟས་དང༌། རེག་པའི་ཟས་དང༌། ཡིད་ལ་བྱེད་པའི་ཟས་དང༌། བསམ་གཏན་གྱི་ཟས་སོ། །དེ་ལ་འདོད་པའི་ཁམས་ན་མི་དང་བྱོལ་སོང་དང་ཡི་དྭགས་ལ་སོགས་པ་ཕལ་ཆེར་ཁམ་གྱི་ཟས་ལ་བརྟེན་ཏོ། བྱོལ་སོང་བྱ་ལ་སོགས་པའི་སྒོ་ང་དང་བྱེའུ་ཕྲུག་གི་དུས་ན་ཕ་མའི་དྲོད་ཀྱིས་རེག་པའི་ཟས་ལ་བརྟེན་ཏོ། །ཡིད་ལ་བྱེད་པའི་ཟས་ནི་སེམས་ཅན་ལས་ཁ་ཅིག་ཁ་ཟས་ཡིད་ལ་བྱེད་པ་དང་མ་བྲལ་གྱི་བར་དུ་མི་འཆི་བ་ཡོད་དེ། དཔེར་ན་སྔོན་ལོ་ཉེས་ཆེན་པོ་ཞིག་བྱུང་བའི་དུས་ན་ཕ་མས་བུའི་མདུན་དུ་ཐལ་བ་འཕུར་མ་ཅིག་གནམ་ལ་གཏོར་ནས་འདི་ན་ཕྱེ་ཡོད་ཀྱིས་སླར་འོངས་ནས་སྦྱིན་ནོ་ཞེས་བྱ་བ་སྟེ་སོང་བ་ལས། ཟླ་བ་དྲུག་གི་བར་དུ་མ་ཤི་སྟེ། ཕྱིས་བཀྲོལ་ནས་བལྟས་པ་ལས་ཐལ་བར་གྱུར་པ་མཐོང་ནས་ཤི་བར་གྱུར་བ་ལྟ་བུའོ། །བསམ་གཏན་གྱི་ཟས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་རྣམས་ཁ་ཟས་ལ་བརྟེན་པ་མེད་ཀྱང༌། བསམ་གཏན་གྱི་རོའི་མཐུས་བསྐལ་བ་དུ་མར་གནས་པའོ། །ཡིད་དུ་འོང་བ་དང་མི་འོང་བའི་འགྲོ་བ་རབ་ཏུ་དབྱེ་བ་ནི་ལས་ལེགས་པར་བྱས་པ་ལ་བརྟེན་ནས་བདེ་འགྲོར་སྐྱེ་བ་དང༌། ལས་ཉེས་པར་བྱས་པ་ལ་བརྟེན་ནས་ངན་འགྲོར་སྐྱེ་བའོ། །རྣམ་པར་དག་པ་རབ་ཏུ་དབྱེ་བ་ནི་གཞན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་བ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཐར་པའི་ཆར་གཏོགས་པའི་དགེ་བའི་རྩ་བ་འབྱུང་བ་དང༌། ཐར་པའི་ཆར་གཏོགས་པའི་དགེ་བའི་རྩ་བ་ལས་ངེས་པར་བྱེད་པའི་ཕྱོགས་བཞི་སྐྱེ་བ་དང༌། དེ་ལ་བརྟེན་ནས་མཐོང་བའི་ལམ་འབྱུང་བ་དང༌། དེ་ལ་བརྟེན་ནས་བསྒོམ་པའི་ལམ་དང༌། བསྒོམ་པའི་ལམ་ལས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ། །མཐུ་


DTG207_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབྱེ་བ་ནི་འཕགས་པའི་བདེན་པ་རྟོགས་པ་དང༌། ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་ཤེས་པ་དྲུག་ལ་སོགས་པ་འབྱུང་བ་དང༌། མཐའ་དག་སྐྱེ་མཆེད་ལ་སོགས་པ་འབྱུང་བའོ། །ཇི་ལྟར་ན་ལུགས་བཞིན་དང་ལུགས་ལས་ལྡོག་པར་བལྟ་ཞེ་ན། དེ་ལ་ལུགས་བཞིན་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཏེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འཕགས་པའི་བདེན་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ན་མ་རིག་པའོ། །ཡང་ན་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་གཙང་བ་དང༌། བདག་མེད་པར་ཡོད་པའི་དངོས་པོ་ནི་མི་མཐོང་གི །རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་ཅེས་བྱ་བ་མེད་པའི་དངོས་པོ་ཡོད་པར་མཐོང་བས་དེ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་འདུ་བྱེད་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང༌། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང༌། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དང༌། དེ་ལ་ཚེ་འདིར་བདེ་བར་བྱའོ་ཞེས་ཚེ་འདིའི་འདོད་པ་ལྔའི་ཡོན་ཏན་ལ་མངོན་པར་ཆགས་པས། ཚེ་རབས་གཞན་གྱི་ལས་ཀྱི་འབྲས་བུ་རྨོངས་ནས་འདོད་པའི་ཁམས་སུ་ངན་སོང་གསུམ་དུ་སྐྱེ་བར་བྱེད་པའི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བ་བཅུ་ནི། བསོད་ནམས་མ་ཡིན་པར་འགྲོ་བའི་འདུ་བྱེད་ཅེས་བྱའོ། །ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་བ་ཕྱིར་མི་འོང་བའི་འབྲས་བུ་དང༌། མངོན་པར་ཆགས་ནས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ལྷ་དང་མིར་སྐྱེའོ་ཞེས་ཁོང་དུ་ཆུད་དེ། འདོད་པའི་ཁམས་ཀྱི་ལྷར་སྐྱེ་བར་བྱེད་པའི་ལས་སྲོག་མི་གཅོད་པ་དང༌། མ་བྱིན་པ་མི་ལེན་པ་ལ་སོགས་པ་དགེ་བའི་བཅུའི་ལས་ཀྱི་ལམ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ཅེས་བྱའོ། །ཚེ་རབ་གཞན་དུ་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རོ་ལ་ཆགས་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་འོངས་པ་ན། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་པ་ནི་མི་གཡོ་བར་འགྲོ་བའི་འདུ་བྱེད་ཅེས་བྱའོ། །དེ་ལ་ལས་


DTG207_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་ནི་འབྲས་བུ་རྣམ་པ་བཞིས་སྤངས་ཏེ། འབྲས་བུ་བཞི་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ན་ངན་སོང་གསུམ་དུ་སྐྱེ་བའི་སྐལ་བ་མེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད་དེ། ལན་ཅིག་ཕྱིར་འོང་བས་ནི་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེ་བར་བྱེད་པའི་ལས་སྤོང་བར་བྱེད་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་སུ་སྐྱེ་བའི་ལས་སྤངས་ནས་སླར་འདོད་པའི་ཁམས་སུ་མི་སྐྱེ་བའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱའོ། །དགྲ་བཅོམ་པའི་འབྲས་བུ་ནི་མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད་དེ། སྲིད་པའི་རྩེ་མོ་མན་ཆད་ཀྱི་བསམ་གཏན་ལ་ཆགས་པའི་ལས་ཀྱི་བག་ལ་ཉལ་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་ལ་མ་རིག་པ་ཡོད་ན་ལས་རྣམ་པ་གསུམ་མངོན་པར་འདུ་བྱེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །མ་རིག་པ་ཡང་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་གྱིས་འདུ་བྱེད་ཀྱི་རྐྱེན་དུ་འགྱུར་ཏེ། ཡན་ལག་ལྷག་མ་རྣམས་ལ་ཡང་སྔ་མའི་རྐྱེན་བཞིས་ཕྱི་མའི་རྐྱེན་བྱེད་པར་ཤེས་པར་བྱ་སྟེ། རྐྱེན་བཞིས་ཇི་ལྟར་རྐྱེན་དུ་འགྱུར་བ་ནི་སྔར་བཤད་པ་བཞིན་དུ་བལྟའོ། །དེ་ལྟར་ལས་རྣམ་པ་གསུམ་མངོན་པར་འདུས་བྱས་ནས། མའི་མངལ་ལ་སོགས་པའི་སྐྱེ་གནས་སུ་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་ཞུགས་ནས་བརྒྱལ་བ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལྟར་སྐད་ཅིག་མ་དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་ནས། སྐད་ཅིག་མ་གཉིས་པ་ཕན་ཆད་ཕ་མའི་ཁྲག་དང་ཁུ་བ་ལ་སོགས་པ་འདྲེས་ཏེ་ནུར་ནུར་པོ་དང་མེར་མེར་པོའི་དུས་ན་ནི་མིང་དང་གཟུགས་ཞེས་བྱའོ། །དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི་ཕུང་པོ་བཞི་ནི་མིང་ངོ༌། །ནུར་ནུར་པོ་དང་མེར་མེར་པོའི་དུས་ན་ནི་གཟུགས་


DTG207_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ནུར་ནུར་པོ་དང་མེར་མེར་པོ་ལས་འདས་ནས་མའི་མངལ་ན་མིག་དང༌། རྣ་བ་ལ་སོགས་པའི་དབང་པོ་དོད་ནས་དབང་པོ་དྲུག་སོ་སོར་དོད་པར་གྱུར་པ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱའོ། །དེ་ནས་དབང་པོ་དོད་ནས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དུས་གཅིག་ཏུ་ཕྲད་པར་གྱུར་པ་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །དེ་ནས་ཡུལ་ཡིད་དུ་འོང་བ་དང་ཕྲད་དེ་ལུས་དང་སེམས་སིམ་པར་གྱུར་བའི་ཚོར་བ་བདེ་བ་དང༌། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་དེ་ལུས་དང་སེམས་གདུང་བར་གྱུར་པའི་ཚོར་བ་སྡུག་བསྔལ་བ་དང༌། ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་དང་ཕྲད་དེ་ལུས་སེམས་ལ་སིམ་པ་ཡང་མེད་གདུང་བ་ཡང་མེད་པའི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེས་པ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །དེ་ལྟར་ཚོར་བར་གྱུར་ནས་ཚོར་བ་བདེ་བ་དང་ནི་ཕྲད་པར་ཆགས། སྡུག་བསྔལ་བ་དང་བྲལ་བར་ཆགས་པ་སྐྱེ་སྟེ། དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །དེ་ལྟར་སྲེད་པ་ཡོད་པ་ལས་ཚོར་བ་བདེ་བའི་ཡོ་བྱད་དུ་གྱུར་པ་རྣམས་ནི་ལེན་པར་བྱེད་དེ་དེ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་ཉོན་མོངས་པའི་ཚོགས་སྲེད་པ་དང་ལེན་པ་ལ་སོགས་པ་ཡོད་ན། ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་དེ། དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །དེ་ལྟར་ལས་དང་ཉོན་མོངས་པ་ཡོད་ན་སྐྱེ་གནས་དེ་དང་དེ་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་འཕོས་ཤིང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་འབྱུང་བར་གྱུར་པ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །དེ་ལྟར་སྐྱེས་པར་གྱུར་ན་ནི་ཤིང་སྐྱེས་པ་མེས་ཚིག་པ་དང་ཆུས་ཁྱེར་བ་བཞིན་དུ་ཕུང་པོ་རྙིངས་པའི་མཚན་ཉིད་དགའ་བ་དང་ཚེའི་འདུ་བྱེད་རྒྱུན་ཆད་པའི་མཚན་ཉིད་ཤི་བ་འབྱུང་སྟེ། དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི་རྒ་ཤིའི་ཡན་ལག་ཏུ་བསྡུ་བས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤཱི་བར་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་སུ་ཟད་དོ། །དེ་ལ་དགའ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པ་དང༌།


DTG207_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ཉམས་པའོ། །རྟེན་ཉམས་པ་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་འབྱུང་བ་ཆེན་པོ་བཞི་ཉམས་པས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་འབྱུང་བ་དང་ལྡང་བ་དང་འདུག་པ་ལ་ལུས་ལྕི་བར་གྱུར་བའོ། །བརྟེན་པ་ཉམས་པ་ནི་དེ་ལྟར་དབང་པོ་རྣམས་ཉམས་པས་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྣམས་ཀྱང་གཟུགས་དང་སྒྲ་ལ་སོགས་པ་མི་གསལ་བར་མཐོང་ཞིང་ཐོས་པ་དང་སྔོན་བྱས་ཤིང་སྨྲས་པ་རྣམས་བརྗེད་པར་གྱུར་པའོ། །འཆི་བ་ལ་རྣམ་པ་གཉིས་ཏེ་དུས་སུ་ཤི་བ་དང༌། དུས་མ་ཡིན་པར་ཤི་བའོ། །དེ་ལ་དུས་སུ་ཤི་བ་ནི་ཚེ་འདིར་གནས་པའི་ཚེ་འདུ་བྱེད་ཀྱི་ལས་ཀྱི་ཤུགས་ཟད་པར་གྱུར་ནས། དྲོད་དང་རྣམ་པར་ཤེས་པ་དང༌། ཚེས་ལུས་བཏང་བར་གྱུར་བའོ། །དུས་མ་ཡིན་པར་ཤི་བ་ནི་གཞན་གྱིས་མཚོན་དང་དབྱིག་པ་ལ་སོགས་པ་ཕོག་ནས་གློ་བུར་དུ་ཤི་བའམ་སྡིག་པའི་ཆོས་ལ་བརྐམ་པས་ལྷ་མ་ཡིན་པ་ལ་སོགས་པས་བྱིན་གྱིས་བརླབས་ནས་གློ་བུར་དུ་བསད་པ་ནི་དུས་མ་ཡིན་པར་འཆི་བའོ། །མཛའ་བ་དང་མི་མཛའ་བ་དང་ཕྲད་པ་ལས་སྐྱེས་པའི་སེམས་ཀྱི་གདུང་པ་ནི་མྱ་ངན་ནོ། །མྱ་ངན་གྱི་རྒྱུ་ལས་སྐྱེས་པའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །འབྱུང་བ་ཆེན་པོ་རྣམས་འཁྲུགས་ནས་ལུས་ལ་གནོད་པར་གྱུར་པ་ནི་སྡུག་བསྔལ་བའོ། །གང་དེའི་ཚེ་སེམས་ལ་གནོད་པ་བྱུང་བ་ནི་སློང་བའོ། །དགྲ་ལ་སོགས་པས་གནོད་པ་བྱས་པ་དྲན་ནས་གནོད་པའི་ལན་མ་གླན་ནོ་སྙམ་སྟེ། ལུས་དང་སེམས་ལ་གནོད་པར་གྱུར་པ་ནི་འཁྲུགས་པ་ཞེས་བྱའོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་མ་རིག་པ་ནས་རྒ་ཤིའི་བར་དུ་སྡུག་བསྔལ་གྱི་ཚོགས་ཆེན་པོ་ཙམ་དུ་ཟད་དོ། །བདག་ལ་སོགས་པ་མེད་པ་ན་འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །བརྒལ་བ་མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་བ་དང༌། རྒ་ཤིའི་འབྲས་བུ་མ་བསྟན་པས། འཁོར་བ་ལ་ཐ་མ་ཡོད་པར་འགྱུར་རོ། །ཡང་ན་ཡན་ལག་གཞན་བཤད་པར་བྱ་དགོས་ཏེ། དེའི་ཡང་གཞན་དེའི་ཡང་གཞན་བརྗོད་དགོས་པས་ཐུག་པ་མེད་པའི་སྐྱོན་


DTG207_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བའི་ཕྱིར་ཡན་ལག་བཅུ་གཉིས་སུ་བརྗོད་དུ་ཡང་མི་རུང་ངོ༌། །སྨྲས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདི་ཉིད་དུ་ཐོག་མ་དང་ཐ་མ་མེད་པའི་དོན་བསྟན་ཟིན་ཏོ། །ཇི་ལྟར་ཞེ་ན། ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་སྟེ། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་བ་དང༌། ཉོན་མོངས་པ་ལས་ལས་འབྱུང་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་དང༌། ལེན་པའི་རྐྱེན་གྱིས་སྲིད་པའི་འབྱུང་བ་དང༌། ལས་ལས་སྡུག་བསྔལ་འབྱུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བ་དང༌། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ལས་སྡུག་བསྔལ་འབྱུང་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་འབྱུང་བ་དང༌། སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་བ་དང༌། སྐྱེ་བ་ལས་རྒ་ཤི་འབྱུང་བའི་ཕྱིར་རོ། །དངོས་པོ་ལས་ཀྱང་ཉོན་མོངས་པ་འབྱུང་སྟེ། ཚོར་བ་ལས་སྲེད་པ་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་སྲེད་པའི་ཡན་ལག་གི་ཚུལ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། དེའི་ཕྱིར་མ་རིག་པ་ཡང་ཉོན་མོངས་པའམ་དངོས་པོ་གཞན་ལས་འབྱུང་བའི་ཕྱིར་སྐྱེ་བ་བ་ལས་ཐོག་མ་མེད་དོ། །རྒ་ཤིའི་དངོས་པོ་ལས་ཀྱང་ཉོན་མོངས་པའམ་དངོས་པོ་འབྱུང་བས་ན། ཐ་མ་ཡང་མེད་ཡན་ལག་ཡང་མེད་གཞན་ཡང་བརྗོད་མི་དགོས་པར་འགྲུབ་བོ། །མདོ་སྡེ་ཁ་ཅིག་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་པའི་རྒྱུའོ་ཞེས་བཤད་པ་ཡང་གོང་དུ་ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་བ་དང་ལ་ལས་ཉོན་མོང་པ་འབྱུང་བ་ལ་སོགས་པར་བསྟན་པའི་ཚུལ་གྱི་ནང་དུ་འདུས་ཟིན་པ་ལོགས་ཤིག་ཏུ་མ་བཤད་དོ། །ཡང་ན་ཆོས་མངོན་པའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སེམས་ཅན་དུ་སྟོན་པ་དང་སེམས་ཅན་མ་ཡིན་པར་སྟོན་པ་སྟེ་རྣམ་པ་གཉིས་སུ་བཤད་ལ། མདོ་འདི་ལས་ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་འབའ་ཞིག་བཤད། དེ་བཞིན་དུ་ཛྙཱ་ན་པྲ་སྟ་ནའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཉིས་སུ་བསྟན་ཏེ། རྒྱུན་གྱི་མཚན་ཉིད་དང་སྐད་ཅིག་མའི་མཚན་ཉིད་དོ། །དེ་


DTG207_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུན་གྱི་མཚན་ཉིད་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་གོང་དུ་བཤད་པ་ཉིད་དོ། །སྐད་ཅིག་མའི་མཚན་ཉིད་ནི་སྐད་ཅིག་མ་གཅིག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་འབྱུང་སྟེ། ཇི་ལྟར་ཞེ་ན་འདི་ལྟར་ཆགས་པའི་དབང་གིས་སྲོག་ཆགས་རྣམས་ཀྱི་འཚོ་བ་འགོག་པ་ན། གང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་རྨོངས་པ་དེ་ནི་མ་རིག་པའོ། །དེའི་ཚེ་སེམས་ལས་བྱུང་བའི་ཚོགས་གང་ཡིན་པ་དེ་ནི་འདུ་བྱེད་དོ། །དེའི་ཚེ་ན་དངོས་པོ་ལ་སོ་སོར་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བའི་ཕུང་པོ་ཚོར་བ་ལ་སོགས་པ་བཞི་དང་འབྱུང་བ་ཆེན་པོ་བཞི་དང༌། འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་མིག་ལ་སོགས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་དྲུག་གོ །སྐྱེ་མཆེད་དྲུག་གི་ཡུལ་མཐོང་བ་ནི་རེག་པའོ། །རེག་པའི་ཚེ་བདེ་བ་འམ། སྡུག་བསྔལ་མྱོང་བ་ནི་ཚོར་བའོ། །དེའི་ཚེ་ཤ་དང་པགས་པ་ལ་ཆགས་པ་ནི་སྲེད་པའོ། །དེ་དང་ལྷན་ཅིག་ཏུ་འགྲོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་གཞན་རྣམས་ནི་ལེན་པའོ། །དེའི་ཚེ་ལེན་པས་བསྐྱེད་པ་ཡིད་ཀྱི་ལས་ནི་སྲིད་པའོ། །ལག་པ་གཡོ་བ་ལ་སོགས་པའི་ཆོས་དེ་རྣམས་འབྱུང་བ་ནི་སྐྱེ་བའོ། །དེ་ལས་མཚན་ཉིད་གཞན་དུ་གྱུར་ཏེ་སྨིན་པ་ནི་རྒ་བའོ། །ཆོས་དེ་ཞིགས་པས་ནི་ཤི་བའོ། །ལན་དུ་མདོ་འདི་བཤད་པ་ནི་དགོངས་པ་ཅན་ཡིན་པས། རྟེན་ཅིང་འབྲེལ་ཏེ་འབྱུང་བ་སེམས་ཅན་དུ་མི་སྟོན་པ་མ་བཤད་ཀྱང་ཉེས་པ་མེད་དེ། འདུལ་བ་ཁ་ཅིག་འཁོར་བར་འཇུག་པ་དང་ལྡོག་པ་ལ་རྨོངས་པ་བསལ་བར་བྱ་བའི་ཕྱིར། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྒྱུ་དང་འབྲས་བུ་གཅིག་གིས་གཅིག་བསྐྱེད་པ་སེམས་ཅན་དུ་སྟོན་པ་ཉིད་འདིར་གསུངས་སོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་སྐད་ཅིག་མའི་མཚན་ཉིད་འདིར་བཤད་པ་ནི་ལས་དང་པོ་པ་རྣམས་ཀྱིས་སྐད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པར་ཐོས་ནས། ཁོང་དུ་ཆུད་པར་མི་ནུས་ཏེ། དེ་བས་ནི་དེ་དག་གི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུན་གྱི་དོན་འབྲེལ་ཅིང་བཤད་དོ། །ཡང་ན་ཡིད་མི་


DTG207_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང་ལྡན་པའི་རྟོག་པ་ནི་མྱ་ངན་ནོ། །འཆི་བའི་དུས་ན་ཨེ་མའོ་ཕའོ། །ཨེ་མའོ་མའོ་ཞེས་བྱ་བ་ལ་སོགས་པ་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་འབྲེལ་བའི་མི་བདེ་བ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་བདེ་བ་ནི་མི་སློང་བའོ། མྱ་ངན་དང་སྨྲེ་སྔགས་འདོན་པ་སྔོན་དུ་བྱུང་བ་ལས་ལུས་དང་སེམས་ངལ་ཞིང་ཆད་པར་གྱུར་པ་ནི་འཁྲུགས་པ་ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚིག་ལྟར་རོ། །འཁོར་བ་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་བརྒྱུད་པ་མཐའ་མེད་པ་དང༌། སྡུག་བསྔལ་གྱི་ཚོགས་ཡིན་པའི་ཕྱིར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །བདག་དང་བདག་གི་མེད་པས་ན་འབའ་ཞིག་པའོ། །ཀུན་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུར་ཀུན་སྐྱེ་ཞེས་བྱ་བའི་དོན་ཏོ། །ལུགས་ལས་བཟློག་པ་ནི་རྣམ་པར་བྱང་བའི་མཚན་ཉིད་དེ་བསྟན་པའི་ཕྱིར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལུགས་བཞིན་དང་ལུགས་ལས་བཟློག་པ་གཉིས་བསྟན་པ་ཡང་ལ་ལ་དག་སྲིད་པ་ཀུན་འབྱུང་བ་མ་མཐོང་བས་ཆད་པར་མངོན་པར་ཞེན་ཏེ། དེ་སྤང་བར་བྱ་བའི་ཕྱིར་ལུགས་བཞིན་གསུངས་སོ། །ཁ་ཅིག་ཐེར་ཟུག་དུ་མངོན་པར་ཆགས་ཏེ། སྲིད་པ་འགགས་པའི་མཚན་ཉིད་མ་མཐོང་བ་བསལ་བའི་ཕྱིར་ལུགས་ལས་བཟློག་པ་གསུངས་ཏེ། དེ་ལྟར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ལམ་གཉིས་ཀྱིས་བཅིངས་པ་དང་གྲོལ་བར་བསྟན་པ་ཡིན་ནོ། །དེ་ལ་མར་མེ་འབྱུང་ན་མུན་པ་མེད་པར་འགྱུར་བ་བཞིན་དུ་ཕྱི་དང་ནང་གི་ཆོས་རྣམས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་གཙང་བ་དང༌། བདག་མེད་པར་མཐོང་བའི་རིག་པ་སྐྱེས་ནས་མ་རིག་པ་འགག་པ་ཞེས་བྱའོ། །དཔེར་ན་མེ་མེད་ན་དུད་པ་མི་འབྱུང་བ་བཞིན་དུ་མ་རིག་པ་འགགས་ནས་ལས་མ་བྱས་པ་རྣམས་ནི་མངོན་པར་འདུ་མི་བྱེད། བྱ་བ་རྩོམ་པ་རྣམས་ནི་གྲོགས་མེད་པས་བྱེད་པར་མི་ནུས་པའི་ཕྱིར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་སྟེ། དཔེར་ན་གྲོགས་མེད་པར་གཅིག་པུས་སྡོང་པོ་ཆེན་པོ་འདྲེན་པར་མི་ནུས་པ་བཞིན་དུ། །དཔེར་ན་ཞིང་མེད་ན་ས་བོན་གྱི་


DTG207_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མེད་པ་ས་བོན་ཅི་ལ་ཡང་མི་གནས་པ་དེ་བཞིན་དུ་འབྱེད་མེད་ན་རྣམ་པར་ཤེས་པའི་རྟེན་མེད་པས་རྣམ་པར་ཤེས་པ་ཡང་མེད་པར་འགྱུར་པའི་ཕྱིར་རོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་པ་ཞེས་བྱའོ། །དཔེར་ན་ས་བོན་བསྲེགས་ན་མྱུ་གུ་མི་སྐྱེ་བ་བཞིན་དུ། །རྣམ་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་བསྲེགས་ཏེ་མེད་པར་བྱས་ན་མིང་དང་གཟུགས་ཡི་མྱུ་གུ་མི་འབྱུང་བའི་ཕྱིར། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་པ་ཞེས་བྱའོ། །ཡང་ན་ཤིང་གསུམ་རྩེ་སྤྲད་པར་གནས་ཤིང་གཅིག་མེད་ན་ཤིང་གཉིས་གནས་པར་མི་ནུས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་མིང་དང་གཟུགས་ཀྱི་རྟེན་ཡིན་པས། རྣམ་པར་ཤེས་པ་གཉིས་ལ་མིང་དང་གཟུགས་གནས་པར་མི་ནུས་པའི་ཕྱིར་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་ཅེས་བྱའོ། །དཔེར་ན་མེ་ལོང་མེད་ན་དེའི་གསལ་བ་མི་འབྱུང་བ་བཞིན་དུ་མིང་དང་གཟུགས་མེད་ན་མིང་དང་གཟུགས་ཀྱི་གསལ་བ་མིག་གི་སྐྱེ་མཆེད་གཟུགས་དང་བ་ལ་སོགས་མི་འབྱུང་བས་ན། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་པ་ཞེས་བྱའོ། །དཔེར་ན་རྩིག་པ་མེད་ན་རི་མོ་འཇིག་པ་བཞིན་དུ་རྟེན་དུ་གྱུར་པ་སྐྱེ་མཆེད་དྲུག་མེད་ན་དེ་ལ་བརྟེན་པར་བྱེད་པའི་རེག་པ་མེད་པར་འགྱུར་བས། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་པ་ཞེས་བྱའོ། །དཔེར་ན་ཟངས་ལ་སོགས་པའི་འབྱུང་ཁུང་ཟད་དེ་མེད་ན་འབྱུང་བར་བྱ་བའི་རྫས་རྣམས་ཀྱང་མི་འབྱུང་བ་དེ་བཞིན་དུ། ཚོར་བའི་འབྱུང་ཁུང་རེག་པ་མེད་ན་ཚོར་བ་མི་འབྱུང་སྟེ། དེ་བས་ན་རེག་པ་འགགས་པས་ཚོར་བ་འགག་ཅེས་བྱའོ། །དཔེར་ན་མར་མེ་མེད་ན་སྣང་བ་མི་འབྱུང་བ་བཞིན་དུ་ཚོར་བ་མེད་ན་ཆགས་པ་མི་སྐྱེ་སྟེ། དེའི་ཚེ་ཚོར་བ་འགགས་པས་སྲེད་པ་འགག་པ་ཞེས་བྱའོ། །བུ་དང་པོ་མ་སྐྱེས་ན་ཕྱི་མ་གཞོན་ནུ་དང་དར་ལ་བབ་པ་ལ་སོགས་པར་ཆེར་འགྱུར་ཞིང་འཕེལ་བ་མི་འབྱུང་བ་བཞིན་དུ་སྲེད་པ་མེད་པར་གྱུར་ན། དེའི་འཕེལ་བ་དང་ཆེར་འགྱུར་བ་ལེན་པ་མི་འབྱུང་བ་ནི། སྲེད་པ་འགགས་པས་ལེན་པ་འགག་པ་ཞེས་བྱའོ། །དཔེར་ན་ཤིང་མེད་ན་མེའི་རྒྱུ་མེད་པས་མི་འབྱུང་བ་


DTG207_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ལས་ཀྱི་རྒྱུ་ཉོན་མོངས་པ་མེད་ན་ལས་མངོན་པར་འདུ་མི་བྱེད་པའི་ཕྱིར། །ལེན་པ་འགགས་པས་སྲིད་པ་འགག་པ་ཞེས་བྱའོ། །དཔེར་ན་ནད་ཀྱི་རྒྱུ་མེད་པར་བྱས་ན་ནད་མེད་པར་འགྱུར་པ་བཞིན་དུ། སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་མེད་པར་བྱས་ནས་སྐྱེ་བར་མི་འགྱུར་ཏེ། དེ་བས་ན་སྲིད་པ་འགགས་པས་སྐྱེ་བ་འགག་པ་ཞེས་བྱའོ། །དཔེར་ན་བུམ་པ་མ་བྱས་ན་སྲེད་པ་དང་ཆགས་པ་ལ་སོགས་པ་མི་འབྱུང་བ་དང༌། ཤིང་མ་སྐྱེས་ན་ནགས་མེས་ཚིག་པ་དང༌། ཚལ་ཆུས་ཁྱེར་བ་མི་འབྱུང་བ་བཞིན་དུ་སྐྱེ་བ་མེད་ན་རྒ་བ་དང་ཤི་བ་དང་ལ་སོགས་པའི་སྡུག་བསྔལ་མི་འབྱུང་བས་དེའི་ཕྱིར། སྐྱེ་བ་འགགས་པ་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་རྒྱས་པར་བཤད་པའི་དབང་དུ་བྱས་ནས། དེ་ལ་མ་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མ་རིག་པ་ཞེས་བྱ་བ་འགོག་པའི་ཚིག་འདིར་དོན་རྣམ་པ་བཞིར་འགྲོ་སྟེ། ཆུང་བ་དང་སྨད་པ་དང་མི་མཐུན་པ་དང་མེད་པའོ། །དེ་ལ་ཆུང་བའི་དོན་དུ་འགྲོ་བ་ནི། དཔེར་ན་བུ་མོ་རྐེད་པ་ཕྲ་བ་ལ་རྐེད་པ་མེད་པ་ཞེས་བྱ་བ་ལྟ་བུའོ། །སྨད་པའི་དོན་དུ་འགྲོ་བ་ནི་དཔེར་ན་བུ་ངན་པ་ལ་བུ་མེད་པ་ཞེས་བྱ་བ་ལྟ་བུའོ། །མེད་པའི་དོན་དུ་འགྲོ་བ་ནི་དཔེར་ན་ཟས་མེད་ཆུ་མེད་ཅེས་བྱ་བ་ལྟ་བུའོ། །འགལ་བའི་དོན་དུ་འགྲོ་བ་ནི་དཔེར་ན་འགྲོགས་པ་དང་མི་མཐུན་པ་ལ་གྲོགས་མ་ཡིན་ཞེས་བྱ་བ་ལྟ་བུའོ། །འདི་ནི་འགལ་བའི་དོན་དུ་འགྲོ་བ་བལྟ་སྟེ། རིག་པ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་མ་རིག་པ་ཞེས་བྱའོ། །དེ་ཉིད་ཀྱི་མཚན་ཉིད་ཞིབ་ཏུ་བསྟན་པའི་ཕྱིར། སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྔོན་གྱི་ལས་ནི་ཚེ་རབས་སྔ་མ་སྟེ། ཚེ་རབས་སྔ་མ་ཡོད་པར་མི་ཤེས་པ་ནི་སྔོན་གྱི་མཐའ་མི་ཤེས་པའོ། །ཡང་ན་ཅི་བདག་འདས་པའི་འདུས་ན་བྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་ཅེས་འདས་པའི་དུས་ཀྱི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ནི་སྔོན་གྱི་མཐའ་མི་ཤེས་པའོ། །ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱ་བ་ལ། ཕྱི་མའི་མཐའ་ནི་ཚེ་རབས་ཕྱི་མ་མ་འོངས་པའི་དུས་ལ་བྱ་སྟེ། ཚེ་རབས་ཕྱི་མ་


DTG207_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་མི་ཤེས་པའོ། །ཡང་ན་ཅི་བདག་མ་འོངས་པ་ན་འབྱུང་པར་འགྱུར་རམ། འོན་ཏེ་བདག་མ་འོངས་པ་ན་འབྱུང་བར་མི་འགྱུར། །མ་འོངས་པ་ན་སུ་ཞིག་འབྱུང་བར་འགྱུར། །ཇི་ལྟར་འབྱུང་བར་འགྱུར། །ཞེས་མ་འོངས་པའི་དུས་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ཕྱི་མའི་མཐའ་མི་ཤེས་པའོ། །སྔོན་དང་ཕྱི་མའི་མཐའ་མི་ཤེས་ན་ཞེས་བྱ་བ་ལ་སྔོན་དང་ཕྱི་མའི་མཐའ་ནི་ད་ལྟར་གྱི་ཚེ་འདི་ལ་བྱ་སྟེ། ཚེ་འདིར་ནང་དང་ཕྱི་རོལ་གྱི་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུར་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱའོ། །ཡང་ན་འདས་པ་དང་མ་འོངས་པ་དང༌། །ད་ལྟར་གྱི་དུས་གསུམ་དུ་བརྒྱུད་དེ་འབྱུང་བ་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱ་སྟེ། ཚེ་རབས་སྔ་མའི་ལས་དང༌། ཉོན་མོངས་པ་ལས་ཚེ་འདིར་སྐྱེས། །ཚེ་འདིའི་ལས་དང་ཉོན་མོངས་པ་ལས་ཚེ་ཕྱི་མ་འབྱུང་བར་མི་ཤེས་པའོ། །ཡང་ན་སེམས་ཅན་གཞན་རྣམས་ལ་འདི་ལ་ཅི་ཞིག་ཡོད། འདི་ཅི་ཞིག་ཡིན། སེམས་ཅན་འདི་དག་གང་ནས་འདིར་འོངས་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་སྐྱེ་བར་འགྱུར་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་ཅིང༌། ཐེ་ཚོམ་དུ་གྱུར་པ་ནི་སྔོན་དང༌། ཕྱི་མའི་མི་ཤེས་པ་ཞེས་བྱའོ། །ནང་མི་ཤེས་པ་ཞེས་བྱ་བ་ལ་ནང་ནི་བདག་གི་ལུས་ཏེ་དེ་ཡང་ཕུང་པོ་ལྔའི་བདག་ཉིད་ཡིན་པར་མི་ཤེས་པ་ནི་ནང་མི་ཤེས་པ་ཞེས་བྱའོ། །ཡང་ན་བདག་ཉིད་ཀྱི་ནང་གི་སྐྱེ་མཆེད་དུ་གཏོགས་པ་རྣམས་ལ་བདག་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ནང་མི་ཤེས་པ་ཞེས་བྱའོ། །ཕྱི་མི་ཤེས་པ་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པ་སྟེ། དེ་དག་རྡུལ་ཕྲ་མོའི་རང་བཞིན་ཡིན་པར་མི་ཤེས་པའོ། །ཡང་ན་ཕྱི་རོལ་གྱི་ཆོས་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ལ་བདག་གི་བར་དུ་ཀུན་ཏུ་རྟོག་པ་ནི་ཕྱི་མི་ཤེས་པ་ཞེས་བྱའོ། །ཕྱི་ནང་མི་ཤེས་པ་ཞེས་བྱ་བ་ལ་ཕྱི་ནང་ནི་གཞན་གྱི་རྒྱུད་དུ་གཏོགས་པའི་འདུ་བྱེད་རྣམས་ལ་བྱ་སྟེ། དེ་དག་ལ་མཛའ་བ་དང༌། དགྲ་དང་བར་མར་ཚུལ་བཞིན་མ་ཡིན་པར་གཏོགས་པ་ནི་ཕྱི་ནང་མི་ཤེས་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་ཀྱི་མཚན་ཉིད་མི་ཤེས་


DTG207_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལས་མི་ཤེས་པ་ཞེས་བྱའོ། །ཡང་ན་ལས་ལ་བྱེད་པ་པོ་ཡོད་པ་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ལས་མི་ཤེས་པ་ཞེས་བྱའོ། །རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི་ལས་དེ་དག་གི་འབྲས་བུ་ནི་ངན་སོང་གསུམ་དང་ལྷ་དང་མི་ལ་སོགས་པའི་རང་བཞིན་མི་ཤེས་པ་ནི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི་ལས་འདི་བྱས་ན་རྣམ་པར་སྨིན་པ་འདི་སྨིན་ཞེས་མི་ཤེས་པ་སྟེ། ལས་མི་དགེ་བ་བྱས་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པ་དང༌། ལས་དགེ་བ་བྱས་ན་ལྷ་དང་མི་ལ་སོགས་པ་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱའོ། །ཡང་ན་རྣམ་པར་སྨིན་པའི་འབྲས་བུ་རྣམས་བདག་གམ་ཚོར་བ་པོས་མྱོང་བར་འགྱུར་རོ། །ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱའོ། །ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པར་ཡིད་ལ་བྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་སྟེ། དཔེར་ན་སྲོག་གཅོད་ན་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་ལ་སོགས་པའོ། །སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་ཡིན་པར་མི་ཤེས་པ་ནི་ལས་ལེགས་པར་བྱས་པ་མི་ཤེས་པའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་བྱ་བས་མི་དགེ་བ་ཡིན་པར་མི་ཤེས་པ་ནི་ལས་ཉེས་པ་བྱས་པ་མི་ཤེས་པའོ། །མ་བྱིན་པར་བླངས་ནས་གཞན་ལ་བྱིན་པ་ནི་ལས་འདྲེན་པ་མ་ཡིན་ཏེ། ལས་དགེ་བ་ཡང་མ་ཡིན་པ་མི་དགེ་བ་ཡང་མ་ཡིན་པར་མི་ཤེས་པ་ནི་ལས་ལེགས་པ་དང་ཉེས་པ་བྱས་པ་མི་ཤེས་པ་ཞེས་བྱའོ། །རྒྱུ་མི་ཤེས་པ་ཞེས་བྱ་བ་ལ་རྒྱུ་རྣམ་པ་དྲུག་སྟེ། ཆ་འདྲ་བའི་རྒྱུ་དང༌། ཀུན་ཏུ་འགྲོ་བའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྒྱུ་དང༌། ལྡན་པའི་རྒྱུ་དང༌། བྱེད་པའི་རྒྱུ་དང༌། རྣམ་པར་སྨིན་པའི་རྒྱུ་སྟེ། དེ་དྲུག་མི་ཤེས་པ་ནི་རྒྱུ་མི་ཤེས་པ་ཞེས་བྱའོ། །དེ་ལ་ཆ་འདྲ་བའི་རྒྱུ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་སྔར་སྐྱེས་པ་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་ཕྱིས་སྐྱེ་བ་དང༌། སྐྱེ་པར་འགྱུར་བའི་ཆ་འདྲ་བའི་རྒྱུའོ། །གཞན་ཡང་སྔོན་དགེ་བའི་རྩ་བ་ཅུང་ཟད་ཡོད་པའི་གཞི་ལས་དགེ་བའི་རྩ་བ་ཕྱི་མ་འཕེལ་ཞིང་སྐྱེ་བ་ལ་ཡང་ཆ་


DTG207_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་རྒྱུ་ཞེས་བྱ་སྟེ། དེ་ཡང་དཔེར་ན་སྡུག་བསྔལ་མཐོང་བའི་དགེ་བའི་རྩ་བ་ལས་སྡུག་བསྔལ་མཐོང་བའི་ཡེ་ཤེས་སྐྱེ་བ་དང་དེ་བཞིན་དུ་ལམ་མཐོང་བའི་དགེ་བའི་རྩ་བ་ལས་ལམ་མཐོང་བའི་ཡེ་ཤེས་སྐྱེ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བདེན་པ་བཞི་ཡང་སོ་སོར་སྦྱར་རོ། །ཀུན་ཏུ་འགྲོ་བའི་རྒྱུ་གང་ཞེ་ན། དེ་ནི་ཉོན་མོངས་པའི་ཆོས་འབའ་ཞིག་དང་སྦྱར་ཏེ། སྔར་སྐྱེས་པའི་ཉོན་མོངས་པའི་ཆོས་རྣམས་ཕྱིས་སྐྱེ་བ་དང༌། སྐྱེས་པར་འགྱུར་བའི་རང་གི་ས་པའི་ཉོན་མོངས་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་སྟེ། དཔེར་ན་འདོད་པའི་ཁམས་ཀྱི་ལོག་པར་ལྟ་བ་དང་ལྡན་པ་སྔར་སྐྱེས་པ་ནི་ཕྱིས་སྐྱེ་བ་དང༌། སྐྱེ་བར་གྱུར་བ་ལོག་པའི་རྟོག་པ་དང༌། ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་དང༌། ལོག་པའི་ཚོར་བ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་བྱེད་དོ། །དེ་ལ་ལྷན་ཅིག་བྱེད་པའི་རྒྱུ་གང་ཞེ་ན། འདི་ལྟ་སྟེ་འབྱུང་བ་ཆེན་པོ་རྣམས་སྐྱེ་བའི་དུས་ན་གཅིག་ལ་གཅིག་བརྟེན། ཕན་ཚུན་གཅིག་གིས་གཅིག་སྐྱེད་པར་བྱེད་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་ཚེ་ན་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །ལྡན་པའི་རྒྱུ་གང་ཞེ་ན། དགེ་བ་དང་མི་དགེ་བ་དག་ལུང་མི་སྟོན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་ལྡན་པའི་རྒྱུ་སྟེ། དགེ་བའི་སེམས་དང་དགེ་བའི་སེམས་ལས་བྱུང་བར་ལྡན་གྱི། མི་དགེ་བའི་སེམས་ལས་བྱུང་བར་ལྡན་པ་མ་ཡིན་པ་དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་སེམས་དང་སེམས་ལས་བྱུང་བ་སོ་སོར་ལྡན་པའོ། །དེ་ལ་བྱེད་པའི་རྒྱུ་ནི་གང་ཡོད་ན་དེ་འབྱུང་བ་དང་གང་མེད་ན་དེ་མི་འབྱུང་བ་སྟེ། ས་བོན་ཡོད་ན་མྱུ་གུ་འབྱུང་གི་ས་བོན་མེད་ན་མྱུ་གུ་མི་འབྱུང་བའོ། །ཡང་ན་ཁ་ཅིག་ན་རེ་རང་མ་གཏོགས་པར་མི་སྒྲིབ་པར་བྱེད་པའི་ཆོས་གཞན་བྱེད་པའི་རྒྱུ་སྟེ། དཔེར་ན་མིག་དང་ཡུལ་དང་ཕྲད་ནས་རྣམ་པར་ཤེས་པ་སྐྱེ་བ་ན་གང་མི་སྒྲིབ་ཅིང་བགེགས་མི་བྱེད་པའི་ཆོས་ཐམས་ཅད་བྱེད་པའི་རྒྱུ་ཞེས་འཆད་དོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། མི་དགེ་བའི་ཆོས་དང་དགེ་བ་ཟག་པ་ཅན་ནི་ངན་སོང་ལ་སོགས་པར་རྣམ་པར་སྨིན་པ་འཕེན་


DTG207_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས་ན་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་ཆོས་ནི་རྒྱུ་མཐུན་པ་ཙམ་སྐྱེ་བར་བྱེད་ཀྱང་ས་བོན་རུལ་པ་བཞིན་དུ་ཉམ་ཆུང་བས་རྣམ་པར་སྨིན་པ་བཞིན་དུ་ནུས་པའི་ཕྱིར་རྣམ་པར་སྨིན་རྒྱུ་ཞེས་བྱའོ། །ཡང་ན་རྒྱུ་མེད་པར་རྟོག་པའམ་དབང་ཕྱུག་དང་རང་བཞིན་དང་སྐྱེས་བུ་ལ་སོགས་པའི་རྒྱུར་རྟོག་པ་ནི་རྒྱུ་མི་ཤེས་པ་ཞེས་བྱའོ། །འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་འབྲས་བུ་རྣམ་པ་ལྔ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་པར་སྨིན་པའི་འབྲས་བུ་དང༌། དབང་གི་འབྲས་བུ་དང༌། བྲལ་བའི་འབྲས་བུ་སྟེ། དེ་ལྔ་མི་ཤེས་པ་ནི་འབྲས་བུ་མི་ཤེས་པ་ཞེས་བྱའོ། །དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྒྱུ་གང་གི་མཐུ་ལས་འབྲས་བུ་གང་འབྱུང་བ་སྟེ། དཔེར་ན་ཞིང་པ་རྣམས་ཀྱི་རང་གི་ཞོ་ཤའི་མཐུ་ལས་འབྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་ནི་སྐྱེས་བུ་བསྐྱེད་པའི་འབྲས་བུ་ཞེས་བྱའོ། །རྒྱུ་མཐུན་པའི་འབྲས་བུ་ནི་རང་ཉིད་དང་ཆ་འདྲ་བར་བྱེད་པ་སྟེ། སྔོན་གྱི་དགེ་བའི་རྒྱུ་ལས་མ་འོངས་པ་ན་ཡང་དགེ་བ་སྤྱོད་པ་ཉིད་འབྲས་བུར་སྨིན་པ་དང༌། སྔོན་གྱི་མི་དགེ་བའི་རྒྱུ་ལས་ཀྱང་མི་དགེ་བ་སྤྱོད་པ་ཉིད་འབྲས་བུར་སྨིན་པའོ། །རྣམ་པར་སྨིན་པའི་འབྲས་བུ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུས་ལྷ་དང་མི་དང་སེམས་ཅན་དམྱལ་བ་ལ་སོགས་པར་ཕུང་པོ་རྣམས་སྨིན་པའོ། །དབང་གི་འབྲས་བུ་ནི་དཔེར་ན་མིག་གི་དབང་པོའི་མཐུས་མིག་གི་རྣམ་པར་ཤེས་པ་ཐོགས་པ་མེད་པར་སྐྱེའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་བསྒོམས་པའི་མཐུས་ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པའོ། །རྒྱུ་དང་འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་རྒྱུ་འདི་བྱས་ན་འབྲས་བུ་འདི་འབྱུང་ཞེས་རྒྱུ་དང་འབྲས་བུ་འཕེལ་བར་མི་ཤེས་པ་ནི་རྒྱུ་དང་འབྲས་བུ་མི་ཤེས་པའོ། །རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ལ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ནི་རྒྱུ་ལས་སྐྱེས་པའི་ཆོས་ཡིན་གྱི། སོ་སོར་བརྟགས་ཏེ་འགག་པ་དང་མ་བརྟགས་པར་འགག་པ་དང༌། ནམ་མཁའ་ནི་རྒྱུ་ལས་སྐྱེས་པའི་ཆོས་མ་ཡིན་ནོ་ཞེས་མི་ཤེས་པའམ། ཕྱིའི་ཆོས་མྱུ་གུ་དང་


DTG207_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་ལ་སོགས་པ་ས་བོན་ལས་སྐྱེས་པའི་ཆོས་ཡིན་པ་དང༌། ནང་གི་ཆོས་སེམས་ཅན་དུ་གཏོགས་པ་རྣམས་ཀྱང་མ་རིག་པའི་རྒྱུ་ལས་འདུ་བྱེད་བྱུང་བའི་ཆོས་ཅན་ཡིན་གྱི། དབང་ཕྱུག་དང་བྱེད་པ་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེས་མི་ཤེས་པའི་རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་ཤེས་པ་ཞེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལ་སོགས་པ་ནང་གི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་ཚེ་རབས་གཅིག་ནས་གཅིག་ཏུ་ཇི་ལྟར་འབྱུང་བ་མི་ཤེས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་ས་བོན་ནས་མྱུ་གུ་མེ་ཏོག་ནས་འབྲས་བུའི་བར་དུ་ཕྱིའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ས་བོན་དང་འབྱུང་བ་ཆེན་པོ་བཞི་དང་དུས་ལ་སོགས་པར་བསྐྱེད་པར་མི་ཤེས་པའོ། །སངས་རྒྱས་མི་ཤེས་པ་ཞེས་བྱ་བ་ལ་འཕགས་པའི་ལམ་གྱི་ཆོས་གང་གིས་སངས་རྒྱས་སུ་བྱེད་པའི་ཆོས་དེ་མི་ཤེས་པ་འམ། ཡང་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཚུལ་དུ་མི་ཤེས་ཤིང་དེ་ལྟ་བུ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བ་ནི་སངས་རྒྱས་མི་ཤེས་པའོ། །ཆོས་མི་ཤེས་པ་ཞེས་བྱ་བ་ལ་ཆོས་རྣམ་པ་གསུམ་སྟེ། བཤད་པར་བྱ་བའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དང་འབྲས་བུའི་ཆོས་སོ། །དེ་ལ་བཤད་པར་བྱ་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །བསྒྲུབ་པར་བྱ་བའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་སོ། །འབྲས་བུའི་ཆོས་ནི་མྱ་ངན་ལས་འདས་པ་རྣམས་ཏེ་དེ་གསུམ་མི་ཤེས་པ་སྟེ། །དེ་དག་ལ་ཐེ་ཚོམ་ཟ་བ་ནི་ཆོས་མི་ཤེས་པ་ཞེས་བྱའོ། །དགེ་འདུན་མི་ཤེས་པ་ཞེས་བྱ་བ་ལ་དགེ་འདུན་རྣམ་པ་གཉིས་ཏེ་སློབ་པའི་གང་ཟག་གི་འཕགས་པ་དང་མི་སློབ་པའི་གང་ཟག་གི་འཕགས་པའོ། །དེ་ལ་སློབ་པའི་གང་ཟག་གི་འཕགས་པ་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ་བདུན་ནོ། །མི་སློབ་པའི་གང་ཟག་གི་


DTG207_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། དེ་དག་ལ་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དད་པ་ཕུན་སུམ་ཚོགས་པ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཐོས་པ་ཕུན་གསུམ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚུལ་དུ་མི་ཤེས་ཤིང་དེ་དག་ཐེ་ཚོམ་ཟ་བ་ནི་དགེ་འདུན་མི་ཤེས་པའོ། །སྡུག་བསྔལ་མི་ཤེས་པ་ཞེས་བྱ་བ་ནི། ཟག་པ་དང་བཅས་པའི་ཕུང་པོ་ལྔ་སྐྱེ་བ་དང་དགའ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་མི་ཤེས་པའོ། །ཀུན་འབྱུང་མི་ཤེས་པ་ནི་ལས་དང་ཉོན་མོངས་པ་རྣམས་ཕུང་པོ་བསྐྱེད་པར་བྱ་བའི་རྒྱུ་ཡིན་པར་མི་ཤེས་པ་ཞེས་བྱའོ། །འགོག་པ་མི་ཤེས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཞི་བ་དང་གྱ་ནོམ་པ་དང་བདེ་བ་ཡིན་པ་མི་ཤེས་པའོ། །ལམ་མི་ཤེས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་མི་ཤེས་པའོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་སྨད་པའི་ཆོས་ལས་རིང་དུ་སོང་བའི་ཕྱིར། དགེ་བའམ་ཀུན་ནི་ཤེས་རབ་ལ་བྱ། ལ་ལ་ནི་ལེན་པ་ལ་བྱ་སྟེ། ཤེས་རབ་ཀྱི་རྒྱུ་ལེན་པས་ན་དགེ་བའོ། །དེ་ལས་བཟློག་པ་ནི་མི་དགེ་བ་སྟེ། །དགེ་བ་དང་མི་དགེ་བའི་ཆོས་ཀྱི་རྒྱུ་མི་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ། །ཡང་ན་དགེ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །མི་དགེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་ཏེ། །དེ་དག་ལ་དེ་ལྟ་བུར་མི་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པའོ། །ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ལ་སྨད་པའི་དངོས་པོ་ནི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། །སྡིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །སྨོད་པའི་དངོས་པོ་སྤངས་པ་ན་ཁ་ན་མ་ཐོ་བ་མེད་པ་སྟེ་ལེགས་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ཡང་ཁ་ན་མ་ཐོ་བ་དང་བཅས་པ་ནི་ནག་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་དཀར་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་ཏེ། དེ་དག་མི་ཤེས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་མི་ཤེས་པ་ཞེས་བྱའོ། །བསྟེན་པར་བྱ་བ་དང༌། བསྟེན་པར་མི་བྱ་བའི་ཆོས་མི་ཤེས་པ་ཞེས་བྱ་བ་ལ་


DTG207_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཕན་པར་འགྱུར་བ་ནི་བསྟན་པར་བྱ་བ་ནི་ཟག་པ་མེད་པའི་དགེ་བ་འདུས་མ་བྱས་རྣམས་སོ། །དེ་ལ་བསྟན་ནས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར་དེ་ནི་བསྟན་པར་བྱ་བའི་ཆོས་སོ། །གང་གནོད་པར་འགྱུར་བའི་ཆོས་ནི་བསྟན་པར་མི་བྱ་བའི་ཆོས་ཏེ་མི་དགེ་བ་ངན་སོང་གསུམ་དུ་གཞོལ་བར་བྱེད་པའི་ལས་རྣམས་སོ། །ཆོས་དེ་དག་མི་ཤེས་པ་ནི་བསྟན་པར་བྱ་བ་དང་བསྟན་པར་མི་བྱ་བའི་ཆོས་མི་ཤེས་པ་ཞེས་བྱའོ། །རེག་པའི་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང༌། ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་ཟད་ཀྱི། འདི་ལྟར་བྱེད་པའི་བདག་མེད་པ་ལ་བདག་ལ་སོགས་པ་ཡོད་པར་མངོན་པར་ཆགས་ཤིང་ང་རྒྱལ་བྱེད་པ་ནི་རེག་པའི་སྐྱེ་མཆེད་དྲུག་ལ་ཡང་དག་པ་ཅི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱའོ། །ཁ་ན་མ་ཐོ་བའི་མངོན་པར་མི་རྟོགས་པ་ལ་སོགས་པ་ནི་མི་ཤེས་པ་ཉིད་ཀྱི་ཚིག་གི་རྣམ་གྲངས་སམ་འོག་མས་གོང་མ་བཤད་པར་རིག་པར་བྱའོ། །ཚིག་ཉི་ཤུ་རྩ་བརྒྱད་པོ་དེས་མདོར་ན་རྨོངས་པ་རྣམ་པ་བདུན་བསྟན་ཏེ། དུས་ལ་རྨོངས་པ་དང༌། དངོས་པོ་ལ་རྨོངས་པ་དང༌། འཕོ་བ་ལ་རྨོངས་པ་དང༌། མཆོག་ལ་རྨོངས་པ་དང༌། དེ་ཁོ་ན་ལ་རྨོངས་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་རྨོངས་པ་དང༌། མངོན་པར་ང་རྒྱལ་གྱིས་རྨོངས་པའོ། །དེ་ལ་སྔོན་གྱི་མཐའ་མི་ཤེས་པ་ནས་སྔོན་དང་ཕྱི་མའི་མཐའ་མི་ཤེས་པའི་ཚིག་གསུམ་གྱིས་དུས་ལ་རྨོངས་པ་བསྟན་ཏོ། །ནང་མི་ཤེས་པ་ནས་ཕྱི་དང་ནང་མི་ཤེས་པ་གསུམ་གྱིས་དངོས་པོ་ལ་རྨོངས་པ་བསྟན་ཏོ། །ལས་མི་ཤེས་པ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ཡན་ཆད་ཀྱིས་འཕོ་བ་ལ་རྨོངས་པ་བསྟན་ཏོ། །སངས་རྒྱས་མི་ཤེས་པ་ནས་དགེ་འདུན་མི་ཤེས་པའི་ཚིག་གསུམ་གྱིས་མཆོག་ལ་རྨོངས་པ་བསྟན་ཏོ། །སྡུག་བསྔལ་མི་ཤེས་པ་ནས་ལམ་མི་ཤེས་པའི་བར་གྱི་ཚིག་བཞིས་དེ་ཁོ་ནར་རྨོངས་པ་བསྟན་ཏོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ནས་བསྟན་པར་མི་བྱ་བའི་


DTG207_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་བསྟན་ཏོ། །རེག་པའི་སྐྱེ་མཆེད་དྲུག་མི་ཤེས་པ་ཞེས་བྱ་བས་མངོན་པའི་ང་རྒྱལ་གྱི་རྨོངས་པ་བསྟན་ཏོ། །དེ་ལྟར་རྨོངས་པ་རྣམ་པ་བདུན་ཡོད་པས་ན། མི་ཤེས་པ་ལ་སོགས་པ་མ་རིག་པའི་མིང་གི་རྣམ་གྲངས་ཀྱང་བདུན་སྨོས་ཏེ། དུས་ལ་རྨོངས་པ་ནི་མི་ཤེས་པ་ཞེས་བྱའོ། །དངོས་པོ་ལ་རྨོངས་པ་ནི་མ་མཐོང་བ་ཞེས་བྱའོ། །འཕོ་བ་ལ་རྨོངས་པ་ནི་མངོན་པར་མ་རྟོགས་པ་ཞེས་བྱའོ། །མཆོག་ལ་རྨོངས་པ་ནི་མུན་པ་ཞེས་བྱའོ། །དེ་ཁོ་ན་ལ་རྨོངས་པ་ནི་གཏི་མུག་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་རྨོངས་པ་ནི་མ་རིག་པ་ཞེས་བྱའོ། །མངོན་པའི་ང་རྒྱལ་གྱིས་རྨོངས་པ་ནི་མུན་ནག་ཅེས་བྱའོ། །ཡང་ན་ཤེས་རབ་རྣམ་པ་གསུམ་སྟེ། མཉན་པའི་ཤེས་རབ་དང༌། སེམས་པའི་ཤེས་རབ་དང༌། བསྒོམ་པའི་ཤེས་རབ་བོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱའོ། །མ་རིག་པའི་རང་བཞིན་བསྟན་ནས་མ་རིག་པ་དེ་ཉན་པའི་ཤེས་རབ་ཀྱི་དེ་མི་མཐུན་པའི་ཕྱོགས་ཡིན་པས་ན་མཐོང་བའོ། །སེམས་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་ན་མངོན་པར་མ་རྟོགས་པའོ། །བསྒོམ་པའི་ཤེས་རབ་ཀྱི་མི་མཐུན་པའི་མཆོག་ཡིན་པས་ན་མུན་པའོ། །ཤེས་རབ་རྣམ་པ་གསུམ་གྱི་མི་མཐུན་པ་མ་རིག་པ་དང་དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་རྣམ་པ་གསུམ་མོ། །དེ་ལ་མ་རིག་པ་ཆུང་ངུ་ལ་ནི་གཏི་མུག་ཅེས་བྱའོ། །མ་རིག་པ་འབྲིང་པོ་ལ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པ་ཆེན་པོ་ལ་ནི་མུན་ནག་ཅེས་བྱ་སྟེ། མ་རིག་པའི་ཡན་ལག་བཤད་ཟིན་ཏོ། །དེ་ལ་འདུ་བྱེད་ཀྱི་ཡན་ལག་བཤད་པའི་སྐབས་ཡིན་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞེ་ན་དྲིས་པ་ལ་སོགས་པའོ། །དེ་ཉིད་བསྟན་པ་སྨྲས་པ་འདུ་བྱེད་གསུམ་སྟེ། །ལུས་ཀྱི་འདུ་བྱེད་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་མདོར་ན་འདི་སྐད་དུ་སྟོན་ཏེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་མཚན་ཉིད་ཀྱི་སེམས་


DTG207_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐྱེད་པའི་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ནི་འདུ་བྱེད་ཅེས་བྱའོ། །དེ་ལ་བསོད་ནམས་མ་ཡིན་པའི་འདུ་བྱེད་ནི། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་བྱེད་པ་ཚོར་བས་སྡུག་བསྔལ་མྱོང་བར་འགྱུར་བ་ནི་བསོད་ནམས་མ་ཡིན་པའི་འདུ་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་མི་བྱེད་པའི་ཚོར་བ་བདེ་བ་མྱོང་བར་བྱེད་པ་ནི་བསོད་ནམས་ཀྱི་འདུ་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པ་མི་བྱེད་པ་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་བྱེད་པ་ནི་མི་གཡོ་བའི་འདུ་བྱེད་དོ། །འདུ་བྱེད་གསུམ་མདོ་ཙམ་དུ་སྨོས་པ་རྒྱས་པར་བསྟན་པའི་ཕྱིར་དེ་ལ་ལུས་ཀྱི་འདུ་བྱེད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབུགས་འབྱུང་བའི་འདི་རླུང་ཕྱིར་འབྱུང་བ་སྟེ་གང་རླུང་ཕྱི་རོལ་ཏུ་རྒྱུ་བའོ། །རྔུབ་པ་ནི་དབུགས་ནང་དུ་རྒྱུ་བ་སྟེ་གང་རླུང་ནང་དུ་འཇུག་པའོ། །ལུས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་དང༌། རྐང་ལག་གཡོ་བ་དང༌། འགུལ་བ་ནི་ལུས་ཀྱི་ལས་ཀྱི་རང་བཞིན་ཡིན་པས་ལུས་ཀྱི་ཆོས་ཉིད་ཅེས་བྱའོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་གནས་ཏེ། སྐྱེ་བ་བཞིན་དུ་དབུགས་འབྱུང་བ་དང་རྔུབ་པ་ཡང་ལུས་ལ་གནས་པས་ན་ལུས་ལ་བརྟེན་པ་ཞེས་བྱའོ། །དཔེར་ན་ལུས་དབྱུང་བ་ནི་གྲིབ་མ་འབྱུང་སྟེ། ལུས་དང་གྲིབ་མ་གཉིས་འབྲེལ་བ་བཞིན་དུ་ལུས་ཡོད་ན་ཡང་དབུགས་འབྱུང་བ་དང་རྔུབ་པ་སྐྱེ་སྟེ། དེ་གཉིས་ཕན་ཚུན་འབྲེལ་བས་ན་ལུས་དང་འབྲེལ་བ་ཞེས་བྱའོ། །དཔེར་ན་ལུས་མེད་ན་གྲིབ་མ་འཇིག་པ་བཞིན་དུ། ལུས་འདི་མེད་ན་ཡང་དབུགས་འབྱུང་བ་དང་རྔུབ་པ་མེད་པར་འགྱུར་བས་ན། ལུས་ལ་གནས་ནས་རབ་ཏུ་འབྱུང་བ་ཞེས་བྱའོ། །དབུགས་འབྱུང་བ་དང་རྔུབ་པ་ལུས་ཀྱི་འདུ་བྱེད་དུ་བཤད་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། དགེ་


DTG207_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་སེམས་པས་བསྐྱེད་པའི་དགེ་བའི་ལུས་ཀྱི་ལས་ལ་སོགས་པ་ཡང༌། ལུས་ཀྱི་ལས་ཡིན་པར་བསྟན་ཏེ། གཞན་དུ་ན་དགེ་བའི་ལུས་ཀྱི་ལས་དང༌། མི་དགེ་བའི་ལུས་ཀྱི་ལས་ལུས་ཀྱི་འདུ་བྱེད་མི་འགྱུར་རོ། །འདི་ལྟར་རྒྱུ་ལས་འབྲས་བུ་བཏགས་ཏེ་བསྟན་པ་ཡིན་པར་བསྡུ་བའི་ཕྱིར། དེ་བས་ན་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་འབྱུང་བ་དང་རྔུབ་པའི་རྒྱུ་ནི་ལུས་ཡིན་ནོ། །གང་ལུས་ཀྱི་གཡོ་བ་དེ་ལ་ལུས་ཀྱི་ལས་ཞེས་བྱ་བ་ལས་དབུགས་འབྱུང་བ་དང་རྔུབ་པ་ཡང་ལུས་ལས་བྱུང་བས་ན། རྒྱུ་ལུས་ཀྱི་མིང་འབྲས་བུ་དབུགས་འབྱུང་བ་དང་རྔུབ་པ་ལ་བཏགས་ནས། དེ་བས་ན་དབུགས་འབྱུང་བ་དང་རྔུབ་པ་ལ་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །ངག་གི་འདུ་བྱེད་བསྟན་པའི་ཕྱིར། ངག་གི་འདུ་བྱེད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བཏགས་ཞེས་བྱ་བ་ལ་རྩིང་གེ་མར་སེམས་པ་ནི་རྣམ་པར་བརྟགས་ཅེས་བྱའོ། །ཞིབ་ཏུ་སེམས་པ་ནི་རྣམ་པར་དཔྱོད་པ་སྟེ། བསམས་ནས་ཚིག་ཏུ་སྨྲ་བས་ན་ཚིག་འབྱུང་བའི་རྒྱུ་རྣམ་པར་བརྟག་པ་དང་རྣམ་པར་དཔྱད་པ་ལ་ངག་གི་འདུ་བྱེད་ཅེས་བྱའོ། །རྣམ་པར་མ་བརྟགས་པ་དང་ཞེས་བྱ་བ་ནི་རྩིང་གེ་མར་བསམས་ཞིབ་ཏུ་སེམས་པ་མེད་པར་ཚིག་ཏུ་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ངག་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཏེ། རླུང་ལས་སྐྱེས་པ་ཡིན་ལ་རྟོག་པ་དང་དཔྱོད་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ན། ཇི་ལྟར་རྟོག་པ་དང་དཔྱོད་པ་ལ་ངག་གི་འདུ་བྱེད་ཅེས་བྱའོ། །ལན་དུ་འདིར་ཡང་རྒྱུ་ལ་འབྲས་བུ་བཏགས་ཏེ། འདིར་ཡང་དགེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དན་རྣམ་པར་དཔྱོད་པ་གཉིས་ནི་ངག་སྐྱེད་པར་བྱེད་པའི་རྒྱུ་སྟེ། དེ་བས་ན་རྒྱུ་རྟོག་པ་དང་དཔྱོད་པ་ལ་འབྲས་བུ་ངག་བཏགས་ནས་རྣམ་པར་རྟོག་པ་དང་དཔྱོད་པ་ཡང་ངག་གིས་འདུ་བྱེད་བཤད་དོ། །དེ་ལྟ་བུར་ཡང་འཇིག་རྟེན་དང་གསུང་རབ་ལས་ཀྱང་མཐོང་སྟེ། དཔེར་ན་འཇིག་རྟེན་ནི་མི་བདེ་བ་ཞེས་བྱ་བ་དང༌། གསུང་རབ་ལས་ཀྱང་སངས་རྒྱས་འབྱུང་བ་བདེ་ཞེས་བྱ། མེ་ནི་ཚིག་པའི་རང་བཞིན་ཡིན་པས་བདེ་བ་མ་ཡིན་ཡང༌། མེ་


DTG207_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འབྲས་བུ་དྲོ་བ་བདེ་བ་སྐྱེ་བའི་ཕྱིར་མི་བདེ་ཞེས་བྱ་བ་དང༌། སྐྱེ་བ་ཐམས་ཅད་ནི་སྡུག་བསྔལ་ཡིན་པར་བཤད་པས་སངས་རྒྱས་འབྱུང་བ་ལ་བདེ་བ་མེད་མོད་ཀྱིས། སངས་རྒྱས་འབྱུང་བའི་རྒྱུ་ལ་སེམས་ཅན་མྱ་ངན་ལས་འདའ་བ་དང༌། མཐོ་རིས་བདེ་བ་ཐོབ་པའི་འབྲས་བུ་འབྱུང་བའི་ཕྱིར་སངས་རྒྱས་འབྱུང་བ་བདེ་ཞེས་བྱ་བ་ལྟ་བུའོ། །ཡིད་ཀྱི་འདུ་བྱེད་བསྟན་པར་སྨྲས་པ། ཡིད་ཀྱི་འདུ་བྱེད་གང་ཞ་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཆགས་པའི་སེམས་ཞེས་བྱ་བ་ལུས་དང་ལོངས་སྤྱོད་ལ་ཞེན་པ་ནི་ཆགས་པའི་སེམས་སོ། །སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་བའི་སེམས་སོ། །ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མི་ཤེས་པ་ནི་གཏི་མུག་པའི་སེམས་སོ། །སྲོག་ཆགས་གང་འདོད་ཆགས་པའི་སེམས་ཀྱིས་འདོད་ཆགས་པའོ། །དེ་བཞིན་དུ་གང་ཞེ་སྡང་དང་བཅས་པའི་སེམས་ཀྱི་ཞེ་སྡང་དང་བཅས་པ་དང༌། རྨོངས་པ་དང་བཅས་པའི་སེམས་ཀྱི་གཏི་མུག་དང་ལྡན་པའི་སེམས་དེ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །སེམས་ལས་བྱུང་བའི་ཆོས་འདི་ཞེས་བྱ་བ་ནི་འདོད་ཆགས་པ་དང༌། ཞེ་སྡང་བ་དང་གཏི་མུག་པའི་སེམས་གསུམ་སེམས་ཀྱི་ཆོས་མ་ཡིན་གྱིས་སེམས་ལས་བྱུང་བའི་ཆོས་མ་ཡིན་པས་ན་སེམས་ལས་བྱུང་བའི་ཆོས་འདི་ཞེས་གསུངས་སོ། །དེའི་བཤད་པ་ནི་སེམས་ལ་བརྟེན་པས་ཞེས་བྱའོ། །དེའི་བཤད་པ་ཡང་སེམས་ཀྱི་རྒྱུ་ཞེས་བྱའོ། །དེའི་བཤད་པ་ཡང་སེམས་དང་འབྲེལ་བ་ཞེས་བྱའོ། །དེའི་བཤད་པ་ཡང་སེམས་ལ་གནས་པས་རབ་ཏུ་འབྱུང་སྟེ་ཞེས་བྱའོ། །ཡང་ན་སེམས་འདི་སེམས་ལས་བྱུང་བའི་ཆོས་རྣམས་ལ་རྣམ་པར་ལྔ་ལྟ་བུས་རྒྱུ་བྱེད་དེ། །སྐྱེད་པ་དང་རྟེན་པ་དང༌། གནས་པ་དང་བརྟན་པ་དང་སྤེལ་བའོ། །སེམས་ལས་བྱུང་བའི་ཆོས་ཞེས་བྱ་བས་བསྐྱེད་པ་བསྟན་ཏེ། སེམས་མེད་ན་སེམས་ལས་བྱུང་བའི་ཆོས་ཀྱང་མི་སྐྱེ་ལ། སེམས་སྐྱེས་ནས་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་སྐྱེ་བའི་ཕྱིར་རོ། །སེམས་ལ་བརྟན་ཞེས་བྱ་བས་བརྟེན་པ་བསྟན་ཏེ། །སེམས་ཉམས་ན་སེམས་ལས་བྱུང་བ་ཡང་ཉམས་པར་འགྱུར་བས་སོ། །སེམས་ཀྱི་རྒྱུ་ཞེས་བྱ་བས་གནས་པ་


DTG207_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། །སྲིད་དུ་སེམས་དེ་ཡོད་ཀྱི་བར་དུ་དེའི་རྒྱུ་སེམས་ལས་བྱུང་བ་ཡང་གནས་པའི་ཕྱིར་རོ། །སེམས་དང་འབྲེལ་ཞེས་བྱ་བས་བརྟེན་པ་བསྟན་ཏེ། སེམས་ཀྱི་རྟག་ཏུ་སེམས་ལས་བྱུང་བ་ལ་བསྟངས་ཤིང་གྲོགས་བྱས་པའི་ཕྱིར་རོ། །སེམས་ལ་གནས་ནས་རབ་ཏུ་བྱང་ཞེས་བྱ་བས་སྤེལ་བ་བསྟན་ཏེ། སེམས་རྟས་པར་གྱུར་ན་སེམས་ལས་བྱུང་བ་ཡང་རྟས་པར་འགྱུར་བའི་ཕྱིར་རོ། །དེ་ལ་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་གསུམ་ཆར་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་འདུ་བྱེད་འབའ་ཞིག་ཡོད་པར་ཟད་དོ། །བརྒལ་བ་མདོ་གཞན་དག་ལས། བཅོམ་ལྡན་འདས་ཀྱི་འདས་པའི་དུས་ན། གང་ལས་དགེ་བ་ལ་སོགས་པ་སྤྱོད་པ་དེ་ནི་འདུ་བྱེད་དུ་བཤད་ན། འདིར་སྤྱིར་འདས་པ་དང་མ་འོངས་པ་དན་ད་ལྟར་གྱི་ལས་ལ་འདུ་བྱེད་ཅེས་བཤད་པས་འགལ་ལོ། །ལན་དུ་འདིར་སྤྱིར་སྨོས་ཀྱང་བཤད་པའི་དབང་གི་ཁྱད་པར་རིག་པར་འགྱུར་རོ། །གང་འདས་པའི་དུས་ན་ལས་དགེ་བ་ལ་སོགས་པ་བྱས་པ་དེ་ཉིད་འདུ་བྱེད་ཅེས་རིག་པར་བྱ་སྟེ། གཞན་དུ་ན་གསུང་རབ་གཞན་དན་འགལ་བར་མི་འགྱུར་རོ།། །།འདུ་བྱེད་བཤད་ནས་རྣམ་པར་ཤེས་པའི་ཡན་ལག་བསྟན་པའི་ཕྱིར། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མིག་གི་དབང་པོ་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཀྱི་མཚན་ཉིད་རིག་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་སྤྱིར་སྨོས་མོད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ལ་འདུ་བྱེད་ཀྱི་རྐྱེན་ཞེས་མི་བྱའི། །བག་ལ་ཉལ་བསགས་པ་དང་ལྡན་པས་དང་པོར་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱོར་བ་དེ་ཉིད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་དགོངས་པའོ། །དེ་ལྟ་མ་ཡིན་གྱི་རྣམ་པར་ཤེས་པ་ཅི་ལ་བྱ་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་མདོག་ཞན་དག་ལས། མའི་མངལ་དུ་མཚམས་སྦྱོར་བའི་སྐད་ཅིག་མ་ན། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་རྣམ་པར་ཤེས་པའི་ཡན་ལག་ཏུ་བཤད་པ་དང་འགལ་ལོ། །དེ་ཡང་ཅིས་མངོན་ཞེ་ན། མདོ་ལས། དགའ་བོ་རྣམ་པ་ཤེས་པ་མ་ཞུགས་པར་མེར་མེར་པོ་ལ་སོགས་པར་


DTG207_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་གཟུགས་འབྱུང་བ་ཡོད་དམ། གསོལ་བ། མ་ལགས་སོ་ཞེས་བྱ་བ་ལྟ་བུའོ། །དེར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་བར་དགོངས་པའོ། །དེ་ལ་འདོད་པའི་ཁམས་ན་ནི། རྣམ་པར་ཤེས་པ་དྲུག་ཆར་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་ཟས་ཁམ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བས་སྣ་དང་ལྕེ་རྣམ་པར་ཤེས་པ་མེད་ཀྱི་མིག་དང་རྣ་བ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་བཞི་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་དབང་པོ་ལྔ་མེད་པའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་བཤད་དོ། །རྣམ་པར་ཤེས་པ་བཤད་ནས་མིང་དང་གཟུགས་ཀྱི་ཡན་ལག་བསྟན་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འགྲོ་བ་གཞན་དུ་གཞོལ་བར་བྱེད་པས་ན་མིང་སྟེ། སྐྱེ་གནས་གཞན་དུ་འགྲོ་བར་བྱེད་ཅེས་བྱ་པའི་དོན་ཏོ། །ཡང་ན་གཟུགས་ལ་སོགས་པའི་དོན་ལ་དམིགས་པ་བྱེད་པའི་ཕྱིར་མིང་སྟེ། དམིགས་པ་རྣམས་ལེན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཐོགས་པ་དང་བཅས་ཤིང་གནོད་པར་བྱར་རུང་བའི་ཕྱིར་གཟུགས་ཏེ། དེ་གཉིས་གཅིག་ཏུ་བསྡོམས་ན་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་མདོར་བསྟན་པ་དེ་གཉིས་རྒྱས་པར་བཤད་པའི་ཕྱིར་མིང་དང་གཟུགས་མེད་པའི་ཕུང་པོ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་དགེ་བ་དང་མི་དགེ་བའི་འབྲས་བུ་མྱོང་བར་བྱེད་པ་ནི་ཚོར་བའོ། །ཡུལ་ལ་མཚན་མར་འཛིན་པ་ནི་འདུ་ཤེས་སོ། །སེམས་ལ་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་དོ། །ཡུལ་རྣམས་སོ་སོར་རིག་པར་བྱེད་པ་ནི་རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་ལ་མིང་ཞེས་བྱའོ། །གོང་དུ་གཟུགས་ཞེས་སྨོས་པ་དེ་ལ། གཟུགས་གང་ཡིན་པ་དང༌། གྲངས་སུ་ཡོད་པས་མི་ཤེས་པས་ཐེ་ཚོམ་དུ་གྱུར་ནས། དེའི་ཕྱིར་གཟུགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཅུང་ཟད་གཟུགས་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཅུང་ཟད་གཟུགས་ཞེས་བྱ་བ་ནི། འདས་པའི་གཟུགས་དང༌། མ་འོངས་པའི་གཟུགས་དང༌། ད་ལྟར་གྱི་གཟུགས་དང༌། ནང་གི་གཟུགས་དང༌། ཕྱིའི་


DTG207_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་རྣམ་པ་གཉིས་སུ་འདུས་ཏེ། འབྱུང་བ་ཆེན་པོ་བཞིའི་གཟུགས་དང༌། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་སུ་འདུའོ། །འདིའི་རྒྱུའི་གཟུགས་དང་འབྲས་བུའི་གཟུགས་གཉིས་སྨྲས་པ་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་ནི་རྒྱུའི་གཟུགས་སོ། །འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་ནི་འབྲས་བུའི་གཟུགས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་རྣམས་ནི་རྣམ་པ་བཅུ་གཅིག་གོ་ཞེས་གང་གོང་དུ་བཤད་པའོ། །གྱུར་པའི་སྒྲ་ནི་རྒྱུ་ལ་བྱ་སྟེ། རྒྱུ་རྣམ་པ་ལྔས་འབྱུང་བ་ཆེན་པོ་རྣམས་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་རྒྱུ་བྱེད་དེ། དཔེར་ན་ཤིང་ལ་བརྟེན་ནས་མི་འབྱུང་ཞེས་བཤད་ན། ཤིང་གི་རྒྱུ་ལས་མེ་སྐྱེ་ཞེས་བྱ་བའི་དོན་དང་འདྲའོ། །རྒྱུ་ལྔ་ནི་བསྐྱེད་པ་དང༌། གཞི་དང༌། རྟེན་པ་དང༌། རྟོན་པ་དང༌། འཕེལ་བར་བྱེད་པའོ། །དེ་ལ་བསྐྱེད་པ་ནི་འབྱུང་བ་མེད་པར་འབྱུང་བ་ལས་གྱུར་པའི་གཟུགས་མི་སྐྱེ་བའི་ཕྱིར་རོ། །གཞི་ནི་འབྱུང་བ་ལ་མ་གཏོགས་པར་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཡུལ་གཞན་དུ་གནས་ཤིང་བརྟེན་པའི་མཐུ་མེད་པའི་ཕྱིར་རོ། །རྟེན་པ་ནི་འབྱུང་བ་ཉམས་ཏེ་གྱུར་ན་དེ་ལ་བརྟེན་པའི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་གཞན་དུ་འགྱུར་བའི་ཕྱིར་རོ། །རྟོན་པ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་འདྲ་བར་སྐྱེ་བའི་ཚེ་ན། འབྱུང་བས་འབྱུང་བ་ལས་གྱུར་བའི་གཟུགས་ཀྱི་རྒྱུ་རྒྱུན་མི་འཆད་པར་འཛིན་པའི་ཕྱིར་རོ། །འཕེལ་བ་ནི་འབྱུང་བ་འཕེལ་བའི་དུས་ན་ཡང༌། འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་འཕེལ་ཞིང་རྟག་པར་འགྱུར་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། །དེའི་ཕྱིར་འདི་ལྟ་སྟེ། སའི་ཁམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁམས་ཀྱི་སྒྲ་ནི་འཛིན་པ་ལ་བྱ་སྟེ། རང་གི་མཚན་ཉིད་འཛིན་པ་དང༌། འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པའི་ཕྱིར་ཁམས་ཞེས་བྱའོ། །རང་གི་མཚན་ཉིད་འཛིན་པ་ནི་སའི་ཁམས་སྲ་བའི་མཚན་ཉིད་འཛིན་པ་དང༌། ཆུའི་ཁམས་གཤེར་བའི་མཚན་ཉིད་འཛིན་པ་དང༌། མེའི་ཁམས་དྲོ་བའི་མཚན་ཉིད་འཛིན་པ་དང༌། རླུང་གི་ཁམས་གཡོ་བའི་མཚན་ཉིད་འཛིན་པའོ། །འབྱུང་བ་ལས་གྱུར་པའི་གཟུགས་


DTG207_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ནི། རྒྱུའི་ངོ་བོར་འཛིན་ཏེ་དེ་དག་གི་རྒྱུ་བྱེད་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་ཡང་བཞི་ཉིད་དེ་དོན་མེད་པ་དང༌། མི་ནུས་པའི་ཕྱིར། ཁྲིའི་རྐང་པ་བཞིན་པས་ལྔ་དང་གསུམ་དུ་མ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་ཀྱི་རང་བཞིན་མ་ཤེས་ནས་དེ་བསྟན་པར་བྱ་བའི་ཕྱིར་སའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལྕི་བ་དང་སྲ་བའོ་ཞེས་བྱ་བ་ལ་སྲང་གི་མགོ་དམའ་ཞིང་མཇུག་མཐོ་བར་གྱུར་པ་ནི་ལྕི་བའོ། །དེ་ལ་ལྕི་བ་ནི་ལྕི་བ་དང་ཡང་བ་ཞེས་བྱ་བ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད་དེ། །དེ་དགར་བར་བྱ་བའི་ཕྱིར་སྲ་བ་ཞེས་བྱ་བ་སྨོས་སོ། །སྲ་བ་སྨོས་པ་ནི་འབྱུང་བ་ལས་གྱུར་པའི་གཟུགས་དགར་བ་ཡིན་ཏེ། རྩུབ་པ་དང་མཁྲང་བ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ལས་གྱུར་པའི་གཟུགས་ལྕི་བ་ཡིན་ཡང་སྲ་བ་དང་མཁྲང་བའི་རང་བཞིན་མ་ཡིན་ནོ། །ཆུའི་ཁམས་གང་ཞེ་ན། གང་གཤེར་བ་དང་རློན་པའོ་ཞེས་བྱ་བ་ལ། བདག་རང་གི་མཚན་ཉིད་ནི་གཤེར་བའོ། །གཞན་ལ་ཡང་གཤེར་བར་བྱེད་པས་ནི་རླན་པའོ། །མེའི་ཁམས་གང་ཞེ་ན། གང་དྲོ་བ་དང་སྨིན་པར་བྱེད་པའོ་ཞེས་བྱ་བ་ལ་རང་ཉིད་ཚ་བའི་རང་བཞིན་ཡིན་པས་དྲོ་བའོ། །རྫས་གཞན་ལ་ཡང་དྲོ་བ་དང་སྨིན་པར་བྱེད་པས་ན་སྨིན་པའོ། །རླུང་གི་ཁམས་གང་ཞེ་ན། གང་བསྐུམ་པ་དང༌། རྨྱང་བ་དང༌། ཡང་ཞིང་གཡོ་བའོ་ཞེས་བྱ་བ་ལ། ལུས་ཀྱི་རྐང་ལག་ལ་སོགས་པ་ནང་དུ་བསྐུམ་ཞིང་ཕྱིར་རྨྱངས་པ་དང༌། ཕྱིའི་འདབ་མ་ལ་སོགས་པ་གཡོ་ཞིང་ཁྱེར་བར་བྱེད་པ་ནི་རླུང་གི་ཁམས་སོ། །ཡང་ན་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད་དེ། །དེ་དང་འཁྲུལ་བར་མི་འགྱུར་བར་བྱ་བའི་ཕྱིར་གཡོ་བ་ཞེས་བྱ་བའི་རྣམ་གྲངས་སྨོས་སོ། །དེ་ལ་ཡང་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ནོ། །གཡོ་བ་ནི་རླུང་གི་ཁམས་ཀྱི་ལས་ཏེ། གཡོ་བ་ཞེས་བྱ་བ་ལས་བསྟན་པའི་སྒོ་ནས་ཡང་བ་ཞེས་བྱ་བའི་རང་བཞིན་གསལ་བར་འགྱུར་ཏེ། གང་གཡོ་བའི་བདག་ཉིད་དུ་ཡང་བ་ནི་རླུང་གི་ཁམས་སོ། །གང་གཡོ་བ་མེད་པ་ལ་ཡང་བ་འབའ་ཞིག་ཡོད་པ་དེ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཡིན་ནོ། །དེ་ལས་ཞེས་


DTG207_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྨོས་པས་ཆོག་མོད། ཁམས་ཞེས་སྨོས་ཅི་དགོས་ཤེ་ན། ས་འབའ་ཞིག་སྨོས་ན་ནི་འབྱུང་བ་ལས་གྱུར་པ་དཀར་པོ་དང་དམར་པོ་ལ་ཡང་འཇིག་རྟེན་ནས་ཞེས་བྱ་སྟེ། དེ་དང་ནོར་བར་འགྱུར་བ་དགག་པའི་ཕྱིར་ཁམས་ཀྱི་སྒྲ་སྨོས་སོ། །གང་གོང་དུ་བཤད་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་གཟུགས་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཀྱི་གཟུགས་འདི་དང༌། གོང་དུ་བཤད་པའི་གཟུགས་མེད་པའི་མིང་གི་ཕུང་པོ་བཞི་གཅིག་ཏུ་བསྡུས་ན་མིང་དང་གཟུགས་ཞེས་བྱའོ། །མངོན་པའི་ཆོས་ལས་ནི་གཟུགས་རྣམ་པ་གསུམ་སྟེ། བལྟར་སྣང་བ་ལ་ཐོགས་པ་དང་བཅས་པ་དང༌། བལྟར་མི་སྣང་བ་ལ་ཐོགས་པ་དང་བཅས་པ་དང༌། བལྟར་ཡང་མི་སྣང་བ་ཐོགས་པ་ཡང་མེད་པའོ། །མིང་ཡང་གསུམ་སྟེ། རྣམ་པར་ཤེས་པའི་ཕུང་པོ་མ་གཏོགས་པར་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་དང་གཟུགས་གསུམ་དང་མིང་གསུམ་གཅིག་ཏུ་བསྡུས་ནས་མིང་དང་གཟུགས་ཞེས་བྱའོ། །དེ་ལ་བལྟར་སྣང་ལ་ཐོགས་པ་དག་བཅས་པའི་གཟུགས་ནི། གང་མིང་གི་དབང་པོའི་ཡུལ་དུ་གྱུར་པ་གཟུགས་ཞེས་རྣམ་པར་གཞག་པའོ། །བལྟར་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། རྫས་དགུ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་དང༌། སྒྲ་དང་དྲི་དང་རོ་དང་རེག་སྟེ་ཡུལ་བཞིའོ། །བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །སྐྱེ་མཆེད་དྲུག་བསྟན་པའི་ཕྱིར། མིང་གང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་མཆེད་ནི་དྲུག་དག་ཏུ་ཟད་དོ། །སྐྱེ་མཆེད་དྲུག་མིང་ཙམ་སྨོས་པ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་མིག་གི་སྐྱེ་མཆེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་གཟུགས་ཀྱི་རྒྱུ་ལས་ནི། མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་འབྱུང་ངོ༌། །མིང་གི་ཕུང་པོ་བཞི་རྒྱུ་ལས་ནི་ཡིད་ཀྱི་སྐྱེ་མཆེད་འབྱུང་བར་འགྱུར་རོ། །ཡང་ན་འབྱུང་བ་ཆེན་པོ་བཞི་དངས་པ་དང་གསལ་བར་གྱུར་ན་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་


DTG207_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱི་བར་དུ་འགྱུར་རོ། །མིང་གི་ཕུང་པོ་བཞི་གསལ་བར་གྱུར་ན། ཡིད་ཀྱི་སྐྱེ་མཆེད་དུ་འགྱུར་རོ། །དེ་ལ་གཟུགས་སྤྱོད་ཡུལ་དུ་གྱུར་པ་ལྟ་བའི་བདག་ཉིད་ཅན་གཟུགས་དངས་ཤིང་གསལ་བ་ནི་མིག་གི་སྐྱེ་མཆེད་དོ། །སྒྲ་སྤྱོད་ཡུལ་དུ་གྱུར་པ་ཉམས་པའི་བདག་ཉིད་ཅན་གཟུགས་དངས་ཤིང་གསལ་བ་ནི་རྣ་བའི་སྐྱེ་མཆེད་དོ། །དྲི་སྤྱོད་ཡུལ་དུ་གྱུར་པ་སྣོམ་པའི་བདག་ཉིད་ཅན་གཟུགས་དངས་ཤིང་གསལ་བ་ནི་སྣའི་སྐྱེ་མཆེད་དོ། །རོའི་སྤྱོད་ཡུལ་དུ་གྱུར་པ་མྱང་བའི་བདག་ཉིད་ཅན་གཟུགས་དང་ས་ཤིང་གསལ་བ་ནི་ལྕེའི་སྐྱེ་མཆེད་དོ། །རེག་བྱའི་སྤྱོད་ཡུལ་དུ་གྱུར་པ་འཇམ་རྩུབ་ལ་སོགས་པ་ཚོར་བའི་བདག་ཉིད་ཅན་གཟུགས་དངས་ཤིང་གསལ་བ་ནི་ལུས་ཀྱི་སྐྱེ་མཆེད་དོ། །ཆོས་སྤྱོད་ཡུལ་ཅན་དུ་གྱུར་པར་ཤེས་ཤིང་རིག་པའི་བདག་ཉིད་ཅན་ནི་ཡིད་ཀྱི་སྐྱེ་མཆེད་དོ། །འདོད་པའི་ཁམས་ན་ནི་སྐྱེ་མཆེད་དྲུག་ཅར་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་སྣ་དང་ལྕེ་གཉིས་མ་གཏོགས་པ་ལྷག་མ་བཞིའོ། །གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་སྐྱེ་མཆེད་འབའ་ཞིག་ཡོད་པར་ཟད་དོ། །རེག་པ་བསྟན་པར་བྱ་བའི་ཕྱིར། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སྨོས་སོ། །གྲངས་སྨོས་པའི་བར་དུ་བྱེད་པ་བསྟན་པའི་ཕྱིར། མིག་གི་ཀུན་རེག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་བས་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ལ་རེག་པ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་སྒྲ་དང་རྣ་བའི་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ནི་རྣ་བའི་ཀུན་ཏུ་རེག་པ་ཞེས་བྱ་བ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་མིག་གི་ཀུན་དུ་རེག་པ་ནས་ལུས་ཀྱི་ཀུན་ཏུ་རེག་པའི་བར་དུ་ལྔ་ནི། ཐོགས་པ་དང་བཅས་པའི་རེག་པ་ཞེས་བྱ་སྟེ། མིག་ལ་སོགས་པའི་དབང་པོ་ཐོགས་པ་དང་བཅས་པ་བརྟེན་པའི་ཕྱིར་རོ། །ཡིད་ཀྱི་ཀུན་ཏུ་རེག་པ་ནི་ལྷག་པར་ཡུལ་ལ་འཇུག་པའི་རེག་པ་ཞེས་བྱ་སྟེ། མིག་ལ་སོགས་པས་གཟུགས་ཀྱི་དབང་དུ་བྱས་ཏེ། མཐོང་བ་


DTG207_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྗེས་ལ་ཡིད་ཀྱིས་དཔྱོད་པར་བྱེད་པས་ན། ལྷག་པར་ཡུལ་ལ་འཇུག་པའི་རེག་པ་ཞེས་བྱའོ། །ཚོར་བ་བཤད་པར་བྱ་བའི་ཕྱིར། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོར་བའི་ཚོགས་དྲུག་ཅེས་བྱ་བས་གྲངས་བསྟན་ཏོ། །གྲངས་བསྟན་པ་ཉིད་ཀྱིས་དབྱེ་བ་བསྟན་པའི་ཕྱིར། མིག་གི་ཀུན་ཏུ་རེག་པ་ལས་བསྟན་པའི་ཚོར་བ་ཞེས་བྱ་བ་སྨོས་ཏེ། མིག་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཚོགས་པ་ལས་གང་སྐྱེས་པའི་ཚོར་བ་ནི་མིག་གི་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ཞེས་བྱའོ། །དེ་ཡང་ཡུལ་དུ་འོང་བ་དང༌། ཡུལ་ཡིད་དུ་མི་འོང་བ་དང་ཡུལ་གཉིས་ག་མ་ཡིན་པ་ཕྲད་པའི་རྒྱུ་ལས་ཚོར་བ་རྣམས་པ་གསུམ་དུ་འགྱུར་ཏེ། བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྐྱེའོ། །དེ་ལ་ཡུལ་ཡིད་དུ་འོང་བ་དང་ཕྲད་ན་ནི་བདེ་བའི་ཚོར་བ་སྐྱེའོ། །ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ན་ནི་སྡུག་བསྔལ་གྱི་ཚོར་བ་སྐྱེའོ། །ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་མི་འོང་བ་ཡང་མ་ཡིན་པ་དང་ཕྲད་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་སྐྱེ་སྟེ། དེ་བཞིན་དུ་སྒྲ་སྙན་པ་དང༌། མི་སྙན་པ་དང་གཉི་ག་མ་ཡིན་པ་དང་ཕྲད་པའི་སྒོ་ནས། རྣ་བའི་ཀུན་ཏུ་རེག་པ་ལས་ཀྱང་ཚོར་བ་རྣམ་པ་གསུམ་སྐྱེ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །དེ་ལ་སིམ་པར་བྱེད་པ་ནི་བདེ་བའི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་འདོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །གདུང་བར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་གནོད་པར་བྱེད་ཅེས་བྱ་བའི་དོན་ཏོ། སིམ་པར་ཡང་མི་བྱེད་གདུང་བར་ཡང་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ལུས་དང་དབང་པོ་དང་ཡིད་ལ་རྗེས་སུ་འཛིན་ཅིང་ཕན་འདོགས་པའི་ཚོར་བ་གང་སྐྱེས་ན། སྐྱེས་པའི་ཚེ་དང་གནས་པའི་ཚེ་ན་བདག་བདེའོ་


DTG207_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་སེམས་ལ། དེ་དང་བྲལ་ན་བདག་སྡུག་བསྔལ་ལོ་སྙམ་དུ་སེམས་པ་ནི་བདེ་བའི་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པར་བྱེད་པས། གང་སྐྱེས་པ་དང་གནས་པའི་ཚེ་ན་བདག་སྡུག་བསྔལ་ལོ་སྙམ་དུ་སེམས་ལ། དེ་དང་བྲལ་ན་བདག་བདེའོ་སྙམ་དུ་སེམས་པ་ནི་སྡུག་བསྔལ་བའི་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་པས། གང་སྐྱེས་པ་དང་གནས་པའི་ཚེ་ན་བདེའོ་སྙམ་དུ་ཡང་མི་སེམས་སྡུག་བསྔལ་ལོ་སྙམ་དུ་ཡང་མི་སེམས་པ་ནི། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ། །དེ་ལ་ཡིད་ཀྱི་ཀུན་ཏུ་རེག་པའི་ཚོར་བ་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། མིག་གི་ཀུན་ཏུ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པའི་བར་དག་གི་སིམ་པ་ལ་ནི་བདེ་བའི་ཚོར་བ་ཞེས་བྱ། གདུང་བ་ལ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ། །དེ་ལ་ཡིད་ཀྱི་ཀུན་ཏུ་རེག་པའི་ཚོར་བ་སིམ་པ་ལ་ནི། །མིང་དུ་བདེ་བའི་ཚོར་བ་ཞེས་བྱ་བའི་ཡིད་བདེ་བའི་ཚོར་བ་ཞེས་བྱ་བ་དང༌། གདུང་བ་ལ་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ་མི་བྱའི། ཡིད་མི་བདེ་བའི་ཚོར་བ་ཞེས་བྱའོ། །དེ་ལ་མིག་གི་ཀུན་ཏུ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ནི། དབང་པོ་གཟུགས་ཅན་ལ་བརྟེན་ནས་ལུས་ཀྱི་ཚོར་བ་ཞེས་བྱའོ། །ཡིད་ཀྱི་ཀུན་ནས་རེག་པ་ནས་སྐྱེས་པའི་ཚོར་བ་ནི། སེམས་ལ་བརྟེན་པའི་ཕྱིར་སེམས་ཀྱི་ཚོར་བ་ཞེས་བྱའོ། །བརྒལ་བ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་མ་གཏོགས་པའི་བདེ་བ་ཡང་མ་ཡིན་པ་སྡུག་བསྔལ་བ་ཡང་མ་ཡིན་པ་ཞེས་བྱ་བའི་ཚོར་བ་གསུམ་པོ་ཡོད་པར་ཅིས་མངོན། སྨྲས་པ་ལུད་དང་རིག་པས་མངོན་ཏེ། ལུང་ལས་བདེ་བ་དང༌། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ནས། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དྲན་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །


DTG207_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡང་ཡོད་དེ་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མི་སྲིད་པས། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མ་མྱོང་བའི་དུས་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རང་བཞིན་ཚོར་བ་ཀུན་ལ་རང་གིས་རིག་པ་ཡོད་པའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་ན་ཚོར་བ་གསུམ་ཆར་དང་ལྡན་ནོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཚོར་བ་བདེ་བ་དང་བཏང་སྙོམས་གཉིས་ཀ་དང་ལྡན་ནོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གསུམ་པ་ཡན་ཆད་ནས་སྲིད་པའི་སྲེད་པའི་རྩེ་མོ་མན་ཆད་ནི་ཚོར་བ་བཏང་སྙོམས་འབའ་ཞིག་དང་ལྡན་ནོ། །སྲེད་པ་བསྟན་པའི་བྱ་བའི་ཕྱིར་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་གསུངས་ཏེ། སྲེད་པ་ཞེས་བྱ་བ་ནི་ཆགས་པ་དང༌། ཞེན་པ་དང༌། འདོད་ཆགས་དང༌། རབ་ཏུ་ཆགས་པ་ཞེས་བྱ་བ་རྣམ་གྲངས་སུ་གཏོགས་སོ། །གཟུགས་ལ་སོགས་པའི་ཡུལ་དྲུག་ལ་ཆགས་པ་ནི་སྲེད་པ་ཞེས་བྱ་བ་སྟེ། སྲེད་པ་སྲེད་པའི་ལོངས་སྤྱོད་ལ་ཚྭ་ཆུ་འཐུང་བ་བཞིན་དུ་རྒྱུན་དུ་སྤྱོད་ཀྱང་ངོམས་མི་མྱོང་བ་ནི་སྲེད་པའོ། །ཕྱེ་མ་ལེབ་བརླག་པའི་གནས་མེའི་གཟུགས་ལ་ཆགས་པ་དེ་བཞིན་དུ་མི་གཙང་བའི་རང་བཞིན་བརླག་པའི་གནས་བུད་མེད་དང༌། སྐྱེས་པ་གཉིས་གཅིག་གི་གཟུགས་ལ་གཅིག་ཆགས་པ་ནི་གཟུགས་ལ་སྲེད་པ་ཞེས་བྱའོ། །བརླག་པའི་གནས་ནི་རི་དགས་གླུ་ལ་ཆགས་པ་བཞིན་དུ་སྒྲ་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་སྒྲ་ལ་སྲེད་པ་ཞེས་བྱའོ། །མི་གཙང་བའི་སྦྲང་བུ་མི་གཙང་བའི་དྲི་ལ་དམ་པར་འཛིན་ཅིང་ཆགས་པ། དེ་བཞིན་དུ་དྲི་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་དྲི་ལ་སྲེད་པ་ཞེས་བྱའོ། །ཕག་མི་གཙང་བའི་རོ་རྣམ་པ་སྣ་ཚོགས་ལ་ཆགས་པ་དེ་བཞིན་དུ་རོ་རྣམ་པ་སྣ་ཚོགས་ལ་ཞེན་པ་ནི་རོ་ལ་སྲེད་པ་ཞེས་བྱའོ། །ཡུངས་མར་གྱི་སྒང་བུ་ཡུངས་མར་གྱི་སྣོད་ཀྱི་རེག་པ་ལ་ཆགས་པ་དེ་བཞིན་དུ། འཇམ་པ་དང་རྩུབ་པ་ལ་སོགས་པའི་རེག་པ་ལ་ཆགས་པ་ནི་རེག་པ་ལ་སྲེད་པ་ཞེས་བྱའོ། །འདོད་པ་ལྔའི་ཡོན་ཏན་དེ་དག་སྔོན་སྤྱད་དེ། འདས་པ་ལ་ཕྲད་པར་སྨོན་པ་དང༌། མ་འོངས་པ་


DTG207_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་ཡང་མྱུར་དུ་འགྲོགས་པར་སྨོན་པ་དང༌། འཇིག་རྟེན་གྱི་བསམ་གཏན་གྱི་རོ་ལ་ཆགས་པ་དང༌། ལྟ་བ་ཕྱིན་ཅི་ལོག་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་ཆོས་ལ་སྲེད་པ་ཞེས་བྱའོ། །དེ་ཡང་བསྡུ་ན་ཕྱིའི་དངོས་པོ་ལ་ཆགས་པ་དང༌། ནང་གི་དངོས་པོ་ལ་ཆགས་པ་དང༌། ལྟ་བ་ལ་ཆགས་པའོ། །དེ་ལ་ཕྱིའི་དངོས་པོ་ལ་ཆགས་པ་ནི། འདོད་པ་ལྔའི་ཡོན་ཏན་ལ་ཆགས་པའོ། །ནང་གི་དངོས་པོ་ལ་ཆགས་པ་ནི། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པའོ། །ལྟ་བ་ལ་ཆགས་པ་ནི་རྟག་པར་མངོན་པར་ཆགས་པ་དང༌། ཆད་པར་མངོན་པར་ཆགས་པ་ལ་སོགས་པའོ། །ལེན་པ་བསྟེན་པའི་ཕྱིར། །སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལེན་པ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། བཞི་བཞི་ཞེས་བྱ་བས་གྲངས་བསྟན་ཏོ། །ཡང་སྲིད་པ་ཉེ་བར་ལེན་པར་བྱེད་པས་ལེན་པ་འམ་འདོད་པ་དང་ལྟ་བ་ལ་སོགས་པའི་སེམས་ཀྱི་རྒྱུན་མི་གཏོང་ཞིང་འཛིན་པར་བྱེད་པས་ན་ལེན་པ་ཞེས་བྱའོ། །ཡང་ན་ཤིང་གི་དོན་ནི་ལེན་པའི་དོན་ཏེ། ལས་ཀྱི་མེ་འབར་བའི་ཕྱིར་ལེན་པ་ཞེས་བྱའོ། །དཔེར་ན་བུད་ཤིང་གི་རྒྱུས་མེ་འབར་བ་དེ་བཞིན་དུ། ཉོན་མོངས་པའི་བུད་ཤིང་གི་རྒྱུས་སྐྱེས་བུའི་ལས་ཀྱི་མེ་འབར་བར་འགྱུར་བའི་དོན་ནི་ལེན་པ་ཞེས་བྱའོ། །ཡང་ན་ལེན་པའི་དོན་ནི་འཁྲི་བའི་དོན་ཏེ། དར་གྱི་སྲིན་བུས་རང་གི་ལུས་དཀྲིས་པ་བཞིན་དུ། ཉོན་མོངས་པའི་བཅིངས་བས་བདག་ཉིད་བཅིངས་ནས། ཐར་པའི་གེགས་བྱེད་པ་ནི་ལེན་པའོ། །རབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར། །འདོད་པའི་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ནས་དེ་མི་གཏོང་བ་ནི་འདོད་པའི་ལེན་པའོ། །ལྟ་བ་ལེན་པ་དང་ཞེས་བྱ་བ་ལ། རྟག་པར་ལྟ་བ་དང་ཆད་པར་ལྟ་བ་དང༌། ལྟ་བ་བསྙེམས་པ་ལ་སོགས་པ་ལ་ཆགས་ཤིང༌། དེ་མི་གཏོང་བ་ནི་ལྟ་བ་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པ་ཞེས་བྱ་བ་ལ། མིའམ་ལྷའམ་བརྒྱ་བྱིན་ནམ་ཚངས་པར་གྱུར་ཅིང་ཅེས་སྨོན་ལམ་ལོག་པའི་རྒྱུ་


DTG207_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདོད་པའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པའོ། །བདག་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་ལ། འཇིག་ཚོགས་སུ་ལྟ་བ་ལ་མངོན་པར་ཆགས་ཤིང་མི་གཏོང་བ་ནི་བདག་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་སྟེ། འདོད་པ་ལེན་པས་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཉིད་སྐྱེད་པར་བྱེད་དོ། །ལེན་པ་གསུམ་གྱིས་ནི་ཁམས་གསུམ་གྱི་སྡུག་བསྔལ་ཉིད་སྐྱེད་པར་བྱེད་དོ། །ཡང་ན་གང་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་བ་དང་མ་རིག་པ་སྟེ་རྫས་ཉི་ཤུའོ། །ཇི་ལྟ་ཞེ་ན། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང་བསྒོམ་པས་སྤང་བར་བྱ་བའི་བར་དུ་འདོད་ཆགས་ལྔ་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ང་རྒྱལ་ལྔ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཁོང་ཁྲོ་བ་ལྔ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་མ་རིག་པ་ལྔ་སྟེ། སྤྱིར་ལྔ་བཞི་ཉི་ཤུའོ། །ཐེ་ཚོམ་དང་བཅས་པས་བསྒོམ་མི་སྲིད་པའི་ཕྱིར་རོ། །བསྒོམ་པའི་ལམ་ལ་ནི་ཐེ་ཚོམ་མེད་དེ། །འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བའི་སྤང་བར་བྱ་བའི་ཐེ་ཚོམ་བཞི་དང༌། དེའི་སྟེང་དུ་ངོ་ཚ་མེད་པ་དང༌། ཕྲག་དོག་དང༌། འཇུངས་པ་དང༌། ཞུམ་པ་དང༌། ཐེ་ཚོམ་དང༌། གཉིད་དང༌། ཁྲོ་བ་དང༌། འཆབ་པ་སྟེ། རྫས་བཅུས་བསྟན་ནས་རྫས་སུམ་ཅུ་རྩ་བཞི་པོ་འདི་ནི་འདོད་པ་ལེན་པ་ཞེས་བྱའོ། །ལྟ་བ་ལེན་པ་ཞེས་བྱ་བ་ལ་ཁམས་གསུམ་གྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་བཞག་ནས་ཁམས་གཅིག་ཅིང་ཡང་ལྟ་བའི་རྫས་བཅུ་སྟེ། སུམ་ཅུ་ནི་ལྟ་བ་ལེན་པ་


DTG207_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཇི་ལྟ་ཞེ་ན། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ལོག་པར་ལྟ་བ་བཞི་ལྟ་བ་བསྙེམས་པ་བཞི་སྟེ། བརྒྱད་ཀྱི་སྟེང་དུ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འཇིག་ཚོགས་ཀྱི་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་རྣམས་ཏེ་བཅུའོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཡང་བཅུ། གཟུགས་མེད་པའི་ཁམས་ན་ཡང་བཅུ་སྟེ་རྫས་སུམ་ཅུར་འགྱུར་རོ། །ཁམས་གསུམ་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལམ་མཐོང་བ་སྤྱིར་རྫས་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པ་ཞེས་བྱའོ། །ཇི་ལྟར་ཞེ་ན། །འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྟེ་གཉིས་དང༌། དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཡང་གཉིས་གཟུགས་མེད་པའི་ཁམས་ན་ཡང་གཉིས་གཉིས་ཏེ་རྫས་དྲུག་ཏུ་འགྱུར་རོ། །དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལ་སྲོག་གཅོད་པ་ལ་སོགས་པའི་ཚུལ་ཁྲིམས་ངན་པ་སྤང་བ་ནི་ཚུལ་ཁྲིམས་སོ། །ལུས་དང་ངག་གི་ཚུལ་དང་ལས་སུ་བྱ་བ་རྣམས་ལ་ངེས་པར་འཇུག་པ་ནི་བརྟུལ་ཞུགས་ཏེ། སྐྲ་འདྲེག་པ་དང་དུས་སུ་རྐང་ལག་བཀྲུ་བ་ལ་སོགས་པའི་ལས་ངེས་པར་བྱེད་པའམ། བདེ་བ་སྤང་ནས་མེ་ལྔ་དང་ཁྱིའི་དཀའ་ཐབ་ལ་སོགས་པའི་ཚུལ་འཛིན་པ་ནི་བརྟུལ་ཞུགས་སོ། །སྨད་པའི་ལྟ་བ་ལ་ངེས་པར་ཡོན་ཏན་དུ་བཟུང་ནས་དབང་ཕྱུག་ལ་སོགས་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྔོན་དུ་བཏང་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་འཛིན་པ་ནི་དག་པའི་རྒྱུ་དང༌། ལམ་མ་ཡིན་ན་དེ་དག་ལ་དག་པ་ལམ་གྱི་རྣམ་པ་ལྟ་བུར་འཛིན་ཏེ། གང་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལ་ལེན་པ་ཞེས་བྱའོ། །དེའི་ཕྱིར་བཤད་པའི་རྒྱུ་མ་ཡིན་པ་ལ་རྒྱུར་


DTG207_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཆགས་ཏེ། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ནི་འཇིག་རྟེན་རྣམས་ཀྱི་བསྐྱེད་པའི་རྒྱུ་མ་ཡིན་ན། དེ་ལ་རྒྱུ་མངོན་པར་ཆགས་པས་ན་ཕྱིན་ཅི་ལོག་གོ །ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་ནི་གྲངས་པའི་ཡེ་ཤེས་ཀྱི་སྦྱོར་བ་ལ་སོགས་པ་གྲོལ་བའི་ལམ་མ་ཡིན་ན་མངོན་པར་ཞེན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པས་དེ་མངོན་དུ་བྱས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འོ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དེ་ལྟ་བ་ལས་བཀར་ཏེ་ལོགས་ཤིག་ཏུ་བཤད། ལེན་དུ་ལམ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་གྲངས་པའི་རྣལ་འབྱོར་གྱི་ཡེ་ཤེས་ལ་སོགས་པ་གྲོལ་བའི་ལམ་མ་ཡིན་ཡང་ཐར་པའི་ལམ་དུ་བལྟ་བའི་ཕྱིར་རོ། །ཡང་ན་ཁྱིམ་མ་གནས་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་སླུ་བར་བྱེད་དེ། ཁྱིམ་ན་གནས་པའི་ཕྱོགས་ལ་ནི་ཁ་ཟས་གཅོད་པ་དང་མེར་མཆོད་པ་ལ་སོགས་མཐོ་རིས་ཀྱི་ལམ་མ་ཡིན་ཡང་ལམ་དུ་ཤེས་པས་སླུ་བར་བྱེད་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་འདོད་པའི་ཡུལ་གྱི་བདེ་བ་སྤངས་པས་དག་པར་ཡིད་ཆེས་ཤིང༌། མེ་ལྔའི་དཀའ་ཐུབ་དང་སྐྲ་འབལ་བ་དང༌། ཁ་ཟས་རྩུབ་པོ་ཟ་ཞིང་ཚེར་མའི་སྟེང་ན་ཉལ་བ་ལ་སོགས་པ་ལམ་མ་ཡིན་པ་ལམ་དུ་འདུ་ཤེས་པས་སླུ་བར་བྱེད་དོ། །བདག་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བའི་བར་དུ་བཅུ་བཅུ་སྟེ། སུམ་ཅུའི་སྟེང་དུ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཐེ་ཚོམ་བཞི་བཞི་བརྒྱད་དེ། སུམ་བཅུ་རྩ་བརྒྱད་ནི། བདག་ཏུ་སྨྲ་བ་ལེན་པ་ཞེས་བྱའོ། །ཇི་ལྟར་ཞེ་ན་གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱས་པའི་བར་དུ་འདོད་ཆགས་ལྔ་དང༌། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ལྔ་སྟེ་བཅུའོ། །


DTG207_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ང་རྒྱལ་ལྔ་དང༌། གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་ལྔ་སྟེ་བཅུའོ། །གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་ལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་མ་རིག་པ་ལྔ་དང༌། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ལྔ་སྟེ་བཅུའོ། །གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ཐེ་ཚོམ་བཞི་དང༌། གཟུགས་མེད་པའི་ཁམས་ན་ཡང་ཐེ་ཚོམ་བཞི་སྟེ། ཐེ་ཚོམ་བརྒྱད་དོ། །དེ་ལྟར་ན་རྫས་སུམ་ཅུ་རྩ་བརྒྱད་དུ་འགྱུར་རོ། བརྒལ་བ་ཉོན་མོངས་པར་འདྲ་བ་ལས། འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་ནི། འདོད་པའི་ཁམས་ཀྱི་ལེན་པར་བཤད་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལ་གཟུགས་དང་གཟུགས་མེད་པའི་ལེན་པ་ཞེས་མི་བྱ། ཅིའི་ཕྱིར་ཞེ་ན། བདག་ཏུ་སྨྲ་བའི་ལེན་པ་ཞེས་བྱ་བ་ལན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་དང༌། སེམས་ནི་ཁ་ནང་དུ་ལྟ་བ་ཡིན་པས། ཉོན་མོངས་པ་དེ་དག་ལ་བདག་ཏུ་ལྟ་སྟེ། དེ་བས་ན་དེ་དག་བདག་ཡོད་པ་མ་ཡིན་གྱི། ཉོན་མོངས་པ་ལ་བདག་ཏུ་ལྟ་ཞིང༌། སྨྲ་བར་ཟད་དོ་ཞེས་བསྟན་པའི་ཕྱིར། བདག་ཏུ་སྨྲ་བ་ལེན་པ་ཞེས་བཤད་དོ། །ཡང་ན་ཁྱིམ་ན་གནས་པའི་ཕྱོགས་རྣམས་ནི། བུ་སྨད་ལ་སོགས་པ་འདོད་པ་ལ་ཆགས་པས་ན་འདོད་པ་ལེན་པར་བྱེད་དོ། །རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་སྣ་ཚོགས་ལ་ཆགས་པས་ན་ལྟ་བ་ལེན་པར་བྱེད་དོ། །གང་ཁྱིམ་པའི་ཕྱོགས་ལ་དུས་ཁྲིམས་དང་ཟས་གཅོད་པ་ལ་སོགས་པའི་དཀའ་ཐུབ་བྱེད་པས། མཐོ་རིས་དང་ཐར་པའི་ལམ་དུ་ཆགས་པ་དང༌། རབ་ཏུ་བྱུང་བ་ཡང་ཚུལ་དེ་ཉིད་ཀྱིས། ཐར་བར་སེམས་པས་ན་ཕྱོགས་གཉིས་ཀ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་ཏོ། །མུ་སྟེགས་པ་བདག་ཏུ་སྨྲ་བ་རྣམས་ནི་བདག་ཏུ་སྨྲ་བ་ལེན་ཏོ། །དེ་ལ་སྤང་བའི་རིམ་པས་


DTG207_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་ན། ས་རྣམ་པ་གསུམ་སྟེ། མཐོང་བའི་ལམ་གྱི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རིག་པའི་སའོ། །དེ་ལ་རྒྱུན་དུ་ཞུགས་པ་རྣམས་ནི། མཐོང་བའི་ལམ་གྱི་ས་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་ལྟ་བ་ཕྱིན་ཅི་ལོག་སྣ་ཚོགས་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་ཀྱིས་ཐར་པའི་ལམ་དུ་འཛིན་པའི་ཕྱིན་ཅི་ལོག་མེད་པས་མཐོང་བའི་ལམ་གྱི་ས་ལ་ནི། ལྟ་བ་ལེན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པའི་ལེན་པ་སྤང་ངོ༌། །ལན་ཅིག་ཕྱིར་འོང་བ་ནི། འདོད་པའི་ཁམས་གྱི། འདོད་ཆགས་སྤང་བར་བྱ་བ་ལ་འཇུག་པ་ཡིན་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་སྤངས་པས་ནི། དེ་གཉིས་ནི་འདོད་ཆགས་དང་བྲལ་བའི་ས་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཀུན་སྤངས་པས་ན། འདོད་པ་ལེན་པ་སྤང་བ་ཡིན་ནོ། །དགྲ་བཅོམ་པའི་དུས་ན་ནི། བདག་གི་བྱ་བ་ནི་བྱས། ཁུར་ནི་བོར་ཞེས་བྱ་བ་ལ་སོགས་པ་ཁོང་དུ་ཆུད་པས། བྱས་པ་རིག་པའི་ས་ལ་གནས་པ་ཞེས་བྱ་སྟེ། དགྲ་བཅོམ་པའི་དུས་ན། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར། བདག་ཏུ་སྨྲ་བ་ལེན་པ་སྤང་བ་ཞེས་བྱའོ། །སྲིད་པ་བསྟན་པའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ། སྲིད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེན་པའི་དབང་གིས་ལས་དགེ་བ་དང་མི་དགེ་བ་བྱེད་པ་ལ་ཡང་སྲིད་པ་ཞེས་བྱ། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་སྐྱེ་བའི་གནས་དེ་ལ་ཡང་སྲིད་པ་ཞེས་བྱའོ། །སྲིད་པ་གསུམ་སྟེ་ཞེས་བྱ་བས་གྲངས་སྨྲས་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་འདི་ལྟ་སྟེ། འདོད་པའི་སྲིད་པ་དང༌། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ། གཙོར་བྱེད་པའི་ཁམས་ནི་འདོད་པའི་སྲིད་པའོ། །འདོད་པའི་ཡོན་ཏན་ལ་ཆགས་པ་ནི་སྤངས་ཀྱི། བསམ་གཏན་བསྒོམ་ཞིང་གཟུགས་གཙོར་བྱེད་ཅིང་གཟུགས་ལ་བརྟེན་པའི་


DTG207_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་གཟུགས་ཀྱི་སྲིད་པའོ། གཟུགས་ལ་ཆགས་པ་སྤངས་ནས། དབང་པོ་ལྔ་ལ་སོགས་པའི་གཟུགས་དང་བྲལ་བ་ནི། གཟུགས་མེད་པའི་སྲིད་པའོ། །དེ་དག་ཉིད་གང་ཡིན་པ་བསྟན་པའི་ཕྱིར། བདེ་བ་ལ་འདོད་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པའི་སྲིད་པ་ནི་སེམས་ཅན་དམྱལ་བ་ཡན་ཆད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་ལ་བྱའོ། །དེ་ལ་ཚ་བའི་སེམས་ཅན་དམྱལ་བ་ནི་བརྒྱད་དེ་བསྟིར་མེད་པ་དང༌། རབ་ཏུ་ཚ་བ་དང༌། ཚ་བ་དང༌། འོ་དོད་ཆེར་འབོད་པ་དང༌། འོ་དོད་འབོད་པ་དང༌། འཇོམས་པ་དང༌། ཐིག་ནག་དང༌། ཡང་སོས་སོ། བསྟིར་མེད་པའི་སེམས་ཅན་དམྱལ་བ་ནི། འཛམ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་འདུག་སྟེ། བསྟིར་མེད་པའི་སེམས་ཅན་དམྱལ་བ་དེའི་གནས་ཀྱི་འཕང་ཡང་དཔག་ཚད་སྟོང་ཕྲག་ཉི་ཤུ། དཀྱིལ་ཡང་སྟོང་ཕྲག་ཉི་ཤུ་སྟེ། སྤྱིར་དེ་དག་གི་གནས་དཔག་ཚད་སྟོང་ཕྲག་བཞི་བཅུར་འགྱུར་རོ། །སྐབས་ཅུང་ཟད་ཀྱང་མེད་དེ་བསྟིར་མེད་པ་ན་བསྟིར་མེད་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ་ཉིད་སྣ་ཚོགས་པ་བར་ཆད་མེད་པར་འགྱུར་བས་ན་བསྟིར་མེད་པ་སྟེ། འདི་ལྟར་དམྱལ་བ་དེ་ལ་ནི་ཕྱོགས་བཅུ་ན་མེ་འབར་བ་ཆེན་པོ་འབྱུང་ཞིང་མེ་ཤིན་ཏུ་འབར་བས་སེམས་ཅན་གྱི་ལུས་བསྲེག་པ་དང༌། ལྕགས་ཀྱི་མདུང་རྩེ་ཐོགས་པའི་དམྱལ་བའི་སྲུང་མ་རྣམས་ཀྱིས་མདུང་གི་རྩེ་ལ་བླངས་ཤིང༌། ཟངས་པོ་ཆེར་རྒྱུན་དུ་འཚེད་པར་བྱེད་པས་ན། བསྟིར་མེད་པ་ཞེས་བྱའོ། །བསྟིར་མེད་པའི་སེམས་ཅན་དམྱལ་བའི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ཏེ་དུས་བྱེད་དོ། །དེ་ལ་རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་བདུན་ནི་བསྟིར་མེད་པའི་སེམས་ཅན་དམྱལ་བ་དེའི་གོང་ནས་རིམ་བཞིན་དུ་བརྩེགས་མར་གནས་ཏེ། བསྟིར་མེད་པའི་གོང་ན་རབ་ཏུ་ཚ་བའོ། །རབ་ཏུ་ཚ་བའི་གོང་ན་ཚ་བའོ། །ཚ་བའི་གོང་ན་འོ་དོད་ཆེར་འབོད་པའོ། །འོ་དོད་ཆེར་འབོད་པའི་གོང་ན་འོ་དོད་འབོད་པའོ། འོ་དོད་འབོད་པའི་གོང་ན་འཇོམས་པའོ། །འཇོམས་པའི་གོང་ན་ཐིག་ནག་གོ །


DTG207_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ནག་གི་གོང་ན་ཡང་སོས་སོ། །ཁ་ཅིག་ནི་སེམས་ཅན་དམྱལ་བ་བདུན་པོ་དེ་དག་བསྟིར་མེད་པའི་དམྱལ་བའི་ངོས་ན་གནས་སོ་ཞེས་འཆད་དོ། །ཚ་བའི་སེམས་ཅན་དམྱལ་བ་ལ་ལྟོས་ནས་དེ་བས་ཀྱང་ཆེར་ཆ་བས་ལུས་དང་སེམས་ཤིན་ཏུ་གདུངས་པས་ན་ཚ་བ་རབ་ཏུ་ཚ་བའོ། །རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་དེའི་ཚེ་ཚད་ནི་བསྐལ་པ་བར་མ་ཕྱེད་དུ་གནས་ནས་དུས་བྱེད་དོ། །མེ་ལྕེ་འབར་བ་ཆེན་པོས་ལུས་བསྐོར་ཞིང་བསྲེགས་པས་ཀུན་ཏུ་ཚ་ཞིང་གདུངས་པ་ནི། ཚ་བའི་སེམས་ཅན་དམྱལ་བ་ཞེས་བྱ་སྟེ། དེའི་ཚེའི་ཚད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ཚེའི་ཚད་ཇི་ཙམ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་སྟོང་ཕྲག་བཅུ་དྲུག་ཏུ་གནས་ནས་དུས་བྱེད་དོ། །འོ་དོད་ཆེར་འབོད་པ་ནི་གང་ཚ་བ་ཆེར་མི་བཟད་པ་མང་པོས་མནར་བས་འོ་དོད་འབོད་པས་ཀྱང་མི་བཟད་དོ། །སྡུག་བསྔལ་ལོ་ཞེས་འོ་དོད་ཆེར་འབོད་དེ། དེའི་ཚེའི་ཚད་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་སྟོང་ཕྲག་བརྒྱད་ཐུབ་པོ། །འོ་དོད་འབོད་པ་ནི་གཏུབ་པའི་སེམས་ཅན་དང་མི་བཟད་པའི་ལས་ཀྱི་རྣམ་པར་སྨིན་པས་གཙེས་པས་སྡུག་བསྔལ་ཞིང་ཉམ་ཐག་ནས་འོ་དོད་འབོད་པ་སྟེ། དེའི་ཚེའི་ཚད་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཞིའོ། །དེ་ལ་འཇོམས་པ་ནི་ལུག་དང་འདྲ་བའི་རི་དང་ཕ་བོང་ལ་སོགས་པ་མང་པོར་ཕན་ཚུན་འདུས་ཤིང་བཙིར་ནས་གསོད་པ་སྟེ། དེའི་ཚེའི་ཚད་ནི་ཟུང་མ་རྣམས་ཀྱི་ལྷའི་ཚེ་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ཉིས་བརྒྱ་གནས་ནས་དུས་བྱེད་དོ། །ཐིག་ནག་པོ་ནི་ཇི་ལྟར་ཤིང་ལ་ཤིང་མཁན་གྱིས་ཐིག་གིས་བཏབ་ནས་སོག་ལེས་ཤིང་འདྲ་བ་བཞིན་དུ་ཐིག་ནག་པོས་བཏབ་ནས་མགོ་འམ་མདོམས་ནས་སོག་ལེས་འདྲ་ཞིང་གཤེགས་པར་བྱེད་པ་སྟེ། དེའི་ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་རྣམས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་གནས་ནས་དུས་བྱེད་དོ། །ཡང་སོས་ནི་དེར་སྐྱེས་པའི་སེམས་ཅན་གཅིག་ལ་གཅིག་གཏུབ་ཅིང་གཤེགས་པའི་གནོད་པར་


DTG207_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སྟེ་བརྒྱལ་བར་གནས་པ་ལས་རླུང་གྲང་མོས་བུས་ཤིང་ནམ་མཁའ་ལས་ཀྱང་སེམས་ཅན་ཁྱེད་ཅག་ཡང་སོས་ཞེས་བྱ་བའི་སྒྲ་བྱུང་བ་དང༌། ཡང་སོས་པར་གྱུར་ནས་གཅིག་ལ་གཅིག་གིས་གནོད་པར་བྱེད་པ་སྟེ། དེའི་ཚེའི་ཚད་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱའི་བར་དུ་གནས་ནས་དུས་བྱེད་དོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་བརྒྱད་ལ་སྒོ་བཞི་ཡོད་དེ། སྒོ་གཅིག་ཅིང་ལྷག་པའི་སེམས་ཅན་དམྱལ་བ་བཞི་བཞི་སྟེ། སེམས་ཅན་དམྱལ་བ་བཅུ་དྲུག་གོ །ལྷག་པའི་སེམས་ཅན་དམྱལ་བ་བཞི་ནི་མེ་མ་མུར་དང་མི་གཙང་བའི་རྫ་བ་དང་སྤུ་གྲི་ལ་སོགས་པའི་མཚོན་གྱི་ལམ་དང་བ་ཚའི་ཆུ་བོའོ། །དེ་ལ་མེ་མ་མུར་ནི་པུས་མོ་ནུབ་ཙམ་སྟེ། དེར་སེམས་ཅན་དག་གི་རྐང་པ་བཅུག་མ་ཐག་ཏུ་ཤ་ཁྲག་དང་པགས་པ་མ་ལུས་པར་བསྙིལ་བར་བྱེད་དོ་མི་གཙང་བའི་རྫབ་ནི་རབ་ཏུ་དྲི་མི་ཞིམ་པའི་ངན་སྐྱུགས་ཀྱི་འདམ་གྱིས་གང་བ། དེའི་ནང་ན་སྲིན་བུ་ཀུན་ཏ་ཞེས་བྱ་བ་ལུས་ཐལ་ཀ་ལ་མགོ་གནག་ཅིང༌། མཆུ་ཁབ་བཞིན་དུ་གནས་པ་རྣམས་ཀྱིས་དེར་ཞུགས་པའི་སེམས་ཅན་རྣམས་ཀྱི་རུས་པ་ཡང་ཐལ་བར་འབིགས་སོ། སྤུ་གྲིའི་སོགས་གཏམས་པའི་ལམ་པོ་ཆེ་ནི་སེམས་ཅན་རྣམས་དེར་འཇུག་པ་ན་སྤུ་གྲི་གཤིབས་པའི་ལམ་གྱིས་རྐང་པ་བཞག་མ་ཐག་ཏུ་ཤ་ཁྲག་དང་པགས་པ་མ་ལུས་པར་རློག་པར་བྱེད་པ་དང་རལ་གྲི་འདབ་མའི་ཚལ་ཡོད་དོ། །སེམས་ཅན་དེ་དག་རལ་གྲི་རྣོན་པོའི་སོ་དེས་ཡན་ལག་དང་ཉིང་ལག་རྣམས་ཀྱང་དུམ་བུར་གཏུབ་ཅིང༌། ཁྱི་སྲེ་མོ་སྟག་རིས་ཅན་རྣམས་འདུས་ཤིང་ཟ། བྱ་རོག་ལྕགས་ཀྱི་མཆུ་ཅན་གྱིས་མིག་ཀྱང་འབྱིན་པར་བྱེད། ལྕགས་ཀྱི་སྡོང་པོ་ཚེར་མ་བཅུ་དྲུག་ཡོད་པས་སེམས་ཅན་རྣམས་ཡར་འཛེག་ན་ནི། ཚེར་མའི་ཁ་ཐུར་དུ་བལྟས་པར་གྱུར་ཅིང་སེམས་ཅན་གྱི་ལུས་འབིགས། སླར་འབབ་ན་ཡང་ཁ་གྱེན་དུ་བལྟས་ཏེ་ལུས་འབིགས་པར་བྱེད་དོ། །ཚ་ཆུའི་ཆུ་བོ་ནི་དེ་དག་གི་འགྲམ་ན་སེམས་ཅན་དམྱལ་བའི་སྲུང་མ་མཚོན་རལ་གྲི་དང་ཤཀྟི་དང་མདུང་ལག་ན་ཐོགས་པ་རྣམས་ཀྱིས་ཕྱིར་འབྱུང་བ་དག་ཀྱང་སླར་


DTG207_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་ཞིང་ནང་དུ་བོར་བ་རྣམས་ཟངས་ཆེན་པོར་འབྲས་དང་ཏིལ་ལ་སོགས་པ་བསྐོལ་བ་བཞིན་དུ་བཙོ་ཞིང་སྐོལ་བར་བྱེད་དོ། །གྲང་བའི་སེམས་ཅན་དམྱལ་བ་ཡང་བརྒྱད་ཡོད་དེ། འདི་ལྟ་སྟེ་ཆུ་བུར་དང༌། རབ་ཏུ་ཆུ་བུར་དང༌། ཨོ་སྒྲ་ཐམས་ཐམས་དང༌། ས་ལ་ལ་དང༌། ཧུ་ཧུ་དང༌། ཨུཏྤ་ལ་དང༌། པདྨོ་དང༌། པདྨོ་ཆེན་པོའོ། །སེམས་ཅན་དེ་དག་ཧ་ཅང་ཡང་གྲངས་ཆེས་པས་མནར་མེད་པའི་ལུས་ཆུ་བུར་དུ་གྱུར་པ་དང༌། གས་པ་ལས་ནི་ཆུ་བུར་དང་རབ་ཏུ་ཆུ་བུར་དང༌། ཨུཏྤ་ལ་དང༌། པདྨོ་དང༌། པདྨོ་ཆེན་པོར་གདགས་སོ། །གྲང་བས་ཉེན་པའི་སྒྲ་རྣམ་པར་འགྱུར་བའི་ཚུལ་ལས་ནི་སོ་སྒྲ་ཐམས་ཐམས་དང༌། ཨ་ལ་ལ་དང༌། ཧུ་ཧུ་བར་གདགས་སོ། དམྱལ་བ་བརྒྱད་པོ་དེ་དག་གི་ཚེ་ཚད་ནི། བཅོམ་ལྡན་འདས་ཀྱིས་དཔེ་ཙམ་དུ་བཀའ་སྩལ་པ། འདི་ལྟ་སྟེ་དགེ་སློང་དག་ད་ལྟར་ཁ་ར་ལྔ་བྲེ་ཉི་ཤུ་ལ་དབུས་པའི་ཏིལ་གྱི་འབའ་ཧ་ཡིན་ཏེ། གླང་སྟོབས་པོ་ཆེ་བཞི་བཅུའི་ཁལ་གྱི་སྣོད་ལ་བྱ། དེ་ཏིལ་གྱིས་བྱུར་བུར་སྤྱུར་ལ། དེ་ནས་མི་ཞིག་གིས་ལོ་བརྒྱད་ལོན་ཞིང་ཏིལ་དེ་འབྲུ་རེ་རེ་བོར་ཏེ། ཁ་རེ་ཉི་ཤུ་ལ་དབུས་པའི་ཏིལ་གྱི་འབའ་ཧར་བཞག་པ་དེའི་ཚུལ་དེའི་རིམ་གྱིས་ཟད་ཅིང་ཐུག་པར་གྱུར་པ་ནི། བླའོ། །ཆུ་བུར་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཟད་པར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་པ་དེ་ནི་ཆུ་བུར་གྱི་ཚེའི་ཚད་དོ། །ཆུ་བུར་ཉི་ཤུ་ལ་རབ་ཏུ་ཆུ་བུར་གྱི་ཚེའི་ཚད་དོ། །རབ་ཏུ་ཆུ་བུར་ཉི་ཤུ་ལ་སོ་སྒྲ་ཐམས་ཐམས་སོ། །སོ་སྒྲ་ཐམས་ཐམས་ཉི་ཤུ་ལ་ཨ་ལ་ལའོ། །ཨ་ལ་ལ་ཉི་ཤུ་ལ་ཧུ་ཧུ་བའོ། །ཧུ་ཧུ་བ་ཉི་ཤུ་ལ་ཨུཏྤ་ལའོ། །ཨུཏྤ་ལ་ཉི་ཤུ་ལ་པདྨོའོ། །པདྨོ་ཉི་ཤུ་ལ་པདྨོ་ཆེན་པོའི་ཚེའི་ཚད་དོ། །གྲང་བའི་སེམས་ཅན་དམྱལ་བ་བརྒྱད་པོ་དེ་དག་ཀྱང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་གནས་སོ། །འཛམ་བུའི་གླིང་ཉིད་ཀྱི་ཆུ་ཞེང་དེ་སྙེད་དུ་མེད་ན་བསྟིར་མེད་པ་ལ་སོགས་པ་དེ་སྙེད་གནས་པའི་སྐབས་ག་ལ་ཡོད། ལན་དུ་འབྲས་ཀྱི་ཕུང་པོ་བཞིན་དུ་འཛམ་བུའི་གླིང་འདི་ཡང་ཞབས་ཡང་ལ་སྤྱི་ཕྲ་བས་ན་དེའི་ཕྱིར་དེ་དག་དེ་ན་གནས་སོ། །དེ་ལ་སེམས་ཅན་དམྱལ་བ་ཞེས་བྱ་བ་ལ། རྒྱ་གར་


DTG207_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་ན་ར་ཀ་ཞེས་འབྱུང་སྟེ། ན་ནི་ཁྲིད་པའམ་འགྲོ་བའི་དོན་པས་སྡུག་བསྔལ་གྱི་ལས་ཀྱི་གནས་དེར་བསོད་ནམས་མ་ཡིན་པའི་ལས་ཀྱིས་སེམས་ཅན་རྣམས་ཁྲིད་ཅིང་འགྲོ་བས་ན་དམྱལ་བའོ། །ཡང་ན་ན་ར་ཀའི་དོན་ནི་ཆགས་པ་མེད་པའི་དོན་ཏེ། དེར་སྐྱེས་པ་རྣམས་རྟག་ཏུ་སྡུག་བསྔལ་གྱིས་ཉེན་པས་ཆགས་པ་དང་དགའ་བའི་བསམ་པ་མི་འབྱུང་བས་དམྱལ་བའོ། །ཡང་ན་སེམས་ཅན་རྣམས་དེར་དམྱལ་བ་དང་གཏུབ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་བྱེད་པས་ན་དམྱལ་བའོ། །ཡི་དྭགས་ཞེས་བྱ་བ་ལ་ཡི་དྭགས་ཀྱི་སྒྲ་ནི་ཤིན་ཏུ་སོང་བ་ལ་བྱ་སྟེ། སེར་སྣ་ལ་སོགས་པའི་ལས་ཀྱི་དབང་གིས་མིའི་གནས་འདི་ནས་དུས་རིང་མོ་ཞིག་ཏུ་ཕྱིར་མི་ལྡོག་པར་སོང་བས་ན་ཡི་དྭགས་ཏེ། ཡི་དྭགས་སུ་སྐྱེས་པ་རྣམས་ནི་ལྷག་པར་ཡང་ཚེ་རིང་བར་གྲགས་པའི་ཕྱིར་རོ། །ཡང་ན་བཀྲེས་པ་དང་སྐོམ་པ་ལ་སོགས་པས་རྟག་ཏུ་ཉེན་པའི་ཕྱིར་ཡི་དྭགས་ཞེས་བྱ་སྟེ། དེ་དག་གི་གནས་ཀྱང་ཕལ་ཆེར་གཅོང་རོང་དང༌། མྱ་ངམ་ན་གནས་ལ་མཐུ་ནི་གཅིག་ཏུ་མ་ཆད་དེ། དེ་ལ་ཡི་དྭགས་མཐུ་བོ་ཆེ་ཁ་ཅིག་ནི་ལྷ་དང་འདྲ་བར་ལོངས་སྤྱོད་སྤྱོད་ལ། ཁ་ཅིག་ནི་མི་གཙང་བ་ལ་སོགས་པ་བཟའ་བར་ཡང་མི་རྙེད་པ་ཡོད་དོ། །དེ་ལ་ཡི་དྭགས་ཀྱི་རྒྱལ་པོ་སྒྲ་གཅན་འཛིན་ནི་གཤིན་རྗེ་དང་འདྲ་བར་མཐུ་ཆེ་སྟེ། དེ་ཡང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་ན་དཔག་ཚད་སྟོང་ཕྲག་ལྔས་བཅད་པ་ན་གནས་སོ། །ཡང་ན་ཁ་ཅིག་ན་རེ་གཤིན་རྗེ་ཉིད་ཡི་དྭགས་ཀྱི་རྒྱལ་པོ་ཡིན་ཏེ། དེའི་གནས་ནི་སྒྲ་ཅན་འཛིན་གྱི་གནས་སུ་བཤད་པ་དང་འདྲ་བར་གནས་སོ། །ཡི་དྭགས་ཀྱི་ཚེའི་ཚད་ནི་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་རྣམས་ཀྱིས་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ལྔ་བརྒྱ་གནས་ནས་དུས་བྱེད་དོ། །བྱོལ་སོང་ཞེས་བྱ་བ་ལ། མི་ནས་བྱོལ་ནས་གཞན་དུ་སྐྱེས་པའམ། བཟུར་ཞིང་འགྲོ་བས་ན་བྱོལ་སོང་སྟེ། དེ་དག་གི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་པར་ངེས་མོད་ཀྱི། འོན་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ཆུ་ལ་སྤྱོད་པ་དང༌། སྐམ་ལ་སྤྱོད་པ་དང༌། ནམ་མཁའ་ལ་སྤྱོད་པའོ། །དེ་ལ་ཆུ་ལ་སྤྱོད་པ་ནི་ཀླུའི་རྒྱལ་


DTG207_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ཆུ་སྲིན་ལ་སོགས་པའོ། །སྐམ་ལ་སྤྱོད་པ་ནི་ཕྱུགས་ལ་སོགས་པའོ། །ནམ་མཁའ་ལ་སྤྱོད་པ་ནི་བྱ་ལ་སོགས་པ་སྟེ། བྱོལ་སོང་རྣམས་ཀྱི་ཚེ་དང༌། མཐུ་ནི་གཅིག་ཏུ་མ་ཆད་དོ། །དཔེར་ན་ཀླུའི་རྒྱལ་པོ་ས་འཛིན་དང་དགའ་བོ་དང་ཉེ་དགའ་ལྟ་བུར་ཚེའི་ཚད་བསྐལ་པ་བར་མར་གནས་ཤིང༌། རི་རབ་འཛིན་ནུས་པའི་མཐུ་དང་ལྡན་པ་ཡང་ཡོད་དོ། །ལྷ་མ་ཡིན་ཞེས་བྱ་བ་ལ། ང་རྒྱལ་ལམ་ཞེས་སྡང་གིས་དགེ་བ་བྱས་པའི་ལས་ཀྱི་རྒྱུ་ལས་སྐྱེས་པ་སྟེ། དེ་དག་གི་གནས་ཀྱང་ས་ཆེན་པོ་འདིའི་སྟེང་ན་གནས་ལ། ཚེའི་ཚད་ནི་འདོད་པའི་ཁམས་ཀྱི་ལྷ་དག་དང་མཉམ་པར་གྲགས་སོ། །དེ་ལ་མི་ནི་གང་གླིང་བཞི་ན་གནས་པ་དག་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཡིད་ལས་སྐྱེས་པས་ན། མིའོ་ཞེས་གསུང་རབ་ཀྱི་ནང་ནས་བཤད་པའི་དོན་ཏོ། །ཡང་ན་དྲང་སྲོང་མ་ནུ་ལས་སྐྱེས་ཤིང་བཅས་པས་ནི། ཤེད་བུ་ལས་སྐྱེས་པ་མ་ན་ཙ་ཞེས་ཀྱང་བྱ་སྟེ། ཤེད་བདག །མུ་སྟེགས་དག་སྐྱེ་དགུའི་བདག་པོ་ཞེས་བྱ། མིའོ་ཞེས་འཇིག་རྟེན་པ་དག་སྨྲའོ། །དེ་ལ་གླིང་བཞི་ནི་ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་དང༌། ལྷོའི་འཛམ་བུའི་གླིང་དང༌། དེ་ལ་ཤར་གྱི་ལུས་འཕགས་གླིང་ནི་ཟླ་བ་ཕྱེད་པ་ལྟར་འདུག་སྟེ། དེ་ཁོར་ཡུག་གི་ངོས་གསུམ་ལ། དཔག་ཚད་ཉིས་སྟོང་ཡོད་དོ། །ངོས་བཞི་པ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །དེ་ན་གྲོང་ཁྱེར་ལུས་འཕགས་ཞེས་བྱ་བ་ཞིག་ཡོད་པ་ལས་དྲས་ཏེ་གླིང་གི་མིང་དུ་ཡང་ཤར་གྱི་ལུས་འཕགས་ཞེས་བྱ་བར་བཏགས་སོ། །ནུབ་ཀྱི་བ་ལང་སྤྱོད་ནི་དབྱིབས་ཟླ་བ་གང་བ་ལྟ་བུ་སྟེ། རིལ་གྱི་ཁོར་ཡུག་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡོད་དོ། །དེ་ན་ཉོ་ཚོང་གི་ཟོང་བ་ལང་གིས་བྱེད་པས་ན། དེ་ལ་དྲས་ཏེ་གླིང་གི་མིང་ཡང་ནུབ་ཀྱི་བན་གླང་སྤྱོད་ཅེས་བྱ་བར་བཏགས་སོ། །བྱང་གི་སྒྲ་མི་སྙན་གྱི་གླིང་ནི། ཁྲིའུ་བཞིན་དུ་གྲི་བཞི་སྟེ། ངོས་གཅིག་ཅིང་ཡང་དཔག་ཚད་ཉིས་སྟོང་སྟོང་ཉིས་སྟོང་ཡོད་པ་སྤྱིར་ན་དཔག་ཚད་སྟོང་ཕྲག་བརྒྱད་དོ། །དེ་ཡང་འཆི་ཁར་སྒྲ་དྲག་པོ་བྱུང་ནས་དུས་བྱེད་པའི་ཕྱིར། གླིང་གི་


DTG207_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཡང་བྱང་གི་སྒྲ་མི་སྙན་ཞེས་བཏགས་སོ། །འཛམ་བུའི་གླིང་གི་དབྱིབས་ནི་སོག་ཁར་འདུག་སྟེ། སྟོད་ཆེ་ལ་སྨད་ཕྲའོ། །ངོས་གསུམ་རེ་རེ་ཞིང་ཡང་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད། ངོས་ཕྲ་མོ་ལ་ནི་དཔག་ཚད་ཕྱེད་དང་བཞི་སྟེ། གླིང་དེ་ན་ཤིང་འཛམ་བུ་ཞེས་བྱ་བ་ལས་དྲས་ཏེ། གླིང་གི་མིང་ཡང་འཛམ་བུའི་གླིང་དུ་བཏགས་སོ། །ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ལོ་ཉིས་བརྒྱ་ལྔ་བཅུར་གནས་ལ། ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ། །ནུབ་ཀྱི་བ་ལངས་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི། །ལོ་ལྔ་བརྒྱ་ལ་ལུས་ཀྱི་ཚད་ནི་འདོམ་བཞིའོ། །ཡང་ན་ཁྲུ་བཅུ་དྲུག་གོ །བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ལ་ལུས་ཀྱི་ཚད་ནི་འདོམ་བརྒྱད་དོ། །ཡང་ན་ཁྲུ་སུམ་ཅུ་རྩ་གཉིས་སོ། །ལྷོའི་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ནི་ཆད་པ་མེད་ལ། ལུས་ཀྱི་ཚད་ནི་འདོམ་གང་དུ་གྲགས་མོད་ཀྱི། དེ་བས་ཀྱང་རིང་བ་དང་ཐུང་བ་ཡང་སྐྱེ་བས་གཅིག་ཏུ་མ་ངེས་སོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་ཅེས་བྱ་བ་ལ། འདོད་པའི་ཁམས་སུ་གཏོགས་པའི་ལྷ་རིས་དྲུག་སྟེ། རྒྱལ་ཆེན་བཞིའི་རིགས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་དོ། །དེ་ལ་མཐོ་རིས་སུ་སྐྱེ་ཞིང་བྱུང་བས་ན་ལྷའམ། ལུས་དང་ལོངས་སྤྱོད་དམ་པ་དང་ལྡན་པས་ན་ལྷའོ། །རྒྱལ་ཆེན་བཞིའི་རིས་ཀྱི་གནམ་ཞེས་བྱ་བྱ་བ་ལ། འཇིག་རྟེན་སྐྱོང་བ་བཞི་ནི་རྒྱལ་ཆེན་བཞི་སྟེ། འཕགས་སྐྱེས་པོ་དང་མིག་མི་བཟང་དང༌། ངལ་སོ་པོ་དང༌། གནས་སྲུང་བ་པོའོ། །དེར་སྐྱེས་པའམ་དེའི་འཁོར་དུ་གཏོགས་པའི་ལྷ་རྣམས་ལ། རྒྱལ་ཆེན་བཞིའི་རིས་ཞེས་བྱའོ། །དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱར་གནས་ཏེ་དུས་བྱེད་དོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ །སུམ་ཅུ་རྩ་གསུམ་རྣམས་ཞེས་བྱ་བ་ལ། དགེ་བའི་ལས་ལྷན་ཅིག་ཏུ་མཐུན་པར་བྱས་པས། དེར་སྐྱེས་པ་རྣམས་ལ། སུམ་ཅུ་རྩ་གསུམ་ཞེས་བྱ་སྟེ། བརྒྱ་བྱིན་ལྷའི་དབང་པོའི་འཁོར་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་བརྒྱ་བྱིན་གྱིས་བསྣན་ནས་སུམ་ཅུ་རྩ་གསུམ་མོ། །དེ་ལ་བློན་པོ་སུམ་ཅུ་རྩ་


DTG207_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་བ་སུ་བརྒྱད་དང༌། ཉི་མ་ཞེས་བྱ་བ་ལྷའི་བུ་བཅུ་གཉིས་དང༌། རུ་ཏྲ་དྲག་པོ་ཞེས་བྱ་བ་ལྷའི་བུ་བཅུ་དང༌། ནབ་སོ་དང༌། ཐ་སྐར་སྐྱེས་ཞེས་བྱ་བ་གཉིས་ཏེ། སུམ་ཅུ་རྩ་གཉིས་སོ། །དེར་གཏོགས་པའི་ལྷ་གཞན་དག་ལ་ཡང་སུམ་ཅུ་རྩ་གསུམ་པ་ཞེས་བྱ་སྟེ། ལྷ་དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ཉིན་ཞག་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །ཟུང་མ་རྣམས་ཞེས་བྱ་བ་ལ། རྒྱ་གར་སྐད་དུ་ཡ་མ་ཞེས་འབྱུང་སྟེ། ལྷ་མ་ཡིན་དང་རྩོད་པའི་སྡུག་བསྔལ་དང་བྲལ་བས་ན། རྩོད་བྲལ་ཞེས་བྱའོ། །ཡང་ན་སྒྲའི་དོན་ཡ་མ་ནི་འགྲོ་བའི་དོན་ཏེ། དེར་བསོད་ནམས་ཀྱིས་འགྲོ་བས་ན་ཡང་ཟུང་མ་ཞེས་བྱའོ། །ཡང་ན་མེལ་ཚེ་ཐུན་ཐུན་ལ་ཨེ་མའོ་བདེ་བ་ཨེ་མའོ་བདེ་བ་ཞེས་སྒྲོགས་པར་བྱེད་པས་ན་ཐུན་སྤྱོམས་ཞེས་ཀྱང་བྱའོ། །དེ་དག་གི་ཚེའི་ཚད་ནི་མིའི་ཉིན་ཞག་ཉིས་བརྒྱ་ལ་ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ཉིས་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་སུམ་བརྒྱའོ། །དགའ་ལྡན་རྣམས་ཞེས་བྱ་བ་ལ། རྟག་ཏུ་དགའ་བ་དང་འགྲོགས་ཤིང་རིམ་པ་འོག་མ་རྣམས་ཀྱི་ལྷ་ལ་ལྟོས་ནས། ལོངས་སྤྱོད་ཀྱི་བདེ་བ་དང་ལྡན་པས་ན། དགའ་ལྡན་ཏེ། དེ་དག་གི་ཚེའི་ཚད་ནི་མིའི་ཉིན་ཞག་བཞི་བརྒྱ་ལ། ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་བཞི་སྟོང་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་ལྔ་བརྒྱའོ། །ཡང་ན་རྒྱང་གྲགས་བཞི་ཆ་གསུམ་མོ། །འཕྲུལ་དགའ་རྣམས་ཞེས་བྱ་བ་ལ། རང་རང་གི་སྤྲུལ་པའི་ལོངས་སྤྱོད་རྣམས་ལ་དགའ་བར་བྱེད་པས་ན་འཕྲུལ་དགའ་སྟེ། དེའི་ཚེའི་ཚད་ནི་མིའི་ཉིན་ཞག་བརྒྱད་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་དྲུག་བརྒྱའོ། །ཡང་ན་རྒྱང་གྲགས་ལྔ་ཆ་བཞིའོ། །གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ལ་གཞན་གྱི་སྤྲུལ་པའི་འདོད་པའི་ལོངས་སྤྱོད་ལ། དབང་སྒྱུར་བར་བྱེད་པས་ན། གཞན་འཕྲུལ་དབང་བྱེད་དེ། དེ་དག་གི་ཚེའི་ཚད་ནི་མིའི་ཉིན་ཞག་སྟོང་དྲུག་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ཁྲི་དྲུག་སྟོང་དུ་གནས་


DTG207_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་བདུན་བརྒྱ་ལྔ་བཅུའོ། །ཡང་ན་རྒྱང་གྲགས་ཕྱེད་དང་གཉིས་སོ། །མངོན་པའི་ཆོས་ལས་ནི་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པས། ལུས་ཀྱི་ཚད་ཀྱི་འདོམ་རྒྱང་གྲགས་ཚེའི་ཚད་དང་མཉམ་མོ་ཞེས་འཆད་དོ། །དེ་ལ་འདོད་པའི་ཁམས་ཀྱི་ལྷ་རྣམས་ལས། རྒྱལ་ཆེན་བཞི་དང༌། སུམ་ཅུ་རྩ་གསུམ་པའི་ལྷ་དག་མི་དང་འདྲ་བར་ཟུང་དུ་འཁྲིལ་བས་འཁྲིག་པ་སྤྱོད་དེ། དེ་ཡང་ཁུ་བ་མེད་པའི་ཕྱིར། དེ་དག་ནི་རླུང་བཏང་བ་ཙམ་གྱིས་བདེ་བ་འཇིལ་བར་བྱེད་དེ། ལོངས་སྤྱོད་གཞན་ནི་མི་དང་མཚུངས་སོ། །ཟུང་མ་རྣམས་ནི་འཁྱུད་པས་འཁྲིག་པ་སྤྱོད་དོ། །འཁྱུད་པ་ཙམ་གྱིས་བདེ་བ་འཇིལ་ལོ། །དགའ་ལྡན་རྣམས་ཀྱི་ལྷ་རྣམས་ནི། ལག་པ་སྦྲེལ་པས་འཁྲིག་པ་སྤྱོད་དོ། །ལག་པ་སྦྲེལ་བ་ཙམ་གྱིས་བདེ་བ་འཇིལ་བར་བྱེད་དོ། །འཕྲུལ་དགའ་རྣམས་ཀྱི་ལྷ་རྣམས་ནི་འཛུམ་པ་ཙམ་གྱིས་འཁྲིག་པ་སྤྱོད་དོ། །ཕོ་མོ་གཉིས་ཕན་ཚུན་ནས་དགོད་པ་ཙམ་གྱིས་བདེ་བ་འཇིལ་ལོ། །གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ལྷ་རྣམས་ནི་བལྟས་པ་ཙམ་གྱིས་འཁྲིག་པ་སྤྱོད་དོ། །ཕན་ཚུན་མིག་ཟུར་འདྲེས་པ་ཙམ་གྱིས་བདེ་བ་འཇིལ་བར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷ་དྲུག་པོ་དེ་དག་གི་ལྷའི་བུ་ཕོ་དང༌། བུ་མོ་དག་ཕ་མའི་པང་དུ་རྒྱལ་ཆེན་བཞིའི་གནས་ཀྱི་ལྷ་རྣམས་ནི། གོས་དང་རྒྱན་དུ་བཅོས་པའི་བྱིས་པ་ལོ་ལྔའི་ན་ཚོད་ཙམ་པ་འབྱུང་ངོ༌། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལོ་དྲུག་གི་ན་ཚོད་ཙམ། ཟུང་མའི་ནི་ལོ་བདུན་གྱི་ན་ཚོད་ཙམ་མོ། །དགའ་ལྡན་གྱི་ནི་ལོ་བརྒྱད་ཀྱི་ན་ཚོད་ཙམ་མོ། །འཕྲུལ་དགའ་ནི་ལོ་དགུའི་ན་ཚོད་ཙམ་མོ། །གཞན་འཕྲུལ་དབང་བྱེད་ཀྱི་ནི་ལོ་བཅུའི་ན་ཚོད་ཙམ་མོ། །དེ་ལ་གཟུགས་ཀྱི་སྲིད་པ་བསྟན་པའི་ཕྱིར། གཟུགས་ཀྱི་སྲིད་བ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ཀྱི་སྲིད་པའི་གནས་ནི་བཅུ་བདུན། བསམ་གཏན་ནི་བཞི་ཡོད་དེ། བསམ་གཏན་དང་པོ་ལ་གསུམ། གཉིས་པ་ལ་གསུམ། གསུམ་པ་ལ་གསུམ། བཞི་པ་ལ་བརྒྱད་དེ་བཅུ་བདུན་ནོ། །བསམ་གཏན་དང་པོའི་ས་གསུམ་ནི། ཚངས་རིས་རྣམས་དང༌། ཚངས་ལྷ་ཉེ་ཕན་རྣམས་དང༌། ཚངས་


DTG207_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྣམས་སོ། །གཉིས་པའི་ས་གསུམ་ནི་འོད་ཆུང་རྣམས་དང་ཚད་མེད་འོད་དང་འོད་སྣང་ངོ༌། །གསུམ་པའི་ས་གསུམ་ནི་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །བཞི་པའི་གནས་བརྒྱད་ནི་སྤྲིན་མེད་རྣམས་དང་འོག་མིན་རྣམས་མན་ཆད་དེ། དེ་ཡང་སྤྲིན་མེད་དང་བསོད་ནམས་འཕེལ་དང༌། །འབྲས་བུ་ཆེ་གསུམ་ནི་སོ་སོའི་སྐྱེ་བོའི་སའོ། །དེ་ཡན་ཆད་ལྔ་ནི་འཕགས་པའི་སའོ། །ཚངས་རིས་རྣམས་ཞེས་བྱ་བ་ལ་དགེ་བའི་རྩ་བ་རྒྱ་ཆེན་པོ་ལས་སྐྱེས་པས་ན་ཚངས་པ་ཞེས་བྱ་སྟེ། ཚངས་པ་གཞན་དེའི་རིས་སུ་སྐྱེས་པའམ་དེའི་གཡོག་འཁོར་དུ་གྱུར་པ་རྣམས་ལ་ཚངས་རིས་ཞེས་བྱའོ། །ཁ་ཅིག་ན་རེ་ཚངས་པ་ཆེན་པོའི་འཁོར་དུ་གཏོགས་པས་ན་ཚངས་རིས་ཞེས་བྱའོ་ཞེས་འཆད་དོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཕྱེད་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་དཔག་ཚད་ཕྱེད་དོ། །ཚངས་ལྷ་ཉེ་ཕན་རྣམས་ཞེས་བྱ་བ་ལ། ཚངས་པ་ཆེན་པོ་བློན་པོ་ལྟར་ཕན་ཞིང་རིས་དེར་སྐྱེས་པས་ན་ཚངས་པ་གཞན་པས་ནང་འཁོར་ལྟར་གནས་ཤིང་བསམ་གཏན་ལས་ལངས་པ་ན་མདུན་དུ་འགྲོ་བ་དང་རིམ་གྲོ་བྱེད་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བའམ་ཚངས་པ་ཆེན་པོའི་མདུན་དུ་ཐལ་མོ་སྦྱར་ནས་སྨྲང་འདོན་པས་ན་ཚངས་པའི་མདུན་ན་འདོན་ཞེས་བྱ་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་གཅིག་གོ །ཚངས་ཆེན་རྣམས་ཞེས་བྱ་བ་ལ། ཚངས་པ་གཉིས་ལ་ལྟོས་ནས་ཚེ་དང་ཁ་དོག་དང་མཐུ་ཁྱད་ཞུགས་པས་ཚངས་ཆེན་ཞེས་བྱའོ། །ཡང་ན་གཞན་ལས་འཕགས་པར་དགེ་བའི་རྩ་བ་ཆེན་པོ་ལས་སྐྱེས་ཤིང་མཆོག་ཏུ་གྱུར་པས་ན་ཚངས་ཆེན་ཞེས་བྱ་སྟེ། ཕལ་པས་ལྷག་པར་བསམ་གཏན་གྱི་ཁྱད་པར་ཐོབ་སྟེ་ཀུན་བས་སྔོན་དུ་སྐྱེས་ལ། ཐ་མར་འཆི་བས་ན་ཚངས་ཆེན་ནོ། །དེའི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་ཕྱེད་དང་གཉིས་སོ། །འོད་ཆུང་ཞེས་བྱ་བ་ལ་རང་གིས་གོང་མ་གཉིས་ལ་ལྟོས་ནས་དེ་དག་གི་ལུས་ནས་གཟི་དང་འོད་ཀྱི་སྣང་བ་ཆུང་བས་འོད་ཆུང་སྟེ། ཚེའི་ཚད་ནི་བསྐལ་པ་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་


DTG207_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཉིས་སོ། །ཚད་མེད་འོད་ཅེས་བྱ་བ་ལ་དེ་དག་གི་འོད་དང་གཟི་འདི་ཙམ་ཚད་ཀྱིས་གཞལ་ཞིང་བཅད་པར་མི་ནུས་པས་ན་ཚད་མེད་འོད་དེ་ཚེའི་ཚད་བསྐལ་པ་བཞིར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བཞིའོ། །འོད་སྣང་ཞེས་བྱ་བ་ལ་བདག་གི་སར་མ་གཏོགས་པའི་གནས་གཞན་དུ་ཡང་གཟི་བརྗིད་དང་འོད་ཀྱིས་སྣང་བར་བྱེད་པས་ན་འོད་སྣང་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བརྒྱད་དོ། །དགེ་ཆུང་ཞེས་བྱ་བ་ལ་དགེ་བ་ཡང་འདིའི་སྐབས་སུ་བསམ་གཏན་ལས་སྐྱེས་པའི་ཡིད་ཀྱི་སའི་བདེ་བ་ལ་དགེ་བ་ཞེས་བྱ་སྟེ། བདག་གི་སར་གཏོགས་པ་ལས་གོང་མ་ལ་ལྟོས་ནས་ཡིད་ཀྱི་བདེ་བ་ཆུང་བས་ན་དགེ་ཆུང་ངོ༌། །ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་ཏུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བཅུའོ། །ཚད་མེད་དགེ་ཞེས་བྱ་བ་ལ། དེའི་དགེ་བ་ཡང་ཚད་ཀྱིས་གཞལ་དུ་མེད་པས་ན་ཚད་མེད་དགེ་བ་འམ། ཡིད་ཀྱི་བདེ་བ་ཚད་མེད་པ་དང་ལྡན་པས་ན་ཚད་མེད་དགེ་བ་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་སུམ་ཅུ་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་སུམ་ཅུ་གཉིས་སོ། །མ་ལུས་དགེ་བ་རྣམས་ཞེས་བྱ་བ་ལ་དེ་དག་མ་ལུས་དགེ་བ་སྟེ། ཡིད་ཀྱི་བདེ་བ་མ་ལུས་པར་རྫོགས་པར་ཡོད་པའམ། དེ་དག་དམ་པར་འགྱུར་པའི་བདེ་བ་གཞན་མེད་པའི་ཕྱིར་མ་ལུས་དགེ་བའོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་དྲུག་བཅུ་རྩ་བཞིར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་དྲུག་ཅུ་རྩ་བཞིའོ། །སྤྲིན་མེད་རྣམས་ཞེས་བྱ་བ་ལ་ཇི་ལྟར་ཡུལ་གྱི་སྟེང་དུ་སྤྲིན་གྱི་མཆོད་པ་མེད་པ་དེ་བཞིན་དུ་ས་དེའི་གོང་དུ་ས་གཞན་གྱིས་བསྒྲིབས་པ་མེད་པས་ན། སྤྲིན་མེད་དང་སྤྲིན་བཞིན་དུ་དེ་དག་ས་དང་འབྲེལ་པ་མེད་པས་ན་སྤྲིན་མེད་དེ། ལྷ་དེ་དག་གི་གཞལ་མེད་ཁང་ནམ་མཁའ་ལ་གནས་ལ་གཞལ་མེད་ཁང་དང་ལྷན་ཅིག་ཏུ་སྐྱེ་ཞིང་དུ་ས་གཅིག་ཏུ་འཇིག་པའི་ཕྱིར་རོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་འཕེལ་རྣམས་


DTG207_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། སོ་སོའི་སྐྱེ་བོའི་བསོད་ནམས་སུ་གཏོགས་པའི་མཆོག་ཐོབ་པའི་གནས་ཡིན་པས་བསོད་ནམས་འཕེལ་རྣམས་ཏེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་ལྔ་བཅུར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ཉིས་བརྒྱ་ལྔ་བཅུའོ། །འབྲས་བུ་ཆེ་རྣམས་ཞེས་བྱ་བ་ལ་གནས་གཞན་པས་ཤས་ཆེར་དགེ་བའི་འབྲས་བུ་བསགས་པས། དེར་སྐྱེས་པའི་ལས་ངན་པས་ནི་མ་ཡིན་ཏེ། འབྲས་བུའི་མཆོག་ཐོབ་པས་ན་འབྲས་བུ་ཆེ་རྣམས་སོ། །ཡང་ན་འོག་མ་སོ་སོའི་སྐྱེ་བོའི་ས་ལས་འབྲས་བུ་ཁྱད་ཞུགས་པས་ཐོབ་པར་བྱ་བའི་ཕྱིར་འབྲས་བུ་ཆེ་རྣམས་ཏེ། དེའི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ལྔ་བརྒྱའོ། །མི་ཆེ་རྣམས་ཞེས་བྱ་བ་ལ། གནས་གཙང་མའི་ངང་ན་དེའི་མཆོག་མ་ཡིན་ཏེ། གནས་གཙང་མའི་གོང་མ་བས་བསོད་ནམས་ཆུང་བས་མི་ཆེ་བའོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་སྟོང་ངོ༌། །མི་གདུང་རྣམས་ཞེས་བྱ་བ་ལ། བསམ་པ་དགེ་བའི་ཕྱིར། དེར་སྐྱེས་པ་རྣམས་ཀྱི་མཐུ་དང་ལྷག་པའི་བསམ་གཏན་གྱི་འབྲས་བུ་དང་ཚེ་དང་ཡོན་ཏན་ལྷག་པར་ཡོད་ཀྱང་ས་འོག་མ་རྣམས་ལ་མི་གནོད་ཟིལ་གྱིས་མི་གནོན་པས་ན་མི་གདུང་བའོ། །ཡང་ན་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པ་རྣམས་ཀྱིས་གདུང་བར་མི་ནུས་པས་ན་མི་གདུང་བ་སྟེ། ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ཉིས་སྟོང་ངོ༌། །ཤིན་ཏུ་མཐོང་རྣམས་ཞེས་བྱ་བ་ལ། གཞན་གྱིས་དེའི་ལྷ་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ། བདེ་བ་དང་ལྡན་པས་མ་ཐོབ་པས་ན། ཤིན་ཏུ་མཐོང་བའམ། ལྟ་བ་རྣམ་པར་དག་སྟེ། ཟག་པ་མེད་པར་མཐོང་བས་ན་ཤིན་ཏུ་མཐོང་རྣམས་སོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བཞི་སྟོང་ངོ༌། །གྱ་ནོམ་སྣང་རྣམས་ཞེས་བྱའོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ལ་ཅི་དགར་འདྲེན་པར་བསྒོམ་ཡང་འདྲེས་པ་དང་འཁྲི་བ་མེད་པར་བྱེད་པའི་མཐུ་དང་


DTG207_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་ན་སྒྲིབ་པ་ཆེན་པོ་མ་ལུས་པར་དག་པར་མཐོང་བས་གྱ་ནོམ་རྣམས་སམ། བཟང་པོ་དང་ལེགས་པར་མཐོང་སྟེ་བདག་མེད་པ་དང་མི་རྟག་པ་ལ་སོགས་པར་མཐོང་བས་ན་གྱ་ནོམ་སྣང་རྣམས་སོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱ་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་སྟོང་ངོ༌། །འོག་མིན་རྣམས་ཞེས་བྱ་བ་ལ། གནས་འོག་མ་མ་ཡིན་ཏེ། གཟུགས་ཀྱི་ཁམས་དེའི་གོང་ནས་གཟུགས་ཅན་གྱི་ཁམས་གཞན་མེད་པས་ན་འོག་མིན་ནམ། དེ་ལས་མཆོག་ཏུ་གྱུར་པའི་གནས་གཞན་མེད་དེ་གཞན་བས་ཆུང་ངུ་དང་ངན་པར་མ་གྱུར་པའི་ཕྱིར་འོག་མིན་ནོ། །ཡང་ན་སྡུག་བསྔལ་བསགས་པའི་ལུས་ཨཱ་གྷ་ཞེས་བྱ་སྟེ། བསགས་པའི་གཟུགས་ཀྱི་མཐར་ཕྱིན་པས་ཨཱ་གྷ་ནིཥྛ་ཞེས་བྱ་སྟེ། ཡང་ན་ཨཱ་གྷ་ཞེས་བྱ་བ་ནི་སྡིག་པ་ལ་བྱ་སྟེ། སྡིག་པ་མཐར་ཕྱིན་ཏེ་ཟག་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་ཨཱ་གྷ་ནིཥྛའོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ཁྲི་དྲུང་སྟོང་ངོ༌། །མི་ཆེ་བ་ནས་འོག་མིན་གྱི་གནས་མན་ཆད་གནས་གཙང་མའི་རིས་ཞེས་བྱ་སྟེ། འཕགས་པ་ལམ་གྱི་ཆུས་ཉོན་མོངས་པའི་དྲི་མ་བཀྲུས་པས་སེམས་ཀྱི་རྒྱུད་དག་པ་འབའ་ཞིག་སྐྱེ་བས་ན་གནས་གཙང་མའམ། ཡང་ན་བུ་ལོན་གཙང་མ་བཞིན་དུ་འཁོར་བའི་བུ་ལོན་མཐར་ཕྱུང་སྟེ་གསང་བ་རྣམས་སྐྱེས་པས་ན་གནས་གཙང་མའོ། །ཡང་ན་སོ་སོའི་སྐྱེ་བོ་དང༌། མ་འདྲེས་པར་འཕགས་པའི་ཕྱིར་མི་འོང་བ་རྣམས་ཉི་ཚེ་གནས་པས་ན་གནས་གཙང་མ་འོ། །གཟུགས་མེད་པའི་སྲིད་པ་བསྟན་པའི་ཕྱིར། གཟུགས་མེད་པའི་སྲིད་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བར་བྱར་རུང་བས་ན། གཟུགས་ཡིན་ལ། སྣང་བར་བྱར་རུང་བ་མེད་པས་གཟུགས་མེད་པའོ། །འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་ལ་དང་པོ་སྦྱོང་བའི་དུས་ན་ནམ་མཁའ་ནི་མཐའ་ཡས་སོ། །ནམ་མཁའ་ནི་མཐའ་ཡས་སོ། །ཞེས་དམིགས་པར་བྱེད་དེ། དེ་ཉིད་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ། །དེ་དག་གིས་དང་པོར་སྦྱོར་


DTG207_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ཀྱང་མདོ་གཞན་དག་ལས་གཟུགས་ཀྱི་འདུ་ཤེས་ནི་ཡང་དག་པར་འདས། ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར། སྣ་ཚོགས་ཀྱི་འདུ་ཤེས་ནི་ཡིད་ལ་མི་བྱེད་དེ། ནམ་མཁའ་ནི་མཐའ་ཡས་སོ། །ནམ་མཁའ་ནི་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ་གནས་སོ། །ཞེས་གསུངས་སོ། །དེའི་དོན་ཡང་འདི་དག་ནི་ནམ་མཁའ་ཙམ་སྟེ། གང་དབྱིབས་དང་ཁ་དོག་སྔོ་བ་དང་སེར་བ་དང་དམར་བ་དང་དཀར་བ་དང་ཡང་དག་པར་ལྡན་པའི་རྒྱུ་ལས་བྱུང་བའི་བདེ་བ་དང་མི་བདེ་བ་འདོད་ཆགས་དང་བྲལ་ཏེ་ཁ་དོག་དེ་དག་ལ་འདུ་ཤེས་མི་འཇུག་པས་ན་དེའི་ཕྱིར་གཟུགས་ནི་ཡང་དག་པར་འདས་ཞེས་གསུངས་ཏེ། དེ་ལྟར་གཟུགས་ཀྱི་འདུ་ཤེས་ལ་ཡང་དག་པར་འདས་པས་སྣང་བ་མེད་པར་སོང་བའི་རྒྱུས་ཁ་དོག་རྣམ་པ་སྣ་ཚོགས་པར་བྱེད་པའི་རྒྱུས་རྡུལ་བསགས་པ་ཐོགས་པ་ཅན་གྱི་དངོས་པོ་ལ་སྒྲིབ་པ་དང་ཐོགས་པའི་འདུ་ཤེས་དང་བྲལ་བར་གྱུར་ཏེ། དེ་བས་ན་ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར་ཅེས་གསུངས་སོ། །འདུ་ཤེས་དེ་དང་བྲལ་བའི་རྒྱུས་གང་དེ་ལ་མ་གཏོགས་པའི་བསགས་པའི་རྣམ་པའི་ལྷག་མ་བཟའ་བ་དང་གཏུང་བ་དང་བཞོན་པ་དང་གོས་དང་རྒྱན་དང༌། ཁྱིམ་ནང་སྐྱེད་མོས་ཚལ་དང༌། དམག་གི་ཚོགས་དང༌། རི་ལ་སོགས་པ་ལ་འདུ་ཤེས་འཇུག་པ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་འཇུག་པར་མི་འགྱུར་ཏེ། དེ་བས་ན་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་ཅེས་གསུངས་སོ། །དེས་དེ་ལྟར་ཐོགས་པ་དང་བཅས་པ་དང༌། སྣ་ཚོགས་ཀྱི་འདུ་ཤེས་བཤིག་ནས་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ལས་འདས་ཏེ་སྦྱོར་བའི་ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་མཐའ་ཡས་པའི་རྣམ་པར་སྨོས་པར་བྱེད། དེ་བས་ན་ནམ་མཁའ་ནི་མཐའ་ཡས་སོ། །ནམ་མཁའ་ནི་མཐའ་ཡས་སོ་ཞེས་གསུངས་སོ། །དེ་ནས་སྦྱོར་བའི་ཏིང་ངེ་འཛིན་མཐར་ཐུག་པར་ཡིད་ལ་བྱས་པའི་འོག་ཏུ་སྦྱོར་བས་མཐར་ཐུག་པའི་འབྲས་བུ། རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇོག་སྟེ། དེ་བས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ། །དེར་ཇི་སྲིད་རྩ་བའི་ཏིང་


DTG207_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་སྲིད་དུ། ནམ་མཁའ་ལ་དམིགས་ཏེ་གནས་སོ། །རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནི། རང་གི་སའི་ཕུང་པོ་བཞི་ལ་དམིགས་ཤིང༌། གནས་པར་ཟད་དོ། །ཉེ་བའི་ཏིང་ངེ་འཛིན་གྱི་དུས་ན་ནི། །ས་འོག་མ་རྣམས་ཀྱི་ཕུང་པོ་དང༌། ཁ་དོག་རྣམ་པ་སྣ་ཚོགས་ལ་མེད་པའི་མཚན་ཉིད་དུ་ཡིད་ལ་བྱེད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ། ནམ་མཁའ་ལ་མཐའ་ཡས་པའི་རྣམ་པར་དམིགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་ཞེས་སྦྱོར་བའི་ཏིང་ངེ་འཛིན་གྱི་ཚེ་དམིགས་པ་ནི་རྣམ་པར་ཤེས་པ་མཐའ་ཡས་ཏེ། དེ་ཉིད་གནས་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ། །དེའི་དོན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དུས་ན། རྣམ་པར་ཤེས་པས་ནམ་མཁའ་ལ་མཐའ་ཡས་པའི་རྣམ་པར་མོས་ཏེ། དེ་བས་ན་རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་པའི་རྣམ་པ་ཡིན་ནོ། །ནམ་མཁའ་ལ་མཐའ་ཡས་པའི་རྣམ་པར་མོས་པའི་རྣམ་ཤེས་མཐའ་ཡས་ལ་སྙོམས་པར་འཇུག་པར་འདོད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་པ་དང༌། རྩ་བའི་འདུ་ཤེས་ལས་བཟློག་ནས་རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པར་མོས་པར་བྱེད་དེ། དེ་བས་ན་མདོ་གཞན་ལས་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་འཇུག་གོ །ཞེས་གསུངས་སོ། །དེ་དག་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང༌། སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེས་རྣམ་ཤེས་མཐའ་ཡས་ཀྱི་ཉེར་བསྔོགས་ཀྱི་ཏིང་ངེ་འཛིན་དང་སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་ན་མདོ་གཞན་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ལ་སྦྱོར་བའི་ཏིང་ངེ་འཛིན་གྱི་དུས་ན་ཟུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་སྙོམས་པར་


DTG207_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས། ཅུང་ཟད་མེད་པ་ཞེས་བྱ་སྟེ། དེ་ཉིད་གནས་དེར་སྐྱེ་བའི་རྒྱུ་དང༌། རྐྱེན་ཡིན་པས་ན་ཅུང་ཟད་མེད་པའི་སྐྱེ་མཆེད་དོ། །དེའི་དོན་ཡང་དེས་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ལས་བསྐྱེད་ནས། རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་ཅི་ཡོད་ཅེས་བཙལ་ན། གཟུགས་ཅན་ནམ་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་མ་མཐོང་ངོ༌། །དེས་དེ་ལྟར་དམིགས་པ་མཐོང་བས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་པ་དང༌། རྩ་བའི་ཏིང་ངེ་འཛིན་ལས་ལངས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དམིགས་པ་གཞན་ལ་མོས་པར་བྱེད་དེ། དེ་ནི་ཅུང་ཟད་མེད་པའི་འདུ་ཤེས་ཀྱི་རྣམ་པ་ལ་མོས་པ་ཉིད་དུ་གནས་པ་ཡིན་ཏེ། དེ་ལྟར་གནས་པ་དེ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པའི་ཏིང་ངེ་འཛིན་དང༌། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེས་འདུ་ཤེས་དེ་ལ་མོས་པ་མང་དུ་བྱས་པས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པ་དང༌། སྦྱོར་བ་མ་ཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་འདས་ནས། སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་ན་མདོ་གཞན་ལས་དེ་རྣམ་པ་ཐམས་ཅད་དུ། རྣམ་ཤེས་མཐའ་ཡས་ལས་ཡང་དག་པར་འདས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་གསུངས་སོ། །དེ་ཡང་དབྱེ་ན་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་པའི་ཏིང་ངེ་འཛིན་གྱི་དུས་ན་ནི་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ལ། འདུ་ཤེས་ནི་ཤུ་བའོ། །འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་མེད་པ་ཡང་རྨོངས་པ་སྟེ་ཞེས་འདུ་ཤེས་ཕྲ་བ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་སྟེ། དེ་ཉིད་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །དེའི་དོན་ཡང་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་དུས་ན་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས་བསྐྱེད་དོ། །དེ་ཡང་ཇི་ལྟར་ཞེ་ན་ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་ལ་ཆགས་པ་དང་ན་བ་དང་ཤུ་བ་ལ་སོགས་པ་བཞིན་དུ་ཉེས་དམིགས་དང་བཅས་པར་ཡིད་ལ་བྱེད་པའོ། །ཅུང་ཟད་མེད་ཅུང་


DTG207_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མེད་མིན་གྱི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པས་ཏིང་ངེ་འཛིན་གྱི་དུས་ན་ནི་འདུ་ཤེས་དང་བཅས་པ་ཡང་ཟུག་རྔུ་དང་འདྲ་བར་མི་བདེ་བ་ཡིན། འདུ་ཤེས་ཐམས་ཅད་དུ་སྤངས་པ་ཡང་རྨོངས་པ་ཡིན་ནོ། །ཤེས་རབ་ཏུ་པྲ་བའི་འདུ་ཤེས་ལ་གནས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་པས་ན། དེའི་ཕྱིར་མདོ་གཞན་ལས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་གནས་སོ་ཞེས་གསུངས་སོ། །དེ་ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྡོགས་པའི་ཏིང་ངེ་འཛིན་དང༌། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་འདས་ནས། སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་མདོ་ལས་དེས་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ལས་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཀྱི་མཚན་མ་མེད་པས་སེམས་ཙམ་ལ་བརྟེན་ནས་བསྒོམས་ཏེ། དེ་བས་ན་མདོ་ལས་སེམས་ཙམ་ལ་བསམ་གཏན་པ་ཞེས་གསུངས་སོ། །དེ་དག་ཀྱང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་བཞིན་དུ་གནས་ཀྱི་རིམ་པ་ནི་མེད་ཀྱི། སྙོམས་པར་འཇུག་པའི་བྱེ་བྲག་དང༌། ཚེ་རིང་ཐུང་དུ་སྐྱེ་བའི་བྱེ་བྲག་ཙམ་གྱིས་དབྱེ་བར་ཟད་དེ་དེ་བས་ན་མདོ་ལས་གཟུགས་མེད་པའི་ལྷ་རྣམས་ཀྱི་སྐྱེ་མཆེད་རྣམ་པ་བཞི་པོ་འདི་ནི་ཞེས་བྱ་བ་གསུངས་ཏེ། གང་གོང་དུ་གཟུགས་མེད་པའི་ལྷ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་བཤད་པ་དེ་ནི། གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །དེ་ལ་ནམ་མཁའ་མཐའ་ཡས་སུ་སྐྱེས་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་ཉི་ཤུར་གནས་ནས་དུས་བྱེད་དོ། །རྣམ་ཤེས་མཐའ་ཡས་ནི་བསྐལ་པ་སྟོང་ཕྲག་བཞི་བཅུའོ། །ཅུང་ཟད་མེད་པ་ནི་སྟོང་ཕྲག་དྲུག་ཅུའོ། །ཐ་མ་ནི་སྟོང་ཕྲག་བརྒྱད་ཅུར་གནས་སོ། །གཟུགས་མེད་པའི་ལྷ་རྣམས་ཀྱང་གནས་གང་དུ་སྙོམས་པར་འཇུག་པའི་གནས་དེ་ཉིད་དུ་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བར་ཟད་ཀྱི་གཞན་དུ་སྐྱེ་བ་པོ་མེད་དོ། །བསྐལ་པ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ནི་སེམས་གཟུགས་ལ་


DTG207_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ན། གཟུགས་མེད་པའི་ཁམས་ན་མིང་གི་ཕུང་པོ་བཞི་རྣམས་གཅིག་ལ་བརྟེན། སྨྲས་པ་མདུང་གསུམ་རྩེ་སྤྲད་པའི་ཤིང་གཅིག་ལ་གཅིག་བརྟེན་པ་བཞིན་དུ། མིང་གི་ཕུང་པོ་བཞི་ཉིད་གཅིག་ལ་གཅིག་བརྟེན་པའམ། མིང་གི་ཕུང་པོ་བཞི་རྣམས་ཚོར་བའི་དབང་པོ་དང་རིས་མཐུན་པའི་ཆོས་ལ་བརྟེན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར་བྱེད་པའི་ལྟས་ནི། ནམ་མཁའ་ལས་ལུས་ལྟུང་བ་སྙམ་ཡིད་ལ་བྱེད་པ་སྐྱེའོ། །བརྒལ་བ། མདོ་གཞན་དག་ལས་ནི་མ་འོངས་པ་ན་ཁམས་གསུམ་གྱི་འབྲས་བུ་ལེན་པར་བྱེད་པའི་ལས་གང་ཡིན་པ་དེ་སྲིད་པའི་སྒྲར་བརྗོད་ན། འདིར་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཉིད་ལ་སྲིད་པར་བརྗོད་པས་མདོ་གཞན་དང་འགལ་ལོ། །སྨྲས་པ་འདི་ནི་ཉེས་པ་མེད་དེ་ཡང་ནི་སྲིད་པ་ཞེས་བྱ་བ་ལ་ལས་ལ་བྱ་མོད་ཀྱི། ལས་དེ་ནི་མ་འོངས་པའི་སྲིད་པ་སྐྱེད་པའི་རྒྱུ་ཡིན་ལ་སྲིད་པ་གསུམ་ནི་ལས་ཀྱི་འབྲས་བུ་ཡིན་ཏེ། འདིར་རྒྱུའི་མིང་འབྲས་བུ་ལ་བཏགས་ནས་རྒྱུ་དེས་ཁམས་གསུམ་དུ་སྐྱེད་པར་བྱེད་པའི་ཕྱིར། གསུམ་ལ་སྲིད་པ་ཞེས་བཏགས་ཏེ་ཉེས་པ་མེད་དོ། །སྐྱེ་བ་བསྟན་པའི་ཕྱིར་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པའི་རྒྱུ་ལས་སྐྱེ་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སོང་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ །སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་རིགས་མཐུན་པའི་གནས་ཚེ་ཕྱི་མ་དེ་དང་དེ་དག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ལ་མངལ་གྱི་གནས་དང་སྒོ་ངའི་གནས་སུ་དང་པོ་ཉིད་དུ་རྣམ་པར་ཤེས་པ་མངོན་པར་བྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དེར་རྣམ་པར་ཤེས་པ་ཞུགས་ནས་མ་བྱུང་གི་བར་དུ་ཡན་ལག་དང་ཉིད་ལག་རྫོགས་པར་གྱུར་པ་ནི་ཀུན་ཏུ་སྐྱེ་བ་ཞེས་བྱའོ། །མངལ་དུ་ཡན་ལག་ལ་སོགས་བ་རྫོགས་ནས་མངལ་ནས་ཕྱིར་འབྱུང་བ་ནི་འཕོ་བ་ཞེས་བྱའོ། །གང་དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་རྣམས་དུས་གཅིག་ཏུ་རང་གི་ལུས་རྫོགས་པར་གྱུར་པ་ནི་མངོན་པར་འབྱུང་བ་ཞེས་བྱའོ། །དེ་ལྟར་བྱུང་བ་ལས་དེ་དག་གི་ཕུང་པོ་ལྔ་པོ་ཉིད་ཁ་ཟས་ལ་སོགས་པས་རྟས་


DTG207_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འཕེལ་བར་བྱ་བ་ནི་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ། །ཁ་ཟས་ལ་སོགས་པ་མ་གཏོགས་པའི་མར་གྱིས་བསྐུ་ཞིང་མཉེ་བ་དང་བཀྲུ་བ་ལ་སོགས་པ་རྐྱེན་གཞན་གྱིས་གྲོགས་བྱས་པ་ནི་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱའོ། །དེ་དག་གི་ཕུང་པོ་ཉིད་སྔོན་གྱི་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལ་བརྟེན་པ་ནི་ཁམས་རབ་ཏུ་རྙེད་པ་ཞེས་བྱའོ། །དེ་དག་གི་ཕུང་པོ་དེ་དག་ཉིད་ཚེའི་མཐའི་བར་དུ་གནས་པ་ཉིད་ནི་འཚོ་བའི་དབང་པོ་འབྱུང་བ་ཞེས་བྱའོ། །ལྷ་དང་མི་ལ་སོགས་པའི་རིས་སུ་སྐྱེས་པའི་རིས་མཐུན་པ་དང་མ་བྲལ་བ་ནི་རིས་སུ་སྐལ་བ་མཐུན་པ་དང་ལྡན་པ་ཞེས་བྱའོ། །དེ་ནས་མདོ་རྣམ་པ་བཞི་བསྟན་ཏེ་གང་སྐྱེ་བ་དང་སྐྱེ་གནས་གང་གིས་བསྟན་པ་དང༌། གང་གིས་གྲོགས་བྱས་པ་དང༌། སྐྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ལ་སྐྱེ་བ་དང་ཞེས་བྱ་བ་ནས་མངོན་པར་འབྱུང་བ་ཞེས་བྱ་བ་གང་སྐྱེ་བ་བསྟན་ཏོ། །ཕུང་པོ་རྣམས་འབྱུང་བ་ཞེས་བྱ་བས་ཉེ་བར་བརྟན་པ་བསྟན་ཏོ། །སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་དང་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱ་བས་གང་གི་གྲོགས་བྱས་པ་བསྟན་ཏོ། །འཚོ་བའི་དབང་པོ་འབྱུང་བ་དང༌། རིས་སུ་སྐལ་བ་མཐུན་པ་དང་ལྡན་པ་ཞེས་བྱ་བས་སྐྱེ་བའི་རང་བཞིན་གང་ཡིན་པ་བསྟན་ཏོ། །ཡང་ན་གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི་འཆི་བའི་ཆར་གཏོགས་པའི་སེམས་ཅན་ལ་སྙེགས་ཏེ། ཤི་བར་གྱུར་པའི་སེམས་ཅན་དང་དེ་རྣམས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཞེས་བྱ་བ་ནི་སྐྱེ་བའི་ཆར་གཏོགས་པ་ལ་སྙེགས་ཏེ། སྐྱེ་བར་བྱ་བའི་སེམས་ཅན་གྱི་གནས་དེ་དང་དེ་དག་ཏུ་ཞེས་བྱ་བའི་དོན་ཏོ། །གང་གི་ལས་དགེ་བ་ལ་སོགས་པ་བྱས་པའི་ཤུགས་དང་ལྡན་པ་མ་འོངས་པ་ལ་མཚམས་སྦྱར་བར་བྱ་བའི་གནས་སུ་རྣམ་པར་ཤེས་པ་སྐྱེས་ཤིང་བརྒྱལ་བ་ནི་སྐྱེ་བ་ཞེས་བྱའོ། །ཀུན་ཏུ་སྐྱེ་བ་ཞེས་བྱ་བའི་ཚིག་ལྷག་མ་རྣམས་ནི་དེ་ཉིད་ཀྱི་བཤད་པ་སྟེ། ཕྱི་མས་སྔ་མ་བཤད་པར་བལྟའོ། །ཡང་ན་མངལ་དུ་སྐྱེ་བ་རྣམས་མངལ་གྱི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་སྐྱེ་བའོ། །སྒོ་ངར་སྐྱེས་པ་རྣམས་སྒོ་ངའི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་ཀུན་སྐྱེ་བའོ། །དྲོད་གཤེར་ལས་སྐྱེས་པ་རྣམས་དྲོད་གཤེར་གྱི་གནས་སུ་རྣམ་


DTG207_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་དང་པོ་སྐྱེ་བ་ནི་འཕོ་བའོ། །རྫུས་ཏེ་སྐྱེས་པ་རྣམས་དུས་གཅིག་ཏུ་ཕུང་པོ་ཅིག་ཅར་འབྱུང་བ་ནི་མངོན་པར་འབྱུང་བའོ། །དེ་ལ་མངལ་དུ་སྐྱེ་བའི་སེམས་ཅན་ནི་མི་དང་བྱོལ་སོང་གི་སྐྱེ་གནས་བཞི་ཀ་ནས་ཀྱང་སྐྱེ་མོད་ཀྱི། ཕལ་ཆེར་མངལ་ནས་སྐྱེ་སྟེ། མངལ་ནས་སྐྱེས་པ་ནི་བྱོལ་སོང་ལ་ཡང་གླང་པོ་དང་རྟ་དང་བ་ལང་དང་མ་ཧེ་དང་ཕག་ལ་སོགས་པ་སྟེ། དེ་དག་ཀྱང་ཕོ་མོ་གཉིས་ཀྱི་ཁྲག་དང་ཁུ་བ་འདྲེས་པ་ལས་འགྱུར་རོ། །མི་ལས་སྒོ་ང་ལས་སྐྱེས་པ་ནི། ཤེལ་དང༌། ཨུཏྤ་ལ་དང༌། པཉྩ་ལའི་རྒྱལ་པོའི་བུ་ལྔ་བརྒྱ་དང༌། རི་དགས་དགྲའི་མ་ས་གའི་བུ་སུམ་ཅུ་ལྟ་བུའོ། །མི་ལས་དྲོད་གཤེར་ལས་སྐྱེས་པ་ནི་མན་དྷ་ཏ་ལྟ་བུའི་སྤྱི་བོ་ལས་སྐྱེས་པ་དང༌། མཛེས་པ་དང༌། ཉེར་མཛེས་དང༌། ཤིང་ཏོག་ཨ་མྲ་ལས་སྐྱེས་པའི་བུ་མོ་ཨ་མྲ་སྐྱོང་ལིཙྪ་བཱིའི་གཙོ་བོ་རྣམས་ཀྱི་ཆུང་མར་གྱུར་པ་ལྟ་བུའོ། །མི་ལས་རྫུས་ཏེ་སྐྱེས་པ་ནི་བསྐལ་པ་དང་པོའི་མི་རྣམས་ལྷའི་གནས་ནས་གླིང་བཞིར་སྐྱེ་བ་ལྟ་བུའོ། །བྱོལ་སོང་སྐྱེ་གནས་བཞི་ཀ་ནས་སྐྱེ་བ་ཡང་ཇི་ལྟར་འཇིག་རྟེན་གཞག་པ་ལས་གསུངས་པ་སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པའི་ཀླུ་འདྲེན་ཅིང་ཟ་བ་དང༌། དེ་བཞིན་མངལ་ནས་སྐྱེས་པས་མངལ་ནས་སྐྱེས་པ་འདྲེན་ཅིང་ཟ་བ་དང༌། དེ་བཞིན་དྲོད་གཤེར་དང་རྫུ་བ་ལས་སྐྱེས་པས་ཀྱང་སྐྱེ་གནས་པ་སོ་སོའི་འདྲེན་ཅིང་ཟ་བ་ཞེས་གསུངས་པ་ལྟ་བུའོ། །སྒོ་ང་ལས་སྐྱེས་པ་ནི་བྱ་ལས་ཕལ་ཆེར་ཏེ། ངང་ངུར་དང་ཁྲུང་ཁྲུང་དང་རྨ་བྱ་དང་ནེ་ཙོ་ལ་སོགས་པ་ལྟ་བུའོ། །དྲོད་གཤེར་ལས་སྐྱེས་པ་ནི་གྲོག་སྦུར་དང་ཕྱེ་མ་ལེབ་དང༌། སྦྲང་བུ་དང་སྲོ་ཤིག་ལས་ཕལ་ཆེར་སྐྱེའོ་ཞེས་ཟེར་རོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་གང་དབང་པོ་ཉམས་པ་མེད་ཅིང་མ་ཚང་བ་མེད་པ་དང༌། ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པས་ཅིག་ཅར་དུ་སྐྱེ་བ་སྐྱེ། དེ་ཡང་ལྷ་དང་དམྱལ་བ་དང་སྲིད་པ་བར་མ་ལྟ་བུའོ། །ཡི་དྭགས་དག་ནི་མངལ་དང་རྫུས་ཏེ་སྐྱེས་པ་གཉི་ག་ཡོད་དེ། མངལ་ནས་སྐྱེ་བ་ནི་དཔེར་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་ཡི་དྭགས་དག་སྨྲས་པ། མཚན་མོ་བདག་གི་བུ་ལྔ་བསྐྱེད། །ཉིན་པར་དེ་བཞིན་གཞན་དག་ཀྱང༌། །བསྐྱེད་དེ་ཟོས་པར་གྱུར་མོད་ཀྱིས། །འོན་ཀྱང་ངོམས་པར་བདག་མ་གྱུར། །ཞེས་སྨྲས་པ་ལྟ་


DTG207_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དྲིས་པ་ནམ་མཁའ་ལྡིང་གི་སྐྱེ་གནས་མཐུན་མཐུན་གྱིས་ཀླུ་འདྲེན་ཅིང་ཟ་བ་ནི་རུང་གི །རྫུས་པ་ནི་ཐམས་ཅད་འགགས་མ་ཐག་ཏུ་ཕུང་པོ་མི་སྣང་བར་གྱུར་ན། ཇི་ལྟར་ཟ། སྨྲས་པ་དེ་ནི་སྣང་བར་འགྲོ་བ་མི་ཤེས་ནས་ཟ་བའི་ཕྱིར་འདྲེན་པ་པོ་ཡོད་དོ་ཞེས་ཁ་ཅིག་གིས་བཤད་དོ། །དྲངས་ནས་སྲོག་དང་མ་བྲལ་གྱི་བར་དུ་ཟར་ཡང་རུང་ངོ་ཞེས་སློབ་དཔོན་གཞན་དག་ནི་བཤད་དོ། །ཕུང་པོའི་དབང་དུ་བྱས་ན་སྐྱེ་གནས་དེ་དག་ཏུ་ཕུང་པོ་རྣམས་འབྱུང་བ་ཞེས་བྱ་སྟེ། མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་ན་རྣམ་པར་ཤེས་པའི་ཕུང་པོའོ། །རྣམ་པར་ཤེས་པ་ལྔ་དང་ལྡན་པའི་འདུ་ཤེས་ཉོན་མོངས་པ་དང་བཅས་པ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེའི་དུས་ན་ཚོར་བ་མྱོང་བ་ནི་ཚོར་བའི་ཕུང་པོའོ། །ཁྲག་དང་ཁུ་བ་འདྲེས་པའི་མཚན་ཉིད་མེར་མེར་པོ་ནི་གཟུགས་ཀྱི་ཕུང་པོའོ། །དེ་བས་ན་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ། །སྐྱེ་མཆེད་ཀྱི་དབང་དུ་གྱུར་ན། དེའི་ཚེ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། མཚམས་སྦྱོར་བའི་ཚེ་ཉིད་ན། ཁྲག་དང་ཁུ་བ་ནི་ལུས་ཀྱི་སྐྱེ་མཆེད་དོ། །དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །དེའི་དུས་ཀྱི་ཚོར་བ་ལ་སོགས་པ་ནི་ཆོས་ཀྱི་སྐྱེ་མཆེད་དེ། སྐྱེ་མཆེད་གསུམ་པོ་དེ་ཉིད་ལ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་བ་སྟེ། མིག་ལ་སོགས་པའི་སྐྱེ་མཆེད་ནི། དེའི་དུས་ན་མེད་པས་དེ་དག་ལ་མི་བྱའོ། །ཁམས་ཀྱི་དབང་དུ་བྱས་ན། དེའི་ཚེ་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱ་བ་སྟེ། གང་དེ་ན་ཁྲག་དང་ཁུ་བའི་མཚན་ཉིད་ནི་ལུས་ཀྱི་ཁམས་སོ། །དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་སོ། །དེ་ན་ཚོར་བ་ལ་སོགས་པ་ཡོད་པ་ནི་ཆོས་ཀྱི་ཁམས་ཏེ། དེ་གསུམ་ལ་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱའི། ཁམས་གཞན་དེའི་དུས་ན་མེད་པས་ན། གཞན་ལ་ནི་མི་བྱའོ། །ཚོར་བའི་དབང་པོ་འབྱུང་བ་དང་ཞེས་བྱ་བ་ནི། ཚེའི་འདུ་བྱེད་དང་པོ་ཉིད་དུ་དེར་ཐོས་པའི་ཕྱིར་ཏེ། དེ་ནི་ལུས་ཀྱི་དབང་པོ་ཡང་དེར་སྨིན་པར་བལྟའོ། །ཅིའི་ཕྱིར་ཞེ་ན། འདོད་པ་དང་གཟུགས་ཀྱི་ཁམས་ནི། གཟུགས་མེད་པར་འཚོ་བའི་དབང་པོ་མི་གནས་ཏེ། ཚོར་བའི་དབང་པོ་ནི་གཟུགས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །གང་གི་མངལ་དུ་ཐོས་པའི་སེམས་ཅན་དེ་དང་


DTG207_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་པན་ཆད་དེ་དང་དེ་རིགས་གཅིག་པར་གྱུར་པ་ན། རིགས་སུ་སྐལ་བ་དང་ལྡན་པ་ཞེས་བྱའོ། །རྒ་བ་བསྟན་པར་བྱ་བའི་ཕྱིར་སྐྱེ་བའི་རྐྱེན་གྱིས་རྒ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་རྒྱུ་ལས་རྒ་བ་འབྱུང་ངོ༌། །ཞེས་བྱའོ། །གང་སྤྱི་ཅེར་དང་ཞེས་བྱ་བ་ལས་འབྱུང་བ་ཆེན་པོ་རྣམས་ཀྱི་དྲོད་དང་མཐུ་ཉམས་པར་གྱུར་པས་སྐྲ་བྱི་བའམ་ལུས་མཐུ་ཆུང་བས་ཡང་ལག་འདར་བར་འགྱུར་བའོ། །སྐྲ་དཀར་ནི་གང་སྐྲ་ཁ་དོག་གཞན་དུ་གྱུར་པའོ། །གཉེར་མ་མང་བར་གྱུར་པ་ནི། པགས་པ་རྣམས་རྙིས་ཤིང་ཞུམ་པར་གྱུར་པའོ། །འཁོགས་པ་ནི་གང་འདོད་པ་ལ་ཀུན་ལོངས་སྤྱོད་པ་ལ་ཀུན་ལོངས་སྤྱོད་ནུས་པ་མེད་པའམ། མདངས་དང་གཟི་ཉམས་པའོ། །ཞོམ་པ་ནི་གང་ལས་སུས་བྱས་པའི་རྣམས་ལ་མཐུ་ཆུང་ཞིང་རང་བཞིན་གྱིས་ནད་དང་བཅས་པའོ། །ཤིང་སྒུ་བོ་ལྟར་འཁྱོར་བ་ནི་གང་འགྲོ་བའི་སྤྱོད་ལམ་གྱི་དུས་ན། ལུས་ཀྱི་དབྱིབས་གཡས་གཡོན་དུ་འགྱུར་ཞིང་འཁྱོར་པའོ། །ལུད་པ་ངར་ངར་བའི་ལུས་ནི་གང་སྨྲས་པའི་དུས་ན་བད་ཀན་ལ་སོགས་པས་འགགས་པས་དབུགས་ཕྱི་ནང་དུ་འབྱུང་བ་རྣམས་དཀའ་བཞིན་དུ་འབྱུང་བའོ། །སྒུར་བ་ནི་གང་ཚིགས་པ་ལ་གནས་པའི་འབྱུང་བ་ཆེན་པོ་རྣམས་ཉམས་པས་ལུས་དྲང་པོར་བསྲང་མི་ནུས་ཤིང་མདུན་དུ་སྒུ་བའོ། །ཁབས་ནག་པོས་ཁེབས་པའི་ལུས་ནི་གདོང་དང་ཡན་ལག་ཏུ་ཁ་དོག་ནག་པོ་ཕལ་ཆེར་བྱུང་བའོ། །མདུན་དུ་སྒུ་བའི་ལུས་ནི་གང་འདུག་པའི་སྤྱོད་ལམ་གྱི་དུས་ན་ཡང་ལུས་མདུན་དུ་དུད་ཅིང་དྲང་པོར་གནས་པར་མི་ནུས་པའོ། །ཁར་བ་ལ་འཇུ་བ་ནི་གནས་པའི་སྤྱོད་ལམ་ལས་ལྡང་བའི་དུས་ན། །བར་བ་ལམ་བརྟེན་པར་ལྡང་མི་ནུས་པའོ། །དབང་པོ་ཀུན་སྨིན་པ་ནི་རང་བཞིན་གྱིས་ཉམ་ཆུང་བས་གཟུགས་དང་སྒྲ་ལ་སོགས་པ་མི་གསལ་བར་མཐོང་ཞིང་ཐོས་པའོ། །ཉམས་པ་ནི་གང་ལས་སུ་བྱ་བ་རྣམས་ལ་བརྩོན་འགྲུས་མེད་དེ། ཡན་ལག་ཞིག་པས་རྟག་ཏུ་ལེ་ལོ་དང་བཅས་པའོ། །འདུ་བྱེད་རྣམས་རྙིངས་པར་གྱུར་པ་ནི། ཕུང་པོ་ལྔའི་ཐ་མར་གྱུར་ཏེ། ཕུང་པོ་ཉིད་ཀྱང་འཆི་བའི་ཚེའི་དུས་དང་ཉེ་བར་གྱུར་པའོ། །ཞིག་པར་གྱུར་པ་ནི། གང་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་སྔོན་བཞིན་དུ་བལྟ་བ་དང་མཉན་པར་འདོད་པ་མི་སྐྱེའོ། །རྨོངས་པ་ནི་དྲན་པའི་བློ་


DTG207_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པས་སྔོན་བྱས་པ་དང་སྨྲས་པ་རྣམས་བརྗེད་ཅིང་མི་དྲན་པའོ། །ཞན་པ་ནི་ཡིད་ཀྱི་ལོག་པ་ལས། གཉིས་སྟུག་ཅིང་རྒྱུན་རིང་དུ་གཉིད་ལ་གནས་པའོ། །འབྲི་བ་ནི་དེ་ལྟར་གཉིད་ཀྱིས་ལོག་པ་ལས་གང་མྱུར་དུ་ལྡང་མི་ནུས་པའོ། །ཀུན་བྲི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེའི་འདུ་བྱེད་ཀྱང་མཇུག་བསྡུས་པས་འཆི་བའི་དུས་ལ་མངོན་དུ་བལྟས་པའོ། །གོང་དུ་བཤད་པ་དེ་དག་བསྡུས་ནས། དོན་རྣམ་པ་བཅུ་གཅིག་སྟེ། བཅུ་གཅིག་ནི་རྟེན་རྣམ་པར་གྱུར་པ་དང༌། སྒྲ་རྣམ་པར་གྱུར་པ་དང༌། ལྟས་རྣམ་པར་གྱུར་པ་དང༌། གཟི་དང་སྟོབས་རྣམ་པར་གྱུར་པ་དང༌། ནད་མེད་པ་རྣམ་པར་གྱུར་པ་དང༌། ཁ་དོག་རྣམ་པར་གྱུར་པ་དང༌། སྤྱོད་ལམ་རྣམ་པར་གྱུར་པ་དང༌། གཟུགས་ཅན་མ་ཡིན་པའི་དབང་པོ་རྣམ་པར་གྱུར་པ་དང༌། གཟུགས་ཅན་གྱི་དབང་པོ་རྣམ་པར་གྱུར་པ་དང༌། མཐར་ཐུག་པ་དང༌། ཚེའི་འདུ་བྱེད་ཟད་པའོ། །དེ་ལ་སྤྱི་ཅེར་བྱ་བས་རྟེན་རྣམ་པར་གྱུར་པ་བསྟན་ཏོ། །སྐྲ་དཀར་ཞེས་བྱ་བས་སྐྲ་རྣམ་པར་གྱུར་པ་བསྟན་ཏོ། །གཉེར་མ་མང་ཞེས་བཏགས་པས་རྣམ་པར་གྱུར་པ་བསྟན་ཏོ། །འཁོགས་པ་ཞེས་བྱ་བས་གཟི་དང༌། སྟོབས་རྣམ་པར་གྱུར་པ་བསྟན་ཏོ། །ཞོམ་པ་ཞེས་བྱ་བས་ནད་མེད་པ་རྣམ་པར་གྱུར་པ་བསྟན་ཏོ། །ཁབས་ནག་པོས་ལུས་ཁེབས་ཞེས་བྱ་བས་ཁ་དོག་རྣམ་པར་གྱུར་པ་བསྟན་ཏོ། །སྒུ་བ་དང་ཤིང་སྒུ་བོ་ལྟར་འཁྱོར་བ་དང་ལུད་པ་ངར་ངར་བའི་ལུས་དང༌། མདུན་དུ་སྒུ་བའི་ལུས་དང་ཁར་བ་ལ་འཇུ་བ་རྣམས་ཀྱིས་སྤྱོད་ལམ་གཞན་དུ་གྱུར་པ་བསྟན་ཏོ། །རྨོངས་པ་ཞེས་བྱ་བས་གཟུགས་ཅན་མ་ཡིན་པའི་དབང་པོ་གཞན་དུ་གྱུར་པ་བསྟན་ཏོ། །དབང་པོ་ཀུན་སྨིན་པ་དང༌། ཉམས་པ་དང་ཞིག་པར་གྱུར་པ་དང༌། ཞན་པ་དང་བྲི་བ་རྣམས་ཀྱིས་གཟུགས་ཅན་གྱི་དབང་པོ་གཞན་དུ་གྱུར་པ་བསྟན་ཏོ། །འདུ་བྱེད་རྣམས་རྙིངས་པར་མཐར་ཐུག་པར་བསྟན་ཏོ། །ཀུན་བྲི་བས་ཚེ་ཟད་པ་བསྟན་ཏོ། །འཆི་བ་བསྟན་པའི་ཕྱིར། འཆི་བ་བསྟན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ །སེམས་ཅན་གྱི་


DTG207_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དེ་དང་དེ་ལས་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་རིས་མཐུན་པའི་གནས་དེ་དང་དེ་དག་ལས་སོ། །དེ་ལ་འཆི་བའི་མཚན་ཉིད་ནི་ནམ་དྲོད་དང་ཚེ་དང་རྣམ་པར་ཤེས་པས་བོར་བ་དེ་ནི་ཤི་བ་ཞེས་བྱའོ། །དེ་བས་ན་མདོ་གཞན་དག་ལས་ཀྱང༌། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་བོར་བ་ན། དཔེར་ན་སེམས་མེད་ཤིང་བཞིན་དུ། །ས་ལ་འགྱེལ་ནས་ཉལ་བར་གྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སེམས་ཅན་གང་དག་ནང་དུ་སྡུག་བསྔལ་མྱོང་བ་མེད་པར་དུས་བྱས་པ་ནི་ཤི་འཕོས་པའོ། །གང་སེམས་ཅན་ནང་དུ་སྡུག་བསྔལ་མྱོང་བ་དང་བཅས་པས་དུས་བྱས་པ་ནི་ཤི་འཕོས་པར་གྱུར་པའོ། །རྣམ་པར་ཤེས་པས་ལུས་བཏང་སྟེ། ལུས་དང་རྣམ་པར་ཤེས་པ་བྱེ་བར་གྱུར་པ་ནི་བྲལ་བ་ཞེས་བྱའོ། །མིག་ལ་སོགས་པ་གཟུགས་ཅན་གྱི་དབང་པོ་འགགས་པ་ནི་མི་སྣང་བ་ཞེས་བྱའོ། །གང་དུས་མ་ཡིན་པར་ཤི་བ་རྣམས་ནི་འཆི་བའོ། །བསོད་ནམས་དང་ལྡན་པ་རྣམས་གནོད་པའམ་སྡུག་བསྔལ་དང་རིང་དུ་མི་འགྲོགས་པར་མྱུར་དུ་འཆི་བའི་དུས་བྱེད་པའོ། །གང་འཆི་བའི་ཚེ་དབུགས་རྒྱུ་ཞིང་སྐྱིགས་བུ་འབྱིན་པའི་དུས་ལ་ནི་ཚེ་ཟད་པ་ཞེས་བྱའོ། །གང་དུས་སུ་ཤི་བ་རྣམས་ནི། འཚོ་བའི་དབང་པོ་འགགས་པ་དང་ཕུང་པོ་རྣམས་འདོར་བ་དང༌། སྐྱེ་མཆེད་ཀུན་འཇིག་པ་ཞེས་བྱའོ། །ཡང་ན་ཚེའི་འདུ་བྱེད་ཟད་པ་ནི་ཚེའི་དབང་པོ་འགོག་པའོ། །སྔོན་གྱི་ཕུང་པོ་དང་བྲལ་བ་ནི་ཕུང་པོ་རྣམས་འདོར་བའོ། །ཕུང་པོ་སྔ་མའི་མིག་ལ་སོགས་པའི་སྐྱེ་མཆེད་ཀྱིས་ལྟ་བ་ལ་སོགས་པའི་བྱ་བ་མི་བྱེད་པ་ནི་སྐྱེ་མཆེད་ཀུན་འཇིག་པའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་རྒྱས་པར་བཤད་པའི་རྣམས་མཇུག་བསྡུ་བར་བཤད་པའི་ཕྱིར། དགེ་སློང་དག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཅིའི་ཕྱིར། མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམས་རིམ་པ་འདི་ལྟར་བཀོད། སྨྲས་པ་དང་པོ་ཉིད་དུ་ཞེས་བྱ་བ་ལ་རྨོངས་པ་འབྱུང་སྟེ། དེ་བས་ན་མ་རིག་པ་སྔར་བཤད་དོ། །རྨོངས་པར་གྱུར་ན་དེ་ཉིད་ལ་ཕྱིན་ཅི་ལོག་གི་ལས་མངོན་པར་འདུ་བྱེད་པས་དེའི་འོག་ཏུ་འདུ་བྱེད་དོ། །ཕྱིན་ཅི་ལོག་གི་ལས་མངོན་པར་འདུས་བྱས་ན་དེའི་རྒྱུས་སེམས་ཀྱང་ཀྱང་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་རྣམ་པར་ཤེས་པའོ། །


DTG207_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཕྱིན་ཅི་ལོག་ཏུ་གྱུར་ན་དེ་ལས་མཚམས་སྦྱོར་བར་བྱེད་དེ། དེའི་འོག་ཏུ་མིང་དང་གཟུགས་སོ། །མིང་དང་གཟུགས་ལས་དབང་པོ་ཡོངས་སུ་རྫོགས་པར་འབྱུང་སྟེ་དེ་བས་ན་དེའི་འོག་ཏུ་སྐྱེ་མཆེད་དྲུག་གོ །དབང་པོ་ཡོངས་སུ་རྫོགས་ནས་ཡུལ་ལ་དབང་པོ་ཀུན་ལོངས་སྤྱོད་པར་བྱེད་ཅིང༌། དེ་བས་ན་དེའི་འོག་ཏུ་རེག་པའོ། །ཡུལ་ལ་ལོངས་སྤྱོད་པས་བདེ་བའི་ཚོར་བ་ལ་ཆགས་པ་དང༌། སྡུག་བསྔལ་གྱི་ཚོར་བ་འདོར་བར་འདོད་པ་འབྱུང་སྟེ། དེའི་ཕྱིར་དེའི་འོག་ཏུ་ཚོར་བའོ། །ཆགས་པ་ལས་ཚོར་བ་བདེ་བ་དང༌། རྒྱུན་ཏུ་འགྲོགས་པར་སྨོན་པ་སྐྱེ་སྟེ། དེ་བས་ན་དེའི་འོག་ཏུ་སྲིད་པའོ། །སྨོན་པ་ལས་དེ་ཚོལ་བ་ལ་བརྩོན་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ་ལེན་པའོ། །ལེན་པའི་དུས་ན་ཉོན་མོངས་པ་འཕེལ་ལ། ཉོན་མོངས་པ་འཕེལ་བ་ལ་ཡང་སྲིད་པའི་ལས་བྱེད་དེ། དེ་བས་ན་དེའི་འོག་ཏུ་སྲིད་པའོ། །ལས་དང་ཉོན་མོངས་པ་འདུ་བྱས་ན་ལམ་རྒྱུད་ལྔར་འབྱུང་བར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་སྐྱེ་བའོ། །སྐྱེ་ནས་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བས་ན་དེའི་འོག་ཏུ་རྒ་ཤིའོ། །དེའི་ཕྱིར་ན་རིམ་པ་དེ་ལྟར་བཀོད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པའི་འོག་ཏུ། འཕགས་པའི་བདེན་པ་བཞི་སྨོས་པས། ཇི་ལྟར་སྨོས་པ་བཞིན་བཤད་པར་འདོད་ནས་དྲིས་པ། །དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་དགར་བའི་ཚིག་སྟེ། དབང་པོ་ཉི་ཤུ་རྩ་གཉིས་ལ་སོགས་པ་ལས་ཀྱང༌། བདེན་པ་བཞིས་ཇེ་བཀར་ཏེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་གསུངས་ཤེ་ན། འདི་ལྟར་སྟོན་པར་ཁས་འཆེས་པས་ཀུན་ཏུ་རྒྱུ་དང༌། གཅེར་བུ་བ་དང༌། མིའི་ཐོད་པ་ཅན་དང༌། གཞུང་མེད་པ་ལ་སོགས་པ་རང་རང་གི་ཆོས་ཀྱི་ཁྱད་པར་སྒྲོགས་ཤིང་སྟོན་པ་ན། བདག་གི་ཆོས་ནི་ཡང་དག་པའི་བདེན་པ་ཕྱིན་ཅི་མ་ལོག་པ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ཞེས་ཕྱིན་ཅི་ལོག་ལ་མངོན་པའི་ང་རྒྱལ་བྱེད་པར་གཟིགས་ནས། བདེ་བ་ལ་རྨོངས་པ་དེ་དག་ལ་དོན་དམ་པ་བསྟན་པར་བྱ་བའི་ཕྱིར་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་གསུང་རབ་འདིར་ཞུགས་ནས་ཁྱིམ་ན་གནས་པའི་མཚན་


DTG207_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་ཡོངས་སུ་བཏང༌། དགེ་སྦྱོང་གི་མཚན་མ་ནི་བཟུང༌། དགོན་པར་གནས་པས་ནི་དགེ་སྦྱོར་ངོ་ཞེས། ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་ཡང་དག་པར་འཛིན། ཡོ་བྱད་རྙིང་པ་ལ་ནི་གནས། ངོ་ཚ་དང་ཁྲེལ་ཡོད་པས་ནི་བསྡམས། དབང་པོ་རྣམས་ཡུལ་ལ་འཇུག་པའི་སྒོ་ནི་བཀག་ཀྱང་ཐོས་པའི་ཤེས་རབ་དང་མི་ལྡན་པས། བདག་ནི་དགེ་སྦྱོང་ངོ་ཞེས་ངེས་པ་སྐྱེས་པ་རྣམས་ཀྱིས་མངོན་པའི་ང་རྒྱལ་སྤངས་ཤིང་དོན་དམ་པའི་དགེ་སྦྱོང་བསྟེན་པར་བྱ་བའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་རབ་འདི་ལས་བདེན་པ་ཁོང་དུ་ཆུད་པ་ཉིད་དོན་དམ་པའི་དགེ་སྦྱོང་ཡིན་པར་དགོངས་པའོ། །ཡང་ན་མི་ཁོམ་བརྒྱད་པོ་ཡོངས་སུ་སྤངས་པ་དང༌། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བའི་མེ་ཏོག་གི་དྲིས་རྒྱུད་ཡོངས་སུ་བསྒོས་པས། འབྲས་བུ་ཐོབ་པའི་ཚོགས་ཡང་དག་པར་བསགས་ཤིང་བསམ་པ་དང་སྦྱོར་བ་རབ་ཏུ་དག་པ་འཕགས་པའི་བདེན་པ་ཁོང་དུ་ཆུད་པར་འགྱུར་བའི་སྐལ་བ་ཅན་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་གང་ཞིག་ཅེ་ན་ཞེས་བྱ་བའི་མདོ་འདི་གསུངས་སོ། །ཡང་ན་ངན་སོང་རྣམས་ཀྱི་སྡུག་བསྔལ་མི་བཟད་པ་ཐོབ་པས། ཡིད་ཀྱི་སྐྲག་པར་འགྱུར་བ་རྣམས་ལ། དེ་མི་འགྲོ་བར་རྒྱུ་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་གསུངས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་མནར་མེད་པ་དང༌། རབ་ཏུ་འཇོམས་པ་དང༌། འོ་དོད་འབོད་པ་དང༌། འོ་དོད་ཆེར་འབོད་པ་དང༌། ཚ་བ་དང་རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བར་སྐྱེས་པ་རྣམས། དབང་མེད་པར་ལྕགས་ཀྱི་སྐམ་པས་ཁ་ཕྱེ་ནས། ལྕགས་ཀྱི་གོང་བུ་དང༌། ལྕགས་ཀྱི་ཁུ་བ་བླུད་པའི་དུས་ན་སྣ་དང་སྤྱི་པོ་ལ་སོགས་པར་མེ་ལྕེ་རབ་ཏུ་འབར་བའི་སྡུག་བསྔལ་མྱོང་བ་དང༌། གཞན་ཡང་ཡི་དྭགས་སུ་སྐྱེས་པ་རྣམས་སྐོམ་པ་དང༌། བཀྲེས་པའི་སྡུག་བསྔལ་གྱིས་ནོན་པས་རྒྱུན་མི་ཆད་པར་ཟོས་ཤིང་འཐུངས་ཀྱང༌། ཆོག་པའི་དུས་མེད་ན་ཟློག་པ་ལྟ་ཅི་སྨོས། དེ་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མནར་བའི་ཕྱིར། ཆུ་འདོད་པའི་དོན་དུ་སོང་བ་ལས་ཀྱང་ཆུ་རྣམས་བསྐམ་པར་འགྱུར་བའམ། རྣག་དང་ཆུ་སེར་ལ་སོགས་པ་མི་གཙང་བ་རབ་


DTG207_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དྲི་མི་ཞིམ་པ་རྣམས་ཀྱིས་གང་བར་འགྱུར་བ་དང༌། མེ་ཏོག་གི་ཤིང་རྣམས་ཀྱང་མེ་ཏོག་མེད་པར་འགྱུར་བ་དང༌། འབྲས་བུའི་ཤང་རྣམས་ཀྱང་འབྲས་བུ་མེད་པར་འགྱུར་བ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་བར་འགྱུར་པ་དང༌། གང་དག་བྱོལ་སོང་དུ་སྐྱེ་བ་རྣམས་བཅིངས་པ་དང༌། བསད་པ་དང་གཅིག་ལ་གཅིག་ཕན་ཚུན་ཟ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་དོགས་པས་རྟག་ཏུ་ཡིད་མི་བདེ་བར་གནས་པ་རྣམས་ལ་ངན་སོང་གསུམ་དུ་མི་འགྲོ་བའི་རྒྱུ་བསྟན་པར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་གསུངས་ཏེ། བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས། དེ་དག་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་ལ་འཕགས་པའི་བདེན་པའི་དོན་གང་ཞེ་ན། འཕགས་པ་ཞེས་བྱ་བ་ནི། གང་བདག་ལ་དབང་དུ་གྱུར་པ་ལ་བྱ་སྟེ། འདི་ལྟར་སངས་རྒྱས་དང་འཕགས་པ་ཉན་ཐོས་ཆེན་པོ་ལ་སོགས་པ་ནི་སེམས་ལ་དབང་ཐོབ་པས་འཕགས་པ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་རྣམས་ནི་ཉོན་མོངས་པའི་དབང་དུ་གྱུར་པས་འཕགས་པ་མ་ཡིན་པ་ཞེས་བྱའོ། །བདེན་པ་ནི་ཕྱིན་ཅི་མ་ལོག་པ་འམ། མ་ནོར་བའམ། ཡང་དག་པའི་དོན་ཏེ། འཕགས་པར་འགྱུར་པའི་བདེན་པ་ནི་འཕགས་པའི་བདེན་པའོ། །ཡང་ན་འཕགས་པ་རྣམས་ཀྱིས་བཤད་པའི་བདེན་པ་ནི་འཕགས་པའི་བདེན་པའོ། །འོ་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཤད་པ་འཕགས་པའི་བདེན་པར་མི་འགྱུར་རམ་ཞེ་ན། ལན་དུ་དེ་དག་ཐམས་ཅད་ཀྱང་འཕགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་འཆད་པ་དང༌། འཕགས་པར་འགྱུར་བའི་རྒྱུ་སྟོན་པས་ན་འཕགས་པའི་བདེན་པ་ཞེས་བྱའོ། །ཡང་ན་འདི་དག་འཕགས་པ་རྣམས་ལ་བདེན་པས་ན། འཕགས་པའི་བདེན་པ་ཞེས་བྱའོ། །བརྒལ་བ། སོ་སོའི་སྐྱེ་བོ་རྣམས་ལ་འདི་དག་བརྫུན་པ་ཡིན་ནམ་ཞེས་ན། སྨྲས་པ་འདི་དག་འཕགས་པ་ཡིན་ཡང་རུང༌། བྱིས་པ་ཡང་རུང་སྟེ། ཐམས་ཅད་ལ་སྡུག་བསྔལ་བ་ལ་སོགས་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པས། ཀུན་ལ་ཡང་འཕགས་པའི་བདེན་པ་ཞེས་བྱའོ། །དེ་སྟེ་ཀུན་ལ་ཡང་བདེན་ན། ཅིའི་ཕྱིར། འཕགས་པ་རྣམས་ཀྱི་བདེན་པ་ཞེས་བརྗོད་ཅེ་ན།


DTG207_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། འཕགས་པ་རྣམས་ཀྱིས་སྡུག་བསྔལ་བ་ལ་སོགས་པ་ཡིན་པར་ཡང་དག་པ་ཇི་ལྟར་བ་བཞིན་དུ་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི། ཡང་དག་པ་ཇི་ལྟར་བ་བཞིན་དུ་མི་མཐོང་བས། འཕགས་པ་རྣམས་ལ་བདེན་པ་ཞེས་བྱའོ། །དེ་བས་ན་མདོ་དག་ལས་བཤད་པ། འཕགས་པ་བདེན་པར་གང་གསུངས་པ། །སྡུག་ཅིང་བསྔལ་བར་གཞན་གྱིས་རིག །གཞན་གྱིས་བདེན་པར་གང་སྨྲས་པ། །སྡུག་ཅིང་བསྔལ་བར་འཕགས་པས་རིག །ཅེས་གསུངས་པ་ལྟ་བུའོ། །ཡང༌། སྤུ་ཡི་ཉག་མ་ཇི་ལྟར་ལག་པའི་མཐིལ་དུ་མི་ཚོར་བ། །དེ་ཉིད་མིག་ཏུ་སོང་བར་གྱུར་ན་མི་དགའ་གནོད་པ་སྐྱེ། །ལག་པའི་མཐིལ་འདྲ་བྱིས་པས་འདུ་བྱེད་སྡུག་བསྔལ་ཉག་མི་ཚོར། །མིག་དང་མཚུངས་པའི་མཁས་པ་དེ་ཉིད་ཀྱིས་ནི་ཡིད་འབྱུང་ཟ་བ། །ཅེས་གསུངས་ཏེ། དེ་ལྟར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་སྡུག་བསྔལ་བ་ཡིན་པར་འཕགས་པ་རྣམས་ཀྱིས་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་དེ་ལྟར་མི་མཐོང་ངོ༌། །འོ་ན་ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་ཁོ་ནར་ངེས་ཤེ་ནས། ལྟ་བ་ཕྱིན་ཅི་ལོག་རྣམ་པར་བཞི་ཡོད་པའི་ཕྱིར། དེའི་གཉེན་པོར་བདེན་པ་ཡང་བཞི་ཁོ་ནར་བཤད་དེ། ལྟ་བུ་ཕྱིན་ཅི་ལོག་བཞི་ནི། འཇིག་ཚོགས་སུ་ལྟ་བ་དང༌། ཆད་པར་ལྟ་བ་དང༌། ཐེར་ཟུག་ཏུ་ལྟ་བ་དང༌། བྱ་བ་མེད་པར་ལྟ་བའོ། །དེ་ལ་ཕུང་པོ་ལྔ་རྣམས་ལ་བདག་ཏུ་ལྟ་སྟེ། འཇིག་ཚོགས་སུ་ལྟ་བའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་བཤད་དོ། །འདིར་ཕུང་པོ་ཞིག་ནས་ཚེ་རབས་གཞན་དུ་སྐྱེ་བར་མི་འགྱུར་རོ་ཞེས་ཆད་པར་ལྟ་བའི་གཉེན་པོར། ཀུན་འབྱུང་གི་བདེན་པ་བཤད་དེ། ཇི་སྲིད་དུ་ལས་དང་ཉོན་མོངས་པ་ཡོད་ཀྱི་བར་དུ་ཕུང་པོ་རྒྱུན་མི་ཆད་པར་སྟོན་པའོ། །ཕུང་པོ་ལྔ་རྟག་པར་ཐེར་ཟུག་ཏུ་གནས་སོ་ཞེས་ལྟ་བའི་གཉེན་པོར་འགོག་པའི་བདེན་པ་བཤད་དེ། ལས་དང་ཉོན་མོངས་པ་སྤངས་ན་ཕུང་པོ་སྐྱེ་བ་རྒྱུན་ཆད་པས་ཐེར་ཟུག་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །དགེ་བ་གཞན་གྱིས་བྱས་ཀྱང་འབྲས་བུ་གཞན་གྱིས་མྱོང་བར་འགྱུར་རོ་ཞེས་མ་བྱས་པར། ལྟ་བའི་གཉེན་པོར་ལམ་གྱི་བདེན་པ་བཤད་དོ། གང་གིས་ལམ་བསྒོམས་པ་དེ་ཉིད་རྣམ་པར་ཐར་པར་འགྱུར་གྱི་གཞན་གྱིས་ལམ་བསྒོམས་པས་


DTG207_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཐར་པར་ནི་མི་འགྱུར་ཏེ། གལ་ཏེ་དེ་ལྟར་གྱུར་ན་ནི། ལྷས་བྱིན་གྱིས་ལས་བྱས་པ་རྣམས་ཀྱི་འབྲས་བུ་མཆོད་སྦྱིན་གྱིས་མྱོང་བའི་སྐྱོན་དུ་འགྱུར་རོ། །ཡང་ན་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་རྣམ་པ་བཞིའི་གཉེན་པོར། བདེན་པ་བཞི་ཁོ་ནར་བཤད་དེ། ཕྱིན་ཅི་ལོག་རྣམ་པ་བཞི་ནི་འབྲས་བུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང༌། རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང༌། ཐར་པ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང༌། དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པའོ། །དེ་ལ་འབྲས་བུ་ཕྱིན་ཅི་ལོག་ཏུ་ཁོང་ཏུ་ཆུད་པ་ཞེས་བྱ་བ་ནི། སྲེད་པ་དང༌། ང་རྒྱལ་དང༌། ལས་ཀྱི་འབྲས་བུར་གྱུར་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་མི་གཙང་བའི་སྣོད་ལྟར་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་ཅན། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གྱི་མེས་རྟག་ཏུ་བསྲེག་པ་མི་རྟག་པའི་རྡོ་རྗེས་རྒྱུན་དུ་བཅོམ་པ། བདག་དང་བདག་གིར་བྱེད་པ་པོ་དང༌། ཚོར་བ་པོ་ལ་སོགས་པ་དང་བྲལ་བ་ལ། གཙང་བ་དང༌། བདེ་བ་དང༌། རྟག་པ་དང༌། བདག་ཏུ་འཛིན་པ་དང༌། དེ་བཟློག་པར་བྱ་བའི་ཕྱིར། སྡུག་བསྔལ་འཕགས་པའི་བདེན་པ་གསུངས་སོ། །རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། ཕྱི་དང་ནང་གི་དངོས་པོ་འདི་དག་ཐམས་ཅད་ཚངས་པ་དང༌། དབང་ཕྱུག་དང༌། སྐྱེས་བུ་དང༌། རང་བཞིན་དང༌། དུས་དང་རྒྱུ་མེད་པ་ལ་སོགས་པ་ལས་སྐྱེ་བོ་ཞེས་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པར་སྨྲ་བ་བཟློག་པར་བྱ་བའི་ཕྱིར། ཀུན་འབྱུང་གི་བདེན་པ་གསུངས་སོ། །ཐར་པ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། གཏོགས་འདོད་ཀྱི་ལུགས་དང་བདག་དང༌། རྡུལ་དང་མུན་པ་དང༌། སེམས་ཅན་གསུམ་ཆ་མཉམ་ན་གཙོ་བོ་ཞེས་བྱ་བ་མཐོང་བར་གྱུར་པའམ། དབང་ཕྱུག་ཆེན་པོ་མཉེས་པར་བྱས་ནས། ཐར་པ་དང་མཐོ་རིས་འཐོབ་པོ་ཞེས་སྨྲ་བ་སྟེ། དེ་བཟློག་པར་བྱ་བའི་ཕྱིར་འགོག་པའི་བདེན་པ་གསུངས་སོ། །དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་གང་དག་མེ་ཏོག་དང༌། འབྲས་བུ་དང༌། རྩ་བ་དང༌། སྡོང་པོ་ལ་སོགས་པ་ཁ་ཟས་རྩུབ་པོ་ཟ་ཞིང༌། རྩྭ་དང་འདབ་མ་དང༌། ཤིང་ལེབ་དང་ཚེར་མ་དང༌། ཐལ་བ་ལ་སོགས་པ་ཉལ་བར་


DTG207_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅས་པས་ཐར་བར་འགྱུར་རོ་ཞེས་སྨྲ་བ་དང༌། མེ་ལྔའི་དཀའ་ཐུབ་དང༌། ཟས་བཅད་པ་དང༌། བྲག་ཁ་ནས་མཆོངས་པ་ལ་སོགས་པས་ཐར་པར་འགྱུར་རོ་ཞེས་སྨྲ་བ་སྟེ། དེ་བཟློག་པར་བྱ་བའི་ཕྱིར། ལམ་གྱི་བདེན་པ་བཤད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་འབྲས་བུ་དང༌། རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་ཁོ་ནར་བཤད་དེ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། དེ་ནི་ཇི་སྙེད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་འབྲས་བུ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཀུན་འབྱུང་གི་བདེན་པ་བཤད་དེ། ལས་དང་ཉོན་མོངས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། འགོག་པའི་བདེན་པ་བཤད་དེ། མྱ་ངན་ལས་འདས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ལམ་གྱི་བདེན་པ་བཤད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་མངོན་པའི་ཆོས་ལས་འཁོར་བ་ལ་ཉེས་པ་དང་བཅས་པ་དང༌། མྱ་ངན་ལས་འདས་པ་ལ་རྗེས་སུ་བསྔགས་པ་དང་བཅས་པར་མཐོང་བ་རྣམས། འཁོར་བ་ལས་ཡང་དག་པར་འབྱུང་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ་ཞེས་བཤད་དེ། དེ་ལ་འཁོར་བ་ལ་ཉེས་པ་དང་བཅས་པ་མཐོང་བ་འགྲུབ་པར་བྱེད་པ་ནི། སྡུག་བསྔལ་གྱི་བདེན་པ་མཐོང་བ་སྟེ། ཁམས་གསུམ་པ་རྣམས་སྡུག་བསྔལ་རྣམ་པར་བརྒྱད་དང་ལྡན་པར་མཐོང་ན་འཁོར་བའི་ཆོས་རྣམས་ལ་ཉེས་པ་དང་བཅས་པར་ལྟའོ། །འཁོར་བའི་ཉེས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་ནི། སྲིད་པའི་མཚན་ཉིད་ཀུན་འབྱུང་སྟེ། སྲེད་པའི་དབང་གིས་འཁོར་བའི་སྡུག་བསྔལ་རྣམས་སྐྱེ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་རྗེས་སུ་བསྔགས་པ་དང་བཅས་པར་མཐོང་བ་འགྲུབ་པར་བྱེད་པ་ནི། འགོག་པའི་བདེན་


DTG207_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་བ་སྟེ། འགོག་པ་ལ་ཞི་བ་དང༌། གྱ་ནོམ་པ་ལ་སོགས་པར་མཐོང་ནས་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་བལྟའོ། །མྱ་ངན་ལས་འདས་པ་དེ་ཐོབ་པར་བྱེད་པའི་རྒྱུ་ནི་ལམ་གྱི་བདེན་པ་སྟེ། ལམ་བསྒོམས་པའི་མཐུས་མྱ་ངན་ལས་འདས་པ་མངོན་དུ་འགྱུར་བས་སོ། །ཡང་ན་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་འབྲས་བུ་དང༌། རྒྱུ་རྣམ་པར་གཞག་པའི་ཕྱིར་བདེན་པ་བཞི་ཉིད་དུ་བཤད་དོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་འབྲས་བུ་ནི། སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུ་ནི་ཀུན་འབྱུང་གི་བདེན་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ནི། འགོག་པའི་བདེན་པའོ། །དེའི་རྒྱུ་ནི་ལམ་གྱི་བདེན་པའོ། །ཡང་ན་མངོན་པར་ཆུད་པའི་དབང་དུ་བྱས་ན་ཡང༌། མདོ་ལས་བདེན་བཞི་ཁོ་ནར་བཤད་དེ། ཇི་ལྟ་ཞེ་ན། ཕུང་པོ་རྣམས་ལ་མི་རྟག་པ་ལ་སོགས་པར་ཡང་དག་པར་རེག་པས་རེག་པར་བྱེད་པ་ནི། སྲེད་པ་མ་བསྐྱེད་པ་རྣམས་ནི་མི་བསྐྱེད་ལ་མི་བསྐྱེད་པ་རྣམས་ནི་སྤང་ངོ་ཞེས་གསུངས་པ་ལ་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་ནི་ཀུན་འབྱུང་གི་བདེན་པའོ། །མ་བསྐྱེད་པ་ནི་མི་བསྐྱེད་པ་དང་བསྐྱེད་པ་སྤོང་བ་ནི་འགོག་པའི་བདེན་པའོ། །མི་རྟག་པ་ལ་སོགས་པར་ཡང་དག་པར་རེག་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །ཡང་ན་ཀུན་ནས་སྦྱོར་བར་བྱེད་པའི་ཆོས་རྣམས་ལ་ཉེས་པ་དང་བཅས་པར་རྗེས་སུ་ལྟ་བ་རྣམས་སྲེད་པ་མ་ལུས་པར་འགོག་གོ་ཞེས་གསུངས་ཏེ། དེ་ལ་ཉོན་མོངས་པའི་ཚོགས་ཀུན་ལ་སྦྱོར་བའི་ཆོས་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་ཀུན་འབྱུང་གི་བདེན་པའོ། །སྲེད་པ་མ་ལུས་པར་འགགས་པ་ནི་འགོག་པའི་བདེན་པའོ། །ཉེས་པ་དང་བཅས་པས་རྗེས་སུ་ལྟ་བ་ནི་ལམ་གྱི་བདེན་པའོ། །ཡང་ན་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་པར་བྱ་བ་དང༌། བསྒོམ་པར་བྱ་བའི་ཆོས་རྣམས་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་ཉིད་དུ་བཤད་དོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བའོ། །ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བའོ། །འགོག་པའི་བདེན་པ་ནི་མངོན་དུ་བྱ་བའོ། །ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་བའོ། །ཡང་ན་ཉེ་བར་ལེན་པའི་ཕུང་པོའི་རང་བཞིན་མངོན་པར་ཤེས་པ་དང༌། ཀུན་ཤེས་པ་ན་ཆགས་པ་གཏོང་བར་བྱེད་དེ་ཞེས་གསུངས་ཏེ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ། །ཆགས་པ་ནི་ཀུན་འབྱུང་གི་བདེན་


DTG207_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཆགས་པ་གཏོང་བ་ནི་འགོག་པའི་བདེན་པའོ། །མངོན་པར་ཤེས་པ་ནི་མཐོང་བའི་ལམ་གྱི་ཕུང་པོ་མི་རྟག་པ་ལ་སོགས་པ་ཤེས་པའོ། །ཀུན་ཏུ་ཤེས་པ་ནི་བསྒོམ་པའི་ལམ་གྱི་མི་རྟག་པ་ལ་སོགས་པར་ཤེས་པ་སྟེ། དེ་ནི་ལམ་གྱི་བདེན་པའོ། །འོ་ན་ཅིའི་ཕྱིར། འཕགས་པའི་བདེན་པ་འདི་རྣམས་དང་པོར་སྡུག་བསྔལ་འཕགས་པའི་བདེན་པ་བཤད་ལ། དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ། དེ་ནས་འགོག་པའི་བདེན་པ། དེ་ནས་ལམ་སྟེ། རིམ་པ་འདི་ལྟར་ཅིའི་ཕྱིར་བཀོད་ཅེ་ན། ལན་དུ་བསྒོམ་པ་དང་རགས་པའི་རིམ་པས་རིམ་པར་བཀོད་དེ། ཕུང་པོ་ལྔ་ནི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནས་སུ་གྱུར་པར། ཀུན་ལ་ཡང་མངོན་སུམ་སྟེ། གསལ་བས་ན་དང་པོར་སྡུག་བསྔལ་གྱི་བདེན་པར་བཤད་དོ། །དེ་ལྟར་སྡུག་བསྔལ་བར་མཐོང་ན། དེ་ནས་དེའི་རྒྱུ་གང་ཞེས་རྟོགས་པས་ན། དེའི་འོག་ཏུ་ཀུན་འབྱུང་གི་བདེན་པའོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་དེ་དག་གང་དུ་འགག་པར་འགྱུར་ཞེས་རྟོག་པ་ལ་མྱ་ངན་ལས་འདས་ན། སྡུག་བསྔལ་འགག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་འགོག་པའི་བདེན་པའོ། །འགོག་པ་དེ་ཇི་ལྟར་ཐོབ་པར་འགྱུར་ཞེས་རྟོག་པ་བསལ་བའི་ཕྱིར། དེའི་འོག་ཏུ་ལམ་གྱི་བདེན་པ་བཤད་དོ། །ཡང་ན་འཁོར་བ་ཐོག་མ་མེད་པ་ནས། སྐྱེ་བ་དང་རྒ་བ་ལ་སོགས་པ་དོན་མེད་པའི་ཚོགས་ནི་སྡུག་བསྔལ་གྱི་བདེན་པའོ། །དོན་མེད་པའི་ཚོགས་ཀྱི་རྩ་བ་ནི། །ཀུན་འབྱུང་གི་བདེན་པའོ། །དོན་མེད་པའི་ཚོགས་བཅོམ་པ་ནི། འགོག་པའི་བདེན་པའོ། །དོན་མེད་པའི་ཚོགས་ཀྱི་རྩ་བ་འཇོམས་པ་ནི། ལམ་གྱི་བདེན་པའོ། །ཡང་ན་ཁུར་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ཁུར་ལེན་པ་ནི་ཀུན་འབྱུང་གི་བདེན་པའོ། །ཁུར་བོར་བ་ནི་འོག་པའི་བདེན་པའོ། །ཁུར་ལེན་པ་བོར་བ་ནི་ལམ་གྱི་བདེན་པའོ། །ཡང་ན་ཀུན་ཏུ་སྦྱོར་བར་བྱེད་པའི་ཆོས་ཀྱི་ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཀུན་འབྱུང་གི་བདེན་པའོ། །ཀུན་ཏུ་སྦྱོར་བར་ཟད་པར་བྱེད་པ་ནི་འགོག་པའི་བདེན་པའོ། །ཕུང་པོ་ལ་ཉེས་དམིགས་སུ་མཐོང་བ་ནི་ལམ་གྱི་བདེན་པའོ། །ཡང་ན་འགྲོ་བ་ལྔ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །ལས་དང་ཉོན་མོངས་པ་ནི་ཀུན་འབྱུང་གི་བདེན་པའོ། །འགྲོ་བ་མེད་པ་ནི་འགོག་


DTG207_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པའོ། །འགྲོ་བའི་རྒྱུ་ལས་དང་ཉོན་མོངས་པ་འཇོམས་པ་ནི་ལམ་གྱི་བདེན་པའོ། །ཡང་ན་འབྲོག་དགོན་པར་ཞུགས་པ་བཞིན་དུ་འཁོར་བའི་འབྲོག་དགོན་པ་ན་ངན་སོང་གསུམ་ལ་སོགས་པའི་འཇིགས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །འཇིགས་པ་ཚོགས་ཀྱི་རྒྱུ་ལས་ལ་ཆགས་པ་ནི་ཀུན་འབྱུང་གི་བདེན་པའོ། །འཇིགས་པ་མེད་པའི་གྲོང་ཁྱེར་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་རྒྱུ་ནི་ལམ་གྱི་བདེན་པའོ། །ཡང་ན་འབྲས་བུའི་ཆོས་ཐམས་ཅད་ནི། སྡུག་བསྔལ་གྱི་བདེན་པའོ། རྒྱུའི་ཆོས་ཐམས་ཅད་ནི་ཀུན་འབྱུང་གི་བདེན་པའོ། །འབྲས་བུའི་ཆོས་བཅོམ་པ་ནི་འགོག་པའི་བདེན་པའོ། །རྒྱུའི་ཆོས་འཇོམས་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །ཡང་ན་མྱུ་གུ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ས་བོན་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །མྱུ་གུའི་ཆོས་དང་བྲལ་བའི་གནས་ནི་འགོག་པའི་བདེན་པའོ། །ས་བོན་གྱི་ཆོས་འཇིག་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །ཡང་ན་ནད་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །བད་ཀན་དང་མཁྲིས་པ་ལ་སོགས་པ་ནད་ཀྱི་རྒྱུ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །ནད་མེད་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་མེ་བཞིན་དུ་སྡུག་བསྔལ་གྱི་གདུང་བ་སྣ་ཚོགས་དང་ལྡན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །མེ་སྐྱེད་པའི་རྒྱུ་ཤིང་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །མེ་ཞི་བར་གྱུར་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །མེ་ཞི་བར་བྱེད་པའི་རྒྱུ་ཆུ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་སྡུག་བསྔལ་གྱི་བདེན་པ་ནི་འདིས་དགྲ་བཞིན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེད་པས་དགྲ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །སྔོན་གྱི་ཁོ་ན་ལྟ་བུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །ཁམས་གསུམ་གྱི་གནོད་པ་ཀུན་དང་བྲལ་བས། དགྲའི་གནོད་པ་དང་བྲལ་བ་ལྟ་བུ་ནི་འགོག་པའི་བདེན་པའོ། །ཁོ་ན་སྦྱངས་པ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་ཉེས་པ་ཀུན་གྱི་གཞིར་གྱུར་པས་རས་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །དྲི་མ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །དྲི་མ་དག་པར་གྱུར་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །དྲི་མ་དག་པར་བྱེད་པའི་རྒྱུ་ཆུ་དང་ཁྲུས་རྩི་


DTG207_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་བུ་ལན་ཆགས་པའི་སྡུག་བསྔལ་དང་ལྡན་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །དབུལ་བ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །བུ་ལོན་སྦྱངས་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །གཏེར་རྙེད་པ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་ཚ་བའི་གདུང་བས་ཕོངས་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ཚ་བའི་གདུང་བསྐྱེད་པར་བྱེད་པའི་རྒྱུ་མེ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །གདུང་བ་དང་བྲལ་བ་ལྟ་བུ་ནི་འགོག་པའི་བདེན་པའོ། །གདུང་བ་སེལ་བར་བྱེད་པའི་སྨན་ཙནྡན་དང་ག་བུར་ལ་སོགས་པ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་དུག་ཟོས་པའི་སྐྱེས་བུ་དུག་གཡོས་པའི་སྡུག་བསྔལ་མྱོང་བ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །དུག་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །དུག་བཅོམ་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །དུག་སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་སྡུག་བསྔལ་རྣམ་པ་གཉིས་ཏེ། མི་མཛའ་བ་དང་ཕྲད་པ་དང༌། མཛའ་བ་དང་བྲལ་བའོ། །དེས་ཀྱང་གནས་གཉིས་ལ་གནོད་པར་བྱེད་དེ། ལུས་ཀྱི་གནས་དང༌། སེམས་ཀྱི་གནས་སོ། །ཀུན་འབྱུང་གི་བདེན་པ་ཡང་རྣམ་པ་གསུམ་སྟེ། སྲེད་པ་དང་ལྟ་བ་དང་ལས་སོ། །དེ་ལ་སྲེད་པ་དང་ལྟ་བས་ནི་ཁམས་གསུམ་དུ་སྐྱེ་བའི་རྒྱུ་བྱེད་དོ། །ལས་དགེ་བ་དང་མི་དགེ་བས་ནི་དེར་བདེ་བ་དང་སྡུག་བསྔལ་བར་འགྱུར་བའི་རྒྱུ་བྱེད་དོ། །འགོག་པ་ཡང་རྣམ་པ་གསུམ་སྟེ། ལྟ་བ་ལ་གནས་པ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པའི་རྒྱུ་ལས་བྱུང་བ་ནི་ཉོན་མོངས་པ་སྤངས་པའི་འགོག་པ་དང༌། འདོད་པ་ལ་གནས་པ་རྣམས་ཀྱིས་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་སྤངས་པའི་མཚན་ཉིད་ཀྱི་འགོག་པ་དང༌། སྲིད་པའི་འདོད་ཆགས་ལ་གནས་པ་རྣམས་ཀྱིས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྤངས་པའི་མཚན་ཉིད་ཀྱི་འགོག་པའོ། །ལམ་རྣམ་པ་བཞི་སྟེ། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། བྱས་པ་རིག་པའི་ལམ་མོ། །དེ་ལ་སྦྱོར་བའི་ལམ་ནི་སོ་སོའི་སྐྱེ་བོའི་དུས་ན་ཚུལ་ཁྲིམས་ལ་གནས་པ་དང༌། ཡོ་བྱད་བསྙུངས་པ་དང༌། ཁ་ཟས་ལ་ཚོད་རིག་པ་དང༌། ཉན་པ་དང༌། བསམ་པ་


DTG207_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་བརྩོན་པའི་ཚོགས་སྦྱོར་བ་དང༌། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་གྱི་ཆོས་ཀྱི་མཆོག་སྟེ། ངེས་པར་འབྱེད་པའི་ཆོས་བཞི་པོ་འདི་དག་ནི་སྦྱོར་བའི་ལམ་མོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་དུས་ན་འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་མཐོང་བའི་ལམ་མོ། །ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུའི་དུས་ན་བདེན་པ་མཐོང་བ་དེ་ཉིད་ལ་གོམས་པར་བྱེད་པ་ནི་བསྒོམ་པའི་ལམ་མོ། དགྲ་བཅོམ་པའི་འབྲས་བུའི་དུས་ན་ངས་བྱ་བ་ནི་བྱས། ཁུར་ནི་བོར། །སྐྱེ་བ་ནི་ཟད། །སྲིད་པ་ནི་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུད་པ་ནི་བྱས་པ་རིག་པའི་ལམ་མོ། །ཡང་ན་འཕགས་པའི་བདེན་པ་རིམ་པ་འདི་ལྟར་བཀོད་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས་འཕགས་པའི་བདེན་པ་ཇི་ལྟར་རྟོག་པའི་རིམ་པས་བཅོམ་ལྡན་འདས་ཀྱིས་ཀྱང་རིམ་པ་འདི་ལྟར་བཤད་དེ། བདེན་པ་གང་ལ་དང་པོར་རྟོག་པ་དེ་ཉིད་ཐོག་མར་བཤད་དོ། །དེ་ལ་རྣལ་འབྱོར་པས་དང་པོར་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གཞི་སྡུག་བསྔལ་གྱི་བདེན་པ་ལ་རྟོག་སྟེ། རྟོག་པའི་ཚུལ་ཡང་སྡུག་བསྔལ་གང་ལ་ཆགས་པ་དང༌། གང་གིས་སྡུག་བསྔལ་བ་དང། སྡུག་བསྔལ་ལ་གང་ལས་ཐར་བར་སྨོན་པ་སྐྱེ་སྟེ། གང་སྡུག་བསྔལ་ཞེ་ན། ཕུང་པོ་ལྔ་སྡུག་བསྔལ་ལོ། །གང་གིས་སྡུག་བསྔལ་ཞེ་ན། ཕུང་པོ་ལྔ་ཉིད་ཀྱིས་གནོད་ཅིང་སྡུག་བསྔལ་བའོ། །གང་ལས་ཐར་པར་འདོད་ཅེ་ན། སྡུག་བསྔལ་ཉིད་ལས་ཐར་བར་འདོད་དེ། དེའི་ཕྱིར་དང་པོར་སྡུག་བསྔལ་གྱི་བདེན་པ་བཤད་དོ། །སྡུག་བསྔལ་དེ་ལས་བྱུང་ཞེས་བརྟགས་ན། ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ་བཤད་དོ། །དེ་ལྟར་སྡུག་བསྔལ་དེ་གང་དུ་འགག་པར་འགྱུར་ཞེས་བརྟགས་ན། ནམ་མྱ་ངན་འདས་པའི་གནས་ཐོབ་པའི་ཚེ་འགག་པར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་འགོག་པའི་བདེན་པ་བཤད་དོ། །དེ་བས་ན་འགོག་པ་དེ་རྒྱུ་གང་གིས་འཐོབ་ཅེས་བརྟགས་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒྲུབས་པས་ཐོབ་པར་མཐོང་སྟེ། དེ་བས་ན་དེའི་


DTG207_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ལམ་གྱི་བདེན་པ་གསུངས་སོ། །དེ་ཡང་དཔེར་ན་སྨན་པས་ནད་པའི་ནད་སྦྱོང་བ་ལ་ཞུགས་པ་ན། ནད་དང་ནད་ཀྱི་གཞི་དང༌། ནད་མེད་པ་དང་སྨན་གང་ཡིན་ཚོལ་བ་དང་འདྲའོ། །སྨན་པ་དང་པོར་ནད་སྦྱོང་བར་ཞུགས་པ་ན། ནད་ཉིད་གང་ཡིན་པ་ལ་རྟོག་གོ །དེའི་འོག་ཏུ་ཁ་ཟས་ལ་སོགས་པ་ནད་ཀྱི་རྒྱུ་གང་ལས་བྱུང་བའི་ནད་ཀྱི་གཞི་ལ་རྟོག་གོ །དེ་ནས་ནད་དེ་གསོར་རུང་མི་རུང་ཞེས་ནད་མེད་པ་ལ་རྟོག་གོ །དེའི་འོག་ཏུ་ནད་དེའི་སྨན་གང་ཡིན་ཞེས་སྨན་ལ་རྟོག་གོ །དེ་བཞིན་དུ་མདོ་སྡེ་འདི་ལས་ཀྱང་བདེན་པ་རྣམས་ཀྱི་རིམ་པ་འདི་དང་སྦྱར་ནས་བཤད་དེ། ཇི་ལྟར་ཞེ་ན་དཔེར་ན་ཡན་ལག་བཞི་དང་ལྡན་པའི་སྨན་པ་ནི། ཟུག་རྔུ་ཐམས་ཅད་འབྱིན་པའི་རྒྱལ་པོ་ལ་འོས་པ། རྒྱལ་པོའི་རྐྱེན་དུ་གྱུར་པ། སྨན་པའི་རྒྱལ་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་སྟེ། ཡན་ལག་བཞི་གང་ཞེ་ན། གནོད་པ་ལ་མཁས་པ་ཡིན། གནོད་པའི་རྒྱུ་ལ་མཁས་པ་ཡིན། །གནོད་པ་སྤང་བ་ལ་མཁས་པ་ཡིན། །གནོད་པ་སྤངས་པ་ཡང་ཕྱིས་མི་སྐྱེ་བ་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པའི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་བླ་ན་མེད་པ་ཟུག་རྔུ་ཐམས་ཅད་འབྱིན་པ་ཞེས་བྱ་སྟེ། ཡན་ལག་བཞི་པོ་གང་ཞེ་ན། འདི་ལ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་གི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པའི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་བདེན་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བདེན་པ་བཞི་མདོ་ཙམ་དུ་བསྟན་པ་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར་རོ། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྨྲས་པ་ཅིའི་ཕྱིར་མདོ་ཙམ་དུ་བསྟན་ནས་རྒྱས་པར་བཤད་ཅེ་ན། སློབ་མ་རྣམ་པ་གཉིས་ཏེ། མདོ་ཙམ་དུ་བསྟན་པ་ལ་དགའ་བ་དང་རྒྱས་པར་


DTG207_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ་དགའ་བའོ། །དེ་ལ་འཕགས་པ་ཤཱ་རིའི་སྲས་པོ་ལྟ་བུ་མདོ་ཙམ་དུ་བསྟན་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་འཕགས་པའི་བདེན་པ་བཞི་གང་ཞེ་ན། ཞེས་བྱ་བ་ནས། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་དུ་མདོར་བསྡུས་ནས། བཀའ་སྩལ་ཏོ། །གང་འཕགས་པ་དགའ་བ་ཅན་ལ་སོགས་པ་ལྟ་བུ་རྒྱས་པར་བཤད་པ་ལ་དགའ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྤྲོས་ཏེ་གསུངས་སོ། །ཡང་ན་འདུལ་བ་རྣམ་པ་གཉིས་ཏེ། རྒྱུའི་སྟོབས་ཅན་དང༌། རྐྱེན་གྱི་སྟོབས་ཅན་ནི་འཕགས་པ་འོད་སྲུངས་ལྟ་བུ་སྟེ། ཚེ་རབས་སྔ་མ་ལ་དགེ་བའི་རྩ་བ་ཕལ་ཆེར་བསགས་པ་རྒྱུད་ཡོངས་སུ་སྨིན་པར་གྱུར་བ་སྟེ། དེ་དག་ལ་མིང་ཙམ་སྨོས་པས་ཀྱང་དོན་རྒྱ་ཆེར་ཁོང་དུ་ཆུད་པར་འགྱུར་བས་ན། དེའི་རྒྱུའི་སྟོབས་ཅན་རྣམས་ཀྱི་ཆེད་དུ་མདོ་ཙམ་བསྟན་ཏོ། །རྐྱེན་གྱི་སྟོབས་ཅན་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་དགོས་པ་སྟེ། དེ་དག་ལ་རྒྱ་ཆེར་བཤད་པ་མེད་ན། ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་སྤྲོས་ཏེ་བཤད་དོ། །ཡང་ན་དབང་པོ་རྣམ་པ་གཉིས་ཏེ། དབང་པོ་རྣོན་པོ་དང༌། རྟུལ་པོའོ། །དེ་ལ་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ་མདོ་ཙམ་དུ་བསྟན་ཏོ། །དབང་པོ་རྟུལ་པོ་རྣམས་ཀྱི་དོན་དུ་སྤྲོས་ཏེ་བཤད་དོ། །ཡང་ཉན་ཐོས་རྣམ་པ་གཉིས་ཏེ། ཐོས་པ་མང་པོ་དང༌། ཐོས་པ་ཉུང་ངུའོ། །ཐོས་པ་མང་པོ་རྣམས་ལ་ནི་མདོ་ཙམ་དུ་བསྟན་ཏོ། །ཐོས་པ་ཉུང་ངུ་རྣམས་ལ་ནི་སྤྲོས་ཏེ་བཤད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པའི་དོན་བསྡུས་ཏེ་བསྟན་པ་དང༌། སྤྲོས་ཏེ་བཤད་པའི་སྐབས་སུ་ཡང་ལན་འདིས་གླན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་ལ། སྡུག་བསྔལ་བར་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པས། སྡུག་བསྔལ་འཕགས་པའི་བདེན་པའམ། སྡུག་བསྔལ་འཁོར་བར་ཁོང་དུ་ཆུད་ན་འཕགས་པར་འགྱུར་བས་སྡུག་བསྔལ་འཕགས་པའི་བདེན་པ་སྟེ། བདེན་པ་ནི་སྡུག་བསྔལ་བར་མ་ནོར། སྡུག་བསྔལ་བར་ཡང་དག་པའི་ཕྱིར་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡང་སྡུག་བསྔལ་སྐྱེ་བ་ལ་སོགས་པས་


DTG207_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བརྒྱད་ལས་སྐྱེ་བ་ཅིའི་ཕྱིར་དང་པོར་བཤད་ཅེ་ན། ཇི་ལྟར་ཚུལ་ཁྲིམས་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱིས་དང་པོ་སྐྱེ་བའི་གཞི་བྱེད་པ་བཞིན་དུ། སྐྱེ་བ་ཡང་རྒ་བ་དང་ན་བ་ལ་སོགས་བ་སྡུག་བསྔལ་ལྷག་མ་རྣམས་ཀྱི་དང་པོ་སྐྱེ་བའི་རྒྱུ་བྱེད་པས་ན་ཐོག་མར་བཤད་དོ། །ཡང་ན་སྡུག་བསྔལ་རྣམ་པ་གཉིས་ཏེ། རྩ་བའི་སྡུག་བསྔལ་དང་ཡལ་ག་ལ་སོགས་པ་ལྟ་བུར་གྱུར་པའི་སྡུག་བསྔལ་ལོ། །དེ་ལ་རྩ་བའི་སྡུག་བསྔལ་ནི་སྐྱེ་བ་སྟེ་དགའ་བ་ལ་སོགས་པར་སྡུག་བསྔལ་ལྷག་མ་རྣམས་ཀྱི་རྩ་བར་གྱུར་བའི་ཕྱིར་རོ། །ཡལ་ག་ལ་སོགས་པ་ལྟ་བུར་གྱུར་པའི་སྡུག་བསྔལ་ནི། རྒ་བའི་སྡུག་བསྔལ་ལ་སོགས་པ་ལྷག་མ་རྣམས་ཏེ། དེ་དག་ནི་སྐྱེ་བའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ལ་སྐྱེ་བ་གང་ཞེ་ན། གང་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྐབས་སུ་ཡང་སེམས་ཅན་དེ་དང་དེ་རྣམས། སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་སྐྱེ་བ་དང༌། ཀུན་སྐྱེ་བ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སྐྱེ་བ་ཡིན་ནོ། །ཡང་ན་ལས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཁྱད་པར་སྲེད་པ་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་དང་འགྲོགས་པ་ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པའི་ཤུགས་ཀྱིས་སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རབ་ཏུ་རྙེད་པ་ནི་སྐྱེ་བ་ཞེས་བྱའོ། །ཡང་ན་སྐྱེ་བ་རྣམ་པ་ལྔ་སྟེ། འཕགས་པའི་ཆོས་ཁོང་དུ་ཆུད་པ་ལས་སྐྱེས་པ་དང༌། མངལ་གྱི་གནས་སུ་སྐྱེས་པ་དང༌། རིགས་ཕུན་སུམ་ཚོགས་པར་སྐྱེས་པ་དང༌། རིས་མཐུན་པའི་མཚན་ཉིད་དུ་སྐྱེས་པ་དང༌། རབ་ཏུ་བྱུང་བའི་མཚན་ཉིད་དུ་སྐྱེས་པའོ། །དེ་ལ་འཕགས་པའི་ཆོས་ཁོང་དུ་ཆུད་པ་ལས་སྐྱེ་བ་ནི། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་རྟོགས་པ་ལས། སངས་རྒྱས་ཀྱི་སྲས་སུ་སྐྱེ་བ་སྐྱེས་པ་སྟེ། མདོ་དག་ལས་ཐུགས་ལས་སྐྱེས་པ་ཞལ་ནས་སྐྱེས་པ་འཕགས་པའི་ཆོས་འདུལ་བ་ལས་སྐྱེས་པའོ་ཞེས་གསུངས་པ་ལྟ་བུའོ། །མངལ་གྱི་གནས་སུ་སྐྱེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་ཉིད་དུ་མངལ་དུ་ཞུགས་ནས་མངལ་ནས་ཕྱིར་མ་བྱུང་གི་བར་དུ། མེར་མེར་པོ་ལས་ནུར་ནུར་པོ་བྱུང་བ་དང༌། ནུར་ནུར་པོ་ལས་ལྟར་ལྟར་པོར་གྱུར་པ་ལ་སོགས་པའོ། །རིགས་ཕུན་སུམ་ཚོགས་པར་སྐྱེས་པ་ནི།


DTG207_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་རིན་པོ་ཆེའི་རིགས་ཨིནྡྲ་ནཱི་ལར་གྱུར་པ་དང༌། ཨིནྡྲ་ནཱི་ལ་ཆེན་པོར་གྱུར་པ་ཞེས་བྱ་བ་ལྟ་བུའོ། །སེམས་ཅན་གྱི་རིས་མཐུན་པའི་སྐྱེས་པ་ནི། གང་ལུས་ཀྱི་ཡན་ལག་འདྲ་བར་གྱུར་བ་སྟེ། བ་ལང་ཡང་བ་ལང་དུ་རིས་མཐུན། རྟ་ཡང་རྟར་རིས་མཐུན་པར་གྱུར་པ་ལྟ་བུའོ། །རབ་ཏུ་བྱུང་བར་སྐྱེས་པ་ནི། མའི་མངལ་ནས་སྐྱེས་ནས་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པར་སོ་སོར་རྫོགས་པར་གྱུར་པ་སྟེ། སྐྱེ་བ་ལྔ་ལས་འདིར་མངལ་གྱི་གནས་སུ་སྐྱེས་པ་དང༌། རབ་ཏུ་བྱུང་བར་སྐྱེས་པ་གཉིས་སུ་བལྟའོ། །ཅིའི་ཕྱིར་ན་སྐྱེ་བ་སྡུག་བསྔལ་བ་ཞེས་བྱ་བ་སྐྱེ་ན། སྨྲས་པ་ཁམས་གསུམ་གྱི་སྐྱེ་བ་ཐམས་ཅད་ལ། སྡུག་བསྔལ་རྣམ་པ་གསུམ་གྱིས་རྟག་ཏུ་སྲེག་པས་ན། སྐྱེ་བ་སྡུག་བསྔལ་བ་ཞེས་བྱའོ། །ཇི་ལྟ་ཞེ་ན་བསོད་ནམས་མ་ཡིན་པའི་རྒྱུ་ལས་བྱུང་བ་ངན་སོང་གསུམ་ལ་སོགས་པའི་རིས་སུ་སྐྱེས་པ་རྣམས་ལ་ནི། སྲེག་པ་དང་བཅས་པ་ལ་སོགས་པ་སྡུག་བསྔལ་གྱི་ཡང་སྡུག་བསྔལ་གྱི་མེས་རྟག་ཏུ་སྲེག་པར་བྱེད་དོ། །བསོད་ནམས་དང་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ། འདོད་པའི་ཁམས་ཀྱི་མི་དང་ལྷ་ལ་སོགས་པར་རིས་མཐུན་པར་སྐྱེས་པ་རྣམས་ལ་ནི། །འགྱུར་བའི་སྡུག་བསྔལ་གྱི་མེས་རྟག་ཏུ་སྲེག་པར་བྱེད་དོ། །བསོད་ནམས་དང་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་ལས་གཞན་པ་བསམ་གཏན་གྱི་མཚན་ཉིད་མི་གཡོ་བའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་དང་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་རིས་སུ་སྐྱེས་པ་རྣམས་ལ་ནི། འདུ་བྱེད་ཀྱི་སྡུག་བསྔལ་གྱི་མེས་རྟག་ཏུ་སྲེག་པར་བྱེད་དོ། དེ་དག་ཀྱང་མི་རྟག་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཡང་ན་ཤིང་སྐྱེས་པ་དང་ནག་ས་མེས་ཚིག་ཅིང་ཚལ་ཆུས་ཁྱེར་བ་ལ་སོགས་པ་འབྱུང་བར་འགྱུར་གྱི་ཤིང་མ་སྐྱེས་ན་མ་ཡིན་པ་བཞིན་དུ། སྐྱེ་བ་ཡོད་པར་གྱུར་ན། བཅད་པ་དང་གཤེགས་པ་དང་བཅིང་བ་དང་བསད་པ་དང༌། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་གྱི། སྐྱེ་བ་མེད་ན་དེ་དག་མི་འབྱུང་སྟེ། དེའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་སྐྱེ་བ་ཞེས་བྱ་བ་ནི་སྡུག་བསྔལ་མང་པོའི་འབྱུང་ཁུངས། མྱ་ངན་སྣ་ཚོགས་ཀྱི་འབྱུང་གནས། དོན་མེད་པ་རྣམས་ཀྱི་རྩ་བ། དགའ་བའི་རྒྱུ་འཆིང་བའི་


DTG207_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི་ནི་ནད་སྣ་ཚོགས་ཀྱི་སྐྱེ་མཆེད། ཉེས་པ་དུ་མའི་གཏེར་ཆེན་པོ། ཉམས་པ་དང་བརླག་པར་འགྱུར་བའི་གཞི། ལུས་དང་སེམས་ལ་ཤ་ཐང་ཞིང་མི་བདེ་བ་སྐྱེད་པར་བྱེད་པའི་ཞིང༌། ཉོན་མོངས་པ་སྣ་ཚོགས་ཀྱི་རྒྱུ་མཐུན་པར་འགྱུར་བ། འཕགས་པ་རྣམས་ཀྱིས་སྨད་པ། བྱིས་པ་རྣམས་ཀྱིས་རྗེས་སུ་བསྔགས་པ། སྲིད་པ་ལ་དགའ་བ་རྣམས་མངོན་པར་དགའ་བ་སྨོན་པར་བྱེད་པའི་གནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་བརྩེ་བར་བྱས་པའི་ཡུལ་ཡིན་པས་ན། དེའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་བའོ། །ཡང་ན་མངལ་གྱི་གནས་ནས་བརྩམས་ཏེ། འཆི་བའི་རྒྱ་མཚོ་ལ་ཐུག་གི་བར་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་རྒྱུན་དུ་འགྲོགས་པའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་ཞེས་བྱའོ། །དེ་ཡང་ཇི་ལྟ་ཞེ་ན། དང་པོ་ཕ་དང་མ་མི་ཚངས་པར་ཀུན་ཏུ་སྤྱོད་པའི་རྒྱུ་ལས། ཁྲག་དང་ཁུ་བའི་མི་གཙང་བ་འདྲེས་པའི་ནང་དུ་རྣམ་པར་ཤེས་པ་ཞུགས་ནས་བརྒྱལ་བའི་ཚེ། གཡང་ས་ཆེན་པོ་ནས་ལྟུང་སྟེ། མུན་ནག་གི་ནང་དུ་ཞུགས་པ་བཞིན་དུ། སྡུག་བསྔལ་བ་དང༌། ཕ་མའི་ཁྲག་དང་ཁུ་བ་ལས་མེར་མེར་པོ་དང༌། ནུར་ནུར་པོ་དང༌། ལྟར་ལྟར་པོ་ལ་སོགས་པ་རིམ་གྱིས་འགྱུར་ཞིང་སྨིན་པ་ན་ཡང་འབྲས་སྨིན་པ་བཞིན་དུ་སྡུག་བསྔལ་དང་ལྡན་པ་དང༌། དཀའ་བ་ལས་ཡན་ལག་དང་ཉིང་ལག་སོ་སོར་དོད་པའི་ཚེ་ཡང་ཕན་ཚུན་ནས་རྐང་ལག་བརྒྱངས་པ་བཞིན་དུ་སྡུག་བསྔལ་སྐྱེས་པ་དང༌། མངལ་གྱི་གནས་ན་ཞུ་བ་དང༌། མ་ཞུ་བའི་བར་ན་གནས་པའི་ཚེ་ན་ཡང་རི་གཉིས་ཀྱི་ཐམ་པར་བཅུག་པ་བཞིན་དུ་སྡུག་བསྔལ་བ་དང༌། ནམ་མས་ཁ་ཟས་དྲོད་བག་ཟ་བ་དང༌། གྲང་བ་ལ་སོགས་པ་ཟ་བ་དང༌། རྒྱུག་པ་དང༌། མཆོང་པ་དང༌། རྐང་ལག་བརྐྱང་བ་དང༌། བསྐུམ་པ་ལ་སོགས་པའི་གཡོ་བ་བྱེད་པའི་དུས་ན་ཡང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་སྟེ། མས་ཁ་ཟས་ཚ་བ་ཟོས་ན་ནི། མེས་བསྐོར་བ་དང་འདྲ་བར་སྡུག་བསྔལ། གྲང་བ་ཟ་བའི་དུས་སུ་ནི་གངས་ཀྱི་ལྟོངས་སུ་བོར་བ་དང་འདྲ་བར་སྡུག་བསྔལ། མཆོང་པའི་དུས་ན་ནི་སྐྱེས་བུ་སྟོབས་པོ་ཆེས་བཏེག་ནས་ས་ལ་དྲག་ཏུ་བརྡབས་པ་དང་འདྲ་བར་སྡུག་བསྔལ་བ་དང༌། ནམ་མའི་མངལ་ནས་ཕྱིར་བྱུང་བའི་ཚེ་ན་ཡང་འཁྲུལ་འཁོར་གྱི་བར་ནས་དྲངས་པ་བཞིན་དུ། ཤིན་ཏུ་བཙིར་


DTG207_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིར་འབྱིན་པས་རབ་ཏུ་སྡུག་བསྔལ་ཆེ་བའི་ཕྱིར་འབྱུང་བ་ན་ཡང༌། ཤིན་ཏུ་གཞོན་པའི་ལུས་ཁྲག་དང༌། སྣབས་ལ་སོགས་པའི་ནང་དུ་འཇམ་པོར་བཙའ་བཙའ་བ། ལག་པ་དང་ཆུ་ལ་སོགས་པས་རེག་པའི་ཚེ། རྨའི་གསེབ་ཏུ་ཚ་ཆུ་བླུགས་པ་དང་འདྲ་བར་མི་བཟད་པ་སྐྱེ་བའི་ཕྱིར་སྐྱེ་བའི་སྡུག་བསྔལ་བའོ། །རྒ་བའི་སྡུག་བསྔལ་ཞེས་བྱ་བ་ལ་རྒ་བ་གང་ཞེ་ན། གང་གོང་དུ་སྤྱི་ཅེར་དང༌། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི་རྒ་བའོ། །ཡང་ན་རྒ་བ་ཞེས་བྱ་བ་ནི། ལང་ཚོ་མེད་པར་གྱུར་པ་དང༌། གཞོན་ནུའི་མཐུ་རྩ་ལ་ཉམས་པ་དང༌། འབྱུང་བ་ཆེན་པོ་རྣམས་བྲི་བ་དང༌། འདུ་བྱེད་རྣམས་རྙིངས་པར་གྱུར་བ་དང༌། ཡན་ལག་དང་ཉིང་ལག་གཞིག་པ་དང༌། ཁ་དོག་དང༌། དབྱིབས་མི་མཛེས་པར་བྱས་པ་དང༌། དབང་པོ་རྣམས་ཉམ་ཆུང་བ་དང༌། དྲན་པ་དང༌། བློ་བྲི་བ་དང༌། འཆི་བ་ལ་མངོན་དུ་ལྟ་བ་ནི་རྒ་བའོ། །ཡང་ན་རྒ་བ་ཞེས་བྱ་བའི་ཆོས་ཀྱིས་ནོན་ན་དངོས་པོ་ཐམས་ཅད་གཞན་དུ་འགྱུར་བར་བྱེད་དེ། དེས་ཁ་གདོང་ལ་ནོན་ན་ནི་གཉེར་མ་མང་བ་དང༌། ཁབས་ནག་པོས་ཁེབས་པར་བྱེད་དོ། །དེས་སྐྲ་ལ་ནོན་ན་ནི་སྐྲ་དཀར་དང་སྤྱི་ཅེར་དུ་གྱུར་པར་བྱེད་དོ། །འབྱུང་བ་ཆེན་པོ་རྣམས་ལ་ནོན་ན་ནི། ཡན་ལག་རྣམས་ལྕི་བ་དང་ཞིག་པར་བྱེད་དོ། །སྐྱེ་མཆེད་རྣམས་ལ་ནོན་ན་ནི་དབང་པོ་རྣམས་ཉམས་ཆུང་བར་བྱེད་དེ་མི་གསལ་བར་མཐོང་བ་དང་ཐོས་པར་འགྱུར་རོ། །ལུས་ལ་ནོན་ན་ནི་ལུས་འདར་བ་དང་ལྡེམ་ལྡེམ་པོར་བྱེད་དོ། །སེམས་ལ་ནོན་ན་ནི་དྲན་པ་དང་བློ་གྲོས་མེད་པར་བྱེད་དེ། སྔོན་སྨྲས་པ་དང་བྱས་པ་རྣམས་ཀྱང་བརྗེད་པར་འགྱུར་རོ། །རྒྱབ་ཀྱི་ཚིགས་སུ་ཞུགས་ན་ནི་དེས་ལུས་སྒུར་བར་འགྱུར་རོ། །རྐང་ལག་གི་ཚིགས་སུ་ཞུགས་ན་ནི་ཤིང་འཁྱོག་པོ་བཞིན་དུ་ལྡེམ་ལྡེམ་པོར་བྱེད་དོ། །ལང་ཚོའི་ལུས་གཞོན་ནུ་དང་བྲལ་བས་འདུ་བྱེད་རྣམས་རྙིང་བར་ཡང་སྟོན་པར་བྱེད་དེ་དེ་ནི་རྒ་བའོ། །ཡང་ན་རྒ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པའི་མཚན་ཉིད་དང༌། བརྟན་པ་ཉམས་པའི་མཚན་ཉིད་དོ། །དེ་ལ་རྟེན་ཉམས་པའི་མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་ལས་གྱུར་བའི་ཤ་དང་ཁྲག་དང་ཚིལ་དང༌། རུས་པ་དང་རྐང་ལ་སོགས་པ་བྲིས་པས། དེའི་རྒྱུ་ལས་རྒྱུག་པ་དང༌། མཆོང་བ་དང༌། བརྐྱང་


DTG207_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བསྐུམ་པ་དང༌། འོང་བ་དང༌། འགྲོ་བ་ལ་སོགས་པའི་བྱ་བ་མི་ནུས་ཤིང༌། ལུས་ཀྱི་བརྩོན་འགྲུས་དང་སྟོབས་མེད་པར་གྱུར་བའོ། །བརྟེན་པ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་པས། མིག་གསལ་བར་མཐོང་བ་དང༌། ཐོས་པ་དང༌། སྣོམ་པ་དང༌། མྱོང་བ་འགྱུར་ལ། དེའི་རྒྱུ་ལས་དྲན་པ་དང་བློ་གྲོས་བྲི་བའི་ཕྱིར། སྔོན་སྨྲས་པ་དང་བྱས་པ་རྣམས་ཀྱང་བརྗེད་ཅིང་སེམས་ཀྱི་བརྩོན་འགྲུས་དང་མཐུ་མེད་པར་བྱེད་པའོ། །ཅིའི་ཕྱིར་རྒ་བ་དང་སྡུག་བསྔལ་བ་ཞེས་བྱ་བ། སྨྲས་པ་རྒ་བ་འདི་ཟིན་པར་གྱུར་ན་ལུས་ཀྱི་ཡན་ལག་ལ་མི་མཛེས་པ་སྐྱེད་པར་བྱེད་ཅིང་མཛེས་པ་དང༌། སྟོབས་དང༌། བརྩོན་འགྲུས་དང༌། དཔའ་བ་དང༌། བསྟན་པ་དང༌། བློ་དང་ཤེས་རབ་ཉམས་པར་བྱས་ནས་འཆི་བའི་གནས་སྐབས་སུ་འཁྲིད་པར་བྱེད་དེ། དཔེར་ན་གཤེད་པོ་རྣམས་ཀྱིས་གསད་པར་བྱ་བའི་སྐྱེས་བུ་ཁ་སྣ་ཚོགས་པ་བཅད་ཅིང་བྲལ་ནས་གཟུགས་ལ་མི་མཛེས་པ་སྐྱེད་ཅིང་བསད་པའི་གནས་སུ་འཁྲིད་པར་བྱེད་པ་བཞིན་པས་ན། རྒ་བ་དང་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་སྔོན་ལང་ཚོའི་དུས་ཀྱི་ཚེ། ཉེ་དུ་གཉེན་བཤེས་ལ་སོགས་པའི་ཡིད་དགའ་བར་བྱེད་པ་འགྲོ་བ་བཟང་མོའི་སེམས་དང་ཡིད་ཀྱི་རྗེས་སུ་མཐུན་པར་བྱེད་ཅིང༌། དེ་དག་གི་ཡིད་འཕྲོག་པས་འགྲོ་བ་མང་པོའི་ཡིད་དུ་འོང་བས་ཁ་དོག་དང་དབྱིབས་མཛེས་པ་ཤིན་ཏུ་གཞོན་ནུའི་གཟུགས། པདྨོ་ལྟར་གྱུར་པ་དེ་རྒ་བའི་སེར་བ་དང༌། སད་ཀྱིས་ཕོག་ན་ཞུམ་པ་དང༌། འཁུམས་པ་དང༌། ཞིག་པ་དང༌། མི་མཛེས་པར་གྱུར་པས་ཉེ་དུ་གཉེན་བཤེས་རྣམས་ཀྱང་མི་དགའ་བར་གྱུར་ཅིང་འགྲོ་བ་བཟང་མོ་རྣམས་ཀྱིས་ཀྱང་གཏོང་བར་བྱེད་པས་ན། དེའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བའོ། །ཡང་ན་རྒ་བ་འདི་ནི་ཁ་དོག་དང་དབྱིབས་དང་མཛེས་པ་མེད་པར་བྱད་པ་དར་ལ་བབས་པ་དང༌། ནད་མེད་པ་འཇོམས་པར་བྱེད་པ། སྟོབས་གང་བརྩོན་འགྲུས་དང་མཐུ་འཕྲོག་པ། དྲན་པ་དང་བློ་གྲོས་དང་ཐོས་པ་དང༌། ཡེ་ཤེས་རྣམས་ཉམས་པར་བྱེད་པའི་རྒྱུ་དབང་པོ་རྣམས་ཉམ་ཆུང་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བ་ཞེས་བྱའོ། །ནད་ཀྱི་སྡུག་བསྔལ་དང་ཞེས་བྱ་བ་ལ། ན་བ་གང་ཞེ་ན། ས་ལ་སོགས་པའི་ཁམས་མི་མཐུན་ཞིང་ཤས་ཆེ་ཆུང་དུ་གྱུར་པ་ན་ན་བ་ཞེས་བྱ་བ་སྟེ།


DTG207_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ས་ལ་སོགས་པའི་ཁམས་མཉམ་ན་ནད་མེད་པའོ། །ཡང་ན་ན་བ་རྣམ་པ་གཉིས་ཏེ། ལུས་ཀྱི་ནད་དང་སེམས་ཀྱི་ནད་དོ། །དེ་ལ་ལུས་ཀྱི་ནད་ཀྱང་རྣམ་པ་གཉིས་ཏེ། ནང་གི་རྐྱེན་ལས་བྱུང་བ་དང༌། ཕྱིའི་རྐྱེན་ལས་བྱུང་བའོ། །དེ་ལ་ནང་གི་རྐྱེན་ལས་བྱུང་བ་ནི། ལུས་ཀྱིས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་འཁྲུགས་པས་གང་གནོད་པར་འགྱུར་བའོ། །ཕྱིའི་རྐྱེན་ལས་བྱུང་བ་ནི་དབྱིག་པ་དང༌། རྡོ་བ་ལ་སོགས་པས་ཕོག་ནས་གང་གནོད་པར་བྱེད་པའོ། །ལུས་ཀྱི་ནད་དེ་ཡང་མིང་དང་རྒྱུ་རྐྱེན་ཐ་དད་པའི་སྒོ་ནས་རྣམ་པ་དུ་མར་གཞག་སྟེ། དེ་ལ་མིང་ནི་ཤུ་བ་དང་སྒོང་པོ་དང༌། མཛེ་དང༌། འབྲུམ་བུ་དང༌། འབྲས་དང་རིམས་དང༌། སྐྱིགས་བུ་ལ་སོགས་པ་ནད་ཀྱི་མིང་རྣམ་པ་དུ་མར་བཏགས་པའོ། །རྒྱུ་ནི་བད་ཀན་ལས་བྱུང་བ་དང༌། མཁྲིས་པ་ལས་བྱུང་བ་དང༌། རླུང་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པའོ། །རྟེན་ནི་ཀླད་པ་ན་བ་དང༌། མིག་ན་བ་དང༌། མགྲིན་པ་ན་བ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་ལུས་ཀྱི་ནད་དོ། །དེ་ལ་རྒྱས་པར་དབྱེ་ན་ནད་ཀྱི་རྣམ་གྲངས་བཞི་བརྒྱ་རྩ་བཞིའོ་ཞེས་འབྱུང་བའོ། །ཡིད་ཀྱི་ནད་ནི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ལས་སྐྱེས་པའི་སེམས་ལས་གནོད་པ་སྟེ། དེ་ཡང་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ་དང༌། ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་སྟེ་རྣམ་པ་གཉིས་སོ། །དེ་ལ་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། གང་བདག་གི་ལུས་ཉིད་ལ་དམིགས་པ་ནི། སེམས་མི་བདེ་བ་དང༌། ཉོན་མོངས་པ་སྐྱེས་པར་གྱུར་བའོ། །ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། ཉེ་དུ་བཤེས་གཉེན་དང༌། འདོད་པའི་ཡོན་ཏན་ལ་རྟོག་རྟོག་པ་ལས་སེམས་མི་བདེ་བ་དང༌། ཉོན་མོངས་པ་སྐྱེས་པར་གྱུར་པའོ། །དེ་ཡང་མིང་དང་རྒྱུ་དང་རྟེན་གྱི་སྒོ་ནས་རྣམ་པ་དུ་མར་གཞག་སྟེ། མིང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་བ་དང་ཕྲག་དོག་དང༌། ཁོན་དུ་འཛིན་པ་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་ནི་མཛེས་པའི་རྒྱུ་ལས་བྱུང་བ་དང༌། ཁོང་ཁྲོ་བའི་རྒྱུ་ལས་བྱུང་བ་དང༌། དེ་གཉི་ག་མ་ཡིན་པའི་རྒྱུ་ལས་བྱུང་བའོ། །རྟེན་ནི་གཟུགས་ལ་ཆགས་པ་དང༌། སྒྲ་ལ་ཆགས་པ་དང༌། དྲི་ལ་ཆགས་པ་དང༌། རོ་ལ་


DTG207_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ནི་ལུས་ཀྱི་ནད་ལ་བྱ་བར་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ན་སྡུག་བསྔལ་ཞེས་བྱ་ཞེ་ན་འདི་ལྟར་ནད་འདིས་ཟིན་ན། བདག་གི་ལུས་ལ་རྣམ་པ་དུ་མར་མི་བདེ་བ་སྐྱེད་པར་བྱེད་པ་དང༌། ཚེའི་དབང་པོའི་བར་ཆད་དུ་འགྱུར་བ་དང༌། གནད་དུ་གནོད་པས་ཉེན་པར་བྱེད་པས་ན། མེ་དང་དུག་དང་མཚོན་ལྟ་བུ་ཡིན་པའི་ཕྱིར་ན་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་ནགས་མེས་ཚིག་པའི་ནང་དུ་ཆུད་པའི་མི་དང་དབང་པོ་ལ་སོགས་པ་མེ་ལྕེའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཕོག་པ་ན་མི་བཟོད་པས་ཕན་ཚུན་དུ་འཁྱམ་ཞིང་སྐད་ཆེར་ཕྱུང་ནས་དུ་བ་བཞིན་དུ་ན་བ་ཞེས་བྱ་བ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཕོག་པ་ན། སྐྱེ་བོ་རྣམས་ཀྱིས་མི་བཟོད་ཅིང་སྐད་ཆེར་འབྱིན་པ་དང༌། ངུ་བར་བྱེད་པའི་ཕྱིར་ན་ཡང་སྡུག་བསྔལ་བའོ། །འཆི་བ་སྡུག་བསྔལ་དང་ཞེས་བྱ་བ་ལ། འཆི་བ་གང་ཞེ་ན། གང་གོང་དུ་སེམས་ཅན་དེ་དང་དེ་རྣམས། སེམས་ཅན་གྱི་རིས་དེ་དང་དེ་དག་ལས་ཤི་འཕོས་པ་དང་ཤི་འཕོས་པར་གྱུར་པའོ། །ཞེས་གང་གསུངས་པ་ནི་འཆི་བའོ། །ཡང་ན་ཚེའི་དབང་པོ་དང་དྲོད་དང་རྣམ་པར་ཤེས་པས་ལུས་བཏང་སྟེ། ཚེའི་དབང་པོ་རྒྱུན་ཆད་པ་ནི། འཆི་བ་ཞེས་བྱ་བའོ། །ཡང་ན་ས་ལ་སོགས་པའི་འབྱུང་བ་ཆེན་པོ་འཁྲུགས་པས་མིག་ལ་སོགས་པའི་དབང་པོ་ཉམས་པར་གྱུར་པའོ། །དབང་པོ་ཉམས་ན་དེ་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མི་འབྱུང་ངོ༌། །སེམས་དང་སེམས་ལས་བྱུང་བ་མ་བྱུང་ན་ཤི་བ་ཞེས་བྱའོ། །ཡང་ན་འཆི་བ་རྣམ་པ་གཉིས་ཏེ། ཚེ་ཟད་ནས་ཤི་བ་དང༌། ལས་ཟད་ནས་ཤི་བའོ། །དེ་ལ་ཚེ་ཟད་ནས་ཤི་བ་ནི། ཚེ་རབས་གཞན་ན་ཚེའི་འདུ་བྱེད་ཇི་སྲིད་གནས་པར་འགྱུར་བའི་ལས་བྱས་པའི་ཤུགས་ཟད་ནས་ཤི་བའོ། །ལས་ཟད་ནས་ཤི་བ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱིས་ལས་མ་བྱས་པས། ཚེ་འདིར་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་དང་མི་ལྡན་པས་ཤི་བར་གྱུར་པའོ། །ཡང་ན་འཆི་བ་རྣམ་པ་གསུམ་སྟེ། སྐད་ཅིག་མ་རེ་རེ་ལ་འཆི་བ་དང༌། རྒྱུ་ཟད་ནས་འཆི་བ་དང༌། ཉེ་བར་བཅོམ་ནས་འཆི་བའོ། །དེ་ལ་སྐད་ཅིག་མ་རེ་རེ་ལ་འཆི་བ་ནི། དང་པོ་མངལ་དུ་ཞུགས་པ་ནས་བརྩམས་ཏེ། རིས་མཐུན་


DTG207_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེའི་འདུ་བྱེད་རྒྱུན་མ་ཆད་ཀྱི་བར་དུ། སྐད་ཅིག་མ་སྔ་མ་འགགས་ནས་ཕྱི་མ་སྐྱེས་པའི་མཚན་ཉིད་དོ། །རྒྱུ་ཟད་ནས་ཤི་བ་ནི་ཚེའི་འདུ་བྱེད་ཟད་པས་རིས་མཐུན་པའི་ཕུང་པོ་རྣམས་ཀྱི་རྒྱུན་ཆད་པར་འགྱུར་བའོ། །ཉེ་བར་བཅོམ་ནས་ཤི་བ་ནི། དུག་དང་མེ་དང་མཚོན་ལ་སོགས་པའི་རྐྱེན་དང་ཕྲད་ནས་ཤི་བར་གྱུར་པའོ། །ཅིའི་ཕྱིར་འཆི་བ་སྡུག་བསྔལ་བ་ཞེས་བྱ་བ། འདི་ལྟར་ལ་ལ་ཞིག་འབྲུ་དང་གཏེར་རིན་པོ་ཆེ་དང༌། ཡོ་བྱད་དང་ཉེ་དུ་གཉེན་བཤེས་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ལས། རྒྱལ་པོ་ལ་སོགས་པ་དབང་ཡོད་པ་རྣམས་ཀྱིས་འཕྲོག་ནས་ཅི་ཡང་མེད་པར་བྱས་པ་བཞིན་དུ། འཆི་བའི་དུས་ཀྱི་ཚེ་ཉེ་དུ་གཉེན་བཤེས་བྲལ་བར་དགའ་བ་རྣམས་ཀྱིས་མཐའ་བསྐོར་ནས་མིག་མཆི་མས་བཀང་ཞིང་དུད་མོས་སྐད་འགག་པར་འགྱུར་བ་དང༌། ནོར་དང་གཏེར་ལ་སོགས་པའི་ཡོ་བྱད་ཐམས་ཅད་བོར་ནས་གཅིག་པུ་མི་དགའ་བ་མ་མོས་བཞིན་དུ་དབང་མེད་པར་འགྲོ་དགོས་པའི་ཕྱིར་ཡང་འཆི་བ་སྡུག་བསྔལ་བའོ། །ཡང་ན་བསོད་ནམས་མ་ཡིན་པ་བྱས་པ་རྣམས་མིག་ལ་སོགས་པའི་དབང་པོ་ལྔ་འགག་པའི་སྡུག་བསྔལ་མི་བཟད་པ་མྱོང་ལ། གཤིན་རྗེའི་སྲིན་པོ་དང༌། ཡི་དྭགས་ལ་སོགས་པས་མཐའ་བསྐོར་ཏེ། ཚེའི་དབང་པོ་མ་ཆད་པར་ཡང་བཅིང་བ་དང༌། བསྡིགས་པ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་ཅིང༌། འཚོ་བའི་དབང་པོ་ཆད་ནས་ཀྱང་དབང་མེད་པར་སེམས་ཅན་དམྱལ་བའི་གནས་སུ་འཁྲིད་པར་བྱེད་པའི་ཕྱིར་ཡང་འཆི་བ་སྡུག་བསྔལ་བའོ། །ཡང་ན་འཆི་བ་ཞེས་བྱ་བ་འདི་རི་རབ་བཞིན་དུ་རླུང་གིས་ཀྱང་མི་བསྐྱོད་པ། མེ་བཞིན་དུ་ཐམས་ཅད་ཟད་པར་བྱེད་པ། ཞེ་སྡང་ཅན་གྱིས་སྐྱེས་བུ་བཞིན་དུ་རྟག་ཏུ་འགྲོ་བ་རྣམས་ལ་གནོད་པས་གདུང་བར་བྱེད་པ། རྒྱ་མཚོའི་རླབས་བཞིན་དུ་དུས་ལས་མི་འདའ་བ། རྡོ་རྗེ་བཞིན་དུ་ཕུང་པོའི་རི་བོ་འཇོམས་པར་བྱེད་པ། རླུང་ལྟ་བུར་སྤུངས་པ་རྣམས་སྙིལ་བར་བྱེད་པ། སེར་བ་བཞིན་དུ་ཚེའི་འདུ་བྱེད་འཇིག་པར་བྱེད་པ། སྡིག་ཅན་བཞིན་དུ་སྙིང་རྗེ་མེད་པ། གླང་པོ་ཆེ་བཞིན་དུ་རྒྱལ་བར་དཀའ་བ། དཔའ་བོ་བཞིན་དུ་གཞན་འཇོམས་པ། དུས་བཞིན་


DTG207_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདོན་མི་ཟ་བར་འབྱུང་བ་སྟེ། དེའི་ཕྱིར་འཆི་བ་སྡུག་བསྔལ་བའོ། །མདོ་གཞན་དག་ལས་སྐྱེ་བའི་རྐྱེན་གྱིས་འཆི་བ་དང༌། བག་མེད་པས་འཆི་བ་དང༌། ཚུལ་ཁྲིམས་ངན་པས་འཆི་བ་ཞེས་གསུངས་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཤེས་རབ་ཀྱི་དབང་པོ་འཆལ་བས་ན། བག་མེད་པས་འཆི་བའོ། །ཚུལ་ཁྲིམས་རྣམ་པར་དག་པ་དང་བྲལ་བའི་ཕྱིར་ཚུལ་ཁྲིམས་ངན་པས་ཤི་བའོ། །ཚེའི་དབང་པོ་རྒྱུན་ཆད་པས་ན། སྐྱེ་བའི་རྐྱེན་གྱིས་ཤི་བའོ། །ཡང་ན་དམ་པའི་ཆོས་ཉན་པ་དང༌། བསམ་པ་དང༌། སྒོམ་པ་མི་བྱེད་པའི་ཕྱིར། བག་མེད་པས་འཆི་བའོ། །དགེ་སློང་གི་དངོས་པོ་དང་བྲལ་བའི་ཕྱིར། །ཚུལ་ཁྲིམས་ངན་པས་ཤི་བའོ། །རིས་མཐུན་པ་དང་སྐལ་བ་གཅིག་པ་དང་བྲལ་བའི་ཕྱིར། སྐྱེ་བའི་རྐྱེན་གྱིས་ཤི་བའོ། །མཛའ་བ་དང་བྲལ་བའི་སྡུག་བསྔལ་དང་ཞེས་བྱ་བ་ལ། གང་སེམས་ཅན་གྱི་གྲངས་སམ་སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པའི་ཡུལ་ཡིད་དུ་འོང་བ་རྣམས་དང་བྲལ་བར་གྱུར་བ་ནི་མཛའ་བ་དང་བྲལ་བ་ཞེས་བྱའོ། །ཡང་ན་བདག་ཉིད་ཀྱི་ལང་ཚོ་དང༌། ནད་མེད་པ་དང་ཚེ་རིང་བ་དང༌། རིགས་དང༌། གཟུགས་བཟང་བ་དང༌། ཕྱུག་པ་དང༌། ལོངས་སྤྱོད་དང་བྲལ་བར་གྱུར་བ་དང༌། ཉེ་དུ་གཉེན་བཤེས་རྣམས་དང་བྱེ་བ་གྱུར་བ་ནི། མཛའ་བ་དང་བྲལ་བར་གྱུར་བ་ཞེས་བྱའོ། །ཡང་ན་ཚུལ་ཁྲིམས་ཅན་རྣམས་དགེ་བའི་ལས་ཡོངས་སུ་ཉམས་པར་འགྱུར་བ་ནི་མཛའ་བ་དང་བྲལ་བའོ། །ཡང་ན་ཚོར་བ་རྣམ་པ་གསུམ་ལས་བདེ་བའི་ཚོར་བ་དང་བྲལ་བར་གྱུར་པ་ནི་མཛའ་བ་དང་བྲལ་བའོ། །ཡང་ན་ལྷ་དང་མི་ལ་སོགས་པ་བདེ་འགྲོའི་གནས་ནས་ཉམས་ནས། ངན་སོང་དུ་ལྟུང་བར་གྱུར་བ་ནི་མཛའ་བ་དང་བྲལ་བའོ། །ཅིའི་ཕྱིར། མཛའ་བ་དང་བྲལ་བ་སྡུག་བསྔལ་བ་ཞེས་བྱ་བ་ཞེ་ན། འདི་ལྟར་མཛའ་བ་དང་བྲལ་བའི་རྒྱུས་སྲོག་ཆགས་རྣམས་ནགས་མེས་ཚིག་པ་བཞིན་དུ། རྟག་ཏུ་མྱ་ངན་ཆེན་པོའི་མེས་ཡིད་ཀྱི་སྲེག་པར་བྱེད་ཅིང་སྐད་ཆེར་འབྱིན་ཅིང་ངུ་བས་ན། མཛའ་བ་དང་བྲལ་བ་སྡུག་བསྔལ་བའོ། །ཡང་ན་མཐོ་རིས་ལ་སོགས་པ་བདེ་བའི་གནས་ནས་འཕོས་ཏེ། དམྱལ་


DTG207_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་ངན་སོང་གི་གནས་ན་སྐྱེས་པས་ན། སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་པའི་ཕྱིར་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ། །ཡང་ན་མཛའ་བ་དང་བྲལ་བར་དོགས་པའམ། ཐོས་པའམ། མཐོང་བའམ། རྗེས་སུ་དྲན་ན་ཡང་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལ་སོགས་པ་འབྱུང་བའི་ཕྱིར། ཡང་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ། །ཡང་ན་ཕ་དང་ཕུ་ནུ་ལ་སོགས་པ་ཉེ་དུ་དང་བྲལ་བའི་རྒྱུ་ལས་བྱུང་བའི་གདོན་གྱིས་གནོད་པ་བཞིན་དུ། ཚིག་རྣམ་པ་སྣ་ཚོགས་བླ་བ་དང་བརྒྱལ་བ་བཞིན་དུ་དྲན་པ་མེད་པར་གྱུར་པ་དང༌། བདོག་པ་ཐམས་ཅད་འཕོག་པ་བཞིན་དུ། སེམས་ཅན་རྣམ་པ་ཐམས་ཅད་དུ་འཁྲུག་པར་གྱུར་ཅིང་བྱ་བ་དང་མི་བྱ་བ་ཐམས་ཅད་མི་དྲན་པས་ལུས་ས་ལ་གླེབས་ཙམ་དུ་ཟད་པའི་ཕྱིར་ཡང་མཛའ་བ་དང་བྲལ་བའི་ཕྱིར་ཡང་སྡུག་བསྔལ་བའོ། །མི་མཛའ་བ་དང་ཕྲད་པའི་སྡུག་བསྔལ་དང་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་རྒྱུ་མཐུན་པའི་འབྲས་བུ། སེམས་ཅན་དམྱལ་བ་ལ་སོགས་པ་དང་ཕྲད་པར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པའོ། །སེམས་ཅན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་དང་བྲལ་བར་མོས་པ་ལས་སྡུག་བསྔལ་གྱི་ཚོར་བ་སྐྱེས་པར་བྱེད་པའི་ཡོ་བྱད་ཉེ་བར་གྱུར་བའི་རྒྱུར་ཚོར་བ་སྡུག་བསྔལ་བ་མྱོང་བ་ནི་མི་མཛའ་བ་དང་ཕྲད་པའོ། །ཡང་ན་འགྲོ་བ་མི་བགྲུངས་པ་དང་འགྲོགས་པར་གྱུར་བ་ནི་མི་མཛའ་བ་དང་ཕྲད་པའོ། །ཡང་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ། ངན་བའི་ངང་ཚུལ་བྱུང་བར་གྱུར་བ་ནི་མི་མཛའ་བ་དང་ཕྲད་པ་སྟེ། ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ་བ་རྣམས་ཉེས་པ་དེས་སེམས་གདུང་བར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་ཞེས་བྱ། འདི་ཁྱིམ་མཚེས་མི་བགྲུངས་པ་བཞིན་དུ། རྟག་ཏུ་གནོད་པ་སྐྱེད་པ་དང༌། འགྲོ་བ་མི་སྲུན་པ་བཞིན་དུ་ཞེ་སྡང་སྐྱེ་བའི་གནས་སུ་གྱུར་པ་དང༌། སེམས་ལ་མི་དགའ་བའི་རྣམ་པར་རྟོག་པ་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་མི་མཛའ་བ་དང་ཕྲད་པར་སྡུག་བསྔལ་བའོ། །ཡང་ན་མི་མཛའ་བ་དང་ཕྲད་པའི་རྒྱུ་ལས་ནགས་མེས་ཚིག་པ་བཞིན་དུ། ཞེ་སྡང་གི་


DTG207_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེས་སེམས་ཚིག་པར་བྱེད་ཅིང་དེ་དང་བྲལ་བ་སྨོན་པ་མང་དུ་སྐྱེ་སྟེ། གང་སྨོས་པ་མང་དུ་སྐྱེད་པ་དེ་ཉིད་སྡུག་བསྔལ་བ་ཡིན་པས་དེ་བས་ན་ནི་མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་བའོ། །གང་འདོད་པ་བཙལ་ནས་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ་ཞེས་བྱ་བ་ལ། གང་འདོད་པ་ནི་སྡུག་བསྔལ་བ་དང་མ་བྲལ་ཞིང་སླར་མི་ཕྲོད་པ་དང༌། བདེ་བ་དང་ཕྲད་ཅིང་སླར་མི་བྲལ་བར་འདོད་དེ་དེ་ལྟར་མ་གྱུར་བ་ཉིད་གང་འདོད་པ་བཙལ་ནས་མ་རྙེད་པའོ། །ཡང་ན་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པ་དང་མི་ཕྲད་པར་འདོད་དེ། འདོད་པ་དེ་དང་མི་ལྡན་པར་གྱུར་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་མི་མཛའ་བ་དང་མི་ཕྲད་པ་དང༌། མཛའ་བ་དང་མི་འབྲལ་བར་འདོད་དེ། དེ་ལྟར་མ་གྲུབ་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་དགེ་བ་བྱེད་པ་རྣམས་འཕེལ་བར་ནི་འདོད་ལ། མི་དགེ་བ་སྒྲིབ་པར་འདོད་པ་ལས་དགེ་བ་སྒྲིབ་པ་དང༌། མི་དགེ་བ་འཕེལ་བར་གྱུར་པ་ནི། གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་ངན་སོང་གསུམ་དུ་མི་སྐྱེ་བ་དང༌། མཐོ་རིས་སུ་སྐྱེ་བར་འདོད་པ་ལས། ངན་སོང་གསུམ་དུ་ལྟུང་བར་གྱུར་ལ། མཐོ་རིས་སུ་མ་སྐྱེས་པར་གྱུར་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཅིའི་ཕྱིར་གང་འདོད་པ་དེ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་ཞེས་བྱ་བ་ཞེ་ན། ཨེ་མའོ། །འདི་ལྟར་འདོད་པའི་དངོས་པོ་དེ་ལྟར་སྔོན་ཡང་རྙེད་པར་མ་གྱུར་ཏོ། །ད་ལྟར་ཡང་མ་རྙེད་དོ། །ཕྱིས་ཀྱང་རྙེད་པར་མི་འགྱུར་རོ་ཞེས་དུས་གསུམ་དུ་ཡང་གནོད་པ་སྐྱེས་པའི་ཕྱིར་གང་འདོད་པ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་བ་ཡིན་ནོ། །ཡང་ན་ཡིད་ལ་བསམ་པ་འཇོམས་པར་བྱེད་པ་དང༌། ཡིད་འབྱུང་བའི་རྟེན་དུ་གྱུར་པ་དང༌། དེའི་རྒྱུ་སེམས་རྟག་ཏུ་གདུང་བར་བྱེད་པས་ན་ཡང་གང་འདོད་པ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་བའོ། །མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་སྟེ། ཞེས་བྱ་བ་ལ་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ལེན་པའི་ཕུང་པོ་ནས། རྣམ་པར་ཤེས་པ་ལེན་པའི་ཕུང་པོའི་བར་དུའོ། །མདོར་ན་ཞེས་བྱ་བའི་དོན་དུ་ཕུང་པོ་ལྔ་པོར་སྡུག་བསྔལ་བ་ཐམས་ཅད་


DTG207_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་སྟོན་པ་སྟེ། སྡུག་བསྔལ་ཐམས་ཅད་ནི་དང་པོའི་སྡུག་བསྔལ་དང༌། དབུས་ཀྱི་སྡུག་བསྔལ་དང༌། མཐའི་སྡུག་བསྔལ་ལོ། །དེ་ལ་དང་པོའི་སྡུག་བསྔལ་ནི་སྐྱེ་བའོ། །བར་གྱི་སྡུག་བསྔལ་ནི་རྒ་བ་དང༌། ན་བ་དང༌། མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་ཕྲད་པ་དང༌། གང་འདོད་པ་བཙལ་ནས་མ་རྙེད་པ་རྣམས་སོ། །ཐ་མའི་སྡུག་བསྔལ་ནི་འཆི་བ་སྟེ། སྡུག་བསྔལ་དེ་གསུམ་ཕུང་པོ་ལྔར་འདུས་པ་ན་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་རབ་ཏུ་གནས་པ་དང༌། རྗེས་སུ་འབྲེལ་པའི་སྡུག་བསྔལ་རྣམས་སུ་ཕུང་པོ་ལྔ་འདུས་པས་ན། མདོར་ན་ལེན་པའི་ཕུང་པོ་ལྔ་པོ་རྣམས་ནི་སྡུག་བསྔལ་བ་ཞེས་བྱ་སྟེ། རབ་ཏུ་གནས་པའི་སྡུག་བསྔལ་ནི་རྒ་བ་དང༌། ན་བ་དང་འཆི་བ་དང་མཛའ་བ་དང་བྲལ་བ་དང༌། མི་མཛའ་བ་དང་ཕྲད་པ་དང༌། གང་འདོད་པ་བཙལ་ནས་མ་རྙེད་པའོ། །རྗེས་སུ་འབྲེལ་བའི་སྡུག་བསྔལ་བའི་སྡུག་བསྔལ་ནི་སྐྱེ་བ་སྟེ། ཚེ་རབས་གཅིག་ནས་གཅིག་ཏུ་སྲིད་པའི་ཡན་ལག་མཚམས་སྦྱོར་བ་རྣམས་དང་འབྲེལ་བའི་ཕྱིར་རོ། །ཡང་ན་སྡུག་བསྔལ་གྱི་ཁྱད་པར་ནི་ཚད་མེད་པ་བསྐལ་བའི་མཐར་བརྗོད་ཀྱང་ཟད་པར་མི་ནུས་ཏེ། དེ་བས་ན་མཚན་ཉིད་ཐ་དད་པའི་སྡུག་བསྔལ་མཐའ་མེད་པ་རྣམས་སྤྱིའི་མཚན་ཉིད་དུ་བསྡུ་བར་བྱ་བའི་དོན་དུ་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་ཞེས་བྱ་བ་གསུངས་སོ། །ཡང་ན་མེ་ལྟ་བུར་གྱུར་པ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་སོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཤིང་ལྟ་བུར་གྱུར་པ་ནི་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་བྱེད་པའི་ཕྱིར་ན་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་ཞེས་གསུངས་སོ། །ཡང་ན་སྐྱེ་བ་ལ་སོགས་པ་ནི་ས་བོན་གྱི་དངོས་པོ་ལྟ་བུ་ལ་ལེན་པའི་ཕུང་པོ་ལྔ་ནི་ཞིང་ལྟ་བུ་ཡིན་པར་གྱུར་པས་དེའི་ཕྱིར་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟ་ཞེ་ན་ཕུང་པོ་འབྱུང་བའི་སྡུག་བསྔལ་ནི་སྐྱེ་བའོ། །ཕུང་པོ་ཡོངས་སུ་སྨིན་པའི་སྡུག་བསྔལ་ནི་རྒ་བའོ། །ཕུང་པོ་ལ་གནོད་པའི་སྡུག་བསྔལ་ནི་ན་


DTG207_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཕུང་པོ་ཞིག་པའི་སྡུག་བསྔལ་ནི་ཤི་བའོ། །ཡིད་དུ་མི་འོང་བའི་ཕུང་པོ་དང་ཕྲད་པའི་སྡུག་བསྔལ་ནི་མི་མཛའ་བ་དང་ཕྲད་པའོ། །ཡིད་དུ་འོང་བའི་ཕུང་པོ་དང་བྱེ་བའི་སྡུག་བསྔལ་ནི་མཛའ་བ་དང་བྲལ་བའོ། །འདོད་པའི་ཕུང་པོ་དང་མ་ཕྲད་པའི་སྡུག་བསྔལ་ནི་གང་འདོད་པ་བརྩལ་ནས་མ་རྙེད་པའོ། །ཅིའི་ཕྱིར་ན་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ། སྨྲས་པ་ཇི་སྲིད་དུ་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྔ་ཡིད་ཀྱི་བར་དུ། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མཛའ་བ་དང་བྲལ་བ་དང༌། མི་མཛའ་བ་དང་ཕྲད་པ་དང༌། གང་འདོད་པ་བརྩལ་ནས་མ་རྙེད་པ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལེན་པའི་ཕུང་པོ་ལྔ་རྣམས་སྡུག་བསྔལ་བ་ཞེས་བྱའོ། །བརྒལ་བ་བཅོམ་ལྡན་འདས་ཀྱིས་ཚོར་བ་རྣམ་པ་གསུམ་དུ་བཤད་དེ། བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་གསུངས་ཏེ། བདེ་བའི་ཚོར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཕུང་པོ་རྣམས་སྡུག་བསྔལ་གྱི་རང་བཞིན་མ་ཡིན་ན། ཅིའི་ཕྱིར་འདིར་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་སྡུག་བསྔལ་ཞེས་གསུངས། ལན་དུ་སྡུག་བསྔལ་རྣམ་པ་གསུམ་གྱིས་འདུས་བྱས་ཐམས་ཅད་ལ་ཁྱབ་པས་ན། ལེན་པའི་ཕུང་པོ་ཐམས་ཅད་སྡུག་བསྔལ་བར་བཤད་དོ། །ཚོར་བ་སྡུག་བསྔལ་དང་ལྡན་པའི་ཕུང་པོ་རྣམས་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པའོ། །ཚོར་བ་བདེ་བ་དང་ལྡན་པའི་ཕུང་པོ་རྣམས་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པའོ། །ཚོར་བ་བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པའི་ཕུང་པོ་རྣམས་ལ་ནི་རྒྱུ་རྐྱེན་གྱིས་བསྐྱེད་ཅིང་མི་རྟག་པའི་མཚན་ཉིད་འདུ་བྱེད་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་རོ། །ཡང་ན་དཔེར་ན་སྲན་མ་ཤའི་ཕུང་པོའི་ནང་ན་མུངྒ་ཅུང་ཟད་ཡོད་ཀྱང༌། སྲན་མ་ཤ་ཞེས་བྱ་བ་བཞིན་དུ་ཕུང་པོ་འདི་དག་ལ་བདེ་བ་ཅུང་ཟད་ཡོད་ཀྱང༌། སྡུག་བསྔལ་མང་པོའི་ཕྱིར་ཕུང་པོ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱའོ། །གཞན་


DTG207_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཁས་པ་སུ་ཞིག་འབྲས་བྱུང་བའི་སྡུག་བསྔལ་ཆེན་པོ་ཡུངས་མར་གྱིས་བསྡུ་བ་དང་ཕུག་པ་ཙམ་གྱིས་བདེ་བས་འབྲས་བདེ་ཞེས་བརྩི་སྟེ། དེ་དང་འདྲ་བར་ལྔ་ཕུང་སྡུག་བསྔལ་གྱི་ཕུང་པོ་ལ་བདེ་བ་ཅུང་ཟད་ཀྱང་ཡོད་པས་མཁས་པ་སུ་ཞིག་བདེ་བར་ལྟ། མདོ་གཞན་དག་ལས་སྡུག་བསྔལ་རྣམ་པ་གསུམ་དུ་བཤད་ལ། འདིར་སྡུག་བསྔལ་རྣམ་པ་བརྒྱད་དུ་གསུངས་ན། ཅི་གསུམ་གྱིས་བརྒྱད་བསྡུ་བར་བལྟ་བའམ། བརྒྱད་ཀྱིས་གསུམ་བསྡུ་བར་བལྟ་བའམ། སྨྲས་པ་གསུམ་གྱིས་བརྒྱད་བསྡུ་བར་བལྟ་སྟེ། གང་སྐྱེ་བ་སྡུག་བསྔལ་བ་དང༌། རྒ་བ་སྡུག་བསྔལ་བ་དང༌། ན་བ་སྡུག་བསྔལ་བ་དང༌། འཆི་བ་སྡུག་བསྔལ་བ་དང༌། མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་བར་བསྡུའོ། །གང་མཛའ་བ་དང་བྲལ་བ་དང༌། འདོད་པ་བཙལ་ཏེ་མ་རྙེད་པ་གཉིས་ནི་འགྱུར་བའི་སྡུག་བསྔལ་དུ་བསྡུའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ་ཞེས་བྱ་བས། འདུ་བྱེད་ཀྱི་སྡུག་བསྔལ་བསྟན་ཏོ། །ཀུན་འབྱུང་གི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ན་སྡུག་བསྔལ་གྱི་བདེན་པའི་རྗེས་ལ་ཀུན་འབྱུང་གི་བདེན་པ་བཤད་ཅེ་ན། འཁོར་བའི་འབྲས་བུའི་ཆོས་ཁོང་དུ་མ་ཆུད་པ་རྣམས་ལ་སྡུག་བསྔལ་གྱི་བདེན་པ་བསྟན་ནས། རྒྱུ་ཁོང་དུ་མ་ཆུད་པ་རྣམས་ལ་རྒྱུ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་གྱི་འོག་ཏུ་ཀུན་འབྱུང་གི་བདེན་པ་བཤད་དོ། །ཡང་ན་འཇིག་རྟེན་པའི་འདི་དག་ནི་སྲིད་པའི་བཅིང་བ་དམ་པོས་དམ་དུ་བཅིངས་པ་དང༌། འཁོར་བའི་བརྩོན་ར་ལས་ཐར་བར་མ་གྱུར་པ་སྟེ། འཁོར་བའི་བརྩོན་རའི་རྒྱུ་བསྟན་པའི་ཕྱིར་སྡུག་བསྔལ་གྱི་འོག་ཏུ་ཀུན་འབྱུང་གི་བདེན་པ་གསུངས་སོ། སྲེད་པའི་ཕུང་པོ་གང་ལས་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་ཞིང་སྐྱེ་བར་འགྱུར་བའི་རྒྱུ་འདོད་ཆགས་ཀྱི་མཚན་ཉིད་སྲེད་པ་ལ་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱ་སྟེ། སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །སྲེད་པ་དེ་སྡུག་བསྔལ་


DTG207_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་ཡིན་པར་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པའམ། སྲེད་པ་སྡུག་བསྔལ་གྱི་རྒྱུ་ཡིན་ཞེས་ཁོང་དུ་ཆུད་ནས་འཕགས་པར་འགྱུར་ལ། སྲེད་པ་དེ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པར་མ་ནོར་བའི་ཕྱིན་ཅི་མ་ལོག་པའི་ཕྱིར་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ། །སྲེད་པ་དེ་ཡང་གང་ཞེ་ན། དེའི་ཕྱིར། གང་ཡང་འབྱུང་བ་ཅན་གྱི་སྲེད་པ་དག་པའི་འདོད་ཆགས་དང་ལྡན་པ་དེ་ཡང་དེར་མངོན་པར་དགའ་བ་ཞེས་གསུངས་སོ། །དཔེར་ན་སྐྱེས་བུ་ལ་ལ་ཞིག་དཔྱིད་ཀྱི་དུས་ཀྱི་ཚེ་ཉི་མ་ཕྱེད་པའི་ཚེ་ན་རབ་ཏུ་སྐོམ་པས་གདུངས་ཏེ། ཆུ་འདོད་པ་དེས་ཚ་ཆུ་ལ་རྒྱུན་དུ་འཐུངས་ཀྱང་ངོམས་པ་མེད་པ་བཞིན་དུ། འདོད་པའི་འདོད་ཆགས་ཅན་རྣམས་ལུས་དང་ལོངས་སྤྱོད་ཡོན་ཏན་དུ་བལྟ་བས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་རྒྱུན་དུ་སྤྱོད་ཀྱང་ངོམས་པ་མེད་པ་ནི་སྲིད་པའོ། །ཡང་འབྱུང་བ་ཅན་དང་དགའ་བའི་འདོད་ཆགས་དང་ལྡན་པ་དང་དེ་དང་དེར་མངོན་པར་དགའ་བའི་ཚིག་རྣམས་ནི་སྲེད་པ། དེའི་ཁྱད་པར་རམ་སྲེད་པའི་མིང་གི་རྣམ་གྲངས་སོ། །དེ་ལ་ཡང་འབྱུང་བ་ནི་མ་འོངས་པའི་ཚེ་རབས་ལ་བྱ་སྟེ། མ་འོངས་པའི་ཚེ་རབས་བསྒྲུབ་པའི་ངང་ཚུལ་ཅན་ནམ། །དེ་སྐྱེད་པར་བྱེད་པའི་རང་བཞིན་ནམ་རྒྱུར་གྱུར་པ་ལ་ཡང་འབྱུང་བ་ཞེས་བྱའོ། །དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི། མ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ཆགས་ཤིང༌། ཞེན་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །དེ་དང་དེར་མངོན་པར་དགའ་བ་ཞེས་བྱ་བ་ནི་མ་འོངས་པའི་སེམས་ཅན་གྱིས་གནས་རྣམ་པ་མང་པོ་ལ་བདག་ལྷར་གྱུར་ཅིག་མིར་གྱུར་ཅིག །ཚངས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་འདེབས་པའོ། །ཡང་ན་མ་རྙེད་པའི་ཡུལ་ཚོལ་བ་དང་སོགས་པའི་རྒྱུ་གྱུར་པའི་སྲེད་པ་ནི་ཡང་འབྱུང་བ་ཅན་གྱིས་སྲེད་པ་ཞེས་བྱའོ། །རྙེད་ཅིང་ཕྲད་པའི་ཡུལ་ལ་ལྷག་པར་དམིགས་ཤིང༌། མི་འབྲལ་བར་འདོད་པའི་ཕྱིར་བསྲུང་བ་ལ་སོགས་པའི་བྱ་བ་བྱེད་པ་ནི། དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཕྲད་པའི་ཡུལ་རྣམས་དང་བྲལ་བས་སྡུག་བསྔལ་བར་གྱུར་ཅིང་སྨོན་ལམ་འདེབས་


DTG207_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་བདེ་བའི་ཚོར་བ་དང་ཕྲད་ཅིང་མི་བྲལ་བར་ཆགས་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་དང་མི་ཕྲད་ཅིང་བྲལ་བར་འདོད་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །བསམ་གཏན་གྱི་ཚོར་བ་བཏང་སྙོམས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ཆགས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་མ་རྙེད་པའི་དངོས་པོ་རྣམས་དང་ཕྲད་པར་སྨོན་ལམ་འདེབས་པ་ནི་ཡིད་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱའོ། །སྨོན་ལམ་བཏབ་པའི་དངོས་པོ་རྣམས་ལ་ཚོལ་བར་ཞུགས་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །བཙལ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར་ཞུགས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་རྙེད་པ་དང་མ་རྙེད་པའི་བདག་གི་ཡུལ་དང་དབང་དུ་བྱས་ནས་སྲེད་པ་རྣམ་པ་བཞིར་གསུངས་ཏེ། དེ་ལ་བདག་གི་ལུས་རྙེད་པ་རྣམས་དང་བྲལ་བར་མི་འདོད་པ་ནི་སྲེད་པའོ། །བདག་གི་ལུས་མ་རྙེད་པ་རྣམས་དང་ཕྲད་ཅིང་ལྡན་པར་འདོད་པ་ནི་ཡང་འབྱུང་བ་ཅན་ནོ། །གཟུགས་ལ་སོགས་པའི་ཡུལ་རྙེད་པ་རྣམས་དང་རྟག་ཏུ་འགྲོགས་པར་འདོད་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ། །གཟུགས་ལ་སོགས་པའི་ཡུལ་མ་རྙེད་པ་རྣམས་དང་ཕྲད་པར་འདོད་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །བརྒལ་བ་མངོན་པའི་ཆོས་ལས་རྒྱུར་གྱུར་པའི་ཕུང་པོ་ལྔ་ལ་ཀུན་འབྱུང་གི་བདེན་པ་ཞེས་བཤད་པའམ། ལས་དང་ཉོན་མོངས་པ་ལ་ཀུན་འབྱུང་གི་བདེན་པ་ཞེས་བཤད་དེ། དེ་ཡང་ཅིས་མངོན་ཞེ་ན། མདོ་ལས་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འཇིག་རྟེན་དང༌། ལྟ་བའི་གནས་དང༌། སྲེད་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར་ཏེ། འདིའི་དོན་ཡང་འབྲས་བུར་གྱུར་པའི་ཕུང་པོ་ནི་ལྔ་ནི་སྡུག་བསྔལ་ལོ། །རྒྱུར་གྱུར་པའི་ཕུང་པོ་ལྔ་ནི་ཀུན་འབྱུང་ངོ༌། །ཕུང་པོ་ལྔ་ཉིད་འཇིག་པའི་རང་བཞིན་ཡིན་པས་འཇིག་རྟེན་ནོ། །སེམས་ཅན་རྣམས་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བས་ན་ལྟ་བའི་གནས་སོ། །ཚེ་གཅིག་ནས་གཅིག་ཏུ་འཕོ་ཞིང་སྐྱེ་


DTG207_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས་ན་སྲེད་པའོ། །ཡང་གསུངས་པ། ལས་དང་སྲེད་པ་ནི་མ་རིག་པ། འདུ་བྱེད་མ་འོངས་པའི་རྒྱུ་ཞེས་བཤད་པ་ལ་མདོ་འདི་ལས་སྲེད་པ་ཉི་ཚེ་ལ་ཀུན་འབྱུང་དུ་བཤད་པས། མདོ་གཞན་དང་འགལ་ལོ། །མདོ་དེ་ཉིད་ལས་བཤད་པ། དགེ་སློང་དག་ས་བོན་གྱི་རིགས་ལྔ་པོ་འདི་དག་མ་གྲུབ་པ་དང༌། མ་ཞིག་པ་དང༌། མ་རུལ་བ་དང༌། རླུང་ལ་སོགས་པས་ཉམས་པར་མ་གྱུར་པ་དང༌། ལེགས་པར་བཏབ་པ་ཡང་ཡིན་ལ། སའི་ཁམས་ཀྱང་ཡོད་པ་དེ་བཞིན་དུ་ཆུ་དང་མེ་དང་རླུང་གི་ཁམས་ཀྱང་ཡོད་ན་དེ་ལྟ་ན་ནི་ས་བོན་དེ་དང་འཕེལ་བ་དང་རབ་ཏུ་འཕེལ་བ་དང༌། རྒྱ་ཆེན་པོར་འགྱུར་རོ། །དེ་དང་འདྲ་བར་དགེ་སློང་དག་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདི་ནི་དཔེར་ན་གཞག་པ་སྟེ། ས་བོན་གྱི་རིགས་ལྔ་ཞེས་བྱ་བ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བའི་ཚིག་བླ་དགས་སོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ཤེས་པའི་གནས་བཞིའི་ཚིག་བླ་དགས་ཏེ། རྣམ་པར་ཤེས་པའི་གནས་བཞིའི་གཟུགས་སུ་ཡང་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང༌། ཚོར་བར་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང༌། འདུ་ཤེས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང༌། འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པའོ། །དེ་ལ་འདོད་པའི་ཁམས་ནི་རྣམ་པར་ཤེས་པ་གཟུགས་ལ་བརྟེན་ནས་གཟུགས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ནི་རྣམ་པར་ཤེས་པ་བདེ་བའི་ཚོར་བ་ལ་བརྟེན་པས་ན། ཚོར་བར་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ནི་རྣམ་པར་ཤེས་པ་ནམ་མཁའ་མཐའ་ཡས་སོ་ཞེས་སོ་བྱ་བ་ལ་སོགས་པ་དམིགས་པའི་འདུ་ཤེས་ལ་བརྟེན་པས་ནང་དུ་འདུ་ཤེས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །སྲིད་པའི་རྩེ་མོའི་འདུ་ཤེས་དང༌། འདུ་ཤེས་དང་མེད་མིན་སྐྱེ་མཆེད་ན་ནི། རྣམ་པར་ཤེས་པ་འདུ་བྱེད་སེམས་དང་ལྡན་པ་དང༌། སེམས་དང་མི་ལྡན་པ་ལ་བརྟེན་པས་ན།


DTG207_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །ས་བོན་གྱི་རིགས་ལྔ་དང༌། ས་བོན་གྱི་ས་བོན་དང༌། རྩ་བའི་ས་བོན་དང༌། སྡོང་བུའི་ས་བོན་དང༌། མགོ་ཐོག་གི་ས་བོན་དང༌། ས་བོན་ནོ། །ལན་དུ་སྨྲས་པ། མདོ་འདི་ལས་ཀུན་འབྱུང་གི་སྲེད་པ་འབའ་ཞིག་ལ་ཀུན་འབྱུང་གི་བདེན་པར་བཤད་པ་ནི། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། རྒྱུའི་གཙོ་བོ་ནི་སྲིད་པ་ཡིན་ནོ། །ཇི་ལྟར་གཙོ་བོ་ཡིན་ཞེ་ན། སྲེད་པའི་འདི་གནས་ཐམས་ཅད་དུ་ཁྱབ་པ་དང༌། དུས་ཐམས་ཅད་དུ་ཁྱབ་པ་དང༌། ཁམས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །གནས་ཐམས་ཅད་ལ་ཁྱབ་པ་ནི་རྟག་ཏུ་ཚོར་བ་རྣམས་གསུམ་གྱི་རྗེས་སུ་འབྲང་བ་སྟེ། ཇི་ལྟ་ཞེ་ན་སྡུག་བསྔལ་གྱི་ཚོར་བ་དང་ཕྲད་པའི་དུས་ན་ནི། །དེ་དང་འབྲལ་བར་འདོད་པའི་སྲེད་པ་སྐྱེ་ཞིང་མ་ཕྲད་པའི་དུས་ན་ནི་ཡང་མི་ཕྲད་པར་འདོད་པའི་སྲེད་པ་སྐྱེ་བ་དང༌། བདེ་བའི་ཚོར་བ་དང་ཕྲད་པའི་དུས་ན་ནི་ཡང་དེ་དང་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་བ་དང༌། དེ་དང་བྲལ་བའི་དུས་ན་ནི་ཡང་ཕྲད་པར་འདོད་པའི་སྲེད་པ་སྐྱེ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་དུས་ན་ནི། ཀུན་ཏུ་གཏི་མུག་གི་སྐྱེ་བའི་ཕྱིར་རོ། །དུས་ཐམས་ཅད་ལ་ཁྱབ་པའི་སྲེད་པའི་དུས་གསུམ་གྱི་རྗེས་སུ་སྐྱེ་བའི་ཕྱིར་རོ། །ཁམས་ཐམས་ཅད་དུ་ཁྱབ་པ་ནི་ཁམས་གསུམ་ལོངས་སྤྱོད་རྣམས་ནི་སྲེད་པར་འདོད་པའི་སྲེད་པ་སྐྱེ་བ་དང༌། མ་འོངས་བའི་དུས་དང་ལོངས་སྤྱོད་ལ་ནི་མངོན་པར་སྨོན་པའི་སྲེད་པ་སྐྱེ་བ་དང༌། ད་ལྟར་གྱི་ལུས་དང་ལོངས་སྤྱོད་དང་ནི་རྟག་ཏུ་འགྲོགས་པར་སྲེད་པ་སྐྱེ་བའི་ཕྱིར་རོ། །ཁམས་ཐམས་ཅད་དུ་ཁྱབ་པ་ནི་ཁམས་གསུམ་གྱི་དངོས་པོ་ལ་ཞེན་པར་བྱེད་པའི་ཕྱིར་ཏེ། འདོད་པའི་ཁམས་ན་ནི་སྲེད་པའི་དབང་གིས་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པར་བྱེད་པ་དང༌། གཟུགས་ཀྱི་ཁམས་ན་ནི་སྲིད་པའི་དབང་གིས་བསམ་གཏན་གྱི་རོ་ལ་ཆགས་པར་བྱེད་པ་དང༌། གཟུགས་མེད་པའི་ཁམས་ན་ནི་སྲེད་པའི་དབང་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ཆགས་པར་བྱ་བའི་ཕྱིར་རོ། །


DTG207_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་དང་བྲལ་ཞིང་དེ་དང་མི་ལྡན་པར་གྱུར་བ་ནི་སྡུག་བསྔལ་འགོག་པ་སྟེ། དེ་ལྟར་ཁོང་དུ་ཆུད་པ་འཕགས་པར་འགྱུར་བའམ། འཕགས་པ་རྣམས་ཀྱིས་དེ་ལྟར་ཐུགས་སུ་ཆུད་པའི་ཕྱིར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ཐམས་ཅད་སྤངས་པ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །འགོག་པ་དེ་ཡང་རྣམ་པ་གཉིས་ཏེ། སོ་སོར་མ་བརྟགས་ཏེ་འགོག་པ་དང༌། སོ་སོར་བརྟགས་ཏེ་འགོག་པའོ། །དེ་ལ་སོ་སོར་མ་བརྟགས་ཏེ་འགོག་པ་ནི་རྡོ་གནམ་དུ་འཕགས་པ་ཐུར་དུ་ལྷུང་བ་དང་འདྲ་བར་སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་གང་གིས་ཀྱང་མ་བཅོམ་པར་རང་གི་ངང་གི་འཇིག་པའོ། །སོ་སོར་བརྟགས་ཏེ་འགོག་པ་ནི་འཕགས་པའི་བདེན་པ་རྟོགས་པའི་ཤེས་རབ་ཀྱི་མེས་ཉོན་མོངས་པའི་ཤིང་བསྲེགས་ནས། ཁམས་གསུམ་དུ་མི་སྐྱེ་བར་གྱུར་པ་སྟེ། འདིར་ནི་སོ་སོར་རྟོག་སྟེ་འགོག་པ་བྱ་བར་དགོངས་སོ། །འགོག་པའི་བདེན་པ་ཡང་དོན་བཅུ་གཅིག་གིས་བསྟན་ཏེ། མཚན་ཉིད་དང༌། ཟབ་པ་དང༌། ཐ་སྙད་དང༌། དོན་དམ་པ་དང༌། ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དང༌། རྒྱན་མེད་པ་དང༌། རྒྱན་དང་བཅས་པ་དང༌། ལྷག་མ་ཡོད་པ་དང༌། ལྷག་མ་མེད་པ་དང༌། རྣམ་གྲངས་སོ། །ཇི་ལྟར་མཚན་ཉིད་ཀྱིས་ཤེ་ན། དེ་བཞིན་ཉིད་དང༌། ལས་དང་ཉོན་མོངས་པ་མི་སྐྱེ་བ་ནི་འགོག་པའི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་གང་ཟག་ལ་བདག་མེད་པའོ། །ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཉོན་མོངས་པ་མི་སྐྱེ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྷན་ཅིག་སྤངས་ནས་ཕྱིས་མི་འབྱུང་བ་སྟེ། དེས་གང་དུ་འགགས་པ་དང༌། གང་གིས་འགགས་པ་དང༌། གང་འགགས་པ་མི་འགོག་པའི་མཚན་ཉིད་ཡིན་པར་བཤད་དོ། །དེ་ལ་གང་དུ་འགགས་པ་ནི་གང་ཟག་ལ་


DTG207_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པའི་གནས་སུ་འགོག་གོ །གང་གིས་འགགས་པ་ནི་ལམ་གྱི་བདེན་པས་འགགས་སོ། །གང་འགགས་པ་ནི་ཉོན་མོངས་པའི་ཚོགས་འགགས་སོ། །དེ་བས་ན་འགོག་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་དེ་བཞིན་སྣ། །ལྕེ་དང་ལུས་ཡིད་དེ་བཞིན་ཏེ། །གང་དུ་མིང་དང་གཟུགས་ལ་སོགས། །མ་ལུས་པར་ནི་འགགས་གྱུར་པའོ། །ཞེས་གསུངས་སོ། །ཇི་ལྟར་ཟབ་པ་ཡིན་ཞེ་ན། འདུ་བྱེད་དེ་དག་འགགས་པ་ལས་འགོག་པ་དེ་དག་གཞན་ཞེས་ཀྱང་བརྗོད་དུ་མི་རུང༌། གཞན་མ་ཡིན་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གལ་ཏེ་འདུ་བྱེད་རྣམས་ལས་འགོག་པ་གཞན་དུ་གྱུར་ན་ནི། འདུ་བྱེད་འགག་པའི་ཆོས་འགོག་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་འདུ་བྱེད་རྣམས་ལས་འགོག་པ་གཞན་མ་ཡིན་པ་ཡང་འགོག །དེ་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེ་བས་ན་གཉིས་ཀ་མ་ཡིན་ནོ་ཞེས་བརྗོད་དོ། །ཇི་ལྟར་ཐ་སྙད་ཀྱིས་ཤེ་ན། གང་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་བཀག་པ་རྣམས་ཐང་ཅིག་འགགས་ཀྱང་ཕྱིས་སྐྱེ་བས་ན། དེ་ནི་ཐ་སྙད་ཀྱི་འགོག་པ་ཞེས་བྱའོ། །ཇི་ལྟར་དོན་དམ་པར་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྩ་བ་ནས་བཅོམ་སྟེ། གང་ལས་ལན་ཅིག་བཅོམ་པ་དེ་ཕྱིས་མི་སྐྱེས་བས་ན་དོན་དམ་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ཡོངས་སུ་མ་རྫོགས་པ་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་སྟེ། གང་གང་ཟག་སློབ་པ་རྣམས་ཀྱིས་ཉོན་མོངས་པ་སྤངས་པ་ནི། ཉོན་མོངས་པ་མ་ལུས་པར་སྤངས་པ་མ་ཡིན་པས། ཡོངས་སུ་མ་རྫོགས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ཡོངས་སུ་མ་རྫོགས་པ་ཡིན་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་རྣམས་ཀྱི་སྟེ། དེས་ཉོན་མོངས་པ་ཐམས་ཅད་སྤངས་པས་ན། ཡོངས་སུ་མ་རྫོགས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ན་རྒྱན་


DTG207_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན་ཞེ་ན། ཤེས་རབ་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱིས་འགོག་པ་ནི། མངོན་པར་ཤེས་པ་དྲུག་གི་ཁྱད་པར་བྱེ་བྲག་མེད་པས། རྒྱན་མེད་པའི་འགོག་པའོ། །ཇི་ལྟར་རྒྱན་དང་བཅས་པ་ཡིན་ཞེ་ན། བསམ་གཏན་དང༌། ཤེས་རབ་ཀྱི་ཆ་གཉི་ག་ལས། རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་སྟེ། དེ་དག་རིགས་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་རྒྱན་དང་བཅས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ལྷག་མ་དང་བཅས་པ་ཞེ་ན། ཕུང་པོའི་ལྷག་མ་མ་སྤངས་པའི་མྱ་ངན་ལས་འདས་པ་སྟེ། ཕུང་པོའི་ལྷག་མ་ད་དུད་ཡོད་པའི་ཕྱིར་རོ། །ཇི་ལྟར་ལྷག་མ་མེད་པ་ཞེ་ན། ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པ་སྟེ། ཕུང་པོ་ཙམ་ཡང་སྤངས་པའི་ཕྱིར་རོ། །ཇི་ལྟར་རྣམ་གྲངས་ཀྱིས་ཤེ་ན། དེའི་ཕྱིར་མདོ་ལས་གང་དེའི་ཡང་འབྱུང་བ་ཅན་གྱིས་སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དེའི་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་འཕགས་པ་དགྲ་བཅོམ་པ་དེའི་སྟེ། དེའི་ཡང་འབྱུང་བ་ཅན་གྱི་སྲེད་པ་ལ་སོགས་པ་མ་ལུས་པར་སྤངས་པ་དེ་ནི། འགོག་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨྲས་པ། མ་ལུས་པར་སྤངས་པ་ལ་སོགས་པའི་ཚིག་འདི་དག་ལ་ཁྱད་པར་ཅི་ཡོད། སྨྲས་པ། འདི་ནི་མྱ་ངན་ལས་འདས་པའི་མིང་གི་རྣམ་གྲངས་ཡིན་ཏེ། ཁྱད་པར་མེད་ཀྱང་འདུལ་བའི་སྣོད་ཀྱི་དབང་གིས་མིང་དེ་དང་དེ་དག་ཏུ་བཏགས་སོ། །མ་ལུས་པར་སྤངས་པ་ནི། འཕགས་པའི་ལམ་གྱི་སྲེད་པ་སྤངས་ནས་དེ་དང་བྲལ་བ་ཐོབ་པ་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང༌། གང་འཕགས་པའི་ལམ་གྱི་སྤངས་པ་ནི་ཡང་དག་པ་སྤངས་པ་ཡིན་ནོ་གསུངས་པ་ལྟ་བུའོ། །འཇིག་རྟེན་པའི་ལམ་གྱི་སྤངས་པ་ནི་བྲལ་བའི་རྙེད་པ་ཐོབ་པ་མེད་པས་ན། ཕྱིས་སྐྱེ་བའི་ཕྱིར་མ་ལུས་པ་སྤངས་པ་མ་ཡིན་ནོ། །སོ་སོར་སྤངས་པ་ནི་ཉོན་མོངས་པའི་ཐོབ་པ་ཐམས་ཅད་མེད་པར་བྱས་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་སྤངས་ཞེས་བྱ་བའི་དོན་ཏོ། །འཇིག་པར་གྱུར་པ་ནི་ཉོན་མོངས་པའི་ཐོབ་པ་སྤངས་པས།


DTG207_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མཐར་ཕྱིན་པ་སྟེ། འཁོར་བའི་ཆོས་དང་མི་ལྡན་པར་གྱུར་པའོ། །ཟད་པ་ནི་འདོད་ཆགས་ལ་མ་གཏོགས་པའི་ཉོན་མོངས་པ་ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་ལ་སོགས་པ་སྤངས་པའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་མ་ལུས་པར་སྤངས་པ་སྟེ་མེད་པར་བྱས་པའོ། །འགོག་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟག་པ་དང་བཅས་པའི་མཚན་ཉིད་སྤངས་ནས་མེད་པར་བྱས་པའོ། །ཉེ་བར་ཞི་བ་ནི་སྐྱེ་བ་དང༌། རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་པར་བྱས་པའོ། །ནུབ་པ་ནི་ཚེ་རབས་གཅིག་ནས་གཅིག་ཏུ་མཚམས་སྦྱོར་བའི་རྒྱུན་བཅད་པ་སྟེ། དེ་ལྟར་གྱུར་པ་དེ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཡང་ན་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་སྤངས་པས་མ་ལུས་པར་སྤངས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་སྤངས་པས། སོ་སོར་སྤངས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་མ་ལུས་པར་སྤངས་པས་འཇིག་པར་གྱུར་པ་ཞེས་བྱའོ། །ཉོན་མོངས་པ་གང་སྤངས་པ་རྣམས་ཕྱིས་སྐྱེ་བ་མེད་པར་ཟད་པ་ཞེས་བྱའོ། །སླར་ཡང་ཁམས་གསུམ་གྱི་དངོས་པོ་ལ་ཆགས་ཤིང་ཞེན་པ་མི་འབྱུང་བས་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །ད་ལྟར་གྱི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱང་འདོར་བར་འགྱུར་བས་འགོག་པ་ཞེས་བྱའོ། །ཉེ་བར་ལེན་པའི་ཕུང་པོ་རྣམས་བོར་བས་ཉེ་བར་ཞི་བ་ཞེས་བྱའོ། །མ་འོངས་པའི་ཕུང་པོ་སྐྱེ་བ་མེད་པས་ནུབ་པ་ཞེས་བྱའོ། །ཡང་ན་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་མདོ་ཙམ་དུ་བཞག་པ་སྟེ་སོ་སོར་སྤངས་པ་ལ་སོགས་པའི་ཚིག་ལྷག་མ་དེའི་བཤད་པའོ། །སྲེད་པའི་བག་ལ་ཉལ་སྤངས་པས་སོ་སོར་སྤངས་པའོ། །བག་ལ་ཉལ་སྤངས་པའི་ཕྱིར་ཉོན་མོངས་པ་མངོན་དུ་འབྱུང་བ་ལ་སྤྱོད་པ་མེད་པས་འཇིག་པར་གྱུར་པ་སྟེ། དེ་བས་ན་ཟད་པ་ཞེས་བྱའོ། །ཉོན་མོངས་པའི་དངོས་པོ་ཐམས་ཅད་ལ་སྐྱོན་དུ་ལྟ་བས། འདོད་ཆགས་དང་བྲལ་བའོ། །ཉོན་མོངས་པ་རྒྱུན་དུ་འབྱུང་བའི་རྒྱུན་ཚད་པས་འགོག་པའོ། །ཐར་


DTG207_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཐོབ་པས་ཉེ་བར་ཞི་བའོ། །བདག་ཏུ་འཛིན་པ་དང་བྲལ་བས་ནུས་པའོ། །ཡང་ན་མ་ལུས་པར་སྤངས་པ་ནི་མདོར་བཞག་པ་སྟེ། ལྷག་མ་རྣམས་ཀྱང་དེའི་བཤད་པའོ། །ཇི་ལྟར་མ་ལུས་པར་སྤངས་པ་ཡིན་ཞེ་ན། སོ་སོར་སྤངས་པ་ལ་སོགས་པའི་ཕྱིར་མ་ལུས་པར་སྤངས་པའོ། །ཉོན་མོངས་པས་ཀུན་ནས་དཀྲིས་པ་མངོན་དུ་སྤྱོད་པ་རྣམས་མི་འབྱུང་ཞིང༌། བྱུང་བ་ཡང་སྤང་བར་བྱེད་པས་ན། སོ་སོར་སྤངས་པའོ། །ཉོན་མོངས་པའི་བག་ལ་ཉལ་རྩ་ནས་ཕྱུང་སྟེ། ཅུང་ཟད་ཀྱང་མེད་པར་བྱས་པས་ན། འཇིག་པར་འགྱུར་བའོ། །དེ་ཡང་མཐོང་བའི་ལམ་དང་བསྒོམ་པའི་ལམ་སྟེ། གཉེན་པོ་རྣམ་པ་གཉིས་ཀྱི་སྒོ་ནས། ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་རྣམ་པ་གཉིས་སུ་གཞག་གོ །མཐོང་བའི་ལམ་གྱིས་མཐོང་བ་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི་ཟད་པ་ཞེས་བྱའོ། །བསྒོམ་པའི་ལམ་གྱིས་བསྒོམ་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས། ཁམས་གསུམ་གྱི་ཆགས་པ་ཐམས་ཅད་དང་བྲལ་བ་ནི། འདོད་ཆགས་དང་བྲལ་བ་ཞེས་བྱའོ། །དེ་ལྟར་མཐོང་བ་དང༌། བསྒོམ་པའི་ཉོན་མོངས་པ་སྤངས་པས། མ་འོངས་པ་ན་ཕུང་པོ་ལྔ་སྐྱེ་བའི་རྒྱུན་མེད་པར་བྱས་པས་ན། འགོག་པ་ཞེས་བྱའོ། །མཐོང་བའི་ཆོས་ཉིད་ལ་ཡང་ཡིད་མི་བདེ་བ་ལ་སོགས་པ་སེམས་ལ་གནོད་པ་ཐམས་ཅད་མི་འབྱུང་བས། ཉེ་བར་ཞི་བ་ཞེས་བྱའོ། །ཚེ་རབས་སྔ་མའི་ཤུགས་ཀྱིས་འཕངས་པའི་ཕུང་པོ་སྡུག་བསྔལ་སྣ་ཚོགས་ཀྱི་གཞིར་གྱུར་པ་འདི་ཡང་མེད་པར་འགྱུར་བས་ནུབ་པ་ཞེས་བྱའོ། །ལམ་གྱི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གོང་དུ་བཤད་པའི་སྡུག་བསྔལ་བརྒྱད་རྣམས་འགག་པ་སྡུག་བསྔལ་འགོག་པ་སྟེ། མྱ་ངན་ལས་འདས་པའོ། །དེ་ཐོབ་པར་བྱེད་པའམ་དེར་སྦྱིན་པར་བྱེད་པའི་ལམ་ལ། སྡུག་བསྔལ་འགོག་པར་གྲོལ་བའི་ལམ་ཞེས་བྱ་སྟེ། དེ་ཡང་འོག་ནས་ཡང་དག་པའི་ལྟ་


DTG207_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་པར་བཤད་དོ། །ལམ་དེ་དགེ་བའི་རང་བཞིན་ཡིན་པས་ན། འཕགས་པ་ཞེས་བྱ་བའམ། ལམ་དེ་ཉོན་མོངས་པའི་གཉེན་པོར་གྱུར་པས་ན་འཕགས་པ་ཞེས་བྱ་བའམ། འཕགས་པ་རྣམས་ཀྱིས་བཤད་པའི་ལམ་ཡིན་པའི་ཕྱིར་རོ། །འཕགས་པ་ཞེས་བྱ་བའམ། ལམ་དེ་ལ་གནས་ནས་འཕགས་པར་འགྱུར་བའི་ཕྱིར། འཕགས་པའི་ལམ་སྟེ། ལམ་དེ་ཉོན་མོངས་པ་སྤོང་བ་དང༌། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་མ་ནོར་ཞིང་ཕྱིན་ཅི་མ་ལོག་ཅིང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པ་ཞེས་བྱ་བའོ། །ལམ་གྱི་དོན་ནི་ཚོལ་བ་ལ་ཡང་བྱ་སྟེ། ལམ་འདིས་རྣལ་འབྱོར་པ་རྣམས། མྱ་ངན་ལས་འདས་པ་དང༌། དགེ་སྦྱོང་གི་འབྲས་བུ་ཚོལ་བའི་ཕྱིར་ལམ་ཞེས་བྱའོ། །ཡང་ན་ལམ་གྱི་དོན་ནི། འགྲོ་བའི་དོན་ལ་བྱ་སྟེ། དཔེར་ན་འཇིག་རྟེན་ན་ལམ་འདི་མཐོ་རིས་ཀྱི་གྲོང་ཁྱེར་དུ་འགྲོའོ་ཞེས་བྱ་བ་བཞིན་དུ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱིས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་ཅིང་འགྲོ་བར་བྱེད་པས་ན་ལམ་ཞེས་བྱའོ། །དེ་དངོས་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་གྱི་ཡན་ལག་འདི་ཉིད་དེ་ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་ལྟ་བ་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་གཉིས་ལས། འདིར་འཕགས་པ་ཞེས་བྱ་བའི་ཚིག་སྨོས་པས་ན། ཟག་པ་མེད་པ་ལ་བྱ་བའི་ཕྱིར། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ལ་ནི་མི་བྱའི། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་བྱ་སྟེ། སྩོགས་པའི་སྒྲས་ནི་ཡང་དག་པའི་རྟོག་པ་དང༌། ངག་ལ་སོགས་པ་ཡང་བསྡུའོ། །ཡན་ལག་ཅེས་བྱ་བ་ནི་ཆ་ལ་བྱ་བའམ། གྲོགས་སུ་གྱུར་པ་ལ་བྱ་སྟེ། ཆ་བརྒྱད་དམ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་དང༌། གྲོགས་བརྒྱད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་དེ་ཞེས་བྱ་བ་ནི་


DTG207_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་གྱི་ཡན་ལག་བརྒྱད་འོག་ནས་སྙེགས་སོ། །བརྒལ་བ་འགོག་པའི་བདེན་པ་བསྟན་པའི་སྐབས་སུ། སྲེད་པ་མ་ལུས་པར་བཀག་པ། འགོག་པ་ཡིན་པར་བཤད་ལ། འདིར་ལམ་གྱི་བདེན་པ་བསྟན་པའི་སྐབས་སུ། སྡུག་བསྔལ་འགོག་པའི་བདེན་པ་ཡིན་པར་བཤད་པས། སྔ་ཕྱིའི་འགལ་ལོ་ཞེས་ཟེར་བའི་ལེན་དུ་སྨྲས་པ། འདི་ལྟར་མེ་བསད་ན་དུ་བ་མི་འབྱུང་བ་བཞིན་དུ། སྲེད་པའི་མཚན་ཉིད་ཀྱི་རྒྱུ་བཀག་ན། འབྲས་བུའི་མཚན་ཉིད་ཀྱི་སྡུག་བསྔལ་ཡང་འགག་པར་འགྱུར་བས། མྱ་ངན་ལས་འདས་པའི་ཚེ། སྡུག་བསྔལ་ཡང་མེད་པར་འགྱུར་བའི་ཕྱིར། སྡུག་བསྔལ་འགོག་པ་ཞེས་བྱ་བ་བཤད་པ་དེ་ཉེས་པ་མེད་དོ། །བརྒྱལ་བ་ཡན་ལག་གི་གཙོ་བོ་ཡོད་ན་གདོད་ཡན་ལག་ཅེས་བརྗོད་པར་བྱ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ། ཡང་ལག་གི་གཙོ་བོ་གང་ཡིན་ན། འདི་དག་ལ་ཡན་ལག་ཅེས་བརྗོད། སྨྲས་པ། ཡང་དག་པའི་ལྟ་བ་ནི། ལམ་གྱི་ཡན་ལག་གི་གཙོ་བོ་ཡང་ཡིན་ལ། ཡན་ལག་ཀྱང་ཡིན་པས་ན། ཡན་ལག་གི་གཙོ་བོ་དང༌། ཡན་ལག་རྣམ་པ་གཉིས་སུ་གཞག་གོ །ཡང་དག་པའི་རྟོག་པ་ལ་སོགས་པ་ལྷག་མ་བདུན་ནི། དེའི་གྲོགས་སུ་གྱུར་པས། ཡན་ལག་འབའ་ཞིག་ཏུ་རྣམ་པར་གཞག་གོ །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། དཔེ་སྨྲས་པ། འདི་ལྟར་སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པའོ། །སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བས་ནི། སྐྱེས་བུ་གང་ཡང་རུང་བ་འབའ་ཞིག་གོ །རིམས་ཀྱིས་བཏབ་ནས་ཞེས་བྱ་བ་ནི། ཚ་བའི་ནད་ཀྱིས་བཏབ་པའོ། །སྨན་པ་མཁས་པར་བསྔགས་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག་ལག་ཀུན་ལ་མཁས་པར་འཇིག་རྟེན་དུ་གྲགས་པའོ། །བློ་དང་ལྡན་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག་ལག་གི་མན་ངག་ཡོད་པའོ། །ལས་མཐོང་བ་ཞེས་བྱ་བ་ནི། སྔོན་ཆད་སྨན་བྱས་པ་རྣམས་ཕན་པར་གྱུར་ལ་སྨན་ཕན་ཚུན་སྦྱོར་བ་ལས་ཡང་མཁས་ཤིང་སྨན་སྦྱོར་བ་དང་གཏོང་བའི་ལས་ཀྱང་ཕལ་ཆེར་བྱས་པའོ། །གཙུག་


DTG207_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཐོས་པ་ནི་སྨན་དཔྱད་དུ་བྱ་བའི་གཙུག་ལག་ཀུན་མ་ལུས་པར་ཐོས་པའོ། །དྲུང་དུ་སོང་བ་ནི་དེའི་ཐད་དུ་སོང་བའོ། །ནད་པ་དེ་ལ་སྨན་པས་ཀྱང་ནད་ཀྱི་གཞི་བརྟག་པར་བྱ་བའི་ཕྱིར། སྨན་པ་དེས་ཀྱང་དེ་ལ་ཐོག་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནད་པས་ཀྱང་སྨན་པ་ལ་ནད་ཀྱི་གཞི་སྨྲས་པ་བདག་གིས་ཞོ་དང་ག་གོན་ཟོས་ཞེས་བྱ་བ་ལ་སོགས་པའོ། །སྨན་པས་ནད་ཀྱི་གཞི་གླེངས་ནས་སྨན་བསྟེན་པར་སྨྲས་པ། །སྨན་པ་དེས་དམིགས་ཀྱིས་ཕྱེ་སྟེ་སྨན་སྟོན་ཏོ་ཞེས་གསུངས་པའོ། །དམིགས་ཀྱི་ཕྱེས་ཏེ། སྨན་སྟོན་ཞེས་བྱ་བ་ནི། ཁྱོད་ཀྱིས་ཞོ་འཐུངས་ཏེ། ག་གོན་ཟོས་ལ། སྒོམ་དུ་དར་བ་འཐུངས་པས་བད་ཀན་རྒྱས་པའི་ཕྱིར། ཚ་བར་གྱུར་པ་ཡིན་ཏེ། དེ་བས་ན་བད་ཀན་རྒྱས་པ་ཞི་བར་བྱ་དགོས་པའི་ཕྱིར། དེ་རིང་ཟན་མ་ཟ་ཅིག་ཅེས་བསྒོ་ནས། དེའི་འོག་ཏུ་བསིལ་བའི་སྨན་སྟོན་པར་བྱེད་པའོ། །དཔེ་སྨྲས་ནས་དོན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་བདེན་པ་ལ་སོགས་པའི་རིམས་ཆེན་པོས་གདུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པར་བྱ་བར་འདོད་པ་ཉིད། བདེན་པ་ལ་སོགས་པའི་རིམས་ཆེན་པོས་གདུངས་པ་ཞེས་བྱའོ། །དགེ་བ་རྣམས་ཞེས་བྱ་བ་ནི། གང་ཟག་བདེན་པ་བཞི་རྟོགས་པར་འདོད་པ་དེ་དག་ཚེ་རབས་གཞན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། ཚུལ་ཁྲིམས་དང་ཉན་པ་ལ་སོགས་པའི་བསོད་ནམས་བསགས་པ་དང༌། ཚེ་འདིར་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར། འཕགས་པའི་བདེན་པ་འདྲི་བར་བྱེད་པས་ན་དགེ་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས། དེ་བཞིན་གཤེགས་པའམ། སྔོན་གྱི་དེ་བཞིན་གཤེགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པ་བཞིན་དུ། དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང༌། ཉོན་མོངས་པ་ཐམས་ཅད་སྤངས་


DTG207_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པས་ནད་བཞིན་གཤེགས་པའོ། །སེམས་ཅན་གྱི་སྨན་པ་ཆེན་པོ་ཞེས་བྱ་བ་ལ། འདོད་ཆགས་དང༌། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པ། །སེམས་དང་སེམས་ལས་བྱུང་བ་དང་བཅས་པ་རྣམས་ལ་སེམས་ཅན་ཞེས་བྱ་སྟེ། སེམས་ཅན་དེ་དག་ལ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར། མི་གཙང་བ་དང༌། བྱམས་པ་དང༌། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་སྨན་འཆད་པར་མཛད་པས་ན་སྨན་པ་ཆེན་པོའོ། །ཅིའི་ཕྱིར་སེམས་ཅན་ལ་ཉོན་མོངས་པའི་སྨན་གཏོང་ཞེ་ན། །དེའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དེ་བས་ན་ཉོན་མོངས་པའི་སྨན་གཏོད་ངོ་ཞེས་བྱ་བར་སྦྱར་རོ། །སྙིང་རྗེ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད། སྨྲས་པ། རྣམ་པ་བདུན་གྱིས་སྙིང་རྗེ་ལས་སྙིང་རྗེ་ཆེན་པོ་ཁྱད་ཞུགས་ཏེ་རྣམ་པ་བདུན་ནི་རང་བཞིན་དང༌། རྣམ་པ་དང༌། དམིགས་པ་དང༌། ས་དང༌། རྒྱུད་དང༌། འདོད་ཆགས་དང་བྲལ་བ་ཐོབ་པ་དང༌། སྐྱོབ་པ་དང༌། མི་སྐྱོབ་པར་བྱེད་པའོ། །དེ་ལ་རང་བཞིན་ནི་སེམས་ཅན་ཐམས་ཅད་ལ་ཞེ་མི་སྡང་བ་དང༌། གཏི་མི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གཅིག་དང་གཉིས་དང་གསུམ་དང༌། སྡུག་བསྔལ་བརྒྱ་སྟོང་གྲངས་མེད་པ་རྣམས་ལ་བརྩེ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པ་ནི་ཁམས་གཅིག་དང༌། གཉིས་དང༌། གསུམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ས་ནི་སྙིང་རྗེ་ཆེན་པོ་དེ་བསམ་གཏན་བཞི་པའི་སར་གཏོགས་པའི་ཕྱིར་རོ། །རྒྱུད་ནི་སྙིང་རྗེ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རྒྱུད་ལ་གནས་ཀྱི་སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རྒྱུད་ལ་གནས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེས་འདོད་པའི་


DTG207_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་འདོད་ཆགས་དང་བྲལ་བར་ཟད་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ནི། ཁམས་གསུམ་གྱི་འདོད་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྐྱོབ་པ་དང༌། མི་སྐྱོབ་པ་ནི། ཉན་ཐོས་ཀྱི་སྙིང་རྗེས་སེམས་ཅན་འགའ་ཙམ་སྐྱོབ་པར་ཟད་ཀྱི། །སེམས་ཅན་མ་ལུས་པར་མི་སྐྱོབ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ནི། སེམས་ཅན་མ་ལུས་པ་སྐྱོབ་པར་མཛད་པའི་ཕྱིར་རོ། །སྡུག་བསྔལ་གྱི་རིམས་སྤངས་པའི་ཆོས་འདྲི་སྟེ་ཞེས་བྱ་བ་ལ། སྡུག་བསྔལ་བརྒྱད་པོ་ཉིད་ལུས་དང་སེམས་ལ་གནོད་པར་བྱེད་པས་རིམས་དང་འདྲ་བའི་ཕྱིར། སྡུག་བསྔལ་གྱི་རིམས་ཏེ། དེ་སྤང་བར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་པོ་ལ་སོགས་པའི་ཆོས་འདྲི་བའོ། །དེ་རྣམས་ལ་བཞི་ཀུན་འབྱུང་བ་གསུངས་པར་བསྟན་ནས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རིམས་སྤང་བར་འདོད་པའི་ཕྱིར། ཆོས་འདྲི་བའི་གང་ཟག་དགེ་བ་དེ་དག་ལ་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ། ལས་དང་ཉོན་མོངས་པའི་མཚན་ཉིད་ཀུན་འབྱུང་གི་བདེན་པ་ཡིན་པར་གང་མདོ་སྡེ་གཞན་ལས་གསུངས་པའི་ལས་དང་ཉོན་མོངས་པ་ཉིད་གང་ཡིན་པ་དམིགས་ཀྱིས་ཕྱེ་ནས་བསྟན་པའོ། །དེའི་སྨན་གང་ཞེ་ན། །དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཉིད་ལས་དང་ཉོན་མོངས་པ་སྤོང་བར་བྱེད་པའི་སྨན་ནོ། །ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པས་ན་ཞི་བར་བྱེད་པའོ། །སྡུག་བསྔལ་གྱི་ཕུང་པོ་སྤོང་བར་བྱེད་པས་ན། མྱ་ངན་ལས་འདས་པའོ། །ཞི་བའི་མཆོག་རྙེད་དོ། །ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་སྤངས་པ། སྐྱེ་བ་དང༌། རྒ་བ་ལ་སོགས་པའི་སྡུག་བསྔལ་ཀུན་དང་བྲལ་བ། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ལ་དམ་པར་གྱུར་བ་ཐོབ་པའི་ཕྱིར་ཞི་བའི་མཆོག་རྙེད་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་གོང་དུ་བཤད་པ་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར། །དགེ་སློང་དག་འདི་ནི་འཕགས་པའི་བདེན་པ་


DTG207_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་དོ་ཞེས་གྲངས་ཙམ་སྨོས་པ་དེ་དག་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཁོ་ནར་བཤད་ལ། དགུ་དང་བདུན་ལ་སོགས་པར་མ་ཡིན་ཞེ་ན། ལན་དུ་ཕུང་པོ་གསུམ་དུ་འགྱུར་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཉིད་དེ་མི་མང་མི་ཉུང་ངོ༌། །དེ་ལ་ཕུང་པོ་གསུམ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོའོ། །དེ་ལ་ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་གསུམ་ནི། ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་པས་ཚུལ་ཁྲིམས་ཀྱི་ཕུང་པོར་བསྡུའོ། །ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོར་བསྡུས་ཏེ། དྲན་པ་དངོས་སུ་ཏིང་ངེ་འཛིན་གྱི་ངོ་བོ་མ་ཡིན་ཡང༌། དྲན་པ་གཡེང་བ་རྣམས་ལ་སེམས་རྩེ་གཅིག་ཏུ་གནས་པ་མེད་པས། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་སོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་གསུམ་ནི། །ཤེས་རབ་ཀྱི་ཕུང་པོར་བསྡུ་སྟེ། ཡང་དག་པའི་རྟོག་པ་དང༌། རྩོལ་བ་གཉིས་རྣམ་པར་རྟོག་པ་དང༌། བརྩོན་འགྲུས་ཀྱི་རང་བཞིན་པས། དངོས་སུ་ཤེས་རབ་ཀྱི་རང་བཞིན་མ་ཡིན་མོད་ཀྱི། ཕྱིན་ཅི་མ་ལོག་པར་རྟོགས་པ་དང༌། དགེ་བ་བསྒྲུབ་པའི་བརྩོན་འགྲུས་ཀྱི་རྒྱུ་ལས་ཤེས་རབ་འབྱུང་བས་ན། དེའི་གྲོགས་སུ་འགྱུར་པའི་ཕྱིར། ཤེས་རབ་ཀྱི་ཕུང་པོར་གཏོགས་སོ། །ཡང་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་འདིས། །ཡོན་ཏན་བརྒྱད་སྐྱེད་པར་བྱེད་པའི་ཕྱིར། ལམ་ཡན་ལག་བརྒྱད་ཀྱང་བརྒྱད་ཉིད་དེ་མི་མང་མི་ཉུང་ངོ༌། །ཡོན་ཏན་བརྒྱད་ལ་སེམས་ཀུན་ཏུ་དག་པ་དང༌། རྣམ་པར་དཀར་བ་དང༌། སྐྱོན་མེད་པ་དང༌། ཉོན་མོངས་པ་དང་བྲལ་བ་དང༌། འཇམ་པ་དང༌། ལས་སུ་


DTG207_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་དང༌། གནས་པ་དང༌། མི་གཡོ་བ་ཐོབ་པའོ། །དེ་ལ་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པ་དང་བྲལ་བ་ནི། སེམས་ཀུན་ཏུ་དག་པའོ། །ཕྱག་འཚལ་བ་ལ་སོགས་པ་བསྙེན་བཀུར་ལ་ཆགས་པ་དང་བྲལ་བ་ནི། རྣམ་པར་དཀར་བའོ། །སྡོད་པ་ལ་ཆགས་ཤིང་ཁ་གསག་མེད་པ་ནི་སྐྱོན་མེད་པའོ། །སྲེད་པ་སྤངས་པ་ནི་ཉོན་མོངས་པ་དང་བྲལ་བའོ། །ལྟ་བ་སྤངས་པ་ནི་འཇམ་པོར་གྱུར་པའོ། །ཐེ་ཚོམ་སྤངས་པ་ནི་ལས་སུ་རུང་བའོ། །ཕྱིས་ཉམས་པ་མེད་པ་ནི་གནས་པའོ། །བསམ་གཏན་བཞི་མི་གཡོ་བ་ཐོབ་པའོ། །དེ་ལ་ཡང་དག་པའི་ལྟ་བ་དང་ལྡན་པས་སེམས་ཤིན་ཏུ་དག་པར་འགྱུར་རོ། །ཡང་དག་པའི་རྟོག་པ་དང་ལྡན་པས་རྣམ་པར་དཀར་བར་གྱུར་ཏེ། བཀུར་སྟི་ལ་སོགས་པ་ལ་མི་རྟོག་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ལྡན་པས་སྐྱོན་མེད་པར་འགྱུར་ཏེ། ཁ་གསག་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པས། ཉོན་མོངས་པ་དང་བྲལ་བར་གྱུར་ཏེ། དགེ་བ་བསྒྲུབ་ཅིང་ཉོན་མོངས་པ་སྤོང་བར་བརྩོན་པའི་ཕྱིར་རོ། །ཡང་དག་པའི་འཚོ་བ་དང་ལྡན་པས་འཇམ་པོར་གྱུར་ཏེ། ཡང་དག་པའི་ལྟ་བ་ལ་གནས་ཤིང་ཕྱིན་ཅི་ལོག་གི་འཚོ་བ་སྤོང་བའི་ཕྱིར་རོ། །ཡང་དག་པའི་རྩོལ་བས་ལས་སུ་རུང་བར་བྱེད་དོ། །མངོན་པའི་ང་རྒྱལ་སྤངས་ནས་སེམས་སྐྱོན་མེད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་དང་ལྡན་པས་གནས་པར་བྱེད་དེ། ཐེ་ཚོམ་སྤངས་ནས་མི་གཡོ་བར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་དང་ལྡན་པས་མི་གཡོ་བ་ཐོབ་པར་བྱེད་དེ། ཏིང་ངེ་འཛིན་གྱི་དབང་གིས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་ས་མངོན་སུམ་དུ་ལེན་པར་བྱེད་ཕྱའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་དག་རིམ་པ་འདི་ལྟར་བཀོད། སྨྲས་པ། དང་པོར་མི་རྟག་པ་ལ་སོགས་པར་ཡང་དག་པར་མཐོང་ནས། དེ་ནི་འདི་དང་འདི་ལྟ་བུའོ་ཞེས་དེའི་འོག་ཏུ་ཡང་དག་པར་རྟོགས་སོ། །ཡང་


DTG207_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བརྟགས་ནས། ཇི་ལྟར་བརྟགས་པའི་ཆོས་རྣམས་གཞན་ལ་ཡང་འདི་འདྲའོ་ཞེས་ཚིག་ཏུ་འབྱིན་ཏོ། །དེ་ལྟར་ཡང་དག་པར་ཚིག་ཏུ་ཕྱུང་ནས། ཇི་ལྟར་ཚིག་ཏུ་སྨྲས་པ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །ཡང་དག་པའི་ལས་བསྒྲུབ་པ་རྣམས་ལ་ལོག་པའི་འཚོ་བ་མེད་པས་དེའི་འོག་ཏུ་ཡང་དག་པར་འཚོ་བའོ། །ཡང་དག་པར་འཚོ་བ་རྣམས་ལ་མི་དགེ་བ་སྤང་བ་དང་དགེ་བ་བསྒྲུབ་པའི་ལས་འབའ་ཞིག་འབྱུང་བས་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་རྩོལ་བ་ལ་གནས་པ་རྣམས་ལ་ཉོན་མོངས་པས་འཕྲོག་པའི་དྲན་པ་མི་འབྱུང་བས་ཡང་དག་པའི་དྲན་པའོ། །ཉོན་མོངས་པའི་དབང་དུ་མ་གྱུར་ཏེ། དྲན་པ་མ་ཉམས་ན་རྟག་ཏུ་སེམས་རྩེ་གཅིག་ཏུ་གནས་པར་གྱུར་པས་མཇུག་ཏུ་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེའི་ཕྱིར་རིམ་པ་དེ་ལྟར་བཀོད་དོ། །དེ་ལ་ཐེག་པ་ཆེན་པོའི་ཚུལ་གྱིས་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་བསྒོམ་པའི་ལམ་དུ་བཤད་ལ། ཉན་ཐོས་བཻ་བྷཱ་ཥི་ཀ་པའི་ལྟ་བས་ནི། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་མཐོང་བའི་ལམ་གྱི་ངོ་བོར་འདོད་དོ། །དེ་ལྟར་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་མཐོང་བའི་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར་འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་ཞེ་ན། འདི་ལྟར་མགྱོགས་པར་འགྲོ་བ་སྟེ། གཏོང་ཞིང་འཇུག་པ་དང༌། མ་རྒྱལ་བ་རྒྱལ་བར་བྱེད་པ་དང༌། རྒྱལ་བར་གནས་འཆའ་བ་དང༌། ཡར་འཕར་ཞིང་མར་ལྟུང་བས་སོ། །དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་མགྱོགས་པར་འགྲོ་བ་དེ་བཞིན་དུ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལྔ་ལ་བདེན་པ་བཞི་རྟོགས་པས་ན་མགྱོགས་པར་འགྲོ་བའོ། །སྐད་ཅིག་མ་བཅོ་ལྔ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་དང༌། སྡུག་


DTG207_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་ཡེ་ཤེས་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ་དེ་ལྟར་བཅོ་ལྔའོ། །ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་དུ་གཏོགས་པས། མཐོང་བའི་ལམ་དུ་མི་གཞག་གོ །དེ་ལ་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་མཐོང་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེ་ལྟར་མཐོང་བའི་ཚེ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བཅུ་སྤོང་སྟེ། འཇིག་ཚོགས་སུ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་ལོག་པ་དང༌། ལྟ་བ་སྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང་མ་རིག་པའོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་བར་ཤེས་པ་དང༌། ཕྱིས་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དཔེར་ན་མི་གཉིས་ཀྱི་གཅིག་གིས་ཁྱིམ་ནས་རྐུན་པོ་བཟུང་སྟེ་ཕྱུང་ལ། གཅིག་གིས་སྒོ་བཅད་པ་དང་འདྲའོ། །དེ་ཡང་གཅིག་གིས་རྐུན་པོ་བཟུང་ནས་རྐུན་པོ་དང་བཅས་ཏེ། སྒོར་ཕྱུང་བ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཀྱང་ཉོན་མོངས་པ་བཅུ་བཟུང་ནས་ཀྱང་


DTG207_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང་བཅས་ཏེ་འགག་གོ །དེ་ནས་ཕྱིས་མི་གཉིས་པོས་ཕྱིས་རྐུན་པོ་མི་འཇུག་པར་སྒོ་བཅད་པ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཀྱིས་ནི་ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་དོ། །དེ་ལ་བཟོད་པ་ནི་བར་ཆད་མེད་པའི་ལམ་ཞེས་བྱའོ། །ཡེ་ཤེས་ལ་ནི་རྣམ་པར་གྲོལ་བའི་ལམ་ཞེས་བྱ་སྟེ། དཔེར་ན་མི་གཉིས་ཀྱིས་རྐུན་མ་སྐྲོད་པའི་ཚུལ་འདི་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་ཡང་སྦྱར་རོ། །དེ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིར་བཀོད་པ་ཡང་ལོག་པའི་རྣལ་འབྱོར་པ་རྣམ་པ་བཞིའི་གཉེན་པོ་སྟེ། བཞི་ནི་འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་དང་ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་སོ། །འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་ནི་ངའོ་ཞེས་པའི་ང་རྒྱལ་གྱིས་ནོན་པ་དང༌། ལེ་ལོ་ལ་ཆགས་པའོ། །ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་ནི་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ལ་མངོན་པར་ཆགས་པའོ། །དེ་ལ་ངའོ་ཞེས་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་པ་ལ་རྟག་གོ་ཞེས་བསྙེམས་ཤིང་སྤྱོད་པ་སྟེ། དེའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པར་བཤད་དེ། ཕུང་པོ་ལྔ་ནི་སྐད་ཅིག་མའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་བདེན་པར་འཛིན་ཅིང་ཆགས་པ་དེ་སྤང་བའི་ཕྱིར། དགེ་བ་མི་བྱེད་པའི་ཕྱིར་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་དུ་བཤད་དེ། འདུ་བྱེད་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ། །དེ་ལ་བདག་ཏུ་འཛིན་པའི་གཉེན་པོར་བདག་མེད་པར་བཤད་དེ། ཕུང་པོ་ལྔ་ལ་མུ་སྟེགས་ཀྱིས་བཏགས་པའི་བདག་ཉིད་མི་དམིགས་པའི་ཕྱིར་རོ། །བདག་གིར་འཛིན་པའི་གཉེན་པོར་སྟོང་པ་ཉིད་དུ་བཤད་དེ། བདག་མ་གྲུབ་ན་བདག་གིར་ཡང་མི་གྲུབ་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་དང༌། མི་རྟག་པ་ལ་སོགས་པའི་རྣམ་པ་བཞིར་མཐོང་ནས། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེའི་ཚེ་ཡང་


DTG207_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་ཚོགས་ལ་སོགས་པ་དགུ་དང༌། གཟུགས་མེད་པའི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་ཚོགས་ལ་སོགས་པ་དགུ་སྟེ། སྤྱིར་བསྡོམས་པ་ན་ཉོན་མོངས་པ་བཅོ་བརྒྱད་སྤོང་ངོ༌། །ཁམས་གཉིས་ན་ཞེ་སྡང་མེད་པ་ནི་ཏིང་ངེ་འཛིན་གྱིས་སེམས་ཀྱི་རྒྱུད་ཤིན་ཏུ་བརླན་པ་དང༌། ལས་མི་དགེ་བའི་འབྲས་བུ་ལུས་དང་སེམས་ལ་གནོད་པ་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་ཤིང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ། །དེ་ལ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་ཀུན་ཏུ་འབྱུང་བ་དང༌། རབ་ཏུ་འབྱུང་བ་དང༌། རྐྱེན་དེ་རྣམ་པ་བཞི་མཐོང་ན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་གསུམ་བཀོལ་ཏེ། ལོག་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བདུན་སྤོང་ངོ༌། །དེ་ནས་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱིས་ཀུན་འབྱུང་གི་བདེན་པ་ལ། རྒྱུ་ལ་སོགས་པའི་རྣམ་པ་བཞིར་མཐོང་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང་མ་རིག་པ་སྟེ་དྲུག་དང༌། གཟུགས་མེད་པའི་ཁམས་ན་


DTG207_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་དུ་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ༌། །དེའི་རྗེས་ལ་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །ས་བོན་གྱི་ཆོས་བྱེད་པས་ན་རྒྱུའོ། །མ་འོངས་པའི་སྲེད་པ་འཕེལ་བར་བྱེད་པས་ན་ཀུན་འབྱུང་བའོ། །བར་ཆད་མེད་པར་སྲིད་པའི་རྒྱུན། རྒྱུན་མ་ཆད་པར་འབྱུང་བར་བྱེད་པས་ན་རབ་ཏུ་འབྱུང་བའོ། །ཆུ་དང༌། སྐུད་པ་དང༌། འཁོར་ལོ་དང༌། འཇིམ་པ་རྣམས་ཀྱིས་རྫ་མ་བསྒྲུབས་པ་བཞིན་དུ། འབྲས་བུ་སྒྲུབ་པར་བྱེད་པས་ན་རྐྱེན་ཏོ། །འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། འབྱུང་བ་ལྟ་བུར་མཐོང་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འང་འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བདུན་སྤོང་ངོ༌། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་ལ་སོགས་པ་རྣམ་པ་བཞི་ལྟ་བུར་མཐོང་ན། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་ཡང་ཁམས་གཉིས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཟུགས་ཀྱི་ཁམས་ན་ལོག་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་དྲུག །གཟུགས་མེད་པའི་ཁམས་ན་ཡང་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ༌། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། འགོག་པ་ལ་རྗེས་སུ་ཤེས་པའི་ཡེ་


DTG207_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཞེས་བྱའོ། །དེ་ལ་ཕུང་པོ་སྐྱེ་བར་བྱེད་པའི་རྒྱུའི་ཉོན་མོངས་པ་དང་བྲལ་བས་འགོག་པའོ། །སྡུག་བསྔལ་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར་ཞི་བའོ། །དགེ་བ་དང་བདེ་བའི་གནས་སུ་ཕྱིན་པའི་ཕྱིར་གྱ་ནོམ་པའོ། །རྟག་པ་དང་མཉམ་པ་མེད་པའི་ཕྱིར་འབྱུང་བའོ། །འདོད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ། ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པ་སྟེ། རྣམ་པ་བཞིར་མཐོང་ན། ལམ་ལ་ཆོས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་ཡང་འདོད་པའི་ཁམས་ཀྱི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ལོག་པའི་ལྟ་བ་དང༌། ལྟ་བ་སྙེམས་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བརྒྱད་སྤོང་ངོ༌། །དེ་ནས་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ལམ་ལ་ཆོས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ་ལམ་ལ་སོགས་པ་རྣམ་པ་བཞིར་མཐོང་ན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ལ་ལམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ། ལོག་པའི་ལྟ་བ་དང། ལྟ་བ་སྙེམས་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བདུན་དང༌། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་བདེན་སྟེ། ཉོན་མོངས་པ་བཅུ་བཞི་སྤོང་ངོ༌། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་བསྒོམ་པའི་ལམ་དུ་གཞག་གོ །འཕགས་པའི་བདེན་པ་བཞི་ཚོལ་བར་བྱེད་པས་ན་ལམ་མོ། །ཉོན་མོངས་པའི་གཉེན་པོར་གྱུར་པས་ན་རིགས་པའོ། །མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་མེད་པར་བྱེད་པས་ན་སྒྲུབ་པའོ། །ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱེད་པས་ན་ངེས་པར་འབྱིན་པའོ། །དེའི་འདོད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ། ཉོན་མོངས་པ་བཞི་སྤོང་ངོ༌། །གཟུགས་ཀྱི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་


DTG207_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ང་རྒྱལ་དང༌། མ་རིག་པ་གསུམ་དང༌། གཟུགས་མེད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ཀྱང་གསུམ་སྟེ་དྲུག་སྤོང་ངོ༌། །དཔེར་ན་འཁོར་ལོ་རིན་པོ་ཆེས་ཡུལ་གཞན་སྤོང་ཞིང་ཡུལ་གཞན་དུ་འཇུག་ཅིང་འགྲོའོ། །དེ་བཞིན་དུ་མཐོང་བའི་ལམ་ན་ཡང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དེ་མ་ཐག་པའི་ལམ་ནི་གཏོང་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཏེ། རྣམ་པར་གྲོལ་བའི་ལམ་ནི་མངོན་སུམ་དུ་བྱེད་ཅིང་ལེན་ཏོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རྗེས་སུ་ཤེས་པའི་བཟོད་པ་དང༌། ཡེ་ཤེས་ལ་ཡང་གཏོང་ཞིང་ལེན་པར་སྦྱར་རོ། །ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མཐོང་ནས་བོར་བ་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མངོན་དུ་བྱེད་པས་ན་འགྲོ་བའོ། །དཔེར་ན་འཁོར་ལོ་རིན་པོ་ཆེས་ས་ཕྱོགས་མ་རྒྱལ་བའི་གྲོང་དང༌། གྲོང་ཁྱེར་ལས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་ནི་གནས་འཆའ་བར་བྱེད་དོ། །དེ་བཞིན་དུ་མཐོང་བའི་ལམ་གྱིས་ཀྱང་དེ་མ་ཐག་པའི་ལམ་གྱི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ལས། མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད་ཉོན་མོངས་པའི་རྙེད་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །རྒྱལ་བ་རྣམས་སུ་ཡང་གནས་འཆའ་བར་བྱེད་དེ། རྣམ་པར་གྲོལ་བའི་ལམ་གྱིས་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་བསྐྱེད་ནས། མྱ་ངན་ལས་འདས་པའི་གནས་ལ་གནས་པར་བྱེད་པའི་ཕྱིར་རོ། །དཔེར་ན་འཁོར་ལོ་རིན་པོ་ཆེ་གནས་ཁ་ཅིག་ཏུ་ཡར་འཕར་ལ། གནས་ཁ་ཅིག་ཏུ་མར་ཐུར་དུ་ཡང་ལྷུང་ངོ༌། །དེ་བཞིན་དུ་དེ་མ་ཐག་ཏུ་ལམ་ལ་ཡང་ནས་ཡང་དུ་དམིགས་པ་ན། འདོད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་ལ་དམིགས་པའི་ཚེ་ན། མར་བབས་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡར་འཕར་བ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་མངོན་དུ་བྱེད་པས་ན་མར་འབབ་པའོ་ཞེ་ན། རྣམ་པར་གྲོལ་བའི་ལམ་ལ་


DTG207_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཚེ་ན་ཡར་འཕར་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ན་ནི་མར་འབབ་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ན་ནི་ཡར་འཕར་བ་སྟེ། བདེན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་རོ། །བརྒལ་བ། མཐོང་བའི་ལམ་ན་ཅིའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འཁོར་ལོ་ཡིན་པར་ཅིས་མངོན་ཞེ་ན། དེ་ལ་ཡང་ལུང་ལས་གསུངས་པས་མངོན་ཏེ། ལུང་ལས་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་བདེན་པ་མཐོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽཎྜི་ནྱ་ཁྱོད་ཀྱིས་བདེན་པ་མཐོང་ངམ། གསོལ་བ་བཅོམ་ལྡན་འདས་མཐོང་ངོ༌། །ཀཽཎྜི་ནྱ་ཁྱོད་ཀྱིས་བདེན་པ་རྟོགས་སམ། གསོལ་པ། བཅོམ་ལྡན་འདས་རྟོགས་སོ། །དེ་བས་ན་འདིས་བདེན་པ་ཀུན་ཤེས་པས་ན། ཀུན་ཤེས་ཀཽཎྜི་ནྱ་ཞེས་གྲགས་སོ། །ནམ་འཕགས་པ་ཀཽཎྜི་ནྱས་བདེན་པ་མཐོང་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཞན་ཡང་བཙུན་པ་ཀུན་ཤེས་ཀཽཎྜི་ནྱ་ཡང་འདི་སྐད་དུ་འཆད་དེ། འཕགས་པའི་ལམ་གྱི་ཡན་ལག་མཐོང་བའི་ལམ་གྱི་ངོ་བོ་འདི། ལྟ་བ་དང༌། རྩིབས་དང༌། མུ་ཁྱུད་ཀྱི་དཔེ་དང་འདྲ་པར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་པར་ལྟེ་བའི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོའི་ལྟེ་བའི་རྩིབས་ཀྱི་གཟུགས་བྱེད་པ་བཞིན་དུ། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་གཞན་ཡང་ཚུལ་ཁྲིམས་ལ་བརྟེན་ཅིང་དེ་དག་གི་གཟུངས་ཚུལ་ཁྲིམས་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུད་ཀྱི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་མུ་ཁྱུད་ཀྱི་རྩིབས་རྣམས་མི་གྱེས་པར་སྡུད་པ་བཞིན་དུ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཀྱང༌། སེམས་ཀྱི་འཕྲོ་བ་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། དྲན་པ་དང༌། རྩོལ་བ་བཞི་ནི་འཕྲོ་བའི་རང་བཞིན་བས་རྩིབས་ལྟ་བུའོ། །


DTG207_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཕགས་པ་ཀཽཎྜི་ནྱས་མཐོང་བའི་ལམ་བསྐྱེད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པས་ན། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བར་མངོན་ནོ། །དེ་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང༌། འཚོ་བ་གསུམ། ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་པས་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་དང༌། རྟོག་པ་དང་རྩོལ་བ་གསུམ་ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་པས་འདོད་ཆགས་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ལྟ་བ་དང་ལྡན་པ་དྲན་པ་ཤེས་རབ་ཀྱི་ཕུང་པོར་གཏོགས་པས་གཏི་མུག་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ་ཞེས་ཀྱང་སློབ་དཔོན་ཁ་ཅིག་གིས་བཤད་དོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་དོན་རྒྱས་པར་ནི་མདོ་ཉིད་ལས་འོག་ནས་འཆད་པས་མདོ་ཙམ་ཞིག་བསྟན་པར་བྱའོ། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ལ། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ། །ལྟ་བ་ནི་མཐོང་བའི་དོན་ཏེ། ནང་དང་ཕྱིའི་དངོས་པོ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་ཡང་དག་པའི་ལྟ་བའོ། །ཡང་ན་ཡང་དག་པ་ཞེས་བྱ་བ་ནི་དེ་ཁོ་ན་ལ་བྱ་ལ། ལྟ་བ་ཞེས་བྱ་བ་ནི་རྟོག་པ་ལ་བྱ་སྟེ། བདེན་པ་བཞིའི་དེ་ཁོ་ན་ལ་རྟོག་པ་ནི་ཡང་དག་པའི་ལྟ་བའོ། །ཡང་ན་ཡང་དག་པ་ནི་བཀྲ་ཤིས་པའམ་བསྔགས་པའམ། དགེ་བ་ལ་བྱ་བ་ལ། ལྟ་བ་ནི་གསལ་བར་བྱེད་པ་ལ་བྱ་སྟེ། བཀྲ་ཤིས་པའམ། དགེ་བ་ལ་གསལ་བར་བྱེད་པ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ་ཡང་དག་པ་ཞེས་བྱ་བ་ནི་སྔོན་མ་བྱུང་བ་བྱུང་བ་ལ་བྱ་སྟེ། རྟོག་པ་དག་ནི་འདི་དགེ་འདི་མི་དགེ་ཞེས་འཇིགས་པ་ལ་བྱ་སྟེ། དེ་ལྟ་བུའི་འཇིགས་པ་སྔོན་མ་བྱུང་བ་བྱུང་བ་ནི་ཡང་དག་པའི་རྟོག་པའོ། །ཡང་ན་ཡང་དག་པ་ནི་མཉམ་པའམ་མཐུན་པར་བྱེད་པ་ལ་རྟོག་པ་ནི། དེའི་རྗེས་སུ་སེམས་པ་སྟེ། ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་དང་མཐུན་པར་སེམས་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ངག་ཅེས་བྱ་བ་ལ་དང་པོར་ཚུལ་ཁྲིམས་


DTG207_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་ལ་སོགས་པ་ཡང་དག་པར་བླངས་ནས། སྡིག་པ་མི་དགེ་བའི་ཆོས་མི་བྱ་བར་ཁས་བླངས་པ་བཞིན་དུ་ཡི་དམ་འདྲལ་བར་མི་བྱེད་པ་ནི་ཡང་དག་པའི་ངག་གོ །ཡང་དག་པའི་ངག་རྣམ་པ་གཉིས་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་དང༌། རྣམ་པར་རིག་བྱེད་དོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་བརྫུན་དང་ཚིག་རྩུབ་པོ་ལ་སོགས་པའི་སྨྲ་བ་ལ་སོགས་པའོ། །རྣམ་པར་རིག་བྱེད་ནི་དུས་སུ་སྨྲ། ཡང་དག་པར་སྨྲ། བདེན་པར་སྨྲ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་ཞེས་པ་ལ། གང་ལུས་ཀྱི་ལས་མ་ཉམས་པ་ཞིག་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་ལ་ངེས་པར་ལྟ་ཞིང་དེ་ལ་མི་འཇུག་པའོ། །ཡང་དག་པའི་འཚོ་བ་ཞེས་བྱ་བ་ལ་ཆོས་བཞིན་དུ་འཚོ་བ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་དང༌། རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དག་པ་སྟེ། རྣམ་པ་གཉིས་སོ། །ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་ནི། མེ་དང༌། མཚོན་དང་དུག་དང་ཆང་ལ་སོགས་པ་ལས་སླར་ལྡོག་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དག་པ་ནི། ཡོ་བྱད་བསྙུངས་པ་དང༌། ཆོག་ཤེས་ཤིང་འདོད་པ་ཉུང་བ་དང་ཚུལ་འཆོས་པ་ལ་སོགས་པ་ལས་སླར་ལོག་པའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་འཕེལ་བར་བྱེད་པའི་ལུས་དང༌། སེམས་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ལ་སྔོན་མཉན་ཅིང་བསམས་ཏེ། མྱོང་བའི་དངོས་པོ་སེམས་ལ་མི་བརྗེད་པར་བྱེད་པ་ནི་ཡང་དག་པའི་དྲན་པ་སྟེ། དེ་ཡང་རྒྱུ་རྣམ་པ་གསུམ་ལས་དྲན་པ་འབྱུང་སྟེ། རྒྱུ་རྣམ་པ་གསུམ་ནི་གོམས་པ་དང༌། མཚན་མ་མཐོང་བ་དང༌། ཡིད་དང་བའོ། །དེ་ལ་གོམས་པ་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་ཡང་ནས་ཡང་དུ་ལྟ་བ་ལ་སོགས་པ་བྱས་པ་དང༌། གཟུགས་ལ་སོགས་པའི་དངོས་པོ་མེད་ཀྱང༌། ཕྱིས་སེམས་ལ་དྲན་པ་འབྱུང་སྟེ།


DTG207_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཉིན་མོ་གོམས་པའི་རྨི་ལམ་དུ་མཐོང་བ་བཞིན་ནོ། །མཚན་མར་མཐོང་བ་ནི་ཆོས་འདྲ་དང་མི་འདྲ་བ་མཐོང་བ་ལས་དྲན་པ་འབྱུང་སྟེ། དཔེར་ན་བུ་དང་འདྲ་བ་མཐོང་ནས་བུ་དྲན་པ་དང༌། ལྷགས་པས་ཉེན་ནས་མེ་དྲན་པའོ། །ཡིད་དང་བ་ནི་ཆུ་གསལ་བར་བཞིན་གྱི་གཟུགས་བརྙན་སྣང་བ་དང་འདྲ་བར། སེམས་གསལ་ཏེ་སྒྲིབ་པའི་ཤས་ཆུང་ན་སྔོན་ཅི་བྱས་པ་རྣམས་དྲན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཡང་དག་པ་ནི་དྲང་པོ་ལ་བྱ་ལ། ཏིང་ངེ་འཛིན་གྱི་གྱུར་པའམ་འཛིན་པ་ལ་བྱ་སྟེ། དཔེར་ན་སྦྲུལ་སྨྱུག་མའི་སྦུབས་སུ་བཅུག་ན་དྲང་པོར་འགྱུར་བ་བཞིན་དུ། སེམས་རྨུགས་པ་དང༌། རྒོད་པ་ལ་སོགས་པ་ལས་བཟློག་ནས་དྲང་པོར་འཛིན་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་ན་ཡང་དག་པ་ནི་མཉམ་པ་ལ་བྱ་ལ། ཏིང་ངེ་འཛིན་ནི་འཇོག་པ་ལ་བྱ་སྟེ། སེམས་མཉམ་པར་འཇོག་པ་ནི་ཏིང་ངེ་འཛིན་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལམ་གྱི་ཡན་ལག་མདོ་ཙམ་དུ་གསུངས་པ་རྒྱས་པར་བཤད་པར་བྱ་བའི་ཕྱིར། དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །ཅིའི་ཕྱིར་མདོ་ཙམ་དུ་བཤད་ནས། རྒྱས་པར་བཀའ་སྩལ་ཞེ་ན། འདུལ་བ་རྣམ་པ་གཉིས་ཏེ། གླེངས་པས་ཤེས་པ་དང༌། སྤྲོས་པས་ཤེས་པའོ། །དེ་ལ་གླེངས་པས་ཤེས་པ་རྣམས་ཀྱི་ཆེད་དུ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང༌། ཞེས་བྱ་བ་ལ་སོགས་པ་མདོ་ཙམ་དུ་གསུངས་ནས། སྤྲོས་པས་ཤེས་པ་རྣམས་རྒྱ་ཆེར་མ་བཤད་པ་ན་དོན་རྟོགས་པར་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ལ་སློབ་དཔོན་འཆབ་པ་མི་མངའ་ཞིང༌། ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལ་དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཀའ་སྩལ་ཏོ། །དེ་ལ་ཡང་དག་པའི་ལྟ་བ་རྣམ་པ་གསུམ་སྟེ། སློབ་བའི་ཡང་དག་པའི་ལྟ་བ་དང༌། མི་སློབ་པའི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་གྱི་ཡང་དག་པའི་ལྟ་བའོ། །དེ་སློབ་པ་དང་མི་སློབ་པའི་གང་ཟག་རྣམས་ལ་སྙོམས་པར་འཇུག་པ་ན་ལྟ་


DTG207_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཡིན་པ་ནི་སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལངས་ནས་ལྟ་བ་ནི་རྟོགས་པ་དང་བཅས་པ་ཡིན་པས། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་ན་གང་ཟག་དགེ་བ་རྣམས་ཚེ་རབས་གཞན་ཡོད་པར་ལྟ་ཞིང༌། ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་མི་འདེབས་པ་ནི། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟེ། འདིར་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟོན་པར་བྱེད་པར་རིག་པར་བྱའོ། །དེ་ལ་ཆོས་དྲུག་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། འཇུག་པའི་རྟེན་ཡོད་པར་ལྟ་བ་དང༌། དེའི་རྐྱེན་གྱི་ས་བོན་དང༌། གཞི་ཡོད་པར་ལྟ་བ་དང་སྦྱིན་པའི་ཡོན་ཏན་ཡོད་པར་ལྟ་བ་དང༌། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་གཉེན་པོ་དང༌། མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་དང༌། དེ་གསུམ་མི་མཐུན་པའི་ཕྱོགས་དང༌། གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་དང༌། འཇུག་པ་ལས་རྣམ་པར་ལོག་པར་ལྟ་བ་དང་དྲུག་གོ །དེ་ལ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད། ཅེས་བྱ་བས་འཇུག་པའི་རྟེན་ཡོད་པ་ལྟ་བ་བསྟན་ཏེ། ཚེ་གཅིག་ནས་གཅིག་ཏུ་འཇུག་པའི་རྟེན་ནི་འཇུག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཡིན་ལ། ཚེ་འདི་ཡང་ལས་དང་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔ་ཡོད་པར་འདོད་ཅིང་ཚེ་འདིའི་ལས་དང་ཉོན་མོངས་པའི་རྒྱུས་ཚེ་རབས་གཞན་དུ་ཡང་ཕུང་པོ་ལེན་པར་འདོད་པ་ནི་འཇིག་རྟེན་འདི་ཡོད་པ་དང་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བ་ཞེས་བྱའོ། །མ་ཡོད་པ་དང་ཕ་ཡོད་པ་ཞེས་བྱ་བས་དེའི་རྐྱེན་གྱིས་ས་བོན་དང་བཞི་ཡོད་པར་བསྟན་ཏོ། ཕུང་པོ་ལྔ་སྐྱེ་བའི་ས་བོན་འཇོག་པ་ནི་ཕ་ཡིན་ནོ། །ས་བོན་གྱི་རྟེན་བྱེད་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱང་ཡོད་པར་ལྟ་བ་ནི་མ་ཡོད་པ་དང༌། ཕ་ཡོད་པ་ཞེས་བྱའོ། །སྦྱིན་པ་ཡོད་པ་དང༌། སྦྱིན་སྲེག་ཡོད་པ་ཞེས་བྱ་བས་སྦྱིན་པ་དང༌། ལྷ་ལ་མཆོད་པ་ཡོད་པར་ལྟ་བ་བསྟན་ཏེ། ཡོ་བྱད་རྣམས་བྱིན་ན་དེ་ལེན་པར་བྱེད་པའི་སེམས་ཅན་ཡོད་པར་ལྟ་བ་དང༌། སྦྱིན་སྲེག་བྱས་ན་དེ་ན་སྦྱིན་སྲེག་ལེན་པའི་ལྷ་ལེན་པར་ལྟ་བ་ནི་སྦྱིན་པ་ཡོད་པ་དང༌། སྦྱིན་སྲེག་ཡོད་པར་


DTG207_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཞེས་བྱའོ། །འདོད་པ་དང་མི་འདོད་པ་ཞེས་བྱ་བས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མཚན་ཉིད་དགེ་བའི་ཕྱོགས་གཉེན་པོར་གྱུར་པ་ལ་ནི་འདོད་པ་ཞེས་བྱའོ། །དེའི་མི་མཐུན་པའི་ཕྱོགས་སེར་སྣ་དང་ངང་ཚུལ་ངན་པ་དང༌། སེམས་གཡེངས་པ་མི་དགེ་བའི་ཕྱོགས་སུ་གྱུར་པ་ནི་མི་འདོད་པ་ཞེས་བྱའོ། །ཡང་ན་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཀྱི་ལས་དགེ་བ་ནི་འདོད་པའོ། །བསོད་ནམས་མ་ཡིན་པའི་མཚན་ཉིད་ཀྱི་ལས་མི་དགེ་བ་ནི་མི་འདོད་པ་སྟེ། དེ་དག་ཡོད་པར་ལྟ་བ་ནི། འདོད་པ་དང་མི་འདོད་པ་ཡོད་པར་ལྟ་བ་ཞེས་བྱའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང་ཞེས་བྱ་བས་དེ་གསུམ་གྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་བྱས་ན་ལོངས་སྤྱོད་ཆེན་པོར་འགྱུར་བ་དང༌། ཚུལ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བ་དང༌། ཚད་མེད་པ་བསྒོམས་ན་མྱ་ངན་ལས་འདས་པར་འགྱུར་བར་ལྟ་བ་དང༌། སེར་སྣ་བྱས་ན་དབུལ་པོར་འགྱུར་པ་དང། ཚུལ་ཁྲིམས་དྲལ་ན་ངན་སོང་དུ་སྐྱེ་བ་དང༌། ཚད་མེད་པ་མ་བསྒོམས་ན་ཐར་པར་མི་འགྱུར་རོ་ཞེས་ལྟ་བའམ། བསོད་ནམས་དང་མི་གཡོ་བའི་ལས་བྱས་ན་བདེ་འགྲོར་སྐྱེ་བ་དང༌། བསོད་ནམས་མ་ཡིན་པའི་ལས་བྱས་ན་ངན་སོང་གསུམ་དུ་སྐྱེ་བར་ལྟ་བ་ནི། ལས་ལེགས་པར་བྱས་པ་དང༌། ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་པར་ལྟ་བ་ཞེས་བྱའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་ཡོད་ཅེས་བྱ་བས་འཇུག་པ་ལས་རྣམ་པར་ལོག་པར་ཡོད་པར་ལྟ་བ་བསྟན་ཏེ། འཇུག་པ་ནི་འཁོར་བར་སྐྱེ་བའོ། །འཁོར་བར་སྐྱེ་བ་ལ་ལོག་པ་ནི་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང༌། དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ཡོད་པར་ལྟ་བ་ནི་འཇིག་རྟེན་ན་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་ཡོད་པར་ལྟ་བ་ཞེས་


DTG207_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འཕགས་པ་ནི་ཡང་དག་པར་སོང་བའོ། །དེ་ལས་བཟློག་པ་འདི་ནི་ལོག་པའི་ལྟ་བ་ཞེས་བྱའོ། །ཞེས་བྱ་བ་ལ་ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པར་ལྟའོ། །ཡང་དག་པའི་རྟོག་པ་བཤད་པའི་ཕྱིར། ཡང་དག་པའི་རྟོག་པ་གང་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་སངས་རྒྱས་སུ་འགྱུར་བ་ལ་སོགས་པར་བསྔོ་སྟེ། འཁོར་ལོས་སྒྱུར་བ་ལ་སོགས་པར་མ་བསྔོས་པ་འདི་ཡང་དག་པའི་རྟོག་པའོ་ཞེས་གསུངས་སོ། །དོན་དུ་ན་མི་དགེ་བ་ལ་སོགས་པར་རྟོག་པའི་གཉེན་པོར་སེམས་དགེ་བར་རྟོགས་པ་ནི། ཡང་དག་པར་རྟོགས་པའོ། །དེ་ལ་སྦྱིན་པ་གང་ཁ་ན་མ་ཐོ་བ་མེད་པ། སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་གཏོང་བ་ནི་སྦྱིན་པའོ། །དེ་ཡང་གང་གིས་སྦྱིན་པ་དང༌། གང་དུ་སྦྱིན་པ་དང༌། ཅི་སྦྱིན་པ་དང༌། ཅིས་སྦྱིན་པ་དང༌། ཇི་ལྟར་སྦྱིན་པ་དང༌། ཅིའི་ཕྱིར་སྦྱིན་པ་སྟེ། རྣམ་པ་དྲུག་ཏུ་ལྟ་བའོ། །དེ་ལ་གང་གིས་སྦྱིན་ཞེ་ན། སྦྱིན་པ་པོ་དང༌། སྦྱིན་པའི་བདག་པོས་སྦྱིན་ཏེ། གང་རང་གི་ལག་ནས་དངོས་པོ་གཏོང་བ་ནི་སྦྱིན་པ་པོའོ། །གང་གཞན་སྦྱིན་དུ་འཇུག་པ་ནི་སྦྱིན་པའི་བདག་པོའོ། །གང་ལ་སྦྱིན་ཞེ་ན། ཞིང་རྣམ་པ་བཞི་ལ་སྦྱིན་ཏེ། སྡུག་བསྔལ་གྱི་ཞིང་དང༌། ཕན་བཏགས་པའི་ཞིང་དང༌། ཡིད་དུ་འོང་བའི་ཞིང་དང༌། ཁྱད་ཞུགས་པའི་ཞིང་ངོ༌། །དེ་ལ་སྡུག་བསྔལ་གྱི་ཞིང་ནི་འདྲོན་པོའམ། བཀྲེན་པའམ། མུ་ལྟོ་བའམ། ལོང་བའམ། འོན་པའམ། མགོན་མེད་པའམ། སྐྱབས་མེད་པའམ། གང་ནད་ཀྱིས་གཟིར་བ་ལ་སོགས་པའོ། །དེ་ལ་ཕན་བཏགས་པའི་ཞིང་ནི་ཕའམ་མའམ་གཞན་ཡང་གནོད་པའི་སྡུག་བསྔལ་ལས་བདག་བསྒྲལ་བར་བྱས་པའམ། ལོ་ཉེས་སམ་རྒྱལ་པོ་གཞན་གྱིས་འཇིགས་པའམ། བཅིངས་པའི་ནད་ཀྱིས་བཏབ་པ་ལས་གྲོགས་བྱས་


DTG207_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ལས་སུ་བྱས་པ་རྣམས་ཀྱི་གྲོགས་བྱས་པའམ། ནོར་དང་གཉེན་བཤེས་ལ་སོགས་པ་དང་བྲལ་བའི་མྱ་ངན་ལས་འདས་པའམ། ཕན་པ་དང་བདེ་བར་གྱུར་པའི་མན་ངག་བྱིན་པའོ། །ཡིད་དུ་འོང་བའི་ཞིང་ནི་གང་གྲོགས་པོ་མཛའ་བ་དང་བཤེས་པ་ཕན་ཚུན་འདྲིས་པ་དང༌། སེམས་མཐུན་པར་འགྱུར་བའམ། ཉེ་དུ་གཉེན་བཤེས་ལ་སོགས་པ་གཞན་ཡང་ངོ༌། །ཁྱད་ཞུགས་པའི་ཞིང་ནི་བྲམ་ཟེའམ་དགེ་སློང་གང་དགེ་བའི་རང་བཞིན་ཅན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྤང་བར་བྱ་བའི་ཕྱིར་ཞུགས་པའོ། །དེ་ལ་ཅི་སྦྱིན་ཞེ་ན། དོན་དུ་དངོས་པོ་རྣམ་པ་གཉིས་སྦྱིན་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང༌། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་དངོས་པོའོ། །དེ་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ། །དེ་ལ་ཕྱིའི་དངོས་པོ་ནི་བུ་དང་ཆུང་མ་དང༌། བྲན་ཕོ་མོ་དང༌། རྟ་དང༌། གླང་པོ་དང༌། ར་ལུག་ལ་སོགས་པ་སྦྱིན་པའོ། །ནང་གི་དངོས་པོ་ནི་བདག་ཉིད་ཀྱི་ལུས་ཀྱི་རྐང་པ་དང༌། ལག་པ་དང་མགོ་དང༌། ཤ་ཁྲག་ལ་སོགས་པ་སྦྱིན་པའོ། །སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་དངོས་པོ་ཡང་རྣམ་པ་གསུམ་སྟེ། འབྲུའི་དངོས་པོ་དང་གཏེར་གྱི་དངོས་པོ་དང༌། ཡུལ་གྱི་དངོས་པོའོ། །དེ་ལ་འབྲུའི་དངོས་པོ་ནི་འདི་ལྟ་སྟེ། ནས་དང༌། གྲོ་དང༌། འབྲས་དང༌། ཏིལ་ལ་སོགས་པའོ། །གཏེར་གྱི་དངོས་པོ་ནི་འདི་ལྟ་སྟེ། གསེར་དང༌། དངུལ་དང༌། མུ་ཏིག་དང༌། བཻ་ཌཱུརྻ་ལ་སོགས་པའོ། །ཡུལ་གྱི་དངོས་པོ་ནི་འདི་ལྟ་སྟེ། ཞིང་གི་དངོས་པོ་དང༌། ཁྱིམ་གྱི་དངོས་པོ་དང༌། ཚོང་ཁང་དང༌། བསོད་ནམས་ཀྱི་དོན་དུ་རྩིག་པའི་ཁང་པ་ལ་སོགས་པའོ། །ཅིས་སྦྱིན་ཞེ་ན། འདོད་མ་ཆགས་པ་དང༌། ཞེ་མི་སྡང་བ་དང་ལྡན་པའི་རྒྱུས་སྐྱེད་པའི་ལུས་ཀྱི་ལས་དང༌། ངག་གི་ལས་ཀྱིས་སྦྱིན་ནོ། །ཇི་ལྟར་སྦྱིན་ཞེ་ན། དད་པའི་སེམས་ཀྱིས་ཚེ་ཕྱི་མ་ལ་འབྲས་བུ་ཡོད་པར་ལྟ་ཞིང༌། གུས་པ་དང་འདུད་པའི་སེམས་ཀྱིས་རང་གི་ལག་ནས་གུས་པར་བྱས་ཏེ་དུས་སུ་སྦྱིན་ནོ། །


DTG207_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་སྦྱིན་ཞེ་ན་སྡུག་བསྔལ་གྱི་ཞིང་ལ་ནི་སྙིང་རྗེ་བས་སྦྱིན་ནོ། །ཕན་བཏགས་པའི་ཞིང་ལ་ནི་བྱས་པ་གཟོ་བའི་སེམས་ཀྱིས་སྦྱིན་ནོ། །ཡིད་དུ་འོང་བའི་ཞིང་ལ་ནི་མཛའ་བར་གྱུར་པས་སྦྱིན་ནོ། །ཁྱད་ཞུགས་པའི་ཞིང་ལ་ནི་འཇིག་རྟེན་ཀུན་ལས་ཁྱད་པར་དུ་འཕགས་པ་དེ་ལས་འབྲས་བུ་དམ་པ་འབྱུང་བའི་ཕྱིར་སྦྱིན་ཏེ་འདི་ནི་སྦྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང༌། སོ་སོར་ཐར་པའི་སྡོམ་པས་བསྡོམས་པ། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང༌། ཡང་དག་པར་བླངས་པའི་གནས་རྣམས་སློབ་པོ་ཞེས་གང་གསུངས་པའོ། །དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་ཇི་ལྟར་བསླབ་པ་ཡང་དག་པར་བླངས་པའི་གནས་དང༌། ལུས་ཀྱི་ལས་ཀྱིས་ཞིག་པར་མ་བྱས་པ་དང༌། ངག་གི་ལས་ཀྱིས་ཞིག་པར་མ་བྱས་པའོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པས་བསྡམས་ཤེ་ན། སྡེ་བདུན་པའི་ཚུལ་ཁྲིམས་པ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་དང་ལྡན་པའོ། །དེ་ལ་སྡེ་བདུན་ནི། དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་དང༌། དགེ་སྦྱོང་ཕ་དང༌། དགེ་སྦྱོང་མ་དང༌། དགེ་སློབ་མའོ། །དེ་ལ་སྤྱོད་པ་ཕུན་སུམ་ཚོགས་པ་ནི། །སྤྱོད་ལམ་བཞིའམ། ལས་སུ་བྱ་བའམ། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ཀྱང་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང༌། འཇིག་རྟེན་དང་མཐུན་པར་བྱེད་པ་དང༌། འདུལ་བའི་རྗེས་སུ་འཇུག་ཅིང་འདུལ་བ་དང་མཐུན་པར་བྱེད་པ་སྟེ། དོན་དུ་ན་ལས་སུ་བྱ་བ་ཐམས་ཅད་ལ་འཇིག་རྟེན་པ་རྣམས་ཀྱིས་མིག་མི་འགག་པའམ། འདུལ་བ་དང་མི་འགལ་བར་བྱེད་པའོ། །ཇི་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ཡུལ་རྣམ་པ་ལྔར་འཇུག་ཏུ་མ་གནང་བ་རྣམས་སུ་མི་འཇུག་པ་སྟེ། སྤྱོད་ཡུལ་རྣམ་པ་ལྔ་ནི། ཤན་པའི་གནས་དང༌། སྨད་


DTG207_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཚོང་མའི་གནས་དང༌། ཆང་འཚོང་མའི་གནས་དང༌། རྒྱལ་པོའི་ཕོ་བྲང་དང༌། གདོལ་པའི་གནས་སོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་བ་ལ་འཇིགས་པར་ལྟ་ཞེ་ན། ཁ་ན་མ་ཐོ་བ་ཕྲ་བ་ཞེས་བྱ་བ་ནི། གང་སློབ་ཚིག་ཕྲན་ཚེགས་སུ་གྱུར་པ་ཉམས་ན་ཡང་བསླང་བར་བླ་བ་སྟེ། དཔེར་ན་དུག་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོ་གསོད་པ་བཞིན་དུ། ཁ་ན་མ་ཐོ་བ་ཕྲ་མོ་འདི་དག་བྱུང་ན་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་པ་མེད་ཅིང་ངན་སོང་དུ་ལྟུང་བར་འགྱུར་རོ། །ཞེས་དེ་དག་ལ་ཡང་བག་བྱེད་ཅིང་འཇིགས་པའོ། །ཇི་ལྟར་ཡང་དག་པར་བླངས་པའི་གནས་ལ་སློབ་ཅེ་ན། དང་པོར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པའི་དུས་ན་གསོལ་བ་དང་ཞུ་བའི་ལས་བཞིས་བསྙེན་པར་རྫོགས་པའི་ཚེ་བསླབ་པའི་གནས་ཀྱི་ལུས་ལས་དུ་ཞིག་ཐོས་ནས་གཞན་ནི་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་ཤེས་པར་གྱིས་ཤིག་ཅེས་བསྒོ་སྟེ། ཕྱིས་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཚུལ་ཁྲིམས་ཀྱི་དངོས་པོ་དུ་ཡོད་པ་རྒྱས་པར་ཉན་ཅིང་ཇི་ལྟར་མཉན་པ་རྣམས་མི་ཉམས་པར་ཡང་བྱེད་ལ། ཉམས་པ་རྣམས་ཀྱང་ཆོས་བཞིན་དུ་གསོ་བར་བྱེད་པའོ། །དོན་དུ་ན་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། མཚན་ཉིད་གསུམ་ནི་མ་ཞིག་པའི་མཚན་ཉིད་དང༌། རང་བཞིན་གྱི་མཚན་ཉིད་དང༌། གཞན་དང་བདག་ལ་ལྟོས་ནས་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བས་མ་ཞིག་པའི་མཚན་ཉིད་བསྟན་ཏོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་ཞེས་བྱ་བས་རང་བཞིན་གྱི་མཚན་ཉིད་བསྟན་ཏོ། །སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བས་གཞན་ལ་ལྟོས་ནས་ཡོན་ཏན་གྱི་མཚན་ཉིད་བསྟན་ཏོ། སྤྱོད་ལམ་མཛེས་ཤིང་འགྲོ་བར་བྱ་བ་མ་ཡིན་པའི་གནས་སུ་མི་འགྲོ་ན། གཞན་དག་སེམས་མ་དང་བ་ནི་དང་བར་འགྱུར། དང་བ་རྣམས་ནི་དད་པ་ཆེར་འཕེལ་བར་འགྱུར་ཞིང༌། ཕྱོགས་ཕྱོགས་སུ་མི་སྙན་པའི་ཚིག་མི་སྒྲོགས་པའི་ཕྱིར་རོ། །གང་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང༌། ཡང་དག་པར་


DTG207_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་གནས་ལ་སློབ་པ་གཉིས་ཀྱིས་བདག་ལ་ལྟོས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་ཏེ། བསླབ་པ་ཕྲ་མོ་རྣམས་ཀྱང་མ་ཉམས་ན། དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་དང༌། མངོན་དུ་མ་བྱས་པ་རྣམས་ཐོབ་པ་དང༌། མངོན་དུ་བྱ་བའི་སྐལ་བ་ཅན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་སུ་འགྱུར་བར་བསྔོས་ཏེ། ཞེས་བྱ་བ་ནི། །སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བ་བྱས་པ་དེ་དག་གི་རྒྱུས་སངས་རྒྱས་སུ་གྱུར་ཅིག་ཅེའམ། སོགས་པའི་སྒྲས་དགྲ་བཅོམ་པའམ། རྒྱུན་ཏུ་ཞུགས་པར་གྱུར་ཅེས་བསྔོའོ། །འཁོར་ལོས་སྒྱུར་བར་གྱུར་ཅིག་ཅེའམ། སོགས་པའི་སྒྲས་བརྒྱ་བྱིན་དང་ཚངས་པར་གྱུར་ཅིག་ཅེས་མི་བསྔོ་བ་འདི་ནི་ཡང་དག་པའི་རྟོག་པའོ། །ཉོན་མོངས་པའི་སྒྲིབ་པ་རྣམས་སྤངས་ནས་སྐྱེས་བུ་གཉིད་ལས་སད་པ་བཞིན་དུ། མ་རིག་པའི་གཉིད་ལས་སད་པ་བྱས་ཤིང་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་མངོན་དུ་གྱུར་ཏེ། པདྨོ་ཁ་ཕྱེ་བ་ལྟ་བུར་གྱུར་པ་ནི་སངས་རྒྱས་སོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ། འཁོར་ལོ་ནི་རིན་པོ་ཆེའི་མཐུས། འགྲོ་བ་རྣམས་ལ་དབང་བྱེད་ཀྱི། རྒྱལ་སྲིད་འཛིན་པ་ནི་འཁོར་ལོས་སྒྱུར་བ་ཞེས་བྱའོ། །འཁོར་ལོས་སྒྱུར་བའང་རྣམ་པ་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཅན་དང༌། དངུལ་གྱི་འཁོར་ལོ་ཅན་དང༌། ཟངས་ཀྱི་འཁོར་ལོ་ཅན་དང༌། ལྕགས་ཀྱི་འཁོར་ལོ་ཅན་ནོ། །དེ་ལ་གསེར་གྱི་འཁོར་ལོ་ཅན་ནི་མཆོག་གོ །དངུལ་གྱི་འཁོར་ལོ་ཅན་ནི་མཆོག་དང་ཉེ་བའོ། །ཟངས་ཀྱི་འཁོར་ལོ་ཅན་ནི་བར་མའོ། །ལྕགས་ཀྱི་འཁོར་ལོ་ཅན་ནི་ཐ་མའོ། །དེ་ཡང་རིམ་བཞིན་དུ་གསེར་གྱི་འཁོར་ལོ་ཅན་གྱི་འཁོར་ལོ་ནི་གླིང་བཞི་ལ་དབང་སྒྱུར་རོ། །དངུལ་གྱི་འཁོར་ལོ་ཅན་ནི་གླིང་གསུམ་ལའོ། །ཟངས་ཀྱི་འཁོར་ལོ་ཅན་ནི་གླིང་གཉིས་ལའོ། །ལྕགས་ཀྱི་འཁོར་ལོ་ཅན་ནི་གླིང་གཅིག་ལའོ། །དེ་ལ་དབང་སྒྱུར་བའི་ཚུལ་ཡང་གསེར་གྱི་འཁོར་ལོ་ཡོད་པ་རྣམས་ལ་ནི་མཁར་གྱི་རྒྱལ་ཕྲན་རྣམས་བདག་ཅག་ཉིད་བསུ་ཞིང་མདུན་དུ་


DTG207_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ནས་འདི་སྐད་དུ། སྐྱེ་ལྷ་སྐྱེ་དགུ་འདི་དག་ནི་ཕྱུག་ཅིང་འབྱོར་ལ། སྐྱེ་བོ་མང་པོས་ཀྱང་རྒྱས་པ་ལགས་ཏེ། བདག་ཅག་ཀྱང་ལྷའི་ལགས་པས་བདག་ཅག་ལྷས་ལུང་སྩལ་དུ་གསོལ་ཞེས་ཟེར་རོ། །གང་དངུལ་གྱི་འཁོར་ལོ་ཅན་དེ་དག་ནི་བདག་ཉིད་རྐང་གྱིས་བཙུགས་ཏེ་སོང་བའི་འོག་ཏུ་རྒྱལ་ཕྲན་རྣམས་འདུད་པར་བྱེད་དོ། །གང་ཟངས་ཀྱི་འཁོར་ལོ་ཅན་དེ་དག་ནི་མཁར་གྱི་རྒྱལ་ཕྲན་རྣམས་ཀྱི་དྲུང་དུ་སོང་ནས། ཚིག་གི་ཐབས་དང་འདུད་པར་འགྱུར་རོ། །ལྕགས་ཀྱི་འཁོར་ལོ་ཅན་གྱི་ནི་དྲུང་དུ་སོང་ནས། གཅིག་ལ་གཅིག་མཚོན་གཟས་པ་དང་དེའི་འོག་ཏུ་འདུད་པར་བྱེད་དོ། །ཡང་དག་པའི་ངག་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ངག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྫུན་དུ་སྨྲ་བ་ཞེས་བྱ་བ་ལ་གང་སྨྲ་བར་བྱ་བའི་དོན་དེ་འདུ་ཤེས་གཞན་དུ་གཞག་ནས་གཞན་དུ་སྨྲ་བ་སྟེ། གང་སྨྲ་བར་བྱ་བའི་མི་དེས་དོན་གོ་བར་བྱས་ནས་བརྫུན་ནོ། །དེ་བས་ན་མངོན་པའི་ཆོས་མཛོད་ལས། འདུ་ཤེས་གཞན་དུ་བསྟན་པའི་ཚིག །དོན་ཤེས་པ་ལ་སྨྲས་ན་བརྫུན། །ཞེས་གསུངས་སོ། །ངག་རྩུབ་པོ་ཞེས་བྱ་བ་ལ་ཞེ་སྡང་དང་བཅས་པའི་སེམས་ཀྱིས་ཕ་རོལ་པོ་མི་དགའ་བར་བྱ་བའི་ཕྱིར་རིགས་དང་རུས་ལ་སོགས་པའི་སྐྱོན་སྨོས་པའི་ཚིག་སྨྲས་ནས་གཞན་གྱིས་གོ་བར་གྱུར་ན་ཚིག་རྩུབ་པོའོ། །ཕྲ་མ་ཞེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་བཅས་པའི་སེམས་ཉོན་མོངས་པས་ཕ་རོལ་དབྱེ་བར་བྱ་བའི་ཕྱིར་ཕན་ཚུན་བསྐྱལ་བ་ལས་དོན་གོ་བར་གྱུར་ན་ཕྲ་མའོ། །དེ་བས་ན་མངོན་པའི་ཆོས་མཛོད་ལས་ཀྱང༌། ཕྲ་མ་ཉོན་མོངས་པ་ཅན་གྱིས་སེམས་ཚིག་སྟེ་དབྱེ་བར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཀྱལ་པར་སྨྲ་བ་ཞེས་བྱ་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བཅས་པའི་སེམས་གྱིས། ཁ་གསག་དང་གླུ་དང་མུ་སྟེགས་ཀྱི་གཙུག་ལག་བཤད་ནས་གཞན་གྱིས་དོན་གོར་བར་གྱུར་ན་ཚིག་ཀྱལ་པ་སྟེ། དེ་བས་ན་ཆེས་མངོན་པའི་མཛོད་ལས་ཀྱང༌། ཁ་གསག་གླུ་དང་གླུ་ཚིག་བཞིན། །གཙུག་ལག་ངན་པ་བཞིན་དུ་སྦང༌། །ཞེས་གསུངས་


DTG207_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དོན་དུ་ངག་གི་སྐྱོན་རྣམ་བཞི་སྤངས་ནས། འཇམ་པ་དང་དོན་དང་བཅས་པའི་དམ་པའི་ཆོས་སྟོན་པ་ནི། ཡང་དག་པའི་ངག་ཅེས་བྱ་སྟེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ཡང་དག་པའི་ལས་ཀྱི་མཐའི་སྐབས་སུ་བཤད་དོ། །ཡང་དག་པའི་ལས་ཀྱི་མཐའ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལུས་དང༌། ངག་དང༌། ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ལུས་དང༌། ངག་དང༌། ཡིད་ཀྱིས་མི་དགེ་བ་བཅུ་སྤངས་ནས་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་བསྒྲུབ་པ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །མི་དགེ་བ་བཅུ་དང་དགེ་བ་བཅུ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ལས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་ནི་ལུས་ཀྱི་ལས་མི་དགེ་བ་གསུམ་ཞེས་བྱ་བ་ལ། དེ་གསུམ་སྤངས་པ་ནི་ལུས་ཀྱི་དགེ་བ་གསུམ་ཞེས་བྱའོ། །ངག་གི་བཞི་སྟེ་ཞེས་བྱ་བ་ལ། བརྫུན་དུ་སྨྲ་བ་དང༌། ངག་རྩུབ་པོ་དང༌། ཕྲ་མ་དང༌། ཀྱལ་པར་སྨྲ་བ་ནི་ངག་གི་མི་དགེ་བ་བཞི་ལ་དེ་བཞི་སྤངས་པ་ནི་ངག་གི་དགེ་བ་བཞིའོ། །ཡིད་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་ཆགས་པ་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ནི། ཡིད་ཀྱི་མི་དགེ་བ་གསུམ་ལ། དེ་གསུམ་སྤངས་པ་ནི་ཡིད་ཀྱི་དགེ་བ་གསུམ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང༌། ངག་གི་མི་དགེ་བ་བཞི་དང༌། ཡིད་ཀྱི་མི་དགེ་བ་གསུམ་བསྡོམས་ན་མི་དགེ་བ་བཅུའོ། །ལུས་ཀྱི་དགེ་བ་གསུམ་དང༌། ངག་གི་དགེ་བ་བཞི་དང༌། ཡིད་ཀྱི་དགེ་བ་གསུམ་སྟེ། བསྡོམས་ན་དགེ་བ་བཅུའོ། །ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བརྒྱད་ཀྱིས་རྣམ་པར་གཞག་སྟེ། ཡན་ལག་ཡོངས་སུ་རྫོགས་པ་དང༌། རབ་ཏུ་དབྱེ་བ་དང༌། རྒྱུ་དང༌། གནས་དང༌། སྒོ་དང༌། ལས་ཀྱི་ལམ་ཆེ་ཆུང་དང༌། འབྲས་བུ་དང་རྣམ་གྲངས་སོ། །དེ་ལ་ཡན་ལག་ཡོངས་སུ་རྫོགས་པའི་དབང་དུ་བྱས་ནས། དེ་ལ་སྲོག་གཅོད་པ་


DTG207_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ལྔ་དང་ལྡན་ན་སྲོག་གཅོད་པའི་སྲོག་བཅད་པ་རྫོགས་པར་འགྱུར་ཏེ། དེ་ལས་འགའ་ཞིག་མ་ཚང་ན་ནི་སྲོག་བཅད་པ་མ་ཡིན་ནོ། །ཡང་ན་ཡན་ལག་དང་པོ་བསྟན་པའི་ཕྱིར་སྲོག་ཆགས་ཀྱང་ཡིན་ཞེས་བྱ་བ་སྨོས་ཏེ། གང་གསད་པར་བྱ་བ་དེ་ཡང་དག་པར་ན་སེམས་ཅན་སྲོག་ཆགས་ཡིན་གྱི། མཐོ་འམ་སྡོང་བུ་ལ་སོགས་པ་མ་ཡིན་ནོ། །ཡན་ལག་གཉིས་པ་བསྟན་པའི་ཕྱིར། སྲོག་ཆགས་སུ་འདུ་ཤེས་ཀྱང་གྱུར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གསད་པར་བསམས་པ་དེ་ཡང་སྲོག་ཆགས་ཡིན་པར་ཤེས་ཤིང༌། སྲོག་བཅད་པ་ཡིན་ཏེ། སྡོང་དུམ་ལ་སོགས་པ་ཡིན་ནོ་བའི་འདུ་ཤེས་ཀྱིས་སྲོག་ཆགས་ལ་བསྣུན་ན་ནི། སྲོག་བཅད་པ་ཡིན་ནོ། །དེ་ནི་མདོར་ན་འདི་སྐད་བསྟན་པ་ཡིན་ནོ། །གང་གསད་པར་བསམ་པ་དེ་ཉིད་གསད་ཀྱི་ནོར་ཏེ་གཞན་མ་བསད་ཅེས་བྱ་བའི་དོན་ཏོ། །ཡན་ལག་གསུམ་བསྟན་པའི་ཕྱིར། གསོད་སེམས་ཀྱང་སྐྱེས་ཞེས་བྱ་བ་སྨོས་ཏེ་གསད་དོ་སྙམ་པའི་སེམས་ཀྱིས་གསོད་སེམས་སྐྱེས་ནས་བསད་ན་ནི་སྲོག་གཅོད་པ་ཡིན་གྱི། གསད་པའི་བསམ་པ་མེད་དེ་ཉོན་མོངས་པ་མེད་པའི་སེམས་ཀྱིས་བསད་ན། སྲོག་བཅད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བཞི་བསྟན་པའི་ཕྱིར། གནོད་པར་ཡང་བྱས་ཞེས་བྱ་བ་སྨོས་ཏེ། གསད་སེམས་ཡོད་ཀྱང་གལ་ཏེ་མཚོན་ལ་སོགས་པས་མ་བསྣུན་ན་སྲོག་བཅད་པ་མ་ཡིན་གྱི། གསད་པར་བསམས་པས་མཚོན་ཆ་ལ་སོགས་པས་ཀྱང་བསྣུན་ཞེས་བྱ་བའི་དོན་ཏོ། །ཡན་ལག་ལྔ་བསྟན་པའི་ཕྱིར། དེ་ཡང་ཤི་ན་ཞེས་བྱ་བ་གསུངས་ཏེ། གང་གསད་པར་བྱ་བ་དེ་ཡང་སྲོག་གི་དབང་པོའི་རྒྱུན་ཆད་དེ་ཤིན་ཡན་ལག་ལྔ་ཚང་བས་སྲོག་བཅད་པ་རྫོགས་པ་ཡིན་ནོ། །སྲོག་བཅད་ཅེས་བྱ་བྱ་བ་ལ་འཚོ་བའི་དབང་པོ་ནི་སྲོག་སྟེ། དེའི་རྒྱུན་གནོད་པར་བྱེད་པའམ་འགོག་པར་བྱེད་པ་ནི་སྲོག་གཅོད་པའོ། །ཐ་ན་ཆུང་ངུ་ན་ཚེ་ཀུན་ཟད་འགགས་ཟིན་ནས་འཚོ་བའི་དབང་པོ་སྐད་ཅིག་མ་གཅིག་སྐྱེ་བར་འགྱུར་བའི་བར་ཆད་བྱས་ན་ཡང་སྲོག་བཅད་པའི་ཁ་


DTG207_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཐོ་བ་དང་ལྡན་པར་འགྱུར་ན་གཞན་ལྟ་ཅི་སྨོས། བག་བྱས་པ་དང་མ་མཐོང་བ་མ་གཏོགས་པ་ཞེས་བྱ་བ་ལ་བག་བྱས་བཞིན་པ་ལས་ཤི་བ་དང་སྡོང་པོ་ལ་བསྣུན་ནོ་སྙམ་པ་ལས་མི་ལ་ཕོག་སྟེ་ཤི་བ་དང༌། མི་ཡོད་པར་མ་མཐོང་སྟེ། རྡོ་འཕངས་པ་ལ་སོགས་པས་ཤི་བར་གྱུར་པ་ནི་སྲོག་གཅོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། མ་བྱིན་པར་ལེན་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་མ་བྱིན་པར་ལེན་པ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐུའམ་སྒྱུའམ་འཇབ་བུས་གཞན་གྱི་ནོར་བླངས་པ་ནི་མ་བྱིན་པར་ལེན་པའོ། །དེ་ཡང་ཡན་ལག་ལྔ་དང་ལྡན་ན་མ་བྱིན་པར་ལེན་པ་རྫོགས་པར་འགྱུར་རོ། །བརྐུས་པར་འགྱུར་རོ། །ཡན་ལག་དང་པོ་བསྟན་པའི་ཕྱིར། རྐུ་སེམས་ཀྱིས་ཞེས་བྱ་བ་གསུངས་ཏེ། གལ་ཏེ་གནས་འདིར་རྫས་བཞག་ན་སྟོར་བར་འགྱུར་བས་གཞན་དུ་བཞག་གོ་སྙམ་དུ་དགེ་བའི་སེམས་ཀྱིས་བླངས་པ་ནི་མ་ཡིན་གྱི་གཞན་གྱི་ནོར་ལ་ཆགས་པས་དེ་བརྐུའོ། །སྙམ་སེམས་པའོ། །ཡན་ལག་གཉིས་པ་བསྟན་པའི་ཕྱིར། ཕ་རོལ་གྱི་ཞེས་བྱ་བ་སྨོས་ཏེ། བདག་གི་ནོར་ནི་མ་ཡིན་གྱི་སེམས་ཅན་གཞན་གྱི་ནོར་ཞེས་བྱ་བའི་དོན་ཏོ། །ཡན་ལག་གསུམ་པ་བསྟན་པར་བྱ་བའི་ཕྱིར། ནོར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གཞན་གྱིས་བདག་གིར་བྱས་པའི་འབྲུ་དང་གཏེར་ལ་སོགས་པའི་རྫས་སོ། །ཡན་ལག་བཞི་བསྟན་པ་ནི། སྦྱོར་བར་བྱེད་པ་སྟེ། རང་གི་གནས་ནས་འཕགས་པ་དང༌། ལམ་དུ་ཞུགས་པ་དང༌། ཁང་ཁྱིམ་འབུགས་པ་ནས་ནོར་རྫས་ལག་གིས་རེག་པའི་བར་དུའོ། །ཡན་ལག་ལྔ་བསྟན་པར་བྱ་བའི་ཕྱིར། བདག་གི་བྱེད་པ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་ནོར་རྫས་གནས་ནས་སྤགས་ནས་བདག་ཁོ་ནའི་ནོར་དུ་བྱས་ནས་ཡན་ལག་རྫོགས་པ་ན་མ་བྱིན་པར་བླངས་པར་འགྱུར་རོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་རྒྱན་བརྐུས་པས་བདག་པོ་མེད་ན་སུ་ལས་བརྐུས་པ་ཡིན། སྨྲས་པ། དེ་སངས་རྒྱས་ལས་བརྐུས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་


DTG207_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ཚེ་ཡོངས་སུ་བཟུང་ཞིང་བཞེས་པས་སོ། །དགེ་སློང་ཞི་བའི་ནོར་བདག་པོ་མེད་པ་བརྐུས་ན་སུ་ལས་བརྐུས་པར་འགྱུར། སྨྲས་པ་གསོལ་བ་དང༌། ཞུ་བའི་ལས་བྱས་ན་ནི་མཚམས་སུ་གཏོགས་པའི་སངས་རྒྱས་ཀྱི་སྲས་རྣམས་ལས་བརྐུས་པར་འགྱུར་རོ། །ལས་མ་བྱས་ན་ནི་སངས་རྒྱས་ཀྱི་སྲས་ཐམས་ཅད་ལས་བརྐུས་པ་ཡིན་ནོ། །མཆོད་རྟེན་ལས་བརྐུས་པ་གང་ལས་བརྐུས་པར་འགྱུར། དེ་ཡང་དེ་བཞིན་གཤེགས་པ་ཉིད་ལས་བརྐུས་པར་འགྱུར། བདག་པོ་མེད་པའི་གཏེར་བྱིན་ན་སུ་ལས་བརྐུས་པ་ཡིན། ཡུལ་གྱི་བདག་པོ་སྟེ། རྒྱལ་པོ་ལས་བརྐུས་པ་ཡིན་ནོ། །མ་དང་ཕ་ཞེས་བྱ་བ་ལ་སོགས་པ་ནི་ཕ་མ་ལ་སོགས་པའི་ནོར་ཡིད་གཅུགས་པ་བླངས་ཀྱང་མི་དགའ་བར་མི་འགྱུར་བའི་ནོར་བླངས་པ་ནི་མ་བྱིན་པར་བླངས་པ་མ་ཡིན་ནོ། །དེ་དག་ལ་ཡང་སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ལུས་ལ་གྱོན་བཞིན་པ་ཡིན་པ་དང༌། ཁ་ཟས་ཟ་བ་བཞིན་དུ་འཕྲོག་པ་ནི་དེ་དག་མི་དགའ་བར་འགྱུར་བས་ན་མ་བྱིན་པར་བླངས་པ་ཡིན་ནོ། །འདོད་པས་ལོག་པར་སྤྱོད་པ་བསྟན་པའི་ཕྱིར་འདོད་པས་ལོག་པར་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བུད་མེད་ལ་གཡེམས་པ་དང་ཞེས་བྱ་བར་སྦྱར་རོ། །མདོར་ན་གཞན་གྱིས་བདག་གིར་བྱས་པའི་བུད་མེད་རྣམས་ལ་མཐུའམ། རྐུན་པོར་སྤྱོད་པ་ནི་འདོད་པས་ལོག་པར་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔར་གཞག་གོ །ལྔ་གང་ཞེ་ན། འགྲོ་བ་མ་ཡིན་པར་འགྲོ་བ་དང༌། ཡན་ལག་མ་ཡིན་པར་འགྲོ་བ་དང༌། མི་རིགས་པར་འགྲོ་བ་དང༌། གནས་མ་ཡིན་པར་འགྲོ་བ་དང༌། དུས་མ་ཡིན་པར་འགྲོ་བའོ། །འགྲོ་བ་མ་ཡིན་པར་འགྲོ་བ་ཡང་རྣམ་པ་ལྔ་སྟེ། ཁྱོས་བསྲུངས་པ་དང༌། རྒྱལ་པོས་བསྲུངས་པ་དང༌། ཕ་མས་བསྲུངས་པ་དང༌། ཆོས་ཀྱིས་བསྲུངས་པ་དང༌། འགྲོ་བས་བསྲུངས་པའོ། །དེ་ལ་ཁྱོས་བསྲུངས་པ་ནི། གང་དག་གི་བག་མར་བླངས་ནས་བདག་གི་ཆུང་མར་བྱས་པའོ། །རྒྱལ་པོས་བསྲུངས་པ་ནི། གང་ཁྱོ་ཤི་བར་


DTG207_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི་བུད་མེད་ཡུགས་སའམ། མགོན་མེད་པར་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཁྲིམས་སུ་བཅད་དེ་སྤྱོད་དུ་མ་གནང་བར་བྱས་པའོ། །ཕ་མས་བསྲུངས་པ་ནི། བུ་མོ་དེ་གཞན་ལ་མ་བྱིན་གྱིས་གཞན་དང་འཁྲིར་མི་འཇུག་པའི་ཕྱིར་ཕ་མའི་གོ་ན་གནས་པའོ། །ཆོས་ཀྱིས་བསྲུངས་པ་ནི་དགེ་སློང་མའམ། ཁྲིམས་མནོས་པ་ཐམས་ཅད་དོ། །འགྲོ་བས་བསྲུངས་བ་ནི། འགྲོ་བ་མང་པོས་ཁྲིམས་སུ་བཅས་ཏེ། འདོད་ཆགས་སྤྱོད་དུ་མི་སྟེར་བའོ། །དེ་ལ་ཁྱོས་བསྲུངས་པ་ལ་སྤྱད་ན་ཁྱོ་ལས་འདོད་པས་ལོག་པར་སྤྱོད་པ་ཡིན་ནོ། །རྒྱལ་པོས་བསྲུངས་པ་ལ་སྤྱད་ན། རྒྱལ་པོ་ལས་ཕྲོགས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱ་བའི་ཕྱིར་རོ། །རྒྱལ་པོ་དེ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་མོ་དུས་ཁྲིམས་མ་ནོས་པའི་ཚེ་སྤྱད་ན་རྒྱལ་པོ་ཉིད་མི་ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་དང་ལྡན་པ་བཞིན་དུ་དོན་འདི་ཡང་འདྲ་བར་བལྟའོ། །ཆོས་ཀྱིས་བསྲུངས་པ་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། རྒྱལ་པོ་ལས་གཞན་དུ་བརྐུས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱ་བ་ཡིན་པས་སོ། །རྒྱལ་པོ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་མོ་དུས་ཁྲིམས་མནོས་པ་ལ་སྤྱད་པ་དང་འདྲ་བར། ཁ་ན་མ་ཐོ་བ་ཐོབ་པར་འགྱུར་རོ། །འགྲོ་བས་བསྲུངས་པ་ལ་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། འགྲོ་བ་མང་པོ་ལས་བརྐུས་ཤིང་མཚུངས་པར་སྤྱོད་པར་འགྱུར་རོ། །ཡན་ལག་མ་ཡིན་པར་འགྲོ་བ་ནི། རང་གི་ཁ་དང་མི་གཙང་བའི་ལམ་དང༌། བདག་གི་ཆུང་མ་ལ་ཡང་ཁ་རྐུབ་ལ་སོགས་པ་སྤྱད་པར་བྱ་བ་མ་ཡིན་པའི་གནས་སུ་སྤྱོད་པའོ། །མི་རིགས་པར་འགྲོ་བ་ནི་མ་དང་སྲིང་མོ་ལ་སོགས་པ་རིགས་ཀྱི་རྒྱུད་དང་འདྲེལ་པ་རྣམས་ལ་འགྲོ་བའོ། །གནས་མ་ཡིན་པར་འགྲོ་བ་ནི། གཡེལ་བ་ཀུན་གྱིས་མཐོང་བའི་


DTG207_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སམ། མཆོད་རྟེན་དང༌། གཙུག་ལག་ཁང་ལ་སོགས་པའི་གནས་སུ་སྤྱོད་པའོ། །དུས་མ་ཡིན་པར་འགྲོ་བ་ནི། ཉིན་པར་བདག་གི་ཆུང་མ་ཁྲག་འཛག་པའམ། ལྟོ་སྦྲུམ་པའམ། བྱིས་པ་ཆུང་ངུ་ནུ་མ་བསྣུན་པའི་ཚེ་སྤྱོད་པ་སྟེ། སྦྲུམ་པའི་ཚེ་སྤྱད་ན་ནི། མངལ་ན་གནས་པ་ལ་གནོད་པ་དང༌། བྱིས་པ་ཆུང་ངུ་འོ་མ་འཐུང་བའི་ཚེ་སྤྱད་ན་ནི། འོ་མ་མྱུར་དུ་ཟད་པར་འགྱུར་ལ། འོ་མ་འཐུངས་ཀྱང་དེ་ལ་ལུས་བརྟས་པ་དང་རྒྱས་པར་མི་འགྱུར་བའི་ཕྱིར་སྤྱད་དུ་མི་རུང་ངོ༌། །ལུས་ཀྱི་མི་དགེ་བ་གསུམ་རྒྱས་པར་བཤད་པ་བསྡུ་བའི་ཕྱིར། འདི་ནི་ལུས་ཀྱི་རྣམ་པ་གསུམ་མོ་ཞེས་བྱ་བ་གསུངས་སོ། །འདོད་པས་ལོག་པར་སྤྱོད་ཅེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། འདོད་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་འདོད་པ་ཞེས་བྱ་བའི་ཚིག་འདི་ནི་ངན་པ་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་པས། དེའི་ཕྱིར་འདོད་པས་ལོག་པར་གཡེམ་པ་ཞེས་བྱའོ། །དེ་ཡང་ཡན་ལག་ལྔ་རྫོགས་པ་ན། འདོད་པས་ལོག་པར་སྤྱོད་པ་ཡིན་ཏེ། ཡན་ལག་ལྔ་ནི་བུད་མེད་ཀྱང་ཡིན། སྒོ་གསུམ་ཡང་མ་ཉམས། ཆགས་སེམས་ཀྱང་ཡོད། སྒོ་གསུམ་དུ་ཡང་བཅུག །དགའ་བར་ཡང་ཚོར་བའོ། །བརྫུན་དུ་སྨྲ་བ་བསྟན་པའི་ཕྱིར། བརྫུན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་མ་ཡིན་པའི་ཚིག་ནི་བརྫུན་ནོ། །དེ་ཡང་འཇིག་རྟེན་གྱི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ཕྱིར་ཏེ། རྣམ་པ་གཉིས་སུ་གཞག་གོ །དེ་ལ་འཇིག་རྟེན་གྱི་དབང་དུ་བྱས་ནས། དབང་དྲིས་ན་ཡང་དག་པ་ཇི་ལྟ་བས་ལོག་པར་སྨྲ་བ་ཞེས་བྱ་བ་གསུངས་ཏེ། མི་གཉིས་ཤིག་ཤགས་ལ་ཞུགས་པ་ན། དགེ་བའི་མི་རྣམས་ཀྱི་ལ་ལ་ཞིག་ལ་དབང་དུ་བསྐོས་ཏེ། མི་འདི་གཉིས་ཀྱི་ཕྱིར་སྨྲས་པ་རྣམས་ཇི་ལྟར་ཐོས་པ་དང༌། མཐོང་བ་བཞིན་དུ་སྨྲོས་ཤིག་ཅེས་བསྒོ་བ་དང༌། བདག་གི་དོན་ནམ་གཞན་བསླུ་བར་བྱ་བའི་ཕྱིར་དབང་པོ་དེ་དྲིས་པའི་དུས་ན་ཐོས་པ་དང༌། མཐོང་བ་ལ་སོགས་པ་ཡང་


DTG207_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཇི་ལྟ་བ་བཞིན་དྲང་པོར་མི་སྨྲའི། གཞན་དུ་སྨྲ་བ་ནི་བརྫུན་ཞེས་བྱའོ། །བརྫུན་དུ་སྨྲ་བའི་མི་དེས་ཀྱང་དོན་ཤེས་པའི་མདུན་དུ་སྨྲ་བ་གོ་བར་གྱུར་ན། བརྫུན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་བརྫུན་གྱི་མཚན་ཉིད་གཞན་དུ་འདུ་ཤེས་པའི་ངག་དོན་ཤེས་པའི་མདུན་དུ་སྨྲ་བ་བརྫུན་དུ་འགྱུར་ཞེས་བཤད་དོ། །འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནས། དགྲ་མ་བཅོམ་པ་ལ་དགྲ་བཅོམ་པའོ་ཞེས་བྱ་བ་གསུངས་ཏེ། དགྲ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །དེ་བཅོམ་པ་ནི་དགྲ་བཅོམ་པའོ། །བསོད་ནམས་ཀྱི་ཞིང་དམ་པར་འགྱུར་པས་འགྲོ་བ་ཀུན་གྱིས་མཆོད་པར་འོས་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཁེ་དང་བསྐུར་སྟི་ལ་ཆགས་པའི་རྒྱུས་དགྲ་བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲས་ན། བརྫུན་ཞེས་བྱ་བ་སྟེ་བཞད་གད་ཀྱི་ཕྱིར་བྱས་པ་ནི་བརྫུན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་དོན་གང་གིས་གོ་བར་བྱ་བ་དེ་ལུས་ཀྱིས་གོ་བར་བྱས་ན། བརྫུན་དུ་འགྱུར་རམ། སྨྲས་པ། དེ་ཡང་འགྱུར་ཏེ་དེའི་ཕྱིར་བཤད་པ། འདི་ལྟར་ཚིག་མི་འབྱིན་ན་བརྫུན་གྱི་ཁ་ན་མ་ཐོ་བས་རིགས་པ་ཡོད་དམ། ཡོད་དེ་ལུས་ཀྱིས་གལ་ཏེ་གོ་བར་བྱེད་ནའོ་ཞེས་དཔེར་ན་གསོ་སྦྱིན་གྱི་ཚེ་བཤད་པའོ། །ཡན་ལག་བཞི་དང་ལྡན་ན་བརྫུན་བྱས་པར་འགྱུར་ཏེ། ཁེ་དང་བཀུར་སྟི་ལ་ཆགས་པས་བདག་གི་ཕྱིར་དང༌། བརྫུན་སྨྲ་བར་བསམ་པ་དང༌། གཞན་གྱིས་གོ་བར་གྱུར་པའོ། །ཕྲ་མ་བསྟན་པར་བྱ་བའི་ཕྱིར། ཕྲ་མ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛའ་བ་དབྱེ་བར་བྱ་བའི་ཕྱིར། བསམ་པས་ཕན་ཚུན་ཚིག་སྐྱེལ་བ་ནི་ཕྲ་མ་སྟེ། དེ་ཡང་ཡང་དག་པའི་ཚིག་སྐྱེལ་བ་དང༌། ཡང་དག་པ་མ་ཡིན་པའི་ཚིག་སྐྱེལ་བ་སྟེ་རྣམ་པ་གཉིས་སོ། །དེ་ལ་བདེན་པ་ཞེས་བྱ་བས་ཡང་དག་པའི་ཚིག་སྐྱེལ་བ་བསྟན་ཏེ། གཞན་གྱིས་གཞན་དག་ལ་མི་དགའ་བའི་ཚིག་སྨྲས་པར་ཡང་བདེན་ལ། དེ་ཉིད་སྒྲོ་མ་བཏགས་པར་ཕན་ཚུན་སྐྱེལ་བའོ། །ཡང་དག་པ་མ་ཡིན་པ་ནི་གཞན་གྱིས་གཞན་དག་ལ་ཚིག་མི་སྙན་པར་མ་


DTG207_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཀྱང༌། སྒྲོ་བཏགས་ནས་ཕན་ཚུན་ཚིག་སྐྱེལ་བ་སྟེ། དེ་ལྟ་བུའི་སྒོ་ནས་མཛའ་བ་འབྱེད་པར་བྱེད་པའི་ཚིག་སྨྲ་ཞིང་བྱེ་བར་གྱུར་ན་ཕྲ་མའོ། །ཡན་ལག་བཞི་དང་ལྡན་ན་ཕྲ་མ་བྱས་པ་ཡིན་ཏེ། ཕྲ་མ་བྱ་བར་ཡང་བསམས་ཕྲ་མའི་ཚིག་ཀྱང་སྨྲས། གཞན་གྱིས་དོན་གོ་བར་ཡང་གྱུར་བའོ། །ཚིག་རྩུབ་པོ་བསྟན་པའི་ཕྱིར། དེ་ལ་ངག་རྩུབ་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་གྱི་ཞེར་འདེབས་པའི་ཚིག་ནི་ཚིག་རྩུབ་པོའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ནི་སྡུག་བསྔལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གི་སེམས་ཀྱིས་གཞན་གྱི་སེམས་ལ་སྡུག་བསྔལ་བར་འདོད་དེ། གང་གཞན་གྱི་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་པའི་ཚིག་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨྲ་བ་ནི་ཚིག་རྩུབ་པོ་ཞེས་བྱའོ། །ཡན་ལག་བཞི་དང་ལྡན་ན་ཚིག་རྩུབ་པོ་སྨྲས་པ་ཡིན་ཏེ། ཞེ་སྡང་བའི་སེམས་དང་ཚིག་རྩུབ་མོ་སྨྲ་བར་བསམ་པ་དང༌། སྨྲས་པ་དང༌། དེའི་རྒྱུས་གཞན་ཡང་སེམས་ལ་སྡུག་བསྔལ་བར་འགྱུར་བའོ། །ཚིག་ཀྱལ་པ་བསྟན་པར་བྱ་བའི་ཕྱིར། ཀྱལ་པར་སྨྲ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་རྣམ་པར་བྱང་བ་ཐོབ་པ་དང༌། ཉོན་མོངས་པ་འཇོམས་པར་བྱེད་པའི་དོན་དང༌། ཆོས་ཀྱི་གཏམ་མ་ཡིན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཚིགས་སྨྲ་བ་ནི་ཀྱལ་པར་སྨྲ་བ་ཞེས་བྱའོ། །དེ་ཉིད་གང་ཡིན་པ་རྒྱས་པར་བསྟན་པ་ནི། རྒྱལ་པོའི་གཏམ་ཞེས་བྱ་བ་ལ་སོགས་པའོ། །སྔོན་རྒྱལ་པོ་ཤྲི་རི་ཧ་རི་ཤ་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་དང་བློན་པོ་དང་ཕོ་བྲང་ལ་སོགས་པ་འདི་འདྲ་བའོ་ཞེས་སྨྲ་བ་ནི་རྒྱལ་པོའི་གཏམ་མོ། །རྐུན་པོ་འགའ་འམ་སྡེར་ཆས་པ་ཆེ་གེ་མོ་ཞིག་གིས་གཞན་གྱི་གནས་བཅོམ་ནས་རྫས་ལ་སོགས་པ་འདི་ལྟར་ཁྱེར་རོ་ཞེས་སྨྲ་བ་ནི་རྐུན་པོའི་གཏམ་མོ། །རྒྱལ་པོ་སྡེ་གཉིས་ལས་དམག་གིས་འཐབ་པ་ན་དཔའ་བོ་ནི་འདི་སྙེད། གླང་པོ་ནི་འདི་སྙེད། རྟ་ནི་འདི་སྙེད། དཔུང་བུ་ཆུང་ནི་འདི་སྙེད་ཅིག་སྟེ། མཐའ་འདི་


DTG207_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྱུར་རོ་ཞེས་སྨྲ་བ་ནི་དམག་གི་གཏམ་མོ། །བདག་ཅག་གི་ཕ་མ་ཉེ་དུ་གཉེན་བཤེས་སམ་མཛའ་བོ་རྣམས་དང་དུས་འདིའི་ཚེ། བཟའ་བ་འདི་ལྟ་བུ་དང་བཏུང་བ་འདི་ལྟ་བུ་དང་སྤྱོད་སྤྱོད་དེ་འདི་ལྟར་དགའ་བར་གནས་ཤེ་འམ། ཕྱིས་ཀྱང་བཟའ་བ་དང་བཏུང་བ་འདི་ལྟ་བུ་དག་བྱའོ་ཞེས་སྨྲ་བ་ནི་ཆང་གི་གཏམ་མོ། །རྒྱན་པོ་འདི་གཉིས་རྒྱན་བ་ཀྱེ་བ་ལས་འདི་ཕམ། འདི་རྒྱལ་ཞེ་འམ། བདག་ཅག་ཀྱང་དུས་འདིར་རྒྱན་པོ་འདི་ལྟར་རྒྱལ་ལོ། །ཞེས་སྨྲ་བ་ནི་རྒྱན་པོའི་གཏམ་མོ། །སྔོན་ནམ་ད་ལྟར་འགྲོ་བ་བཟང་མོ་འདི་ལྟ་བུ་དག་འབྱུང་སྟེ། སྐྱེས་བུ་འདི་དག་དང་རྟག་ཏུ་འགྲོགས། བདག་ཀྱང་འགྲོ་བ་བཟང་མོ་འདི་ལྟ་བུ་འདི་སྙེད་ཅིག་དང་འགྲོགས་ཏེ་སྤྱོད་པ་འདི་འདྲ་ཞེས་སྨྲ་བ་ནི་བུད་མེད་ཀྱི་གཏམ་མོ། །སྔོན་གྱི་རྒྱལ་པོ་དང༌། བློན་པོ་དང་བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ཤེས་པ་དང༌། དཔའ་བའི་གཏམ་གྱི་རྒྱུད་གླེང་བ་ནི་སྒྲུང་གཏམ་མོ། །གཞན་ཡང་གླུ་ལེན་པ་དང་མུ་སྟེགས་ཀྱི་གཙུག་ལག་ལ་སོགས་པ་འཆད་པ་ཡང་ཚིགས་ཀྱལ་པ་ཞེས་བྱའོ། །འོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུས་ན། གླུ་ལེན་པ་དེ་ཡང་ཀྱལ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཁོར་བ་ལས་བྱུང་བ་དང༌། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཚིག་དག་གླུ་དང་སྦྱར་ཏེ་ལེན་པ་གྲོང་མིའི་ཚིག་ལྟ་བུར་མི་རིགས་པས་བསྡུས་པ་མེད་པས་ན་ཉེས་པ་མེད་དོ། །ཡན་ལག་བཞི་དང་ལྡན་ན་ཚིག་ཀྱལ་པར་སྨྲ་བ་ཡིན་ཏེ། ཡན་ལག་བཞི་ནི་ཆགས་པའི་བསམ་པ་དང་ལྡན་པ་དང༌། ཚིག་ཀྱལ་པར་སྨྲ་བར་བསམ་པ་དང༌། ཚིག་ཀྱལ་པར་སྨྲས་པ་དང༌། གཞན་དག་གིས་ཀྱང་ཐོས་ཏེ་ཆགས་པ་སྐྱེས་སོ། །ངག་གི་ལས་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་འདི་ནི་ངག་གི་རྣམ་པ་བཞིའོ། །ཞེས་བྱ་བ་གསུངས་སོ། །ཆགས་སེམས་བསྟན་པའི་ཕྱིར། དེ་ལ་ཆགས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གཞན་གྱི་ནོར་དེ་རྣམས་བདག་གིར་གྱུར་ཅིག་ཅེས་བྱ་བ་ལ། གང་སེམས་ཅན་གཞན་གྱི་


DTG207_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འབྲུའི་དངོས་པོ་དང༌། གཏེར་གྱི་དངོས་པོ་དང༌། ཡུལ་གྱི་དངོས་པོ་རྣམས་ལ་ཆགས་པས་དེ་དག་ཇི་ལྟར་བདག་གིར་གྱུར་པར་བྱ་ཞེས་བསམས་ཏེ། གཞན་གྱི་ནོར་ལ་མཐུ་དང་འཇབ་བུ་ལ་སོགས་པས་བརྐུས་ནས་བདག་གིར་བྱེད་པར་འདོད་པ་ནི་ཆགས་པ་ཞེས་བྱའོ། །ཡན་ལག་གསུམ་དང་ལྡན་ན་ཆགས་སེམས་སུ་འགྱུར་ཏེ། ཆགས་པའི་བསམ་པ་ཡང་ཡོད། ནོར་ལ་བརྐུ་བར་ཡང་སེམས། བརྐུ་བར་བྱ་བའི་སྦྱོར་བ་ཡང་རྩོམ་པའོ། །གནོད་སེམས་བསྟན་པར་བྱ་བའི་ཕྱིར། དེ་ལ་གནོད་སེམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་གི་སེམས་ཀྱིས་གཞན་གྱི་འཚོ་བ་དང་དབྲལ་བར་བྱ་བའམ། ལུས་ལ་གནོད་པར་བྱ་བ་སེམས་པ་ནི་གནོད་སེམས་སོ། །དེ་གཉིས་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། ཕ་རོལ་འཚོ་བ་དང་དབྲལ་བ་ཞེས་བྱ་ག་གསུངས་ཏེ། འཚོ་བ་དང་དབྲལ་བར་སེམས་པ་ནི་གཞན་དག་གསད་པར་སེམས་པའོ། །བཅད་པ་ནི་མཚོན་ཆ་ལ་སོགས་པས་ཡན་ལག་གཏུབས་པར་སེམས་པའམ། ནོར་ལ་སོགས་པ་དང་དབྲལ་བར་སེམས་པའོ། །གཟིར་བ་ནི་བཅིངས་པ་དང་བརྡེག་པ་ལ་སོགས་པར་སེམས་པའོ། །ཡན་ལག་གསུམ་དང་ལྡན་ན་གནོད་སེམས་སུ་འགྱུར་ཏེ། ཞེ་སྡང་དང་ལྡན་པ་དང༌། གནོད་པར་བྱ་བར་སེམས་པ་དང༌། གནོད་པར་བྱ་བའི་ཕྱིར་སྦྱོར་བ་ལ་རྩོམ་པའོ། །ལོག་པའི་ལྟ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ལོག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། དེ་ཡང་འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པ་གོང་མ་ལས་བཟློག་པའོ། །ལོག་པའི་ལྟ་བས་ཆོས་ལྔ་ལ་སྐུར་པ་འདེབས་ཏེ། འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་མི་འགྲོ་བ་ལ་སྐུར་བ་འདེབས་པ་དང༌། ས་བོན་འཇོག་པ་དང་གཞི་ལ་སྐུར་པ་འདེབས་པ་དང༌། རྒྱུ་ལ་སྐུར་པ་འདེབས་པ་དང༌། འབྲས་བུ་ལ་སྐུར་པ་འདེབས་པ་དང༌། དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ། །དེ་ལ་


DTG207_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདི་མེད་འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་མི་འགྲོ་བ་ལ་སྐུར་པ་འདེབས་པའོ། །མ་མེད་ཕ་མེད་ཅེས་བྱ་བ་ནི་ས་བོན་དང་གཞིའི་བྱ་བ་ལ་སྐུར་པ་འདེབས་པའོ། །སྦྱིན་པ་མེད་སྦྱིན་སྲེག་མེད། འདོད་པ་དང་མི་འདོད་པ་མེད་ཅེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་མེད་ཅེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་མེད་ཅེས་བྱ་བ་ནི་དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ། །ཡན་ལག་གསུམ་དང་ལྡན་ན་ལོག་པའི་ལྟ་བ་ཡིན་ཏེ། གཏི་མུག་དང་ལྡན་པ་དང༌། འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ལ་སོགས་པ་སེམས་ཡིད་ཆེས་པ་དང༌། དེ་བཞིན་དུ་ཡང་ཚིག་ཏུ་ཡང་འབྱིན་པའོ། །རབ་ཏུ་དབྱེ་བ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བཞིར་གཞག་སྟེ། དངོས་པོ་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པའོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དངོས་པོ་ནི་དངོས་པོ་གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བ་སྟེ། དེ་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང༌། སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་སྟེ། རྣམ་པ་གཉིས་སོ། །བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་པ་དང༌། དེའི་ལས་བྱ་བར་འདོད་པའི་སེམས་སྐྱེས་པའོ། །སྦྱོར་བ་ནི་དེའི་ལས་བྱ་བའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་རྩོམ་པ་འཇུག་པའོ། །ཡོངས་སུ་རྫོགས་པ་ནི་སྦྱོར་བ་དེ་དག་དེ་ལས་དེ་དག་གིས་དེའི་དུས་ན་མཐར་ཕྱིན་པར་བྱས་པའམ། ཕྱིས་མཐར་ཕྱིན་པར་བྱས་པའོ། །དེ་ལ་སྲོག་གཅོད་པའི་དངོས་པོ་ནི་མི་དང་ཕྱུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །བསམ་པ་ནི་སེམས་ཅན་ཡིན་པ་ཡང་ཤེས་ལ། དེ་བསད་པ་ཡང་བསམ་པའོ། །སྦྱོར་བ་ནི་དེ་ལ་འགའ་ཞིག་ཕྱུགས་བསད་པར་འདོད་ནས་ཁྲི་ལས་ལྡང༌། རིན་བླངས། ལམ་དུ་ཞུགས། བསྣམས་


DTG207_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བྲན་ཁྲིམས་བཅུག །མཚོན་གྱིས་བསྣུན་ཏེ། མཚོན་གཅིག་གཉིས་ལ་སོགས་པ་ཇི་སྲིད་དུ་འཚོ་བ་དང་བྲལ་བར་མ་གྱུར་གྱི་བར་གྱི་ལས་བྱེད་པ་ནི་སྦྱོར་བའོ། །ཡོངས་སུ་རྫོགས་པ་ནི་སྲོག་ཆགས་དེ་སྦྱོར་བ་དེས་དེའི་ཚེ་ཤི་བའམ། ཕྱིས་ཤི་བར་གྱུར་པའོ། །མ་བྱིན་པར་ལེན་པའི་དངོས་པོ་ནི་མི་དང་ཕྱུགས་ལ་སོགས་པའི་སེམས་ཅན་གྱི་དངོས་པོའམ། འབྲུ་དང་གཏེར་ལ་སོགས་པའི་སེམས་ཅན་མ་ཡིན་པའི་དངོས་པོའོ། །བསམ་པ་དེ་ནི་དངོས་པོ་དེ་ཀུན་ཡིན་པར་ཤེས་ལ། གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་ཁྲི་ལས་ལྡང་ངོ༌། །ལམ་དུ་འཇུག་གོ །ཁྱིམ་འབིགས་པ་ལ་སོགས་པ་བྱེད་པ་ནས། ཇི་ལྟར་ཇི་སྲིད་དུ་དངོས་པོ་མ་བླངས་ཀྱི་བར་གྱི་ལས་བྱེད་པའོ། །ཡོངས་སུ་རྫོགས་པ་ནི་མཐུའམ། འཇབ་བུས་དངོས་པོ་དེ་དག་བདག་གིར་བྱས་པའོ། །འདོད་པས་ལོག་པར་སྤྱོད་པའི་དངོས་པོ་ནི་འགྲོ་བར་བྱ་བ་མ་ཡིན་པ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་ཉིད་དོ། །བསམ་པ་ནི་བུད་མེད་ལ་སོགས་པ་ཡིན་པར་ཡང་ཤེས་ལ། དེ་ལ་ཀུན་ཏུ་སྤྱད་པར་བྱ་བར་འདོད་པ་སྐྱེས་པའོ། །སྦྱོར་བ་ནི་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར་སྟན་ལས་ལངས་ནས་བུད་མེད་ཀྱི་གནས་སུ་ཕྱིན་ཏེ། མགོ་དང་རྐང་ལག་ལ་སོགས་པ་ལ་འཛིན་པའི་བར་གྱི་ལས་བྱེད་པའོ། །ཡོངས་སུ་རྫོགས་པ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་དངོས་པོ་ནི་མི་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་འབྲུ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང༌། མཐོང་བ་དང༌། ཐོས་པ་དང༌། རིག་པ་དང༌། ཤེས་པ་དང༌། མ་མཐོང་བ་དང༌། མ་ཐོས་པ་དང༌། མ་རིག་པ་དང༌། མ་ཤེས་པའོ། །བསམ་པ་ནི་ཤེས་བཞིན་དུ་གཞན་དུ་འདུ་ཤེས། གཞན་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་དེའི་ཕྱིར་ཁྲི་ལས་ལྡང་བ་དང༌། ལམ་དུ་འཇུག་པ་དང༌། སྨྲ་བར་རྩོམ་པའི་བར་དུའོ། །ཡོངས་སུ་རྫོགས་པ་ནི་དབང་གི་འཁོར་ཚོགས་པའི་དབུས་སུ་བརྫུན་གྱི་ཚིགས་སྨྲས་པའོ། །ཕྲ་མའི་དངོས་པོ་ནི་དུམ་པའི་


DTG207_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དང༌། མ་དུམ་པའི་སེམས་ཅན་དང༌། ཕྱོགས་གཉིས་སོ། །དེ་ལ་དུམ་པ་ནི་སྔ་ནས་མཛའ་བའོ། །མ་དུམ་པ་ནི་བྱེ་བར་གྱུར་པའོ། །བསམ་པ་ནི་དེ་ཉིད་དབྱེ་བར་བྱ་བར་འདོད་པའི་སེམས་ཏེ། དེ་ཡང་འདུམ་པ་ལ་མི་དགའ་བ་དང༌། མི་འདུམ་པ་ལ་དགའ་བ་སྟེ། རྣམ་པ་གཉིས་སོ། སྦྱོར་བ་ནི་དེ་དག་དབྱེ་བར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་ཚུ་རོལ་ནས་བླངས་ཏེ་ཕ་རོལ་དུ་བསྙད་པ་དང༌། ཕ་རོལ་དུ་བླངས་ནས་ཚུ་རོལ་དུ་བསྙད་ནས་ཕྱོགས་སུ་དབྱེ་བར་གྱུར་པའོ། །དེ་ལ་མཛའ་བ་རྣམས་ལ་ནི་མི་མཛའ་བར་བྱ་བའི་ཕྱིར་དབྱེ་བའི་ཚིག་སྨྲ་བ་སྟེ། མི་མཛའ་བ་རྣམས་ལ་ཕྱིས་ཀྱང་མཛའ་བར་མི་འགྱུར་བའི་ཕྱིར་ཚིག་གིས་སྣོན་པའོ། །ངག་རྩུབ་པོའི་དངོས་པོ་ནི་ཞེ་སྡང་གི་རྒྱུར་གྱུར་པའི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད་པའི་སེམས་སྐྱེས་པ་སྟེ། དེ་ཡང་འདིར་སྔོན་བདག་ལ་གནོད་པར་བྱས། ད་ལྟར་གནོད་པར་བྱེད། མ་འོངས་པ་ན་གནོད་པར་བྱེད་པར་འགྱུར་ཏེ། འདིས་བདག་གི་མཛའ་བོ་ལ་སྔོན་གནོད་པ་བྱས། ད་ལྟར་གནོད་པ་བྱེད་དོ། །ཕྱིས་གནོད་པ་བྱེད་པར་འགྱུར། འདིས་སྔོན་བདག་གི་དགྲ་ལ་ཕན་བཏགས། ད་ལྟར་ཕན་འདོགས། ཕྱིས་ཕན་གདགས་པར་འགྱུར་ཞེས་སེམས་ཞིང༌། དེ་གནོད་པ་བྱ་བར་འདོད་པའོ། །སྦྱོར་བ་ནི་དེ་ལ་གནོད་པར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་དེའི་རྒྱུ་ལས་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་སྡུག་བསྔལ་བར་གྱུར་པའི་ཚིག་རྩུབ་མོ་འབྱིན་པའོ། །ཚིག་ཀྱལ་པའི་དངོས་པོ་ནི་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་དོན་མེད་པས་ཡོངས་སུ་བསྡུས་པའི་གཏམ་རྒྱུད་དོ། །བསམ་པ་ནི་གཏམ་དེ་བྱ་བར་སེམས་ཤིང་འདོད་པ་སྐྱེས་པའོ། །སྦྱོར་བ་ནི་གཏམ་བྱ་བའི་ཕྱིར་རང་རང་གི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་འཁོར་འདུས་པའི་ནང་དུ་གཏམ་སྨྲ་བའོ། །ཆགས་


DTG207_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དངོས་པོ་རྣམ་པ་གཉིས་ཏེ། བདག་གིར་བྱ་བའི་དངོས་པོ་རྣམ་མི་གཏོང་བ་དང༌། ཡོངས་སུ་མི་གཏོང་བའི་དངོས་པོའོ། །དེ་ལ་མི་གཏོང་བའི་དངོས་པོ་ནི་ནོར་དང་འབྲུ་ལ་སོགས་པའི་རྫས་སོ། །ཡོངས་སུ་མི་གཏོང་བའི་དངོས་པོ་ནི་ལྷག་པར་ཆགས་པར་འགྱུར་བའི་ཡུལ་ཏེ། བུ་དང་ཆུང་མ་ལ་སོགས་པའོ། །བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་ཤིང་དེ་ལ་འདོད་པ་སྐྱེ་བ་སྟེ། འདོད་པ་སྐྱེས་བ་ཡང་བསླང་བའི་སྒོ་དང༌། འཐོབ་པར་སྨོན་པའི་སྒོ་དང༌། བརྐུ་བའི་སྒོ་དང༌། རྣམ་པ་གསུམ་མོ། །དེ་ལ་བསླང་བའི་སྒོ་ནི་དངོས་པོ་དེ་ལ་ཆགས་པས་བླངས་ཏེ། ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །ཐོབ་པར་སྨོན་པའི་སྒོ་ནི་ཅི་ནས་ཀྱང་དངོས་པོ་འདི་བདག་གིས་ཐོབ་པར་འགྱུར་ཞེས་སྨོན་ལམ་འདེབས་པའོ། །བརྐུ་བའི་སྒོ་ནི་ཐབས་འདིས་བདག་གིས་དངོས་པོ་འདི་ཐོབ་པའམ་བརྐུ་བར་བྱ་བར་སེམས་པའོ། །སྦྱོར་བ་ནི་བདག་གིར་བྱ་བའི་ཕྱིར་ཇི་ལྟར་བདག་གིར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་ཚོལ་བའོ། །ཡོངས་སུ་རྫོགས་པ་ནི་དེ་དག་བདག་གིར་མི་བྱ་བ་མི་གཏོང་ངོ་ཞེས་སེམས་ངེས་པར་འགྱུར་པའོ། །གནོད་སེམས་ཀྱི་དངོས་པོ་ནི་ཞེ་སྡང་སྐྱེ་བའི་རྒྱུར་འགྱུར་བའི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད་པར་བྱའོ་སྙམ་པའི་སེམས་སྐྱེས་པའོ། །སྦྱོར་བ་ནི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་མི་གསད་མི་རྡེག་ཏུ་མི་གཏོང་ངོ་ཞེས་སེམས་ལ་ངེས་པར་བྱས་སོ། །ལོག་པར་ལྟ་བའི་དངོས་པོ་ནི་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་དང༌། ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པའོ། །བསམ་པ་ནི་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མེད་དོ་སྙམ་སེམས་ཤིང་དེ་ལྟར་མོས་པའོ། །སྦྱོར་བ་ནི་དེ་སྐད་དུ་སྨྲ་བའི་གཙུག་ལག་ཉན་པ་དང་འཆད་པ་རྣམས་དང་འགྲོགས་པའོ། །ཡོངས་སུ་རྫོགས་པ་ནི་མེད་པར་ཡིད་ཆེས་ནས་མེད་དོ་ཞེས་ཚིག་ཏུ་ཡང་འབྱིན་པའོ། །རྒྱུ་དང་ཞེས་བྱ་བ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་མི་དགེ་བའི་རྩ་བ་གསུམ་གྱི་རྒྱུ་ལས་སྐྱེས་ཏེ། མི་དགེ་བའི་རྩ་བ་གསུམ་


DTG207_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནི། འདོད་ཆགས་མི་དགེ་བའི་རྩ་བ་དང༌། ཞེ་སྡང་མི་དགེ་བའི་རྩ་བ་དང༌། གཏི་མུག་མི་དགེ་བའི་རྩ་བའོ། །དེ་ལ་སྲོག་གཅོད་པ་ལ་ཡང་ཆགས་པས་སྲོག་གཅོད་པ་དང༌། ཞེ་སྡང་བས་གཅོད་པ་དང༌། གཏི་མུག་བས་གཅོད་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་ཆགས་པས་སྲོག་གཅོད་པ་ནི། ཤ་དང་པགས་པ་དང་ཁྲག་ལ་སོགས་པ་འདོད་པའི་ཕྱིར་སྲོག་གཅོད་པ་དང༌། རྩེད་མོའི་ཕྱིར་སྲོག་གཅོད་པ་དང༌། བདག་དང་མཛའ་བཤེས་ལ་སོགས་པ་བསྐྱབ་པའི་ཕྱིར་སྲོག་གཅོད་པའོ། །ཞེ་སྡང་གིས་སྲོག་གཅོད་པ་ནི་མི་མཛའ་བ་ཤར་གཉེར་བའི་ཕྱིར་དགྲ་གསོད་པའོ། །གཏི་མུག་གིས་སྲོག་གཅོད་པ་ནི་དཔེར་ན་མཆོད་སྦྱིན་བྱེད་པ་རྣམས་སྲོག་གཅོད་དེ་སྦྱིན་སྲེག་བྱས་ནས་མཐོ་རིས་སུ་སྐྱེའོ། །ཞེས་ཆོས་ཀྱི་བསམ་པས་སྲོག་གཅོད་པ་དང༌། རྒྱལ་པོ་དག་ཀྱང་ཆོས་ལས་འབྱུང་བ་ཚད་མར་བྱས་ནས་གསོད་དེ་མི་བགྲུངས་པ་རྣམས་བསད་པ་ལ་སོགས་པའི་ནན་ཐུར་བྱས་ནས་བསོད་ནམས་ཀྱི་ཤས་སུ་འགྱུར་རོ་ཞེས་ཟེར་བ་དང༌། པར་སིག་ལ་སོགས་པ་འདི་ལྟར་ཕ་མ་རྒས་ཏེ་ཡོར་ཞུགས་པ་ནད་ཚབས་པོ་ཆེས་ཉེན་པ་གསད་པར་བྱའོ་ཞེས་ཟེར་བ་ལ་སོགས་པའོ། །ཡང་ཁ་ཅིག་འདི་སྐད་དུ་སྦྲུལ་དང་སྡིག་པ་དང༌། ཏྲཻ་མ་བུ་ག་ལ་སོགས་པ་མི་ལ་གནོད་པར་བྱེད་པ་ཡིན་པས་བསད་པ་དང་རི་དགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་མིའི་ལོངས་སྤྱོད་ཀྱི་རྐྱེན་ཡིན་པས་བསད་ཀྱང་སྡིག་ཏུ་མི་འགྱུར་རོ་ཞེས་ཟེར་བ་ལ་སོགས་པའོ། །མ་བྱིན་པར་ལེན་པ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་གསུམ་ལས་སྐྱེས་ཏེ། ཆགས་པ་ལས་སྐྱེ་བ་ནི་དངོས་པོ་གང་འདོད་པ་དེ་འཕྲོག་པར་བྱེད་པ་འམ། ཁེ་དང་བཀུར་སྟི་ལ་ཆགས་པའི་ཕྱིར་བརྐུའམ། བདག་དང་མཛའ་བཤེས་བསྐྱབ་བའི་ཕྱིར་ནོར་འཕྲོག་པར་བྱེད་པའོ། །ཞེ་སྡང་གིས་བརྐུ་བ་ནི་དགྲ་ཤར་གཉེར་བའི་ཕྱིར་དགྲ་ལས་འཕྲོག་ཅིང་བརྐུའོ། །གཏི་མུག་ལས་འབྱུང་བ་ནི་ཇི་ལྟར་རྒྱལ་པོའི་ཆོས་ལས་འབྱུང་བ་ཚད་མར་བྱས་ནས་མི་བགྲུངས་པ་རྣམས་ཚར་གཅད་པའི་ཕྱིར་དེ་དག་གི་ནོར་འཕྲོག་ན་བསོད་


DTG207_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཤས་ཐོབ་པོ། །ཞེས་སྨྲས་པ་དང༌། ཇི་ལྟར་བྲམ་ཟེ་རྣམས་སྨྲ་བ། འདི་དག་ཐམས་ཅད་ཚངས་པས་བྲམ་ཟེ་ལ་བྱིན་ཏེ། བྲམ་ཞེས་དམས་པ་ན་དམངས་རིག་ཀྱིས་ལོངས་སྤྱོད་རྣམས་ཀུན་ཏུ་སྤྱད་པར་བྱའོ། །དེ་བས་ན་བླངས་ཀྱང་བྲམ་ཟེ་བདག་གིས་ལེན། བདག་གིས་སྤྱོད་བདག་གི་ལ་གནས་ཤིང་བདག་གིས་བསྟང་དུ་ཟད་ཀྱིས་བྲམ་ཟེ་ལྟ་དབྲོག་པར་བྱའོ། །དེ་ལྟར་བྱས་ཀྱང་འདི་ལ་གཞན་གྱི་ཡིན་པར་འདུ་ཤེས་ཆ་མེད་དོ་ཞེས་འབྱུང་བའོ། །འདོད་པ་ལ་ལོག་པར་སྤྱོད་པ་ཡང་འདོད་པ་ལས་སྐྱེ་པ་དང༌། ཞེ་སྡང་ལས་སྐྱེ་པ་དང༌། གཏི་མུག་ལས་སྐྱེ་བ་སྟེ་རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས་སྐྱེ་བ་ནི་གཞན་གྱི་བུད་མེད་ལ་ཆགས་པའི་ཕྱིར་སྤྱོད་པ་དང༌། བུད་མེད་ཁ་ཅིག་ལ་སྤྱད་ན་ཐོབ་པ་དང་བཀུར་སྟི་འབྱུང་ངོ༌། །ཞེས་ཁེ་དང་བཀུར་སྟིའི་ཕྱིར་སྤྱོད་པ་དང༌། བུད་མེད་ཁ་གཅིག་ལ་སྤྱད་ན་བདག་དང་མཛའ་བཤེས་ལ་སྐྱབས་འབྱུང་ངོ་ཞེས་བདག་དང་གཞན་བསྐྱབ་པའི་ཕྱིར་སྤྱོད་པའོ། །གཏི་མུག་ལས་བྱུང་བ་ནི་དཔེར་ན་ཕྱུགས་ཀྱི་རྗེད་པའི་མཆོད་སྦྱིན་ལས་ཕོ་སྨོས་ཉེ་དུག་གཉེན་བཤེས་སུ་གྱུར་པ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཙུད་དོ། །སྒྲེན་མོར་ཕྱུང་ནས་ཕྱུགས་ཐབས་སུ་སྒུས་སུ་བཅུག་ལ་ཆུ་འཐུང་རྩྭ་ཟ། བབ་བབ་ཏུ་སྤྱོད་ཅིག་དང་མཐོ་རིས་སུ་འགྲོའོ་ཞེས་ཟེར་བ་དང༌། ཡང་ཁ་ཅིག་བུད་མེད་རྣམས་ནི་གཏུན་དང༌། མེ་ཏོག་དང༌། འབྲས་བུ་དང༌། ཁ་ཟས་དྲོད་ལ་བབ་པ་དང༌། སྟེགས་དང་ལམ་ལྟ་བུ་སྟེ། ཀུན་གྱིས་སྤྱད་ཀྱང་ཉེས་པ་མེད་དོ་ཞེས་ཟེར་བ་དང༌། པར་སིག་ལ་སོགས་པ་མ་ལ་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཏེ། ཆུང་མ་ཀུན་ཏུ་འདྲེན་ཅིང་ཁ་འདྲེན་པར་བྱེད་པའོ། །བརྫུན་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་ཆགས་ལས་སྐྱེས་པ་ནི་ནོར་འདོད་པ་དང༌། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་བརྫུན་དུ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་བརྫུན་དུ་སྨྲ་བའོ། །གཏི་མུག་ལས་


DTG207_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ནི་དཔེར་ན་བྲམ་ཟེའི་གཞུང་ལས། །རྒྱལ་པོ་བཞད་གད་རྟོག་པ་བརྫུན་མ་ཡིན། །བུད་མེད་དང་ནི་གཉེན་དུ་འཐམས་པའི་ཚེ། །སྲོག་གི་ཕྱིར་དང་ནོར་ཀུན་སྟོར་བའི་ཕྱིར། །བརྫུན་ལྔ་སྡིག་མེད་ཅེས་པར་སྨྲ་བ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཕྲ་མ་ཡང༌། ཆགས་པ་དང༌། ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་ནོར་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཕྲ་མ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར། དགྲ་དང་བཤེས་པ་རྣམས་ལ་ཕྲ་མ་སྐྱེལ་བའོ། །གཏི་མུག་ལས་སྐྱེས་པ་ནི་མུ་སྟེགས་པའི་གཞུང་ཁ་ཅིག་ལས་ཕྲ་མ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ། །ཚིག་རྩུབ་པོ་ཡང་ཆགས་པ་ལས་སྐྱེས་པ་དང༌། ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པ་སྟེ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་གཞན་གྱི་ནོར་འདོད་པའི་ཕྱིར་ཚིག་རྩུབ་པོས་བསྡིགས་པར་བྱེད་པ་དང༌། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཚིག་རྩུབ་མོ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་རྩུབ་པོ་སྨྲ་བའོ། །གཏི་མུག་ལས་སྐྱེས་པ་ནི་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ། །ཚིག་ཀྱལ་པ་ཡང་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་ནོར་ལ་ཆགས་པ་དང༌། མཛའ་བཤེས་བསྐྱབ་པའི་ཕྱིར་གླུ་ལེན་པ་དང༌། སྔོན་གྱི་གཏམ་རྒྱུད་སྨྲ་བར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་ཀྱལ་པས་དེའི་མཛའ་བཤེས་རྣམས་བསྡུས་ནས་བདག་གི་དབང་དུ་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་གླུ་དང་གར་གྱི་གཙུག་ལག་དང་གཏམ་རྒྱུད་ཀྱི་གཙུག་ལག་གཞན་ལ་བཤད་ན་བསོད་ནམས་སུ་འགྱུར་རོ་ཞེས་ཟེར་བའོ། །ཆགས་སེམས་ཀྱང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི། གཞན་གྱི་ནོར་ལ་ཆགས་པའམ་བདག་


DTG207_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཛའ་བཤེས་བསྐྱབ་པའི་དོན་དུ་ཕ་རོལ་གྱི་ནོར་རྫས་བླངས་པར་སེམས་པའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་དགྲའི་ནོར་འཕྲོག་པ་དང་བརྐུ་བར་སེམས་པའོ། །གཏི་མུག་ལས་སྐྱེས་པ་ནི་བརྐུས་ཀྱང་ཉེས་པ་མེད་པར་སེམས་པའོ། །གནོད་སེམས་ཀྱང་འདོད་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས་སྐྱེས་པ་ནི་གཞན་གྱི་ནོར་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་གཞན་དག་ལ་གནོད་སེམས་སྐྱེས་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཤར་གཉེར་བའི་དོན་དུ་དགྲ་ལ་གནོད་སེམས་སྐྱེས་པའོ། །གཏི་མུག་ལས་སྐྱེས་པ་ནི་གནོད་སེམས་སྐྱེས་ཀྱང་ཉེས་པར་མི་འགྱུར་བར་སེམས་པའོ། །ལོག་པའི་ལྟ་བ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་ཆགས་པ་ལས་སྐྱེས་པ་ནི་ལྟ་བ་ཕྱིན་ཅི་ལོག་ཉིད་ལ་དགའ་བའི་རྒྱུས་ལྟ་བ་དེ་འཛིན་པའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ལྟ་བ་ལོག་པའི་ཕྱོགས་འཛིན་པར་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་ལྟ་བ་ལོག་པར་གཟུང་ཡང་ཉེས་པར་མི་འགྱུར་བར་འཛིན་པའོ། །དེ་ལ་སྲོག་གཅོད་པ་ནི་གནོད་སེམས་དང་ཚིག་རྩུབ་པོ་དང་སྲོག་གཅོད་དངོས་ཏེ་གསུམ་།སྐྱེད་པའི་རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་དུ་ཟིན་ཀྱང་མཇུག་ཏུ་ཞེ་སྡང་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་དང༌། ཆགས་སེམས་གསུམ་ཡང་སྐྱེད་པའི་རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་མོད་ཀྱི། མཇུག་ཏུ་འདོད་ཆགས་ཀྱིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །ལོག་པའི་ལྟ་བ་ནི་རྩ་བ་གསུམ་ལས་བྱུང་ཡང་མཇུག་ཏུ་གཏི་མུག་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །བརྫུན་སྨྲ་བ་དང༌། ཚིག་ཀྱལ་པ་དང༌། ཕྲ་མ་གསུམ་ནི་ཁ་ཅིག་འདོད་ཆགས་ཀྱིས་མཐར་ཕྱིན་པ་ཡོད། ཁ་ཅིག་ཞེ་སྡང་གིས་མཐར་ཕྱིན་པ་ཡོད། ཁ་ཅིག་གཏི་མུག་གིས་མཐར་ཕྱིན་པ་ཡོད་པ་དང༌། རྫོགས་པར་བྱེད་པ་ཡོད་དོ། །གནས་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་ལྔར་རིག་པར་བྱ་སྟེ། ཆུང་བའི་གནས་དང་


DTG207_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བའི་གནས་དང༌། ཆེན་པོའི་གནས་དང༌། སྐྱེ་བའི་གནས་དང༌། བག་ལ་ཉལ་བའི་གནས་སོ། །དེ་ལ་ཆུང་བའི་གནས་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བས་མི་དགེ་བའི་ལས་བཅུ་པོ་ལས། གང་ཡང་རུང་བ་བྱས་པའོ། །འབྲིང་གི་གནས་ནི་དེ་གསུམ་ཤས་ཆེ་བ་ཡང་མ་ཡིན། ཆུང་བ་ཡང་མ་ཡིན་པའི་འབྲིང་གི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །ཆེ་བའི་གནས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤིན་ཏུ་བདོ་བའི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །སྐྱེས་པའི་གནས་ནི་ཉོན་མོངས་པ་གསུམ་གྱི་ལས་ཀྱི་ལམ་བསྐྱེད་ནས་འགགས་པའོ། །བག་ལ་ཉལ་བའི་གནས་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་རྣམས་བག་ཆགས་སུ་གནས་པ་སྟེ། གང་སྐྱེས་ཀྱང་མ་སྐྱེས་འགགས་ཀྱང་མ་འགགས་པའོ། །སྒོ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་སྤྱོད་པ་དང༌། ཁ་ཅིག་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད། ཁ་ཅིག་ཚེ་ཕྱི་མར་ཡང་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། ཁ་ཅིག་ཚེ་རབས་གཞན་དུ་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ཡང་ཡོད། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད་དོ། །དེ་ལ་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ནི། །ཚེ་གང་ལ་ཡང་བྱས་པའི་ཚེ་དེ་ཉིད་ལ་འབྲས་བུ་རྣམ་པར་སྨིན་པ་སྟེ། དེ་ཡང་ཞིང་དང་བསམ་པའི་བྱེ་བྲག་ལས་རྣམ་པ་གཉིས་སུ་གཞག་གོ །དེ་ལ་ཞིང་གི་བྱེ་བྲག་ནི་སྔོན་དགེ་སློང་གཉིས་ཤིག་རྩོད་པར་གྱུར་པ་ལས། དགེ་འདུན་གྱིས་འདུལ་བ་བཞིན་དུ་བཅད་ནས་གཅིག་ཕམ་པར་གྱུར་བ་དང༌། ཕམ་པའི་དགེ་སློང་གིས་དགེ་འདུན་ལ་བུད་མེད་ཅེས་སྨྲས་པས་འཕྲལ་དུ་མཚན་ཡོངས་སུ་གྱུར་ཅེས་གྲགས་པ་ལྟ་བུའོ། །བསམ་པའི་བྱེ་བྲག་ཀྱང་སྔོན་མ་ནིང་ཞིག་གིས་སྙིང་རྗེ་བའི་སེམས་ཀྱིས་གླང་རྨོ་ཞིང་ཤ་བཅད་པར་བྱས་པ་བསླུས་ནས་བཏང་བ་ལས་འཕྲལ་དུ་མ་ནིང་ཉིད་ཕོར་རེད་པ་ལྟ་བུའོ། །གཞན་ཡང་ཕ་མ་དང་དཀོན་མཆོག་གསུམ་ལ་


DTG207_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དང་བའི་བསམ་པས་ཕན་བཏགས་པ་དང༌། ཞེ་སྡང་གི་སེམས་ཀྱིས་གནོད་པ་བྱས་པ་ལ་སོགས་པ་ཡང་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །ཚེ་ཕྱི་མར་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ནི་ཚེ་རབས་བརྗེས་མ་ཐག་ཏུ་འབྲས་བུ་མྱོང་བར་འགྱུར་བའོ། །ཚེ་རབས་གཞན་དུ་རྣམ་པར་སྨིན་པ་མྱོང་བ་ནི་ཚེ་རབས་གཉིས་སམ་གསུམ་དག་གིས་ཆོད་དེ་མྱོང་བའམ། བཅུའམ་བརྒྱ་སྟོང་དག་གིས་ཆོད་དེ་མྱོང་བའམ། དེ་ལ་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ནི་ཉོན་མོངས་པའམ། དད་པ་དྲག་པོས་གང་བྱས་པའམ། རྟག་པར་བྱས་པའམ། ཕན་བཏགས་པའམ། ཡོན་ཏན་གྱི་ཞིང་ལ་གནོད་པའམ། ཕན་པར་བྱས་པ་ནི་འབྲས་བུ་གདོན་མི་ཟ་བར་མྱོང་བར་རིག་པར་བྱའོ། །དེ་ལ་ཉོན་མོངས་པ་དང༌། དད་པ་དྲག་པོས་བྱས་པ་ནི་གང་གོང་དུ་དགེ་འདུན་ལ་ཁ་བྱས་པ་དང༌། མ་ནིང་གིས་གླང་བཏང་བ་ལྟ་བུའོ། །རྟག་པར་བྱ་བ་ནི་ལས་དེ་ཡང་དང་ཡང་དུ་གོམས་པར་བྱས་ནས་འབྲས་བུ་ངེས་པར་མྱོང་བར་འགྱུར་རོ། །ཕན་བཏགས་པ་ནི་ཕ་དང་མ་ལྟ་བུ་སྟེ། དེ་དག་བསད་ན་ཇི་ལྟར་བསད་ཀྱང་རུང་འབྲས་བུ་ངེས་པར་མྱོང་བར་འགྱུར་ཏེ། དེ་དག་ལ་ཕན་བཏགས་ན་ཡང་འབྲས་བུ་མྱོང་བར་ངེས་སོ། །ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ལ་ལ་སྟེ། དེ་དག་ལ་ཕན་པ་དང་གནོད་པར་བྱེད་པ་ཡང་འབྲས་བུ་ངེས་པར་སྨིན་པར་འགྱུར་རོ། །རྣམ་པར་སྨིན་པ་མ་ངེས་པ་ནི་གོང་དུ་བཤད་པ་ལས་གཞན་པའི་ལས་གལ་ཏེ་འབྲས་བུ་རྣམ་པར་སྨིན་པར་འགྱུར། གལ་ཏེ་ན་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་བའོ། །ལས་ཀྱི་ལམ་ཆེ་ཆུང་ནི་རྣམ་པ་དྲུག་ཏུ་གཞག་སྟེ། མངོན་པར་འདུ་བྱེད་པ་དང༌། གོམས་པ་དང༌། རང་བཞིན་དང༌། དངོས་པོ་དང༌། མི་མཐུན་པའི་ཕྱོགས་སུ་ངེས་པ་དང༌། གཉེན་པོ་བཅོམ་པའོ། །དེ་ལ་མངོན་པར་འདུ་བྱེད་པ་ནི། འདོད་ཆགས་དང་ཞེ་སྡང་དྲག་པོས་ལས་ཀྱི་ལམ་རྣམས་བྱས་པ་ནི་ལྕི་བ་ཞེས་བྱའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་འབྲིང་


DTG207_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་འབྲིང་ཞེས་བྱའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཆུང་ངུས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་ཡང་བ་ཞེས་བྱའོ། །དེ་ལ་གོམས་པ་ནི་ལས་དགེ་བ་དང༌། མི་དགེ་བའི་ལས་གང་ཡང་རུང་དུས་རིང་པོར་རྒྱུན་དུ་བྱས་པ་ནི་ལྕི་བའོ། །དུས་ཐ་གི་ཟད་ཅིག་བྱས་པ་ནི་འབྲིང་ངོ༌། །ཆེན་པོ་གོམས་པར་མ་བྱས་པ་ནི་ཡང་བའོ། །རང་བཞིན་ནི་འདོད་པས་ལོག་པར་སྤྱོད་པ་བས་མ་བྱིན་པར་བླངས་པས་ཁ་ན་མ་ཐོ་བ་ཆེ་བའོ། །མ་བྱིན་པར་ལེན་པ་བས་སྲོག་གཅོད་པ་ཁ་ན་མ་ཐོ་བ་ཆེ་བའོ། །སྲོག་གཅོད་པ་བས་ཚིག་ཀྱལ་པ་ཁ་ན་མ་ཐོ་བ་ཆེ་བའོ། །ཚིག་ཀྱལ་པ་བས་ཚིག་རྩུབ་པོ་ཁ་ན་མ་ཐོ་བ་ཆེ་བའོ། །ཚིག་རྩུབ་པོ་བས་ཕྲ་མ་ཁ་ན་མ་ཐོ་བ་ཆེའོ། །ཕྲ་མ་བས་བརྫུན་ཁ་ན་མ་ཐོ་བ་ཆེའོ། །ཆགས་སེམས་པས་གནོད་སེམས་ཁ་ན་མ་ཐོ་བ་ཆེའོ། །གནོད་སེམས་ལས་ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེའོ། །སྦྱིན་པ་བས་ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པའོ། །ཚུལ་ཁྲིམས་པས་སྒོམ་པ་ཁ་ན་མ་ཐོ་བ་མེད་པའོ། །དངོས་པོ་ནི་ཕ་མ་དང༌། དཀོན་མཆོག་གསུམ་ལ་གནོད་པ་དང༌། ཕན་པར་བྱས་པའི་ལས་དགེ་བ་དང༌། མི་དགེ་བ་ཡང་ལྕི་བར་རྣམ་པར་གཞག་གོ །མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་ནི་འདི་ལ་སུ་ཡང་རུང་བས་ཚེ་གཅིག་ཏུ་མི་དགེ་བ་ཤ་སྟག་སྤྱད་ཀྱིས། དགེ་བ་མ་སྤྱད་ན་ལས་དེ་ཉིད་ཀྱིས་ལྕི་བ་རྣམ་པར་གཞག་གོ །གཉེན་པོས་བཅོམ་བ་ནི་མི་དགེ་བའི་ལས་ཀྱི་གཉེན་པོར་གྱུར་པ་དགེ་བ་ལ་གོམས་པར་བྱས་ནས། དགེ་བའི་ལས་དེ་ཡང་ལྕི་བར་རྣམ་པར་གཞག་གོ །འབྲས་བུ་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤྱད་པས་འབྲས་བུ་རྣམ་པ་གསུམ་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་བཅུ་ལས་ཤས་ཆེར་སྤྱད་ན། སེམས་ཅན་དམྱལ་བར་སྐྱེའོ། །འབྲིང་དུ་སྤྱད་ན་ཡི་དྭགས་སུ་སྐྱེའོ། །ཆུང་དུ་སྤྱད་ན་བྱོལ་


DTG207_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གི་སྐྱེ་གནས་སུ་སྐྱེའོ། །ཤས་ཆེ་ཆུང་གི་ཉོན་མོངས་པ་དྲག་དལ་གྱིས་དབྱེའོ། །ཡང་ན་ལས་བྱེད་པ་ལ་སྦྱོར་བ་དང༌། རྩ་བ་དང༌། རྒྱབ་སྟེ་རྣམ་པ་གསུམ་མོ། །དེ་ལ་སྦྱོར་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པར་རྩོམ་པའོ། །རྩ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པའོ། །རྒྱབ་ནི་དེ་དག་བྱེད་པ་ལ་རྗེས་སུ་ཡི་རང༌། ཕྱིས་ཀྱང་དེ་བཞིན་དུ་རྒྱུན་དུ་བྱེད་པ་སྟེ། དེ་གསུམ་གྱིས་བྱས་ན་ཤས་ཆེ་བས་སེམས་ཅན་དམྱལ་བར་སྐྱེའོ། །རྒྱུ་གཉིས་ཀྱིས་ནི་ཡི་དྭགས་སུ་སྐྱེའོ། །གཅིག་གིས་ནི་བྱོལ་སོང་དུ་སྐྱེའོ། །རྒྱུ་འདྲ་བའི་འབྲས་བུ་ནི་ངན་སོང་གསུམ་ལས་ཐར་ཏེ་བརྒྱ་ལ་མིར་སྐྱེས་ན་ཡང་མི་དགེ་བ་གཅིག་ཅིང་རྣམ་པར་སྨིན་པ་གཉིས་མྱོང་བར་འགྱུར་རོ། །དེ་ལ་སྲོག་གཅོད་པའི་འབྲས་བུའི་རྒྱུ་མཐུན་པ་གཉིས་ཏེ། ཚེ་ཐུང་བ་དང༌། ནད་མང་བའོ། །ཚེ་ཐུང་བ་ནི་སྔོན་སེམས་ཅན་གཞན་གྱི་ཚེའི་རྒྱུན་བཅད་པས་མིར་སྐྱེས་ནས་ཡང་མངལ་དུ་འཆི་བའམ། སྐྱེས་ནས་རིང་པོར་མ་ལོན་པར་འཆི་བར་འགྱུར་རོ། །ནད་མང་བ་ནི་སྔོན་སེམས་ཅན་གཞན་བསད་པ་ན་ཡང་དབྱིག་པ་དང༌། མཚོན་ཆ་ལ་སོགས་པས་སྡུག་བསྔལ་བསྐྱེད་པའི་ཕྱིར། མིར་སྐྱེས་པ་ན་ཡང་མཛེ་དང༌། འབྲུམ་བུ་ལ་སོགས་པ་ནད་སྣ་ཚོགས་ཀྱིས་རྒྱུན་དུ་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པར་ལེན་པའི་འབྲས་བུ་རྒྱུ་མཐུན་པ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་ཆུང་བ་དང༌། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་རོ། །ལོངས་སྤྱོད་ཆུང་བ་ནི་སྔོན་གཞན་དག་གི་ལོངས་སྤྱོད་འཕྲོག་ནས་ཕོངས་པར་བྱས་པས། ཚེ་འདིར་ཡང་རྟག་ཏུ་ཡོ་བྱད་ཀྱིས་བྲེལ་ཕོངས་པར་འགྱུར་རོ། །ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བ་ནི་ཕྲོགས་པ་དེ་ཡང་བརྒྱ་ལ་ཕྲོགས་ནས་གཞན་ལ་བྱིན་པའི་འབྲས་བུ་ལོངས་སྤྱོད་ཅི་བདོག་ན་ཡང་རྟག་ཏུ་ཀུན་གྱིས་འཕྲོག་ཅིང་བདག་གཅིག་པུ་སྤྱོད་དུ་མེད་ལ། ཀུན་དང་ཐུན་མོང་དུ་སྤྱོད་པར་འགྱུར་རོ། །འདོད་པས་ལོག་པར་སྤྱོད་པའི་རྒྱུ་མཐུན་པ་ཡང་གཉིས་ཏེ། གཡོག་འཁོར་བསྟེན་དུ་མི་རུང་བ་དང༌།


DTG207_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་དང་བཅས་པའི་ཆུང་མར་འགྱུར་རོ། །གཡོག་འཁོར་བསྟེན་དུ་མི་རུང་བ་ནི་བདག་གི་འཁོར་རྣམས་ཀྱང་སྙིང་བརྟན་དུ་མི་རུང་བ་སྟེ། ཕན་ཚུན་གཅིག་ལ་གཅིག་ཡིད་མི་ཆེས་པར་འགྱུར་བའོ། །བསྟོད་པ་དང་བཅས་པའི་ཆུང་མར་འགྱུར་བ་ནི་བདག་གི་ཆུང་མ་ལ་ཀུན་རེ་ཞིང་ཀུན་གྱིས་མི་ཚངས་པར་སྤྱད་པར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། སྐུར་པ་མང་བ་དང་གཞན་གྱིས་བསླུ་བར་འགྱུར་རོ། །སྐུར་པ་མང་བ་ནི་མ་ཉེས་ཀྱང་ཉེས་ཞེས་གཞན་གྱིས་སྐུར་པ་འདེབས་པར་འགྱུར་རོ། །གཞན་གྱིས་བསླུ་བ་ནི་འདི་ལྟ་བུ་ཞིག་བྱ་ཞེ་འམ་སྦྱིན་ཞེས་ཁས་བླངས་ནས་སྦྱིན་ཞིང་བསླུ་བར་འགྱུར་རོ། །ཕྲ་མའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། གཡོག་འཁོར་མི་འདུམ་པ་དང་གཡོག་འཁོར་ངན་པར་འགྱུར་རོ། །གཡོག་འཁོར་མི་འདུམ་པ་ནི་བདག་གི་འཁོར་རྣམས་ཀྱང་རྟག་ཏུ་རྩོད་ཅིང་འཐབ་པར་འགྱུར་རོ། །གཡོག་འཁོར་ངན་པ་ནི་གཡོག་འཁོར་ཞིག་བདོག་ན་ཡང་ལུས་ཀྱི་བྱད་ལག་མི་མཛེས་པ་དང་མཐུ་དང་ཞོ་ཤ་ཆུང་བར་འགྱུར་རོ། །ཚིག་རྩུབ་པོ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཡིད་དུ་མི་འོང་བ་ཐོས་པ་དང་འཐབ་མོའི་ཚིག་ཏུ་འགྱུར་བའོ། །ཡིད་དུ་མི་འོང་བའི་ཚིག་ཐོས་པ་ནི་རྟག་ཏུ་སེམས་འཁྲུགས་པའི་གཏམ་ཤ་སྟག་ཐོས་པ་དང༌། བདག་གིས་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣར་མི་འོང་བའོ། །འཐབ་མོའི་ཚིག་ཏུ་གྱུར་པ་ནི་བདག་གིས་ཚིག་ཉེས་པར་མ་སྨྲས་ན་ཡང༌། གཞན་དང་འཐབ་ཅིང་རྩོད་པར་འགྱུར་བའོ། །ཚིག་ཀྱལ་པའི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། གཟུང་བར་འོས་པའི་ཚིག་མ་ཡིན་པ་དང༌། མ་ངེས་པའི་སྤོབས་པར་འགྱུར་བའོ། །གཟུང་བར་འོས་པའི་ཚིག་མ་ཡིན་པ་ནི་ཚིག་སྨྲས་པ་རྣམས་མི་བཙུན་ཞིང་བདག་གི་ཚིག་སུས་ཀྱང་མི་ཉན་པར་འགྱུར་བའོ། །མ་ངེས་པའི་སྤོབས་པར་འགྱུར་བ་ནི། །བདག་གིས་ཚིག་སྨྲས་པ་རྣམས་ཐོག་ཏུ་མི་ཕེབས་པར་འགྱུར་བའོ། །ཆགས་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་


DTG207_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཏེ། ཆོག་མི་ཤེས་པ་དང༌། འདོད་པ་ཆེ་བའོ། །ཆོག་མི་ཤེས་པ་ནི་བདག་གི་བདོག་པས་མི་ཆོག་པའོ། །འདོད་པ་ཆེ་བ་ནི་གཞན་གྱི་ལོངས་སྤྱོད་ལ་ཡེབ་རྔམ་བྱེད་པའོ། །གནོད་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཕན་པ་མི་ཚོལ་བ་དང༌། གཞན་གྱིས་གནོད་པར་བྱེད་པའོ། །ཕན་པ་མི་ཚོལ་བ་ནི་གཞན་ཐམས་ཅད་ལ་བདག་གནོད་པར་འགྱུར་བར་དགའ་ཞིང་གནོད་པ་བྱེད་པར་སེམས་པའོ། །གཞན་གྱིས་གནོད་པར་བྱེད་པ་ནི་དུས་ཐམས་ཅད་དུ་གཞན་གྱིས་བདག་ལ་བརྡེག་བཙོག་ལ་སོགས་པ་མི་བདེ་བ་བྱེད་པའོ། །ལོག་པར་ལྟ་བའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པ་གཉིས་ཏེ། གར་སྐྱེས་ཀྱང་མུ་སྟེགས་པ་ལ་སོགས་པའི་གནས་སུ་སྐྱེ་ཞིང་ལོག་པའི་ལྟ་བ་ལ་ཕྱོགས་པར་འགྱུར་བ་དང༌། རྟག་ཏུ་དྲང་པོ་དང་བྲལ་ཏེ་གཡོ་སྒྱུའི་ལས་ཤ་སྟག་ལ་འཇུག་པར་འགྱུར་རོ། །མི་དགེ་བའི་ལས་བཅུ་པོ་དེ་དག་གིས་བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་རྣམས་ཉམས་པར་གྱུར་པ་སྟེ། སྲོག་གཅོད་པས་འབྲུ་ལ་སོགས་པའི་དངོས་པོ་མཐུ་ཆུང་ཞིང་གཟི་ཆུང་བར་འགྱུར་རོ། །མ་བྱིན་པར་བླངས་པས་ཐན་པ་དང༌། སེར་བས་བཅོམ་པར་འགྱུར་བའོ། །འདོད་པས་ལོག་པར་སྤྱོད་པས་ས་གཞི་རྡུལ་གྱིས་ཁྱབ་པར་འགྱུར་རོ། །བརྫུན་དུ་སྨྲ་བས་འབྲུ་ལ་སོགས་པ་དྲི་མི་ཞིམ་པར་འགྱུར་རོ། །ཕྲ་མས་ཡུལ་ས་ཐག་ཐུག་ཆེ་བར་འགྱུར་རོ། །ཚིག་རྩུབ་པོས་སྐམ་པ་དང༌། བ་ཚྭ་ཅན་དུ་འགྱུར་རོ། །ཚིག་ཀྱལ་པས་དུས་འགྱུར་ཞིང་ཆར་ལ་སོགས་པ་དུས་མ་ཡིན་པར་འབབ་པར་འགྱུར་རོ། །ཆགས་སེམས་ཀྱིས་འབྲུ་ལ་སོགས་པ་ཕྲ་བར་འགྱུར་རོ། །གནོད་སེམས་ཀྱིས་ཚ་བ་དང་ཁ་བར་འགྱུར་རོ། །ལོག་པའི་ལྟ་བས་འབྲས་བུ་ཉུང་ཞིང་འབྲས་བུ་མེད་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་འབྲས་བུ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །རྣམ་གྲངས་ཞེས་བྱ་བ་ནི་མདོ་དག་ལས། ལས་ཀྱི་ལམ་བཅུ་པོ་ཉིད་ཀྱི་དབང་དུ་མཛད་ནས། ལུས་ཀྱི་ཡོ་བ་དང༌། ངག་གི་ཡོ་བ་དང༌།


DTG207_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ཡོ་བ་ཞེས་གསུངས་པ་དང༌། ལུས་ཀྱི་རྙོག་པ་དང༌། ངག་གི་རྙོག་པ་དང༌། ཡིད་ཀྱི་རྙོག་པ་ཞེས་གསུངས་པ་དང༌། ལུས་ཀྱི་ཉེས་པ་དང༌། ངག་གི་ཉེས་པ་དང༌། ཡིད་ཀྱི་ཉེས་པ་ཞེས་གསུངས་པ་དང༌། ཡང་ལས་དཀར་པོ་རྣམ་པར་སྨིན་པ་ཡང་དཀར་པོ། ལས་ནག་པོ་རྣམ་པར་སྨིན་པ་ཡང་ནག་པོ་དང༌། ལས་འདྲེན་མ་རྣམ་པར་སྨིན་པ་ཡང་འདྲེན་མ་དང༌། ལས་དཀར་པོ་ཡང་མ་ཡིན་ལས་ནག་པོ་ཡང་མ་ཡིན་ལ། ལས་དཀར་ནག་གི་རྣམ་པར་སྨིན་པ་ཟད་དོ། །ཞེས་གསུངས་པ་ནི་རྣམ་གྲངས་ཏེ་དེ་ལ་སྒྱུའི་སེམས་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་ཡོ་བའོ། །འདོད་ཆགས་ཀྱིས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ལས་ནི་རྙོག་པ་དང༌། ཞེ་སྡང་གི་སེམས་ཀྱི་རྒྱུ་ལས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ཉེས་པའོ། །ངན་སོང་གསུམ་དུ་སྐྱེ་བར་བྱེད་པ་ནི་མི་དགེ་བ་ཅུའི་ལས་ཀྱི་ལམ་ཡང་གནག །རྣམ་པར་སྨིན་པ་ཡང་གནག་པའོ། །གཟུགས་ཀྱི་ཁམས་ཀྱི་སྐྱེས་པའི་ལས་ཀྱང་དཀར། རྣམ་པར་སྨིན་པ་ཡང་དཀར་བའོ། །འདོད་པའི་ཁམས་ཀྱི་མི་ལ་སོགས་པ་སྐྱེ་བར་བྱེད་པའི་དགེ་བ་ནི་ལས་ཀྱང་དཀར་ནག་འདྲེན་མ། རྣམ་པར་སྨིན་པ་ཡང་དཀར་ནག་འདྲེན་མ་ཞེས་བྱའོ། །དེ་མ་ཐག་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལས་དཀར་ནག་ཀྱང་མ་ཡིན་ལ། རྣམ་པར་སྨིན་པ་དཀར་ནག་ཟད་པར་བྱེད་པའི་ལམ་ཞེས་བྱའོ། །ཡང་དག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། ལོག་པའི་འཚོ་བ་བསྟན་ནས། དེ་ལས་བཟློག་ན་ཡང་དག་པའི་འཚོ་བར་འགྱུར་བས། ལོག་པའི་འཚོ་བ་ཇེ་ལ་འཆད་དོ། །དེ་ཡང་དགེ་སློང་གི་ལོག་པའི་འཚོ་བ་དང༌། དགེ་བསྙེན་གྱི་ལོག་པའི་འཚོ་བ་སྟེ་རྣམ་པ་གཉིས་སུ་གཞག་གོ །དེ་ལ་དགེ་སློང་གི་ལོག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ཚུལ་འཆོས་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌།


DTG207_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གཞོགས་བསྡིགས་དང༌། རྙེད་པས་རྙེད་པ་འདོད་པ་ནི། དགེ་སློང་གི་ལོག་པའི་འཚོ་བ་སྟེ། དགེ་བསྙེན་གྱི་ལོག་པའི་འཚོ་བ་ནི་ཕྱིས་འཆད་དོ། །ཚུལ་འཆོས་པ་བསྟན་པའི་ཕྱིར། དེ་ལ་ཚུལ་འཆོས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་འཆོས་པ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་རྣམ་པར་འཇོག་པ་དང༌། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་དང༌། ངན་པ་དང༌། བསོད་པ་བསྟེན་པ་དང༌། མི་བསྟེན་པའོ། །དེ་ལ་སྤྱོད་ལམ་རྣམ་པར་འཇོག་པ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་གཞན་དག་གི་ཡོན་ཏན་ཡོད་པར་དཔག་པའི་སེམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ལམ་འཛིན་པའོ། །དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པའི་སེམས་ཀྱིས་དུར་ཁྲོད་དམ་དགོན་པའི་གནས་སུ་གནས་འཆའ་ཞིང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་མང་པོ་མི་འཛིན་པའོ། །ངན་པ་དང་བསོད་པ་བསྟེན་པ་དང་མི་བསྟེན་པ་ནི། ཁ་ཟས་ངན་པ་དང་ཆོས་གོས་ལ་སོགས་པ་ངན་པ་བསྟེན་པར་སྟོན་ཅིང་ཁ་ཟས་བསོད་པ་དང་ཆོས་གོས་ལ་སོགས་པ་བཟང་པོ་མི་བསྟེན་པར་སྟོན་པ་སྟེ། འདིར་ཡང་ཁེ་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་ལ་ཆགས་པ་ཞེས་སྦྱར། དེ་ལྟར་ཚུལ་འཆོས་པ་རྣམ་པ་གསུམ་ལས་མདོ་འདིར་སྤྱོད་ལམ་རྣམ་པར་འཇོག་པའི་ཚུལ་འཆོས་པ་དང༌། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པའི་ཚུལ་བསྟན་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་བསྟན་པའི་ཕྱིར། དགེ་སློང་དག་སྦྱིན་པའི་བདག་པོ་མཐོང་ན་ཞེས་གསུངས་ཏེ་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་དབང་གིས། རྙེད་པ་དང་བཀུར་སྟི་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བསམས་ནས། དགེ་སློང་གིས་སྦྱིན་པའི་བདག་པོ་མཐོང་བ་དང༌། ལམ་མམ་གྲོང་སྟོང་པར་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་ལ། སྦྱིན་པའི་བདག་པོ་རྣམས་ཀྱིས་ཀྱང༌། དགེ་སློང་འདི་ནི་བསམ་གཏན་པ་དགྲ་བཅོམ་པ་སྟེ། རྙེད་པ་དང་བཀུར་སྟི་བྱ་བའི་འོས་སོ་སྙམ་པའི་སེམས་ཀྱིས་སྤྱོད་ལམ་འཆོས་པ་ནི་ཚུལ་འཆོས་པ་ཞེས་བྱའོ།


DTG207_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི། སོང་བའི་སྤྱོད་ལམ་གྱི་གནས་ཞེས་བྱ་བའི་ཐ་ཚིག་གོ །རྙེད་པ་ནི་ལྷུང་བཟེད་དང་གོས་ལ་སོགས་པའོ། །བཀུར་སྟི་ནི་ཐལ་མོ་སྦྱར་བ་དང་ཕྱག་འཚལ་བ་ལ་སོགས་པའི་ལས་བྱེད་པའོ། །བདག་ལ་ཤོག་ཅིག་ཅེས་བྱ་བ་ནི། བདག་ལ་གྲུབ་པར་གྱུར་ཅིག་ཅེས་སེམས་པའོ། །སྩོགས་པའི་སྒྲས་ནི་ངན་པ་དང་བསོད་པ་ལ་བསྟེན་པ་དང༌། མི་བསྟེན་པའི་ཚུལ་འཆོས་པ་ཡང་བསྡུའོ། །ཁ་གསག་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་གསག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཁེ་དང་བཀུར་སྟི་ལ་བསམ་པས་ན་དེ་དག་དགའ་བའི་ཚིག་སྨྲ་བ་དང༌། བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་དང་ཆོས་སྨྲ་བའོ། །ཁེ་དང་བཀུར་སྟི་བསམ་པས་དེ་དགའ་བའི་ཚིག་སྨྲ་བ་ནི་ཁེ་དང་བཀུར་སྟི་ལ་ཆགས་པའི་རྒྱུས། ཁྱོད་ནི་ཕ་ཡིན་ཁྱོད་ནི་མ་ཡིན་ཞེས་བྱ་བའི་ཚིག་སྨྲ་བའོ། །བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་ནི། བདག་ནི་དད་པ་དང་ལྡན་པ། ཐོས་པ་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །ཆོས་སྨྲ་བ་དང༌། ཁེ་དང་བཀུར་སྟི་ལ་ཆགས་པས། གཞན་དག་གི་ཐད་དུ་དེ་བཞིན་གཤེགས་པའི་གསུང་རབ་འཆད་པ་སྟེ། འདིར་ནི་དེ་དག་དགའ་བའི་ཚིག་སྨྲ་བའི་དབང་དུ་མཛད་པར་བསྟན་པའི་ཕྱིར། ཁྱོད་ནི་ངའི་ཕ། ཁྱོད་ནི་ངའི་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་གཞན་ཡང་ཚིག་སྙན་པ་ཞེས་བྱ་བ་ནི་ཁྱོད་ནི་ངའི་ཇོ་བོ། ཁྱོད་ནི་ངའི་མཁན་པོ། ཁྱོད་ནི་ངའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བདག་ཉིད་ཀྱི་ཡོན་ཏན་སྨྲས་པ་དང༌། ཆོས་སྨྲས་པ་ཡང་བསྡུའོ། །གཞོགས་སློང་བསྟན་པའི་ཕྱིར། དེ་ལ་གཞོགས་སློང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྙེད་པའི་བསམ་པས་ལུས་ལ་གནོད་པའི་དངོས་པོ་སྟོན་པ་དང༌། ཕོངས་པའི་དངོས་པོ་སྟོན་པ་དང༌། ཚིག་གིས་འདོད་པའི་དངོས་པོ་བརྗོད་པའོ། །ལུས་ཀྱི་གནོད་པའི་དངོས་པོ་སྟོན་པ་ནི་ཆོས་གོས་དང་བཟའ་བ་ལ་སོགས་པ་རྙེད་པ་ལ་ཆགས་པའི་སེམས་


DTG207_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདག་གི་ལུས་ཉིད་ལ་རྨ་དང་ཤུ་བ་ལ་སོགས་པས་ཉེན་པར་སྟོན་པ་དང་གྲང་བ་དང་ཚ་བས་ཉེན་པར་སྟོན་པའོ། །ཕོངས་པའི་དངོས་པོ་སྟོན་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་མི་བདོག་པ་དང༌། མེད་པ་འདྲ་བར་སྟོན་པའོ། །ཚིག་གིས་འདོད་པའི་དངོས་པོ་བརྗོད་པ་ནི་བདག་ལ་དངོས་པོ་འདི་ལྟ་བུ་ཞིག་ཁོ་ན་མི་བདོག་ཅེས་ཆོས་གོས་ལ་སོགས་པ་དམ་པ་འདི་ལྟ་བུ་ནི་ཁྱིམ་བདག་དམ་པ་འདི་དག་གི་ཁྱིམ་ནས་རྙེད་ཀྱི། གཞན་དག་གི་དེ་ནས་མི་རྙེད་དོ་ཞེས་སྨྲས་ཏེ། མདོ་འདིར་ཚིག་གིས་དངོས་པོ་འདོད་པའི་དབང་དུ་བཤད་པའི་ཕྱིར། དགེ་སློང་དག་བསོད་སྙོམས་ཟོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསོད་སྙོམས་ཟོས་པ་ནི་ཁྱིམ་བདག་དད་པ་ཅན་དག་གི་ཁྱིམ་སྟེ། བསོད་སྙོམས་ཟོས་ནས་ཡང་རྙེད་པ་ལ་ཡང་ཆགས་པའི་དབང་གིས་ཡང་ནས་ཡང་དུ་དགེ་བསྙེན་ཁྱོད་ཀྱི་ཁྱིམ་ནས་རྙེད་པ་གཞན་དག་ནས་མི་རྙེད་དོ་ཞེས་སྨྲ་བ་ནི་གཞོགས་སློང་ངོ༌། །ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པར་དྲང་པོར་སྨྲ་བ་ནི་ཉེས་མེད་དེ། གཞོགས་སློང་མ་ཡིན་ནོ། །གཞོགས་པའི་བསྡིགས་བསྟན་པའི་ཕྱིར། དེ་ལ་གཞོགས་བསྡིགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞོགས་བསྡིགས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་སྦྱིན་པའི་ཡོན་བདག་ལ་སྨོད་པར་བྱེད་པ་དང༌། གཞན་ཡང་འབྲེལ་པ་ལ་སློང་བ་དང༌། ཡོངས་སུ་མི་གཏོང་བ་ལ་སྨོད་པར་བྱེད་པའོ། །རྙེད་པའི་བསམ་པས་སྦྱིན་པའི་ཡོན་བདག་ལ་སྨོད་པར་བྱེད་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པས་གང་གི་ཚེ་སྦྱིན་པའི་ཡོན་བདག་གིས་ཆོས་གོས་ལ་སོགས་པའི་རྙེད་པ་མ་སྦྱིན་ན་དེ་ནི་དབུལ་པོར་འགྱུར་རོ། །གཞན་ཡང་མི་བདེ་བ་རྣམ་པ་སྣ་ཚོགས་འདུག་གོ་ཞེས་སྨྲའོ། །གཞན་ཡང་འབྲེལ་པ་ལ་སློང་བ་ནི་བདག་གི་ཡོན་བདག་གི་སྐབས་སུ་མ་བྱིན་ན་ཡོན་བདག་ཁྱོད་གཅིག་པུར་མ་ཟད་ཀྱི། གཞན་དག་ཀྱང་ཡོད་དོ་ཞེས་སྨྲ་ཞིང་གཞན་ལ་སློང་བར་བསྡིགས་པའོ། །ཡོངས་སུ་མི་གཏོང་བ་ལ་སྨོད་པ་ནི། གང་སྦྱིན་པ་མི་བྱེད་པ་དག་ནི་གདོན་མི་ཟ་བར་ངན་སོང་དུ་ལྟུང་ལ། ཁྱོད་


DTG207_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྦྱིན་པ་མི་བྱེད་པས་ངེས་པར་ངན་སོང་དུ་ལྟུང་ངོ་ཞེས་བསྡིགས་པ་སྟེ། འདིར་ཡོངས་སུ་མི་གཏོང་བ་ལ་སྨོད་པའི་དབང་དུ་མཛད་ནས་བཤད་པར་བསྟན་པའི་ཕྱིར། དགེ་སློང་དག་ཁྱིམ་གང་ནས་བསོད་སྙོམས་མ་རྙེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོའི་ཚིག་དངོས་གསལ་བར་མ་བཤད་ན། གཞོགས་བསྡིགས་རྣམ་གཉིས་ཀྱང་འདིར་བསྡུ་བར་བལྟའོ། །རྙེད་པས་རྙེད་པ་འདོད་པ་བསྟན་པའི་ཕྱིར། དེ་ལ་རྙེད་པས་འདོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པ་དང༌། སྦྱིན་པའི་ཡོན་བདག་རྒྱ་ཆེན་པོར་སྟོན་པ་དང༌། ཟང་ཟིང་རྙེད་པར་སྟོན་པའོ། །རྙེད་པའི་བསམ་པས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པ་ནི་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པའི་རྒྱུས་བདག་ཉིད་ཀྱི་ནོར་གྱིས་ཆོས་གོས་ལ་སོགས་པ་བཟང་པོ་ཉོས་ནས་བདག་གི་ཡོན་བདག་ལ་ཆོས་གོས་འདི་ལྟ་བུ་ཡོན་དག་གཞན་དག་ལས་རྙེད་དོ་ཞེས་སྨྲ་བའི་སྒོ་རྙེད་པ་བསྒྲུབ་པའོ། །ཡོན་བདག་རྒྱ་ཆེན་པོར་སྟོན་པ་ནི་ཡོན་བདག་ཆེ་གོ་མོ་ཞིག་དབང་དུ་གཏོང་ན། གཏོང་བ་རྒྱ་ཆེན་པོ་ལ་དགའ་བ། ཡོན་བདག་དེ་ལྟ་བུ་མ་ཡིན་ནོ། །ཞེས་སྨྲས་པའོ། །ཟང་ཟིང་རྙེད་པར་སྟོན་པ་ནི་སྦྱིན་བདག་གང་གི་ཁྱིམ་དུ་སོང་ནས། ཁ་ཟས་དང་ཆོས་གོས་ལ་སོགས་པ་བྱིན་ན་སྦྱིན་བདག་གཞན་རྣམས་ཀྱི་ཁྱིམ་དུ་ཡང་ཟང་ཟིང་ཅི་སྦྱིན་པ་སྨྲ་བ་སྟེ། འདིར་རྙེད་པས་རྙེད་པ་བསྒྲུབ་པ་རྣམ་པ་གསུམ་ལས་རྙེད་པའི་བསམ་པས་གཞན་རྒྱ་ཆེན་པོར་རྙེད་པར་སྟོན་པའི་དབང་དུ་མཛད་ནས་བཤད་པའི་ཕྱིར། དགེ་སློང་དག་བདག་གི་ནོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་མདོར་ན་བདག་ཉིད་ཀྱི་ནོར་གྱིས་ཆོས་གོས་ལ་སོགས་པ་ཉོས་ནས་སྦྱིན་པའི་བདག་པོ་དགེ་བསྙེན་གྱི་མདུན་དུ་འདུག་སྟེ། སྦྱིན་པའི་ཡོན་བདག་གཞན་གྱིས་བདག་ལ་ཆོས་གོས་ལ་སོགས་པ་འདི་འདྲ་བ་བྱིན་ནོ་ཞེས་སྨྲས་པ་དང༌། དེ་ཡང་ངོ་ཚ་བས་ཆོས་གོས་ལ་སོགས་པ་སྦྱིན་པར་བྱེད་པ་སྟེ། རྙེད་པས་རྙེད་པ་བསྒྲུབ་པ་


DTG207_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་ཀྱང་འདིར་བསྡུ་བར་བལྟ་བའོ། །དགེ་སློང་གི་ལོག་པར་འཚོ་བ་རྣམ་པ་ལྔ་པོ་དེ་ཡང་རྣམ་པ་གསུམ་དུ་གཞག་གོ །ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ལུས་དང་ངག་གཉི་གའི་ལས་སོ། །དེ་ལ་ཚུལ་འཆོས་པ་ནི་ལུས་ཀྱི་ལས་ཡིན་ནོ། །ཁ་གསག་ནི་ངག་གི་ལས་སོ། །གཞོགས་སློང་དང༌། གཞོགས་བསྡིགས་དང༌། རྙེད་པས་རྙེད་པ་བསྒྲུབ་པ་ནི་ལུས་དང་ངག་གཉི་གའི་ལས་དང་ལྡན་པ་ཡོད་དོ། །དེ་ལ་ལོག་པའི་འཚོ་བ་རྣམ་པ་ལྔ་སྤངས་ནས་དགེ་སློང་རྣམས་ཀྱི་ཡང་དག་པའི་འཚོ་བར་འགྱུར་རོ་། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བསྙེན་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་བསྙེན་མ་དང་དུས་ཁྲིམས་པ་ཡང་བསྡུའོ། །གོང་དུ་དགེ་སློང་གི་སྐབས་སུ་ཡང༌། དགེ་སློང་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་སློང་མ་དང༌། དགེ་སྦྱོང་ཕ་དང་དགེ་སྦྱོང་མ་དང་དགེ་ཚུལ་མ་རྣམས་ཀྱང་བསྡུའོ། །སེམས་ཅན་འཚོང་བ་ཞེས་བྱ་བ་ནི་མི་འཚོང་བ་སྟེ། དགེ་བསྙེན་མ་རྣམས་ལ་དེ་ནི་འགག་པ་ཡིན་ཏེ། རྟ་ལ་སོགས་པ་སེམས་ཅན་ཚོང་དུ་མི་གནང་བ་ནི་མ་ཡིན་ནོ། །མ་བརྟགས་པར་འབྲུ་དང་ཡུངས་ཀར་འཚིར་བ་ཞེས་བྱ་བ་ནི་དུས་རིང་པོར་ལོན་པའི་འབྲུ་དང་ཉུངས་ཀར་ལ་སྲིན་འཇུག་པས་མ་བརྟགས་པར་འབྲུ་དང་ཡུངས་ཀར་ལ་སོགས་པ་བཙིར་ན་སྲོག་ཆགས་ཀྱི་སྲོག་ལ་གནོད་པའི་ཕྱིར་ལོག་པར་འཚོ་བར་གཞག་སྟེ། བརྟགས་ཏེ་བཙིར་བ་ནི་ལོག་པའི་འཚོ་བ་མ་ཡིན་ནོ། །ཞེས་དགོངས་པའོ། །དེ་ཡང་རྣམ་པ་གཉིས་སུ་གཞག་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ལོག་པའི་འཚོ་བ་དང༌། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ། །དེ་ལ་སེམས་ཅན་འཚོང་བ་དང༌། ཤ་འཚོང་བ་དང༌། མ་བརྟགས་པར་འབྲུ་འཚོང་བ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ། །དུག་འཚོང་བ་དང་མཚོན་ཆ་འཚོང་བ་དང་ཆང་འཚོང་བ་ནི།


DTG207_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ། །ཡང་དག་པའི་རྩོལ་བ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསོང་པོར་སྨྲ་བ་དང་ཞེས་བྱ་བ་ནི་ཁྱིམ་ན་གནས་པའི་ཕྱོགས་ཀྱི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། ཕ་དང་མ་དང་རིགས་ཀྱི་རྒན་པ་རྣམས་དང་ཕྲད་ནས་ལུས་ཀྱིས་འདུད་པ་དང་ཚིག་གིས་བསུ་སྟེ་འཇམ་པོར་སྨྲ་བའོ། །ཕྱག་འཚལ་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་ནས། མཁན་པོ་དང་སློབ་དཔོན་ལ་སོགས་པ་དང་ཕྲད་ནས་ཡན་ལག་བཏུད་དེ་ཕྱག་བྱེད་པའི་ལས་བྱེད་པའོ། །སྡང་བ་ཞེས་བྱ་བས་བླ་མ་ལ་སོགས་པ་གཞན་གང་འོང་བའི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། གང་ཟག་ཡོན་ཏན་ཅན་བླ་མ་གཞན་དག་གུས་ནས་འོངས་པ་རྣམས་ལ་ཡང་སྟན་ལས་ལངས་ནས་བསུ་སྟེ་སྟན་ལ་འཇོག་ཅིང་སྟོབས་པའོ། །ཐལ་མོ་སྦྱར་བའི་ལས་བྱེད་ཅེས་བྱ་བས་གནས་གཅིག་ན་འཁོད་པའི་གང་ཟག་ཡོན་ཏན་ཅན་རྣམས་ལ་གུས་པའི་ཚུལ་སྟོན་པ་སྟེ། གནས་གཅིག་ན་གནས་པའི་གང་ཟག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ཕྲད་ན་ཡང་ལུས་བཏུད་པ་དང་ཐལ་མོ་སྦྱར་བའི་ལས་བྱེད་པ་སྟེ། འདི་ནི་ཡང་དག་པའི་རྩོལ་བའོ། །མདོར་ན་མི་མཐུན་པའི་ཕྱོགས་སྤངས་པ་དང༌། གཉེན་པོ་བསྒོམ་པ་ལ་བརྩོན་པ་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་དྲན་པ་བསྟན་པའི་ཕྱིར། ཡང་དག་པའི་དྲན་པ་གང་ཞེ་ན། འདི་ལ་དགེ་སློང་དག་ཅེས་བྱ་བ་གསུངས་སོ། །དེ་ལ་སེམས་ཅན་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་དང༌། ཞེ་སྡང་གི་རང་བཞིན་ཅན་དང༌། གཏི་མུག་གི་རང་བཞིན་ཅན་ནོ། །གསུམ་པོ་དེ་དག་གི་མཚན་མ་བརྟག་པར་བྱ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་གྱི་མཚན་མ་ནི་རང་བཞིན་གྱིས་གཡོ་ཞིང་གཡེངས་པའི་ངང་ཚུལ་ཅན་གླུ་དང་གར་ལ་སོགས་པ་ལ་དགའ་བ། དྲན་པ་ཉམས་པ་ལ་རྟག་པར་སེམས་ངང་གིས་འཇམ་པ། ཕྲག་དོག་ཆེ་བ། ངོ་


DTG207_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་མང་བ་ལ་གནས་པ། འདོད་ཆགས་སྤངས་པར་དཀའ་བ་ཁ་ན་མ་ཐོ་བ་ཆུང་བའོ། །ཞེ་སྡང་གི་རང་བཞིན་ཅན་གྱི་མཚན་མ་ནི་ཅི་ལ་ཡང་གླེང་བ་དང་སྨྲ་བར་བྱེད་པ་འཐབ་མོ་ལ་དགའ་བ། བཞིན་ཁྲོ་གཉེར་ཅན། མགུ་དཀའ་བ། སེམས་ངང་རྩུབ་པོ་རྣོ་བ། སྡིག་ལ་དགའ་བ། སེམས་ཅན་སེམས་རྩུབ་ཅིང་གནོད་པར་བྱེད་པ་ལ་མོས་པ། ཉོན་མོངས་པ་སྤང་བར་བླ་བ་སྟེ། །ཁ་ན་མ་ཐོ་བ་ཆེན་པོའོ། །གཏི་མུག་གི་རང་བཞིན་ཅན་གྱི་མཚན་མ་ནི། ཡིད་གཉིས་ཅན་ལས་སུ་བྱ་བ་ལ་སྤྲོས་པ་མེད་པ། གཉིད་དང་རྨུགས་པ་མང་བ་རྟོག་པ་དང་སེན་ལྕིགས་ཅན་གྱི་རང་བཞིན་མ་ཡིན་པ། ཤིང་བལ་དང་སྲིན་བལ་ལྟ་བུའི་སེམས་རྨོངས་པ་མང་བ་ལེ་ལོ་ཆེ་བ་སུ་ལ་ཡང་ཡིད་མི་རྟོན་པ་སྐྱེ་བོ་དེ་ཉིད་ཀྱང་ཡིད་བརྟན་དུ་མི་རུང་བ། འགྲོ་བ་དགེ་བ་རྣམས་ཞེ་སྡང་སྐྱེ་བ། བྱས་པ་མི་གཟོ་བ། ཉོན་མོངས་པ་སྤང་བར་དཀའ་བ་ཁ་ན་མ་ཐོ་བ་ཆེ་བའོ། །དེ་དག་ལ་ཡང་ཞིབ་ཏུ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདོད་ཆགས་ཀྱི་སྤྱོད་པ་ནི་འདོད་པའི་ཡོན་ཏན་ལ་དགའ་བ་གཞན་དག་གི་ཡོན་ཏན་ཕལ་ཆེར་ཚོལ་གྱི་ཉེས་པའི་གླགས་མི་བལྟའོ། །ཞེ་སྡང་ཅན་གྱི་སྤྱོད་པ་ནི་གང་ལ་ཡང་ཆགས་པ་མི་ཆེ་བ་གཞན་དག་གི་སྐྱོན་དང༌། ཉེས་པ་ཕལ་ཆེར་ཚོལ་བར་བྱེད་པའོ། །གཏི་མུག་ཅན་གྱི་སྤྱོད་པ་ནི་གང་དུ་ཡང་མི་གནས་པ་འཇོག་པ་དང་རྟོག་པའི་རང་བཞིན་ཅན་མ་ཡིན་པའོ། །སྔོན་གྱི་སྤྱོད་པའི་སྒོ་ནས་བརྟགས་ན། འདོད་ཆགས་ཅན་ནི་སྔོན་དགེ་བའི་ལས་ཕལ་ཆེར་བྱས་པས་བདེ་བའི་འབྲས་བུ་ལ་གནས་པའི་ཕྱིར་མཐོ་རིས་ཀྱི་གནས་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་བལྟའོ། །ཞེ་སྡང་ཅན་ནི་སྔོན་བསད་པ་དང་བཅད་པ་དང་བརྡེགས་པ་ལ་སོགས་པའི་ལས་ཕལ་ཆེར་བྱས་པས་སེམས་ཅན་དམྱལ་བའམ། ཀླུའི་སྐྱེ་གནས་སམ་མིའི་སྐྱེ་གནས་ན་ཡང་རྟག་ཏུ་སྡུག་བསྔལ་བར་གནས་པ་ལས་ཤི་འཕོས་ནས་འདིར་སྐྱེ་སྟེ། སྔོན་ཡང་རྟག་ཏུ་སྡུག་བསྔལ་གྱིས་སེམས་དཀྲུགས་པས་གར་སྐྱེས་པ་དེར་ཡང་སེམས་འཁྲུགས་པ་དང་ཞེ་སྡང་ཆེ་བར་


DTG207_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །གཏི་མུག་ཅན་གྱི་སྤྱོད་པ་ནི་སྔོན་གྱི་རྒྱུ་སྔོན་ཆང་མང་དུ་འཐུངས་པའམ། མཉན་པ་དང་འབྲི་བ་ལ་སོགས་པའི་ལས་མ་བྱས་པ་དང༌། བྱོལ་སོང་གི་སྐྱེ་གནས་ནས་ཤི་འཕོས་ནས་འདིར་སྐྱེ་བར་བལྟའོ། །ཁམས་ཀྱི་རྒྱུས་བརྟགས་ན་ས་དང༌། ཆུ་དང༌། མེ་དང༌། རླུང་སྟེ། འབྱུང་བ་ཆེན་པོ་བཞི་ཤས་མཉམ་ན་ནི་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ། །མེའི་ཁམས་དང་རླུང་གི་ཁམས་ཤས་ཆེ་ན་ནི་ཞེ་སྡང་ཆེ་བར་འགྱུར་རོ། །ས་དང་ཆུའི་ཤས་ཆེན་ནི་གཏི་མུག་ཆེ་བར་འགྱུར་རོ། །ཉེས་པའི་གླེང་གཞིས་བརྟགས་ན་རླུང་གི་ཤས་ཆེ་བ་རྣམས་ནི་འདོད་ཆགས་སྤྱོད་པ་ལ་གནས་པའོ། །མཁྲིས་པའི་ཤས་ཆེ་བ་རྣམས་ནི་ཞེ་སྡང་ཆེ་བ་ལ་གནས་པའོ། །བད་ཀན་གྱི་ཤས་ཆེ་བ་རྣམས་ནི་གཏི་མུག་ཆེ་བ་རྣམས་སོ། །ཡང་རྣམ་པ་བདུན་གྱི་སྒོ་ནས་རྣམ་པ་གསུམ་གྱི་སྤྱོད་པ་བརྟགས་ཏེ། རྣམ་པ་བདུན་ནི་དམིགས་པ་དང༌། ཉོན་མོངས་པ་དང༌། འགྲོ་བ་དང༌། ཆོས་གོས་བགོ་བ་དང༌། ཁ་ཟས་ཟ་བ་དང༌། ལས་བྱེད་པ་དང་ཉལ་བའོ། །དམིགས་པ་ཇི་ལྟར་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་གཟུགས་འགའ་ཞིག་མཐོང་ན་ངོ་མཚར་དུ་གྱུར་པར་ལྟ་ཞིང༌། ཡུན་རིང་དུ་ལྟ་བ་ལ་ཉེས་པ་ཞིག་བྱུང་ན་ཡང་ཉེས་པར་མི་ལྟ་ཡོན་ཏན་ཅུང་ཟད་ཙམ་ཡང་མཚར་དུ་བཅུག་པར་བྱེད་ལ། གང་མཐོང་བ་དེ་དང་འབྲལ་བར་མི་དགའ་ཞིང་བྲལ་ན་ཡང་སླར་ཕྲད་པར་འདོད་པ་དང་བཅས་ཏེ་འགྲོ་བའོ། །ཞེ་སྡང་གི་ཤས་ཆེ་བ་གཟུགས་འགའ་ཞིག་མཐོང་ན་མཚར་དུ་བྱ་བ་མེད་ཀྱི་བྲལ་བ་དང་ཆད་པའི་ཚུལ་དུ་ལྟ་ཞིང༌། ཡུན་རིང་དུ་མི་ལྟ་ལ་གཞན་དག་ལ་ཡང་ཉེས་པ་དང་སྐྱོན་ཚོལ་བ་མང་བ། སྨོད་པ་ལ་དགའ་བ་ཡོན་ཏན་དང་ལེགས་པ་ཆེར་བྱས་ན་ཡིད་མི་རྟོན་པ། གང་མཐོང་བ་དང་བྲལ་བར་འདོད་ལ། མི་དགའ་བའི་ཚུལ་བསྟན་ནས་འགྲོ་བར་བྱེད་པའོ། །གཏི་མུག་གི་ཤས་ཆེ་བ་ནི་གཟུགས་འགའ་ཞིག་མཐོང་ན་ཡང་ཉེས་པ་དང་ཡོན་ཏན་གྱི་ངོ་མི་ཟིན་པ། གཞན་དག་གིས་སྨད་ན་ཡང་


DTG207_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་སྨོད་ལ། གཞན་དག་གིས་བསྟོད་ན་ཡང་རྗེས་སུ་སྟོད་པར་བྱེད་དོ། །བདག་ཉིད་ཀྱི་ལེགས་ཉེས་ཀྱི་ངོ་མི་ཤེས་པའོ། །ཇི་ལྟར་ཉོན་མོངས་པའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ཕྲག་དོག་དང། སེར་སྣ་དང༌། གཡོ་དང༌། སྒྱུ་དང༌། ཆགས་པ་དང་ལྔའོ། །ཞེ་སྡང་གི་ཤས་ཆེ་བ་རྣམས་ཀྱང་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ལྔ་ནི་ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཁོང་ཁྲོ་བ་དང་ལྔའོ། །གཏི་མུག་གི་ཤས་ཆེ་བ་ནི་རི་ཉོན་མོངས་པ་ལྔ་ལ་རྒྱུན་དུ་སྤྱོད་དེ། ལྔ་ནི་ལེ་ལོ་དང་གཉིད་དང་རྨུགས་པ་དང་ཡིད་གཉིས་དང་འགྱོད་པ་དང་ལྔའོ། །ཇི་ལྟར་འགྲོ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པར་འགྲོ་བ་ན། རྐང་པ་མཉམ་དུ་འདོར་ཞིང་དལ་བུས་འགྲོ་བ་གོམ་པ་མཛེས་པར་འདོར་ཞིང་འགྲོ་བའོ། །ཞེ་སྡང་ལ་སྤྱོད་པར་འགྲོ་བ་ན། རང་བཞིན་གྱིས་གོམ་པ་གྱ་ཚོམ་དུ་འདོར་ལ་རྐང་པ་ས་ལ་གནོན་པ་འདྲ་བར་བྱས་ཤིང་གཡས་ཕྱོགས་ཀྱིས་འགྲོའོ། །གཏི་མུག་ལ་སྤྱོད་པར་འགྲོ་བ་ནི། རང་བཞིན་གྱིས་རྐང་པ་ས་ལ་འཇོག་པ་ན། བྲེལ་བག་ཏུ་འཇོག་ལ་འགྲོ་བའི་ཚེ་རྐང་པ་གཉིས་ས་ལ་འཆའ་བ་དང་རྐང་པ་གཉིས་གཅིག་ལ་གཅིག་འདྲུད་ཅིང་འགྲོའོ། །ཇི་ལྟར་ཆོས་གོས་གྱོན་པའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཧ་ཅང་དོག་པ་ཡང་མ་ཡིན་ཡངས་པ་ཡང་མ་ཡིན་པ་ལ་དགའ་བ་དང༌། སྐ་རགས་དམ་དུ་མི་འཆིང་ལ་ལྷོད་པར་མི་འཆིང་བ་དང་གོས་ཡིད་ཀྱིས་རིང་བ་ལ་དགའ་བ་སྟེ། སྡུ་གུ་དང་མཛེས་པར་བྱས་ནས་གྱོན་ནོ། །ཞེ་སྡང་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་དོག་པ་ལ་དགའ་ཞིང༌། སྐ་རགས་དམ་དུ་འཆིང་བ་དང༌། གོས་ཐུང་ངུ་གྱོན་ཅིང་གཅིག་ཏུ་མཛེས་པ་ཁོ་ནར་ལྟ་ཞིང་གྱོན་པ་མེད་པའོ། །གཏི་མུག་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཡངས་པ་ལ་དགའ་ཞིང་སྐ་རགས་ལྷོད་པར་འཆིང་བ་དང་གོས་གཅས་གཅུས་སུ་མི་མཛེས་པར་བྱས་ནས་གྱོན་པའོ། །འདི་ལྟར་ཁ་ཟས་ཟ་བའི་སྒོ་ནས་བརྟག་ཅེ་ན།


DTG207_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱིས་སྣུམ་པ་དང་མངར་བའི་ཁ་ཟས་ལ་དགའ་བའོ། །ཞེ་སྡང་ལ་སྤྱོད་པ་ནི་རྩུབ་པ་དང་སྐྱུར་བའི་ཁ་ཟས་ལ་དགའ་བའོ། །གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་གཅིག་ཏུ་ངེས་པ་མེད་དོ། །འདོད་ཆགས་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་རན་པ་དང་མཛེས་པར་བྱས་ནས་ཆགས་བཞིན་དུ་དལ་བུས་ཟ་ལ། རོ་ཞིམ་པོ་འགའ་ཞིག་མྱངས་ན་ལྷག་པར་ཡིད་དགའ་བ་སྐྱེ་བའོ། །ཞེ་སྡང་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་ཆེར་བྱས་ནས་ཁ་གང་བར་མི་ཆགས་པར་མྱུར་དུ་ཟ་བ་ལ། ཁ་ཟས་ཞིམ་པོ་འགའ་ཞིག་མྱངས་ནས་ཀྱང་ལྷག་པར་ཡང་ཡིད་མི་བདེ་བར་སྐྱེ་བའོ། །གཏི་མུག་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་ཆུང་དུ་བྱས་ལ་ཁ་ཟས་ཀྱི་ཁམ་ཡང་མི་མཛེས་པར་བྱས་ནས། ལག་པ་དང་ཁ་ལ་སོགས་པ་ཁ་ཟས་ཀྱིས་བསྐུས་ཏེ་གང་ལ་ཡང་ཆེན་པོར་མི་གཏོགས་པ་ཟའོ། །ཇི་ལྟར་ལས་ཀྱི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་དལ་བུས་ཕྱག་དར་རྣམས་དག་པར་བྱས་ཏེ། གཅིག་ཀྱང་མ་ལུས་པར་ཕྱགས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ཕྱགས་མ་བླངས་ནས་རིང་བའི་ཚུལ་དུ་ཕྱོགས་གཉིས་ཀར་ཕྱག་དར་འདོར་ཞིང་སྒྲ་དང་བཅས་པར་དྲག་ཏུ་ཕྱགས་པར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་སྙོམས་པའི་ཚུལ་དུ་བྱེད་ལ་ཕྱག་དར་རྣམས་ཀྱང་མ་དག་པ་དང༌། མི་མཛེས་པར་དལ་བུས་ཕྱགས་པར་བྱེད་དོ། །དེ་བཞིན་དུ་ལས་གཞན་ལ་ཡང་བརྟག་སྟེ། འདོད་ཆགས་ལ་སྤྱོད་པ་ནི་ལས་གང་ལ་ཡང་མཛེས་པ་དང་གུས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ལས་གང་ལ་ཡང་དག་ཏུ་བསྒྲུབ་པ་ལ་བརྟན་པོར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ལས་གང་ལ་ཡང་འཁྲུགས་པར་བྱེད་ལ་གཅིག་ཏུ་མི་བྱར་མི་རུང་བར་ཆད་པ་མེད་པའོ། །ཇི་ལྟར་ཉལ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི། མལ་སྟན་དལ་བུས་བཅས་ལ་མཛེས་པར་བྱས་ནས་ཉལ་བ་ན་ཡང་ལུས་བསྐུམ་སྟེ་ཉལ་ལོ། །ནང་པར་ལངས་པ་ཡང་མྱུར་དུ་ལྡང་ཞིང་


DTG207_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདོང་བའམ། སྐྲག་པ་དང་བཅས་པ་དང་འདྲ་བར་ཚིག་དལ་བུས་འབྱིན་ཏོ། །ཞེ་སྡང་ལ་སྤྱོད་པ་ནི་མལ་སྟན་འཆའ་ན་ཡང་མྱུར་དུ་བཅས་ནས་གང་ཇི་ལྟར་རུང་བར་ཡང་བྱས་ཏེ། རྐང་ལག་བརྐྱང་ནས་ཁྲོ་གཉེར་དང་བཅས་པར་ཉལ་ལོ། །ནང་པར་ལྡང་ན་ཡང་མྱུར་དུ་ལངས་ལ་ཁྲོས་པ་བཞིན་དུ་ཚིག་དྲག་ཏུ་འབྱིན་ཏོ། །གཏི་མུག་ལ་སྤྱོད་པ་ནི་མལ་སྟན་ལས་ལངས་ཏེ། ལངས་དེར་བཅས་ལ་ཉལ་བ་ན་ཡང་ཁ་སྦུབ་ཏུ་བྱས་ཤིང་ཉལ་ལོ། །ནང་པར་ལངས་ན་ཡང་ཚིག་ཅི་ཡིན་གཏོལ་མེད་པར་མི་གསལ་བར་འབྱིན་ཅིང་དུས་ཐ་གི་ཟད་ཅིང་ལོན་ནས་གདོད་མལ་ནས་ལྡང་ངོ༌། །དེ་ལྟར་སྤྱོད་པ་རྣམ་པ་གསུམ་ལ་སྤྱོད་པ་གང་ལ་ཆོས་གོས་ཅི་འདྲ་བ་དང་བསོད་སྙོམས་ཇི་ལྟ་བུ་དང་མལ་སྟན་ཅི་འདྲ་བ་དང་སྤྱོད་ཡུལ་གྱི་གྲོང་ཁྱེར་གང་དུ་གཞག་པ་བསྟན་དགོས་ཏེ། དེ་བས་ན་འདོད་ཆགས་ལ་སྤྱོད་པ་རྣམས་ལ་མི་གཙང་བ་བསྒོམ་པའི་ཆོས་རྣམས་ལ་དགོད་དགོས་པས་དགེ་སློང་དག་དགེ་སློང་བུད་མེད་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བྱམས་པ་བསྒོམ་པ་ལ་དགོད་དེ། དེ་ནི་འོག་ནས་ཚད་མེད་པ་བཞི་བསྟན་པའི་སྐབས་ནས་འཆད་དོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཞག་སྟེ། དེའི་ཚུལ་ཇི་ལྟ་བུ་ནི་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་བསྟན་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་ཐུང་བ་དང་རྩུབ་པ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་གཙང་མ་དང་ཁ་དོག་བཟང་བ་དང་རིང་བ་དང་མཛེས་པ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་རྩུབ་པ་དང་མི་ཞིམ་པ་དང་ཉུང་དུ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་འཇམ་པ་དང༌། གཙང་བ་དང༌། ཞིམ་པ་དང༌། ཚིམ་པར་གྱུར་གྱི་བར་དུ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ལ་མལ་


DTG207_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ནི་དུར་ཁྲོད་དང་དུར་ཁྲོད་ལ་ཉེ་བའམ། གཙུག་ལ་སོགས་པ་ཡང་ལས་སུ་རུང་བ་མ་བྱས་པ། གདིང་བ་དང་དགབ་པ་ཕུན་སུམ་ཚོགས་པ་མེད་པར་གཞག་གོ །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་མལ་སྟན་ནི་ཤིང་དང་ཆུ་ཕུན་སུམ་ཚོགས་པས་གཞི་མཉམ་ཞིང་མཛེས་པའམ། གཙུག་ལག་ཁང་མཛེས་པར་བྱས་པ་གདིང་བ་དང་མལ་སྟན་ཕུན་སུམ་ཚོགས་པར་གཞག་གོ །གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་རུང་ངོ༌། །འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་རྣམས་ཁ་ཟས་རྩུབ་པོ་མང་དུ་ཟ་ཞིང་གྲོང་ཁྱེར་རྣམས་མི་མཛེས་པ་ལ་འགྲོ་བ་ཕོས་གང་བར་གཞག་གོ །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་ཁ་ཟས་ཕུན་སུམ་ཚོགས་པ་དང་གྲོང་ཁྱེར་མཛེས་པ་དང་འགྲོ་བ་དད་པ་བསྒྲུབ་པ་མང་བར་གཞག་གོ །གཏི་མུག་གི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་གང་དུ་ཡང་རུང་ལ་འགྲོ་བ་མཁས་པ་ཕལ་ཚར་ཡོད་པའི་གནས་སུ་གཞག་གོ །དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམ་པ་བཞི་སྟེ། རེག་པ་ལ་ཆགས་པ་དང༌། རང་བཞིན་ལ་ཆགས་པ་དང༌། ཁ་དོག་ལ་ཆགས་པ་དང༌། ཉེ་བར་སྤྱོད་པ་ལ་ཆགས་པའོ། །དེ་ལ་རེག་པ་ལ་ཆགས་པ་ནི། རེག་བྱ་འཇམ་པ་ལ་ཆགས་པ་སྟེ། དེས་རུས་པ་དཀར་པོ་བསྒོམ་པར་བྱའོ། །རང་བཞིན་ལ་ཆགས་པ་ནི། བུད་མེད་ལ་སོགས་པའི་ལུས་ཀྱི་ངོ་བོ་མ་ཉམས་པ་ལ་ཆགས་པ་སྟེ། དེ་བམ་པ་དང་སྦོས་པ་ལ་སོགས་པ་བསྒོམ་པར་བྱའོ། །ཁ་དོག་ལ་ཆགས་པ་རྣམས་ཀྱིས་ནི་རྣམ་པར་བསྔོས་པ་ལ་སོགས་པ་བསྒོམ་པར་བྱའོ། །ཉེ་བར་སྤྱོད་པ་ལ་ཆགས་པ་རྣམས་ཀྱིས་ནི་བུད་མེད་ལ་སོགས་པའི་ལུས་དུར་ཁྲོད་དུ་བོར་བ་སེམས་མེད་དེ་ཤིང་བཞིན་དུ་གནས་པ་ལ་བསྒོམ་པའོ། །བདག་དང་བུད་མེད་ཀྱི་ཕྱི་ནང་གི་ལུས་ལ་རྣམ་པར་འཇིག་པ་ནི་འདོད་ཆགས་རྣམ་པ་བཞི་ཆར་གྱི་གཉེན་པོར་འགྱུར་བས། མདོ་འདི་ལས་དེ་ཉིད་གཙོ་བོར་མཛད་དེ་གསུངས་སོ། །དེ་ལ་བུད་མེད་ཀྱི་ལུས་ནི་ཕྱིའི་ལུས་སོ། །བདག་ཉིད་ཀྱི་ལུས་ནི་ནང་གི་ལུས་སོ། །ཡང་ན་སྐྲ་དང་སྤུ་དང་སེན་མོ་དང་སོ་དང་རྡུལ་དང་དྲི་མ་དང༌།


DTG207_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་ནི་ཕྱིའི་ལུས་སོ། །ཤ་དང་རུས་པ་ནས་བཤད་པ་དང་གཅི་བའི་བར་དུ་གསུངས་པ་ནི་ནང་གི་ལུས་སོ། །དེ་ལ་མགོ་ལས་སྐྱེས་པ་ནི་སྐྲའོ། །མཆན་ཁུང་དང་ཁ་ལ་སོགས་པའི་ལུས་ལས་སྐྱེས་པ་ནི་སྤུ་སྟེ། བདག་དང་གཞན་གྱི་ལུས་དེ་ལྟར་བརྟགས་ནས། ཇི་ལྟར་བརྟགས་པ་ལ་གོམས་པར་བྱས་ན་འདོད་ཆགས་འཇིལ་བར་འགྱུར་ཏེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཡང་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་པས་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་གཉིས་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་ནང་རབ་ཏུ་དང་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་བཞི་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་བཏང་སྙོམས་རབ་ཏུ་དགའ་བ་དང་དྲན་པ་དང་རབ་ཏུ་དགའ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་སེམས་རྩེ་གཅིག་པའོ། །དེ་ལྟ་བས་ན་བསམ་གཏན་བཞི་པོ་འདི་དག་ལ་ཡན་ལག་བཅོ་བརྒྱད་དུ་འགྱུར་ཏེ། ཡན་ལག་བཅོ་བརྒྱད་ནི་བསམ་གཏན་དང་པོ་ལ་ཡན་ལག་ལྔ། བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ་བཅུ་དང༌། བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི། བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ་བརྒྱད་དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་རོ། །བསམ་གཏན་བཞི་པོ་འདི་དག་ཞིབ་ཏུ་འཆད་


DTG207_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕྱིས་བསམ་གཏན་གྱི་སྐབས་སུ་འཆད་པས། འདིར་བཤད་ན་དགོས་པ་ཆུང་ལ་བྱ་བ་ཆེ་བའི་ཕྱིར་ནི་མ་བཤད་དོ། །འཕགས་པའི་བདེན་པ་བཞི་བཤད་པའི་འོག་ཏུ། དབང་པོ་ཉི་ཤུ་རྩ་གཉིས་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་རྣམས་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དབང་པོ་བསྟན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འབྱུང་བར་བྱེད་པ་དང༌། འབྱུང་བར་བྱེད་པ་མ་ཡིན་པ་དང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་དེ་དག་ཁོང་དུ་ཆུད་ན་བདག་དང་བདག་གིར་མངོན་པར་ཆགས་པ་སྤོང་བར་འགྱུར་རོ། །མངོན་པར་ཆགས་པ་སྤངས་ན་འཁོར་བའི་སྡུག་བསྔལ་མེད་པར་འགྱུར་རོ། །འཁོར་བའི་སྡུག་བསྔལ་མེད་ན་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་སྤང་བ་དང༌། བདེ་བ་ཐོབ་པར་བྱ་བའི་ཕྱིར་དབང་པོ་བསྟན་ཏོ། །དེ་ལ་མིག་གི་དབང་པོའི་རྡུལ་ཕྲན་ནི་མིག་གི་སྤྲིན་གྱི་ནང་ན་གོ་སྙོད་ཀྱི་མེ་ཏོག་ཁ་འབུས་པ་འདྲ་བར་གནས་སོ། །རྣ་བའི་དབང་པོའི་རྡུལ་ཕྲན་ནི་གྲོ་ག་གཅུས་པའི་མདུད་པ་འདྲ་བར་རྣ་བའི་ནང་ན་གནས་སོ། །སྣའི་དབང་པོའི་རྡུལ་ཕྲན་ནི་ལྕགས་ཀྱི་ཐུར་མ་ལྟར་མཚུལ་པའི་ནང་ཐོག་ཐག་ཏུ་གནས་སོ། །ལྕེའི་དབང་པོའི་རྡུལ་ཕྲན་ནི་ཟླ་བ་ཁམ་པ་འདྲ་བར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲན་ནི་ལུས་བཞིན་དུ་ཐོག་ཐག་ཏུ་ཁྱབ་པར་གནས་སོ། །ཡིད་ཀྱི་དབང་པོ་ནི་རྡུལ་ཕྲན་བསགས་པའི་མཚན་ཉིད་མ་ཡིན་པས་ཆོས་ཐམས་ཅད་ཤེས་པའི་མཚན་ཉིད་དོ། །བུད་མེད་ཀྱི་དབང་པོའི་རྡུལ་ཕྲན་ནི་རྔའི་ཁ་བཞིན་ནམ་ཤིང་བ་ལ་བཙལ་བ་འདྲ་བར་གསང་བའི་ཕྱོགས་ན་གནས་སོ། །སྐྱེས་པའི་དབང་པོའི་རྡུལ་ཕྲ་མོ་ཁྱུད་སྐོར་གྱི་ཕྱོགས་ན་མཛུབ་མོ་ལྟར་གནས་སོ། །འཚོ་བའི་དབང་པོ་ནི་རིས་མཐུན་པའི་ཕུང་པོ་གནས་པ་དང༌། མི་འཇིག་པར་འཛིན་པར་བྱེད་


DTG207_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཁ་ཅིག་ན་རེ་ཕུང་པ་རྒྱུན་འབྲེལ་པར་གནས་པ་ནི་འཚོ་བའི་དབང་པོའོ་ཞེས་འཆད་དོ། །ལ་ལ་ན་རེ་དྲོད་དང་རྣམ་པར་ཤེས་པ་དང་ལྡན་པའི་འབྱུང་བ་ཆེན་པོ་གནས་པ་ལ་དབང་བྱེད་པ་ནི་འཚོ་བའི་དབང་པོ་ཞེས་ཟེར་རོ། །སྡུག་བསྔལ་གྱི་དབང་པོ་ནས་བཏང་སྙོམས་ཀྱི་དབང་པོའི་བར་དུ་ཅིའི་ཕྱིར་དབང་པོ་ལྔ་བཤད་ཅེ་ན། དབང་པོ་ལྔ་པོ་དེ་དག་བསམ་གཏན་དང་སྙོམས་པར་འཇུག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། མི་མཐུན་པའི་ཕྱོགས་རྣམ་པ་ལྔ་ཡོད་པས་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ཉིད་དུ་བཤད་དོ། །དེ་ལ་བསམ་གཏན་དང་པོས་ཡིད་མི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གཉིས་པས་ནི་སྡུག་བསྔལ་གྱི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གསུམ་པས་ནི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་བཞི་པས་ནི་ཡིད་བདེ་བའི་དབང་པོ་བཅོམ་ནས་བཏང་སྙོམས་ཀྱི་དབང་པོ་རྣམ་པར་དག་པ་ལ་གནས་སོ། །དེ་ལ་འདོད་པའི་ཁམས་ན་རྣམ་པར་ཤེས་པ་ལྔ་སྟེ། བསམ་གཏན་དང་པོའི་མིག་དང༌། རྣ་བ་དང༌། ལུས་ཀྱི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ། །བསམ་གཏན་གསུམ་པ་ནི་ཡིད་ཀྱི་སིམ་པ་གང་ཡིན་པ་ལ་ཡང་བདེ་བའི་དབང་པོ་ཞེས་བྱའོ། །རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་སིམ་པ་མ་ཡིན་པ་ནི། སྡུག་བསྔལ་གྱི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས་ཉིད་ན་ཡོད་ཀྱི། ཁམས་གཞན་ན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ལས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཡིད་ལ་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས་དང༌། བསམ་གཏན་དང་པོ་དང༌། གཉིས་པ་ན་ཡོད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། ས་ཐམས་ཅད་ན་ཡོད་དོ། །ཡང་ན་བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་


DTG207_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་ལུས་དང་སེམས་ཀྱི་རྟེན་ཐ་དད་པའི་སྒོ་ནས་དབང་པོ་རྣམ་པ་ལྔར་གཞག་སྟེ། བདེ་བའི་ཚོར་བ་ཡང་ལུས་ལས་བྱུང་ཞིང་ལུས་དང་འབྲེལ་བའི་དུས་ན་ནི་བདེ་བའི་དབང་པོ་ཞེས་བྱ་བ་ལ། བདེ་བའི་ཚོར་བ་དེ་ཉིད་སེམས་དང་འབྲེལ་བའི་དུས་ན་ནི་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ཡང་ལུས་དང་འབྲེལ་ཅིང་ལུས་ལས་བྱུང་བའི་དུས་ན་ནི་སྡུག་བསྔལ་གྱི་དབང་པོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཚོར་བ་དེ་ཉིད་སེམས་དང་འབྲེལ་བའི་དུས་ན་ནི་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་སེམས་གཉི་ག་དང་འབྲེལ་བ། བདེ་བ་དང་སྡུག་བསྔལ་གཉི་གར་མི་རྟོག་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་དབང་པོ་ལྔའི་གཞི་ལ་བརྟེན་ནས་ཡིད་དུ་མི་འོང་བའི་ཡུལ་ལ་དམིགས་ཏེ། རྣམ་པར་རྟོག་པ་མེད་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་པར་ལྡན་པ་ནི་སྡུག་བསྔལ་གྱི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་མི་འོང་བ་ལ་དམིགས་ཤིང་རྟོག་པ་དང་བཅས་ཤིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །དབང་པོ་ལྔ་ལ་བརྟེན་ནས། ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་པར་ལྡན་པ་ནི། །བདེ་བའི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་རྟོག་པ་དང་བཅས་ཤིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་ཀྱི་བདེ་བའི་དབང་པོའོ། །དབང་པོ་དྲུག་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་ལ་དམིགས་ཤིང་རྟོག་པ་མེད་པ་དང༌། རྟོག་པ་དང་བཅས་པའི་རྣམས་པར་ཤེས་པ་དྲུག་དང་ཡང་དག་པར་ལྡན་པ་ནི་བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ། །ཡང་ན་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ། །བསོད་ནམས་ཀྱི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བའི་དབང་པོ་


DTG207_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་བདེ་བའི་དབང་པོའོ། །མི་གཡོ་བའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པར་མྱོང་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ལུས་དང་དབང་པོ་དང་ཡིད་དང་བློ་ལ་གནོད་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་སྡུག་བསྔལ། གནས་པ་ན་ཡང་སྡུག་བསྔལ་ལ། ཡོངས་སུ་གྱུར་པ་ན་བདེ་བར་བྱེད་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་རྗེས་སུ་ཕན་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངས་སུ་འགྱུར་བ་ན་སྡུག་བསྔལ་བ་ནི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་གནོད་པར་ཡང་མི་བྱེད། ཕན་པར་ཡང་མི་བྱེད་ཅིང་ཤེས་པ་མ་སྐྱེས་ན་ནི་སྡུག་བསྔལ་ལ། ཡེ་ཤེས་སྐྱེས་ན་ནི་བདེ་བ་སྟེ་དེ་ལྟ་བུ་མེད་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་སྡུག་བསྔལ་གྱི་སྡུག་བསྔལ་དང༌། རྗེས་སུ་འབྲེལ་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྗེས་སུ་འབྲེལ་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ནི་ཕྲད་པར་མི་འདོད་པའི་སྲེད་པ་དང་བྲལ་བར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོས་ནི་འདོད་པའི་སྲེད་པ་དང་ཕྲད་པར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་ཀུན་ཏུ་གཏི་མུག་པའི་སྲེད་པ་སྐྱེད་པར་བྱེད་དོ། །ཡང་ན་གནོད་པར་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །གནོད་པར་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ། །གནོད་པ་མེད་པའི་ལུས་ཀྱི་ཚོར་བ་ནི་བདེ་བའི་དབང་པོའོ། །གནོད་པ་མེད་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །གཉི་ག་ལས་བཟློག་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ཁམས་འཁྲུགས་པ་ལས་སྐྱེས་པའམ་བདག་གམ་གཞན་གྱིས་


DTG207_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱས་པ་ལས་བྱུང་བའམ། འཆི་བའི་དུས་ན་སྡུག་བསྔལ་མྱོང་བའམ། སྤྱོད་ལམ་མི་བདེ་བར་གནས་པ་སྟེ། བདེ་བའི་རོ་དང་བྲལ་བའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །མི་མཛའ་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་དང༌། སྐྱོ་བ་དང་ང་རྒྱལ་དང་འཇིགས་པ་དང་སྨད་པ་དང༌། ཆད་པས་བཅད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདེ་བ་དང་བྲལ་བའི་ཡིད་ཀྱི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ། །ཁམས་མཉམ་པར་གྱུར་པ་ལས་སྐྱེས་པའམ། སྡུག་བསྔལ་གྱི་གཉེན་པོས་སྡུག་བསྔལ་བཅོམ་པའམ། སྤྱོད་ལམ་བདེ་བར་གནས་པའམ། ལུས་བག་ཡངས་ཀྱིས་བསྐྱེད་པ་རོ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་ཡིད་བདེ་བའི་ཚོར་བའོ། །ཡུལ་ཡིད་དུ་འོང་བ་དང་ཕྲད་པར་གྱུར་ལ། ཡུལ་ཡིད་དུ་མི་འོང་བ་དང༌། ཐག་རིང་བར་གྱུར་པའམ། གྲགས་པ་དང་བསྔགས་པ་ལ་སོགས་པའི་ཡོན་ཏན་ལ་རྣམ་པར་རྟོག་པ་ལས་བྱུང་བའི་རོ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །ལུས་དང་ཡིད་ལ་ཕན་པ་དང་གནོད་པར་ཡང་མི་བྱེད་པའི་ལུས་ལ་སེམས་ཀྱི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གཅིག་ཏུ་མ་ངེས་པའི་བཏང་སྙོམས་ཀྱི་དབང་པོའོ། །ཅིའི་ཕྱིར་དད་པ་ལ་སོགས་པའི་དབང་པོ་ལྔ་ཉིད་དུ་བཤད་པའི་དྲུག་དང་བཞི་ལ་སོགས་པར་མ་ཡིན། སྨྲས་པ། སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ཡོད་པས་ན་དད་པ་ལ་སོགས་པ་ལྔ་ཉིད་དུ་བཤད་དེ། དྲུག་དང་བཞི་ལ་སོགས་པར་མ་ཡིན་ནོ། །སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ནི་མ་དད་པ་དང༌། ལེ་ལོ་དང༌། མི་དྲན་པ་དང༌། གཡེངས་པ་དང༌། ཤེས་པ་མེད་པའོ། །དེ་ལ་མ་དད་པའི་གཉེན་པོ་ནི་དད་པའི་དབང་པོའོ། །ལེ་ལོའི་གཉེན་པོ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །མི་དྲན་པའི་གཉེན་པོ་ནི་དྲན་པའི་དབང་པོའོ། །གཡེངས་པའི་གཉེན་པོ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །མི་ཤེས་པའི་གཉེན་པོ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མོས་པ་རྣམ་པ་ལྔའི་ཕྱིར་དབང་པོ་ལྔར་བཤད་དེ། མོས་པ་རྣམ་པ་ལྔ་ནི་ཁ་ཅིག་དད་པའི་སྒོ་


DTG207_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་ཏེ། དཔེར་ན་འཕགས་པ་བར་ཀ་ལ་བཞིན་ནོ། །ཁ་ཅིག་བརྩོན་འགྲུས་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཐོས་ན་རྣ་བ་བཞིན་ནོ། །ཁ་ཅིག་དྲན་པའི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་མིང་ཆེན་བཞིན་ནོ། །ཁ་ཅིག་ཞི་གནས་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པར་རེ་བ་ཏི་བཞིན་ནོ། །ཁ་ཅིག་ཤེས་རབ་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་སྲས་པོ་བཞིན་ནོ། །དེ་ལ་གང་དད་པའི་སྒོ་ལ་མོས་པ་རྣམས་ནི་དད་པའི་དབང་པོ་ལ་བརྟེན་ནས་ཁམས་གསུམ་ལས་འབྱུང་བར་བྱེད་དེ། དེ་དག་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་འོག་ནས་འབྱུང་བ་རྣམས་ལ་བརྟེན་ཏོ། །བརྩོན་འགྲུས་ཀྱི་དབང་པོ་ལ་མོས་པ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ལ་བརྟེན་ནས་བརྩོན་འགྲུས་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དྲན་པའི་དབང་པོ་ལ་མོས་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ནས་དྲན་པའི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །ཏིང་ངེ་འཛིན་གྱི་དབང་པོ་ལ་མོས་པ་རྣམས་ནི་བསམ་གཏན་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །ཤེས་རབ་ཀྱི་དབང་པོ་ལ་མོས་པ་རྣམས་ནི། འཕགས་པའི་བདེན་པ་བཞི་ཤེས་པ་ལ་བརྟེན་ནས་ཤེས་རབ་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དེའི་ཕྱིར་ན་ཡང་དབང་པོ་ལྔ་ཉིད་དུ་བཤད་དོ། །ཅིའི་ཕྱིར་དབང་པོ་ལྔ་རྣམས་རིམ་པ་དེ་ལྟར་བཀོད་ཅེ་ན། སྨྲས་པ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་ས་བོན་དུ་གྱུར་པ་ནི་དད་པའི་དབང་པོ་སྟེ། དེ་བས་ན་དད་པའི་དབང་པོ་དང་པོར་གཞག་གོ །འདི་ལྟ་སྟེ། ཁྲོན་པ་བརྐོས་ནས་ཆུ་འབྱུང་བར་དད་པ་རྣམས་ཁྲོན་པ་བརྐོ་བར་བྱ་བའི་ཕྱིར་ལས་བརྩམས་པ་བཞིན་དུ་འཁོར་བའི་ཉེས་པ་མཐོང་ཞིང་མྱ་ངན་ལས་འདས་པའི་ཡོན་ཏན་ལ་དད་ནས་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེ་བས་ན་དེའི་འོག་ཏུ་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏོ། །བརྩོན་འགྲུས་བརྩམས་པ་རྣམས་ལ་དྲན་པ་ཉམས་པ་མི་སྲིད་དེ། དེ་བས་ན་དེའི་འོག་ཏུ་དྲན་པའི་དབང་པོའོ། །དྲན་པ་མ་ཉམས་ན་རྟག་ཏུ་


DTG207_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩ་གཅིག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །སེམས་མ་ཡེངས་རྩེ་གཅིག་ཏུ་གྱུར་ན་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བས་ཐ་མར་ཤེས་རབ་ཀྱི་དབང་པོ་བཤད་དོ། །ཡང་ན་འཕགས་པའི་བདེན་པ་བཞི་ལ་དད་པ་ནི་དད་པའི་དབང་པོའོ། །དད་པ་རྣམས་བདེན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བའི་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་དང་ལྡན་པ་དག་བདེན་པ་བཞིའི་མཚན་ཉིད་མི་བརྗེད་པར་བྱེད་པ་ནི་དྲན་པའི་དབང་པོའོ། །བདེན་པ་བཞི་ལ་སེམས་རྩེ་གཅིག་ཏུ་སྒོམ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །བདེན་པ་བཞི་ཤེས་པར་གྱུར་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་ཡོན་ཏན་རྣམ་པ་ལྔ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་སྡེ་གཞན་འཇོམས་པར་བྱེད་དོ། །ཡོན་ཏན་རྣམ་པ་ལྔ་འདི་ལྟ་སྟེ། བློན་པོ་མཛངས་པ་དང༌། གནས་དང་ས་གཞི་བཙན་པ་དང༌། གོ་ཆ་དང་མཚོན་ཆ་རྣོ་བ་དང༌། གཡོག་འཁོར་མི་ཕྱེད་པའོ། །དེ་དང་འདྲ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྣལ་འབྱོར་པ་ནི་ཉོན་མོངས་པའི་སྡེ་རྣམས་འཇོམས་པར་བྱེད་དེ། དེ་ལ་ཤེས་རབ་ཀྱི་དབང་པོ་བློན་པོ་ལྟ་བུར་གྱུར་པ་དང་ལྡན་པ་དང་ཏིང་ངེ་འཛིན་གྱི་གནས་དང། ས་གཞི་ལ་བརྟེན་པ་དང༌། དྲན་པ་མི་བརྗེད་པའི་གོ་ཆ་དང་ལྡན་པ་དང༌། བརྩོན་འགྲུས་བརྟན་པའི་མཚོན་ཆ་རྣོ་བ་དང༌། དད་པ་མི་བསྐྱོད་པའི་གཡོག་འཁོར་དང་ལྡན་པའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་དང༌། ཤེས་པའི་དབང་པོ་དང༌། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་བསྟན་པར་བྱ་སྟེ། གང་མཐོང་བའི་ལམ་ན་ཡིད་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་རྫས་དགུ་ལ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང་རེག་པ་དང་ཁོང་དུ་ཆུད་པ་དང༌། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ན། གང་ཟག་དེའི་དབང་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ །


DTG207_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དགུ་པོ་དེ་དག་ཉིད་སྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་སྟེ། ཅིའི་ཕྱིར་ཞེ་ན། སྒོམ་པའི་ལམ་ན་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང༌། རིག་པ་དང༌། ཁོང་དུ་ཆུད་པ་དང༌། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ན། གང་ཟག་དེའི་དབང་པོ་ནི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ །རྫས་དགུ་པོ་དེ་དག་ཉིད་སྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་སྟེ། ཅིའི་ཕྱིར་ཞེ་ན། སྒོམ་པའི་ལམ་ན་ནི་སྔོན་མ་མཐོང་བ་མཐོང་བར་བྱ་བ་མེད་ཀྱི། སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་མ་ལུས་པར་སྤང་བར་བྱ་བའི་ཕྱིར། མཐོང་བའི་ལམ་ན་འཕགས་པའི་བདེན་པ་བཞི་ཤེས་པ་དེ་ཉིད་ཡང་ནས་ཡང་དུ་གོམས་ཤིང་ཤེས་པར་བྱེད་པས་ན། སྒོམ་པའི་ལམ་གྱི་གང་ཟག་གི་དབང་པོ་དགུ་པོ་རྣམས་ལ་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་གོ །རྫས་དགུ་པོ་དེ་ཉིད་མི་སློབ་པའི་ལམ་གྱི་དུས་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ངས་བདེན་པ་བཞི་ཀུན་ཤེས་སོ་ཞེས་ཁོང་དུ་ཆུད་པ་དང༌། རིགས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ། །ཡང་ན་ཀུན་ཤེས་པའི་ཆོས་ཡོངས་སུ་སྲུང་བ་དང་སྐྱོད་པར་བྱེད་པའི་ངང་ཚུལ་ཅན་བས་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་བདག་གི་སྡུག་བསྔལ་ཤེས་པར་བྱ་བས་ཡང་ཤེས་པར་བྱར་མེད། ཀུན་འབྱུང་སྤངས་པས་ཡང་སྤང་དུ་མེད། འགོག་པ་མངོན་དུ་བྱས་པས་ཡང་མངོན་དུ་བྱར་མེད། ལམ་བསྒོམས་པས་ཡང་བསྒོམ་དུ་མེད་ཅེས་བྱ་བའི་ཆོས་དང་ལྡན་པར་བྱ་བའི་ཕྱིར་རོ། །དེ་ནི་འདི་སྐད་དུ་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ན་རིམ་བཞིན་དུ་རྫས་དགུ་པོ་དེ་དག་ཉིད་ཕན་ཚུན་དུ་ལྟོས་ནས། མི་གཞན་དང་གཞན་དུ་རྟག་པའོ་ཞེས་བསྟན་པ་ཡིན་ནོ། །རྫས་དགུ་པོ་དེ་དག་ལམ་གསུམ་པོའི་ཚེ་ལྡན་ནོ་ཞེས་སྨོས་པ་ཡང་ཚོགས་གཞན་ལ་ལྟོས་ནས་སྨྲས་པ་ཡིན་གྱི། སྐད་ཅིག་མ་གཅིག་གམ་དུས་གཅིག་ཏུ་ནི་རྫས་དགུ་པོ་ཅིག་ཅར་མི་


DTG207_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་ལ་གང་ཡང་རུང་བ་གཅིག་འབྱུང་གི་གསུམ་ཅར་དུས་གཅིག་ཏུ་ཅིག་ཅར་འབྱུང་མི་སྲིད་དོ། །ཇི་ལྟ་ཞེ་ན་གལ་ཏེ་ལམ་མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་དང་རྣམ་པར་ཤེས་པ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སར་རྟོགས་པ་ཡིན་ན་ནི་དེ་ན་བཏང་སྙོམས་ཀྱི་ཚོར་བ་ཉིད་ཡོད་ཀྱི། བདེ་བ་དང་ཡིད་བདེ་བའི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཡིན་ན་ནི་དེ་ན་ཡིད་བདེ་བའི་དབང་པོ་ཉིད་ཡོད་ཀྱི། བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཡིན་པ་ནི་དེ་ན་བདེ་བའི་དབང་པོ་ཉིད་ཡོད་ཀྱི། ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། །དེ་ལ་འདོད་པའི་ཁམས་ན་ནི་མི་ཤེས་པ་ལ་ཤེས་པ་ལ་ཤེས་སོ་བའི་དབང་པོ་དང། ཤེས་པའི་དབང་པོ་དང༌། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་མ་གཏོགས་པའི་དབང་པོ་གཞན་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་མེད་དོ། །འདོད་པའི་འདོད་ཆགས་དང༌། ཁ་ཟས་ཁམ་གྱིས་ཟ་བ་དང༌། ཆགས་པ་དང་བྲལ་བའི་ཕྱིར་དེ་བཞིན་དུ་སྡུག་བསྔལ་གྱི་དབང་པོ་ཡང་མེད་དོ། །ལུས་ཤིན་ཏུ་དང་བས་ཕྱིའི་ཡུལ་གྱིས་གནོད་པ་མེད་པ་དང༌། མི་དགེ་བའི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཡིད་མི་བདེ་བའི་དབང་པོ་ཡང་མེད་དེ། ཞི་གནས་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་དང་བ་དང་གཉེན་པོར་བྱ་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དང༌། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དང༌། འཚོ་བའི་དབང་པོ་དང་བརྒྱད་ཡོད་ཀྱི་གཞན་མེད་དོ། །ཡང་ན་རིགས་ཀྱི་ས་ལ་གནོད་པའི་ཚེ་འཕགས་པའི་བདེན་པ་བཞི་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་སྟེ། ཅིའི་ཕྱིར་ཞེ་ན། བདེན་པ་མ་ཤེས་པ་རྣམས་ཤེས་པར་བྱའོ་ཞེས་སྦྱར་བར་བྱ་བའི་ཕྱིར་རོ། །སློབ་པའི་ས་ལ་བདེན་པ་བཞི་ཁོང་དུ་


DTG207_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པར་འགྱུར་བའི་དད་པ་ལ་སོགས་པའི་དབང་པོ་ལྔ་ལ་ནི་ཤེས་པའི་དབང་པོ་ཞེས་བྱ་སྟེ། ཤེས་བྱ་ཤེས་པར་གྱུར་བའི་ཕྱིར་རོ། །མི་སློབ་པའི་ས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར། དེའི་ཚེ་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱ་བ་སྟེ། ཤེས་བྱ་མ་ལུས་པར་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་དད་པའི་རྗེས་སུ་འབྲང་བའི་གང་ཟག་རྣམས་ཀྱི་དབང་པོ་ནི་མི་ཤེས་པ་ཤེས་པར་བྱ་བྱ་བའི་འཇུག་པས་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ །རྒྱུན་དུ་འཇུག་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་གྱི་གང་ཟག་རྣམས་ཀྱི་དབང་པོ་ནི་བདེན་པར་ཤེས་པར་འགྱུར་བས་ཤེས་པའི་དབང་པོར་གཞག་གོ །དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། མི་སློབ་པའི་ས་ལ་གནས་པའི་གང་ཟག་རྣམས་ཀྱི་དབང་པོ་ནི་ཀུན་ཤེས་པ་མི་མཉམ་པའི་ཆོས་དང་ལྡན་པའི་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ། །དབང་པོ་འདི་དག་གསུམ་ཅིའི་ཕྱིར་རིམ་པ་འདི་ལྟར་བཀོད་ཅེ་ན། འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང༌། འདི་ནི་འགོག་པ། འདི་ནི་ལམ་ཞེས་ཆོས་ཀྱི་འཁོར་ལོ་དང་པོར་རྣམ་པར་བཞིར་བསྐོར་བ་ན་དབང་པོ་དང་པོ་སྟེ། མི་ཤེས་པ་ལ་ཤེས་པའི་དབང་པོའོ། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ་བ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བ་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གཉིས་ལ་བསྐོར་བའི་ཚེ་ན་ནི། དབང་པོ་གཉིས་ཏེ། ཤེས་པ་དང་མ་བྲལ་བའི་དབང་པོ་དང༌། ཤེས་པའི་དབང་པོའོ། །སྡུག་བསྔལ་ཤེས་པར་བྱས་པས་ད་ཤེས་པར་བྱ་མི་དགོས། ཀུན་འབྱུང་སྤངས་པར་བྱས་པས་ད་སྤང་མི་དགོས། འགོག་པ་མངོན་དུ་བྱས་པས་ད་མངོན་དུ་བྱ་མི་དགོས། ལམ་བསྒོམ་པས་ད་བསྒོམ་མི་དགོས་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གསུམ་དུ་བསྐོར་བའི་ཚེ་ན་ནི་དབང་པོ་གསུམ་རྣམ་པར་གཞག་སྟེ། ཤེས་པ་དང་མ་བྲལ་བའི་དབང་པོའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཤེས་བྱ་བའི་དབང་པོའི་དུས་ན་ནི་ཐོག་མར་དགེ་བའོ། །ཤེས་པའི་དབང་པོའི་དུས་ན་ནི་བར་དུ་དགེ་བའོ། །ཤེས་པ་དང་མ་བྲལ་བའི་དུས་ན་ནི་ཐ་མར་དགེ་བ་སྟེ། དེའི་ཕྱིར་ཡང་རིམ་པ་དེ་ལྟར་བཀོད་དོ། །ཚུལ་


DTG207_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་ལ་གནས་པའི་ཚེ་ན་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོའོ། །རྣམ་པར་གྲོལ་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི་ཤེས་པའི་དབང་པོའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོའོ། །དེ་ལ་དབང་པོའི་དོན་ཅི་ཞེས་སྨྲས་པ། དབང་པོའི་དོན་ནི་རྒྱ་གར་སྐད་དུ་ཨིན་དྲ་ཡ་ཞེས་འབྱུང་སྟེ། ཨིན་དྲ་ཡའི་དོན་དུ་ནི་ཕྱུག་པའམ། དབང་བྱེད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །འོ་ན་དབང་པོ་གང་དག་ཡུལ་གང་ལ་དབང་བྱེད་ཅེ་ན། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ནི་དོན་རྣམ་པར་བཞི་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐང་ཅིག་མིག་དང་རྣ་བ་གཉིས་པོ་དོན་རྣམ་པ་བཞི་ལ་དབང་བྱེད་དོ། །དོན་རྣམ་པ་བཞི་ནི་རང་གི་ངོ་བོ་མཛེས་པར་བྱས་པ་དང༌། རང་གི་ངོ་བོ་སྲུང་བ་དང༌། རྣམ་པར་ཤེས་པ་ལྡན་པ་དང་བཅས་པ་བསྐྱེད་པ་དང༌། ཐུན་མོངས་མ་ཡིན་པའི་རྒྱུ་ལ་དབང་བྱེད་དོ། །རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོ་མེད་ན་ལོང་བ་དང་འོན་པ་ལ་སོགས་པའི་གཟུགས་ཤིན་ཏུ་མི་མཛེས་པའི་ཕྱིར་རོ། །རང་གི་ངོ་བོ་སྲུང་བ་ལ་བྱེད་པ་ནི་ཉམས་པའི་གནས་དག་མིག་གིས་མཐོང་ཞིང་རྣ་བས་ཐོས་ནས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལྡན་པ་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོའི་མཐུས། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་ལྡན་པ་སྐྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི། གཟུགས་ཀྱང་མིག་གི་དབང་པོ་ཉིད་ཀྱིས་མཐོང་གི་དབང་པོ་གཞན་གྱིས་མ་ཡིན་པ་དང༌། སྒྲ་ཡང་རྣ་བའི་དབང་པོས་ཐོས་ཀྱི་དབང་པོ་གཞན་གྱིས་མི་ཐོས་པའི་ཕྱིར་རོ། །སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་ཡང་དོན་རྣམ་པ་བཞི་ལ་དབང་བྱེད་དེ། རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི། །སྣའི་དབང་པོ་དང་ལྕེའི་དབང་པོ་དང་ལུས་ཀྱི་དབང་པོ་དང་མི་ལྡན་པ་རྣམས་གཟུགས་རབ་ཏུ་མི་མཛེས་པའི་ཕྱིར་རོ། །རང་


DTG207_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་སྲུང་བ་ལ་དབང་བྱེད་པ་ནི། ཁམ་གྱིས་ཟ་བའི་ཁམ་ཟས་དང་དྲི་དང་རེག་བྱའི་ཁྱད་པར་གྱིས་ལུས་བརྟས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་ལྡན་པ་དང་བཅས་པ་སྐྱེད་པ་ལ་དབང་བྱེད་པ་ནི་སྣ་དང༌། ལྕེ་ལ་སོགས་པ་དབང་པོའི་མཐུས་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི་དྲི་སྣའི་དབང་པོ་ཉིད་ཀྱིས་ཚོར་བ་དང༌། རོ་ལྕེའི་དབང་པོ་ཉིད་ཀྱིས་མྱང་བ་དང༌། རེག་བྱ་ལུས་ཀྱི་དབང་པོ་ཉིད་ཀྱིས་ཚོར་བ་སྟེ། དབང་པོ་གཞན་གྱིས་བྱེད་པར་མི་ནུས་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་དང༌། བུད་མེད་ཀྱི་དབང་པོ་དང༌། སྐྱེས་པའི་དབང་པོ་དང༌། ཚོར་བའི་དབང་པོ་གཞི་ནི་སོ་སོར་དོན་རྣམ་པ་གཉིས་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐང་ཅིག་སྐྱེས་པ་དང༌། བུད་མེད་ཀྱི་དབང་པོ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་དབང་བྱེད་དེ། །ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་མི་ལྡན་པ་མ་ནིང་དང་ཟ་མ་ལ་སོགས་པ་སྡོམ་པ་མ་ཡིན་པ་དང༌། མཚམས་མེད་པ་བྱེད་པ་དང༌། དགེ་བའི་རྩ་བ་ཆད་པ་ཡང་མེད་པ་དང༌། སྡོམ་པ་དང་འབྲས་བུ་ཐོབ་པ་དང་འདོད་ཆགས་དང་བྲལ་བ་རྣམས་སུ་མི་འགྱུར་བ་ནའོ། །འཚོ་བའི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ། རིས་གཅིག་པའི་སེམས་ཅན་རིགས་སོ་སོར་སྐལ་བ་མཉམ་པ་རྒྱུན་དུ་འབྲེལ་བ་ལ་དབང་བྱེད་པ་དང༌། དེ་མི་ཉམས་པར་འཛིན་པ་ལ་དབང་བྱེད་དེ། །ཇི་སྲིད་དུ་འཚོ་བའི་དབང་པོ་ཡོད་ཀྱི་བར་དུ་རིས་གཅིག་པའི་སྐལ་བ་མཉམ་པའི་སྐད་ཅིག་མིའི་རིས་མཐུན་པར་གནས་ལ། འཚོ་བའི་འདུ་བྱེད་ཀྱང་མི་འཇིག་པར་འཛིན་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ་ཡང་སྲིད་པ་འབྲེལ་བ་དང་དབང་དུ་གྱུར་པའོ། །ཡང་སྲིད་པ་འབྲེལ་བ་ནི་འདོད་ཆགས་དང་བྲལ་བའི་ཡིད་དམ། ཞེ་སྡང་དང་བཅས་པའི་ཡིད་ཀྱིས་སྐྱེ་བའི་མཚམས་སྦྱོར་བའི་ཕྱིར་རོ། །དབང་དུ་གྱུར་བ་ནི་འཇིག་རྟེན་འདི་དག་སེམས་ཀྱི་ཁྲིད་དོ་ཞེས་འབྱུང་བའི་ཕྱིར་རོ། །གང་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་དང༌། དད་པའི་དབང་པོ་ནས་ཤེས་


DTG207_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མ་བྲལ་བའི་དབང་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་གཉིས་ལ་དབང་བྱེད་དེ། ཇི་ལྟ་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ལས་བདེ་བ་དང༌། ཡིད་བདེ་བའི་དབང་པོ་གཉིས་ཀྱིས་འདོད་ཆགས་བག་ལ་ཉལ་བར་བྱེད་དོ། །སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་གཉིས་ཀྱིས་ཞེ་སྡང་བག་ལ་ཉལ་བར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོས་ནི་གཏི་མུག་བག་ལ་ཉལ་བར་བྱེད་དོ། །ཡང་ན་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་པོ་དག་ནི། གཟུགས་ལ་སོགས་པ་རང་རང་གི་ཡུལ་ལ་དབང་བྱེད་པའི་ཕྱིར་དབང་པོའོ། །ཡིད་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཆོས་ཀུན་ལ་བྱེད་པས་ན་དབང་པོའོ། །བུད་མེད་ཀྱི་དབང་པོ་ནི་བུད་མེད་ཀྱི་ངོ་བོ་ལ་དབྱང་བྱེད་དེ་བུད་མེད་ཀྱི་ངོ་བོ་ནི་བྱད་ལག་དང༌། ང་རོ་དང༌། བསམ་པ་དང༌། སྤྱོད་པ་སྟེ། བུད་མེད་ཀྱི་དབང་པོས་དབང་བྱེད་དོ། །དེ་ལ་བྱད་ལག་ནི་སྟོད་ཕྲ་སྨད་སྦོམ་ལ་ནུ་མ་དང་བཅས་པའོ། །ང་རོ་ནི་འཇམ་ཞིང་མཉེན་པའོ། །བསམ་པ་ནི་བུད་མེད་ཐམས་ཅད་ཀྱང་སྐྱེས་པ་ལ་སེམས་གཏོད་པའོ། །སྤྱོད་པ་ནི་བུད་མེད་ཐམས་ཅད་ཀྱང་སྤྱོད་པ་མི་གཙང་བའོ། །སྐྱེས་པའི་དབང་པོ་ནི་སྐྱེས་པའི་ངོ་བོ་ཐམས་ཅད་ལ་དབང་བྱེད་པ་སྟེ། དེ་ལ་སྐྱེས་པའི་ངོ་བོ་ཡང་བྱད་ལག་དང་བསམ་པ་དང་སྤྱོད་པ་སྟེ། དེ་ལ་སྐྱེས་པའི་དབང་པོས་དབང་བྱེད་དོ། །དེ་ལ་བྱད་ལག་ནི་སྟོད་སྦོམ་པའོ། །ང་རོ་ནི་སྒྲ་ཆེ་ལ་ཟབ་པའོ། །བསམ་པ་ནི་སྐྱེས་པ་ཀུན་ཀྱང་བུད་མེད་ལ་སེམས་འཇུག་པའོ། །སྤྱོད་པ་ནི་སྐྱེས་པ་ཀུན་ཀྱང་སྤྱོད་པ་གཙང་བའོ། །འཚོ་བའི་དབང་པོ་ནི་གཅིག་པའི་སྐལ་པ་མཉམ་པར་གནས་པར་བྱ་བ་ལ་དབང་བྱེད་དོ། །སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། ཇི་ལྟར་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་ལྔ་པོ་དེ་དག་རྣམ་པར་བྱང་བ་ལ་དབང་བྱེད་དོ་ཞེས་འཆད་དོ། །འདི་ལྟར་སྡུག་བསྔལ་བའི་རྒྱུ་ལས་དད་པ་སྐྱེའོ། །བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ། །ཡིད་བདེ་བ་དང་མི་བདེ་བའི་དབང་པོ་ཡང་མྱ་ངན་ལས་འདས་པའི་ལམ་ལ་


DTG207_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལས་འབྱུང་བར་བྱེད་དོ། །འདི་ལྟར་ལམ་ལ་དམིགས་ན་ནི་བདེ་བ་སྐྱེའོ། །ལམ་ལ་དམིགས་པར་མ་བྱས་ན་ནི་བདག་གིས་མ་བྱས་སོ་ཞེས་ཡིད་མི་བདེ་བ་སྐྱེའོ། །ནམ་ཀུན་ནས་ཉོན་མོངས་པ་སྤངས་ཏེ། ལམ་ལྷུན་གྱིས་གྲུབ་པ་ནི་བདེ་བ་དང་ཡིད་བདེ་བ་དང་མི་བདེ་བ་གཉི་ག་མི་དམིགས་སོ། །དད་པ་ལ་སོགས་པའི་དབང་པོ་ལྔ་ནི་རྣམ་པར་བྱང་བའི་ཕྱོགས་ལ་དབང་བྱེད་དོ། །འདི་ལྟར་འཇིག་རྟེན་པའི་ལམ་དུ་གཏོགས་པའི་དད་པ་ལ་སོགས་པ་ལྔས་ནི་ཉོན་མོངས་འཇིལ་བར་བྱེད་དོ། །ངེས་པར་འབྱེད་པའི་ཕྱོགས་བཞིར་གཏོགས་པའི་དད་པ་ལ་སོགས་པ་ལྔ་ནི་ལམ་ལ་འཇུག་པར་བྱེད་དེ། དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བའི་ཕྱིར་རོ། །མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་ནི་ཤེས་པའི་དབང་པོ་ལ་དབང་བྱེད་དེ། དེའི་རྗེས་ལ་ཤེས་པའི་དབང་པོ་འབྱུང་བའི་ཕྱིར་རོ། །ཤེས་པའི་དབང་པོ་ནི་ཤེས་པ་དང་མ་བྲལ་བ་ལ་དབང་བྱེད་དེ། ཤེས་པའི་དབང་པོའི་འོག་ཏུ་ཤེས་པ་དང་མ་བྲལ་བའི་དབང་པོ་སྐྱེ་བའི་ཕྱིར་རོ། །ཤེས་པ་དང་མ་བྲལ་བའི་དབང་པོ་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ། སེམས་རྣམ་པར་མ་གྲོལ་བར་མྱ་ངན་ལས་འདས་པ་མི་ཐོབ་པའི་ཕྱིར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་ལ་དབང་བྱེད་དེ། དེའི་དབང་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ལ་ཤེས་པའི་དབང་པོ་ལ་དབང་བྱེད་དེ། དེའི་མཐུས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པར་འགྱུར་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ལ་ཤེས་པ་དང་མ་བྲལ་བའི་དབང་པོ་ལ་དབང་བྱེད་དེ། དགྲ་བཅོམ་པའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བ་ལས་བྱ་བ་གཞན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཉིད་དུ་གསུངས་ལ། མང་དུ་ཡང་མ་ཡིན་ཉུང་དུ་ཡང་མ་ཡིན་ཞེ་ན། སྨྲས་པ། སེམས་ཀྱི་རྟེན་དང་དེར་རྣམ་པར་རྟོག་པ་དང་གནས་པ་དང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཚོགས་དང༌། རྣམ་པར་བྱང་བའི་ཆོས་ཀྱི་ཕྱིར་དབང་པོ་ཉི་ཤུ་རྩ་


DTG207_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁོ་ནར་བཤད་དོ། །དེ་ལ་སེམས་ཀྱི་རྟེན་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ །དེར་རྣམ་པར་རྟོག་པ་ནི་བུད་མེད་དང་སྐྱེས་པའི་དབང་པོ་གཉིས་ཏེ། གཉིས་ཀྱི་དབང་པོའི་སྒོ་ནས་འདི་ནི་སྐྱེས་པ་འདི་ནི་བུད་མེད་ཅེས་རྟོག་པའི་ཕྱིར་རོ། །འཚོ་བའི་དབང་པོས་ནི་གནས་པར་བྱེད་དོ། །འཚོ་བ་ལ་སོགས་པ་ལྔས་ནི་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པ་ལ་སོགས་པ་ལྔས་ནི་རྣམ་པར་བྱང་བའི་ཚོགས་སྩོགས་སོ། །མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་དབང་པོ་གསུམ་ནི་རྣམ་པར་བྱང་བའི་ངོ་བོའོ། །ཡང་ན་འཇུག་པའི་རྟེན་དང་སྐྱེ་བ་དང་གནས་པ་དང༌། ཀུན་ནས་ལོངས་སྤྱོད་པ་དང༌། ལྡོག་པའི་རྟེན་དང༌། སྐྱེ་བ་དང༌། གནས་པ་དང༌། ཀུན་ཏུ་ལོངས་སྤྱོད་པའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཁོ་ན་ལས་མང་དུ་ཡང་མ་བཤད་ཉུང་དུ་ཡང་མ་བཤད་དོ། །དེ་ལ་འཁོར་བར་འཇུག་པའམ་ཡུལ་ལ་འཇུག་པའི་རྟེན་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ །སྐྱེ་བར་བྱེད་པ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཏེ། དེ་གཉིས་ལས་སེམས་ཅན་སྐྱེ་བའི་ཕྱིར་རོ། །གནས་པ་ནི་ཚོར་བའི་དབང་པོ་སྟེ་འདིའི་མཐུས་གནས་པར་བྱེད་པས་སོ། །ཀུན་ཏུ་ལོངས་སྤྱོད་པ་ནི་སྡུག་བསྔལ་ལ་སོགས་པ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོས་ནི་ཚོར་བའི་སྡུག་བསྔལ་མྱོང་བར་བྱེད་དོ། །བདེ་བ་དང་ཡིད་བདེ་བའི་དབང་པོས་ནི་ཚོར་བ་བདེ་བ་མྱོང་བར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོས་ནི། ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་བྱེད་དོ། །འཁོར་བ་ལས་བཟློག་པའི་རྒྱུ་ནི་དད་པ་ལ་སོགས་པ་དབང་པོ་ལྔའོ། །ལྡོག་པའི་སྐྱེ་བའི་རྒྱུ་ནི་མི་ཤེས་སོ་ཞེས་པའི་དབང་པོ་སྟེ། དེའི་མཐུས་ཁམས་གསུམ་ལས་ལྡོག་པའི་ཕྱིར་རོ། །གནས་པ་ནི་ཤེས་པའི་དབང་པོ་སྟེ་དེའི་ཚེ་འཁོར་བ་ལས་ལྡོག་པའི་མཚན་ཉིད་སྒོམ་པའི་ལམ་ལ་གནས་པའི་ཕྱིར་རོ། །ཀུན་ནས་ལོངས་སྤྱོད་པ་ནི་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །དབང་པོ་ཉི་ཤུ་རྩ་གཉིས་བཤད་ཟིན་ཏོ།། །།དབང་པོ་ཉི་ཤུ་རྩ་གཉིས་བསྟན་པའི་


DTG207_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་བསམ་གཏན་བསྟན་ཏེ། དེ་བས་ན་ཇི་ལྟར་བསམ་གཏན་དེ་བཞིན་དུ་བཤད་པར་འདོད་པས། བསམ་གཏན་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །བསམ་གཏན་ཞེས་བྱ་བའི་དོན་ཅི། འདིས་བསྒོམ་ཞིང་བསམ་གཏན་བྱེད་པས་ན། བསམ་གཏན་ཏེ་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཡང་དོན་དུ་ན་སེམས་མཉམ་པར་གཞག་ཅིང་རྩེ་གཅིག་ཏུ་གཞག་པ་ནི་བསམ་གཏན་ཏེ་དེ་ལ་མཉམ་པར་གཞག་པ་ལ་རབ་ཏུ་ཤེས་པ་ཞེས་བྱ་བར་ཅིས་མངོན་ཞེ་ན། འདི་ལྟར་སེམས་མཉམ་པར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་བསམ་གཏན་གྱི་སྒྲའི་དོན་སེམས་ལ་བྱ་མོད་ཀྱི། སེམས་ཉིད་འདིར་ཤེས་རབ་ལ་བྱ་བར་རིགས་པར་བྱ་སྟེ། སངས་རྒྱས་ཀྱི་གྲུབ་པའི་མཐའི་ཚུལ་གྱིས་དེ་ཡིན་པའི་ཕྱིར་རོ། །དེ་ནི་འདི་སྐད་ཅུ་བསྟན་པ་ཡིན་ཏེ། དགེ་བའི་ཆོས་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང་པོ་བསྟན་པའི་ཕྱིར། འདི་ལྟར་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་འདིར་ཞེས་བྱ་བའི་དོན་ཏེ། འདོད་པའི་ཁམས་འདིར་གནས་པའི་གང་ཟག་ཅེས་བྱ་བའི་དོན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོས་ཏེ་བཀའ་སྩལ་པ། དགེ་སློང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་དགེ་སློང་ཞེས་བྱ་བའི་དོན་ཏོ། །དེ་ལ་བསམ་གཏན་དང་པོ་དེ་ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ངོ་བོ་ཡིན་པས་འདོད་པའི་འདོད་ཆགས་དང་བྲལ་བའི་རྒྱུ་ཉིད་ལས་སྐྱེའི། གཞན་ལས་མ་ཡིན་པ་བསྟན་པའི་ཕྱིར། འདོད་པ་ལས་དབེན་པ་ཞེས་བྱ་བ་གསུངས་སོ། །འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་སྤང་བ་ཞེས་བྱ་བའི་དོན་ཏོ། །འདིར་ཁོང་ཁྲོ་བ་མ་གཏོགས་པར་གོང་འདོད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་འདོད་པ་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་སྤངས་ན་འདོད་པ་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་ཞེས་བྱ་བའི་ཁོང་ཁྲོ་བ་ལ་སོགས་པའི་མཚན་ཉིད་ཞེ་སྡང་གི་ཆ་རྣམས་དང༌། དེའི་རྒྱུ་ལས་སྐྱེས་པའི་སེམས་


DTG207_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་བརྡེག་པ་དང༌། གསོད་པ་ལ་སོགས་པ་སྤངས་པའོ། །དེ་ལ་མི་དགེ་བ་འབའ་ཞིག་སྨོས་ཀྱི། སྡིག་པའི་ཚིག་མ་སྨོས་ན་ནི་མི་དགེ་བའི་ཚིག་འདོད་པའི་ཁམས་ཀྱི་ཉོན་མོངས་པ་གཞན་ལ་ཡང་བྱ་བ་ཡིན་པས་ལན་གཉིས་སུ་སྨོས་པར་འགྱུར་རོ། །དེ་བས་ན་སྡིག་པ་མི་དགེ་ཞེས་བྱ་བའི་ཚིག་སྨོས་ཏེ། བདག་དང་གཞན་གྱི་རྒྱུད་མ་རུངས་པར་བྱེད་པས་ཞེ་སྡང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་སྡིག་པ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་བྱ་བ་རྟོག་པ་དཔྱོད་པ་ཞེས་བྱ་བའི་དོན་ཏེ། འདོད་པའི་ཁམས་ཀྱི་ཆོས་རྣམས་ལ་སྐྱོན་དང་ཉེས་པར་ལྟ་བའི་རྟོག་པ་དང་དཔྱོད་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །རྩིང་བ་དང་རགས་པར་རྟོག་པ་ནི་རྟོག་པའོ། །ཞིབ་ཏུ་འཛིན་ཅིང་རྟོག་པ་ནི་དཔྱོད་པའོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བ་ལས། དབེན་པའི་སྒྲས་ནི། འདོད་པའི་འདོད་ཆགས་སྤངས་པ་དང༌། སྡིག་པ་མི་དགེ་བའི་ཆོས་སྤང་བ་ལ་བྱ་སྟེ། དེ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་དང་ལྡན་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་སྦྱར་རོ། །དབེན་པ་ལས་སྐྱེས་པའི་སྒྲས་དག་པ་དང་ཟག་པ་མེད་པའི་བསམ་གཏན་ལ་བྱ་བར་སྟོན་ཏོ། །དག་པ་ནི་འཇིག་རྟེན་པའི་བསམ་གཏན་གཏན་གོང་མ་ལ་གྲོལ་བར་འདུ་ཤེས་ལ་འོག་མ་ལ་ཟུག་རྔུར་འདུ་ཤེས་པ་སྟེ། བསམ་གཏན་གྱི་རོ་ལ་ཆགས་པ་དང༌། ང་རྒྱལ་མེད་པའི་མཚན་ཉིད་དོ། །ཟག་པ་མེད་པ་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་ཞུགས་པ་ལས་ཐོབ་པ་འཇིག་རྟེན་ལས་འདས་པའི་མཚན་ཉིད་དོ། །དགའ་བའི་སྒྲས་ནི་ཡིད་བདེ་བ་ལ་བྱའོ། །བདེ་བའི་སྒྲས་ནི་བག་ཡངས་ཀྱི་བདེ་བ་ལ་བྱ་སྟེ། འདི་ལྟར་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དང༌། རྗེས་སུ་མཐུན་པའི་བག་ཡངས་ཀྱི་བདེ་བ་ལ་བདེ་བ་ཞེས་བྱའི། ཚོར་བ་བདེ་བ་ལ་ནི་མི་བྱའོ། །སྨྲས་པ། འོན་ཅིའི་ཕྱིར་འདིར་ཚོར་བ་འདི་ལ་བྱའོ་ཞེས་དམིགས་ཀྱིས་ཕྱེ་བ་མེད་པར་བདེ་བ་ཞེས་སྤྱི་ཙམ་དུ་སྨྲོས། ལན་དུ་གལ་ཏེ་ཚོར་བའི་བདེ་བ་ཡིན་པར་འདོད་ན། ལུས་ཀྱི་ཚོར་བའི་བདེ་བའམ། སེམས་ཀྱི་ཚོར་བའི་བདེ་བ་ཡིན་གྲང་


DTG207_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ན། འདི་ལྟར་སྙོམས་པར་འཇུག་པའི་དུས་ན། ལུས་ཀྱི་བདེ་བ་ནི་ཡོད་པར་མི་རིགས་ཏེ། མཉམ་པར་གཞག་པའི་ཚེ་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པའི་ཕྱིར་རོ། །སེམས་ཀྱི་བདེ་བ་ཡང་མི་བྱ་སྟེ། དགའ་བ་ཞེས་བྱ་བའི་ཚིག་སྨོས་པའི་ཕྱིར་དགའ་བ་ནི་འདིར་ཡིད་ཀྱི་བདེ་བ་ལ་བྱ་བས་ན། ཡིད་ཀྱི་བདེ་བ་དངོས་སུ་ཡོད་པས་ན། སེམས་ཀྱི་བདེ་བ་ལ་བྱ་བར་འདོད་ན་ནི་ཚིག་ཟློས་པར་འགྱུར་རོ། །གལ་ཏེ་ན་དེའི་ཚེ་བདེ་བ་དང་ཡིད་བདེ་བ་གཉིས་ཀ་ཡོད་དོ་ཞེ་ན་ནི། །དེ་ལྟར་ན་རྫས་མཉམ་པར་ཉམས་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ལ་སེམས་ལས་བྱུང་བའི་རྫས་གཉིས་འབྱུང་མི་སྲིད་པས་སོ། །དེ་ལྟར་སྐད་ཅིག་མ་གཅིག་ལ་རྫས་གཉིས་མི་འབྱུང་ཡང༌། སྙོམས་པར་འཇུག་པ་ནི་སྐད་ཅིག་མ་མང་པོའི་རང་བཞིན་ཡིན་པས་དང་པོ་ལ་དགའ་བས་ཕྱིས་བདེ་བ་འབྱུང་ངོ་ཞེ་ན། འོ་ན་ནི་བསམ་གཏན་དང་པོའི་སྐད་ཅིག་མ་གཅིག་ལ་ཡན་ལག་ལྔར་བཤད་པ་མེད་པར་གྱུར་པས་མི་རིགས་སོ། །དེ་བས་ན་དགའ་བའི་སྒྲས་ནི་ཡིད་བདེ་བ་ལ་བྱ་ལ། བདེ་བའི་སྒྲས་ནི་བག་ཡངས་ཀྱི་བདེ་བ་ལ་བྱའོ། །བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་སྟེ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གཉིས་པ་བསྟན་པའི་ཕྱིར། དེ་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བའི་སྒྲ་ནི་རྣལ་འབྱོར་པ་ལ་བྱ་སྟེ། རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ཞེས་བྱ་བ་ནི་དེ་གཉིས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ན་རྟོག་པ་དང་དཔྱོད་པའི་འཁྲུག་པ་དང་བྲལ་བས་ན། ནང་རབ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ་ཞེས་བྱ་སྟེ། ནང་ཞེས་བྱ་བའི་སྒྲ་ནི་དེ་དག་ཕྱི་རོལ་གྱི་ཡུལ་ལ་དམིགས་པ་མེད་ཀྱི་སེམས་ཀྱི་ནང་དུ་བལྟས་པའི་ཕྱིར་རོ། །དང་བ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་དཔྱོད་ཀྱི་འཁྲུག་པའི་དྲི་མ་དང་བྲལ་ཞེས་བྱ་བའི་དོན་ཏོ། །ཡང་ན་དང་ཞེས་བྱ་བའི་


DTG207_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་དད་པ་ལ་བྱ་སྟེ། གང་གི་ཕྱིར་བསམ་གཏན་གཉིས་པའི་རྣལ་འབྱོར་པ་དེ་བསམ་གཏན་གཉིས་ཐོབ་པ་ཡང་བསམ་གཏན་དང་པོའི་མཉམ་པར་གཞག་པའི་ས་ལ་བརྟེན་ནས་འབྱུང་བར་ཡིད་ཆེས་པ་སྐྱེ་སྟེ། དེའི་ཕྱིར་ན་ནང་དང་བ་ཞེས་བྱའོ། །གཅིག་ཏུ་གྱུར་པ་ཞེས་བྱ་བ་དང་སེམས་ཞེས་བྱ་བར་སྦྱར་ཏེ། སེམས་རྩེ་གཅིག་ཏུ་གྱུར་པའམ། སེམས་དམིགས་པ་གཅིག་ལ་འདུས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་བསམ་གཏན་གཉིས་པོ་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་བསམ་གཏན་ཐམས་ཅད་རྟོག་པ་དང་དཔྱོད་པ་དང་བྲལ་བར་འདོད་དེ། དེ་བས་ན་རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་ཅེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཞེས་བྱ་བ་ལ་དགའ་བ་ནི་ཡིད་བདེ་བ་ལ་བྱའོ། །བདེ་བ་ནི་བག་ཡངས་ཀྱི་བདེ་བ་ལ་བྱ་སྟེ། སྔར་བཤད་པ་བཞིན་ནོ། །བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ། གནས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སེམས་མཉམ་པར་གཞག་ནས་གནས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གསུམ་པ་བསྟན་པའི་ཕྱིར། དེ་དགའ་བའི་འདོད་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་གཉིས་པ་ལས་འདས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་གང་ཟག་དེ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་བསམ་གཏན་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ་བས་བསམ་གཏན་གསུམ་པའི་སྙོམས་པར་འཇུག་སྟེ། དེའི་ཕྱིར་དགའ་བའི་འདོད་ཆགས་དང་བྲལ་ཞེས་གསུངས་ཏེ། བསམ་གཏན་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ །བཏང་སྙོམས་ལ་གནས་ཏེ་ཞེས་བྱ་བ་ལ་བཏང་སྙོམས་གསུམ་སྟེ། ཚོར་བ་བཏང་སྙོམས་དང༌། ཚད་མེད་པའི་བཏང་སྙོམས་དང༌། འདུ་བྱེད་ཀྱི་བཏང་སྙོམས་སོ། །དེ་ལ་ཚོར་བ་བཏང་སྙོམས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །ཚད་མེད་པའི་བཏང་སྙོམས་ནི་སེམས་ཅན་ལ་ཆགས་པ་ཡང་མི་སྐྱེ། ཁོང་ཁྲོ་བ་ཡང་མི་སྐྱེ་བའི་མཚན་ཉིད་དོ། །འདུ་བྱེད་ཀྱི་བཏང་སྙོམས་ནི་


DTG207_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་བྱ་བའི་ཡུལ་ལ་རྩོལ་བ་དང༌། འབད་པ་མེད་པར་ལྷུན་གྱིས་གྲུབ་པར་སྤྱོད་པའི་མཚན་ཉིད་དོ། །འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ལ་བྱ་བར་འདོད་དོ། །ཇི་ལྟ་ཞེ་ན་བསམ་གཏན་གསུམ་པ་ལ་དམིགས་པར་བྱ་བའི་ཡུལ་ལ་རྩོལ་བ་དང༌། འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་སྤྱོད་པ་དང་ལྡན་པས་ན། བཏང་སྙོམས་ལ་གནས་ཏེ་ཞེས་བྱའོ། །དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ལུས་ཀྱི་བདེ་བ་སོ་སོར་ཚོར་ཏེ་ཞེས་བྱ་བ་ལ་བཏང་སྙོམས་དང་ལྡན་པའི་མཚན་མ་མ་བརྗོད་པ་ན་དྲན་པའོ། །ཤེས་བཞིན་ནི་ཤེས་རབ་ལ་བྱ་སྟེ། དྲན་པ་ལ་སོགས་པ་བསམ་གཏན་གསུམ་པའི་ཡན་ལག་ཏུ་གཏོགས་པ་རྣམས་མཚན་ཉིད་སོ་སོར་མ་ནོར་བར་ཤེས་པའོ། །ལུས་ཀྱི་བདེ་བ་སོ་སོར་ཚོར་ཏེ་ཞེས་བྱ་བ་ལ་ལུས་ཀྱི་སྒྲ་ནི་འདིར་ཡིད་ཀྱི་ལུས་ལ་བྱ་བར་དགོངས་ཏེ། དེ་དག་ན་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པས། བསམ་གཏན་གསུམ་པའི་བདེ་བ་ལ་སེམས་ཀྱི་སོ་སོར་ཚོར་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གསུམ་པ་ན་བདེ་བའི་སེམས་ཀྱི་སོ་སོར་ཚོར་བ་དཔེ་བསྟན་པའི་ཕྱིར། གང་དེ་འཕགས་པ་བཏང་སྙོམས་པ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ་ཞེས་གསུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་ཚོགས་སམ། སྡིག་པ་མི་དགེ་བའི་ཆོས་སྤྱོད་པ་ལས་རིང་དུ་སོང་བས་ན་འཕགས་པ་སྟེ། དེ་བཞིན་གཤེགས་པ་དང་ཉན་ཐོས་ལ་སོགས་པའོ། །འཕགས་པ་དེ་དག་གིས་ཀྱང་བཏང་སྙོམས་ལ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ། །ཞེས་གསུངས་པ་ནི། བསམ་གཏན་གསུམ་པ་འདི་ཉིད་ཡིན་ནོ། །ཞེས་གསུངས་པའི་བསམ་གཏན་གསུམ་པ་དེ་ལ་སེམས་རྩེ་གཅིག་ཏུ་གཞག་སྟེ། གཅིག་ཏུ་བཞག་ནས་གནས་སོ་ཞེས་བྱ་བར་སྦྱར་རོ། །བསམ་གཏན་བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་ལུས་ཀྱི་སིམ་པའི་མཚན་ཉིད་དོ། །སྡུག་བསྔལ་ཡང་ལུས་འདི་ཉིད་ལ་གདུང་བར་བྱེད་པའི་མཚན་ཉིད་དོ། །བསམ་གཏན་བཞི་ལ་དེ་ཉིད་མེད་པས་ན་སྤངས་ཞེས་


DTG207_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྔོན་ཡིད་བདེ་བ་དང་མི་བདེ་བ་ནུབ་ནས། ཤེས་པ་ལ་བསམ་གཏན་དང་པོ་ཐོབ་པ་ཉིད་ལས་ཡིད་ནི་སིམ་པ་དང༌། གདུང་བ་གཉིས་སྤངས་པས་སྔ་ནས་ཡིད་བདེ་བ་དང་མི་བདེ་བ་ཞེས་བྱའོ། །དེ་ལ་བསམ་གཏན་གཉིས་པ་ཐོབ་པ་ན་བདེ་བ་སྤངས་སོ། །བསམ་གཏན་གསུམ་པ་ཐོབ་པ་ན་ཡིད་མི་བདེ་བ་སྤངས་སོ། །བསམ་གཏན་བཞི་པ་ཐོབ་ན་ཡིད་བདེ་བ་ཚོར་བ་ཡང་མེད་དོ། །སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་དེ་ཞེས་བྱ་བ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་ཞེས་བྱ་བར་གཟུང་སྟེ། གང་གི་ཕྱིར་བསམ་གཏན་བཞི་པ་ཐོབ་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཚོར་བ་ཡང་མེད་པའི་ཕྱིར་རོ། །འདི་ལྟར་ཚོར་བ་མེད་པའི་སྙོམས་པར་འཇུག་པ་ཡང་མི་སྲིད་པས་ན་དེ་བས་ན་བཏང་སྙོམས་དང་ལྡན་ནོ་ཞེས་བྱ་བར་རིགས་པར་བྱའོ། །དག་པའི་སྒྲ་མཇུག་ཏུ་སྨོས་པ་གཉི་ག་དང་སྦྱར་ཏེ། བཏང་སྙོམས་དག་པ་དྲན་པ་དག་པའོ། །བཏང་སྙོམས་ཀྱི་སྒྲ་འདིའི་སྐབས་སུ་འདུ་བྱེད་ཀྱི་བཏང་སྙོམས་ལ་བྱའོ། །དྲན་པའི་སྒྲ་ཡང་བསམ་གཏན་བཞི་པའི་ཡན་ལག་ཏུ་གཏོགས་པའི་ཆོས་རྣམས་མ་བརྗེད་པ་ལ་བྱའོ། །ས་འོག་མའི་ཉེས་པའི་དྲི་མ་བརྒྱད་དང་བྲལ་ནས་བཏང་སྙོམས་དག་པ་དང་དྲན་པ་དག་པ་ཞེས་བྱའོ། །དྲི་མ་བརྒྱད་ནི། རྟོག་པ་དང་དཔྱོད་པ་དང༌། དབུགས་དབྱུང་བ་དང༌། རྔུབ་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། ཡིད་བདེ་བ་དང༌། ཡིད་མེ་བདེ་བ་སྟེ་བརྒྱད་དོ། །བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་ལ་སེམས་རྩེ་གཅིག་ཏུ་བཞག་ནས་གནས་ཞེས་བྱ་བའི་ཐ་ཚིག་གོ །བརྒལ་བ་བསམ་གཏན་བཞི་པོ་འདི་དག་ན་དད་པ་དང་བརྩོན་འགྲུས་ལ་སོགས་པ་གཞན་ཡང་ཡོད་ན། དེ་དག་བསམ་གཏན་གྱི་ཡན་ལག་ཏུ་མ་བཤད་ཀྱི། རྟོག་པ་དང་དཔྱོད་པ་ལ་སོགས་པ་ཅིའི་ཕྱིར་ཡན་ལག་ཏུ་བཤད་ཅེ་ན། སྨྲས་པ། འདི་རྣམས་ཙམ་ཉིད་ཀྱི་གཉེན་པོ་དང༌། ཡོན་ཏན་དང༌། དེ་ཉིད་ཀྱིས་གཞིའི་ཡན་ལག་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པས། རྟོག་དཔྱོད་ལ་སོགས་པ་ཉིད་


DTG207_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཏུ་བཤད་ཀྱི་གཞན་ཡོད་ཀྱང་ཡན་ལག་ཏུ་མ་བཞག་གོ །དེ་ལ་བསམ་གཏན་དང་པོ་ནས་རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི་ཁམས་ཀྱི་ཆོས་རྣམས་ལ་ཟུག་རྔུ་དང་ཤུ་བ་ལ་སོགས་པར་རྟོག་ཅིང་དཔྱོད་པས་འདོད་པ་དང་གནོད་སེམས་དང་ཁོང་ཁྲོ་བའི་གཉེན་པོར་གྱུར་ཅིང་དེ་དག་སེལ་བར་བྱེད་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བས་རྗེས་སུ་བསྔགས་པའི་ཡན་ལག་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས། འདོད་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྤངས་ན་དེ་སྤངས་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་སོ་སོར་མྱོང་བར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བས་དེ་གཉི་གའི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་གནས་པའི་མཐུས་འདོད་པ་སུན་འབྱིན་པའི་རྟོག་དཔྱོད་འཇུག་ཅིང་དེ་ལས་དབེན་པའི་དགའ་བ་དང༌། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ་ནི་གཉེན་པོའི་ཡན་ལག་སྟེ་ནང་རབ་ཏུ་དང་བ་དང༌། སེམས་རྩེ་གཅིག་ཏུ་གྱུར་པས་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་པ་དང་དཔྱོད་པ་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་གསལ་བས་ན་བསམ་གཏན་གཉིས་པ་ལ་རྟོག་དཔྱོད་མེད་པའི་ཕྱིར། རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་སྟེ། ནང་དང་བ་དང་རྩེ་གཅིག་ཏུ་གྱུར་པ་བས་རྟོག་པ་དང་དཔྱོད་པ་གསལ་ན། རྟོག་དཔྱོད་དང་བྲལ་བའི་ཏིང་ངེ་འཛིན་ལས་དགའ་བ་དང་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བས། དེ་གཉི་གའི་གཞིའི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་བརྟེན་ནས། ནང་དང་ཞིང་གཅིག་ཏུ་གྱུར་པ་དང་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །བསམ་གཏན་གསུམ་པ་ལ་བཏང་སྙོམས་ལ་གནས་པ་དང༌། དྲན་པ་དང་ཤེས་བཞིན་གསུམ་ནི་གཉེན་


DTG207_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡན་ལག་སྟེ། དེ་དག་གི་བསམ་གཏན་གཉིས་པའི་དགའ་བ་དང་བདེ་བ་སེལ་བར་བྱེད་པའི་ཕྱིར་རོ། །ལུས་ཀྱི་བདེ་བ་སོ་སོར་ཚོལ་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་སྟེ། དེ་ན་ཡིད་ཀྱི་བདེ་བ་ཡོད་པར་དཔེས་བསྟན་པ་ནི་གང་དེ་འཕགས་པས་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བས་དེ་གཉི་གའི་གཞི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་བཞག་ནས། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དུ་འཇུག་ཅིང་ལུས་ཀྱི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །བསམ་གཏན་བཞི་པ་ལ་བཏང་སྙོམས་དག་པ་དང༌། དྲན་པ་དག་པ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་སེལ་བར་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་ཡིན་ནོ། །བསམ་གཏན་བཞི་ལ་སྙོམས་པར་ཞུགས་ཏེ་གནས་པ་ནི་དེ་གཉི་གའི་གཞིའི་ཡན་ལག་ཡིན་ཏེ། སེམས་རྩེ་གཅིག་པའི་མཐུས་བཏང་སྙོམས་དང་དྲན་པ་དག་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་གྱུར་པའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མན་ཆད་ཡིད་ལ་བྱེད་པ་རྣམ་པ་བདུན་བསྒོམ་སྟེ། ཡིད་ལ་བྱེད་པ་རྣམ་པ་བདུན་གང་ཞེ་ན། མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་པ་དང༌། ལྷག་པར་མོས་པ་ཡིད་ལ་བྱེད་པ་དང༌། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང༌། དགའ་བ་ཡང་དག་པར་སྡུད་པ་ཡིད་ལ་བྱེད་པ་དང༌། འཇིག་པ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ། ཡང་རྣལ་འབྱོར་པ་ཡིད་ལ་བྱེད་པ་རྣམ་པ་བདུན་གྱི་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པར་བྱེད་དོ། །ཡིད་ལ་བྱེད་པ་བདུན་གྱི་མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་པ་ལ་སོགས་པའོ། །མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་པ་ནི། དེས་འདོད་པའི་ཁམས་ཀྱི་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་རྣམ་པར་རིག་


DTG207_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ལ། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་རིག་པར་བྱེད་དོ། །དེ་ལ་རགས་པའི་མཚན་ཉིད་ཇི་ལྟར་རིག་པར་བྱེད་ཅེ་ན། འདོད་པའི་ཁམས་ཀྱི་འདོད་པ་རྣམས་དངོས་པོ་དྲུག་ཏུ་རྟོག་ཅིང་ཚོལ་བར་བྱེད་དོ། དངོས་པོ་དྲུག་ནི་དོན་དང་དངོས་པོ་དང་མཚན་ཉིད་དང༌། ཕྱོགས་དང༌། དུས་དང་རིག་པའོ། །དེ་ལ་རིག་པའི་དོན་དུ་ཇེ་ཚོལ་ཞིང་རྟོག་སྟེ། ཇི་ལྟ་ཞེ་ན། འདོད་པ་འདི་དག་ནི་ཉེས་པའི་དམིགས་པ་དང་བཅས་པ། གནོད་པ་མང་བ་ནད་མང་བ་མི་བདེ་བ་མང་བ་སྟེ། ཞེས་དེ་ལྟར་ཚོལ་བར་བྱེད་པ་ནི་རིག་པའི་དོན་དུ་ཚོལ་བའོ། །དེ་ལ་དངོས་པོ་ཚོལ་བར་བྱེད་པ་འདི་འདོད་པའི་དངོས་པོ་རྣམ་པ་གཉིས་ཏེ་ནང་དང་ཕྱིའིའོ། །དེ་ལ་ནང་གི་འདོད་པའི་དངོས་པོ་ཚོལ་བར་བྱེད་པ་ནི། བདག་གི་ལུས་ལ་ཆགས་པ་དང་འདོད་པའི་འདོད་ཆགས་ཀྱི་སེམས་སྐྱེས་པ་ན། ལུས་ལ་ཆགས་པ་དང༌། འདོད་པའི་འདོད་ཆགས་ཀྱི་སེམས་སྐྱེས་སོ་ཞེས་རྟོག་པར་བྱེད་པའོ། །ཕྱི་རོལ་གྱི་དངོས་པོ་ཚོལ་བར་བྱེད་ན་ནི། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་ལ་སེམས་ཞུགས་པ་ན་སེམས་དེ་དག་ལ་འཕྲོས་སོ་ཞེས་ཚོལ་བར་བྱེད་པའོ། །མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ་རང་གི་མཚན་ཉིད་ཚོལ་བ་དང༌། སྤྱིའི་མཚན་ཉིད་ཚོལ་བའོ། །རང་གི་མཚན་ཉིད་ཚོལ་བ་ཡང་འདོད་པའི་རང་གི་མཚན་ཉིད་གཉིས་ཏེ། ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་དང༌། དངོས་པོའི་མཚན་ཉིད་ཀྱི་འདོད་པའོ། །ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་ནི་འདོད་ཆགས་ཀྱི་སེམས་བསྐྱེད་པའོ། །དངོས་པོའི་མཚན་ཉིད་ཀྱི་འདོད་པ་ནི་བུད་མེད་ལ་སོགས་པ་ཕྱིའི་ཡུལ་རྣམས་སོ། །འདོད་པ་དེ་གཉིས་ཀྱང་ཚོར་བ་བདེ་བའི་གནས་སུ་འགྱུར་བ་དང༌། སྡུག་བསྔལ་གྱི་གནས་སུ་འགྱུར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་གནས་སུ་འགྱུར་བའོ། །ཚོར་བ་བདེ་བའི་གནས་སུ་འགྱུར་བའི་དུས་ན་ནི། འདོད་ཆགས་སྐྱེ་བའི་རྟེན་དུ་འགྱུར་ཞིང་མི་བདེ་བ་ལས་བདེ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པར་འབྱུང་བའི་རྟེན་དུ་འགྱུར་རོ། །ཚོར་བ་སྡུག་བསྔལ་གྱི་གནས་སུ་གྱུར་པའི་དུས་ན་ནི་ཞེ་སྡང་སྐྱེ་བའི་གནས་སུ་གྱུར་པ་དང༌།


DTG207_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བ་དང་འཁྲུག་པར་འབྱུང་བའི་གནས་སུ་འགྱུར་རོ། །ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་སྐྱེ་བའི་རྟེན་དུ་འགྱུར་ན་ནི། རྨོངས་པ་དང་གཡོ་དང༌། སྒྱུ་དང༌། ངོ་ཚ་མི་ཤེས་པ་དང༌། ཁྲེལ་མེད་པ་སྐྱེས་བའི་གནས་སུ་གྱུར་པ་སྟེ། འདོད་པ་འདི་དག་ལས་རྟག་ཏུ་ཉོན་མོངས་པ་རྗེས་སུ་འབྲང་ངོ་ཞེས་ཚོལ་བ་ནི་རང་གི་མཚན་ཉིད་ཚོལ་བའོ། །ཇི་ལྟར་སྤྱིའི་མཚན་ཉིད་ཚོལ་ཞེ་ན་འདོད་པ་འདི་དག་ཐམས་ཅད་ཀྱང་སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་ནས། འདོད་པ་མི་སྐྱེ་བའི་བར་གྱི་སྡུག་བསྔལ་དག་དང་རྟག་ཏུ་འགྲོགས་ཤིང་འབྲེལ་བ་ཡིན་ལ། གང་དག་འདོད་པའི་ལོངས་སྤྱོད་ལ་གནས་ཤིང་འདོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་ཀྱང་སྐྱེ་བ་ལ་སོགས་པའི་ཆོས་ཉིད་དང་མི་འབྲལ་ལ། ཐང་ཅིག་འགྲོགས་པ་ཙམ་དུ་ཟད་དོ་ཞེས་ཚོལ་བ་ནི་སྤྱིའི་མཚན་ཉིད་ཚོལ་བའོ། །ཇི་ལྟར་ཕྱོགས་ཚོལ་ཞེ་ན། ཕྱོགས་རྣམ་པ་གཉིས་ཏེ། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ལས་འདོད་པའི་ཚོགས་འདི་དག་ནི་ནག་པོའི་ཕྱོགས་སུ་གཏོགས་པ་མེ་མ་དག་དང་འདྲ་བ་དུག་རབ་ཏུ་གདུག་པ་དང་མཚུངས་པ་རྨི་ལམ་ལྟ་བུ་ཐང་ཅིག་བརྙས་པའི་རྒྱན་དང་འདྲ་བ་ཤིང་གི་འབྲས་བུ་སྨིན་པ་དང་མཚུངས་པ་སྟེ། འདོད་པ་དེ་དག་ཚོལ་བའི་དུས་ན་ཡང་སེམས་ཅན་རྣམས་ཚོར་བའི་སྡུག་བསྔལ་སོ་སོར་མྱོང་ཞིང་རྙེད་ན་ཡང་བསྲུང་བའི་སྡུག་བསྔལ་དང༌། བྲལ་བའི་སྡུག་བསྔལ་དང༌། དབང་མེད་པའི་སྡུག་བསྔལ་ལ་སོགས་པ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་འདོད་པ་འདི་དག་བསྟེན་ནས་ཉེས་པའི་དམིགས་པ་རྣམས་པ་ལྔ་ཡོད་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདོད་པ་འདི་དག་བདེ་བའི་རོ་ཆུང་སྡུག་བསྔལ་མང་བ། ཉེས་པའི་དམིགས་པ་མང་པོ་དང་ལྡན་པ་སྟེ། དེ་བསྟེན་ནའང་ཚིམ་པའམ་མཆོག་གི་མཐའ་མེད་དོ་ཞེས་གསུངས་ཏེ། རྣམ་གྲངས་དེས་ན་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཡང་དག་པར་ཞུགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་པ་དུ་མས་སྨད་པའོ། །ཇི་ལྟར་དུས་ཚོལ་ཞེ་ན། འདོད་པའི་འདོད་ཆགས་འདི་དག་ནི་འདས་པ་དང༌། མ་འོངས་པ་དང༌། ད་


DTG207_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱི་དུས་སུ་རྟག་པ་རྟག་པར་ཐེར་ཟུག་ཐེར་ཟུག་ཏུ་ཡང་འདོད་པ་འདི་དག་ནི་འཚེ་བ་མང་བ་སྡུག་བསྔལ་མང་བ། གནོད་པ་མང་བ་ཞེས་དེ་ལྟར་ཚོལ་བ་ནི་དུས་ཚོལ་བའོ། །ཇི་ལྟར་རིགས་པས་ཚོལ་ཞེ་ན། འདོད་པ་འདི་དག་རྩོལ་བ་ཆེན་པོ་དང༌། འབད་པ་ཆེན་པོ་དང་ངལ་བ་དང་ཆད་པ་རྣམ་པ་དུ་མ་དང་བཟོའི་གནས་རྣམ་པ་སྣ་ཚོགས་ཀྱིས་བསྒྲུབ་དགོས་ཏེ། དེ་ལྟར་བསགས་ཤིང་བརྩལ་བ་ཡང་བདག་གི་ལུས། གཟུགས་ཅན་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་རགས་པ་རྟག་ཏུ་མཉེ་བ་དང་བཀྲུ་བ་དང་གསོ་དགོས་ཤིང་འཇིགས་པ་དང་བཅས་པ་དང་རྣམ་པར་འཐོར་བའི་ཆོས་ཅན་ལས་སྡུག་བསྔལ་ཙམ་བསལ་བའི་ཕྱིར་ནི་གཉེན་པོར་འགྱུར་ཏེ། བཀྲེས་པའི་སྡུག་བསྔལ་བསལ་བའི་ཕྱིར་ནི་ཁ་ཟས་སོ། །གྲང་བ་དང་དྲོ་བའི་སྡུག་བསྔལ་དང༌། འཛེམ་པ་དང༌། ངོ་ཚ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་བགོ་བའོ། །གཉིད་དང་འཆད་པའི་སྡུག་བསྔལ་བསལ་བའི་ཕྱིར་ནི་མལ་སྟན་ཏོ། །འཆག་པ་དང་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་བཞོན་པའོ། །ན་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་ན་རྐྱེན་གྱི་སྨན་ཏེ། འདོད་པའི་ཆོས་འདི་དག་ཀྱང་སྡུག་བསྔལ་གྱི་གཉེན་པོ་ཙམ་དུ་ཟད་པས་དེ་དག་ལ་ཆགས་པ་དང་ཞེན་པར་ནི་མི་བྱའོ། །གཞན་དུ་ན་ནད་ཀྱིས་ཉེན་པའི་ནད་པ་རྣམས་ནད་ཞི་བར་བྱ་བའི་ཕྱིར་སྨན་ལ་བརྟེན་པ་འདྲ་བའི་ཚུལ་དུ་བྱའོ་ཞེས་ཚོལ་བ་ནི་རིགས་པས་ཚོལ་བ་སྟེ། དེ་ལྟར་ན་འདོད་པའི་ཆོས་དེ་དག་ལ་དངོས་པོ་རྣམས་པ་དྲུག་ཚོལ་བས་རགས་པའི་མཚན་ཉིད་དུ་རིག་པར་བྱེད་ལ། བསམ་གཏན་དང་པོ་ལ་ནི་ཞི་བའི་མཚན་ཉིད་དུ་རྣམ་པར་རིག་པར་བྱེད་དོ། །ཡིད་ལ་བྱེད་པ་དེ་ནི་མཉན་པ་དང༌། བསམ་པའི་ཤེས་རབ་དང་འདྲེས་པ་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་མཉན་པ་དང་བསམ་པའི་ཤེས་རབ་ལས་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པར་འདོད་པའི་ཁམས་ཀྱི་འདོད་པ་ལ་རག་ལས་པ་དང༌། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་དམིགས་པའི་ཞི་གནས་དང་ལྷག་མཐོང་བ་སྒོམ་པ་ན་ཡང་ནས་ཡང་དུ་ཇི་ལྟར་བརྩལ་བའི་རགས་པ་དང་ཞི་བ་ལ་མོས་པར་བྱེད་དོ། །དེ་ནི་མངོན་པར་མོས་


DTG207_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རྒྱུན་དུ་གོམས་པས་དང་པོ་ཉིད་དུ་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེ་སྟེ། དེས་ཉོན་མོངས་པ་ཆེན་པོའི་རྣམ་པ་སྤོང་བར་བྱེད་པས་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཉོན་མོངས་པ་དང་བྲལ་ནས་རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བ་དང༌། སྤོང་བ་ལ་རྗེས་སུ་བསྔགས་པའི་བསམ་པ་སྐྱེ་ཞིང་བདེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཤས་ཆུང་ངུ་དང་ལྡན་ལ་དུས་དུས་སུ་བསམ་གཏན་གྱི་འབྲས་བུ་འམ་དེ་བཞིན་གཤེགས་པའི་ཡོན་ཏན་ལ་སོགས་པ་གང་ཡང་རུང་བ་སེམས་དང་བར་འགྱུར་བའི་ཡིད་ལ་བྱེད་པས་གཟེངས་བསྟོད་ཅིང་སེམས་ཅན་སྤྲོ་བ་སྐྱེད་པར་བྱེད་དེ། དེ་ཡང་རྨུགས་པ་དང་རྒོད་པའི་སྒྲིབ་པ་བསལ་བའི་ཕྱིར་འདི་ནི་དགའ་བ་ཡང་དག་པར་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་ཡང་དག་པར་ཞུགས་པ་ན་དགེ་བའི་རྩ་བས་ཡང་དག་པར་བསྟན་པས་འདོད་པའི་ཁམས་ཀྱི་ཉོན་མོངས་པས་ཀུན་ནས་དཀྲིས་པ་རྣམས་འགྲོ་བའམ་གནས་པ་ན་ཡང་དག་པར་མི་འབྱུང་སྟེ། དེ་དེའི་ཚེ་འདི་སྙམ་དུ་ཅི་བདག་འདོད་པའི་འདོད་ཆགས་ལ་ཆགས་པ་ཡོད་པའམ་མི་འབྱུང་ཞིང་འབྱུང་བར་ཚོར་རམ་འོན་ཏེ་མེད་པ་ལས་མི་འབྱུང་ཞིང་འབྱུང་བར་མ་ཚོར་ཞེས་རྟོག་ཅིང་གཞན་ཡང་རབ་ཏུ་དང་བར་འགྱུར་བ། དགེ་བའི་མཚན་མ་དག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ནི་འཇིག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་གཉེན་པོའི་ཕྱོགས་སོ་སོར་འཇིག་ཅིང་བཙལ་ནས་བསྒོམས་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང༌། བསམ་གཏན་དང་པོའི་སྦྱོར་བ་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་འབྱུང་སྟེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་འོག་ཏུ་རྩ་བའི་བསམ་གཏན་དང་པོ་ཐོབ་པར་འགྱུར་ཏེ། དེའི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་དོ། །དེ་ལ་མཚན་ཉིད་ཡང་དག་པར་རིག་པ་ཡིད་ལ་བྱེད་པས་ནི། །གང་སྤང་བར་བྱ་བ་དང་ཐོབ་པར་བྱ་བ་དེ་དག་ཡང་དག་པར་ཤེས་ནས་སྤང་བར་བྱ་བ་དང༌། ཐོབ་པར་བྱ་བའི་ཕྱིར་སེམས་


DTG207_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཛིན་ཏོ། །ལྷག་པར་མོས་པ་ཡིད་ལ་བྱེད་པས་ནི་དེའི་འོག་ཏུ་ཡང་དག་པར་སྦྱོར་བ་ལ་བརྩོན་པར་བྱེད་དོ། །རབ་ཏུ་དབེན་པ་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོའི་རྣམ་པར་སྤོང་བར་བྱེད་དོ། །དགའ་བ་ཡང་དག་པར་སྡུད་པ་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་འབྲིང་གི་རྣམ་པ་སྤོང་བར་བྱེད་དོ། །འཇིག་པ་ཡིད་ལ་བྱེད་པས་ནི། ཐོབ་པ་ཡིད་ལ་བྱེད་པ་ཡང་སེམས་ང་རྒྱལ་མེད་པར་འཇོག་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པས་ནི། ཉོན་མོངས་པ་ཆུང་ངུའི་རྣམ་པ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི་ལེགས་པར་བསྒོམས་པའི་འབྲས་བུ་སོ་སོར་མྱོང་བར་བྱེད་དེ། ཇི་ལྟར་བསམ་གཏན་དང་པོ་ལ་ཡིད་ལ་བྱེད་པ་བདུན་ཡོད་པ་བཞིན་དུ་ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་ཡིད་ལ་བྱེད་པ་བདུན་དང་ལྡན་པར་ཅི་རིགས་པར་སྦྱར་ཏེ། རྒྱས་པར་བཤད་ན་ཡི་གེ་གཞུང་མངས་པས་ཞིབ་ཏུ་ནི་མ་བཤད་དོ། །དེ་ལ་རྣམ་པ་གཉིས་ཀྱི་ས་འོག་མ་ཐམས་ཅད་རགས་པ་ཡིན་ཏེ། རྣམ་པ་གཉིས་ནི་མ་ཞི་བའི་མཚན་ཉིད་དུ་གནས་པ་དང་ཚེའི་འདུ་བྱེད་ཐུང་བའོ། །བསམ་གཏན་གྱི་འོག་ཏུ་ཚངས་པའི་གནས་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། ཚངས་པའི་གནས་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་འདིར་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོས་ནས་བཀའ་སྩལ་ཏེ་སྔ་མ་བཞིན་ནོ། །དགེ་སློང་ཞེས་བྱ་བ་ནི་ཚད་མེད་པ་བཞི་བསྒོམ་པའི་རྣལ་འབྱོར་པ་ནི་དགེ་སློང་ངོ༌། །དེ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཐོབ་པར་བྱེད་པའི་གནས་ནི་ཚངས་པའི་གནས་སོ། །ཡང་ན་ཚངས་པ་ནི་སྡིག་པ་ཐམས་ཅད་ལ་མི་འཇུག་ཅིང་སྤོང་བར་བྱེད་པ་སྟེ། སྡིག་པ་ལ་མི་འཇུག་པའི་ཆོས་བཞི་ནི་ཚངས་པའི་གནས་བཞིའོ། །བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་ཏིང་ངེ་འཛིན་མ་སྨོས་ཀྱང་བྱམས་པའི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏེ། བྱམས་པའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཁྱད་པར་བསྟན་པ་ནི། དགྲ་མེད་པ་ཞེས་བྱ་བ་ལ་སོགས་པ་


DTG207_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །མཛའ་བ་དང་དགྲར་དབྱེར་མེད་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་བསམ་པའི་སེམས་དང་ལྡན་པས་ན་དགྲ་མེད་པའོ། །སེམས་ཅན་རྣམས་དགེ་བའི་ཕྱོགས་ལ་དགོད་ཅིང་འཕགས་པའི་ལམ་བསྒོམ་དུ་བཅུག་གཅིག་པ་ནི་ཕན་པའི་སེམས་ཏེ། དེ་ལྟ་བུའི་བསམ་པ་དང་ལྡན་པས་ན་མི་མཐུན་པ་མེད་པའོ། །དོན་དུ་ན་སེམས་ཅན་ཀུན་ལ་ཕན་པར་སེམས་ཀྱི། བུད་མེད་ཆེ་ཆུང་བཞིན་དུ་གཅིག་ལ་གཅིག་འགྲན་ཟླ་མེད་ཅེས་བྱ་བའི་ཐ་ཚིག་གོ །སེམས་ཅན་རྣམས་ལྷ་དང་མིའི་བདེ་འགྲོ་རྣམས་མྱ་ངན་ལས་འདས་པར་དགོངས་པར་སེམས་པ་ནི་བདེ་བའི་བསམ་པ་སྟེ་བསམ་པ་དེ་དང་ལྡན་པས་ན་གནོད་པ་མེད་པའོ། །ཡང་ན་དགྲ་ལ་ཡང་གནོད་པར་བྱ་བའི་སེམས་མེད་པས་ན་གནོད་པ་མེད་པའོ། །ལས་དང་པོ་པའི་དུས་ན་ཕྱོགས་གཅིག་ཏུ་ཇེ་བྱམས་ཁྱབ་པར་བྱེད་པས་ན་ཡངས་པའོ། །བྱམས་པ་གྲུབ་པའི་དུས་ན་ནི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བྱེད་པས་ན་ཆེར་འགྱུར་བའོ། །ཀུན་ལ་སེམས་མཉམ་སྟེ་གྲོགས་ལ་བྱམས་པ་དང༌། དགྲ་ལ་ཞ་སྡང་མེད་པས་ན་གཉིས་སུ་མེད་པའོ། །འདོད་པའི་ཁམས་ཀྱི་སེམས་ཅན་ཚད་མེད་པ་ལ་དམིགས་པ་ན་ཚད་མེད་པའོ། །བྱམས་པའི་མི་མཐུན་པའི་ཕྱོགས་ཞེ་སྡང་སྤངས་ཏེ་བྱམས་པ་དེ་ཞེ་སྡང་དང་མ་འདྲེས་པར་བསྒོམས་པས་ན་ཤིན་ཏུ་བསྒོམ་པའོ། །ཕྱོགས་གཅིག་ཏུ་སྨོས་ཤིང་ཁྱབ་པར་བྱས་ཞེས་བྱ་བ་ལ་ཕྱོགས་གཅིག་ནི་དང་པོ་ཉིད་དུ་ཤར་རམ་ནུབ་བམ་ཕྱོགས་གང་ཡང་རུང་བ་གཅིག་ཏུ་དམིགས་པ་སྟེ། འདིར་རི་ཚིག་པ་བཞིན་དུ་སྣོད་ཀྱི་སྒོ་ནས་སྣོད་ལ་ཆགས་པའི་སེམས་ཅན་ལ་དམིགས་པར་བྱེད་པ་བསྟན་ཏོ། །མོས་ཞེས་བྱ་བ་ལ་མོས་པ་ཡིད་ལ་བྱེད་པ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་ཁྱབ་པའོ་ཞེས་དམིགས་པ་མེད་པས་ན་དེ་ཁོ་ན་ཡིད་ལ་བྱེད་པ་ནི་མ་ཡིན་ནོ། །ཁྱབ་པར་བྱས་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱམས་པས་རྒྱས་པར་བྱས་ཞེས་བྱ་བའི་དོན་ཏོ། །བསྒྲུབས་ནས་གནས་ཞེས་བྱ་བ་ནི་བྱམས་པའི་སེམས་འགྲུབ་པར་བྱས་ནས་གནས་པའོ། །ཇི་ལྟར་


DTG207_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ལ་གནས་པ་བཞིན་ཕྱོགས་གཉིས་པོ་ལ་སོགས་པ་ཡང་དམིགས་པར་བསྟན་པའི་ཕྱིར། དེ་བཞིན་དུ་གཉིས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟེང་ནི་འདོད་པའི་ཁམས་ཀྱི་ལྷ་ལ་སོགས་པའི་གནས་སོ། འོག་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །མཚམས་ནི་ཕྱོགས་བཞིའི་མཚམས་ན་གནས་པའི་སེམས་ཅན་ནོ། །ཇི་ལྟར་བྱམས་པའི་ངོ་བོ་དང་བསྒོམ་པའི་མཚན་ཉིད་བསྟན་པ་བཞིན་དུ་སྙིང་རྗེ་ལ་སོགས་པ་ལ་ཡང་ཚུལ་དེ་དང་འདྲ་བར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ཀྱང་སྔར་བཤད་པ་བཞིན་དུ་བལྟའོ། །མདོ་ཁ་ཅིག་ལས་ཚད་མེད་པ་བཞིན་ཞེས་འབྱུང་སྟེ། དེའི་དོན་ཀྱང་ཚད་མེད་པའི་སེམས་ཅན་ལ་དམིགས་པས་ན་ཚད་མེད་པ་ཞེས་བྱའོ། །འོ་ན་ཅིའི་ཕྱིར་ཚངས་པའི་གནས་ལྔ་དང་གསུམ་ལ་སོགས་པར་མ་བཤད་ལ་བཞི་ཁོ་ནར་བཤད། སྨྲས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར་གྱུར་བས་བཞི་ཁོ་ནར་བཤད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པ་བཞི་ནི་གནོད་པ་དང་འཚེ་བ་དང་མི་དགའ་བ་དང་འདོད་ཆགས་དང༌། གནོད་སེམས་སོ། །དེ་ལ་གནོད་སེམས་མང་བའི་སེམས་ཅན་རྣམས་དེ་སྤང་བའི་ཕྱིར་བྱམས་པ་གཉེན་པོར་འགྱུར་རོ། །རྡེག་བཙོག་པ་ལ་སོགས་པའི་འཚེ་བ་མང་བ་རྣམས་སྤང་བའི་ཕྱིར་སྙིང་རྗེ་གཉེན་པོར་འགྱུར་རོ། །མི་དགའ་བ་མང་བ་རྣམས་དེ་སྤང་བའི་ཕྱིར་དགའ་བ་གཉེན་པོར་འགྱུར་རོ། །འདོད་ཆགས་དང་གནོད་སེམས་མང་བ་རྣམས་དེ་སྤང་བར་བྱ་བའི་ཕྱིར་བཏང་སྙོམས་གཉེན་པོར་འགྱུར་རོ། །འོ་ན་མི་གཙང་བ་བསྒོམ་པ་ཡང་འདོད་ཆགས་ཀྱི་གཉེན་པོ་ཡིན་ན་ནི་མི་གཙང་བ་དང་བཏང་སྙོམས་གཉིས་གཉེན་པོར་གྱུར་པ་ལ་ཁྱད་པར་ཅི་ཡོད། སྨྲས་པ་མི་ཚངས་པར་སྤྱོད་པའི་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པའོ། །ཕ་དང་མ་དང་གཉེན་ལ་ཆགས་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་ཏེ་ཁྱད་པར་ཡོད་དོ། །དེ་བྱམས་པ་ལ་སོགས་པའི་མཚན་ཉིད་བསྟན་ཏོ། །ཀྱི་ཧུད་སེམས་སེམས་ཅན་འདི་དག་བདེ་


DTG207_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལྡན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་བྱམས་པའོ། །ཨེ་མའོ་སེམས་ཅན་འདི་དག་སྡུག་བསྔལ་བ་སྟེ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་སྙིང་རྗེའོ། །སེམས་ཅན་བདེ་བ་དང་ལྡན་པ་རྣམ་རྟག་ཏུ་བདེ་བ་དང་དགའ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་དགའ་བའོ། །གྲོགས་ལ་བྱམས་པ་ཡང་མི་སྐྱེད་དགྲ་ལ་ཞེ་སྡང་ཡང་མི་སྐྱེད་དེ། སེམས་མཉམ་པ་ཙམ་དུ་འཛིན་པ་ནི་བཏང་སྙོམས་སོ། །འོ་ན་ལས་དང་པོ་པ་རྣམས་ཐོག་མ་ཉིད་དུ་བྱམས་པ་ལ་སོགས་པ་ལ་ཇི་ལྟ་བསྒོམ། དེ་ལྟར་བདག་ཉིད་བདེ་བ་དང་ལྡན་པའམ་བདག་བདེ་བ་མེད་ཀྱང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་བདེ་བ་ཐོབ་པར་མཐོང་ངམ་ཐོས་ན་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱེད་དོ། །གལ་ཏེ་གང་ཟག་དེ་ཉོན་མོངས་པའི་མཐུ་ཆེ་བས་ན། སེམས་ཅན་ཀུན་ལ་བདག་དང་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་མོས་པར་མི་ནུས་ཏེ། དགྲ་ལ་ལྷག་པར་ཞེ་སྡང་ཡོད་ལ། གྲོགས་ལ་ལྷག་པར་བྱམས་པ་ཡོད་ན། དེས་གྲོགས་ཀྱི་ཕྱོགས་ལ་ཡང་རབ་དང་འབྲིང་དང་ཐ་མ་སྟེ་རྣམ་པ་གསུམ་དུ་དབྱེའོ། །དེ་ལྟར་དབྱེ་བ་ལས་ཇེ་གྲོགས་པོ་རབ་ལ་བདེ་བ་དེ་དག་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱའོ། །དེ་ནས་དེ་གྲུབ་ན་གྲོགས་པོ་འབྲིང་ལའོ། །དེ་ནས་དེ་གྲུབ་ན་གྲོགས་པོ་ཐ་མ་ལའོ། །དེ་ནས་གྲོགས་པོའི་ཕྱོགས་གསུམ་མཉམ་པ་ཁོ་ནར་དམིགས་པ་གྲུབ་ན། ཐ་མལ་པའི་མི་རྣམས་སྤྱིར་དམིགས་པར་བྱའོ། །དེ་ནས་དེ་གྲུབ་པ་དང་དགྲ་ཐ་མ་དང་འབྲིང་དང་རབ་རྣམ་པ་གསུམ་དུ་ཕྱེ་སྟེ། དང་པོར་ཐ་མ་ལ་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱའོ། །དེ་ནས་དགྲ་འབྲིང་ལའོ། །དེ་ནས་དགྲ་རབ་ལའོ། །དེ་ནས་གང་གྲོགས་ཀྱི་མཆོག་དང༌། དགྲ་རབ་གཉིས་ཀྱི་ཕྱོགས་གཉིས་ལ་བདེ་བར་གྱུར་ཅིག་ཅེས་བྱམས་པས་མཉམ་པར་གྱུར་ན། དེ་ནས་རིམ་གྱིས་བདག་གི་རིམས་ཙམ་གྱིས་འཁོར་ལ་དམིགས་སོ། །དེ་ནས་གྲོང་ཁྱེར་ལའོ། །དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་དུའོ། །དེ་ནས་ཁད་ཀྱིས་ཇེ་ཆེ་ཇེ་ཆེ་ནས་ཕྱོགས་བཅུ་ཀུན་ཏུ་བྱམས་པས་ཁྱབ་པར་བྱའོ། །


DTG207_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཀུན་ཏུ་ཡོན་ཏན་དང་བཅས་པའི་གང་ཟག་གཞན་དག་ལ་ཡོན་ཏན་ཅུང་ཟད་ཡོད་པར་ཡང་ཁྱད་དུ་མི་གསོད་ཅིང༌། ཡོན་ཏན་དང་ལྡན་པར་འཛིན་པ་དེས་ནི་མྱུར་བར་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །བཟློག་སྟེ་སྨྲས་པ། ཡོན་ཏན་གཟུང་བར་བྱ་བ་ན་ནི་དགེ་བའི་རྩ་བ་ཆད་པ་ལ་ཡང་ཡོན་ཏན་གཟུང་བར་ནུས་ཏེ། དེ་ལྟར་དགེ་བའི་རྩ་བ་ཆད་པ་ལ་གནས་ཀྱང་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་མཐོང་ནས། ཁྱད་ཀྱིས་བསོད་ནམས་ཀྱི་ལས་བྱས་པར་གྱུར་པས་ན། གང་གི་ཕྱིར་ཁྱོད་ད་ལྟར་གཟུགས་བཟང་པོར་གྱུར་ཏོ་ཞེས་བཟུང་བ་ལྟ་བུའོ། །ཡོན་ཏན་ཅན་ལ་ཡང་ཉེས་པ་གཟུང་བར་ནུས་ཏེ། དཔེར་ན་རང་སངས་རྒྱས་ལྟ་བུར་སྒོ་གསུམ་ནས་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་མོད་ཀྱི། སྔོན་གྱི་བསོད་ནམས་མ་ཡིན་པའི་འབྲས་བུ་མཐོང་ནས། སྔོན་ཆད་གང་གི་ཕྱིར་བསོད་ནམས་མ་ཡིན་པའི་ལས་ཅུང་ཟད་བྱས་པར་གྱུར་པས། ད་ལྟར་གཟུགས་མི་མཛེས་པ་དང་ལྡན་པར་གྱུར་ཅེས་བཟུང་བ་ལྟ་བུའོ། །སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། སེམས་ཅན་འདི་དག་ནི་ཆགས་པ་མང་པོའི་དམ་དུ་ནུབ་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་མོས་པར་བྱེད་པའོ། །ཁ་ཅིག་ན་རེ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པར་བྱེད་པའི་གནས་ཡིན་པས་ཚངས་པའི་གནས་ཏེ། དེ་ལྟར་བྱས་པས་བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་སེམས་ཅན་རྣམ་ཕན་པའི་སེམས་དང་བདེ་བའི་སེམས་ཡོད་པས་ན། བྱམས་པ་དང་ལྡན་པའི་སེམས་ཞེས་བྱའོ། །བྱམས་པ་དེ་ཡང་ཉོན་མོངས་པ་རྣམས་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་དགྲ་མེད་པས་ན་མི་མཐུན་པ་མེད་པ་ཞེས་བྱའོ། །ཉོན་མོངས་པ་རྣམ་པ་གསུམ་ནི་སེམས་ཅན་བདག་དང་རིགས་དང་ཡོན་ཏན་ལ་སོགས་པ་མཉམ་པའམ། ཁྱད་ཞུགས་པ་གནོད་པར་བྱེད་པ་ལ་ཞེ་སྡང་བ་དང་གནོད་པར་མི་བྱེད་པ་ལ་ཕྲག་དོག་པ་དང༌། དམན་པ་དེ་གཉི་ག་ལ་ཞེ་སྡང་བའོ། །དེ་ལ་སེམས་ཅན་བདག་པས་རིགས་དང་ཡོན་ཏན་ལ་སོགས་པ་ཉམས་པའམ་ཁྱད་པར་ཅན་གནོད་པར་བྱེད་པ་ཞེ་སྡང་གི་གཉེན་པོར་གྱུར་པས་ན་དགྲ་མེད་པ་ཞེས་བྱའོ། །སེམས་


DTG207_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རིགས་དང་ཡོན་ཏན་ལ་སོགས་པས་མཉམ་པའམ་ཁྱད་པར་ཅན་གནོད་པར་མི་བྱེད་པ་ལ་ཕྲག་དོག་པའི་གཉེན་པོར་གྱུར་པས་ན་མི་མཐུན་པ་མེད་པའོ། །སེམས་ཅན་རིགས་དང་ཡོན་ཏན་ལ་སོགས་པ་བདག་པས་དམན་པ་ལ་གནོད་པར་བྱེད་པ་དང༌། གནོད་པར་མི་བྱེད་པ་གཉི་ག་ལ་ཞེ་སྡང་བའི་གཉེན་པོར་གྱུར་པས་ན་གནོད་པ་མེད་པའོ། །བྱམས་པ་དེ་བསྒོམས་ན་དེའི་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་ཡངས་པའོ། །བྱམས་པའི་སེམས་ཡང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པའི་སར་གཏོགས་ལ། གཟུགས་ཀྱི་ཁམས་ཐོབ་པའི་སེམས་ཀྱི་རྒྱུད་ལ་འབྱུང་བས་ན་ཆེར་གྱུར་པའོ། །ཁ་ཅིག་ནི་གཟུགས་མེད་པའི་ཁམས་ཀྱི་སར་གཏོགས་པས་ན་ཆེར་གྱུར་པ་ཞེས་འཆད་དོ། །དགྲ་དང་མཛའ་བར་དབྱེར་མེད་པས་ན་གཉིས་སུ་མེད་པའོ། །འདོད་པའི་ཁམས་ཀྱི་སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པའོ། །མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་རྒྱལ་བའི་ཕྱིར། ཤིན་ཏུ་བསྒོམ་པ་སྟེ་བྱམས་པའི་མི་མཐུན་པའི་ཕྱོགས་ནི་ཞེ་སྡང་བའོ། །དེ་ལྟར་ན་ཚིག་དེ་དག་གིས་གཉེན་པོ་དང་འབྲས་བུ་དང་ས་དང་དམིགས་པ་དང༌། རྣམ་པར་དག་པའི་སེམས་ཡོངས་སུ་བསྟན་པ་ཡིན་ཏེ། དགྲ་མེད་པ་དང་མི་མཐུན་པ་མེད་པ་དང༌། གནོད་པ་མེད་པའི་ཚིག་གསུམ་གྱིས་ནི་གཉེན་པོ་དང་བཅས་པར་བསྟན་པ་ཡིན་ནོ། །ཡངས་པ་ཞེས་བྱ་བ་ལ་འབྲས་བུ་བསྟན་པ་ཡིན་ནོ། །ཆེར་གྱུར་པ་ཞེས་བྱ་བས་ས་བསྟན་པ་ཡིན་ནོ། །གཉིས་སུ་མེད་པར་གཉིས་སུ་མེད་པ་དང༌། ཚད་མེད་པ་ཞེས་བྱ་བས་དམིགས་པ་བསྟན་པ་ཡིན་ནོ། །ཤིན་ཏུ་བསྒོམ་པ་ཞེས་བྱ་བ་རྣམ་པར་དག་པ་བསྟན་པ་ཡིན་ནོ། །ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་རི་ལ་གནས་པའི་རྩྭ་དང་ཤིང་ཚིག་ན་རི་ཚིག་ཅེས་གནས་ཀྱི་གནས་པ་སྟོན་པ་བཞིན་དུ། འདི་ལ་ཕྱོགས་གཅིག་གི་གནས་པའི་སེམས་ཅན་དམིགས་པར་བྱེད་པ་བསྟན་ཏོ། །མོས་ཞེས་བྱ་བས་མོས་པ་ཡིད་ལ་བྱེད་པ་བསྟན་གྱི་དེ་ཁོ་ན་ཡིད་ལ་བྱེད་པ་མ་ཡིན་པ་ནི་སྔ་མ་བཞིན་ནོ། །ཁྱབ་པར་བྱ་སྟེ་ཞེས་བྱ་བས་དུས་


DTG207_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དམིགས་པར་བྱ་བའི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་དམིགས་ཞེས་བྱ་བའི་དོན་ཏོ། །བསྒྲུབས་ནས་ཞེས་བྱ་བ་རྩ་བའི་ཏིང་ངེ་འཛིན་བཞི་མངོན་དུ་བྱས་པའམ། བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ཉིད་མངོན་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། གནས་སོ་ཞེས་བྱ་བའི་ཚིག་གིས་སྐད་ཅིག་མ་གཅིག་ལ་གནས་པ་མ་ཡིན་གྱི། དེའི་རྗེས་སུ་རྒྱུན་དུ་འབྲང་ཞེས་བྱ་བའི་དོན་ཏོ། །ཡང་ན་ཚངས་པའི་གནས་བཞི་ནི་རིམ་བཞིན་དུ་བདེ་བ་ཡང་དག་པར་སྒྲུབ་པར་བྱེད་པའི་མཚན་ཉིད་དང༌། སྡུག་བསྔལ་སེལ་བར་བྱེད་པ་ལ་འཇུག་པའི་མཚན་ཉིད་དང༌། བདེ་བ་དང་མི་འབྲལ་བར་རྗེས་སུ་མོས་པའི་མཚན་ཉིད་དང་གསུམ་ཆར་ལ་བཏང་སྙོམས་པའོ། །དེ་ལ་བདེ་བ་ཡང་དག་པར་བསྒྲུབ་པའི་མཚན་ཉིད་ནི་བྱམས་པའོ། །སྡུག་བསྔལ་སེལ་བར་བྱེད་པ་ལ་འཇུག་པའི་མཚན་ཉིད་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་རྗེས་སུ་མྱོང་བའི་མཚན་ཉིད་ནི་དགའ་བའོ། །རྣམ་པ་གསུམ་ཆར་ལྟར་མི་འཇུག་པའི་མཚན་ཉིད་ནི་བཏང་སྙོམས་སོ། །ཚད་མེད་བཞི་ལས་ཀྱང་ཇེ་བྱམས་པ་བསྟན་པའི་ཕྱིར། འདི་ལ་དགེ་སློང་དག་དགེ་སློང་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱམས་པ་དེ་སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་གནས་པ་ཡིན་པས་ན་བྱམས་པ་དང་ལྡན་པའི་གནས་ཞེས་བྱའོ། །ཕན་འདོགས་པའི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། ཕན་པ་བསྒྲུབ་པ་དང༌། བདེ་བ་བསྒྲུབ་པ་སྟེ། དེའི་དོན་ཡང་སྔར་བཤད་པ་བཞིན་ནོ། །སེམས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར་ན་དགྲ་མེད་པའོ། །སུས་ཀྱང་གནོད་པར་མི་བྱེད་ལ་བདག་ཀྱང་སུ་ལ་ཡང་གནོད་པར་མི་བྱེད་ལ་མི་མཐུན་པ་མེད་པའོ། །གནོད་པར་བྱ་བའི་ལས་མི་བྱེད་པས་ན་གནོད་པ་མེད་པའོ། །དམིགས་པར་བྱ་བའི་ཡུལ་རྒྱ་ཆེ་བས་ན་ཡངས་པའོ། །ཕན་པ་དང་བདེ་བའི་གཙོར་བསྒྲུབས་པས་ན་རྒྱ་ཆེན་པོར་འགྱུར་བ་སྟེ། ཆེར་གྱུར་པའི་དོན་ནི་གཙོར་བསྒྲུབ་པའི་དོན་ཏོ། །ཆགས་པ་དང་ཞེ་སྡང་མེད་པས་ན་གཉིས་སུ་མེད་པའོ། །དེའི་འབྲས་བུ་དཔག་ཏུ་མེད་པ་འབྱུང་བས་ཚད་མེད་པའོ། །མི་མཐུན་པའི་ཕྱོགས་ལས་རབ་ཏུ་རྒྱལ་བས་ན་ཤིན་ཏུ་བསྒོམ་པའོ། །ཕྱོགས་


DTG207_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་ཞེས་བྱ་བ་ལ་ཞེ་སྡང་མེད་པས་སེམས་ཅན་ལ་ཕན་པ་དང༌། བདེ་བའི་བསམ་པའི་མོས་པ་འབྱུང་ཕྱོགས་གཅིག་ཏུ་ཁྱབ་པར་བྱ་ཞེས་བྱ་བའི་དོན་ཏོ། །བསྒྲུབས་ནས་གནས་ཞེས་བྱ་བས་ནི་བྱམས་པ་དག་པར་བྱས་པའམ། རྫོགས་པར་བྱས་ནས་གནས་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་སྔར་བཤད་པ་བཞིན་དུ་བལྟའོ། །ཚངས་པའི་གནས་ཀྱི་འོག་ཏུ་ལམ་བཞི་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་འདྲི་བའི་ཚུལ་དུ་མགོ་དྲངས་ཏེ་བཀའ་སྩལ་པ། ལམ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་ལམ་སྟེ། མྱ་ངན་ལས་འདས་པའི་གནས་བསྒྲུབ་པའི་དོན་ཏོ། །དེ་ལ་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཞེན་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་དང་པོའོ། །སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་གཉིས་པའོ། །བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་གསུམ་པའོ། །བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་བཞི་པའོ། །དེ་ལ་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་དང༌། གཟུགས་མེད་པ་དག་ནི་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཤས་ཆུང་བས་སྡུག་བསྔལ་གྱི་ལམ་མངོན་པར་ཤེས་པ་དང༌། སྡུག་བསྔལ་གྱི་ལམ་མྱུར་དུ་ཤེས་པ་རྣམ་པར་གཞག་སྟེ། ནམ་དབང་པོ་རྟུལ་པོ་རྣམས་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་དང༌། གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ན་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ནམ་དབང་པོ་རྣོན་པོ་རྣམས་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ན་ནི། སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ན་ནི་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་དང༌། བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པར་རྣམ་པར་གཞག་པ་སྟེ། ནམ་གང་ཟག་དབང་པོ་རྟུལ་པོ་རྣམས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་


DTG207_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་ན་ནི་བདེ་བའི་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ནམ་དབང་པོ་རྣོན་པོ་གང་ཟག་རྣམས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ན་ནི་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱའོ། །ལམ་དང་པོ་རྒྱས་པ་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་གྱི་ལམ་རྨོངས་པར་མངོན་པར་ཤེས་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་འདིར་ཞེས་བྱ་བའི་ཐ་ཚིག་གོ །འགའ་ཞིག་ཅེས་བྱ་བ་ནི་སྐྱེས་བུ་ལ་ལ་ཞིག་ནམ་གང་ཟག་ལ་ལ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་བདོ་བ་ཞེས་བྱ་བ་ལས། བདོ་བའི་སྒྲ་ནི་འདོད་ཆགས་ཤས་ཆེ་བ་ལ་བྱ་སྟེ། འདོད་པའི་དངོས་པོ་ཆུང་དུ་ལ་ཡང་ལྷག་པར་ཆགས་པ་དང༌། ཡང་ནས་ཡང་དུ་འདོད་ཆགས་ཀྱི་སེམས་མངོན་དུ་བྱེད་པ་ནི་འདོད་ཆགས་བདོ་བའོ། །ཞེ་སྡང་བདོ་བ་ཡང་ཞེ་སྡང་ཤས་ཆེ་བ་སྟེ། གནོད་པ་དང་ཉེས་པར་བྱས་པའི་ཤས་ཆུང་ཡང་འཁྲུག་པ་དང༌། གནོད་སེམས་ཆེར་ལྡན་ཞིང་ཞེ་སྡང་གི་སེམས་ཡང་ནས་ཡང་དུ་རྒྱུན་དུ་སེམས་ལ་འབྱུང་བ་ནི་ཞེ་སྡང་བདོ་བའོ། །གཏི་མུག་བདོ་བ་ཡང་གཏི་མུག་ཤས་ཆེ་བ་སྟེ། གང་གི་ཕྱིར་གཏི་མུག་ཤས་ཆེ་བས་དོན་བསྟན་པ་ཆུང་སྟེ། མི་རྟོག་པའི་གནས་མ་ཡིན་ཡང་རྟོགས་པར་མི་ནུས་པ་ནི་གཏི་མུག་བདོ་བའོ། །དེ་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བ་གསུམ་གྱི་གང་ཟག་དེའོ། །ཕྱིར་ཞིང་འདོད་ཆགས་བདོ་བས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བའི་ཆགས་པ་ཡང་ནས་ཡང་དུ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལས་སྐྱེས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བའི་རྒྱུ་ལས་སྐྱེས་པའི་སྡུག་བསྔལ་བ་སོ་སོར་མྱོང་བ་དང༌། སེམས་མི་བདེ་བ་ལ་སོ་སོར་མྱོང་བར་འགྱུར་རོ། །ཞེ་སྡང་དང་གཏི་མུག་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་ལ་རྨོངས་པ་ཡིན་ཏེ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཆེ་བས་ཤས་ཆེ་བའི་གང་ཟག་དེ་འཕགས་པའི་དབང་པོ་ཟག་པ་མེད་པ་དད་པ་ལ་སོགས་པ་ལྔ་ལ་རྨོངས་པ་ཡིན་ཏེ། དབང་པོ་


DTG207_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྔ་སྟེ་མཐུ་ཆུང་བ་དང་སྟོབས་ཆུང་བ་དང་ཉམ་ཆུང་བ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ལས་འདས་པའི་དབང་པོ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབང་པོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཐོབ་པར་བྱ་བ་ལ་མཐུ་ཆུང་ཞེ་ན། དེའི་ཕྱིར་ཟག་པ་ཟད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ཟག་པ་ཟད་པར་ཐོབ་པར་བྱ་བའི་ཕྱིར་དེ་དག་མཐུ་ཆུང་བ་ཞེས་བྱ་བའི་དོན་ཏོ། །མཐུ་ཆུང་བའི་དོན་བསྟན་པར་བྱ་བའི་ཕྱིར། ཞན་པ་དང་མྱུར་དུ་མི་ཐོབ་པོ། །ཞེས་བྱ་བ་གསུངས་ཏེ། དང་པོ་ཉིད་དུ་འཇུག་པའི་དུས་ན་ཡང་མྱུར་དུ་འཇུག་པར་མི་ནུས་པས་ན་ཞན་པའོ། །བསྒོམ་པའི་དུས་ན་ཡང་འབྲས་བུ་ཐོབ་པར་མི་ནུས་པས་ན་མྱུར་དུ་མི་ཐོབ་པའོ། །འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་གང་ཡིན་པ་བསྟན་པའི་ཕྱིར། འདི་ལྟར་དད་པའི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ལྔའི་མཚན་ཉིད་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་སྐབས་སུ་ཞིབ་ཏུ་བསྟན་ཏོ། །དེ་འཇིག་རྟེན་ལས་འདས་པའི་དབང་པོ་དེ་ལ་ཞན་པ་དང་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག་དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་མཐུ་ཆུང་བས་ཉོན་མོངས་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཟད་པར་བྱ་བའི་ཕྱིར། ཉོན་མོངས་པ་སྤོང་བའི་ལམ་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ལ་མྱུར་དུ་འཇུག་པར་མི་ནུས་པ་ནི་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །དོན་དུ་ན་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བས་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་མཐུ་ཆུང་ཞིང་དབང་པོ་རྟུལ་ལོ། །དབང་པོ་དེ་དག་གིས་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མཉམ་པར་འཇོག་པ་ན་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་ན་ནི་ཡན་ལག་བསྡུ་བ་མེད་པ་དང༌། ཞི་གནས་དང་ལྷག་མཐོང་ཤས་ཆུང་བས་བསྒྲིམས་ཏེ་བསྒྲུབ་དགོས་པ་དང༌། གཟུགས་མེད་པའི་ཁམས་ན་ཡང་ཡན་ལག་ཏུ་བསྡུ་བ་མེད་པ་དང༌། ལྷག་མཐོང་ཤས་ཆུང་བས་ན་བསྒྲིམས་ཏེ་བསྒྲུབ་དགོས་པའི་ཕྱིར་སྡུག་བསྔལ་བའོ། །གང་


DTG207_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་དབང་པོ་རྟུལ་བས་འབྲས་བུ་མྱུར་དུ་ཐོབ་པར་མི་ནུས་པའི་ཕྱིར་རྨོངས་པའོ། །དོན་དུ་ན་དེའི་ལམ་མངོན་པར་ཤེས་པ་རྨོངས་པ་ཆུང་བས་རྨོངས་པའི་ལམ་སྟེ། ཤེས་རབ་ཆུང་ཞེས་བྱ་བའི་དོན་ཏེ། འདོད་ཆགས་དང་ཞེ་སྡང་ནི་ཕན་ཚུན་མི་མཐུན་པའི་ཆོས་ཡིན་པས་ན་ལྷན་ཅིག་འབྱུང་བ་མེད་པའི་ཕྱིར་རྒྱུད་ཀྱི་དབྱེ་བས་དེ་གཉིས་འབྱུང་བར་རིག་པར་བྱ་སྟེ། བར་འགའ་འདོད་ཆགས་འབྱུང༌། བར་འགའ་ཞེ་སྡང་འབྱུང༌། བར་འགའ་གཏི་མུག་འབྱུང༌། ལམ་གཉིས་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གཞན་ནི་སྔར་བཤད་པ་དང་འདྲའོ། །མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་གང་གི་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཤེས་པར་བྱེད་པ་ནི། མྱུར་དུ་མངོན་པར་ཤེས་པར་བྱེད་པ་སྟེ། ཤེས་རབ་རྣོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་རྣོ་བའི་དོན་ཉིད་བསྟན་པའི་ཕྱིར། ཤས་ཆེ་བ་དང་རྣོ་བ་དང་མྱུར་དུ་ཐོབ་པ་ཡིན་ནོ་ཞེས་གསུངས་སོ། །རྣོ་བའི་ཕྱིར་ན་ཤས་ཆེ་བའོ། །མྱུར་དུ་ཐོབ་པའི་ཕྱིར་ན་རྣོ་བ་སྟེ། ཕྱི་མས་སྔ་མ་བཤད་པར་བལྟའོ། །ཡང་ན་ལམ་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་མོ། །ངེས་པར་འབྱེད་པའི་ལམ་ལ་དབང་པོ་ལྔ་མྱུར་དུ་འཇུག་པར་བྱེད་པས་ན་ཆེ་བའོ། །མཐོང་བའི་ལམ་ལ་མྱུར་དུ་འཇུག་པར་བྱེད་པས་ན་རྣོ་བའོ། །སྒོམ་པའི་ལམ་ལ་མྱུར་དུ་འཇུག་པར་བྱེད་པས་ན་མྱུར་དུ་ཐོབ་པའོ། །དོན་དུ་ན་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག་དབང་པོ་རྣོན་པོས་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་གྱི་བར་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་ན། སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་སྟེ། གང་དེ་དག་ལ་ཡན་ལག་ཏུ་བསྡུ་བ་མེད་པ་དང༌། ཞི་གནས་དང་ལྷག་མཐོང་ཤས་ཆུང་བའི་ཕྱིར་བསྒྲིམས་ཏེ་བསྒྲུབ་དགོས་པས་ན་སྡུག་བསྔལ་གྱི་ལམ་མོ། །གང་ཟག་ཤེས་རབ་རྣོ་བས་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ། །ལམ་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་


DTG207_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ། འདོད་ཆགས་ཆུང་བ་ལ་སོགས་པ་ཡང་འདོད་ཆགས་ཆེ་བ་ལ་སོགས་པ་ལས་བཟློག་པའི་དོན་དུ་རིག་པར་བྱའོ། དོན་དུ་ཉོན་མོངས་པ་གསུམ་ཤས་ཆུང་བའི་གང་ཟག་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་རྟུལ་ཞིང་མཐུ་ཆུང་བས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ལ་བསྒོམ་པ་ནི། བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དེ་དག་ན་ཡན་ལག་བསྡུ་བ་ཡོད་པ་དང༌། ཞི་གནས་དང་ལྷག་མཐོང་མགོ་མཉམ་དུ་འཇུག་པས་བསྒྲིམས་ཏེ་བསྒྲུབ་མི་དགོས་པས་ན་བདེ་བའི་ལམ་མོ། །གང་ཟག་དབང་པོ་རྟུལ་བས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་མྱུར་དུ་འཇུག་མི་ནུས་པའི་ཕྱིར་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ལམ་བཞི་བསྟན་པའི་ཕྱིར། དེ་ལ་བདེ་བའི་ལམ་བཞི་མྱུར་དུ་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་གཞན་ཡང་སྔར་བཤད་པ་བཞིན་དུ་བལྟའོ། །དེ་ཡང་དོན་དུ་ན་འདི་སྐད་སྟོན་ཏེ། གང་ཟག་ཉོན་མོངས་པ་གསུམ་གྱི་ཤས་ཆུང་ཞིང་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་མཐུ་ཆེ་ལ། རྣོ་བ་དེས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་བསྒོམ་པ་ན་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་དེ་དག་ན་ཡན་ལག་བསྡུ་བ་ཡོད་པ་དང༌། ཞི་གནས་དང་ལྷག་མཐོང་མགོ་མཉམ་དུ་འཇུག་པས་བསྒྲིམས་ཏེ་བསྒྲུབ་མི་དགོས་པའི་ཕྱིར་བདེ་བའི་ལམ་མོ། །གང་ཟག་དབང་པོ་རྣོ་བས་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་མངོན་དུ་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ། །ལམ་གྱི་འོག་ཏུ་ཏིང་ངེ་འཛིན་བསྒོམ་པ་བཞི་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏེ། དེ་ལ་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་ཏིང་ངེ་འཛིན་བསྒོམ་པའོ། །དེ་ཡང་རྣམ་པ་གསུམ་སྟེ། བསྟེན་པ་བསྒོམ་པ་དང༌། བསྙེན་པ་བསྒོམ་པ་དང་མང་དུ་བྱས་པའོ། །འཐོབ་པའི་བསྒོམ་པ་ནི་


DTG207_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་མངོན་དུ་ནི་མ་གྱུར་གྱི། དེ་མངོན་དུ་འགྱུར་བའི་རྙེད་པ་ཙམ་སྐྱེས་པའམ། རྒྱུ་ཙམ་སྐྱེས་པའོ། །མངོན་དུ་གྱུར་པ་བསྒོམ་པ་ནི་གཉེན་པོ་བསྒོམ་པ་སྟེ་ཏིང་ངེ་འཛིན་ཉིད་མངོན་སུམ་དུ་བྱས་པའོ། །མི་མཐུན་པའི་ཆོས་རིང་དུ་སྤང་བ་ནི་མང་དུ་བྱས་པའོ། །ཡང་ན་སྦྱོར་བའི་ལམ་སྟེ་མོས་པ་སྤྱོད་པའི་དུས་ན་ནི་བསྟེན་པ་བསྒོམ་པའོ། །དེ་མ་ཐག་པའི་ལམ་མམ། སྤོང་བའི་ལམ་གྱི་དུས་ན་ནི་བསྙེན་པ་བསྒོམ་པའོ། །རྣམ་པར་གྲོལ་བའི་ལམ་གྱི་དུས་ན་ནི་མང་དུ་བྱས་པའོ། །ཡང་ན་བསྟེན་པ་དང༌། བསྙེན་པ་དང༌། བསྒོམ་པ་དང་མང་དུ་བྱས་པ་ཚིག་བཞིར་གཞག་གོ །དེ་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡང་བཞི་སྟེ། སུན་འབྱིན་པའི་གཉེན་པོ་དང༌། རབ་ཏུ་སྤོང་བའི་གཉེན་པོ་དང༌། བསྟེན་གྱི་གཉེན་པོ་དང༌། རིང་དུ་བྱས་པའི་གཉེན་པོའོ། །དེ་ལ་སུན་འབྱིན་པའི་གཉེན་པོ་ནི་འདོད་པའམ་འདུ་བྱེད་རྣམས་ལ་ནད་དང་འབྲས་ལ་སོགས་པའི་རྣམ་པར་སུན་འབྱིན་པ་སྟེ། དང་པོར་འདུ་བྱེད་ལ་སུན་འབྱིན་པ་ནི་བསྟན་པའོ། །རབ་ཏུ་སྤོང་བའི་གཉེན་པོ་ནི་སྦྱར་བ་དང་དེ་མ་ཐག་པའི་ལམ་སྟེ། དེས་ཉོན་མོངས་པ་རབ་ཏུ་སྤོང་བར་བྱེད་པའི་ཕྱིར་རོ། །ལམ་དེ་གཉིས་ཀྱི་ཚེ་ན་ནི་བསྙེན་པ་ཞེས་བྱའོ། །བསྟེན་གྱི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ། དེའི་ཚེ་ན་ནི་བསྒོམ་པ་ཞེས་བྱའོ། །རིང་དུ་བྱས་པའི་གཉེན་པོ་ནི་དེ་ཕན་ཆད་ཀྱི་ལམ་ཉོན་མོངས་པ་སྔ་མ་ནི་སྤངས། ཕྱི་མ་ནི་ནམས་ཀྱང་རྒྱུད་ལ་མི་སྐྱེ་བར་ཏེ། དེའི་ཚེ་ན་ནི་མང་དུ་བྱས་པའོ། །ཡང་ན་སོ་སོ་སྐྱེ་བོའི་ཚེ་ན་ནི་བསྟེན་པའོ། །མོས་པས་སྤྱོད་པའི་ལམ་ནི་བསྙེན་པའོ། །མཐོང་བའི་ལམ་ནི་བསྒོམ་པའོ། །སྒོམ་པའི་ལམ་ནི་མངོན་དུ་བྱས་པའོ། །ཅིའི་ཕྱིར་བསྒོམ་ཞེ་ན། འདོད་པའི་འདོད་ཆགས་སྤོང་བར་འགྱུར་བ་ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་སྤང་བར་བྱ་བའི་དོན་དུ་བསྒོམ་པ་ཡང་ཡོད་ཅེས་བྱ་བའི་ཐ་ཚིག་གོ །དེ་ནི་ཏིང་ངེ་འཛིན་བསྒོམ་པ་དང་པོའོ། །ལྟ་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ་ལྟ་བའི་སྒྲ་མངོན་སུམ་ལ་བྱ་ལ། ཆོས་ཀྱི་སྒྲ་ནི་ཚེ་ལ་བྱ་སྟེ། དོན་དུ་ན་མངོན་སུམ་གྱི་ཚེ་ན་འདི་ལ་ཞེས་བྱ་བའི་དོན་ཏོ། །བདེ་


DTG207_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནས་པ་ནི་ཚེ་འདི་ལ་འཁྲུག་པ་མེད་པ་དང༌། ཞི་བར་གནས་པ་སྟེ། ལྟ་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་བསྒོམ་གྱི། འདོད་པའི་འདོད་ཆགས་སྤོང་བའི་ཕྱིར་བསྒོམ་པ་ནི་མ་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་བསྒོམ་པ་གཉིས་པའོ། །ཡེ་ཤེས་མཐོང་བ་རབ་ཏུ་ཐོབ་པར་འགྱུར་བ་ཡོད་ཅེས་བྱ་བ་ལ། ཡེ་ཤེས་མཐོང་བ་རབ་ཏུ་མ་ཐོབ་པར་འགྱུར་བ་དང༌། མཐོང་བ་རབ་ཏུ་ཐོབ་པར་འགྱུར་བའོ། །དེ་ལ་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པའི་ཤེས་རབ་ལ་བྱ་སྟེ། དེ་ཡང་སེམས་ཅན་འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། སེམས་ཅན་འདི་ནི་ངག་གི་ཉེས་པར་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་དང༌། སེམས་ཅན་འདི་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་རྟོག་པ་ཅན་གྱི་ཤེས་རབ་བོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་ཤེས་རབ་མི་རྟོག་པ་ལ་བྱ་སྟེ། གང་གི་གཟུགས་རྣམ་པ་སྣ་ཚོགས་དང༌། སེམས་ཀྱི་སྤྱོད་པ་རྣམ་པ་མང་པོ་མཐོང་བ་དང་ལྡན་པ་འཕྲུལ་གྱི་མིག་ལ་བྱའོ། །དེ་ཐོབ་པར་བྱའི་ཕྱིར་བསྒོམ་པ་ནི་ཏིང་ངེ་འཛིན་བསྒོམ་པ་གསུམ་པའོ། །ཤེས་རབ་ཏུ་ཐོབ་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ། ཤེས་རབ་ཀྱི་ཁྱད་པར་ཐོབ་པར་བྱ་བ་ནི། ཤེས་རབ་རབ་ཏུ་ཐོབ་པར་འགྱུར་བ་སྟེ། འཕགས་པའི་བདེན་པ་ཞི་ཤེས་པའི་ཤེས་རབ་བམ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་འཐོབ་པར་འགྱུར་རོ། །དེ་ཐོབ་པར་བྱ་བའི་སྒོམ་པ་ནི་ཏིང་ངེ་འཛིན་བསྒོམ་པ་བཞི་པའོ། །ཏིང་ངེ་འཛིན་བསྒོམ་པ་དང་པོའི་དབང་དུ་བྱས་ནས། འདི་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་འདོད་ཆགས་ཇི་ལྟར་སྤོང་བ་བསྒོམ་ཞེ་ན་དེའི་ཕྱིར་ལུས་འདི་ལ་རྐང་པའི་མཐིལ་ནས་གྱེན་དུ་སྐྲ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་ལ་ནི་བདག་གམ་གཞན་གྱི་ལུས་ལ་སྟེ། ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་གོ་ཞེས་སྦྱར་རོ། །ཇི་ལྟར་རྟོག་ཅེ་ན། རྐང་པའི་མཐིལ་ནས་བརྩམས་ཏེ། གྱེན་དུ་སྐྲ་དང་མགོའི་བར་དུ་རྟོག་པའམ་སྐྲ་དང་མགོ་ནས་བརྩམས་ཏེ། ཐུར་དུ་རྐང་པའི་མཐིལ་གྱི་བར་དུ་རྟོག་པའོ། །པགས་པ་ཡན་ཆད་ཅེས་བྱ་བ་ནི་ཕྱིའི་སྐྲ་


DTG207_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་པགས་པ་ནས་བརྩམས་ཏེ། ནང་གི་ཤ་དང་ཁྲག་དང་རུས་པའི་བར་དུ་རྟོག་གོ །ཇི་ལྟར་གནས་པ་དང་ཞེས་བྱ་བ་ནི་ལུས་འདི་ད་ལྟར་གྱི་དུས་ན་ཡང་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་མཚན་ཉིད་དུ་གནས་པར་རྟོག་པའོ། །ཇི་ལྟར་སྨོན་པ་ཞེས་བྱ་བ་ནི་ལུས་འདི་སྔོན་ཡང་ལས་དགེ་བ་དང༌། མི་དགེ་བས་ཇི་ལྟར་འཕངས་པ་དང༌། མངལ་དུ་ཞུགས་ནས་ཀྱང་ཕ་མའི་མི་གཙང་བ་ལས་ཇི་ལྟར་གྱུར་པར་རྟོག་པའོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། མི་གཙང་བ་རྣམ་པ་སྣ་ཚོགས་གང་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་དག་ལྟ་ཡང་མགོ་ནས་རྐང་པའི་མཐིལ་གྱི་བར་དུ་ཁྲག་དང་ཆུ་སེར་ལ་སོགས་པའི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གནས་པ་དང༌། སྔོན་ཡང་ཕ་མའི་ཁྲག་དང་ཁུ་བ་ལས་བྱུང་བ་རྟོག་པའོ། །ཡང་དག་པའི་ཤེས་རབ་ཀྱི་ཞེས་བྱ་བ་ནི། ཟག་པ་མེད་པ་རྟོག་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏེ། དེ་ལྟར་རྟོག་པ་ཅན་ཉིད་ནི་ཟག་པ་ཅན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ་ཞེས་བྱ་བ་ནི་མི་གཙང་བ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བ་ཁོ་ནར་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་མི་གཙང་བ་དང་རྣམ་པར་འཇིག་པ་བསྒོམ་པ་མདོ་ཙམ་དུ་བསྟན་པ་ཉིད་རྒྱས་པར་བཤད་པའི་ཕྱིར་འདི་ལྟར་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐར་གྱིས་ཀུན་འབྱུང་བ་ཞེས་བྱ་བ་ནི་ལུས་འདི་དང་པོ་ནུར་ནུར་པོ་འབྱུང་ངོ༌། །དེ་ནས་མེར་མེར་པོ་འབྱུང་ངོ༌། །དེ་ནས་ལྟར་ལྟར་པོ་འབྱུང་བས་ན་གཞོན་ནུ་དང་དར་ལ་བབ་པ་དང་རྒས་པ་ལ་སོགས་པ་འབྱུང་ངོ༌། །མཐར་གྱིས་འཇིག་ཅེས་བྱ་བ་ནི་ནུར་ནུར་པོ་ལ་སོགས་པ་རིམ་གྱིས་འཇིག་པ་སྟེ། ནུར་ནུར་པོ་ཞིག་ནས་མེར་མེར་པོ་འཇིག་གོ །མེར་མེར་པོ་ཞིག་ནས་དར་ལ་བབ་པ་འཇིག་པ་དང༌། རྒ་བ་འཇིག་པའི་བར་དུའོ། །རྡུལ་ཤིན་ཏུ་ཕྲ་མོ་བསགས་པ་ཞེས་བྱ་བ་ནི། ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲན་འདུས་པ་ལས་གྱུར་པའོ། །ཡ་མ་བརླ་ཞེས་བྱ་བ་ནི་ཁ་ཟས་ཀྱིས་གསོ་དགོས་ཤིང་སྒྱུ་མའི་གཟུགས་དང་འདྲ་བར་གྱི་ན་སྣང་བ་ཙམ་དུ་ཟད་པའོ། །མཐོན་དམན་ཅན་ཞེས་བྱ་བ་ནི་དབུགས་ཕྱིར་འབྱིན་པ་ནི་ལུས་དེ་ཐོབ་པའོ། །དབུགས་རྔུབ་པས་ལུས་ཞུམ་པས་དམའ་བའོ། །ཡང་ན་ཁ་ཟས་ཀྱིས་གསོ་དགོས་


DTG207_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཐོན་དམན་ཅན་ཏེ་ཁ་ཟས་དང་ལྡན་ན་ནི་བརྟས་པར་གྱུར་པས་མཐོ་བ། ཁ་ཟས་དང་བྲལ་ན་ཉམ་ཆུང་བར་གྱུར་པས་དམའ་བའོ། །རྨའི་སྒོ་དགུ་དང་སྤུའི་ཁུང་བུ་འཛག་པ་ཞེས་བྱ་བ་རྨའི་སྒོ་དགུ་ནི་མིག་དང་རྣ་བ་དང་སྣའི་བུ་ག་གཉིས་ཏེ་དྲུག་དང༌། ཁ་དང་བཤང་ཁུང་དང་གཅིན་ཁུང་གིས་བསྣན་ནས་དགུའོ། །དེ་དག་ནས་རྟག་ཏུ་སྣབས་དང་མཆིལ་མ་དང་ངར་སྣབས་ལ་སོགས་པ་འཛག་ཅིང་བ་སྤུའི་བུ་ག་རེ་རེ་ནས་རྟག་ཏུ་རྡུལ་འཛག་པའི་ཕྱིར་རོ། །ས་བྲུན་ལྟར་སྦྲུལ་གདུག་པའི་གནས་ཤེས་པ་ནི་ཇི་ལྟར་གྲོག་མཁར་གྱིས་བྲུན་གྱི་གནས་ན་སྦྲུལ་གདུག་པ་གནས་པ་བཞིན་དུ་ལྔ་ཕུང་གིས་བྲུན་གྱི་གནས་འདི་ན་ཡང་ཉོན་མོངས་པའི་སྦྲུལ་གདུག་པ་གནས་པའི་ཕྱིར་རོ། །སྦྲུལ་གདུག་པ་ལྟར་དྲིན་མི་ཤེས་པ་ཞེས་བྱ་བ་ནི། ཇི་ལྟར་སྦྲུལ་གདུག་པ་ཆུང་དུ་ནས་ཁ་ཟས་ཀྱིས་གསོས་ནས་སྐྱེད་པ་ཅུང་ཟད་ཙམ་ཞིག་ཉེས་པའམ། མ་ཉེས་ཀྱང་སླར་གསོད་པ་བཞིན་དུ་ཕུང་པོ་འདི་ཡང་བཀྲུ་བ་དང་མཉེ་བ་ལ་སོགས་པ་ལེགས་པར་བྱས་ནས་བར་འགའ་བཀྲུ་བ་དང་མཉེ་བ་ལ་སོགས་པ་མ་བྱས་ན། སླར་གནོད་པར་བྱེད་པས་ན་དྲིན་མི་ཤེས་པའོ། །མ་སྐྱེས་དགྲ་དང་སྤྲེའུ་གྲོགས་ལ་འཁུ་བ་ཞེས་བྱ་བ་ལ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་དྲིན་རྟག་པའི་མཆོག་ཕ་གསོད་པར་བྱེད་པ་དང༌། ཇི་ལྟར་སྤྲེའུ་སྟེན་ཅིང་རིམ་གྲོ་བྱེད་པ་དེ་ལྟར་རྒྱགས་ཤིང་གནོད་པར་བྱེད་པ་དེ་བཞིན་དུ། ཕུང་པོ་འདི་ཕ་མས་བསྐྱེད་ན་ཕ་མ་ལ་སྙིང་རིང་བ་དང༌། ལེགས་པས་རིམ་གྲོ་བྱས་ནས། ཉོན་མོངས་པ་བདོ་སྟེ་སླར་གནོད་པར་བྱེད་པས་ན་འཁུ་བའོ། །གྲོགས་པོ་ངན་པ་ལྟ་བུར་སླུ་བར་བྱེད་པ་ཞེས་བྱ་བ་ནི། གྲོགས་པོ་ངན་པའི་ཕྱིའི་ཚུལ་དང༌། ཚིག་ཏུ་འཇར་བ་དང་འཇམ་པ་སྐད་སྨྲ་བ་ཡང་ཁོང་དུ་གནོད་པར་སེམས་པ་དེ་བཞིན་དུ། ཕུང་པོ་འདི་ཡང་ཐང་ཅིག་འགྲོགས་པ་ན་ཕན་པ་འདྲ་ཡང༌། འདི་བསྟེན་པ་ལ་ཡུན་རིངས་ན་ཕྱིར་གནོད་པ་འབྱུང་བའི་ཕྱིར་སླུ་བར་བྱེད་པའོ། །དབུ་བའི་ཕུང་པོ་ལྟར་རང་བཞིན་གྱིས་མཐུ་ཆུང་བ་ཞེས་བྱ་བ་ནི་ཇི་ལྟར་དབུ་བའི་གོང་བུ་རང་བཞིན་གྱིས་མཐུ་ཆུང་སྟེ། བཟུང་ཞིང་བཅང་དུ་མི་བཟོད་པ་བཞིན་དུ། གཟུགས་ཀྱི་ཕུང་པོ་འདི་ཡང་ཤེས་རབ་ཀྱིས་བརྟགས་ན་སྙིང་པོར་བཟུང་ཞིང་བཅང་དུ་མི་བཟོད་པས། རང་


DTG207_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་མཐུ་ཆུང་བའོ། །ཆུའི་ཆུ་བུར་ལྟ་བུར་སྐྱེ་ཞིང་འཇིག་པ་ཞེས་བྱ་བ་ནི། དཔེར་ན་ཆུའི་ཆུ་བུར་སྐད་ཅིག་མ་གཅིག་ལ་སྐྱེས་ནས་དེ་མ་ཐག་ཏུ་འཇིག་པར་འགྱུར་བ་དེ་བཞིན་དུ། ཕུང་པོ་འདི་དག་ཀྱང་སྐྱེས་མ་ཐག་ཏུ་འཇིག་པས་ན་སྐྱེ་ཞིང་འཇིག་པ་ཅན་ནོ། །སྨིག་རྒྱུ་བ་ལྟ་བུར་སྟོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་སྨིག་རྒྱུ་བ་ཆུ་མ་ཡིན་ཡང་ཆུ་འདྲ་བར་སྣང་བས་ཆུ་འདོད་པའི་མི་དག་དེའི་དྲུང་དུ་འོངས་ནས་ཆུ་མེད་པར་འགྱུར་བས་གཞན་སླུ་བར་བྱེད་པ་བཞིན་དུ། ཕུང་པོ་འདི་དག་ཀྱང་བདེ་བ་དང༌། གཙང་བ་མ་ཡིན་ཡང་བདེ་བ་དང༌། གཙང་བ་ལྟ་བུར་སྣང་བས་སེམས་ཅན་སླུ་བར་བྱེད་པའི་ཕྱིར་སྟོད་པར་བྱེད་པ་ཞེས་བྱའོ། །ཆུ་སྐྱེས་ཀྱི་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་ཞེས་པ་ནི། དཔེར་ན་ཆུ་ཤིང་གི་ཟླུམ་པོ་པགས་པ་ཕྱི་ཤུན་རེ་རེ་ནས་བཤིག་ན་ཕྱི་ཤུན་ཙམ་ལས་གཞན་སྙིང་པོ་མེད་པ་དེ་བཞིན་དུ། ཕུང་པོ་འདི་དག་ཀྱང་རེ་རེ་ནས་བཤིག་སྟེ་བསལ་ན། དམ་པའམ་སྙིང་པོ་གང་ཡང་མེད་པའི་ཕྱིར་རོ། །སྒྱུ་མ་ལྟ་བུར་སླུ་བར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་སྒྱུ་མའི་གླང་པོ་དང༌། མིའི་གླང་པོ་དང༌། མི་མ་ཡིན་པའི་གླང་པོ་དང༌། མི་འདྲ་བར་སྣང་བས་སེམས་ཅན་སླུ་བར་བྱེད་པ་དེ་བཞིན་དུ་ཕུང་པོ་ལྔ་པོ་དག་ལ་ཡང་བདག་གམ་སེམས་ཅན་ཞེས་བྱ་བ་མེད་ན། བདག་དང་སེམས་ཅན་ལྟ་བུར་སྣང་བས་སེམས་ཅན་སླུ་བར་བྱེད་དོ། །རྒྱལ་པོ་ལྟར་བཀའ་མང་བ་ཞེས་བྱ་བ་ནི། དཔེར་ན་རྒྱལ་པོ་བཀའ་མང་བས་དེའི་བྱ་བ་མང་དུ་བསྒྲུབ་དགོས་པ་དེ་བཞིན་དུ། ལུས་འདི་ཡང་དེའི་ཕྱིར་བྱ་བ་མང་པོ་བསྒྲུབ་དགོས་ན། རྒྱལ་པོ་བཀའ་མང་པོ་བཞིན་ནོ། །དགྲ་ལྟར་གླགས་ལྟ་བ་ཞེས་བྱ་བ་ནི། དཔེར་ན་དགྲ་བདག་བསད་པ་དང༌། མ་རུང་བར་བྱ་བའི་ཕྱིར། གླགས་ཚོལ་བ་བཞིན་དུ་ལུས་འདི་ཡང་དུས་ཐམས་ཅད་དུ། དགེ་བའི་རྩ་བ་མེད་པར་བྱ་བའི་ཕྱིར། གླགས་ཚོལ་བའི་ཕྱིར་རོ། །རྐུན་པོ་ལྟར་ཡིད་མི་བརྟན་པ་ཞེས་པ་ནི་དཔེར་ན་རྐུན་པོ་འདི་མི་རྐུ་ཞེས་དེ་ལ་ཡིད་བརྟན་དུ་མི་རུང་བ་བཞིན་དུ། ལུས་འདི་ཡང་འདི་དང་རྟག་པར་འགྲོགས་སོ་ཞེས་ཡིད་བརྟེན་དུ་མི་རུང་སྟེ། གདོན་མི་ཟ་བར་སྐབས་སུ་འཇིག་པར་བྱེད་པའི་ཕྱིར་རོ། །མི་མཛའ་བ་ལྟར་གནོད་པར་སེམས་པ་ཞེས་བྱ་བ་ནི།


DTG207_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཛའ་བ་ནི་གྲོགས་པོ་མ་ཡིན་པ་སྟེ། གང་ཡིད་ཀྱི་སེམས་མི་མཐུན་པར་གྱུར་པའོ། །ཇི་ལྟར་མི་མཛའ་བར་བདག་ལ་ཕན་པར་བྱ་བར་མི་སེམས་པ་དེ་བཞིན་དུ། ལུས་འདི་ཡང་བདག་ལ་ཕན་པར་བྱ་བར་མི་སེམས་པའི་ཕྱིར་རོ། །གཤེད་མ་ལྟར་ཤེས་རབ་ཀྱི་འཚོ་བའི་བར་ཆད་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་གསོད་པའི་གཤེད་པོ་དག་སེམས་ཅན་གྱི་སྲོག་གི་བར་ཆད་བྱེད་པ་བཞིན་དུ་ལུས་འདིས་ཀྱང་མཉན་པ་དང་བསམ་པ་དང༌། བསྒོམ་པའི་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པའི་ཕྱིར་རོ། །གྲོང་སྟོང་པ་ལྟར་བཅུད་མེད་པ་ཞེས་བྱ་བ་ནི། དཔེར་ན་གྲོང་སྟོང་པ་ན་མི་དང་ཕྱུགས་དང་རྫས་ཀྱི་བཅུད་མེད་པ་བཞིན་དུ། ཕུང་པོ་ལྔའི་ནང་ན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་བཅུད་ཕུང་པོ་གང་ལ་ཡང་མེད་པའི་ཕྱིར་རོ། །རྫ་མཁན་གྱི་སྣོད་ལྟར་འཇིག་པ་ལ་ཐུག་པ་ཞེས་བྱ་བ་ནི། དཔེར་ན་རྫ་མཁན་གྱི་སྣོད་ཁམ་ཕོར་དང་བུམ་པ་མཐར་ཆག་པ་དང༌། འཇིག་པ་འབྱུང་བ་བཞིན་དུ་ཕུང་པོ་སྐྱེས་པ་འདི་མཐའ་ཡང་མཇུག་ཏུ་གནས་པ་མེད་ཀྱི་འཇིག་པ་འབྱུང་བའི་ཕྱིར་རོ། །བང་བ་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་གང་བ་ཞེས་པ་ནི། དཔེར་ན་མི་གཙང་བའི་སྣོད་དང་གནས་གཅིན་སྐྱུགས་ལ་སོགས་པ་མི་གཙང་བ་མང་པོས་གང་བ་བཞིན་དུ་ལུས་འདི་ལ་ཡང་མི་གཙང་བ་ལ་སོགས་པ་སྣ་ཚོགས་ཀྱིས་གང་བའི་ཕྱིར་རོ། །གླུམ་སྣོད་ལྟར་མི་གཙང་བ་འཛག་པ་དང་ཞེས་པ་ནི། ཇི་ལྟར་གླུམ་སྣོད་ལས་གླུམ་གྱི་ཁུ་བ་འཛག་པ་བཞིན་དུ་ལུས་འདི་ལས་ཀྱང་སྣབས་དང༌། མཆིལ་མ་ལ་སོགས་པའི་མི་གཙང་བ་འཛག་པའི་ཕྱིར་རོ། །སྦྲུལ་དང་མི་དང་ཁྱི་དང་རོ་ལྟར་དྲི་མི་ཞིམ་པ་ཞེས་བྱ་བ་ནི། དཔེར་ན་སྦྲུལ་གྱི་རོ་དང་མི་རོ་དང་ཁྱི་རོ་རུལ་པ་དྲི་མི་ཞིམ་པ་བཞིན་དུ་ལུས་འདི་ལས་ཀྱང་དྲི་མི་ཞིམ་པ་རྒྱུན་དུ་ལྡང་བའི་ཕྱིར་རོ། །ཕྱི་ས་ཁུང་ལྟར་མི་གཙང་བའི་འབྱུང་ཁུང་ཞེས་པ་ནི། དཔེར་ན་སྣབས་ཕྱིས་ལ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བ་བཞིན་དུ། ལུས་འདི་ལས་ཀྱང་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བའི་འབྱུང་ཁུང་བྱེད་པའི་ཕྱིར་རོ། །རྨ་ལྟར་བསྐྱོད་པ་མི་བཟོད་པ་ཞེས་བྱ་བ་ནི། དཔེར་ན་རྨ་ཁ་འབྱེ་བ་ཡང་གཟུང་བ་དང་མཉེ་བ་ལ་སོགས་པས་བསྐྱོད་ན་ན་བ་བཞིན་དུ་ལུས་འདི་ཡང་དབྱུག་པ་ལ་སོགས་པ་ཅུང་


DTG207_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱིས་ཕོག་ན་ཡང་གནོད་པར་འགྱུར་རོ། །ཟུག་རྔུ་ལྟར་གནོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་ཟུག་རྔུ་ཟུག་ན་ཇི་སྲིད་དུ་ཟུག་རྔུ་དེ་མ་ཕྱུང་སྟེ། འགྲོགས་ཀྱི་བར་དུ་རྟག་ཏུ་གནོད་པ་བཞིན་དུ། ལུས་འདི་དང་ཇི་སྲིད་འགྲོགས་ཀྱི་བར་དུ་ཡང་གནོད་པ་བྱེད་པའི་ཕྱིར་རོ། །རྗེ་བོ་མི་སྲུན་པ་ལྟར་རིམ་གྲོ་བྱ་དཀའ་བ་ཞེས་བྱ་བ་ནི། དཔེར་ན་རྗེ་བོ་མི་བགྲུངས་པ་ཇི་ལྟར་རིམ་གྲོ་བྱས་ཀྱང་མགུ་བར་དཀའ་བ་བཞིན་དུ། ཕུང་པོ་འདི་ཡང་དངོས་པོ་གང་གིས་སྟེན་ཅིང་རིམ་གྲོ་བྱས་ཀྱང་མགུ་ཞིང་ཆོག་པ་མེད་པའི་ཕྱིར་རོ། །ཁྱིམ་ཞིག་པ་ལྟར་བཅོས་དཀའ་བ་དང་ཞེས་པ་ནི། དཔེར་ན་ཁྱིམ་རྙིང་པ་ཞིག་ན་སླར་གསོ་ཞིང་བཅོས་དཀའ་ལ་ཕྱོགས་གར་བཅོས་ཀྱང༌། ཕྱོགས་གཞན་དུ་ཞིག་པ་བཞིན་དུ། ལུས་འདི་ཡང་རྟག་ཏུ་ཁ་ཟས་དང་སྐོམ་གྱིས་གསོ་དཀའ་ཞིང་བར་འགའ་གསོས་ཀྱང་མི་མཐུན་པའི་ཁ་ཟས་དང་ཕྲད་ན་དུས་གཞན་དུ་འཇིག་པར་འགྱུར་བའི་ཕྱིར་རོ། །རྫ་མ་བཅོས་པ་ལྟར་དཀའ་བ་ཞེས་པ་ནི། ཇི་ལྟར་རྫ་མཁན་གྱིས་སྣོད་སོ་མ་བཏང་བ་བསྲུང་དཀའ་སྟེ་ཅུང་ཟད་ཅིག་བསྐྱོད་ན་འཆག་པ་དེ་བཞིན་དུ། ལུས་འདི་ཡང་ཅུང་ཟད་ཅིག་གི་རྐྱེན་གྱིས་འཇིག་པས་ན་བསྲུང་དཀའ་བའོ། །གྲོགས་པོ་མི་སྲུན་པ་ལྟར་རྟག་པར་བསྲུང་དགོས་པ་ཞེས་པ་ནི། གྲོགས་པོ་མི་བགྲུངས་པ་རྟག་ཏུ་བསྲུང་དགོས་ཏེ། རྟག་ཏུ་ཡིད་མ་བསྲུངས་ན་ཅུང་ཟད་ཅིག་གིས་ཀྱང་མི་དགའ་བར་འགྱུར་ཞིང་རིང་དུ་འཕངས་པ་དེ་བཞིན་དུ་ཕུང་པོ་འདི་ཡང་རྟག་ཏུ་མ་བསྲུངས་ན་འཚོ་བའི་བར་ཆད་དུ་གྱུར་པའམ། ལུས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་ཞེས་པ་ནི། དཔེར་ན་ཆུ་འགྲམ་གྱི་ཤིང་གཡོ་ཞིང་མི་བརྟན་པ་སྟེ། ནམ་ཞིག་ལྟུང་བར་འགྱུར་ཞིང༌། ཆུས་ཁྱེར་བར་འགྱུར་བ་བཞིན་དུ། ཕུང་པོ་འདི་ཡང་འཇིག་པ་ལ་གནས་པས་མི་བརྟན་པ་སྟེ། མཐར་མི་རྟག་པའི་ཆུ་བོས་ཁྱེར་བར་འགྱུར་བའི་ཕྱིར་རོ། །འབབ་ཆུ་ཆེན་པོའི་རྒྱུན་ལྟར་འཆི་བའི་རྒྱ་མཚོ་ལ་ཐུག་པ་ཞེས་པ་ནི། དཔེར་ན་འབབ་ཆུའི་རྒྱུན་མཇུག་ཏུ་རྒྱ་མཚོ་ཆེན་པོར་ཐུག་པ་བཞིན་དུ། ཕུང་པོའི་སྐད་ཅིག་མའི་ཆུ་བོའི་རྒྱུན་འདི་ལ་ཡང་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པའི་ཕྱིར་རོ། །བླ་ཐབས་སུ་འོངས་པའི་ཁྱིམ་


DTG207_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་ཤེས་པ་ནི། དཔེར་ན་གློ་བུར་བའི་ཁྱིམ་དུ་བྱས་པ་དེ་ན་མལ་སྟན་དང་ཁ་ཟས་མེད་པས། སྡུག་བསྔལ་གྱི་གནས་ཡིན་པ་བཞིན་དུ། ཕུང་པོ་འདི་དག་ཀྱང་བདེ་བ་མེད་ཀྱི། སྐྱེ་རྒ་ན་འཆི་དང་ལྡན་པས་སྡུག་བསྔལ་ཀུན་གྱི་གནས་སོ། །སྐྱབས་མེད་པའི་གནས་ལྟར་ཀུན་མ་བཟུང་བ་ཞེས་པ་ནི། དཔེར་ན་བདག་པོས་མ་བཟུང་བའི་ལམ་སྲང་ངམ་བཞི་མདོ་དག་ཏུ་འདྲོན་པོའི་དོན་དུ་བརྩིགས་པའི་ཁང་ཁྱིམ་འཆོས་པའི་བདག་པོ་མེད་པ་དེ་བཞིན་དུ། ལུས་འདི་ལ་ཡང་ཕན་པར་བྱེད་པའི་གྲོགས་པོ་དང་སྐྱབས་བྱེད་པའི་བདག་པོ་མེད་པའི་ཕྱིར་རོ། །བཙོན་བསྲུང་ལྟར་གསུག་ཆུད་པ་ཞེས་པ་ནི། དཔེར་ན་བཙོན་བསྲུང་གསུག་གིས་མགུ་ན་བཙོན་གཏོང་བར་བྱེད་པ་དེ་བཞིན་དུ། ལུས་འདི་ཡང་འདོད་པའི་ཡོན་ཏན་ལྔ་ལ་བརྟེན་པ་སྟེ། མགུ་ན་དགེ་བའི་རྩ་བ་གཏོང་བར་བྱེད་པའི་ཕྱིར་རོ། །ཡང་ན་བརྩོན་བསྲུང་གསུག་ཅུང་ཟད་ཀྱིས་མགུ་བར་དཀའ་བ་བཞིན་དུ། ལུས་འདི་ཡང་བདེ་བ་ཅུང་ཟད་ཙམ་གྱིས་མགུ་བར་དཀའ་བའི་ཕྱིར་རོ། །མཐའ་ཁོབ་ཀྱི་གྲོང་ལྟར་རྟག་པར་གཙེས་པ་ཞེས་པ་ནི། དཔེར་ན་ཡུལ་མཐའ་ཁོབ་ཀྱི་གྲོང་འཇོམས་པ་དང་འཕྲོག་པའི་དགྲ་མང་བ་བཞིན་དུ། ལུས་འདི་ཡང་ནང་གི་གནོད་པ་ནད་ལ་སོགས་པ་དང༌། ཕྱིའི་གནོད་པ་གྲང་བ་དང༌། ཚ་བ་ལ་སོགས་པའི་འཚེ་བ་མང་བའི་ཕྱིར་རོ། །བྱེ་མའི་གྲོང་ཁྱེར་འཇིག་པ་ཞེས་བྱ་བ་ནི། དཔེར་ན་བྱེ་མའི་ཁྱིམ་མི་བརྟན་ཅིན་འཇིག་པའི་རང་བཞིན་ཡིན་པ་བཞིན་དུ་ཕུང་པོ་འདི་ཡང་སྐད་ཅིག་མས་འཇིག་ཅིང་མི་བརྟན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མེ་ལྟར་ཆོག་མི་ཤེས་པ་ཞེས་པ་ནི། དཔེར་ན་མེ་བསྲེག་པའི་དངོས་པོར་ཅི་བཅུག་ཀྱང་ཆོག་པ་མེད་དེ་ཀུན་སྲེག་པར་བྱེད་པ་དེ་བཞིན་དུ། ལུས་འདི་ལ་ཡང་ཚྭ་ཆུ་འཐུང་བ་བཞིན་དུ། འདོད་པའི་ཡོན་ཏན་ལྔ་སྤྱད་པ་ལ་ཆོག་པ་མེད་པའི་ཕྱིར་རོ། །རྒྱ་མཚོ་ལྟར་རྒལ་དཀའ་བ་ཞེས་པ་ནི། དཔེར་ན་རྒྱ་མཚོ་ཆེན་པོ་ཆུ་སྲིན་ལ་སོགས་པའི་གནོད་པ་མང་བས་མཐར་ཕྱིན་པར་དཀའ་བ་བཞིན་དུ། ལུས་འདི་ལ་ཡང་ཉོན་མོངས་པའི་གདུག་པ་མང་པོ་དང་ལྡན་པས་སྤང་བར་དཀའ་བའི་ཕྱིར་རོ། །སྦྲུལ་གྱི་སྣོད་ལྟར་ནན་ཏན་དུ་སྤང་བར་བྱ་བ་ཞེས་


DTG207_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དཔེར་ན་སྦྲུལ་གདུག་པའི་འཇིགས་པ་ལས་འཛེམ་པ་རྣམས་ཀྱིས། དེའི་གནོད་པ་དང་མི་ཕྲད་པར་བྱ་བའི་ཕྱིར་སྦྲུལ་གདུག་པའི་སྣོད་རིང་དུ་སྤང་བར་བྱ་བ་བཞིན་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་འཇིགས་པ་རྣམས་ཀྱི་ཕུང་པོ་འདི་རིང་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །བྱིས་པ་གཞོན་ནུ་ལྟར་རྟག་པར་བསྲུང་དགོས་པ་ཞེས་པ་ནི། དཔེར་ན་བྱིས་པ་ཆུང་དུ་རྟག་པར་མ་བསྲུངས་ན་མེར་འཇུག་པའམ། གཡང་དུ་ལྷུང་བའམ། མཚོན་གྱིས་ཟུག་པར་གྱུར་པས། རྟག་ཏུ་བསྲུང་དགོས་པ་བཞིན་དུ། ལུས་འདི་ཡང་དབང་པོའི་སྒོ་རྣམས་ཡུལ་ལ་མི་འཇུག་པའི་ཚུལ་དུ་མ་བསྲུངས་ན་ཉོན་མོངས་པའི་མཚོན་ལ་སོགས་པ་ཟུག་པར་འགྱུར་བའི་ཕྱིར་རོ། །སྣོད་ཆག་པ་ལྟར་རྟག་པར་སྤངས་པ་ཞེས་པ་ནི། དཔེར་ན་སྣོད་ཆག་པའི་ནང་དུ་རྟག་ཏུ་ཆུ་མི་གནས་པ་དེ་བཞིན་དུ། ལྔ་ཕུང་འདིར་ཡང་རྟག་ཏུ་དགེ་བ་མི་གནས་ཤིང་འཛག་པར་བྱེད་པའི་ཕྱིར་རོ། །ཡང་ན་དཔེར་ན་སྣོད་ཆག་པ་ཡང་རྟག་ཏུ་ཡང་ཕྱིར་འདོར་བ་བཞིན་དུ། ཕུང་པོ་ལྔ་དག་ཀྱང་འཕགས་པ་མཁས་པ་རྣམས་ཀྱིས་རྟག་ཏུ་འདོར་བར་བྱེད་པའི་ཕྱིར་རོ། །ཡུལ་ངན་པ་ལྟར་རྟག་པར་གཙེས་པ་ཞེས་པ་ནི། དཔེར་ན་ཡུལ་ངན་པས་དཔོན་པོ་དང་བདག་པོ་མེད་པ་ལ་འཚེ་བར་བྱེད་པ་བཞིན་དུ། ལུས་འདི་ལ་ནད་ཀྱི་དགྲས་འཚེ་བ་མང་བའི་ཕྱིར་རོ། །ཡང་ན་ཡུལ་ངན་པ་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་དུ་མི་ལྡན་པས་རྟག་ཏུ་ཡང་གནོད་པ་དང༌། ཕོངས་པས་གཙེས་པ་བཞིན་དུ་ལུས་འདི་ལ་ཡང་འདོད་པ་མི་རྙེད་པ་དང༌། མི་མཛའ་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་རྟག་ཏུ་གཙེས་པའི་ཕྱིར་རོ། །ཁ་ཟས་དུག་ཅན་ལྟར་སྤང་བར་བྱ་བ་ཞེས་པ་ནི། དཔེར་ན་དུག་དང་བཅས་པའི་ཁ་ཟས་ཟོས་ན་ལུས་ལ་གནོད་པ་སྣ་ཚོགས་འབྱུང་བས་སྤང་བར་བྱ་བ་བཞིན་དུ། ལུས་འདི་ཡང་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །སྣོད་བརྙེས་པ་ལྟར་སྐད་ཅིག་གཅིག་ལ་དགོས་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་སྣོད་གཞན་ལས་བརྙེས་པར་སྐད་ཅིག་གཅིག་ཡོད་པར་ཟད་ཀྱི། དུས་ཐམས་ཅད་དུ་ཕན་པ་མེད་པ་བཞིན་དུ། ལུས་འདི་ཆོས་བྱེད་པ་ན་དགོས་པ་ཙམ་དུ་ཟད་


DTG207_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། དེ་ལས་མ་གཏོགས་པའི་དུས་ཐམས་ཅད་དུ་དགོས་པ་མེད་བྱའི་ཕྱིར་རོ། །དེ་ལྟར་མོད་ཀྱི་ལུས་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པ་མ་ཡིན་ཏེ། དཔེར་ན་ཤིང་ལས་ཤིང་རྟ་བྱས་ཤིང་སོ་སོར་དགོས་པ་མེད་ཀྱང་ཤིང་རྟར་བྱས་ན། ཁལ་དགལ་བར་དགོས་པ་བཞིན་དུ་ལུས་འདི་ལ་གོང་དུ་བརྟག་པའི་ཚུལ་དུ་སོ་སོར་བཤིག་ན་དགོས་པ་མེད་ཀྱང༌། ཆོས་སྤྱད་པའི་ཁལ་དགལ་བའི་ཕྱིར། །དེའི་དོན་དུ་གཏང་བར་བྱ་བ་ཡང་མ་ཡིན་ནོ། །དེ་བས་ན་ཆོས་ཀྱི་སེམས་འབའ་ཞིག་ཏུ་གཟུང་བར་བྱ་ཞེས་གསུངས་ཏེ། དེ་བས་ན་ལུས་འདི་ཆོས་སྤྱད་པར་དགོས་པའི་སེམས་ཀྱིས་དེ་ཙམ་གྱི་དོན་འབའ་ཞིག་ཏུ་བཟུང་བར་ཟད་དོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་སྤང་བར་བསྒོམ་པ་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་ལུས་དང་པོའི་རྒྱུ་དང་ཐ་མའི་རྒྱུ་བརྟག་པའི་སྒོ་ནས་ནན་ཏན་གྱིས་བཤིག་ནས། འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལུས་ཙམ་དུ་ཞེས་བྱ་བ་ནི། ལུས་འདི་སྔ་ཕྱི་གཉིས་ཀྱང་མི་གཙང་བ་ལས་གྱུར་པ་ཙམ་མམ། མི་གཙང་བའི་རང་བཞིན་ཙམ་དུ་རྟག་པར་བྱ་བའི་ཐ་ཚིག་གོ །ཇི་ལྟར་རྟག་ཅེ་ན། དེའི་ཕྱིར་སྔ་མ་དང་ཕྱི་མའི་རྒྱུ་རྟག་སྟེ་ཞེས་བྱ་བ་གསུངས་ཏེ། ལུས་འདི་རྒྱུ་སྔ་མ་གང་ཡིན་པ་དང༌། ཕྱི་མའི་རྒྱུ་གང་ཡིན་པ་དག་ཀྱང་མི་གཙང་བ་ཉིད་ལས་གྱུར་པས་རྟག་པའི་དོན་ཏོ། །ལུས་ཀྱི་སྔ་མའི་རྒྱུ་བསྟན་པའི་ཕྱིར། ཕ་མའི་ཁུ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་སྔ་མའི་རྒྱུ་ནི་ཕའི་ཁུ་བ་དང་མའི་ཁྲག་ཡིན་ཏེ། དང་པོར་ཡང་མི་གཙང་བའི་རྒྱུ་ལས་གྱུར་པ་རྟག་གོ །ཕྱི་མའི་རྒྱུ་བསྟན་པའི་ཕྱིར་ཁ་ཟས་འཇུ་བ་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་སྐྱེད་པའི་རྒྱུ་ཕྱི་མའི་ཁ་ཟས་ཟོས་པས་ཞུ་བ་སྟེ། སྩོགས་པའི་སྒྲ་ནི་ཁ་ཟས་རྣམས་ཞུ་ནས་གནས་གཅིག་ན་གཅིག་ཏུ་ཇི་ལྟར་རྒྱུ་བ། མདོ་ལས་གསུངས་པ་རྣམས་བསྡུའོ། །བསྡུ་བའི་དོན་བཤད་པའི་ཕྱིར། ཟས་ཁམ་གྱིས་ཟ་བ་ཟོས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་


DTG207_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་ཏེ། ཁ་ཟས་ཁམ་གྱིས་ཟོས་པ་སྟེ། ཟོས་མ་ཐག་ཏུ་དེ་དང་པོར་ཇེ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་སོང་བ་དང་བད་ཀན་གྱིས་སླ་བར་བྱས་ནས། གཞན་དུ་ན་བད་ཀན་དང་འདྲེས་པའི་མཚན་ཉིད་ཀྱི་ཁུ་བར་གྱུར་པ་མི་གཙང་བའི་རང་བཞིན་དུ་འགྱུར་ཏེ། བད་ཀན་གྱི་གནས་སུ་ཞུ་བ་དང་དེ་ནས་མཁྲིས་པའི་གནས་སུ་འགྲོའོ། །དེ་ནས་མཁྲིས་པའི་གནས་སུ་ཕྱིན་པ་དང༌། དེ་དག་སྨིན་ཅིང་ཆོས་ནས་འཇུ་ཞིང་སྐྱུར་པོར་འགྱུར་རོ། །སྐྱུར་པོར་གྱུར་བ་དང༌། རླུང་གི་གནས་སུ་འགྲོའོ། །བད་ཀན་གྱི་གནས་ནས་ཞུ་ནས་རླུང་གི་གནས་སུ་ཕྱིན་པ་དང། རླུང་གིས་དེ་རྣམས་ཐ་དད་པར་འབྱེད་དེ། སྙིགས་མ་ལོགས་ཤིག་ཏུ་ཁུ་བ་ལོགས་ཤིག་ཏུ་འབྱེད་དོ། །དེ་ལ་སྙིགས་མ་ལོགས་ཤིག་ཏུ་ཕྱེ་བ་ལས་ནི་གཅིན་རྐྱག་ལ་སོགས་པ་དྲི་མར་འགྱུར། ཁུ་བ་དང་སྙིང་པོ་ལས་ནི་ཁྲག་ཏུ་འགྱུར། ཁྲག་ལས་ཤར་འགྱུར། ཤ་ལས་ཚིལ་དུ་འགྱུར། ཚིལ་ལས་རུས་པར་འགྱུར། རུས་པ་ལས་རྐང་དུ་འགྱུར། རྐང་ལས་སླར་ཁུ་ཆུ་ལ་སོགས་པ་མི་གཙང་བར་འགྱུར་ཏེ། དེ་ལྟར་ལུས་འདི་དང་པོ་དང་མཇུག་ཏུ་ཡང་རྒྱུ་མི་གཙང་བ་ལས་གྱུར་པ་ཡིན་པས་ན། ལུས་འདི་མི་གཙང་བར་ལྟ་ཞིང་བསམ་མོ་ཞེས་དགེ་སློང་དག་ལ་བཀའ་སྩལ་ཏོ། །གཞན་ཡང་མི་གཙང་བའི་ཚོགས་ཀྱིས་བསྟན་པ་ཅམ་དུ་བསྟན་པའི་ཕྱིར། ལུས་འདི་ནི་རུས་པ་དགུ་བརྒྱ་རྩ་དྲུག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཁང་པ་ཀ་བས་བརྟེན་ཞིང་བཏེག་པ་དེ་བཞིན་དུ། ལུས་འདི་ཡང་རུས་པ་དགུ་བརྒྱ་རྩ་དྲུག་གིས་བརྟེན་ཞིང་བཏེག་པའོ། །ཤིང་ངན་པའི་ཁྱིམ་ལྟར་ཞེས་བྱ་བའི་དོན་ནི། དཔེར་ན་ཤིང་ངན་པ་ལས་བྱས་པའི་ཁང་པ་མཐུད་མ་འབྲེལ་བའི་མཚམས་མང་བ་བཞིན་དུ། ལུས་འདི་ཡང་རུས་པ་མང་པོ་སྦྲེལ་བའི་མཚམས་མང་བའི་ཕྱིར་རོ། །རྩ་མང་པོས་ཞེས་བྱ་བའི་དོན་ནི། དཔེར་ན་ཁང་པ་ལ་དྲལ་བུ་མང་པོ་བྲེས་པ་དང་ལྡན་པ་བཞིན་ཧེས་བཞིན་དུ། ལུས་འདི་ལ་རྩ་མང་པོ་བཞི་བརྒྱས་སོ་སོར་དྲལ་བུ་བཞིན་དུ་བྲེས་པའི་དོན་ཏོ། །ཤའི་ཉ་ལྔ་བརྒྱས་རབ་ཏུ་གཡོགས་ཞེས་བྱ་བའི་དོན་ནི། དཔེར་ན་ཁང་པ་འཇིམ་པས་གཡོགས་པ་བཞིན་དུ།


DTG207_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཤའི་ཉ་ལྔ་བརྒྱའི་གོང་བུས་ཐོག་ཐག་ཏུ་བསྐུར་ཤིང་གཡོགས་པའོ། །སྡོམ་རྩ་དྲུག་གིས་དཀྲིས་པ་ཞེས་བྱ་བ་ནི། དཔེར་ན་ཁང་པའི་དྲལ་བུ་ལ་སོགས་པ་གདུང་མ་ལ་བརྟེན་པ་བཞིན་དུ་རྩ་ཆེན་པོ་དྲུག་ལ་རྩ་ཕྲན་གཞན་རྣམས་བརྟེན་པའོ། །རྩ་ཕྲན་བདུན་བརྒྱས་བྲེས་པ་ཞེས་བྱ་བ་ནི། གོང་དུ་བསྟན་པ་དང་དོན་གཅིག་སྟེ། རྩ་ཕྲན་བདུན་བརྒྱས་དྲལ་བུ་ལྟར་བྲེས་པའོ། །ཆུ་བ་དགུ་བརྒྱས་བྲེས་པ་ཞེས་བྱ་བ་ནི། ཆུ་བ་དགུ་བརྒྱས་ཚིགས་དང་རུས་པ་ལ་སོགས་པ་མི་འགྱེས་པའི་གཟུངས་བྱས་ཞེས་བྱ་བའི་དོན་ཏོ། །རྩ་སྐར་ཁུང་བྱས་པ་ཞེས་བྱ་བ་ནི། ཁང་པའི་སྐར་ཁུང་བཞིན་དུ། རྩའི་སུལ་རྣམས་ལུས་ལ་སྐར་ཁུང་ལྟར་གནས་ཞེས་བྱ་བའི་དོན་ཏོ། །སྣོད་རྡོལ་བ་ལྟར་གནས་ཞེས་བྱ་བའི་དོན་ནི། དཔེར་ན་སྣོད་རྡོལ་བ་བུ་ག་སང་སེང་གི་གསེངས་པ་བཞིན་དུ། ལུས་འདི་ལ་ཡང་གནད་བདུན་བརྒྱས་གནོད་པར་གྱུར་བའི་མཚན་ཉིད་རྟག་ཏུ་གསེངས་པའོ། །སྤུ་བྱེ་བ་ཞེས་པ་ལ་སོགས་པའི་དོན་ནི། ཁྱིམ་ངན་པའི་ཕྱི་རོལ་རྩས་གཡོགས་པ་བཞིན་དུ། ལུས་འདི་ལ་ཡང་སྤུ་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཕྱི་རོལ་ནས་གཡོགས་པའི་དོན་ཏོ། །དབང་པོ་ལྔའི་བུ་ག་དང་བཙོག་པ་མི་གཙང་བས་གང་བ་ཞེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་ནས་མི་གཙང་བ་འཛག་ལ། ལུས་ཀྱི་གནས་ཐོག་ཐག་ཀྱང་མི་གཙང་བས་གང་བའི་ཕྱིར། གླད་པ་སྙིམ་པ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བང་བ་ལྟར་དེ་རྣམས་ཀྱིས་མཉམ་པ་སོ་སོར་བཀང་པ་ཞེས་བྱ་བ་ནི། དཔེར་ན་བང་བ་རྣམས་སོ་སོར་འབྲུས་བཀང་བ་བཞིན་དུ། མི་གཏང་བའི་སྣོད་རྣམས་ཀྱང་སོ་སོར་མི་གཙང་བས་བཀང་བའོ། །རོ་དྲུག་གིས་སོས་པ་ནི། མངར་བ་དང༌། སྐྱུར་བ་དང༌། ཁ་བ་དང༌། ཚ་བ་དང༌། ལན་ཚྭ་དང༌། སྐ་བ་རྣམས་ཀྱིས་རྟག་ཏུ་གསོས་ཤིང་བརྟས་པའོ། །ལུས་ཀྱི་མེས་མི་གཙང་བ་ཞེས་བྱ་བ་སྩོགས་པའི་དོན་ཏོ། །དཔེར་ན་སྦྱིན་སྲེག་གི་མེས་སྦྱིན་སྲེག་གི་རྫས་སྲེག་པར་བྱེད་པ་བཞིན་དུ། འབྱུང་བ་ཆེན་པོ་ལ་ཡོད་པའི་མེའི་ཁམས་ཀྱིས་ཀྱང༌། མི་གཙང་བ་རྣམས་རྟག་ཏུ་སྦྱིན་སྲེག་


DTG207_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྲེག་པར་བྱེད་པའོ། །རིད་པ་དང་ཉམ་ཆུང་བ་དང་རྒ་བ་དང་འཁོགས་པར་གྱུར་པས། རྟག་ཏུ་མྱགས་པ་ལ་ཐུག་པའོ། །ལུས་ཀྱི་ཡན་ལག་སོ་སོར་བརྟགས་ན་ཐམས་ཅད་ཀྱང་བརྟག་མི་བཟོད་པས། ལུས་ཀྱི་ཡན་ལག་ཐམས་ཅད་ལྟ་ན་མི་སྡུག་པའོ། །ཁ་སྣ་དང་མི་གཙང་བའི་ཁུང་ནས་དྲི་བ་རྟག་ཏུ་ལྡང་ལ། ལུས་ཀྱི་ནང་ན་ཡང་མི་གཙང་བ་གནས་པས་དྲི་མི་ཞིམ་པ་རུལ་བའི་རང་བཞིན་ཞེས་བྱ་སྟེ། དེ་བས་ན་ལུས་ངན་པ་འདི་ལ་གྱ་ནོམ་པ་དང་བཟང་བར་ང་རྒྱལ་བྱ་བའི་གནས་མེད་པའི་ཕྱིར། ང་རྒྱལ་མི་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །གོང་དུ་བཤད་པའི་དོན་བསྡུས་ཏེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། །དེ་ལྟར་ལུས་ལ་མི་གཙང་ཕུང་པོར་བརྟག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། གོང་དུ་བཤད་པ་ལྟར་ན། ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་ཕུང་པོར་བརྟགས་ཏེ། དེ་ལྟར་མི་གཙང་བའི་ཕུང་པོ་ཡིན་པས་ན། འདི་ལ་རུང་བ་དང༌། བཟང་པོར་ང་རྒྱལ་པ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་གཟུགས་ལ་ང་རྒྱལ་རློམ་སེམས་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏེ། དེ་ལྟར་མི་གཙང་བ་ཡིན་པར་ཤེས་བཞིན་དུ། མི་གཙང་བའི་ལུས་འདི་ལ་བཟང་ངོ་སྙམ་པའི་ང་རྒྱལ་བྱེད་ཅིང་ལུས་འདི་ལ་ཆགས་ཤིང་མི་གཏོང་བའི་བྱིས་པ་རྣམས་ནི། དཔེར་ན་བླུན་པོ་མི་གཙང་བའི་སྣོད་ཁུང་དུ་ཁྱེར་ལ། དེ་ལ་བཟང་པོར་འཛིན་ཅིང་ཆགས་པར་བྱེད་པ་དང་འདྲའོ། །སྣ་ནས་རྣག་ལྟ་བུ་གང་ཟག་པ་དང་ཞེས་བྱ་བའི་དོན་ནི། ལུས་འདི་ལ་རྟག་ཏུ་སྣ་ནས་སྣབས་རྣག་ལྟ་བུ་འཛག་པ་དང༌། རྟག་པར་ཁ་ནས་མི་རོ་རུལ་པའི་དྲི་དང་འདྲ་བའི་དྲི་མི་ཞིམ་པ་འབྱུང་བ་དང༌། མིག་ནས་ཀྱང་མིག་གི་རྡུལ་རྣག་སྲིན་བུ་ལྟ་བུ་འབྱུང་བས་ན། དེ་ལ་འདོད་ཆགས་བྱ་ཞིང་ང་རྒྱལ་བྱ་བ་ག་ལ་ཡོད་དེ། མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །མཁས་པ་རྣམས་ཀྱིས་མི་གཙང་བའི་ཚུལ་དུ་གོང་དུ་བཤད་པ་བརྟག་པ་ཙམ་དུ་ཡང་མ་ཟད་ཀྱི། རང་གི་ཤེས་རབ་ཀྱིས་གཞན་ཡང་མི་གཙང་བ་ཅི་ཡོད་པར་བརྟག་པར་གྱིས་ཤིག་ཅེས་དགོངས་ནས་བཀའ་སྩལ་པ། དེ་ལ་སོགས་པར་བརྟག་སྟེ། ཞེས་བྱ་བ་ལ་སོགས་པ་


DTG207_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། སྩོགས་པའི་སྒྲས་ནི་རང་གི་ཤེས་རབ་ཀྱིས་གཞན་ཡང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེའི་དཔེ་བསྟན་པའི་ཕྱིར་གསུངས་པའོ། །འདི་ལྟར་དགེ་སློང་དག་པར་བང་བ་སྒོ་གཉིས་གཏོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བང་བ་སྒོ་གཉིས་པ་ནི་འབྲུ་ཡོད་པའི་སྒོ་གཏོད་པ་དང༌། རིན་པོ་ཆེ་ཡོད་པའི་སྒོ་གཏོད་པ་སྟེ། སྒོ་གཉིས་སོ་སོར་གཏོད་པའོ། །ཡང་ན་སྒོ་གཉིས་གཏོད་པ་ནི། མཚོན་པ་ཙམ་དུ་ཟད་ཀྱི། བང་བ་སོ་སོར་སྒོ་མང་པོར་གཏོད་པར་བལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་ལ་ལ་ཞིག་བང་བ་སོ་སོར་སྒོ་མང་པོར་གཏོད་པའི་ནང་དུ་ཕྱིན་ན་བང་བ་འདི་ནི་འབྲུ་གྲ་མ་ཅན་གྱིས་གང་བ། བང་བ་འདི་ནི་འབྲས་བུའི་འབྲུས་གང་བའོ་ཞེས་ཤེས་པ་བཞིན་དུ་མཁས་པ་ཤེས་རབ་ཅན་གྱིས་ཀྱང་ལུས་འདི་ཉིད་ལ་ད་ལྟར་ཡང་ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གནས། སྔོན་ཡང་མི་གཙང་བའི་རྒྱུ་ལས་བྱུང་ངོ་ཞེས་སོ་སོར་རྟོག་པར་བྱེད་དོ། །ཏིང་ངེ་འཛིན་དང་པོ་བསྟན་ནས་མཇུག་བསྡུ་བའི་ཕྱིར་འདིར་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བརྒལ་བ་འདི་ལྟར་མདོ་གཞན་དག་ལ་ནི་བསམ་གཏན་བཞི་པས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཟག་པ་ཐམས་ཅད་སྤོང་བར་བྱེད་པས་ཞེས་བཤད་ལ། འདིར་ནི་མི་གཙང་བ་བསྒོམ་ཞིང་ལུས་སུན་འབྱིན་པས། འདོད་པའི་འདོད་ཆགས་སྤོང་བར་བཤད་ན། གཞན་དང་ཇི་ལྟར་མི་འགལ། སྨྲས་པ། མདོ་གཞན་ལས་ཟག་པ་ཐམས་ཅད་སྤོང་བར་བཤད་པ་ཡང་ལུས་སུན་འབྱིན་པ་ནས་བརྩམས་ཏེ། བསམ་གཏན་བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བར་བྱ་བ་ལ་དགོངས་ནས་གསུངས། འདིར་ནི་འདོད་ཆགས་བདོ་བ་རྣམས་འདོད་ཆགས་སྤོང་བར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་ཞིང་སུན་འབྱིན་པ་འདོད་པའི་འདོད་ཆགས་སྤོང་བའི་གཉེན་པོར་འགྱུར་བར་གསུངས་ཏེ། བདག་དང་གཞན་གྱི་ལུས་ལ་བཟང་བར་འཛིན་པའི་འགྲོ་བའི་དོན་དུ་བཤད་པས་ན་འགལ་བ་མེད་དོ། །ཏིང་ངེ་འཛིན་གཉིས་པ་བསྟན་པའི་ཕྱིར། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་དང༌། རྟེན་པ་ཞེས་བྱ་


DTG207_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་གསུངས་སོ། །དེ་ལ་ཏིང་ངེ་འཛིན་ཀྱང་དབེན་པ་རྣམ་པ་གཉིས་ལས་འགྲུབ་སྟེ། ལུས་དབེན་པ་དང་སེམས་དབེན་པའོ། །དེ་བས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར། འདི་ལ་དགེ་སློང་དག་དགོན་པ་པའམ། ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོན་པ་དང་ཤིང་དྲུང་ལ་སོགས་པའི་གནས་ན་ནི། བྱིས་པ་དང་བུད་མེད་ལ་སོགས་པ་འདུ་འཛིན་མེད་པ་ཡིན་པས་ལུས་དབེན་པའི་གནས་སོ། །སེམས་དབེན་པར་བསྟན་པའི་ཕྱིར། །རང་གི་ལུས་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ནང་གི་ལུས་ནི་ཡིད་ཀྱི་ལུས་ལ་བྱའོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དོན་ཏེ། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་ལ་རྣམ་པར་རྟོག་པ་སྤངས་པ་ལས་སྐྱེས་པའོ། །ཅི་ཞིག་སྐྱེ་ཞེ་ན། དེ་ཅིའི་ཕྱིར་དགའ་བ་དང་བདེ་བ་ཞེས་གསུངས་ཏེ། དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་བག་ཡངས་ཀྱི་བདེ་བ་སྟེ། རིམ་བཞིན་དུ་སྦྱར་རོ། །བརླན་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཡིད་བདེ་བ་དང༌། བག་ཡངས་ཀྱི་བདེ་བ་གཉིས་ཀྱིས་ལུས་དང་སེམས་ལ་འཁྲུག་པ་མེད་ཅིང་ཞི་བར་བྱས་པའོ། །བདེ་བ་དེས་ཕྱོགས་གཅིག་ཏུ་ཞི་བར་བྱས་པ་མ་ཡིན་གྱི། དེས་ལུས་དང་སེམས་ཀྱི་ཕྱོགས་ཀུན་ཏུ་ཞི་བར་བྱས་སོ་ཞེས་བསྟན་པའི་ཕྱིར། ཀུན་རྫོབ་པ་དང་ཀུན་ཚིམ་པ་དང༌། ཀུན་ཁྱབ་པར་བྱེད་ཅེས་གསུངས་སོ། །ཚིག་དེ་དག་ནི་དོན་གཅིག་གོ །དེ་ལ་རང་གི་ནང་གི་ལུས་འདི་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བས་བརླན་ཞེས་བྱ་བས། བསམ་གཏན་དང་པོ་དང༌། བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་ལ་སོགས་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བས་ཁྱབ་པར་སྟོན་པའོ། །ཡང་ན་དགའ་བས་ནི་བརླན་པར་བྱེད་པའོ། །བདེ་བས་ནི་ཀུན་རྫོགས་པར་བྱེད་པའོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི། ཀུན་ཚིམ་པར་བྱེད་པའོ། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་ཁྱབ་པར་བྱེད་པས་ནའོ། །དེ་ལྟར་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་


DTG207_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པའི་ཚེ། བསམ་གཏན་གྱི་དགའ་བ་དང་བདེ་བ་ཡོངས་སུ་རྫོགས་ཏེ། དེ་བས་ན་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ན་མ་ཁྱབ་པ་མེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་མ་ཁྱབ་པར་གྱུར་བ་མེད་པ་ཞེས་བྱའོ། །དོན་དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་དཔེ་བཀའ་སྩལ་བ། འདི་ལྟ་སྟེ། དཔེར་ན་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཆུའི་བསིལ་བ་ཀུན་ཏུ་ཁྱབ་པ་བཞིན་དུ། དེ་དག་ཀྱང་བསམ་གཏན་གྱི་བདེ་བས་ལུས་དང་སེམས་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །བརྒལ་བ་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་ལ་སོགས་པ་སྐྱེས་པའི་བདེ་བ་ལས། མ་འོངས་པ་ན་བདེ་བ་ལ་གནས་ཞེས་ཅིའི་ཕྱིར་མི་བྱ། སྨྲས་པ། ཏིང་ངེ་འཛིན་དེ་དག་ལས་ཉམས་ན་ནི། འདོད་པའི་ཁམས་སུ་སྐྱེས་པ་དང༌། དེའི་བདེ་བ་མྱོང་བ་མེད་ལ། ས་གོང་མ་གོང་མར་འཕར་ན་ནི། ཏིང་ངེ་འཛིན་གཞན་ལས་བདེ་བ་ཐོབ་པས་དེའི་བདེ་བ་མེད་པ་དང༌། མྱ་ངན་ལས་འདས་ན་ཡང་དེར་ཡང་ཏིང་ངེ་འཛིན་གྱི་བདེ་བ་མྱོང་བ་མེད་པས། ཚེ་ཕྱི་མ་ལ་བདེ་བ་ཞེས་མི་བྱའི། ལྟ་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཞེས་བྱའོ། །བསྒོམ་པ་གཉིས་པ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་བསྒོམ་པ་གསུམ་པ་བསྟན་པའི་དབང་དུ་མཛད་ནས། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་དང༌། བསྟེན་པ་དང་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བའི་འདུ་ཤེས་ཞེས་བྱ་བ་ལ། འདུ་ཤེས་བསྒོམ་པ་ནི། རྫུ་འཕྲུལ་གྱི་མིག་གིས་ཐོབ་པའི་རྒྱུ་ཡིན་ནོ། །དེ་ལ་སྣང་བའི་འདུ་ཤེས་བསྒོམ་པ་ཡང་རྣམ་པ་གསུམ་སྟེ། མུན་པའི་གཉེན་པོར་གྱུར་བ་དང༌། ཆོས་ཀྱི་སྣང་བ་དང༌། ལུས་ཀྱི་སྣང་བའོ། །དེ་ལ་མུན་པའི་གཉེན་པོར་གྱུར་པ་ནི། མཚན་མོའི་དུས་ན་ཟླ་བ་དང་སྐར་མ་ལ་སོགས་པའི་འོད་དོ། །ཉིན་པར་གྱི་དུས་ན་ནི་ཉི་མའི་འོད་དོ། །དེ་གཉི་གའི་དུས་ན་མེ་དང༌། ནོར་བུ་ལ་སོགས་པའི་འོད་དོ། །ཆོས་ཀྱི་སྣང་བ་ཡང་གང་ཟག་གང་གིས་


DTG207_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་ཡིད་ལ་གསལ་བར་དྲན་པའོ། །ལུས་ཀྱི་སྣང་བ་ནི་གང་ལྷ་ལ་སོགས་པ་རང་གི་ལུས་ཀྱི་འོད་དང་ལྡན་པའོ། །སྣང་བ་དང་པོའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་ཡང་རྣམ་པ་གསུམ་སྟེ། ཕྱོགས་ཀྱི་མུན་པ་དང༌། སྤྲིན་གྱི་མུན་པ་དང༌། གཡོགས་པའི་མུན་པའོ། །ཕྱོགས་ཀྱི་མུན་པ་ནི་ཐམས་ཅད་དུ་ཁྱབ་པ་སྟེ་མཚན་མོའོ། །སྤྲིན་གྱི་མུན་པ་ནི་ཉིན་པར་ལ་སོགས་པ་ན་ཡང་སྤྲིན་སྟུག་པོས་ཁྱབ་པས་ཡང་ཕྱོགས་གནག་པར་གྱུར་པའོ། །གཡོགས་པའི་མུན་པ་ནི་ཁང་པ་ལ་སོགས་པ་ཐོག་གཡོགས་ཤིང་སྐར་ཁུང་ལ་སོགས་པ་མེད་པས་མི་གསལ་བར་གྱུར་པའོ། །སྣང་བ་རྣམ་པ་གསུམ་ལས། འདིར་མུན་པའི་གཉེན་པོར་གྱུར་པའི་སྣང་བ་ཡིད་ལ་བྱས་ན། འཕྲུལ་གྱི་མིག་ཐོབ་པར་དགོངས་པའོ། །དེ་ལ་ཡང་ཇི་སྲིད་དུ་གཞན་ལས་བསྒོམ་པའི་མན་ངག་མ་མནོས་པ་དེ་སྲིད་དུ་བསྒོམ་པ་འགྲུབ་པ་མེད་དེ། །དེའི་ཕྱིར་མངོན་པར་ཤེས་པ་བསྒོམ་པ་ནི་མན་ངག་མནོས་ཤིང་བ་ཟུང་བ་རྣམས་ཇི་ལྟར་མི་བརྗེད་པར་གྱུར་པ་དེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར། སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་རབ་ཏུ་བཟུང་བ་ཞེས་བྱ་བ་ལ་སོགས་པའོ། །སྣང་བའི་འདུ་ཤེས་ནི་ཕྱོགས་ཐམས་ཅད་དུ་མུན་པ་མེད་ཅིང་སྣང་བས་ཁྱབ་པར་བསམས་ཏེ། དེ་བསྒོམ་པའི་མན་ངག་བཟུང་བ་དེ་མ་ཉམས་མ་བརྗེད་པ་ནི། ཤིན་ཏུ་ལེགས་པར་རབ་ཏུ་བཟུང་བ་ཞེས་བྱའོ། །དེའི་ཁྱད་པར་བསྟན་པ་ནི། ཤིན་ཏུ་ཡིད་ལ་བྱས་པ་དང༌། ཞེས་བྱ་བ་ལ་སོགས་པ་སྟེ། སྣང་བའི་འདུ་ཤེས་ལྔར་བསྒོམས་པ་ལས་བསམ་པའི་ཁྱད་པར་སྐྱེས་པར་གྱུར་བ་དང་ལྡན་པས་ན། ཤིན་ཏུ་ཡིད་ལ་བྱས་པ་དང་ཤིན་ཏུ་བསྙེན་པ་ཞེས་བྱའོ། །ཏིང་ངེ་འཛིན་གྲུབ་པ་དང་ལྡན་པས་ན་རབ་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་སྟེ། འཕྲུལ་གྱི་མིག་མངོན་དུ་གྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་ཤིན་ཏུ་ལེགས་པར་རབ་ཏུ་བཟུང་བ་ནི་མན་ངག་བསྙེན་པའི་དུས་ན་བཟུང་བའོ། །ཤིན་ཏུ་ཡིད་ལ་བྱས་པ་ནི་བསམ་པའི་དུས་ན་ལེགས་པར་བསམ་པའོ། །ཤིན་ཏུ་ཉེས་པ་ནི་བསྒོམ་པའི་དུས་ན་ཡང་ནས་ཡང་དུ་གོམས་པར་བྱས་པའོ། །རབ་ཏུ་ཁོང་དུ་


DTG207_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པ་ནི་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་དུ་བྱས་པའོ། །ཡང་ན་ཤིན་ཏུ་བསྙེན་པ་ནི་འཇིག་རྟེན་པའི་ལམ་གྱི་འཕྲུལ་གྱི་མིག་གྲུབ་པ་རྣམས་ཏེ། དེ་དག་ལ་ཕྱིས་ཉམས་པ་ཡོད་པས་སོ། །རབ་ཏུ་ཁོང་དུ་ཆུད་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་འཕྲུལ་གྱི་མིག་ཐོབ་པ་སྟེ། དེའི་ཕྱིས་ཉམས་པ་མེད་པའི་ཕྱིར་རོ། །དེ་ཅི་ཞིག་མངོན་དུ་བྱ་ཞེ་ན། དེའི་ཕྱིར་ཉིན་པར་དུ་འདུ་ཤེས་བཞག་པ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ཉིན་པར་གྱི་འདུ་ཤེས་ཞེས་བྱ་བ་ནི། སྣང་བ་དང་བཅས་པའི་འདུ་ཤེས་ཡིད་ལ་བྱ་བའི་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །དེའི་དོན་དེ་ཉིད་བསྟན་པའི་ཕྱིར། དེའི་འོད་དང་བཅས་པའི་སེམས་སུ་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་འཕྲུལ་གྱི་མིག་ཐོབ་པར་འདོད་པའི་རྣལ་འབྱོར་པ་དེའིའོ། །རྣལ་འབྱོར་པ་དེས་ཉིན་པར་གྱི་དུས་ན་ཡང་ཀུན་ཏུ་འོད་ཀྱིས་གང་ཞིང་མུན་པ་མེད་པར་བསྒོམ་མོ། །སྣང་བའི་འདུ་ཤེས་དེ་ཉིན་མཚན་མཚུངས་པར་བསྒོམ་པར་བྱ་བར་བསྟན་པའི་ཕྱིར། ཇི་ལྟར་ཉིན་པར་དེ་བཞིན་མཚན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཉིན་པར་སྣང་བས་ཁྱབ་པར་བསྒོམ་པ་དེ་བཞིན་དུ་མཚན་མོ་ཡང་སྣང་བས་ཀུན་ཏུ་ཁྱབ་པར་བསྒོམས་ཏེ། སྣང་བས་ཁྱབ་པའི་མཚན་ཉིད་དུ་ཉིན་མཚན་འདྲ་བར་བསྒོམ་པར་སྟོན་ཏེ། ཚིག་དེས་ནི་དུས་ཐམས་ཅད་དུ་སྣང་བའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏོ། །ཇི་ལྟར་དུས་ཐམས་ཅད་དུ་བསྒོམ་པ་དེ་བཞིན་དུ། སྣང་བའི་འདུ་ཤེས་ཕྱོགས་ཐམས་ཅད་དུ་ཡང་ཁྱབ་པར་བསྒོམ་པར་བསྟན་པའི་ཕྱིར། ཇི་ལྟར་སྡུན་པ་དེ་བཞིན་རྒྱབ་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མདུན་ན་སྣང་བས་ཁྱབ་པར་མངོན་པར་མཐོང་བ་དེ་བཞིན་དུ་རྒྱབ་ཀྱི་ཕྱོགས་སུ་ཡང་སྣང་བས་ཁྱབ་པར་བསྒོམ་སྟེ། མདུན་གྱི་ཕྱོགས་དང་སྣང་བས་ཁྱབ་པའི་མཚན་ཉིད་དུ་ཉམས་པར་བསྒོམ་པ་བསྟན་ཏོ། །ཡང་ན་སྔུན་ཞེས་བྱ་བ་ནི་རི་ལ་སོགས་པས་ཆོད་པ་མངོན་སུམ་དུ་གྱུར་པ་ཀུན་སྣང་བས་ཁྱབ་པར་བསྒོམ་པའོ། །དེ་བཞིན་དུ་རྒྱབ་ཅེས་བྱ་བ་ནི་རི་ལ་སོགས་པས་ཆོད་པའི་གནས་སུ་ཡང་རི་དང་རྩིག་པ་ལ་སོགས་པས་ཆོད་པ་མེད་པར་ཐོག་ཐག་ཏུ་སྣང་བས་གསལ་བར་བསྒོམ་པའོ། །སྟེང་ནི་ནམ་མཁའི་ཉི་མ་


DTG207_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་ཕྱོགས་སོ། །འོག་ནི་ས་ཆེན་པོའི་འོག་ཐོག་ཐག་སྟེ། ཇི་ལྟར་སྟེང་གི་ཕྱོགས་ཉི་མས་གསལ་བའི་འདུ་ཤེས་ཀྱིས་རྒྱས་པར་བྱས་པ་བཞིན་དུ་འོག་གི་ཕྱོགས་ཐམས་ཅད་ཀྱང་སྣང་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པར་སྟོན་ཏོ། །སྣང་བའི་འདུ་ཤེས་བསྒོམ་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་སེམས་གསལ་བ་ཀུན་ཏུ་ཐོགས་པ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་བཤད་པ་ལྟར་རོ། །སྣང་བའི་འདུ་ཤེས་གྲུབ་པའི་ཏིང་ངེ་འཛིན་ནི་སེམས་གསལ་བ་སྟེ། སྣང་བའི་འདུ་ཤེས་གྲུབ་པའི་ཕྱིར་སེམས་གསལ་བ་དེས་ཕྱོགས་དང་དུས་ཐམས་ཅད་དུ་ཐོགས་པ་མེད། ཉིན་པར་ཉི་མ་ཤར་བ་དང་འདྲ་བའི་འདུ་ཤེས་བཞག་ནས་འོད་དང་བཅས་པའི་འདུ་ཤེས་ཀྱི་ཐོག་ཐག་ཏུ་སྣང་བས་ཁྱབ་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །སྣང་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པར་བྱ་བའི་དོན་དཔེས་གསལ་བར་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔྱིད་ཀྱི་ཟླ་བ་ཐ་མ་ཞེས་བྱ་བ་ལ་དུས་རྣམ་པ་གསུམ་དུ་བཞག་སྟེ། དཔྱིད་དང་དབྱར་དང་དགུན་ནོ། །དེ་ལ་དཔྱིད་ཀྱང་ཟླ་བ་བཞི། དབྱར་ཡང་ཟླ་བ་བཞི། དགུན་ཡང་ཟླ་བ་བཞིའོ། །དེ་ནས་དབྱར་ཟླ་ར་བ་ཉ་ནས་འབྲིང་པོའི་ཉའི་བར་དུ་ནི་དཔྱིད་ཀྱི་དུས་ཟླ་བ་ཐ་མ་ཞེས་བྱ་སྟེ། དུས་དེ་དག་གི་ཚེ་ཉི་མའི་འོད་ལྷག་པར་གསལ་བའོ། །དཔེ་བསྟན་པ་ཡང་དོན་དུ་སྦྱར་ཏེ། བཤད་པའི་ཕྱིར་དེ་བཞིན་དུ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེ་དག་ནི་གོང་དུ་བཤད་པར་ཟད་དོ། །ཏིང་ངེ་འཛིན་བསྒོམ་པ་གསུམ་པོ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་ན་མདོ་འདིར་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར། སྣང་བའི་འདུ་ཤེས་ཡིད་ལ་བྱེད་པར་བསྒོམ་སྟེ། གང་གི་ཕྱིར་སྣང་བའི་འདུ་ཤེས་ཡིད་ལ་བྱེད་པ་བསྒོམས་ན། འཕྲུལ་གྱི་མིག་མངོན་པར་ཤེས་པ་ཐོབ་པར་འགྱུར་བའོ། །ཏིང་ངེ་འཛིན་བཞི་པ་བསྟན་པའི་དབང་དུ་མཛད་ནས། དེ་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་


DTG207_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཤེས་རབ་ཀྱང་བསམ་གཏན་བཞི་པ་བསྒོམས་པ་ལས་བྱུང་ལ། བསམ་གཏན་བཞི་པ་ཡང་ལུས་དབེན་པ་དང༌། སེམས་དབེན་པ་ལས་ཐོབ་པར་འགྱུར་ཏེ། དེ་བས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར། དགོན་པའམ་ཤིང་དྲུང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དབེན་པར་བྱ་དགོས་པས། བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ནི་གོང་དུ་བཤད་པར་ཟད་དོ། །མདོར་ན་དྲི་མ་རྣམ་པ་བརྒྱད་པ་དང་བྲལ་བའི་བསམ་གཏན་བཞི་པ་བསྒོམས་པ་ལས་ནི་དགེ་བ་ཟག་པ་ཅན་དང༌། ཟག་པ་མེད་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་བྱེད་དེ། དེ་བས་ན་དེ་བསྒོམས་པ་ལས་ཤེས་རབ་ཀྱང་རབ་ཏུ་བསྒོམ་པར་འགྱུར་བའི་ཕྱིར་བསམ་གཏན་བཞི་བསྒོམ་པ་ནི། ཤེས་རབ་སོ་སོར་རབ་ཏུ་རྙེད་པར་འགྱུར་བ་ཞེས་བྱའོ། །དེ་དྲན་པ་ཉེ་བར་གཞག་པ་བཞི་ལས་བརྩམས་ཏེ། ལམ་གྱི་ཡན་ལག་བརྒྱད་ཀྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རིམ་གྱིས་བསྟན་པའི་ཕྱིར། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བདུན་བསྟན་པ་ཡིན་ཏེ། དངོས་པོ་ཡོངས་སུ་བརྟག་པའི་ལམ་དང༌། འབད་པ་དང་བཅས་པའི་ལམ་དང༌། ཏིང་ངེ་འཛིན་ལས་སུ་རུང་བར་བྱས་པའི་ལམ་དང༌། མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལམ་དང༌། མངོན་པར་རྟོགས་པ་དང་འདྲེས་པའི་ལམ་དང༌། མངོན་པར་རྟོགས་པའི་ལམ་དང༌། རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་མོ། །དེ་ལ་དངོས་པོ་ཡོངས་སུ་བརྟག་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཏེ། དང་པོ་ཉིད་དུ་དེ་དག་གི་ལུས་དང༌། ཚོར་བ་དང༌། ཆོས་དང༌། སེམས་ལ་མི་གཙང་བ་དང༌། སྡུག་བསྔལ་བ་དང༌། མི་རྟག་པ་དང༌། བདག་མེད་པའི་དངོས་པོར་རྟོག་པའི་ཕྱིར་རོ། །འབད་པ་དང་བཅས་པའི་ལམ་ནི། ཡང་དག་པར་སྤོང་བ་བཞི་རྣམས་ཏེ། དེས་དེ་ལྟར་དངོས་པོ་ཐམས་ཅད་བརྟགས་ནས་དེའི་འོག་ཏུ་སྒྲིབ་པ་སྤོང་བར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །


DTG207_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལས་སུ་རུང་བར་བྱེད་པའི་ལམ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། དེས་སྒྲིབ་པ་ཡོངས་སུ་སྦྱངས་ནས། མོས་པ་དང་བརྩོན་འགྲུས་དང་སེམས་དང༌། དཔྱོད་པའི་སྒོ་ནས་སེམས་དང༌། ཏིང་ངེ་འཛིན་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལམ་ནི་དབང་པོ་ལྔ་རྣམས་ཏེ། དེས་ཏིང་ངེ་འཛིན་ལས་སུ་རུང་བར་བྱས་ནས་དེས་འཕགས་པའི་བདེན་པ་བཞི་མཐོང་བར་འགྱུར་བའི་རྟེན་དུ་འགྱུར་ལ་དྲོད་དང་སྤྱི་བོ་ལ་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེན་པའི་ལམ་ནི་སྟོབས་ལྔ་རྣམས་ཏེ། དེ་ལྟར་དབང་པོའི་དུས་ན། བདེན་པ་མཐོང་བའི་དབང་པོ་ཐོབ་ནས། དེའི་འོག་ཏུ་བདེན་པ་རྟོགས་པར་བྱ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་བ་མ་དད་པ་དང༌། ལེ་ལོ་དང༌། དྲན་པ་ཉམས་པ་དང༌། ཡེངས་པ་དང༌། ཤེས་རབ་འཆལ་བ་རྣམས་ཟིལ་གྱིས་གནོན་ཏེ། བཟོད་པ་དང༌། འཇིག་རྟེན་གྱི་ཆོས་མཆོག་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེའི་དུས་ན་དང་པོ་ཉིད་དུ་འཕགས་པའི་བདེན་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་ནི། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་རྣམས་ཏེ། དེའི་འོག་ཏུ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་བསྒོམ་པས་སྤང་བར་བྱས་པའི་ཉོན་མོངས་པ་སྤངས་ཏེ་དག་པར་བྱས་ནས། འཁོར་བ་ལས་འབྱུང་བའི་ཕྱིར་ཏེ། དོན་དེ་དག་གི་ཕྱིར་ན་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་རིམ་པ་ཡང་དེ་ལྟར་བཀོད་དོ། །ཡང་ན་སོ་སོའི་སྐྱེ་བོའི་དུས་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམ་མོ། །དྲོད་ཀྱི་དུས་ན་ནི་ཡང་དག་པར་སྤོང་བ་བཞི་ལ་བསྒོམ་མོ། །སྤྱི་བོའི་དུས་ན་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྒོམ་མོ། །བཟོད་པའི་དུས་ན་ནི་དབང་པོ་ལྔ་ལ་བསྒོམ་མོ། །འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་དུས་ན་ནི་སྟོབས་ལྔ་ལ་བསྒོམ་མོ། །མཐོང་བའི་ལམ་གྱི་དུས་ན་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམ་མོ། །བསྒོམ་པའི་ལམ་གྱི་དུས་ན་ནི། འཕགས་


DTG207_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ཡན་ལག་བརྒྱད་ལ་བསྒོམས་ཏེ། དེའི་ཕྱིར་ན་ཡང་རིམ་པ་དེ་ལྟར་བཀོད་དོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །འདི་ལ་ཞེས་བྱ་བ་ནི། འདོད་པའི་ཁམས་འདིར་ཞེས་བྱ་བའི་དོན་ཏོ། །དགེ་སློང་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་རྣལ་འབྱོར་པའི་དགེ་སློང་ངོ༌། །དེ་ཡང་ལུས་དྲན་པ་ཉེ་བར་གཞག་པ་དང་པོར་བཤད་དེ། དེ་ལ་ལུས་ནི་གང༌། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་ཅི་ཞིག །དྲན་པ་ནི་གང༌། དྲན་པ་ཉེ་བར་གཞག་པའི་དོན་ཡང་ཅི་ཞིག་ཅེ་ན། ལུས་གང་ཡིན་པ་ཇེ་སྨྲ་བར་བྱའོ། །དེ་ལ་ལུས་ནི་སུམ་ཅུ་རྩ་ལྔ་སྟེ། གང་ཞེ་ན། ནང་གི་དང༌། ཕྱིའི་དང༌། དབང་པོས་ཡོངས་སུ་བཟུང་བ་དང༌། དབང་པོས་ཡོངས་སུ་མ་བཟུང་བ་དང༌། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང༌། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང༌། གནས་ངན་ལེན་པ་དང་བཅས་པ་དང༌། བག་ཡངས་དང་བཅས་པ་དང༌། འབྱུང་བའི་ལུས་དང༌། འབྱུང་བ་ལས་གྱུར་པའི་ལུས་དང༌། མིང་གི་ལུས་དང༌། གཟུགས་ཀྱི་ལུས་དང༌། དམྱལ་བའི་ལུས་དང༌། བྱོལ་སོང་གི་དང༌། ཡིད་དགས་ཀྱི་དང༌། མིའི་དང༌། ལྷ་དང༌། རྣམ་པར་ཤེས་པ་དང་བཅས་པ་དང་རྣམ་པར་ཤེས་པ་མེད་པ་དང༌། ནང་གི་ལུས་དང༌། ཕྱིའི་ལུས་དང༌། རྣམ་པར་གྱུར་པ་དང༌། རྣམ་པར་མ་གྱུར་པ་དང༌། བུད་མེད་ཀྱི་ལུས་དང༌། སྐྱེས་པའི་ལུས་དང༌། མ་ནིང་གི་ལུས་དང༌། གྲོགས་ཀྱི་ལུས་དང༌། གྲོགས་མ་ཡིན་པའི་ལུས་དང༌། ཐ་མལ་བའི་ལུས་དང༌། ལུས་ངན་པ་དང༌། ལུས་འབྲིང་དང༌། ལུས་དམ་པ་དང༌། གྲོགས་པོའི་ལུས་དང༌། ལང་ཚོའི་ལུས་དང༌། རྒས་པའི་ལུས་ཏེ། འདི་དག་ནི་ཐང་ཅིག་ལུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ནང་གི་ནི་བདག་ཉིད་ཀྱི་ལུས་སོ། །ཕྱིའི་ནི་གཞན་གྱི་ལུས་སོ། །དབང་པོས་ཡོངས་སུ་བཟུང་བ་ནི་མིག་ལ་སོགས་པའི་དབང་པོ་དང་བཅས་པའི་ལུས་སོ། །དབང་པོས་ཡོངས་སུ་མ་བཟུང་བ་ནི། གང་མིག་ལ་སོགས་པ་དབང་པོ་མེད་པ་སྟེ། ཀ་བ་དང་རྩིགས་ལ་སོགས་པའོ། །སེམས་ཅན་གྱི་གྲངས་སུ་གཏོགས་པ་ནི། གང་སེམས་དང་སེམས་ལས་བྱུང་བས་


DTG207_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བའོ། །སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ནི། གང་སེམས་དང་སེམས་ལས་བྱུང་ལས་བྱུང་བས་ཡོངས་སུ་མ་ཟིན་པའོ། །གནས་ངན་ལེན་པ་དང་བཅས་པ་ནི། གང་ཉོན་མོངས་པ་མ་སྤངས་པའི་སེམས་ཅན་རྣམས་ཀྱིའོ། །བག་ཡངས་དང་བཅས་པ་ནི། གང་ཉོན་མོངས་པ་སྤོངས་པ་འཕགས་པ་རྣམས་ཀྱིའོ། །འབྱུང་བའི་ལུས་ནི་གང་ས་དང༌། ཆུ་དང༌། མེ་དང༌། རླུང་རྣམས་སོ། །འབྱུང་བ་ལས་གྱུར་པའི་ལུས་ནི་གང་དབང་པོ་ལྔ་དང་ཡུལ་ལྔ་སྟེ་བཅུའོ། །མིང་གི་ལུས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སམ། ཚོར་བ་དང། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་གཟུགས་རྣམས་སོ། །གཟུགས་ཀྱི་ལུས་ནི་གང་གཟུགས་ཀྱི་ཕུང་པོ་ཉིད་དོ། །དམྱལ་བའི་ལུས་ནི་གང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་གཟུགས་སོ། །བྱོལ་སོང་གི་ལུས་ནི་གང་རྟ་དང་བ་ལང་ལ་སོགས་པའིའོ། །ཡི་དྭགས་ཀྱི་ལུས་ནི་གང་ཡི་དྭགས་རྣམས་ཀྱི་གཟུགས་སོ། །མིའི་ནི་གང་གླིང་བཞི་ན་གནས་པའི་མི་རྣམས་ཀྱི་གཟུགས་སོ། །ལྷའི་ནི་གང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་གཟུགས་སོ། །རྣམ་པར་ཤེས་པ་དང་བཅས་པ་ནི། གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྡན་པའི་གཟུགས་དག་གོ །རྣམ་པར་ཤེས་པ་མེད་པ་ནི་གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་སྟེ། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གཟུགས་སོ། །ནང་གི་ནི་གང་ཤ་དང་ཁྲག་ལ་སོགས་པས་ཟིན་པའི་གཟུགས་སོ། །ཕྱིའི་ནི་གང་ཤ་དང་ཁྲག་ལ་སོགས་པས་ཡོངས་སུ་མ་ཟིན་པའི་གཟུགས་སོ། །རྣམ་པར་གྱུར་པ་ནི་གང་ཤི་ནས་བསྔོས་པ་དང༌། བམ་པར་གྱུར་པའི་གཟུགས་སོ། །རྣམ་པར་མ་གྱུར་བ་ནི་གང་མ་ཤི་ལ་བསྔོས་པ་དང་བམ་པར་མ་གྱུར་བའི་གཟུགས་སོ། །བུད་མེད་ཀྱི་ལུས་ནི་གང་བུད་མེད་ཀྱི་དབང་པོ་དང་ལྡན་པའི་གཟུགས་སོ། །སྐྱེས་པའི་ལུས་ནི་གང་སྐྱེས་པའི་དབང་པོ་དང་ལྡན་པའི་གཟུགས་སོ། །མ་ནིང་གི་ལུས་ནི་གང་མ་ནིང་གི་ལུས་མཚན་མ་ལྡན་པའི་གཟུགས་སོ། །གྲོགས་ཀྱི་ལུས་ནི་གང་བདག་དང་མཛའ་ཞིང་བཤེས་པར་


DTG207_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་སྐྱེ་བོ་རྣམས་ཀྱི་གཟུགས་སོ། །དེ་ལས་བཟློག་ན་གྲོགས་མ་ཡིན་པའི་ལུས་ཏེ། དགྲ་རྣམས་ཀྱི་གཟུགས་སོ། །ཐ་མལ་པའི་ལུས་ནི། གང་བདག་དང་བཤེས་པ་ཡང་མ་ཡིན་དགྲ་ཡང་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་གཟུགས་སོ། །ལུས་ངན་པ་ནི་གང་ཁ་དོག་དང་དབྱིབས་མི་མཛེས་པའི་གཟུགས་སོ། །ལུས་བར་མ་ནི་གང་ཁ་དོག་དང་དབྱིབས་མཛེས་པ་ཡང་མ་ཡིན། མི་མཛེས་པ་ཡང་མ་ཡིན་པའི་གཟུགས་སོ། །ལུས་དམ་པ་ནི་གང་ཁ་དོག་དང་དབྱིབས་མཛེས་པའོ། །གྲོགས་པོའི་ལུས་ནི་གང་བྱིས་པའི་དུས་ཀྱི་ལུས་སོ། །ལང་ཚོའི་ལུས་ནི་དར་ལ་བབས་པའི་གཟུགས་སོ། །རྒས་པའི་གཟུགས་ནི་གང་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལུས་ཞུམ་ཞིང་རྙིངས་པར་གྱུར་པའི་ལུས་སོ། །ལུས་དེ་དག་ཀྱང་བསྡུས་པ་ན་རྣམ་པ་གསུམ་དུ་འགྱུར་ཏེ། ནང་གི་ལུས་དང་ཕྱིའི་ལུས་དང་ཕྱི་ནང་གཉི་གའི་ལུས་སོ། དེ་ལ་ནང་གི་ལུས་ནི་བདག་རང་ཉིད་ཀྱི་ལུས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །ཕྱིའི་ལུས་ནི་གཟུགས་ལ་སོགས་པ་སྟེ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ཕྱི་ནང་གཉི་གའི་ལུས་ནི་སེམས་ཅན་གཞན་དག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་སྟེ། བདག་ལ་ལྟོས་ནས་གཞན་དུ་གྱུར་པས་ཕྱི་ཞེས་བྱའོ། །སེམས་ཅན་གྱི་གྲངས་སུ་གཏོགས་པས་ན་ནང་ཞེས་བྱའོ། །ཡང་ན་དབང་པོས་ཡོངས་སུ་ཟིན་པའི་གཟུགས་ནི་ནང་གི་ལུས་སོ། །དབང་པོས་ཡོངས་སུ་མ་ཟིན་པའི་གཟུགས་ནི་ཕྱིའི་ལུས་སོ། །གཞན་དག་གི་རྒྱུད་དུ་གཏོགས་པར་དབང་པོས་ཡོངས་སུ་ཟིན་པའི་གཟུགས་ནི་ཕྱི་ནང་གཉིས་ཀྱི་ལུས་སོ། །ཡང་ན་གང་མཉམ་པར་གཞག་པའི་ས་པ་བག་ཡངས་དང་བཅས་པའི་གཟུགས་ནི་ནང་གི་ལུས་སོ། །གང་བདག་ཉིད་ཀྱི་ལུས་མཉམ་པར་མ་གཞག་པའི་ས་པ་གནས་ངན་ལེན་དང་བཅས་པ་ནི་ཕྱིའི་ལུས་སོ། །གཞན་གྱི་ལུས་གནས་ངན་ལེན་དང་བཅས་པའམ། བག་ཡངས་དང་བཅས་པའི་གཟུགས་ནི་ཕྱི་ནང་གཉི་གའི་ལུས་སོ། །ཡང་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་ནང་གི་ལུས་སོ། །རྣམ་པར་ཤེས་པ་མེད་པའི་


DTG207_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམ་པར་བསྔོས་པ་དང༌། རྣམ་པར་བམ་པ་ལ་སོགས་པའི་དུས་ན་ནི་ཕྱིའི་ལུས་སོ། །རྣམ་པར་ཤེས་པ་མེད་པའི་གཟུགས་སོ། །འདས་པའི་དུས་ན་རྣམ་པར་ཤེས་པ་དང༌། བཅས་པ་དང༌། རྣམ་པར་ཤེས་པ་དང་བཅས་པའི་གཟུགས་ཀྱང་མ་འོངས་པའི་དུས་ན། རྣམ་པར་ཤེས་པ་མེད་པར་འགྱུར་བ་ནི་ནང་དང་ཕྱིའི་ལུས་སོ། །ཡང་ན་སྐྲ་དང་སྤུ་དང་སེན་མོ་དང་ཁྲག་ལ་སོགས་པ་དང་ལྡན་པ་ནི་ནང་གི་ལུས་སོ། །གཞན་གྱི་སྐྲ་དང་སྤུ་དང་སེན་མོ་དང་ཁྲག་ལ་སོགས་པ་དང་བཅས་པ་ནི་ཕྱིའི་ལུས་སོ། །བདག་ཉིད་ཀྱི་ལུས་རྣམ་པར་བམ་པ་དང༌། རྣམ་པར་བསྔོས་པ་ལ་སོགས་པའི་དུས་ན་ནི་ཕྱིའི་ལུས་ཏེ། འདི་ནི་ལུས་ཀྱི་རབ་ཏུ་དབྱེ་བའི་དོན་བསྡུས་པའོ། །དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཇི་ལྟ་བུ་ཞེ་ན། དེ་ནི་ཤེས་རབ་རྣམ་པ་གསུམ་སྟེ། མཉན་པ་ལས་བྱུང་བའི་ཤེས་རབ་དང༌། བསམས་པ་ལས་བྱུང་བའི་ཤེས་རབ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་གང་གི་ལུས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་ཅིང་རྟོགས་པར་བྱེད་པའོ། །དེ་ལ་དྲན་པ་གང་ཞེ་ན། གང་གི་ལུས་ཀྱི་དབང་དུ་བྱས་ནས་བསྟན་པའི་ཆོས་དེ་དག་ཉེ་བར་བཟུང་ཞིང་ཆོས་གང་ཉེ་བར་བཟུང་བའི་དོན་རྣམས་སེམས་ཀྱི་བསམ་པ་དང༌། བསྒོམས་པས་མངོན་སུམ་དུ་བྱས་པའི་ཡི་གེ་དང་དོན་རྣམས་ལ་མ་བརྗེད་པའོ། །དྲན་པ་ཉེ་བར་གཞག་པའི་དོན་ཅི་ཞེ་ན། དེ་ཡང་རྣམ་པ་གསུམ་སྟེ། དྲན་པ་སྲུང་བར་བྱེད་པ་དང༌། ཡུལ་ལ་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་དང༌། དམིགས་པ་ལ་སེམས་ཉེ་བར་འཇོག་པར་བྱེད་པའོ། །དེ་ལ་དྲན་པ་སྲུང་བར་བྱེད་པ་ནི་དང་པོ་ནས་དབང་པོ་དང༌། སེམས་རྣམས་ཡུལ་ལ་མི་འཇུག་པར་སྡོམ་པ་དང༌། ཡུལ་ལ་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་ནི་ཡུལ་ལ་ཞུགས་ནས་ཡང༌། གཟུགས་ལ་སོགས་པ་མཚན་མར་མི་འཛིན་བཟང་པོར་མི་འཛིན་པའོ། །དམིགས་པ་ལ་སེམས་ཉེ་བར་འཇོག་པར་བྱེད་པ་ནི། སྒོམ་པར་བྱེད་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་འཇོག་པའོ། །ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་ནམ་བདག་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་


DTG207_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ལ་རང་དང་སྤྱིའི་མཚན་ཉིད་དུ་ཤེས་རབ་ཀྱིས་མཐོང་བར་བྱེད་པ་ནི། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། ལུས་ཀྱི་རང་གི་མཚན་ཉིད་ནི། རྡུལ་ཕྲ་མོ་དུ་མ་བསགས་པ་ལས་གྱུར་པ་སྣབས་དང༌། མཆིལ་མ་དང༌། ཁྲག་དང༌། ཆུ་སེར་ལ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའོ། །དེ་ལྟར་བསྒོམ་པ་ན་ཡང་གཉེན་པོས་གསལ་བར་མཐོང་བར་བྱ་བ་དང༌། མི་མཐུན་པའི་ཕྱོགས་སྤངས་ནས་གནས་པར་བྱ་བ་སྟེ། རྣམ་པ་གཉིས་སོ། །དེ་ལ་གཉེན་པོ་ཡང་ཤེས་རབ་ཀྱིས་ལུས་ཀྱི་རང་གི་མཚན་ཉིད་མཐོང་བ་དང༌། ཤེས་རབ་ཀྱིས་ལུས་ཀྱི་སྤྱིའི་མཚན་ཉིད་མཐོང་བ་དང༌། དེ་ལྟར་ཤེས་རབ་ཀྱིས་མཐོང་བའི་ཆོས་དེ་ལ་ཞི་གནས་རྩེ་གཅིག་ཏུ་འཇོག་པའོ། །མི་མཐུན་པའི་ཕྱོགས་ཀྱང་གཉིས་ཏེ། ལུས་དང་གཟུགས་ལ་སོགས་པའི་ཡུལ་ལ་ཆགས་པ་དང༌། དེ་དག་ཉིད་ལ་ཁོང་ཁྲོ་བའི་ལུས་ཀྱི་རང་གི་མཚན་ཉིད་ཤེས་རབ་ཀྱིས་མི་གཙང་བ་ལ་སོགས་པར་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་གསལ་བའོ། །ལུས་ཀྱི་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་ཡང་དག་པར་རབ་ཏུ་ཤེས་པའོ། །ཤེས་རབ་ཀྱིས་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་མཐོང་བ་དེ་ཉིད་ཀྱི་དོན་མ་བརྗེད་ཅིང་དེ་ལ་རྟག་ཏུ་ཞི་གནས་ཀྱི་སེམས་རྩེ་གཅིག་ཏུ་འཇོག་པ་ནི་དྲན་པ་དང་ལྡན་པའི། །ལུས་དྲན་པ་ཉེ་བར་གཞག་པའི་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལུས་དང་གཟུགས་ལ་སོགས་པ་ལ་ཆགས་པ་སྤངས་པ་ནི་འཇིག་རྟེན་གྱི་ཆགས་པ་དང་བྲལ་བའོ། །དེའི་བར་དུ་གཅོད་པ་ཞེ་སྡང་སྤངས་པ་ནི། ཡིད་མི་བདེ་བ་སྤངས་པ་ཞེས་བྱའོ། །གནས་པའི་གོང་དུ་བཤད་པ་ལྟར་བསྒོམ་པའོ། །ནམ་ཕྱིའི་ལུས་གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ཀྱིས་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་ནི། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཞེས་བྱ་སྟེ། རང་གི་མཚན་ཉིད་ནི་རྡུལ་ཕྲ་རབ་བསགས་པའི་ངོ་བོའོ། །ཕྱིའི་མཚན་ཉིད་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པ་སྟེ། གསལ་བ་ཡང་དག་པར་


DTG207_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཤེས་པ་ཡང་དེའི་སླད་དུ་སྦྱར་ཞིང༌། དེ་དག་གི་དོན་ཡང་སླར་བསྟན་པ་བཞིན་དུ་བལྟའོ། །སེམས་ཅན་གཞན་དག་གི་ལས་སེམས་ཅན་གྱི་གྲང་སུ་གཏོགས་པའི་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་ནི། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱང་གོང་དུ་བཤད་པ་བཞིན་དུ་བལྟའོ། །ནང་གི་ཚོར་བ་དང་ཕྱིའི་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་ཚོར་བ་གང་ཞེ་ན། འདི་ལྟ་སྟེ་བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་ཡང་ལུས་དང་ལྡན་པ་དང༌། དེ་བཞིན་དུ་སེམས་དང་ལྡན་པའོ། །ཚོར་བ་ལ་སོགས་པ་བདེ་བ་ཡང་ཟང་ཟིང་དང་བཅས་པ་དང༌། ཟང་ཟིང་མེད་པ་དང༌། ཆགས་པ་ལ་བརྟེན་པ་དང༌། འབྱུང་བ་ལ་བརྟེན་པ་སྟེ། འདི་དག་ནི་ཚོར་བའི་རབ་ཏུ་དབྱེ་བའོ། །དེ་ལ་ལུས་དང་སེམས་ལ་སིམ་པ་ཕན་པར་བྱེད་པ་ནི་བདེ་བའི་ཚོར་བའོ། །ལུས་དང་སེམས་ལ་གནོད་པ་ལས་གདུང་བར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བའོ། །ལུས་དང་སེམས་ལ་ཕན་པར་ཡང་མི་བྱེད། གདུང་བར་ཡང་མི་བྱེད་པ་ནི། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །ཚོར་བ་དེ་གསུམ་ཡང་ནམ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པ་ལྔ་དང་འབྲེལ་བའི་དུས་ན་ནི་ལུས་དང་ལྡན་པའོ། །ཚོར་བ་དེ་གསུམ་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པའི་དུས་ན་ནི་སེམས་དང་ལྡན་པའོ། །ཚོར་བ་གསུམ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པར་གྱུར་ན་ནི། ཟང་ཟིང་མེད་པའོ། །ཁམས་གསུམ་དུ་གཏོགས་པའི་ཚོར་བ་ཐམས་ཅད་ནི་ཟང་ཟིང་དང་བཅས་པའོ། །ནམ་འཕགས་པའི་ལམ་དང་རྗེས་སུ་མཐུན་པར་གྱུར་པ་ནི། འབྱུང་བ་ལ་བརྟེན་པའོ། །འདོད་པའི་ཡོན་ཏན་ལྔ་ལ་ཞེན་པ་ནི་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །དེ་ལ་རྗེས་སུ་ལྟ་བ་དང་དྲན་པ་དང༌། དྲན་པ་ཉེ་བར་གཞག་པ་གང་ཡིན་པའི་དོན་རྣམས་ནི་ལུས་དྲན་པ་ཉེ་བར་གཞག་པའི་སྐབས་སུ་བཤད་པ་བཞིན་དུ་བལྟའོ། །དེ་ལ་


DTG207_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས། ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་སྐྱེས་པ་ནི་ནང་གི་ཚོར་བའོ། །གཟུགས་ལ་སོགས་པའི་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་ཚོར་བ་བདེ་བ་ལ་སོགས་པ་སྐྱེས་པ་ནི་ཕྱིའི་ཚོར་བའོ། །སེམས་ཅན་གཞན་དག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས། ཚོར་བ་བདེ་བ་ལ་སོགས་པ་སྐྱེས་པ་ནི་ནང་དང་ཕྱིའི་ཚོར་བ་ཞེས་བྱ་སྟེ། ཚོར་བ་རྣམ་པ་གསུམ་ཡང་སྡུག་བསྔལ་དང་འབྲེལ་པར་མཐོང་བ་ནི། ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་ཞིང་དྲན་པ་ཉེ་བར་གཞག་པའོ། །སྡུག་བསྔལ་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་བའོ། །དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ། བདེ་བའི་ཚོར་བ་ནི་ཐང་ཅིག་བདེར་ཟིན་ཀྱང་ཕྱིས་སྡུག་བསྔལ་གྱི་རྒྱུར་འགྱུར་བས་ན་འགྱུར་བའི་སྡུག་བསྔལ་དང་འབྲེལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པའི་ཆོས་དང་ལྡན་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་དང་འབྲེལ་ཏེ། གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་དུ་བལྟའོ། །ནང་གི་སེམས་དང་ཞེས་བྱ་བ་ལ་སོགས་པ་སེམས་དབྱེ་ན་རྣམ་པ་ཉི་ཤུ་སྟེ། འདོད་ཆགས་དང་བཅས་པའི་སེམས་དང༌། འདོད་ཆགས་དང་བྲལ་བའི་སེམས་དང༌། ཞེ་སྡང་དང་བཅས་པའི་སེམས་དང༌། ཞེ་སྡང་དང་བྲལ་བའི་སེམས་དང༌། གཏི་མུག་དང་བཅས་པའི་སེམས་དང༌། གཏི་མུག་དང་བྲལ་བའི་སེམས་དང། འདུས་པའི་སེམས་དང༌། རྣམ་པར་གཡེང་བའི་སེམས་དང༌། ཞུམ་པའི་སེམས་དང༌། གཟེངས་མཐོ་བའི་སེམས་དང༌། རྒོད་པའི་སེམས་དང༌། རྒོད་པ་མེད་པའི་སེམས་དང༌། ཞི་བའི་སེམས་དང༌། མ་ཞི་བའི་སེམས་དང༌། ཤིན་ཏུ་མཉམ་པར་གཞག་པའི་སེམས་དང༌། ཤིན་ཏུ་མཉམ་པར་གཞག་པ་མ་ཡིན་པའི་སེམས་དང༌། ལམ་ཤིན་ཏུ་བསྒོམ་པའི་སེམས་དང༌། ལམ་ཤིན་ཏུ་བསྒོམ་པ་མ་ཡིན་པའི་སེམས་དང༌། ཤིན་ཏུ་བསྒོམ་པ་ལས་གྲོལ་བའི་སེམས་དང༌། ཤིན་ཏུ་བསྒོམ་པ་ལས་གྲོལ་བ་མ་ཡིན་པའི་སེམས་སོ། །དེ་ལ་གང་ཆགས་པར་


DTG207_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དངོས་པོ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་མངོན་སུམ་དུ་སྤྱོད་པ་ནི། འདོད་ཆགས་དང་བཅས་པའི་སེམས་ཞེས་བྱའོ། །འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བག་ལ་ཉལ་ཙམ་དུ་ཟད་ཀྱི། དངོས་སུ་སྤྱོད་པ་མེད་པ་ནི། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱའོ། །ཞེ་སྡང་གི་དངོས་པོ་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པ་མངོན་སུམ་དུ་སྤྱོད་པ་ནི། ཞེ་སྡང་དང་བཅས་པའི་སེམས་ཞེས་བྱའོ། །ཞེ་སྡང་བག་ལ་ཉལ་ཙམ་དུ་ཟད་ཀྱི། དངོས་སུ་བྱུང་བ་མེད་པ་ནི། ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱའོ། །ཀུན་ཏུ་གཏི་མུག་པར་གྱུར་པའི་དངོས་པོ་ལ་རྨོངས་པ་ཀུན་ཏུ་འབྱུང་བ་ནི། གཏི་མུག་དང་བཅས་པའི་སེམས་ཞེས་བྱའོ། །གཏི་མུག་བག་ལ་ཉལ་ཙམ་དུ་གནས་པ་ནི། །གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་སྟེ། སེམས་དྲུག་པོ་དེ་དག་ནི་ཀུན་ཏུ་སྤྱོད་པའི་དུས་ན་འབྱུང་བ་ལས་གཞག་པར་རིག་པར་བྱའོ། །དེ་ལ་གསུམ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སོ། །གསུམ་ནི་དེ་དག་གི་གཉེན་པོའི་ཕྱོགས་སོ། །དེ་ལ་ཞི་གནས་ཀྱི་རྣམ་པར་སེམས་ནང་དུ་གནས་པར་གྱུར་པ་འདུས་པའི་སེམས་སོ། །འདོད་པའི་ཡོན་ཏན་ལྔའི་རྗེས་སུ་འབྲང་བ་གཡེངས་པའི་སེམས་སོ། །གཉིད་དང་རྨུགས་པ་དང་ལྡན་པ་ནི་ཞུམ་པའི་སེམས་སོ། གཉིད་དང་རྨུགས་པ་སེལ་བར་བྱེད་པའི་ཆོས་རབ་ཏུ་དང་བར་བྱེད་པ་འགའ་ཞིག་ལ་དམིགས་ནས་སེམས་དགའ་བར་བྱས་པ་ནི་གཟེངས་མཐོས་པའི་སེམས་སོ། །སེམས་གཟེངས་བསྟོད་པ་ལས་སླར་གཡེངས་བར་གྱུར་པ་ནི་རྒོད་པའི་སེམས་སོ། །ཞུམ་རྒོད་སྤངས་ནས་སེམས་བཏང་སྙོམས་སུ་གྱུར་པ་ནི་རྒོད་པ་མེད་པའི་སེམས་སོ། །གཉིད་དང་རྨུགས་པ་དང་འགྱོད་པ་དང་ཐེ་ཚོམ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ནི་ཞི་བའི་སེམས་སོ། །སྒྲིབ་པ་དེ་དག་དང་མ་བྲལ་བ་ནི་མ་ཞི་བའི་སེམས་སོ། །རྩ་བའི་བསམ་གཏན་བཞི་ལ་ཞུགས་པ་ནི་ཤིན་ཏུ་མཉམ་པར་གཞག་པའི་སེམས་སོ། །རྩ་བའི་བསམ་གཏན་བཞི་ལ་མ་ཞུགས་པ་ནི་ཤིན་ཏུ་མཉམ་པར་མ་གཞག་པའི་སེམས་སོ། །རྩ་བའི་བསམ་གཏན་དེ་དག་ཉིད་ལ་ཤིན་ཏུ་བསྒོམས་པ་དང༌། དུས་རིང་དུ་བསྒོམས་པས་ཅི་དགར་དབང་དུ་


DTG207_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི་ལམ་ཤིན་ཏུ་བསྒོམ་པའི་སེམས་སོ། །རྩ་བའི་བསམ་གཏན་ཐོབ་ཀྱང་ཤིན་ཏུ་མ་བསྒོམས་ལ། དུས་རིང་དུ་མ་བསྒོམས་པས་ཅི་དགར་དབང་ཐོབ་པར་མ་གྱུར་པ་ནི། ལམ་ཤིན་ཏུ་བསྒོམ་པ་མ་ཡིན་པའི་སེམས་སོ། །ལམ་ཤིན་ཏུ་བསྒོམས་པ་ལས་ཉོན་མོངས་པ་ཐམས་ཅད་བྱང་བ་དང༌། ཤིན་ཏུ་བྱང་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའི་སེམས་སོ། །ཉོན་མོངས་པ་ཐམས་ཅད་དང་ཤིན་ཏུ་བྱང་བ་མ་ཡིན་པའི་ཉོན་མོངས་པ་ཁ་ཅིག་བྱང་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་པའི་སེམས་ཏེ། སེམས་བཅུ་དྲུག་པོ་དེ་དག་ནི་གནས་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པར་རིག་པར་བྱའོ། །སེམས་ཉི་ཤུ་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ནང་གི་སེམས་དང༌། ཕྱིའི་སེམས་དང༌། ཕྱི་ནང་གི་སེམས་སོ། །དེ་ལ་བདག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་དམིགས་པ་ལས་སེམས་ཉི་ཤུ་པོ་བྱུང་བ་ནི་ནང་གི་སེམས་ཞེས་བྱའོ། །གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལ་དམིགས་པ་ལས་སེམས་ཉི་ཤུ་པོ་དེ་དག་བྱུང་བ་ནི་ཕྱིའི་སེམས་ཞེས་བའོ། །སེམས་ཅན་གཞན་གྱི་གཟུགས་སེམས་ཅན་གཞན་གྱི་གྲངས་སུ་གཏོགས་པ་ལ་སེམས་དམིགས་པ་ལས་སེམས་ཉི་ཤུ་པོ་དེ་དག་བྱུང་བ་ནི་ནང་དང་ཕྱིའི་སེམས་ཞེས་བྱ་སྟེ། སེམས་ལ་ཡང་སྐད་ཅིག་ཏུ་འདོད་ཆགས་དང་བཅས་པ་དང༌། སྐད་ཅིག་ཏུ་འདོད་ཆགས་དང་བྲལ་བ་ལ་སོགས་པར་འགྱུར་ཏེ། སྐད་ཅིག་ཀྱང་མི་གནས་པ་རང་བཞིན་གཞན་དང་དུ་འགྱུར་བར་རྟོགས་པར་བྱེད་པ་ནི། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། གསལ་བ་ལ་སོགས་པའི་དོན་གཞན་ནི་གོང་དུ་བཤད་པར་ཟད་དོ། །ནང་གི་ཆོས་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ནི་ནག་པོའི་ཕྱོགས་དང༌། དཀར་པོའི་ཕྱོགས་རྣམ་པ་གཉིས་ལས་དབྱེ་ན། རྣམ་པ་ཉི་ཤུར་རིག་པར་བྱའོ། །ཉི་ཤུ་པོ་དེ་དག་གང་ཞེ་ན། འདོད་ཆགས་དང་འདོད་ཆགས་འདུལ་བ་དང༌། ཞེ་སྡང་དང་ཞེ་སྡང་འདུལ་བ་དང༌། གཏི་མུག་དང་གཏི་མུག་འདུལ་བ་དང༌།


DTG207_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་དང༌། རྣམ་པར་གཡེངས་པ་དང༌། ཞུམ་པ་དང༌། གཟེངས་མཐོས་པ་དང༌། རྒོད་པ་དང༌། རྒོད་པ་མེད་པ་དང༌། ཞི་བ་དང༌། མ་ཞི་བ་དང༌། ཤིན་ཏུ་མཉམ་པར་གཞག་པ་དང༌། ཤིན་ཏུ་མཉམ་པར་གཞག་པ་མ་ཡིན་པ་དང༌། ལམ་ཤིན་ཏུ་བསྒོམས་པ་དང༌། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པ་དང༌། ཤིན་ཏུ་བསྒོམས་པས་གྲོལ་བ་དང༌། ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་པ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། གཡེངས་པ་དང༌། ཞུམ་པ་དང༌། རྒོད་པ་དང༌། མ་ཞི་བ་དང༌། མཉམ་པར་མ་བཞག་པ་དང༌། ལམ་ལེགས་པར་མ་བསྒོམས་པ་དང༌། ལེགས་པར་བསྒོམས་པས་གྲོལ་བ་མེད་པ་སྟེ། བཅུ་ནི་ནག་པོའི་ཕྱོགས་སོ། །འདོད་ཆགས་འདུལ་བ་དང༌། ཞེ་སྡང་འདུལ་བ་དང༌། གཏི་མུག་འདུལ་བ་དང༌། འདུས་པ་དང༌། གཟེངས་མཐོས་པ་དང༌། མི་རྒོད་པ་དང། ཞི་བ་དང༌། མཉམ་པར་གཞག་པ་དང༌། ལམ་ལེགས་པར་བསྒོམས་པ་དང༌། ལེགས་པར་བསྒོམས་པས་གྲོལ་བ་སྟེ་བཅུ་ནི་དཀར་པོའི་ཕྱོགས་སོ། །དེ་ལ་གཟུགས་དང་འདོད་པའི་ཡོན་ཏན་ལ་ཆགས་པ་ནི་འདོད་ཆགས་སོ། །མི་གཙང་བ་བསྒོམ་པ་ནི་འདོད་ཆགས་འདུལ་བའོ། །དགྲ་ལ་སོགས་པ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་ངོ༌། །བྱམས་པ་ནི་ཞེ་སྡང་འདུལ་བའོ། །ལས་དང་ལས་ཀྱི་འབྲས་བུ་མི་ཤེས་པ་ནི་གཏི་མུག་གོ །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ནི་གཏི་མུག་འདུལ་བའོ། །སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་ནི་འདུས་པའོ། །སེམས་འདོད་པའི་ཡོན་ཏན་ལ་ཞུགས་པ་ནི་གཡེངས་པའོ། །སེམས་གཉིད་དང་རྨུགས་པས་ནོན་པ་ནི་ཞུམ་པའོ། །བསམ་གཏན་གྱི་འབྲས་བུའམ། དེ་བཞིན་གཤེགས་པའི་ཡོན་ཏན་བསམས་ནས་གཉིད་དང་རྨུགས་པ་བསལ་བ་ནི་གཟེངས་མཐོས་པའོ། །སེམས་གཟེངས་བསྟོད་པ་ལས་སླར་སེམས་འཕྲོས་པར་གྱུར་པ་ནི་རྒོད་པའོ། །ཞུམ་རྒོད་གཉིས་སྤངས་ཏེ་སེམས་མཉམ་པར་གྱུར་པ་ནི་རྒོད་པ་མེད་པའོ། །གཉིད་དང་རྨུགས་པ་ལ་སོགས་པའི་སྒྲིབ་པ་དང་


DTG207_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ནི་ཞི་བའོ། །སྒྲིབ་པ་དང་མ་བྲལ་བ་ནི་ཞི་བའོ། །བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་སྟེ། རྩ་བའི་བསམ་གཏན་ལ་ཞུགས་པ་ནི། ཤིན་ཏུ་མཉམ་པར་གཞག་པའོ། །རྩ་བའི་བསམ་གཏན་ལམ་ཞུགས་པ་ནི་མཉམ་པར་གཞག་པ་མ་ཡིན་པའོ། །དེ་ལ་འཕགས་པའི་ལམ་བསྒོམ་པ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པའོ། །འཕགས་པའི་ལམ་བསྒོམ་པ་མ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའོ། །ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཕྱིས་མི་སྐྱེ་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའོ། །ཉོན་མོངས་པ་མ་ལུས་པར་སྤངས་པ་མ་ཡིན་པ་ནི་ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་པའོ། །ཆོས་དེ་དག་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ནང་གི་ཆོས་དང༌། ཕྱིའི་ཆོས་དང༌། ནང་དང་ཕྱིའི་ཆོས་སོ། །དེ་ལ་བདག་རང་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་ནག་པོ་འམ་དཀར་པོའི་ཆོས་བྱུང་བ་ནི་ནང་གི་ཆོས་སོ། །གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལ་དམིགས་པ་ལས། དཀར་པོའམ། ནག་པོའི་ཆོས་བྱུང་བ་ནི། ཕྱིའི་ཆོས་སོ། །སེམས་ཅན་གཞན་གྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས་དཀར་པོ་འམ་ནག་པོའི་ཆོས་བྱུང་བ་ནི། ནང་དང་ཕྱིའི་ཆོས་ཞེས་བྱ་སྟེ། ནག་པོའི་ཆོས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་འགྱུར། དཀར་པོའི་ཆོས་ཀྱིས་ནི་རྣམ་པར་བྱང་བར་འགྱུར་བ་ཙམ་དུ་ཟད་ཀྱི། འདི་ན་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་གམ། རྣམ་པར་བྱང་བར་བྱེད་པའི་བདག་མེད་དོ་ཞེས་ལྟ་བ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ཡང་རྣམ་པར་ལྔར་རྣམ་པར་གཞག་སྟེ། རྣམ་པ་ལྔ་ནི་དམིགས་པ་དང༌། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལ་རྣམ་པ་ལྔར་རྣམ་པར་གཞག་པ་བཞིན་དུ། བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ལ་ཡང་རྣམ་པ་


DTG207_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྔར་གཞག་གོ །དྲན་པ་ཉེ་བར་གཞག་པའི་དམིགས་པ་གང་ཞེ་ན། དེ་ཡང་བཞི་སྟེ། ལུས་དང༌། སེམས་དང༌། ཚོར་བ་དང༌། ཆོས་སོ། །ཡང་ན་བདག་གི་རྟེན་གྱི་དངོས་པོ་དང༌། བདག་ཀུན་ནས་ལོངས་སྤྱོད་པའི་དངོས་པོ་དང༌། བདག་ཉིད་ཀྱི་དངོས་པོ་དང༌། བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པའི་དངོས་པོ་སྟེ། དེ་བཞི་ནི་དྲན་པ་ཉེ་བར་གཞག་པའི་དམིགས་པར་བྱའོ། །དེ་ལ་བདག་གི་དངོས་པོ་ནི་ལུས་སོ། །བདག་ཀུན་ནས་ལོངས་སྤྱོད་པར་བྱེད་པའི་དངོས་པོ་ནི་ཚོར་བའོ། །བདག་ཉིད་ཀྱི་དངོས་པོ་ནི་སེམས་སོ། །བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པའི་དངོས་པོ་ནི་ཆོས་སོ། །དེ་ལ་ཡང་ཇི་ལྟར་དམིགས་པ་ཞེ་ན། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་དག་ཕལ་ཆེར་དབང་པོ་དང་བཅས་པའི་ལུས་ལ་བདག་བརྟེན་ཅིང་བདེ་བ་ལ་སོགས་པ་ཀུན་ཏུ་ལོངས་སྤྱོད་པར་བྱེད་ལ། དེ་ལྟར་ཀུན་ཏུ་ལོངས་སྤྱོད་པར་བྱེད་པའི་བདག་དེ་ཡང་སེམས་ཉིད་ཡིན་ཏེ། བདག་དེ་འདོད་ཆགས་ལ་སོགས་པས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ། དད་པ་ལ་སོགས་པས་ནི་རྣམ་པར་བྱང་བར་འགྱུར་ཏེ། ཞེས་རྟོགས་པར་བྱ་བའི་ཕྱིར། ལུས་ལ་སོགས་པ་བསྒོམ་ཞིང་རྣམ་པར་གཞག་གོ །རང་བཞིན་གང་ཞེ་ན། ཤེས་རབ་དང་ཞི་གནས་ཏེ། ལུས་ལ་རྗེས་སུ་ལྟ་བ་ཞེས་སྨྲ་བས་ཤེས་རས་སྨྲ་བ་ཡིན། །དྲན་པ་དང་ལྡན་པ་དང༌། གནས་པ་ཞེས་སྨྲས་པས་ཞི་གནས་བསྟན་པ་ཡིན་ནོ། །གྲོགས་པོ་ནི་དེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། ཤེས་རབ་དང་ཞི་གནས་གཉིས་ཀྱང་བརྩོན་འགྲུས་ལ་སོགས་པའི་སེམས་ལས་བྱུང་བ་གཞན་དང་མི་ལྡན་པ་འབའ་ཞིག་འབྱུང་མི་སྲིད་པའི་ཕྱིར་རོ། །བསྒོམ་པ་ནི་ནང་དང་ཕྱི་དང་ཕྱི་ནང་གཉིས་ཀྱི་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་གོམས་པར་བྱའོ། །བསྒོམས་པའི་འབྲས་བུ་ནི་ཕྱིན་ཅི་ལོག་བཞི་སྤངས་པ་དང༌། བདེན་པ་ཞི་ལ་འཇུག་པ་དང༌། ལུས་ལ་སོགས་པ་དང་བྲལ་བར་འགྱུར་བའོ། །དེ་ལ་ཕྱིན་ཅི་ལོག་བཞི་ནི་མི་གཙང་བ་དང༌། བདེ་བ་དང༌། རྟག་པ་དང་བདག་ཏུ་འཛིན་པའོ། །མི་གཙང་བ་ལ་གཙང་བར་ཕྱིན་ཅི་


DTG207_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏུ་འཛིན་པ་སྤོང་བའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། ལུས་ལ་ནི་གཙོ་བོར་མི་གཙང་བའི་མཚན་ཉིད་དུ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྡུག་བསྔལ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་ཏུ་འཛིན་པ་སྤང་བའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། ཇི་སྲིད་དུ་ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་རྣམ་པ་གསུམ་དང་འབྲེལ་ཏོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་གཉེན་པོར། སེམས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། སེམས་འདི་ཡང་སྐད་ཅིག་མ་རེ་རེ་ལ་འདོད་ཆགས་དང་བཅས་པ་དང༌། འདོད་ཆགས་མེད་པ་ལ་སོགས་པ་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་སྤོང་བའི་ཕྱིར། ཆོས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། འདོད་ཆགས་ལ་སོགས་པས་ནི་ཀུན་ནས་ཉོན་མོངས་པར་འགྱུར། དད་པ་ལ་སོགས་པས་ནི་རྣམ་པར་བྱང་བར་འགྱུར་བར་ཟད་ཀྱི། འདི་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། རྣམ་པར་བྱང་བར་བྱེད་པའི་བྱེད་པ་པོ་དང༌། བདག་མེད་པ་ཁོང་དུ་ཆུད་ན། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བར་འགྱུར་རོ། །བདེན་པ་བཞི་ལ་འཇུག་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་པས། སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ཀྱི་རང་བཞིན་མཐོང་ན་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པར་རྟོགས་པར་འགྱུར་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་སྟེ། ཚོར་བ་བདེ་བ་ལ་བརྟེན་ནས་ནི་སྲེད་པ་སྐྱེ། ཚོར་བ་སྡུག་བསྔལ་བའི་རྒྱུས་ནི་ཞེ་སྡང་སྐྱེ་ལ། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རྒྱུས་ནི་གཏི་མུག་སྐྱེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྒྱུས་ཚེ་རབས་གཞན་གྱི་ཕུང་པོ་འབྱུང་བར་འགྱུར་རོ་ཞེས་རྟོགས་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ། སེམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་


DTG207_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བདག་མེད་པའི་མཚན་ཉིད་དུ་མཐོང་ན་མྱ་ངན་ལས་འདས་པ་ལས་བདག་ཆད་པར་འགྱུར་རོ། ཞེས་འཇིག་པ་མི་འབྱུང་བའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ལམ་གྱི་བདེན་པ་ལ་འཇུག་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་གཉིས་མཐོང་ནས་ཀུན་ནས་ཉོན་མོངས་པ་སྤོང་བའི་ཕྱིར། རྣམ་པར་བྱང་བའི་ཆོས་ལ་རྟེན་པར་བྱེད་པས་སོ། །བྲལ་བ་ནི་ལུས་ལ་སོགས་པ་བསྒོམས་པས། གནས་ངན་ལེན་པ་ཐམས་ཅད་དང་བྲལ་བར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་འཇིག་རྟེན་པ་དག་ནི་ཕལ་ཆེར་ཕུང་པོ་ལྔ་ལ་ཕུང་པོ་ཙམ་མམ་ཆོས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པས་འདི་ལྟ་སྟེ། བདག་དེ་ལུས་ལ་གནས་ཤིང་ཚོར་བ་བདེ་བ་དང་སྡུག་བསྔལ་བ་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། ཆོས་དང་ཆོས་མ་ཡིན་པས་རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་འཛིན་པ་བཟློག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་གསུངས་ཏེ། དེ་ལ་ལུས་ནི་བདག་གི་རྟེན་གྱི་དངོས་པོའོ་ཞེས་རྨོངས་པ་བསལ་བའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏེ། ལུས་འདི་མི་གཙང་བ་དང་སྡུག་བསྔལ་གྱི་གནས་ཀྱི་དངོས་པོ་ཡིན་གྱི། བདག་གི་དངོས་པོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཚོར་བ་ནི་བདག་དེས་ཀུན་ཏུ་མྱོང་བར་བྱ་བའི་དངོས་པོ་ཡིན་ནོ་ཞེས་རྨོངས་པ་བསལ་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་བཤད་དེ། །ཚོར་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་གྱིས། བདག་དེས་ཀུན་ཏུ་མྱོང་བར་བྱ་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་འཛིན་པ་བསལ་བའི་ཕྱིར། སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བསྟན་ཏེ། སེམས་ནི་སྐད་ཅིག་མའི་རང་བཞིན་ཡིན་གྱི། བདག་གི་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱིས་ནི་བདག་དེ་ཉིད་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་དོ་ཞེས་རྨོངས་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་དེ། འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པར་བྱེད་ཅིང༌། དད་པ་ལ་སོགས་པས་སེམས་རྣམ་པར་


DTG207_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བར་བྱེད་པར་ཟད་ཀྱི། བདག་མེད་པའི་རང་བཞིན་ཡིན་པས། དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ །དྲན་པ་ཉེ་བར་གཞག་པ་བསྟན་པའི་འོག་ཏུ་ཡང་དག་པར་སྤོང་བ་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་བཀའ་སྩལ་པ། དེ་ལ་དགེ་སློང་དག་ཡང་དག་པར་སྤོང་བ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྡིག་པའི་ཆོས་སྐྱེས་པ་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། དགེ་བའི་ཆོས་སྐྱེས་པ་གནས་པར་བྱའོ། །བརྒལ་བ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤོང་བ་ནི་དེ་གཉིས་དོར་བར་བྱ་བའི་ཆོས་ཡིན་པས། ཡང་དག་པར་སྤོང་བ་ཞེས་བྱ་བར་འོས་ན། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་གནས་པར་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ན། དེ་ལ་ཇི་ལྟར་ཡང་དག་པར་སྤོང་བ་ཞེས་གདགས། ལན་དུ་གཉིས་ལ་གདགས་པ་མི་རིགས་པ་འདྲ་མོད་ཀྱིས། དགེ་བ་སྐྱེད་པ་དང་གནས་པར་བྱ་བ་མི་མཐུན་པའི་ཕྱོགས་སྤོང་བ་དང༌། དགེ་བའི་ཆོས་སྐྱེ་ཞིང་གནས་པར་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་དག་པའི་སྤོང་བ་ཞེས་བྱ་བས་ཉེས་པ་མེད་དོ། །ཡང་དག་པར་སྤོང་བ་དང་པོ་བསྟན་པའི་ཕྱིར་རོ། །དེ་ལ་དགེ་སློང་དག་དགེ་སློང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྡིག་པ་མི་དགེ་བའི་ཆོས་ནི་འདོད་པའི་ཁམས་ཀྱི་ལུས་དང༌། ངག་དང་ཡིད་ཀྱི་ལས་ངན་པར་སྤྱོད་པ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། ངག་གི་སྒོ་ནས་བརྫུན་དང་ཚིག་རྩུབ་པོ་དང་ཕྲ་མ་དང༌། ཚིག་ཀྱལ་པར་སྨྲ་བ་དང༌། ཡིད་ཀྱི་སྒོ་ནས་ཆགས་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དང༌། མི་དགེ་བ་བཅུ་དང༌། དེ་སྐྱེད་པར་བྱེད་པའི་རྒྱུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་ཉོན་མོངས་པ་ནི་སྡིག་པ་མི་དགེ་བའི་ཆོས་ཏེ། འཕགས་པ་རྣམས་ཀྱིས་སྨད་པ་ཡིན་པས་སྡིག་པའོ། །རྣམ་པར་སྨིན་པ་མི་བདེ་བར་མྱོང་བར་འགྱུར་བས་ན་མི་དགེ་


DTG207_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཡང་ན་བདག་དང་གཞན་ལ་གནོད་པའི་རྒྱུ་བྱེད་པ་ནི་སྡིག་པའོ། །དགེ་བའི་ཆོས་དང་འགལ་བ་ཡིན་པས་ན་མི་དགེ་བ་སྟེ། མི་དགེ་བའི་ཆོས་དེ་དག་མངོན་དུ་མ་གྱུར་ཅིང༌། དེ་དག་དང་ཕྲད་ཅིང་སྤྱོད་པར་མ་གྱུར་པ་ནི་མ་སྐྱེས་པ་ཞེས་བྱ་བ་སྟེ། བག་ཆགས་སུ་གནས་པའོ། །ཡང་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་ཤིང༌། བསླབ་པ་གསུམ་ཉམས་པར་བྱེད་པའི་རྒྱུའི་ཆོས་ལ་ནི། སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་པ་ནི་ཡན་ལག་དྲུག་གི་ཚུལ་ཁྲིམས་ཉམས་པའོ། །ཚུལ་ཁྲིམས་ཉམས་པར་བྱེད་པའི་རྒྱུ་ཡང་བཅུ་སྟེ། དང་པོ་ནས་ལེགས་པར་མ་བླངས་པ་དང༌། ལྷོད་པར་བྱེད་པ་དང༌། ལོག་པར་འཛིན་པ་དང༌། བག་མེད་པ་དང༌། ལེ་ལོས་ཡོངས་སུ་ཟིན་པ་དང༌། ལོག་པར་སྨོན་པ་དང༌། སྤྱོད་ལམ་ཉམས་པར་གྱུར་པ་དང༌། འཚོ་བ་ཉམས་པར་གྱུར་པ་དང༌། མཐའ་གཉིས་སུ་ལྷུང་བ་དང༌། འབྱུང་བར་མི་བྱེད་པ་དང༌། ཡི་དམ་བླངས་པ་ཉམས་པའོ། །དེ་ལ་ཇི་ལྟར་ན་དང་པོ་ནས་ལེགས་པར་མ་བླངས་ཤེ་ན། འདི་ལྟར་རྒྱལ་པོས་འཇིགས་པས་སམ། རྐུན་པོས་འཇིགས་པས་སམ། འཚོ་བ་མེད་པས་སམ། དེ་ལ་སོགས་པའི་རྐྱེན་གཞན་གྱི་ཕྱིར་བླངས་ཏེ། དེ་ལྟར་ཡང་ཕྱིས་ཉམས་པར་འགྱུར་རོ། །ཇི་ལྟར་ལྷོད་པར་བྱེད་ཅེ་ན། འདི་ལྟར་ཁ་ཅིག་ཚུལ་ཁྲིམས་བླངས་ནས། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། འགྱོད་པ་ཆུང་བས་བསླབ་པའི་གནས་རྣམས་ལ་དམ་དུ་མི་སྲུང་གི་ཉམས་བཞིན་དུ་སྤྱོད་པ་སྟེ། ལྷོད་པར་བྱེད་པས་ངེས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་བས་སོ། །ཇི་ལྟར་ལོག་པར་འཛིན་ཞེ་ན། ཁ་ཅིག་ལོག་པར་འཛིན་པ་དང་ལྡན་པ་ཡིན་ཏེ། གནས་མ་ཡིན་པ་ལ་འགྱོད་པར་འགྱུར་ཞིང༌། འགྱོད་པ་དེས་དགེ་བའི་བར་དུ་གཅོད་པར་བྱེད་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་པར་འགྱུར་བས་སོ། །ཇི་ལྟར་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། ལ་ལ་དག་དང་པོ་ནས་ཉེས་པ་མི་འབྱུང་བར་དམ་བཅས་པ་མེད་ཅིང་ཉེས་པ་བྱུང་ན་ཡང་སླར་ཆོས་བཞིན་དུ་གསོ་བར་མི་བྱེད་ལ། ཉལ་བ་དང་འཕྲེས་པ་དང་གཉིད་ཀྱི་བདེ་བ་རྣམས་ལྷུར་


DTG207_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་སྒོ་ནས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་བའོ། །ཇི་ལྟར་ལོག་པར་སྨོན་པ་ཡིན་ཞེ་ན། ཁ་ཅིག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་འདིས་ལྷའམ་ལྷ་ལས་གཞན་པའམ། རྙེད་པའམ། བཀུར་སྟིར་ལྡན་པར་གྱུར་ཅིག་ཅེས་ལོག་པར་སྨོན་པས་རྣམ་པར་གྲོལ་བའི་རྒྱུར་མ་གྱུར་པས་ཀྱང་ཚུལ་ཁྲིམས་ཉམས་པའོ། །ཇི་ལྟར་ན་སྤྱོད་ལམ་ཉམས་པར་གྱུར་པ་ཡིན་ཞེ་ན། དེ་ལ་ཁ་ཅིག་འཆགས་པ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་དང༌། གྲོང་ལ་སོགས་པའི་སྤྱོད་ཡུལ་ལ་བབ་བབ་ཏུ་འདུག་ཅིང་འཕྲལ་གྱི་བྱ་བ་དང༌། དགེ་བ་ལ་སྦྱོར་བ་རྣམས་འཇིག་རྟེན་དང་མི་མཐུན་ཞིང་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་མི་མཐུན་ཞིང་འདུལ་བ་དང་འགལ་བས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་ན་འཚོ་བ་ཉམས་པར་འགྱུར་ཞེ་ན། འདི་ལ་ཁ་ཅིག་ཆོག་མི་ཤེས་པ། འདོད་པ་མང་པོ། གསོ་དཀའ་བ། དགང་དཀའ་བ་སྟེ། ཆོས་མ་ཡིན་པ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཚོལ་བས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་ན་མཐའ་གཉིས་སུ་ལྷུང་ཞེ་ན། འདི་ལྟར་ཁ་ཅིག་འདོད་པའི་བདེ་བ་ལ་ལྷག་པར་ཞེན་ནས། འདོད་པའི་ཆོས་རྣམས་ལ་བག་མེད་པར་སྤྱོད་པ་དང༌། ལ་ལ་ཚེར་མ་ལ་གནས་འཆའ་བའམ། ཐལ་པའི་ནང་ན་གནས་འཆའ་བ་ལ་སོགས་པ་དཀའ་ཐུབ་མི་བཟད་པ་དང༌། ཆོས་འདུལ་བ་ལས་བྱེད་དུ་མ་གནང་བ་རྣམས་སྤྱད་པས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་འབྱུང་བར་མི་བྱེད་པ་ཞེ་ན། ལ་ལ་དག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། ལྟ་བ་བསྙེམས་ཏེ་ཚུལ་ཁྲིམས་དེ་ཉིད་དམ། བརྟུལ་ཞུགས་དེ་ཉིད་ཀྱིས་ཐར་པ་དང་གྲོལ་བར་འགྱུར་རོ། །ཞེས་ལོག་པར་བཟུང་བས་ཐར་པ་དང༌། གྲོལ་བའི་རྒྱུར་མ་གྱུར་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་པའོ། །ཇི་ལྟར་ན་ཡི་དམ་བླངས་པ་ཉམས་པར་འགྱུར་ཞེ་ན། ལ་ལ་དག་ཐམས་ཅད་ནས་ཐམས་ཅད་དུ་ངོ་ཚ་མེད་ཅིང་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་མི་འཛེམས་པ་དང༌། ཚུལ་ཁྲིམས་ཉམས་པས་སྡིག་པའི་ཆོས་ཅན། ཁོང་རུལ་བ། བོང་བུའི་རྗེས་སུ་


DTG207_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་དམ་འཆའ་བའོ། །དེ་ལ་ལྷག་པའི་སེམས་ཉམས་པ་ནི་བསམ་གཏན་དང་པོ་དང༌། གཉིས་པ་ལ་སོགས་པ་ཉམས་པའོ། །དེ་ཉམས་པའི་རྒྱུ་ནི་ཆོས་གོས་དང༌། ལྷུང་བཟེད་ལ་སོགས་པ་ཡོ་བྱད་ལ་ཆགས་པ་མང་བ་དང༌། ལུས་ལ་ནད་མང་བ་དང༌། ཁ་ཟས་ལ་བརྐམ་པ་དང༌། འདུ་འཛིན་མང་པོའི་ནང་ན་གནས་པར་དགའ་བ་དང༌། འཇིག་རྟེན་གྱི་ལས་ཀྱི་བྱ་བ་མང་པོ་ལ་དགའ་བ་དང༌། སྨྲ་བ་མང་པོ་ལ་མོས་པ་དང༌། ཉལ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བའོ། །ལྷག་པའི་ཤེས་རབ་ཉམས་པ་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པའོ། །དེ་ཉམས་པའི་རྒྱུ་ནི། མི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། དམ་པ་མ་ཡིན་པའི་ཆོས་ཉན་པ་དང༌། བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་ཚུལ་བཞིན་དུ་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། ཆོས་དེ་དག་མངོན་དུ་མ་སྤྱོད་པ་ནི་མ་སྐྱེས་པའོ། །མི་དགེ་བའི་ཆོས་མ་སྐྱེས་པ་ཐམས་ཅད་ནས་ཐམས་ཅད་དུ་སེམས་ལ་སྐྱེ་བར་མི་བྱའོ་ཞེས་དམ་འཆའ་ཞིང་ཐོག་མ་ནས་སྒྲིམས་པ་ནི་མོས་པ་སྐྱེད་པ་ཞེས་བྱའོ། །འབད་ཅིང་བརྩོན་འགྲུས་རྩོམ་པ་ལ་སོགས་པ་ནི། ཡང་དག་པའི་སྤོང་བ་གཉིས་པོ་དོན་དང་སྦར་དགོས་པས་ཕྱིས་བཤད་པར་བྱའོ། །ཡང་དག་པའི་སྤོང་བ་གཉིས་པོ་བསྟན་པའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡིག་པ་མི་དགེ་བའི་ཆོས་ནི་གང་གོང་དུ་བཤད་པའི་འདོད་པའི་ཁམས་ཀྱི་ལུས་དང་ངག་དང་ཡིད་དང་མི་དགེ་བ་བཅུའམ། བསླབ་པ་གསུམ་ཉམས་པར་བྱེད་པའི་ཆོས་སོ། །ཆོས་དེ་དག་སེམས་ལ་མངོན་དུ་གྱུར་ཅིང༌། སེམས་ལ་ཀུན་ཏུ་སྤྱོད་པར་གྱུར་པ་ནི་མི་དགེ་བའི་ཆོས་སྐྱེས་པའོ། །གང་སྡིག་པ་མི་དགེ་བའི་ཆོས་སེམས་ལ་སྐྱེས་པ་དེ་དག་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་སེམས་ལ་གནས་པར་མི་བྱ་སེམས་ལ་གཞག་པར་མི་བྱ་ཞིང༌། རྣམ་པར་ཐམས་ཅད་དུ་དོར་བར་བྱའོ། །ཞེས་འདོད་པ་བསྐྱེད་པ་ནི་སྨོས་པ་བསྐྱེད་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པའི་དངོས་པོ་ལ་དམིགས་པ་དང༌།


DTG207_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པའི་དངོས་པོ་ལ་དམིགས་པ་དང༌། ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེས། དེ་བས་ན་དེ་དག་མདོར་ན་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་དང༌། མངོན་དུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་སྟེ། རྣམ་པ་གཉིས་སུ་གཞག་གོ །དེ་ལ་གང་འདས་པའི་དངོས་པོ་ལ་དམིགས་པ་དང༌། འདས་པའི་དངོས་པོ་ལ་དམིགས་ནས་སྐྱེ་བ་ནི། ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བའོ། །གང་ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེ་བ་ནི་མངོན་དུ་གྱུར་པའི་ཡུལ་ལ་དམིགས་པའོ། །དེ་ལ་ཡང་དག་པའི་སྤོང་བ་གཉིས་བསྡོམས་ནས་དོན་བསྡུས་ཏེ་བསྟན་པ། གང་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། བསྐྱེད་པ་རྣམས་སྤངས་པའི་ཕྱིར་བརྩོན་འགྲུས་བརྩམ་པ་ནི་འབད་པ་ཞེས་བྱའོ། །གང་མངོན་དུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། བསྐྱེད་པ་རྣམས་སྤང་བའི་ཕྱིར་འབད་པ་ནི་བརྩོན་འགྲུས་བརྩམ་པ་ཞེས་བྱའོ། །ཡང་ན་སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི་སྐབས་ཀྱིས་སྐྱེས་པ་ཡིན་ལ། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ཡང་ཡོད། སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི་སྟོབས་ཀྱིས་བསྐྱེད་པ་ཡང་ཡོད་དོ། །དེ་ལ་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི། གནས་པའི་ཚེ་ན་སྟེ། ཡུལ་དང་མ་ཕྲད་ཀྱང་འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་ནས་སྐྱེ་བའོ། །དེ་ལ་རྣམ་པར་རྟོག་པའི་སྟོབས་དང་ཡུལ་གྱི་སྟོབས་ལས་སྐྱེས་པ་ནི། ཀུན་དུ་སྤྱོད་པའི་དུས་ན་སྟེ། ད་ལྟར་བྱུང་བའི་དངོས་པོ་ལ་དམིགས་ཤིང་དེ་ན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བའི་སྟོབས་ཀྱིས་སྐྱེ་བའོ། །དེ་ལ་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་བ་རྣམས་ནི་མི་སྐྱེད་པ་དང༌། སྐྱེས་པ་རྣམས་ནི་སྤང་བར་བྱ་བའི་ཕྱིར་བསྒྲིམས་པ་ནི་འབད་པ་ཞེས་བྱའོ། །གང་རྣམ་པར་རྟོག་པའི་


DTG207_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང༌། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤང་བའི་ཕྱིར་འབད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །ཡང་ན་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་ཆེན་པོ་དང་འབྲིང་པོའོ། །དེ་ལ་ཉོན་མོངས་པ་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བ་ནི་འབད་པ་ཞེས་བྱའོ། །ཉོན་མོངས་པ་ཆེན་པོ་རྣམས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤང་བར་བྱ་བར་ཞུགས་པ་ནི་སེམས་གཡེངས་པར་གྱུར་པར་མཐོང་སྟེ། དེའི་ཚེ་ཞི་གནས་བསྒོམ་ཞིང་སེམས་རྩེ་གཅིག་ཏུ་སྦྱོར་བར་བྱེད་པ་ནི། སེམས་རབ་ཏུ་འཛིན་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་ནི་མི་སྐྱེད་པ་དང༌། སྐྱེས་པ་སྤང་བར་བྱ་བའི་ཕྱིར་ཞུགས་པའི་ཚེ། སེམས་གཉིས་དང་རྨུགས་པས་ནོན་ཅིང་ནང་དུ་འདུས་པར་མཐོང་བའམ། ཞུམ་པ་སྐྱེ་བར་དོགས་པ་སྐྱེ་བའི་ཚེ། སེམས་གཟེངས་མཐོས་པར་འགྱུར་བའི་ཆོས་དེ་བཞིན་གཤེགས་པའི་ཡོན་ཏན་ནམ། བསམ་གཏན་གྱི་འབྲས་བུ་ཡིད་ལ་བྱེད་པའམ། ལྷག་མཐོང་བསྒོམ་ཞིང་གཉིད་དང་རྨུགས་པ་སེལ་བར་བྱེད་པ་ནི་ཡང་དག་པར་སྨོན་པ་ཞེས་བྱའོ། །ཡང་དག་པའི་སྤོང་བ་གསུམ་པ་བསྟན་པའི་ཕྱིར། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དགེ་བའི་ཆོས་ནི་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་དགེ་བ་བཅུའམ། ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མམ། བསླབ་པ་གསུམ་སྐྱེ་བར་བྱེད་པའི་རྒྱུའི་ཆོས་རྣམས་སོ། །བསླབ་གསུམ་གྱི་རྒྱུ་ནི་བསླབ་པ་གསུམ་ཉམ་པར་གྱུ་པའི་གྱུ་ལས་སླར་ལྡོག་ན། །དེ་དག་སྐྱེ་བར་འགྱུར་བའི་རྒྱུར་རིག་པར་བྱའོ། །མ་སྐྱེས་པ་ནི་ཆོས་དེ་དག་མངོན་དུ་མ་གྱུར་པའམ། སེམས་མ་བྱུང་བའོ། །


DTG207_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ནི་ཆོས་དེ་དག་མངོན་དུ་སེམས་ལ་འབྱུང་བའི་བྱའོ། །དེ་ལ་གང་དགེ་བའི་ཆོས་མ་ཐོབ་པ་དང་མངོན་དུ་མ་གྱུར་པ་དེ་དག་མྱུར་དུ་བདག་གིས་ཐོབ་པ་དང༌། མངོན་དུ་གྱུར་པར་བྱའོ་ཞེས་འདོད་པ་ཆེར་སྐྱེས་པ་ནི་མོས་པ་སྐྱེད་ཅེས་བྱའོ། །འབད་ཅིང་བརྩོན་འགྲུས་རྩོམ་པ་ལ་སོགས་པ་ནི་ཡང་དག་པའི་སྤོང་བ་བཞི་པོའི་དོན་དང་སྦྱར་ཞིང་བསྟན་དགོས་པའི་ཕྱིར་བཤད་པར་བྱའོ། །ཡང་དག་པའི་སྤོང་བ་བཞི་པ་བསྟན་པའི་ཕྱིར། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཆོས་ནི་གང་ཡང་དག་པར་སྤོང་བ་གསུམ་པའི་སྐབས་སུ་བཤད་པ་རྣམས་སོ། །དགེ་བའི་ཆོས་ཐོབ་པ་རྣམས་མངོན་དུ་བྱེད་པ་ནི་གནས་པ་ཞེས་བྱའོ། །མངོན་དུ་བྱ་བ་རྣམ་པར་རྨོངས་པར་མ་གྱུར་ཅིང་སེམས་ལ་གསལ་བར་བྱེད་པ་ནི་མི་བརྗེད་པ་ཞེས་བྱའོ། །མི་བརྗེད་པ་རྣམས་མི་མཐུན་པའི་ཕྱོགས་ཀྱིས་མ་ཕྲོགས་པ་ནི་མི་མཉམ་པ་ཞེས་བྱའོ། །དེ་ལྟར་དགེ་བའི་ཆོས་ཐོབ་པ་རྣམས་མངོན་དུ་གྱུར་པ་རྣམས་བསྒོམ་པ་དང༌། བསྟེན་པ་དང་མང་དུ་བྱས་པ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་བྱེད་པ་ནི་བསྒོམ་པ་དང་རྒྱ་ཆེ་བ་དང༌། ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །དགེ་བའི་ཆོས་སྐྱེས་པའི་འདི་དག་གནས་ནས་ཡོངས་སུ་རྫོགས་པར་བྱ་བའི་འདོད་པ་ཆེར་སྐྱེས་པ་ནི་མོས་པ་སྐྱེད་པའོ། །དེ་ལ་དགེ་བའི་ཆོས་རྙེད་པ་རྣམས་མངོན་སུམ་དུ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་འབད་པ་ཞེས་བྱའོ། །དགེ་བའི་ཆོས་མ་རྙེད་པ་རྣམས་རྙེད་པར་བྱ་བའི་ཕྱིར་འབད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དགེ་བའི་ཆོས་སྐྱེས་པ་རྣམ་གནས་པ་དང༌། མི་བརྗེད་པ་དང་མི་མཉམ་པར་བྱེད་པ་ནི་འབད་པའོ། །དགེ་བའི་ཆོས་དེ་ཉིད་བསྒོམ་པ་དང༌། རྒྱ་ཆེར་བྱེད་པ་དང༌། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པའོ། །ཡང་ན་དགེ་བ་རྣམ་པ་གསུམ་སྟེ། ཆུང་ངུ་དང༌། འབྲིང་པོ་དང་ཆེན་པོའོ། །དེ་ལ་དགེ་བའི་ཆོས་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་སྐྱེས་པ་དང༌། སྐྱེས་པ་རྣམས་གནས་པ་དང༌། མི་བརྗེད་པ་དང་མི་མཉམ་པར་བྱེད་པས་ནི་འབད་པ་ཞེས་བྱའོ། །དགེ་བའི་ཆོས་ཆེན་པོ་མ་སྐྱེས་པ་རྣམས་སྐྱེད་པར་བྱེད་ལ། སྐྱེས་པ་རྣམས་བསྒོམ་པ་དང༌། རྒྱས་པ་དང༌། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དགེ་བའི་ཆོས་དེ་དག་བསྒོམ་པའི་ཚེ་སེམས་གཡེངས་པར་གྱུར་པ་ན་ཞི་གནས་བསྒོམ་ཞིང་སེམས་རྩེ་གཅིག་ཏུ་འཇོག་པར་བྱེད་པ་ནི་སེམས་རབ་ཏུ་


DTG207_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཞེས་བྱའོ། །དེའི་ཚེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། སེམས་ཞུམ་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནམ་བསམ་གཏན་གྱི་འབྲས་བུ་ཡིད་ལ་བྱས་ནས་སེམས་གཟེངས་བསྟོད་པའམ། ལྷག་མཐོང་བསྒོམས་པ་ལས་རྨུགས་པ་དང་གཉིད་སེལ་བར་བྱེད་པ་ནི་ཡང་དག་པར་སྤོང་བ་ཞེས་བྱའོ། །དེ་ལ་ཡང་དག་པར་སྤོང་བ་བཞིས་མདོར་ན་ཆོས་ཉིད་བསྟན་ཏེ། ནག་པའི་ཕྱོགས་དང་དཀར་པོའི་ཕྱོགས་སོ། དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བ་ནི་ནག་པོའི་ཕྱོགས་སོ། །དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེ་པ་རྣམས་གནས་པར་བྱེད་པ་ནི་དཀར་པོའི་ཕྱོགས་སོ། །དེ་ལྟ་ཡིན་པ་ལས་སྤོང་བ་རྣམ་པ་བཞིའི་ཚུལ་གྱིས་ནི། བཞི་ཆར་ཡང་དག་པར་སྤོང་བར་འགྱུར་ཏེ། སྤོང་བ་རྣམ་པ་བཞི་སྟེ། ཡང་དག་པར་བསྡམས་པས་རབ་ཏུ་སྤོང་བ་དང༌། སྤངས་པས་རབ་ཏུ་སྤོང་བ་དང༌། བསྒོམས་པས་རབ་ཏུ་སྤོང་བ་དང༌། རྗེས་སུ་བསྲུངས་པས་རབ་ཏུ་སྤོང་བའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་བ་ཞེས་བྱ་བ་ལ་སོགས་པ་ནི་སྤོངས་པས་རབ་ཏུ་སྤངས་བ་བསྟན་ཏེ། སྡིག་པ་མི་དགེ་བའི་ཆོས་སེམས་ལ་མངོན་དུ་བྱུང་བ་དེ་མེད་པ་ཡིན་པ་སྤང་བ་སྟེ། དེ་མངོན་དུ་མི་འགྱུར་བར་བྱ་བའི་ཕྱིར། འབད་པ་བྱེད་པ་ནི་ཕྱིས་མི་སྐྱེ་བས་སྤངས་པས་རབ་ཏུ་སྤོང་བའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། ཡང་དག་པར་བསྡམས་པས་རབ་ཏུ་སྤོང་བ་སྟེ། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་ཕྱིས་ཅི་ནས་ཀྱང་རྒྱུད་ལས་མི་འབྱུང་བར་བསྡམ་པའི་སྒོ་ནས་སྤོང་བར་བྱ་བའི་ཕྱིར་རོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་ཅེས་བྱ་བ་ལ་སོགས་པ་བསྒོམས་པས་རབ་ཏུ་སྤོང་པ་བསྟན་ཏེ། འདི་ལྟར་དགེ་བའི་ཆོས་མ་སྐྱེས་པ་རྣམས་རྟེན་པའི་སྒོ་ནས་བསྐྱེད་པར་བྱ་བ་དང༌། སྐྱེས་པ་རྣམས་བསྒོམ་པའི་སྒོ་ནས་ཐོབ་པར་བྱ་བ་དང༌། ཐོབ་པ་རྣམས་མངོན་དུ་བྱས་ནས། དེའི་མི་མཐུན་པའི་ཕྱོགས་དེ་རྣམས་པར་འགྱུར་བའི་ཕྱིར་རོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་བསྲུངས་པས་སྤང་བ་བསྟན་ཏོ། །གང་དགེ་བའི་ཆོས་སྐྱེས་པ་རྣམས་ནི་དེའི་མི་མཐུན་པའི་ཕྱོགས་ལ་བག་མེད་པས་སྤང་བ་དང༌། དེའི་གྲོགས་སུ་གྱུར་པ་བག་ཡོད་པ་ལ་བརྟེན་ནས་གནས་པ་དང༌། རྫོགས་པ་ལ་སོགས་པ་བྱས་ན། དེ་ལ་སྒྲིབ་པ་རྣམས་མེད་པར་འགྱུར་བའི་ཕྱིར་རོ། །མདོར་ན་གཏང་


DTG207_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་དངོས་པོ་དང༌། བླང་བར་བྱ་བའི་དངོས་པོ་གཏང་བ་དང༌། བླང་བའི་བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། དེ་ལ་ཡང་དག་པའི་སྤོང་བ་སྔ་མ་གཉིས་ནི་གཏང་བར་བྱ་བའི་དངོས་པོའོ། །ཡང་དག་པའི་སྤང་བ་ཕྱི་མ་རྣམས་ནི་བླང་བར་བྱ་བའི་དངོས་པོའོ། །མོས་པ་བསྐྱེད་ཅེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པར་བྱེད་ཅེས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་བཞི་ལ་ཡང་དམིགས་པ་དང༌། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །དེ་ལ་ཡང་དག་པའི་སྤོང་བ་རྣམས་ཀྱི་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོ་སྐྱེས་པ་དང་མ་སྐྱེས་པའོ། །དེ་ལ་ཡང་དག་པའི་སྤོང་བ་དང་པོ་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་གཉིས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་གསུམ་པ་ནི་གཉེན་པོ་མ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་བཞི་པ་ནི་གཉེན་པོ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བའི་རང་བཞིན་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པར་རིགས་པར་བྱའོ། །གྲོགས་ནི་བརྩོན་འགྲུས་དང་ལྷན་ཅིག་ལྡན་པའི་སེམས་ལས་བྱུང་བའི་མོས་པ་དང་དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་བསྒོམ་པ་ནི་མོས་པ་བསྐྱེད་པ་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པའོ་ཞེས་གསུངས་སོ། །ཚིག་དེ་དག་གི་རྟེན་དང་བཅས་པ་བརྩོན་འགྲུས་རྩོམ་སྟེ། བསྒོམ་པ་བསྟན་ཏེ་དེ་ལ་མོས་པ་ནི་བརྩོན་འགྲུས་ཀྱི་རྟེན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་དང་མོས་པ་ཡོད་ན། དེའི་རྒྱུ་ལས་བརྩོན་འགྲུས་འབྱུང་བའི་ཕྱིར་རོ། །དེ་ལ་ཞི་གནས་དང་ལྷག་མཐོང་གི་མཚན་མས་སེམས་རྒོད་པར་གྱུར་ན་འཁོར་བའི་སྐྱོན་ཡིད་ལ་བྱས་ཤིང་སེམས་གདུལ་བ་དང༌། སེམས་རྨུགས་པར་གྱུར་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཡིད་ལ་བྱ་སྟེ། སེམས་གཟེངས་བསྟོད་པར་བྱ་བའི་མཚན་མ་ཡིད་ལ་བྱ་བ་མེད་པར་ཞི་གནས་དང་ལྷག་མཐོང་འབའ་ཞིག་བསྒོམ་པ་ནི་འབད་པའོ། །ནམ་སེམས་རྒོད་པ་དང་རྨུགས་པར་གྱུར་པ་ན་དེ་བསལ་བར་བྱ་བའི་ཕྱིར་རྒོད་པ་དང་ཞུམ་པའི་གཉེན་པོར་གྱུར་པ་ཞི་གནས་ཀྱི་མཚན་མ་དང༌། ལྷག་མཐོང་གི་མཚན་མ་ཡིད་ལ་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དེ་


DTG207_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕྱེ་སྟེ་སེམས་གཡེངས་པར་གྱུར་པའི་ཚེ། ཞི་གནས་ཡིད་ལ་བྱས་ནས་འཇིལ་བར་བྱེད་པ་ནི་སེམས་རབ་ཏུ་འཛིན་པའོ། །སེམས་ཞུམ་པར་གྱུར་པའི་ཚེ་ལྷག་མཐོང་ཡིད་ལ་བྱས་ནས་སེམས་གཟེངས་སྟོད་པར་བྱེད་པ་ནི་ཡང་དག་པར་སྨོན་པའོ། །བསྒོམས་པའི་འབྲས་བུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉམས་པར་བྱ་བ་དང༌། གཉེན་པོའི་ཆོས་ཐོབ་པར་བྱ་ཞིང་འཕེལ་བར་བྱའོ། །དེ་ལ་ཡང་དག་པའི་སྤོང་བ་གོང་མ་གཉིས་ཀྱིས་ནི་མི་མཐུན་པའི་ཕྱོགས་ཉམས་པར་བྱེད་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་གསུམ་པས་ནི་གཉེན་པོའི་ཕྱོགས་ཐོབ་པར་བྱེད་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་བཞི་པས་ནི་གཉེན་པོའི་ཕྱོགས་འཕེལ་བར་བྱེད་པ་བསྟན་ཏོ། །ཡང་དག་པར་སྤོང་བ་བཞི་བསྟན་པའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་ཏེ། དེ་བས་ན་དེ་བཤད་པའི་སྐབས་ཡིན་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྫུ་འཕྲུལ་ཞེས་བྱ་བ་ནི་མིག་ལ་སོགས་པའི་མངོན་པར་ཤེས་པའི་སྦྱོར་བ་རྣམས་ལ་བྱ་བ་སྟེ། མོས་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་ནི་མངོན་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ་དང་རྐྱེན་བྱེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ཡང་ན་སྐྱེས་བུ་གང་ལ་རྐང་པ་ཡོད་པ་དེ་ནི་འགྲོ་བ་དང་འོངས་པ་ལ་སོགས་པ་ལ་མཐུ་ཡོད་པ་བཞིན་དུ་གང་ལ་ཏིང་ངེ་འཛིན་བཞི་ཡོད་པ་དེས་ཀྱང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཐོབ་པ་དང༌། མངོན་སུམ་དུ་བྱ་བའི་མཐུ་ཡོད་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་ལ་མོས་ཤིང་ཡིད་ཆེས་པ་གཙོར་བྱས་ནས་བརྩོན་འགྲུས་ལ་གུས་པ་བསྐྱེད་པ་དེ་བསྒྲིམས་ནས་ཞུགས་པ་ལ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། མོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་ན་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱ་བ་དང༌། དགེ་བའི་ཆོས་བསྐྱེད་པ་གནས་པར་བྱ་བའི་ཕྱིར། མོས་པ་དང་དད་པ་ཆེར་སྐྱེས་པ་ལས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་མོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །མོས་པའི་ཏིང་ངེ་འཛིན་བསྒོམ་པ་དེ་ལ་ཉེས་པ་རྣམ་པ་ལྔ་ཡོད་དེ། ཉེས་པ་ལྔ་སྤང་བའི་ཕྱིར་


DTG207_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ། །ཉེས་པ་རྣམ་པ་ལྔ་ནི་ལེ་ལོ་དང༌། གདམས་ངག་ཉམས་པ་དང༌། ཞུམ་རྒོད་དང༌། འདུ་མི་བྱེད་པ་དང༌། འདུ་བྱེད་པ་དང་ལྔའོ། །དེ་ལ་ཞུམ་རྒོད་གཉིས་ནི་ཉེས་པ་གཅིག་ཏུ་བསྡུའོ། །དེ་ལ་ལེ་ལོ་ནི་མི་དགེ་བ་སྤོང་བ་དང༌། དགེ་བ་བསྒྲུབ་པ་ལ་མི་འཇུག་པ་ནི་ལེ་ལོ་སྟེ། དེས་དང་པོ་ཉིད་དུ་དགེ་བ་ལ་མི་སྦྱོར་བའི་དུས་ལ་སྒྲིབ་པ་ནི་ཉེས་པའོ། །གདམས་ངག་མི་བརྗེད་པ་ནི་ཇི་སྐད་དུ་བསྟན་པའི་བསམ་གཏན་གྱི་མན་ངག་ཚིག་དང་དོན་དུ་བརྗེད་པར་གྱུར་པ་སྟེ། དེའི་བསམ་གཏན་སྦྱོར་བ་ལ་ཞུགས་པ་ན་བསམ་གཏན་གྱི་དོན་བརྗེད་པས་ནི་སྒྲིབ་པར་གྱུར་པའི་ཕྱིར་ཉེས་པའོ། །སེམས་ནི་བསམ་གཏན་གྱི་སྦྱོར་བ་ལ་ཞུགས་ནས་སེམས་རྩེ་གཅིག་ཏུ་གྱུར་པའི་ཚེ་ན་སེམས་ཞུམ་པ་དང༌། རྒོད་པ་རབ་ཏུ་གཅོད་པ་ན་ཉེས་པ་སྟེ། དེ་གཉིས་བྱུང་ན་སེམས་ལས་སུ་རུང་བ་མེད་པར་འགྱུར་རོ། །ཞུམ་པ་དང་རྒོད་པ་བྱུང་བའི་དུས་ན་དེ་སེལ་བར་འགྱུར་བའི་མཚན་མ་ཡིད་ལ་མི་བྱེད་པ་ནི་ཉེས་པ་སྟེ། དེ་གཉིས་མ་གསལ་ན་སེམས་མ་ཞི་བར་གྱུར་པའི་ཕྱིར་རོ། །ནམ་ཞུམ་པ་དང༌། རྒོད་པ་དང་བྲལ་ནས་སེམས་མཉམ་པ་ཉིད་དུ་གྱུར་པའི་ཚེ་མངོན་པར་འདུ་བྱེད་པ་ཉེས་པ་སྟེ། མཉམ་པ་ཉིད་ལས་བསྐྱོད་ན། སེམས་གཡེངས་པར་འགྱུར་བའི་ཕྱིར་རོ། །ཉེས་པ་རྣམ་པ་ལྔ་སྤོང་བའི་ཕྱིར། སྤོང་བའི་འདུ་བྱེད་བརྒྱད་ནི་མོས་པ་དང༌། བརྩོན་འགྲུས་དང༌། དད་པ་དང༌། བག་ཡངས་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་མོས་པ་ནི་བདག་གིས་ཏིང་ངེ་འཛིན་གང་གི་དུས་ན་ཡོངས་སུ་རྫོགས་པར་བྱ། བག་ལ་ཉལ་བ་རྣམས་ཀྱང་ཇི་ལྟར་སྤོང་བར་བྱ། །སྡིག་པ་མི་དགེ་བའི་ཆོས་ཀྱང་ཇི་ལྟར་དོར་བར་བྱ་ཞེས་འདོད་པ་སྐྱེ་བའོ། །བརྩོན་འགྲུས་ནི་ཇི་སྲིད་དུ་གཉེན་པོ་བསྒོམ་པ་ལ་རྒྱུན་མི་ཆད་པར་འཇུག་པར་བྱེད་པའོ། །དད་པ་ནི་རྒྱུན་མི་ཆད་པར་ཞུགས་ཤིང་གནས་པ་ལས་ཡོན་ཏན་གོང་མ་རྣམས་ཐོབ་པར་བྱ་བར་དད་པ་སྐྱེ་ཞིང་ཡིད་ཆེས་པར་འབྱུང་བའོ། །དེ་ལ་བག་ཡངས་ནི་གང་དད་པ་མངོན་དུ་བྱུང་བས་རྒྱུ་བྱས་ནས་སེམས་དགའ་བ་སྐྱེའོ། །སེམས་དགའ་བ་ལས་ལུས་བདེ་བར་འགྱུར་རོ། །ལུས་བདེ་བ་ལས་ཡིད་བདེ་བར་འགྱུར་རོ། །ཡིད་བདེ་བར་གྱུར་ན་སེམས་ལས་སུ་རུང་བར་འགྱུར་ལ། སེམས་ལས་སུ་རུང་བར་གྱུར་པ་དེ་སྡིག་པ་མི་དགེ་བའི་ཆོས་གནས་ངན་ལེན་གྱི་ཕྱོགས་བསལ་བ་ནི་བག་ཡངས་སོ། །དེ་ལ་དྲན་པ་ནི་ཞི་


DTG207_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་ཕྱོགས་སུ་གཏོགས་པས་སེམས་གནས་པ་རྣམ་པ་དགུ་སྟེ། རྣམ་པ་དགུ་ནི་ནང་དུ་སེམས་འཇོག་པར་བྱེད་པ་དང༌། ཡང་དག་པར་འཇོག་པ་དང༌། ཀུན་ཏུ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། གཅིག་ཏུ་བྱེད་པ་དང་མཉམ་པར་འཇོག་པའོ། །དེ་ལ་ཕྱིའི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ་མི་ཡེངས་པའི་ཚུལ་དུ་སེམས་དང་པོ་ཉིད་དུ་བསྡུས་པ་ནི་འཇོག་པའོ། །སེམས་དང་པོ་ཉིད་དུ་བསྡུས་པ་ལས་ཕྱིའི་དམིགས་པ་རྣམས་ལ་སེམས་གཡོ་ལ། རགས་པ་འབྱུང་སྟེ། རགས་པའི་སེམས་དེ་ཕྲར་ནང་དུ་སྡུད་པ་ནི་ཡང་དག་པར་འཇོག་པའོ། །དེ་ལྟར་གཞག་པ་ལས་དྲན་པ་ཉམས་པའི་ཕྱིར། སེམས་གཡེངས་པར་གྱུར་པ་སླར་ཡང་སྡུད་པ་ནི་ཀུན་ཏུ་འཇོག་པའོ། །དེ་ནས་དང་པོ་ཉིད་དུ་སེམས་ཕྱི་རོལ་དུ་མི་གཡེངས་པའི་མཚན་ཉིད་ཐོབ་པ་ནི་ཉེ་བར་འཇོག་པའོ། །ཐོག་མ་ཉིད་ནས་གཡེངས་པར་འགྱུར་བའི་རྒྱུ་གཟུགས་ལ་སོགས་པའི་ཡུལ་ལ་སྐྱོན་དང་བཅས་པར་མཐོང་བའི་འདུ་ཤེས་ཀྱི་དབང་དུ་བྱས་ནས་སེམས་འཕྲོ་བས་སྦྱིན་པར་མི་བྱེད་པ་ནི་དུལ་བར་བྱེད་པའོ། །སེམས་འཁྲུགས་པར་འགྱུར་བའི་རྒྱུ་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་ལ་སྐྱོན་དང་བཅས་པར་མཐོང་ནས་སེམས་འཕྲོར་མི་སྟེར་བ་ནི་ཞི་བར་བྱའོ། །དྲན་པ་ཉམས་པ་ལས་རྣམ་པར་རྟོག་པ་ཀུན་ཏུ་སྐྱེས་པར་གྱུར་ན་ཡང་དེ་གནས་པར་མི་བྱེད་པ་ནི་ཉེ་བར་ཞི་བར་བྱེད་པའོ། །འབད་པ་དང་བཅས་པ་ནི་སྐབས་དང་བར་ཆད་མེད་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་རྟག་ཏུ་གནས་པ་ནི་གཅིག་ཏུ་བྱེད་པའོ། །ཏིང་ངེ་འཛིན་ལེགས་པར་བསྒོམས་པས་མངོན་པར་འདུ་བྱ་བ་མེད་ཅིང་ལྷུན་གྱིས་གྲུབ་པ་ཉིད་དུ་ཏིང་ངེ་འཛིན་གྱི་རྒྱུན་ལ་རྒྱུན་དུ་གནས་པ་ནི་སེམས་མཉམ་པར་གཞག་པའོ། །དེ་ལ་ཤེས་བཞིན་ནི་གང་ལྷག་མཐོང་གི་ཕྱོགས་སུ་གྱུར་པའི་ཤེས་རབ་སྟེ། དེ་ཡང་ཆོས་རྣམས་རྣམ་པར་འཇིག་པ་དང༌། རབ་ཏུ་འཇོག་པ་དང༌། ཀུན་ཏུ་རྟོག་པ་དང༌། ཀུན་ཏུ་ཚོལ་བ་སྟེ། རྣམ་པ་བཞིའོ། །ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཇི་སྙེད་པ་ཡོད་པ་ཤེས་པར་བྱེད་པ་ནི་རྣམ་པར་འཇིག་པའོ། །ཆོས་དེ་དག་ཀྱང་མི་རྟག་པ་དང༌། སྡུག་བསྔལ་ལ་སོགས་པ་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱེད་པ་ནི་རབ་ཏུ་འཇོག་པའོ། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་རབ་ཀྱིས་དང་པོ་ཆོས་རྣམས་ཀྱི་མཚན་ཉིད་ཚོལ་བ་ནི་ཀུན་ཏུ་རྟོག་པའོ། །དེའི་འོག་ཏུ་ཞིབ་ཏུ་རྟོག་པ་ནི་ཀུན་ཏུ་ཚོལ་བ་ཞེས་བྱའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་སྟེ།


DTG207_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་སྐྱེས་སམ་མ་སྐྱེས་པ་དང༌། སྤངས་སམ་མ་སྤངས་པ་བརྟགས་ནས་དེ་སྤོང་བ་ལ་འཇུག་པ་སྟེ། ཞི་གནས་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་སེམས་ཀྱི་ལས་སོ། །བཏང་སྙོམས་ནི་སེམས་མཉམ་པར་གྱུར་པ་ལས་མི་གཡོ་བ་ཉིད་ཀྱི་མཚན་ཉིད་དུ་གནས་པའོ། །དེ་ལ་ལེ་ལོ་སྤང་བའི་ཕྱིར་སྤོང་བའི་འདུ་བྱེད་རྣམ་པ་བཞི་བསྒོམས་ཏེ། མོས་པ་དང༌། བརྩོན་འགྲུས་དང༌། དད་པ་དང༌། བག་ཡངས་སོ། །དེ་ལ་མོས་པ་ནི་འདོད་པའི་མཚན་ཉིད་དོ། །བརྩོན་འགྲུས་ནི་འབད་པའི་མཚན་ཉིད་དོ། །དད་པ་ནི་ཡིད་ཆེས་པའི་མཚན་ཉིད་དོ། །བག་ཡངས་ནི་ལས་སུ་རུང་བའི་མཚན་ཉིད་དོ། །བཞི་པོ་དེ་དག་ཇི་ལྟར་ན་ལེ་ལོའི་གཉེན་པོར་འགྱུར་ཞེ་ན། དེས་བརྩོན་འགྲུས་ཀྱི་གནས་དང༌། རྟེན་དང༌། མཚན་མ་དང༌། འབྲས་བུ་བསྟེན་པའི་སྒོ་ནས་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་གནས་ནི་མོས་པའོ། །དེ་ལ་བརྟེན་པ་ནི་བརྩོན་འགྲུས་ཉིད་དོ། །འདོད་པ་ཡོད་ན་བརྩོན་འགྲུས་རྩོམ་པར་བྱེད་པའི་ཕྱིར་རོ། །འདོད་པའི་མཚན་མ་དང་རྒྱུ་ནི་དད་པ་དང༌། ཡིད་ཆེས་པ་ཡོད་ན་འདོད་པ་དང་མོས་པ་སྐྱེ་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི་བག་ཡངས་ཏེ། བརྩོན་འགྲུས་བརྩམས་ནས་ལུས་ལས་སུ་རུང་བས་སེམས་ལས་སུ་རུང་བའི་མཚན་ཉིད་བག་ཡངས་སྐྱེ་བར་འགྱུར་རོ། །བག་ཡངས་སྐྱེས་ནས་ལེ་ལོ་མེད་པར་འགྱུར་བའི་ཕྱིར་རོ། །ལྷག་མ་ཉེས་པ་བཞིའི་གཉེན་པོར་ནི་སྤོང་བའི་འདུ་བྱེད་བཞི་རྣམས་རིམ་བཞིན་དུ་སྦྱར་ཏེ། གདམས་ངག་བརྗོད་པའི་གཉེན་པོ་ནི་དྲན་པའོ། །ཞུམ་པ་དང་རྒོད་པའི་གཉེན་པོ་ནི་ཤེས་བཞིན་ཏེ། ནམ་སེམས་ཞུམ་པ་དང་རྒོད་པ་བྱུང་ན། ཤེས་བཞིན་གྱིས་དེ་རྟོགས་པར་བྱེད་པའོ། །མངོན་པར་འདུ་མི་བྱེད་པའི་གཉེན་པོ་ནི་སེམས་པ་སྟེ། གང་གི་ཞུམ་པ་དང་རྒོད་པ་སེལ་བར་བྱེད་པའོ། །མངོན་པར་འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་སོ། །ནམ་གཡོ་བར་འདོད་པ་ན་མི་གཡོ་བར་གཞག་པའོ། །དེ་ལྟར་ཉེས་པ་ལྔ་སྤོང་བའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་དང་བཅས་པར་བསྒོམ་པ་ནི་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །མོས་པའི་ཏིང་ངེ་འཛིན་དེ་ཡང་འཕགས་པའི་བདེན་པ་བཞི་དང་ལྡན་པར་བསྒོམ་པ་ཡིན་པར་བསྟེན་པའི་ཕྱིར། དབེན་པ་ལ་གནས་པ་དང༌། འདོད་ཆགས་དང་བྲལ་བ་ལ་གནས་པ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ཡུལ་མཐོང་ན་དེ་དང་འབྲལ་བར་འདོད་པས་སྡུག་བསྔལ་གྱི་བདེན་པ་ལ་གནས་པའི་དུས་ན་ནི་དབེན་པ་ལ་གནས་པ་ཞེས་བྱའོ། །ཀུན་འབྱུང་གི་བདེན་པ་ནི་འདོད་ཆགས་


DTG207_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པའི་མཚན་ཉིད་དེ། དེ་ནི་སྤང་བར་བྱ་བ་ཡིན་པས། དེ་ལ་དམིགས་པའི་ཚེ་ནི་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །འགོག་པ་ནི་སྡུག་བསྔལ་ཐམས་ཅད་སྤངས་པ་ཡིན་པས་ན་བདེ་བ་སྟེ། དེ་ལ་དམིགས་པའི་དུས་ན་ནི་འགོག་པ་ལ་གནས་པ་ཞེས་བྱའོ། །ལམ་གྱི་བདེན་པ་ནི། འགོག་པའི་བདེན་པ་མངོན་དུ་བྱེད་ལ། སྡུག་བསྔལ་ཐམས་ཅད་སྤོང་བར་བྱེད་པ་ཡིན་ཏེ། དེ་ལ་དམིགས་པ་ན་ནི་རྣམ་པར་སྤོང་བར་བསྔོས་པ་ཞེས་བྱའོ། །བསྒོམ་པ་དེ་ཡང་མོས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེམས་འདུས་པ་དང་གཡེངས་པའི་རྒྱུ་དང་བཅས་པ་ཡོངས་སུ་སྤོང་བར་བྱ་བའི་རྣམ་པར་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། བདག་གི་མོས་པ་རབ་ཏུ་ཞེན་པ་དང༌། རབ་ཏུ་འཛིན་པར་མ་གྱུར་ཅིག་ཅེས་སྒོམ་པར་བྱེད་པ་དང་ཞེས་བྱ་བ་གསུངས་སོ། །དེ་ལ་སེམས་ནང་དུ་འདུ་བའི་རྒྱུ་ནི་ལྷག་མཐོང་དང་བྲལ་བས་གཉིད་དང་རྨུགས་པ་དང་ལེ་ལོའི་དབང་དུ་སེམས་ནང་དུ་འདུས་ཤིང་ཞུམ་པར་གྱུར་པའོ། །དེ་ཡང་སྤང་དགོས་པའི་ཕྱིར་བདག་གི་མོས་པ་རབ་ཏུ་ཞན་པར་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ། །སེམས་གཡེངས་པའི་རྒྱུ་ནི་མི་གཙང་བའི་འདུ་ཤེས་དང་བྲལ་བས་གཙང་བ་ལ་སོགས་པར་མཚན་མར་འཛིན་པའི་སྒོ་ནས་ཡུལ་ལ་སེམས་འཕྲོས་པ་སྟེ། དེ་ཡང་སྤང་དགོས་པའི་ཕྱིར་རབ་ཏུ་འཛིན་པར་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ། །དེ་གཉིས་ཀྱི་གཉེན་པོ་ཡང་སེམས་ཞུམ་པ་དང་ཞན་པ་སྤང་བའི་ཕྱིར་ལྷག་མཐོང་བསྒོམ་པའོ། །སེམས་གཡེངས་པ་དང་རབ་ཏུ་འཛིན་པ་སྤང་བའི་ཕྱིར་ནི་ཞི་གནས་སམ་ལུས་ལ་མི་གཙང་བར་བརྟག་པ་བསྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་གཉིས་པ་བསྟན་པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་འཕེལ་བར་བྱེད་པའི་ཕྱིར། བརྩོན་འགྲུས་རྒྱུན་མི་འཆད་པ་དང༌། རྟག་ཏུ་བརྩམ་པ་ལ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། སྤོང་བའི་འདུ་བྱེད་དང་ལྡན་པ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ་


DTG207_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཕྲུལ་གྱི་རྐང་པ་གསུམ་པ་བསྟན་པའི་ཕྱིར། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚེ་རབས་གཞན་དུ་ཏིང་ངེ་འཛིན་བསྒོམས་པའི་ས་བོན་ལ་བརྟེན་ནས་ཚེ་འདིར་ཏིང་ངེ་འཛིན་སྒོམ་པ་དང༌། འདིར་བསྒོམ་པ་ལས་ཡང་སྔ་མ་སྔ་མའི་མཐུས་ཕྱི་མ་ཕྱི་མའི་མཐུ་ཆེ་ཞིང་ཏིང་ངེ་འཛིན་གྱི་ས་བོན་བརྟས་པ་ལ་བརྟེན་ནས་འབད་མི་དགོས་པར་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། གཞན་ཡང་གོང་དུ་བཤད་པ་བཞིན་དུ་བལྟའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པ་བསྟན་པའི་ཕྱིར། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཞན་དག་གི་ཆོས་བསྟན་པའི་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་འབྱེད་པ་ལ་ཐེ་ཚོམ་དང་བྲལ་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ནི། དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་ན་བསྒོམ་པར་བྱ་བའི་ཡུལ་གྱི་དོན་བཤིག་ཅིང་བཙལ་བ་ལས་རྙེད་པར་གྱུར་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱའོ། །གཞན་ཡང་གོང་དུ་བཤད་པ་བཞིན་དུ་བལྟའོ། །འདིར་ཡང་རྣམ་པ་ལྔར་གཞག་སྟེ། དམིགས་པ་དང། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་གྱི་ཡུལ་ལམ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པས་གང་ལས་སུ་བྱ་བའི་རྫུ་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པའི་འཕྲུལ་ལོ། །རང་བཞིན་གང་ཞེ་ན། མོས་པ་དང༌། བརྩོན་འགྲུས་དང་སེམས་དང༌། དཔྱོད་པའི་མཚན་ཉིད་དོ། །གྲོགས་གང་ཞེ་ན། དེ་ཏིང་ངེ་འཛིན་དེ་བཞི་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་འདོད་པ་དང་འདོད་མི་ཆགས་པ་དང༌། ཞེ་མི་སྡང་བ་ལ་སོགས་པའོ། །བསྒོམ་པ་གང་ཞེ་ན། སྤོང་བའི་འདུ་བྱེད་བརྒྱད་ལ་གོམས་པར་བྱེད་པའོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། གང་འདོད་པ་དེ་ཐོབ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་པའི་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་འདི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ་ཞེས་བྱ་བ་གསུངས་སོ། །རྫུ་འཕྲུལ་


DTG207_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐང་པ་བསྟན་པའི་འོག་ཏུ། དབང་པོ་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་དབང་པོ་ལྔ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་ལྔ་ཞེས་གྲངས་སྨོས་པའི་མིང་སོ་སོར་ཕྱེ་སྟེ་བསྟན་པའི་ཕྱིར། དད་པའི་དབང་པོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་དབང་པོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་ཡོད་པ་དང་ཡོན་ཏན་ཅན་དང་ནུས་པའི་དབང་པོ་ལ་རིམ་བཞིན་དུ་ཡིད་ཆེས་པ་དང༌། རབ་ཏུ་དང་བ་དང༌། མངོན་པར་འདོད་པ་ནི། དད་པའི་དབང་པོའོ། །མཚན་ཉིད་དེ་ཡོད་པ་ལ་ནི་ཡིད་ཆེས་སོ། །ཡོན་ཏན་ལ་ནི་སེམས་དད་པའོ། །ནུབ་པ་ལ་འདོད་པ་སྐྱེ་བ་སྟེ། དེ་བས་ན་འདོད་པ་དང་མོས་པ་གཉིས་དོན་གཅིག་པས་དད་པའི་དབང་པོ་ནི་མོས་པའི་དབང་པོའི་ཏིང་ངེ་འཛིན་ལ་དབང་བྱེད་པའོ། །དགེ་བ་སྒྲུབ་པ་དང་མི་དགེ་བ་སྤོང་པ་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་དབང་པོ་སྟེ། དེ་བས་ན་བརྩོན་འགྲུས་ཀྱི་དབང་པོས་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་དབང་པོ་ལ་དབང་བྱེད་དོ། །ཏིང་ངེ་འཛིན་བསྒོམ་པར་བྱ་བའི་ཡུལ་སེམས་ཀྱི་གསལ་བར་མཐོང་ཞིང་མ་བརྗེད་པ་ནི་དྲན་པའི་དབང་པོ་སྟེ། དེ་བས་ན་དྲན་པའི་དབང་པོས་ནི་སེམས་ཀྱི་ཏིང་ངེ་འཛིན་ལ་དབང་བྱེད་དོ། །སེམས་རྩེ་གཅིག་ཏུ་གནས་ཤིང༌། ཕྱི་རོལ་དུ་མ་གཡེངས་པ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། དེས་ཀྱང་སེམས་ཀྱི་ཏིང་ངེ་འཛིན་ཉིད་ལ་དབང་བྱེད་དོ། །ཆོས་ཀྱི་མཚན་ཉིད་རབ་ཏུ་འབྱེད་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེ་བས་ན་ཤེས་རབ་ཀྱི་དབང་པོས་ནི་དཔྱོད་པའི་ཏིང་ངེ་འཛིན་ལ་དབང་བྱེད་པའོ། །ཡང་ན་འཁོར་བ་ཉེས་པ་དང་བཅས་པ་དང༌། མྱ་ངན་ལས་འདས་པ་ཡོན་ཏན་དང་བཅས་པར་དད་པར་ཡིད་ཆེས་ན། འཁོར་བ་ལས་འབྱུང་བར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་སྟེ་གང་ཡིད་ཆེས་པ་ནི་དད་པའི་དབང་པོའོ། །བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་བརྩམས་ནས་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་ཤེས་རབ་རྣམས་འབྱུང་སྟེ། དེ་ལ་བྱ་བ་དང་མི་བྱ་བ་མཚན་ཉིད་དྲན་པ་ནི་དྲན་པའི་དབང་པོའོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ལྷག་པའི་ཤེས་རབ་ཀྱི་


DTG207_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མདོ་འདི་ཉིད་ཀྱི་གནས་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་བཤད་དེ། ཀུན་ཏུ་རིག་པའི་དད་པ་བཞི་ལ་གནས་པ་ཉིད་དད་པའི་དབང་པོའོ། །ཡང་དག་པར་སྤོང་པ་བཞི་ལ་གནས་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ནི་དྲན་པའི་དབང་པོའོ། །བསམ་གཏན་བཞི་ལ་གནས་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ། །དབང་པོའི་དོན་ནི་དབང་བྱེད་པའི་དོན་ཏེ། ཅི་ལ་དབང་བྱེད་ཅེ་ན། དད་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བའི་རྒྱུར་གྱུར་པ་དད་པ་དང༌། བརྩོན་འགྲུས་ཀྱང་དྲན་པ་དང་ཤེས་རབ་དང༌། ཏིང་ངེ་འཛིན་ལ་དབང་བྱེད་དེ་དད་པའི་དབང་གིས་ཆོས་དེ་རྣམས་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་ཀྱང་དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་གསུམ་ལ་དབང་བྱེད་དེ། དྲན་པ་ཡང་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ལ་དབང་བྱེད་དོ། །ཏིང་ངེ་འཛིན་ཀྱང་ཤེས་རབ་ལ་དབང་བྱེད་དོ། །ཤེས་རབ་ནི་འཇིག་རྟེན་ལས་འདས་པའི་ཆོས་མངོན་དུ་བྱ་བ་ལ་དབང་བྱེད་དེ། མིག་ལ་སོགས་པའི་དབང་པོའི་མཐུས་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ། ཆོས་དེ་དག་ཀྱང་གཅིག་གིས་གཅིག་སྐྱེད་པར་བྱེད་པས་ན་དབང་པོ་ཞེས་བྱའོ་།ཡང་ན་དད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་བློ་གཉིས་མེད་པར་མོས་ཤིང་དད་པའོ། །ཡང་ན་ཡོན་ཏན་དང་ཡོན་ཏན་གྱི་གནས་ལ་དགའ་བ་མངོན་དུ་བྱས་པ་ལས་སེམས་དང་བ་སྐྱེ་བ་ནི་དད་པའོ། །ཡང་ན་ལས་དགེ་བ་དང་མི་དགེ་བ་ལས་འབྲས་བུ་བདེ་བ་དང༌། སྡུག་བསྔལ་མྱོང་བ་ཡིད་ཆེས་པ་ནི་དད་པའོ། །ལུས་དང་སེམས་ལས་ཕོངས་པ་མེད་པར་མི་དགེ་བའི་ཆོས་སྤངས་བ་དང༌། དགེ་བའི་ཆོས་མངོན་དུ་བྱ་བར་སེམས་སྤྲོ་བ་ནི་བརྩོན་འགྲུས་སོ། །ཡན་ན་ལས་དམ་པ་ལ་བརྩོན་པའི་ལུས་དང་ངག་གི་ལས་ལ་བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་བརྩོན་པ་ནི་ལེ་ལོ་ཉིད་ཀྱིས་བརྩོན་འགྲུས་ནི་མ་ཡིན་ནོ། །སྔོན་མྱོང་བའི་དངོས་པོ་བརྗེད་པ་ནི་དྲན་པའོ། །ཡང་ན་དམིགས་པའི་དངོས་པོ་སེམས་ལ་གསལ་བ་ནི་དྲན་པའོ། །


DTG207_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མཚན་མ་ཡིད་ལ་གཟུང་བ་མ་ཉམས་པར་བྱེད་པ་དང༌། ཉམས་ན་ཡང་སླར་མངོན་གསུམ་དུ་བྱེད་པ་ནི་དྲན་པའོ། །ཡང་ན་དྲན་པ་རྣམ་པ་བཞི་སྟེ། ཡི་གེ་མི་བརྗེད་པར་འཛིན་པའི་དྲན་པ་དང༌། ཡི་གེ་གཟུང་བ་ལས་དོན་མི་བྱེད་པར་འཛིན་པའི་དྲན་པ་དང༌། དོན་གཟུང་བ་ལས་རྒྱུན་དུ་ཡིད་ལ་བྱེད་པ་མི་གཏོང་བའི་དྲན་པ་དང༌། རྒྱུན་དུ་ཡིད་ལ་བྱས་པ་ལས་དོན་མངོན་སུམ་དུ་གསལ་བར་བྱེད་པ་མཐོང་བར་བྱེད་པ་ནི་དྲན་པའོ། །སེམས་གནས་པའི་རྣམ་པ་དགུ་ནི་ཏིང་ངེ་འཛིན་ཏོ། །ཡང་ན་ཁང་པ་རླུང་མེད་པའི་མར་མེ་གཡོ་བ་བཞིན་དུ་ཉོན་མོངས་པའི་རླུང་རྣམས་ཀྱིས་མ་བསྐྱོད་པར་སེམས་ཀྱི་ངང་རྒྱུད་གཅིག་ཏུ་འབྱུང་བ་ནི་ཏིང་ངེ་འཛིན་ཏོ། །བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་ཤེས་རབ་བོ། །ཡང་ན་ཤེས་རབ་ལ་རྒྱ་གར་སྐད་དུ་པྲཛྙཱ་ཞེས་འབྱུང་སྟེ། པྲ་ནི་རབ་ཀྱི་དོན་ལ། ཛྙཱ་ནི་ཤེས་པའི་དོན་ཏེ། སྡུག་བསྔལ་རབ་ཏུ་ཤེས་པ་དང༌། ཀུན་འབྱུང་རབ་ཏུ་སྤངས་པ་དང༌། འགོག་པ་མངོན་དུ་བྱས་པ་དང༌། ལམ་རབ་ཏུ་བསྒོམས་པ་ནི་ཤེས་རབ་བོ། །དེ་ལ་ཤེས་རབ་ཀྱི་དབང་པོ་ནི་ལྷག་མཐོང་གི་ཕྱོགས་ཏེ། དྲན་པ་དང་ལྡན་པ་རྣམས་ལ་ཤེས་རབ་འབྱུང་བས་དྲན་པའི་དབང་པོ་ནི་དེའི་རྒྱུའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཞི་གནས་ཀྱི་ཕྱོགས་ཏེ། བརྩོན་འགྲུས་རྒྱུན་དུ་བརྩམས་པ་རྣམས་ནི་སེམས་རྩེ་གཅིག་ཏུ་འགྱུར་བས། བརྩོན་འགྲུས་ཀྱི་དབང་པོ་ནི་དེའི་རྒྱུའོ། །དད་པའི་རྒྱུ་ལས་ཐམས་ཅད་སྐྱེ་བའི་ཕྱིར། དད་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གའི་རྒྱུའོ། །ཡང་ན་དད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་སྨོས་པ་ཡིན་ཏེ། དད་པ་དང་ལྡ་པ་རྣམས་ནི་ཚུལ་ཁྲིམས་སྲུང་བར་བྱེད་པས་སོ། །བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་དབང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། བརྩོན་འགྲུས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དྲན་པ་དང་ཤེས་རབ་ཀྱི་ཕུང་པོའི་རྒྱུན་དང་བཅས་པ་བསྟན་པ་ཡིན་ཏེ་དྲན་པ་ནི་ཤེས་རབ་ཀྱི་ཕུང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་དབང་པོ་ལྔ་རྣམས་ཀྱི་ཡུལ་ནི་ལྔ་སྟེ། བྱང་ཆུབ་དང་སྤྱོད་པ་དང་ཐོས་པའི་ཆོས་དང༌། ཞི་གནས་དང༌། ལྷག་མཐོང་དང༌། དད་པའི་དབང་པོའི་ཡུལ་ནི་བྱང་ཆུབ་སྟེ། དད་


DTG207_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་གཙོ་ཆེར་དང་བ་སྐྱེ་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་དབང་པོའི་ཡུལ་ནི་སྤྱོད་པ་སྟེ། བརྩོན་འགྲུས་ཀྱིས་ནི་བསླབ་པ་གསུམ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དྲན་པའི་དབང་པོས་ནི་ཐོས་པའི་ཆོས་རྣམས་ལ་དམིགས་ཏེ། དྲན་པས་ཆོས་ཀྱི་དོན་དང་མི་བརྗེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་དབང་པོས་ནི་ཞི་གནས་ལ་དམིགས་ཏེ། རྟག་ཏུ་སེམས་རྩེ་གཅིག་ཏུ་འགྱུར་བ་འབའ་ཞིག་ཏུ་སྦྱོར་བའི་ཕྱིར་རོ། །ཤེས་རབ་ཀྱི་དབང་པོས་ནི་ལྷག་མཐོང་ལ་དམིགས་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པར་བྱ་བའི་དོན་ལ་གཙོ་ཆེར་ལྷུར་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་དབང་པོའི་རིམ་པ་དེ་ལྟར་བཀོད་ཅེ་ན། མྱ་ངན་ལས་འདས་པའི་འབྲས་བུ་ལ་དད་པ་སྐྱེས་ནས་བརྩོན་འགྲུས་བརྩམས་པས་དད་པའི་འོག་ཏུ་བརྩོན་འགྲུས་སོ། །བརྩོན་འགྲུས་བརྩམས་པ་རྣམས་ནི་དྲན་པ་ཉམས་མི་སྲིད་པས། བརྩོན་འགྲུས་ཀྱི་འོག་ཏུ་དྲན་པའོ། །དྲན་པ་མ་ཉམས་ན་སེམས་རྩེ་གཅིག་ཏུ་འགྱུར་བས། དྲན་པའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོའོ། །སེམས་རྩེ་གཅིག་ཏུ་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་སྐྱེ་བའི་ཕྱིར། ཏིང་ངེ་འཛིན་གྱི་འོག་ཏུ་ཤེས་རབ་བཤད་དོ། །དབང་པོ་ལྔ་རྣམས་ཀྱི་དོན་ནི་རིམ་པ་གཉིས་མདོ་ལས་གསལ་བ་བསྟན་པའི་ཕྱིར། །དེ་ལ་དད་པའི་དབང་པོ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་བཞི་ལ་དད་ཅིང་ཡིད་ཆེས་པ་ནི་དད་པ་སྟེ། ཆོས་བཞི་པོ་གང་ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་ནི་དང་བའོ། །དེ་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པས་ཞེས་བྱ་བ་ནི་གཉིས་པའོ། །ལས་གང་དག་བྱེད་པར་འགྱུར་བའི་ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་ནི་གསུམ་པའོ། །དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་ནི་བཞི་པའོ། །འཁོར་བ་ན་སྤྱོད་པའི་འཁོར་བ་ན་ཡོད་པའམ། འཁོར་བར་གཏོགས་པའི་ཆོས་དེ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད་ཅེས་ལྟ་བ་ནི། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། གང་གི་ཚེ་འདི་ཡོད་ཚེ་ཕྱི་མ་ཡོད་པར་ལྟ་བའི་འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ལྟ་བ་དད་པ་ཞེས་


DTG207_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཞེས་བྱ་བ་ནི་དད་པ་དང་ལྡན་པའི་གང་ཟག་དེའིའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ཞེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པར་འདོད་པའོ། །ལས་གང་དག་གང་བྱེད་པར་འགྱུར་བའི་ཞེས་བྱ་བ་གང་ཟག་གང་དང་གང་གིས་ལས་དགེ་བ་དང་མི་དགེ་བ་ལ་སོགས་པ་གང་དང་གང་བྱས་པའོ། །ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི། གང་ཟག་གང་གིས་ལས་དགེ་བ་བྱས་ན། དེའི་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བ་དང༌། གང་ཟག་གང་གིས་ལས་མི་དགེ་བ་བྱས་ན་དེའི་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང༌། ལས་གང་གིས་བྱས་པ་དེ་ཉིད་ཀྱིས་མྱོང་བར་འགྱུར་གྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་མི་འགྱུར་བར་ཡིད་ཆེས་པའོ། །དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་ཅེས་བྱ་བ་ནི་ཚེ་འདི་དང་ཕྱི་མ་ཡོད་པར་མཐོང་བ་དང༌། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་མཐོང་བ་དང༌། ལས་གང་གི་རྣམ་པར་སྨིན་པ་ཡང་དེས་མྱོང་བར་འགྱུར་བའི་གང་ཟག་དེ་ལ་བྱ་བའི་དོན་ཏོ། །སྡིག་པ་མི་དགེ་བའི་ཆོས་བྱས་ན་འབྲས་བུ་སྡུག་བསྔལ་མྱོང་བར་འགྱུར་བར་ཡིད་ཆེས་པས་སྲོག་གི་ཕྱིར་ཡང་མ་བྱིན་པར་ལེན་པ་ལ་སོགས་པའི་སྡིག་པ་མི་བྱེད་པ་ནི། དད་པའི་དབང་པོ་ཞེས་བྱའོ། །བརྩོན་འགྲུས་ཀྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་དད་པའི་དབང་པོར་གྱུར་བའི་ཆོས་དེ་ལ་ཞེས་བྱ་བ་ནི་དད་པའི་དབང་པོས་གང་དད་པར་འགྱུར་བའི་ཆོས་བཞི་པོ་ལའོ་ཞེས་བྱ་བའི་ཐ་ཚིག་གོ །བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་གྲུབ་ཅེས་བྱ་བ་ནི། དད་པའི་དབང་པོས་དད་པར་གྱུར་བའི་ཆོས་དེ་ལ་བརྩོན་འགྲུས་ཀྱི་དབང་པོས་མི་དགེ་བའི་ཕྱོགས་ནི་སྤོང་བར་བྱེད། དགེ་བའི་ཕྱོགས་ནི་གྲུབ་པར་བྱེད་དེ། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པའི་དབང་པོ་བསྟན་པའི་ཕྱིར། དེ་ལ་དྲན་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་གྲུབ་པར་བྱེད་པའི་ཆོས་དེ་ལ་ཞེས་བྱ་བ་ལས་བརྩོན་འགྲུས་ཀྱི་དབང་པོས་ནི་མི་དགེ་བའི་ཆོས་སྤངས་ནས། དགེ་བའི་ཆོས་སྒྲུབ་སྟེ། གཞག་


DTG207_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བའི་ཆོས་དེ་ལ་དྲན་པའི་དབང་པོས་ནི། དགེ་བའི་ཆོས་དེ་སེམས་ལ་མི་གསལ་བ་དང་བརྗེད་པར་མ་གྱུར་པ་བྱེད་པ་ནི། དྲན་པའི་དབང་པོ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་དྲན་པའི་དབང་པོས་ཆུང་མི་གཟོན་པ་ཞེས་བྱ་བ་ནི་དགེ་བའི་ཆོས་གང་དྲན་པའི་དབང་པོས་མ་བརྗེད་པར་བྱས་པའོ། །ཆོས་དེ་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་ཅེས་བྱ་བ་ནི་དྲན་པའི་དབང་པོས་མ་བརྗེད་པར་བྱས་པའི་ཆོས་ལ་ཏིང་ངེ་འཛིན་གྱི་དབང་པོས་གཡེང་བ་སྤངས་ནས་རྒྱུན་དུ་རྩེ་གཅིག་པར་དམིགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པ་ཞེས་བྱ་བ་ནི་དྲན་པའི་དབང་པོས་མི་བརྗེད་པའི་དགེ་བའི་ཆོས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྒྱུན་དུ་རྩེ་གཅིག་ཏུ་གཞག་པའོ། །ཤེས་རབ་ཀྱི་དབང་པོས་ཆོས་དེ་དག་གི་སོ་སོར་རང་གི་མཚན་ཉིད་མཐོང་བ་ནི་སོ་སོར་ཁོང་དུ་ཆུད་པའོ། །སྤྱིའི་མཚན་ཉིད་མཐོང་བ་ནི། ཆོས་དེ་དང་དེ་རྣམས་ལ་མངོན་སུམ་དུ་ཤེས་པ་ཞེས་བྱའོ། །དབང་པོ་ལྔ་ཡང་དམིགས་པ་དང༌། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་སྟེ། རྣམ་པ་ལྔར་གཞག་གོ །དབང་པོ་ལྔ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། དབང་པོའི་དུས་ན་ཡང་དེ་བཞི་ལ་དམིགས་པའི་ཕྱིར་རོ། །རང་བཞིན་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ངོ་བོའོ། །གྲོགས་ནི་ཆོས་དེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་གཞན་རྣམས་སོ། །བསྒོམ་པ་ནི་དད་པའི་དབང་པོས་བདེན་པ་བཞི་ལ་མངོན་པར་ཡིད་ཆེས་པའི་རྣམ་པར་བསྒོམ་མོ། །བརྩོན་འགྲུས་ཀྱི་དབང་པོས་ནི་བདེན་པ་ལ་བཟློག་པའི་བརྩོན་འགྲུས་རྣམ་པར་བསྒོམ་མོ། །དྲན་པས་ནི་བདེན་པ་ལ་མི་བརྗེད་པར་རྣམ་པར་བསྒོམ་མོ། །ཏིང་ངེ་འཛིན་གྱིས་ནི་བདེན་པ་ལ་མི་གཡེང་བའི་རྣམ་པར་བསྒོམ་མོ། །ཤེས་རབ་ཀྱིས་ནི་རང་དང་སྤྱིའི་མཚན་ཉིད་རྟོགས་པ་


DTG207_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྒོམ་མོ། །འབྲས་བུ་ནི་བདེན་པ་བཞི་རྟོགས་པར་བྱེད་པའོ། །སྟོབས་ཀྱི་སྐབས་སུ་དམིགས་པ་ལ་སོགས་པ་གང་བདེན་པ་ཡང་གཅིག་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པ་ཙམ་གྱིས་བྱེ་བྲག་ཏུ་དབྱེ་བར་ཟད་དོ། །དབང་པོ་ལྔ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་དགེ་སློང་དག་དབང་པོ་རྣམས་སོ་ཞེས་གསུངས་སོ། །དབང་པོ་ལྔའི་འོག་ཏུ་སྟོབས་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་སྟོབས་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་ལྔ་པོ་ཉིད་མི་བརྫི་བ་དང༌། མི་ཚུགས་པར་གྱུར་པས་ན་སྟོབས་ལྔར་གཞག་སྟེ། དད་པའི་སྟོབས་ཀྱང་དད་པ་མི་བརྫི་བར་གྱུར་བ་རྣམས་ནི་འཇིག་རྟེན་འདིར་ལྷའི་བདུད་དམ། ཚངས་པ་འམ་གཞན་ཡང་འཇིག་རྟེན་ན་ཆོས་དང་མཐུན་པར་གྱུར་པ་འམ། ཉོན་མོངས་པས་ཀུན་ནས་དཀྲིས་པ་རྣམས་ཀྱིས་དད་པ་ཟློག་པར་མི་ནུས་པས་ན་དད་པའི་སྟོབས་སོ། །དད་པའི་སྟོབས་མངོན་དུ་བྱས་པའི་རྒྱུ་ལས་འབྱུང་བའི་བརྩོན་འགྲུས་ལ་སོགས་པའི་ཆོས་བཞི་ཡང་སྟོབས་ཞེས་བྱ་སྟེ། སྟོབས་དང་ལྡན་ཞིང་བདུད་ཀྱི་གྲོགས་སུ་གྱུར་བའི་བདུད་རྣམ་པ་བཞིའི་སྟོབས་བཅོམ་ནས། ཟག་པ་ཟད་པ་མངོན་དུ་བྱེད་པས་ན་སྟོབས་ཞེས་བྱའོ། །ཡང་ན་དབང་པོའི་དུས་ན་ནི་དབང་པོ་ལྔའི་མི་མཐུན་པའི་ཕྱོགས་མ་དད་པ་དང༌། ལེ་ལོ་དང་དྲན་པ་ཉམས་པ་དང༌། གཡེངས་པ་དང༌། ཤེས་བཞིན་མེད་པ་རྣམས་སྐབས་སུ་འདྲེ་ཞིང་འབྱུང་བ་ལས། ནམ་མི་མཐུན་པའི་ཕྱོགས་རྣམས་སྐབས་སུ་འབྱུང་བར་མི་བྱེད་དེ། གཉེན་པོ་འགའ་ཞིག་གི་ཕྱོགས་གཅིག་ཏུ་སྐྱེས་པའི་སྟོབས་ཞེས་བྱའོ། །དེ་ལ་དཀོན་མཆོག་གསུམ་ལ་བསམ་པ་མི་ཕྱེད་པར་གྱུར་པ་ནི་དད་པའི་སྟོབས་སོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་རྒྱུན་དུ་བསྒོམ་པ་ནི་བརྩོན་འགྲུས་ཀྱི་སྟོབས་སོ། །གང་མཉན་ཅིང་བསམ་པའི་ཆོས་ནམ་དུ་ཡང་མི་བརྗེད་པ་ནི་དྲན་པའི་སྟོབས་སོ། །ཞུམ་པ་དང་རྒོད་པའི་དབང་དུ་མི་འགྱུར་བ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཆོས་གང་ལ་ཡང་ཐེ་ཚོམ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་ཀྱིས་ནི་མཐོང་བའི་ལམ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་བདག་གི་ལུས་ལ་ཆགས་པ་སྤོང་བར་བྱེད་དོ། །བརྩོན་འགྲུས་ཀྱི་


DTG207_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་ནི་བདག་གི་ཡོ་བྱད་ལ་ཆགས་པ་སྤོང་བར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་སྔོན་བྱས་པ་དང་སྨད་པའི་ལམ་ལ་རྟོགས་པའི་སེམས་སྤོང་བར་བྱེད་དོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་ཞུམ་པ་དང་རྒོད་པ་ལ་སོགས་པ་ཉོན་མོངས་པ་ཆེ་ལོང་དུ་བྱུང་བའི་ཟིལ་གྱིས་གནོན་ཏོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་བག་ཆགས་ཐམས་ཅད་རྩད་ནས་འདོད་ཏོ། །སྟོབས་ལྔ་བསྟན་པའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་བ་ནི་བདེན་པ་བཞི་ཁོང་དུ་ཆུད་ནས་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་སྟེ། བྱང་ཆུབ་དེ་ཡང་གང་ཟག་གི་ཁྱད་པར་གྱིས་ན་ཉན་ཐོས་ཀྱི་བྱང་ཆུབ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་རྣམ་པ་གསུམ་དུ་གཞག་གོ །བྱང་ཆུབ་ཐོབ་པར་བྱེད་པའི་གྲོགས་སུ་གྱུར་པའམ། དེའི་རྟེན་དུ་གྱུར་པའི་ཆོས་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ། དཔེར་ན་ལུས་ཀྱི་གྲོགས་སུ་གྱུར་པའམ། རྟེན་དུ་གྱུར་པ་དང་རྐང་པ་དང༌། ལག་པ་ལ་སོགས་པའི་ལུས་ཀྱི་ཡན་ལག་ཅེས་བྱ་བ་བཞིན་ནོ། །འདིར་ཡན་ལག་གི་གཙོ་བོ་གང་ཡིན་ན་བདུན་པོ་འདི་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གཞག་གོ །སྨྲས་པ་ཆོས་རབ་ཏུ་འབྱེད་པ་ནི་དེ་ཁོ་ན་མངོན་པར་རྟོགས་པའི་བདག་ཉིད་ཡིན་པས་ཡན་ལག་གཙོ་བོ་དང་ཡན་ལག་གཉི་གཉི་གར་གཞག་གོ །དྲན་པ་ལ་སོགས་པ་དྲུག་ནི་དེ་དང་རྗེས་སུ་མཐུན་པར་བྱེད་པའི་གྲོགས་ཡིན་པས་ཡན་ལག་བདུན་དུ་གཞག་གོ །དེ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་བསྒོམ་ཞིང་མངོན་སུམ་དུ་བྱས་པ་རྣམས་ཆུད་མི་གཟོན་ཅིང་མི་བརྗེད་པར་བྱེད་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དབེན་པ་ལ་གནས་པ་ལ་སོགས་པའི་དོན་ནི་སྔར་བཤད་པ་བཞིན་དུ་བལྟའོ། །ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི་ལྷག་མཐོང་གི་ཚོགས་དང་ཟུང་དུ་འབྲེལ་བ་སྟེ། གང་མཐོང་བའི་ལམ་གྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང༌། རྣམ་པར་བྱང་བའི་ཕྱོགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་ཤེས་པར་བྱའོ། །བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི། ཡོན་ཏན་གོང་མ་ཁྱད་པར་ཅན་རྣམས་ལེན་པར་བྱེད་ཅིང་ཡོན་ཏན་ལ་བསྒྲིབས་པའི་ཉེས་པ་


DTG207_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤོང་བར་བྱེད་པའི་མཚན་ཉིད་དོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི་དེ་ཁོ་ནའི་མཚན་ཉིད་གང་ཟག་ལ་བདག་མེད་པ་དང་པོ་མཐོང་ནས་ལུས་དང་སེམས་ལ་སིམ་པ་ཐོབ་པའོ། །ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ནི་ལུས་ལས་སུ་རུང་བ་དང༌། སེམས་ལས་སུ་རུང་བར་གྱུར་ལ་སྟེ། གནས་ངན་ལེན་ཐམས་ཅད་དང་བྲལ་བའི་ལུས་དང་སེམས་ལས་གཞན་དུ་གྱུར་པས་རང་གི་བྱ་བ་ལ་སྤྱོད་པ་སྤང་བ་དང༌། སེམས་གནས་གཞན་དུ་གྱུར་པས་དམིགས་པའི་ཡུལ་ཐོགས་པ་མེད་པར་འཇུག་པའོ། །ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ནི་དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་རྟག་ཏུ་མ་ཉམས་པ་གནས་པའོ། །བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ནི། ཞུམ་རྒོད་ལ་སོགས་པའི་ཉེས་པ་ཐམས་ཅད་སྤངས་པས་རྟག་ཏུ་བྱ་བ་མེད་པ་དང༌། ཉོན་མོངས་པ་མེད་པར་གནས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཡན་ལག་སྔར་བཞག་སྟེ། རྟེན་གྱི་ཡན་ལག་དང༌། རང་བཞིན་གྱི་ཡན་ལག་དང༌། ངེས་པར་འབྱུང་བའི་ཡན་ལག་དང༌། རྗེས་སུ་བསྔགས་པའི་ཡན་ལག་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་གོ །དེ་ལ་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ནི། རྟེན་གྱི་ཡན་ལག་སྟེ། དྲན་པའི་དབང་གིས་གང་ལ་དམིགས་པའི་དམིགས་པ་དེ་ནས་གཞན་དུ་མི་གཡེང་བར་བྱེད་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི་ངེས་པར་འབྱུང་བར་བྱེད་པའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་མཐུས་སོ་སོའི་སྐྱེ་བོའི་ས་ལས་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་རོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི་རྗེས་སུ་བསྔགས་པའི་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །བག་ཡངས་དང་ཏིང་ངེ་འཛིན་དང༌། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེ་གསུམ་གྱིས་ཉོན་མོངས་པ་འཇོམས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞི་དང་རྟེན་དང་རང་


DTG207_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་པ་གསུམ་དུ་གཞག་གོ །དེ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞི་ནི་ཤིན་ཏུ་བྱང་བ་བྱང་ཆུབ་ཀྱི་ཡན་ལག་སྟེ། ཤིན་ཏུ་བྱང་བས་ནི་གནས་ངན་ལེན་པ་དང༌། དེའི་རྒྱུར་གྱུར་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་ཞེ་ན། འདི་ལར་ལུས་དང་སེམས་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཏེ། དེ་ཡོད་ན་སེམས་རྩེ་གཅིག་པ་མི་འབྱུང་བས་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་སྟེ། དེ་བས་ན་གནས་ངན་ལེན་ནི། ཀུན་ནས་ཉོན་མོངས་པའི་རྒྱུའོ། །ཤིན་ཏུ་བྱང་བ་ནི་ལུས་དང་སེམས་ལས་སུ་རུང་བ་ཡིན་པས། དེས་གནས་ངན་ལེན་སེལ་བར་བྱེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞིར་གཞག་གོ །ཀུན་ནས་ཉོན་མོངས་པ་མེད་པའི་རྟེན་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་ལྟར་ལུས་དང་སེམས་ལས་སུ་རུང་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེས་ན། ཀུན་ནས་ཉོན་མོངས་པ་སྤངས་ཏེ། དེ་བས་ན་ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིའོ། །ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། བཏང་སྙོམས་ཀྱི་ཉོན་མོངས་པ་སྤོང་བར་བྱེད་ལ། རྟག་ཏུའང་ཉོན་མོངས་པ་མེད་པ་དང་རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །ཡན་ལག་བདུན་པོ་འདི་ཡང་རྣམ་པ་གསུམ་དུ་བསྡུས་ཏེ། ཞི་གནས་ཀྱི་ཕྱོགས་དང༌། ལྷག་མཐོང་གི་ཕྱོགས་དང་གཉིས་ཀའི་ཕྱོགས་སོ། །དེ་ལ་ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་གསུམ་ལྷག་མཐོང་གི་ཕྱོགས་སོ། །དེ་ལ་གང་ཤིན་ཏུ་བྱང་བ་དང༌། གང་ཏིང་ངེ་འཛིན་དང༌། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉི་གའི་ཕྱོགས་ཏེ། ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དམིགས་པ་དང༌། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་སྟེ། རྣམ་པ་ལྔར་གཞག་གོ །དེ་ལ་བྱང་ཆུབ་ཀྱི་ཡན་ལག་


DTG207_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། མཐོང་བའི་ལམ་ན་བདེན་པ་བཞི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དམིགས་པའི་ཕྱིར་རོ། །རང་བཞིན་ནི་དྲན་པ་དང༌། ཆོས་རབ་ཏུ་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བཏང་སྙོམས་སོ། །གྲོགས་ནི་བྱང་ཆུབ་ཀྱི་ཡན་ལག་དེ་དག་དང་ལྡན་པའི་སེམས་དང་སེམས་ལ་བྱུང་བ་དད་པ་ལ་སོགས་པ་གཞན་རྣམས་སོ། །བསྒོམ་པ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བར་བསྔོས་པ། སྒོམ་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་བདེན་པ་བཞི་ཉིད་བསྒོམ་པར་གསུངས་སོ། །བསྒོམས་པའི་འབྲས་བུ་ནི་མཐོང་བས་སྤངས་པར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་པའི་འོག་ཏུ། ལམ་གྱི་ཡན་ལག་བརྒྱད་བསྟན་ཏེ། དེ་བས་ན་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དགེ་སློང་དག་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འཕགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སློབ་པའི་གང་ཟག་རྣམས་ལ་བྱ་སྟེ། དེ་དག་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤང་པ་དང༌། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ཕྱིར་ཡན་ལག་བརྒྱད་དང་ལྡན་ཞིང༌། ཡན་ལག་བརྒྱད་ཀྱིས་བསྡུས་པའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པའི་ལམ་ཞེས་བྱའོ། །འདི་ལྟ་སྟེ་ཡང་དག་པར་ལྟ་བ་དང་ཞེས་བྱ་བ་ལ་གང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྐབས་སུ་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་ཐོབ་སྟེ། དེ་ཉིད་ལ་དམིགས་པ་ནི། ཡང་དག་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་དེ་ཉིད་གཙོར་བྱས་ནས་འབྱུང་བར་འགྱུར་བའི་ཆོས་རྣམས་ལ་ཡང་དག་པར་རྟོག་ཅིན་འདོད་པ་དང་གནོད་སེམས་དང་འཚེ་བའི་རྟོག་པ་སྤངས་ནས་འདོད་པ་མེད་པ་དང༌། གནོད་སེམས་མེད་པ་དང༌། འཚེ་བ་མེད་པ་ལ་རྟོག་པ་ནི། ཡང་དག་པའི་རྟོག་པ་ཞེས་བྱ་སྟེ། གལ་ཏེ་རྟོག་པ་ཞིག་ནི་སེམས་


DTG207_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་འདོད་ན་ཡང་རྣམ་པ་དེ་ལྟ་བུའི་ཆོས་ལ་རྟོག་གོ །བརྒྱ་ལ་སྨྲ་བ་ཞིག་ལ་སེམས་འཇུག་པར་འདོད་ན་ཡང་དག་པའི་ལྟ་བ་ཉིད་མངོན་དུ་བྱས་ནས། དགེ་བའི་ཆོས་ལ་རྣམ་པར་བརྟག་པའི་ཆོས་དེ་ཉིད་གཞན་ལ་གཏམ་དུ་སྨྲ་སྟེ། དེ་ནི་ཡང་དག་པའི་ངག་ཅེས་བྱའོ། །གལ་ཏེ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་རྐྱེན་སྨན་ལ་སོགས་པའི་ཡོ་བྱད་རྣམས་དགོས་པར་གྱུར་ན། དེ་ཡང་འཚོལ་བའི་དུས་ན་འགྲོ་བ་དང་སླར་འོང་བའི་ཚེ་ཤེས་བཞིན་དུ་སྤྱོད་པ་དང༌། ལྟ་བ་དང༌། རྣམ་པར་ལྟ་བ་དང༌། བརྐྱང་བ་དང༌། བསྐུམ་པ་དང༌། ཆོས་གོས་དང༌། ལྷུང་བཟེད་འཛིན་པ་དང༌། བཟའ་བ་དང་བཏུང་བ་ལ་སོགས་པ་དང༌། འཆགས་པ་དང་འདུག་པ་དང༌། ཉལ་བ་ལ་སོགས་པའི་ཚེ་ཤེས་བཞིན་དུ་སྤྱོད་དེ། དེ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །གང་ཆོས་གོས་དང་ན་བའི་རྐྱེན་སྨན་ལ་སོགས་པ་ཚོལ་བ་ཡང་གཡོ་དང་སྒྱུས་ཚོལ་བ་སྤངས་ནས། ཆོས་བཞིན་དུ་ཚོལ་ཏེ། དེ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་ལ་བརྟེན་ནས་བསྒོམ་པ་ལ་ཞུགས་པ་ན་མོས་པ་དང་བརྩོན་འགྲུས་དང་འབད་པ་ལ་སོགས་པའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བ་ལ་འཇུག་པ་ནི། ཡང་དག་པའི་རྩོལ་བའོ། །དྲན་པ་ཉེར་བར་གཞག་པ་བཞི་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་བསྡུ་བའི་དངོས་པོ་གསལ་བའི་མཚན་ཉིད་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །སེམས་གནས་པ་རྣམ་པ་དགུ་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་ཀྱང་མདོར་ན་རྣམ་པ་གཉིས་སུ་གཞག་སྟེ། སྤྱོད་པའི་ཚེ་གང་བྱ་བ་དང། གནས་པའི་ཚེ་གང་བྱ་བའོ། །སྤྱོད་པའི་ཚེ་ཏིང་ངེ་འཛིན་བསྒོམ་པ་ལ་མ་གཏོགས་པ་གཞན་འཆགས་པ་དང་འདུག་པ་ལ་སོགས་པ་སྤྱོད་ལམ་ལ་གནས་པའི་དུས་ན་སྟེ། དེའི་ཚེ་ན་ནི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ལ་གནས་པར་བྱའོ། །གནས་


DTG207_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པའི་དུས་ན་སྟེ། དེ་ན་ཡང་ཞི་གནས་བསྒོམ་པ་དང༌། ལྷག་མཐོང་བསྒོམ་པ་རྣམ་པ་གཉིས་བྱའོ། །དེ་ལ་གང་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་འཁོར་དང་བཅས་པ་སྟེ། ཡང་དག་པའི་ལྟ་བ་ནི་ལྷག་མཐོང་ཉིད་དོ། །ཡང་དག་པའི་རྩོལ་བ་དང༌། རྟོག་པ་གཉིས་ནི་དེའི་ཕྱོགས་སོ། །ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱི་ཕྱོགས་འཁོར་དང་བཅས་པ་སྟེ། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱི་སྒོ་ཉིད་དོ། །དྲན་པ་ནི་དེའི་ཕྱོགས་སུ་གཏོགས་པའོ། །དེ་ལྟར་བསྒོམས་པས་སྤང་བར་བྱ་བའི་བག་ལ་ཉལ་མ་ལུས་པར་སྤང་བར་བྱ་བ་དང༌། དགྲ་བཅོམ་པའི་འབྲས་བུ་དམ་པ་མངོན་སུམ་དུ་བྱས་པའི་ཕྱིར། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང༌། འཚོ་བ་རྣམ་པར་དག་པ་ལ་བརྟེན་ནས་སློབ་པའི་གང་ཟག་དག་དུས་དུས་སུ་ཞི་གནས་དང་ལྷག་མཐོང་ལ་སྒོམ་པར་བྱེད་དོ། །ཡང་ན་མི་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ་དང༌། ལོག་པའི་ཤེས་པ་མེད་པ་ནི་ཡང་དག་པའི་ལྟ་བའོ། །དེ་ལ་མི་ཤེས་པ་ནི་འཕགས་པའི་བདེན་པ་བཞི་མཚན་ཉིད་དུ་ཁོང་དུ་མ་ཆུད་པའོ། །ཐེ་ཚོམ་གྱི་ཤེས་པ་ནི་འཕགས་པའི་བདེན་པ་བཞི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བའོ། །ལོག་པའི་ཤེས་པ་ནི་མི་རྟག་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་འཛིན་པའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ། རྒྱ་གར་སྐད་དུ་སམྱག་སཾ་ཀལྤ་ཞེས་འབྱུང་སྟེ། །སམྱ་ཀ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ། །སཾ་ནི་མཉམ་པའི་དོན་ནོ། །ཀལྤ་ནི་རྗེས་སུ་རྟོག་པའི་དོན་ཏེ། ཡང་དག་པའི་ལྟ་བས་མཐོང་བའི་ཆོས་ལ་ཕྱིན་ཅི་མ་ལོག་པར་ཆོས་རྣམས་ཀྱི་རང་བཞིན་སྟོང་བ་དང་མི་རྟག་པ་ལ་སོགས་པར་མཐུན་པར་རྗེས་སུ་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །བརྫུན་ལ་སོགས་པའི་ཉེས་པ་བཞི་སྤངས་པ་ནི་ཡང་དག་པའི་ངག་གོ །སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ངན་པ་གསུམ་ལས་ལོག་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །སྡིག་པ་མི་དགེ་བས་འཚོ་བ་མེད་པ་


DTG207_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡང་དག་པའི་འཚོ་བ་སྟེ། དགེ་བསྙེན་ལ་སོགས་པའི་ཁྱིམ་ན་གནས་པ་ཡང་དུག་དང་མཚོན་ཆ་ལ་སོགས་པ་འཚོང་བ་ལ་སོགས་པ་ལས་སླར་ལོག་པའོ། །རབ་ཏུ་བྱུང་བ་ལ་ཡང་ཁ་གསག་དང་ཚུལ་འཆོས་པ་ལ་སོགས་པ་ལས་སླར་ལོག་པའོ། །སྡིག་པ་མི་དགེ་བའི་ཆོས་སྤང་བ་དང༌། དགེ་བའི་ཆོས་བསྒྲུབ་པ་ལ་བརྩོན་འགྲུས་ཧ་ཅང་དྲག་པ་ཡང་མ་ཡིན། དལ་བ་ཡང་མ་ཡིན་ཏེ། མཉམ་དུ་རྩོལ་བ་ནི་ཡང་དག་པའི་རྩོལ་བའོ། །ཡིད་གསལ་བར་གྱུར་པས་དམིགས་པར་བྱ་བའི་ཡུལ་ལ་མ་རྨོངས་པ་ནི་ཡང་དག་པའི་དྲན་པ་སྟེ། རྒྱུ་དྲུག་གི་དྲན་པ་སྐྱེ་བའོ། །རྒྱུ་དྲུག་ནི་དྲན་པ་མཐོང་བ་དང༌། མི་འདྲ་བ་དང༌། གོམས་པ་དང༌། གཅིག་གི་དོན་དུ་རྟོགས་པ་དང༌། ཞི་གནས་ཀྱི་སྟོབས་དང༌། རྒྱུའི་སྟོབས་སོ། །དེ་ལ་འདྲ་བ་མཐོང་བ་ལས་དྲན་པ་སྐྱེ་སྟེ། བུ་དང་འདྲ་བ་ལ་ལ་མཐོང་བ་ན་བུ་དྲན་པ་ལྟ་བུའོ། །མི་མཐུན་པ་ལས་ཀྱང་དྲན་པ་སྐྱེ་སྟེ། ཚ་བ་དང་གྲང་བ་དྲན་པ་ལྟ་བུའོ། །གོམས་པ་ལས་ཀྱང་དྲན་པ་སྐྱེ་སྟེ། བཀླག་པ་ལ་སོགས་པ་ལ་གོམས་པར་བྱས་པ་ལས་གང་གོམས་པ་དེ་ཉིད་ཕྱིས་ཀྱང་དྲན་པ་སྐྱེ་སྟེ། གཅིག་གི་དོན་དུ་རྟོགས་པ་ལས་དྲན་པ་འབྱུང་སྟེ། ཨ་མྲའི་འབྲས་བུ་མཐོང་བ་ལས་སྐྱུར་བ་དྲན་པའོ། །ཞི་གནས་ཀྱི་སྟོབས་ཀྱང་དྲན་པ་འབྱུང་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པའི་རྣལ་འབྱོར་པ་རྣམས་ཚེ་རབས་སྔ་མའི་གནས་རྣམས་རྗེས་སུ་དྲན་པ་སྐྱེ་བའོ། །རྒྱུའི་སྟོབས་ལས་ཀྱང་དྲན་པ་སྐྱེ་སྟེ། བསོད་ནམས་དང་ལྡན་པ་རྣམས་ཚེ་རབས་གཞན་དྲན་པ་འབྱུང་བའི་ཕྱིར་རོ། །གཡེང་རྒོད་ཐམས་ཅད་སྤངས་ནས། སེམས་དྲང་པོའམ་མཉམ་པར་གནས་ན་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རིམ་པ་དེ་ལྟར་བཤད་ཅེ་ན། མྱ་ངན་ལས་འདས་པ་ཐོབ་པའི་རྣལ་འབྱོར་བ་རྣམས་ཐོག་མར་འཕགས་པའི་བདེན་པ་བཞི་ལ་ལྟོས་ཏེ། དེའི་ཕྱིར་དང་པོ་ཡང་དག་པའི་ལྟ་བ་བསྟན་ཏོ། །ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་ཉིད་ཡིན་ནམ་མ་ཡིན་རྟོག་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ་ཡང་དག་པའི་རྟོག་པའོ།།


DTG207_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རྟག་པ་བཞིན་དུ་ཚིག་འབྱིན་ཏེ། དེ་བས་ན་དེའི་འོག་ཏུ་ཡང་དག་པའི་ངག་གོ །ཇི་ལྟར་སྨྲས་པ་དེ་བཞིན་དུ་ཕྱིས་ལས་བྱེད་དེ། དེ་བས་ན་ཡང་དག་པའི་ངག་གི་འོག་ཏུ་ཡང་དག་པའི་ལས་ཀྱི་མཐའོ། །ཡང་དག་པའི་ལས་བྱས་པ་རྣམས་འཚོ་བ་རྣམ་པར་དག་པར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའི་འོག་ཏུ་ཡང་དག་པའི་འཚོ་བའོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་དགེ་བའི་ཕྱོགས་ལ་བརྩོན་འགྲུས་རྩོམ་ཞིང་བརྩོན་འགྲུས་འཕེལ་ཏེ། དེ་བས་ན་ཡང་དག་པའི་འཚོ་བའི་འོག་ཏུ་ཡང་དག་པའི་རྩོལ་བའོ། །བརྩོན་འགྲུས་དང་ལྡན་པ་རྣམས་ལ་དྲན་པ་ཉམས་པ་འབྱུང་མི་སྲིད་པས། དེའི་འོག་ཏུ་ཡང་དག་པའི་དྲན་པའོ། །དྲན་པ་དང་ལྡན་པ་རྣམས་ནི་སེམས་རྩེ་གཅིག་ཏུ་འགྱུར་བས་མཇུག་ཏུ་ཡང་དག་པའི་ཏིང་ངེ་འཛིན་བཤད་དོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་དུ་བཤད། འཇིག་རྟེན་པའི་ལོག་པའི་ལྟ་བ་ནས་ལོག་པའི་ཏིང་ངེ་འཛིན་རྣམ་པ་བརྒྱད་ཡོད་དེ། དེའི་གཉེན་པོའི་ཕྱིར་ཡང་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་བརྒྱད་བཤད་དོ། །ཡང་ན་ཡང་དག་པའི་ལྟ་བ་དང་དྲན་པ་ནི་ལྷག་མཐོང་གི་ཕྱོགས་ཡིན་ཏེ། དེའི་འབྲས་བུ་ནི་མ་རིག་པ་དང་བྲལ་ན་ཤེས་རབ་རྣམ་པར་གྲོལ་ལོ། །ཡན་ལག་ལྷག་མ་རྣམས་ནི་ཞི་གནས་ཀྱི་ཕྱོགས་ཏེ། དེའི་འབྲས་བུ་ནི་འདོད་ཆགས་དང་བྲལ་ནས་སེམས་རྣམ་པར་གྲོལ་ལོ། །ཡང་ན་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང༌། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་སྟེ། དེས་ནི་གཙོར་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ། དེས་ནི་གཙོར་འདོད་ཆགས་མི་དགེ་བའི་རྩ་བ་གཅོད་དོ། །ཡང་དག་པའི་རྟོག་པ་དང༌། རྩོལ་བ་དང་ལྟ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོ་སྟེ། དེས་ནི་གཏི་མུག་མི་དགེ་བའི་རྩ་བ་གཅོད་དོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་དག་ཡན་ལག་དྲུག་ཏུ་གཞག་སྟེ། ཡན་ལག་དྲུག་ནི་ཡོངས་སུ་གཅོད་པའི་ཡན་ལག་དང༌། གཞན་ཐོབ་པར་བྱེད་པའི་ཡན་ལག་དང༌། གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་དང༌། ཉོན་


DTG207_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་དང༌། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་དང༌། ཡོན་ཏན་ཁྱད་པར་ཅན་འཐོབ་པ་ལ་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཡན་ལག་གོ །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། མཐོང་བའི་ལམ་ན་བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་མེད་པར་ཁོང་དུ་ཆུད་པ་དེ་ཉིད་ལ་བདག་གི་དེ་དག་རྣམ་པ་འདི་ལྟ་བུར་ཁོང་དུ་ཆུད་དོ་ཞེས་མཐོང་བའི་ལམ་གྱི་ཆོས་ཉིད་ལ་གཅོད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་ལ་ཐོབ་པར་བྱེད་པའི་ཡན་ལག་སྟེ། མ་བརྟགས་མ་དཔྱད་པས་ཚིག་མི་འབྱིན་པས་ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བའི་ཆོས་རྣམ་པར་བརྟགས་ནས་དེ་ཉིད་གཞན་ལ་འཆད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། རིམ་བཞིན་དུ་ལྟ་བ་དང༌། ཚུལ་ཁྲིམས་དང༌། འཚོ་བ་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་ངག་གི་ནི་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པར་འབྱུང་སྟེ། ཇི་ལྟ་ཞེ་ན། ཡང་དག་པའི་ངག་གིས་ཇི་ལྟར་ཆུད་པའི་ཆོས་རྣམས་གཞན་ལ་ལུང་སྟོན་པ་ན། གཞན་གྱིས་བརྒལ་བའི་ལན་གདབ་པ་དང༌། བཤད་པ་ལ་གསལ་ཞིང་ཕྱིན་ཅི་མ་ལོག་པར་བསྟན་པ་པས། གཞན་དག་འདིས་ནི་ཆོས་ཀྱི་དོན་གཏན་ལ་དབབ་པ་དང༌། འགལ་བ་མེད་པ་དང༌། གསལ་བར་སྟོན་པ་དང་སྦྱར་ན་དེ་ཁོ་ན་ཁོང་དུ་ཆུད་དོ་ཞེས་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པར་འབྱུང་སྟེ། འདིར་སྲོག་གཅོད་པ་ལ་སོགས་པ་ངན་པར་སྤྱོད་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་པ་དང་སྦྱར་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་འཚོ་བ་རྣམ་པར་དག་པར་ཡིད་ཆེས་པར་འགྱུར་ཏེ། ཇི་ལྟ་ཞེ་ན་ཆོས་གོས་ལ་སོགས་པ་ཡང་ཆོས་བཞིན་དུ་ཚོལ་གྱི་གཡོ་དང་སྒྱུས་མི་ཚོལ་ལ། ཡོ་བྱད་མང་པོ་འཛིན་པ་སྤངས་པས་འཚོ་བ་རྣམ་པར་དག་གོ་ཞེས་གཞན་དག་ཡིད་ཆེས་པར་འགྱུར་རོ། །དེ་ལ་


DTG207_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ལྟ་བས་ནི་མངོན་པར་རྟོགས་པ་དང་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱི་ཆོ་རྟོགས་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་རོ། །ཡང་དག་པའི་རྟོག་པས་ནི་སེང་གེའི་སྒྲ་སྒྲོགས་པ་ཡིན་ཏེ། ཇི་ལྟར་རྟོགས་པའི་ཆོས་ཐོགས་པ་མེད་པར་གཞན་ལ་འཆད་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི། རང་གི་རྟོགས་པ་དང་དམ་བཅས་པ་གསལ་བར་སྟོན་པར་བྱེད་པའོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྤྱད་པའི་ཡན་ལག་སྟེ། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་དེས་སྤོང་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། ཞུམ་པ་དང་རྒོད་པ་རྣམས་སེམས་ལས་བྱུང་བ་ཚོར་ནས་ཕྱིས་དེ་དག་སྐྱེས་པའི་སྐབས་སྦྱིན་པར་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཡན་ལག་སྟེ། འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་པ་ལ་སྒྲིབ་པ་རྣམས་ཏིང་ངེ་འཛིན་གྱིས་སྦྱངས་ནས། ཡོན་ཏན་དེ་དག་ཐོབ་པར་བྱེད་པའི་ཕྱིར་རོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་ཀྱང་རྣམ་པ་ལྔར་གཞག་སྟེ། དམིགས་པ་དང༌། རང་བཞིན་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །དེ་ལ་ལམ་རྣམས་ཀྱི་དམིགས་པ་ནི་མཐོང་བའི་ལམ་སྐྱེ་བའི་འོག་ཏུ་མཐོང་བའི་ལམ་གྱི་ཚེ། བདེན་པ་མཐོང་བ་དེ་འདི་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སོ། །རང་བཞིན་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་དུ་བརྒྱད་དོ། །གྲོགས་ནི་གང་དེ་དག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དད་པ་དང༌། འདོད་མ་ཆགས་པ་ལ་སོགས་པའོ། །བསྒོམ་པ་ནི་ཡང་དག་པའི་ལྟ་བ་བསྒོམ་སྟེ། དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ་རྣམ་པར་སྤོང་བར་བསྔོས་པ་ཞེས་བྱ་བ་ལ་སོགས་པའོ། །བསྒོམས་པའི་འབྲས་བུ་ནི་ཡོངས་སུ་གཅོད་པ་དང༌། གཞན་ཐོབ་པར་བྱེད་པ་དང༌། གཞན་ཡིད་ཆེས་པ་དང༌།


DTG207_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང༌། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང༌། ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྒྲིབ་པ་རྣམ་པར་སྦྱོང་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ཉན་ཐོས་རྣམ་པར་སྨྲ་བ་རྣམས་ཀྱིས་ནི། མཐོང་བའི་ལམ་དུ་བསྒོམ་པར་འདོད་དེ། དེ་ཉན་ཐོས་མདོ་སྡེ་བའི་ཚུལ་གྱིས་ན་བསྒོམ་པའི་ལམ་ཡིན་པར་འདོད་པས་བསྒོམ་པའི་ལམ་ཁོ་ན་ཡིན་པར་གཟུང་ངོ༌། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་པའི་འོག་ཏུ། དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དབུགས་དབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རླུང་ཕྱིར་རྒྱུ་བ་ནི་དབུགས་དབྱུང་བའོ། །ནང་དུ་རྒྱུ་བ་ནི་རྔུབ་པ་སྟེ། དབུགས་ཕྱིར་འབྱུང་བ་དང༌། ནང་དུ་རྔུབ་པ་ལ་དམིགས་པའི་དྲན་པ་ནི་དབུགས་འབྱུང་བ་དང༌། རྔུབ་པ་དྲན་པ་ཞེས་བྱ་སྟེ། དེ་ཡང་དྲན་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་རང་བཞིན་ནོ། །དྲན་པ་ཡང་འདིར་དྲན་པ་མཐུ་ཅན་དུ་གྱུར་པ་དྲན་པའི་སྟོབས་ལ་བྱ་སྟེ། དྲན་པའི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱིས་རླུང་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་དམིགས་པར་བྱེད་པའོ། །དེ་ལ་དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་པོ་གང་ཞེ་ན། དབུགས་འབྱུང་བ་དང་བར་གྱི་དབུགས་སོ། །དབུགས་རྔུབ་པ་ཡང་རྣམ་པ་གཉིས་ཏེ། དབུགས་རྔུབ་པ་དང་བར་གྱི་དབུགས་སོ། །རྔུབ་པ་ནི་གང་དབུགས་ཕྱིར་བྱུང་མ་ཐག་ཏུ། ལྟེ་བའི་བར་དུ་རླུང་ནང་དུ་འཇུག་པའོ། །བར་གྱི་དབུགས་ནི་དབུགས་རྔུབ་པ་སྟེ། ལྟེ་བའི་བར་དུ་ཞུགས་ནས་ཆད་པ་ལས་དུས་ཅུང་ཞིག་གི་བར་དུ་དབུགས་མི་འབྱུང་ཞིང་ངལ་གསོ་བ་རིང་པོ་མི་ཐོགས་པར་དབུགས་ཤིན་ཏུ་ཡང་ཕྲ་བ་ཞིག་སྐྱེ་བར་གྱུར་བའོ། །དབུགས་འབྱུང་བ་དང་བར་གྱི་དབུགས་འབྱུང་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལ་ཁྱད་པར་ནི་འདི་ཡོད་དེ། དབུགས་འབྱུང་བ་ནི་རླུང་ཕྱིར་འབྱུང་བ་སྟེ། ལྟེ་བའི་ཕྱོགས་ནས་བརྩམས་ནས། ཁ་སྣའི་བར་དུ་འབྱུང་བ་དང༌། དེ་ལས་ཀྱང་ཕྱིར་མཐོ་གང་


DTG207_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཁྲུ་གང་ལ་སོགས་པར་འབྱུང་བའོ། །བར་གྱི་དབུགས་ནི་དབུགས་ཕྱིར་འབྱུང་བ་དེ་ཆད་ནས། དུས་ཇི་སྲིད་ཅིག་ཏུ་དབུགས་དྲག་ཏུ་འབྱུང་བ་མེད་ཅིང༌། ངལ་གསོ་བའི་དུས་དུ་སྐད་ཅིག་གཅིག་རླུང་ཕྲེའུ་ཞིག་འབྱུང་བའོ། །དབུགས་འབྱུང་བ་དང་རྔུབ་པའི་གླེང་གཞི་ཡང༌། རྣམ་པ་གཉིས་ཏེ། དེ་འཕེན་པར་བྱེད་པའི་ལས་དང༌། ལྟེ་བའི་ཕྱོགས་ན་སུ་ལ་ལ་གནས་པའོ། །དེ་ལ་གོང་དུ་ཡང་ལུས་ཀྱི་སུལ་ལ་ཡོད་པའོ། །དབུགས་འབྱུང་བ་དང་རྔུབ་པའི་རྟེན་ཡང་རྣམ་པ་གཉིས་ཏེ། ལུས་དང་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དབུགས་འབྱུང་བ་དང༌། རྔུབ་པ་ནི་ལུས་ལ་བརྟེན་པ་དང༌། སེམས་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །གལ་ཏེ་ལུས་འབའ་ཞིག་ལ་བརྟེན་ཅིང་འབྱུང་ན་ནི། འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་དང༌། འགོག་པ་ལ་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དག་ལ་ཡང་དབུགས་འབྱུང་བ་དང་རྔུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་མི་འབྱུང་བས་ན། ལུས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །གལ་ཏེ་སེམས་འབའ་ཞིག་ལ་བརྟེན་ཅིང་འབྱུང་བ་ནི། གཟུགས་མེད་པའི་སྙོམས་པར་ཞུགས་པ་དང༌། གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ཡང༌། དབུགས་འབྱུང་བ་དང་རྔུབ་པ་འབྱུང་བའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་དབུགས་འབྱུང་བ་དང༌། རྔུབ་པ་མེད་པས་སེམས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །སྐབས་ཁ་ཅིག་ཏུ་ལུས་ལ་བརྟེན་པ་དང༌། སེམས་ལ་བརྟེན་ནས་འཇུག་པར་ཡང་མི་རུང་སྟེ། ལུས་ལ་བརྟེན་པ་དང༌། སེམས་ལ་བརྟེན་ནས་འཇུག་པར་ངེས་ན་ནི། བསམ་གཏན་བཞི་ལ་སྙོམས་པར་ཞུགས་པའི་སེམས་ཅན་རྣམས་དང༌། ནུར་ནུར་པོའི་དུས་ན་མེར་མེར་པོའི་དུས་ཀྱི་ཚེའི་སེམས་ཅན་རྣམས་ལ་ཡང་དབུགས་འབྱུང་བ་དང༌། རྔུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་ཡོད་པ་མ་ཡིན་པས་སོ། །དེ་བས་ན་དབུགས་འབྱུང་བ་དང༌། རྔུབ་པ་ནི་དུས་དེ་དག་ལས་མ་གཏོགས་པའི་ཚེ། ལུས་ལ་བརྟེན་པ་དང༌། སེམས་ལ་བརྟེན་ནས་འཇུག་གོ་ཞེས་ཅི་རིགས་པར་གཞག་གོ །དབུགས་འབྱུང་བ་དང་རྔུབ་པའི་འགྲོ་བ་ཡང་རྣམ་པ་གཉིས་ཏེ།


DTG207_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་གང་ཞེ་ན། འབྱུང་བ་ནི་གྱེན་དུ་འགྲོ་བའོ། །དབུགས་རྔུབ་པ་ནི་ཐུར་དུ་འགྲོ་བའོ། །འབྱུང་བ་དང༌། རྔུབ་པའི་ས་ཡང་རྣམ་པ་གཉིས་ཏེ། སུལ་དང་བུ་ག་རགས་པ་དང༌། སུལ་དང་བུ་ག་ཕྲ་བའོ། །དེ་ལ་སུལ་དང་བུ་ག་རགས་པ་ནི་ལྟེ་བའི་ཕྱོགས་ནས་བརྩམས་ནས། གྱེན་དུ་ཁ་དང་སྣ་ལ་སོགས་པའི་སྒོར་འབྱུང་བ་དང༌། ཁ་སྣའི་སྒོ་ནས་བརྩམས་ནས། ཐུར་དུ་ལྟེ་བའི་ཕྱོགས་ཀྱི་བར་དུ་སུལ་གྱི་ཕྱོགས་སུ་རྒྱུ་བའོ། །སུལ་དང་བུ་ག་ཕྲ་བ་ནི་ལུས་སུ་གཏོགས་པའི་བ་སྤུའི་བུ་ག་ཐམས་ཅད་དོ། །དབུགས་འབྱུང་བ་དང༌། རྔུབ་པའི་མིང་གི་རྣམ་གྲངས་ཀྱང་བཞི་སྟེ། རླུང་དང༌། ལུས་ཀྱི་འདུ་བྱེད་དང༌། དབུགས་འབྱུང་བ་དང་རྔུབ་པ་དང༌། དབུགས་ཕྱིར་རྒྱུ་བ་དང་ནང་དུ་རྒྱུ་བའོ། །དེ་ལ་རླུང་ཞེས་བྱ་བའི་མིང་གི་རྣམ་གྲངས་ཀྱི་མུ་སྟེགས་དང༌། འཇིག་རྟེན་པ་ལ་སོགས་པ་ཀུན་དང་ཐུན་མོང་ངོ༌། །ལྷག་མ་གསུམ་ནི་ཐུན་མོང་མ་ཡིན་པ་སྟེ། བསྟན་པ་འདི་འབའ་ཞིག་ལ་མིང་གི་རྣམ་གྲངས་དེ་དག་གྲགས་པའི་ཕྱིར་རོ། །དབུགས་འབྱུང་བ་དང་རྔུབ་པ་ལ་ཞུགས་པའི་དྲི་མ་ཡང་རྣམ་པ་གཉིས་ཏེ། ཧ་ཅང་ལྷོད་པར་རབ་ཏུ་སྦྱོར་བ་དང༌། ཧ་ཅང་བསྒྲིམས་ཏེ་རབ་ཏུ་སྦྱོར་བའོ། །དེ་ལ་ཧ་ཅང་ལྷོད་པར་རབ་ཏུ་སྦྱོར་བ་ནི། ལེ་ལོ་སྐྱེས་པ་གཉིད་དང༌། རྨུགས་པས་སེམས་ནོན་པར་འབྱུང་བའམ། སེམས་ཕྱིས་གཡེངས་པར་འགྱུར་བའོ། །ཧ་ཅང་བསྒྲིམས་ཏེ་རབ་ཏུ་སྦྱོར་བས་ཀྱང་ལུས་མི་མཉམ་པ་དང༌། སེམས་མི་མཉམ་པ་སྐྱེ་བར་འགྱུར་རོ། །དེ་ལ་ཇི་ལྟར་ལུས་མི་མཉམ་པ་སྐྱེ་ཞེ་ན། སྟོབས་ཀྱིས་བསྒྲིམས་ནས་དབུགས་འབྱུང་བ་དང༌། རྔུབ་པ་ལ་དམ་དུ་དམིགས་པ་ན། ལུས་ལ་རླུང་མི་བཟད་པ་རྣམས་འབྱུང་བར་འགྱུར་ཏེ། རླུང་གིས་ཤས་ཆེར་གཡོ་བར་འགྱུར་རོ། །གང་གི་ཕྱིར་རླུང་གིས་ཤས་ཆེར་གཡོ་བར་གྱུར་པས། ཡན་ལག་དང་ཉིང་ལག་རྣམས་གཡེངས་པ་སྐྱེ་སྟེ། དེའི་ཕྱིར་ལུས་རྒོད་པ་ཞེས་བྱའོ། །འདི་ལྟར་ལུས་གཡེངས་པར་གྱུར་པའི་རླུང་དེ་འཕེལ་ན། ཡན་ལག་དང་ཉིང་ལག་དེ་དག་ཏུ་ལུས་ཀྱི་ནང་དུ་འགྱུར་ཏེ། འདི་ནི་ལུས་མི་མཉམ་པའོ། །ཇི་ལྟར་སེམས་མི་མཉམ་པ་སྐྱེ་ཞེ་ན།


DTG207_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིམས་ཏེ་དམིགས་པ་ལས་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་པ་འཕེལ་བ་ལས། ཡིད་མི་བདེ་བ་དང་འཁྲུགས་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་སེམས་མི་མཉམ་པར་སྐྱེ་བ་ཞེས་བྱའོ། །དེ་ལ་དབུགས་འབྱུང་བ་དང་རྔུབ་པ་འདི་ལ་འདྲིས་པར་བྱ་བ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། བགྲང་བས་རབ་ཏུ་འདྲིས་པར་བྱ་བ་དང༌། ཕུང་པོ་ལ་མཁས་པས་རབ་ཏུ་འདྲིས་པར་བྱ་བ་དང༌། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འཇུག་པས་རབ་ཏུ་འདྲིས་པར་བྱ་བ་དང༌། བདེན་པ་ལ་འཇུག་པས་རབ་ཏུ་འདྲིས་པར་བྱ་བ་དང༌། རྣམ་པ་བཅུ་དྲུག་ཏུ་རབ་ཏུ་འདྲིས་པར་བྱའོ། །དེ་ལ་བགྲང་བས་རབ་ཏུ་འདྲིས་པར་བྱ་བ་གང་ཞེ་ན། དེ་མདོར་ན་རྣམ་པ་བཞི་སྟེ། རེ་རེ་ནས་བགྲང་བ་དང༌། གཉིས་གཅིག་ཏུ་བགྲང་བ་དང༌། ལུགས་བཞིན་དུ་བགྲང་པ་དང༌། ལུགས་ལས་བཟློག་སྟེ་བགྲང་བའོ། །དེ་ལ་རེ་རེ་ནས་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་ནང་དུ་ཞུགས་པར་གྱུར་པ་དེ་ན། དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པའི་དྲན་པས་གཅིག་ཅེས་བགྲང་བར་བྱེད་དོ། །གང་གི་ཚེ་དབུགས་རྔུབ་པ་འགགས་ནས། དབུགས་འབྱུང་བ་སྐྱེ་སྟེ་མེད་པར་གྱུར་པ་ན། དེའི་ཚེ་གཉིས་ཞེས་བགྲང་བར་བྱེད་དོ། །བགྲང་བའི་ཚུལ་དེ་ལྟ་བུས་རྣམ་པ་བཅུའི་བར་དུ་བགྲངས་ཏེ། འདི་ནི་གཉིས་གཅིག་ཏུ་བགྲང་བའོ། །ལུགས་བཞིན་དུ་བགྲང་བ་གང་ཞེ་ན། གང་གོང་དུ་བཤད་པའི་རེ་རེ་ནས་བགྲང་བ་དང༌། གཉིས་གཅིག་ཏུ་བགྲང་བར་ཡང་རུང༌། རྗེས་བཞིན་དུ་བགྲང་བའི་བར་དུ་བགྲང་བར་བྱེད་པ་སྟེ། འདི་ནི་ལུགས་བཞིན་དུ་བགྲང་བའོ། །ལུགས་ལས་བཟློག་སྟེ། བགྲང་བ་གང་ཞེ་ན། བཅུར་ཕྱིན་པ་དང༌། གཅིག་ཅེས་བགྲང་ངོ༌། །དགུ་ལ་གཉིས་ཞེས་བགྲང་ངོ༌། །བརྒྱད་ལ་གསུམ་ཞེས་བགྲང་བ་ནས། གཅིག་ལ་བཅུ་ཞེས་བྱ་བའི་བར་དུ་བགྲངས་ཏེ། འདི་ནི་ལུགས་ལས་བཟློག་སྟེ། བགྲང་བའོ། །གང་གི་ཚེ་རྣལ་འབྱོར་པ་དེས་རེ་རེ་ནས་བགྲང་བའམ། གཉིས་གཅིག་ཏུ་བགྲང་བའམ། ལུགས་ལས་བཟློག་སྟེ། བགྲང་བ་ལ་རབ་ཏུ་གོམས་པར་བྱས་པས།


DTG207_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐབས་སུ་སེམས་མི་གཡེང་ཞིང༌། མི་གཡེང་པ་ཁོ་ནར་བགྲང་ནུས་ན། དེའི་གོང་དུ་བགྲང་བའི་ཁྱད་པར་གཞན་བགྲང་བར་བྱ་སྟེ། བགྲང་བའི་ཁྱད་པར་གཞན་གང་ཞེ་ན། རེ་རེ་ནས་བགྲང་བའམ། གཉིས་གཅིག་ཏུ་བགྲང་བ་བསྡོམས་ནས་གཅིག་གོ། ཞེས་བགྲང་བར་བྱེད་དེ། དེ་གཉིས་གཅིག་ཏུ་བགྲང་བས་ནི་དབུགས་འབྱུང་བ་དང་རྔུབ་པ་གཉིས་བཞི་ལས་གཅིག་ཏུ་བགྲོད་དོ། །རེ་རེ་ནས་བགྲངས་པས་ནི་དབུགས་འབྱུང་བ་དང་རྔུབ་པ་རེ་རེ་ནས་བགྲང་བར་བྱེད་དེ། དེ་གཉིས་གཅིག་ཏུ་བསྡོམས་ཏེ། བགྲང་བའི་ཚུལ་བཅུའི་བར་དུ་བགྲང་བར་བྱེད་དོ། །དེ་ལ་ཡང་གོམས་པར་བྱེད་ན་བཅུ་ཡང་གཅིག་ཏུ་བྱས་ནས་བགྲང་བ་སྤེལ་ཏེ། བཅུའི་བར་དུ་བགྲང་བ་ནས། བརྒྱ་གཅིག་ཏུ་བྱས་ཏེ། བཅུའི་བར་དུ་བགྲང་བར་བྱེད་དོ། །གང་གི་ཚེ་བགྲང་བ་ལ་ཞུགས་པའི་རྣལ་འབྱོར་པས་བཅུ་གཅིག་ཏུ་བྱས་ནས། བགྲང་བའི་ཚུལ་བཅུའི་བར་དུ་རྫོགས་པར་བྱེད་ནུས་ལ། བར་དུ་སེམས་མི་གཡེང་ན། དེ་ཙམ་གྱིས་བགྲང་པའི་ཚུལ་ལ་གོམས་པར་བྱས་པ་ཡིན་ནོ། །དེ་ལྟར་བགྲང་བ་ལ་ཞུགས་པ་ལས་གལ་ཏེ་སེམས་འཁྲུགས་སམ་གཡེངས་པར་གྱུར་ན། སླར་མགོ་ནས་བཟློག་སྟེ། བགྲང་བ་བརྩམ་པར་བྱའོ། །ཕུང་པོ་ལ་འཇུག་པའི་བར་དུ་གོམས་པར་བྱ་བ་གང་ཞེ་ན། རྣལ་འབྱོར་པ་སྦྱོར་བ་དེ་ལ་བརྟེན་པ་མང་བ་དང༌། བསྒོམ་པ་མང་བ་དང༌། མང་དུ་བྱ་བ་དང་ལྡན་པས་ལུས་ཤིན་ཏུ་བྱང་བ་དང༌། སེམས་ཤིན་ཏུ་བྱང་བ་སྐྱེ་བར་འགྱུར་རོ། དེ་ལུས་ཤིན་ཏུ་བྱང་བ་དང༌། སེམས་ཤིན་ཏུ་བྱང་བ་སྐྱེས་པས། སེམས་རྩེ་གཅིག་པ་ལ་རེག་ཅིང་དམིགས་པ་ལ་རྟག་ཏུ་སེམས་གནས་པ་དགའ་བར་འགྱུར་རོ། །དེ་ལྟར་ཤིན་ཏུ་གོམས་པར་བྱ་བ་དེ་དབང་པོ་དང་ཡུལ་རྣམས་ཀྱི་དངོས་པོ་ཡིད་ལ་བྱེད་པའི་ཚུལ་གྱིས། ཕུང་པོ་ལ་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། འདི་ལྟར་དབུགས་འབྱུང་བ་དང༌། རྔུབ་པ་འདིའི་རྟེན་ནི་ལུས་ཡིན་ཏེ། དེ་ལུས་ལ་བརྟེན་ཏོ་ཞེས་ཡིད་ལ་བྱེད་པས་ན། གཟུགས་ཀྱི་ཕུང་པོ་ལ་ཞུགས་ཤིང་རྟོགས་པ་ཡིན་ནོ། །གང་དབུགས་འབྱུང་བ་དང་རྔུབ་པ་དེ་དག་ལ་དམིགས་པའི་དྲན་པས། དེ་ཉིད་ཀྱི་


DTG207_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མ་བརྗེད་པར་བཟུང་ཞིང་མྱོང་བ་ནི་ཚོར་བའི་ཕུང་པོ་ལ་ཞུགས་པ་ཡིན་ནོ། །དེ་ན་གང་ཀུན་ཏུ་ཤེས་པ་ཡོད་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་ཞེས་འདུ་ཤེས་ཀྱི་ཕུང་པོ་ལ་འཇུག་གོ །གང་དེའི་ཚེ་དྲན་པ་ཡོད་པ་དང༌། ཏིང་ངེ་འཛིན་ཡོད་པ་དང༌། སེམས་པ་ཡོད་པ་དང༌། ཤེས་རབ་ཡོད་པ་ནི། འདུ་བྱེད་ཀྱི་ཕུང་པོའོ། །ཞེས་འདུ་བྱེད་ཀྱི་ཕུང་པོ་ལ་འཇུག་གོ །གང་དེའི་ཚེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ་ཞེས་རྣམ་པར་ཤེས་པའི་ཕུང་པོ་ལ་འཇུག་སྟེ། དེ་ལྟར་ཞུགས་པ་ནི་ཕུང་པོ་ལ་རབ་ཏུ་གོམས་པ་ཞེས་བྱའོ། །གང་གི་ཚེ་རྣལ་འབྱོར་པ་དེས་ཕུང་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དང༌། འདུ་བྱེད་ཙམ་དང༌། དངོས་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དེའི་ཚེ་ན། ཕུང་པོ་དེ་དག་ཉིད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་རབ་ཏུ་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། རྣལ་འབྱོར་པ་དེ་འདི་ལྟར་ཡོངས་སུ་ཚོལ་བར་བྱེད་དོ། །འདི་ལྟར་དབུགས་དབྱུང་བ་དང༌། རྔུབ་པ་འདི་ཅི་ལ་བརྟེན། ཅིའི་རྐྱེན་ལས་བྱུང་ཞེས་བརྟགས་ན། དེས་འདི་ལྟར་ཁོང་དུ་ཆུད་པར་འགྱུར་ཏེ། དབུགས་འབྱུང་བ་དང༌། རྔུབ་པ་འདི་ནི་ལུས་ལ་བརྟེན་པ། ལུས་ཀྱི་རྐྱེན་ལས་བྱུང་བ། སེམས་ལ་བརྟེན་པ། སེམས་ཀྱི་རྐྱེན་ལས་བྱུང་བའི་ཞེས་རྟོགས་སོ། །ལུས་དང་སེམས་ཀྱང་ཅིའི་རྐྱེན་གྱིས་གནས་ཞེས་བརྟགས་ན། དེ་ཡང་ད་ལྟར་འཚོ་བའི་དབང་པོའི་རྟེན་གྱི་གནས་སོ་ཞེས་རྟོགས་སོ། །འཚོ་བའི་དབང་པོ་དེ་ཡང་ཅིའི་རྐྱེན་གྱིས་བྱུང་ཞེས་བརྟགས་ན། དེ་ཡང་ཚེ་རབས་གཞན་གྱི་ལས་དགེ་བ་དང༌། མི་དགེ་བའི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བར་རྟོགས་སོ། །སྔོན་གྱི་འདུ་བྱེད་ཀྱང་ཅིའི་རྐྱེན་གྱིས་བྱུང་ཞེས་བརྟགས་ན། དེ་ཡང་མ་རིག་པའི་རྐྱེན་གྱིས་བྱུང་བར་རྟོགས་ཏེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་ནི། སྔོན་དུ་འདུ་བྱེད་རྣམས་སྤྱོད་དོ། །སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གྱིས་ནི་ཚེའི་དབང་པོ། །ཚེའི་དབང་པོའི་རྐྱེན་ལས་ནི་ལུས་དང་རྣམ་པར་ཤེས་པའོ། །ལུས་དང་སེམས་ཀྱི་རྐྱེན་ལས་ནི་དབུགས་འབྱུང་བ་དང་རྔུབ་པ་སྐྱེའོ། །དེ་ལ་མ་རིགས་པ་འགགས་ན་འདུ་བྱེད་འགག་གོ །འདུ་བྱེད་འགགས་ན་ཚེའི་དབང་པོ་འགག་གོ །


DTG207_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའི་དབང་པོ་འགགས་ན་ལུས་དང་སེམས་འགག་གོ །ལུས་དང་སེམས་འགགས་ན་དབུགས་འབྱུང་བ་དང་རྔུབ་པ་འགག་སྟེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཞུགས་པར་འགྱུར་རོ། །ཇི་ལྟར་ན་བདེན་པ་ལ་ཞུགས་པ་ཀུན་ཏུ་འདྲིས་པར་བྱེད་ཅེ་ན། དེས་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འདྲིས་པ་མང་དུ་བྱས་པས། འདུས་བྱས་ཀྱི་ཆོས་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ་མི་རྟག་པའོ་ཞེས་ཁོང་དུ་ཆུད་དོ། །འདི་དག་མི་རྟག་པ་ཡིན་པས་ན། མེད་པ་ལ་སྐྱེ་ལ་སྐྱེས་ནས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་གྱུར་པ་དེ་ནི། སྐྱེ་བའི་ཆོས་ཅན་དང༌། རྒ་བའི་ཆོས་ཅན་དང༌། ན་བའི་ཆོས་ཅན་དང༌། །གང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན་དེ་དག་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པ། རབ་དབང་མེད་པ། བདག་པོ་མེད་པ་སྟེ། དེ་ལྟར་དེས་མི་རྟག་པ་དང། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པའི་རྣམ་པར་སྡུག་བསྔལ་གྱི་བདེན་པ་ལ་ཞུགས་པར་འགྱུར་རོ། །དེ་ཡང་འདི་ཇི་སྙམ་དུ་སེམས་ཏེ། སྡུག་བསྔལ་གྱི་འདུ་བྱེད་སྡུག་བསྔལ་བར་གྱུར་པ་དང༌། ནད་དུ་གྱུར་པ་དང༌། འབྲས་བུར་གྱུར་པ་དེ་སྐྱེད་པར་བྱེད་པའི་རྐྱེན་ནི་སྲིད་པའོ་ཞེས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ །གང་སྡུག་བསྔལ་སྐྱེད་པར་བྱེད་པའི་སྲེད་པ་དེ་མ་ལུས་པར་སྤངས་པ་ནི། ཞི་བ་གྱ་ནོམ་པ་སྟེ་ཞེས་འགོག་པའི་བདེན་པ་ལ་འཇུག་གོ །གང་དེ་ལྟར་ཤེས་དེ་ལྟར་མཐོང༌། དེ་ལྟར་ཁོང་དུ་ཆུད་པ་ནི། ལམ་གྱི་བདེན་པ་ཡིན་ཏེ་ཞེས་ལམ་གྱི་བདེན་པ་ལ་ཡང་འཇུག་སྟེ། དེ་ལྟར་ན་དེ་བདེན་པ་བཞི་ལ་ཞུགས་པ་ཡིན་ནོ། །རྣལ་འབྱོར་པ་དེ་ལ་བདེན་པ་བཞི་ལ་འདྲིས་པར་བྱས་པས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་ནས། དེ་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། རྣམ་པ་བཅུ་དྲུག་ལ་རབ་ཏུ་འདྲིས་པར་བྱེད་དེ། རྣམ་པ་བཅུ་དྲུག་གང་ཞེ་ན། དྲན་བཞིན་དུ་དབུགས་འབྱུང་བ་ལ་དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ནས་བརྩམས་ཏེ། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྔུབ་པ་


DTG207_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང། སོ་སོར་སྤོང་བར་ལྟ་བ་བཞིན་དུ། དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འདི་ནི། དགེ་སློང་དག་དབུགས་བ་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་གོ་ཞེས་གང་མདོ་ལས་གསུངས་སོ། །ཚིག་བཅུ་དྲུག་པོ་དེ་དག་ཇི་ལྟར་རབ་ཏུ་དབྱེ་ཞེ་ན། གོང་དུ་བདེན་པ་བཞི་ལ་གོམས་པར་བྱ་བའི་སྐབས་སུ་བདེན་པ་བཞི་མཐོང་བའི་སློབ་པའི་གང་ཟག་དྲན་པ་ཉེ་བར་གཞག་པ་བཞི་ལ་དམིགས་པ་ཐོབ་པ་དེས། བསྒོམས་པས་སྤང་བར་བྱ་བའི་ཀུན་ནས་སྦྱོར་བ་ལྷག་མ་སྤང་བའི་ཕྱིར་དབུགས་འབྱུང་བ་དང་རྔུབ་པ་ཡིད་ལ་བྱེད་པ་རྩོལ་བར་བྱེད་དེ། ནམ་དབུགས་འབྱུང་བའི་དུས་ན། སེམས་མ་རྨོངས་པས་ཇི་ལྟར་འབྱུང་བའི་མཚན་ཉིད་དྲན་པ་བཞིན་དུ་འབྱུང་བར་ཤེས་པ་ནི། དྲན་བཞིན་དུ་དབུགས་འབྱུང་བ་ལ། དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །དབུགས་ནང་དུ་རྔུབ་པའི་དུས་ལ་གཡེང་བ་མེད་པར་དྲན་པས་དེ་ཉིད་ལ་དྲན་བཞིན་དུ་དམིགས་སོ་ཞེས་ཤེས་པ་ན་ནི། དྲན་པ་བཞིན་དུ་དབུགས་རྔུབ་པ་ལ་ཡང༌། དྲན་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱ་སྟེ། བཅུ་དྲུག་ལས་འདི་ནི་དང་པོའོ། །གང་གི་ཚེ་དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པར་བྱེད་པ་དེའི་ཚེ་ན་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། དབུགས་རིང་དུ་ཤེས་པ་དང༌། དབུགས་རིང་དུ་རྔུབ་པ་ལ་ཡང་དབུགས་རིང་དུ་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་གཉིས་པའོ། །གང་གི་ཚེ་དབུགས་འབྱུང་བའི་བར་དང་རྔུབ་པའི་བར་ཡིད་ལ་བྱེད་པ་ན་ནི། དབུགས་འབྱུང་བ་ཐུང་ངུ་ཞེས་བྱ་བ་ནས། དབུགས་རྔུབ་པ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་སྟེ། འདི་ནི་གསུམ་པའོ། །ཡང་ན་རྣལ་འབྱོར་པ་དབུགས་འབྱུང་བ་ལ་དམིགས་པ་ན། ལྟེ་བའི་ཕྱོགས་ནས་བརྩམས་ཏེ་དབུགས་བྱུང་ནས་ཁ་སྣའི་སྒོ་ནས། ཕྱི་མཐོ་གང་དང་ཁྲུ་གང་དང་འདོམ་གང་ལ་སོགས་པ་ཇི་སྲིད་དུ་འབྱུང་བ་ལ་དམིགས་པ་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས་ཡང་


DTG207_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྔུབ་པ་ལ་དམིགས་པའི་ཚེ། ཁ་སྣའི་སྒོ་ནས་བརྩམས་ཏེ། ལྟེ་བའི་བར་དུ་དབུགས་ཇི་ལྟར་ཐུང་དུ་སོང་བ་དམིགས་པ་ན་ནི། དབུགས་རིང་དུ་རྔུབ་པ་ཡང་དབུགས་རིང་དུ་རྔུབ་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་ཕྱིར་འབྱུང་བ་ལྟེ་བ་ནས་བརྩམས་ཏེ། བྲང་གི་བར་དུ་བྱུང་ནས་ཆད་པ་ལ་དམིགས་པ་ན་ནི། དབུགས་འབྱུང་བ་ཐུང་ངུ་ལ་དབུགས་འབྱུང་བ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྔུབ་པ་ན་ཡང་ཁ་སྣའི་སྒོ་ནས་མགྲིན་པ་ལ་སོགས་པའི་བར་དུ་ཆད་པ་ལ་དམིགས་ན་ནི་དབུགས་འབྱུང་བ་ཐུང་ངུ་ལ་དམིགས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་སུལ་དང་བུ་ག་རགས་པའི་དབུགས་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྔུབ་པའི་སུལ་དང་བུ་ག་རགས་པ་ལས་དབུགས་རྔུབ་པ་ལ་དམིགས་པའི་ཚེ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པ་ལས་ལུས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །དོན་དུ་ན་ལྟེ་བ་ནས་བརྩམས་ཏེ། རྒྱུ་མ་དང་ལོང་ཀ་དང༌། ཕོ་བ་ལ་སོགས་པ་ནས་དབུགས་ཕྱིར་ཇི་ལྟར་འབྱུང་བ་ལ་དམིགས་པ་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་ཁ་སྣའི་སྒོ་ནས་གྲེ་བ་ལ་སོགས་པར་ཐུར་དུ་རྒྱུ་ཞིང་རྒྱུ་མ་དང༌། ལོང་ཀ་ལ་སོགས་པར་ཇི་ལྟར་ཞུགས་པ་ལ་དམིགས་པ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་བཞི་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་འབྱུང་བ་འདི་ཡང་ལུས་ཀྱི་འདུ་བྱེད་དེ་ལུས་ལ་བརྟེན། ལུས་ལ་གནས་པར་ཤེས་ནས་དབུགས་འབྱུང་བ་ལུས་ལ་


DTG207_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན། ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ན་ནི། ལུས་ཀྱི་འདུ་ཤེས་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ། ལུས་ཀྱི་འདུ་ཤེས་སོ་སོར་ཤེས་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཤས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྔུབ་པ་འདི་ཡང༌། ལུས་ཀྱི་འདུ་བྱེད་ལུས་ལ་བརྟེན། ལུས་ལ་བརྟེན་ནས་རྔུབ་པར་ཤེས་ཏེ། ལུས་ལ་བརྟེན་ནས་དབུགས་ཇི་ལྟར་རྔུབ་པ་ལས། དམིགས་པའི་དུས་ན་ནི་ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྔུབ་པ་ལ། ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་ལྔ་པའོ། །ནམ་རྣལ་འབྱོར་པས་སྤུ་དང་བ་སྤུའི་ཁུང་བུ་ལ་སོགས་པ་སུལ་དང་བུ་ག་ཕྲ་མོ་ནས་དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ན་ནི། ལུས་ཐམས་ཅད་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ། ལུས་ཐམས་ཅད་ལ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ནམ་རྣལ་འབྱོར་པས་བ་སྤུ་ལ་སོགས་པའི་བུ་ག་དང་སུལ་ཕྲ་མོ་ནས་དབུགས་ཇི་ལྟར་ནང་དུ་འཇུག་པ་ལ་དམིགས་པའི་དུས་ན་ནི། ལུས་ཐམས་ཅད་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པ་ལ། ལུས་ཐམས་ཅད་ལ་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་དྲུག་པའོ། །རྣལ་འབྱོར་པས་དབུགས་འབྱུང་བ་ཡང་འགགས། བར་གྱི་དབུགས་ཀྱང་འགགས་ཏེ། དབུགས་དབྱུང་བ་དང་རྔུབ་པ་གཞན་མ་སྐྱེས་པའི་གནས་སྟོང་པ་ལ་དམིགས་ཤིང༌། དེ་ཁོང་དུ་ཆུད་པར་གྱུར་པའི་དུས་ན་ནི། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་ལ། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ཤིན་ཏུ་བྱང་བ་ནི་དབུགས་འབྱུང་བ་དང་བྲལ་བའི་གནས་དང་དུས་ལ་བྱའོ། །ནམ་རྣལ་འབྱོར་བ་དབུགས་རྔུབ་པ་ཡང་འགགས། བར་གྱི་དབུགས་ཀྱང་འགགས་ནས། དབུགས་འབྱུང་བ་དང་རྔུབ་པ་གཞན་མ་སྐྱེས་པའི་དུས་སྟོང་པར་གྱུར་བ་ལ་དམིགས་པ་ནི། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་


DTG207_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་རྔུབ་པ་ལ་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་ཏེ། འདི་ནི་བདུན་པའོ། །ཡང་ན་ཤིན་ཏུ་བྱང་བའི་དོན་ནི་དབུགས་འབྱིན་པ་དང༌། རྔུབ་པ་ལ་དམིགས་པས་ལུས་དང་སེམས་ལས་སུ་རུང་བ་བྱས་པས་ཤེས་པའོ། །ཡང་ན་དེས་གོང་དུ་བཤད་པས་དབུགས་འབྱུང་བ་དང་རྔུབ་པ་དེ་དག་ལ་དམིགས་པ་བརྟེན་པ་མང་བ་དང༌། བསྒོམ་པ་མང་བ་དང༌། མང་དུ་བྱས་པ་དང་ལྡན་པས། སྔོན་འདྲིས་པར་མ་བྱས་པའི་ཚེ། དབུགས་འབྱུང་བ་དང༌། རྔུབ་པ་ལ་དམིགས་པའི་ཚེ། སེམས་ཤ་ཐང་བ་དང༌། སྡུག་བསྔལ་བཞིན་དུ་དམིགས་པ་དང༌། དབུགས་འབྱུང་བ་དང༌། རྔུབ་པ་ཡང་རགས་པ་དང༌། སྦོམ་པོར་བྱུང་བ་འགགས་ནས། དེ་དང་བྲལ་ཏེ་དེ་གོམས་པར་བྱ་བའི་མཐུས། དབུགས་ཀྱང་ཕྲར་རྒྱུ་ཞིང༌། དེ་ལ་དམིགས་པའི་སེམས་ཀྱང་ཤ་ཐང་བ་མེད་པར་བདེ་བའི་རེག་པ་དང་ལྡན་བཞིན་དུ་དམིགས་པ་འབྱུང་སྟེ། དེ་བས་ན་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་པ་དེས་དེ་ལྟར་དབུགས་འབྱུང་བ་དང༌། རྔུབ་པའི་དྲན་པའི་སྦྱོར་བ་རབ་ཏུ་སྦྱར་བའི་སྟོབས་ཀྱིས། གལ་ཏེ་བསམ་གཏན་དང་པོའམ། བསམ་གཏན་གཉིས་པ་ཐོབ་པར་གྱུར་པ་དེ་ན། དབུགས་འབྱུང་བ་དང༌། རྔུབ་པ་ལ་དམིགས་པའི་རྒྱུས་ཇི་ལྟར་བསམ་གཏན་དང་པོ་དང་གཉིས་པ་ཐོབ་པར་ཤེས་པ་ནི། དགའ་བ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ་ཞེས་བྱ་བ་ནས། དགའ་བ་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བརྒྱད་པའོ། །གལ་ཏེ་དེས་དགའ་བ་དང་བྲལ་བ་བསམ་གཏན་གསུམ་པའི་བདེ་བ་མྱོང་བར་གྱུར་པ་དེའི་ཚེ་ན་ནི། བདེ་བ་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ་ཞེས་བྱ་བ་ནས། བདེ་བ་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་དགུ་པའོ། །བསམ་གཏན་བཞི་པ་ཡན་ཆད་ཉེས་པ་བརྒྱད་དང་བྲལ་བ་ཡིན་པས། བསམ་གཏན་བཞི་ཡན་ཆད་ནི་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ལ་སྦྱོར་བ་


DTG207_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །གལ་ཏེ་རྣལ་འབྱོར་པ་དེས་རྩ་བའི་བསམ་གཏན་དང་པོའམ་གཉིས་པའམ་གསུམ་པ་ཐོབ་པར་གྱུར་ན། དེས་གདོན་མི་ཟ་བར་མི་ཐོབ་ཏུ་མི་རུང་བ་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ལ་ཏིང་ངེ་འཛིན་དེ་དག་ལ་བརྟེན་ནས། རང་གི་སེམས་ཅི་དང་ཅི་བྱུང་བ་དང༌། ཇི་ལྟ་ཇི་ལྟར་སྐྱེས་པ་ལ་རབ་ཏུ་རྟོགས་པར་བྱེད་དེ། འདོད་ཆགས་དང་བཅས་པའམ། འདོད་ཆགས་དང་བྲལ་བའམ། ཞེ་སྡང་དང་བཅས་པའམ། ཞེ་སྡང་དང་བྲལ་བའམ། གཏི་མུག་དང་བཅས་པའམ། གཏི་མུག་དང་བྲལ་བའམ། བསྡུས་པའམ། གཡེངས་པའམ། ཞུམ་པའམ། གཟེངས་མ་ཐོས་པའམ། རྒོད་པའམ། མི་རྒོད་པའམ། ཞི་བའམ། མ་ཞི་བའམ། མཉམ་པར་གཞག་པའམ། མཉམ་པར་མ་བཞག་པའམ། ལེགས་པར་བསྒོམ་པའམ། ལེགས་པར་མ་བསྒོམ་པའམ། རྣམ་པར་གྲོལ་བའམ། རྣམ་པར་མ་གྲོལ་བ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཁོང་དུ་ཆུད་ཅིང་ཤེས་པ་བྱུང་སྟེ། དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པའི་ཚེ། སེམས་ཀྱི་ངོ་བོ་ཅི་འདྲ་བར་འབྱུང་བར་ཤེས་པ་ནི། སེམས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་བྱ་བ་ནས། སེམས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ་ཞེས་བྱ་སྟེ། འདི་ནི་བཅུ་པའོ། །རྣལ་འབྱོར་པ་སེམས་ལ་བརྟེན་ནས་དབུགས་འབྱུང་བར་འགྱུར་བ་ལས་སེམས་ལ་བརྟེན་ནས། དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ། སེམས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱའོ། །དབུགས་རྔུབ་པ་ཡང་སེམས་ལ་བརྟེན་ནས་དབུགས་རྔུབ་པ་སྟེ། སེམས་ལ་བརྟེན་ནས་དབུགས་ཇི་ལྟར་རྔུབ་པ་ལ་དམིགས་པའི་དུས་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར་ཡང་དག་པར་ཤེས་བཞིན་དུ་དབུགས་རྔུབ་པ་ལ། སེམས་ཀྱི་འདུ་བྱེད་སོ་སོར་ཡང་དག་པར་ཤེས་བཞིན་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཅིག་པའོ། །དེ་ལྟར་


DTG207_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དགའ་བ་སོ་སོར་མྱོང་བར་གྱུར་པའམ། བདེ་བ་སོ་སོར་མྱོང་བར་གྱུར་པས། གལ་ཏེ་བརྒྱ་ལ་ཞིག་དྲན་པ་རྨོངས་པའི་རྒྱུས་བདག་ཅེའམ། བདག་ནི་བདག་གི་ཞེའམ། བདག་གི་འབྱུང་བར་འགྱུར་ཞེའམ། འབྱུང་བར་མི་འགྱུར་ཞེའམ། གཟུགས་ཅན་དུ་འགྱུར་ཞེའམ། གཟུགས་མེད་པར་འགྱུར་ཞེའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་མིན་དུ་འགྱུར་ཞེས་རྨོངས་པའི་འདུ་ཤེས་ཀྱིས་སེམས་གཡོ་བ་བྱུང་ན། མྱུར་དུ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དབུགས་འབྱུང་བ་དང་རྔུབ་པ་གཉིས་ལ་དམིགས་ཏེ། རྟོགས་པ་དེ་དག་གནས་པར་མི་བྱེད་ཅིང་རབ་ཏུ་སྤོང་བ་ལ་སེལ་བར་བྱེད་དེ། དེ་ནི་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་རྔུབ་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཉིས་པའོ། །དེ་ལྟར་བསྒོམས་པ་ལས། གལ་ཏེ་གཉིད་དང་རྨོངས་པའི་སྒྲིབ་པས་སེམས་ནོན་པར་གྱུར་ཏེ། སེམས་མི་གསལ་བར་གྱུར་པ་ན། སེམས་དགའ་བ་དང༌། གསལ་བར་གྱུར་པའི་དམིགས་པ་འགའ་ཞིག་ལ་དམིགས་ནས། སེམས་གཟེངས་བསྟོད་པ་དང༌། དགའ་བར་བྱ་སྟེ། ཡང་དམིགས་པའི་ཕྱི་ནང་དུ་རྒྱུ་བ་དམིགས་པའི་ཚེ་ན་ནི། བདག་གི་སེམས་མངོན་པར་དགའ་སྟེ། དབུགས་རྔུབ་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གསུམ་པའོ། །དེ་ལྟར་དམིགས་པ་དེ་ལ་བརྟེན་པ་མང་བ་དང༌། སྒོམ་པ་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་ལ་དམིགས་པ་ཉིད་ལ་མང་དུ་བྱ་བ་མང་བས། རྨུགས་པ་དང་རྒོད་པ་ལ་སོགས་པའི་སྒྲིབ་པ་མངོན་དུ་རྒྱུ་བ་རྣམས་རིང་དུ་བྱས་པར་འགྱུར་ཏེ། བདག་གི་སྒྲིབ་པ་རྣམས་བསལ་ཞེས་པ་ན་ནི། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུགས་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །འདི་ནི་བཅུ་བཞི་པའོ། །གལ་ཏེ་དེ་ལྟར་བསྒོམ་པའི་ཚེ་རྒོད་སྒྲིབ་པ་དང༌། ཐེ་ཚོམ་གྱི་སྒྲིབ་པས་བསྒྲིབས་པར་གྱུར་པ་


DTG207_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་དབུགས་འབྱུང་བ་དང་རྔུབ་པ་གཉིས་ལ་དམིགས་ནས་སེམས་མངོན་པར་བསྡུས་ཏེ་ནང་དུ་འཇོག་པར་བྱེད་ཅིང་ཞི་བར་བྱེད། སེམས་རྩེ་གཅིག་ཏུ་འཇོག་པའི་དུས་ན་ནི། བདག་གི་སེམས་མཉམ་པར་གཞག་སྟེ། དབུགས་འབྱུང་བ་ལ་ཞེས་བྱ་བ་ནས། བདག་གི་སེམས་མཉམ་པར་གཞག་སྟེ། དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་སྟེ། འདི་ནི་བཅོ་ལྔ་པའོ། །དེ་སྒྲིབ་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་པ་དང༌། ལྷག་མ་ལས་བསྒོམ་པའི་བར་དུ་གཅོད་པར་བྱེད་པའི་བག་ལ་ཉལ་ལྷག་མ་ལུས་པར་གྱུར་ཏེ། དེ་དག་སྤང་བར་བྱ་བའི་ཕྱིར་བདེན་པ་བཞི་བསྒོམ་པའི་ལམ་མངོན་དུ་བྱེད་དོ། །དེ་ཡང་འདི་ལྟར་བྱེད་དེ། འདུ་བྱེད་རྣམས་མི་རྟག་པའི་ཆོས་སོ་ཞེས་སྡུག་བསྔལ་གྱི་བདེན་པ་ལ་དང་པོར་རྟོགས་ཏེ། དེ་བས་ན་དེ་བཞིན་དུ་མི་རྟག་པར་ལྟ་བ་དང༌། ཞེས་གསུངས་སོ། །རྣལ་འབྱོར་པ་དེས་སྔར་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ལ་བརྟེན་པ་དང༌། མི་ཐོས་སུ་མི་རུང་བ་ལ་བརྟེན་ནས་ཞི་གནས་ལ་གོམས་པར་བྱས་སོ། །ད་ནི་མི་རྟག་པ་དང་རྗེས་སུ་མཐོང་བས་ན། ལྷག་མཐོང་གོམས་པར་བྱེད་པ་ཡིན་ནོ། །དེ་ལྟར་དེའི་སེམས་ནི། ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱས་པས། དེའི་འོག་ཏུ་ཁམས་གསུམ་ལ་མོས་པར་བྱེད་དེ། ཁམས་གསུམ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང༌། འགོག་པའི་ཁམས་དང༌། སོ་སོར་སྤོང་བའི་ཁམས་སོ། །དེ་ལ་བསྒོམ་པས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤང་བ་ལ་མོས་པ་ནི། འདོད་ཆགས་དང་བྲལ་བར་ལྟའོ། །ཕུང་པོ་ཐམས་ཅད་སྤང་བ་ལ་མོས་པ་ནི་འགོག་པ་ལ་ལྟ་སྟེ། མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤང་བ་ལ་མོས་པ་ནི། སོ་སོར་སྤོང་བར་ལྟ་བ་ཞེས་བྱ་སྟེ། དབུགས་འབྱུང་བ་དང་རྔུབ་པའི་ཚེ་དེ་ལྟར་རྨོངས་པ་སྐྱེས་པ་ནི། དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱའོ། །ཡང་


DTG207_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་བསྔལ་གྱི་ཕུང་པོ་ལ་འཇིག་པའི་ཆོས་ཅན་དུ་ལྟ་བ་ནི་མི་རྟག་པར་ལྟ་བའོ། །ཀུན་འབྱུང་ལ་སྤང་བར་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འདོད་ཆགས་དང་བྲལ་བར་ལྟ་བའོ། །འགོག་པ་ལ་མངོན་དུ་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འགོག་པར་ལྟ་བའོ། ལམ་གྱི་བདེན་པ་ནི་ཉོན་མོངས་པ་སྤོང་བར་བྱེད་པའོ་ཞེས་ལྟ་བ་ནི། སོ་སོར་སྤོང་བར་ལྟ་བ་ཞེས་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྒོམ་པ་བསྟན་པའི་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་གོ་ཞེས་བྱ་བ་གསུངས་སོ། །དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྟན་པའི་འོག་ཏུ། རྒྱུན་དུ་ཞུགས་པའི་ཡན་ལག་བཞི་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། དེ་ལ་རྒྱུན་ཅེས་བྱ་བ་ནི་འཕགས་པའི་ལམ་ལ་བྱ་སྟེ། ཆུ་བོའི་རྒྱུན་རྒྱ་མཚོར་འཇུག་པ་བཞིན་དུ། ལམ་དེས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པས་ན། ལམ་ནི་རྒྱུན་ཏོ། །ལམ་དེར་ཞུགས་པའམ། ལམ་དེ་ཐོབ་པ་ནི་རྒྱུན་དུ་ཞུགས་པ་སྟེ། ལམ་གྱི་གྲོགས་སུ་གྱུར་པའི་ཆོས་བཞི་ལ་ནི། རྒྱུན་དུ་ཞུགས་པའི་ཡན་ལག་བཞི་ཞེས་བྱ་སྟེ། འཕགས་པ་རྣམས་ཀྱི་ཀུན་ཏུ་རིག་པའི་དད་པ་བཞི་ཞེས་ཀྱང་བྱའོ། །དེ་ལ་འཕགས་པའི་ཉན་ཐོས་བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ནས། སངས་རྒྱས་ལ་རྗེས་སུ་ཤེས་ནས། དད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། རྒྱུན་དུ་ཞུགས་པའི་ཡན་ལག་དང་པོའོ། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ། ཞེས་བྱ་བ་ནས། དམ་པའི་ཆོས་ལ་དད་པ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བ་ཡན་ཆད་ནི། རྒྱུན་དུ་ཞུགས་པའི་ཡན་ལག་གཉིས་པའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེས་འདུན་ཞེས་བྱ་བ་ནས། སྐྱེས་བུ་གང་ཟག་བརྒྱད་རྣམས་སོ་ཞེས་བྱ་བ་ཡན་ཆད་ཡན་ལག་གསུམ་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་དད་པ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནས། མཁས་པ་མ་སྨད་པའི་འཕགས་པ་འདོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། ཞེས་བྱ་བ་ཡན་ཆད་ཡན་ལག་བཞི་པའོ། །འཕགས་པ་ཉན་


DTG207_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཞེས་བྱ་བ་ལ་འདོད་ཆགས་སྤང་བ་དང༌། ཞེ་སྡང་སྤང་བ་དང༌། གཏི་མུག་སྤང་བ་ལ་ཞུགས་པའི་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་སློབ་པའི་གང་ཟག་རྣམས་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྤང་བ་དང༌། དགྲ་བཅོམ་པ་མ་སློབ་པའི་འབྲས་བུ་ལ་གནས་པ་དེ་དག་ནི། འཕགས་པའི་ཉན་ཐོས་ཏེ། ཉན་ཐོས་ཀྱི་དོན་ནི་བདེན་པ་མཐོང་བར་བྱ་བ་གཞན་གྱི་ལུང་དང་མན་ངག་མཉན་པ་ལ་རག་ལུས་པས་ཉན་ཐོས་སོ། །དེ་དག་ཆོས་བཞི་ལ་དད་པ་མི་ཕྱེད་པ་སྐྱེའོ་ཞེས་བྱ་བར་སྦྱར་རོ། །རྒྱུན་དུ་ཞུགས་པའི་ཡན་ལག་དང་པོ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་དང་པོས་མདོར་བསྡུ་ན། རྣམ་པ་དྲུག་བསྟན་ཏེ་བགེགས་བཅོམ་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། གང་གིས་དེ་ཐོབ་པ་དང༌། ཇི་ལྟར་གཤེགས་པ་དང༌། སྟོན་པའི་ལས་དང༌། གང་དག་གིས་ཡོངས་སུ་གཟུང་བ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བགེགས་བཅོམ་པ་བསྟན་ཏེ། དེ་ལ་བགེགས་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་བར་ཆད་བྱེད་པའི་བདུད་སྡིག་ཅན་དང༌། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་བདུད་སྡིག་ཅན་དང༌། འདིའི་འཁོར་དུ་གཏོགས་པའི་འདོད་པའི་ཁམས་ཀྱི་ལྷའི་བུ་འཁོར་དང་བཅས་པ་རྣམས་བཅོམ་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ཇི་ལྟ་བ་བཞིན་དུ་སྨྲ་བ་དང༌། ཡང་དག་པར་བསྒྲུབ་པར་བྱ་བ་སྟེ། རྣམ་པ་གཉིས་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས། ཇི་ལྟ་བ་བཞིན་དུ་སྨྲས་པ་བསྟན་ཏེ། དེ་བཞིན་ཞེས་བྱ་བ་ནི་མ་ནོར་བའོ། །གཤེགས་པ་ཞེས་བྱ་བ་ནི་སྟོན་པའམ། སྨྲ་བ་འམ། གསུང་བ་སྟེ། དངོས་པོ་རྣམས་ཀྱི་དོན་འཕགས་པའི་བདེན་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་གསུང་ཞིང་འཆད་པས་ན་དེ་བཞིན་གཤེགས་པའོ། །ཡང་དག་པར་སྒྲུབ་པར་བྱེད་པ་ཡང་རྣམ་པ་གཉིས་ཏེ། སྤོང་བ་ཕུན་སུམ་ཚོགས་པ་སྒྲུབ་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པར་སྒྲུབ་པའོ། །དེ་ལ་དགྲ་


DTG207_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཞེས་བྱ་བས་སྤོང་བ་ཕུན་སུམ་ཚོགས་པ་སྒྲུབ་པ་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་སྤངས་པས་ན་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས་ཡེ་ཤེས་ཕུན་སུམ་ཚོགས་པ་སྒྲུབ་པ་བསྟན་ཏེ། ཡང་དག་པར་ནི་མ་ནོར་བར་རམ་ཕྱིན་ཅི་མ་ལོག་པར་རོ། །རྫོགས་པར་ནི་མ་ལུས་པའོ། །སངས་རྒྱས་ནི་མཁྱེན་པ་སྟེ། ཡང་དག་པར་སངས་རྒྱས་པ་དང༌། རྫོགས་པར་སངས་རྒྱས་ཞེས་སྦྱར་རོ། །དོན་དུ་བསྡུ་ན་ཇི་སྙེད་མཁྱེན་པར་བྱ་བའི་ཡུལ། ཕུང་པོ་དང་ཁམས་ལ་སོགས་པ་མ་ལུས་པར་མཁྱེན་ཅིང༌། དེ་ཡང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པར་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཡེ་ཤེས་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཡང་ན་རྣམ་པ་གསུམ་གྱིས་སྟོན་པ་ཕུན་སུམ་ཚོགས་པར་སྟོན་ཏེ། རྣམ་པ་གསུམ་ནི་ཕྱིན་ཅི་མ་ལོག་པར་སྨྲ་བ་དང༌། ཉོན་མོངས་པ་མེད་པ་དང༌། ཤེས་བྱ་བརྗོད་པར་བྱ་བ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པའོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས་ཕྱིན་ཅི་མ་ལོག་པར་སྨྲ་བ་བསྟན་ཏེ། ཤེས་བྱའི་དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པའོ། །དགྲ་བཅོམ་པ་ཞེས་བྱ་བས་ཉོན་མོངས་པ་མེད་པ་བསྟན་ཏེ། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དགྲ་ལྟ་བུར་གྱུར་པ་སྤངས་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས། ཤེས་བྱ་བརྗོད་པར་བྱ་བ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པ་བསྟན་ཏེ། ཇི་སྙེད་དུ་ཤེས་པར་བྱ་བ་ཡོད་པའི་དངོས་པོ་ཐམས་ཅད་མ་ལུས་པ་དང༌། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །རིག་པ་དང་རྐང་པར་ལྡན་པ་ཞེས་བྱ་བས་གང་གིས་གཤེགས་པ་བསྟན་ཏེ། དོན་དུ་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གནས་སུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་ཡང་དག་པའི་ལྟ་བ་ལ་རིག་པ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བས་འཕགས་པའི་བདེན་པ་བཞི་ཡང་དག་པ་


DTG207_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ལ་སོགས་པ་ཡན་ལག་ལྷག་མ་བདུན་རྣམས་ལ་ནི་རྐང་པ་ཞེས་བྱ་སྟེ། དོན་དུ་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གནས་སུ་སོང་ངོ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པར་བཤད་ལ། ཡན་ལག་ལྷག་མ་རྣམས་ཅིའི་ཕྱིར་རྐང་པར་བཤད་ཅེ་ན། དཔེར་ན་མིག་མེད་དེ་མ་མཐོང་བ་དང༌། རྐང་པ་མེད་དེ་འགྲོ་མ་ནུས་པས་གང་ཡང་མི་ཕྱིན་གྱི་མིག་གིས་མཐོང་ལ་རྐང་པ་ཡོད་ན། གདོད་འགྲོ་ནུས་པ་བཞིན་དུ། ཡང་དག་པའི་ལྟ་བས་བདེན་པ་བཞི་མཐོང་ལ། ཇི་ལྟར་མཐོང་བ་བཞིན་དུ། ཡན་ལག་ལྷག་མ་རྣམས་ཀྱིས་བསྒྲུབས་ན། གདོད་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་རོ། །ཡང་ན་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ནི། རིག་པ་ཞེས་བྱའོ། །ལྷག་པའི་སེམས་ཀྱི་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནི། རྐང་པ་ཞེས་བྱ་བ་སྟེ། དེ་ལྟར་བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་སོང་ངོ་ཞེས་བསྟན་པ་ཡིན་ནོ། །བརྒལ་བ་དང༌། གསུང་རབ་གཞན་ལས་ནི་ཚུལ་ཁྲིམས་ལ་བརྟེན་ནས། ཏིང་ངེ་འཛིན་འགྲུབ། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་འགྲུབ་སྟེ། དེ་བས་ན་ཚུལ་ཁྲིམས་དང་པོར་སྨོས། དེའི་འོག་ཏུ་ཏིང་ངེ་འཛིན། དེའི་འོག་ཏུ་ཤེས་རབ་བརྟེན་ན། འདིར་ཅིའི་ཕྱིར་ཤེས་རབ་དང་པོར་སྨོས། སྨྲས་པ། ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པར་འགྱུར་གྱི། ཤེས་རབ་མེད་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དག་པར་མི་འགྱུར་པས་ཤེས་རབ་སྔར་སྨོས་སོ། །དཔེར་ན་མིག་གིས་བལྟས་ནས་རྐང་པས་འགྲོ་བ་བཞིན་དུ། ཤེས་རབ་མིག་དང་འདྲ་བས་བརྟགས་ནས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྐང་པ་ལྟ་བུར་གྱུར་པས་འགྲོ་བར་བྱེད་པས་ན། བསླབ་པ་གསུམ་ལ་རིག་པ་དང་རྐང་པར་ལྡན་པ་ཞེས་བྱའོ། །ཡང་ན་མི་སློབ་པའི་རིག་པ་གསུམ་


DTG207_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིག་པ་ཞེས་བྱ་བ་སྟེ། རིག་པ་གསུམ་ནི་སྔོན་གྱི་གནས་ཤེས་པའི་རིག་པ་ཞེས་བྱ་བ་དང༌། འཆི་འཕོ་བ་ཤེས་པའི་རིག་པ་དང༌། ཟག་པ་ཟད་པ་ཤེས་པའི་རིག་པའོ། །ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་དང་ལྷག་མ་རྣམ་པ་གསུམ་སྟེ། སེམས་ཀྱི་རྣམ་གྲངས་ཤེས་པ་དང༌། འཕྲུལ་གྱི་མིག་དང༌། འཕྲུལ་གྱི་རྣ་བ་སྟེ། ཆོས་ལྔ་ལ་ཞབས་ཞེས་བྱའོ། །དེ་ལྟར་རིག་པ་གསུམ་ལ་སོགས་པ་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་སོ། །ཞེས་བསྟན་པ་ཡིན་ནོ། །འདི་ཡང་ཆད་དུ་བཅོམ་ལྡན་འདས་བདག་གི་དོན་ཕུན་སུམ་ཚོགས་པ་དང་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནས་རྫོགས་པའི་སངས་རྒྱས་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །རིག་པ་དང་རྐང་པར་ལྡན་པས་དེའི་རྒྱུ་བསྟན་ཏོ། །བདེ་བར་གཤེགས་པ་ཞེས་བྱ་བས་ཇི་ལྟར་ཤེས་པ་བསྟན་ཏེ། དེ་ལ་རིམས་ནད་ཤིན་ཏུ་བྱང་བ་སླར་མི་ལྡོག་པ་བཞིན་དུ། སླར་འཁོར་བར་ལྡོག་པ་མེད་པར་ཤིན་ཏུ་གཤེགས་པས་ན་བདེ་བར་གཤེགས་པའོ། །ཡང་ན་མར་གྱིས་གང་བའི་བུམ་པ་བཞིན་དུ་ཤེས་བྱ་ཇི་སྙེད་ཐུགས་སུ་ཆུད་ལ། སྒྲིབ་པ་ཇི་སྙེད་སྤང་བར་བྱ་བ་ཀུན་མ་ལུས་པར་སྤངས་ཏེ། ཇི་སྲིད་དུ་ཕྱིན་པར་བྱ་བ་ལེགས་པར་གཤེགས་པས་ན། བདེ་བར་གཤེགས་པ་ཞེས་བྱའོ། །བཤད་པ་གཉིས་ཀྱི་མདོར་ན། བཅོམ་ལྡན་འདས་ཕྱི་རོལ་པའི་དོན་དང་འདོད་ཆགས་དང་བྲལ་བ་རྣམས་དང༌། དེ་ལས་གཞན་དགྲ་བཅོམ་པ་རྣམས་ལས་ཁྱད་པར་དུ་གྱུར་པར་སྟོན་ཏོ། །དེ་ལ་རིམས་ནད་བྱང་བ་བཞིན་དུ་སླར་མི་ལྡོག་པར་གཤེགས་པས་ནི། ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ལས་ཁྱད་ཞུགས་པར་སྟོན་ཏེ། མུ་སྟེགས་ལ་སོགས་པའི་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་དང་ཐང་ཅིག་བྲལ་ཡང་སླར་ཁམས་གསུམ་དུ་ལྡོག་པས་མི་ལྡོག་པ་མ་ཡིན་པའི་ཕྱིར་རོ། །བུམ་པ་གང་བ་བཞིན་དུ་ལེགས་པར་གཤེགས་པས་དགྲ་བཅོམ་པ་ལས་ཁྱད་པར་དུ་གྱུར་པར་སྟོན་ཏེ། དགྲ་བཅོམ་པ་ལ་སོགས་པ་ཕྱིར་མི་ལྡོག་པ་ཡིན་ཡང༌། ཤེས་


DTG207_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐམས་ཅད་མ་རྟོགས་ཤིང༌། བག་ཆགས་ཀུན་ཀྱང་མ་ལུས་པར་མ་སྤངས་པས་ལེགས་པར་གཤེགས་པ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་རིག་པ་ཞེས་བྱ་བ་ལ་སོགས་པ་སྟོན་པའི་ལས་བསྟན་ཏེ། སྟོན་པའི་ལས་ཀྱང་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་སྐལ་བ་ཡོད་པ་དང༌། སྐལ་བ་མེད་པའི་འཇིག་རྟེན་ལས་གཟིགས་པ་དང༌། འདུལ་བར་བྱ་བ་ལ་འདུལ་བར་བྱེད་པའོ། །འཇིག་རྟེན་རིག་པ་ཞེས་བྱ་བས། སྐལ་བ་ཡོད་པ་དང་སྐལ་བ་མེད་པའི་འཇིག་རྟེན་ལས་གཟིགས་པ་བསྟན་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ཀྱི་འཇིག་རྟེན་རྣམས་ལ་བརྟགས་ནས། སེམས་ཅན་འདི་ནི་གྲོལ་བའི་སྐལ་བ་ཡོད་པ། འདི་ནི་གྲོལ་བའི་སྐལ་བ་མེད་པའོ་ཞེས་མཁྱེན་པའི་ཕྱིར། འཇིག་རྟེན་རིག་པ་ཞེས་བྱའོ། །བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཞེས་བྱ་བས། སྐལ་བ་ཡོད་པར་འདུལ་བར་བྱེད་པ་བསྟན་ཏོ། །དེ་ལྟར་མཁྱེན་ནས་སེམས་ཅན་སྐལ་པ་ཡོད་པ་རྣམས་འཕགས་པའི་ལམ་ལ་བཀོད་དེ། འདུལ་བར་བྱེད་པས་ན། སྐྱེས་བུ་འདུལ་བའོ། །དེ་ལ་འདུལ་བར་འོས་པའམ། འདུལ་བར་ནུས་པ་ནི་གདུལ་བའོ། །ཁ་ལོ་སྒྱུར་བ་དང་འདྲ་བས་ཁ་ལོ་སྒྱུར་བ་སྟེ། དཔེར་ན་རྟ་འདུལ་བའི་ཁ་ལོ་སྒྱུར་བ། རྟའི་གཡོ་སྐྱོན་རྣམས་མེད་པར་བྱས་ནས་བཏུལ་ཏེ། ལམ་བདེ་བ་ལ་འཛུད་པར་བྱེད་པ་བཞིན་དུ། འདིས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཏུལ་ནས། ཡང་དག་པའི་ལམ་ལ་བཀོད་པས་ཁ་ལོ་སྒྱུར་བའོ། །དེ་ལ་ཡང་གདུལ་དཀའ་བ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་དང༌། དགའ་བོ་དང་སོར་ཕྲེང་ལ་སོགས་པ་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གི་ཤས་ཆེ་སྟེ། གདུལ་དཀའ་བ་རྣམས་བཏུལ་ནས་གནས་ཀྱི་མཆོག་མྱ་ངན་ལས་འདས་པར་འཇོག་པར་བྱེད་པས་ན། བླ་ན་མེད་པ་སྐྱེས་བུ་འདུལ་བ་ཞེས་བྱའོ། །དེ་ལ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་ནི་གཏི་མུག་གི་ཤས་ཆེ་བའོ། །དགའ་བོ་ནི་འདོད་ཆགས་ཀྱི་ཤས་ཆེ་བའོ། །སོར་ཕྲེང་ནི་ཞེ་སྡང་གི་ཤས་ཆེ་བའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་གང་གིས་ཡོངས་སུ་གཟུང་བ་བསྟན་ཏེ། དེ་


DTG207_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་བསྟན་པ་གང་གིས་ཡོངས་སུ་གཟུང་ཞེ་ན། ལྷ་དང་མིས་གཟུང་སྟེ། བྱོལ་སོང་ལ་སོགས་པ་ཡང་ཆོས་འཆད་པའི་སྒྲ་ཐོས་པས་མཐོ་རིས་ལ་སོགས་པར་འཇོག་མོད་ཀྱི། འཕགས་པའི་བདེན་པ་ཁོང་དུ་ཆུད་པ་དང༌། དགེ་སྦྱོང་གི་འབྲས་བུ་ཐོབ་པའི་སྣོད་དུ་ནི་ལྷ་དང་མི་རྣམས་གྱུར་པས་ན། དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །གོང་དུ་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པ་དེ་དངོས་སུ་སུ་ཞིག་ཡིན་ཞེ་ན། དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བར་གསུངས་ཏེ། གོང་དུ་དེ་ཡང་ཞེས་བྱ་བའི་སྒྲ་འདིར་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་སོགས་པའི་ཡོན་ཏན་སྨོས་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མ་རིག་པའི་གཉིད་ལས་སད་ཅིང༌། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །ཡོན་ཏན་དྲུག་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཏེ། ཡོན་ཏན་དྲུག་ནི་ཇི་སྐད་དུ། ཕྱུག་པ་ཕུན་སུམ་ཚོགས་པ་དང༌། གཟུགས་བཟང་བ་དང༌། གྲགས་པ་དང༌། དཔལ་དང་ཡེ་ཤེས་དང་ནི་འབད་པ་སྟེ། དྲུག་པོ་རྣམས་ལ་ལྡན་ཞེས་བཤད་ཅེས་གསུངས་སོ། །སངས་རྒྱས་སུ་ཤེས་ནས་དད་པ་དང་ལྡན་པ་ཡིན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གོང་དུ་བཤད་པའི་ཡོན་ཏན་དང་ལྡན་པར་ཤེས་ནས། དེ་བཞིན་དུ་དེ་ལ་དང་བ་དང་ཡིད་ཆེས་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །རྒྱུན་དུ་ཞུགས་པའི་ཡན་ལག་གཉིས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་རྣམས་ཀྱིས་གསུངས་པའི་ཆོས་ནི་དམ་པའི་ཆོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པའི་ཕྱིར་རོ། །སྡུག་བསྔལ་བའི་མཐའ་དང་བདེ་བ་ལ་ཀུན་ཏུ་ཆགས་པའི་མཐའ་སྤངས་པ་མཐའ་གཉིས་དང་བྲལ་བ་སྟོན་པ་དང༌། མི་སླུ་བ་དང༌། མི་འཁྲུལ་བ་དང༌། ཐོག་མ་དང༌། བར་དང༌། ཐ་མར་དགེ་བའི་ཆོས་ཤ་སྟག་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་


DTG207_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །ཡང་ན་རྣམ་པ་བཅུས་ན། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས་བྱ་སྟེ། རྣམ་པ་བཞི་ནི་ཡང་དག་པས་བསྐྱེད་པ་དང༌། དབང་དུ་བྱས་པ་དང༌། རབ་ཏུ་འཇུག་པ་དང༌། རབ་ཏུ་བསྒྲགས་པ་དང༌། རབ་ཏུ་ཕྱེ་བ་དང༌། བརྟེན་པ་དང༌། རྣམ་པར་རིག་པ་དང༌། རབ་ཏུ་བཏགས་པ་དང༌། དུས་དང་ཡོན་ཏན་ཡོངས་སུ་འཛིན་པའོ། །དེ་ལ་ཡང་དག་པས་བསྐྱེད་པ་ནི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ནས། ཤེས་བྱ་མཐའ་དག་ཐུགས་སུ་ཆུད་དེ། མངོན་པར་བྱང་ཆུབ་ནས་བཤད་པའི་ཕྱིར་རོ། །དབང་དུ་བྱས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་ནས་གསུངས་པའི་ཕྱིར་རོ། །རབ་ཏུ་འཇུག་པ་ནི་བར་འགའ་བར་འགའ་ཙམ་བཤད་པ་མ་ཡིན་གྱི། རྒྱུན་མ་ཆད་པར་བཤད་པའི་ཕྱིར་རོ། །རབ་ཏུ་བསྒྲགས་པ་ནི་ཁ་ཅིག་མི་འཆད་པ་དང༌། ཁ་ཅིག་ལ་འཆད་ཁ་ཅིག་ལ་མི་འཆད་པ་ལྟ་བུ་མ་ཡིན་གྱི། སློབ་དཔོན་འཆབ་པ་མེད་པར་ཀུན་ལ་འཆད་པའི་ཕྱིར་རོ། །རབ་ཏུ་ཕྱེ་བ་ནི་སེམས་ཅན་སོ་སོའི་བསམ་པ་དང་སྦྱར་ནས། དེ་དང་མཐུན་མཐུན་དུ་ཆོས་སྟོན་པའི་ཕྱིར་ཏེ། འདོད་ཆགས་ཅན་ལ་མི་གཙང་བ། ཞེ་སྡང་ཅན་ལ་བྱམས་པ་སྟོན་པ་ལ་སོགས་པའོ། །བརྟེན་པ་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་ལ་ཡང་དག་པར་བརྟེན་ནས་འཆད་པའི་ཕྱིར་རོ། །རྣམ་པར་རིག་པ་ནི་གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཚད་མེད་པར་གོ་ཞིང་རིག་པར་མཛད་པ་དང༌། ཉེ་རིང་མེད་པར་འཁོར་གྱི་དཀྱིལ་འཁོར་ཇི་སྙེད་རྣམས་ལ་ཤེས་ཤིང་རྣམ་པར་རིག་པར་མཛད་པའི་ཕྱིར་རོ། །བཏགས་པ་ནི་མཐའ་གཉིས་དང་བྲལ་བའི་ལམ་སྟོན་པའི་ཕྱིར་ཏེ། མཐའ་གཉིས་ནི་མུ་སྟེགས་ཀྱི་དཀའ་ཐུབ་པ་ལ་སོགས་པ་སྡུག་བསྔལ་གྱི་མཐའ་དང༌། འདོད་པའི་འདོད་ཆགས་ལ་ཞེན་པ་ལ་སོགས་པ་བདེ་བའི་མཐའ་ལ་ཞེན་པ་སྤངས་པའོ། །དུས་ནི་ཡོངས་སུ་སྨིན་པའི་འབུལ་བ་རྣམས་ཀྱི་དུས་དང་སྦྱར་ནས་སྟོན་པར་མཛད་པའི་ཕྱིར་རོ། །ཡོན་ཏན་ཡོངས་སུ་འཛིན་པ་ནི་ཆོས་འཆད་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་འཆད་པར་མཛད་པའི་ཕྱིར་རོ། །ལྟ་བའི་ཆོས་ལ་འབྱུང་བ་ཞེས་


DTG207_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཆོས་འདི་མངོན་སུམ་དུ་བྱ་བའི་དོན་ཡིན་ཏེ། ཚད་མས་ཐོག་ཏུ་བབ་པ་ཡིན་གྱི། མུ་སྟེགས་ཀྱི་ཆོས་བཞིན་དུ་རུང་ཡང་རུང་མ་རུང་ཡང་མ་རུང་དད་པ་ཙམ་གྱིས་གཟུང་བར་བྱ་བ་མ་ཡིན་པས་ལྟ་བའི་ཆོས་ལ་འབྱུང་བ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དེ་སྤང་བའི་གཉེན་པོར་གྱུར་པས་ན་ནད་མེད་པའོ། །སྤངས་ནས་ཉམས་པའི་དུས་མེད་པ་སྟེ། འཇིག་རྟེན་པའི་ལམ་གྱི་ཉོན་མོངས་པ་སྤངས་པས་ནི་དུས་ཕྱིས་ཇི་སྲིད་ཅིག་ལོན་ནས་ཉམས་པར་འགྱུར་གྱི། འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་སྤངས་པས་ནི། ལན་ཅིག་སྤངས་ནས་ཕྱིས་ནམས་ཀྱང་ཉམས་པའི་དུས་མེད་པའི་ཕྱིར་དུས་མེད་པའོ། །ཡང་ན་ཡང་དག་པའི་སྦྱོར་བ་ལ་ཞུགས་པ་རྣམས་དུས་རིང་པོ་མི་ཐོགས་པར་ཁྱད་པར་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་དུས་མེད་པ་སྟེ། དེའི་ཕྱིར་མདོ་གཞན་དག་ལས་དགེ་སློང་དག་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སྦྱོར་བ་ནི། འདོད་པའི་ཟག་པ་སྐྱེས་པ་མི་སྐྱེ། སྐྱེས་པ་རྣམས་མྱུར་དུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །ཉེ་བར་འདྲེན་པ་ཞེས་བྱ་བ་ལ་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་འབྱུང་བ་འཐོབ་པའམ། མྱ་ངན་ལས་འདས་པ་འཐོབ་པར་བྱེད་ཅིང་གནས་དེར་འདྲེན་པར་བྱེད་པས་ན། ཉེ་བར་འདྲེན་པ་སྟེ། དེ་ལ་གོམས་པར་བྱས་ནས་རིམ་གྱིས་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། །འདི་ལ་མཐོང་ཞེས་བྱ་བ་ནི། ཆོས་འདི་ལྟ་བུ་འདི་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་པ་ལ་སོགས་པ་ལ་མེད་དེ། གཞན་དང་ཐུན་མོང་མ་ཡིན་པས་ན། འདི་ལས་མཐོང་བ་ཞེས་བྱ་སྟེ། ཆོས་དེ་ལྟ་བུ་ནི་སངས་རྒྱས་པའི་ཆོས་འདི་འབའ་ཞིག་ལ་ཡོད་པར་མཐོང་གི །མུ་སྟེགས་ལ་སོགས་པའི་ལྟ་བ་གཞན་ལ་མེད་པའི་ཕྱིར་རོ། །མཁས་པ་རང་གིས་རིག་པ་ཞེས་བྱ་བ་ནི་ཆོས་དེ་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང༌། རྟོག་གེ་པ་རྣམས་ཀྱིས་རྟོགས་པར་མི་འགྱུར་ཞིང༌། མཁས་པ་རྣམས་ནང་གི་རང་ཉིད་ཀྱི་ཡེ་ཤེས་ཀྱིས་མཐོང་ཞིང་ཤེས་པར་འགྱུར་བ་ཡིན་པས་ན་


DTG207_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རང་གིས་རིག་པ་ཞེས་བྱའོ། །ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར། རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་མཐོ་བ་དང༌། གཟུགས་བཟང་བ་དང༌། ནད་མེད་པ་དང༌། ཚེ་རིང་བ་ལ་ཆགས་ཤིང་སྙེམས་པ་སེལ་བར་བྱེད་པས་ན། རྒྱགས་པ་མེད་པར་བྱེད་པའོ། །འདོད་པ་མེད་པར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་ཆགས་པ་སྤོང་བར་བྱེད་པའི་ཕྱིར་རོ། །གནས་ཀུན་འཇོམས་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཉོན་མོངས་པའི་རྟེན་གྱི་ཕུང་པོ་ལྔ་འདོར་བའི་ཐབས་སུ་གྱུར་བའི་ཕྱིར་རོ། །ཡང་ན་ཉོན་མོངས་པའི་བག་ལ་ཉལ་བ་ཀུན་སྤོང་བར་བྱེད་པས་ན་གནས་ཀུན་འཇོམས་པར་བྱེད་པའོ། །ལམ་རྒྱུད་ལྔར་སྐྱེ་བའམ། ཚེ་རབས་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་སྐྱེ་བའི་ཚེའི་རྒྱུན་གཅོད་པར་བྱེད་པས་ན། ལམ་གཅོད་པའོ། །བདག་གི་དངོས་པོ་མེད་པར་སྟོན་པས་ན་སྟོང་པ་ཉིད་དོ། བདག་ཅེས་བྱ་བ་ཡང་མི་འགྲུབ་པར་སྟོན་པས་ན་མི་དམིགས་པའོ། །ཚེ་རབས་གཞན་གྱི་ལུས་དང་ལོངས་སྤྱོད་ལ་ཆགས་པ་སྤོང་བའི་རྒྱུར་གྱུར་བས་ན་སྲིད་པ་ཟད་པའོ། །ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་ཆགས་པ་ཡང་སྤོང་བར་བྱེད་པས་ན། འདོད་ཆགས་དང་བྲལ་བའོ། །ཉོན་མོངས་པ་དང་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ཡིན་པས་ན། འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་ན་ཆོས་རྣམ་པ་གསུམ་སྟེ། བཤད་པའི་ཆོས་དང༌། སྒྲུབ་པའི་ཆོས་དང༌། འབྲས་བུའི་ཆོས་སོ། །དེ་ལ་དམ་པའི་ཆོས་ལེགས་པར་གསུངས་པ་ཞེས་བྱ་བ་ནས། མཁས་པ་རང་གིས་རིག་པ་ཞེས་བྱ་བ་ཡན་ཆད་ཀྱིས་བཤད་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །འདི་ལྟར་རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བ་ནས། འདོད་ཆགས་དང་བྲལ་བ་ཞེས་བྱ་བས་བསྒྲུབ་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །འགོག་པ་མྱ་ངན་ལས་འདས་པ་ཞེས་བྱ་བས་འབྲས་བུའི་ཆོས་བསྟན་ཏོ། །ཆོས་རྣམས་ལ་ཡོན་ཏན་དེ་དག་དང་ལྡན་པར་དད་པ་བརྟེན་ཞིང་ཡིད་ཆེས་པར་གྱུར་པ་ནི། དམ་པའི་ཆོས་ལ་དད་པ་དང་ལྡན་པ་ཞེས་བྱའོ། །དེས་ནི་སངས་རྒྱས་ཀྱི་ཆོས་འདི་མུ་སྟེགས་ལ་སོགས་པའི་


DTG207_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལས་ཁྱད་པར་དུ་གྱུར་པ་སྟོན་ཏེ། ཇི་ལྟ་ཞེ་ན། དེ་དག་གི་ཆོས་ནི་ཕྱིན་ཅི་ལོག་ཏུ་བཤད་པས་ན། ལེགས་པར་བཤད་པ་མ་ཡིན་པའོ། །དད་པའི་རྗེས་སུ་འབྲང་བ་ཙམ་དུ་ཟད་ཀྱི། ཚད་མས་བརྟག་ཏུ་མི་བཟོད་པས་ན། ལྟ་བའི་ཆོས་ལ་འབྱུང་བ་མ་ཡིན་པའོ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་མ་ཡིན་པས་ན་ནད་མེད་པ་མ་ཡིན་པའོ། །ཕྱིས་ཉམས་པར་འགྱུར་བས་ན་དུས་མེད་པ་མ་ཡིན་པའོ། །མྱ་ངན་ལས་འདས་པའི་གནས་ཐོབ་པར་མི་བྱེད་པས་ན་ཉེ་བར་འདྲེན་པ་མ་ཡིན་ནོ། །མུ་སྟེགས་པ་རྣམས་ཀྱི་ཆོས་ནི་ཕན་ཚུན་ཐུན་མོང་དུ་གྱུར་པས་ན་འདི་ལ་མཐོང་བ་མ་ཡིན་ནོ། །དེ་དག་གི་ཆོས་རྟོག་གེའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས། མཁས་པ་རང་གིས་རིག་པ་མ་ཡིན་པའོ། །རིགས་དང་གཟུགས་ལ་སོགས་པ་ལ་ཆགས་པ་མི་སེལ་བས་ན་རྒྱགས་པ་མེད་པ་མ་ཡིན་ནོ། །འདོད་པའི་ཡོན་ཏན་ལ་ཆགས་པ་སེལ་བར་མི་བྱེད་པས་ན་འདོད་པ་མེད་པར་བྱེད་པ་མ་ཡིན་ནོ། །ཕུང་པོ་ལྔ་སྤོང་བར་མི་བྱེད་པས་ན་གནས་འཇོམས་པ་མ་ཡིན་ནོ། །ལམ་རྒྱུད་ལྔ་དང་ཚེའི་རྒྱུན་གཅོད་པར་མི་བྱེད་པས་ན། ལམ་གཅོད་པ་མ་ཡིན་ནོ། །བདག་གི་ཡོད་པར་སྟོན་པས་ན་སྟོང་པ་ཉིད་མ་ཡིན་ནོ། །བདག་ཡོད་པར་སྟོན་པས་ན་མི་དམིགས་པར་སྟོན་པ་མ་ཡིན་ནོ། །མ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ཆགས་པའི་གཉེན་པོ་མི་བྱེད་པས་ན། སྲེད་པ་ཟད་པ་མ་ཡིན་ནོ། །ད་ལྟར་གྱི་ཕུང་པོ་ཡོ་བྱད་ལ་ཆགས་པ་སྤོང་བར་མི་བྱེད་པས་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པའི་ལམ་མ་ཡིན་པས་འགོག་པ་མྱ་ངན་ལས་འདས་པ་ཞེས་མི་བྱའོ། །ཡང་ན་གཞན་སྔར་བཤད་པར་ཟད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དུས་གང་གིས་བསྒྲུབས་ཀྱང་བསྒྲུབ་པར་རུང་སྟེ། བསྒྲུབ་པའི་དུས་མེད་པས་ན་དུས་མེད་པའོ། །བསྒྲུབ་སླ་ཞིང་བསྒྲུབ་ཏུ་རུང་བར་ཡང་ཇི་ལྟར་དགེ་བསྙེན་མགོན་མེད་ཟས་སྦྱིན་གྱིས་བཤད་པ་སངས་རྒྱས་ཀྱི་ཆོས་ནི་འགྲོ་བ་ན་ཡང་བླ། འདུག་པ་ན་ཡང་བླ། ཉལ་བ་ན་ཡང་བླ། འཆག་པ་ན་ཡང་བསྒྲུབ་བླའོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མུ་སྟེགས་ཀྱིས་བཤད་པའི་ཆོས་ནི་རྒྱལ་རིགས་དང༌། བྲམ་ཟེ་ལ་བཤད་ཀྱི་དམངས་རིགས་ལ་


DTG207_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་མི་བྱའོ་ཞེས་ཀུན་ལ་མི་འཆད་པའི་ཕྱིར་འཆབ་པ་ཡོད་ཀྱི། དམ་པའི་ཆོས་ནི་རིགས་བཞི་ཅར་ལ་ཡང་འཆབ་པ་མེད་པར་སྐབས་སུ་ཕྱེ་སྟེ་བསྟན་པས་འདི་ལ་མཐོང་ངོ་ཞེས་བྱ་སྟེ། བདེ་རེ་ལྟོས་ཞེས་སློབ་དཔོན་འཆབ་པ་མེད་པར་སྟོན་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་ཡན་ལག་གསུམ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ནི་བཅོམ་ལྡན་འདས་ཀྱི་དགེ་འདུན་གྱི་ཡོན་ཏན་ཏེ། ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ནི། མདོ་ཙམ་དུ་བསྟན་པའོ། །རིགས་པ་ལ་རབ་ཏུ་ཞུགས་པ་ལ་སོགས་པ་ནི་ཇི་ལྟར་ཤིན་ཏུ་རབ་ཏུ་ཞུགས་པའི་བཤད་པའོ། །དེ་ཡང་དོན་རྣམ་པ་བཞིར་བལྟ་སྟེ། དགེ་སྦྱོང་གི་ཕྱིར་ཞུགས་པ་དང༌། དགེ་སྦྱོང་ལ་ཞུགས་པ་དང༌། དགེ་སྦྱོང་ལ་དགེ་སྦྱོང་གི་དངོས་པོར་ཞུགས་པ་དང༌། དགེ་སྦྱོང་གི་ཉེ་བར་བསྟན་པ་ལ་ཞུགས་པ་ལ་བརྩམས་ནས་བཤད་པར་རིག་པར་བྱའོ། །དེ་ལ་རིགས་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་གི་ཕྱིར་ཞུགས་པ་བསྟན་ཏེ། དགེ་སྦྱོང་གི་ཕྱིར་ནི་དགེ་སྦྱོང་གི་དོན་དུ་བྱ་བ་སྟེ། དེ་ཡང་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ལ་ཞུགས་པས་ན་རིགས་པ་ལ་ཞུགས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ལ་རིགས་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བ་དང་སྦྱོར་བའི་གཉེན་པོར་ཆོས་ནི་བླ་ན་མེད་ཀྱི། ཀྱེ་དེས་མཉེས་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དྲང་པོ་ལ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་ལ་ཞུགས་པ་བསྟན་ཏེ། དེ་ལ་དགེ་སྦྱོང་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་བྱ་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བ་དང་སྦྱོར་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་ཞུགས་པ་ནི་དྲང་པོ་ལ་ཞུགས་པའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དྲང་པོ་ཞེས་བྱ་བར་ཅིས་མངོན་ཞེ་ན། མདོ་གཞན་ལས། བདུད་རྩིའི་སྒོ་ནི་རྣམ་པར་ཕྱེ། །དྲང་པོའི་ལམ་ནི་ཤིན་ཏུ་བསྒྲགས། །ཞེས་གསུངས་པ་དང༌། ཡང་གཞན་དག་ལས། དྲང་པོ་གང་ཡིན་པ་འཕགས་པའི་ལམ་མོ། །ཡོན་པོ་གང་ཡིན་པ་སྡིག་པ་ཅན་གྱི་ལྟ་བའོ། །ཞེས་བྱའོ། །དེ་ལ་མཚུངས་པར་ཞུགས་པ་ཞེས་བྱ་བ་ནི་དགེ་


DTG207_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གི་དངོས་པོར་ཞུགས་པ་ཞེས་བྱ་བས་བསྟན་ཏེ། ཅི་ཞིག་མཚུངས་ཤེ་ན་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང༌། བྱམས་པའི་ངག་གི་ལས་དང་ལྡན་པ་དང༌། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པས་མཚུངས་པ་དང༌། ལོངས་སྤྱོད་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པའི་ཕྱིར་མཚུངས་པར་ཞུགས་པའོ། །ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ་ཞུགས་པ་གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱ་བས་དགེ་སྦྱོང་གིས་ཉེ་བར་བསྟན་པ་ལ་ཞུགས་པ་བསྟན་ཏེ། དགེ་སྦྱོང་གིས་ཉེ་བར་བསྟན་པ་ནི་དགེ་སྦྱོང་གི་དོན་དུ་བསྟན་པའི་ཆོས་ཏེ། དེ་ཡང་འདུལ་བ་དང། མདོ་སྡེ་དང༌། མངོན་པའི་ཆོས་རྣམས་སོ། །དེ་ལ་བཤད་པར་བྱ་བའི་གསུང་རབ་རྣམས་ནི་ཆོས་སོ། །བསྒྲུབ་པར་བྱ་བའི་གསུང་རབ་རྣམས་གཉེར་བའི་ཆོས་ཏེ། བཤད་པར་བྱ་བའི་གསུང་རབ་ཀྱི་ནང་ནས། ཇི་སྐད་དུ་གསུངས་པ་བཞིན་དུ་རྗེས་སུ་སྤྱོད་པར་བྱེད་པས་ན། ཆོས་ལ་རབ་ཏུ་ཞུགས་པའོ། །བསྒྲུབ་པར་བྱ་བའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་པས་ན། གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ། །དགེ་འདུན་དུ་འདུ་ཤེས་ནས་དད་པ་དང་ལྡན་ཏེ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་རྟོགས་པའི་མཐུས་འཕགས་པའི་དགེ་འདུན་ལ་ཡོན་ཏན་གོང་དུ་བཤད་པ་དང་ལྡན་པར་ཡིད་ཆེས་ཤིང་དང་བ་ནི་དགེ་འདུན་དུ་ཤེས་ནས་དད་པ་དང་ལྡན་པའོ། །ཡང་ན་དོན་གྱི་མཆོག་སྒྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང༌། ཐ་དད་པ་མེད་པར་སྒྲུབ་པ་དང༌། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབས་པ་ལ་བརྩམས་ནས། རིགས་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རིགས་པ་ལ་ཞུགས་པ་ལ་ཞེས་བྱ་བས་དོན་གྱི་མཆོག་བསྒྲུབ་པ་བསྟན་ཏེ། དོན་གྱི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། དེ་སྒྲུབ་པར་བྱེད་པའི་ཕྱིར་རིགས་པ་ལ་ཞུགས་པའོ། །དྲང་པོ་ལ་ཞེས་བྱ་བ་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་བསྟན་ཏེ། ཕྱིན་ཅི་མ་ལོག་པའི་ལམ་སྒྲུབ་པར་བྱེད་པས་ན་དྲང་པོ་ལ་ཞུགས་པའོ། །མཚུངས་པར་ཞུགས་པ་ཞེས་བྱ་བས་ཐ་དད་པ་མེད་པར་བསྒྲུབ་པ་བསྟན་ཏེ། འཕགས་པ་དགྲ་བཅོམ་པ་གཞན་དག་སྒྲུབ་པ་དེ་བཞིན་དུ་བསྒྲུབས་པས་མཚུངས་པར་ཞུགས་པའོ། །ཆོས་དང་གཉེར་


DTG207_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ལ་ཞུགས། །ཞེས་བྱ་བས་ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་ལུང་ལས་ཇི་སྐད་འབྱུང་བ་བཞིན་དུ་སྒྲུབ་པར་བྱེད་པས་ན་ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ་ཞུགས་པ་དང༌། གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་དག་ཀྱང་གང་ཟག་དངོས་གང་ཡིན་པ་བསྟན་པའི་ཕྱིར། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྒྱུན་དུ་ནི་འཕགས་པའི་ལམ་མོ། །དེ་ལ་ཞུགས་པ་ནི་རྒྱུན་དུ་ཞུགས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཏེ། སྐད་ཅིག་མ་བཅུ་དྲུག་ལ་གནས་པའོ། །མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའོ། །རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས་བྱ་བ་ནི། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ལ་གནས་པ་ཉིད་དེ། དེས་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནི། འདོད་པའི་ཁམས་ཀྱི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆུང་ངུ་དང༌། འབྲིང་པོའི་ཆེན་པོ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆུང་ངུ་སྟེ། དགུ་ལས་ཉོན་མོངས་པ་འབྲིང་པོའི་བར་ཉོན་མོངས་པ་རྣམ་པ་ལྔ་སྤང་བའི་ལམ་ལ་གནས་པའོ། །ལན་ཅིག་ཕྱིར་འོང་བའི་དགེ་འདུན་ནི་འདོད་པའི་ཁམས་ཀྱི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་སྟེ། རྣམ་པ་བརྒྱད་སྤང་བའི་ལམ་ལ་གནས་པའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ནི། འདོད་པའི་ཁམས་ཀྱི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་གཉིས་སྤང་བའི་ལམ་ལ་གནས་པའོ། །ཕྱིར་མི་འོང་བའི་དགེ་འདུན་ནི་འདོད་པའི་ཁམས་ཀྱི་བསྒོམས་


DTG207_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྟེ། རྣམ་པ་དགུ་སྤང་བའི་ལམ་ལ་གནས་པའོ། །དེ་ལྟར་འདོད་པའི་ཁམས་འདིར་འོང་བ་མེད་པར་མྱ་ངན་ལས་འདས་བས་ན། ལན་ཅིག་ཕྱིར་མི་འོང་བའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ནི། གཟུགས་ཀྱི་ཁམས་ཀྱི་རེ་རེ་ཞིང་ཉོན་མོངས་པ་དགུ་དགུར་ཕྱེ། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་ལ་ཡང་ཉོན་མོངས་པ་དགུ་དགུར་ཕྱེ་བ་ལས། སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་འབྲིང་པོ་སྟེ། རྣམ་པ་བརྒྱད་ཀྱི་བར་སྤང་བའི་ལམ་ལ་གནས་པའོ། །དགྲ་བཅོམ་པ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་སྤང་བའི་ལམ་ལ་གནས་པ་སྟེ། ཉོན་མོངས་པ་དགྲ་དང་འདྲ་བ་རྣམས་དེར་མ་ལུས་པར་བཅོམ་པ་སྟེ། མེད་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཡང་ན་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འོས་པའི་ཕྱིར་རོ། །དགྲ་བཅོམ་པ་ཞེས་བྱ་སྟེ། དེ་བས་ན་མདོ་གཞན་ལས་ཀྱང་དབང་པོ་དང་ཉེ་དབང་པོས་མཆོད་པ་དང༌། བཀུར་སྟིར་བྱ་བར་འོས་སོ་ཞེས་བྱ་བར་གསུངས་སོ། །སྐྱེས་བུ་ཟུང་བཞི་ཞེས་བྱ་བ་ནི་འཇུག་པ་བཞི་དང༌། འབྲས་བུ་ཐོབ་པ་བཞི་སྟེ། དེ་ལྟར་ན་གང་ཟག་བརྒྱད་དོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །དད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་ལས་དང་འབྲས་བུ་དང༌། བདེན་པ་རྣམས་ལ་བཟློག་པ་མེད་པའི་ཡིད་ཆེས་པ་དང་ལྡན་པས་ན། དད་པ་ཕུན་སུམ་ཚོགས་པའོ། །ཡང་ན་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་དང་ལྡན་པའི་ཕྱིར་དད་པ་ཕུན་སུམ་ཚོགས་པའོ། །ཡན་ལག་དྲུག་པའི་ཚུལ་ཁྲིམས་སམ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར། ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ། །ཐོག་མར་ཡང་དགེ །བར་དུ་ཡང་དགེ་ཞེས་བྱ་བ་ལ་སོགས་པ་མདོ་ཕལ་ཆེར་ཐོས་ཤིང་ཕྱིན་ཅི་མ་ལོག་པར་ཐོས་པས་ན། ཐོས་པ་ཕུན་སུམ་ཚོགས་པའོ། །གང་ཟག་ལ་བདག་མེད་པར་དམིགས་པའི་མཚན་ཉིད་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པས་ན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའོ། །འཕགས་པའི་བདེན་པ་བཞི་མ་ནོར་བར་ཁོང་དུ་ཆུད་པའི་ཤེས་རབ་དང་ལྡན་པས་ན།


DTG207_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕུན་སུམ་ཚོགས་པའོ། །མཐོང་བས་སྤང་བར་བྱ་བ་དང༌། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བ་དང་ལྡན་པས་ན། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པའོ། །དེའི་འོག་ཏུ་ཉོན་མོངས་པ་སྤང་བར་ཤེས་པ་དང༌། བྱ་བ་བྱས་པར་ཤེས་པ་དང༌། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་འབྱུང་བར་ཤེས་པ་དང་ལྡན་པས་ན། རྣམ་པར་གྲོལ་བའི་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་མིའི་རྒྱལ་པོ་དང་བློན་པོ་ལ་སོགས་པས་སྦྱིན་པར་བྱ་ཞིང་མཆོད་པར་བྱ་བའི་གནས་སུ་གྱུར་པས་ན། སྦྱིན་པར་འོས་པ་ཞེས་བྱའོ། །དངོས་པོ་དམ་པ་དང་བཟང་པོ་དང་མང་པོས་མཆོད་པར་འོས་པས་ན། རབ་ཏུ་སྦྱིན་པར་འོས་པའོ། །སྐབས་སྐབས་སུ་ལུས་ཀྱིས་བཏུད་ཅིང་ཐལ་མོ་སྦྱར་བའི་གནས་ཡིན་པས་ན། ཐལ་མོ་སྦྱར་བར་རུང་བ་ཞེས་བྱ་བ་དང་སྦྱར་རོ། །ལུས་སྨད་ལྔ་ས་ལ་གཏུགས་ཏེ་སྲི་ཞུའི་གནས་ཡིན་པས་ན། ཕྱག་བྱ་བར་འོས་པའོ། །བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ལ། གང་དུ་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བསྐྱུངས་ནས། ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། རྣམ་པར་ཐར་བའི་མཚན་ཉིད་ཐོབ་པར་བྱེད་པའི་ཞིང་དུ་འགྱུར་ཏེ། དེ་ལས་ཞིང་དམ་པར་གྱུར་པ་གཞན་མེད་པས་ན། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ངོ༌། །དེ་ལ་སྦྱིན་པ་ལ་སོགས་པའི་ཡོན་ཕུལ་ལམ། འཚོ་བ་སྦྱར་ཏམ། ཆོས་གོས་ལ་སོགས་པའི་ཡོ་བྱད་སྦྱར་ན། སྐད་ཅིག་མ་རེ་རེ་ཉིན་རེ་བཞིན་རྒྱུན་དུ་འཕེལ་བར་འགྱུར་བས་ན། འཇིག་རྟེན་གྱི་སྦྱིན་གནས་སུ་རུང་བ་ཞེས་བྱའོ། །འཕགས་པ་བཞེད་པའི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར། གང་ཡང་དེ་དག་ཚུལ་ཁྲིམས་མ་ཞིག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཞེས་བྱ་བ་ནི་འཕགས་པའི་དགེ་འདུན་དེ་དག་ཡོན་ཏན་གོང་དུ་བཤད་པ་དང་ལྡན་པར་མ་ཟད་ཀྱི། ཚུལ་ཁྲིམས་མ་ཞིག་པ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་དང་ཡང་ལྡན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་


DTG207_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དང༌། བག་ཡོད་པའི་ཡན་ལག་གོ །དེ་གསུམ་ཅར་ལས་ཉམས་པར་མ་གྱུར་པས་ན། ཚུལ་ཁྲིམས་མ་ཞིག་པའོ། །དེ་ལ་རང་བཞིན་གྱི་སྡིག་པ་ཕས་ཕམ་པ་རྣམས་མི་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་གོ །སྐྲ་འབྲེག་པ་དང༌། གོས་ངུར་སྨྲིག་གྱོན་པ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ །ཆང་མི་བཏུང་བ་ནི་བག་ཡོད་པའི་ཡན་ལག་ཅེས་བྱའོ། །སྐབས་སྐབས་སུ་སྲུང༌། སྐབས་སྐབས་སུ་འབུལ་ཞིང་གཏོང་བ་མེད་པས་མ་བྲལ་བའོ། །ངང་ཚུལ་ངན་པའི་དྲི་མ་དང་མ་འདྲེས་པའི་ཕྱིར་མ་ཉམས་པའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་འདོད་པ་ལ་རྟོགས་པ་དང་ཞེ་སྡང་ལ་རྟོགས་པ་མི་འབྱུང་བས་ན་མ་འདྲེས་པའོ། །གཅིག་ཏུ་དཀར་པོའི་ཕྱོགས་འབའ་ཞིག་འབྱུང་ཞིང༌། མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་ན། དྲི་མ་མེད་པའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་གཉེན་པོར་ལྡན་ཞིང༌། ཡོངས་སུ་འཛིན་པས་ན་རང་དབང་ཡོད་པའོ། །ཚུལ་ཁྲིམས་ཉམས་པའི་གཉེན་པོ་ནི། ཤེས་རབ་ཀྱི་མཐུ་སྒོམ་པའི་མཐུ་སྟེ། དེ་གཉིས་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས་སྡིག་པ་མི་དགེ་བའི་ཆོས་ཀྱི་དབང་དུ་མི་འགྱུར་ཞིང་མི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཞན་དུ་བཀྲི་བར་མི་ནུས་པས་ན། རང་དབང་ཡོད་པ་ཞེས་བྱའོ། །ལྟ་བ་ངན་པ་དང་སྨོན་ལམ་ངན་པའི་དྲི་མ་དང་མ་འདྲེས་པས་ན་མ་གོད་པ་སྟེ་མངོན་པར་འབྱུང་བ་འབའ་ཞིག་ཏུ་བསྔོས་པའི་ཕྱིར་རོ། །ལྟ་བ་ངན་པ་དང་མ་འདྲེས་པ་ནི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་དྲི་མ་དང་མ་འདྲེས་པའི་ཕྱིར་རོ། །སྨོན་ལམ་ངན་པ་དང་མ་འདྲེས་པ་ནི་ཚུལ་ཁྲིམས་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པར་སྨོན་ལམ་དང་མ་འདྲེས་པའོ། །ཤིན་ཏུ་རྫོགས་ཞེས་བྱ་བ་ནི་རབ་ཏུ་རྫོགས། མཐར་ཕྱིན་པ་སྟེ། ཇི་ལྟར་མཐར་ཕྱིན་ཞེ་ན། མ་ཞིག་པ་དང་མ་རལ་བ་དང་མ་ཉམས་པའི་ཕྱིར་མཐར་ཕྱིན་ཏོ། །ཤིན་ཏུ་བརྩམས་ཞེས་བྱ་བ་ནི། ལེགས་པར་བསྒྲུབས་ཞེས་བྱ་བའི་དོན་ཏེ། ཇི་ལྟར་ལེགས་པར་བསྒྲུབས་ཤེ་ན། མ་འདྲེས་པ་དང༌། དྲི་མ་མེད་པ་དང༌། རང་


DTG207_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཡོད་པ་དང༌། མ་གོད་པའི་ཕྱིར་ལེགས་པར་བསྒྲུབས་པའོ། །མཁས་པས་རབ་ཏུ་བསྔགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཏེ། དེ་བཞིན་གཤེགས་པ་དང༌། འཕགས་པ་དགྲ་བཅོམ་པ་ལ་སོགས་པས་ཡོན་ཏན་ཅན་དུ་བསྒྲགས་པའི་ཕྱིར། མཁས་པས་མ་སྨད་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་དེ་ལ་ཉེས་པ་དང༌། སྐྱོན་ཡོད་པར་མཁས་པས་མ་གསུངས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཕྱིར་རོ། །འཕགས་པ་འདོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི། འཕགས་པ་རྣམས་བཞེད་པའི་ཚུལ་ཁྲིམས་ཡིན་པས་ན་འདོད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དེ་དགེ་བ་དང་ཟག་པ་མེད་པའི་མཚན་ཉིད་ཡིན་པས་ན་མྱ་ངན་ལས་འདས་པའི་དོན་དུ་དེ་ལ་ཡང་ནས་ཡང་དུ་མངོན་སུམ་དུ་མཛད་པས་ན། དེའི་ཕྱིར་འཕགས་པ་བཞེད་པའི་ཚུལ་ཁྲིམས་སོ། །དོན་དུ་ན་འདི་དག་གིས་སྨན་པ་དང༌། སྨན་དང༌། ཉེ་གཡོག་དང༌། ཡོ་བྱད་དུ་གྱུར་པ་རྣམས་བསྟན་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་སེལ་བའི་སྨན་པའོ། །ཆོས་ནི་ཉོན་མོངས་པ་སེལ་བའི་སྨན་ཏོ། །དགེ་འདུན་ནི་ཉོན་མོངས་པ་སེལ་བའི་ཉེ་གཡོག་གོ །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཉོན་མོངས་པ་སྤང་བར་བྱ་བའི་ཡོ་བྱད་དུ་གྱུར་པའོ་།རྒྱུན་དུ་ཞུགས་པའི་ཡན་ལག་བཞི་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་རྣམས་སོ་ཞེས་གསུངས་སོ། །རྒྱུན་དུ་ཞུགས་པའི་ཡན་ལག་བཞི་བསྟན་པའི་འོག་ཏུ། སྟོབས་བཅུ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་གསུངས་པ། དགེ་སློང་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཅུང་ཟད་འདིས་བཤད་ཅིང་གསུངས་པ་རྣམས་དེ་བཞིན་དུ། ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །ཉོན་མོངས་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པའི་ཕྱིར་སྟོབས་སོ། །སྟོབས་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་དེ་བཞིན་གཤེགས་པ་གནས་ལ་གནས། གནས་མ་ཡིན་པ་ལ་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། དེ་ལ་གནས་ནི་རྒྱུ་ལ་བྱའོ། །གནས་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ལ་བྱའོ། །དེ་ལ་ལས་དགེ་བ་དང༌།


DTG207_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བ་ནི་འབྲས་བུ་བདེ་བ་དང་སྡུག་བསྔལ་སྐྱེད་པའི་རྒྱུ་ཡིན་ནོ་ཞེས་མཁྱེན་པ་ནི་གནས་ལ་གནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །བྱེད་པ་པོ་དང་བདག་ལ་སོགས་པ་ནི་ཆོས་ཀྱི་རྒྱུ་མ་ཡིན་ཏེ། དེ་ལྟར་མཁྱེན་པ་ནི་གནས་མ་ཡིན་པ་ལ་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །ཡང་ན་གནས་ཞེས་བྱ་བ་ནི་སྲིད་པ་ལ་བྱ་ལ། གནས་མ་ཡིན་པ་ཞེས་བྱ་བ་ནི་མི་སྲིད་པ་ལ་བྱ་སྟེ། སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་བ་ནི་སྲིད་ལ། སྦྱིན་པས་དབུལ་བར་གྱུར་པ་མི་སྲིད་པ་དང༌། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་ནི་སྲིད་ལ། ཚུལ་ཁྲིམས་ཀྱིས་ངན་སོང་དུ་སྐྱེ་བ་ནི་མི་སྲིད་པ་དང༌། སླར་བཟློག་སྟེ་སྡིག་པ་བྱས་པས་མཐོ་རིས་སུ་སྐྱེ་བ་མི་སྲིད་ལ། སྡིག་པ་མི་དགེ་བ་བྱས་པས་ངན་སོང་དུ་སྐྱེ་བ་ནི་སྲིད་པ་དང༌། དགེ་བ་བྱས་པས་མཐོ་རིས་སུ་སྐྱེ་བ་ནི་སྲིད་ལ། དགེ་བས་ངན་སོང་དུ་འགྲོ་བ་མི་སྲིད་པ་དང༌། སྐྱེས་པས་མངོན་པར་སངས་རྒྱས་ཤིང་འཁོར་ལོ་བསྐོར་བའི་རྒྱལ་པོར་འགྱུར་བ་དང༌། རང་སངས་རྒྱས་སུ་འགྱུར་བ་ནི་སྲིད་ལ། བུད་མེད་ཀྱིས་དེ་ལྟར་མི་འགྱུར་བར་ཐུགས་སུ་ཆུད་པ་ནི། གནས་ལ་གནས་དང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །དེ་ལ་ཐམས་ཅད་ཤེས་པ་དང་ཐོགས་པ་མེད་པར་ཤེས་པ་དང༌། དག་པར་ཤེས་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ། །སྟོབས་གཉིས་པ་བསྟན་པའི་ཕྱིར། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་བྱས་ཤིང་བསགས་ནས་འགགས་པར་གྱུར་པ་དེ་དག་ནི་འདས་པའི་ལས་སོ། །ལས་གང་བྱས་པ་ཡང་མ་ཡིན། འགགས་པ་ཡང་མ་ཡིན། བྱེད་པ་ཡང་མ་ཡིན་གྱི། མ་འོངས་པ་ན་བྱེད་པར་འགྱུར་བ་ནི་མ་འོངས་པའི་ལས་སོ། །ལས་གང་བྱས་ཟིན་པ་དང༌། འགགས་པ་ཡང་མ་ཡིན། ད་ལྟར་བྱེད་པ་ལ་ཞུགས་པ་ནི། ད་ལྟར་བྱུང་བའི་ལས་ཞེས་བྱའོ། །དེ་ཡང་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀྱི་སྒོ་ནས་རྣམ་པ་གསུམ་དུ་བསྡུ་བ་ནས་ལས་ཡང་དག་པར་གསུངས་སོ། །ལས་དེ་དག་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་སྨིན་པ་ནི། རྣམ་པར་སྨིན་པ་ཞེས་བྱའོ། །དེ་ལ་ཡང་རྣམ་པ་བཞི་ལྟ་བུར་མཁྱེན་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ལས་ཁ་ཅིག་ད་ལྟར་བདེ་ལ། མ་འོངས་


DTG207_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སྡུག་བསྔལ་པར་རྣམ་པར་སྨིན་པར་འགྱུར་བ་དང༌། ལས་ཁ་ཅིག་ད་ལྟར་སྡུག་བསྔལ་ལ། མ་འོངས་པ་ན་བདེ་བར་རྣམ་པར་སྨིན་པ་དང༌། ལས་ཁ་ཅིག་ད་ལྟར་ཡང་སྡུག་བསྔལ་ལ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་དང༌། ལས་ཁ་ཅིག་ད་ལྟར་ཡང་བདེ་ལ། མ་འོངས་པ་ན་ཡང་བདེ་བར་སྨིན་པར་འགྱུར་བའི་རྣམ་པ་དེ་བཞིན་དུ་ཐུགས་སུ་ཆུད་པའོ། །དེ་ལ་ཚེ་རབས་གཞན་ན་ཡང་ལས་མི་དགེ་བ་སྤྱད་པ་ལ་གོམས་པས་ཚེ་འདིར་ཡང་མི་དགེ་བའི་ལས་ལ་དགའ་བ་བཞིན་དུ་འཇུག་པ་དེ་དག་དེའི་རྐྱེན་གྱིས་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས་དེ་ནི་ལས་ད་ལྟར་བདེ་ལ། མ་འོངས་པར་སྡུག་བསྔལ་རྣམ་པར་སྨིན་པ་ཞེས་བྱའོ། །ལ་ལ་དག་ཚེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མ་བྱས་པས་ཚེ་འདིར་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ལ་མི་བདེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ་བདེ་འགྲོར་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚེ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ། །སེམས་ཅན་ཁ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ་བྱས་པས་ཚེ་འདིར་མི་འདོད་བཞིན་དུ་མི་དགེ་བའི་བཤེས་གཉེན་གྱིས་སྡིག་པའི་ལས་བྱེད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས། དེ་དག་ནི་ཚེ་འདི་ལ་ཡང་མི་བདེ་ལ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་ཞེས་བྱའོ། །ལ་ལ་དག་ཚེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མ་བྱས་པས་ཚེ་འདིར་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ལ་མི་བདེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ་བདེ་འགྲོར་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚེ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ། །སེམས་ཅན་ཁ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ་བྱས་པས་ཚེ་འདིར་མི་འདོད་བཞིན་དུ་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་སྡིག་པའི་ལས་བྱེད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས། དེ་དག་ནི་ཚེ་འདི་ལ་ཡང་མི་བདེ་ལ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་ཞེས་བྱའོ། །ཁ་ཅིག་ཚེ་རབས་སྔ་མ་ལ་དགེ་བའི་ལས་བྱེད་པ་ལ་གོམས་པས་ཚེ་འདིར་ཡང་དེ་བཞིན་དུ་དགེ་བའི་ལས་བྱེད་པ་དང༌། ཚེ་འདིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཐོབ་པ་དག་མ་འོངས་པ་ན་ཡང་མཐོ་རིས་སུ་རྣམ་


DTG207_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པར་འགྱུར་བའི་ཕྱིར་དེ་དག་ནི་ཚེ་འདིར་ཡང་བདེ་ལ། ཚེ་རབས་གཞན་དུ་ཡང་རྣམ་པར་སྨིན་པ་བདེ་བ་ཞེས་བྱའོ། སྟོབས་གསུམ་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་བོ་རྣམས་ཀྱི་མོས་པ་དུ་མ་དང་མོས་པ་སྣ་ཚོགས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་ཀྱི་མོས་པ་དུ་མ་ནི་མོས་པ་ཆུང་བ་དང༌། མོས་པ་འབྲིང་པོ་དང༌། མོས་པ་ཆེན་པོ་སྟེ། གང་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ནི་མོས་པ་ཆུང་ངུའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་ནི་མོས་པ་འབྲིང་ངོ༌། །ཐེག་པ་ཆེན་པོ་ལ་མོས་པ་ནི་མོས་པ་ཆེན་པོའོ། །སེམས་ཅན་ཁ་ཅིག་གཟུགས་ལ་མོས་པ་ཡོད་ལ། སྒྲ་ལ་མ་ཡིན། ཁ་ཅིག་སྒྲ་ལ་མོས་ལ། གཟུགས་ལ་མ་ཡིན། ཁ་ཅིག་སྒྲ་ལ་མོས་ལ། གཟུགས་ལ་མ་ཡིན། ཁ་ཅིག་དྲི་ལ་མོས་ལ་གཟུགས་ལ་མ་ཡིན་པ་ལ་སོགས་པ་མོས་པའི་རྣམ་པ་ཚད་མེད་པར་ཡོད་པ་རྣམས་ནི་མོས་པ་སྣ་ཚོགས་ཞེས་བྱ་སྟེ། སེམས་ཅན་རྣམས་གང་ཅི་ལ་མོས་པ་དེ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན། མོས་པ་དུ་མ་དང་མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པའོ། །སྟོབས་བཞི་པ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་དུ་མ་དང༌། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། ཁམས་ཀྱི་དོན་ནི་འདིར་སེམས་ཅན་རྣམས་ཀྱི་རིགས་སམ་རང་བཞིན་ནམ་ས་བོན་ལ་བྱ་སྟེ། ཉན་ཐོས་ཀྱི་རིགས་དང༌། རང་སངས་རྒྱས་ཀྱི་རིགས་དང༌། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་ཞེས་བྱའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དག་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཞེས་བྱ་སྟེ། སེམས་ཅན་རིགས་དང་ལྡན་པ་དང༌། སེམས་ཅན་གང་སྤྱོད་པ་གང་དང་ལྡན་པ་དེ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །སྟོབས་ལྔ་པ་བསྟན་པའི་ཕྱིར། སེམས་ཅན་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དབང་པོ་རྣོན་པོ་དང། རྟུལ་པོ་དང༌། འབྲིང་པོ་སྟེ། རྣམ་པ་གསུམ་མོ། །འདི་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་རྣོ་བ་དང་ལྡན། འདི་ནི་དད་པ་ལ་སོགས་པའི་དབང་པོ་རྟུལ་བ་དང་ལྡན་ནོ་ཞེས་ཕྱིན་ཅི་མ་ལོག་པར་རབ་ཏུ་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །སྟོབས་


DTG207_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་བསྟན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཁྱེན་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་རིགས་དང་སྤྱོད་པ་དང་དབང་པོ་རྣོ་རྟུལ་མཁྱེན་ནས་སེམས་ཅན་གང་ལ་ལམ་དང་ཆོས་གང་བསྟན་པར་འོས་པ་དེ་བཞིན་དུ། ཕྱིན་ཅི་མ་ལོག་པར་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤས་པ་ཞེས་བྱའོ། །དཔེར་ན་འདོད་ཆགས་ཅན་ལ་མི་གཙང་བ་བསྟན་པ་དང༌། ཞེ་སྡང་ཅན་ལ་བྱམས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ། །ཡང་ན་ལམ་རྒྱུད་ལྔ་གཟིགས་ཤིང་མཁྱེན་པ་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །ཡང་ན་སོ་སོའི་ཕྱོགས་ལ་བརྟེན་པའི་ལམ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་སོ་སོར་ལྟ་བ་སྣ་ཚོགས་ལ་ཆགས་ཤིང་ལམ་ཡིན་པར་འདུ་ཤེས་པ་ལས་གང་ཚེ་འདི་དང་ཚེ་རབས་གཞན་དུ་ཡང་ཁ་ན་མ་ཐོ་བ་མེད་པའི་ལམ་ཐམས་ཅད་དུ་བདེ་བ་འབའ་ཞིག་སྐྱེད་པར་བྱེད་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཞེས་བྱ་སྟེ། དེ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ། །སྟོབས་བདུན་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ནི་དད་པའི་དབང་པོ་ལ་སོགས་པའི་དབང་པོ་ལྔའོ། །སྟོབས་ནི་དད་པ་ལ་སོགས་པའི་སྟོབས་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་ནི་དྲན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བསམ་གཏན་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའོ། །རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པ་བརྒྱད་དོ། །ཏིང་ངེ་འཛིན་ནི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པའོ། །ཡང་ན་སེམས་ལ་དབང་ཐོབ་པ་རྣམས་གང་འདོད་པའི་དོན་བསྒྲུབ་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ལ་ཞུགས་པ་ནི་སྙོམས་པར་ཞུགས་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་ཞེས་བྱ་བ་ལ། མདོར་ན་བསམ་གཏན་ལ་སོགས་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་ཀུན་ནས་ཉོན་མོངས་པ་གཉིས་ཏེ། མ་ཐོབ་པ་རྣམས་ལ་ནི་ཐབས་མ་ཡིན་པའི་སྦྱོར་བ་ལ་འཇུག་པ་དང༌། རྨུགས་པ་དང༌། རྒོད་པའི་ཀུན་ནས་ཉོན་མོངས་པ་འབྱུང་བ་དང༌། ཐོབ་པ་རྣམས་ལ་ནི་དེའི་སའི་ཀུན་ནས་ཉོན་མོངས་པ་མངོན་དུ་སྤྱོད་པའམ།


DTG207_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བར་བྱེད་པ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་དང་བྲལ་བ་ཉིད་རྣམ་པར་བྱང་བའོ། །བསམ་གཏན་ཚད་མེད་པ་རྣམས་ལ་བསམ་གཏན་གང་གི་མིང་གང་ཡིན་པ་ནི་རྣམ་པར་གཞག་པ་ཞེས་བྱ་སྟེ། དབང་པོ་ལ་སོགས་པའི་ཆོས་རྣམས་དང༌། དེ་དག་གི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། མིང་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །སྟོབས་བརྒྱད་པ་བསྟན་པའི་ཕྱིར་སྔོན་གྱི་གནས་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་གནས་རྣམ་པ་སྣ་ཚོགས་དེ་དང་དེ་དག་འདི་ལྟ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོ་ལ་སོགས་པ། གནས་སྣ་ཚོགས་དང་མིང་ལ་སོགས་པ་ཐ་དད་པ་ཐ་སྙད་ཀྱི་དངོས་པོ་བརྒྱད་རྗེས་སུ་འབྲངས་པའི་བདག་དང་གཞན་གྱི་ལུས་འབྲངས་པ་རྣམས་ལ་མདོར་ན་སྤྱོད་པ་དྲུག་རྗེས་སུ་དྲན་པ་ནི། སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་དང་བཅས། མཚན་མ་དང་བཅས་པར་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱའོ། །ཐ་སྙད་ཀྱི་དངོས་པོ་བརྒྱད་ནི་མིང་གང་ཡིན་པ་དང༌། རིགས་གང་ཡིན་པ་དང༌། རུས་གང་ཡིན་པ་དང༌། ཐ་སྙད་ཅི་དག་སྤྱོད་པ་དང༌། བདེ་བ་དང༌། སྡུག་བསྔལ་ཅི་མྱོང་བ་དང༌། ཚེ་རིང་ཐུང་ཇི་ཙམ་པ་དང༌། དུས་ཇི་སྲིད་ཅིག་གནས་པ་དང༌། ཚེའི་མཐའ་ཇི་ཙམ་པའོ། །སྤྱོད་པ་རྣམ་པ་དྲུག་ནི། འབོད་པའི་ཕྱིར་ཐ་སྙད་དང༌། རྒྱལ་རིགས་ལ་སོགས་པའི་རིགས་དང༌། ཕ་མ་གང་ཡིན་པ་དག་བཟའ་བ་དང་བཏུང་བའི་ཡོ་བྱད་དང༌། དར་བ་དང༌། རྒུད་པ་དང༌། ཚེའི་འདུ་བྱེད་རྣམ་པ་སྣ་ཚོགས་སོ། །འདི་ལྟར་འཇིག་རྟེན་དག་ཐ་སྙད་ཀྱི་དངོས་པོ་བརྒྱད་ལ་བརྟེན་ནས་སྤྱོད་པ་རྣམ་པ་དྲུག་གིས་བདག་དང་ཕ་རོལ་དག་ལ་སྨྲ་ཞིང་གླེང་པར་བྱེད་དོ། །དེ་ལ་མི་གང་ཡིན་པ་ནི་བདག་ཚེ་རབས་དེ་དང༌། དེ་དག་ནས་མི་གང་དང་གང་ཡིན་པའོ། །རིགས་ནི་རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུ་རིགས་སམ། དམངས་རིགས་ལ་སོགས་པ་གང་དང་གང་དུ་སྐྱེས་པའོ། །ཕ་དང་མ་ནི་སེམས་ཅན་སོ་སོའི་ཚེ་རབས་དེ་དང་དེ་དག་ན་མ་གང་ཡིན་པ་དང༌། ཕ་གང་ཡིན་པའོ། །བཟའ་བ་དང་བཏུང་བའི་ཡོ་བྱད་ནི། ཚེ་རབས་དེ་དང་དེ་དག་ན་ཁྲེ་དང་འབྲས་ལ་སོགས་པའི་ཁ་ཟས་ཅི་དང་ཅི་ཟོས་པའོ། །དར་བ་དང་རྒུད་པ་ནི་ཚེ་རབས་དེ་དང་དེ་དག་ན་ཉོན་མོངས་པ་ཅི་མྱོང་བ་དང་བདེ་བ་ཅི་མྱོང་བའོ། །ཚེའི་འདུ་བྱེད་སྣ་ཚོགས་ནི་ཚེ་


DTG207_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རབས་དེ་དང་དེ་དག་ན་ལོ་གྲངས་བརྒྱ་འམ་སྟོང་ངམ། བཅུ་ལ་སོགས་པའི་ཚེ་ཚད་ཇི་ཙམ་དང༌། དེ་དག་ན་བྱིས་པའི་དུས་དང༌། དར་ལ་བབ་པའི་དུས་དང༌། རྒས་པའི་དུས་ཀྱི་རྣམ་པ་དང༌། ཚེའི་འདུ་བྱེད་ཅི་ཙམ་ལོན་ནས་ཇི་ཙམ་ན་ཤི་བར་གྱུར་པ་སྟེ། བདག་དང་གཞན་གྱི་ཐ་སྙད་དེ་དག་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན། སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས་པ། ཡུལ་དང་བཅས་པ། མཚན་མ་དང་བཅས་པ་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་རྣམ་པ་དང་བཅས་པ་ཞེས་བྱ་བ་ལ། རྣམ་པ་ནི་རྣམ་པ་དྲན་པ་དང༌། དན་རྟགས་དྲན་པ་དང༌། མཚན་མ་དྲན་པའོ། །དེ་ལ་རྣམ་པ་དྲན་པ་ནི། བདག་དང་གཞན་གྱི་ཚེ་གཅིག་ནས་བརྩམས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ཕ་རོལ་ན་ཅི་དང་ཅི་བྱེད་པ་དྲན་པའོ། །དན་རྟགས་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ཐམས་ཅད་ན་ཚེ་རེ་རེ་འམ་སོ་སོའི་མིང་རྣམས་ཀྱང་དྲན་པ་སྟེ། ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ། འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ་དྲན་པའོ། །མཚན་མ་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ན་དུས་དང་རིགས་གང་ཡིན་པ་དང༌། དར་བ་དང་རྒུད་པ་ཅི་མྱོང་བ་རྣམས་དྲན་པའོ། །ཡུལ་དང་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་རུས་དང་རིགས་གང་ཡིན་པ་དང༌། ཡུལ་གང་དང་གང་ན་གནས་པ་དང༌། དེ་དག་ནས་ཤི་འཕོས་ནས་གང་དུ་སྐྱེས་པ་དྲན་པའོ། །མཚན་མ་དང་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་ཕ་མ་གང་ཡིན་པ་དྲན་པ་དང༌། ཚེའི་འདུ་བྱེད་དུས་ཇི་སྲིད་ཅིག་ཏུ་གནས་པ་དྲན་པའོ། །ཡང་ན་ཚེ་རབས་དེ་དང་དེ་དག་ཏུ་སྐྱེས་པ་ན། ཕ་མའི་དུས་གང་ཡིན་པ་དང༌། ཕ་མ་གང་ཡིན་པ་དང། བདེ་སྡུག་ཅི་མྱོང་བ་དང༌། ཁ་ཟས་ཅི་ཟོས་པ་དང༌། དུས་རིང་ཐུང་ཇི་སྲིད་དུ་གནས་པ་དྲན་པ་ནི། རྣམ་པ་དང་བཅས་པའི་དྲན་པ་ཞེས་བྱའོ། །ཚེ་རབས་དེ་དང་དེ་དག་ན། ཡུལ་གང་དང་གང་དུ་སྐྱེས་པ་དང༌། ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཇི་ལྟར་སྐྱེས་པ་དྲན་པ་ནི་ཡུལ་དང་བཅས་པའོ། །ཚེ་རབས་དེ་དང་དེ་དག་ན་མིང་ཅི་དང་ཅི་བཏགས་པ་དྲན་པ་ནི་མཚན་མ་དང་བཅས་པ་ཡང་དག་པར་དྲན་པ་ཞེས་བྱའོ། །དེ་ཡང་མདོར་བསྡུ་ན་དོན་རྣམ་པ་གསུམ་སྟོན་ཏེ། གང་གིས་དྲན་པ་དང༌། གང་དྲན་པ་དང༌། ཇི་ལྟར་དྲན་པའོ། །དེ་ལ་གང་གིས་དྲན་པ་ནི་སྔོན་གནས་པའི་རྗེས་སུ་དྲན་པའི་ཡེ་


DTG207_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཉིད་ཀྱིས་རྗེས་སུ་དྲན་པའོ། །གང་དྲན་པ་ནི་ཚེ་རབས་གཅིག་ཀྱང་དྲན་པ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་དྲན་པའོ། །ཇི་ལྟར་དྲན་པ་ནི་རྣམ་པ་དང་བཅས། ཡུལ་དང་བཅས། མཚན་མ་དང་བཅས་པར་དྲན་པའོ། །སྟོབས་དགུ་པ་བསྟན་པའི་ཕྱིར། དེ་མི་ལས་ཤིན་ཏུ་འདས་པའི་འཕྲུལ་གྱི་མིག་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཕྲུལ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པའོ། །འཕྲུལ་གྱི་མིག་དེ་ཡང་བསམ་གཏན་དེ་དེ་ཙམ་དག་ལ་བརྟེན་པ་དང༌། དེའི་འབྲས་བུར་གྱུར་པ་དང༌། དེས་ཡོངས་སུ་ཟིན་པའི་ཕྱིར་འཕྲུལ་གྱི་མིག་ཅེས་བྱའོ། །བསམ་གཏན་ཡོངས་སུ་རྫོགས་པ་དང༌། རྣམ་པར་ཐར་པའི་འབྲས་བུ་ཡིན་པའི་ཕྱིར། རྣམ་པར་ཐར་པ་ཞེས་བྱའོ། །འཕྲུལ་གྱི་མིག་དེའི་མིང་ཙམ་ཡང་མི་ལ་མེད་པའི་ཕྱིར། མི་ལས་ཤིན་ཏུ་འདས་པ་ཞེས་བྱའོ། །དེ་ལྟར་འདོད་པའི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ནི། སྐྱེ་གནས་ཐོབ་པའི་འཕྲུལ་གྱི་མིག་ཡོད་པས་དེ་དང་རྗེས་སུ་མཐུན་པའི་འཕྲུལ་གྱི་མིག་ཅེས་བྱ་ཡང༌། མི་རྣམས་ལ་དེ་ཙམ་ཡང་མེད་པའི་ཕྱིར། མི་ལས་ཤིན་ཏུ་འདས་པའོ། །སེམས་ཅན་རྣམས་ལུས་དང་ངག་དང་ཡིད་ཀྱི་དགེ་བ་སྤྱད་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའི་དགེ་བ་བཅུའི་ལུས་དང་ངག་དང་ཡིད་གསུམ་གྱིས་སྤྱད་པར་བྱའོ། །མི་དགེ་བ་སྤྱད་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྤྱོད་པའོ། །དགེ་བ་བཅུ་སྤྱད་པས་ལྷ་དང་མིའི་ནང་དུ་སྐྱེ་བ་ནི་བདེ་འགྲོར་སྐྱེ་བའོ། །མི་དགེ་བ་བཅུ་སྤྱད་པས་ངན་སོང་གསུམ་དུ་ལྟུང་བ་ནི་ངན་པར་འགྲོ་བར་སྐྱེ་བ་ཞེས་བྱའོ། །སེམས་ཅན་གང་སྲོག་གི་དབང་པོ་བོར་བ་ནི་འཆི་བའོ། །སྲིད་པ་བར་མར་སྐྱེ་བ་ནི་འཕོ་བའོ། །ལྷ་དང་མི་ལ་སོགས་པའི་རིགས་སུ་བྱུང་བ་ནི་སྐྱེ་བར་གྱུར་པ་ཞེས་བྱ་སྟེ། འཕྲུལ་གྱི་མིག་གིས་སེམས་ཅན་ཚེ་རབས་གཞན་དུ་གང་ནས་གང་དུ་ཇི་ལྟར་སྐྱེ་བར་མཐོང་བ་ནི། ཚེ་རབས་གཞན་རྗེས་སུ་དྲན་པའི་སྟོབས་ཞེས་བྱའོ། །སྟོབས་བཅུ་པ་བསྟན་པའི་ཕྱིར། ཟག་པ་ཟད་པའི་ཤེས་རབ་ཀྱིས་ཟག་པ་མེད་པའི་ཕྱིར། སེམས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ་ཞེས་བྱ་བ་གསུངས་ཏེ། བསྒོམ་པ་དང་མཐོང་བའི་ལམ་གྱི་བག་ལ་ཉལ་མ་ལུས་པར་སྤངས་ནས། ཟག་པ་མེད་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང་ཤེས་རབ་དང༌། རྣམ་པར་གྲོལ་བ་


DTG207_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ནི་ཟག་པ་ཟད་པའོ། །དེ་ནས་ཟག་པ་ཟད་ནས་བདག་གི་རྒྱུད་ལ་ཟག་པ་ཟད། ཉོན་མོངས་པ་ནི་སྤངས། སྲིད་པ་གཞན་དུ་མི་སྐྱེ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པ་ནི། ཤེས་རབ་ཀྱི་ཟག་པ་མེད་པའི་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །ཇི་ལྟར་བདག་གི་རྒྱུད་ལ་ཟག་པ་ཟད་པ་ཤེས་བཞིན་དུ་སེམས་ཅན་གཞན་གྱི་རྒྱུད་ཀྱི་ཟག་པ་རྣམས་ཀྱང་ཟད་པར་བྱ་བར་མཁྱེན་པ་ནི་ཟག་པ་ཟད་པའི་སྟོབས་ཞེས་བྱའོ། །དེ་ལ་སྟོབས་བཅུ་འདི་དག་གི་རང་བཞིན་རབ་ཏུ་དབྱེ་བ་དང༌། མ་འདྲེས་པ་དང༌། མཉམ་པ་དང༌། ལས་བྱེད་པ་དང༌། གོ་རིམས་དང༌། ཁྱད་པར་རྣམས་བསྟན་པར་བྱའོ། །དེ་ལ་སྟོབས་བཅུ་རྣམས་ཀྱི་རང་བཞིན་གང་ཞེ་ན། འདི་དག་གི་རང་བཞིན་ནི་ཟག་པ་མེད་པའི་དད་པ་ལ་སོགས་པའི་དབང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །ཡང་ན་དེ་དག་གི་ནང་ན་ཤེས་རབ་གཙོ་བོ་ཡིན་པས་ཤེས་རབ་ཀྱི་རང་བཞིན་ཡིན་པར་རིག་པར་བྱའོ། །རབ་ཏུ་དབྱེ་བ་ནི་སྟོབས་བཅུ་འདི་དག་རྣམ་པ་གསུམ་དུ་རབ་ཏུ་ཕྱེ་ནས། ཚད་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། རྣམ་པ་གསུམ་ནི་དུས་རབ་ཏུ་དབྱེ་བ་དང༌། རྣམ་པར་རབ་ཏུ་དབྱེ་བ་དང༌། རྒྱུད་རབ་ཏུ་དབྱེ་བའོ། །དེ་ལ་དུས་རབ་ཏུ་དབྱེ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་སུ་གཏོགས་པའི་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་རོ། །རྣམ་པ་རབ་ཏུ་དབྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་གཅིག་ལ་ཡང་ངང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང༌། གཟུགས་ཅན་དང༌། གཟུགས་མེད་པ་ལ་སོགས་པའི་རྣམ་པ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པའི་ཕྱིར་རོ། །རྒྱུད་རབ་ཏུ་དབྱེ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་འདུག་པའི་སེམས་ཅན་སོ་སོའི་རྒྱུད་ཅི་འདྲ་བ་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་དབྱེ་བ་གསུམ་ཐུགས་སུ་ཆུད་པས་སྟོབས་བཅུ་འདི་དག་ཚད་མེད་པའི་རང་བཞིན་ཡིན་པར་རིག་པར་བྱའོ། །དེ་ལ་མ་འདྲེས་པའི་སྟོབས་བཅུ་པོ་འདི་དག་དེ་བཞིན་གཤེགས་པ་ཉག་གཅིག་ལ་མངའ་བར་ཟད་གྱི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་ལ་མེད་པའི་ཕྱིར་རོ། །མཉམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྟོབས་བཅུ་པོ་འདི་དག་བརྙེས་པར་འདྲ་སྟེ། ཆེ་ཆུང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་དང་སྦྱར་ནས་སྐབས་ཁ་ཅིག་ཏུ་ལ་ལ་མངོན་སུམ་དུ་བྱེད།


DTG207_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཁ་ཅིག་ཏུ་ལ་ལ་མངོན་སུམ་དུ་མི་བྱེད་པ་ཙམ་གྱི་ཁྱད་པར་ཡོད་དོ། །ལས་ནི་སྟོབས་བཅུ་པོ་འདི་དག་སྟོབས་གང་གིས་ལས་གང་བྱེད་ཅེ་ན། དེ་ལ་གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་ཀྱིས་ནི་རྒྱུ་ལ་ཡང་རྒྱུ་དང༌། འབྲས་བུ་ལ་ཡང་འབྲས་བུར་གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང་རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་བའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཚར་གཅོད་དོ། །རང་གི་ལས་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ནི་རང་གི་ལས་བྱས་པ་རྣམས་རང་ཉིད་ཀྱིས་འབྲས་བུ་རྣམ་པར་མྱོང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་སྦྱིན་པ་ལ་སོགས་པའི་བསོད་ནམས་དང༌། འཕོ་བར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་བསྟན་པའི་ཆོ་འཕྲུལ་དང༌། གདམས་པའི་ཆོ་འཕྲུལ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་བཏུལ་ནས། ཡང་དག་པའི་གདམས་ངག་སྟོན་པར་མཛད་ཅིང་ལྟ་བ་སོ་སོར་མི་མཐུན་པ་དང་འགལ་བར་སྨྲ་ཞིང༌། ཕྱིར་རྒོལ་བའི་བྲམ་ཟེ་དང༌། དགེ་སྦྱོང་རྣམས་ཚར་གཅོད་དོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་དབང་པོ་རྣོན་པོ་དང༌། འབྲིང་དང་ཐ་མ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དེ་དག་ལ་ཅི་རིགས་པར་སོ་སོར་དམ་པའི་ཆོས་སྟོན་པར་བྱེད་དོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། དགེ་བ་དང་མི་དགེ་བའི་ཆོས་ལ་མོས་པ་ཆེན་པོ་དང༌། འབྲིང་དང༌། མོས་པ་ཆུང་ངུ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དགེ་བ་ལ་མོས་པ་རྣམས་ཀྱི་དགེ་བ་འཕེལ་བར་མཛད་པ་དང༌། མི་དགེ་བ་ལ་མོས་པ་རྣམས་ཀྱི་མི་དགེ་བ་སྤོང་དུ་འཛུད་པ་མཛད་དོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་རིགས་ཆུང་ངུ་དང༌། འབྲིང་དང༌། རིགས་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དབང་པོ་ཇི་ལྟ་བ་བཞིན་པ་དང་བསམ་པ་ཇི་ལྟ་བ་བཞིན་པ་དང༌། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་བསྒྲལ་བར་བྱ་བའི་སྒོ་དེ་དང་དེ་དག་ལ་ཅི་རིགས་པར་སྦྱོང་བར་མཛད་དོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་ཡེ་ཤེས་ཀྱིས་ནི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འབྱུང་བར་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད། སྡུག་བསྔལ་ཐམས་ཅད་ལས་འབྱུང་བར་མི་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་


DTG207_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་ནས། འབྱུང་བར་མི་བྱེད་པའི་ལམ་སྤངས་ཏེ། འབྱུང་བར་བྱེད་པའི་ལམ་ལ་ཡང་དག་པར་འགོད་པར་མཛད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སེམས་ཅན་རྣམས་སྔོན་གྱི་མཐར་ཇི་ལྟར་སྐྱེས་པ་དང༌། འབྱུང་བ་རྣམས་དྲན་པ་དང༌། ཤེས་པར་མཛད་ནས་སྐྱོབ་དང༌། དད་པ་བསྐྱེད་དེ་ཆོས་འཆད་པར་མཛད་ཅིང་ཐེར་ཟུག་ཏུ་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །འཆི་འཕོ་མཁྱེན་པའི་ཡེ་ཤེས་ཀྱིས་ནི། །བཞིན་གཤེགས་པས་འདས་པ་དང་མ་འོངས་པའི་ཉེན་ཐོས་ཇི་ལྟར་དུས་འདས་པ་དང༌། ཕྱིས་ཇི་ལྟར་སྐྱེ་བ་ལུང་སྟོན་པར་འགྱུར་ཞིང་འཆད་པར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་ཚར་གཅོད་དོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི་ཉིད་ཀྱི་རྣམ་པར་གྲོལ་བ་ལ་ཐེ་ཚོམ་མི་མངའ། ཡིད་གཉིས་མི་མངའ་ཞིང་དགྲ་བཅོམ་པ་ཐོབ་པར་མངོན་པའི་ང་རྒྱལ་ཅན་གྱི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཀྱི་ལས་སོ། །དེ་ལ་སྟོབས་བཅུ་པོ་དེ་དག་གི་རིམ་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་བཞིན་གཤེགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། སྟོབས་བཅུ་པོ་འདི་དག་དུས་གཅིག་ཏུ་ཐམས་ཅད་ཐོབ་སྟེ། དུས་གཅིག་ཏུ་ཐོབ་ནས་རིམ་གྱིས་མངོན་སུམ་དུ་མཛད་དོ། །དེ་ལ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་གང་ཡིན་པ་དང་པོ་ཉིད་དུ་གནས་པ་དང༌། གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པར་མཛད་དོ། །དེ་ལྟར་གཟིགས་ནས་འདོད་པའི་ཁམས་ཀྱི་སེམས་ཅན་འབྲས་བུ་ཡིད་དུ་འོང་བ། ཐོབ་པར་འདོད་པ་རྣམས་ལ་རང་གི་ལས་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་མི་དགེ་བའི་ལས་སྤང་བར་བྱ་བ་དང༌། དགེ་བའི་ལས་བསྒྲུབ་པར་བྱ་བའི་ཐབས་སྟོན་ཏོ། །དེ་ལ་ཡང་གང་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་སྤང་བར་འདོད་པའི་སེམས་ཅན་རྣམས་ལ་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར། འཇིག་རྟེན་གྱི་ལམ་ཐོབ་པར་བྱ་བའི་དོན་དུ། གདམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་དོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་ནི་སྟོབས་ལྷག་མ་བདུན་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་བྱ་


DTG207_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཆོས་སྟོན་པར་མཛད་དོ། །ཇི་ལྟ་ཞེ་ན་དང་པོར་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་འདོད་པ་རྣམས་ཀྱི་དབང་པོ་གཟིགས་པར་མཛད་དོ། །དེ་ནས་དེའི་འོག་ཏུ་དབང་པོ་བརྟགས་ནས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱིས་བསམ་པ་ལ་རྣམ་པར་གཟིགས་པར་མཛད་དོ། །དེ་ནས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་དེའི་འོག་ཏུ་བག་ལ་ཉལ་རྣམ་པར་གཟིགས་པར་མཛད་དོ། །དེ་ལྟར་དབང་པོ་དང་བསམ་པ་དང་བག་ལ་ཉལ་བ་མཁྱེན་ནས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ཅི་རིགས་པར་དམིགས་པ་དང། བསྒྲལ་བར་བྱ་བའི་སྒོ་ལ་སྒྲོལ་བར་མཛད་དོ། །དེ་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང་འཆི་འཕོ་བ་མཁྱེན་པའི་སྟོབས་ཀྱིས་དེའི་འོག་ཏུ་དམིགས་པ་དང་བསྒྲལ་བའི་སྒོ་ལ་རབ་ཏུ་སྦྱར་བས་སེམས་གནས་པར་བྱས་པ་དང༌། སྤྱོད་པ་ཡོངས་སུ་དག་པར་བྱས་ནས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་དང༌། ཐར་ཟུག་དང་ཆད་པར་ལྟ་བའི་མཐའ་གཉིས་སྤང་བ་དབུ་མའི་ལམ་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་དེའི་འོག་ཏུ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་དེ་ལྟར་ཡང་དག་པར་ཞུགས་ཤིང་ཞི་གནས་ཀྱིས་བརྟན་པར་འགྱུར་ལ། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་ཏེ། མངོན་དུ་རྒྱུ་བ་ཙམ་དང་བྲལ་བ་ལ་བྱ་བ་མ་བྱས་ཀྱང་བྱ་བ་བྱས་པས་མངོན་པའི་ང་རྒྱལ་སྐྱེ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་སྤོང་བར་མཛད་དེ། །འདི་ཡང་ཐང་ཅིག་སྟོབས་ཀྱིས་རིམ་པ་རྣམ་པ་གཅིག་གོ །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། རང་གི་ལས་མཁྱེན་པའི་སྟོབས་ལ་ཁྱད་པར་ཅི་ཡོད། སྨྲས་པ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་ལས་དགེ་བ་དང༌། མི་དགེ་བ་རྣམས་ལས་འབྲས་བུ་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་ལ། རང་གི་ལས་མཁྱེན་པའི་སྟོབས་ཀྱིས་ནི། གང་གི་ལས་དགེ་བ་དང་མི་དགེ་བ་བྱས་པ་དེ་ཉིད་ཀྱི་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་དེ་ཁྱད་པར་ནི་ཡོད་དོ། །དེ་ལ་རང་གི་ལས་མཁྱེན་པའི་སྟོབས་ཀྱིས་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་གང་སྙོམས་པར་འཇུག་པ་དེ་ཉིད་ཀྱིས་དེ་འཐོབ་བོ་ཞེས་ཐུགས་སུ་ཆུད་ལ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། བསམ་གཏན་ལ་སོགས་པའི་དེ་དག་ཉིད་ལ་བརྟེན་ནས། འདུལ་བ་


DTG207_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ནི་སྟོན་པར་མཛད་དོ། །དེ་ལ་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་དང་བཅས་པའི་སེམས་སྤྱི་ཙམ་དུ་མཁྱེན་ལ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དད་པ་ལ་སོགས་པ་དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི་རང་བཞིན་སོ་སོར་འབྱེད་པར་མཛད་དོ། །དེ་ལ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་དེ་དག་ཉིད་ཀྱང་ཚེ་རབས་སྔ་མ་ན་ཆོས་གང་དང་གང་དག་ལ་བསམ་པ་ཇི་ལྟར་ཞུགས་པའི་བསམ་པ་མཁྱེན་ལ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་དེ་དག་ཉིད་ལ་ཡང༌། འདི་ནི་འདོད་ཆགས་ཀྱི་བསམ་པ་དང་བཅས་པ། འདི་ནི་ཞེ་སྡང་གི་བསམ་པ་དང་བཅས་པ་ཞེས་བསམ་པ་དེ་ཉིད་ལ་རྣམ་པ་སྣ་ཚོགས་སུ་འབྱེད་པ་མཁྱེན་ཏོ། །བསམ་པ་དེ་ཡང་མདོར་བསྡུ་ན་རྣམ་པར་དབྱེ་བ་དྲུག་སྟེ། དབྱུང་བ་མ་ཡིན་པའི་བསམ་པ་དང༌། འབྱུང་བའི་བསམ་པ་དང༌། རྣམ་པར་དག་པ་ཐག་རིང་བའི་བསམ་པ་དང༌། རྣམ་པར་དག་པ་དང་ཉེ་བའི་བསམ་པ་དང༌། མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་དང༌། མ་འོངས་པ་ན་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བསམ་པའོ། །དེ་ལ་འབྱུང་བ་མ་ཡིན་པའི་བསམ་པ་ནི། མཐུ་ཆེ་བ་དང་ཚངས་པ་ལ་སོགས་པའི་བསྟན་པ་ལ་མོས་པ་རྣམས་ཀྱི་བསམ་པའོ། །འབྱུང་བའི་བསམ་པ་ནི་ཐེག་པ་གསུམ་ལ་མོས་པ་རྣམས་ཀྱི་བསམ་པའོ། །རྣམ་པར་དག་པ་ཐག་རིང་བའི་བསམ་པ་ནི་དགེ་བའི་རྩ་བ་ཆུང་ངུ་དང་འབྲིང་དུ་སྦྱིན་པ་ལ་གནས་པ་རྣམས་སོ། །རྣམ་པར་དག་པ་ཐག་ཉེ་བའི་བསམ་པ་ནི་གང་དགེ་བའི་རྩ་བ་ཆེན་པོ་ལ་གནས་པ་རྣམས་སོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་སོ། །མ་འོངས་པ་ན་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་ནི། གང་དེ་བཞིན་གཤེགས་པ་རྣམས་སོ། །དེ་ལ་མོས་པ་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་མོས་པའི་རྒྱུ་ལ་འབྱུང་བའི་ས་བོན་ཙམ་དུ་ཐུགས་སུ་ཆུད་དོ། །ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་ས་བོན་དེ་ཉིད་རྣམ་པར་ཕྱེ་ནས་རྣམ་པ་དུ་མར་མཁྱེན་ཏོ། །ཁམས་དེ་ཕྱེ་ན་མདོར་རྣམ་པ་བཞི་སྟེ། རང་བཞིན་ལ་གནས་པའི་ས་བོན་དང༌། གོམས་པ་ལས་བྱུང་བའི་ས་བོན་དང༌། དག་པར་འགྱུར་བའི་ས་བོན་དང༌། དག་པར་མི་འགྱུར་བའི་ས་བོན་ནོ། །དེ་ལ་རང་བཞིན་


DTG207_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ས་བོན་ནི། འཁོར་བ་ཐོག་མ་མེད་པ་ནས་ཐེག་པ་གསུམ་གྱི་རིགས་རང་བཞིན་གྱིས་ཡོད་པའོ། །གོམས་པ་ལས་བྱུང་བའི་ས་བོན་ནི་དགེ་བའི་རྩ་བ་ལ་གོམས་པར་བྱས་པ་ལས་རིགས་སུ་སྨིན་པའི་ས་བོན་བརྟས་པར་བསགས་པའོ། །རྣམ་པར་དག་པར་འགྱུར་བའི་ས་བོན་ནི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་ཅན་རྣམས་སོ། །རྣམ་པར་དག་པར་མི་འགྱུར་བའི་ས་བོན་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བ་རྣམས་སོ། །དེ་ལ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་ས་བོན་དང་རྗེས་སུ་མཐུན་པའི་ལམ་ལ་འཛུད་པས་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་ལམ་འདི་ཀུན་ནས་ཉོན་མོངས་པ་ཅན། འདི་ནི་རྣམ་པར་བྱང་བ་དང་ལྡན་པ། འདི་ནི་ཤིན་ཏུ་རྣམ་པར་བྱང་བར་འགྱུར་བ། འདི་ནི་ཐང་ཅིག་རྣམ་པར་བྱང་བར་འགྱུར་བའོ་ཞེས་ཇི་སྙེད་དུ་ལམ་གྱི་རྣམ་པར་དབྱེ་བ་ཡོད་པ་ཐམས་ཅད་མ་ལུས་པར་མཁྱེན་ཏོ། །དེ་ལ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་སྔོན་གྱི་མཐའ་དང་སྔོན་གྱི་མཐའི་ལམ་རྒྱུད་ལྔའི་རྒྱུ་དང་བཅས་པ་མཁྱེན་ལ། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི། སྔོན་གྱི་མཐའ་ཡང་ཐ་སྙད་རྣམ་པར་བརྒྱད་དང་འབྲེལ་བའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་ཕྱེ་ནས་དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སྔོན་གྱི་མཐའ་ལས་བརྩམས་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་མཁྱེན་ལ། འཆི་འཕོ་ཤེས་པའི་སྟོབས་ཀྱིས་ནི། སེམས་ཅན་རྣམས་ཀྱི་ཕྱི་མའི་མཐའ་ཇི་ལྟར་སྐྱེ་བ་དང༌། འཆི་བ་མཁྱེན་ཏོ། །དེ་ལ་འཆི་འཕོ་བ་མཁྱེན་པའི་སྟོབས་ཀྱིས་ནི་རང་གི་དོན་མཐར་ཐུག་པར་མ་བྱས་པ་རྣམས་མ་འོངས་པ་ན་ཡང་སྐྱེ་བའི་མཚམས་སྦྱོར་རོ་ཞེས་མཁྱེན་ཏོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི། གང་རང་གི་བྱ་བ་མཐར་ཐུག་ཅིང༌། སེམས་རྣམ་པར་གྲོལ་བ་རྣམས་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་མཁྱེན་ཏོ། །དེ་ལྟར་ན་སྟོབས་བཅུ་པོ་དེ་དག་ཕན་ཚུན་ཁྱད་མེད་པ་དང་ཁྱད་ཡོད་པར་རིག་པར་བྱའོ། །སྟོབས་བཅུ་བསྟན་པའི་འོག་ཏུ་མི་འཇིགས་པ་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་འཇིགས་པ་ཞེས་བྱ་བ་ནི། བག་ཚ་བ་མེད་པ་འམ། སྤ་གོང་བ་མེད་པ་སྟེ། དེ་ཡང་ཉན་ཐོས་དང་ཐུན་མོང་དུ་མ་གྱུར་བའི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པར་འཁོར་གྱི་ནང་དུ་དམ་


DTG207_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང༌། ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་འཁོར་གྱི་ནང་དུ་དམ་བཅས་པ་དང༌། རྣམ་པར་གྲོལ་བར་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་འདའ་བར་བྱ་བའི་ཕྱིར། འབྱུང་བའི་ལམ་བསྟན་པར་དམ་བཅས་པ་དང༌། ལམ་དེ་ཉིད་འཐོབ་པའི་གེགས་སུ་གྱུར་པ་རྣམས་སྤང་བར་བྱའོ་ཞེས་རྣམ་པ་བཞི་དམ་བཅས་པ་ལ་དམ་པ་དང་དམ་པར་མ་གྱུར་པའི་ལྷ་དང༌། མི་ལ་སོགས་པས་བརྒལ་ཀྱང་ཚུགས་པར་འགྱུར་བའི་སྐབས་དང་མཚན་མ་མ་མཐོང་ནས་བག་ཚ་བ་མེད་པར་གནས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཞེས་བྱའོ། །དེ་ལ་བཅོམ་ལྡན་འདས་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནས། འཇིག་རྟེན་དུ་དགེ་སྦྱོང་དང་བྲམ་ཟེ་ཆོས་མཐུན་པ་སུས་ཀྱང་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ཡན་ཆད་ཀྱིས་ཉན་ཐོས་དང༌། ཐུན་མོང་དུ་མ་གྱུར་བའི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་མངོན་པར་སངས་རྒྱས་པར་དམ་བཅས་པ་ལ་མི་འཇིགས་པ་བསྟན་ཏེ། འདི་ནི་མི་འཇིགས་པ་དང་པོའོ། །གང་ཡང་དེ་བཞིན་གཤེགས་པས་བར་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་ནས། ཇི་ལྟར་འགྱུར་ཞེས་པ་འདི་ལ་དེ་གང་གིས་ཞེས་སྔ་མ་བཞིན་པ་དང་ཞེས་བྱ་བ་ཡན་ཆད་ཀྱིས་ལམ་དེ་ཉིད་འཐོབ་པའི་གེགས་སུ་འགྱུར་བ་སྤང་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས་པ་གཉིས་པའོ། །གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་ཞེས་བྱ་བ་ཡང་ཆད་ཀྱིས་རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། ལམ་བསྟན་པར་དམ་བཅས་པར་བསྟན་པ་སྟེ། འདི་ནི་མི་འཇིགས་པ་གསུམ་པའོ། །ཟག་པ་ཟད་པའོ་ཞེས་བྱ་བ་ནས་ཚངས་པའི་འཁོར་ལོ་བསྐོར་བ་འདི་ནི་ཞེས་བྱ་བ་ཡན་ཆད་ཀྱིས་ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས་པ་བཞི་པའོ། །འདི་བཅོམ་ལྡན་འདས་ཡང་དག་པར་མངོན་པར་སངས་རྒྱས་སོ་ཞེས་བདག་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་རྣམ་པ་རྣམས་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་པར་རང་ཉིད་ཀྱིས་ཐུགས་སུ་ཆུད་པ་ནི་ཡང་དག་པར་མངོན་པར་སངས་རྒྱས་སོ་ཞེས་བདག་རུབ་ཏུ་ཤེས་པ་ཞེས་བྱའོ། །ཁྱོད་ཀྱིས་ཆོས་འདི་མངོན་པར་སངས་རྒྱས་སོ་ཞེས་འདི་


DTG207_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལྷ་དང་བཅས་པའི་འཇིག་རྟེན་དང་བདུད་དུ་བཅས་པའི་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་དེས་སངས་རྒྱས་སོ་ཞེས་དམ་པ་དང་དམ་པ་མ་ཡིན་པའི་ལྷ་དང་མི་རྣམས་ཀྱིས་བརྒལ་ཀྱང༌། སངས་མ་རྒྱས་པའི་མཚན་མ་མཐོང་ཞིང་ཚུགས་པར་མི་འགྱུར་བ་མཐོང་ནས། འཇིགས་པ་ཐམས་ཅད་དང་བྲལ་ཏེ། དོགས་པ་མེད་པར་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་བྱ་བར་སྦྱར་རོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི། དམ་པ་དང་དམ་པ་མ་ཡིན་པའི་ལྷ་དང་མི་སྤྱི་ལ་བྱ་བར་སྟོན་ཏོ། །ལྷ་དམ་པ་ནི་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་བདུད་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པའོ། །མི་དམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། དེ་དག་ཤེས་པ་དང་ལྡན་ལ་རྒྱལ་པོས་ཀྱང་མཆོད་པར་བྱ་བའི་གནས་ཡིན་པའི་ཕྱིར་རོ། །ལྷ་དང་མི་དམ་པ་མ་ཡིན་པ་ནི་དེ་ལས་གཞན་པའི་ལྷ་དང་མི་ལ་སོགས་པ་སྟེ། དེ་དག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པར་བརྩད་ཅིང་བརྒལ་ཀྱང་ཆོས་རྣམས་མཐའ་མཐོང་བའི་མཚན་མ་ཡོད་པར་མ་གཟིགས་ལ་གཏན་ཚིགས་ཀྱིས་ཚུགས་པར་མ་གཟིགས་པས་ན། རྩོད་པར་བྱེད་པའི་མཚན་མ་མ་མཐོང་སྟེ་ཞེས་བྱའོ། །མཚན་མ་མཐོང་བས་ཞེས་བྱ་བས་ནི། གཏན་ཚིགས་ཀྱིས་ཚུགས་པའི་རྒྱུ་མ་མཐོང་བས་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་སྤུ་ལྡང་བ་དང་ཚིག་འདར་བ་མི་མངའ་བ་བརྙེས་པས། དེ་བཞིན་གཤེགས་པ་བདེ་བ་རྙེད་པ་ཞེས་བྱའོ། །སེམས་སྤ་གོང་བ་མེད་པ་རྙེད་པས། འཇིགས་པ་མེད་པ་རྙེད་པ་ལ་གནས་ཏེ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་གནས་བླ་ན་མེད་པ་ཡིན་ལ། དེ་ཡང་འཕགས་པའི་ལམ་བསྒོམས་པས་ཐོབ་ཅིང་དེ་ཐོབ་ནས་ཀྱང་འཚེ་བ་དང་འཇིགས་པ་ཐམས་ཅད་དང་བྲལ་བ་ཡིན་པས། མྱ་ངན་ལས་འདས་པ་ནི་ཁྱུ་མཆོག་གི་གནས་ཏེ། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་མཛད་པས་ན། ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་པ་ཞེས་བྱའོ། །སྟོན་པ་བླ་ན་མེད་པར་དམ་བཅས་པ་ཕུན་སུམ་ཚོགས་པར་བདག་ཉིད་ཁས་ལེན་ཅིང་བསྟན་པ་ན། དེ་ལས་གཞན་པའི་སྟོན་པ་རྣམས་ཚར་གཅོད་པ་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་སྐྲག་པར་མཛད་ཅིང་འཁོར་གྱི་སྤ་གོང་བ་མེད་པར་གསུང་རྒྱ་ཆེན་པོ་སྒྲོགས་པའི་ཕྱིར། འཁོར་གྱི་ནང་དུ་གཤེགས་ནས་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ། །ཇི་ལྟར་ཉིད་


DTG207_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་གནས་མངོན་སུམ་དུ་མཛད་པ་དེ་ཉིད་ཐུགས་བརྩེ་བས། གཞན་འཐོབ་པར་བྱ་བའི་ཕྱིར་འཆད་པས་ན། འཇིག་རྟེན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཆོས་མཐུན་པས་སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་བ་ཞེས་བྱའོ། །མདོར་ཚིག་དེ་དག་གིས་དོན་རྣམ་པ་གཉིས་བསྟན་ཏེ། བདག་གི་དོན་ཕུན་སུམ་ཚོགས་པ་བརྙེས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའོ། །དེ་ལ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་པ་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཚོགས་པ་བརྙེས་པ་བསྟན་ཏེ། འཁོར་གྱི་ནང་དུ་གཤེགས་ནས་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་དང༌། ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་བསྟན་ཏོ། །ཡང་ན་ཉོན་མོངས་པའི་ནང་ཐམས་ཅད་ཞི་བའི་ཕྱིར། ཁྱུ་མཆོག་གི་གནས་ཐམས་ཅད་རབ་ཏུ་མཁྱེན་པ་ཞེས་བྱའོ། །སྨན་པ་ངན་པ་ནད་པ་ཉོན་མོངས་པའི་ནད་ཀྱི་སྨན་མི་ཤེས་པར་ཡང་དག་པའི་སྨན་ཡིན་པར་ཁས་ལེན་པར་ཚར་གཅོད་ཅིང་རང་ཉིད་ཡང་དག་པའི་སྨན་པར་ཁས་ལེན་པས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ། །ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཐབས་སྟོན་པའི་ཕྱིར་ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱའོ། །གང་དེ་བཞིན་གཤེགས་པས་བར་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་གང་འཕགས་པའི་ལམ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་པ་ལ་སོགས་པའོ། །བར་ཆད་ཀྱི་ཆོས་སུ་མི་འགྱུར་ཞེས་བྱ་བ་ནི་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་ཀྱང༌། རྣམ་པར་གྲོལ་བའི་བགེགས་སུ་མི་འགྱུར་བར་སྨྲ་བའོ། །འདི་ལ་གང་གིས་རྒྱས་པ་དང་ཞེས་བྱ་བ་ནི་ཆོས་དེ་དག་བར་དུ་གཅོད་པ་ཡིན་པར་བཤད་པ་ལས་བར་ཆད་དུ་མི་འགྱུར་རོ་ཞེས་བྱ་བ་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ཡན་ཆད་རྒྱས་པར་སྦྱར་བའོ། །གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བའི་ལམ་དུ་གསུངས་པ་དང་ཞེས་བྱ་བ་ལ་དེས་ནི་དེ་བཞིན་གཤེགས་པས་སོ། །འཕགས་པ་འབྱུང་བར་འགྱུར་བའི་ལམ་ནི། ལམ་གང་ལ་བརྟེན་ནས་འཕགས་པ་རྣམས་རྣམ་པར་གྲོལ་བའི་ལམ་ཐོབ་ཅིང་འཁོར་བའི་སྡུག་བསྔལ་ལས་འབྱུང་བར་འགྱུར་བའི་ལམ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ལ་སོགས་པའོ། །ལམ་དུ་


DTG207_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུར་གསུངས་པའོ། །རྟེན་ཀྱང་འབྱུང་བར་མི་འགྱུར་བ་ཞེས་བྱ་བ་ནི་ལམ་དེ་ལ་བསྒོམས་ཀྱང་ཁམས་གསུམ་ནས་འབྱུང་བར་མི་འགྱུར་ལ། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མེད་པར་ལྟ་ག་ལ་འགྱུར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ལ། ཟག་པ་ནི་མཐོང་བ་དང༌། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ཏེ་དེ་དག་མ་ལུས་པར་སྤངས་པ་བདག་ཉིད་ཀྱིས་མངོན་སུམ་དུ་བྱས་པར་མཁྱེན་པའོ། །བཤད་པ་གཞན་ནི་སྔ་མ་བཞིན་དུ་དོན་བལྟའོ། །དེ་ལ་མི་འཇིགས་པ་བཞི་པོ་འདི་དག་མདོར་བསྡུ་ན་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་ནས། དེ་ཕུན་སུམ་ཚོགས་པར་རྙེད་པར་བལྟ་སྟེ། དེ་ལ་བདག་གི་དོན་ལ་ཡང་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང༌། སྤོང་བའི་ཁྱད་པར་རོ། །གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ་མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོ་ལ་བརྟེན་པའོ། །དེ་ལ་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཡང་དག་པར་སངས་རྒྱས་ཞེས་བྱ་བས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པར་སྟོན་ཏོ། །ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས་ཏེ་ཞེས་བྱ་བས་སྤང་བའི་ཁྱད་པར་དང་ལྡན་པར་སྟོན་ཏོ། །བར་ཆད་ཀྱི་ཆོས་གསུངས་པ་ནས་བྱ་བས་མི་མཐུན་པའི་ཕྱོགས་སྤང་བ་བསྟན་ཏོ། །འབྱུང་བར་འགྱུར་བའི་ལམ་དུ་གསུངས་པ་ཞེས་བྱ་བས་གཉེན་པོ་ལ་བརྟེན་པ་བསྟན་ཏོ། །འབྱུང་བར་འགྱུར་བའི་ལམ་དུ་གསུངས་པ་ཞེས་བྱ་བས་གཉེན་པོ་ལ་བརྟེན་པ་བསྟན་ཏོ། །མི་འཇིགས་པ་བཞི་བསྟན་པའི་འོག་ཏུ། སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། དེའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པར་མཁྱེན་པ་ནི། དོན་སོ་སོ་ཡང་དག་པར་རིག་པའོ། །ཡང་ན་སྡུག་བསྔལ་བ་དང༌། མི་རྟག་པ་དང་སྟོང་པ་དང་བདག་མེད་པར་མཁྱེན་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཞེས་བྱའོ། །ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་མཁྱེན་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་


DTG207_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཐོ་བ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། བཟང་པོ་དང༌། ངན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གཟུགས་ཅན་དང༌། གཟུགས་ཅན་མེད་པ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཚད་མེད་པ་རྣམས་མཁྱེན་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང༌། དེའི་གཉེན་པོ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་མཁྱེན་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། མི་འམ་ཅི་ལ་སོགས་པ་ཇི་སྙེད་སེམས་ཅན་གྱི་གྲངས་སུ་གཏོགས་པའི་སྐད་ཇི་སྙེད་པ་རྣམས་མཁྱེན་པ་དང༌། སྐད་དང་སྒྲའི་གཙུག་ལག་ཏུ་བྱ་བ་ཇི་སྙེད་ཡོད་པ་མཁྱེན་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པར་མཁྱེན་པའོ། །གསུང་གཅིག་གིས་འགྲོ་བ་མཐའ་དག་ལ་གོ་བར་མཛད་ཅིང་དངོས་པོ་གཅིག་གིས་རབ་ཏུ་དབྱེ་བ་བསྐལ་བའི་མཐར་བརྗོད་ཀྱང་ཐུག་པ་མེད་པར་མཁྱེན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དོན་དུ་ན་གང་བསྟན་པར་བྱ་བ་དང༌། གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་མཐར་ཐུག་པ་མེད་ཅིང་ཐོགས་པ་མེད་པར་མཁྱེན་པ་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་གང་བསྟན་པར་བྱ་བ་ཡང་རྣམ་པ་གཉིས་ཏེ་གནས་དང་གནས་པའོ། །དེ་ལ་གནས་ནི་ཆོས་སོ། །གནས་པ་ནི་དོན་ཏོ། །གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་ཏེ། ཚིག་ཐོགས་པ་མེད་པ་དང༌། ཡེ་ཤེས་ཐོགས་པ་མེད་པས་སོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཡི་ཤེས་ཐོགས་པ་མེད་པ་སྟེ། དེ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྟན་པའི་འོག་ཏུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་ཏེ་ཇི་ལྟར་བསྟན་པ་བཞིན་བཤད་པར་བཞེད་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྒྱུད་ལ་མངའི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་ལ་མེད་པས་ཐུན་མོང་དུ་མ་གྱུར་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །


DTG207_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་པོ་དེ་དག་གི་དོན་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་དགེ་སློང་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འཇུག་པ་ན། བར་འགའ་ནི་གླང་པོ་གཏུམ་པོ་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་དང༌། བར་འགའ་ནི་རྟ་དང་གླང་པོ་ཆེ་དང་བ་ལང་གཏུམ་པོ་དང་ཁྱི་གཏུམ་པོ་དང་འགྲོགས་ཤིང་འགྲོ་བ་དང༌། བར་འགའ་ནི་ཚེར་མ་སྟུག་པོར་རྐང་པ་འདོར། བར་འགའ་སྦྲུལ་གདུག་པ་གནས་པར་རྐང་པ་འདོར་བ་དང༌། འཇུག་པར་བྱ་བ་མ་ཡིན་པའི་གནས་བུད་མེད་ལ་སོགས་པ་ཡོད་པར་ཞུགས་ནས་རིགས་པ་མ་ཡིན་པ་སྨྲ་བས་བསྡུ་བར་བྱེད་པ་དང༌། དགོན་པའི་གནས་སུ་སོང་བ་ལས་ལམ་པོར་ནས་ལམ་ལོག་བར་འགྲོ་བ་དང༌། རྐུན་པོའམ་སེང་གེའམ་སྟག་གམ་དོམ་ལ་སོགས་པ་དང་ལྷན་ཅིག་འགྲོ་བ་སྟེ། རྣམ་པ་དེ་ལྟ་བུ་དག་ནི་འཕགས་པ་དགྲ་བཅོམ་པའི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་དེ་འདྲ་བ་མི་མངའ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དགོན་པའི་གནས་ཀྱི་ལམ་བཙལ་བ་ལས་ལམ་མ་མཐོང་བའམ། ཁང་པ་སྟོང་པར་ཞུགས་ནས་འདི་ཅི་ཞིག་ཅེས་སྒྲ་འབྱིན་ཅིང་སྐད་ཆེར་འབོད་ལ། དུད་མོ་ཆེར་འབེབས་པའམ། བག་ཆགས་ཀྱི་ཉེས་པའི་རྒྱུས་གད་མོ་རྟ་གད་འབྱིན་པ་ནི། འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་ཅ་ཅོ་སྟེ། རྣམ་པ་དེ་ལྟ་བུ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་བའི་ཕྱིར། ཅ་ཅོ་མེད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་དྲན་པ་རྨོངས་པ་མི་མངའ་སྟེ། བྱས་ཏེ་རིང་དུ་ལོན་པ་དང། སྨྲས་ནས་རིང་དུ་ལོན་པ་རྣམས་ཀྱང་མི་བསྙེལ་བས་ན། དྲན་པ་ཉམས་པ་མེད་པ་ཞེས་བྱའོ། །ཡང་འཕགས་པ་དགྲ་བཅོམ་པ་ཏིང་ངེ་འཛིན་དུ་ཞུགས་པ་ན་ནི་མཉམ་པར་གཞག་པ་དང༌། ཏིང་ངེ་འཛིན་དུ་མ་ཞུགས་པ་ན་ནི། མཉམ་པར་གཞག་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་སེམས་མཉམ་པར་བཞག་པས་རྣམ་པ་དེ་ལྟ་བུ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་བའི་ཕྱིར། མཉམ་པར་མ་བཞག་པའི་སེམས་མེད་པ་ཞེས་བྱའོ། །དེ་བས་ན་མདོ་དག་ལས་གསུངས་པ། གླང་པོ་སྤྱོད་ནའམ་མཉམ་དུ་འཇོག །བཞེངས་ན་འང་གླང་པོ་མཉམ་འཇོག་ལ། །གླང་པོ་


DTG207_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱང་མཉམ་འཇོག་སྟེ། །བཞུགས་པར་གྱུར་ཀྱང་མཉམ་དུ་འཇོག །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་གཅིག་པུ་ཕུང་པོ་ལ་ཡིད་འབྱུང་བ་ནི་འདུ་ཤེས་སྐྱེ་བ་དང༌། ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་སྐྱེ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་གཉིས་ལ་ཐ་དད་པའི་འདུ་ཤེས་མི་མངའ་བས་ན། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་ཞེས་བྱ་སྟེ། མཆོག་ཏུ་བཏང་སྙོམས་ཀྱི་མཚན་ཉིད་ལ་གནས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་སེམས་ཅན་སྐལ་བ་ཡོད་དམ། མེད་པར་སོ་སོར་མ་བརྟགས་པར་ཡང་སེམས་ཅན་གྱི་དོན་ལ་བཏང་སྙོམས་སུ་འཇོག་སྟེ། དེ་བཞིན་གཤེགས་པ་རྣམས་ནི་སྐལ་བ་ཡོད་དམ་མེད་ཅེས་བརྟགས་ནས་སྐལ་པ་མེད་པ་རྣམས་བཏང་སྙོམས་སུ་འཇོག་གི་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་རྣམ་པ་ཐམས་ཅད་དུ་མི་མངའ་བས་ན། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བའི་སྒྲིབ་པ་སྤང་བར་བྱ་བ་ལས་བརྩམས་ནས། ཤེས་བྱའི་སྒྲིབ་པ་དག་པའི་ཡེ་ཤེས་མ་ཐོབ་པར་ཡོངས་སུ་ཉམས་པས། མོས་པ་ཉམས་པ་དང༌། བརྩོན་འགྲུས་ཉམས་པ་དང༌། དྲན་པ་ཉམས་པ་དང༌། ཤེས་རབ་ཉམས་པ་དང༌། རྣམ་པར་གྲོལ་བ་ཉམས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་པ་སྟེ་དེར་དྲུག་ཅར་མེད་ལ། ཉམས་པ་རྣམ་པ་དྲུག་པོ་དེ་དེ་བཞིན་གཤེགས་པ་ལ་ཉམས་པ་མི་མངའ་སྟེ། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བ་ལ་མོས་པ་ཉམས་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་མ་ཉམས་པས་ན། མོས་པ་བྲི་བ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་བྲི་བ་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་རྣམས་དུས་གསུམ་གྱི་ཤེས་པར་བྱ་བའི་དངོས་པོ་ལ་འབད་པ་ཙམ་གྱིས་ཁོང་དུ་ཆུད་པ་མེད་དེ་གང་གི་ཡེ་ཤེས་ནི་ཆགས་པ་མེད་པ་ཞེས་བྱའོ། །ཐམས་ཅད་ཁོང་དུ་ཆུད་པ་མེད་དེ་དེ་དག་གི་ཕྱིར་དེ་དག་གི་ཡེ་ཤེས་ནི་ཐོགས་པ་མེད་པ་ཞེས་བྱའོ། །དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་འབད་པ་མེད་པར་དུས་གསུམ་གྱི་དངོས་པོ་ཁོང་དུ་ཆུད་པར་མ་ཆགས་པ་དང༌། ཐམས་ཅད་ཁོང་དུ་ཆུད་པས་མ་ཐོགས་པ་སྟེ། དེ་བས་ན་འདས་པའི་དུས་ལ་མ་


DTG207_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ཞེས་བྱ་བ་ནས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་ལུས་དང་ངག་དང་ཡིད་ཀྱི་ལས་འཇུག་པ་ལ་ཡེ་ཤེས་སྔོན་དུ་གཏོང་བ་མེད་པས་བར་འགའ་ནི་དགེ་བའི་ལུས་ཀྱི་ལས་ལ་འཇུག །བར་འགའ་ནི་ལུང་དུ་མ་བསྟན་པ་ལ་འཇུག །དེ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ལ་ཡང་གོང་མ་ལྟར་འཇུག་སྟེ། ལས་འདྲེན་མ་ལ་འཇུག་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལས་རྣམ་པ་གསུམ་ཅར་ལ་ཡང༌། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས། དགེ་བའི་ལས་འབའ་ཞིག་འབྱུང་བར་ཟད་ཀྱི་ལུང་དུ་མི་སྟོན་པའི་ལས་ལ་མི་འབྱུང་བས་ན་ལུས་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་ལ་ཡེ་ཤེས་ཀྱིས་བསྐྱོད་པས་ན། སྔོན་དུ་ཡེ་ཤེས་འགྲོ་བ་ཞེས་བྱའོ། །ཡེ་ཤེས་དུས་གཅིག་ཏུ་འབྱུང་བས་ན། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་གི་དོན་དུ་ན་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་ཕུན་སུམ་ཚོགས་པ་དང༌། དེ་བཞིན་གཤེགས་པའི་དབང་པོའི་རྟེན་འབྲས་བུ་དང་བཅས་པ་མ་ཐོབ་པར་ཡོངས་སུ་ཉམས་པ་མི་མངའ་བ་ཕུན་སུམ་ཚོགས་པ་དང༌། ཐུན་མོང་མ་ཡིན་པའི་ཡེ་ཤེས་ལ་གནས་པ་ཕུན་སུམ་ཚོགས་པ་དང༌། ཐུན་མོང་མ་ཡིན་པའི་ལས་ལ་འཇུག་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །དེ་ལ་འཁྲུལ་པ་མེད་ཅེས་བྱ་བས་ལུས་ཀྱི་རྣམ་པར་དག་པ་བསྟན་ཏོ། །ཅ་ཅོ་མེད་ཅེས་བྱ་བས་ངག་གི་ལས་རྣམ་པར་དག་པ་བསྟན་ཏོ། །དྲན་པ་ཉམས་པ་མེད་པ་དང༌། མཉམ་པར་མ་བཞག་པའི་སེམས་མེད་པ་དང༌། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་བཞིས་ཡིད་ཀྱི་ལས་རྣམ་པར་དག་པ་བསྟན་ཏོ། །མོས་པ་འབྲི་བ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་བྲི་བ་མེད་པ་ཞེས་བྱ་བ་དྲུག་གིས་དེ་བཞིན་གཤེགས་པའི་དབང་པོ་རྟེན་དང་འབྲས་བུར་བཅས་པ་ལ་མ་ཐོབ་པར་ཡོངས་སུ་ཉམས་པ་མེད་པར་བསྟན་ཏོ། །དེ་ལ་དབང་པོའི་རྟེན་ནི་མོས་པའོ། །འབྲས་བུ་


DTG207_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་བསྟན་པའོ། །དབང་པོ་ཉིད་ནི་བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་སྟེ། རྣམ་པ་གསུམ་མོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པ་ཞེས་བྱ་བ་ནས་དེ་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ཐུན་མོང་མ་ཡིན་པའི་ཡེ་ཤེས་ལ་གནས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ལུས་ཀྱི་ལས་ཐམས་ཅད་ཀྱི་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཞེས་བྱ་བ་ནས་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཚིག་གསུམ་གྱིས་ཐུན་མོང་མ་ཡིན་པའི་ལས་ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །མ་འདྲེས་པ་བཅོ་བརྒྱད་བསྟན་པའི་འོག་ཏུ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྨོས་པས་དེ་བཤད་པའི་ཕྱིར། དེ་ལ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །མཚན་དེ་དག་དང་ལྡན་ན་འདི་ནི་སྐྱེས་བུ་ཆེན་པོ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་འགྱུར་བས་ན། སྐྱེས་བུ་ཆེན་པོའི་མཚན་ཏེ། དེ་ཡང་སུམ་ཅུ་རྩ་གཉིས་ཡོད་ལ། དཔེ་བྱད་བརྒྱད་ཅུ་ནི་དེའི་འཁོར་དུ་གཏོགས་པའོ། །ཞབས་ཤིན་ཏུ་བརྟན་ཞེས་བྱ་བ་ནི་ཞབས་གཉིས་ཀྱི་མཐིལ་ཤས་གང་ལ་སའི་སྟེང་དུ་མཉམ་དུ་འདོར་ཞིང༌། འཁོར་བ་དང་འབུར་བ་ལ་སོགས་པ་མེད་པའོ། །ཞབས་ཀྱི་མཐིལ་གཉིས་ཀྱི་འོག་ན། འཁོར་ལོའི་མཚན་གྱི་ཞབས་ཀྱི་མཐིལ་ལ་ཞེས་བྱ་བ་ནི། ཞབས་གཉིས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་ཡོད་པ། ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པའི་ཕྱིར་རོ། །རྟིང་པ་ཆེ་ཞིང་ཞབས་མཐོ་བ་ཞེས་བྱ་བ་ནི་རྟིང་པ་ཡངས་ཤིང་སྦོམ་ལ་ཞབས་ཀྱི་གོང་མཐོ་བའོ། །ཞབས་དང་ཕྱག་དྲ་བ་ཅན་ནི། ཞབས་གཉིས་དང་ཕྱག་གཉིས་ཀྱི་སོར་མོའི་བར་སྲབ་མོ་དྲ་བ་དང་འདྲ་བས་འབྲེལ་པའོ། །ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ནི་ཕྱག་དང་ཞབས་ཀྱི་པགས་པ་འཇམ་ལ་ཐག་ཐུག་ཅན་དུ་མཁྲང་བ་ཡིན་ནོ། །སྐུ་བདུན་མཐོ་བ་ཞེས་བྱ་བ་ནི་ཕྱག་གི་ཐལ་གོང་གཉིས་མཐོ་བ་དང༌། ཞབས་ཀྱི་མཐིལ་དང་གོང་མཐོ་བ་དང༌། དཔུང་མགོ་གཉིས་མཐོ་བ་དང༌། མགུར་གྱི་ཐོན་གོར་ཤས་གང་བ་སྟེ་བདུན་ནོ། །རྗེ་ངར་རི་དྭགས་ཨེ་ནྱ་ཡ་ལྟ་བུ་དང་ཞེས་བྱ་བ་ནི་སྐུ་བརླ་ནས་བརྩམས་ཏེ་མན་ཆད་ཁད་ཀྱིས་ཕྲ་བར་གནས་པའོ། །


DTG207_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གསང་བ་ནང་དུ་ནུབ་པ་ནི་མཚན་གསང་བ་པགས་པའི་ནང་དུ་ནུབ་སྟེ་མི་སྣང་བར་གྱུར་པའོ། །སྐུ་རོ་སྟོད་སེང་གེའི་ལྟ་བུ་ནི་རོ་སྟོད་འཕེལ་ཀ་ཆེ་ལ་རྐེད་པ་ཕྲ་བའོ། །སྒྲོག་རུས་ཀྱི་བར་རྒྱས་པ་ནི། སྒྲོག་རུས་ཀྱི་བར་ཤས་གང་བའོ། །དཔུང་པ་བརྐྱང་བ་རབ་ཏུ་རིང་བ་ནི་ཕྱག་བརྐྱང་ན་པུས་མོ་འདས་པའོ། །སྐུ་རྣམ་པར་དག་པ་ནི་སྐུ་ལ་དྲི་མ་མི་འཆགས་པའོ། །མིད་པ་དུང་ལྟ་བུ་ནི་མགུལ་ཁྲེམ་གཉེར་ཅན་དུ་གནས་པའོ། །འགྲམ་པ་སེང་གེ་ལྟ་བུ་ནི་འགྲམ་པའི་ལྷ་ང་ཆེ་བའོ། །སོ་བཞི་བཅུ་མཉམ་པ་ནི་ཡ་སོ་དང་མ་སོ་ཉི་ཤུ་ཉི་ཤུར་གྲངས་མཉམ་པའོ། །སོ་བར་མ་བྱེ་ཞིང་མཉམ་པ་ནི་ཚེམས་ཐགས་འབྲེལ་ཞིང་ཚེམས་ཆེ་ཆུང་མེད་པའོ། །ལྕེ་ཆེ་བ་ནི་ལྗགས་བརྐྱང་ན་ཞལ་ཁྱབ་པར་འགྱུར་བའོ། །རོ་བྲོ་བའི་མཆོག་ནི་ལྗགས་ཀྱི་སྟེང་དུ་ནས་རུལ་པ་བབ་ཀྱང་ལྷའི་ཞལ་ཟས་རོ་མཆོག་ཏུ་མྱང་བར་འགྱུར་བའོ། །ཚངས་པའི་དབྱངས་ཀ་ལ་པིང་ཀའི་སྒྲ་སྐད་ནི་གསུང་འཇམ་ཞིང་མཉེན་པས་གདུལ་བྱ་རྣམས་ཀྱི་སེམས་འཕྲོག་པར་བྱེད་པའོ། །སྤྱན་ཀུན་སྔོ་བ་ནི་སྤྱན་གྱི་སྤྲིན་དཀར་པོའི་གོང་ན་ཁ་དོག་མཐོན་མཐིང་དུ་གནས་པའོ། །སྤྱན་པའི་རྫི་མ་འདྲ་བ་ནི་སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུར་སྤུ་མཉམ་ཞིང་སྲབ་ལ་གནས་པའོ། །དབུའི་གཙུག་ཏོར་ནི་དབུའི་དབུས་ན་ཤའི་ཐོར་ཚུགས་ཚང་བའི་འཇིག་རྟེན་ནས་ཀྱང་བལྟར་མི་སྣང་བ་མངའོ། །ཤིང་ནྱ་གྲོ་དྷ་ལྟར་ཟླུམ་ཞིང་མཛེས་པ་ནི་སྐུ་ཆུ་ཞེང་གབ་ལ་ཡན་ལག་རྣམས་ཀྱང་སྐུའི་རྐྱེན་དུ་བབ་ལ། ཆེ་ཆུང་མེད་པ་མངའ་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་བསྟན་ནས་གང་དག་མཚན་ཐོབ་པར་མོས་པས་དེའི་རྒྱུ་སྒྲུབ་པ་ལ་ལན་ཏན་བྱེད་པར་འདོད་པའི་འགྲོ་བ་རྣམས་ཀྱི་དོན་དུ་མཚན་གྱི་བསྟན་པའི་ཕྱིར་གསུངས་པ། ཞབས་གཉིས་རབ་ཏུ་བརྟན་པ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་འདི་ནི་སྔོན་ཡི་དམ་ལ་རབ་ཏུ་བསྟན་པས་གྲུབ་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་མཚན་རྣམས་ནི་རྣམ་པར་སྨིན་པའི་འབྲས་བུའི་རང་བཞིན་ཏེ། འབྲས་བུ་ལ་རྒྱུ་མེད་མི་སྲིད་པས་དེའི་རྒྱུ་སྟོན་པར་མཛད་དོ། །སྔོན་ཡི་དམ་ལ་རབ་ཏུ་བརྟན་པས་གྲུབ་ཅེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགེ་བ་ལ་སོགས་པ་བྱ་བར་ཁས་བླངས་པའི་ཡི་དམ་མ་བྲལ་ཞིང་ནན་ཏན་དུ་གུས་པར་བྱ་བ་ལས་ཞབས་བརྟན་པ་གྲུབ་པ་བཞིན་ནོ། །སྔོན་སེམས་ཅན་ཕ་རོལ་རྣམས་སྦམ་བཀོང་བས་གྲུབ་པོ་ཞེས་བྱ་བ་ནི་སེམས་


DTG207_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཐུ་ཆུང་ཤིང་ཉམ་ཆུང་བ་རྣམས་ལ་སྐྲག་པ་དང༌། འཇིགས་པ་མ་བྱས་པས་གྲུབ་པའོ། །ཆོས་ཀྱིས་བསྲུང་བ་དང་བསྐྱབ་པ་བྱས་ཞེས་བྱ་བ་ནི། སྔོན་སྲོག་མ་བཅད་པ་ལ་སོགས་པ་མི་དགེ་བའི་ལས་མི་བྱེད་པར་སྲུང་བ་ལས་གྲུབ་པའོ། །ཡང་ན་ཆོས་ཀྱིས་བསྲུང་བ་དང༌། བསྐྱབ་པ་དང་སྦ་བ་ཞེས་བྱ་བ་ནི་གང་ཟག་ཆོས་སྤྱོད་པ་རྣམས་ལ་འཇིགས་པ་དང༌། མི་བདེ་བའི་གྲོགས་མཉེན་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་དུས་ན་ཕན་འདོགས་པར་བྱེད་པར་བྱེད་པ་ལས་གྲུབ་པའོ། །དེ་ལ་མཉན་པའི་དུས་ན་གྲོགས་བྱེད་པ་ནི་བསྲུང་བའོ། །བསམ་པའི་དུས་ན་གྲོགས་བྱེད་པ་ནི་བསྐྱབ་པའོ། །བསྒོམ་པའི་དུས་ན་གྲོགས་བྱས་པ་ནི་སྦ་བར་བྱས་པའོ། །སྔོན་འཁོར་མ་ཕྱེད་པས་གྲུབ་པོ་ཞེས་བྱ་བ་ནི། གཞན་གྱི་གཡོག་འཁོར་ཁ་མ་དྲངས་པ་ལས་གྲུབ་པའོ། །སྔོན་བགོ་བ་སྣ་ཚོགས་བྱིན་པས་གྲུབ་པོ་ཞེས་བྱ་བ་ནི་ཆོས་དང་མལ་སྟན་ལ་སོགས་པ་བྱིན་པས་གྲུབ་པའོ། །སྔོན་སངས་རྒྱས་ཀྱི་ཆོས་ཀུན་བཟུང་བས་གྲུབ་པོ་ཞེས་བྱ་བ་ནི་སྔར་དམ་པའི་ཆོས་རྣམས་མཉན་པ་དེ་ནས་བསམས། དེ་ནས་བསྒོམས་པ་ལས་གྲུབ་པའོ། །སྔོན་གསང་ཐུབ་པར་བསྲུངས་པ་དང༌། འཁྲིག་པའི་ཆོས་སྤངས་པས་གྲུབ་ཅེས་བྱ་བ་ནི་སྣོད་མ་ཡིན་པ་ལ་བསྟན་དུ་མི་རུང་བ་རྣམས་སྣོད་མ་ཡིན་པ་ལ་མ་བསྟན་ཏེ་བསྲུང་བ་དང༌། གཞན་གྱིས་གསང་བ་རྣམས་གཞན་དག་ལ་མ་བསྒྲགས་པར་བསྲུང་བ་དང༌། མི་ཚངས་པ་སྤྱོད་པའི་ཆོས་རྣམས་སྤངས་པ་ལས་གྲུབ་པའོ། །སྔོན་དགེ་བའི་ཆོས་སྤྱད་པ་ལས་གྲུབ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་སྤྱད་པ་ལས་གྲུབ་པའོ། །ཕ་རོལ་པོ་རྣམས་མི་འཇིགས་པར་དབུགས་ཕུང་བ་ཕྱིན་པས་གྲུབ་ཅེས་བྱ་བས་ནི། རྒྱལ་པོ་དང༌། རྐུན་བུ་ལ་སོགས་པའི་འཇིགས་པས་ཉེན་པའི་སེམས་ཅན་རྣམས་འཇིགས་པ་དེ་ལས་བསྐྱབས་པ་ལས་གྲུབ་པའོ། །སྔོན་གཞན་གྱི་བྱ་བ་སྤྲོ་བར་བྱེད་པས་གྲུབ་པ་ལས་བྱེད་པ་པོ་ལ་སྤྲོ་བ་བསྐྱེད་ཅིང་གྲོགས་བྱས་པ་ལས་གྲུབ་པའོ། །སྔོན་དགེ་བའི་རྩ་བ་ལ་སྦྱོར་བ་ཀུན་ཏུ་རྫོགས་པས་གྲུབ་པོ་ཞེས་བྱ་བ་ནི་དགེ་བ་གང་བརྩམས་པ་རྣམས་མཐར་ཕྱིན་པར་བྱས་པ་ལས་གྲུབ་པའོ། །སྔོན་སེམས་ཅན་དབུགས་དབྱུང་བ་བྱ་བ་ལས་གྲུབ་ཅེས་བྱ་བ་ནི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་བསྐྱབས་པ་ལས་གྲུབ་པའོ། །སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུངས་པ་ལས་གྲུབ་ཅེས་བྱ་བ་ནི། ལུས་དང་ངག་དང་ཡིད་གསུམ་སྡིག་པ་མི་དགེ་བའི་ཆོས་ལ་མི་འཇུག་པ་བསྲུངས་པ་ལས་གྲུབ་པའོ། །སྔོན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ལ་བདག་བརྟེན་པ་


DTG207_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་དཔག་ཏུ་མེད་པར་བསགས་པ་ལས་བྱུང་བའོ། །སྔོན་བསམ་པས་མ་བཅོས་པར་གྲུབ་པ་ཞེས་བྱ་བ་ནི་སེམས་ལ་གཡོ་མེད་པར་བྱས་པ་ལས་གྲུབ་པའོ། །ཆོས་ཡང་དག་པར་སྤྱོད་པ་ན་སེམས་ལས་སུ་རུང་བར་གྲུབ་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དཔྱོད་པ་ན་གཉིད་དང་རྨུགས་པ་དང་རྟོག་པ་དང་དཔྱོད་པ་བསལ་ཏེ། སེམས་པ་ལས་གྲུབ་པའོ། །སྔོན་འདུ་འཛི་སྤངས་པ་ལས་གྲུབ་པ་ནི་སྔོན་འགྲོ་བ་མང་པོ་ནང་ན་གནས་པ་སྤངས་པ་ལས་གྲུབ་པའོ། །སྔོན་བསྒྲགས་པར་རིགས་པ་རྣམས་ཀྱི་གྲགས་པ་བརྗོད་པ་ལས་གྲུབ་པ་ནི་ཡོན་ཏན་བསྒྲགས་པར་འོས་པ་རྣམས་ཀྱི་ཡོན་ཏན་གྲགས་པར་བྱས་པ་ལས་གྲུབ་པའོ། །མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱ་བ་ལ་མཐུ་བོ་ཆེ་ནི་སྟོབས་ཀྱི་ཚད་དེ་དེའི་སྟོབས་ཀྱི་ཚད་ནི་ཇི་ཙམ་ཞེ་ན་ཐ་མལ་པའི་བན་གླང་བཅུའི་སྟོབས་སྤོས་ཀྱི་གླང་པོ་གཅིག་ལ་ཡོད་དོ། །སྤོས་ཀྱི་གླང་པོ་བཅུའི་སྟོབས་མ་ཧཱ་ནཱ་ག་ན་གཅིག་ལ་ཡོད་དོ། །དེ་བཅུའི་སྟོབས་སྲ་ཀན་ཏ་གཅིག་ལ་ཡོད་དོ། །སྲ་ཀན་ཏ་བཅུའི་སྟོབས་པ་རང་ག་གཅིག་ལ་ཡོད་དོ། །པ་རང་ག་བཅུའི་སྟོབས་ཙ་ནུ་ར་ག་གཅིག་ལ་ཡོད་དོ། །ཙ་ནུ་ར་ག་བཅུའི་སྟོབས་མཐུ་བོ་ཆེ་གཅིག་ལ་ཡོད་དོ། །བཅོམ་ལྡན་འདས་ཀྱི་སྐུའི་ཚིགས་རེ་རེ་ལ་ཡང་མཐུ་བོ་ཆེའི་སྟོབས་ཡོད་པས་ན། མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱའོ། །དེ་བས་ན་ལྷ་སྦྱིན་གྱིས་བསད་པའི་གླང་པོ་ཆེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོས་ར་བ་བདུན་བསྒྲལ་ཏེ་བཏང་བའི་ཕྱིར་མཐུ་བོ་ཆེ་དང་འདྲ་བ་ཞེས་བྱའོ། །མཚན་གྱི་འོག་ཏུ་དཔེ་བྱད་བརྒྱད་ཅུ་བསྟན་པས་དེ་བཤད་པར་བཞེད་ནས་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེན་མོ་ཡིད་ཙམ་དམར་བ་ནི་ཟངས་ཀྱི་མདོག་ལྟ་བུའོ། །སེན་མོ་སྣུམ་པ་ནི་ཕྱི་རོལ་འཚེར་བའོ། །སེན་མོ་མཐོ་བ་ནི་སེན་མོའི་དབུས་ཐོག་ཐག་མཐོན་པོར་གནས་པའོ། །སེན་མོ་ཟླུམ་པ་ནི་ལེབ་ལེབ་པོ་མ་ཡིན་པའོ། །སེན་མོ་རྒྱས་པ་ནི་བར་སང་སིང་མེད་པའོ། །སེན་མོ་བགས་ཀྱིས་ཕྲ་བ་ནི་ལྷུན་གྱིས་མགོ་ཕྲ་བའོ། །ལོང་བུ་ནུབ་པ་ནི་ལོང་བུའི་ཤ་ནང་དུ་ནུབ་པའོ། །ཞབས་མཉམ་པ་ནི་ཞབས་གཉིས་ཆེ་ཆུང་ངུ་མ་གྱུར་བའོ། །སེང་གེའི་སྟབས་ནི་འཇིགས་པ་དང་བག་ཚ་བ་མེད་པར་གཤེགས་པའོ། །ཁྱུ་མཆོག་གི་སྟབས་ནི་ས་ཆེན་པོ་གནོན་པ་ལྟ་བུར་གཤེགས་པའོ། །གླང་པོའི་སྟབས་ནི་བརྗིད་པར་གཤེགས་པའོ། །ངང་པའི་སྟབས་ནི་གོམ་པ་གཡས་གཡོན་འདོར་བའི་བར་རྟག་ཏུ་མཉམ་པའོ། །གཡས་ཀྱིས་གཤེགས་པ་ནི་ཞབས་གཡས་སྔར་འདོར་བའོ། །བཟང་པོར་


DTG207_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ནི་སྟབས་མཛེས་པའོ། །མི་འཁྱོར་བར་གཤེགས་པ་ནི་སྐུ་འཁྱོར་བ་མེད་པར་ཞབས་འདོར་བའོ། །སྐུ་ཟླུམ་པ་ནི་མཛེས་པ་དང་ལྡན་པའོ། །སྐུ་འཚེར་བ་ནི་སྐུའི་པགས་པ་བཞིན་གྱི་གཟུགས་བརྙན་སྣང་བའོ། །སྐུ་རིམས་སུ་ཕེབས་པ་ནི་གང་དུ་ཆེ་བའི་གནས་སུ་ཆེ་ལ་ཆུང་བའི་གནས་སུ་ཆུང་བའོ། །ཆུ་ཞེང་གབ་པ་ནི་ཆུ་ཞེང་དུ་ལྡན་པའོ། །དཔེ་བྱད་ཀུན་མཛེས་པ་ནི་མཚན་དང་དཔེ་བྱད་དུ་བྱ་བ་རྣམས་དུམ་བུ་དང་མ་ཚང་བ་མེད་པ་མངའ་བའོ། །མཉམ་པར་གཤེགས་པ་ནི་མདུན་དུ་སྒུར་བ་དང་རྒྱབ་ཏུ་དགྱེས་པ་མེད་པའོ། །སྐུ་གཙང་བ་ནི་མི་གཙང་བ་ལ་སོགས་པ་མི་འབྱུང་བའོ། །སྐུ་རྣམ་པར་དག་པ་ནི་དྲི་མ་མི་མངའ་བའོ། །སྐུ་མ་ཞུམ་པ་ནི་ཞུམ་པོར་མི་གནས་པའོ། །བདུན་མཐོ་བ་ནི་གཞན་ལས་འཕགས་པ་འམ་ནུ་འཇིང་ལ་སོགས་པ་མཐོ་བའོ། །ཡན་ལག་དང་ཉིང་ལག་རབ་ཏུ་རྣམ་པར་ཕྱེ་བ་ནི་ཕྱག་དང་ཞབས་སོ་སོར་མ་འདྲེས་ཤིང་འབྲེལ་བ་མེད་པར་མཛེས་པར་གནས་པའོ། །རབ་རིབ་མེད་ཅིང་དག་པར་སྣང་བ་ནི། སྤྱན་གྱི་ལོང་ཐོག་ལ་སོགས་པ་དང་བྲལ་ཞིང་གསལ་བར་གཟིགས་པའོ། །ལྟོ་ཟླུམ་པ་ནི་ཕྱལ་ཕྱང་ངེ་བ་མ་ཡིན་པའོ། །ལྟོ་འཇམ་པ་ནི་པགས་པ་འཇམ་པའོ། །ལྟོ་མ་ཞོམ་པ་ནི་གོང་དུ་སྦོམ་ལ་བར་ན་ཕྲ་བ་མ་ཡིན་པའོ། །ལྟོ་མ་བྲི་བ་ནི་ཁོང་དུ་མ་སོང་བའོ། །ལྟེ་བ་ཟབ་པ་ནི་སྐུའི་ནང་དུ་ནུབ་པའོ། །ཀུན་ཏུ་མཛེས་པ་ནི་འོད་འདོམ་གོང་གིས་ཀུན་ནས་བསྐོར་ཏེ་མཛེས་པར་བྱས་པའོ། །སྤྱོད་པ་གཙང་བ་ནི་ཕྱག་གཡས་པ་མི་གཙང་བའི་གནས་སུ་ནམ་དུ་ཡང་མི་རེག་པའོ། །ཕྱག་གི་རི་མོ་ཟབ་པ་ནི་རི་མོ་ནང་དུ་སོང་བའོ། །ཕྱག་གི་རི་མོ་རིང་བ་ནི་རྒྱུན་མ་ཆད་པའོ། །ཞལ་རབ་ཏུ་མི་རིང་བ་ནི་ཞལ་ཆུ་རིངས་སུ་མི་འདུག་པའོ། །གཟུགས་དང་གཟུགས་བརྙན་སྣང་བ་དང༌། ཞལ་གྱི་ཡ་མཆུ་མ་མཆུ་ཆེ་ཆུང་དུ་མ་གྱུར་པའམ། སྐུ་ལ་གཟུགས་བརྙན་དུ་སྣང་བའོ། །བན་གླང་དང་སྤྲིན་ལྟར་སྒྲོགས་པའི་དབྱངས་ནི་དབྱངས་རིང་དུ་འདུག་པའོ། །མཆེ་བ་མཉམ་པ་ནི་མཆེ་བ་བཞི་ཆེ་ཆུང་མེད་པའོ། །མཆེ་བ་བགས་ཀྱིས་ཕྲ་བ་ནི་རྩེ་ཕྲ་བའོ། །སྣ་གཙང་བ་ནི་སྣབས་མི་འཛག་པའོ། །སྤྱན་ཡངས་པ་ནི་ཞེང་དུ་ཡང་ཆེ་བའོ། །སྤྱན་རིང་བ་ནི་དཀྱུས་སུ་ཡང་རིང་བའོ། །ཨུཏྤལའི་འདབ་མ་རངས་པ་ལྟ་བུ་ནི་བགས་ཀྱིས་སྔོ་ལ་ཐོག་ཐག་ཏུ་རིང་པོར་གནས་པའོ། །རིང་ལ་སྟུག་པ་ནི་སྲབ་མོ་མ་ཡིན་པའོ། །སྨིན་མ་རིང་བ་ནི་སྨིན་མའི་བར་མ་ཆད་པར་དཀྱུས་རིང་བའོ། །སྨིན་མའི་སྦུ་མཉམ་པ་ནི་སྤུ་རིང་ཐུང་མེད་པའོ། །རྣ་བ་གང་ཞིང་རིང་བ་ནི་སྙན་རྐང་རྐོང་མ་


DTG207_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་སྙན་ཆེ་བའོ། །རྣ་བ་མཉམ་པ་ནི་སྙན་གཡས་གཡོན་གཉིས་ལ་ཆེ་ཆུང་མེད་པའོ། །རྣ་བའི་དབང་པོ་མ་ཉམས་པ་ནི་རྐྱེན་གང་གིས་ཀྱང་འོན་པར་བྱ་བར་མི་ནུས་པའོ། །ཕྲ་ལ་རྒྱས་པ་ནི་རྐང་རྐོང་མེད་ཅིང་ཤས་རྒྱས་པའོ། །ཡན་ལག་གི་དམ་པ་ཀུན་ཏུ་རྒྱས་པ་ནི་སྐུ་ཐམས་ཅད་ཀྱང་མཛེས་པའོ། །སྐྲ་མ་འཛིངས་པ་ནི་ཕན་ཚུན་འདྲེས་ནས་ལོང་ལོང་པོར་མ་གྱུར་པའོ། །དོན་རྣམ་པར་གདོན་མི་ཟ་བ་གོང་དུ་བཤད་པ་མ་ལུས་པར་བསྟན་ཟིན་ཏོ་ཞེས་དགོངས་ནས་དགེ་སློང་རྣམས་ལ་ཞེས་བྱ་བ་ནས་ངས་བསྟན་ཟིན་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཇི་ལྟར་བསྟན་པའི་ཆོས་ལ་ཡང་ཚིག་ཙམ་དུ་གཟུང་བ་མ་ཡིན་གྱི། ནན་ཏན་གྱིས་བསྒྲུབ་དགོས་སོ་ཞེས་བཀའ་སྩལ་པ། །དགེ་སློང་དག་དགོན་པའི་གནས་དང་ཞེས་བྱ་བ་ནས། ངའི་བསྟན་པའོ་ཞེས་བྱ་བའི་བར་དུ་གསུངས་པའོ། །དགེ་སློང་དག་བག་ཡོད་པར་བྱོས་ལ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ལ་འཇུག་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཞུགས་པར་གྱུར་ན་འཆི་ཀར་ཡང་སེམས་ལ་གདུང་བ་དང༌། ཕྱིས་ཀྱང་གནོད་པར་གྱུར་ཏ་རེ་ཞེས་དགོངས་ནས་བཀའ་སྩལ་པ། འགྱོད་པར་མ་གྱུར་ཅིག་ཅེས་བྱའོ། །འདི་ནི་ངའི་བསྟན་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གསུམ་སྟེ། ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་ལ་ཀུན་བརྗོད་པའི་ཆོ་འཕྲུལ་ནི་འདི་ལྟར་སྒོམས་ཤིག་པའོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། ཁྱོད་ཀྱི་བསམ་པ་ད་ལྟར་འདི་དང་འདིའི་སེམས་ཞེས་བཤད་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་ནམ་མཁའ་ལ་འཕུར་བ་ལ་སོགས་པ་སྟོན་ཏོ། །འདིར་ནི་བསྟན་པ་ཆོ་འཕྲུལ་བཤད་པའི་ཕྱིར་འདི་ནི་ངའི་བསྟན་པའོ་ཞེས་གསུངས་ཏེ། ཆོ་འཕྲུལ་དེ་ནི་ཆོ་འཕྲུལ་གཉིས་པའོ་ཞེས་གསུངས་ཏེ། ཆོ་འཕྲུལ་དེ་ནི་ཆོ་འཕྲུལ་གཉིས་ལས་དམ་པར་གྱུར་པའི་ཕྱིར་རོ། །མདོ་སྡེ་བཤད་པའི་འབྲས་བུ་བསྟན་པའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་ཅིང་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། །མདོ་སྡེ་ཐོས་པའི་ཕུང་པོ་གཅིག་ཏུ་མཚམས་སྦྱར་བ་སྤང་བ་དང༌། མཐོང་བ་དང༌། བསྒོམས་པས་སྤང་པ་ཉོན་མོངས་པ་དང་བྲལ་བ་ནི་འབྲས་བུའོ། །དེ་ལ་ཚེ་གཅིག་ནས་གཅིག་ཏུ་སྦྱོར་བ་སྤངས་པས་ན་ལེན་པ་མེད་པ་ཞེས་བྱའོ། །མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་ན་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །དོན་རྣམ་པར་གདོན་མི་ཟ་བའི་ཊཱི་ཀ་རྫོགས་སོ།། །།

ལྷག་མཐོང་སྐྱེད་པའི་ཐབས།


DTG207_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་སྐྱེད་པའི་ཐབས་བཞུགས། དངོས་འཛིན་རྣམ་རྟོག་ཚང་ཚིང་ལྟ་བུ་ཤེས་རབ་མཚོན་གྱིས་རབ་བསལ་ནས། །དེ་ཉིད་ལ་ཡང་མི་གནས་དེ་ཕྱིར་མ་རྟོགས་འགྲོ་རྣམས་མུན་འཐོམས་ལ། །ཐུགས་རྗེ་ཆེན་པོས་ཆུ་ཀླུང་བཞིན་དུ་ངང་གིས་འཇུག་པའི་ཐབས་སྣ་ཚོགས། །གསུང་བ་དེ་ལ་དང་བས་ཕྱག་བྱས་ལྷག་མཐོང་སྐྱེད་ཐབས་མདོར་བསྡུ་བྱ། །སྡོམ་ནི། སྔོན་འགྲོ་ཞི་གནས་བསྟེན་པ་ཡིས། །རྟོགས་པར་བྱ་དགོས་དང་པོས་ཀྱང༌། །ངོ་བོ་མཚན་ཉིད་ངེས་ཚིག་དང༌། །དབྱེ་བ་དམིགས་པ་སྐྱེད་པའི་ཐབས། །དེ་རིགས་བསོད་ནམས་ཡན་ལག་དང༌། །ལུས་བཅོས་མཚམས་སྦྱོར་གཞག་པ་དང༌། །ཉེས་སྤངས་ལྡང་སེམས་ལངས་པ་ཡི། །ཚོད་གཟུང་བསྐྱེད་རིམ་གནས་པའི་ཚད། །བསྟན་པའི་ཐབས་ནི་ཅི་རིགས་བྱ། །གསལ་དང་ཐུན་རིང་སྐྱེད་དབྱུང་དང༌། །ལོག་པར་རྟོག་པའི་གཞུང་ཉིད་དང༌། །རང་ཕྱོགས་བསྒྲུབ་མེད་ཚུལ་གྱིས་བསྒྲུབ། །དེ་ལ་སྔོན་དུ་འགྲོ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་གྱིས་རྗེས་འཇུག་ལས་དང་པོ་སོ་སོར་ཐར་བའི་སྡོམ་པ་ལ་ལེགས་པར་གནས་པ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བླ་མ་ཡོན་ཏན་དང་ལྡན་པ་ལས་ཐེག་པ་ཆེན་པོའི་སྡོམ་པ་ལེགས་པར་བླངས་ནས་གུས་པར་སློབ་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་ཞི་གནས་ཀྱི་ཚོགས་ལ་གནས་ནས། ལྷག་པའི་སེམས་ཅུང་ཟད་བརྟན་པ་དེས་ལྷག་མཐོང་གི་ཚོགས་ལ་གནས་ནས་ལྷག་པའི་ཤེས་རབ་ལ་བསླབ་པའི་ཕྱིར་དེ་ཁོ་ན་ཚོལ་བ་ལ་བརྩོན་པར་བྱའོ། །དེ་སྐད་དུ། དབུ་མའི་རྒྱན་ལས། གང་དག་དད་པས་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླང་བྱ་སྟེ། །དེ་ནི་ཡང་དག་ཤེས་ཚོལ་བརྩོན། །ཞེས་གསུངས་སོ། །ལྷག་མཐོང་གི་ཚོགས་ནི། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ལྷག་མཐོང་གི་ཚོགས་མི་ཟད་པའི་སྐབས་ནས་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དེ་ནི་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་གཞི་ཡིན་ཏེ། དཔེར་ན་སྐྱེས་བུ་གཟུགས་ཡིད་དུ་འོང་བ་དང་ཕྲད་པར་འདོད་ཅིང་ཞེན་པས་ཉོན་མོངས་པ་སྐྱེ་བ་ལྟ་བུའོ། །ལྷག་མཐོང་


DTG207_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེད་པར་ཏིང་ངེ་འཛིན་གྱི་དམིགས་པ་ལ་མངོན་པར་ཞེན་པ་འདི་དག་ཀྱང་ཉོན་མོངས་པ་ཡང་སྐྱེ་བར་འགྱུར་རོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡིས་ཉན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ན་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས་སོ། །གང་དག་ཉོན་མོངས་པའི་རྐྱེན་གྱིས་ལས་བསགས་པ་དེ་དག་ནི་ཡུན་རིང་པོར་འཁོར་བ་ན་འཁྱམ་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་སྟེ། དཔེར་ན་ཕྱེ་མ་ལེབ་མེའི་ཕུང་པོར་ཆུད་པ་ལྟ་བུའོ། །འོན་ཏེ་དེས་ཐ་མལ་པའི་རྟོག་པ་ལྡོག་པས་གྲོལ་བར་འགྱུར་ཞེ་ན་མ་ཡིན་ཏེ། འཕགས་པ་བྱམས་པས། ཟས་ཆེན་དུག་དང་འདྲེས་ལ་ཞེན། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། གང་ཡང་རུང་བའི་གནས་རྙེད་ན། །ཉོན་མོངས་སྦྲུལ་གདུག་གཡོན་ཅན་གྱིས། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཞེན་པས་ཞེན་པ་མི་སྤོང་སྟེ། གཞན་དུ་ན་མེས་ཚིག་པའི་འཕྲོ་མེར་བཅུག་པས་སོགས་པ་དང་གཤེར་བ་ཆུར་བཅུག་པས་བསྐམས་པ་དང༌། ལྟོགས་པ་ཟས་བཅད་པས་འདྲངས་པ་དང༌། སྐོམ་པ་བཏུང་བ་བཅད་པས་ངོམས་པར་ཐལ་བར་འགྱུར་རོ། །གཞན་དག་ན་རེ་དེ་བཞིན་གཤེགས་པ་ལ་སོགས་པ་གཟུགས་ཀྱི་སྐུའི་བདག་ཉིད་དམ། གཞན་ཡང་རུང་སྟེ། ཤིན་ཏུ་གསལ་བ་མཐོང་ན་དེས་གྲོལ་བར་འགྱུར་ཞེ་ན། མ་ཡིན་ཏེ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། དཔེར་ན་གསེར་གྱི་གོང་བུ་དེ་བླང་བར་བྱ་བ་ཡིན་ཡང་མེས་རབ་ཏུ་ཚ་བར་གྱུར་ན་ལག་པས་གཟུང་བར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་ལུས་ཀྱི་སྡུག་བསྔལ་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐུ་དེ་ཡང་བླང་བར་བྱ་བ་ཡིན་མོད་ཀྱི་འོན་ཀྱང་ཞེན་པར་གྱུར་ན་སྤང་བར་བྱའོ་ཞེས་གསུངས་སོ། །སྒྱུ་མ་ལྟ་བུར་སྣང་བ་ནི་དོན་དམ་པར་སྐྱེ་བ་མེད་པ་མ་གཏོགས་པར་འབྱུང་མི་སྲིད་པར་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་སོ། །གཞན་ཡང་འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་སྐྱེ་བོ་བླུན་པོ་


DTG207_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་མ་རྟོགས་ཤིང་ལོག་པར་རྟོགས་པ་རྣམས་ཡུན་རིང་པོར་འཁོར་བ་ན་འཁྱམས་པ་དག་ལ་ཐབས་སྣ་ཚོགས་ཀྱིས་དྲང་བའི་དོན་དུ་གསུངས་པ་ལ་ཞེན་ནས་ཟབ་མོའི་དོན་ལ་མོས་པ་ཡང་ཟློག་པར་བྱེད་དེ། འདི་སྐད་ཅེས་འདི་ནི་སྒོམ་དུ་མི་འདོད་རྟོགས་པར་དཀའ། མ་རྟོགས་ཀྱང་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་གཞན་ཡོད་དོ། །གང་ཞེ་ན། མཚན་མ་བསྒོམ་པའོ་ཞེས་ཟེར་ཞིང་གེགས་བྱེད་པ་དེ་དག་ནི་ལྟ་བ་ལོག་པ་དང་གཞན་གྱིས་གེགས་བྱས་པས་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཡང་སྤང་དཀའ་བ་བསགས་པའི་ཕྱིར། ལྷ་དང་མིའི་ལུས་ཀྱང་མི་འཐོབ་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལ་འཐོབ། དེ་སྐད་དུ་ཡང༌། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། གང་གིས་ཆོས་རྣམས་ཀྱི་ནི་དེ་བཞིན་ཉིད། །མ་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་ཏེ། །ཐུགས་རྗེས་ཐབས་ཚུལ་རིག་པ་བརྒྱ་དག་གིས། །དེ་དག་རྣམས་ནི་སྟོན་པར་མཛད་པ་ལགས། །ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས་ཀྱང༌། གང་ཟག་དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་གསུངས་ལ། གང་ཟག་གཞན་གྱིས་ནི་བདུད་མཁན་པོ་ལ་སོགས་པའི་ཆ་བྱད་དུ་བྱས་པ་ཡིན་པར་ཡང་གསུངས་སོ། །དེ་སྐད་དུ་འཕགས་པ་ལྷས་ཀྱང༌། གཏི་མུག་གང་གིས་བསྒྲིབས་གྱུར་ཏེ། །གང་གི་ཡང་དག་གེགས་བྱེད་པ། །དེ་ལ་འབྲས་བུ་དགེ་བ་མེད། །ཐར་པ་མེད་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་བས་ན་སྐྱེས་བུ་གང་བདག་དང་གཞན་གྱི་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་སྤོང་བར་འདོད་ཅིང༌། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྐུ་གསུམ་དང་ཡེ་ཤེས་བཞིའི་བདག་ཉིད་ཐོབ་པར་འདོད་པས་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ། ཉོན་མོངས་པ་དུག་དང་འདྲ་བའི་རྩ་བ་དངོས་པ་ལ་མངོན་པར་ཞེན་པ་དུག་གི་སྡང་པོ་ལྟ་བུ་དེ་ཐབས་ཀྱིས་ཟིན་པའི་ཤེས་རབ་མཚོན་རྣོན་པོ་དང་འདྲ་བ་དེས། སྤང་བའི་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ནི་ཤིན་ཏུ་རྟོགས་པར་བྱ་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་ཆོས་ཉིད་འདི་ཐོབ་ནས་སེམས་ཅན་གཞན་དག་ཀྱང་ཆོས་ཉིད་འདི་ཁོ་ན་ལ་རབ་ཏུ་དགོད་དོ།


DTG207_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་སྟེ། དོན་གང་གི་ཕྱིར་འབད་ཅིང་རྩོལ་བ་དང༌། བརྩོན་འགྲུས་རྩོམ་པ་དང༌། དཀའ་བ་བརྒྱ་དག་བྱེད་པའི་རིགས་ཀྱི་བུ་དེ་ནི་དེ་བཞིན་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གཞན་དག་ན་རེ་ཆོས་ཉིད་དེ་རྟོགས་པར་བྱ་དགོས་ཀྱང་ལས་དང་པོ་པས་བསླབ་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ན་དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སེམས་བསྐྱེད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །འོན་ཏེ་དེ་ནི་ཐོས་པ་དང་བསམ་པ་ཙམ་ལས་བསླབ་པར་བྱ་བ་ཡིན་ཏེ། བསྒོམ་པ་དོན་དུ་གསུངས་པ་མ་ཡིན་ནོ་ཞེ་ན། ད་ལྟར་མི་བལྟ་སྟེ། ཐོས་པ་དང་བསམ་པ་ཡིན་མོད་ཀྱང་བསྒོམ་པ་ཡང་ཡིན་ཏེ། དེར་དགག་པའི་ཚིག་ནི་མ་གསུངས་ལ། སྒྲུབ་པའི་ཚིག་ནི་མང་དུ་གསུངས་སོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང་ཚོགས་ཀྱི་ལམ་གྱི་སྐབས་སུ། རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཞེས་གསུངས་པ་དང༌། བསྒོམ་པའི་རིམ་པ་དང་པོ་མཛད་པ་ལས་ཀྱང༌། ཐེག་པ་ཆེན་པོའི་མདོ་སྡེ་ཡིས། །ཚུལ་སྤྱོད་ལས་ནི་དང་པོ་པ། །དེ་ལས་བརྩམས་ཏེ་བསྒོམ་པ་ཡི། །རིམ་པ་མདོ་ཙམ་བརྗོད་པར་བྱ། །ཞེས་གསུངས་ལ། དེའི་ལྷག་མཐོང་བསྒོམ་པའི་སྐབས་སུ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་མེད་ཅེས་གསུངས་སོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་ལས་དང་པོ་ལས་ཀྱང་ཤིན་ཏུ་རྟོགས་པར་བྱ་དགོས་སོ། །དེ་ལས་དེ་རྟོགས་པར་བྱེད་པ་ནི་ལྷག་མཐོང་ལས་གཞན་པ་མ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་ཤེས་རབ་བོ། །དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །ཞེས་གསུངས་སོ། །དེའི་མཚན་ཉིད་ནི་དབྱེ་བ་ཡིན་ཏེ། དེ་ཉིད་ལས་ཤེས་པར་བྱ་བའི་དོན་དེ་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དེ་ནི་ལྷག་མཐོང་ངོ་ཞེས་གསུངས་སོ། །གཞན་ལས་ཀྱང་ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་གསུངས་སོ། །ངེས་པའི་ཚིག་ནི་འདིར་གཞན་གྱིས་མ་རྟོགས་པ་རྟོགས་པ་དང་མ་


DTG207_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་མཐོང་བ་ནི་ལྷག་མཐོང་ཡིན་ཏེ། དེ་སྐད་དུ་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས། བཅོམ་ལྡན་འདས་གལ་ཏེ་ཆོས་འགའ་ཞིག་མཐོང་ན་ནི། དེ་ནི་ལྷག་མཐོང་མ་ལགས་སོ་ཞེས་གསུངས་ཏེ། མ་མཐོང་བ་དེ་ནི་མཐོང་བ་རྣམས་ཀྱི་དམ་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང༌། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པར་མཐོང་བའོ་ཞེས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསུངས་སོ། །དེ་ལ་དབྱེ་བ་ནི་གསུམ་སྟེ། ཐོས་པའི་ཤེས་རབ་དང༌། བསམ་པའི་ཤེས་རབ་དང༌། བསྒོམ་པའི་ཤེས་རབ་བོ། །དེ་ལ་དམིགས་པ་ནི་ཐོས་པའི་ཤེས་རབ་ཀྱི་དམིགས་པ་སྒྲ་རང་གི་མཚན་ཉིད་དང༌། སྒྲ་བཀོད་པའི་ཡི་གེ་དག་ལ་དམིགས་ཏེ། མངོན་སུམ་དང་དམིགས་པ་མཚུངས་པའི་ཕྱིར་རོ། །སྒྲ་སྤྱི་དང་དོན་སྤྱི་ལ་ཡང་དམིགས་ཏེ། མངོན་སུམ་ལ་ངེས་པའི་ཤེས་པས་གྲོགས་བྱེད་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ་ཐོས་པའི་ཤེས་རབ་ནི་སྒྲ་རང་གི་མཚན་ཉིད་འབའ་ཞིག་ལ་དམིགས་ཟེར་ཏེ། དེ་ལྟ་མ་ཡིན་ནོ། །གང་གི་ཕྱིར་བུམ་པ་ཞེས་ཟེར་བའི་སྒྲ་ཐོས་པའི་དུས་སུ་མགྲིན་པ་ཕྲ་བ་ལ་སོགས་པའི་དོན་མ་ཤེས་ན་མ་ཐོས་པ་དང་འདྲའོ། །དེས་ན་བསམ་པའི་ཤེས་རབ་གང་ལས་བསྐྱེད། བསམ་པའི་ཤེས་རབ་མེད་ན་བསྒོམ་པའི་ཤེས་རབ་མི་སྐྱེ་སྟེ། དེའི་ཕྱིར་དེ་ནི་ལོག་པར་རྟོག་པ་ཡིན་ནོ། །བསམ་པའི་ཤེས་རབ་ཀྱི་དམིགས་པ་ནི་སྒྲའི་སྤྱི་དང༌། དོན་གྱི་སྤྱིའོ། །ཡང་གཙོ་བོས་ཕྱེ་ན་ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། ཞེས་གསུངས་པས་རྗེས་སུ་དཔག་པའི་ཤེས་པ་མཐར་ཐུག་པ་དང་མཚུངས་པར་ལྡན་པའི་དམིགས་པ་ནི་དོན་གྱི་སྤྱི་འབའ་ཞིག་གོ །བསྒོམ་པའི་ཤེས་རབ་ཀྱི་དམིགས་པ་ནི་རྣམ་པ་གཉིས་ཏེ། དོན་རང་གི་མཚན་ཉིད་དང༌། དོན་གྱི་སྤྱིའོ། །དེ་ལ་དོན་རང་གི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་གྱི་མངོན་སུམ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ། །དོན་གྱི་སྤྱི་ནི་སོ་སོའི་སྐེ་བོའི་རྗེས་སུ་དཔག་པ་བསྒོམ་པ་དང༌། མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ། །དེ་ལ་སྐྱེད་པའི་ཐབས་ནི་གསུམ་སྟེ། ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་རབ་བོ།།


DTG207_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རེ་ཞིག་ཐོས་པའི་ཤེས་རབ་བསྐྱེད་པར་བྱའོ། །དེ་ལ་ཁ་ཅིག་ན་རེ་ཐོས་པ་བྱ་མི་དགོས་ཏེ། དེ་ནི་གཞན་ལ་སྨ་བར་འདོད་པ་ཡིན་ནོ། །སྨྲ་བ་ལ་དགའ་བ་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་མྱ་ངན་ཆེན་པོ་ལྡང༌། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་སྒོམ་པར་བྱེད་ལ་མདོ་སྡེ་བལྟས་པས་ཆོག་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། དེ་ནི་རྙེད་པ་དང་བཀུར་སྟིའི་ཆེད་དུ་སྨྲ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ལ་ཕན་པའི་ཆེད་དུ་ཆོས་སྨྲ་བ་ཡང་ཕན་ཡོན་ཆེ་བའི་ཕྱིར་དགོས་པ་མེད་པ་མ་ཡིན་ནོ། །དེ་སྐད་དུ། ལྷག་པའི་བསམ་པ་བསྐུལ་བའི་མདོ་དེ་ཉིད་ལས། བྱམས་པ་གང་ཐོས་པ་དང༌། བཀུར་སྟི་མེད་པར་ཆོས་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་སྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་འདི་དག་གོ་ཞེས་གསུངས་སོ། །དེ་ནི་བསྟན་པ་འཛིན་པར་ཡང་གསུངས་ཏེ། དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །ཞེས་གསུངས་ཏེ། དེ་བས་ན་དེའི་ཆེད་དུ་ཡང་ཐོས་པ་བྱ་དགོས་སོ། །མདོ་སྡེ་བཀླགས་པ་ཙམ་གྱིས་དོན་རྟོགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ནི་ཤིན་ཏུ་རྟོགས་པར་དཀའོ། །གསུང་


DTG207_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཡང་མོས་པ་སྣ་ཚོགས་འཇུག་སྟེ། དེ་སྐད་དུ། གསུངས་གཅིག་དཀའ་ནི་གསལ་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་བརྡས། །འདི་བདག་ཁོ་ནའི་ཚད་ཡིན་ཞེས། །ཀུན་གྱི་དེ་ལྟར་དགའ་བ་སྟེ། །ཞེས་གསུངས་པ་དང༌། ལུང་ནི་འདམ་གྱི་ཕུར་པ་འདྲ། །ཞེས་ཀྱང་གསུངས་ལ། དད་ལྡན་རྐང་བརྐྱང་འདུག །བདེ་གཤེགས་ཉི་མ་འདི། །བྲམ་ཟེ་སྐུད་འཁལ་བཞིན། །དེ་ཉིད་དངོས་ལས་རིང༌། །ཞེས་གསུངས་སོ། །གཞན་ཡང་ལས་དང་པོ་པས་མདོ་སྡེ་བཀླགས་པ་ཙམ་གྱིས་དོན་ཟབ་མོ་གོ་ན་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་མི་གཏང་ཞེས་གསུངས་པ་དང་ཡང་འགལ་ལ། ཀློག་མཁན་ཀུན་ཀྱང་སྡེ་སྣོད་གསུམ་པར་ཐལ་བར་འགྱུར་རོ། །དེ་བས་ན། སངས་རྒྱས་ཆོས་ནི་ཚོལ་འདོད་ན། །ཐོས་པ་མང་པོའི་ཕྱིར་མི་འབྲངས། །ཞེས་གསུངས་པ་དགེ་བའི་བཤེས་གཉེན་བརྟེན་ཅིང་དེ་ལས་ཐོས་པ་མང་པོ་བྱ་བ་ནི་ཤིན་ཏུ་ཡང་གཅེས་སོ། །དེའི་ཕན་ཡོན་ནི་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། བྱང་ཆུབ་སེམས་དཔའ་ཆོས་འདོད་དྲི་མ་མེད་པའི་གཟི་བརྗིད་ཅན་གྱིས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ། །ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟ་བས་ན་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་ལས་ཐོས་ནས་དེའི་དོན་ལ་ལེགས་པར་བསམས་ནས་སྒོམ་པ་ལ་འཇུག་གི་གཞན་དུ་ནམ་ཐོས་ན་ཅི་ཞིག་བསམ། མ་བསམས་པར་ཅི་ཞིག་བསྒོམ་སྟེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་ཀ་མ་ལ་ཤཱི་ལས་བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང༌། ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ཁ་ཅིག་ན་རེ་ཐོས་པ་ཁོ་ན་བྱ་སྟེ། ཚུལ་ཁྲིམས་ནི་བཏང་སྙོམས་སུ་གཞག་གོ །དེ་ཅིའི་ཕྱིར་ཞེ་ན། མིའི་ལུས་ནི་བསྙེན་གནས་ཙམ་གྱིས་ཀྱང་།འཐོབ་པའི་ཕྱིར། དགེ་


DTG207_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཆེད་དུ་འབད་པ་དོན་མེད་དོ། །ཞེས་ཟེར་ཏེ། དེ་ལྟར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་པར་མདོ་སྡེ་མཐའ་དག་ལས་གསུངས་ལ། །དེའི་རྩ་བ་ནི་དགེ་སློང་ཡིན་ཏེ། དེ་ལ་དོན་མེད་ན་སྤང་བར་བྱ་བ་ཡིན་པས། དེ་སྤངས་ན་རྩ་བ་ཆད་པས་སོ་སོར་ཐར་པ་རིགས་བདུན་ཀ་སྤངས་ཏེ། དེས་ན་བདེ་འགྲོ་ཐམས་ཅད་སྤང་བ་ཡིན་ནོ། །དེ་སྤངས་པ་བྱང་ཆུབ་བསྒྲུབ་པའི་རྟེན་མེད་པའི་ཕྱིར་བྱང་ཆུབ་ཇི་ལྟར་སྒྲུབ། དེ་བས་ན་དེ་སྐད་སྨྲ་བ་དེས་ནི་མཐོ་རིས་དང་ཐར་པ་མཐའ་དག་སྤང་བ་ཡིན་ནོ། །འོན་ཏེ་བསྙེན་གནས་ཁས་བླངས་པ་མ་སྤངས་སོ། །ཞེ་ན། དགེ་སློང་མེད་པར་དེ་ཡང་མི་འོང་ལ། མི་ལུས་ཐོབ་པ་ཁོ་ནས་ཀྱང་མི་ཆོག་སྟེ། འདི་ན་ཁ་ཅིག་འཕེན་པར་བྱེད་པའི་ལས་ཀྱིས་མིའི་འགྲོ་བར་སྐྱེས་ཀྱང་རྫོགས་པར་བྱེད་པའི་ལས་ཞན་པས་ཆོས་ལ་འཇུག་མི་ནུས་པ་དག་སྣང་སྟེ། དེ་ལྟ་བུའི་མིའི་ལུས་ཀྱིས་བྱང་ཆུབ་ཇི་ལྟར་སྒྲུབ། །དེ་ལྟ་བས་ན་བདེ་འགྲོ་ཁྱད་པར་ཅན་སྐྱེད་པའི་ཕྱིར་ཚུལ་ཁྲིམས་ཁྱད་པར་ཅན་སྲོག་དང་འདྲ་བར་བསྲུང་དགོས་སོ། །གཞན་དུ་ན་འདུས་བྱས་དག་ལས་ཐར་པར་མི་ནུས་ཤིང༌། ན་བ་དང་རྒ་བ་དང་འཆི་བ་དག་གིས་ཤིན་ཏུ་འཇོམས་སོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། མི་ཞིག་ཆོམ་རྐུན་མང་པོས་རབ་གཙེས་ནས། །འཚོ་བར་འདོད་པས་འབྲོས་ཤིང་འགྲོར་བཙལ་ན། །དེ་ཡི་རྐང་པ་འགྲོ་ཞིང་རྒྱུག་མ་ནུས། །ཆོམ་རྐུན་དག་གིས་དེ་བཟུང་བཅོམ་པ་ལྟར། །དེ་བཞིན་ཚུལ་ཁྲིམས་ཉམས་པ་རྨོངས་པའི་མི། །འདུས་བྱས་དག་ལས་འབྲོས་པར་འདོད་མོད་ཀྱི། །ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མི་ནུས། །ན་རྒ་འཆི་བ་དག་གིས་ཤིན་ཏུ་འཇོམས། །ཞེས་གསུངས་སོ། །འོན་ཏེ་ཤེས་རབ་ཆུང་ངུ་ཐོས་པ་མེད་པ་རྣམས་ཀྱི་ཚུལ་ཁྲིམས་ཉམས་ན་ངན་འགྲོར་སྐྱེ་སྟེ། ཤེས་རབ་ཆེ་བ་ཐོས་པ་མང་བས་ཚུལ་ཁྲིམས་ཉམས་ཀྱང་ངན་འགྲོར་མི་འགྲོའོ་ཞེ་ན། དེ་ནི་བདེན་ཏེ་མཁས་པས་ལྟུང་བ་བཤགས་པ་དང་བསྡམས་པ་བྱས་ན་ངན་འགྲོར་མི་ལྟུང་ངོ༌། །དེ་སྐད་དུ། ལྕགས་ཀྱི་རི་ལུ་ཆུང་ཡང་རྒྱ་མཚོའི་གཏིང་དུ་འགྲོ་།དེ་ཉིད་སྣོད་དུ་བྱས་ན་སྟེང་ན་འཕྱོ་བ་


DTG207_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དེ་བཞིན་མི་མཁས་སྡིག་པ་ཆུང་ངུ་བྱས་ཀྱང་ངན་འགྲོར་འགྲོ་།མཁས་པས་སྡིག་པ་ཆེན་པོ་བྱས་ཀྱང་ལྟུང་མི་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྣོད་དུ་བྱས་པ་དང་འདྲ་བར་བཤགས་པ་དང་བསྡམས་པ་བྱས་ན་མི་ལྟུང་བ་ཡིན་གྱི་ཐོས་པ་དང་ཤེས་པ་ཙམ་གྱིས་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། ཆོས་ཀྱི་རྣམ་གྲངས་ཇི་སྙེད་མང་པོ་ཆུབ་བྱས་ཀྱང༌། །ཐོས་པས་བརྒྱགས་ཤིང་ཚུལ་ཁྲིམས་སྲུང་བར་མི་བྱེད་ན། །ཚུལ་ཁྲིམས་ཉམས་པ་དེས་ན་ངན་འགྲོར་འགྲོ་འགྱུར་ཏེ། །མང་དུ་ཐོས་པ་དེ་ལ་ཐོས་པས་སྐྱོབ་མི་ནུས། །ཞེས་གསུངས་སོ། །འོ་ན་མང་དུ་ཐོས་པ་དང་ཚུལ་ཁྲིམས་དག་པས་ལྟ་བའི་ཆེད་དུ་རྩོད་པ་ལ་སོགས་པ་ཉོན་མོངས་པས་ལོག་པར་ལྟུང་མི་ནུས་སོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ངས་སྔོན་དུ་དྲན་པ་སྔོན་འདས་པའི་དུས་ནང་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ་དཔལ་དང་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི་ཡོད་ཅེས་སྨྲ། ང་ནི་མེད་དོ་ཞེས་སྨྲ་སྟེ། ཡོད་མེད་གཉིས་ཀྱི་རྩོད་པ་ལ་བདེན་པར་གྱུར་ཏེ། གཅིག་ཏུ་མཆོད་དོ། །མཐའ་ཚེ་འཕོས་ནས་ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ། །ཞེས་གསུངས་སོ། །དེ་ཉིད་ལས་མང་དུ་ཐོས་པའི་མི་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ། །དེ་ལྟར་ང་རྒྱལ་གྱི་སེམས་ཚེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དམྱལ་བ་དེ་ལས་ཐར་ནས་ཡང་འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན་མང་དུ་ཐོས་པ་ལ་ཕན་ཡོན་ཅི་ཡོད་ཅེས་གསུངས་སོ། །དེ་ལྟ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ལྡན་བས་ཐོས་པ་ལ་བདག་དང་གཞན་གྱི་དོན་དུ་འབད་པར་བྱ་ཞིང་ཉོན་མོངས་པའི་རྐྱེན་གྱིས་རྩོད་པར་མི་བྱ་སྟེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཚུལ་ཁྲིམས་སྲུང་ཞིང་དེ་ཡིས་སྙེམས་མི་བྱ། །ཆོས་རྣམས་མཉན་ཞིང་དེ་ཡིས་མི་སྙེམས་ཏེ། །གང་གི་ཤེས་རབ་ཆུང་ངུས་དེ་སྙེམས་པ། །རྩ་བ་དེ་ལས་དེ་ཡི་སྡུག་བསྔལ་འཕེལ། །


DTG207_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཅི་ཞིག་ཐོས་པར་བྱ་ཞེ་ན། །འདིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པའི་ལུང་ངེས་པའི་དོན་གྱི་མདོ་སྡེ་དང་དེ་གཏན་ལ་འབེབས་པའི་རིགས་པ་སྒྲོན་མ་ལྟ་བུ་ཐོས་པར་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། །དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུར་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །དེ་ཉིད་ལས་ངེས་པའི་དོན་གྱི་མདོ་སྡེའི་དབང་དུ་བྱས་ནས་གསུངས་པ། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང༌། །འཇིག་རྟེན་ཐམས་ཅད་ནམ་མཁར་འགྱུར་བའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ། །ཆུ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ། །འོག་ཏུ་ཅི་འདྲ་སྟེང་དུ་འང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང༌། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག །ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན་སྣང༌། །སྔོན་མཐའ་ཇི་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ལྦུ་བ་མང་པོ་བརྡོས་པ་དག །ཆུ་བོས་ཁྱེར་བ་སྐྱེས་བུས་ངེས་མཐོང་ཞིང༌། །དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆར་པའི་ཐིགས་ཆེན་བབས་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང༌། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྤྲིང་ཡིག་གྲོང་གཞན་བསྐུར་བ་ན། །དགེ་དང་མི་དགེའི་བྱ་བ་སོ་སོར་འབྱུང༌། །སྒྲ་ལས་སྤྲིང་ཡིག་ཏུ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མི་དག་ཆང་གིས་མྱོས་ནས་ནི། །ས་འདི་ཀུན་ཏུ་འཁོར་སྙམ་བྱེད་མོད་ཀྱི། །ས་འདི་འགུལ་ཞིང་གཡོས་པ་མེད་པ་ལྟར། །ཆོས་རྣམས་


DTG207_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལས། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །བྱིས་པ་དེ་ནི་དེ་ལ་ཆགས་བསྐྱེད་ནས། །འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག །བཞིན་ནི་དེར་ཡང་འཕོས་པ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་གཞན་མི་རྙེད། །རྨོངས་པ་དེ་དག་འདོད་ཆགས་བསྐྱེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུ། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་ལྟར་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས། །གླུ་ལེན་སྨྲ་དང་དགོད་དང་རྩེ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་དུ་བ་ཡང༌། །དེ་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་ཏེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཞིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་འགྱུར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོགས་པ་མེད་པའི་ཆུ་ནང་སྣང༌། །ཐོག་མ་གང་ནས་བྱུང་ཞིང་གང་དུ་འགྲོ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །དོན་དམ་པར་ནམ་མཁའ་ལྟ་བུ་དང༌། ཀུན་རྫོབ་ཏུ་ཆུའི་ཟླ་བ་ལྟ་བུ་ནི་ངེས་པའི་དོན་ཡིན་པས།


DTG207_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཤེས་པ་རྣམས་ལ་དེ་བཞིན་གཤེགས་པས་གསུངས་པར་རིགས་ན། དྲང་བའི་དོན་དེ་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་དགོས་པ་དང་དགོས་པ་མེད་པ་ཅུང་ཟད་ཀྱང་མི་གསུངས་སྟེ། དེ་ལ་དགོས་པ་ནི་སེམས་ཅན་ཁ་ཅིག་འདི་སྐད་ཅེས། མ་ཤི་ཚེ་ལ་བདེ་ཚོལ་ཅིག །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་ཟེར་བ་དེ་དག་གི་རྟོག་པ་བཟློག་པའི་ཕྱིར་སྲིད་པ་བར་མིའི་སེམས་ཅན་ལ་དགོངས་ནས་རྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་ལེ་ལོ་ཅན་ཁ་ཅིག་དགེ་བ་ལ་བརྩོན་པར་བྱ་བའི་ཆེད་དུ་ཕུང་པོའི་རྒྱུན་ལ་དགོངས་ནས་བདག་ཡོད་དོ་ཞེས་གསུངས་སོ། །དེ་བས་ན་འགལ་བ་མེད་དོ། །དེ་ལ་རིགས་པས་བསྟན་པར་བྱས་ན་ལུང་གི་དོན་གུད་དུ་བཀྲི་བར་མི་ནུས་ཏེ། དེ་བས་ན་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་སྟོན་པའི་རིགས་པ་ཐོས་པར་བྱའོ། །དེ་གཉིས་རྟོགས་པའི་ཐེག་པ་ཆེན་པོའི་ཟབ་མོའི་དོན་རྟོགས་སམ་ཞེ་ན། ཤིན་ཏུ་རྟོགས་པར་གསུངས་ཏེ། དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་བསྡུས། །ཞེས་གསུངས་སོ། །དེ་ལ་གང་ཟག་ལ་བདག་མེད་པའི་རིགས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ག་ལས་འཇིགས་མེད་ལས། །གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །གལ་ཏེ་གང་ཟག་འཁོར་བར་སེམས་ན་དེ་ནི་ཆེས་ཤིན་ཏུ་མི་འཐད་དེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དེ་དག་ཉིད་དམ། དེ་དག་ལས་གཞན་ནམ། དེ་ལ་དེ་དག་ཡོད་དམ། དེ་དག་ལ་དེ་ཡོད་དམ། དེ་དག་དང་ལྡན་ནམ་ཞེས་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་ཏེ། དེ་མེད་གང་ཞིག་འཁོར་བར་འགྱུར། །ཞེས་གསུངས་སོ། །ཆོས་ལ་བདག་མེད་པའི་རིགས་པ་ནི། སློབ་དཔོན་དཔལ་སྦས་ཀྱི་དེ་ཁོ་ན་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་


DTG207_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་རང་བཞིན་མེད། །གཅིག་དང་དུ་མིའི་རང་བཞིན་ཉིད། །བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན། །གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་དོན་དམ་པར་ན་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ། །ཕྱི་རོལ་དང་ནང་ན་གནས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རང་བཞིན་མེད་དོ་ཞེས་གསུངས་སོ། །རིགས་པ་དེས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་འདིར་རེ་ཞིག་ཆོས་ལ་བདག་མེད་པ་སྟོན་པའི་རིགས་པས་གཟུང་ངོ༌། །དེ་ལ་ཆོས་གཟུགས་ཅན་ཕྱི་རོལ་ལྟ་བུར་སྣང་བ་འདི་དག་སེམས་ལས་ལོགས་ཤིག་ན་ངོ་བོ་ཉིད་ཀྱིས་གནས་པ་ཡིན་ནམ། འོན་ཏེ་སེམས་ཉིད་དེ་ལྟར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ན། གྲོང་དང་རི་དང་མི་ལ་སོགས་པ་སྣང་བ་ལྟ་བུ་ཡིན་ཞེ་ན། སེམས་ཉིད་སྣང་བར་གཟུང་སྟེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་ལྟ་རྣམས་ཀྱིས། །གཟུང་དང་འཛིན་པ་འགགས་པར་འགྱུར། །ཞེས་གསུངས་སོ། །འཕགས་པ་ལྷ་ཡིས་ཀྱང༌། སྲིད་པའི་རྩ་བ་སེམས་ཉིད་ཇེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་རྩ་བ་སེམས་ལྡོག་གོ །ཞེས་གསུངས་སོ། །ཚིག་དེ་དག་གི་དོན་ནི་མཁས་པ་ཚིག་ལ་མངའ་བརྙེས་པ་རྣམས་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པར་ལན་སྟོང་དུ་བཤད་ཟིན་ཏོ། །འོ་ན་འདིར་སྨོས་ཅི་དགོས་ཤེ་ན། བདེན་ཏེ་འོན་ཀྱང་ལས་དང་པོ་པ་ཐོས་པ་ཆུང་བ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ། རང་གི་དད་པ་དང་བརྩོན་འགྲུས་ཆུང་ཟད་ལ་བརྟེན་ནས་སེམས་གནས་པ་ཅུང་ཟད་བྱུང་བས་མཁས་པའི་ཚིག་སྒྲོན་མ་ལྟ་བུ་ལ་ཞེ་སྡང་ཞིང་གཞན་ཡང་འདི་སྐད་ཅེས་ཚིག་ལ་ཕན་ཅི་ཡོད། དེ་ནི་ཆོས་ཀྱི་ནང་ན་འདུག་པ་ཙམ་ཡིན་ཏེ། དེས་ཕན་མི་ཐོགས་ཏེ་ངས་ཉམས་སུ་མྱོང་བ་འདི་ཡིན་ཟེར་ནས། དོན་དང་མ་འབྲེལ་བའི་ཚིག་གིས་རློམ་པར་བྱེད་ཅིང་འདིར་གར་སོང་སོང་དུ་མ་སྟོན་ཅིག །སྐུར་བ་འདེབས་སུ་འོང་ངོ་ཞེས་ཟེར་ཏེ། དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་


DTG207_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲང་པོའི་རང་བཞིན་ཅན་མགུ་བར་བྱེད་དེ། དེ་དག་གིས་ནི་བསྔགས་པ་བརྗོད། མཁས་པ་དག་གིས་ནི་བཏང་སྙོམས་སུ་བཞག་པས་ང་རྒྱལ་སྐྱེས་ནས་རང་གི་རྣལ་འབྱོར་ཡང་ཉམས་པར་འགྱུར། གཞན་དེའི་རྗེས་སུ་བསྒྲུབ་པ་ཡང་ཇི་སྐད་ཟེར་བ་བཞིན་དུ་བསྒྲུབས་ཀྱང་ལོག་པར་བསྒྲུབ་པར་འགྱུར་རོ། །དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས་དེ་ལ་ལོག་པར་བསྒྲུབས་པས་བྱས་པའི་རྣལ་འབྱོར་ཉམས་པ་ནི། འདི་ལྟར་འདི་ན་ལ་ལ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་རྩོམ་པར་བྱེད་པ་ན་རྣལ་འབྱོར་ཐོབ་པར་མི་འགྱུར་ཞིང༌། རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་བ་སྟེ། འདི་ལྟར་འདི་ལ་ཉོན་མོངས་པ་མང་བ་དང༌། འདོད་ཆགས་ཆེ་བའི་རང་བཞིན་ཅན་ཡིན་ལ། རྣམ་པར་ཤེས་པ་བསྒྲིབས་པ་དང༌། བློ་རྣོ་བ་དང་ལྷན་ཅིག་སྐྱེས་པའི་བློ་དང་ལྡན་པ་ཡིན་ཏེ། དེ་ཐོས་པ་ཉུང་ངུ་འམ། མང་པོ་ཡང་འཛིན་པར་བྱེད་ཅིང་ཐོས་པ་ཀུན་ཆུབ་པར་ཡང་བྱེད་ལ། དགོན་པར་གནས་པ་དང་ཁྱིམ་པ་དང་རབ་ཏུ་བྱུང་དྲག་པོ་དང༌། དྲང་པོའི་རང་བཞིན་ཅན་དག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་སྟོན་པ་དང༌། ཚུལ་འཆོས་པའི་རྗེས་སུ་སྤྱོད་པའི་ལུས་དང་ངག་དང་ལྡན་པའི་སྤྱོད་པས་སེམས་མགུ་བར་བྱེད་དེ། རྒྱུ་དང་རྐྱེན་དེས་དེ་ལ་རྙེད་པ་དང་བཀུར་སྟིའི་ཚོགས་འབྱུང་ཞིང༌། དེ་བསོད་ནམས་ཆེ་བ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་དང༌། ནད་ཀྱིས་གསོས་སྨན་དང་ཡོ་བྱད་རྣམས་རྙེད་པ་ཡིན་པར་ཤེས་ཤིང༌། རྒྱལ་པོ་དང༌། བློན་པོ་ཆེན་པོ་དང༌། དེད་དཔོན་གྱི་བར་དག་ལ་ཡང་དགྲ་བཅོམ་པ་ཡིན་པར་གྲགས་ཤིང༌། བཀུར་སྟིར་བྱེད། བླ་མར་བྱེད་པ་དང༌། ཉན་ཐོས་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཀྱང་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། རྗེས་སུ་ལྷགས་པ་དག་ལ་ཞེན་པ་སྐྱེད་ཅིང༌། མང་པོ་བསྡུ་བའི་ཕྱིར་འཇུག་པར་བྱེད་པས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཉན་ཐོས་ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་བདག་དགྲ་བཅོམ་པ་ཡིན་པར་གྲགས་པ་ཡིན་པར་ཡིད་ཆེས་པ་དེ་དག་ལྷགས་ཏེ། གལ་ཏེ་བདག་ལ་རྣལ་འབྱོར་དང༌། ཡིད་ལ་བྱེད་པ་དང༌། ཞི་གནས་དང་ལྷག་མཐོང་གི་དྲི་བ་འདྲི་བར་འགྱུར་ན་དེ་དག་ལ་བདག་གིས་མི་ཤེས་སོ། །ཞེས་དྲིས་པའི་


DTG207_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བཏབ་པར་གྱུར་ན། དེ་ལྟར་ན་བདག་དགྲ་བཅོམ་པར་གྲགས་པ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ཉམས་པར་འགྱུར་བས་བདག་གི་རང་ཉིད་ཀྱིས་བསམས་ཤིང་གཞན་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་གཞག་པར་བྱའོ་སྙམ་ནས་དེ་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དོན་དེ་ཉིད་ཀྱི་དབང་དུ་བྱས་ཏེ་གཅིག་པུ་དཔེན་པར་སོང་ནས་རང་ཉིད་ཀྱིས་བསམས་ཤིང་གཞན་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་འཇོག་པར་བྱེད་དོ། །དེ་ཡི་རྣལ་འབྱོར་དེ་ཡང་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་ཡང་དག་པར་མི་སྣང་ཞིང༌། ཆོས་ཉིད་དང་འགལ་བ་ཡིན་ཏེ། དེ་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་གྱི་གནས་དེ་འཆབ་པར་བྱེད་ཅིང་སྟོན་པར་མི་བྱེད་དོ། །དེ་ཉན་ཐོས་ཀྱི་ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་དེ་གསང་ངོ་ཞེས་བསྒོ་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དེ་དག་གིས་རྣལ་འབྱོར་གྱི་གནས་དེ་ཐོས་ནས་མདོ་སྡེ་ལ་འཇུག་པར་འགྱུར་ན། དེ་ཡང་འཇུག་པར་འགྱུར་བ་མ་ཡིན་པ་དང༌། འདུལ་བ་ལ་ཡང་དག་པར་སྣང་བར་འགྱུར་ན། དེ་ཡང་ཡང་དག་པར་སྣང་བར་འགྱུར་བ་མ་ཡིན་པ་དང༌། ཆོས་ཉིད་ཀྱིས་ཉེ་བར་རྟོགས་པར་འགྱུར་ན། དེ་ཡང་ཆོས་ཉིད་དང་འགལ་བར་འགྱུར་བས་གཞི་དེས་དེ་དག་དགའ་བར་མི་འགྱུར་ཞིང༌། མི་དགའ་བའི་ཚིག་གིས་བདག་ལ་བསྐུར་བར་འགྱུར་ཞིང་རྩོད་པ་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་བདག་ལ་རྒྱལ་པོ་དང༌། བློན་པོ་ཆེན་པོ་དང༌། ཕྱུག་པོ་དང་ཚོང་དཔོན་གྱི་བར་དག་གིས་བསྙེན་བཀུར་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར་ཞིང་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་དང༌། ནད་ཀྱི་གསོས་སྨན་དང་ཡོ་བྱད་དག་ཀྱང་རྙེད་པར་མི་འགྱུར་བ་ན་མི་རུང་ངོ་སྙམ་པའི་ཕྱིར་ཏེ། དེ་རྙེད་པ་དང་བཀུར་སྟི་འདོད་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ་འདུ་ཤེས་དང༌། འདོད་པ་བསྒྱུར་ནས་ཆོས་མ་ཡིན་པ་ཆོས་ཀྱི་སྒོ་ནས་སྟོན་ཅིང་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་དེའི་ལྟ་བ་དང་མཐུན་པ་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་


DTG207_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཡིན་ཏེ། དེ་དག་ནི་དམན་པ་དང༌། རྨོངས་པ་ཡིན་པའི་ཕྱིར་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཡིན་པས། ཇི་ལྟར་གདམས་པ་བཞིན་དུ་སྒྲུབ་པར་བྱེད་ན་ཡང་ལོག་པར་བསྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལོག་པར་བསྒྲུབ་པ་བྱས་པའི་རྣལ་འབྱོར་ཉམས་པ་དེ་ལྟ་བུ་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་དག་པའི་ཆོས་ལྟར་བཅོས་པ་ཡིན་གྱི། དམ་པའི་ཆོས་ནི་མ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་ཉམས་པ་བཞི་པོ་དེ་དག་ནི་དགེ་སློང་བསམ་གཏན་པ་རྣལ་འབྱོར་སྤྱོད་པས་ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་སྤང་བར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་མཁས་པའི་ཚིག་སྟོང་པ་ཉིད་སྟོན་པ་སྒྲོན་མ་ལྟ་བུ་ནི་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ཏེ་དེ་ནི་ཐོས་པར་ཤིན་ཏུ་གཅེས་སོ། །དེ་བཞིན་དུ། ཆོས་ཀུན་འགྲོ་བ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གང་སྟོང་པ་ཉིད་ཁོང་དུ་ཆུད་པར་བགྱིད་པའི་ཚིག་དེ་ནི་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་གསུངས་སོ། །དབུ་མའི་རྒྱན་ལས། །ཚིག་མ་རྟོགས་པར་དེ་རྟོགས་པར་བྱ་བའི་ཐབས་གཞན་མེད་ལ་ཞེས་གསུངས་སོ། །འོ་ན་མདོ་སྡེ་ལས། ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། །ནན་ཏན་སྙིང་པོས་བྱེད་ལ་དགའ་མ་ཡིན། །ཞེས་གསུངས་པ་དང༌། བདག་ནི་ཚིག་ལ་གཙོར་འཛིན་མ་ལགས་ཏེ། །ཞེས་གསུངས་ཤེ་ན། དེ་ཡང་ཚིག་ཁོ་ན་ལ་ཞེན་ནས་བསམ་པ་དང་སྒོམ་པར་མི་བྱེད་པ་དེ་དགག་པའི་ཆེད་དུ་གསུང་གི །མདོ་སྡེ་མཐའ་དག་ལས་ཚིག་ཐོས་པར་མི་བྱ་བ་ནི་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་སྒྲའི་སྒོ་ནས་ཆོས་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མུན་པའི་ནང་དུ་གསེར་སྟོར་བ་ལ་སྒྲོན་ཤིང་གི་རྩེ་མོ་ལ་མེ་འབར་བའི་ཕུང་པོ་ཆེན་པོ་ཉེ་ལམ་ན་ཡོད་པ་དང་འདྲ་བར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གསེར་ལྟ་བུ་རང་གི་ལུས་ལ་ཡོད་ཀྱང་མ་ཤེས་པ་ལས་མཁས་པ་དེ་ཁོ་ན་ཉིད་སྟོན་པའི་ཚིག་སྒྲོན་ཤིང་གི་རྩེ་མོ་ལ་མེ་འབར་བ་དང་འདྲ་བ་ཐོགས་པ་ཡུལ་གྱི་མ་བསྐལ་བ་ན་གྲངས་ཀྱིས་བཞུགས་པ་ལ། གུས་པ་ཆེན་པོས་སྟོན་པ་བདེ་བར་གཤེགས་པའི་འདུ་ཤེས་བཞག་ནས་ཐ་ན་ཚིགས་བཅད་གཅིག་ཙམ་ཡང་མཉན་པར་


DTG207_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཐོས་ལ་ལོག་རྟོག་རྣམ་པ་བཞི། །ཅི་ཞིག་ཐོས་ལ་ལོག་རྟོག་གཅིག །དེ་དག་སུན་དབྱུང་རྣམ་ལྔ་ཡིས། །ཐོས་པ་བྱ་དགོས་བསྡུས་པ་ཡིན། །ཞེས་བྱ་བ་ནི་བསྡུ་ཚིགས་སུ་བཅད་པའོ།། །།ད་ནི་བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། །དེ་ཡང་གནས་གང་དུ་གང་ཟག་ཇི་ལྟ་བུས་སྐྱེས་པ་དང་རེ་ཞིག་བསམ་པར་བྱ་བ་མ་ཡིན་པ་སྤང་བ་དང༌། གང་ལ་བསམ་པ་དང༌། ཇི་ལྟར་བསམ་པ་དང༌། ཚད་ཅི་ཙམ་དུ་བསམ་པའོ། །དེ་ལ་གནས་དགོན་པར་གནས་པར་བྱ་སྟེ། དེར་གྲོགས་མཐུན་པ་དང་ཡང་གཉིས་ལྷན་ཅིག་གནས་པར་མི་བྱ་སྟེ། དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས། དེ་ལ་སེམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གཅིག་པུ་དབེན་པར་སོང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང༌། མཁས་པས་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ། །ཞེས་གསུངས་སོ། །བསམ་པར་བྱ་བ་མ་ཡིན་པ་སྤང་བ་ནི། བསམ་གྱིས་མི་ཁྱབ་པའི་གནས་དྲུག་པོ་འདི་ལྟ་སྟེ། བདག་ལ་སེམས་པ་དང༌། སེམས་ཅན་ལ་སེམས་པ་དང༌། འཇིག་རྟེན་ལ་སེམས་པ་དང༌། སེམས་ཅན་རྣམས་ཀྱི་ལས་རྣམ་པར་སྨིན་པ་ལ་སེམས་པ་དང༌། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང༌། སངས་རྒྱས་རྣམས་ཀྱིས་ཡུལ་རྣམས་སྤངས་ནས་ཞེས་གསུངས་སོ། །དེ་ལྟ་བས་ན་དབེན་པའི་གནས་སུ་གང་ཟག་ཡིད་ལ་བྱེད་པ་ཐོབ་པ་མཚན་མ་མེད་པར་བསྒོམ་པར་འདོད་པས་བསྐྱེད་པར་བྱའོ། །གང་ལ་བསམ་ཞེ་ན། ངེས་པའི་དོན་གྱི་མདོ་སྡེ་དང༌། དེ་གཏན་ལ་འབེབ་པའི་རིགས་པ་ཇི་ལྟར་ཐོས་པ་དེ་ཉིད་བསམ་མོ། །དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས། ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་དོ་ཞེས་གསུངས་སོ། །ཇི་ལྟར་བསམ་ཞེ་ན། གཉིས་ཏེ་བགྲང་བས་སེམས་པ་དང༌། གཞལ་བས་སེམས་པའོ། །དེ་ལ་གྲངས་ཀྱི་རྣམ་པས་ཕུང་པོ་བསྟན་པ་ལས་སེམས་པར་བྱེད་པ་དང༌། གོང་ནས་གོང་དུ་སེམས་པའི་ཚུལ་གྱིས་འཇུག་པར་རིག་པར་བྱ་སྟེ། དེ་ལྟ་བུ་ལ་སོགས་


DTG207_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བགྲང་བས་སེམས་པར་བྱའོ། །དེ་ལ་གཞལ་བས་སེམས་པར་བྱེད་པའི་ཚུལ་གྱིས་སེམས་པ་ནི་རིགས་པ་བཞི་འཇལ་ཏེ། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པའོ། །དེ་ལ་འཐད་པ་སྒྲུབ་པའི་རིགས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་སྟེ། དེ་དག་ལས་དོན་གྱི་སྐབས་འདིར་རྗེས་སུ་དཔག་པས་ཇི་ལྟར་བསམ་པ་དེ་ཉིད་གཟུང་ངོ༌། །དེ་ལྟ་བས་ན་འདུ་བ་དང༌། འདུ་འཛིན་ཐམས་ཅད་ཡོངས་སུ་སྤངས་ལ་ཡོན་ཏན་ལྔ་དང་ལྡན་པའི་དགོན་པའི་གནས་སུ་འདུག་ནས་ཞི་གནས་ཀྱི་དམིགས་པ་གང་ཡང་རུང་བ་ལ་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པས་འདི་ལྟར་ཆོས་དང་མཐུན་པའི་ཟས་ཞུན་མར་ལ་སོགས་པ་དང༌། ཆང་ལ་སོགས་པ་མྱོས་པར་མི་འགྱུར་བའི་བཏུང་བས་ཕུང་པོ་གསོ་ཞིང་ཞག་བཞིའམ་ཞག་ལྔའམ། ཁམས་ཀྱི་བྱེ་བྲག་གིས་ཞག་བཅུའི་བར་དུ་ཡང་རུང་སྟེ། ཁ་ཏོན་དང་བཀླགས་པ་ལ་སོགས་པ་ཡང་རེ་ཞིག་མི་བྱ། ཉིན་པར་མི་སྒོམ། གཉིད་མི་ལོག་སྤྱོད་ལམ་ཐམས་ཅད་དུ་སོས་དལ་བར་བྱའོ། །ནང་པར་དང་དགོངས་ནམ་མ་སྲོས་པར་ལྷ་ཕྱག་མི་མང་བ་ལ་སོགས་པ་ཡན་ལག་བདུན་པའི་སེམས་བསྐྱེད་དང་བཅས་པ་རེ་རེ་བྱ། མཚན་མོ་སྲོད་ལ་ཞི་གནས་ཀྱི་དམིགས་པ་དེ་ལ་བ་བཞོས་པའི་བར་ཙམ་གྱི་ཡུན་ལས་མི་རིང་བའི་ཐུན་རེ་བསྒོམ་ཞིང༌། སྨོན་ལམ་ཅུང་ཟད་ཙམ་བཏབ་ནས་གློས་ཕབ་སྟེ་ཤེས་བཞིན་སྔོན་དུ་སོང་བས་ཉལ་བར་བྱའོ། །གཉིད་ཇི་ཙམ་འོང་ཡང་སྤང་བར་མི་བྱའོ། །མི་ཡོང་བ་ཡང་འདོད་པ་དང་གནོད་སེམས་ལ་སོགས་པ་གློ་བུར་དུ་བྱུང་བ་དགག་པའི་གཉེན་པོ་མི་མཐུན་པ་ནམ་མ་ཞིའི་བར་བསྟེན་པ་མ་གཏོགས་པ་གཉེན་པོ་ལ་ཡང་ཆེད་དུ་བཙལ་བར་བྱ་བ་མ་ཡིན་ན། མི་དགེ་བ་ལ་ཆེད་དུ་རྟོག་པ་ལྟ་ཅི་སྨོས། ལུང་དུ་མ་བསྟན་པ་ལ་ཡང་བརྟག་པར་མི་བྱའོ། །འོ་ན་ཇི་ལྟར་བསམ་ཞེ་ན། འདི་སྙམ་དུ་ཉལ་བ་དང་གཉིད་ཀྱིས་ལུས་དང་སེམས་ཀྱི་ནུས་པ་བརྟས་པར་བྱས་ལ། དེ་ནས་བདག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་བཙལ་བར་བྱའོ་སྙམ་པ་དེ་ཙམ་བྱའོ། །དེ་ལྟར་བྱས་པས་ཁམས་ཀྱི་ནུས་པ་བརྟས་ནས་ལུས་


DTG207_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བ་དང༌། བྱ་བ་ལ་འཇུག་འདོད་ཅིང་བགས་ཀྱིས་མི་ཚུགས་ཙམ་ན་འདི་སྙམ་དུ། བསམ་པའི་ཤེས་རབ་ཀྱིས་ལེགས་པར་བསམས་ནས་ཕྱི་རོལ་དང་ནང་ན་གནས་པའི་མཚན་མ་རྣམས་སྤོང་བར་ནུས་ཏེ། མཚན་མ་རྣམས་སྤང་ན་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པར་འགྱུར་ཏེ། དེ་ལྟ་བས་ན་ལེགས་པར་བརྟག་པར་བྱའོ། །སྙམ་དུ་བསམ་མོ། །དེ་སྐད་དུ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་བ་ལས་ཀྱང༌། ཉེ་བར་རྟོག་པ་མེད་པར་མཚན་མ་རྣམས་ཡོངས་སུ་སྤང་བར་མི་ནུས་ལ། མཚན་མ་རྣམས་ཡོངས་སུ་མ་སྤངས་པར་ཡང་རྣམ་པ་རི་མི་རྟོག་པའི་དབྱིངས་སུ་འཇུག་པར་མི་འགྱུར་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་ཉེ་བར་བརྟག་པར་བྱའོ་ཞེས་གསུངས་སོ། །དེ་ལ་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་འགྲོ་མི་དགོས་ཏེ། ལས་དང་པོ་པས་ཀྱང་ཅི་ལ་ཡང་ཡིད་ལ་མི་བྱའོ་ཞེས་ཟེར་བ་དེ་དག་གི་གཞུང་ནི་མང་དུ་ཐོས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལས་སྔར་སུན་ཕྱུང་སྟེ། ལས་དང་པོ་པས་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་འགྲོ་དགོས་པར་ཤིན་ཏུ་གསལ་བར་མཛད་ཟིན་ཏེ། སྤྲིན་དེངས་པའི་ནམ་མཁའ་ལ་ཉི་མ་ཤར་བ་དང་འདྲ་བ་ལ་སྲིན་བུ་མེ་ཁྱེར་དང་འདྲ་བས་སྣང་བར་བྱ་མི་དགོས་སོ། །ཡང་ཁ་ཅིག་ན་རེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རང་བཞིན་མེད་དོ་ཞེས་ཟེར་བའི་ཚིག་ཙམ་ལ་བརྟེན་ནས། ནན་ཏན་གྱིས་རྣམ་པར་མི་རྟོག་པ་བསྒོམས་པས་ནི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས། ཐོས་པ་དང་བསམ་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་རོ་ཞེས་གསུངས་པས་ངེས་པར་སོ་སོར་བརྟག་པར་བྱའོ་ཞེས་ཟེར་ཏེ། དེ་ནི་མདོ་སྡེའི་དོན་ལོག་པར་རྟོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐོས་པ་དང་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་ལྟ་བས་ན་སྒོམ་དགོས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོས་པ་དང་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། སོ་སོར་བརྟག་དགོས་སོ་ཞེས་སྨྲས་པ་ནི་དམ་བཅས་པ་རང་གི་ཚིག་གིས་བསལ་བ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་གི་ཚིག་སྔ་ཕྱི་འགལ་བ་དེ་ནི་རང་གི་ཚིག་གིས་བསལ་བ་ཡིན་ཏེ། དཔེར་ན་ངའི་


DTG207_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་གཤམ་ཡིན་ནོ། །ཞེས་ཟེར་བ་ལྟ་བུའོ། །བསམ་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་བས་ན་སོ་སོར་བརྟག་པར་བྱའོ་ཞེས་ཟེར་བ་འདི་ཡང་ཚིག་སྔ་ཕྱི་འགལ་བ་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་དེ་ནི་གྱི་ནའོ། །གོང་མ་སྐད་སྨྲ་བ་ལ་འདི་སྐད་ཅེས་ཐོས་པ་ཙམ་གྱིས་མི་ཆོག་སྟེ། ཚུལ་བཞིན་བསམ་པར་བྱའོ་ཞེས་བརྗོད་པར་བྱ་སྟེ། འདི་སྐད་དུ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་ལྷག་མཐོང་གི་ཚོགས་ཀྱི་སྐབས་སུ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཚུལ་བཞིན་སེམས་པ་དང་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཐོས་པའི་དུས་སུ་རིག་པས་འཇལ་བ་དེ་ཉིད་སེམས་པ་ཡིན་ཏེ་ཞི་གནས་སྔོན་དུ་བསྟེན་ནས་ཡང་བསམ་པ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་འཇུག་པ་གང་ཅི་ཡང་རུང་བ་སྟེ། དེ་ཐམས་ཅད་ནི་རྣམ་པར་མ་གཡེང་བའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམ་པ་ལས་བྱུང་བར་རིག་པར་བྱའོ་ཞེས་གསུངས་སོ། །བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང༌། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་བཟུང་སྟེ། ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟ་བས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་པ་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐོས་པའི་དུས་སུ་སེམས་པ་དེ་ཙམ་གྱིས་མི་ཆོག་ལ་ཏིང་ངེ་འཛིན་སྔོན་དུ་འགྲོ་བ་ཡང་བསྟན་དགོས་ཤིང༌། དེས་ཀྱང་མི་ཆོག་སྟེ་དེ་ལ་གནས་པའི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་སོ་སོར་བརྟག་དགོས་ཏེ། དེ་སྐད་དུ། ལྷག་སྤྱོད་འདི་ན་ཏིང་ངེ་འཛིན་བསྒོམ་པ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ནས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་ཞི་གནས་ལ་བརྟེན་ནས་


DTG207_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེའི་སྐབས་སུ་སྔར་ཁམས་བརྟས་པར་བྱེད་པའི་ཚེ་ན་སྲོད་ལ་ཐུན་རེ་བསྒོམ་པ་དེ་ཡང་གཞག་ལ། སྤྱོད་ལམ་ཇི་ལྟར་བདེ་བ་བཞིན་དུ་འདུག་ནས་ཡུན་ཁམས་རབ་དང་འབྲིང་དང་ཐམས་མདའ་རྒྱང་གསུམ་དང་གཉིས་དང་གཅིག་ཏུ་གོམ་པ་ཐ་མལ་པས་ཕྱིན་པའི་བར་ཙམ་དུ་བསམ་ཞིང་ཐུན་གྱི་གྲངས་ནི་ཁམས་རབ་ཀྱིས་ཉི་མ་རེ་ལ་བཞི། འབྲིང་གིས་ལྔ། ཐ་མས་དྲུག་བསམ་སྟེ། ཁམས་ཞན་ཅིང་གྲངས་མང་བ་ནི་ཡུན་ཐུང་བས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །གསུམ་ཀས་ཀྱང་དང་པོའི་ཉིན་པར་ཐུན་གཅིག་བས་བསམ་ཞིང༌། དེ་ནས་རང་གི་ཁམས་གང་ཡིན་པའི་ཚད་དུ་ཕྱིན་གྱི་བར་དུ་ཉི་མ་རེ་ལ་ཐུན་རེ་བསྣན་ཞིང་བསམ་མོ། །དེའི་བར་དུའམ། རང་རང་གི་ཐུན་གྱི་ཚད་དུ་ཕྱིན་ནས་བསམ་པའི་སྐབས་སུ་ཡང་རུང་སྟེ། ཁམས་མི་བདེ་བའི་མཚན་མ་བྱུང་ན་སྲན་སྐྱེད་ཅིང་མི་བསམ་པའི་ཚེ་འཕྲལ་ལ་ཞི་བར་བྱས་ཏེ། ཐུན་བསྣན་ཅིང་བསམ་པའི་སྐབས་ཡིན་ན་ཁམས་མི་བདེ་བ་མ་བྱུང་གི་བར་དུ་མི་བསྣན་པ་དང་རང་རང་གི་ཚད་དུ་བསམ་པའི་སྐབས་སུ་མི་བདེ་ན་ཐུན་གྱི་གྲངས་འབྲི་བ་དང་བསྐུ་མཉེ་ལ་སོགས་པས་ཞི་བར་བྱས་ལ་གོང་མ་བཞིན་དུ་བསམ་མོ། །གསུམ་ཀས་ཀྱང་མཚན་མོ་ཡེ་མི་བསམ། གཉིད་དང་ཉལ་བས་ཉིན་བར་གྱི་དུབ་བ་དེ་བརྟས་སུ་གཞུག་གོ །དེ་ལ་རེ་ཞིག་གང་ཟག་ལ་བདག་མེད་པ་སྟོན་པའི་རིགས་པས་ཇི་ལྟར་ཐོས་པ་ལ་བསམ་སྟེ། འདི་ལྟར་བསྟན་བཅོས་ལས་ཕལ་ཆེར་བདག་ཏུ་འཛིན་པའི་གཞུང་སྨྲ་བ་མུ་སྟེགས་པའི་གྲུབ་པའི་མཐའ་རིགས་མི་མཐུན་པ་དཔག་ཏུ་མེད་པ་སུན་དབྱུང་བ་དང་བཅས་པ་གསུངས་ཏེ། དེ་དག་ཤེས་པར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པ་པོ་ཕལ་ཆེར་ལ་དེ་དག་གིས་རེ་ཞིག་མི་གནོད་དོ། །འོ་ན་གང་གིས་གནོད་ཅེ་ན། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཆོས་མ་ཐོས་པའམ། མང་དུ་ཐོས་ཀྱང་ཆོས་ཀྱི་རྗེས་སུ་མ་འབྲང་བ་ཐ་མལ་པའི་རྟོག་པ་ལ་འདི་སྙམ་དུ་བདག་ནི་ཕ་དང་མ་འདི་ལས་སྐྱེས་ཏེ། སྔོན་ལས་འདི་དང་འདི་ལྟ་བུ་བྱས་པ་དེ་ལྟར་ཡང་དྲན་ནོ། །བདག་གི་ལུས་འདི་ནི་སྔོན་ནས་ཚུལ་འདི་ལྟར་གནས་སོ་ཞེས་ཕུང་པོ་བཞི་ལ་ནི་བདག་ཏུ་འཛིན། གཟུགས་ཀྱི་ཕུང་པོ་ལ་ནི་


DTG207_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འཛིན་ཏེ། དེ་ཡང་རྟག་པ་དང་གཅིག་པུར་སེམས་པའམ། ཡང་ན་རངས་པ་ལ་དེ་ལྟར་སེམས་པ་དེ་བརྟག་པར་བྱའོ། །སྦྱོར་བ་ནི་གང་དང་གང་མངོན་སུམ་དང་རྗེས་སུ་དཔག་པས་དེ་ཉིད་ཀྱང་དེར་མ་དམིགས། དེ་ལས་ལོགས་ཤིག་ཏུ་ཡང་མི་རྙེད་དེ་ལ་ཡང་དེ་དག་མི་སྣང་དེ་དག་ལ་ཡང་དེ་མི་དམིགས། དེ་དག་དང་ལྡན་པར་ཡང་མཐོང་བ་དེ་ནི་ཀུན་རྫོབ་ཏུ་མེད་དེ། དཔེར་ན་རྣམ་པ་ལྔས་ཐོ་ཡོར་ལ་མི་བཙལ་ཀྱང་མ་མཐོང་བ་ལྟ་བུའོ། །ངའོ་སྙམ་དུ་བརྟག་པ་འདི་ཡང་མངོན་སུམ་དང་རྗེས་སུ་དཔག་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་དེ་ཉིད་དམ་ཞེས་བྱ་བ་ལ་སོགས་པ་ལྔས་བཙལ་ནས་མི་དམིགས་པས་དོན་གྱིས་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཡོད་པའི་ཐ་སྙད་ལ་ཤེས་པ་གཉིས་ཀྱི་དམིགས་པས་ཁྱབ་པའི་ཕྱིར་རོ། །དེ་ལ་ཕུང་པོ་ལས་ལོགས་ཤིག་ན་བདག་ཡོད་དམ་སྙམ་དུ་ཅུང་ཟད་བསམས་ལ། དེ་ནས་འདི་སྙམ་དུ་རེ་ཞིག་མངོན་སུམ་གྱིས་ནི་མ་མཐོང་སྟེ། མིག་གཉིས་ཤིན་ཏུ་ཕྱེ་ནས་བལྟས་ཀྱང་བདག་ཏུ་རུང་བ་ཅུང་ཟད་ཀྱང་མ་མཐོང་ངོ༌། །རྗེས་སུ་དཔག་པས་ཀྱང་མ་མཐོང་སྟེ། རྟགས་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ལོགས་ཤིག་ཏུ་མ་མཐོང་བ་དང་ཕུང་པོ་ལ་བདག་གོ་སྙམ་པའི་རྟོག་པ་འབྱུང་བས། ཕུང་པོ་འདི་ཉིད་བདག་ཡིན་ནོ་སྙམ་དུ་སྔར་ཐ་མལ་པའི་རྟོག་པ་ཇི་ལྟ་བུས་འཇུག་པ་བཞིན་དུ་ཅུང་ཟད་བརྟག་པར་བྱའོ། །དེ་ནས་འདི་སྙམ་དུ་ཕུང་པོ་ལ་རྟག་པ་དང་གཅིག་པུའི་བདག་ཏུ་འཛིན་པའི་ཤེས་པ་དེ་གང་ཡིན། མངོན་སུམ་གྱིས་འཛིན་ནམ། རྗེས་སུ་དཔག་པས་འཛིན་པར་འགྱུར་གྲང་ན་དེ་ལ་རེ་ཞིག་མངོན་སུམ་གྱིས་ནི་ལུས་ལ་གཅིག་པ་མ་མཐོང་སྟེ། རྐང་པ་ཡན་ཆད་ནས་མགོ་མན་ཆད་ལ་མིག་གཉིས་ཤིན་ཏུ་ཕྱེ་ནས་བལྟས་ཀྱང་མཐོང་ཚང་ལ་ཆ་ཤས་མེད་པའི་གཅིག་པུ་ཅུང་ཟད་ཀྱང་མ་མཐོང་ངོ༌། །ལག་པས་བྱུགས་ནས་ཡང་ཆ་ཤས་མེད་པའི་གཅིག་པུ་ནི་ཅུང་ཟད་ཀྱང་མི་རྙེད་དོ། །བརྟག་པ་མ་མཐོང་སྟེ་ཡུད་ཙམ་ལ་ཡང་འགྲོ་བ་དང་སྡོད་པ་དང་ལྡན་པ་དང་ལྡང་བ་དང་འདུག་པ་དང་ཉལ་བ་དང་འཕྲེས་པ་དང༌། བརྐྱང་བ་དང༌། བསྐུམ་པ་དང༌།


DTG207_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་དང༌། གྲང་བ་དང༌། གཤེར་བ་དང་སྐམ་པ་ལ་སོགས་པ་མི་འདྲ་བར་སྣང་ངོ༌། །རྗེས་སུ་དཔག་པས་གཅིག་པུར་མ་མཐོང་སྟེ། གང་གི་ཕྱིར་མདོར་བསྡུ་ན། གཟུགས་ཀྱི་ཕུང་པོ་ལ་བཅོ་ལྔ་དང༌། ཚོར་བའི་ཕུང་པོ་ལ་གསུམ་དང༌། འདུ་ཤེས་ཀྱི་ཕུང་པོ་ལ་གསུམ་དང༌། འདུ་བྱེད་ཀྱི་ཕུང་པོ་ལ་སེམས་ལས་བྱུང་བ་བཞི་བཅུ་རྩ་དགུ་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་དང༌། རྣམ་པར་ཤེས་པའི་ཕུང་པོ་ལ་བརྒྱད་དེ། དེ་དག་ཁ་ཅིག་ནི་མངོན་སུམ་དུ་མཐོང་ལ་ཁ་ཅིག་ཡིད་ཆེས་པའི་ལུང་ལས་ཀྱང་གསུངས་ཤིང་ལས་ཀྱི་སྒོ་ནས་དཔག་པས་ཀྱང་ཤེས་ཏེ། དུ་མར་རྟོགས་པ་དེའི་ཕྱིར་གཅིག་པ་མེད་དེ། རྟག་པ་དག་ཀྱང་མ་མཐོང་སྟེ་འདི་ལྟར་གང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པ་དེ་ནི་རྟག་པ་མེད་དོ། །དཔེར་ན་གར་གྱི་ལྟད་མོ་ལྟ་བུའོ། །ཕུང་པོ་འདི་ཡང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པས་རྟག་པ་མེད་དེ། འགལ་བས་ཁྱབ་པ་དམིགས་པའོ། །དེ་བས་ན་མངོན་སུམ་དང་རྗེས་སུ་དཔག་པས་ཕུང་པོ་འདི་རྟག་པ་དང་གཅིག་པུར་མ་མཐོང་ངོ༌། །འོ་ན་བདག་ལ་ཕུང་པོར་མཐོང་ངམ་སྙམ་པ་ལས། དེ་མི་སྲིད་དེ་གཞི་མ་གྲུབ་པའི་ཕྱིར་རོ། །འོ་ན་ཕུང་པོ་ལ་བདག་ཡོད་དམ་སྙམ་པ་ལ་དེ་ཡང་མི་རུང་སྟེ། འདི་ལྟར་གང་དེ་ལ་ད་ཡོད་པར་མ་མཐོང་བ་དེ་ནི་དེ་ལ་དེ་ཡོད་པའི་ཐ་སྙད་དུ་མི་རུང་སྟེ། དཔེར་ན་རྟ་ལ་རྭ་ཡོད་པར་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མི་རུང་བ་ལྟ་བུའོ། །ཕུང་པོ་འདི་ལ་ཡང་ཤེས་པ་གཉིས་ཀྱི་བདག་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མི་རུང་ངོ༌། །འོ་ན་བདག་དེ་ཕུང་པོ་དང་ལྡན་ནམ་ཞེན་མ་ཡིན་ཏེ། འདི་ལྟར་གང་དང་གང་རང་གི་ངོ་བོ་མ་གྲུབ་པ་དེ་ནི་ལྡན་པའི་ཆོས་མེད་དེ། དཔེར་ན་མོ་གཤམ་གྱི་བུ་ལ་གཟུགས་མཛེས་པ་ལ་སོགས་པའི་ཆོས་དང་ལྡན་པ་མེད་པ་ལྟ་བུའོ། །ནན་གྱིས་རྟག་པའི་བདག་འདི་ཡང་རང་གི་ངོ་བོས་མ་གྲུབ་པས་ལྡན་པའི་ཆོས་སུ་མེད་དེ། ཁྱབ་པར་བྱེད་པ་མི་དམིགས་པའོ། །ཀུན་རྫོབ་ཏུ་ཡོད་པ་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པས་དམིགས་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་བོ། །ལྔ་ཡིས་མ་རྙེད་མཐུན་ལ་ཞུགས། །མི་མཐུན་ཕྱོགས་ལས་ལྡོག་པ་གྲུབ། །མཐུན་ལ་ཞུགས་པས་དཔེ་གྲུབ་སྟེ། །གཏན་ཚིགས་


DTG207_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་དཔེར་སྐྱོན་མེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །མི་རྟག་དུ་མར་སྣང་བའི་ཕྱིར། །མངོན་སུམ་གྱིས་ནི་མ་བསལ་ཏེ། སྒྲུབ་པའི་རྟག་གཉིས་མེད་པའི་ཕྱིར། །རྗེས་དཔག་གིས་ཀྱང་མ་བསལ་ཏོ། །རྟག་པ་གཅིག་པར་མ་སྨྲས་པས། །རང་གི་ཚིག་དང་འགལ་བ་མེད། །མི་རྟག་རྒྱུན་ལ་དགོངས་པའི་ཕྱིར། །ལུང་གིས་ཀྱང་ནི་མ་བསལ་ཏེ། །ལོག་པའི་ལུང་ལ་ཞེན་མ་རྟོགས། །རྟག་དང་གཅིག་པུར་གྲངས་མེད་པས། །གྲགས་པས་བསལ་བ་འང་མ་ཡིན་ཏེ། །བར་སྐབས་ཀྱི་ནི་ཚིགས་བཅད་ཡིན། །ཚད་ནི་ཅི་ཙམ་དུ་བསམ་ཞེ་ན། ནམ་ཕུང་པོ་འདི་ལ་ཆ་ཤས་མང་པོ་དང་དུ་མ་དང་སོབ་སོབ་པ་དང༌། སེང་སེང་པོ་དང༌། མི་རྟག་པར་ནི་ངེས་པ་ལ་རྟག་པ་དང་རིལ་པོའི་འདུ་ཤེས་ནི་མི་སྐྱེ་སྟེ། སྙིང་པོའམ་བདག་མེད་པ་མི་གཅིག་པ་དུ་མ་འདུས་པ་འཇིག་པའི་ཆོས་རྒྱུད་དང་ལྡན་པའི་ངེས་པ་བསྟན་པར་སྐྱེ་སྟེ། དེའི་སྟོབས་ཀྱི་ཁ་ཅིག་གིས་སྐྱོ་བ་སྐྱེ་ཞིང་མི་དགའ་བ་འབྱུང་ངོ༌། །ཁ་ཅིག་ལ་དགའ་བ་སྐྱེ་སྟེ། དམ་པའི་ཆོས་རེ་མཚར་སྙམ་པ་དང༌། རྟག་པ་དང་གཅིག་པུར་འཛིན་པའི་ཤེས་པ་དེ་ནི་ངེས་པར་འཁྲུལ་པ་ཡིན་ཏེ། དེ་ལ་བདག་གམ་སེམས་ཅན་རྟག་པ་དང་གཅིག་པུར་ནི་ངེས་པ་མེད་དོ་སྙམ་པ་འབྱུང་སྟེ། དེ་སྲིད་དུ་བསམ་མོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་འབྱུང༌། །ཞེས་གསུངས་སོ། །ཡང་ཁ་ཅིག་གང་ཟག་ནི་རྟག་པའམ་གཅིག་པུར་མ་གྲུབ་སྟེ། གོང་དུ་སྨོས་པ་བཞིན་ནོ། །མི་རྟག་པ་དང་དུ་མར་ཡང་མ་གྲུབ་སྟེ་རང་གི་ཚིག་གིས་གསལ་བའི་ཕྱིར་རོ། །གཉི་གར་བརྗོད་དུ་མེད་པའི་གང་ཟག་ནི་ཡོད་དོ་ཞེས་ཟེར་བས་ན། དེ་ལྟ་བུ་གཅིག་ཡོད་སྲིད་དམ་སྙམ་པ་ལ། མི་སྲིད་དེ་དེ་འདི་ལྟར་རྟག་པར་བརྗོད་དུ་མེད་པས་ན་གཅིག་དང་བྲལ་བ། མི་རྟག་པར་བརྗོད་དུ་མེད་པས་ན་དུ་མ་དང་བྲལ་ཏེ། དེ་སྐད་དུ། དབུ་མའི་རྒྱན་ལས། རྟག་དང་མི་རྟག་ལ་སོགས་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་གསལ་བར་རབ་ཏུ་ཤེས། །ཞེས་གསུངས་སོ། །ད་ནི་ཆོས་ལ་


DTG207_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་བསམ་པར་བྱ་སྟེ། རེ་ཞིག་འདི་སྙམ་དུ་གང་ཟག་ཅེས་བྱ་བ་རྟག་པ་དང་གཅིག་པུར་བརྟག་པ་དེ་ནི་ཀུན་རྫོབ་ཏུ་ཡང་མེད་པར་ངེས་ན། རྒྱུ་དང་རྐྱེན་གྱིས་བྱུང་བ་མི་རྟག་པ་དང་དུ་མའི་མཚན་ཉིད་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་འདི་དག་གང་གིས་བསྡུས། ཇི་ལྟར་སྣང༌། དོན་དམ་པར་ཡོད་དམ། འོ་ན་ཏེ་ཡོད་པར་མ་གྲུབ་སྙམ་དུ་བསམ་པར་བྱའོ། །དེ་ལ་གང་གིས་བསྡུས་ཤེ་ན། གཉིས་ཀྱིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པས་སོ། །དེ་གཟུགས་ཅན་གྱིས་ནི་གཟུགས་ཀྱི་ཕུང་པོ་དང༌། སྐྱེ་མཆེད་བཅུ་དང༌། ཁམས་བཅུར་བསྡུས་སོ། །གཟུགས་ཅན་མ་ཡིན་པས་ནི་ཕུང་པོ་བཞི་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཉིས་དང༌། ཁམས་བརྒྱད་བསྡུས་སོ། །དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་གཟུགས་ཅན་ལུས་དང༌། ཁང་ཁྱིམ་སྟོང་པ་དང༌། མི་སྟོང་བ་དང༌། རི་དང༌། ནགས་ཚལ་དང༌། རྒྱ་མཚོ་དང༌། ཆུ་བོ་དང༌། ཆུ་བྲན་ལ་སོགས་པ་བྱིས་པ་རྣམས་ལ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་བ་འདི་དག་དེ་བཞིན་དུ་སེམས་ལས་ལོགས་ཤིག་ན་ཡོད་དམ། འོན་ཏེ་ཐོག་མ་མེད་པའི་དུས་ནས་སེམས་ཉིད་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་སྣང་སྟེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན། ལུས་དང༌། ས་གཞི་དང༌། ཁང་སྟོང་ལ་སོགས་པ་སྣང་བ་ལྟ་བུ་ཡིན་སྙམ་དུ་བསམ་པར་བྱའོ། །དེ་ལ་ལུས་ལ་སོགས་པ་འདི་དག་རྡུལ་ཕྲ་རབ་ཏུ་གཞིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན། ངེས་པར་གཟུང་དུ་མེད་པའི་ཕྱིར་རང་བཞིན་མེད་དེ། དཔེར་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གང་ཟག་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གླང་གི་རྭ་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ །རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ན་རྡུལ་ཕྲ་མོའི་མཚན་ཉིད་དུ་མི་གནས་སོ་ཞེས་གསུངས་སོ། །ཡང་གསུངས་པ། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང༌། །ཞེས་གསུངས་སོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་ལོགས་ཤིག་ན་ཡང་དག་


DTG207_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡོད་དོ། །སྙམ་པར་ནི་ལོག་པར་རྟོག་པའི་རྗེས་སུ་འབྲང་བ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་རིགས་པ་ནི་མེད་ཅིང་ཡོད་པ་ལ་གནོད་པ་ཅན་གྱི་ཚད་མ་ནི་མང་ལ། ལུང་གིས་ཀྱང་མེད་པར་སྟོན་པས་སེམས་ཉིད་སྣང་ཞེས་བྱ་བ་དེ་ངེས་སོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་དེ་ཉིད་ལས། རྫས་ནི་རྡུལ་དུ་རྣམ་བཤིག་ཅིང༌། གཟུགས་ལ་རྣམ་པར་མ་རྟོག་ཅིག །སེམས་ཅན་རྣམ་པར་གཞག་པ་ནི། །ལྟ་བ་ངན་པས་མི་ཤེས་སོ། །ཞེས་གསུངས་སོ། །ལུས་སོགས་རྡུལ་ཙམ་མ་གྲུབ་ཕྱིར། །མེད་དེ་གང་ཟག་མཚུངས་པ་ཡིན། ལུང་གིས་གྲུབ་ཅིང་ལོག་རྟོག་ཕྱིར། །དེ་གྲུབ་རིགས་མེད་འདི་ལེགས་གནས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་འདི་སྙམ་དུ་དོན་དམ་པར་རང་བཞིན་མེད་པར་སྒྲུབ་པ་ནི་སེམས་ཉིད་སྣང་བར་ཡང་མི་འགྲུབ་སྟེ། རིགས་པ་ཐུན་མོང་བའི་ཕྱིར་རོ། །འོན་ཏེ་ཀུན་རྡོབ་ཏུ་ཡང་ལོགས་ཤིག་ན་མེད་པར་བསྒྲུབས་ན་མི་རིགས་ཏེ། འདི་ལྟར་གང་རྣམ་པར་འཇོག་པ་མེད་པ་དེ་ནི་སྣང་བར་མི་འགྱུར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་དང༌། མོ་གཤམ་གྱི་བུ་དང༌། རི་བོང་གི་རྭ་སྣང་བའི་མིག་གི་རྣམ་པར་ཤེས་པ་མི་སྐྱེ་བ་ལྟ་བུའོ། །དོན་མེད་ཀྱང་སྣང་བ་སྙམ་པ་འདི་ཡང་མི་སྣང་བར་ཐལ་བར་འགྱུར་ཏེ། ཁྱབ་པར་བྱེད་པ་མི་དམིགས་པའི་སྙམ་དུ་སེམས་ན་དེ་ནི་མི་རིགས་ཏེ། འདི་ལྟར་གང་ཐ་དད་དུ་མཐོང་བ་དེ་ནི་གཅིག་ཏུ་མི་གནས་ཏེ། དཔེར་ན་ཁ་དོག་ཁྲ་བོ་ལྟ་བུའོ། །བུད་མེད་གཅིག་ལ་ཡང་བྱ་རྒོད་ལ་སོགས་པ་དང༌། སྐྱེས་བུ་གཡེན་པ་པ་དང་རྣལ་འབྱོར་པས་ཐ་དད་དུ་མཐོང་བས་ངོ་བོ་གཅིག་ཏུ་མི་གནས་ཏེ། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་གི་ཕྱིར་དོན་ལོགས་ཤིག་ན་མེད་པ་དེའི་ཕྱིར་དེ་ལ་འཛིན་པ་ཡང་མེད་དོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་བརྟགས་རྣམས་ཀྱིས། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་གསུངས་སོ། །དོན་དམ་རང་བཞིན་མེད་བསྒྲུབས་ན། །རིགས་པ་གཅིག་ཕྱིར་སེམས་ཀྱང་མེད། །ཀུན་རྫོབ་ཏུ་ཡང་མི་


DTG207_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ན། །མི་རིགས་རྭ་སོགས་མི་སྣང་བཞིན། །འདི་མེད་ཐལ་འགྱུར་སྙམ་སེམས་ན། །མི་རིགས་དངོས་གཅིག་ཐ་དད་ཕྱིར། །ལོགས་ཤིག་གཟུང་མེད་དེ་འཛིན་མེད། །དེ་སྐད་བདེ་བར་གཤེགས་པས་གསུངས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟ་བ་ན་འདི་སྙམ་དུ་སྲིད་པ་གསུམ་གྱི་རྩ་བ་ནི་སེམས་ཁོ་ན་ཡིན་ལ། དེ་ཉིད་ཀྱི་རྣམ་པ་ནི་ཡུལ་དུ་སྣང་བ་ཡིན་ཏེ། སྤྱོད་ཡུལ་ཡིན་པའི་ཕྱིར་སོ་སོར་མཐུན་མཐུན་དུ་སྦྱར་ཏེ། འཕགས་པ་ལྷས་ཀྱང༌། སྲིད་པའི་རྩ་བ་སེམས་ཉིད་དེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །དེ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དོན་དམ་པར་ཡོད་དོ། །དེ་སྐད་དུ། །འཕགས་པ་ལང་ཀར་གཤེགས་པར་ལས། བརྟགས་པའི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོག་པ་ནི་བརླག་པར་འགྱུར། །ཞེས་གསུངས་སོ་སྙམ་དུ་སེམས་ན། དེ་ནི་མི་རིགས་ཏེ། འདི་ལྟར་རེ་ཞིག་བསྒྲུབ་པའི་ལུས་འདི་ལ་བརྟག་པར་བྱ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རང་གི་རྣམ་པ་ཙམ་གྱི་ངོ་བོར་ནི། །ཤེས་བྱ་མ་ལུས་རྣམ་པར་བལྟས་ནས་ནི། །དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ། །ཞེས་གསུངས་སོ། །དེ་བས་ན་ལུས་འདི་དོན་དམ་པར་ཡོད་ན་རིགས་པ་ཆ་ཤས་མེད་པའི་མཚན་ཉིད་དུ་ཡོད་དམ། ཆ་ཤས་དང་བཅས་པའམ་ཕྲ་རབ་ཏུ་ཡོད་གྲང༌། དེ་ལ་རེ་ཞིག་ཕྱོགས་དང་པོ་ལྟར་ན་མཛུབ་མོ་འདི་ཆ་ཤས་མེད་པ་ཞིག་ཡིན་ན། ཚིགས་ལས་ལོགས་ཤིག་ན་ཡོད་དམ། འོན་ཏེ་ཚིགས་དང་འབྲེལ་གོང་མ་ལྟར་དམིགས་པའི་རིག་བྱར་གྱུར་པའི་ཕྱིར། །བུམ་པ་དང་རས་ཡུག་བཞིན་དུ་ལོགས་ཤིག་ཏུ་དམིགས་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ལོགས་ཤིག་ན་མི་དམིགས་པའི་ཕྱིར་མེད་དེ། རང་བཞིན་མི་དམིགས་པའོ། །འབྲེལ་པའི་ཕྱིར་ཀྱང་མི་རིགས་ཏེ། ཚིགས་གསུམ་པོ་རེ་རེ་ལ་ཡང་མཛུབ་མོ་རེ་རེ་རྫོགས་པ་ཞིག་ཏུ་འགྱུར་རོ། །དེ་ལྟར་འགྱུར་མོད་སྙམ་པ་ལ་ཆ་ཤས་མེད་པའི་ཕྱིར་ཚིགས་གཅིག་བསྒྲིབས་ན་མཛུབ་མོ་ཐམས་ཅད་བསྒྲིབས་པའམ། དམར་ན་ཐམས་ཅད་


DTG207_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བར་ཐལ་བར་འགྱུར་རོ། །འོན་ཏེ་ཚིགས་གཅིག་ལ་ཕྱོགས་གཅིག་གིས་ཁྱབ་ན། ཆ་ཤས་ཡོད་པས་གཅིག་པ་ཉིད་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་ལོགས་ཤིག་ན་མེད་པས་ཚིགས་དང་ལྡན་ནོ་སྙམ་པ་ཡང་མེད་དེ། མཛུབ་མོ་གཅིག་ཏུ་འདོད་པ་དང་ཐ་མི་དད་པའི་ཕྱིར། མཛུབ་མོའི་རང་གི་ངོ་བོ་བཞིན་དུ་ཚིགས་གསུམ་གཅིག་ཏུ་ཐལ་བར་འགྱུར་རོ། །མཛུབ་མོ་ཡང་ཚིགས་གསུམ་དང༌། ཐ་མི་དད་པས་ཚིགས་གསུམ་ཡོད་པ་བཞིན་དུ་གཅིག་ཏུ་འདོད་པ་ཡང་དུ་མར་ཐལ་བར་འགྱུར་རོ། །གང་གི་ཕྱིར་ལོགས་ཤིག་ན་ཡང་མེད། ལྡན་པའམ་འབྲེལ་པའི་ཕྱོགས་ཀྱང་མེད་པ་དེའི་ཕྱིར། ཆ་ཤས་མེད་པའི་ཕྱོགས་མ་གྲུབ་པས་མེད་དོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་རགས་པ་ཆ་ཤས་དང་བཅས་པའམ་ཚོགས་པར་ཡོད་དོ་སྙམ་ན་དེ་ཡང་མི་རིགས་ཏེ། འདི་ལྟར་ཚིགས་དང་པོ་ལ་སོགས་པ་རང་གི་ཆ་ཤས་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་མ་གྲུབ་པས་མེད་དོ། །དེ་ལྟ་བས་ན་རགས་པ་ཆ་ཤས་དང་བཅས་པ་ཡོད་པར་ཡང་མ་གྲུབ་བོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གི་རང་བཞིན་ཡང་འདུས་པ་ཙམ་ཡིན་པའི་ཕྱིར་ལ་འདུས་པ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །འོ་ན་ཕྱོགས་གསུམ་པ་རྡུལ་ཕྲ་རབ་ཀྱི་མཚན་ཉིད་དུ་ཡོད་དོ་སྙམ་པ་ལས། དེ་ཡང་མི་རིགས་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱང་ཆ་ཤས་ཐ་དད་པའི་ཕྱིར་གཅིག་ཏུ་མ་གྲུབ་སྟེ། རང་བཞིན་འགལ་བ་དམིགས་པའོ། །འོ་ན་ཆ་ཤས་ཐ་དད་པ་དེ་དག་ཡོད་པས་དུ་མ་མི་སྲིད་དོ་སྙམ་པ་ལ། ཆ་ཤས་མེད་པའི་རྡུལ་གཅིག་མ་གྲུབ་ན། ཆ་ཤས་མེད་པ་རྡུལ་དུ་མ་མི་འགྲུབ་སྟེ། དེ་ནི་དེ་བསགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ངེས་པ་ལ་ཤེས་པ་ཅུང་ཞིག་འཛིན་པ་ནི་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པའོ། །དེའི་རྗེས་ལ་ལུས་ལ་སོགས་པའི་རྣམ་པ་འདི་དག་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དོ། །དཔེར་ན་གཟུགས་བརྙན་བཞིན་ནོ་སྙམ་ནས་གཅིག་ལ་ཡང་དམིགས་སུ་མེད་དོ་སྙམ་པའི་ཤེས་པའི་སྐྱེ་བ་ནི་རྗེས་སུ་དཔག་པའི་ཤེས་པ་ཡིན་ནོ། །དེ་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་


DTG207_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྗོན་པས་ཞུས་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་སྣང༌། །གཅིག་དང་གཞན་ཡང་རྣམ་སྤང་སྟེ། །སྣང་ཡང་དེ་ལ་ཡོད་མིན་ལྟར། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་གསུངས་སོ། །འོ་ན་སེམས་དང་སེམས་ལས་བྱུང་བ་ཆ་ཤས་མེད་པ་དོན་དམ་པར་ཡོད་དོ་སྙམ་པ་ལས། དེ་ནི་མི་རིགས་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འདི་ལྟར་རྣམ་པ་དུ་མ་དག་དང་ཐ་མི་དད་པའི་ཕྱིར། རྣམ་པའི་རང་བཞིན་ངོ་བོ་རང་གི་དུ་མ་གཅིག་པ་ཉིད་དོ། །འོ་ན་དུ་མར་ཡོད་དོ་སྙམ་པ་ལ། དེ་ཡང་མི་རིགས་ཏེ། དེ་སྐད་དུ། དངོས་པོ་གང་དང་གང་བརྟགས་ན། དེ་དང་དེ་ལ་གཅིག་པ་མེད། །གང་ལ་གཅིག་པ་ཡོད་མིན་པ། །དེ་ལ་དུ་མའང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་ཡུལ་དུ་སྣང་བ་འདི་རང་བཞིན་མེད་ན་སེམས་ཡོད་པར་ག་ལ་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་སྐད་དུ། འཕགས་པ་ལྷས་ཀྱང༌། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་རྩ་བ་སེམས་ལྡོག་གོ །ཞེས་གསུངས་སོ། །ཡང་གསུངས་པ། ཚོགས་པ་རྣམས་ལས་གཞན་ཡོད་མིན། །གཞན་མ་ཡིན་པའང་ཡོད་མ་ཡིན། །དེ་ལྟ་མ་གྲུབ་ཚིགས་སོགས་མེད། །དེ་ཕྱིར་ཚོགས་པ་ཙམ་དུ་ཟད། །ཚོགས་པ་དང་ནི་བཅས་པ་ཡི། །སོར་མོ་ལ་སོགས་རྣམས་ཀྱིས་ནི། །དངོས་པོ་ཐམས་ཅད་མེད་པར་བསྟན། །ཚོགས་མ་གཏོགས་པའི་དངོས་ཕྲའང་མེད། །དེ་ལྟར་དོན་གཅིག་ཤེས་བྱེད་པའི། །བློ་ནི་གང་དུ་བརྟག་པར་བྱ། །སེམས་བྱུང་ཚོགས་དང་བཅས་སེམས་ཀྱི། །དམིགས་པ་གཅིག་འདིར་ཇི་ལྟར་འགྱུར། །ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། དོན་དམ་པར་ཡོད་དོ་སྙམ་པ་ཡང་ཀུན་རྫོབ་ལ་རིགས་ཏེ། རང་བཞིན་གྱི་གཏན་ཚིགས་ཡིན་པའི་ཕྱིར་རོ། །དོན་དམ་པར་ཡོད་པར་བསྒྲུབས་ན་ནི་འགལ་བས་ཁྱབ་པ་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཡོད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱིས། མ་རིག་རྐྱེན་ལས་བྱུང་བ་ལ། །ཡང་དག་ཤེས་པས་རྣམ་བརྟགས་ན། །སྐྱེ་བ་དང་ནི་འགག་པའང་རུང༌། །གང་ཡང་དམིགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཞེས་བྱ་བ་ལ་


DTG207_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ལུང་དེ་ཡང་ཀུན་རྫོབ་ལ་དགོངས་ནས་གསུངས་པ་ཡིན་ཏེ། མདོ་སྡེ་ཉིད་ལས། བློ་ཡིས་རྣམ་པར་གཞིབས་ནས་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །གྲུབ་པའི་དངོས་པོའང་ཡོད་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག །ཞེས་གསུངས་སོ། །ཚད་ཅི་ཙམ་དུ་བསམས་ཤེ་ན། རྟགས་གྲུབ་པ་དང་རྗེས་སུ་དཔག་པའི་ཤེས་པ་སྐྱེས་པའི་སྐབས་སུ་རྟོགས་པའི་དོན་ལས་གཞན་དུ་མི་འཕྲོ་ལ། སེམས་ཀྱིས་དཔྱད་པའི་གནས་མ་རྙེད་པས་རང་གི་ངང་གིས་སྡོད་པ་ཅིག་འབྱུང་སྟེ། དེ་ཙམ་དུ་བསམ་མོ། །དེ་སྐྱེས་པ་དེའི་རྗེས་ལ་འདི་སྙམ་དུ་ཅི་ལ་ཡང་མི་གནས་པའི་སེམས་སྐྱེ་བ་ཅིག་འདུག་སྙམ་པའི་བསམ་པ་འབྱུང་བའོ། །དེ་ལྟ་བས་ན་རྣམ་པར་མ་ཡེངས་པའི་ཡིད་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་ཇི་སྐད་བཤད་པ་བཞིན་དུ་དཔྱང་ནས་ཚད་དུ་ཕྱིན་པ་དང་གཞག་ལ་རེ་ཞིག་ངལ་གསོའོ། །འདི་དག་གང་གིས་བསྡུས་པ་དང༌། །ཇི་ལྟར་སྣང་བ་བསྟན་པ་དང༌། །དེ་ལ་ལོག་རྟོག་སུན་དབྱུང་དང༌། །ལུས་ལ་བརྟག་དང་ཚད་བསྟན་པའོ། །ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པའོ།། །།ད་ནི་བསྒོམ་པའི་ཤེས་རབ་བསྐྱེད་པ་དེ་རིགས་ཏེ། འདི་སྙམ་དུ་བསམ་པའི་ཤེས་རབ་གཅིག་དང་དུ་མ་དང་བྲལ་བའི་རྟགས་ངེས་པར་གྲུབ་ཅིང་འབྲེལ་པ་དྲན་པའི་རྗེས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་སྒྲོ་འདོགས་པའི་སྤྲོས་པ་མཐའ་དག་ངེས་པར་དཔྱད་པའི་ཤེས་པ་བརྟན་པོར་སྐྱེས་ཀྱང་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་མ་བྱས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱེ་མི་སྲིད་དེ། དཔེར་ན་རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུགས་པ་ལ་གེགས་མེད་པ་ལྟར་བྱས་ཀྱང་མ་རྒྱུགས་ན་དཀྱུས་ཀྱི་ཞབས་སུ་ཕྱིན་པའི་དུས་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས། དཔེར་ན་རྒྱལ་པོའི་མི་འགའ་ཞིག །བང་མཛོད་མང་པོ་བགྲང་བྱེད་ཀྱང༌། །ནོར་ཕྱེད་ཙམ་ཡང་མི་ཐོབ་པ། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། འདི་སྐད་དུ། དཔེར་ན་མི་ཞིག་ན་ཞིང་སྡུག་བསྔལ་ཏེ། །ལོ་གྲངས་


DTG207_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་རེས་འགའ་མ་ཐར་བ། །དེ་ནི་སྡུག་བསྔལ་ནད་ཀྱིས་ཉོན་མོངས་ཏེ། །ན་བ་འཚོ་བའི་ཆེད་དུ་སྨན་པ་བཙལ། །ཡང་དང་ཡང་དུ་དེས་ནི་བཙལ་བ་དང༌། །སྨན་པ་མཁས་ཤིང་རིགས་པ་དེས་རྙེད་ནས། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་སུ། །སྨན་འདི་གཏང་བར་གྱིས་ཤིག་ཅེས་བྱིན་པ། །སྨན་མང་ཕན་པ་བཟང་པོ་དེ་རྙེད་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང༌། །སྨན་པས་མ་ཉེས་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་ནས། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པ་མི་བརྩོན་ག་ལ་མྱ་ངན་འདས། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། བསྒོམ་པར་བྱ་བ་ནི་གོམས་པར་བྱེད་པ་ཉིད་ཡིན་ཏེ། དོན་གཞན་མ་ཡིན་ནོ། །དེ་ལྟ་བས་ན་བསམ་པའི་ཤེས་རབ་སོ་སོར་རྟོག་པ་དང༌། །འབྱེད་པ་ཁོ་ན་གོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་ཞེས་གྲགས་ཏེ། དེ་ནི་མི་རིགས་པར་ཚིག་གི་སིལ་བུའི་མདོ་ལས། ལག་པ་རྐང་པས་ནོམ་བྱེད་ཅིང༌། །ཉམ་ངའི་ལམ་དུ་རྒྱུག་བྱེད་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་པ། །རྣམ་པར་ལྟུང་བར་དཀའ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་བས་ན་བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང༌། དེ་ལྟར་བསམ་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བརྟགས་པར་བྱས་ལ། །དེ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པའི་ཤེས་རབ་སྐྱེད་དོ། །ཐོས་པ་ལ་སོགས་པ་ཙམ་གྱིས་ནི་དོན་མངོན་སུམ་དུ་མི་འགྱུར་རོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་བསྟན་ཏོ་ཞེས་གསུངས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་གང་དག་གིས་ཐོས་པ་ལས་བྱུང་བའམ། བསམ་པ་ལས་བྱུང་བའི་ཤེས་པས་ཆོས་ཁོང་དུ་ཆུད་པར་གྱུར་པ་དེ་རང་གིས་རིག་པ་མ་ལགས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་ཡིན་ཏེ། ཐོས་པ་ཙམ་མམ་བསམ་པ་ཙམ་གྱིས་ནི། རང་གི་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་དཔེ་ཉོན་ཅིག །རིགས་ཀྱི་བུ་


DTG207_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། དཔེར་ན་འབྲོག་དགོན་པ་ཆེན་པོར་སོས་ཀའི་ཟླ་བ་ཐ་མ་ལ་མི་ལ་ལ་ཞིག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲོ་ལ་དེ་ནས་མི་གཞན་ཞིག་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་འོང་སྟེ། དེ་ཡང་སོས་ཀའི་ཚ་བས་ཡོངས་སུ་གདུངས་པར་གྱུར་ནས་སྐོམ་གྱིས་ཉེན་པ་དེས་ཤར་ཕྱོགས་ནས་འོང་བའི་མི་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ་སོས་ཀའི་ཚ་བས་ཡོངས་སུ་གདུངས་ཏེ་སྐོམ་གྱིས་ཉེན་ན། གང་ན་མཚོའམ་ལྟེང་ཀའམ་རྫིང་བུ་གང་ཆུ་བསིལ་ཞིང་དང་ས་ལ་རྙོག་མ་མེད་པ་གསལ་བས་གང་བ་ཡོད་དེ། གང་དུ་བདག་ཚ་བ་དང་སྐོམ་པ་རབ་ཏུ་ཞི་བར་འགྱུར་བའི་ལམ་བདག་ལ་སྟོན་ཅིག་ཅེས་ཟེར་ལ། ཤར་ཕྱོགས་ནས་འོང་བའི་མི་དེ་ཡང་ལམ་ཤེས་པ། ལམ་ལ་མཁས་པ་ལམ་མཐོང་བ་ལམ་གྱི་མཚན་མ་མཐོང་བ་ཞིག་ཡིན་ཏེ། དེས་དེ་ན་ཆུའི་ཉེས་པ་དང་བྲལ་བའི་ཆུ་སྔོན་ཆད་མཐོང་ལ། སྔོན་མྱང་ཞིང་སྔོན་ཡང་ཞུགས་པ་ཡིན་ཏེ། དེས་མི་དེ་ལ་འདི་སྐད་དུ། ཀྱེ་གྲོགས་པོ་ལམ་འདི་ནས་ལམ་ཁ་བྲག་མཐོང་གི་བར་དུ་སོང་ལ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་གཡོན་གྱི་ལམ་བོར་ཏེ། གཡས་ཀྱི་ལམ་ནས་ནགས་ཚལ་སྔོན་པོ་དང་ནགས་ཚལ་དེའི་དབུས་ན་མཚོའམ་ལྟེང་ཀའམ་རྫིང་བུ་ཆུ་བསིལ་ཞིང་དངས་ལ་རྙོག་མ་མེད་པ་གསལ་བས་གང་བ་མཐོང་ག་བར་དུ་སོང་ལ་དེར་སྐྱེས་བུ་ཁྱོད་སྐོམ་པ་དང་ཚ་བ་མེད་པར་བྱོས་ཤིག །ཅེས་ཟེར་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། སོས་ཀའི་ཚ་བས་གདུངས་ཏེ། སྐོམ་གྱིས་ཉེན་པའི་མི་དེས་ཆུ་ཐོས་མ་ཐག་པ་དང་བསམ་པ་ཙམ་གྱིས་ཚ་བ་མེད་པར་འགྱུར་རམ། སྐོམ་པ་དང་ཡང་བྲལ་བར་འགྱུར་རམ། ཆུ་བསིལ་བ་ཡང་རང་གིས་རིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་མི་དེ་ནམ་དེར་ཕྱིན་ནས་དེས་ཆུ་དེར་ཞུགས་ཏེ་འཚལ་བར་གྱུར་པ་དེའི་ཚེ་མི་དེའི་ཚ་བ་དེ་མ་མཆིས་པར་འགྱུར་རོ། །སྐོམ་པ་དང་ཡང་བྲལ་བར་འགྱུར་རོ། །དེ་བསིལ་བ་ཡང་རང་གིས་རིག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རིགས་ཀྱི་བུ་ཐོས་པ་ཙམ་དང་བསམ་པ་ཙམ་གྱིས་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ། །


DTG207_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རིགས་ཀྱི་བུ་འབྲོག་ཅེས་བྱ་བ་འདི་ནི་འཁོར་བའི་འབྲོག་གི་ཚིག་བླ་དགས་སོ། །མི་སོས་ཀའི་ཚ་བས་ཡོངས་སུ་གདུངས་ཤིང་སྐོམ་གྱིས་ཉེན་པ་ཞེས་བྱ་བ་འདི་ནི་ཉོན་མོངས་པའི་གདུང་བས་ཡོངས་སུ་གདུངས་ཞིང༌། ཡུལ་གྱི་སྲེད་པས་ཉེན་པའི་སེམས་ཅན་རྣམས་ཀྱི་ཚིག་བླ་དགས་སོ། །ལམ་ཤེས་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པ་ཆོས་མྱོང་བ་ཆོས་རང་གིས་རིག་པ་རྣམས་ཀྱི་ཚིག་བླ་དགས་སོ། །ཆུ་གསལ་ཞིང་དངས་ལ་རྙོག་པ་མེད་པ་གསལ་བ་ཞེས་བྱ་བ་འདི་ནི་དོན་དམ་པའི་ཆོས་ཉིད་ཀྱི་ཚིག་བླ་དགས་སོ། །ཡང་རིགས་ཀྱི་བུ་དཔེ་ཉོན་ཅིག །རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་བར་བཞུགས་ཏེ་འཛམ་བུའི་གླིང་གི་མི་རྣམས་ཀྱི་མདུན་དུ་འདི་ལྟ་སྟེ། ལྷའི་བདུད་རྩི་དྲི་ཞིམ་པ་དང་གཙང་བ་དང་གྱ་ནོམ་པ་དང་ཤིན་ཏུ་ཞིམ་པ་དང་རེག་ན་བདེ་བ་ལས་བརྩམས་ཏེ་བསྔགས་པ་བརྗོད་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་གིས་ལྷའི་བདུད་རྩི་དེའི་རང་གི་བསྔགས་པ་རང་གིས་རིག་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་རྣམ་གྲངས་འདི་ཐོས་པའམ་བསམ་པ་ཙམ་གྱིས་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ། །རིགས་ཀྱི་བུ་ཡང་དཔེ་ཉོན་ཅིག །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་གིས་ཤིང་ཏོག་གི་རྣམ་པར་སྔོན་སེམས་ཅན་སུས་ཀྱང་མ་མྱངས་པ་ཞིག་མྱངས་པར་གྱུར་པ་དེས་མི་གཞན་ཞིག་གི་མདུན་དུ་ཤིང་ཏོག་གི་རྣམ་པ་དེའི་བསྔགས་པ་འདི་ལྟ་སྟེ། ཁ་དོག་ཕུན་སུམ་ཚོགས་པ་དང༌། རོ་ཕུན་སུམ་ཚོགས་པ་དང༌། དྲི་ཞིམ་པ་ལས་བརྩམས་ཏེ་བརྗོད་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་མི་དེས་ཤིང་ཏོག་གི་རོ་དེ་རང་གིས་རིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་རྣམ་གྲངས་འདི་ཇི་ལྟར་ཐོས་པ་ཙམ་མམ་བསམ་པ་ཙམ་གྱིས་སོ་སོ་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ་ཞེས་


DTG207_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །མ་བསྒོམས་སྔོན་དུ་མི་འགྱུར་དང༌། །དེ་ལ་ལོག་པར་རྟོག་པ་དང༌། དེ་ཡི་སུན་དབྱུང་བསྟན་པ་དང༌། །ལུང་གིས་རྒྱས་པར་བསྟན་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ནི། ཕུང་བ་གསུམ་པའམ། ཡན་ལག་བདུན་པའམ། ཆོས་སྤྱོད་བཅུའམ། ཆོས་སྤྱོད་བཅུ་གསུམ་མམ། ཆོས་སྤྱོད་ཉི་ཤུ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་གོང་དུ་སྨོས་པ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ལེགས་པར་གནས་པའི་རྣལ་འབྱོར་པས་བསྒོམ་པའི་ཚེ་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་སྒྲའི་ཚེར་མ་མེད་པ་ཡིད་དང་མཐུན་པའི་གནས་བྲག་ཕུགས་སམ་རྩའི་སྤྱིལ་བུའམ་ཁང་པ་ལ་སོགས་པར་ཕྱག་དར་དང་ཞལ་ཞལ་དང་མཎྜལ་ཅི་ནུས་ཀྱིས་བྱས་ཏེ། དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོར་བྲིས་པ་མདུན་ལོགས་སུ་བཀྲམ་པའམ། ལུགས་སྐུ་མདུན་ལོགས་སུ་བཞུགས་པ་ལ་མཆོད་པའི་ཡོ་བྱད་འབྱོར་ཚད་དབུལ་བ་ཁང་པར་གོ་རིམས་བཞིན་དུ་བཤམས་ནས་འདི་སྙམ་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་དུ་མར་བདག་གི་ཕ་དང་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་དོ་ཞེས་ཐོག་མ་མེད་པའི་དུས་ཀྱི་མདོ་ལས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ལྟ་བས་ན་ཇི་ལྟར་འཇིག་རྟེན་གྱི་མི་སྲིད་ཞུ་ཅན་ཕ་དང་མ་ལ་སྡང་བའི་སེམས་སྤངས་ཤིང་ཁོན་དུ་འཛིན་པ་པོར་ནས་ཕ་དང་མ་དེ་གཉིས་བདེ་བར་འདོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་བདག་གིས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བསྐྱེད་ཅིང་གསོས་པའི་ཕ་མ་འདི་དག་ལ་སྡང་བའི་སེམས་ལ་དགེ་བ་འམ་ཕན་པའི་མྱུ་གུ་འབྱུང་བའི་ཐ་བ་སྐམ་པོ་དང་འདྲ་བ་དེ་ཡུད་ཙམ་ལ་མི་སྐྱེད་ཅིང་ཁོན་དུ་འཛིན་པ་ཡང་སྤངས་ནས་ཁ་ན་མ་ཐོ་བ་མེད་པའི་ཆོས་ཀྱིས་དེང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྟག་ཏུ་བདེ་བ་དང་ཕྲད་པར་འདོད་


DTG207_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་བསྒོམ་པར་བྱའོ་སྙམ་དུ་བསམས་ཏེ། དེ་ནི་བྱམས་པའོ། །ཡང་ཇི་ལྟར་འཇིག་རྟེན་ན་མི་སྲིད་ཞུ་ཅན་ནི་ཕ་མ་བདེ་བར་འདོད་པའི་རྣམ་པ་འབྱུང་བ་དེ་དང་མི་མཐུན་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་མཐོང་ན་དེས་བདག་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ཡིད་མི་བདེ་བ་དང་དེའི་རྐྱེན་གྱིས་ལུས་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་སྡུག་བསྔལ་སྐྱེ་ཞིང་བདེ་བ་སྤང་བ་དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཕ་དང་མ་འདི་དག་ཐམས་ཅད་རྟག་ཏུ་བདེ་བར་འདོད་པའི་རྣམ་པ་བསྐྱེད་པ་ལ་དེ་དང་མི་མཐུན་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པས་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་གོང་བུ་ཡིན་ཏེ། ཇི་སྐད་དུ། འཕགས་པ་དཔས་བྱིན་གྱིས་ཞུས་པ་ལས། ཕུང་པོ་ལྔ་གྲུབ་པ་ལས་སྡུག་བསྔལ་གྱི་གོང་བུ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྡུག་བསྔལ་རྣམ་པ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་གོང་བུ་འདི་དག་ཇི་ལྟར་སྤང་སྙམ་དུ་ཡིད་ཀྱིས་ཤིན་ཏུ་གདུང་བ་བསྐྱེད་དོ། །དེ་ནི་སྙིང་རྗེ་སྟེ། དེས་རྣལ་འབྱོར་པའི་བདེ་བ་དང་ཡིད་བདེ་བ་སྤང་བས་དེ་སེལ་ཞེས་ཀྱང་བྱ་སྟེ། གཞན་སྡུག་བསྔལ་བ་མཐོང་ནས་བདེ་བ་སྤོང་ཞིང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་ནད་སྐྱེས་བ་དེ་ནི། སྙིང་རྗེ་ལས་བྱུང་བ་ཡིན་ཏེ། དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་སྙིང་རྗེ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་སྙིང་རྗེ་ཆེན་པོ་དུང་གིས་བསྐྱོད་ལ། འགྲོ་བ་མཐའ་དག་གི་སྡུག་བསྔལ་དེ་གཏན་སྤངས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་དམིགས་ལ་ཚིག་འདི་སྐད་ཅེས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང༌། །བསྟན་དང་དོན་དམ་བསྒྲུབ་ཆོས་དང༌། །འཕགས་དང་དེ་རྗེས་སློབ་པ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །གོང་དུ་བཤམས་པའི་མཆོད་པ་ཡང་སྐབས་དེར་དབུལ་ལོ། །མེ་ཏོག་འབྲས་བུ་སྤོས་ཀྱི་ཤིང་རྣམས་དང༌། །བདུག་པའི་


DTG207_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དང་རིན་ཆེན་ཤིང་རྣམས་སོགས། །ནམ་མཁའི་མཐར་ཐུག་ཡོངས་སུ་མ་གཟུང་བ། །བློ་ཡིས་བླངས་ནས་དཀོན་མཆོག་གསུམ་ལ་དབུལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཐོག་མ་མེད་པའི་དུས་ནས་བདག་གི་སེམས། །མངོན་ཞེན་འདོད་ཆགས་ལ་སོགས་ཉེས་བརྒྱ་ཡིས། །ལུས་ངག་གསུམ་གྱིས་བགྱིད་བཙལ་རྗེས་ཡི་རང༌། །མི་བཟད་གནོད་སེམས་དཀོན་མཆོག་གསུམ་ལ་བཤགས། །ཆོས་དང་ལྡན་པའི་བྱ་བའི་ཆེད་ཀྱི་ཕྱིར། །འཇིག་རྟེན་གྱི་ནི་ཁམས་རྣམས་ཐམས་ཅད་ཀྱི། །སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་ལ། །རང་གི་ལུས་ནི་ངེས་པར་འབུལ་བར་བགྱི། །སངས་རྒྱས་ཀུན་གྱི་ཐུགས་བསྐྱེད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའ་ལ་སོགས་ཀྱི། །དགེ་བསགས་རྣམས་ལ་ཡི་རང་ངོ༌། །བདེ་གཤེགས་བྱང་ཆུབ་བརྙེས་གྱུར་ཀྱང༌། །འཁོར་རྣམས་དམ་ཆོས་གཟུང་སླད་དུ། །ཅང་མི་གསུང་བར་བཞུགས་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ལེ་ལོ་ཅན་གྱི་འཁོར་རྣམས་འདུལ་བྱེད་དུ། །འདུས་བྱས་མི་རྟག་ངེས་པར་བསྟན་པའི་ཕྱིར། །མྱ་ངན་འདའ་བའི་ཚུལ་བསྟན་ཞེས་རྣམས་ལ། །འཁོར་བ་ཇི་སྲིད་བར་དུ་བཞུགས་པར་གསོལ། །ཇི་ལྟར་བདེ་གཤེགས་མར་མེ་མཛད་སོགས་ཀྱི། །སྤྱོད་དང་བཅས་པས་བྱང་ཆུབ་ཐུགས་བསྐྱེད་ལྟར། །བདག་གིས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། །དེང་ནས་བསླབ་པ་གསུམ་ལ་གནས་པར་བགྱི། །རྟོག་པ་ཐམས་ཅད་སྤང་སླད་དུ། །དཀོན་མཆོག་གསུམ་ལ་ཕྱག་སོགས་བགྱིས། །དེ་ཕྱིར་བདག་གི་དགེ་བསགས་འདི། །བདག་ལ་རྣམ་སྨིན་འབྲས་མ་གྱུར། །ཞེས་བསྔོ་བར་བྱའོ།། །།ད་ནི་ལུས་བཅོས་པར་བྱ་སྟེ། ཁྲིའམ། ཁྲིའུའམ། རྩྭ་བཏིང་བའམ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ལྔ་ཡང་དག་པར་མཐོང་བའི་ཕྱིར་ཏེ། ལུས་


DTG207_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྒྲིམས་ན། སྤྱོད་ལམ་དེ་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེ་བ་དང༌། དེ་བཞིན་དུ་འདུག་པས་ཡུན་རིང་དུ་འདའ་བར་བྱེད་ནུས་ཤིང་སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང༌། དེ་བཞིན་དུ་སྤྱོད་ལམ་དེ་ནི་གཞན་མུ་སྟེགས་པ་དང༌། ཕས་ཀྱི་རྒོལ་བ་དག་དང་ཐུན་མོང་མ་ཡིན་པ་དང༌། སྤྱོད་ལམ་དེས་འདུག་པ་གཞན་དག་གིས་མཐོང་ན་ཤིན་ཏུ་དང་བ་སྐྱེ་བར་འགྱུར་བ་དང༌། དེ་བཞིན་དུ་སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་ཀྱིས་རྗེས་སུ་གནང་ཞིང་བསྟེན་པ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་ལྔ་ཡང་དག་པར་མཐོང་བའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་གཞག་སྟེ་འདུག་པར་བྱའོ། །ལུས་དྲང་པོ་གང་ཞེ་ན། ལུས་བསལ་བར་བསྲང་སྟེ་གཞག་པ་དང༌། སེམས་ལ་གཡོ་བ་མེད་ཅིང་ཚུལ་འཆོས་པ་མེད་པ་དྲང་པོར་གཞག་པའོ། །དེ་ལ་ལུས་དྲང་པོར་རབ་ཏུ་ཟིན་པས་ན་རྨུགས་པ་དང་གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །སེམས་ལ་གཡོ་བ་མེད་ཅིང་ཚུལ་འཆོས་པ་མེད་པ་ནས་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །དེ་ལ་དྲན་པ་ཕྱོགས་པར་གཞག་སྟེ། གནས་པར་བྱེད་པ་གང་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་ཤིང་མི་མཐུན་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་གཞག་སྟེ། སྣ་ནས་ལྟེ་བར་དྲང་པོར་གཞག་གོ །མི་ཧ་ཅང་མི་དབྱེ་ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ །ལྕེ་ཡང་ཡ་སོའི་དྲུང་དུ་བཞར་རོ། །དབུགས་ཕྱིར་འབྱུང་བ་དང་ནང་དུ་རྔུབ་བ་ཡང་སྒྲ་ཅན་དང་རྔམ་པ་ཅན་དང༌། དབུགས་རྒོད་བག་ཅན་དུ་མི་བཏང་ཞིང་ཅི་ནས་མ་ཚོར་བར་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་དུ་དབུགས་ནང་དུ་རྔུབ་པ་དང༌། ཕྱིར་འབྱུང་བ་དེ་ལྟར་བྱའོ། །དེ་ལ་མཚམས་སྦྱོར་བའི་ཤེས་པ་གང་ཞེ་ན། དབུགས་སྙོམས་མ་ཐག་དུ་འདི་སྙམ་དུ་


DTG207_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་གྱི་སེམས་ཅན་འདི་དག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་རྟོགས་ཤིང༌། ལོག་པར་རྟོགས་པ་དང༌། གོམས་པར་མ་བྱས་པ་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐུ་གསུམ་གྱི་མཆོག་དེ་མ་རྟོགས་སོ། །བདག་གིས་ཅི་ནས་ཀྱང་ཆོས་ཉིད་དེ་ཕྱིན་ཅི་མ་ལོག་པར་རྟག་ཏུ་ཡུན་རིང་པོར་གུས་པར་བསྒོམས་ལ་ཡེ་ཤེས་དེ་ཐོབ་པར་བྱས་ནས་གཞན་དག་གིས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཐོབ་པར་བྱའོ་སྙམ་དུ་བསམ་མོ། །དེ་བཞིན་ཉིད་དེ་གང་ཞེ་ན། ཆོས་ཐམས་ཅད་དོན་དམ་པར་ཡོད་པར་ཡང་མ་གྲུབ། མེད་པར་ཡང་མ་གྲུབ་བོ། །དེས་ན་གཉིས་ཀར་ཡང་མ་གྲུབ། གཉི་ག་མ་ཡིན་པ་ཅི་ཡང་མེད་དོ། །དེ་སྐད་དུ། འཇམ་དཔལ་གནས་པ་ལས་ཀྱང་དེ་སྤྱོད་པ་སྤྲོས་པ་མེད་ཅིང་ཉེ་བར་ཞི་སྟེ། ཡོད་དོ་ཞེས་ཀྱང་ཁས་མི་ལེན། མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ་ཞེས་གསུངས་སོ། །དེ་བས་ན་བསམ་པའི་ཤེས་རབ་ཀྱིས་ཅི་ཡང་མ་རྙེད་དེ། དེ་ཙམ་ལ་གཞན་མ་ཡིན་པའི་དོན་གྱིས་དེ་བཞིན་ཉིད་ཅེས་སྒྲོ་བཏགས་ནས་བརྗོད་དེ། དེ་བས་ན་དེ་བཞིན་ཉིད་ཙམ་ཡང་ཡང་དག་པར་མ་གྲུབ་པར་དྲན་པར་བྱའོ། །དེ་ལ་སེམས་ཇི་ལྟར་གཞག་པ་གང་ཞེ་ན། དེ་བཞིན་ཉིད་ཙམ་མ་གྲུབ་པར་དྲན་ནས་དེ་མ་ཐག་ཏུ་སེམས་ཤེས་པ་ཤིན་ཏུ་བསྒྲིམས་ལ། འདི་ཡུལ་གྱི་ཆོས་ཉིད་ཅེས་བྱ་བ་འམ། སེམས་ཀྱི་ཆོས་ཉིད་ཅེས་བྱ་བའམ། ཆོས་ཇི་བཞིན་མ་ཞེས་བྱ་བའམ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བའམ། ཅི་ཡང་མ་ཡིན་པ་ཞེས་བྱ་བའམ། དོན་དམ་པ་ཞེས་བྱ་བའམ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ཟབ་མོ་སྟོན་པའི་ཚིག་ཐམས་ཅད་ཀྱི་རྗེས་སུ་འབྲངས་ནས་གཞག་པར་མི་བྱའོ། །དེ་ལ་ཉེས་པ་སྤངས་པ་གང་ཞེ་ན། མདོར་བསྡུ་ན་བཞི་སྟེ། ཉེ་བའི་ཉོན་མོངས་པའི་ཉེས་པ་གང་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་མ་ཤེས་པའི་ཉེས་པ་དང༌། ལུང་དུ་མ་བསྟན་པའི་ཉེས་པ་དང༌། ལུས་


DTG207_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་མི་བདེ་བའི་ཉེས་པའོ། །དེ་སྤང་བ་ནི་ཉེས་པ་རེ་རེའི་སྐབས་སུ་བསྟན་ཏོ། །དེ་ལ་ཉེ་བའི་ཉོན་མོངས་པ་ནི་གསུམ་སྟེ། རྒོད་པ་དང༌། དམིགས་པ་ལ་མི་དགའ་བ་དང༌། བྱིང་བའོ། །དེ་ལ་རྒོད་པའི་ངོ་བོ་ནི་དཔེར་ན་རྣམ་པར་གཡེངས་པའི་མི་ལྟ་བུའམ། སྤྲེའུ་བཞིན་དུ་སེམས་དམིགས་པ་ལ་མི་གནས་པའོ། །དེའི་རྒྱུ་ནི་བཞི་སྟེ། སྡུག་པའི་མཚན་ཉིད་ཡིན་ལ་བྱེད་པས་ཕྱི་རོལ་གྱི་ལུས་ལ་ཆགས་པའི་འདུན་པ་ཡིན་ན། འདི་ལྟར་རྣམ་པར་བསྔོས་པ་དང་རྣམ་པར་རྣགས་པ་དང༌། རྣམ་པར་འབུས་གཞིགས་པ་དང༌། རྣམ་པར་བསམ་པ་དང༌། རྣམ་པར་ཟོས་པ་དང༌། རྣམ་པར་དམར་བ་དང༌། རྣམ་པར་འཐོར་བ་དང༌། རུས་གོང་ངམ། ཀེང་རུས་སམ། རུས་པའི་ཀེང་རུས་ཡིད་ལ་བྱེད་པས་ཞི་བར་བྱའོ། །ཡང་ན་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ཞིག་འདོད་ཆགས་སེམས་ཀྱིས་ནི། །བུད་མེད་རུལ་པ་བསྟེན་བྱེད་པ། །འགྲོ་བ་རུལ་པར་འགྲོ་འགྱུར་ཏེ། །དེས་ན་ངན་འགྲོར་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་དྲན་པས་ཞི་བར་བྱའོ། །ཁོང་ཁྲོ་བའི་རྒྱུས་གནོད་སེམས་སྐྱེས་ནས་སེམས་གཡེངས་ན་སེམས་ཅན་ཐམས་ཅད་བདེ་བར་འདོད་པ་བྱམས་པ་བསྒོམས་པ་འམ། གནོད་སེམས་ཀྱི་ཉེས་དམིགས་དྲན་པས་ཞི་བར་བྱ་སྟེ། བྱམས་པ་སེང་གེ་སྒྲའི་མདོ་ལས། བྱང་ཆུབ་སེམས་དཔའ་ལ་ཐ་བའམ་ངན་སེམས་བསྐྱེད་པ་དེ་ཙམ་གྱི་བར་དུ་དམྱལ་བར་གནས་པར་གོ་ཆ་བགོ་དགོས་སོ་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང༌། ཁོང་ཁྲོ་ཁོང་ཁྲོ་ཞེས་བྱ་བ་དེ་ནི་འཇམ་དཔལ་གང་དག་དགེ་བའི་རྩ་བ་བསྐལ་པ་བརྒྱར་བསགས་པ་འཇོམས་པར་བྱེད་པ་སྟེ། དེ་བས་ན་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཟླ་བའི་སྒྲོན་མའི་མདོ་ལས་ཀྱང༌། །ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པ་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས་སོ། །ཉེ་དུ་དང༌། ལྗོངས་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་


DTG207_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པ་དང༌། རྩེས་པ་དང༌། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་དང༌། ལོངས་སྤྱོད་ལ་ཆགས་པས་གཡེངས་ན། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བར་དྲན་པར་བྱའོ། །ཡང་ན་འཕགས་པ་རྒྱ་ཆེར་རོལ་པ་ལས། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེད་རབ་འབར་འདི་ན་མགོན་མེད་པ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང༌། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །ཞེས་བྱ་བ་ལ་སོགས་པས་ཞི་བར་བྱའོ། །འགྱོད་པ་དང་ཐེ་ཚོམ་གྱིས་གཡེངས་ན་ཆོས་ཟབ་མོ་ཡིད་ལ་བྱས་པས་ཞི་བར་འགྱུར་རོ། །མི་དགའ་ནས་གཡེངས་ན་ཡང་རྒོད་པའི་ཕྱོགས་ཡིན་པས། བསླན་པའི་ཐབས་གོང་མ་བཞིན་དུ་བྱའོ། །དེ་ནས་ཡང་ཤེས་པ་ཤིན་ཏུ་བསྒྲིམས་ལ་ཅི་ལ་ཡང་མི་གནས་པར་གཞག་གོ །དེ་ལ་བྱིང་བའི་ངོ་བོ་ཉིད་ནི་དམུས་ལོང་དང་འདྲ་བའམ། མི་མུན་པར་ཞུགས་པའམ། མིག་བཙུམས་པ་དང་འདྲ་བར་མི་གསལ་བ་ཡིན་ཏེ། དེའི་རྒྱུ་ནི་ངལ་དུབ་ཆེན་པོའི་ལས་དང་མུན་པ་ཡིད་ལ་བྱས་པ་དང༌། གཉིད་སྐྱེད་པའི་ཁ་ཟས་དང་བཏུང་བ་དང་ཚང་ཁུང་དུ་འདུག་པ་དང༌། ཟས་སྐོམ་ཧ་ཅང་མང་བ་དང་ཧ་ཅང་ཉུང་བར་ཟོས་པ་དང་འཐུངས་པ་ཡིན་ཏེ། དེ་སྤང་བ་ནི་དེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ་རབ་ཏུ་གཟུང་ཞིང་ལེགས་པར་ཡིད་ལ་བྱས། ལེགས་པར་བསྟན་ལེགས་པར་སོ་སོར་བརྟགས་ཏེ། དེ་སྣང་བ་དང་ལྡན་པ་དང༌། འོད་དང་ལྡན་པའི་སེམས་ཀྱིས་གཡོགས་པའམ། བླ་གབ་མེད་པའི་འཆག་ས་ན་འཆགས་པའི་ཚེ། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པའམ། ཆོས་སམ། དགེ་འདུན་ནམ། ཚུལ་ཁྲིམས་སམ། གཏོང་བའམ། ལྷ་རྗེས་སུ་དྲན་པའམ། དང་བར་འགྱུར་བའི་དམིགས་པ་གང་ཡང་རུང་བས་སེམས་ཡང་དག་པར་བསྟོད་པ་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་


DTG207_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའམ། ཕྱོགས་བཅུར་ལྟ་བའམ། ཟླ་བའམ། རྒྱུ་སྐར་དང༌། གཟའ་དང་སྐར་མ་དག་ལ་ལྟ་བ་གཏོང་བའམ། ཆུས་གདོང་བཀྲུ་བའམ། མར་མེའམ། ནོར་བུའི་འོད་ལ་བལྟས་པས་སངས་པར་འགྱུར་རོ། །ཡང་ན་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག་དྲ་བ་ཆེན་པོ་འཕེལ། །དེ་ནི་ལྟ་བ་རྙེད་ན་ཐེ་ཚོམ་འགྱུར། །དེ་ལ་ལྟར་གྱུར་གཞན་ཡང་མང་དུ་འབྱུང༌། །ཞེས་བྱ་བ་ལ་སོགས་པས་ཁ་ཏོན་བྱས་ལ་བསང་ངོ༌། །མི་དགའ་ན་བྱིང་སྟེ། འགྲོ་བ་ཡང་གོང་མ་བཞིན་དུ་གསལ་བར་བྱའོ། །དེ་ནས་ཡང་རབ་ཏུ་བསྒྲིམས་ལ་ཅི་ལ་ཡང་མི་གནས་པར་གཞག་གོ །ལུང་དུ་མ་བསྟན་པའི་སེམས་ནི་གང་གི་ཚེ་སེམས་ཕྱི་རོལ་དུ་ཡང་མི་རྒྱུ་ནང་དུ་ཡང་མི་རྒྱུ། །དེ་དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ་ཡང་མི་སྤྱོད། ལྷག་མཐོང་ལ་ཡང་མི་སྤྱོད། ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་པ་ལ་གཉིད་ཀྱིས་ནོན་པར་གནས་པ་སྟེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སད་པའི་མིག་གཉིས་ཀྱིས། བསྒྲིབས་པའི་སེམས་མི་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་མི་གསལ་བར་རྒྱུ་བའོ། །དེ་ཡང་གོང་དུ་བྱིང་བ་ལས། གསལ་བར་བྱེད་པའི་ཐབས་བཞིན་དུ་བྱས་ལ། ཡང་ཅི་ལ་ཡང་མི་གནས་པར་གཞག་གོ །དེ་ལ་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་མ་ཤེས་པའི་ཉེས་པ་ནི་གང་གི་ཚེ་དམིགས་པ་ལ་མི་དགའ་ནས་བྱིང་ངམ་བྱིང་དུ་དོགས་ནས་གསལ་བར་བྱས་པའམ། དམིགས་པ་ལ་མི་དགའ་ནས་ཡེངས་པར་མཐོང་ནས་དེ་ལ་ཉེས་དམིགས་སུ་བལྟས་ནས་གཡེངས་པ་ཞི་བར་བྱས་པའམ། རྒོད་པའི་རྒྱུ་གཞན་གྱི་རྒོད་པའམ། རྒོད་དུ་དོགས་ནས་ཞི་བར་བྱས་པའམ། ལུང་དུ་མ་བསྟན་པའི་སེམས་སུ་ཤེས་ནས་དེ་ལ་གཟེངས་བསྟོད་ནས་གསལ་བར་གཞག་པ་དེའི་ཚེ་ཤེས་བཞིན་གྱིས་བལྟས་ན། ཤེས་པ་ཤིན་ཏུ་གསལ་ཞིང་ཅི་ལ་ཡང་མི་འཛིན་པར་མཐོང་ན། བྱིང་རྒོད་གཉིས་ལས་དབེན་ཞིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་པས་དེའི་ཚེ་ཡེ་མི་བཅོས་པར་གཞག་གོ །དེ་ལྟར་རིགས་པ་ལས་


DTG207_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གིས་ཞི་གནས་ཀྱི་མཚན་ཉིད་ནི་རྩེ་གཅིག་པ་ཡིན་པས་ཅི་ཞིག་འཛིན་དགོས་སྙམ་ནས་དམིགས་པ་ཚོལ་བར་བྱེད། ལྷག་མཐོང་གི་མཚན་ཉིད་ནི་ཡང་དག་པ་ལ་སོ་སོར་རྟོག་པ་ཡིན་ནམ་སྙམ་ནས་རྟོག་པར་བྱེད་པ་དེ་ནི་དཔེར་ན་མི་ཞིག་མར་མེ་གསལ་བར་བྱེད་འདོད་པ་ན་གོས་ཀྱི་མཐའ་མས་གཡོབ་བར་བྱེད་ན་དེས་ནི་མར་མེ་གསོད་པར་བྱེད་དེ་གསལ་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་དེས་ལོ་འབུམ་ཕྲག་ཏུ་མ་བསྒོམས་ཀྱང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་མི་འཐོབ་པོ། །དེ་བས་ན་མཉམ་པར་གཞག་པའི་ལྷག་མཐོང་གི་མཚན་ཉིད་ནི་རྟོག་པ་ཙམ་དུ་ཟད་ལ། དེ་དང་ཟུང་དུ་འབྲེལ་བའི་ཞི་གནས་ནི་དེ་ལས་མི་གཡོ་བ་ཙམ་དུ་ཟད་པས་དེ་གཉིས་སྐད་ཅིག་མ་གཅིག་ལ་ཚང་བས་ངང་དེ་ལ་གཞག་གོ །གང་གི་ཚེ་ཅུང་ཞིག་ལོན་ནས་ཤེས་པ་ནི་ཅི་ཞིག་ལ་འཛིན་སྙམ་བྱེད་པའམ་བག་ཐིབས་པ་སྙམ་བྱེད་པའམ། གཏིང་དུ་འགྲོ་བའམ་སོང་བ་སྙམ་བྱེད་པའམ། ཉམ་ཆུང་བ་སྙམ་བྱེད་ན་ཞི་གནས་ཀྱི་ཤས་ཆེ་ལ་ལྷག་མཐོང་གི་ཤས་ཆུང་བ་ཡིན་པས་དེའི་ཚེ་སྟོབས་བསྐྱེད་ལ་སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟར་རྟོགས་པ་དེ་ཡང་དང་ཡང་དུ་དྲན་པར་བྱས་ལ་ནམ་ངེས་པ་སྐྱེས་ཤིང་གསལ་བར་གྱུར་མ་ཐག་ཏུ་དང་དེ་ལ་བཞག་གོ །དེ་ལྟར་བྱས་པས་ངེས་པ་མ་སྐྱེས་སྲིད་ན་རྟགས་གང་ཡང་རུང་བའི་རྗེས་སུ་འབྲངས་ནས་བསམ་པའི་ཤེས་རབ་བསྐྱེད་ལ་ནམ་ངེས་མ་ཐག་ཏུ་ངང་དེ་ལ་བཞག་གོ །དེ་ལ་དུབ་པའི་ཉེས་པ་ནི་གཉིས་ཏེ། ལུས་དུབ་པ་དང༌། སེམས་དུབ་པའོ། །དེ་ཡང་ཧ་ཅང་བསྒོམས་དྲགས་པའམ། རྐྱེན་གཞན་གྱིས་ཀྱང་རུང་སྟེ། ལུས་དང་སེམས་མི་བདེ་ན་སྤྱོད་ལམ་བག་ཅིག་བསྒྱུར་ལ་དམིགས་པ་གཏད་ནས་འདི་སྙམ་དུ་སེམས་ཅན་ཐམས་ཅད་ཀུན་རྫོབ་ཏུ་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན་དུ་བལྟའོ། །དོན་དམ་སྦལ་བའི་སྤུའི་གོས་དང་འདྲའོ་སྙམ་དུ་བསམ་མོ། །དེ་སྐད་དུ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། འཇམ་དཔལ་གྱིས་སྨྲས་པ། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་ཇི་ལྟར་བལྟ་བར་བྱ། །དེ་སྐད་ཅེས་སྨྲས་པ་དང༌། དྲི་མ་མེད་པར་


DTG207_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་སྨྲས་པ། མེ་ལོང་གི་ནང་གི་གཟུགས་བརྙན་བཞིན་དུ་བལྟའོ། །སྦལ་བའི་རྒྱབ་ཀྱི་སྤུའི་གོས་བཞིན་དུ་བ་ལྟའོ་ཞེས་གསུངས་སོ། །དེ་ལྟར་བསམས་ནས་ངལ་སོས་པ་དང༌། སྤྱོད་ལམ་སྔར་འདུག་པ་བཞིན་དུ་བྱས་ལ་ཤེས་པ་ཅི་ལ་ཡང་མི་གནས་པར་གཞག་གོ། །མདོར་ན་བྱིང་ན་ནི་གསལ་བར་བྱ། རྒོད་ན་རླན་པར་བྱ། མཉམ་པར་ཞུགས་ན་བཏང་སྙོམས་སུ་བྱ། ཞི་གནས་ཀྱི་ཤས་ཆེ་ན་རྟོགས་པའི་དོན་དྲན་པར་བྱ། དེས་ངེས་པ་མ་སྐྱེས་ན་རྟགས་ཀྱི་རྗེས་སུ་འབྲངས་ན་མ་ངེས་པ་སྐྱེས་མ་ཐག་ཏུ་དང་དེ་ལ་བཞག་གོ །ངེས་པ་སྐྱེས་ཀྱང་དཔྱད་ན་ལྷག་མཐོང་ཤས་ཆེ་བས་སེམས་མེ་རླུང་ལ་བཞག་པ་བཞིན་དུ་གཡོ་བར་འགྱུར་བས་དེའི་ཚེ་བགས་ཀྱིས་ལྷོད་ལ་བཞག་གོ །ངང་དེ་ལ་ཤེས་པ་ཤིན་ཏུ་གསལ་ལ་ཅི་ལ་ཡང་མི་འཛིན་པར་གནས་ན་ནུས་པའི་ཚད་དང་སྦྱར་ལ་བསྒོམ་མོ། །དེ་ལ་ལྡང་བའི་སེམས་གང་ཞེ་ན། རྣམ་པ་གཉིས་ཏེ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་དང༌། ཐབས་ཀྱི་སེམས་ཀྱིས་ལྡང་བའོ། །དེ་ལ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་ནི་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ལངས་ལ་སྤྱོད་ལམ་མ་ཞིག་པར་འདི་སྙམ་དུ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ་ཡིན་སྙམ་དུ་བསམ་མོ། །དེ་ནས་ཡང་ཀུན་རྫོབ་ཏུ་སྣང་བར་བསམ་མོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང༌། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་ལ་ཐབས་ཀྱི་བསམ་པས་ལྡང་བ་ནི་དེ་ལྟར་དོན་དམ་པར་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཀྱང་ཀུན་རྫོབ་ཏུ་སེམས་ཉིད་སྣ་ཚོགས་སུ་སྣང་སྟེ་སེམས་ཅན་གྱི་འཇིག་རྟེན་དུ་བསྡུས་པའི་གཟུགས་རྣམས་ནི་སྒྱུ་མས་བྱས་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །སྣོད་ཀྱི་འཇིག་རྟེན་དུ་བསྡུས་པ་རྣམས་ནི་སྨིག་རྒྱུ་ལ་ཆུར་སྣང་བ་ལྟ་བུའོ། །ཡུལ་དང་ལོངས་སྤྱོད་ཀྱི་ངོ་བོ་རྣམས་ནི་རྨི་ལམ་ལྟ་བུའོ། །ལུས་ཀྱི་ལས་ཀྱི་ངོ་བོ་ཉིད་ནི་མིག་ཡོར་ལྟ་བུའོ། །ངག་གི་ལས་ཀྱི་ངོ་བོ་ཉིད་ནི་བྲག་ཆ་ལྟ་བུའོ། །འདོད་


DTG207_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སྤྱོད་པའི་སེམས་ཅན་རྣམས་ནི་གཟུགས་བརྙན་ལྟ་བུའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ནི་ཆུ་ཟླ་ལྟ་བུའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སོགས་པ་དག་ནི་སྤྲུལ་པ་ལྟ་བུའོ། །དེ་བས་ན་སྒྱུ་མ་ལྟ་བུའི་སེམས་ཅན་འདི་དག་དོན་དམ་པར་ངོ་བོ་ཉིད་མེད་པའི་ཆོས་འདི་དག་ལ་ཡོད་པ་ལ་སོགས་པར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་ཉོན་མོངས་པའི་རྐྱེན་གྱིས་ལས་སྣ་ཚོགས་བསགས་པས་ཡུན་རིང་པོ་ནས་འཁོར་བར་འཁྱམ་ཞིང་སྡུག་བསྔལ་ལོ། །བདག་གིས་ཅི་ནས་ཀྱང་སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པའི་བློས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱས་ནས་འགྲོ་བ་མཐའ་དག་གི་བྱང་ཆུབ་ཆེན་པོ་ཐོབ་པར་བྱའོ་སྙམ་དུ་བསམས་ལ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ལ་གུས་པས་ཕྱག་འཚལ་གྲུབ་པས་མཆོད། །དེ་དག་སྤྱན་སྔར་སྡིག་པ་འཆགས་ཤིང་བསོད་ནམས་ཀུན་ལ་ཡི་རང་ངོ༌། །བྱང་ཆུབ་སྙིང་པོར་བཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ནན་འདའ་བར་བཞེད་པ་རྣམས་ལ་བསྐལ་པ་དཔག་ཏུ་མེད་པར་བཞུགས་པར་གསོལ། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་ཀུན། །དངོས་པོར་འཛིན་པའི་གདོན་སྤངས་བརྩེར་ལྡན་ཞིང༌། །རྣམ་མི་རྟོག་དང་ཡོངས་སུ་སྨིན་བྱས་ནས། །བྱང་ཆུབ་ཆེན་པོ་ཁོ་ན་མྱུར་ཐོབ་ཤོག །ཅེས་སྨོན་ལམ་བཏབ་ནས་ལྡང་ངོ༌།། །།དེ་ལ་ལང་བའི་སྤྱོད་པ་གང་ཞེ་ན། གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱ་སྟེ། དེ་ཡང་ལས་དང་པོ་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་བྱང་ཆུབ་ཀྱི་རྒྱུ་ལ་དགོས་སོ། །ཞེས་གསུངས་པ་ཀུན་ལས་བཏུས་ལས་གསུངས་སོ། །དེ་ནི་སྟོང་པ་ཉིད་དང་སྙིང་རྗེས་ཆེན་པོའི་སྙིང་པོ་ཅན་གྱིས་སྦྱིན་པ་ལ་སོགས་པའི་བྱ་བ་རྣམས་ཡིན་ཏེ། དེ་སྐད་དུ། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་བྱང་ཆུབ་སེམས་དཔའ་


DTG207_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །དེ་ཡང་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་པའི་སེམས་ཏེ་དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་ནས། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་བས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ཀྱི་ལས་གང་ཅི་ལགས་པ་དང༌། ངག་གི་ལས་གང་ཅི་ལགས་པ་དང༌། ཡིད་ཀྱི་ལས་གང་ཅི་ལགས་པ་དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་པ་ལགས་སོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ལགས་སོ། །སྙིང་རྗེ་ཆེན་པོའི་དབང་དུ་འགྱུར་པ་ལགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བགྱི་བའི་ལྷག་པའི་བསམ་པ་ལས་འབྱུང་བ་ལགས་སོ། །དེ་ལྟར་སྨན་པར་བགྱི་བའི་བསམ་པ་དང་ལྡན་པ་དེ་ནི་འདི་སྙམ་དུ་འདུ་ཤེས་བགྱིད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པ་དང་བདེ་བ་བསྒྲུབ་པ་གང་ཡིན་པ་དེ་བདག་གིས་བསྒྲུབ་པར་བྱའོ་སྙམ་ལགས་སོ་ཞེས་གསུངས་སོ། །དེ་ལྟ་བུའི་དབང་དུ་བྱས་ནས་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། །ཁ་ན་མ་ཐོ་བ་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དྲིས་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀེ་རྒྱལ་བའི་སས་ཁོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་རྣམ་པར་


DTG207_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བར་སྤྱོད་པའི་ཕྱིར་ཞུགས་ཤིང༌། །དེ་ལྟར་ཁྱོད་རྣམ་པ་འདི་ལྟ་བུའི་གནས་དག་ཡོངས་སུ་དྲི་བར་སེམས་པ་ནི། །ཀྱེ་རྒྱལ་བའི་སས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གིས་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར་བ་དང༌། སངས་རྒས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལས་སུ་འགྱུར་བ་དང༌། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ལམ་དུ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་ཀྱང་དེ་དག་ལ་ཉེ་བར་གནས་པ་དང༌། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་ལྟ་བ་ཡང་དེ་དག་ལ་ཉེ་བར་གནས་པ་དང༌། མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་འགྱུར་བ་དང༌། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་འགྱུར་བ་དང༌། ཀུན་ཏུ་བཟང་ཤིང་ཀུན་ཏུ་མཛེས་པ་དང་རྣ་པའི་མཆོག་ཐམས་ཅད་དང་ལྡན་པ་དང༌། ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་སྲོག་ཆགས་ཐམས་ཅད་ལ་སྟོན་པ་གཉིས་པར་གྱུར་པའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཡོད་དེ། །ཀྱེ་རྒྱལ་བའི་སྲས་དག་བང་ཆུབ་སེམས་དཔའ་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་ན་ཡོན་ཏན་གྱི་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སས་འདི་ལ་བྱང་ཆུབ་སེམས་དཔས་ཁྱིམ་གྱི་ནང་ན་འདུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང་ལྡན་པས་ཁྱིམ་གྱི་ཐིབས་པོས་ཟིལ་གྱིས་མ་ནོན་པར་གུར་ཅིག་ཅེས་སེམས་བསྐྱེད་དོ། །ཕ་མ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་སྣགས་རྒྱས་དང་འགྲོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བུ་དང་བུ་མི་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲིད་པ་དང་ཤིན་ཏུ་བྲལ་བས་


DTG207_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་མི་དགའ་བ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འདོད་པའི་ཡོན་ཏན་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པ་བསལ་ཅིང་རྣམ་པར་སེལ་བར་གུར་ཅིག་ཅེས་སེམས་བསྐྱེད་དོ། །གླུ་དང་གར་དང་གྲོལ་མོ་དང་སིལ་སྙན་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གར་མཁན་གྱི་མཚོན་ལྟ་བུར་མཐོང་བ་དང་ལྡན་ཞིང་ཆོས་ཡང་དག་པར་འགྲོ་བའི་བརྗོད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུང་མའི་འཁོར་གྱི་ནང་ན་འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་པའི་གསལ་ཤིང་དང་བྲལ་ཞིང་འཕགས་པའི་སར་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་གྱིས་བརྒྱན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲིད་པར་འབྱུང་བ་འཇིག་པའི་ཕ་རོལ་ཏུ་ཕྱིན་པའི་ཁུར་བོར་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁོང་ཐོག་ཏུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་ཁང་སྟེངས་སུ་ཕྱིན་པར་གུར་ཅིག་ཅེས་སེམས་བསྐྱེད་དོ། །སྦྱིན་པ་གཏོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བདག་གིར་བྱ་བ་མེད་དེ་ཡོངས་སུ་འཛིན་པའི་སེམས་མེད་ཅིང་བདག་གི་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མ་བྲལ་ཞིང་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཕྱིན་ཏེ། འདུ་བ་དང་ཤིན་ཏུ་བྲལ་བར་གུར་ཅིག་ཅེས་སེམས་བསྐྱེད་དོ། །བཙོན་ར་ལ་ཁ་ན་མ་ཐོ་བར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་སྤོད་ཅིང་གང་དུ་དགའ་བར་འདོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྱིམ་ནས་ཁྱིམ་མེད་པར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་བཅིངས་པ་དང་གྲོལ་བ་མེད་ཅིང་ཆགས་པ་མེད་དེ་མི་དགོས་པ་དང་བྲལ་བར་གྱུར་ཅིང་ཅེས་སེམས་བསྐྱེད་དོ། །དགེ་འདུན་གྱི་ར་བའི་མཚམས་འདའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགལ་


DTG207_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་ཆོས་དང་ལྡན་ཞིང༌། མཐུན་པར་འགྲོ་བ་མང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་རྩོམ་ཞིང་ཆོག་ལ་མཁས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་བྱུང་བར་གསོལ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བར་ཆད་མེད་ཅིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་དཀར་པོ་འདོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྡིག་པ་ལ་བརྩོན་པ་སྤངས་ཏེ། དགེ་བའི་རྩ་བ་ཤིན་ཏུ་སྦྱངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྲ་དང་ཁ་སྤུ་འདྲེགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་གཞག་ཅིང་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་ངུར་སྨྲིག་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲང་སྲོང་ཆེན་པོའི་སེམས་དང་ལྡན་ཞིང་རྙོག་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་བྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་དེ་བཞིན་གཤེགས་པའི་རབ་ཏུ་བྱུང་བས་རབ་ཏུ་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བ་ལ་མོས་པ་མངོན་པར་སྐྱེས་ནས་སངས་རྒྱས་ཀྱི་གདུང་མི་འཆད་པའི་དོན་དུ་བརྩོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་གཏེར་ཐོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆགས་པའི་གནས་དང་བྲལ་ཞིང་དགེ་འདུན་ཡོངས་སུ་སྡུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསླབ་པའི་ཚིག་ཡང་དག་པར་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚུལ་བཟང་པོ་ལ་ཡང་དག་པར་སྤྱོད་ཅིང་བསླབ་པ་ཐམས་ཅད་ལ་ཤིན་ཏུ་བསླབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློབ་དཔོན་གྱིས་བསྟན་པའི་


DTG207_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལོག་པ་མ་ཡིན་པའི་ལས་ལ་སྤྱོད་ཅིང་ཚུལ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལས་ཡང་དག་པར་གཞོལ་ཞིང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསྙེན་པར་རྫོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་ཏེ། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙུག་ལག་ཁང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཕྲོགས་པའི་ཆོས་ཅན་དུ་གྱུར་ཏེ། བླ་ན་མེད་པའི་གནས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྟན་འདིངས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ལེགས་པར་བཀོད་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གནས་པའི་སེམས་ཀྱི་སྙིང་པོ་བྱང་ཆུབ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཆའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གཡོ་བའི་ས་ལ་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཞི་གནས་ཡོངས་སུ་སྦྱོང་བར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང༌། དུལ་བ་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷག་མཐོང་ཡོངས་སུ་སྦྱོང་བར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་མོངས་པ་མེད་པའི་ཆོས་ཅན་དུ་གྱུར་ཏེ་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཇིག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་གཞག་ཅིང་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འཇིག་པ་རྣམ་པར་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་གཞོལ་པའི་ཚེ་བྱང་ཆུབ་


DTG207_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་སེམས་ཅན་ཐམས་ཅད་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་རབ་ཏུ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་འདེགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པར་ཐོབ་སྟེ། འཁོར་བའི་རྒྱ་མཚོར་བྱིང་བ་ལས་འཐོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྨད་གཡོགས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་ལྡན་ཞིང་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐ་རགས་འཆིང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ་དགེ་བའི་རྩ་བ་ཤིན་ཏུ་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བླ་གོས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྦྱར་མ་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ་ཐབས་དམ་པས་མངོན་པར་བཀབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པའི་དངོས་པོ་ཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཤིན་ཏུ་བཅོམ་ཞིང་སེམས་དུལ་ཞིང་སེམས་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དབེན་པར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་ཏེ་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་ངོགས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལས་ཤིན་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙང་སྦྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་


DTG207_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དག་པའི་དངོས་པོ་གཙང་ཞིང་ངེས་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལག་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་གཟུང་ཞིང་གཙང་བའི་ཕྱིར་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་མོངས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁར་བ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཆོད་སྦྱིན་བྱས་ཤིང་ལམ་སྟོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་འོས་ཤིང་སྣོད་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱོད་ཡུལ་དུ་མངོན་པར་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་ཡང་དག་པར་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱིན་མ་ལུས་པར་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་སྒྲིབ་པ་མེད་པ་གྲུབ་པར་གྱུར་པས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་མཐོ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཞུམ་པ་མེད་དེ་ཁམས་གསུམ་ལས་གྱེན་དུ་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དམའ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཤིན་ཏུ་བརྟན་ཞིང་སངས་རྒྱས་ཐམས་ཅད་ཤིན་ཏུ་འདུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་ཉམ་ང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྟ་བ་ཡོ་ཞིང་མི་དྲང་བ་དང་བྲལ་ཏེ་ལམ་ཉམ་ང་བ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་


DTG207_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཡོ་མེད་ཅིང་སྒྱུ་མེད་དེ་སེམས་དྲང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་རྡུལ་ཆེན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྡུལ་མེད་པའི་ཆོས་ཡང་དག་པར་ཐོབ་སྟེ་འདོད་ཆགས་པར་འགྱུར་བའི་ཆོས་ལ་རྣམ་པར་འགྲེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྡུལ་མེད་པའི་ལམ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པ་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡང་ས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པར་རྟོག་པ་ཁོང་དུ་ཆུད་ཅིང་སྡིག་པའི་ཆོས་ཐམས་ཅད་བསལ་ཏེ་དགེ་བའི་ཆོས་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཁོར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་དུ་གཏོགས་པའི་ཆོས་ཟབ་མོ་བསྟན་པ་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁྲོ་ཞིང་ཁོན་དུ་འཛིན་པ་དང་བྲལ་ཏེ་ཁེངས་པ་དང་འཁྲུགས་པ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་འཇིག་རྟེན་དུ་བཅས་པས་ཕྱག་བྱ་བའི་གནས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རི་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོབ་པར་དཀའ་བ་དང་ཐིབས་པོ་མེད་པར་རབ་ཏུ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མངོན་པར་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིན་ཚེར་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་ཅིང་ཚེར་མ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་པ་དང་སྙོམས་པར་འཇུག་པ་དག་གིས་རབ་ཏུ་གཡོ་བར་གྱུར་ཅིག་ཅེས་སེམས་


DTG207_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དོ། །མེ་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པས་མེ་ཏོག་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག་གིས་ཤིན་ཏུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་གཞོལ་ཞིང་སངས་རྒྱས་ཀྱི་ཆོས་ལ་བརྩམས་པ་ཐམས་ཅད་འབྲས་བུ་ཡོད་དེ་འབྲས་བུ་དམ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་ཀླུང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཆོས་ཀྱི་རྒྱུན་ལ་མཉམ་པར་གཞག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལུ་མ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་སེ་གོལ་གཏོགས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྫིང་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཚིག་ཤིན་ཏུ་བསྟན་པ་ལ་མཁས་ཤིང་ཆོས་ཐམས་ཅད་ཀྱི་རྒྱས་པའི་ཚིག་གི་ལས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲོན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འབྱོར་པ་དང་ལྡན་ཞིང་སྤོབས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གོང་ནས་གོང་དུ་དམིགས་པ་ལ་རབ་ཏུ་བརྩོན་ཞིང་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ་མང་པོ་ཐམས་ཅད་ཡོངས་སུ་སྒྲོལ་བ་ལ་ཟམ་པར་རེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཡུར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་སེམས་དང་བསམ་པ་ལ་མཁས་ཤིང་བག་ལ་ཉལ་བ་དང༌། ཀུན་ནས་འཁོར་བ་མེད་པར་གྱུར་ཅིག་ཅེས་སེམས་


DTG207_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དོ། །ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང་རེག་ལ་སྲེད་པ་རབ་ཏུ་བྱང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མྱ་ངན་མེད་པའི་ནགས་ཚལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲད་པ་བཞིན་དུ་མྱ་ངན་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཟའ་ཤིང་ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་རྒྱན་གྱིས་བརྒྱན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱན་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་ཞིང་མོས་པ་དང༌། སྤྲོ་བས་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་བདེ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་རབ་ཏུ་ཐོབ་པས་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་བསྔལ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྩ་བ་རབ་ཏུ་ཐོབ་སྟེ་སྡུག་བསྔལ་ཞི་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནད་མེད་པ་མ་ཡིན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མྱ་ངན་མེད་པའི་ཆོས་ཅན་དུ་གྱུར་ཏེ་ཐ་དད་པ་མེད་པར་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་གུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་


DTG207_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྡུག་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་གྱི་བྱ་བ་ལ་མོས་པ་ཆུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཤེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བ་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལྟ་བ་ལ་དྲིན་དུ་གཟོ་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་སྦྱོང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱ་བ་ལ་བརྩོན་ཞིང་ཞི་བ་དང་དུལ་བ་ལ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བྲམ་ཟེ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་པའི་དམ་པར་གྱུར་ཏེ་སྡིག་པ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དཀའ་ཐུབ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པའི་བྱ་བ་ལ་བརྩོན་ཞིང་དཀའ་ཐུབ་ལ་ཤིན་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བརྟུལ་ཞུགས་ལ་ཞུགས་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བའི་ཕྱིར་བརྟུལ་ཞུགས་དམ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་གྱོན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རང་བྱུང་བའི་ཆོས་ཡོངས་སུ་བཙལ་བ་ལ་གོ་ཆ་བཟང་པོ་ཤིན་ཏུ་བགོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་མ་གྱོན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལས་བྱས་པ་ཐམས་ཅད་གོ་གྱོན་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒོལ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་གྱུར་ཅིག་ཅེས་


DTG207_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དོ། །འཚོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྤྱོད་ལམ་བཅོས་པ་མེད་ཅིང་འཚོ་བ་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་བུ་མཐོང་བའི་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བློན་པོ་མཐོང་བའི་སྲས་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྱིམ་བདག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རྣམ་པར་གདོན་མི་ཟ་བའི་བློ་ཅན་དུ་གྱུར་ཏེ་གྲོང་གི་ཆོས་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བློན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་བཟང་པོ་ཡིད་ལ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གྲོང་ཁྱེར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གདུལ་དཀའ་བའི་སེམས་དང་ལྡན་པར་གྱུར་ཏེ་མཐུ་བོ་ཆེའི་ལུས་འདྲ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་གནས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་རྗེས་སུ་འབྲང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་གྱི་འདབ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་ས་སྔགས་པར་འོས་པར་གྱུར་ཅིག་སེམས་བསྐྱེད་དོ། །སློང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྒྲིབ་པ་མེད་པའི་ཚུལ་གྱིས། ཆོས་ཀྱི་དབྱིངས་སུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྒོར་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྒོར་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནང་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱིས་ཐེག་པ་དུས་གསུམ་མཉམ་པ་ཉིད་ཀྱི་ནང་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསོད་ནམས་


DTG207_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཕྱིར་སྤང་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མ་སྦྱིན་ནོ་ཞེས་བྱ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ལས་ཕྱིར་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་སྟོང་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་གང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་རིམ་གྲོར་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོ་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ལ་རག་མ་ལུས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲེལ་ཡོད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དབང་པོ་དབེན་པའི་སྤྱོད་པ་དང་ལྡན་ཞིང་ཁྲེལ་ཡོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་ཚ་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅན་བྱམས་པ་ལ་གནས་ཤིང་ངོ་ཚ་མེད་པ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཟང་ཟིང་མེད་པའི་སེམས་དང་ལྡན་ཞིང་སྨོན་ལམ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་མི་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཉམས་སུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་སྣུམ་བག་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣུམ་བག་མེད་པའི་ཟས་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་


DTG207_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲེད་པ་དང་བྲལ་ཏེ་སྣུམ་བག་མེད་པའི་སེམས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རོ་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བདུད་རྩིའི་རོས་ངོམས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟན་ཟོས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་བྱ་བ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་སྟོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་སྤོབས་པ་མི་ཟད་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཕྱིར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཁམས་གསུམ་ནས་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་འབོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་མཉམ་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འབོག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲུས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འོད་མཐའ་ཡས་པ་དང་ལྡན་ཞིང་ལུས་དང་སེམས་དྲི་མ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲོ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མུ་མེད་པར་ཕྱིན་ཏེ་ཡོངས་སུ་གདུང་བ་བསིལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསིལ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་བསིལ་བར་གྱུར་ཏེ་བླ་ན་མེད་པའི་བསིལ་བའི་དངོས་པོ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ཐོབ་པར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་གཏམ་གྱི་རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་དང་འགྲོགས་པ་རབ་ཏུ་ཐོབ་སྟེ། སྒྲིབ་


DTG207_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་མིག་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མིག་མི་འགེབས་པར་བལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རབ་ཏུ་མཛེས་པས་ཀུན་ཏུ་བཟང་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བལྟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱི་བོས་གཏུགས་པའི་ཚེ་བྱང་ཆུབ་སེམས་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་ལྟར་མི་སྣང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡས་ཕྱོགས་སུ་སྐོར་བ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་དོན་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལན་གསུམ་དུ་བསྐོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མོས་པའི་རབ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོན་ཏན་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚན་རྣམས་བརྗོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཞོལ་ཞིང་ཡན་ལག་དམ་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པས་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལུས་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་པ་ལ་རྙོག་པ་མེད་ཅིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཉིད་སད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱོགས་བཅུ་ཐམས་ཅད་དུ་མཐུ་ཆེན་པོ་ཐོབ་པར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་


DTG207_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དོ་ཞེས་གསུངས་སོ། །དེ་དག་ལ་ཁམས་ཀྱི་ནུས་པ་དང་སྦྱོར་ལ་ཅི་ནུས་ཀྱིས་བསླབ་སྟེ། ཁམས་བདེ་བཞིན་དུ་ཉེས་པར་བསམ་པའི་སེམས་ཉེས་པར་སྨྲ་བ་བརྗོད། ཉེས་པར་བྱ་བའི་ལ་བྱེད་ཅིང་ཐ་མལ་པའི་སྤྱོད་པས་དུས་འདའ་བར་བྱེད་པ་ཡང་སྤང་བར་བྱའོ། །ལངས་པའི་སྤྱོད་པ་བཤད་ཟིན་ཏོ། །དེ་ལ་ཁམས་ཀྱི་ཚོད་བཟུང་བ་གང་ཞེ་ན། བསམ་པའི་ཤེས་རབ་སྐྱེས་པའི་རྗེས་ལ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་ནི་ཉིན་གཅིག་གམ་མཚན་གཅིག་གམ། ཞག་གཉིས་ཀྱི་བར་དུ་བསམ་པའི་ཤེས་རབ་ཇི་ལྟར་སྐྱེས་པ་དེ་ཙམ་སྐབས་སྐབས་སུ་དྲན་པར་བྱ་བ་མ་གཏོགས་པར་བྱ་བ་གཞན་ཡང་མི་བྱ། བསྒོམ་ཡང་མི་བསྒོམ་པར་ཁམས་བརྟས་སུ་གཞུག་གོ །དེ་ནས་ཁམས་བརྟས་ཏེ་འམ། ཁམས་མི་བདེ་བ་མ་བྱུང་ཡང་བསམ་པའི་ཤེས་རབ་ཀྱི་རྗེས་ལ་མཉམ་པར་གཞག་པས་གནས་སུ་མ་འདོད་པ་དེ་དག་གིས་འདི་ལྟར་མཚན་མོ་ཡེ་མི་བསྒོམ་པར་གཉིད་ཅི་ཙམ་ལོག་པ་དེ་ཙམ་གྱི་ཁམས་བརྟས་པ་དེ་ཙམ་ལོག་ཅིང་མནལ་ལོ། །ཉི་མ་དང་པོ་སྔ་དྲོ་ཐུན་གཅིག་ཕྱི་དྲོ་ཐུན་གཅིག་བསྒོམས་ཏེ། ཡུལ་འདི་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་མོ། །དེ་ནས་སྔ་དྲོ་ཐུན་རེ་ཕྱི་དྲོ་ཐུན་རེ་བསྣན་ཅིང་བསྒོམས་པས་ཉི་མ་ལྔ་པ་ལ་ཐུན་བཅུའོ། །དེ་ཡང་ན་ཚ་ཕྲན་ཚེགས་མ་བྱུང་ན་དེ་བཞིན་དུ་བསྣན་པར་བྱའི་བྱུང་ན་དེ་མ་ཞིའི་བར་དུ་བསྣན་པར་མི་བྱའོ། །ན་ཚ་མ་བྱུང་ཡང་དེ་ཕྱིན་ཆད་སེམས་གནས་པ་མ་ཐོབ་ཀྱི་བར་དུ་ཉིན་རེ་ལ་ཐུན་བཅུ་བཅུ་ལས་མང་བར་མི་བསྒོམ་མོ། །གལ་ཏེ་ཁམས་ཐ་མ་ཞིག་ཡིན་ནམ། འབྲིང་ཞིག་ཡིན་ཡང་སེམས་གནས་པ་དཀའ་བས་ཞག་བཅུ་ཙམ་ལོན་པས་ཁམས་ནུས་པ་ཆུང་བ་འམ། ཁམས་རབ་ཡིན་ཡང་སེམས་གནས་པ་བུལ་བར་རིག་ནས་ཞག་ཉི་ཤུ་ཙམ་ལོན་པས་ནུས་པ་ཆུང་བའམ། ན་ཚ་ཕྲན་ཚེགས་བྱུང་ན་ཆོས་དང་མཐུན་པའི་ཁ་ཟས་སམ། བཏུང་བའམ་བསྐུ་མཉེ་ལ་སོགས་པས་ཞི་བར་བྱ་སྟེ་སྲན་སྐྱེད་ཅིང་མི་བསྒོམ་མོ། །ཡང་ཕལ་ཆེར་ཐུན་ཞབས་ལ་ཞན་པའམ། དགོངས་ཀ་ཞན་ན་ཕྱི་དེ་ཉིན་པར་ནས་ཐུན་རེ་རེ་གཉིས་གཉིས་འབྲི་ཞིང་བསྒོམ་མོ།།


DTG207_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁམས་དྲག་ཏུ་སོང་ནས་སྔ་མ་བཞིན་དུ་བསྒོམས་ཏེ། དེ་ལྟར་བྱས་ན་ཁམས་རབ་འབྲིང་ཐ་མ་འཕྲལ་ལ་ཤེས་ཏེ་འོང་བས་ཉི་མ་རེ་རེ་ལ་ནུས་པ་ཇི་ཙམ་བོར་བ་དེ་ཙམ་རེ་བསྒོམ་པར་བྱའོ། །དེ་དག་ནི་སེམས་དཔའ་པ་མ་ཐོབ་པའི་བར་གྱིས་ཁམས་ཀྱི་ཚོད་བཟུང་བ་ཡིན་ནོ། །དེ་ལ་བསྒོམས་པས་སེམས་ཀྱི་སྐྱེ་བའི་རིམ་པ་གང་ཞེ་ན། མདོར་བསྡུས་ན་གསུམ་སྟེ། ཤིན་ཏུ་མྱུར་བར་བསམས་པའི་ཤེས་རབ་ཀྱི་རྗེས་ཐོགས་ཁོ་ནར་སྐྱེ་བ་དང༌། ཧ་ཅང་ཡུན་རིང་པོ་མ་ལོན་པར་སྐྱེ་བ་དང༌། ཡུན་རིང་དུ་ལོན་ནས་སྐྱེ་བའོ། །དེ་ལ་ཤིན་ཏུ་མྱུར་བ་ལ་གཉིས་ཏེ། ཁ་ཅིག་ནི་བསམས་པའི་ཤེས་རབ་སྐྱེ་བའི་སྐབས་དེར་ཆོས་ཐམས་ཅད་ཇི་ལྟར་རྟོགས་པ་དང༌། དེ་ལ་བློ་ཇི་ལྟར་གཞག་ན་མི་འགལ་བར་དྲན་པར་བྱེད་པ་མཚམས་སྦྱོར་བའི་ཤེས་པ་ཅུང་ཞིག་བསྐྱེད་མ་ཐག་ཁོ་ནར་རབ་ཏུ་བསྒྲིམས་ནས་ཅི་ལ་ཡང་མི་གནས་པར་གཞག་པས་ལྷན་ཅིག་གནས་ཏེ། དེ་ཉིད་དུ་ལུས་ཡོད་པར་མི་ཚོར་བར་ཆབ་རོམ་ཞུ་བ་ལྟ་བུར་སོང་ནས་ནམ་མ་ལངས་པའི་སྣོད་བསྟན་པའི་ནང་ན་ཆུ་གཙང་མ་ཡོད་པ་བཞིན་དུ་ཧ་ཅང་མི་གསལ་ཏེ། མི་གཡོ་ན་གནས་པ་ཡིན་ནོ། །དེ་ལྟ་བུ་བྱུང་ནས་དེས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་བསྒོམས་ལ། དེ་ནས་བདེ་བ་དེ་འཕྲོ་བཅད་ནས་ལྡང་སྟེ། ཐུན་དེ་ལ་བཅོས་ཀྱང་མི་དགོས་སོ། །དེ་ནས་ཞག་མང་རབ་ཏུ་ཡང་ལུས་དབེན་པ་དང་སེམས་མ་བསླད་ནུས་པ་མ་ཟད་ན་མ་བཅོས་ཀྱང་གོང་མ་བཞིན་དུ་གནས་ནུས་སོ། །ཚོགས་མི་ལྡན་ནམ་ནུས་པ་ཆུང་བ་གཞན་དུ་སོང་ནས་སྔར་བསྟན་པ་བཞིན་དུ་ཅི་རིགས་པར་བཅོས་སོ། །ཁ་ཅིག་ལ་གོང་མ་བཞིན་དུ་བཞག་པས་དེ་མ་ཐག་ཏུ་ལྷན་གྱིས་གནས་ཤིང་མི་གཡོ་བར་འདུག་ཀྱང་ལུས་ཀྱང་ཡོད་པར་མི་ཚོར་བ་མི་འབྱུང་སྟེ། མིང་དང་མིང་ཅན་དུ་འབྲེལ་པའི་རྟོག་པ་མེད་པ་ཙམ་མོ། །དེ་ལྟ་བུ་བྱུང་ན་ནི་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གཅིག་ཏུ་ཕྱིན་ཙམ་དུ་བསྒོམས་ནས་ལྡང་ངོ༌། །ཐུན་དེ་ཕྱིན་ཆད་ཀྱང་དེ་ལས་རིང་བར་མི་བསྒོམ་ཞིང༌། ལངས་པའི་གནས་སྐབས་སུ་བཀའ་དང་བསྟན་བཅོས་དོན་དམ་པ་སྟོན་པ་ཁོ་ན་སྐབས་སྐབས་སུ་བལྟ་བ་དང་དྲན་པར་བྱའོ། །དེ་ནས་སྐྱེད་བྱུང་ནས་ལུས་ཡོད་པར་མི་ཚོར་བའི་


DTG207_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཞིག་བྱུང་ན་དེའི་སྐབས་སུ་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ༌། །བཅོས་པའི་དུས་དང༌། ཇི་ལྟར་བཅོས་པ་ནི་གོང་མ་བཞིན་དུ་བྱ་སྟེ། དེ་ནི་ཤིན་ཏུ་མྱུར་བའི་སྐྱེ་ལུགས་གཉིས་སོ། །དེ་ཧ་ཅང་ཡུན་རིང་པོ་མ་ཡིན་པར་སྐྱེ་བ་ལ་གཉིས་ཏེ། ཁ་ཅིག་ནི་གོང་དུ་བསྟན་པ་བཞིན་དུ་སེམས་གཞག་པ་ནི་སྐྱེ་བའི་རིམ་པ་བཞི་འབྱུང་སྟེ། ཤེས་པ་འཕྲོ་ཞིང་འདུག་ཏུ་མི་འདོད་ན་ཡང་བསྒྲིམས་ཞིང་གཞག་ཀྱང་ཟ་ཟི་དང༌། ལྷང་ལྷོང་དང༌། རྩུབ་པ་དང༌། གྱོང་བ་དང༌། ཡུད་ཙམ་ཡང་སྡོད་དུ་མི་འདོད་པའི་ཉམས་འབྱུང་སྟེ། དེ་ལྟ་བུ་བྱུང་ན་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་འཕྲོ་བཅད་དེ་ཁ་ཅིག་ཏུ་ཉམས་དེ་ལས་མི་སྐྱེ་བ་དང༌། དེ་ནས་ཞག་མང་རབ་ལོན་ནས་སྐྱེད་འབྱུང་སྟེ། བསྒྲིམས་པའི་སྟོབས་ཀྱིས་ཤེས་པ་འཕྲོ་བ་ཉུང་བ་ཟ་ཟི་ཉུང་བར་གནས་ཀྱང་རྩུབ་པོ་དང་གྱོང་པ་དང་འཛིན་པ་མེད་པའི་ཉམས་དང༌། དེ་ནས་ཅུང་སྐྱེད་བྱུང་སྟེ། སེམས་ཕྱི་རོལ་ཏུ་མི་འཕྲོ་ཞིང་ཟ་ཟི་དང་རྩུབ་པ་སྙམ་བྱེད་པ་ཡང་ཞི་སྟེ། དབུགས་མི་བདེ་ཞིང་ཤེས་པ་གྱོང་སེ་འདུག་ལ། སྐབས་སྐབས་སུ་ཐུན་སྟོད་ཐུན་སྨད་ལ་བག་ཙམ་འཇམ་པར་འཆོར་བའི་ཉམས་ཞིག་འབྱུང་ངོ༌། །དེ་ནས་ཞག་མང་པོ་མི་ཐོགས་པར་སྐྱེད་བྱུང་ན་བསྒོམས་པའི་ཚེ་ཐུན་སྟོད་དམ། བར་རམ་སྨད་དམ། མི་བསྒོམས་པའི་སྐབས་ཞིག་ཏུ་གློ་བུར་དུ་དྲན་པའི་ཐོག་ལ་ལྷན་ལྷན་ཇེ་བདེ་ཇེ་བདེ་ལ་དཔེར་ན་རླུང་འཚུབ་ཀྱི་ནང་ན་འདུག་པའི་འཕྲོ་ལ་ཁྱིམ་དྲོན་པོའི་ནང་དུ་ཕྱིན་པ་སྙམ་བྱེད་ལ་འཇམ་ཞིང་བརྟན་པར་གནས་ཏེ། ནམ་མཁའ་ཧ་ཅང་མི་དཀར་བའི་ནང་ན་འདུག་པ་བཞིན་དུ་ཧ་ཅང་མི་གསལ་ལ་ལུས་ཡོད་པ་མི་ཚོར་བ་ཡིན་ནོ། །དེ་ལྟ་བུར་བྱུང་ན་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པར་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ༌། །བཅོས་དགོས་པའི་དུས་དང༌། བཅོས་པའི་ཐབས་ནི་སྔར་སྨོས་པ་བཞིན་དུ་བྱའོ། །ཡང་ཁ་ཅིག་ལ་འདི་ལྟར་འབྱུང་སྟེ། སྔར་སྨོས་པ་བཞིན་དུ་སེམས་གཞག་གོ །རྟོག་པ་རགས་པ་མི་འབྱུང་ཞིང་ཟི་ཟི་ཉུང་ཡང་


DTG207_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མཚན་ཉིད་མེད་དོ། །བསྒྲིམས་པའི་སྟོབས་ཀྱིས་མི་འཕྲོ་བ་ཙམ་དུ་འདུག་པའི་ཉམས་ཞིག་བྱུང་ན་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་ཞིག་བསྒོམས་ལ་ལྡང་ངོ༌། །དེ་ལྟར་ཡུན་དེ་ཙམ་དུ་བསྒོམས་པས་སྐྱེད་བྱུང་ན་བསྒྲིམས་པའི་སྟོབས་ཀྱིས་ཐུན་སྟོད་ཐུན་སྨད་ལ་འཇམ་པའམ་འཛིན་པའི་ཞད་བག་རེ་འོང༌། རེས་འགའ་ཐུན་རངས་པ་ལ་སྔ་མ་བཞིན་དུ་འདུག་པ་འབྱུང་བ་དང༌། དེ་སྐྱེད་བྱུང་ནས་བསྒྲིམས་པའི་སྟོབས་ཀྱིས་ཐུན་ཞབས་སུ་ཕྱིན་གྱི་བར་དུ་མི་འཕྲོ་ལ། བགས་ཀྱིས་འཇམ་པར་གནས་ཀྱང་ཀློད་ལ་དེ་ཙམ་ཡང་མེད་པའི་ཉམས་སྐྱེ་བ་དང༌། དེ་ནས་སྐྱེད་བྱུང་སྟེ་བསྒྲིམས་ན་སྙི་མུལ་གྱིས་འགྲོ་བ་འདུག་པས་བསྒྲིམས་མི་དགོས་སོ། །བཏང་ན་བཏང་དཀའ་བས་ཀློད་ལ་བཞག་པས་ཆོག་སྟེ། ཤིན་ཏུ་གདང་བས་ནི་མ་ཡིན་ཡང་ལུས་ཡོད་པར་མི་ཚོར་བ་འབྱུང་ན་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ༌། །བཅོས་དགོས་པའི་དུས་དང་ཇི་ལྟར་བཅོས་པ་ནི་སྔར་སྨོས་པ་བཞིན་དུ་བྱའོ། །དེ་གཉིས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པར་གནས་པ་གཉིས་ཡིན་ནོ། །དེ་ལ་ཡུན་རིང་པོ་ལོན་ནས་སྐྱེ་བའི་གཅིག་སྟེ། ཁ་ཅིག་ལ་སྔར་སྨོས་པ་བཞིན་དུ་སེམས་བཞག་པས་སྣ་ཚོགས་སུ་འཕྲོ་ཞིང་འདུག་ཏུ་མི་འདོད་དེ་ཤེས་པ་བསྒྲིབས་ནས་སླར་མི་བདེ་སྟེ། དེ་བས་ཀློད་ན་བདེ་བ་འདྲ་བ་ཞིག་འབྱུང་སྟེ། དེ་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་ཙམ་ཞིག་བསྒོམས་ནས་ལྡང་ངོ༌། །དེ་ནི་ཤིན་ཏུ་གནས་པར་དཀའ་བ་ཡིན་པས་མི་བདེ་ཡང་བསྒྲིམས་ཤིང་བཞག་པས་ཡུན་རིང་པོ་ལོན་ནས་སྐྱེད་བྱུང་སྟེ། ཐུན་ཕལ་ཆེར་བསྒྲིམས་ཀྱང་མི་བདེ་བ་མེད་ལ་འཕྲོ་བ་ཉུང་ཞིང་ཚོར་བ་ཡང་སླ། དགག་པ་ཡང་སླ་བའི་ཉམས་ཞིག་འབྱུང་བ་དང༌། དེ་གོམས་པས་ཡུན་རིང་དུ་ལོན་པ་དང༌། བསྒྲིམས་ནས་འཇམ་ཞིང་མི་འཕྲོ་ལ་ཀློད་ན་ཙེག་ཙེག་ཙམ་འཕྲོ་བ་འབྱུང་བའི་ཉམས་དང༌། དེ་ནས་རིང་པོར་མི་ཐོགས་པར་བསྒོམ་པའི་འཕྲོ་འམ། ངལ་གསོ་བའམ། སྲོད་ལ་མལ་དུ་ཞུགས་པའི་ཚེའམ། དུས་ལ་ངེས་པ་མེད་དོ། །ལྟེམ་གྱིས་གནས་ཏེ་བསྒྲིམས་ཀྱང་མི་ནུས།


DTG207_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད་པར་ཡང་དཀའ་བྱིང་ཞད་དུ་བྱས་ནས་ལུས་ཡོད་པར་མི་ཚོར་ཞིང་ཧ་ཅང་མི་གདང་བའི་ཉམས་ཞིག་འབྱུང་སྟེ། དེས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ༌། །བཅོས་དགོས་པའི་དུས་དང༌། ཇི་ལྟར་བཅོས་པ་ནི་སྔར་སྨོས་པ་བཞིན་དུ་བྱ་སྟེ། སྐྱེ་བའི་རིམ་པ་བཤད་ཟིན་ཏོ། །དེ་ལ་གནས་པའི་ཚད་གང་ཞེ་ན། །དེ་ནི་རྒྱུའི་སྟོབས་ཀྱིས་རབ་འབྲིང་ཐ་མ་གསུམ་དུ་དབྱེ་སྟེ། དེ་ལ་རབ་ནི་ཤེས་པ་བསྒྲིམས་རུང་མ་བསྒྲིམས་རུང་རྟོག་པའི་དོན་ལས་མི་གཡོ་ཞིང་དབུགས་བགས་ཀྱིས་འགུལ་པ་ཙམ་ཡང་ཚོར་བར་དཀའ་བ་དང༌། ལུས་ལ་རགས་པ་དང་ཕྲ་བའི་འདུ་ཤེས་མི་སྐྱེ་བ་དང༌། ཤིན་ཏུ་སྦྱངས་པའི་མཚན་ཉིད་མཉམ་པར་གཞག་པ་དང༌། མཐུན་པའི་རླུང་ཟིན་པས་ཁྱིམ་གྱི་ནང་ན་འདུག་པ་སྙམ་བྱེད་ཅིང་འཇམ་པ་དང་ཡང་བ་ཤས་ཆེ་བ་དང། བྱིང་བ་དང༌། རྒོད་པ་དང༌། ལུང་དུ་མ་བསྟན་པའི་སེམས་དང༌། ལྷག་མཐོང་ཆུང་བ་དང༌། ཞི་གནས་ཆུང་བ་མེད་ཀྱང་ཡུན་རིང་དུ་གོམས་པར་མ་བྱས་པས་མུན་པ་ཧ་ཅང་གནག་པ་མ་ཡིན་པའི་ཚུལ་དུ་འདུག་པ་དང༌། མཚན་ཉིད་དེ་ལྟ་བུས་མྱུར་དུ་གནས་པའམ། ཕྱིན་གནས་ཀྱང་རུང་ནུས་པ་ཆུང་བ་དང༌། བཅོས་པའི་སྐབས་མ་གཏོགས་པ། དང་པོ་འཇུག་དཀའ་བའི་སེམས་དེས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་ཤུགས་ཀྱིས་གནས་ནུས་པའོ། །དེ་ལ་འབྲིང་ནི་དབུགས་ལ་བལྟས་ན་བགས་ཀྱིས་འགུལ་བ་ཚོར་བར་སླ་བ་དང༌། ལུས་ལ་ཇི་ལྟར་གནས་པ་མི་ཤེས་པ་ཙམ་དང༌། ཤིན་ཏུ་སྦྱངས་པའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་ལུས་ཀྱི་རླུང་ཟིན་པས་སྒྲ་དཀར་མི་འགུལ་པའི་ནང་ན་འདུག་པ་སྙམ་བྱེད་ཅིང་འཇམ་པ་དང༌། ཡང་བ་འབྲིང་དང༌། ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གཉིས་སུ་ཕྱིན་པ་ཙམ་དུ་གནས་ནུས་པ་སྟེ། གཞན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཐ་མ་ནི་ལུས་ལ་ཇི་ལྟར་གནས་པ་བལྟས་ན་ཤེས་ཏེ་འོང་བ་དང༌། འཇམ་པ་དང་ཡང་བ་ཅུང་ཟད་ཡོད་པ་དང༌། ཤིན་ཏུ་སྦྱངས་པའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་རླུང་


DTG207_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ནི་སླ། བག་མེད་པ་ན་བསྒོམ་ཡང་ལོག་ཙམ་སྐྱོར་བའམ། བླ་གབ་ཙམ་ཡོད་པའི་ནང་དུ་ཕྱིན་པ་སྙམ་བྱེད་པ་དང༌། དབུགས་སྣ་དང་ཁའི་སྒོ་ནས་འབྱུང་བ་མི་ཚོར་ཏེ་ཁོང་ནས་ཕྱེད་དུ་བཏང་ཡང་ཤིན་ཏུ་ངལ་བ་དང་འཇམ་པ་དང༌། ཕྲ་རབ་ཚོར་བ་དང༌། ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གཅིག་ཏུ་ཕྱིན་པ་ཙམ་དུ་གནས་ནུས་པའོ། །གཞན་ནི་གོང་མ་བཞིན་ནོ། །གནས་པའི་ཚད་བསྟན་ཟིན་ཏོ།། །།དེ་ལ་བསྟེན་པའི་ཐབས་ཅི་རིགས་པར་བྱ་བ་གང་ཞེ་ན། ཁམས་ཀྱི་ཚོད་ལས་དཔགས་ཏེ། སེམས་གནས་པ་རབ་དང་འབྲིང་དང་ཐ་མ་གསུམ་གང་བྱུང་ཡང་མཚན་ཉིད་ཤེས་པར་བྱ། རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་པར་བྱ། ཧ་ཅང་གཟེངས་མཐོ་བར་མི་བྱ། ཁམས་ཀྱི་ནུས་པ་རང་ཤུགས་དང་སྦྱར་ལ་བསྒོམ་མོ། །དེ་ལ་མཚན་ཉིད་མ་ཤེས་ན་སེམས་གནས་པ་དེ་འཆོར་རོ། །དེ་ཡང་གང་ཞེ་ན། གནས་པ་རབ་ཚད་ཅིག་བྱུང་ཡང་ཁ་ཅིག་སྔ་ན་དེ་འདྲ་བ་ཉམས་སུ་མྱོང་བས་སྐྲག་ནས་འཕྲོ་གཅོད་པ་དང༌། སྔར་མི་གནས་པ་གནས་པར་བྱེད་པའི་སྐབས་སུ་ཉིན་མཚན་གཉིས་ཀ་བསྒོམས་ན་ཁམས་འཁྲུགས་ཏེ་འོང་བས་མཚན་མོ་མ་སྒོམས་ཤིག་ཅེས་སྨྲས་པས་དེ་སེམས་ལ་བཞག་ནས་གལ་ཏེ་མཚན་མོ་གནས་པ་བྱུང་ན་བསྒོམ་རྒྱུ་མ་ཡིན་སྙམ་ནས་འཕྲོ་བཅད་པ་དང༌། ཡང་སྔར་བསྒྲིམས་ཤིང་གཏད་པས་སྐབས་དེར་བསྒྲིམས་མི་དགོས་བཞིན་ལྷག་པར་བསྒྲིམས་ནས་དེ་ཉམས་སུ་མ་བླངས་པ་དང༌། འབྲིང་དང་ཐ་མ་བྱུང་ན་གྲོགས་པོ་གཞན་ལ་རབ་ཏུ་བྱང་བ། ཐོས་པས་རྒྱུའི་བྱེ་བྲག་ལ་མི་རྩི་བར་ཐམས་ཅད་ཚད་གཅིག་པས་འདི་མེད་སྙམ་ནས་ལྷག་པར་རྩོལ་བ་བྱས་པ་དང༌། གཞན་གསུམ་ནི་སྔ་མ་བཞིན་ནོ། །དེ་བས་ན་གནས་པའི་ཚད་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཆོག་མ་ཤེས་པའི་ཉེས་པ་ནི་ཁ་ཅིག་སེམས་གནས་པའི་མཚན་ཉིད་ཤེས་ཀྱང་མོང་དུ་ཐོས་པའི་ང་རྒྱལ་གྱིས་འབྲིང་དང་ཐ་མ་བྱུང་ན་ལྟ་ཧ་ཅང་ཆེས། རབ་ཅིག་བྱུང་ཡང་གཞན་པས་ལྷག་པ་ཅིག་བྱ་སྙམ་ནས་རྩོལ་དྲགས་པས་འཆོར་བ་ཡིན་ཏེ། དེ་བས་ན་རབ་བྱུང་ན་ཧ་ཅང་ཆེས། འབྲིང་དང་ཐ་མ་བྱུང་ཡང་རེ་ཞིག་བསྟེན་པར་བྱའོ། །དེ་ལ་ཧ་


DTG207_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་གཟིངས་མཐོ་ན་ཉེས་པ་ཅི་ཡོད་ཅེ་ན། ཁ་ཅིག་འབྲིང་དང་ཐ་མ་ཙམ་བྱུང་ན་ཡང་གཡེང་ནས་ཚོད་མི་འཛིན་པར་བསྒོམ་པ་དང༌། རབ་བྱུང་ན་ལྟ་ཧ་ཅང་ཆེས། འདི་ཙམ་གཞན་ལ་མེད་སྙམ་ནས་མཚན་རངས་བསྒོམ་ཞིང་གཉིད་སྤང་བ་དང༌། ནང་པར་ཆོས་གདོན་མི་ཟ་བར་བསྒོམས་པ་དང༌། དེ་ལ་ང་ན་ཚ་མི་འོང་ཟེར་ནས་ཚོད་མི་འཛིན་པར་བསྒོམས་ཏེ། དེ་ནི་ཁམས་ཆེར་འཁྲུགས་ཏེ་འགྲོ་བ་དང༌། དམིགས་པ་འཆོར་བ་ཡིན་ནོ། །དེ་བས་ན་སེམས་གནས་པར་ཤེས་ནས་སྐྱོན་དེ་དག་སྤངས་ལ་སྔར་བསྒོམས་པ་ལས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། སྲོད་དང་ཐོ་རངས་ལ་ཐུན་རེ། ཉིན་པར་ཐུན་རེ་གཉིས། རེས་ཐུན་གསུམ་སྟེ། ཉིན་མཚན་གཉིས་ལ་ཐུན་ལྔ་ལས་མང་བར་མི་བསྒོམ་མོ། །དེ་ཙམ་མི་ནུས་ན་ཉིན་གཅིག་དང་མཚན་གཅིག་ལ་ནུས་པ་ཆེ་ཆུང་གིས་ཉིན་པར་ཐུན་གཉིས། མཚན་མོ་ཐུན་གཉིས་ཏེ་བཞིའམ། ཉིན་པར་གཉིས་སྲོད་ལ་གཅིག་སྟེ་གསུམ་བསྒོམ་མོ། །སྔར་ཇི་ཙམ་གསལ་བ་དེ་ལས་རྩོལ་བ་མི་བྱ་བར་བསྒོམ་མོ། །ཡུན་ནི་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་དང་གཉིས་དང་གཅིག་ཏུ་ཅི་རིགས་པར་ནུས་པ་ཆེ་ཆུང་གིས་བསྒོམས་ཏེ། མཚན་གཅིག་དང༌། ཉིན་གཅིག་དང༌། ཞག་གཅིག་དང༌། ཞག་གཉིས་དང༌། ཞག་གསུམ་དང༌། བཞི་དང༌། ལྔ་དང༌། བཅུ་དང༌། བཅོ་ལྔ་དང༌། ཉི་ཤུའམ། མདོར་ན་ལ་གོར་ནུས་པ་ཅི་ཟད་དང༌། ཁམས་ཅི་འཁྲུགས་བྱེད་པ་མ་ཡིན་ཏེ། ནི་སྲིད་དུ་རང་ཤུགས་ཀྱིས་ལུས་ངལ་བ་དང༌། སེམས་དུབ་པ་དང༌། བསྒོམ་ཙམ་ན་དང་བའམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱིས་ལྕི་བའམ། ཡམ་ཡོམ་བྱེད་པའམ། ལུས་འདར་བའམ། ནུབ་མོ་གཉིད་སྲབ་པའམ། ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བའམ། སེམས་སང་སང་པོར་འདུག་པ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་བྱུང་སྟེ་ངལ་སོས་ཏེ། ལུས་བསྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་གཞུག་གོ །ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་ནམ་བསྒོམ་སྙིང་


DTG207_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དུས་སུ་ཐུན་མི་རིང་བ་དེ་ལྟ་བུ་ཙམ་བསྒོམ་མོ། །ནུས་པ་བརྟས་ནས་སྲོད་ཐོ་རང་ས་ཐུན་རིང་བ་རེ་ཉིན་པར་སྔ་དྲོ་གཅིག་ཕྱི་མ་རེད་གཅིག་དང་ཐུན་བཞི་ཉིན་མཚན་ཕྲུག་གཅིག་ལ་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་དང་ལུས་ཀྱི་བཅོས་ཐབས་དང༌། སྙིང་རྗེ་སྔོན་དུ་འགྲོ་བ་དང༌། སྨོན་ལམ་ལ་སོགས་པ་གོང་དུ་སྨོས་པ་བཞིན་བྱའོ། །དེ་ལ་གསལ་བའི་སྐྱེད་དབྱུང་བ་གང་ཞེ་ན། སྔར་བསྟན་པའི་ཐབས་ཀྱིས་བསྟན་པར་བྱས་ནས་གོང་མ་བཞིན་དུ་བསྒོམས་པ་དེས། དང་པོར་དམིགས་ལ་འབྲིང་དང་ཐ་མ་ལས་མ་ཟིན་པ་ཅིག་ཡིན་ན་བར་ཆད་མ་བྱུང་ཡང་གསལ་བའི་སྐྱེད་དབྱུང་དགོས་སོ། །དེ་བས་ན་འདི་ལྟར་ཟླ་བ་གཅིག་ཀྱང་དེ་ཙམ་ཧ་ཅང་མི་དྲག་པར་བསྒོམ་མོ། །ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། དེས་ཉིན་པར་སྐབས་མེད་ན་ཡང་སྲོད་དང་ཐོ་རངས་ལ་སྔོན་དུ་འགྲོ་བ་དང༌། སྨོན་ལམ་དང་བཅས་པ་ཡུན་མི་རིང་བ་ཐུན་རེ་བསྒོམ་མོ། །དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཞི་གནས་དང༌། ལྷག་མཐོང་གི་ཚོགས་མཐའ་དག་ལ་ཅི་ནུས་ཀྱིས་བརྟེན་ཞིང་ཡོ་བྱད་སྦྱིན་བདག་ལ་གསོལ་གདབ་བྱས་ལ། གནས་དབེན་ཞིང་ཉམས་དགའ་བ་ལ་སོགས་པ་གནས་ཀྱི་ཡོན་ཏན་ཅི་མང་དེར་གྲོགས་ཚུལ་ཁྲིམས་དག་ཅིང་ལྟ་བ་མཐུན་པ་འགའ་ཙམ་དང་ལྷན་ཅིག་ཏུ་དམ་བཅས་ལ་གནས་སོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ནོར་བུ་རིན་ཆེན་འདྲ་བར་ཚུལ་ཁྲིམས་བསྲུངས། །རྗེས་སུ་མཐུན་པའི་གྲོགས་ལ་རྟག་པར་བརྟེན། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཏིང་ངེ་འཛིན་རྒྱལ་པོ་སྟོང་པ་འདི་བསྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་འདི་འདུག་སྟེ། །ཆོས་རྣམས་རང་བཞིན་རྟག་ཏུ་མཉམ་གཞག་ན། །བྱིས་པ་མི་རིགས་བརྩོན་པས་མི་ཤེས་སོ། །ཞེས་གསུངས་སོ། །དེ་རེ་ཞིག་ཆོས་དང་མཐུན་པའི་བྱ་བ་ཡང་སྤངས་པ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། དེ་བས་ན་ཁྱིམ་ཀུན་འབར་བའི་ནང་ན་འདུག་པས་ཆུ་བསིལ་བ་འདོད་པ་ལྟ་བུའི་སེམས་ཀྱིས་ཐམས་ཅད་བཏང་ལ་དེ་ཁོ་ན་ཉིད་ལ་མོས་པར་བྱའོ། །དེ་སྐད་དུ། མདོ་དེ་ཉིད་ལས། མགོ་དང་གོས་ལ་མེ་འབར་བ་ལྟ་བུའི་སེམས་ཀྱིས་ཕ་དང༌། མ་དང༌། བུ་དང༌། བུ་མོ་དང༌། ཉེ་དུ་དང༌། སྣག་


DTG207_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཉེན་མཚམས་དང༌། ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཡང་འཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་རབ་ཏུ་བྱུང་ལ་དགོན་པར་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་དེ་ལྟ་བུ་དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་བུ་ཅི་སྨོས་ཞེས་གསུངས་སོ། །དེ་ལ་རྟག་ཏུ་བྱ་བའི་སྨན་ཁ་ཟས་དང་བཏུང་བ་ཆོས་དང་མི་འགལ་ཞིང༌། ན་བའི་གསོས་སྨན་དང༌། དྲོས་ཚད་ཀྱི་གོས་དང་སྟན་ལ་སོགས་པས་ཁམས་བརྟས་པར་བྱའོ། །ཞག་བཅུའམ། ཟླ་བ་ཕྱེད་དམ། ནམ་བདེ་བའི་ཚད་དུ་ཕྱིན་གྱི་བར་དུ་སོས་དལ་ཞིང་ཁམས་གསོ་སྟེ། མཚན་མོ་མི་བསྒོམ། ཉིན་པར་ཐུན་ཐུང་ངུ་རེ་རེ་ཙམ་ལས་མི་བསྒོམ་བར་ནུས་པ་བརྟས་སུ་གཞུག་གོ །དང་པོར་རབ་ཚད་དུ་ཟིན་པ་ཡིན་ཡང་གློ་བུར་གྱི་ནད་ལ་སོགས་པ་བར་ཆད་ཀྱིས་ཉེན་ན་ཡང་དམིགས་པ་འབྲིང་དང་ཞེས་བྱ་བ་ནས་ཐུན་རེ་བསྒོམ་མོ་ཞེས་བྱ་བའི་བར་མ་གཏོགས་པ་གོང་མ་བཞིན་དུ་བྱས་ལ་ནུས་པ་བརྟས་སུ་གཞུག་གོ །དེ་ནས་ཉིན་རེ་ལ་ཐུན་ཐུང་ངུ་རེ་བསྒོམ་པ་དེ་ཡང་བཞག་ལ། བསམ་པའི་ཤེས་རབ་ཀྱིས་ཉིན་པར་སྔ་དྲོ་གཅིག །ཕྱི་དྲོ་གཅིག །མཚན་མོ་སྲོད་ལ་གཅིག་དང་ཐུན་གསུམ་དུ་བསམ་སྟེ། ཡུན་ངེས་པ་སྐྱེད་ཀྱི་བར་དུའོ། །འདི་སྙམ་དུ་སེམས་ཀྱི་ཆོས་ཉིད་རྟགས་ནས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པ་ཡིན་པར་ཐེག་པ་ཆེན་པོའི་བཀའ་སྡེ་སྣོད་དང་བསྟན་བཅོས་ལས་གསུངས་པས་བདག་གིས་རང་གི་སེམས་ལ་སོ་སོར་བརྟག་པར་བྱའོ། །སྙམ་དུ་བསམ་མོ། །ཡང་འདི་སྙམ་དུ་གང་རྒྱུ་དང་རྐྱེན་ལ་རག་ལས་པ་ནི་ངེས་པར་མི་རྟག་སྟེ། དཔེར་ན་མར་མེའི་རྩེ་མོ་ལྟ་བུའོ། །བདག་གི་སེམས་འདི་ཡང་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། མི་དགའ་བ་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང༌། མི་རྩོལ་བ་དང༌། རྩོལ་བ་ལ་སོགས་པས་དབང་བྱས་ཤིང་རག་ལས་ནས་སྐྱེ་བས་ན་མི་རྟག་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང༌། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་གསུངས་སོ། །གང་སྐྱེས་ནས་འགག་


DTG207_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་སྐད་ཅིག་མའི་ཆ་ཤས་ཡོད་དེ། དཔེར་ན་ཚོར་བ་སྡུག་བསྔལ་ལྟ་བུའོ། །བདག་གི་སེམས་ད་ལྟར་བྱུང་བ་འདི་ཡང་སྐྱེས་ལ་འགགས་པ་ཡིན་པས་ཆ་ཤས་དང་བཅས་པའོ། །གང་ཆ་ཤས་དང་བཅས་པ་དེ་ནི་ངེས་པར་གཅིག་ཏུ་མི་འགྲུབ་སྟེ། དཔེར་ན་རྩོམ་པར་བྱེད་པ་དབུགས་ཀྱི་རྡུལ་ཕྲ་རབ་གཅིག་ལ་བསྐོར་བའི་རྡུལ་ཕྲ་རབ་བཅུ་ལ་ལྟོས་པས་ཆ་ཡིས་ཆེ་ན་གཅིག་ཏུ་མི་འགྲུབ་པ་ལྟ་བུའོ། །བདག་གི་སེམས་སྐྱེས་ལ་མ་འགགས་པ་འདི་ལས་སྐྱེས་པའི་ཆ་དང༌། གནས་པའི་ཆ་དང༌། འགག་པའི་ཆ་ཡོད་པས་ཆ་ཤས་མེད་པ་གཅིག་མི་འགྲུབ་བོ། །ཡང་དག་པར་གཅིག་མ་གྲུབ་པས་དུ་མ་ཅིའི་དུ་མ་ཡིན། དེ་བས་ན་གཅིག་དང་དུ་མ་དང་བྲལ་བས་ད་ལྟར་བྱུང་བའི་སེམས་དོན་དམ་པར་རང་བཞིན་ཐམས་ཅད་མེད་དེ། ནམ་མཁའ་དང་མཚུངས་པས་དེ་ལ་བརྟེན་པར་མི་བྱའོ། །གནས་པར་མི་བྱའོ། །དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་མཐའ་རྣམ་པར་བརྟག །སྐད་ཅིག་གསུམ་གྱི་རང་བཞིན་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །འོ་ན་མ་འོངས་པ་ཡོད་དམ་སྙམ་པ་ལ། དེ་ཡང་རང་གི་ངོ་བོ་མ་གྲུབ་པ་དང༌། འབྲས་བུའི་རྟགས་དོན་དམ་པར་མ་གྲུབ་པས་དོན་དམ་པར་རང་བཞིན་ཐམས་ཅད་མེད་དོ། །འོ་ན་འདས་པའི་སེམས་དོན་དམ་པར་ཡོད་དམ་སྙམ་པ་ལ། འདས་པའི་རྒྱུ་དོན་དམ་པར་མེད་ན་ཅི་ཞིག་འདས་པའམ། མ་འོངས་པ་ཞེས་བྱ། དེ་ལྟ་མ་ཡིན་ན་མོ་གཤམ་གྱི་བུ་ལ་ཡང་ཤི་བ་ཡོད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ད་ལྟར་བྱུང་བའི་སེམས་ཡང་དག་པར་མི་དམིགས་ན་དེ་ལ་ལྟོས་པའི་མ་འོངས་པ་དང་འདས་པ་ག་ལ་དམིགས། དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །འཕགས་པ་མ་སྐྱེས་དགྲའི་མོད་ལས་ཀྱང༌། དེ་ནས་སྤྲུལ་པའི་སྐྱེས་བུ་དེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་ལ་


DTG207_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཕ་མའི་སྲོག་བཅད་ན། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་མཛད་པར་གསོལ། བདག་གིས་ད་ཅི་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐྱེས་བུ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །ཀྱེ་སྐྱེས་བུ་ཁྱོད་ནི་བདེན་པར་སྨྲ་བ་ཡང་དག་པར་སྨྲ་བ། ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲའོ། །གང་ཁྱོད་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་བདེན་པའི་ཚིག་སྨྲ་བ་སྟེ། མི་སླུ་བ་ཡིན་མོད་ཀྱི། སྐྱེས་བུ་ཁྱོད་སེམས་ཀྱི་རྒྱུ་ལ་རྟོགས་ཤིག །ཁྱོད་ཀྱི་འདས་པས་སམ། མ་འོངས་པས་སམ། ད་ལྟར་གྱིས་སམ། སེམས་གང་གིས་ཕ་མའི་སྲོག་བཅད། འདས་པའི་སེམས་ཟད་པ་བྲལ་བ་འགགས་པ་གཞན་དུ་གྱུར་པ་སྟེ། ཡུལ་ནའང་མི་གནས་པས་དེའི་གདགས་སུ་མི་ནུས་སོ། །མ་འོངས་པ་ནི་མ་ཕྱིན་པ་སྟེ། དེ་ནི་མ་སྐྱེས་པའོ། །མ་བྱུང་བ། ཡང་དག་པར་མ་བྱུང་བ། མ་གྱུར་པ། རྣམ་པར་མ་གྱུར་པ། མཚན་མ་མེད་པ། མ་བྱུང་བ་སྟེ། དེ་ཡང་གདགས་སུ་མི་ནུས་སོ། །ད་ལྟར་གྱི་སེམས་ནི་གནས་པ་མེད་པ་སྟེ། སྐྱེས་ནས་ཞིག་ཅིང་ངེས་པར་གྱུར་པ། ཕུང་པོར་མ་གྱུར་པ། བཙགས་པར་མ་གྱུར་པའོ། །དེ་ལ་འགྲོ་བ་དང་འོང་བར་གདགས་པ་ཡང་མེད་དོ། །ཀྱེ་སྐྱེས་བུ་སེམས་ནི་ནང་གི་ལུས་ལ་ཡང་མི་འཇུག །ཕྱི་རོལ་གྱི་ཡུལ་ལ་ཡང་མི་རྒྱུ། གཉི་ག་མེད་པར་ཡང་མི་དམིགས་སོ། །ཀྱེ་སྐྱེས་བུ་སེམས་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ཇ་གོང་མ་ཡིན། ཤེལ་གྱི་ཁ་དོག་མ་ཡིན་ནོ། །སྐྱེ་སྐྱེས་བུ་སེམས་ནི་གཟུགས་མེད། བསྟན་དུ་མེད། གཟུང་དུ་མེད། ཐོགས་པ་མེད། སྒྱུ་མ་ལྟ་བུ་དཔེ་མེད་པ་སྟེ། དེ་ཡང་གདགས་སུ་མི་ནུས་སོ། །ཀྱ་སྐྱེས་བུ་སེམས་ནི་འདོད་མི་ཆགས། ཞེ་མི་སྡང༌། གཏི་མི་མུག་གོ །ཀྱེ་སྐྱེས་བུ་སེམས་ནི་མངོན་པར་འདུ་མི་བྱེད། བྱེད་པ་མེད། ཚོར་བ་མེད། སེམས་པ་མེད། མྱོང་བར་བྱེད་པ་མེད་དོ། །ཀྱེ་སྐྱེས་བུ་སེམས་ནི་རང་བཞིན་གྱིས་དང་བ་ཡིན་ཏེ།


DTG207_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ། །ཀྱེ་སྐྱེས་བུ་སེམས་ནི་ཚེ་འདི་ལ་ཡང་མེད། ཚེ་རབས་གཞན་ན་ཡང་མེད། གཉིས་ཀ་མེད་པར་ཡང་མེད་དེ། དེ་ན་ཡང་མེད། གཞན་ན་ཡང་མེད་པ། ནམ་མཁའ་དང་མཚུངས་པ་མི་མཉམ་པ་དང་མཉམ་པ་མི་འདྲ་བ། རྣམ་པར་རིག་པར་མི་འགྱུར་བ་སྟེ། དེ་ལ་མཁས་པས་མངོན་པར་ཆགས་པར་མི་བྱའོ། །བདག་གིར་མི་བྱའོ། །བརྟེན་པར་མི་བྱའོ། །གནས་པར་མི་བྱའོ། །བདག་ཏུ་བསམ་པར་མི་བྱའོ། །བདག་གིར་བསམ་པར་མི་བྱའོ། །ཀྱེ་སྐྱེས་བུ་དག་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ནུས་པ་མེད་པའོ། །ཀྱེ་སྐྱེས་བུ་དག་ང་ནི་དེ་ལྟར་མོས་པ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ངན་སོང་དུ་འགྲོ་བའམ། མཐོ་རིས་སུ་འགྲོ་བར་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཀྱི་ཆོས་ཉིད་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་འགྱུར། གང་དུ་ཡང་འགྲོ་བར་མི་འགྱུར། འོང་བར་མི་འགྱུར། འདུག་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས། རྒྱལ་པོས་གསོལ་པ། འཇམ་དཔལ་བདག་གི་སྒྲིབ་པ་ཐམས་ཅད་བྱང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་སེམས་ཀྱི་རང་བཞིན་ཡེ་ནས་དང་བ་དེ་ནི་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་ཀུན་ནས་ཉོན་མོངས་པར་བགྱི་མི་ནུས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་རྡུལ་ཕྲན་ནམ། རྡུལ་ལམ། དུ་བའམ། མུན་པའམ། སྟུག་པོ་འམ། སྤྲིན་དག་སྣང་མོད་ཀྱི་ནམ་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་ནས་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བདག་དང་བདག་གིར་བྱ་བའི་ལྟ་བའི་བག་ལ་ཉལ་བ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་འབྱུང་མོད་ཀྱི་སེམས་ཀྱི་ཆོས་ཉིད་ཀུན་ནས་ཉོན་མོངས་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་འགྱོད་པར་མི་བྱའོ། །རྒྱལ་པོ་ཆེན་པོ་སེམས་ནི་ཐོག་མའི་མཐའ་ནས་ཀྱང་མ་འཕོས། རྒྱལ་པོ་ཆེན་པོ་སེམས་ནི་ཐ་མའི་མཐར་ཡང་མི་འཕོའོ། །རྒྱལ་པོ་ཆེན་པོ་སེམས་ནི་ད་ལྟར་ཡང་མི་གནས་སོ། །


DTG207_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མཁས་པ་དག་ནི་ཆོས་ཐམས་ཅད་མ་འཕོས་པ་མི་འཕོ་བ་མི་གནས་པར་རྟོགས་ཏེ། དེ་ལྟར་ཤེས་ནས་ལྟ་བ་ལ་མངོན་པར་ཆགས་པར་ཡང་མི་བྱེད་དོ། །རྒྱལ་པོ་ཆེན་པོ་མངོན་པར་མ་ཆགས་ན་དག་པའོ་ཞེས་གསུངས་སོ། །དེ་ལྟར་རིགས་པ་དང་ལུང་གིས་ཉིན་མཚན་ཁ་ཅིག་ཏུ་ངེས་པ་ཆེར་སྐྱེས་པ་དང༌། མཚན་མོ་མི་བསྒོམ་ལ་ཉིན་པར་རྩོལ་བ་དྲག་ལ་ཡུན་ཐུང་བར་བསྒོམ་མོ། །འདི་ལྟར་ལུས་ཀྱི་བཅོས་པ་ཙམ་བྱས་ནས་སེམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲོས་པ་ཐམས་ཅད་དང་བྲལ་བར་བསམས་ལ་བགས་ཀྱིས་འདུག་ན་དེ་ལ་ཡང་མི་གནས་པར་ཤིན་ཏུ་བསྒྲིམས་ལ་དང་པོ་གནས་པར་བྱེད་པའི་ཡུལ་ཙམ་དུ་བསྒོམས་ཏེ། ཉི་མ་དང་པོར་སྔ་དྲོ་ཐུན་གཉིས། ཕྱི་དྲོ་གཉིས། གཉིས་པ་ལ་སྔ་དྲོ་གསུམ། ཕྱི་དྲོ་གསུམ། གསུམ་པ་ལ་སྔ་དྲོ་བཞི། ཕྱི་མ་རེད་བཞི། བཞི་པ་ལ་སྔ་དྲོ་ལྔ། ཕྱི་དྲོ་ལྔ། དེ་ནས་ཕར་སྐྱེད་མ་ཐོན་གྱི་བར་དུ་ཐུན་བཅུ་བཅུ་ལས་མི་བསྒོམ་མོ། །དེ་ལྟར་བསྒོམས་པས་སྐྱེད་དང་པོར་བྱུང་བའི་སེམས་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའོ། །དེའི་སྐབས་སུ་ཉིན་པར་གཉིས། མཚན་མོ་སྲོད་ལ་གཅིག་སྟེ་གསུམ་དུ་བསྒོམ་མོ། །དེ་ལ་དང་པོ་ནི་རྒོད་པ་རྒྱུན་ཆད་པས་ཤིན་ཏུ་ཞི་སྟེ། སྔར་དབུགས་ལ་བལྟས་ན་བགས་ཀྱིས་འགུལ་བ་དེ་ཡང་མེད་པ་དང༌། རྩོལ་བ་ཀློད་ཀྱང་སྔར་གྱི་སྟོབས་ཀྱིས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ལྔ་ཙམ་དུ་བྱིང་བ་མེད་པ་དང༌། སྔར་རྒོད་པ་ལ་ཤིན་ཏུ་སྐྱོན་ཆེ་བར་བརྟགས་པའི་སྟོབས་ཀྱིས་འཛིན་ཆེ་ཞིང་ཞི་གནས་ཀྱི་ཤས་ཆེ་བས་མཚན་མུན་ནག་བཞིན་དུ་འདུག་པ་དང༌། ལུས་ཇི་ལྟར་འདུག་པ་མ་ཤེས་ཀྱང༌། སྔར་བསྒྲིམས་པའི་སྟོབས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བར་བརྩམས་ན། རྩུབ་ཅིང་བསྡོམས་པ་སྙམ་བྱེད་ཅིང་བཤིག་པར་དཀའ་བ་ལྟ་བུར་འདུག་པའོ། །གཉིས་པ་ནི་དང་པོའི་སྐབས་དེར་འཕྲོ་བ་མེད་ཀྱང་བགས་ཀྱིས་མི་གསལ་ཞིང་ཞུགས་ལ་བྱིང་བར་དོགས་པ་ཡང་རེས་འགའ་འབྱུང་བས་དེས་ན་ལངས་པའི་སྐབས་སུ་ཡང་ལྷག་མཐོང་གི་ཤས་བསྐྱེད་དོ་སྙམ་པའི་སེམས་འབྱུང་བ་དང༌། མཉམ་པར་གཞག་པའི་གནས་སྐབས་ན་ཡང་བག་གསལ་


DTG207_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟོབས་བསྐྱེད་པ་དེས་སྐབས་སྐབས་སུ་སྤྲིན་བར་གྱི་ཉི་མ་བཞིན་དུ་གསལ་ས་ལེ་བསྐྱེད་དེ། དེའི་སྟོབས་ཀྱིས་མཚན་མོ་བསྒོམས་ཀྱང་ནམ་ལངས་སམ་སྙམ་ནས་མིག་ཕྱེ་ནས་བལྟས་པ་འབྱུང་ངོ༌། །ལྡང་བར་བསམས་ཙམ་ན་ལུས་བསྡམས་པ་བཞིན་དུ་འདུག་སྟེ། འོན་ཀྱང་རྩུབ་པ་དང། ཞི་ནས་འཇམ་པ་དང༌། སྣུམ་པ་སྙམ་བྱེད་པ་སྟེ། ཁྱད་པར་ཁ་ཅིག་ནི་སྔ་མ་བཞིན་ནོ། །གསུམ་པ་ནི་གསལ་བ་དེ་རྟག་པར་འབྱུང་བ་སྟེ། འོན་ཀྱང་དཔེར་ན་མར་མེ་འཆི་ཁ་མ་རླུང་མེད་ཀྱང་རང་ཤུགས་ཀྱིས་གཡོ་བ་བཞིན་གཡོ་ཞིང་དོགས་པ་སྐྱེ་སྟེ། ཁྱད་པར་ཁ་ཅིག་སྔ་མ་བཞིན་ནོ། །བཞི་པ་ནི་སྔར་ཧ་ཅང་གསལ་བས་སྐབས་སྐབས་སུ་གཡོ་བ་དེ་ལ་སྐྱོན་དུ་བལྟས་པས་དམིགས་པའི་ཁྱད་པར་དཔེར་ན་ཞ་ཉེ་དཀར་པོ་འམ། དངུལ་ལྕགས་ཀྱི་སྣོད་བྱང་མའི་འོག་ཏུ་ཆུ་གཙང་མས་བཀང་ནས་མི་གཡོ་བར་འདུག་པ་བཞིན་དུ་ཤེས་པ་དང༌། ཤེས་བྱ་བྱེ་བྲག་མེད་པར་ཤིན་ཏུ་གདང་ལ་མི་གཡོ་ཞིང་ཡངས་ལ་གཟུང་རྒྱུ་འམ། སྤང་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་ལ། དེ་ལྟར་རྟོགས་པའི་སེམས་དེ་ཡང་འདི་ཙམ་ན་སྐྱེ་བའམ། འདི་ཅི་ལ་དམིགས་མི་ཤེས་ཏེ། ཇི་ལྟར་ཡང་རྟོགས་མི་ནུས་པས་ཐ་མི་དད་དེ་རོ་གཅིག་གོ །དེ་ཅིའི་སྟོབས་ཀྱིས་སེམས་དྲང་ལ་བརྟན་ཞིང་ངེས་པ་ཐེ་ཚོམ་མི་སྐྱེ་ལ་ཡངས་པའོ། །ལུས་མེད་པའི་སྟོབས་ཀྱིས་རེག་བྱ་འཇམ་ལ་ཡང་སྟེ། མི་མཐོ་མི་དམའ་ཞིང་ཡངས་པར་འདུག་ཀྱང་གཡང་ཟ་བ་མེད་ཅིང་བེགས་བུར་མན་ཆད་ལ་བལྟས་ཀྱང་ཁ་གང་ལྟར་བལྟས་ན་སྒོམ་པ་ཡང་མི་ཤེས་ཏེ། དེ་བས་ན་ལྡང་བར་བསམ་ན་ཡང་ལྡང་བར་དཀའ་ལ་སྟོབས་བསྐྱེད་ནས་ལངས་ན་ལུས་གློ་བུར་དུ་བྱུང་བ་སྙམ་བྱེད་པའོ། །ཁྱད་པར་ཁ་ཅིག་ནི་སྔ་མ་བཞིན་ནོ། །བཞི་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྗེས་སུ་དཔག་པའི་སྒོ་ནས་སེམས་མཉམ་པར་གཞག་པ་ཞེས་བྱའོ། །དེ་སྐད་དུ། འཕགས་པ་ཆོས་ཀུན་ཏུ་འགྲོ་བ་ལས། ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ནམ་བྱང་ཆུབ་


DTG207_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡིད་ཀྱི་སྨོན་པ་ཐམས་ཅད་དང་བྲལ་ཞིང་ཆོས་གང་ལ་ཡང་གཟུང་བར་རམ། སྤང་བར་ཡང་དག་པར་རྗེས་སུ་མ་མཐོང་ལ། །དེ་གང་དང་གང་ཡང་དག་པར་རྗེས་སུ་མ་མཐོང་པ་དེ་དང་དེ་སྟོང་པ་དང་ཡང་དག་པ་མ་ཡིན་པར་མཐོང་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གིས་ཞུས་པ་ལས་ཀྱང༌། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་སུ། །དེ་ལ་གང་རྣམས་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པས་རྨོངས་པ་ཡིན། །ཞེས་གསུངས་སོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས་ཀྱང༌། དགེ་སློང་ཆོས་ཐམས་ཅད་ནི་དང་པོ་མི་དམིགས་པའི་ཕྱིར་སྤངས་པའི། །དགེ་སློང་ཆོས་ཐམས་ཅད་ནི་ཅི་ལས་ཀྱང་དབེན་པའི་ཕྱིར་ཅི་ཡང་མ་ཡིན་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ནམ་མཁའི་ལུས་དང་ཆད་པ་སྟོང་པ་དང་འདྲ་བའི་ཕྱིར་གཟུང་དུ་མེད་པའོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། འདུ་ཤེས་རབ་ཏུ་རྒྱུ་བ་མེད། །ལྟ་བ་ལོག་པ་ཀུན་ཟད་ནས། །བློ་ཡང་ཤིན་ཏུ་གཏན་ལ་ཕབ། །བརྟན་པ་ནམ་མཁའ་འདྲ་བར་སྤྱོད། །ཅེས་གསུངས་སོ། །ཚོགས་བསྟན་ཁམས་གསོ་སེམས་ལ་བརྟག །རྩོལ་དྲག་ཐུན་ཐུང་ཇེ་མང་བསྒོམ། །དེ་ཡི་གསལ་སྐྱེད་རིམ་པ་བཞི། །བཞི་པའི་ལུང་ནི་བཞི་ཡིས་བསྟན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གསལ་བའི་སྐྱེད་དབྱུང་བའི་ཐབས་བསྟན་ཟིན་ཏོ།། །།དེ་ལ་ཐུན་རིང་བའི་སྐྱེད་དབྱུང་བ་གང་ཞེ་ན། གསལ་བའི་སྐྱེད་ཐོན་ཞིང་མ་ཉམས་པ་ལ་ཉམས་པ་ལ་ཐུན་བསྲིང་བའི་སྐྱེད་གདོན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅུང་ཟད་གནས་པ་དང༌། ལུས་ཅུང་ཟད་བདེ་བ་ཙམ་གྱིས་ཡུན་རིང་པོར་བསྒོམ་མོ། །བསམས་ཀྱང་བསྒོམས་པས་ཉིན་མཚན་འདའ་བའི་སྐབས་མེད་པར་ལུས་གཟེར་བ་དང༌། སེམས་རྨུགས་པ་དང༌། གཉིད་ཀྱིས་ནོན་པར་འགྱུར་ཞིང་མི་གསལ་བ་དང༌། སྙིང་རླུང་ལྡང་ཞིང་འཇུག་པ་དང༌། རླུང་ཁྲག་གཉིས་ཀ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར་ཏེ། དཔེར་ན་རླུང་ཅུང་ཟད་འགྲོ་ནུས་པ་ཙམ་གྱི་གྱེན་ཐུར་གཟུགས་


DTG207_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཉིན་རང་འགྲོ་བར་བསམས་ཀྱང་འགྲོ་བའི་ས་དེར་མ་ཕྱིན་པར་ལུས་ལ་མི་བདེ་བ་དང༌། སེམས་ལ་གནོད་པ་འབྱུང་བ་བཞིན་ནོ། །དེ་བས་ན་གསལ་བའི་སྐྱེད་ཐོན་པའི་སྐབས་དེ་ཁོ་ནར་ཁམས་ཀྱི་མི་བདེ་བ་མེད་ཀྱང་ཉིན་མཚན་གཉིས་ཙམ་བསྒོམ་པ་ཡང་གཞག་ལ། །སོས་དལ་བར་འདུག་གོ །དེ་ནས་རེ་ཞིག་མཚན་མོ་ཉལ་བ་དང་འཕྲེས་པ་དང༌། གཉིད་ཀྱིས་ནུས་པ་བརྟས་སུ་གཞུག་ཅིང༌། ཉིན་འབའ་ཞིག་ལ་ཐུན་རིང་བར་བསྒོམ་བ་ལ་བསླབ་སྟེ། ཉི་མ་དང་པོ་ལ་ཐུན་གསུམ་བསྒོམས་པས། ཉིན་པར་ལ་བཞིར་བཅད་པའི་ཆ་གཅིག་འདས་པའི་ཚོད་ཙམ་ཞིག་བསྒོམ་མོ། །ཉི་མ་གཉིས་པ་ལ་ཐུན་གསུམ་བསྒོམས་པས་གསུམ་དུ་བཅད་པའི་ཆ་གཅིག་འདས་པ་དང༌། ཉི་མ་གསུམ་པ་ལ་ཐུན་གསུམ་བསྒོམས་པས་ཉིན་པར་གྱི་ཕྱེད་ལྷག་འདས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་བཞི་པ་ལ་ཐུན་གསུམ་བསྒོམས་པས་ཉིན་གྱིས་སུམ་གཉིས་ལྷག་བཟླས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་ལྔ་པ་ལ་ཐུན་གསུམ་བསྒོམས་པས་ཉིན་པར་བཞི་ཆར་བཅད་པའི་ཆ་གསུམ་ལྷག་བཟླས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་དྲུག་པ་ལ་ཐུན་གསུམ་བསྒོམས་པས་ཉིན་རངས་པ་ལ་ཟས་ཟ་བ་དང༌། སྤྱོད་ལམ་བཅོམ་པ་མ་གཏོགས་པ་བསྒོམས་པས་དུས་འདའ་བར་བྱའོ། །ཉི་མ་བདུན་པ་ལ་དེ་དག་མ་གཏོགས་པ་ཟས་ཀྱི་གོང་དུ་ཐུན་གཅིག །ཟས་ཟོས་ནས་ཐུན་གཅིག་སྟེ་གཉིས་ཀྱིས་ཉི་མ་རངས་པར་འདའ་བར་བྱའོ། །དེ་ལ་སྤྱོད་ལམ་ནི་སྟན་ཤིན་ཏུ་འབོལ་ཞིང་འཇམ་པ་གཉིས་སམ། གསུམ་ཕ་ཚད་ཚུ་ཚད་དུ་བཏིང་ལ་གང་བདེ་བར་སྤོ་ཞིང་བསྒོམ་སྟེ། དེའི་སྟེང་དུ་དང་པོ་སྐྱིལ་མོ་ཀྲུང་བཅས་ལ་བསྒོམ་མོ། །དེ་ནས་ཅུང་ཞིག་ལོན་པ་དང༌། །སེམས་རྨུགས་པ་དང༌། གཉིད་ཀྱིས་ནོན་པ་དང༌། ལུས་ལ་མི་བདེ་བ་བྱུང་ན་རྐང་པ་ཡ་གཅིག་བརྐྱང་བའམ། གཉིས་ཀ་བརྐྱང་བའམ། གློ་གཡས་པས་སྙེས་པའམ། གཡོན་སྙེས་པས་སམ། ཡུད་ཙམ་ཞིག་གན་རྐྱལ་དུ་འདུག་པ་འམ། མདོར་ན་སྤྱོད་ལམ་ཕོག་རེ་བསྒྱུར་བས་ལུས་ལ་གནོད་པ་དང༌། སེམས་ལ་གནོད་པ་སྤོང་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་རྨུགས་པ་དང་


DTG207_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཤས་ཆེ་ན་དལ་བུས་ལངས་ལ་འཆག་ས་དཀྱུས་རིང་ཞིང་ཞེང་ཧ་ཅང་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་ཕར་འགྲོ་བ་དང༌། ཚུར་འོང་བ་ལན་གཉིས་གསུམ་བཞི་ཙམ་བཅགས་ལ་ཡང་འདུག་པར་བྱ་སྟེ། དེ་ཀུན་ལ་དམིགས་པ་མི་གཏང་ངོ༌། །དེ་ཡོང་གང་ལྟར་བསྒྱུར་ཀྱང་ལུས་ལ་འཇམ་པ་ལ་སོགས་པ་ཤིན་ཏུ་སྦྱངས་པའི་ཤས་ཆེ་ཆུང་ཡོད་ཀྱང་ཀུན་ལ་མེད་པ་མི་སྲིད་ན། དེ་ལྟར་བསྒོམ་པ་ཡིན་གྱི་མེད་ན་ངལ་གསོ་དགོས་སོ། སེམས་རྒོད་ན་རྣམ་པ་ལ་མི་སྤྱད་པར་སེམས་ལ་སྤྱད་ན་དེས་ཞི་བར་འགྱུར་ཏེ། གཟུགས་འགགས་ན་གཟུགས་བརྙན་འགགས་པ་བཞིན་ནོ། །དེ་བས་ན་དེ་ལ་ཧ་ཅང་མི་འཇིགས་པར་བྱ། བག་གློད་ལ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལོ་བཞི་ཁྲིར་ཡང་སྤྱོད་ལམ་མ་བསྒྱུར། གོས་མ་སྤོས་པར་མཉམ་པར་གཞག་པ་གསུངས་ན་བདག་གིས་ནི་ཉིན་མཚན་རེ་རེ་ཡང་མཉམ་པར་འཇོག་མི་ནུས་པ་འཁོར་བ་ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་གཅིག་འདས་ཀྱང་དོན་མེད་པར་འགྱུར་ལ་ད་ལྟར་ཡང་སྨོས་པ་ཆུང་ཞིང་གཉུག་ཐུང་བ་འདིས་མ་འོངས་པ་ན་ཡང་འདི་འདྲ་བར་འགྱུར་བས་ན་བདག་གི་དོན་ཀྱང་མི་འགྲུབ་ན། གཞན་གྱི་དོན་ལྟ་ག་ལ་འགྲུབ། དེ་བས་ན་བདག་གིས་ཉིན་རངས་མཉམ་པར་གཞག་སྟེ། སྤྱོད་ལམ་འདིས་གནས་པར་བྱའོ་སྙམ་དུ་བསམ་མོ། །མདོར་ན་ཡུན་རིང་བར་འཛིན་པ་ཆུང་དུ་འགྲོ་ལ་ཐུན་གཞུག་ལ་ཏིང་ངེ་འཛིན་ལས་ལྡང་དགོས་པ་དང༌། གཏང་རྒྱུ་ཅིག་ཡོད་ན་དེ་ལྟར་བསྒོམ་མོ། །གཏང་རྒྱུ་མེད་པར་སངས་ནས་འདུག་ན་བསྒོམས་ཀྱང་ཕན་མེད་ལ་གནོད་པ་སྐྱེ་བས་ངལ་གསོའོ། །དེ་ལྟར་ཉིན་པར་ཐུན་གཉིས་ཀྱིས་ཉི་མ་འདའ་བར་ནུས་ནས་མཚན་མོ་ལ་བསླབ་པར་བྱ་སྟེ། ཉིན་པར་བཏང་སྙོམས་སུ་བཞག་ལ་ཕྱི་དྲོ་རླུང་གི་དུས་སུ་གཉིད་བག་རེ་ལོག་ནས་མཚན་མོ་སྟན་བདེ་བ་གཉིས་གསུམ་ཡང་བཏིང་ལ། ཡང་ཡང་བྱིང་སྟེ་འགྲོ་ན་འཆག་ས་བདེ་བར་བཅས་བྱས་ལ། གོས་དང་ལྷྭམ་དྲོ་བར་བྱས་ལ་དལ་བུས་འགྲོ་བ་དང༌། ལྡོག་པ་དྲན་པ་དང༌། ཤེས་བཞིན་གྱིས་ཟིན་པར་བྱ་ཞིང་བསྒོམ་མོ། །ངལ་གསོ་དགོས་པའི་བསམ་པས་ཡང་སྔ་མ་བཞིན་ནོ། །བྱེ་


DTG207_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ནི་རྒྱུ་སྐར་ལ་ཚོད་དཔག་ཅིང་ཞག་བརྒྱད་ཀྱི་མཚན་མོ་འདའ་ནུས་པར་བྱའོ། །དེ་ལྟར་བསླབས་པས་ཉིན་མཚན་གང་ཡང་རུང་བ་ཅིག་བཏང་སྙོམས་སུ་བཞག་ལ་གཅིག་རངས་པ་བསྒོམས་པས་འདའ་བར་ནུས་ཤིང་ལུས་བདེ་བ་དང་སེམས་དགའ་བ་དང་བཅས་པར་འདུག་ན་དེ་ཙམ་གྱིས་རེ་ཞིག་ཐུན་རིང་ལ་ལོབས་པ་ཡིན་ནོ། །ཐུན་བསྲིང་བ་ཡི་ཚད་དང་ནི། །ཉིན་མཚན་རེས་མོས་བསླབ་པ་དང༌། །གོ་རིམས་སྤྱོད་ལམ་བསམ་པ་དང༌། །ཚད་དུ་ཕྱིན་པས་བསྡུས་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །།དེ་ནས་བསྒོམ་པ་གཅིག་པུ་མི་བྱ་བར་སྔོན་དུ་འགྲོ་བ་དང༌། ལྡང་བའི་སེམས་སུ་བཅས་པ་ཉིན་པར་གཉིས། མཚན་མོ་གཉིས་ལས་མི་མང་བར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བྱ་སྟེ། སྔར་བསྟན་པ་བཞིན་ནོ། །དེ་ལ་ལོག་པར་རྟོག་པའི་གཞུང་ཉིད་གང་ཞེ་ན། གཉིས་ཏེ། ཐབས་ལ་ལོག་པར་རྟོག་པ་དང༌། ཤེས་རབ་ལ་ལོག་པར་རྟོག་པའོ། །དེ་ལ་ཐབས་ལ་ལོག་པར་རྟོག་པ་ནི་འདི་ན་ཁ་ཅིག་ཕན་ཡོན་ཤེས་པ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་སྨོན་ལམ་འདེབས་པར་བྱེད་ཀྱང་བདག་གི་དོན་ཙམ་སྒྲུབ་པ་ཉན་ཐོས་ཀྱི་དབང་དུ་བྱས་ནས། །སློབ་དཔོན་ཐོགས་མེད་ཀྱིས། གནས་ལ་དད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང་སེམས་དང་བ་ཡིན་ཏེ། དེ་ནི་གནས་ལ་དད་པར་གྱུར་པ་ཞེས་བྱའོ། །དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེས་སྔོན་དུ་དྲང་བའི་དབང་གིས་དེ་ལ་དད་པ་གང་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་བསལ་བར་གྱུར་པའི་ཕྱིར་རོ་ཞེས་གསུངས་པ་ལ་བརྟེན་ནས་འདུལ་བ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པོ་ཞེས་སྨྲ་ཞིང་ལྟ་ལ། བདག་ཉིད་ཀྱང་ཐེག་པ་ཆེན་པོའི་ཆོས་ཐོས་པར་མི་དགའ། གལ་ཏེ་ཐོས་ཀྱང་ལེགས་པར་མི་སེམས། སེམས་ཀྱང་སྒོམ་པར་མི་བྱེད་ཅིང༌།


DTG207_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ལ་ཞེ་སྡང་སྟེ། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་དུ་ཞུགས་པ་རྣམས་ལ་ཡང་ཞེ་སྡང་སྟེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་བསླབ་པ་རྣམས་ལ་སློབ་པ་ལ། འདི་སྐད་ཅེས། བྱང་ཆུབ་སེམས་དཔའི་བསླབ་པ་ཁོ་ན་གདུལ་བ་ཡིན། དེ་ཁོ་ནས་ཆོག་གོ །གཞན་ན་བསླབས་ན་འདུལ་བ་ལ་བཅིངས་ཏེ། འགྲོའོ་ཞེས་སྨྲ་ཞིང༌། ལྟ་བ་དེ་དག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར། ཟག་པ་ཟད་པར་མི་འགྱུར་ཏེ། དེ་སྐད་དུ། ངེས་པ་དང་མ་ངེས་པ་འཇུག་པའི་ཕྱག་རྒྱའི་མདོ་ལས། དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེའི་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས་ཡུན་རིང་ཞིག་ལོན་ནས་དཔག་ཚད་བརྒྱར་ཕྱིན་པ་ལས་དེ་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག་ཚད་བརྒྱད་ཅུར་དེད་དེ་ཕྱིར་ཕུལ་ན་སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟགས་འཇིག་རྟེན་གྱི་ཁམས་དེ་དག་འདའ་འམ། བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་མི་འཛིན་མི་ཀློག །ཁ་ཏོན་དུ་མི་བྱེད། ཚུལ་བཞིན་ཡིད་ལ་མི་བྱེད་པར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་བརྟེན་ཅིང༌། དེ་དག་དང་ལྷན་ཅིག་ཏུ་བསྟན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་ཅིང་ཀུན་ཆུབ་པར་བྱེད་ལ་གཞན་ཡང་ཀློག་ཏུ་འཇུག་པ་ནས་ཀུན་ཆུབ་པའི་བར་དུ་བྱེད་ན། དེ་ནི་དེས་ཤེས་རབ་ཀྱི་མིག་གང་ཡིན། དེ་བླ་ན་མེད་པའི་ཤེས་རབ་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་ལྡོག་གོ །བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་གྱུར་ཅིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་


DTG207_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའོ། །ཞེས་གསུངས་སོ། །དེ་བས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ཁས་ལེན་པའི་ཁྱད་པར་གྱི་བསླབ་པ་རྣམ་པ་གསུམ་ལས་ལྷག་པའི་ཚུལ་ཁྲིམས་ཀྱིས་བསླབ་པ་ཡིན་ལ། སྡོམ་པ་གསུམ་ལས་སྡོམ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཤིན་ཏུ་གུས་པས་བསྒྲུབ་དགོས་ལ། དེ་ཁོ་ནས་ཆོག་པ་ཡང་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡོམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སྤྱོད་དོ། །སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དང་འདི་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་གསུངས་སོ། །དེ་ལ་ཤེས་རབ་ལ་ལོག་པར་རྟོག་པ་ལ་ཡང་གཉིས་ཏེ། སྤྱི་དང༌། བྱེ་བྲག་གོ །དེ་ལ་སྤྱི་ནི་འདི་ན་ཁ་ཅིག་སྟོང་པ་ཉིད་ཀྱི་རླུང་ཆུས་དཀར་ཕྱོགས་ཀྱི་མེ་གསོད་པར་བྱེད་དེ། འདི་སྐད་དུ། མི་དགེ་བ་བཅུ་སྤང་བ་དང༌། དགེ་བ་བཅུའི་བསྒྲུབ་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། ཐེག་པ་ཆེན་པོ་ཟབ་མོའི་དོན་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ན་ཅི་བྱས་ཀྱང་ཉེས་པར་མི་འགྱུར་ཏེ། རབ་ཏུ་བྱུང་བ་ཡང་སྐྲ་བྲེགས་པ་ཙམ་ལ་ཟེར་བ་མ་ཡིན་ཏེ། སེམས་ཕྱལ་ལེ་བ་ཅིག་དགོས་སོ། །དེ་བས་རྟོགས་ན་སྲོག་གཅོད་པ་ལ་སོགས་པ་ཡང་སྒྲིབ་པར་མི་འགྱུར་ལ། མ་རྟོགས་ན་གཉེན་པོ་ཡང་སྒྲིབ་པར་འགྱུར་ཏེ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས། འདོད་ཆགས་སྒྲིབ་པ་ནས་ཤེས་རབ་སྒྲིབ་པའི་བར་དུ་གསུངས་སོ་ཞེས་ཟེར་བ་དེ་ནི་བདག་ཉིད་མི་མཐུན་པ་ཟིལ་གྱིས་མ་ནོན་པར་གཉེན་པོ་སློབ་པར་བྱེད་པས་ངན་འགྲོ་འབའ་ཞིག་གི་ལས་སོགས་པ་ལ། དེའི་རྗེས་སུ་སློབ་པ་ཡང་མི་དགེ་བ་སོགས་འཇུག་གོ །དེ་


DTG207_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དབུ་མའི་རྩ་བ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་འགྱུར་ཏེ། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་པ་དང༌། །གསང་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་པ་དང༌། ཡང་རིགས་པ་དྲུག་ཅུ་པ་ལས། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་སོ། །འོན་ཏེ་ང་ཤེས་རབ་ཆེ་ལ་བསོད་ནམས་ཀྱང་བྱེད་པས་ཉོན་མོངས་པ་ལ་མི་འཛེམ་ཞེས་ཟེར་ན། དེ་ཡང་མི་རིགས་ཏེ། འཕགས་པ་ས་བཅུ་པ་ལས་ཀྱང༌། ས་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་ཅིང་ལྟུང་བ་ཕྲ་མོ་ལ་ཤེས་བཞིན་དུ་གནས་པ་ལ་བཞག་སྟེ། ས་ལ་གནས་པས་བས་ང་ཤེས་རབ་ཆེ་ཞེས་བྱ་བ་ནི་ཧ་ཅང་གཟུ་ལུམ་ཆེས་སོ། །དེ་བས་ན་ཀུན་རྫོབ་ཏུ་གཉེན་པོ་མ་སྐྱེས་པར་ཉོན་མོངས་པ་ལ་བཏང་སྙོམས་སུ་བཞག་ཀྱང་འཕེལ་བར་འགྱུར་ན་དང་དུ་བླངས་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཉོན་མོངས་པ་རང་དགར་སྤྱོད་པ་བསླབ་པ་དང་བྲལ་བ་དེ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་ལས། འཇམ་དཔལ་གྱིས་སྨྲས་པ། བུ་མོ་རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། ཚུལ་ཁྲིམས་འཆལ་བ་ལ་ནི་རབ་ཏུ་བྱུང་བ་ཅི་ཡང་མེད་དོ། །ཞེས་གསུངས་སོ། །ཡང་མདོ་སྡེ་དེ་ཉིད་ལས་གསུངས་པ། གང་བདག་ཉིད་ཀྱང་བསླབ་པ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་ལ། ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ཀྱང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང་བརྟུལ་ཞུགས་ལ་ཡང་དག་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གོ་ཡང་ཉོན་མོངས་པས་ཕམ་པར་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། མདོ་དེ་ཉིད་ལས། བུ་མོས་སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དགྲ་བཅོམ་པ་དེ་ནི་དཔའ་བོ་ཞེས་མི་བགྱིའོ། །འཇམ་དཔལ་དེ་བཞིན་དུ་གང་ཉོན་མོངས་པ་རྣམས་


DTG207_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཅོམ་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་མི་བགྱིའོ། །ཞེས་གསུངས་སོ། །ཤེས་རབ་ཆེ་ཞིང་སྟོང་པ་ཉིད་རྟོགས་ནས་བསྒོམས་པའི་ཕན་ཡོན་ནི། ཟླ་བའི་སྒྲོན་མའི་མདོ་ལས། དེ་ནི་བདེ་གཤེགས་རྣམས་ཀྱིས་བསླབ་པ་གཞན་མི་འདོར། །དཔའ་བོ་དེ་ནི་བུད་མེད་དབང་དུ་གཞར་མི་འགྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང༌། དཔེར་ན་མུན་པ་དང་ལྷན་ཅིག་གནས་པ་དེ་ནི་མར་མེ་མ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་དང་ལྷན་ཅིག་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་མ་ལགས་སོ། །ཞེས་གསུངས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་སྦྱིན་པ་ནས། ཤེས་རབ་ཀྱི་བར་དུ་མི་འབྲལ་བར་བྱའོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ནས་ཀྱང་ཉོན་མོངས་པའི་སྒྲ་དང༌། ཐབས་ལ་མཁས་པར་བྱའི། རང་གི་ཁྱིམ་ན་དཔའ་བ་བཞིན་དུ་མི་བྱའོ་ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཤེས་རབ་ཆེ་ཡང་ཉོན་མོངས་པས་ཕམ་པར་བྱས་ལ་དད་པ་ཆུང་བས་བསླབ་པ་ལ་གཡེལ་ཞེས་སྨྲ་བར་བྱ་བ་ནི་རིགས་ཀྱི་གཞན་ལམ་ལོག་པ་ལ་ག་ཟུང་ཅིང་བསྟན་པ་ལ་རྨ་གདོད་པ་ནི་མི་རིགས་སོ། །ཚུལ་ཁྲིམས་ཁོ་ནས་ཆོག་པར་འཛིན། །ཤེས་རབ་ཀྱིས་ནི་ཕྱོགས་གཅིག་རྟོགས། །དེ་དག་སུན་དབྱུང་མདོར་བསྟན་པ། །བསྡུ་བའི་ཚིགས་སུ་བཅད་པ་ཡིན། །དེ་ལ་བྱེ་བྲག་ལ་ལོག་པར་རྟོག་པ་ལ་གཉིས་ཏེ། ལྟ་བ་ལ་ལོག་པར་རྟོག་པ་དང༌། བསྒོམ་པ་ལ་ལོག་པར་རྟོག་པའོ། །དེ་ལ་ལྟ་བ་ལ་ལོག་པར་རྟོག་པ་ནི་འདི་ན་ཁ་ཅིག་བདེན་པ་གཉིས་ཞེས་བྱ་བ་དངོས་པོ་ལ་མ་གྲུབ་སྟེ། འདི་ལྟར་གང་མ་སྐྱེས་པ་དེ་གཉིས་སུ་མེད་དེ། དཔེར་ན་ནམ་མཁའ་ལྟ་བུའོ། །བདེན་པ་རྣམ་པ་གཉིས་ཀྱང་གཟོད་མ་ནས་མ་སྐྱེས་ཞིང་རྣམ་པར་དག་པར་གཉིས་སུ་མེད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་དོན་དམ་པར་གཉིས་མེད་པར་བསྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པོ། །འོན་ཏེ་སྤྱིར་བསྒྲུབ་ན་ནི་


DTG207_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་སུ་མ་གྲུབ་སྟེ། མངོན་སུམ་དང་འགལ་ལོ། །མ་སྐྱེས་པ་ལ་སྡུག་བསྔལ་མེད་པས་ཁྱོད་ལ་མཚོན་གྱིས་བཏབ་ན་བཟོད་དམ། ཞེས་སྨྲ་བར་བྱའོ། །ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་མེད་དེ། ཀུན་རྫོབ་ཀྱི་བདེན་པ་གཅིག་པུ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་བྱིས་པ་མ་རིག་པས་ལྡོངས་པའི་བསམ་པ་དང་སྦྱར་ནས་སྨྲ་བའམ། འོན་ཏེ་དངོས་པོའི་གནས་ལུགས་ཏེ། དེ་དང་མཐུན་པར་སྨྲ་བའམ། མཁས་པའི་བསམ་པས་ཀྱང་སྨྲ། དེ་ལ་ཕྱོགས་དང་པོ་ལྟར་ན་གཉིས་མ་གྲུབ་སྟེ། འདི་ལྟར་དོན་དམ་པའི་བདེན་པ་ནི་དེ་སྟོན་པར་བྱེད་པའི་ཆོས་གང་ཟག་དེས་མ་ཐོས་མ་བསམས་མ་བསྒོམས་པས། བློ་ལ་མི་འགྲུབ་བོ། །དེ་མ་གྲུབ་པས་གཟུགས་ལ་སོགས་པ་ཡང་དག་པའོ། །བདེན་པའོ་སྙམ་པས་འབའ་ཞིག་སྐྱེ་བས་འདི་བརྫུན་པའོ་ཞེ་འམ། སྒྲིབ་པར་བྱེད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འམ། རིགས་པས་གནོད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འགྲུབ་མི་སྲིད་དོ། །འོན་ཏེ་ཕྱོགས་ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། གང་ཞིག་གིས་སྒྲིབ་པར་བྱེད་པའམ། གང་ཞིག་ལ་སྒྲིབ་པ་ཡོད་པར་དེ་མ་ཤེས་པ་དང༌། དེ་གཞག་པའམ། རིགས་པས་གནོད་པར་མ་གྲུབ་ན་ནི་ཀུན་རྫོབ་ཅེས་ཇི་སྐད་དུ་བྱ། གལ་ཏེ་རིགས་པས་གནོད་པར་གྲུབ་པས་འདི་ཀུན་རྫོབ་ཀྱི་བདེན་པར་གྲུབ་བོ། །ཞེས་ཟེར་ན། དེ་ཉིད་ཀྱི་དོན་དམ་པའི་བདེན་པ་སྔར་གྲུབ་པས་འདི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་ཏེ། དེས་ནི་གཉི་ག་ཁས་བླངས་པ་ཡིན་ནོ། །ཁ་ཅིག་ན་རེ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དོན་དམ་པར་མ་གྲུབ་པ་སྟེ། ཧ་ཅང་ཡང་ཆེས་ཀུན་རྫོབ་ཏུ་ཡང་མིང་ལས་དོན་མེད་པར་བཞེད་དོན་ཞེས་ཟེར་ཏེ། དེ་ལ་སྨྲས་པ། མིང་ལ་བརྩད་པ་མེད་དོ་ཞེས་གསུངས་སོ། །དེ་ནི་མངོན་སུམ་དང་འགལ་ཏེ། མོ་གཤམ་གྱི་བུ་འདི་ན་ཡོད་དོ་ཞེས་སྨྲས་ནས། དེ་ལ་མཚོན་བཏབ་པ་དང༌། ཁྱོད་ལ་མཚོན་བཏབ་པ་གཉིས་གནོད་པ་མེད་པས་འདྲ་བར་ཐལ་བར་འགྱུར་རོ། །སློབ་དཔོན་ནི་དེ་ལྟར་མི་བཞེད་དོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། །རྒྱུ་དང་འབྲས་ལ་


DTG207_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རྣམས་ལ། །ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་པ་རྣམ་པར་བཟློག་ཟིན་གྱིས། །ཞེས་གསུངས་ལ། དེ་དགག་པར་བསྒྲུབ་པའི་ཁོ་བོའི་ཉོན་མོངས་པ་ཡང་ཁྱོད་ཀྱིས་བཀག་པས་ཁྱོད་ཀྱིས་གྲོགས་བྱས་ཏེ་བཏང་ངོ་ཞེས་གསུངས་སོ། །འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོད་པ་ལ་སྨྲས་པ། ཆོས་ཐམས་ཅད་ནི་མིང་ཙམ་དང་བརྡ་ཙམ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་མིང་གི་རྣམ་གྲངས་སམ། ཡང་ན་གཅིག་གིས་གཅིག་བཤད་པར་གསུང་གི །དོན་དམ་པར་སྟོན་པ་ནི་མ་ཡིན་ནོ། །ཁ་ཅིག་ནི་བདེན་པ་གཉིས་དངོས་པོ་མ་གྲུབ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ནི་རིགས་པས་གནོད་པ་ཡིན་ལ། དོན་དམ་པའི་བདེན་པ་ནི་རིགས་པས་གྲུབ་པ། རྟག་པ་གཅིག་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་འདུག་པ། སྤྲོས་པ་ཐམས་ཅད་ལས་ལོག་པའི་ངོ་བོ་འོ། །དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ས་བཅུ་པ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། །མ་བྱུང་ཡང་རུང༌། །ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་སོ་ཟེར་ཏེ། དེ་ལ་སྨྲས་པ། རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི། དེ་ཉིད་ལས་ཅིའི་ཕྱིར་རིགས་པས་གནས་པའི་ངོ་བོ་ཉིད་ཡིན་སྙམ་པ་ལ་ངོ་བོ་ཉིད་དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་དོན་དམ་པར་རིགས་པས་མཐོང་བར་འགལ་ཏེ། མ་མཐོང་བ་ཙམ་ལ་བརྟགས་ན་དེ་སྐད་གསུངས་ཀྱི། དེ་ནི་རིགས་པ་གྲུབ་པ་དོན་དམ་པར་གཞག་རྒྱུ་མེད་དེ། དེ་སྐད་དུ། འཕགས་པ་བདེན་པ་གཉིས་བསྟན་པ་ལས།


DTG207_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་དོན་དམ་པའི་བདེན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པའོ། །ཞེས་གསུངས་སོ། །གཞན་ལྟ་ཕར་ཞོག་དེས་ཀྱང་ཡུལ་དུ་བྱ་བའི་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཡེ་ནས་གནས་པའི་རྟག་ཅེས་བྱ་བ་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་ཙམ་ན་གཟུགས་ལ་སོགས་པ་དོན་དམ་པར་ཡོད་ལ། བྱུང་བས་མེད་པ་ནི་མ་ཡིན་གྱིས་དངོས་པོ་འགའ་ཞིག་སྐྱེས་ཙམ་ནས་དོན་དམ་པར་མ་གྲུབ་པའི་ཚུལ་དུ་སྐྱེ་བ་ན་དེ་སྐད་གསུངས་སོ། །དེ་ལྟ་བུ་མ་ཡིན་ན་ཆོས་ཉིད་ཡེ་ནས་རྟག་པ་དེ་གང་གི་ཆོས་ཡིན་ཏེ། སྔ་ན་གནས་པ་དང་ཆོས་ཅན་གསར་དུ་བྱུང་བ་གཉིས་གྲུབ་པ་དང་བདེ་བ་གཅིག་ཏུ་མི་འདོད་ན། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར། །ཞེས་གསུངས་པ་ཡང་བྱིས་པ་རྣམས་ཀྱི་གང་ཟག་གིས་བདག་དང་ཆོས་ཀྱི་བདག་ཡོད་པར་བརྟགས་ནས་བདེན་པར་འཛིན་པ་ལ། གང་ཟག་དང་ཆོས་ལ་བདག་མ་གྲུབ་པ་ཙམ་ལ་དགོངས་ནས་བདག་ཡོད་པར་མི་བདེན་ཏེ། རིགས་པ་དང་འགལ་ལོ། །ཡོད་པ་བདེན་ན་བྱིས་པ་ཀུན་གྱིས་མཐོང་བས་མ་འཁྲུལ་བའི་ཕྱིར་མྱ་ངན་ལས་འདས་པས་ཚངས་པ་ཐོབ་པར་བྱ་བའི་ཕྱིར། ད་འབད་པ་དོན་མེད་དོ། །ཞེས་གསུངས་པ་ཡིན་ཏེ། རིགས་པའི་ཡུལ་དུ་གྲུབ་པ་མེད་ན་དོན་མེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །ཆོས་ཅན་ཀུན་གྱི་ཆོས་ཉིད་དུ་འདུག་པ་ཞེས་བྱ་བ་ཡང་ཆོས་ཅན་གཅིག་སྤྲོས་པ་དང་བྲལ་བ་དེ་བཞིན་དུ་གཞན་ཡང་སྤྲོས་པ་དང་བྲལ་བས་དེ་སྐད་གསུངས་པ་ཡིན་གྱི། ཆོས་ཅན་ཀུན་ལ་ཁྱབ་པ་ཅིག་ཡོད་ན། མུ་སྟེགས་ཀྱིས་བདག་ཐམས་ཅད་ལ་ཁྱབ་པར་ཁས་ལེན་པ་དང་འདྲ་སྟེ། དེ་ལ་ཐ་དད་ཕྱོགས་དང་འདྲེ་བས་ན། །ཁྱབ་རྣམ་གཅིག་པུར་ག་ལ་འགྱུར། །ཞེས་བྱ་བ་སུན་དབྱུང་ངོ༌། །སྤྲོས་པ་ཐམས་ཅད་ལས་ལོག་པའི་ངོ་བོ་ཞེས་བྱ་བ་ཡང་དེ་ཉིད་སྤྲོས་པ་ཡིན་ནོ། །དེ་ལྟ་བུས་བརྗོད་ན། འཕགས་པ་དྲི་མ་མེད་པར་གྲགས་པས་ཅིའི་ཕྱིར་མི་བསྟན། དེ་བས་ན་དོན་དམ་པར་རིག་པས་གྲུབ་པའི་དོན་དམ་པར་གཅིག་ཡོད་མི་སྲིད་དོ། །འོ་ན་ཇི་ལྟ་ཞེ་ན། དེའི་ཕྱིར་འདི་སྐད་དུ། དངོས་པོ་ཇི་ལྟར་གནས་པ་བཞིན་དུ་རྟོགས་པའི་བཅོམ་ལྡན་འདས་ཀྱིས།


DTG207_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཡབ་དང་སྲས་མཇལ་བའི་མདོ་ལས། །དེ་སྐད་དུ། །དེ་བཞིན་གཤེགས་པས་ཀུན་རྫོབ་བམ་དོན་དམ་པ་གཉིས་སུ་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ་ཞེས་གསུངས་ལ། །དེ་བཞིན་གཤེགས་པའི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་ལུང་བསྟན་པ། འཕགས་པ་ཀླུ་སྒྲུབ་ཀྱིས་འདི་སྐད་ཅེས། དབུ་མའི་རྩ་བའི་ཤེས་རབ་ལས། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ། །དོན་དམ་གཉིས་ལ་ཡང་དག་བསྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་ལས། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པས། གཏན་ལ་འབེབས་པའི་དུས་སུ་ནི་དངོས་པོ་ཡང་གྲུབ་ལ། མཁས་པས་ཀྱང་དེ་ལྟར་རྟོགས་པས་གཉིས་སུ་ཐ་སྙད་འདོགས་སོ། །གཏན་ལ་འབེབས་པའི་དུས་ན་གྲུབ་པ་ཡང་མ་ཡིན། མ་གྲུབ་པ་ཡང་མ་ཡིན། ཇི་ལྟར་ཡང་ཁས་བླང་དུ་མེད་དོ། །ཞེས་བསྟན་ཏོ། །ཁ་ཅིག་ན་རེ་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པས་ཆོས་ཅན་དབང་པོའི་དོན་མངོན་སུམ་དུ་མཐོང་བ་བཞིན་དུ་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་སྟེ། དེ་སྐད་དུ། བར་ཏི་ཀ་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱི་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཞེས་གསུངས་སོ། །ཞེས་ཟེར་རོ། །དེ་ལ་སྨྲས་པ། འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཀུན་གྱིས་ཀྱང་བདེན་པ་མཐོང་བར་ཐལ་བར་འགྱུར་རོ། །འོན་ཏེ་ངེས་པའི་ཤེས་པ་མ་སྐྱེས་པས་མ་མཐོང་བ་དང་འདྲའོ། །དེ་སྐད་དུ། དབུ་མའི་རྒྱན་ལས་ཀྱང། དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པར་དབེན་པ་ནི་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་ནི་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། །དངོས་པོའི་རང་བཞིན་བཟུང་བཞིན་དུ་ཡང་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་བཟུང་མོད་ཀྱི་ཐ་སྙད་གདགས་སུ་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་པས་འདི་ཉི་དམིགས་པའི་རིགས་བྱར་གྱུར་པ་མ་ཡིན་ནོ། །དེ་ལྟ་བས་ན་མངོན་སུམ་ལ་སོགས་པས་གནོད་པས་ཡིན་ནོ། །ཞེས་བྱ་བ་འདི་སྟོན་ཏོ། །ཞེས་གསུངས་སོ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་ཤེས་


DTG207_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་ཉིད་མཐོང་ཞེས་ཐ་སྙད་དུ་མ་འདོགས་ཤིག །དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཐ་སྙད་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་སློབ་དཔོན་ཆོས་ཀྱི་གྲགས་པའི་དགོངས་པ་དང་འགལ་ལོ་ཞེ་ན། དེ་ནི་མི་འགལ་ཏེ། སློབ་དཔོན་གྱི་ནི་མི་རྟག་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་ནི་དངོས་པོ་ཡིན་པས་འགལ་བ་མེད་དེ། སྟོང་པ་ཉིད་ནི་དངོས་པོ་མ་ཡིན་པས་དབང་པོའི་མངོན་སུམ་དུ་མཐོང་མི་སྲིད་དོ། །བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་གསུངས་སོ། །ཡང་ན་ཐ་མི་དད་པ་ལ་དགོངས་པ་ཡིན་པས་དེ་ནི་འདིར་ཡང་འགལ་བ་མེད་དོ། །དེ་ལ་ཁ་ཅིག་ཐ་མི་དད་ཅེས་བྱ་བ་དང༌། གཅིག་ཅེས་བྱ་བ་ནི་དོན་གཞན་མ་ཡིན་ཏེ། དེ་ལྟར་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཐམས་ཅད་ཀྱི་དེ་ཁོ་ན་མངོན་སུམ་དུ་མཐོང་བར་འགྱུར་བ་དང༌། ཆོས་ཀྱི་དབྱིངས་བཞིན་དུ་ཆོས་ཅན་ཡང་བདེན་པར་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་དང༌། ཆོས་ཅན་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཡང་འདུས་བྱས་དང༌། ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེ་ཐམས་ཅད་དུ་གཅིག་ཁས་མ་བླངས་པས་ཉེས་པ་མེད་དོ་ཞེས་སྨྲས་ནས། །འོ་ན་ནི་འདུ་བྱེད་གྱི་བདག་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་དུ་མི་འགྱུར་ལ། འདུ་བྱེད་ཀྱི་མཚན་མས་བཅིང་པ་རྣམས་ཀྱང༌། རྣལ་འབྱོར་པས་ཟིལ་གྱིས་ནོན་པར་མི་འགྱུར་ཏེ། དེ་ཐ་དད་ཅིང་ཆོས་ཀྱི་དབྱིངས་གཞན་དུ་རྟོག་པའི་ཕྱིར་རོ། །དེ་ལྟ་བས་ན་དུང་དང་དཀར་པོ་བཞིན་དུ་གཅིག་དང་ཐ་དད་པར་བརྗོད་དུ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་འབྲེལ་པ་ཡིན་ནོ། །ཞེས་ཟེར་ན། དེ་ལ་སྨྲས་པ། དེ་ཉིད་དང་གཞན་དུ་བརྗོད་པ་ནི་སྐྱོན་འོང་ལ། དེ་གཉིས་སུ་མ་བརྗོད་པས་གྲུབ་པ་གཅིག་ལ་འབྲེལ་པ་ནི་སྐྱོན་མེད་པ་མ་ཡིན་ཏེ། གཅིག་དང་ཐ་དད་པའི་སྐྱོན་དེ་ནི་ཆོས་དངོས་པོར་འགྱུར་བ་ལ་འཐད་དོ། །ཆོས་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཅན་དང་གཅིག་པར་སྐྱོན་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཐ་དད་པར་སྐྱོན་ཡོད་པ་ཡང་མ་


DTG207_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མེད་པ་ཡང་མ་ཡིན། བརྗོད་དུ་མེད་པ་བྱ་བ་ཆོས་ཅན་དང་འབྲེལ་པར་གཞག་རྒྱུ་ཅིག་ཀྱང་ཡང་དག་པར་གྲུབ་ནས་འབྲེལ་པ་གསུམ་པར་ཁས་བླང་རྒྱུ་ཡང་མེད་དེ་འབྲེལ་པ་ནི་དེའི་བདག་ཉིད་དང༌། དེ་ལས་བྱུང་བའི་འབྲེལ་པ་ལས་གཞན་མེད་པར། སྔོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ། །འོ་ན་སློབ་དཔོན་ཀ་མ་ལ་ཤཱི་ལས། དབུ་མ་སྣང་བ་ལས། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བསྟན་ཏོ་སྙམ་པ་ལ་བདེན་མོད་ཀྱི་དེ་ནི་གང་ཟག་དང་ཆོས་དེ་ཉིད་ཡང་དག་པའི་ཤེས་པས་གང་ཟག་དང་ཆོས་སུ་མ་གྲུབ་པ་ཙམ་ལ་གང་ཟག་དང་ཆོས་དེ་ཉིད་ཆོས་ཉིད་དུ་གདགས་པས་དེ་ཙམ་མ་ལ་བདག་ཉིད་གཅིག་པའི་འབྲེལ་པ་ཞེས་བཏགས་པ་ཡིན་ལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཅིར་ཡང་མ་གྲུབ་པར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བ་ཙམ་ཆོས་ཉིད་ཡིན་ལ། དེ་ཡང་སྒྲོ་བཏགས་པས་བཀག་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་སུམ་དུ་མི་མཐོང་ངོ༌། །དེ་སྐད་དུ། །དབུ་མའི་རྒྱན་ལས། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱི། །མངོན་སུམ་རྟོགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་ས་དང་པོ་ཐོབ་ཡན་ཆད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་གསལ་བར་རྟོགས་སོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་སྒྲོ་བཏགས་པ་གཅོད་པ་ཙམ་དུ་བས་ཀྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ནོ། །དེ་སྐད་དུ། དེ་ཉིད་ལས། དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔག་རྣམས་དཔོག་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་གསུངས་སོ། །བདེན་པ་གཉིས་ལ་ལོག་པར་རྟོག །ཆོས་ཉིད་མཐོང་ལ་ལོག་རྟོག་དང༌། །ཆོས་དང་ཆོས་ཅན་འབྲེལ་པ་ལ། །ལོག་པར་རྟོག་པ་སུན་དབྱུང་བ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཁ་ཅིག་ན་རེ་སོ་སོའི་སྐྱེ་བོས་སྒྲོ་བཏགས་པས་གཅོད་པ་ན། གཏན་ཚིགས་ཀྱི་སྒོ་ནས་ཤེས་ཏེ་འདི་


DTG207_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ། གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་དོན་དམ་པར་རང་བཞིན་མེད་དེ། བདག་དང་གཞན་གྱིས་སྨྲས་པ་འདི་དག་ཀྱང་གཅིག་དང་དུ་མ་དང་བྲལ་བ་སྨྲས་པ་ཙམ་གྱིས་འགྲུབ་བྱ་རྟོགས་པར་འགྱུར་རོ་ཞེས་ཟེར་ན། དེ་ལ་སྨྲས་པ། དབང་པོ་རྣོན་པོ་སྦྱོར་བ་ལ་གོམས་པ་རྣམས་ཀྱིས་རྟོགས་པ་ནི་རིགས་ན་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་སོགས་པ་བྱ་དགོས་པའི་རིགས་ཅིག་ཡིན་ན་ནི། སྦྱོར་བ་དེ་ཀུན་བརྟགས་པའི་རང་བཞིན་ནམ་གཞན་གྱི་དབང་གི་རང་བཞིན་གང་གྲུབ་མ་ངེས་པའི་ཕྱིར། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ལྟ་བུར་སྣང་བར་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་བ་སྤྱིར་བཏང་ནས་དཔེར་ན་གཟུགས་བརྙན་ལྟ་བུའོ། །ཞེས་སྨྲས་པས་སྐྱོན་མེད་དོ་ཞེས་ཟེར་ན། དེ་ལ་སྨྲས་པ། མཐུན་པའི་དཔེ་དེ་ལ་འབྲེལ་བ་གཏན་ལ་ཕབ་བམ་མ་ཕབ། མ་ཕབ་ན་ནི་དཔེ་སྨྲོས་པ་ལ་དོན་མེད་དོ། །འོན་ཏེ་ཕབ་པོ་ཞེས་ཟེར་ན། དེ་ལ་སྨྲས་པ། དགག་པའི་སྒྲར་སྦྱར་ནས་གཏན་ཚིགས་དོན་དམ་དང༌། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པ་གཉིས་འབྲེལ་པར་གཏན་ལ་ཕབ་བམ། འོན་ཏེ་མ་ཡིན་པར་དགག་པའི་སྒྲ་སྦྱར་ནས། ཀུན་རྫོབ་ཀྱི་བདེན་པ་ཅིག་ལ་འབྲེལ་པ་གཏན་ལ་ཕབ། དེ་ཕྱོགས་དང་པོ་ལྟར་ན། སྨྲས་པ། འབྲེལ་པ་དེ་མངོན་སུམ་གྱིས་གྲུབ་པའམ། རྗེས་སུ་དཔག་པས་གྲུབ། དེ་ལ་མངོན་སུམ་གྱིས་གྲུབ་བོ་ཞེས་ཟེར་ན། འོན་ཏེ་ཆོས་ཉིད་མངོན་སུམ་དུ་མཐོང་བས། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་འཕགས་པ་ཡིན་པར་ཐལ་བར་འགྱུར་རོ། དེས་ན་གྲུབ་པར་བྱ་བའི་ཆོས་ཀྱི་རྟགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པར་འགྱུར་རོ། །དེ་བས་ན་སོ་སོའི་སྐྱེ་བོས་ཆོས་ཉིད་མངོན་སུམ་དུ་མཐོང་མི་སྲིད་པས། མི་སྲིད་པའི་དོན་སྨྲས་ན་བདག་ཉིད་ཉམས་པར་ཡང་འགྱུར་རོ། །དེའི་ཕྱིར་དཔེ་དེ་ནི་མ་གྲུབ་པའི་དཔེ་ལྟར་སྣང་བ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པར་ཁས་བླངས་པས་དེ་ནི་གཏན་ཚིགས་ཀྱི་རང་གི་ངོ་བོ་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །འབྲེལ་པ་དེ་ལ་ནི་མངོན་སུམ་གྱིས་གནོད་དེ། རྟག་ཏུ་གཟུགས་བརྙན་དུ་སྣང་བ་ལས་གཟུགས་བརྙན་དུ་ཡང་མི་མཐོང་མི་


DTG207_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དོ། །རྗེས་སུ་དཔག་པས་ཀྱང་བསལ་ཏེ། གང་ཁས་བླངས་ཀྱང་མ་མཐོང་བ་དེ་ནི་ཐ་སྙད་གདགས་སུ་མི་རུང་སྟེ། དཔེར་ན། བུམ་པས་དབེན་པའི་ས་ཕྱོགས་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་དོན་དམ་པའི་བདེན་པ་འདི་ཡང་མངོན་སུམ་དུ་མ་མཐོང་བས་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཟུགས་བརྙན་སྣང་བའི་ཕྱིར་ཞེས་བྱ་བ་ཡང་འགལ་བས་ཁྱབ་པའི་དམིགས་པ་ཡིན་ནོ། །གྲགས་པས་ཀྱང་གསལ་ཏེ། བརྡ་ཤེས་པ་གྲུབ་པའི་མཐས་བློ་མ་བསྒྱུར་བ་ཅིག་ལ། མེ་ལོང་གི་ནང་ལ་ཅི་འདུག་ཅེས་དྲིས་ན། བཞིན་ཁོ་ན་འདྲ་བ་ཅིག་འདུག་ཅེས་ཟེར་བ་ལས། ཅི་ཡང་མ་མཐོང་ཞེས་ཟེར་མི་སྲིད་དོ། །རང་གི་ཚིག་དང་འགལ་བ་ཡང་ཡིན་ཏེ། དོན་དམ་པ་མཐོང་ཞེས་བྱ་བ་གཟུགས་བརྙན་ལ་ཟེར་རམ། ལུང་གིས་གསལ་བ་ཡང་ཡིན་ཏེ། འཕགས་པ་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་རང་བཞིན་སྟོང་པ་ཡི། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། གཟུགས་བརྙན་མི་སྣང་ཞེས་གསུངས་སོ། །དེ་བས་ན་མངོན་སུམ་གྱིས་གྲུབ་མི་སྲིད་དོ། །འོ་ན་རྗེས་སུ་དཔག་པ་གྲུབ་པོ་ཟེར་ན། དེ་ཡང་མི་རིགས་ཏེ་དེ་ལྟ་བུའི་དཔེ་མི་སྲིད་དོ། །གལ་ཏེ་སྲིད་ན་རྟགས་མངོན་སུམ་གྱིས་མ་གྲུབ་པས་འབྲེལ་པ་མངོན་སུམ་དུ་མི་འགྲུབ་སྟེ། དེས་ན་དེ་ཡང་རྗེས་སུ་དཔག་པ་ཅིག་གིས་གྲུབ་དགོས་པས་དཔེ་ཐུག་པ་མེད་པ་དང༌། རྟགས་ཐུག་པ་མེད་པའི་སྐྱོན་འོང་ངོ༌། །འོན་ཏེ་དེའི་སྐྱོན་མི་འོང་སྟེ། དབུ་མའི་རྒྱན་ལས། མུ་སྟེགས་རྒྱལ་དཔོག་པ་ན་རེ། གདོང་ཉིད་དེར་དམིགས་པ་ལས། གཟུགས་བརྙན་ཞེས་ཐ་སྙད་འདོགས་ཟེར་བ་དང༌། བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་གཞན་ཞིག་དེར་བྱུང་ངོ་ཞེས་ཟེར་བ་དང༌། མདོ་སྡེ་པ་ན་རེ་ཤེས་པ་ཁོ་ན་དེ་ལྟར་སྣང་ཞེས་ཟེར་བ་དང༌། རྗེས་སུ་དཔག་པའི་སྒོ་ནས་དཔེ་རང་བཞིན་མེད་པར་བསྒྲུབས་པས་དེ་བས་ན་དཔེ་ཐུག་པ་མེད་པར་ཡང་མི་འགྱུར་ལ། ཐམས་ཅད་དུ་མཐུན་པའི་དཔེ་ལ་དོན་དམ་པ་གཏན་ལ་འབེབས་


DTG207_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེར་ཡང་གང་དག་སྔར་སྒྲུབ་པའི་མཐས་བློ་མ་འགྱུར་ཙམ་ན། དེ་ལྟར་མི་འཛིན་ཡང་ཕྱིས་གྲུབ་པའི་མཐས་བློ་བསླད་ནས་དོན་མེད་པའི་བཞིན་ཅིག་ཡིན་ནོ་ཞེས་ཟེར་བ་ལ། དོན་བྱེད་ནུས་པའི་བཞིན་མ་ཡིན་ནོ་ཞེས་དགག་པ་ཙམ་བྱེད་ཀྱི་གཟུགས་བརྙན་དེ་དོན་དམ་པར་རང་བཞིན་མེད་པར་སྒྲུབ་པ་ནི་མ་ཡིན་ཏེ། དེས་ན་རྟགས་དང་དཔེ་ཐུག་པ་མེད་པའི་སྐྱོན་མེད་པ་ཡིན་ནོ། །འདི་ལྟར་དང་པོ་དེ་དོན་བྱེད་ནུས་པའི་རང་བཞིན་མ་ཡིན་པར་དགག་པར་དགོངས་ནས་འདི་སྐད་གསུངས་ཏེ། སྦྱོར་བ་ནི་རྣམ་པར་ཤེས་པ་གང་ཞིག་གང་དང༌། མཚན་ཉིད་མི་མཐུན་པར་སྣང་བ་དེ་ནི་དེའི་དམིགས་པ་མ་ཡིན་ཏེ། དཔེར་ན་སྒྲ་ཤེས་པ་གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བ་བཞིན་ནོ། །གཟུགས་བརྙན་གྱིས་ཤེས་པ་ཡང་གདོང་ལ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གནས་པ་དང་མཚན་ཉིད་མི་མཐུན་པར་སྣང་བ་ཡིན་པས་ཁྱབ་པ་བྱེད་པས་འགལ་བ་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་དོན་བྱེད་པའི་གཟུགས་མ་ཡིན་ཞེས་བཀག་ལ། དེར་གཟུགས་བརྙན་དོན་དམ་པར་མེད་པར་མ་གསུངས་སོ། །གཉིས་པ་ལས་གཟུགས་ཅན་དོན་བྱེད་ནུས་པ་ལྷན་ཅིག་གནས་པ་དགག་པའི་དབང་དུ་མཛད་ནས་གསུངས་པ། འདི་སྐད་དུ་སྦྱོར་བ་ནི་དངོས་པོ་ལུས་ཅན་གང་དག་ཡིན་པ་དེ་དག་ནི་ཡུལ་ཕན་ཚུན་སྤངས་ཏེ་གནས་པའི་རང་བཞིན་དག་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་འདི་དག་ཀྱང་ལུས་ཅན་ཡིན་པས། རང་བཞིན་གྱི་གཏན་ཚིགས་ཡིན་ནོ་ཞེས་གསུངས་ཏེ། དེར་ཡང་དོན་བྱེད་པའི་གཟུགས་ལྷན་ཅིག་གནས་པ་བཀག་པ་ལས་གཟུགས་བརྙན་དོན་དམ་པའི་རང་བཞིན་མེད་པར་ནི་མ་བསྒྲུབས་སོ། །ཕྱོགས་གསུམ་པ་གསལ་བའི་ཕྱིར་གསུངས་པ་འདི་སྐད་དུ། ཕ་རོལ་པོའི་གཟུགས་བརྙན་ལ་སོགས་པ་འདི་དག་རྣམ་པར་ཤེས་པའི་ངོ་བོར་རྫས་སུ་ཡོད་པར་ཁས་བླངས་མོད་ཀྱི། གཟུགས་བརྙན་ལ་སོགས་པ་དེ་དག་ནི་དཔེ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་བརྙན་ལ་སོགས་པར་ཤེས་


DTG207_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། སྣང་བ་ཅན་གྱི་ངོ་བོ་གང་ཡིན་པའོ། །དེ་ཡང་བརྫུན་པའི་ཕྱིར་དཔེ་གྲུབ་པ་ཁོ་ན་ཡིན་ནོ། །ཞེས་གསུངས་ཏེ། དེར་ཡང་ཕྱི་རོལ་དུ་ཀུན་བརྟགས་པའི་དོན་བྱེད་ནུས་པའི་གཟུགས་བཀག་པ་ལས། གཟུགས་བརྙན་ཉིད་ཀྱང་རང་བཞིན་མེད་པར་ནི་མ་བསྒྲུབས་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ། །གལ་ཏེ་ཟློག་ན་གནོད་པ་ཅན་གྱི་ཚད་མ་གཅིག་གིས་དོན་དམ་པར་རང་བཞིན་མེད་པར་གྲུབ་བོ་ཞེས་ཟེར་ན། དེ་ལྟར་ན་བརྡ་ཤེས་པའི་གང་ཟག་ཚད་མའི་བསྟན་བཅོས་ལ་ཐོས་པ་ཀུན་གྱིས་གཟུགས་བརྙན་ལ་བཞིན་ཡང་དག་པར་འཛིན་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་མཐུན་པའི་དཔེ་ལ་གཏན་ཚིགས་དོན་དམ་པ་དང༌། བསྒྲུབས་པ་དོན་དམ་པ་འབྲེལ་པར་མངོན་སུམ་དང་རྗེས་སུ་དཔག་པས་མ་གྲུབ་སྟེ། གང་དུ་སྨོས་པ་བཞིན་ནོ། །གལ་ཏེ་མ་ཡིན་པར་དགག་པའི་སྐྲ་སྦྱར་བར་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་གཟུགས་བརྙན་དེ་ཉིད་ལ་འབྲེལ་པ་མངོན་སུམ་དུ་གྲུབ་པས་དེ་དཔེར་བྱེད་དོ་ཞེ་ན། དེ་ལ་སྨྲས་པ། འོ་ན་ནི་འབྲེལ་པ་གྲུབ་པ་ལ་དོན་མེད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ནི་གཏན་ཚིགས་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་དང༌། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པར་གཉིས་འབྲེལ་པར་གོ་དགོས་ལ། དེ་དང་མི་མཐུན་པ་ཀུན་རྫོབ་ཀྱི་སྣང་བ་གཅིག་ལ་འབྲེལ་པར་གྲུབ་པས་དོན་དམ་པའི་འབྲེལ་པ་ནི་སྔར་གཏན་ལ་མ་ཕབ་ལ་ཀུན་རྫོབ་ནི་སྔ་ནས་གྲུབ་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཡང་དོན་དམ་པ་རང་བཞིན་མེད་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་ཀྱི་བདེན་པ་ལ་གཏན་ཚིགས་ཞུགས་པས་འགལ་བའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་གཅིག་ལ་འབྲེལ་པ་སྒྲུབ་བོ་ཞེས་བརྒྱ་ལ་ཟེར་ན། དེ་ལྟ་ན་ཡང་འབྲེལ་པ་གྲུབ་པ་དོན་མེད་པའི་ཉེས་པ་དང༌། གཏན་ཚིགས་དང་ཐུན་མོང་མ་ཡིན་པའི་ངེས་པའམ། འགལ་བའི་གཏན་ཚིགས་ལྟར་སྣང་བའི་ཉེས་པ་ཡོད་དེ། བསྒྲུབ་པར་བྱ་བའི་ཆོས་ལ་ནི་གཏན་ཚིགས་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་ཞུགས་ནས་འདུག་ལ་མཐུན་པའི་དཔེ་ལ་ནི་ཀུན་རྫོབ་ཀྱི། གཅིག་དང་དུ་མ་དང་བྲལ་བ་ཞུགས་པའི་ཕྱིར་


DTG207_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གལ་ཏེ་ཇི་ལྟར་གྱུར་ཀྱང་རུང་སྟེ། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པས། ཡང་དག་པ་ཞེས་བྱ་བ་ནི་དོན་དམ་པ་ལ་དགོས་པ་ཡིན་ཏེ། དེ་བས་ན་མེད་པ་དགག་པ་ཡིན་ནོ། །ཞེས་ཟེར་ན། དེ་ལ་སྨྲས་པ། གཏན་ཚིགས་ལ་དོན་དམ་པའི་སྒྲ་མ་ཞུགས་པ་ཡང་ཡོད་དེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་ཏུ་ན་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན། །གང་ཞིག་གཅིག་དང་དུ་མ་དང་བྲལ་བ་དེ་ནི་དོན་དམ་པར་ན་རང་བཞིན་མེད་དེ་དཔེར་ན་གཟུགས་བརྙན་བཞིན་ནོ། །ཕྱི་རོལ་ནང་ན་གནས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན་རང་བཞིན་མེད་དོ་ཞེས་གསུངས་པ་དང༌། ཡང་དག་པའི་སྒྲ་ཡོད་ཀྱང་དེ་ནི་མ་ཡིན་པ་དགག་པའི་སྒྲར་སྦྱར་ཏེ། དེ་སྐད་དུ། དབུ་མའི་རྒྱན་དེ་ཉིད་ཀྱི་ཊཱིཀཱ་ལས། སྦྱོར་བ་དེ་ནི་འདི་ལྟ་བུ་ཡིན་ཏེ། གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པར་རང་བཞིན་མེད་དེ་དཔེར་ན་གཟུགས་བརྙན་བཞིན་ནོ། །བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཅིག་པ་ཉིད་དང་དུ་མ་ཉིད་ཀྱི་རང་བཞིན་ལ་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ལྟར་གང་ཞིག་མངོན་སུམ་དང་རྗེས་སུ་དཔག་པས་འབྲེལ་པ་མ་གྲུབ་པ་དེ་ནི་གཏན་ལ་ཕབ་ཅེས་ཐ་སྙད་གདགས་སུ་མེད་དེ། དཔེར་ན་མེ་དང་དུ་བའི་འབྲེལ་བ་གཏན་ལ་ཕབ་པའི་དུས་སུ་དོན་དམ་པའི་བདེན་པའི་གཏན་ལ་ཕབ་ཅེས་ཐ་སྙད་གདགས་སུ་མི་འདོད་པ་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་དོན་དམ་པ་ལ་འབྲེལ་པ་འཇོག་པ་འདི་ཡང་མངོན་སུམ་དང་རྗེས་སུ་དཔག་པར་མ་གྲུབ་པས་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་བསྒྲུབ་པར་བྱ་བའི་ཆོས་དང་མཚན་ཉིད་མི་མཐུན་པའི་འབྲེལ་པ་དེ་ནི་གཏན་ལ་


DTG207_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་པས་ཕྱོགས་ཀྱི་ཆོས་རྟོགས་པ་ལ་དགོས་པ་མེད་དེ། དཔེར་ན་བྱས་པ་དང་མི་རྟག་པ་གཏན་ལ་ཕབ་པ་ལས་རྒྱབ་ཀྱི་མེ་རྟོགས་པ་ལ་དགོས་པ་མེད་པ་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་འབྲེལ་པ་གཏན་ལ་འབེབས་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་དང་མཚན་ཉིད་མི་མཐུན་པས་ཁྱབ་པར་བྱེད་པས་མི་དམིགས་པའོ། །དེ་བས་ན་བྱེ་བྲག་ནི་དོན་དམ་པའི་བདེན་པའམ། །ཀུན་རྫོབ་ཀྱི་བདེན་པ་གང་ལ་ཡང་གཏན་ལ་དབབ་ཏུ་མི་འདོད་དོ། །འོ་ན་བདེན་པ་གཉིས་སུ་མ་འདུས་པ་མེད་པས་འབྲེལ་པ་མི་འགྲུབ་བོ་ཞེ་ན། བདེན་ཏེ། འོན་ཀྱང་རིགས་མི་མཐུན་པ་ལ་སོགས་པ་རྟག་པའི་སྤྱི་ཞེས་བྱ་བ་དང༌། རིགས་མཐུན་པ་ལ་སོགས་པ་རང་རང་གི་ངོ་བོ་ལ་གནས་པ་ཞེས་བྱ་བ་ནི་ཁས་བླངས་དགོས་ཏེ། འདི་ལྟར་སྡོད། གཅིག་དང་དུ་མ་དང༌། རང་བཞིན་ལས་ལོག་པའི་གཅིག་དང་དུ་མ་དང་བྲལ་བ་དང༌། རང་བཞིན་མེད་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་འཇུག །དོན་དམ་པའི་བདེན་པ་ལ་ཡང་འཇུག་སྟེ། ཐུན་མོང་དུ་འཇུག་གོ །འོ་ན་སྤྱི་དེ་ལ་འབྲེལ་པ་སྒྲུབ་བམ་ཞེ་ན། སྨྲས་པ་དེ་ཡང་མ་ཡིན་ནོ། །འོ་ན་ཅི་ལྟར་བསྒྲུབ་ཅེ་ན། འདི་ལྟར་གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་ཞེས་སྨྲས་པ་ན་གཏན་ཚིགས་སྤྱིར་སྨོས་པའོ། །དོན་དམ་པར་རང་བཞིན་མེད་དོ་ཞེས་སྨྲས་པ་དང༌། གཏན་ཚིགས་སྤྱིའི་རྗེས་སུ་བསྒྲུབ་བྱ་སྤྱི་འགྲོ་བར་སྨྲས་པ་ཡིན་ཏེ། མ་རིག་པས་ལྡོངས་པའི་འཇིག་རྟེན་པ་དག་མཚན་ཉིད་ཀྱི་ཡང་དག་པའི་ཀུན་རྫོབ་ཡིན་པའི་ལྟ་བ་དང༌། བསྒོམ་པ་དང༌། མྱང་བ་ཅན་གྱི་དོན་བྱེད་ནུས་པའི་རང་བཞིན་འདི་ལ་དོན་དམ་པར་འཛིན་ལ། གྲུབ་པའི་མཐའ་ལས་ནི་རིགས་པས་གྲུབ་པ་ལ་དོན་དམ་པ་ཞེས་ཟེར་བས་དེ་གཉིས་ཀ་རྗེས་སུ་འགྲོ་བ་བསྟན་ཏོ། །དཔེར་ན་གཟུགས་བརྙན་བཞིན་ནོ། །ཞེས་སྨྲས་པ། སྤྱི་དེ་བྱེ་བྲག་ཀུན་རྫོབ་ཀྱི་བདེན་པ་ལ་ཞུགས་པར་བསྟན་ཏོ། །དེས་ན་གཟུགས་བརྙན་དེ་ཉིད་དོན་བྱེད་ནུས་པའི་བཞིན་གཅིག་དང་དུ་མ་མ་ཡིན་པས་དོན་བྱེད་ནུས་པའི་བཞིན་གྱི་རང་བཞིན་མ་ཡིན་པར་བསྟན་ཏོ། །ཕྱིར་རྒོལ་བས་ནི་ཤེས་པ་རྟོག་མེད་མངོན་སུམ་དུ་འཁྲུལ་པ་གཅིག་གིས་དེ་


DTG207_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྟོགས་སོ། །དེ་ལྟར་སྤྱི་བྱེ་བྲག་དང་བཅས་པ་དེ་དཔེར་གྲུབ་ནས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས་ཡོད་པར་བསྟན་པའི་ཕྱིར། །བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་ཞེས་སྨྲས་པས། ཆོས་ཅན་གཟུགས་བརྙན་དང་མི་འདྲ་བར་དོན་བྱེད་ནུས་པ་ནི་འཇིག་རྟེན་པས། ཡང་དག་པར་འདོད་པ་འདི་ཉིད་ཡིན་པར་བསྟན་ཏོ། །གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་སྨྲས་པ་ནི། གཏན་ཚིགས་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་དོན་བྱེད་ནུས་པ་གཞན་གྱིས་དབང་དོན་དམ་པར་འདོད་པ་འདི་ཉིད་ལ་ཡོད་པར་བསྟན་ཏོ། །དེས་ན་སྤྱིར་དོན་དམ་པའི་གཅིག་དང་དུ་མ་མ་ཡིན་པ་དེ་བྱེ་བྲག་ཏུ་གཟུགས་བརྙན་དུ་ཞུགས་པ་དེ་ཙམ་ཞིག་བསྒྲུབ་པར་བྱ་བའི་ཆོས་ཅན་ཐམས་ཅད་ལ་ཡང་ཡོད་པར་རྒོལ་བས་ཀྱང་སྨྲས་པ། །ཕྱིར་རྒོལ་བས་ཀྱང་དེ་ཙམ་ཡོད་པར་གོའོ། །དེ་སྐད་དུ། བམ་པོ་ལྔ་པ་ལས་ཀྱང༌། མཐུན་པའི་དཔེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་ནོ་ཞེས་གསུངས་སོ། །དེ་ཙམ་ལ་དགོངས་ནས་ཆོས་ཅན་དང༌། གཏན་ཚིགས་ལ་སོགས་པ་མཐུན་པར་སྣང་བ་འཇོག་ཅེས་གསུངས་པ་དང༌། རྒོལ་བ་གཉི་གའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པ་རྟོགས། །ཞེས་གསུངས་པ་དང༌། བསྒྲུབ་པ་དང་སྒྲུབ་པའི་དངོས་འདི་ནི། །གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་གིས། །ཤེས་པར་གྱུར་པའི་དངོས་རྣམས་ལ། །མ་ལུས་ཡང་དག་འཇུག་པར་འགྱུར། །ཞེས་གསུངས་སོ། །རྟགས་དེ་བུམ་པ་ལྟ་བུ་བྱེ་བྲག་ཅིག་ལ་ཕྱིར་རྒོལ་བ་མཁས་པས་ནི་མངོན་སུམ་དང་ཆ་ཤས་བཅུར་སྣང་སྟེ། གཅིག་མ་ཡིན་པར་རྟོགས་ལ་བསྟན་བཅོས་ལོག་པ་ལ་གོམས་པས་བློ་བསླད་པ་ལ་སོགས་པ་མི་མཁས་པ་རྣམས་ཀྱིས་རྗེས་སུ་དཔག་པའི་སྒོ་ནས་འགྲུབ་སྟེ། འདི་ལྟར་བརྟགས་ཏེ་མཐུན་པར་སྣང་བའི་ཆོས་ཅན་ལ་བཞག་པས་ཁས་བླང་ན་དགོས། །མཐོང་བ་ཙམ་གྱིས་ངེས་པ་ནི་མ་སྐྱེས་པ་དེ་ཐེ་


DTG207_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཟ་ན་རགས་པ་བུམ་པ་ནས་རྡུལ་ཕྲ་རབ་ལ་ཐུག་གི་བར་དུ་ཡིད་རབ་ཏུ་བཏུད་ནས། ཕྱོགས་ཆ་བཅུའམ། །དྲུག་གམ། བཞིར་བརྟགས་ནས་གཅིག་དང་བྲལ་བས་ངེས་པ་སྐྱེད་ལ། དེ་ལ་ཡང་ཐེ་ཚོམ་ཟ་ན་ཡིད་རབ་ཏུ་བཏུད་ནས་བལྟས་ལ། ཕྱོགས་ཆ་བཅུར་ཕྱེ་བས་གཅིག་ཏུ་མ་མཐོང་ངོ༌། །དེ་མི་སྣང་བས་ཆ་ཤས་མེད་པར་དུ་མར་ཐེ་ཚོམ་ཟ་བའི་རྒྱུ་མེད་དེ། དེ་མ་མཐོང་བས་གཅིག་དང་དུ་མ་དང་བྲལ་བའི་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་ཡིན་ནོ། །དོན་དམ་པའི་གཅིག་དང་དུ་མ་ཞེས་བྱ་བ་དང༌། ཆ་ཤས་མེད་པའི་གཅིག་དང་དུ་མ་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ནོ། །དེ་མ་མཐོང་བའི་ཤེས་པ་མ་བསྐྱེད་པས་བདག་ཉིད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཤེས་པའི་ཐ་སྙད་མི་སྐྱེ་ལ། གཞན་ལ་སྒྲའི་ཐ་སྙད་ཀྱང་མི་བརྗོད་དེ། དེ་ནི་ངེས་པ་སྔོན་དུ་འགྲོ་བར་བསྟན་ཟིན་ཏོ། །ཁ་ཅིག་དེ་ལ་འོ་ན་ནི་གཏན་ཚིགས་དོན་དམ་པ་ལ་གཞག་པར་འགྲོ་སྟེ། དེས་ན་བསྒྲུབ་པའི་མཐའ་སྤངས་ནས། །ཇི་ཙམ་སྣང་བའི་ཆ་ལ་གཞག་པ་དང༌། །འགལ་བ་དང༌། རང་བཞིན་མེད་པ་དང༌། ཐ་དད་མ་ཡིན་པའི་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་སུ་བླངས་པས་ཡང་ན་མ་གྲུབ། གྲུབ་ན་རྟགས་ཀྱི་རྗེས་སུ་འབྲང་བར་དོན་མེད་པར་འགྱུར་བའི་ཉེས་པ་ཡོད་དོ་ཞེ་ན། དེ་ལ་སྨྲས་པ། ཇི་ཙམ་སྣང་བའི་ཆ་ལ་འཇོག །ཅེས་བྱ་བ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་མཐུན་པར་སྣང་བ་ལ་སྒྲ་སྦྱོར་གྱིས་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་ཆོས་ཅན་མངོན་སུམ་དུ་སྣང་བ་ལ་ནི། གཏན་ཚིགས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པས་གཅིག་དང་དུ་མ་དང་བྲལ་བར་ངེས་པ་སྐྱེ་བ་ཡོད། །མཐུན་པར་སྣང་བ་མ་ཡིན་པ་ལ་ཆོས་ཅན་དང་གཏན་ཚིག་འཇོག་པ་ཡང་ཡོད་དེ། །དཔེར་ན་རྡུལ་ཕྲ་རབ་ལྟ་བུའོ། །དེ་དངོས་པོ་ལ་གནས་པས་མཐུན་པར་སྣང་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ཉེ་ཟེར་གྱི་ནི་རྡུལ་གཅིག་ལ། །ཕྲ་རབ་རྡུལ་ནི་འབུམ་ཕྲག་བརྒྱད། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་གསུམ། །བརྒྱ་ཕྲག་ལྔ་དང་བཞི་བཅུ་གསུམ། །དེ་ལྟ་བུའི་ཆ་དེ་མཐུན་པར་སྣང་བ་ཡིན་ནམ།


DTG207_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་དགོས་པ་ནི་རྣལ་འབྱོར་པའི་རྟོགས་པ་བསལ་བར་བྱ་བ་དང༌། ཐེ་ཚོམ་གྱི་ཟུག་རྔུ་དབྱུང་བའི་དགོས་པ་ཡོད་ལ། དགོས་པ་ནི་མངོན་སུམ་དུ་མ་གྱུར་པ་བློ་གཞིགས་པའི་དུམ་བུ་ཤིན་ཏུ་ཕྲ་བ་ལ་དགོངས་པའོ། །དམ་བཅས་པའི་ཕྱོགས་གཅིག་ཅེས་བྱ་བ་འདི་ཡང་ཉེས་པ་མེད་དེ། །འདི་སྐད་དུ། གཏན་ཚིགས་འདི་ལ་ནི་དམ་བཅས་པའི་ཕྱོགས་གཅིག་པ་ཡང་མེད་དེ། གྲུབ་པའི་ཡུལ་གྱིས་ཡུལ་ཅན་ཤེས་པ་དང༌། སྒྲ་དང་ཐ་སྙད་རྣམས་བསྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་གླང་སྟེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་ཇི་སྐད་སྨྲས་པའི་འཐད་པ་རྣམས་ཀྱི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྟན་དུ་ཟིན་ཀྱང༌། གང་དག་ཐོག་མ་མེད་པའི་འཁོར་བ་ནས་ཕྱིན་ཅི་ལོག་གཅིག་ནས་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པ་ཡོངས་སུ་འཕེལ་བ་སྤང་བར་དཀའ་བ་དང༌། ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་མི་བྱེད་པའི་ཕྱིར། ཡང་དག་པར་དངོས་པོ་མཐའ་དག་ལ་ཁྱབ་པའི་རང་བཞིན་མེད་པ་ངེས་པར་མི་སེམས་མི་བརྗོད་ཅིང༌། གཞན་དག་ལ་ཡང་ངེས་པ་བསྐྱེད་པར་འདོད་པས་ཐ་སྙད་འདོགས་པར་མི་བྱེད་པ་དེ་དག་ལ། འདི་ལྟ་དེ་ལྟར་ཤེས་པ་སྒྲ་དང་ཐ་སྙད་ཀྱི་ཡུལ་ཉིད་གྲུབ་སྟེ་དམིགས་སུ་ཡོད་པའི་མཚན་ཉིད་དུ་གྱུར་པ་ལས། མི་དམིགས་པས་མེད་ཅེས་བྱ་བ་ལྟ་བུའོ། །ཞེས་གསུངས་ཀྱི། གཏན་ཚིགས་ནི་མ་ཡིན་པར་དགག་པ་ཡིན་པས་སྣང་བ་ཡིན་ལ། བསྒྲུབ་བྱ་ནི་མེད་པར་དགག་པ་ཡིན་པས་ཉེས་པ་མེད་ཅེས་ནི་མི་གསུང་ངོ༌། །དེ་ལྟ་མ་ཡིན་ན་བདག་ཉིད་གཅིག་པ་ཡང་ཇི་ལྟར་རུང༌། འོ་ན་མཐུན་པའི་དཔེ་ལ་ནི་མ་ཡིན་པར་དགག་པའི་སྒྲར་སྦྱོར་ལ། དེ་དང་མཐུན་པས་ཕྱོགས་ཀྱི་ཆོས་སྨོས་པས་ཁྱད་པར་དུ་མེད་པ་ཡིན་པས་ཅིས་རྟོགས་ཤེ་ན། གཟུགས་བརྙན་ལ་ནི་དོན་བྱེད་ནུས་པའི་གཅིག་དང་དུ་མ་དང་བྲལ་བར་བསྒྲུབས་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ནི་དགག་རྒྱུ་དེ་ཉིད་ལས་ཏེ། ཀུན་བརྟགས་པ་ནི་གཞན་གྱིས་བཀག་ཟིན་ཏོ། །དེ་བས་ན་བསྡུས་པ་


DTG207_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤུགས་ཀྱིས་གོ་བའི་སྦྱོར་བ་ཞེས་བྱ་བ་ཡིན་ཏེ། མིང་དེ་ལྟ་བུ་ནི་ཐེག་པ་བསྡུས་པ་ལས་གསུངས་སོ། །ཤུགས་ནི་འབྲེལ་བའི་ཤུགས་སོ། །དོན་དམ་པར་རང་བཞིན་མེད་དོ། །ཞེས་སྨྲས་པས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཟིན་ཏོ། །དེ་ཡང་ཡང་དག་པའི་ཤེས་པ་བསམ་པའི་དབང་གིས་འདི་ཉིད་རང་བཞིན་མེད་པ་ཡིན་གྱི། ཀུན་རྫོབ་ཀྱི་ཤེས་པའི་བསམ་པའི་དབང་གིས་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ་རང་བཞིན་ཞེས་བྱ་བ་ནི་རྟག་པ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། རིགས་པས་མི་གནོད་པ་བློས་མ་བརྟགས་པ་ལ་ཟེར་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་རང་བཞིན་གྱིས་ཡོད་ན། དེ་ནི་མེད་པ་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པ་མ་ཡིན་ནོ། །རང་བཞིན་དག་ནི་ཇི་ལྟ་བུར། །བྱས་པ་ཅན་ཞེས་བྱ་བར་འགྱུར། །རང་བཞིན་བྱས་པ་མ་ཡིན་པ། །ཕ་རོལ་པ་ཡང་ལྟོས་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པས་དེ་མེད་ཀྱི། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྣང་ངོ་ཞེ་ན། དེ་ལ་སྨྲས་པ་བདེན་ཏེ། འོན་ཀྱང་རིགས་པ་བྱ་བ་ཅི་ལ་བྱ། ཡང་དག་པའི་ཤེས་པ་ཡིན་ནོ་ཞེ་ན། དེ་ལ་སྣང་ངམ་ཞེས་དྲིས་པ་ན་སྣང་ཞེས་ཟེར་ན། དེ་ཉིད་རིགས་པས་མི་གནོད་ཅི་གྲུབ་པ་དོན་དམ་པ་ཞེས་བྱ་སྟེ། ཀུན་རྫོབ་ནི་མ་ཡིན་ནོ། །འོན་ཏེ་བསྒྲུབ་བྱ་ཁོང་དུ་ཆུད་པར་བྱེད་པའི་དུས་སུ་སྤྱི་རྗེས་སུ་དཔག་པ་ཡིན་པས་སྣང་ངོ་ཞེ་ན། དམ་བཅས་པ་དང༌། ཕྱོགས་དང༌། བསྒྲུབ་པར་བྱ་བ་དང༌། རྗེས་སུ་དཔག་པར་བྱ་བ་ནི་གཅིག་སྟེ། དོན་དམ་པར་རང་བཞིན་མེད་པ་དང༌། ཀུན་རྫོབ་ཏུ་སྣང་བ་གཉིས་སུ་དམ་བཅས་པ་ལ་སོགས་པ་ཡིན་གྱི། ཤེས་པ་གཅིག་ལ་གཉིས་སྣང་བ་ནི་མ་ཡིན་ཏེ། ཆོས་ཅན་སྣང་བ་ན་ཆོས་ཉིད་ཅེས་ཇི་སྐད་དུ་བྱ། མི་རྟག་པ་ནི་དངོས་པོ་ཡིན་པས་འགལ་བ་མེད་དོ། །ཆོས་ཅན་མེད་ན་ཆོས་ཉིད་དེ་གང་ཡིན་སྙམ་ན། གཏན་ལ་འབེབས་ཙམ་ན་འདི་ཆོས་ཉིད་སྤྲོས་པ་དང་བྲལ་ཞེའམ། རང་བཞིན་མེད་ཅེས་ཐ་སྙད་འདོགས་ཀྱི། གཏན་ལ་འབེབས་ཏེ་རྗེས་སུ་དཔག་པའི་ཤེས་པ་སྐྱེས་ཙམ་ན། ཆོས་ཉིད་


DTG207_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འཛིན་པས་ཉེས་པ་མེད་དོ། །འོན་ཀྱང་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བས་བྱེ་བྲག་ཏུ་བྱས་པའི་ཆོས་ལ་དམིགས་པའི་སྒོ་ནས་སྤྱི་ཞེས་བྱ་བ་འགལ་བ་མེད་དོ། །དེ་བས་ན་ཀུན་རྫོབ་དེ་ཉིད་ཡང་དག་པའི་ཤེས་པ་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། གཞན་དུ་ན་འདི་ཀུན་རྫོབ་ཡིན་པར་ཅིས་གྲུབ། དེ་སྐད་དུ། འཇམ་དཔལ་གནས་པ་ལས། འདས་པ་གང་དང་མ་འོངས་དང༌། །ད་ལྟར་བྱུང་ཆོས་བརྗོད་པ་ནི། །དོན་གྱིས་མ་ཡིན་ཐ་སྙད་ཙམ། །ཞེས་གསུངས་ཏེ། དེས་ནི་དོན་དམ་པར་མ་གྲུབ་པས་ཀུན་རྫོབ་ཙམ་ཡིན་ཞེས་གསུངས་པའོ། །གཅིག་དང་སྣ་ཚོགས་པ་མཚན་ཉིད་མིན། །ཞེས་གསུངས་པ་དེས་ནི་དོན་ནི་དོན་དམ་པར་ན་ཀུན་རྫོབ་དེ་ཉིད་གཅིག་དང་དུ་མ་དང་བྲལ་ཞེས་གསུངས་པའོ། །དེ་བས་ན་དེ་ཉིད་རང་བཞིན་མེད་དོ་ཞེས་གསུངས་པའོ། །འོ་ན་ཡོད་པ་བཀག་ནས་མེད་པ་འཛིན་ནོ་ཞེན། མཚན་ཉིད་མེད་པར་གང་རྟོགས་པ། །དེ་དག་ཉིད་ནི་མཚན་ཉིད་འགྱུར། །ཞེས་གསུངས་ཏེ། དེས་ན་མེད་པ་ཞེས་བྱ་བ་ཅིར་ཡང་མ་གྲུབ་ཅེས་བསྟན་ཏེ། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་པ་ལ་སྨྲས་པ། དེ་ལ་ཇི་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་སྟོང་པ་ཉིད་དངོས་པོ་ཡིན་དུ་ཟིན་ནི། སྟོང་པ་ཉིད་དུ་འདུས་བྱས་དང་མི་རྟག་པར་འགྱུར་རོ། །འོན་ཏེ་སྟོང་པ་ཉིད་དངོས་པོ་མེད་པ་ཉིད་ཡིན་དུ་ཟིན་ན་ནི། སྟོང་པ་མི་སྟོང་པར་འགྱུར་ཏེ། དེའི་ཕྱིར་སྟོང་པ་ཉིད་དངོས་པོ་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །འོ་ན་ཅིར་ཡང་མ་གྲུབ་པའི་མི་གསུང་བར་མེད་ཅེས་མི་གསུངས་བ་སྙམ་པ་ལ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ནི་དེ་ཉིད་འགོག་པ་སྟེ། །མེད་པ་ཉིད་དུ་མི་བཟུང་ངོ༌། །དཀར་པོ་མིན་ཞེས་བསྟན་པ་ན། །ནག་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་


DTG207_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འབྲེལ་པ་ལ་ནི་ལོག་རྟོག་བཞིན། །བསྒྲུབ་བྱའི་གཏན་ཚིགས་ལོག་རྟོག་དང༌། །བསྒྲུབ་བྱ་ཉིད་ལ་ལོག་རྟོག་དང༌། །དེ་དག་སུན་དབྱུང་མདོར་བསྟན་པ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་སྒོམ་པ་ལ་ལོག་པར་རྟོག་པ་འདི་གཉིས་ཏེ། བསྒོམ་པ་དང༌། དེའི་རྟགས་སོ། །གོང་མ་ལ་གཉིས་ཏེ། དམིགས་པ་དང་ཤེས་པའོ། །དེ་ལ་དམིགས་པ་ལ་ནི་ཁ་ཅིག་ན་རེ་ད་ལྟ་ནི་རྒྱུའི་དུས་ཚིགས་ཡིན་ཏེ། ཐོས་བསམ་བྱ་སྟེ་བསྒོམ་དུ་མི་འདོད་དོ། །དཔེར་ན་རྡོའི་སྟེང་དུ་ས་བོན་འདེབས་པ་དང་འདྲའོ་ཞེས་ཟེར་རོ། །དེ་ལ་སྨྲས་པ། དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་ལ་ནན་ཏན་བྱ་དགོས་པས་བསྒོམ་མོ། །འོན་ཏེ་ངའི་སེམས་འདུག་ཏུ་མི་འདོད་དོ། །ཞེ་ན། དེ་ཙམ་གྱིས་གཞན་བདག་ཏུ་མི་འདོད་དོ། །རྟོག་པ་དང་ལྡན་པ་ཡིད་ཆེས་པའི་སྔ་ན་ཉམས་སུ་མྱོང་བ་སྨྲ་བ་ལས་རྗེས་སུ་དཔག་པར་ནུས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། ལྔ་བརྒྱ་ཐ་མའི་དབང་དུ་མཛད་ནས་ནི། །དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དག །ལྔ་བརྒྱ་ལས་ནི་མི་ཉུང་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཁ་ཅིག་ན་རེ་ཆོས་དང་ཆོས་ཅན་གཉིས་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེ་ནི་མི་རྟག་པ་ཙམ་ཤེས་པ་ཡིན་གྱི། སྤྲོས་པ་དང་བྲལ་བ་ཡེ་མ་གོ་བ་ཡིན་པས། རེ་ཞིག་གཞག་སྟེ་ཟབ་མོའི་སྣོད་མ་ཡིན་ནོ། །ཁ་ཅིག་ན་རེ་ཆོས་ཉིད་ཀྱི་རང་བཞིན་མཚན་ཉིད་ཁོ་ན་བསྒོམ་མོ། །དེ་བས་ན་ཇེ་གསལ་ཇེ་གསལ་སྐྱེད་འབྱུང་བ་ཡིན་ཏེ། སྤྱིའི་རྣམ་པ་ལ་གསལ་བ་མེད་དོ་ཞེས་ཟེར་ཏེ། རྣམ་པ་ལ་འགལ་བ་མེད་དོ་ཞེས་ཏེ། དེ་ལ་སྨྲས་པ། དེ་ནི་མི་རྟག་པ་ཙམ་ཤེས་པ་ཡིན། འོ་ན་བདེན་པ་མཐོང་བར་ཐལ་བར་འགྱུར་རོ། །དེ་ཡོན་ཏན་གྱིས་མི་མཉམ་པ་ཡིན་ནོ། །ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་ཁས་མ་ལེན་ཅིག །སྤྱིའི་རྣམ་པ་ལ་ཡང་ཇེ་གསལ་ཇེ་གསལ་འགྲོ་བར་ལུང་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཐོས་པ་སེམས་ལ་གཞག་པས་མཐོང་བ་དང་འདྲ་བར་འོང་ཞེས་གསུངས་ལ། རིགས་པས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིད་


DTG207_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་ཚིག་ལས་རྗེས་སུ་དཔག་པར་ནུས་སོ། །འོན་ཏེ་རིགས་པ་དྲུག་ཅུ་པ་ལས་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་བསྒོམ་པའི་སྐྱོར་བ་གྲུབ་པའི་ངོ་བོའི་ཡུལ་རང་གི་མཚན་ཉིད་མི་འཐད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། དེའི་ཚིག་ནི་འབྲེལ་པ་མེད་ཅེས་གསུངས་སོ་ཞེ་ན། དེ་ལ་དངོས་པོར་སྨྲ་བ་ལ་སྐྱོན་སྨྲས་པ་མ་ཡིན་ཏེ། རང་གི་མཚན་ཉིད་རྫས་སུ་གྲུབ་པ་དང༌། དངོས་ཀྱི་སྤྱི་རྫས་སུ་མ་གྲུབ་པ་གཉིས་ཐ་དད་པས་གཞན་བསྒོམས་པས་གཞན་འཐོབ་པར་ཐལ་བར་འགྱུར་རོ། །ཁ་ཅིག་ན་རེ་དོན་གྱི་སྤྱིའི་རྣམ་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། རྣམ་པ་ཇི་ལྟ་བུ་ཞིག་ཡིན། ཅིར་ཡང་མ་གྲུབ་པ་སྙམ་པ་དེ་ཙམ་ཞིག་ཡོད་པར་འཇོག་སྟེ། དེ་ཆོས་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་ཟེར་ན། དེ་ཆོས་ཉིད་ཀྱི་རྣམ་པ་མ་ཡིན་ཏེ། སྤྲོས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ཞེས་བྱ་བ་ཡེ་མེད་དེ། ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་གནས་པ་བཞིན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་ཅིའི་ཕྱིར་ཀུན་རྫོབ་ཞེས་བྱ། རིགས་པས་དཔྱད་ན་མ་གྲུབ་པས་ཀུན་རྫོབ་ཅེས་ཟེར་ན། འོ་ན་དོན་དམ་པའང་མ་གྲུབ་སྟེ། རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་ཉིད་དོན་དམ་པ་མ་ཡིན་ནོ། །འོན་ཏེ་རིགས་པས་ཡེ་མི་འཇུག་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་ཡེ་མ་གྲུབ་ཟེར་ན། འོ་ན་ཀུན་རྫོབ་ཅེས་ཀྱང་མ་ཟེར་ཅིག །ཁྱོད་བྱིས་པ་བསྟེན་པ་ཆོས་མ་ཐོས་པ་དང་བྱེ་བྲག་མེད་དོ། །དེ་བསྒོམ་པར་བྱ་མི་དགོས་སོ། །དེ་སྐད་དུ། ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། དོན་དམ་པའི་བདེན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ཚོགས་ཀྱི་མཆོག་བསྒྲུབ་མི་ནུས་སོ། །ཟླ་བའི་སྙིང་པོ་འདི་ལྟ་སྟེ། དཔེར་ན་མེ་སྟག་གང་གིས་རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམ་མི་ནུས་སོ། །ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་


DTG207_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་གིས་ཀྱང་རང་གི་ཉོན་མོངས་པའི་རྒྱ་མཚོ་སྐེམ་པར་མི་ནུས། སེམས་ཅན་གཞན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ནི་ཡེ་མི་བསྒོམས་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན་ཞེས་གསུངས་པས། སེམས་ཀྱི་བསྒོམ་དུ་མི་འདོད་དོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྣ་ཚོགས་པའི་ཕྱིར་སེམས་དང་དོན་ལ་སེམས་པའི་ཕྱིར་སེམས་པ་དང༌། བེམས་པོ་ལས་ལོག་པའི་ཕྱིར་སེམས་ཀྱི་ནི་བདེན་ན་གང་གི་ངོ་བོ་གང་ཡིན་པ་དེའི་རྣམ་པར་བྱུང་བ་དེས་མི་རྟོགས་ཞེས་ནི་བྱར་མི་རུང་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཤེས་བྱ་དང་ཁྱད་པར་མེད་པ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་ངོ་ཞེས་གསུངས་པ་དང༌། རྟགས་ཀྱི་སྟོབས་ཀྱི་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་རོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཡོད་པ་བཀག་ལ་མེད་པ་བསྒོམ་མོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེ་ཕུང་པོ་ལ་སོགས་པའི་ཆོས་ཡིན་ནམ། གལ་ཏེ་ཡིན་ནོ་ཞེ་ན། མེད་པ་དེ་དོན་དམ་པའི་བདེན་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན། གལ་ཏེ་དོན་དམ་པའི་བདེན་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ཏེ། ཆོས་ཐམས་ཅད་བསམ་དུ་མེད་ཅིང་སེམས་པ་མེད་པ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། །གང་ཅི་ལ་ཡང་མི་གནས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །ཞེས་གསུངས་ཏེ། དེ་ཡང་འགལ་ལོ། །ཡོད་པ་བཀག་ནས་མེད་པ་དོན་དམ་པ་ཡིན་པ་ནི་མདོ་སྡེ་གང་ན་ཡང་མི་བཞུགས་སོ། །མེད་པ་ནི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པ་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། །ཞེས་གསུངས་སོ། །སྐྱེ་བོ་སུ་དག་སྨྲ་ཞེ་ན། །རྒྱལ་དཔོག་པ་ལ་སོགས་པའོ། །དེ་སྐད་དུ། གནས་བརྟན་གཞོན་ནུ་མ་ལེགས་ཀྱི། །


DTG207_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་དག་ལ་ཞོ་སོགས་མེད། །དེ་ནི་སྔ་ནས་མེད་ཅེས་བྱ། །ཞོ་ལ་འོ་མ་མེད་པ་ནི། །ཞིག་ནས་མེད་པའི་མཚན་ཉིད་དོ། །མགོ་ཡི་ཡན་ལག་འཇོང་བ་དང༌། །སྐྱེད་དང་སྲན་པ་རྣམས་སྤངས་པ། །རི་བོང་ར་ལ་སོགས་དངོས་སུ། །དེ་ནི་གཏན་མེད་བརྗོད་པ་ཡིན། །བ་ལང་ལ་ནི་རྟ་སོགས་མེད། །དེ་ནི་གཅིག་ལ་གཅིག་མེད་བརྗོད། །ཅེས་སྨྲས་སོ། །དེ་དག་ལས་གང་ཞིག་ཡིན་པར་འདོད། གང་ཁས་བླངས་ཀྱང་ཆོས་ཉིད་མ་ཡིན་ནོ། །འོན་ཏེ་ཀུན་རྫོབ་ཀྱི་མེད་པ་ཡིན་ནོ་ཞེ་ན། དེ་མངོན་སུམ་དང་འགལ་བ་སྐུར་པ་འདེབས་པ་སྨྲ་བས་རེ་ཞིག་གཞག་གོ །དེ་བས་ན་བདེན་པ་གཉིས་ཀྱིས་མ་བསྡུས་པ་བཀའ་དང་བསྟན་བཅོས་དང་འགལ་བ་སྨྲ་བ་དེ་ལ་ཟློག་པར་བྱེད་པ་སུ་ཞིག་ཡོད། ཁ་ཅིག་ན་རེ་ཀུན་རྫོབ་ཀྱི་བདེན་པ་བརྫུན་པ་སྐྱོན་དང་བཅས་པ་བསྒོམས་ཏེ། དེས་མི་རྟོག་པའི་ཡེ་ཤེས་སྐྱེ་ཞེས་ཟེར་ཏེ། དེ་ལ་སྨྲས་པ་ཅིའི་ཕྱིར་ཀུན་རྫོབ་བརྫུན་པ་སྐྱོན་དང་བཅས་པ་ཞེས་བྱ། གལ་ཏེ་རིགས་པས་གང་ཟག་དང་ཆོས་མ་གྲུབ་པས་སྣང་བ་འདི་བརྫུན་པ་དང་ཀུན་རྫོབ་ཡིན་ཞེ་ན། འོ་ན་རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་དོན་དམ་པའི་བདེན་པ་ཡིན་པས་དེ་བསྒོམ་མོ། །འོན་ཏེ་མ་གྲུབ་ན་ཅིའི་ཕྱིར་ཀུན་རྫོབ་ཅེས་བྱ། དེ་ནི་ཡང་དག་པར་ཁོ་ན་སྣང་བའི་རིགས་སོ། །གཞན་ཡང་ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་ཡང་འདུས་པ་རྫས་སུ་མི་འདོད་དོ། །དབུ་མ་པར་ཁས་འཆེས་ནས་འདུས་པ་རིགས་པའི་ཤེས་པས་གོམས་པར་བྱེད་དམ། དེ་གོམས་པས་བདེན་པ་མཐོང་ན་བྱིས་པ་ཀུན་གྱིས་བདེན་པ་མཐོང་སྟེ། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བྱིས་པ་རྣམས་བརྟག་བཞིན། །དངོས་པོ་དེས་ཏེ་བདེན་འགྱུར་ན། །དེ་དག་དངོས་མེད་རྣམས་ཐུར་དུ། །གང་ཕྱིར་མི་འདོད་རྒྱུ་དེ་ཅི། །ཞེས་གསུངས་སོ། །སྤྱིར་སུན་དབྱུང་བ་གང་གོམས་པར་བྱས་པ་དེ་ནི་དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བུའོ། །ཡོད་པ་དང་མེད་པ་ལ་གོམས་པར་བྱེད་པ་འདི་དག་ཀྱང་དེའི་བདག་ཉིད་དུ་འགྱུར་ཏེ། །ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །


DTG207_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་སོ་སོའི་སྐྱེ་བོའི་ས་ལས་འདས་པར་མི་འགྱུར་ཏེ། དེ་སྐད་དུ། སློབ་དཔོན་ཉིད་ཀྱིས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །ཞེས་གསུངས་སོ། །ཡང། སོ་སོའི་སྐྱེ་བོ་དངོས་བདག་ཅན། །ཡོད་དང་མེད་པར་ཕྱིན་ཅི་ལོག་ཉེས་པས་ཉོན་མོངས་དབང་གྱུར་པ། །རང་གི་སེམས་ཀྱིས་བསླུས་པར་འགྱུར། །ཞེས་གསུངས་སོ། །ཡང་གསུངས་པ། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་མི་མཐོང་སྟེ། །དམུས་ལོང་བཞིན་ནོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱི་འདས་པ་གཅིག་བསྒོམ་མོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེ་དོན་དམ་པའི་བདེན་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན། །གལ་ཏེ་དོན་དམ་པའི་བདེན་པ་ཡིན་ནོ་ཞེ་ན། འདི་ལྟར་གང་ཆ་ཤས་དང་བཅས་པ་དེ་ནི་དོན་དམ་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུའོ། །རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱིས་བཟླས་པ་འདི་ཡང་ཆ་ཤས་དང་བཅས་པས་རང་བཞིན་གྱི་གཏན་ཚིགས་ཀྱིས་ཀུན་རྫོབ་ཀྱི་བདེན་པའམ་ཁྱབ་པར་བྱེད་པ་འགལ་བ་དམིགས་པས་དོན་དམ་པའི་བདེན་པ་མ་ཡིན་པར་བསྒྲུབ་བོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས་ཐེ་ཆོམ་ཟ་བའི་མ་གྲུབ་པ་ཡིན་ནོ་ཞེ་ན། འདི་ལྟར་དེ་ནི་ཁྱོད་ཀྱི་རང་བཞིན་མེད་པ་བརྗོད་པར་བྱའོ། དོན་ལ་འདུག་ཏུ་མི་བཏུབ་པས་རྗོད་པར་བྱེད་པ་གོམས་པར་བྱས་ན་བརྗོད་བྱའི་དོན་ལན་ཅིག་མངོན་དུ་འགྱུར་རོ་ཞེས་ཁས་བླངས་པས་རྗོད་བྱེད་ཀྱི་མཐའ་ནི་ཡི་གེ་ཡིན་ཏེ། སྤྱི་དེ་ཡང་རྣམ་པར་རྟོག་པ་ཆ་ཤས་དང་བཅས་པ་ཡིན་ནོ། །འོན་ཏེ་རང་གི་མཚན་ཉིད་ཡིན། །དེ་ཡང་རྐན་ལ་སོགས་པ་སྒྲའི་གནས་བརྒྱད་ཡོད་པས་དེ་ཡང་ཆ་ཤད་དང་བཅས་པའོ། །དེ་ནི་མི་སྲིད་དེ། ཀློག་མཁན་དུ་འགྲོ་བ་དང༌། རྗོད་བྱེད་མ་ཡིན་པས་ཁས་ཀྱང་མི་ལེན་ནོ། །བརྒྱ་ལ་ཟེར་སྲིད་ན་དེའི་ཚིག་འཇུག་པ་ལ་གནོད་པ་བྱས་པའོ། །དེ་ལྟ་བས་ན། དེ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། རྗོད་བྱེད་ཡིན་པའི་ཕྱིར་རོ། །དེ་སྐད་དུ།


DTG207_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པའི་བདེན་པ་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །ཡི་གེ་འགག་པ་རྣམས་མིན་ཡང༌། །ཞེས་གསུངས་སོ། །ག་ལས་འཇིགས་མེད་ལས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱིས། རིག་པ་སྔོན་དུ་བཏང་སྟེ། ཡོངས་སུ་རྟོག་པས་ནི། དེ་ཁོ་ན་རྟོགས་པར་འགྱུར་རོ་ཞེས་གསུངས་སོ། །འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེ་ན། དེ་བྱིས་པ་ཀུན་གྱི་ཆོས་ཡིན་པས་རེ་ཞིག་གཞག་གོ །ཁ་ཅིག་ན་རེ་ཀུན་བརྟགས་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། ཀུན་བརྟགས་པ་ནི་ཀུན་རྫོབ་ཀུན་ཏུ་ཡང་རང་གི་ངོ་བོས་མ་གྲུབ་སྟེ། དེ་ལ་སྐུར་པ་བཏབ་ཀྱང་ཉེས་པ་མེད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། རྣམ་པར་མི་རྟོག་པའི་གཟུངས་འགྲེལ་ལས། ཀུན་རྫོབ་ཏུ་ཡང་མེད་པ་ལ་སྐུར་པ་བཏབ་ན། སྐུར་པ་འདེབས་པའི་མཐའ་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བས་ན་ཡང་ཀུན་རྫོབ་ཏུ་ཡང་དངོས་པོ་ལ་མེད་པ་དེ་གོམས་པས་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཡང་སྤོང་བར་མི་འགྱུར་རོ། །ཁ་ཅིག་ན་རེ་གཞན་གྱི་དབང་ཁོ་ན་བསྒོམ་སྟེ། བློའི་རྣམ་པ་བསྒོམ་པ་དེ་ཡང་བློ་ཐ་མི་དད་དེ། བློ་གཞན་གྱི་དབང་ཡིན་པ་བཞིན་ནོ། །ཞེས་ཟེར་ན། དེ་ལ་སྨྲས་པ། འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་གཞན་གྱི་དབང་ཐ་མི་དད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐལ་བར་མི་འགྱུར་ཏེ། མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ངེས་ཆོས་མཐོང༌། །ཆོས་མཐོང་བ་ཟེར་ན། དེ་ལ་སྨྲས་པ། མཐོང་ཞེས་གསུངས་སོ། །ཞེ་ན། དེ་ནི་ཀུན་རྫོབ་ལ་དགོངས་པ་ཡིན་ནོ། །དོན་དམ་པ་མཐོང་ནས་ལངས་པའི་གནས་སྐབས་སུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཆོས་དང་སངས་རྒྱས་ལ་སོགས་པ་འཇོག་གོ །མཉམ་པར་གཞག་པའམ། དོན་དམ་པའི་གནས་སྐབས་སུ་ནི་མ་ཡིན་ནོ། །


DTG207_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་དངོས་ཉིད་ཅི་ཡང་མིན། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །ཅེས་གསུངས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ་དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་ཡོངས་སུ་སྦྱོར་བར་འགྱུར་རོ་ཞེས་བྱ་བ་ནས། བདག་གིས་ཆོས་རྣམས་བརྟེན་ཏེ་མི་འབྱུང་བར་མོས་པ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་བརྟེན་ཏེ་མི་འབྱུང་བར་མོས་པ་ལ་དགོད་པར་བྱའོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་རྐྱེན་རྣམས་སྐྱེ་བ་མེད་པའི་རང་བཞིན་ཡིན་པས་ཆོས་རྣམས་ཏེ་མི་འབྱུང་ཞེས་བྱའོ་ཞེས་པ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་ཀྱང༌། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་གང་ཤེས་དེ་ནི་མཁས་པར་འགྱུར། །ཞེས་གསུངས་སོ། །ཁ་ཅིག་ན་རེ་ཡོངས་སུ་གྲུབ་པ་ཁོ་ན་བསྒོམ་སྟེ། དེ་དོན་དམ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཀུན་རྫོབ་གཅིག་བསྒོམ་བར་ཐལ་བར་འགྱུར་རོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། ཡོངས་སུ་གྲུབ་པ་གང་ལ་བྱ་བ། གལ་ཏེ་མི་འགྱུར་བར་ཡོངས་སུ་འགྲུབ་པ་ལ་བྱའོ་ཞེ་ན། དེ་ཉིད་མི་ཤེས་སོ། །གལ་ཏེ་ཀུན་བརྟགས་ལས་བྱིས་པའི་གནས་སྐབས་དང༌། འཕགས་པའི་གནས་སྐབས་སུ་སྟོང་པར་འདྲ་བས་ན་མི་འགྱུར་བ་ཡོངས་སུ་གྲུབ་པ་སྟེ། ཐག་པ་ལ་སྦྲུལ་དུ་འཁྲུལ་བའི་གནས་སྐབས་དང༌། ཐག་པར་མཐོང་བའི་གནས་སྐབས་པ་གཉིས་སྦྲུལ་མེད་པར་འདྲ་བ་བཞིན་ནོ། །ཀུན་བརྟགས་པའི་ཞེས་བྱ་བ་ཇི་ལྟ་བུ་དེ་ཡང་མི་ཤེས་སམ། བདག་དང་བདག་གིས་དང༌། གཟུང་བ་དང༌། འཛིན་པ་ལ་སོགས་པ་ཚད་མས་གནོད་བཞིན་དུ་བྱིས་པས་ཡོད་པར་ཀུན་བརྟགས་པའོ། །འོ་ན་ནི་དབུ་མ་བསྒོམ་ཞེས་མི་བྱ་སྟེ། སེམས་ཙམ་བསྒོམ་པ་ཡིན་ནོ། །གལ་ཏེ་མ་ཡིན་ཏེ། དེས་ནི་གཞན་གྱི་དབང་དོན་དམ་པར་འདོད། དབུ་མ་པས་ནི་


DTG207_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ཙམ་དུ་འདོད་པ་ཁྱད་ཆེའོ། །སྒྱུ་མ་བྱ་བ་དོན་དམ་པར་ཤེས་རབ་དང་ཡེ་ཤེས་ཀྱིས་མ་གྲུབ་པས་ཀུན་རྫོབ་དུ་སྣང་བ་ལ་ཟེར་རམ། འོན་ཏེ་རིགས་པའི་ཤེས་པ་ལ་སྣང་བ་ལ་ཡང་བྱ། དེ་ལྟའོ་ཞེ་ན། སྨྲས་པ། དེ་ཀུན་བརྟགས་པ་ཁོ་ན་ཡིན་ཏེ། རིགས་པས་གནོན་བཞིན་དུ་ཡོད་པར་འདོད་པའི་ཕྱིར་གང་ཟག་གི་བདག་བཞིན་ནོ། །དེ་ལྟ་བས་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཐལ་བར་འགྱུར་རོ། །གལ་ཏེ་རིགས་པས་གནོད་པའི་ཕྱིར་གཞན་གྱི་དབང་ནི་མི་བསྒོམ་སྟེ། དེ་དག་གིས་ཆོས་ཉིད་ཡེ་ནས་གྲུབ་པ་ནི་བསྒོམ་སྟེ། དེས་ན་སེམས་ཙམ་དང་མི་འདྲ་སྟེ། དེ་དག་ནི་ཀུན་བརྟགས་པ་དང༌། གཞན་གྱི་དབང་གིས་སྟོང་པ་ལ་མི་བསྒོམ་གྱི། ཀུན་བརྟགས་པས་སྟོང་པ་གཅིག་པུ་ཡེ་ནས་གྲུབ་པ་བསྒོམ་མོ། །དེ་ནི་བདེན་ཏེ། འོན་ཀྱང་གཞན་གྱི་དབང་གིས་ཆོས་ཉིད་ལ་དམིགས་པས་དེ་ཡང་ཡོངས་སུ་གྲུབ་པས་བསྒོམ་པར་འདྲའོ། །དེ་ལྟ་བས་ན་དབུ་མ་ནི་ཡོངས་སུ་གྲུབ་པ་ལ་ཡང་དམིགས་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། དོན་དམ་ཡང་དག་འཕགས། ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པའོ། །དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ནི། ཀུན་བརྟགས་ངོ་བོ་ཉིད་མེད་པའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་ནི་གཞན་གྱི་དབང་བ་ངོ་བོ་ཉིད་མེད་པའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ནི། དེ་དག་གིས་སྟོང་པར་འཛིན་པ་དེ་ཡང་ངོ་བོ་ཉིད་མེད་པའོ། །ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་ཡིས་རྣམ་པར་བཤིགས་པ་ནི། །བརྟགས་པ་མེད་ཅིང་གཞན་དབང་མེད། །གྲུབ་པའི་དངོས་པོ་ཡང་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག །ཅེས་གསུངས་སོ། །ཁ་ཅིག་ན་རེ་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་ཆེན་པོ་བྱ་བ་ཡིན་ཏེ། དེ་བསྒོམས་པ་ནི་ཐབས་ཀྱང་མ་བསྟེན། ཅི་ལ་ཡང་མི་བྱ་བར་ཟབ་མོ་ཁོ་ནར་ཡིད་ལ་བྱའོ་ཞེས་ཟེར་ཏེ།


DTG207_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྨྲས་པ། དབུ་མ་ལ་ཆེ་ཆུང་ནི་མ་གསུངས་ལ། སློབ་དཔོན་ཉིད་ཀྱིས་མདོ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བས་ཆོས་ཟབ་མོ་ལ་བརྩོན་པར་མི་བྱ་སྟེ། དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐབས་མེད་པས་བཅིངས་པའི་ཤེས་རབ་བཅིང་བ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ངེས་པར་རྟོགས་ཤིང༌། མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཞིང་གི་རྒྱན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་བཅིངས་པའི་ཤེས་རབ་བཅིང་བའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་ཏོ། །ཁ་ཅིག་ན་རེ་ཐེག་པ་མཆོག་གི་གནས་སྐབས་ན་ཡོད་པ་དང་མེད་པ་ལ་སོགས་པ་ཅིར་ཡང་མི་བསྒོམ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེ་ཉིད་ཀྱི་དབུ་མ་ལ་ཡོད་མེད་དུ་བསྒོམ་པ་མེད་པར་སྨྲས་པ་ཡིན་ཏེ། དབུ་མ་ལ་ནི་ཐེག་པ་མཆོག་དང་མཆོག་མ་ཡིན་པར་ཕྱེ་བ་ནི་ཆོས་གང་ལ་ཡང་མེད་དོ། །ཁ་ཅིག་ན་རེ་ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་ཞེས་གསུངས་པས། སྔོན་ལ་མེད་པ་བསྒོམ། དེ་ནས་ཅི་ཡང་མ་ཡིན་པ་ལ་བསྒོམ་ཟེར་ཏེ། དེ་ལ་སྨྲས་པ། དོན་དམ་པ་བདེན་པ་ལ་རིམ་གྱིས་འཇུག་པའི་ཕྱིར་མེད་པ་བསྒོམ་པ་ལ་གསུངས་པ་མ་ཡིན་ཏེ། སྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཉན་ཐོས་ལ་སོགས་པའི་ལམ་བསྟན་པ་ནི། གཞུག་པ་ལ་ལྡེམ་པོར་དགོངས་ནས། ཁྱེའུས་ཁྱེའུ་དབྱུང་བ་བཞིན་དུ་བསྟན་པར་ཟད་དོ། །འདི་ལྟར་འདི་དག་ནི་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་ཟད་དེ་བདག་མེད་པར་བསྒོམས་པས། ཉན་ཐོས་གང་ཟག་ལ་བདག་མེད་པ་ལ་འཇུག་གོ །ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་བསྒོམས་པས། རྣམ་པར་ཤེས་པ་སྨྲ་བའི་ཕྱིར་དོན་མེད་པ་ལ་འཇུག་གོ །ཚུལ་འདིས་ནི་གཉིས་སུ་མེད་པའི་ཤེས་པ་དེ་ཡང་བདག་མེད་པ་ཉིད་དུ་འཇུག་པས་བདག་མེད་པ་ཉིད་མཆོག་ལ་ཞུགས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་ལྟ་བུ་ལ་ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་གསུངས་པ་ལས། དབུ་མ་བ་སྒོམ་


DTG207_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མེད་པ་བསྒོམ་པས་རིགས་ཀྱི་འཇུག་པ་ནི། བཀའ་དང་བསྟན་བཅོས་མཐའ་དག་ལས་མི་སྲིད་དོ། །ཁ་ཅིག་ན་རེ་དབུ་མ་པ་ནི་མཐའ་རྣམས་སྤངས་ནས་དབུས་ལ་བསྒོམ་སྟེ། དེས་ནི་ཆོས་ཉིད་ཇི་ལྟ་བ་བཞིན་བསྒོམ་པ་མ་ཡིན་ཏེ། དེས་ནི་གསང་སྔགས་ན་ལེགས་པར་ཡོད་དོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་དབུ་མ་ནི་དབུས་ལ་མི་གནས་པ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡོད་ཅེས་མེད་ཅེས་གཉི་ག་མཐའ། །དག་དང་མ་དག་གཉི་ག་མཐའ། །དེ་བས་དེ་གཉིས་རབ་སྤངས་ནས། །མཁས་པ་དབུས་ལ་འང་གནས་མི་བྱེད། །ཅེས་གསུངས་ཏེ། དེ་ནི་དབུ་མའི་མཁན་པོ་རྣམས་ཀྱིས་དབུ་མའི་བསྟན་བཅོས་ཀུན་ཏུ་དྲངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། རིགས་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། དེ་དག་ཟབ་མོ་མི་དམིགས་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་གསུངས་ཏེ། དེ་ནི་འགྲེལ་པ་ལས། དེ་དག་ནི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདས་སོ། །མཐའ་གཉིས་དེ་ལས་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས་སོ་ཞེས་གསུངས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཇི་ལྟར་སེམས་མཐའ་དང་དབུས་མེད་པ་དེ་བཞིན་ཆོས་མཐའ་དག་ཀྱང༌། མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་གསུངས་ནས། ཡང་ཏིང་ངེ་འཛིན་དེའི་མིང་གདགས་པའི་སྐབས་སུ་མི་གནས་པའི་བསམ་གཏན་པ་ཞེས་བྱའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་དབུ་མ་པ་ནི་སྟོང་པ་ཕུགས་རིངས་བསྒོམས་ཏེ། སེམས་ཀྱང་མེད་པར་བྱས་ནས་སྟོང་པ་གཅིག་ཡུལ་དུ་བྱེད་དེ་དེས་ནི་བྱང་ཆུབ་མི་ཐོབ་པོ། །འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ནི། རང་གི་སེམས་ཡོད་མེད་གང་དུ་ཡང་མ་གྲུབ་པ་ཡེ་ནས་རྣམ་པར་དག་པ་དེ་བསྒོམ་པ་ཡིན་ཏེ། དེས་བྱང་ཆུབ་ཐོབ་ཅེས་ཟེར་ཏེ། དེ་ལ་སྨྲས་པ། དབུ་མ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྟེ། དེ་བཞིན་གཤེགས་པས་ཀྱང༌། འཕགས་པ་ལང་


DTG207_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལྷོ་ཕྱོགས་བེ་ཏིའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་ཅིང༌། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་དེ། །རབ་ཏུ་དགའ་བའི་ས་བསྒྲུབས་པས། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །དུས་དག་འདས་ནས་འབྱུང་བ་སྟེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ཞེས་གསུངས་ཏེ། ཡོད་པ་དང་མེད་པའི་ཕྱོགས་འཇིག་པ་དང༌། ཐེག་པ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་པར་ལུང་བསྟན་པ་དང༌། སྔོན་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་པས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་མཛད་པ་ཞེས་གསུངས་པ་ལས། བྱང་ཆུབ་ཀྱི་རྒྱུ་མ་ཡིན་པ་ཅིག་དབུ་མའི་ནང་དུ་སྟོན་མི་སྲིད་དོ། །སྟོང་པ་ཅིག་ཡུལ་དུ་བྱེད་པ་ནི་དབུ་མའི་བསྟན་བཅོས་གང་ལས་ཀྱང་མ་གསུངས་ན། ཅི་ལ་འཁྲུལ། འོན་ཏེ་སེམས་སྐྱེ་བ་མེད་པར་སྟོན་པས་སྟོང་པ་སྐད་དུ་བྱ་ན། འོ་ན་ནི་སེམས་ཙམ་བསྒོམ་པ་ཡིན་པས་གྲུབ་པའི་མཐའ་རིམ་གྱིས་དྲང་པའི་ཆེད་དུ་བསྟན་པ་ལ་དད་པ་ཡིན་པས་བདེན་ཏེ། རེ་ཞིག་གཞག་གོ། དེ་ལྟ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པའི་རྗེས་སུ་འཇུག་སྟེ། དེ་ནི་སེམས་ཡོང་མེད་དུ་མི་བསྒོམ་མོ་ཞེ་ན། དེ་སེམས་དོན་དམ་པར་ཡོད་མེད་དུ་མ་གྲུབ་པ་ལ་ཟེར་རམ། འོན་ཏེ་ཀུན་རྫོབ་ཏུ་ཡང་ཡོད་མེད་དུ་མ་གྲུབ། དེ་ཕྱོགས་དང་པོ་ལྟར་ན་དབུ་མ་པ་ཡང་སེམས་དོན་དམ་པར་ཡོད་མེད་གང་ཡང་མི་བསྒོམ་སྟེ། དེ་ནི་རྣལ་འབྱོར་དཔྱོད་པའི་དབུ་མ་ཡིན་ཏེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འོན་ཏེ་ཕྱི་མ་ཡིན་ན་ནི། མེད་པ་མ་གྲུབ་པ་ལ་ཟེར་རམ། འོན་ཏེ་ཀུན་རྫོབ་ཏུ་ཡང་མེད་པ་དེ་བཀའ་དང་བསྟན་བཅོས་ལས་ཀྱང་མ་གསུངས་ལ། མེད་པ་དེ་ལ་ནོར་པ་དང༌། མ་ནོར་བ་ཡང་བརྩིར་མི་འདོད་དེ་མོ་གཤམ་གྱི་བུའི་སེམས་བཞིན་ནོ། །དེ་ལྟ་བས་ན་དོན་དམ་པར་ནི་སེམས་སྟོང་པར་ལྟ་ན། དེ་ཡང་སྒྲོ་འདོགས་པ་ཡིན་ལ། ཡོད་པར་ལྟ་ན་དེ་ཡང་སྒྲོ་འདོགས་པ་ཡིན་ཅིང་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལྟར། དེ་ཡང་སྒྲོ་འདོགས་པ་ཡིན་ཏེ། ཟག་པ་མེད་པར་བལྟས་ཀྱང་སྒྲོ་འདོགས་


DTG207_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཡེ་ནས་རྣམ་པར་དག་ཅེས་བྱ་བ་ཡང་ཆོས་ལ་དགོངས་ནས་གསུངས་པ་ལས། ཆོས་ཅན་ལ་དགོངས་ནས་གསུངས་པ་ནི་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ་རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲས་པ། འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ། ཡོན་ཏན་བྱེད་པ། ཁྱད་པར་མི་འཇོག་པའོ། །ཞེས་བདག་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་


DTG207_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང༌། བཟོ་དང༌། ལག་གཟུང་དང༌། ཆུ་དང༌། སྲད་བུ་དང༌། ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང༌། ཐབས་ལ་མཁས་པ་དང༌། ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམ་གྲངས་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བ་ལྟུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པ་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེ་ན། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་ཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །འདི་ལྟ་སྟེ། ཆོས་སྟོང་པ་ཉིད་དང༌། སྐྱེ་བ་མེད་པ་དང༌། གཉིས་མ་ཡིན་པ་དང༌། རང་བཞིན་མེད་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཐའ་བླ་ན་མེད་པའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་ལོག་པར་རྟོག་པ་ནི་ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ནི་ཅིར་ཡང་མ་གྲུབ་པས་ཤེས་པ་སྔ་མ་བས་གསལ་བ་ཅིག་ཁོ་ན་


DTG207_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་ཤེས་པ་ལ་དམིགས་པ་དེ་ནི་དོན་དམ་པའི་བདེན་པ་བསྒོམ་པ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྣམ་ཤེས་ཆོས་ཀྱི་སྐྱེ་མཆེད་འདུས་བྱས་བཞིའི་ཡུལ་ཅན་ལྟ་བུའོ། །རྣམ་འབྱོར་པ་འདི་ཡང་ཤེས་པ་སྔ་མ་བས་གསལ་བ་ལ་དམིགས་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་མ་ཡིན་ནོ། །དོན་དམ་པའི་བདེན་པ་མི་བསྒོམ་པས་ནི་སོ་སོའི་སྐྱེ་བོ་ས་ལས་འདའ་བར་མི་འགྱུར་ཏེ། སྤྲོས་པས་ཆོག་གོ །ཁ་ཅིག་ན་རེ་རང་རིག་པ་གཅིག་པ་ཁོ་ན་བསྒོམ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། བདག་ཉིད་རིག་པ་ཡིན་པའི་ཕྱིར། །སེམས་སྤྱོད་ཡུལ་དུ་གྱུར་པའི་ཤེས། །རྣམ་པར་དག་པའང་ཡང་དག་ཏུ། །རིགས་སམ་འོན་ཏེ་མི་རིགས་སམ། །ཞེས་བྱ་བས་སུན་དབྱུང་བར་བྱའོ། །ཁ་ཅིག་ན་རེ་རང་རིག་པ་ལས་བསྒོམ་པ་ཞེས་ཇི་སྐད་བྱ། ཤེས་པ་གཞན་ཅིག་རིགས་པར་བྱ་སྟེ། དེ་བས་ན་ཆོས་ཉིད་ཁོ་ན་རིག་པར་བྱའོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་ནི་གཉིས་སུ་རྟོག་པའི་ཕྱིར་ཆོས་ཉིད་བསྒོམ་པ་མ་ཡིན་ཏེ། བུམ་པ་དང་དེ་འཛིན་པ་བཞིན་ནོ། །དེ་བས་ན་དེ་གཉི་གལ། ཤེས་བྱ་མེད་ཕྱིར་གཞན་རིག་མིན། །གཉིས་སུ་མེད་ཕྱིར་བདག་རིག་མིན། །གལ་ཏེ་བརྟགས་ན་ཡང་དག་མིན། །ཞེས་བྱ་བ་ལ་སོགས་པས་སུན་ཕྱུང་ངོ༌། །ཁ་ཅིག་ན་རེ་ཤེས་པ་རིག་པ་མེད་པ་ཅིག་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེས་ནི་མུ་སྟེགས་དཔྱོད་པ་པའི་ལྟ་བ་ཁས་བླངས་པ་ཡིན་ཏེ། དེ་ནི་འདི་སྐད་དུ། ཤེས་པ་རྣམ་པ་དང་བཅས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་རིག་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རྣལ་འབྱོར་པར་ཡང་ཇི་ལྟར་འགྱུར། སྤྲོས་པས་ཆོག་གོ །ཁ་ཅིག་ན་རེ་མཉམ་པར་བཞག་པས་ཡུལ་དུ་བྱེད་པ་ཁོ་ནའོ་ཞེས་ཟེར་ཏེ། དེ་ལས་སྨྲས་པ། གང་ཡུལ་དུ་བྱེད་པ་དེ་ནི་དོན་དམ་པའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །རྣལ་འབྱོར་བའི་ཤེས་པ་འདི་ཡང་ཡུལ་དུ་བྱེད་པས་རང་བཞིན་འགལ་བ་དམིགས་པའོ། །ཁ་ཅིག་ན་རེ་ཡུལ་དུ་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་དེ་ཁོ་ན་ཡུལ་དུ་ཡེ་མི་བྱེད་པ་དེ་ནི་ཁོ་ན་མཐོང་བར་


DTG207_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ། དཔེར་ན་མི་ཐ་མལ་པའི་ཤེས་པ་ལྟ་བུའོ། །རྣལ་འབྱོར་བའི་ཤེས་པ་འདི་ཡང་དེ་ཁོ་ན་ཡེ་ཡུལ་དུ་ཡེ་མི་བྱེད་པས་ཁྱབ་པར་བྱེད་པའི་མི་དམིགས་པའོ། །ཁ་ཅིག་ན་རེ་རྩོལ་བ་བྱས་ན་ཆོས་ཉིད་དང་འགལ་ཏེ་ཡེ་མི་བཅོས་པར་གཞག་སྟེ། མ་བརྩལ་བར་བཞག་ན་བསྒོམ་པར་འགྱུར། ཞེས་འབྱུང་བས་གོ་བ་ཙམ་གྱིས་ཆོག་ཟེར་ཏེ། དེ་ལ་སྨྲས་པ། མངོན་སུམ་དང་འགལ་བ་ཀུན་ཏུ་སྤྱོད་པ་ཆུ་ཡོད་པར་གོ་བས་སྐོམ་པ་སེལ་བར་འགྱུར་རམ། ཟས་ཡོད་པར་གོ་བས་བཀྲེས་པ་སེལ་ལམ་ཞེས་བྱ་བ་ལ་སོགས་པས་ལན་གདབ་པར་བྱའོ། །མཉམ་པར་གཞག་པའི་གནས་སྐབས་སུ་ལྷན་ནེ་འདུག་བཞིན་དུ་རྩོལ་བ་སྐྱོན་དུ་འགྱུར་བ་ལ་དགོངས་ནས་གསུངས་པ་མ་གོ་བར་ཚིག་གི་རྗེས་སུ་འབྲང་ནས་སྨྲ་བ་ཡིན་ཏེ། བདེ་བར་གཤེགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པ་ཡང་དཀོན་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་ལྟ་ཅི་སྨོས་དེ་བས་ན་སེམས་བསྐྱེད་མ་ཐག་ནས་མི་གཡེངས་པར་བྱའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་མངོན་སུམ་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དབང་པོའི་མངོན་སུམ་ནི་དངོས་པོའི་ཡུལ་ཅན་ཡིན་པས་དེ་ནི་མ་ཡིན་ནོ། །ཡིད་ཀྱི་མངོན་སུམ་ནི་དེ་དང་སྐད་ཅིག་གཅིག་ལ་འཇོག་པར་བྱེད་པས་མི་སྲིད་དོ། །རང་རིག་པ་ནི་བེམས་པོ་ལས་ལོག་པ་ཙམ་ཡིན་པས་དེ་མི་སྲིད་དོ། །རྣལ་འབྱོར་གྱི་མངོན་སུམ་འཇིག་རྟེན་པའི་ས་ནི་མི་སྲིད་དོ། །འཇིག་རྟེན་ལས་འདས་པ་ཡིན་ན་ནི་འཕགས་པ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བས་སུན་དབྱུང་ངོ༌། །ཁ་ཅིག་ན་རེ་ང་ལ་བསམ་གྱིས་མི་ཁྱབ་པའི་མན་ངག་ཡོད་དེ། དེ་ལས་བློ་གནས་པ་ནི་མི་ཐ་མལ་བའི་ཤེས་པ་ངལ་དུམ་མ་ཁྱེར་བའི་ཤེས་པ་ལྷང་ངེ་བ་ཅིག་ཡོད་པ་དེ་ནི་འདྲ་བ་དེ་བསྒོམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། བསམ་གྱིས་མི་ཁྱབ་པ་བྱ་བ་དེ་ཅི་ལ་བྱ། གལ་ཏེ་སེམས་སམ། གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལ་ཟེར་ཏེ། དེ་གསང་སྔགས་ན་ཡོད་པ་ཡིན་ཏེ། མདོ་སྡེ་འམ། ཕ་རོལ་ཏུ་ཕྱིན་པ་ནས་དེ་མི་སྟོན་ཏེ། ཆོས་


DTG207_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་མེད་བྱ་བ་ཙམ་ལ་འཇོག་པ་ལས་རང་གི་སེམས་ཀྱི་ཆོས་ཉིད་ཡིན་པར་ནི་མི་འཇོག་གོ་ཞེ་ན། གསང་སྔགས་ལ་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་དེ་ནི་མདོ་ལས་ཀྱང་གསུངས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་ཅིང་སེམས་པ་མེད་པ་རིན་པོ་ཆེ་བརྩེགས་པ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་དེ་གང་ཡིན། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་པ། སེམས་གྲོལ་བར་བགྱི་བ་མ་ལགས་པ། སེམས་དགག་པར་བགྱི་བ་མ་ལགས་པ་བསམ་པས་རབ་ཏུ་དབྱེ་བ་བགྱི་བ་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མ་མཆིས་པ་ལགས་ཀྱིས། སེམས་ཉིད་སེམས་མ་ལགས་པས་སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ། །སེམས་ཇི་ལྟ་བ་བཞིན་པས་སེམས་མ་མཆིས་པ་ཉིད་སེམས་ལགས་ཏེ། །བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ་ཞེས་གསུངས་ཏེ། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཁུངས་ཡིན་ཏེ། བྱེ་བྲག་མེད་དོ། །འོན་ཀྱང་སེམས་ཐ་མལ་བའི་སེམས་དེ་ལྟ་བུ་ནི་ལུང་དུ་མ་བསྟན་པའི་སེམས་ཡིན་པའི་ཕྱིར། ཆོས་ཉིད་བསྒོམ་པ་མ་ཡིན་ནོ། །ཁ་ཅིག་ན་རེ་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འདུས་མ་བྱས་པ་མི་འགྱུར་བ་རྟག་པ་དེ་ངོ་ཤེས་ན། བྱང་ཆུབ་དང་ཆོས་ཉིད་ལ་སོགས་པ་དེ་ལ་ཟེར་བས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ཧ་ཅང་ཆེས་གསང་སྔགས་ཟབ་མོ་ནས་ཀྱང་མི་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན། བསྟན་པའི་སྙིང་པོ་ཡིན་པས་དེ་རྟག་གོ །ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་པ་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་རིམ་གྱིས་དྲང་བའི་དབང་དུ་མཛད་ནས། འཕགས་པ་ལང་ཀར་གཤེགས་པ་ལས། ཐེག་པ་གསུམ་དུ་


DTG207_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསུངས་པ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་བྱ་བ་ལ་སོགས་པ་ཡང་གསུངས་སོ། །ཡང་སྡོང་པོ་བཀོད་པའི་མདོ་ལས། ཐེག་པ་བཅུ་བཞི་གསུངས་པ་ལ། ངེས་པའི་དོན་དུ་ནི་ཐེག་པ་གཅིག་ལས་མེད་པར་གསུངས་ཆོས་ཀྱི་དབྱིངས་གཅིག་ལས་མེད་པའི་ཕྱིར་རོ། །དེ་སྐད་དུ། འདུས་པ་ཆེན་པོའི་ལེའུ་ལས། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི་ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཆོས་ཉིད་ལ་དགོངས་པའི་དབང་གིས་སེམས་ཉིད་ཡེ་ནས་རྣམ་པར་དག་པ་གསུངས་པ་ཡིན་ཏེ། བློ་གྲོས་ཆེན་པོས་ཞུས་པ་བཞིན་ནོ། །དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པས་ཡང་འདོད་དོ། །བྱེ་བྲག་མེད་དོ། །འོན་ཏེ་ངེད་འདུས་མ་བྱས་སུ་རྟོག། དབུ་མ་པ་ནི་དེ་ལམ་འདོད་པ་བྱེད་པར་ཡོད་དོ་ཞེ་ན། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ལས། འདུས་མ་བྱས་ལ་གང་རྟོག་དང༌། །མྱ་ངན་འདས་ལ་གང་རྟོག་པ། །གཉི་ག་བདུད་ཀྱི་སྤྱོད་ཡུལ་ཡིན། །དེ་ནི་མཁས་པ་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །འོན་ཏེ་ཆོས་ཅན་རང་དེ་ལྟར་ཡིན་ནོ་ཞེ་ན། མུ་སྟེགས་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ཁས་བླངས་པ་ཡིན་ཏེ། དེ་དག་ནི་འདི་སྐད་ཅེས། བདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་སངས་རྒྱས་རྟག་ཏུ་འགྲོ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟག་པ། །ཚངས་པ་མྱ་ངན་མེད་ཅེས་རྟ་ག་གནས་བྱོས། །ཞེས་འབྱུང་ངོ༌། །དེ་བས་ན་དེ་བཞིན་གཤེགས་པའི་དགོངས་པ་མ་གོ་བར་ཚིག་ཙམ་གྱིས་གཞན་ལ་རློམ་པར་བྱར་མི་འདོད་དོ། །སྤྲོས་པས་ཆོག་གོ །ཁ་ཅིག་ན་རེ་ཅི་ལ་ཡང་མི་རྟོག་མོད་ཀྱི། འོན་ཀྱང་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། བྱང་ཆུབ་ནི་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་ལ། དེ་ལས་སེམས་དཔས་དོན་དམ་པ་བྱང་ཆུབ་ཀྱི་བསྒོམ་པ་ཞེས་བྱ་སྟེ། དེ་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་


DTG207_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་ཏེ། དེ་དབུ་མ་བ་ལ་མེད་དོ་ཞེས་ཟེར་ན། དེ་ལ་སྨྲས་པ། ངོ་བོའི་སྒོ་ནས་སྨྲའམ། བརྟགས་ནས་སྨྲ། གོང་མ་ལྟར་རོ་ཞེ་ན། འོ་ན་ནི་འཕགས་པར་ཁས་བླངས་པས་རེ་ཞིག་གཞག་གོ །འོན་ཏེ་བརྟགས་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། དབུ་མ་པ་ཡང་དེ་འདོད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལས་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་དང་བྲལ་བ་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་འགྲུབ་པའི་རྒྱུ་ལ་ཡང་རྟོག་པ་དང༌། དཔྱོད་པ་དང་བྲལ་ཞེས་གསུངས་པས་བྱེ་བྲག་མེད་དོ། །ཁ་ཅིག་ན་རེ་ཐོས་པའི་དུས་སུ་བསམ་པ་བྱེད་པ་དེ་བསམ་པའི་ཤེས་རབ་ཡིན་ཏེ། ཕྱི་ནས་ཞི་གནས་ལ་བསླབས་ནས་དེ་ཕྱིན་ཆད་བསྒོམ་པ་གཅིག་པུ་ཡིན་ནོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྔར་ཐོས་པའི་དུས་སུ་བསམ་པ་དེ་ནི་ཐོས་པའི་གྲངས་སུ་འགྲོ་སྟེ། གཞན་དུ་ན་ཐོས་པ་ཆུད་ཟོས་པ་ཡིན་ནོ། །ཕྱི་ནས་ཀྱང་བསམ་དགོས་ཏེ། བསམ་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་བཞིན་ནོ། །དེ་བས་ན་བསྒོམ་པ་གཅིག་པུ་བྱེད་པ་ཡིན་ཞེས་བྱར་མི་རུང་ངོ༌། །ཁ་ཅིག་ན་རེ་དེ་ལ་གཉིས་ཏེ། སོ་སོར་རྟོག་པའི་ལྷག་མཐོང་བསྒོམ་པ་དང༌། །རྣམ་པར་མི་རྟོག་པའི་ལྷག་མཐོང་བསྒོམ་པའོ། །ཞེས་ཟེར་ཏེ། དེ་ལ་ནི་ཉེས་པ་མེད་ཀྱི། འོན་ཀྱང་དེ་སོ་སོར་རྟོག་པའི་ལྷག་མཐོང་དེ་ནི་བསམ་པའི་ཤེས་རབ་ཏུ་བསྡུ་སྟེ། དེ་སྐད་དུ། བསྒོམ་པའི་ཤེས་རབ་ཀྱི་ལྷག་མཐོང་གི་དབང་དུ་བྱས་ནས། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལྷག་མཐོང་ནི་ཐོས་པ་དང་བསམ་པ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་རྟོག་པ་གང་ཡིན་པ་དེ་ཉིད་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་བ་བཞིན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱིས་བསྟན་ནས་རྒྱུག་པ་བཞིན་ནོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་རྗེས་སུ་དཔག་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ།


DTG207_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྨྲས་པ། གལ་ཏེ་རྗེས་སུ་དཔག་པའི་རྒྱུན་ཡིན་པས་རྗེས་སུ་དཔག་པའི་ཤེས་པ་ཟེར་རམ། འོན་ཏེ་མཉམ་པར་གཞག་པ་ན་ཡང་རྟགས་ལ་བརྟན་ནས་ཡང་ཡང་སྐྱེད་པར་བྱེད། ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ་བསྒོམ་ཞེས་མི་བྱ་སྟེ། བསམ་པའི་ཤེས་རབ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་རྟོག་པ་མེད་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེ་ནི་མི་སྲིད་དེ། མངོན་སུམ་ཡིན་པར་ཐལ་འགྱུར་རོ། །ཁ་ཅིག་ན་རེ་བསམ་པའི་ཤེས་རབ་ཁོ་ནར་གོམས་པར་བྱེད་པ་ཡིན་ཏེ། བསྒོམ་ཞེས་བྱ་བ་ནི་སྔར་མཐོང་བ་གོམས་པར་བྱེད་དོ། །མཐོང་བའི་ལམ་གྱི་རྗེས་ལ་བསྒོམ་པ་བཞིན་ནོ། །ད་ལྟ་ནི་མ་མཐོང་བས་བསྒོམ་ཞེས་མི་བྱའོ། །དེ་བས་ན་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་བསམ་པའི་ཤེས་རབ་ཡིན་ནོ་ཞེས་ཟེར་ན་དེ་ལ་སྨྲས་པ། བསམ་པའི་ཤེས་རབ་ནི་མི་སྤོང་མོད་ཀྱི། འོན་ཀྱང་བསྒོམ་པ་ཡང་ཡོད་དེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་ཏིང་ངེ་འཛིན་གཉིས་ནི་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ལ་གསུངས་པའི་ཕྱིར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ། །ཞེས་གསུངས་སོ། །ཡང་ཁ་ཅིག་ན་རེ་ད་ལྟ་རྣམ་པར་མི་རྟོག་པ་བསྒོམ་པ་ཡང་ཞིག་གནས་ཁོ་ན་བསྒོམ་པ་ཡིན་ཏེ། ལྷག་མཐོང་ནི་མི་སྐྱེ་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་བསྒོམས་པ་ཡིན་ནམ། འོན་ཏེ་མ་བརྟགས་པར་བསྒོམ་པ་ལ་བྱ། གལ་ཏེ་འོག་མ་ལ་ཟེར་ན་རིགས་ཀྱི། སོ་སོར་རྟོག་པ་སྔོན་དུ་སོང་ནས་བསྒོམ་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་པ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་གསུངས་སོ། །ཁ་ཅིག་ན་རེ་ད་ལྟ་ནས་ས་བཅུ་མན་ཆད་ལྷག་མཐོང་སོ་སོར་རྟོག་པའི་ཤེས་པ་ཁོ་ན་བསྒོམ་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་


DTG207_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཞི་གནས་ཀྱི་ཤས་ཆེ་བ་དང༌། ལྷག་མཐོང་གི་ཤས་ཆེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་ནི་མཐོང་སྟེ་མི་གསལ་ལ། ལྷག་མཐོང་གི་ཤས་ཆེ་བའི་ཕྱིར་དང༌། ཞི་གནས་ཀྱི་ཤས་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ་ཟུང་དུ་འབྲེལ་བའི་ཕྱིར་རོ། །ཞེས་གསུངས་སོ་ཞེ་ན། དེ་ལ་སྨྲས་པ། དེ་ནི་མི་སྤོང་སྟེ། འོན་ཀྱང་དེ་ནི་སློབ་པ་དང་མི་སློབ་པའི་ལམ་གྱི་བྱེ་བྲག་བསྟན་པ་ཡིན་ཏེ། སློབ་པའི་ལམ་རེ་རེ་ནས་མེད་པར་ནི་མ་གསུངས་ཏེ། ཞི་གནས་ཤས་ཆེ་བ་དང༌། ལྷག་མཐོང་ཤས་ཆེ་བའི་སྒྲ་ཡོད་པའི་ཕྱིར་རོ། །གཞན་ཡང་ལྷག་མཐོང་གཅིག་པོས་བདེན་པ་མཐོང་ན་ནི། །འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ནོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་སོ་སོའི་སྐྱེ་བོས་ཀྱང་གཉི་ག་སློབ་དགོས་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་བསྟན་ཏོ། །ཁ་ཅིག་ན་རེ་ཞི་གནས་དང༌། ལྷག་མཐོང་ཟུང་དུ་འབྲེལ་བ་ཞེས་བྱ་བ་ནི་སྔར་གྱི་ཞི་གནས་བསྒོམས་ནས། ཕྱི་ནས་ལྷག་མཐོང་བསྒོམ་པ་ལ་གསུངས་པ་ཡིན་ཏེ། གང་ཟག་ཅིག་གི་རྒྱུད་ལ་ལྡན་ཞེས་པའི་དོན་ཡིན་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་ལ་ཆོས་མི་མཐུན་པ་གཉིས་ཚོགས་མི་སྲིད་དོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་དུ་སྔ་ཕྱི་ཡོད་པ་དེ་དུས་མཚུངས་པ་མ་ཡིན་ཏེ། དཔེར་ན་དཔྱིད་དང་སྟོན་བཞིན་ནོ། །དབྱར་ལ་སོགས་པའི་དུས་སུ་ཞི་གནས་བསྒོམས་ནས་དགུན་ལ་སོགས་པའི་དུས་སུ་ལྷག་མཐོང་བསྒོམ་པ་འདི་ཡང་སྔ་ཕྱི་ཡོད་པའི་རང་བཞིན་འགལ་བ་དམིགས་པའོ། །གང་སྐད་ཅིག་གཅིག་ལ་མི་འཆོགས་པ་དེ་ནི་ཤས་ཆེ་ཆུང་མཉམ་མི་དགོས་ཏེ། དཔེར་ན་ཁྱིམ་ན་འདུག་པའི་གླང་དང༌། ཞིང་ཐོག་ན་འདུག་པའི་གླང་ལྟ་བུའོ། །རྣལ་འབྱོར་པའི་ཞི་གནས་དང༌། ལྷག་མཐོང་ཡང་སྐད་ཅིག་མ་གཅིག་ལ་མི་འཚོགས་པས་ཁྱད་པར་བྱེད་པ་མི་དམིགས་པའོ། །


DTG207_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟའོ། །ཞེ་ན། འོ་ན་ནི་གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ། ཞི་གནས་ཆུང་བའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོས་པས་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་དེ་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡུང་ཤེས་རབ་བསྒོམ་པར་བྱའོ། །ཞེས་གསུངས་པ་དེ་ཇི་ལྟར་དྲང་བར་བྱ། གལ་ཏེ་ད་ལྟ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤས་ཆེ་བའི་ཕྱིར་སེམས་གཡོ་བ་དེའི་ཚེ། སང་དགུན་གྱི་ཞི་གནས་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་བར་མཉམ་དུ་ཞུགས་པ་དེ་བཞིན་དུ་གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ། ཇི་སྲིད་དུ་ལུས་དང༌། སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ་ཞེས་གསུངས་པ་དེ་ཡང་དུས་ཐ་དད་པའི་སེམས་ཉིད་མཉམ་དུ་འཇུག་པ་དང༌། གླང་གཅིག་ཁྱིམ་ན་འདུག་པ་དང༌། གླང་གཅིག་ཞིང་ཐོག་ན་འདུག་པས་ཞིང་རྨོར་འདོད་པ་ལ་གསུངས་པར་ཐལ་བར་འགྱུར་རོ། །ཆོས་མི་མཐུན་པ་གཉིས་ཞེས་བྱ་བ་དེ་ཡང་གྲུབ་སྟེ། འདི་ལྟར་གང་ཡང་རུང་བ་གཅིག་མེད་ན་ནི་མི་སྐྱེ་ལ། གཉིས་ཀ་ཡོད་ལ་སྐྱེད་པ་དེ་གཉིས་ནི་དེ་སྐྱེད་པ་ལ་མཐུན་པ་ཡིན་ཏེ། དཔེར་ན་མིག་དང་རྣ་བ་གཉིས་གང་ཡང་རུང་བ་གཅིག་མེད་ན་བུམ་པ་ལ་སོགས་པ་ལ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ལ། དེ་གཉིས་ཡོད་ན་སྐྱེ་བ་དེ་སྐྱེད་པ་ལ་མཐུན་པ་ལྟ་བུའོ། །ཞི་གནས་དང་ལྷག་མཐོང་དེ་གཉིས་ཀྱང་གང་ཡང་རུང་བ་གཅིག་མེད་ན་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཉིད་ལ་གསལ་བར་མི་སྐྱེ་ལ་གཉིས་ཀ་ཡོད་ན་སྐྱེ་བ་རང་བཞིན་གྱི་གཏན་ཚིགས་སོ། །དེ་སྐད་དུ། འཕགས་པ་ཆོས་ཀུན་བགྲོ་བ་ལས། མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་གསུངས་སོ། །མཉམ་པར་གཞག་པ་ནི་ཏིང་ངེ་འཛིན་ལས་གཞན་མེད་དོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། སེམས་རྩེ་


DTG207_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་གསུངས་ཏེ། སྤྲོས་པས་ཆོག་གོ །ཁ་ཅིག་ན་རེ་གང་དོན་དང་མ་ཕྲད་པར་དོན་གྱི་རྣམ་པ་ཅིག་འབྱུང་བ་དེ་ནི་རྟོག་བཅས་ཡིན་ཏེ། དཔེར་ན་དུ་བ་ལ་བརྟེན་ནས་སྐྱེས་པའི་ཤེས་པ་ལ་རྒྱབ་ཀྱི་མིར་སྣང་བ་རྟོག་བཅས་ཡིན་པ་ལྟ་བུའོ། །སོ་སོ་སྐྱེ་བོའི་ཤེས་པ་འདི་ཡང་ཆོས་ཉིད་དང་མ་ཕྲད་བཞིན་དུ་ཆོས་ཉིད་ཀྱི་རྣམ་པར་འབྱུང་བས་རྟོག་བཅས་ཡིན་ཏེ་རང་བཞིན་གྱི་གཏན་ཚིགས་སོ། །ཆོས་ཉིད་ནི་ཡོད་མེད་གང་ཡང་མ་ཡིན་པ་ཅིའི་རྣམ་པར་ཡང་མ་བྱུང་བ་ཅིག་དགོས་ཏེ། དེས་སྤྱི་རྣམ་པ་བསྒོམ་ཟེར་བ་ནི་བརྗོད་པ་དང་འབྲེལ་རུང་བའི་རྟོག་པ་ཡོད་པར་འགྱུར་བས་དེ་ནི་ཆོས་ཉིད་བསྒོམ་པ་བྱ་བར་འགྲོའོ། །ཡང་ན་བྱིས་པ་ཆུང་ངུའི་ཤེས་པ་དང་འདྲ་བར་རྣལ་འབྱོར་པས་ཆོས་ཉིད་བསྒོམ་པ་ཐ་སྙད་འདོགས་མི་ཤེས་པར་འགྱུར་རོ། །དེ་བས་ན་རྟོག་བཅས་བསྒོམ་པ་ཡང་མ་ཡིན། ཆོས་ཉིད་ཀྱི་རང་གི་མཚན་ཉིད་མཐོང་མི་སྲིད་པས་རྟོག་པ་མེད་པའི་ཤེས་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སྨྲས་པ། འོ་ན་ནི་རྟོག་བཅས་དང་རྟོག་མེད་གཉིས་ཀྱི་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཤེས་པ་གཞན་དག་ཀྱང་མ་འབྱུང་སྟེ། ཁྱབ་པར་བྱེད་པ་ལོག་ན་ཁྱབ་པ་ཡང་བསྡོགས་པ་ཡིན་ནོ། །དེ་ལྟ་བས་ན། རྣལ་འབྱོར་པས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་མི་འགྱུར་ཏེ། མེད་པ་ལས་གང་གིས་རྒྱུ་ལས་འབྲས་བུ་ཡང་མི་རུང་སྟེ། རོ་བོང་གི་རྭ་ལ་སོགས་པ་བཞིན་ནོ། །གལ་ཏེ་མེད་པར་ཁས་མི་ལེན་པ་སྐྱོན་འདོགས་སམ་ཞེ་ན། འོ་ན་ཡོད་ན་རྟོག་བཅས་ཡིན་ནམ་རྟོགས་མེད་ཡིན། དེར་སྨྲ་མི་འདོད་དོ་ཞེ་ན། གལ་ཏེ་གནས་སྐབས་དེ་བསྟན་པར། །བྱ་མིན་ཞེས་བྱ་རྐང་བརྐྱང་སྟེ། །གྲགས་པས་དད་པ་བསྐྱེད་པ་ཡི། །དད་ལྡན་རྣམས་ལ་མཛེས་པ་ཡིན། །ཞེས་བྱ་བས་སུན་དབྱུང་ངོ༌། །འོན་ཏེ་རྟོག་པ་དང་བཅས་པའམ་རྟོག་པ་མེད་པར་བརྗོད་དུ་མི་འདོད་དོ། །ཤེས་པ་དཔེར་ན་མདའ་སྒྲོ་བྱི་བ་འདྲ་བ་བརྐྱང་བ་ཟོར་མཐོ་བ་ཅིག་ཡིན་ཞེ་ན། དེ་ནི་འདི་སྐད་དུ། རྟོག་བཅས་མ་ཡིན་རྟོག་མེད་མིན། །རྣམ་པས་ཉེ་བར་མ་བསྒོམས་ཤིག །སྔ་ན་བས་ནི་ཟོར་མཐོ་བའི། །ཤེས་པ་ཡང་དག་ངེས་པར་གནས།


DTG207_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྟན་པར་འགྱུར་བས་རེ་ཞིག་གཞག་གོ །ཁ་ཅིག་ན་རེ་དེ་ལྷག་མཐོང་གི་གནས་སྐབས་ན་གསལ་ཞེས་བྱ་བ་ནི་ཡུལ་མེད་པ་ལ་གསལ་བ་ཡིན་ནོ་ཞེས་ཟེར་ན། དེ་ལ་སྨྲས་པ། འོ་ན་ཞི་གནས་ཀྱི་ཤེས་པ་དང་འདྲ་བར་ཐལ་བར་འགྱུར་རོ། །གལ་ཏེ་ཞི་གནས་ཀྱི་དམིགས་པ་ཡོད་མེད་དུ་འཇུག་ལ། ལྷག་མཐོང་གི་ནི་དེ་གཉིས་གང་ལ་ཡང་མི་འཛིན་པ་མི་འདྲ་ཞེ་ན། དེ་ཉིད་ཀྱི་ཡུལ་ལ་འདོགས་པ་ཡིན་ཏེ། མི་རྟོག་ཅེས་བཏགས་པ་དང་འདྲའོ། །ཁ་ཅིག་ན་རེས་དང་པོ་ཡན་ཆད་ནི་མི་རྟོག་པ་བསྒོམ་པ་ཡིན་གྱི་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ནི། སོ་སོར་རྟོག་པའི་ཤེས་རབ་ལ་བསྒོམ་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་དྲུད་པ་ལས་མེ་བྱུང་ནས་ཤིང་ཉིད་སྲེག་པ་དེ་བཞིན་དུ་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན། གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་དང༌། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞི་བ་ལྷུན་གྱིས་གྲུབ་པའི་གནས། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པར། །སྣང་བ་མེད་པར་མཐོང་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་དེ་དག་སོ་སོར་རྟོག་པའི་ཤེས་རབ་རིམ་གྱིས་བསྒོམ་པ་ཡིན་གྱི། ཅིར་ཡང་མི་རྟོག་པར་བསྒོམ་པ་ནི་མ་ཡིན་ནོ། །ད་ལྟར་ཁ་ཅིག་ཡང་མི་རྟོག་པ་བསྒོམ་ཟེར་བ་ནི། སྟོན་མོན་མུན་གྱི་རྗེས་སུ་སློབ་པ་ཡིན་ཏེ། རིམ་གྱིས་འཇུག་པའི་བསྒོམ་ལུགས་ནི་མ་ཡིན་ནོ། །འོ་ན་གཟུངས་འགྲེལ་ལས། བསྒོམ་པའི་རིམ་པས་ནི་མི་རྟོག་པ་སྐད་དུ་གསུངས་པ་ཞེ་ན། དེ་ནི་ས་དང་པོ་ཡན་ཆད་ཀྱི་ཡིན་ནོ། །ཡང་ན་སྤྲོས་པའི་རེ་བཅད་པ་ལ་དགོངས་པ་ཡིན་ཏེ། ལས་དང་པོ་ནི་ཅིར་ཡང་མི་རྟོག་པ་ལ་བློ་གནས་མི་སྲིད་དོ། །དེ་སྐད་དུ། བསྒོམ་པའི་རིམ་པ་ཐ་མར་མཛད་པ་ལས། ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་


DTG207_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་མེད་ན་ནི་དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་རྟོག་པར་འགྱུར། གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། །བསམ་གཏན་བཞི་པོ་མ་ཐོབ་པའི་སོ་སོའི་སྐྱེ་བོའི་སེམས་ནི་འགག་པར་འགྱུར་མི་སྲིད་དོ་ཞེས་གསུངས་སོ། །ཞེས་ཟེར་ན། དེ་ལ་སྨྲས་པ། རེ་ཞིག་དང་པོར་སོ་སོར་རྟོག་པའི་ཤེས་རབ་བསྒོམ་མོ་ཞེས་ཟེར་བ་དེ་ནི་བདེན་ཏེ། དེ་བཞིན་གཤེགས་པས་གསུངས་པ་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་འདོད་པས་ཡང་དག་སོ་སོར་རྟོག་པའི་མཚན་ཉིད་ལྷག་མཐོང་ལ་ཐོག་མར་བསྒོམ་པར་བྱ་སྟེ། དེས་མཚན་མ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་གསུངས་སོ། །འོན་ཀྱང་སྤྱད་པར་བྱ་བ་ཅུང་ཟད་ཡོད་དོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་སྒྲ་འཇུག་པའི་རྒྱུ་མཚན་གཉིས་ཡོད་དེ། ཞི་གནས་གྲུབ་ནས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་དང་ཚོལ་བར་བྱེད་པ་བསམ་པའི་ཤེས་རབ་ཟེར་བ་དང༌། མི་རྟོག་མི་འབྱེད་མི་ཚོལ་མི་ཚོལ་བ་བྱེད་པའི་བསམ་པའི་ཤེས་རབ་ལ་ཟེར་བ་དང༌། མི་རྟོག་མི་འབྱེད་མི་ཚོལ་མི་འགྱུར་མི་གཡོ་བ་ལ་བྱའོ། །དེ་ལ་བསམ་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་པ་སོ་སོར་རྟོག །སོ་སོར་དེ་རྟག་གལ་ཏེ་སྒོམ་བྱེད་ན། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་དོ། །མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང༌། འདོད་པ་དང༌། བྱེ་བྲག་འབྱེད་པ་དང༌། ལྟ་བ་དང་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་


DTG207_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་བ་ལས་ཀྱང་བསྡུས་པའི་དོན་བདུན་པའི་སྐབས་སུ་དེར་ཡང་ཇི་སྐད་བསྟན་པའི་མཚན་མ་སྣང་བ་ལ་སེམས་བཞག་ནས་བྱིང་བ་དག་རྒོད་པ་ལ་སོགས་པ་ཞི་བར་བྱས་ཏེ་ཞི་གནས་བསྒྲུབ་ལ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་དེས། མཚན་མ་དེ་དག་ཡོངས་སུ་སྤོང་ངོ༌། །དེར་ཡང་ཇི་སྐད་ཐོས་པ་དང་བསམ་པ་དོན་ལ་ངེས་པའི་ཚུལ་གྱིས་སོ་སོར་བརྟག་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པའམ་འོང་བ་དང་འགྲོ་བ་མེད་པར་སོ་སོར་བརྟག་པའམ། བདག་དང་གཞན་དང་གཉིས་ཀ་ལས་མི་འབྱུང་བར་དཔྱད་པའམ། ཆ་ལ་སོ་སོར་བརྟག་པའམ། མདོར་ན་ཇི་ལྟར་རྟོག་པས་ཀྱང་རུང་སྟེ། དངོས་པོ་མེད་པ་ལ་ངེས་པ་སྐྱེ་བར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཞེས་གསུངས་སོ། །དངོས་པོ་མེད་པ་ནི་ཆོས་མེད་པ་སྟེ་ཆོས་ཀྱི་དབྱིངས་ལ་དགོངས་སོ། །ཞེས་དེ་ཉིད་ལས་གསུངས་སོ། །མི་རྟོག་མི་འབྱེད། མི་འཚོལ། མི་འགྱུར། མི་གཡོ་ཞིང༌། ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའམ། རྟོག་པ་ཙམ་ལ་ལྷག་མཐོང་དང་པོ་སོ་སོར་རྟོག་པ་ཞེས་གསུངས་པ་ནི་འཕགས་པ་ཆོས་ཐམས་ཅད་དམིགས་སུ་མེད་ཅིང་སེམས་པ་མེད་པ་རིན་པོ་ཆེ་བསགས་པའི་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི་སོ་སོར་རྟོག་པ་གང༌། ཆོས་གང་ལ་ཡང་ཐ་དད་པར་ཡང་མི་བགྱིད་གཅིག་ཏུ་ཡང་མི་བགྱིད་དེ། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་རྣམ་པར་མི་རྟོག་པའོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་དེ་ནི་ཡང་དག་པར་སོ་སོར་རྟོག་པ་མ་མཆིས་པའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་བརྟེན་ཏེ། བདག་ནི་སོ་སོའི་སྐྱེ་བོའམ། །འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོའམ། འཕགས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ། །བཅོམ་ལྡན་འདས་ཡང་དད་པར་སོ་སོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དེ་ལྟར་སྣང་བ་ལགས་ཏེ། ཆོས་


DTG207_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡང་མཉམ་པ་ཉིད་དུ་ཡང་མི་བགྱིད་མི་མཉམ་པར་ཡང་མི་བགྱིད། སོ་སོའི་སྐྱེ་བོའི་ཆོས་ནི་མི་མཉམ་པའོ་ཞེས་རྟོག་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ་ཞེས་རྣམ་པར་རྟོག་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་མཉམ་པའམ། མི་མཉམ་པར་བགྱིད་པ་དེ་ལ་མི་དམིགས་པའི་སླད་དུའོ། །གང་གི་མཉམ་པའམ་མི་མཉམ་པར་བགྱིད་པ་དེ་ཡང་དགེ་སློང་དེ་ལ་མ་མཆིས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི་བདག་རྣམ་པར་མི་རྟོག་གོ་སྙམ་དུ་དེ་ལྟར་འཛིན་པ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པའི་གཟུངས་འགྲེལ་དེ་ཉིད་ལས། བསྡུས་པའི་དོན་བརྒྱད་པའི་སྐབས་སུ་ཡང་དག་པའི་དོན་བསྒོམས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོག་པའི་རྣམ་པ་སྐྱེ་ཞིང་རང་རིག་པ་དང༌། བདག་ཉིད་ཀྱང་ངོ་བོ་ཉིད་མེད་པར་རྟོག་པ་སྐྱེ་ན། རྣལ་འབྱོར་པའི་ཡེ་ཤེས་ཀྱིས་མཐོང་ངོ་ཞེས་བསྟན་ཏོ། །ཞེས་གསུངས་སོ། །འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་འགྲེལ་པ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ཞེས་གསུངས་སོ། །དེ་བས་ན་སྒྲ་འཇུག་པའི་རྒྱུ་མཚན་གཉིས་ཡོད་དོ། །ཞེས་བྱ་བ་དེ་འགྲུབ་བོ། །འོན་ཏེ་ཉི་ཁྲི་སྣང་བ་ལས། མཐའ་མ་མཐོང་བའི་བྱ་བ་བཞིན་ནོ། །ཞེས་གསུངས་པ་དེ་ཇི་ལྟར་དྲང༌། དེ་ཡང་མཐའ་མ་མཐོང་ནས་ཕྱིར་ལོག་སྟེ་ད་ཅིའི་སར་འདུག་པ་བཞིན་དུ། སོ་སོར་བརྟགས་ནས་མ་མཐོང་བས་ཡང་སོ་སོར་རྟོག་ཅེས་གསུངས་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་ཡང་ལྟར་འགྲོ་བྱ་བར་འགྱུར་གྱིས། ད་ཅིའི་སར་འདུག་ཅེས་མི་བྱའོ། །དེ་ལྟ་བས་ན་འདི་སྐད་དུ། དཔེར་ན་བྱ་དེ་རྒྱ་མཚོའི་མཐའ་བལྟས་པས་མ་མཐོང་སྟེ་འགྲོ་ས་མེད་ནས་འདུག་པ་དེ་བཞིན་དུ་བསམ་པའི་ཤེས་རབ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མ་མཐོང་བ་ལ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་དེ་ལས་མི་གཡོ་བར་ལྷན་ནེ་ཡོད་ཀྱི་རྣམ་པར་ཤེས་པ་འདུག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཙུབ་ཤིང་གིས་གཙུབས་པའི་མེས་བསྲེགས་པའི་ཞེས་བྱ་བ་དེ་ཡང་གཙུབས་པས་མེ་ལམ་གྱིས་འབར་བས་བསྲེགས་པ་བཞིན་དུ་བརྩལ་ཕྱེ་བརྟགས་པས། དེའི་འཕྲོ་ཁོ་ནས་ཡེ་ཤེས་ལྷག་གིས་སྐྱེས་ཞེས་གསུངས་པ་མ་ཡིན་ཏེ། དེ་ནི་འདི་སྐད་དུ། སོ་སོའི་སྐྱེ་བོ་ས་ལས་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ་པར་རྟོག་པ་ལ་


DTG207_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་ཞི་གནས་དང་ལྷག་མཐོང་ཆ་མི་སྙོམས་ན་མཉམ། མཉམ་ན་ཇི་སྲིད་ནུས་ཀྱི་བར་དུ་འདུག་པ་ལས་འབད་པ་དང༌། བསྒྲིམ་པ་དང༌། རྩོལ་བའི་སྒོ་ནས་འདི་ལྟ་སྟེ་དཔེར་ན་མེས་མེའི་བྱ་བ་བྱེད་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་ལ་ཞིག་གིས་གཙུབ་གཏན་གྱི་སྟེང་དུ་གཙུབ་ཤིང་གཙུབས་ཏེ་དེ་མངོན་པར་གཙུབས་ཤིང་འབད་པར་བྱེད། སྒྲིམ་པར་བྱེད། །རྩོལ་བར་བྱེད་ན། དེས་འབད་པ་དང༌། སྒྲིམ་པ་དང༌། རྩོལ་བ་འདིའི་སྒོ་ནས་དང་པོ་ཁོ་ནར་གཙུབ་གཏན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོ་འབྱུང་ཞིང་དུ་བ་འཐུལ་བར་འགྱུར་རོ། །རྒྱ་ཆེར་མངོན་པར་འཕེལ་བར་གྱུར་བ་ན་མེ་ལྕེ་མེད་པའི་མེ་འཕེལ་བར་འགྱུར། །མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་རོ། །མེ་ལྕེ་འབྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཇི་ལྟར་མངོན་པར་གཙུབ་ཤིང་འབད་པ་དང༌། བསྒྲིམ་པ་དང༌། རྩོལ་བར་བྱེད་པ་དེ་ལྟར་ན་དབང་པོ་ལྔ་པོ་དག་ལ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱེད། ལན་མང་དུ་བྱེད་པར་བལྟ་བར་བྱའོ། །ཇི་ལྟར་དང་པོ་ཁོ་ནར་གཙུབ་གཏན་ནས་དྲོས་སྐྱེ་བར་འགྱུར་བ་དེ་ལྟར་ནི་མེ་ལྟ་བུའི་གང་ཟག་དང་ཆོས་ལ་བདག་མེད་པའི་ཆོས་ཉོན་མོངས་པ་རྣམས་བསྲེག་སྐྱེ་བའི་སྔོན་རོལ་དུ་འགྲོ་ཞིང་རྒྱུར་གྱུར་པའི་དྲོ་བར་འགྱུར་བ་དག་བལྟ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོ་འབྱུང་བར་ལྟར་ན་རྩེ་མོ་དག་བལྟའོ། །ཇི་ལྟར་དུ་བ་འཐུལ་བར་འགྱུར་པ་དེ་ལྟར་ནི་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་འགྱུར་བ་ནས་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟ་ན་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ། །ཇི་ལྟར་མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་འབྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་པ་དེ་ལྟར་ན་གང་དག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ཡང་དག་པར་ཟིན་པའི་སྟོབས་ལྔ་པོ་དག་མཇུག་ཐོགས་སུ་བྱུང་བ་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ་ན་ཤིན་ཏུ་གསལ་བ་མ་མཐོང་བ་མཐོང་བ་བྱུང་བས་སྤྱིའི་རྣམ་པ་ལ་རང་གི་མཚན་ཉིད་དུ་ཤེས་པའི་རྩོལ་བ་དང༌། འབད་པ་དང་བྲལ་བ་དེ་ཙམ་ལ་སྲེག་ཅེས་གསུངས་པ་ཡིན་ཏེ། རང་གི་མཚན་ཉིད་མེད་པར་མ་མཐོང་བ་དེས་རྟགས་ལ་བརྟེན་ནས་མཚན་ཉིད་ཐམས་ཅད་དང་བྲལ་


DTG207_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས་པ་ཙམ་མ་བློ་གནས་པ་དེ་འཁྲུལ་མཉམ་པའི་ཤེས་པ་སྐྱེ་བས་སྲེག་ཅེས་བྱ་སྟེ། འོད་སྲུངས་ཀྱིས་ཞུས་པ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་ཚིགས་པ་དང་འདྲ་སྟེ་ཞེས་གསུངས་སོ། །དེ་བས་ན་མེ་འབྱུང་བའི་མེས་སྲེག་པ་དང་འདྲ་བར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ་པར་རྟོག་པ་དེ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལ་གོམས་པས་ཅིར་ཡང་མ་གྲུབ་པའམ། །ཅིར་ཡང་མ་མཐོང་བའི་ཡེ་ཤེས་སྐྱེས་པ་ན་རྟགས་ལ་བརྟེན་ནས་ངེས་པ་ཙམ་ལ་བསྒོམ་མི་དགོས་ཏེ། དེ་དང་བྲལ་བ་ཡིན་ནོ་ཞེས་བསྟན་ཏོ། །ལངས་པའི་གནས་སྐབས་སུ་འབྱེད་པ་དང་འཚོལ་བའི་ཤེས་པ་ཡང་རྟག་ཏུ་མི་འབྲལ་བར་བརྟེན་དགོས་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས། སྟོང་པ་ཉིད་ཀྱི་བསམ་གཏན་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མ་བྲལ་བ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས། ཤེས་རབ་བསྒོམ་པའི་རིམ་པ་མདོར་བཀའ་སྩལ་ཏེ། སེམས་ཙམ་པ་ནི་བབ་བརྟེན་ནས། །ཞེས་བྱ་བ་ལ་སོགས་པ་ཡང་ཞི་གནས་གྲུབ་ནས་བསམ་པའི་ཤེས་རབ་ཀྱི་རིམ་གྱིས་ནམ་ཡིད་ཆེས་ཀྱི་བར་དུ་བརྟག་པ་ཡིན་གྱི། བརྟགས་ནས་ཆོས་ཉིད་རེ་མོས་བསྒོམ་པ་མ་ཡིན་ཏེ། དེ་སྐད་དུ། བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས། དེ་ལྟར་དམིགས་པ་ལ་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་དཔྱད་པར་བྱ་སྟེ། ཞེས་བྱ་བ་ནས་ཡེ་ཤེས་དམ་པ་བདག་མེད་པར་སྣང་བ་མེད་པས་མཐོང་བར་འགྱུར། །ཞེས་གསུངས་པའི་བར་དུ་ལེགས་པར་བཤད་ནས། དེ་ལྟར་བསྒོམ་པའི་རིམ་པ་འདིས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་གསུངས་ཏེ་དེས་ནི་བསམ་པའི་ཤེས་རབ་ཀྱིས་ཡིད་ཆེས་པར་གོམས་པར་བྱ་ཞེས་གསུངས་པ་ཡིན་ནོ། །དེས་ན་ཡིད་ཆེས་པས་དེའི་དོན་ལ་བསྒོམ་པའི་དབང་དུ་མཛད་ནས། དེ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་བྱུང་ན་སྔར་བསྟན་པ་བཞིན་དུ་ཞི་བར་བྱའོ་ཞེས་གསུངས་པས་ན། སྔར་ཞི་གནས་འབའ་ཞིག་བསྒོམ་པའི་སྐབས་སུ་བྱིང་རྒོད་ལ་སོགས་པ་ཞི་བར་བྱེད་པ་དེ་བཞིན་དུ། བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་དོ་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་བསྒོམ་པ་འདི་ལ་ཡང་ཞི་བར་བྱ་དགོས་པའི་དོན་ཏོ། གང་གི་ཚེ་ཆོས་ཐམས་


DTG207_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ངོ་བོ་ཉིད་མེད་པར་དམིགས་པ་ཞེས་གསུངས་པས་ནི་སྤྲོས་པ་ཕྱོགས་རེ་བཅད་པ་པ་དགོངས་པ་མ་ཡིན་པར་བསྟན་ཏོ། །བྱིང་བ་དང་རྒོད་པ་ལ་སོགས་པ་བྲལ་ཞིང་ཞེས་གསུངས་པས་ནི་ཞི་གནས་ཀྱི་ཤས་ཆེ་བ་དག་ལྷག་མཐོང་གི་ཤས་ཆེ་བ་དང༌། མི་དགའ་བ་དང༌། ལུང་དུ་མ་བསྟན་པའི་ཤེས་པ་དང་ཡང་བྲལ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་འཇུག་པར་གྱུར་པ་དེའི་ཚེ་ཞེས་གསུངས་པས་ནི། རྩོལ་མ་བྱས་ཀྱང་ལྷན་ནེ་གནས་ཞེས་གསུངས་པའོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་རྫོགས་པ་ཡིན་ནོ། །ཞེས་གསུངས་པ་ནི་གཉིས་ཀ་ཆུང་ཡང་མཉམ་པར་ཟུང་དུ་འབྲེལ་བར་ཡོད་པས་གདགས་སུ་འདོད་དེ། །རེ་ཞིག་སྐབས་དེར་རྩོལ་བ་མི་བྱ་ཞེས་གསུངས་པའོ། །དེའི་ཚེ་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་མོས་པའི་སྟོབས་ཀྱིས། །མོས་པ་སྤྱོད་པའི་ས་ལ་གནས་པར་བསྒོམ་པར་བྱའོ་ཞེས་གསུངས་པས་ནི། འཕགས་པ་ཤིན་ཏུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་མ་གྱུར་ཏེ། གཏན་ཚིགས་ལ་བརྟེན་ནས་དེ་ལྐོག་ཏུ་གྱུར་པའི་དོན་ལ་ངེས་པ་སྐྱེས་ཤིང༌། དེ་ལ་སོ་སོའི་སྐྱེ་བོའི་ས་ན་མོས་པ་ཡིན་པས་དེ་ལ་གོམས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་སོ་སོའི་སྐྱེ་བོའི་ས་ནས་ཡང་མོས་པ་སྒོ་ནས་ཅིར་ཡང་མི་རྟོག་པ་བསྒོམ་པ་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་རིམ་གྱིས་བསྒོམ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་བྱས་ནས་ཡང་མོས་པའི་སྒོ་ནས་བསྒོམ་པར་ཐལ་བར་འགྱུར་རོ། །འོ་ན་གནས་སྐབས་ཀྱི་བྱེ་བྲག་བཅུ་གཉིས་སུ་འགྱུར། །ཞེས་གསུངས་པ་དང༌། དྲོད་དང༌། རྩེ་མོའི་གནས་སྐབས་སུ་ཕྱི་གཟུང་བའི་ཡུལ་སྤོང༌། །བཟོད་པ་དང༌། འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནང་འཛིན་པའི་སེམས་སྤོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི། འོན་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་མཚན་ཉིད་ཐམས་ཅད་དང་བྲལ་བ་ཙམ་ལ་ཡང་མི་གནས་པར་བསྒོམ་ཡང་སྤང་བར་བྱ་བའི་རྟོག་པ་རགས་རིམ་གྱིས་འབྲེལ་ཏེ། དེ་ལ་དགོངས་ནས་གསུངས་པ་ཡིན་ནོ། །འོ་ན་ཆོས་ཉིད་རིམ་གྱིས་བསྒོམས་ན་ནི་རིམ་གྱིས་འབྲེལ་བར་རིགས་ཀྱི་ཅིག་ཅར་དུ་བསྒོམས་པས་ཆོས་ཅན་སྤངས་རྒྱུ་རིམ་གྱིས་འབྲལ་བ་མི་རིགས་ཏེ། ཅིག་ཅར་དུ་སྤོང་བ་རིགས་སོ་ཞེ་ན།


DTG207_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ས་དང་པོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་སྐྱེས་པའི་བསྒོམ་པས་སྦང་བར་བྱ་བའི་ཉོན་མོངས་པ་ཡང་དུས་གཅིག་ཏུ་སྤོང་བའི་རིགས་སོ། །དེ་ནི་གོས་ཀྱི་དྲི་མ་དང་འདྲ་སྟེ་རགས་རིམ་གྱིས་སྤོང་བ་ཡིན་ཏེ། དེ་བས་ན་དུས་གཅིག་ཏུ་སྤོང་མི་ནུས་སོ་ཞེ་ན། དེ་བཞིན་ནོ། །འོ་ན་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། རང་བཞིན་ལ་རྣམ་པར་རྟོག་པ་དང༌། གཉེན་པོ་ལ་རྣམ་པར་རྟོག་པ་དང༌། དེ་ཁོ་ན་ལ་རྣམ་པར་རྟོག་པ་དང༌། འཐོབ་པ་ལ་རྣམ་པར་རྟོག་པའི་མཚན་མ་དང༌། བཞི་རིམ་གྱིས་སྤོང་བར་གསུངས་པ་ཞེ་ན། དེ་ཡང་ཞི་གནས་གྲུབ་ནས་བསམ་པའི་ཤེས་རབ་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནམ་ཡིད་ཆེས་ཀྱི་བར་དུ་བརྟགས་པ་ལ། དེའི་དོན་ལ་མི་རྟོག་པར་བསྒོམ་མོ་ཞེས་གསུངས་པ་ཡིན་ཏེ། དེ་ཉིད་ལས་མཚན་མ་རྣམས་ཡོངས་སུ་སྤོང་བ་ཡང་དག་པར་སྦྱོར་བ་བསྡུས་པའི་དོན་བདུན་པའི་སྐབས་སུ་ཞི་གནས་གྲུབ་ནས་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་ལ་སོ་སོར་བརྟགས་ནས་དེ་ནས་དེ་སྤོང་བ་ན་བརྒྱ་ལ་རྣལ་འབྱོར་པ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ཡང་རྟོག་པ་བྱུང་ན། དེ་ལ་སོ་སོར་རྟོག་པར་བྱའོ། །ཞེས་གསུངས་པ་ཡིན་ཏེ། གལ་ཏེ་རང་བཞིན་ལ་རྣམ་པར་རྟོག་པ་ལ་ཡིད་ཆེས་པའི་སྐབས་སུ་བཞི་ག་ལ་ཡིད་ཆེས་ན་ཡང་དེ་ནས་བསྒོམ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡིད་མ་ཆེས་ན་འཐོབ་པ་ལ་རྣམ་པར་རྟོག་པ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤང་བར་བྱ་སྟེ། དེས་ནི་སོ་སོའི་སྐྱེ་བོས་སྤང་བ་ཡིན་པར་དེ་ཉིད་ལས་ས་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་ལ་ཀུན་ཏུ་སྤྱོད་པ་འདི་དག་ནི་ལས་དང་པོའི་རྣལ་འབྱོར་པ་ཁོ་ནའི་སྟེ། ས་ལ་ཞུགས་པ་ལ་ནི་མ་ཡིན་ཏེ། དེ་ལ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་མཚན་མ་བཞི་ཅར་མ་གྲུབ་པར་ཡིད་ཆེས་པའི་དོན་བསྒོམ་པའི་དབང་དུ་མཛད་ནས། དེ་ནས་རྣལ་འབྱོར་པ་མོས་པའི་དབང་དང༌། ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར་རྟོག་པའི་མཚན་མའི་དྲ་བ་ཐམས་ཅད་སྤངས་ལ། རྟོག་པ་མེད་ཅིང་དཔྱོད་པ་དང་འབྲལ་བ་བརྗོད་པ་མེད་པར་རོ་གཅིག་པའི་ཡིད་ཀྱི་དེ་ཁོ་ན་ཉིད་ལ་མོས་ནས་མངོན་པར་འདུ་མི་བྱེད་པར་ཤིན་ཏུ་


DTG207_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བསྒོམ་ཞིང་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེས་ནི་འདི་སྐད་དུ་སོ་སོའི་སྐྱེ་བོས་ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་མཚན་མ་ཐམས་ཅད་ལ་རྟོག་པའི་དྲ་བ་སྤངས་ལ་ཅིར་ཡང་མི་རྟོག་པ་མོས་པའི་སྒོ་ནས་བསྒོམ་ཞིང་འདུག་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། སྤྲོས་པ་ཕྱོགས་རེ་བཅད་ནས་བསྒོམ་ཞེས་བྱ་བའམ། ལས་དང་པོ་བ་ཅིར་ཡང་མི་རྟོག་པ་བསྒོམ་པ་ནི་མ་བསྟན་ཏོ། །བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང༌། དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ་ཞེས་བྱ་བ་ནས། ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་བསམ་པའི་ཤེས་རབ་བསྟན་ནས་བསྒོམ་པའི་ཤེས་རབ་ཀྱི་གནས་སྐབས་སུ་དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ། དེ་ཁོ་ན་ལ་ཞུགས་པ། དེ་ཡོངས་སུ་བརྟག་པར་བྱ་བ་བལྟ་བར་བྱ་བ་གཞན་མེད་པས་རྟོག་པ་དང། དཔྱོད་པ་དང་བྲལ་བ་བརྗོད་དུ་མེད་པ་དང་གཅིག་ཏུ་འགྱུར་བའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཡང་སྤྲོས་པ་ཕྱོགས་གཅིག་བཅད་པ་ལ་བསྒོམ་པ་ཡང་གསུངས་ལ། ལས་དང་པོ་པ་ལ་མི་རྟོག་པར་བསྒོམ་པ་ཡང་གྲུབ་པ་ཡིན་ཏེ། ས་དང་པོ་པ་མེ་ལ་ཚེ་ཐུན་ཕྱེད་ལ་སོགས་པ་ལས་གནས་མི་ནུས་པ་ནི་མི་སྲིད་དོ། །བསྒོམ་པའི་རིམ་པ་ཐ་མར་མཛད་པ་ལས་ཀྱང༌། ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་སྐུ་ཇི་སྲིད་དུ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྱོན་པ་འམ། བཞུད་པ་ལ་རྟོག་པས་ལྷག་མཐོང་བསྒོམ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ནས། དེ་ནས་དེའི་དོན་ལ་བསྒོམ་པའི་དབང་དུ་མཛད་ནས། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ། །ཞེས་དཔྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པ་དང་གཅིག་ཏུ་གྱུར་བའི་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པའི་བར་དུ་འདུག་པར་བྱ་བ་ལ་


DTG207_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པ་དང༌། རྣལ་འབྱོར་པའི་ཞི་གནས་གྲུབ་ནས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཡང་དག་པ་ལ་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱ་བ་ནས་ཤེས་རབ་ཀྱིས་བརྟགས་ནས། དངོས་པོ་མཐའ་དག་གི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ་ཞེས་གསུངས་ནས། དེ་བསྒོམ་པའི་དབང་དུ་མཛད་ནས། དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ན་ལ་ཞུགས་པས་བལྟ་བར་བྱ་བའམ། བརྟག་པར་བྱ་བ་གཞན་མེད་པའི་ཕྱིར་དཔྱོད་པ་མེད་ཅིང་བརྗོད་པ་མེད་པ་དང༌། ངང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། རྣལ་འབྱོར་པ་དེ་ཁོ་ན་ཤིན་ཏུ་གསལ་བར་ངེས་པར་གཟུང་ཞིང་འདུག་པར་བྱའོ། །དེར་གནས་ནས་ཀྱང་སེམས་ཀྱི་རྒྱུད་མི་གཡེང་བར་བྱའོ། །ཞེས་བྱ་བ་ལ་སོགས་པས་ཀྱང་ཞི་གནས་ལ་གནས་ནས། བསམ་པའི་ཤེས་རབ་ཀྱིས་ལྷག་མཐོང་སོ་སོར་རྟོག་པ་དེས་གང་ཟག་དང་ཆོས་ཐམས་ཅད་མ་དམིགས་ནས། དེའི་དོན་བསྒོམ་པའི་ཕྱིར་ཡང་མི་རྟོག་པར་ངེས་པར་གཟུང་དུ་མེད་པའི་ཚུལ་གྱིས་གཟུང་ཞེས་བྱ་སྟེ། སྤྲོས་པ་ཕྱོགས་རེ་ལ་བསྒོམ་པ་ཡང་མ་ཡིན་ལ། ལས་དང་པོ་པ་རྟོག་པ་དང་ཚོལ་བ་ལས་མི་རྟོག་པའི་བསྒོམ་པ་མེད་པ་ཡང་མ་ཡིན་ཞིང༌། །དེ་ཙམ་གྱིས་བདེན་པ་མཐོང་བ་ཡང་མ་ཡིན་ཏེ། ཤས་ཆེ་ཆུང་ལ་སོགས་པ་ཡང༌། ཡང་དང་ཡང་དུ་བཅོས་ལ། དེ་ལྟ་བུ་དེས་ཀྱང་ཆུ་ཚོད་གཅིག་ལ་སོགས་པ་ལས་གནས་མི་ནུས་པར་བསྟན་པའི་ཕྱིར་རོ། །ལས་དང་པོ་པ་སྤྲོས་པ་ཐམས་ཅད་བྲལ་བ་ཡང་མི་རྟོག་པ་བསྒོམ་པ་ཡང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། དེ་བཞིན་གཤེགས་པས་འཇམ་དཔལ་ཁྱོད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་གམ་ཞེས་གསུངས་པ་དང༌། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་སྔོན་ལས་དང་པོ་པའི་ཚེ་ན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ད་ལྟར་ནི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལགས་


DTG207_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་ལགས་སོ། །ཞེས་དཔེ་དང་བཅས་ནས་གསུངས་སོ། །བསམ་གྱིས་མི་ཁྱབ་པ་ནི་དེ་ཉིད་ཀྱི་འགྲེལ་པ་ལས། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི། བསམ་པ་ལས་འདས་པའོ། །བསམ་པ་ལས་འདས་པ་ནི་བསམ་དུ་མེད་པའོ། །ཞེས་སྤྲོས་པ་དང་བྲལ་བ་ལས་གསུངས་སོ། །རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང༌། མཚན་མ་སྤོང་བའི་ཐབས་ཀྱི་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས། གང་རྣམ་པར་མ་བརྟགས་པ་དེ་རྣམ་པར་མི་རྟོག་པའི་དབྱིངས་སོ། །ཞེས་དཔྱོད་ན་ཡང་རྣམ་པར་རྟོག་པ་ལ་དཔྱོད་པའོ། །ཞེས་གསུངས་སོ། །སྟོན་མུན་ཞེས་བྱ་བ་ནི་ཅིག་ཅར་འཇུག་ཅེས་བྱ་སྟེ། གང་ཅིག་ཅར་འཇུག་པ་ཞེས་བྱ་བ་ནི། ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་སྤངས་ནས་ཅིར་ཡང་མི་རྟོག་པར་བསྒོམ་པ་ཙམ་བྱེད་པ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་བསྟན་ཏོ། །ཐབས་མི་སྟོན་པ་ནི་གཞན་དུ་བསྟན་ཟིན་ཏོ། །དེ་བས་ན་དེ་ལྟ་བུ་ལ་ཟེར་བ་ཡིན་གྱི། སོ་སོར་རྟོག་པ་སྔོན་དུ་སོང་ནས་ཅིར་ཡང་མི་རྟོག་པ་ནི་རིམ་གྱིས་འཇུག་པ་ཡིན་པར་སློབ་དཔོན་ཉིད་ཀྱིས་གསུངས་པ་ཡིན་ཏེ། གོང་དུ་སྨོས་པ་བཞིན་ནོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་ཏེ། ཞེས་གསུངས་པ་དེ་ཡང་རྒྱུ་མེད་པར་མི་འགྱུར་རོ། །ཞེས་གསུངས་པ་ཡིན་གྱི། ཡུན་རིང་པོ་མ་ལོན་པས་མི་རྟོག་པའི་ཡེ་ཤེས་མི་སྐྱེ་ཞེས་གསུངས་པ་མ་ཡིན་ཏེ། དེ་ནི་གཞན་དག་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་འདི་སྐད་དུ། གང་དང་གང་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་མེད་པ་དེ་དག་ནི་དམིགས་པ་མེད་པར་མི་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བ་གང་ཞིག་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་མེད་པས་ཆུར་དམིགས་པ་མེད་པར་མི་འགྱུར་བ་ལྟ་བུའོ། །རྣལ་འབྱོར་པ་འདི་ཡང་རྣམ་པར་མ་ཡེངས་པའི་ཡིད་ཀྱིས་གང་ཟག་དང་ཆོས་ལ་དམིགས་པ་འཇིག་པར་བྱེད་པའི་


DTG207_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྔོན་དུ་འགྲོ་བ་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡིས་ཉོན་མོངས་ཕྱི་ནས་རབ་ཏུ་ལྡང༌། །ཞེས་གསུངས་སོ། །གང་དང་གང་མ་ཡེངས་པར་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་དེ་ནི་དམིགས་པ་མེད་པར་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་མཐོང་བ་གང་ཞིག་མ་ཡེངས་པར་གྱེན་ལ་འགྲོ་བར་སྣང་བ་འདི། །མཐའ་འགྲོའམ། དབུས་འགྲོའམ་ཞེས་བྱ་བ་ལ་སོགས་པར་མ་ཡེངས་པར་རྟོག་པ་སྔོན་དུ་འགྲོ་བས་ཆུར་དམིགས་པའི་ཤེས་པ་སྐྱེ་བ་ལྟ་བུའོ། །ལས་དང་པོ་པའི་རྣལ་འབྱོར་པ་འདི་ཡང་ཞི་གནས་ལ་གནས་ནས་འདི་ཡང་དག་པར་གཅིག་ཡིན་ནམ། །དུ་མ་ཡིན། ཞེས་ལེགས་པར་རྟོག་པ་སྔོན་དུ་འགྲོ་བས་རང་བཞིན་གྱི་གཏན་ཚིགས་སོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་པའོ། །ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གང་གི་ཕྱིར། བློས་རྣམ་པར་བརྟགས་ནས་རང་དང་སྤྱིའི་མཚན་ཉིད་མི་རྟོག་སྟེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་གླང་གི་རྭ་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ །རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ནས་རྡུལ་ཕྲ་མོའི་མཚན་ཉིད་དུ་མི་གནས་སོ། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་ལས་ཀྱང༌། འཇམ་དཔལ་གྱིས་སྨྲས་པ། །བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། བུ་མོས་སྨྲས་པ། འཇམ་དཔལ་གང་ཆོས་ཐམས་ཅད་ལ་རྣམ་པར་འབྱེད་ཀྱང་དམིགས་པ་ལགས་སོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་


DTG207_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག །སོ་སོར་དེ་དག་གལ་ཏེ་སྒོམ་བྱེད་ན། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིང་མི་འགྱུར། །ཞེས་གསུངས་སོ། །སྒོམ་པའི་རིམ་པ་ཐ་མར་མཛད་པ་ལས། དེ་ཉིད་ཀྱི་སྐབས་སུ་སོར་རྟོག་པ་སྔོན་དུ་སོང་ནས་ཡིད་ལ་བྱ་བར་ནུས་པ་དང༌། དམིགས་པ་མེད་པར་ནུས་པ་གསུངས་ཏེ། འདི་སྐད་དུ། དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང༌། །ཡིད་ལ་བྱེད་པ་མེད་པར་འབྱུང་བ་དེ་ཡང༌། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱི་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་ནུས་སྲིད་ཀྱི། གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་བས་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན། དོན་དམ་པར་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་མ་མཐོང་བ་དེའི་ཚེ། ཇི་ལྟར་དྲན་པ་དང་ཡིད་ལ་བྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང༌། ཏིང་ངེ་འཛིན་གྱི་ལག་གིས་བཟུང་སྟེ་ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྡུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ས་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །བསམ་གཏན་བཞི་མ་ཐོབ་པའི་ཞེས་གསུངས་པ་དེ་ཡང་ཕ་རོལ་པོ་ལ་མཉམ་པར་གཞག་པའི་དུས་སུ། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་དེའི་ཚེ། གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོའི་ཤེས་པ་རྒྱུ་མེད་པར་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་མེད་ན་ནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོག་པར་འགྱུར། །གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། །དེ་ལྟ་བས་ན་རྣལ་འབྱོར་པར་ཇི་ལྟར་འགྱུར་ཞེས་གསུངས་པས། དེའི་ལན་དུ་ཕ་རོལ་པོ་བརྒྱ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ་


DTG207_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་ཀྱང་རྣལ་འབྱོར་པ་ཞེས་ཟེར་བ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ་ཤེས་ཡོད་བཞིན་དུ་ཡུལ་ལ་དམིགས་པར་མི་འགྱུར་བས་སྐྱོན་དེ་མ་ངེས་སོ་ཞེས་ཟེར་དུ་དོགས་ནས། ལན་དུ་སོ་སོའི་སྐྱེ་བོ་ཡིན་ཡང་བསམ་གཏན་བཞི་པ་མ་ཐོབ་པར་ཡིད་ཀྱི་རྣམ་ཤེས་དགག་པར་མི་ནུས་ལ། སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་མ་སོང་བར་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་བཞིན་དུ་དམིགས་པ་མེད་པར་འགྱུར་བ་ནི་འཕགས་པས་ནུས་ཀྱི། སོ་སོའི་སྐྱེ་བོ་ནི་མི་ནུས་པས་དེ་སྐད་སྨྲས་པས་ཅི་ལ་ཕན་ཞེས་གསུངས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་ལ་ཏིང་ངེ་འཛིན་སྔོན་དུ་སོང་ནས་ལེགས་པར་བརྟགས་ཀྱང་དམིགས་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཟུག་པོའི་བློས་མི་དཔྱོད་པར་རེས་འགའ་ནི་ད་ལྟར་དམིགས་པ་མེད་པར་འགྱུར་མི་སྲིད་དེ་ཞེས་ཁུངས་འདྲེན་པར་བྱེད། །རེས་འགའ་ནི་ཅིར་ཡང་མི་རྟོག་པར་མ་སྒོམས་ཤིག །འདུ་ཤེས་མེད་པའི་སྙོམས་པར་འཇུག་པར་འགྱུར་རོ་ཞེས་སྨྲས་པ་ནི། མཁས་པའི་སེམས་འཕྲོགས་པར་བྱེད་པ་མ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་རྟགས་ལ་ལོག་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། མཉམ་པར་གཞག་པ་དང༌། ལགས་པའོ། །དེ་ན་ཁ་ཅིག་ན་རེ་མཉམ་པར་གཞག་ཙམ་ན་ལུས་ཕྱོགས་རེ་ལ་སོགས་པ་ཧ་ཅང་ཟ་བ་དང༌། གཡའ་བ་དང༌། འཛག་པ་དང༌། རྩུབ་པ་དང༌། འདར་ཞིང་གཡོ་འཕར་བ་དང༌། དྲོ་བ་དང༌། གཏིང་དུའམ། གྱེན་དུ་བཏེག་པ་ལ་སོགས་པ་དང༌། སེམས་ཀྱིས་དགའ་བ་ཙམ་ལྷག་མཐོང་གི་རྟགས་སུ་བྱེད་པ་དེ་ནི་ལོག་པར་རྟོག་པ་ཡིན་ཏེ། ཞི་གནས་ཙམ་གྱི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །མི་མ་ཡིན་པའི་སྒྲ་ཐོས་པ་དང༌། གཟུགས་མཐོང་བ་དང༌། འོད་ལ་སོགས་པ་དང༌། ཟས་སྟོབས་པ་ལ་ངོ་མཚར་དུ་འཛིན་པ་དང༌། ཁ་ཅིག་ནི་དྲི་མ་རགས་པ་གསུམ་དང་མ་བྲལ་བར་ནི་སྤྲུལ་པའི་སྐུའི་ཞལ་མི་མཐོང་ན་ལོ་དང་ཟླ་བ་ཙམ་ལོན་མ་ཐག་ཏུ་འཕགས་པས་ལུང་སྟོན་པ་དང༌། བྱིན་གྱིས་བརླབས་སུ་རེ་བ་དག་ནི་བདུད་ཀྱིས་བྱིན་གྱིས་རློབ་པའི་ཕྱིར་ལོག་པར་རྟོག་པའོ། །ལངས་པའི་གནས་སྐབས་སུ་ཁ་ཅིག་རྡུལ་ཕྲ་རབ་ཏུ་མཐོང་ཞེས་ཟེར་


DTG207_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ཅི་ཡང་མ་མཐོང་ཞེས་ཟེར་བ་ཡང་ལོག་པར་རྟོག་པ་ཡིན་ཏེ། འདུས་པ་དང་གཉིས་ཀྱིས་ཐ་སྙད་འདོགས་པ་དང༌། ལངས་པའི་ཤེས་པ་ལ་རྣམ་པ་མེད་པར་སྐྱེ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལས། བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང༌། དོན་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་གྱི་དབང་དུ་མཛད་ནས། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་གཟུགས་འདྲ་དང༌། །འོད་དང་པདྨོ་འདྲ་བ་དང༌། །རི་མོ་ནམ་མཁའི་མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །དེ་དག་ཐམས་ཅད་རྣམ་སྤོང་ཤིང༌། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞི་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་སོ། །དེ་ལྟ་བས་ན་བསླབ་པ་བསྲུང་བར་འདོད་པས་ལྐུགས་པ་བཞིན་དུ་བྱ་ཞིང་ནམ་མཁའ་ལྟ་བུའི་ཡེ་ཤེས་དང༌། སྒྱུ་མ་ལྟ་བུའི་ཡེ་ཤེས་སྐྱེ་བར་འདོད་པས་མཉམ་པར་གཞག་པའི་དུས་སུ་ཅི་ལ་ཡང་མི་གནས་པར་བསླབ་ཅིང་ལངས་པའི་སྐབས་སུ་ཡང་དག་པའི་ངོ་བོས་སྟོང་པའི་ཕྱིར། རྨི་ལམ་སྣང་བ་དང་འདྲ་བ་ལ་བསླབ་དགོས་པས། ཤིན་ཏུ་དབེན་པའི་སྐབས་སུ་དེ་ལ་མོས་པ་བརྟེན་པོ་འབྱུང་ན་ལམ་དུ་ཞུགས་པའི་རྟགས་ཡིན་ནོ། །མ་ནོར་ལམ་རྟགས་གཞན་དག་ནི། །སྒྲུབ་པ་སྙིང་པོར་བྱེད་པ་ལ། །དེ་དག་རིམ་གྱིས་བསྟན་པར་བྱ། །བར་སྐབས་ཀྱི་ནི་ཚིགས་བཅད་ཡིན། །དམིགས་པ་དང་ནི་ཤེས་པ་ལ། །ལོག་རྟོག་སུན་དབྱུང་མདོར་བསྟན་དང༌། །རྟགས་ལ་ལོག་རྟོགས་སུན་དབྱུང་གིས། །བསྒོམ་ལ་ལོག་རྟོག་བསྡུས་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་རང་གི་ཕྱོགས་སྒྲུབ་ཏུ་མེད་པའི་ཚུལ་གྱིས་བསྒྲུབ་པ་ནི་ཞེན་པ་མི་སྐྱེད་ཅེས་བྱ་བ་ཡིན་ཏེ། གང་དག་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་འབྱུང་བའི་རྗེས་སུ་སློབ་པས་སོ། །འོན་ཀྱང་གང་ཞིག་བསྒྲུབ་བྱ་གང་དང་འབྲེལ་པའི་རྟགས་དྲན་ཞིང་འབྲེལ་པའི་རྗེས་ལ་སྐྱེས་པའི་ཤེས་པ་དེ་ནི་རྟོག་བཅས་ཡིན་ཏེ། དཔེར་ན་དུ་བ་ལ་བརྟེན་ནས་འབྲེལ་པ་དྲན་པའི་


DTG207_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ལ་སྐྱེས་པའི་ཤེས་པ་ལྐོག་ཏུ་གྱུར་པའི་མེར་སྣང་བ་ལྟ་བུའོ། །ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་འབྲེལ་བའི་རྟགས་གཅིག་དང་དུ་མ་དང་བྲལ་བ་ལ་བརྟེན་ནས་འབྲེལ་པ་དྲན་པའི་རྗེས་ལ་སྐྱེས་པས་རང་བཞིན་གྱི་གཏན་ཚིགས་སོ། །གང་རྟོག་པ་དང་བཅས་པ་དེ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ་དཔེར་ན་མེ་མ་ཡིན་པ་ལས་ལོག་པ་ཙམ་ལ་དམིགས་པའི་ཤེས་པ་ལྟ་བུའོ། །སོ་སོའི་སྐྱེ་བོ་དོན་ལྐོག་ཏུ་གྱུར་པ་ལ་དཔྱོད་པའི་ཆོས་ཉིད་ལ་དམིགས་པ་འདི་ཡང་རྟོག་པ་དང་བཅས་པ་ཡིན་པས་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྱིའི་ཡུལ་ཅན་ཡིན་ནོ། །དེ་ལ་མཉམ་པར་གཞག་པའི་ཤེས་པའི་བསམ་པས་གང་ཡང་ཁས་མི་ལེན་པས་གོང་དུ་སྨོས་པའི་སྐྱོན་ཐམས་ཅད་སེལ་ཏོ། །ལངས་པའི་ཤེས་པས་ཐ་སྙད་འདོགས་པ་ནི་ངོ་བོའི་སྒོ་ནས་རྟོག་བཅས་ཞེས་བྱ་བ་དང༌། ཡོད་པ་དང་མེད་པའི་བརྗོད་པ་དང་འདྲེར་རུང་བ་ཙམ་དང་ཧ་ཅང་ཆེས་སྤྱིར་ཡང་དམིགས་སུ་མེད་ཅེས་བྱ་བ་ལ་ཡང་མི་ངེས་པས་མི་རྟོག་པ་ཞེས་བྱ་དང༌། དེ་ཙམ་ལ་ཡུལ་གསལ་ཞེས་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང༌། རང་གི་མཚན་ཉིད་དུ་ཞེན་པ་ཡོད་པས་ན་ཀུན་བརྟགས་བསྒོམ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པ་ཕལ་ཆེར་བརྗོད་དུ་འདོད་དེ། འདིར་མངས་ཀྱིས་དོགས་ནས་མ་བྲིས་སོ། །མཉམ་གཞག་ལངས་པའི་ཤེས་པ་ཡིས། །ཚུལ་གཉིས་མཚོན་ཆ་གཟུང་ནས་ནི། །རིགས་པའི་ལག་གིས་འདེབས་བྱེད་པ། །ལོག་རྟོག་སྤངས་ནས་ལྷག་མཐོང་སྐྱེ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །བདག་ནི་ཤིན་ཏུ་དམུས་ལོང་བས། །ལྷག་མཐོང་སྐྱེད་ཐབས་ཟབ་མོའི་དོན། །མི་རིགས་བཟོད་གསོལ་བདག་གིས་འདི། །སློབ་མས་ལྷག་མཐོང་བསྐྱེད་ཕྱིར་བྱས། །དགེ་བ་འདི་ཡིས་དང་པོའི་ལས་ཅན་ཀུན། །ཧ་ཅང་མི་མཐོ་མི་དམའ་རྒྱུ་འབྲས་སྟོན། །ཚུལ་ཁྲིམས་སྲུང་ཞིང་མི་བསྙེམས་ཆོས་ཉིད་བསྒོམ། །མ་ནོར་ལམ་ཞུགས་དྲོད་སོགས་སྐྱེ་བར་ཤོག །ལྷག་མཐོང་སྐྱེད་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།

སེམས་གནས་སྤྱི་མདོར་བསྡུས།


DTG207_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་སྤྱིར་མདོར་བསྡུས་བཞུགས། སྡོམ་ནི། སྨོན་དང་འཇུག་དང་བཟོད་པ་དང༌། །ཐོས་བསྟེན་བཀུར་སྟི་སྨྲ་དགའ་སྤང༌། །ལས་དང་སྤྲོས་པ་འདུ་འཛི་སྤང༌། །དགོན་གནས་སྤྱོད་ལམ་བསམ་པ་བསྟེན། །ཞི་གནས་ལྷག་མཐོང་ཚོགས་དང་རྟགས། །དམིགས་དང་གཞག་དང་ངོས་གཟུང་དང༌། །སྐྱོ་དང་ཟུང་འབྲེལ་ལམ་འཇུག་ཕྱིར། །ཉི་ཤུ་གཅིག་གིས་བསྒྲུབ་ལ་གདམས། །སྡོམ་ནི། རྟེན་དང་གྲོགས་བྱེད་སྔོན་འགྲོ་དང༌། །དབྱེ་བ་ངོ་བོ་དམིགས་པ་དང༌། །ཕན་ཡོན་སོ་སོ་ངེས་ཚིག་དང༌། བསྒྲུབ་དང་མི་ལྡན་རྐྱེན་དང་རྒྱུ། །ལྡོག་རྒྱུ་ཉམས་བྱེད་གཏོང་ཚད་དང༌། །ཉེས་དམིགས་གང་གིས་ཆོ་ག་དང༌། །མི་ཉམས་འཕེལ་བྱེད་བསླབ་བྱ་སྟེ། །ཉི་ཤུ་གཅིག་གིས་སྨོན་པའི་སེམས། །སྡོམ་ནི། ཕན་ཡོན་སོ་སོ་ཁམས་དང་ནི། །འགྲོ་བ་གཏོང་དང་གནས་པའི་དུས། །གྲངས་དན་གོ་རིམས་ངེས་ཚིག་དང༌། །དགག་དང་སྒྲུབ་དང་ཁྱད་པར་དང༌། །ཆེ་འབྲིང་ཉམས་དང་མི་ཉམས་རྒྱུ། །སྔོན་འགྲོ་ཆོ་ག་ངོ་བོ་དག །ཡན་ལག་ཉེས་དམིགས་བསླབ་བྱ་སྟེ། །ཉི་ཤུ་གཅིག་གིས་འཇུག་པའི་སེམས། །ཆོ་གའི་སྡོམ་ནི། སློབ་དཔོན་དང་ནི་སློབ་མས་སོ། །སྡོམ་ནི་བསྒྲགས་དང་བརྟག་དང་མ་ཡེངས་དང༌། །མ་ཡེངས་སྤྲོ་བསྐྱེད་མ་ཡེངས་གཉིས། །དྲི་དང་བརྗོད་དང་མཁྱེན་པར་གསོལ། །རྫོགས་དང་གཟེངས་བསྟོད་ཁྱད་པར་དང༌། །མདོར་བསྟན་དང་ནི་གདམས་པ་ཡི། །སློབ་དཔོན་ཆོ་ག་བསྡུས་པ་ཡིན། །སྡོམ་ནི། ཐོས་དང་རྟག་དང་གུས་པ་དང༌། །གསོལ་གདབ་སྤྲོ་བྱ་ལན་གདབ་དང༌། །བསོད་ནམས་སྐུ་དང་སྟོན་པའི་སེམས། །བསྐུལ་དང་སྤྱོད་ལམ་བསམ་པ་དང༌། །སྔོན་འགྲོ་ངོ་བོ་ཁས་བླངས་ཉམས། །གཟེངས་བསྟོད་རྫོགས་དང་ཁྱད་པར་དང༌། །མདོར་བསྟན་གདམས་ལ་མཉན་པའོ། །སློབ་དཔོན་བརྟག་པའི་སྤྱི་སྡོམ་ནི། །སྣོད་དུ་རུང་དང་མི་རུང་བའོ། །སྡོམ་ནི། སྨོད་དང་ངན་དང་ཞུགས་མིན་དང༌། །སྨོན་དང་བླངས་དང་གནས་པ་དང༌། །མཁས་དང་འཛིན་ནུས་གོ་བྱེད་ནུས། །མཐུ་ཡོད་བརྩེར་ལྡན་སྐྱོ་བ་བཟོད། །སྡོམ་ནི། མི་མོས་མི་འཇུག་


DTG207_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོགས་དང༌། །བརྐམ་དང་ཟིལ་ནོན་འདོད་པ་ཆེ། །མི་ཆོག་ཉམས་དང་མ་གུས་དང༌། །ལྷོད་དང་ཁྲོ་དང་ཁོན་དུ་འཛིན། །མི་བཟོད་གཤེ་དང་བརྡེག་པ་དང༌། །མཚང་འདྲུ་འཕྱ་དང་ལེ་ལོ་དང༌། །སྙོམ་ལས་ཉིད་དུས་ཚོད་མིན་དང༌། །ཉལ་བ་དུས་ཚོད་གཉེས་དུས་མིན། །ཚོད་མིན་དུས་ཡོལ་གཡེངས་པ་དང༌། །མི་གནས་ཡིད་དུལ་རྨོངས་པ་དང༌། །ཞུམ་དང་སྡིག་པའི་ཚིག་སྨྲ་དང༌། །ལྟ་དང་རྟོག་པའང་དེ་བཞིན་ནོ། །གང་གི་རྒྱུ་དང་སྐྱེས་པ་དང༌། །འབབ་དང་བག་གཉིས་ཉེས་མེད་དང༌། །ཉེས་དམིགས་ཕྱིར་བཅོས་མི་འབྱུང་རྒྱུ། །བཅུ་གཅིག་བསླབ་བྱ་ཕན་ཡོན་གཉིས། །གང་ཟག་ལས་དང་པོ་པ། ལས་ཐོག་མ་པ། བདག་ལ་ཕན་པར་འདོད་པ། བདག་གི་དོན་རྗེས་སུ་ཐོབ་པར་འདོད་པས། གནས་བཞི་པོ་ཀུན་ཤེས་པར་འདོད་ཅིང༌། ཀླན་ཀའི་སེམས་མེད་པ་དང༌། གུས་པ་དང་བཅས་ཤིང༌། ང་རྒྱལ་གྱི་ཁེངས་པ་མེད་པ་དང༌། དགེ་བ་གང་ཡིན་ཞེས་ཚོལ་ཞིང༌། བདག་ཉིད་སྒྲོགས་པའི་ཕྱིར་མ་ཡིན་པ་དང༌། བདག་དང་གཞན་དག་དགེ་བའི་རྩ་བ་ལ་ངེས་པར་སྦྱར་བར་བྱ་ཞིང༌། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་བ་མེད་པ་དག་ལ་དྲན་པ་ཉེ་བར་བཞག་ནས། །མཁན་པོའམ་སློབ་དཔོན་ནམ། བླ་མའམ། བླ་མ་ལྟ་བུ་རྣལ་འབྱོར་ཤེས་པ་གང་ཡིན་པའི་དྲུང་དུ་འགྲོ་བར་བྱའོ། །དེ་ལྟར་དུས་སུ་སོང་ནས་ཀྱང་སྐབས་སུ་བབ་པར་བྱ་སྟེ། སྟན་ཤིན་ཏུ་དམའ་བ་ལ་འདུག་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། རྗེས་དང་བཅས་གུས་པ་དང་བཅས་པས། བཙུན་པ་བདག་ནི་རྣལ་འབྱོར་དོན་དུ་གཉེར་བ་ལགས་ན། བདག་ལ་རྗེས་སུ་ཐུགས་བརྩེ་བའི་སླད་དུ། རྣལ་འབྱོར་བསྟན་དུ་གསོལ་ཞེས་རྣལ་འབྱོར་གསོལ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་པའི་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེས་ཀྱང༌། གང་ཟག་ལས་དང་པོ་པ། ལས་ཐོག་མ་པ། རྣལ་འབྱོར་ཡིད་ལ་བྱ་བ་ལ་རབ་ཏུ་བརྩོན་པར་འདོད་པ་དེ་ལ། བཞིན་བཟངས་ཁྱོད་སྐྱེ་དགུ་བག་མེད་པ་དང་ལྡན་པ། ཡུལ་ལ་གཞོལ་བ། ཡུལ་ལ་ལྷག་པར་ཞེན་པར་གྱུར་པ། བག་ཡོད་


DTG207_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རབ་ཏུ་སྦྱོར་བར་འདོད་པ་དང༌། ངན་སོང་གི་བཙོན་རར་ཞུགས་པ། ངན་སོང་གི་བཙོན་ར་ནས་གདོན་པར་འདོད་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་པའི་ལྕགས་སྒྲོག་གིས་བཅིངས་པའི་འཆིང་བ་དག་གཅོད་པར་འདོད་པ་དང༌། འཁོར་བའི་འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་དུ་ཞུགས་པ། འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་ལས་ངེས་པར་བསྒྲལ་བར་འདོད་པ་དང༌། ཉོན་མོངས་པ་དང་མི་དགེ་བའི་རྩ་བའི་མུ་གེ་ཆེན་པོ་བྱུང་བ་ལ། དགེ་བའི་རྩ་བའི་ལོ་ལེགས་པར་འབྱུང་བར་འདོད་པ་དང༌། ཉོན་མོངས་པའི་ཆོམ་རྐུན་གྱི་འཇིགས་པ་ཆེན་པོ་དང་བྲལ་བས། མྱ་ངན་ལས་འདས་པའི་བདེ་བ་རྗེས་སུ་ཐོབ་པར་འདོད་པ་དང༌། ཉོན་མོངས་པའི་ནད་ཆེན་པོས་ཐེབས་པ། ཤིན་ཏུ་ནད་མེད་པའི་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འདོད་པ་དང༌། ཆུ་བོ་བཞིས་རྒྱུན་ཕྱོགས་སུ་བདས་པ། ཆུ་བོ་ལས་བསྒྲལ་བར་འདོད་པ་དང༌། མ་རིག་པའི་མུན་པ་ཆེན་པོར་ཞུགས་པ་དང༌། ཡེ་ཤེས་ཀྱི་སྣང་བ་རྗེས་སུ་ཐོབ་པར་འདོད་པ་ནི་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་དེ་ལྟར། ཡང་དག་པར་རབ་ཏུ་བརྩོན་པར་བྱེད་པ་ན། གདོན་མི་ཟ་བར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བ་དང༌། སྟོན་པའི་བཀའ་ལུང་བཞིན་དུ་བྱེད་པ་དང༌། རྟག་ཏུ་འགྲུས་པའི་བསམ་གཏན་པ་ལྷག་མཐོང་དང་ལྡན་པ་དང༌། ཁྱིམ་གྱི་སྟོང་པ་དག་རྒྱས་པར་བྱེད་པ་དང༌། བདག་གི་དོན་གྱི་རྗེས་སུ་བརྩོན་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པ་དང༌། བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང༌། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པར་འགྱུར་རོ་ཞེས་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་སྤོང་བའི་ཕན་ཡོན་ཡང་བརྗོད་པར་བྱའོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པའི་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་


DTG207_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་བྱས་ཤིང༌། སྤོང་བའི་ཕན་ཡོན་ཡང་དག་པར་བསྟན་ནས་ཡོངས་སུ་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱ་སྟེ། ཅི་ཚེ་དང་ལྡན་པ་ཁྱོད་གཅིག་ཏུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང༌། འདི་ལས་ཕྱི་རོལ་པའི་སྟོན་པ་འམ། སྦྱིན་གནས་གཞན་དག་ཡང་དག་པར་མི་འདོད་པ་ཡིན་ནམ། ཅི་ཁྱོད་ཚངས་པར་སྤྱོད་པ་བསྒོམ་པར་བྱ་བའི་ཕྱིར། ཁྱོད་ཀྱིས་དང་པོར་ཡོངས་སུ་སྦྱང་བ་དང༌། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང༌། ལྟ་བ་དྲང་པོ་ཡིན་ནམ། ཅི་ཁྱོད་འཕགས་པའི་བདེན་པ་མདོ་དང་རྣམ་པར་དབྱེ་བ་ལས་བརྩམས་ཏེ། ཆོས་ཉུང་ངུའམ་མང་པོ་དག་མཉན་ཅིང་གཟུང་བ་ཡིན་ནམ། ཅི་ཁྱོད་མྱ་ངན་ལས་འདས་པ་ལ་སེམས་མོས་ཤིང་མྱ་ངན་ལས་འདའ་བར་འདོད་པས་རབ་ཏུ་བྱུང་བ་ཡིན་ནམ། ཞེས་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དེ་དག་ཡོངས་སུ་དྲི་བར་བྱའོ། །དེ་ལྟར་དྲིས་པ་ན། གལ་ཏེ་དེ་ལྟ་བུ་ལགས་སོ་ཞེ་ན། དམ་འཆའ་བར་བྱེད་ན་དེའི་འོག་ཏུ་གནས་བཞི་པོ་དག་རྒྱུ་རྣམ་པ་བཞིས་ལེགས་པར་རྗེས་སུ་བརྟག་པར་བྱ་སྟེ། སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ། རིགས་དང༌། དབང་པོ་དང༌། སྤྱད་པ་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དྲིས་པས་ལེགས་པར་རྗེས་སུ་བརྟག་པར་བྱའོ། །གཏམ་དང༌། སྤྱོད་པ་དང༌། སེམས་ཀྱི་རྣམ་གྲངས་ཤེས་པས་ལེགས་པར་བརྟག་པར་བྱའོ། །དེ་ལ་ཇི་ལྟར་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། འདི་སྐད་ཡོངས་སུ་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ་གང་དུ་སྨོན་ལམ་བཏབ་ཅེས་ཡོངས་སུ་དྲི་བར་བྱའོ། །དེ་ཡང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་བཞིན་དུ་བདག་ཉིད་ལན་འདེབས་པར་འགྱུར་ཏེ། དེ་ལྟར་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱའོ། །ཇི་ལྟར་དྲི་བས་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། དེས་འདི་སྐད་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་གི་རིགས་གང་ཡིན་པ་དང༌། བདག་གི་དབང་པོ་རྣམས་རྟུལ་བ་འམ་འབྲིང་ངམ་རྣོ་བ་ཇི་ལྟ་བུ་


DTG207_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང༌། ཅི་བདག་འདོད་ཆགས་སྤྱད་པ་འམ། འོན་ཏེ་ཞེ་སྡང་སྤྱད་པ་འམ། དེ་བཞིན་དུ་རྣམ་པར་རྟོག་པ་སྤྱད་པའི་བར་གང་ཞིག་ཡིན། ཞེས་བདག་ཉིད་ཀྱི་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ཤེས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་ཤེས་རབ་ཅན་ཞིག་ཡིན་ན་དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ཉེ་བར་རྟོགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ་ལན་འདེབས་པར་བྱེད་དོ། །གལ་ཏེ་དེ་དམན་པ་ཞིག་ཡིན་ན་ནི་དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ཉེ་བར་རྟོགས་ཤིང་མཚན་མར་མ་ཟིན་པས་དེ་དྲིས་ཀྱང་ལན་འདེབས་པར་མི་བྱེད་པས། དེ་ལ་དེའི་འོག་ཏུ་རེ་ཞིག་གཏམ་གྱིས་དེ་གསུམ་ལེགས་པར་རྗེས་སུ་བརྟག་པར་བྱ་སྟེ། དེའི་མདུན་ཚིག་གི་ལམ་གསལ་བ། འབྲེལ་པ་སྣ་ཚོགས་པ། སྙན་པ། གོ་སླ་བ་དག་གིས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་གཏམ་བྱའོ། །དེ་གལ་ཏེ་ཉན་ཐོས་ཀྱི་རིགས་ཅན་ཞིག་ཡིན་ན་ནི། གཏམ་དེ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང༌། རངས་པ་དང༌། ཀུན་ཏུ་དགའ་བ་སྐྱེ་བ་དང༌། ཡིད་བདེ་བ་སྐྱེ་བ་དང༌། རབ་ཏུ་དང་བ་དང༌། མོས་པར་འགྱུར་རོ། །གལ་ཏེ་དེ་རང་སངས་རྒྱས་ཀྱི་རིགས་ཅན་ནམ། ཐེག་པ་ཆེན་པོའི་རེགས་ཅན་ཞིག་ཡིན་ན་ནི། གཏམ་དེས་ཤིན་ཏུ་དགའ་བ་དང༌། རངས་པ་དང༌། ཡིད་བདེ་བ་སྐྱེ་བ་དང༌། རབ་ཏུ་དང་བ་དང༌། མོས་པར་མི་འགྱུར་རོ། །ཐེག་པ་ཆེན་པོའི་རིགས་ཅན་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོ་དང་ལྡན་པའི་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང༌། རངས་པ་དང༌། ཀུན་ཏུ་དགའ་བ་སྐྱེ་བ་དང༌། ཡིད་བདེ་བ་སྐྱེ་བ་དང༌། རབ་ཏུ་དང་བ་དང༌། མོས་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དེ་དབང་པོ་རྟུལ་པོ་ཞིག་ཡིན་ན་ནི། གསལ་བའི་གཏམ་བྱས་ན་ཡང༌། ཆོས་ཀྱི་དོན་ཉེ་བར་རྟོགས་པ་དང༌། གཟུང་བ་དང༌། སོ་སོར་བརྟག་པར་བྱ་བ་ལ་ཤིན་ཏུ་དབང་པོ་རྟུལ་བར་འགྱུར་རོ། །གལ་ཏེ་དབང་པོ་འབྲིང་ཞིག་ཡིན་ན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དབང་པོ་རྣོན་པོ་ཞིག་ཡིན་ན་ནི། དབང་པོ་


DTG207_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྟུལ་པོ་ལ་སླ་བའི་གཏམ་བྱས་པ་ལས་བཟློག་པ། ཟབ་མོའི་གཏམ་བྱས་ན་ཡང་ཆོས་ཀྱི་དོན་མྱུར་དུ་ཉེ་བར་རྟོགས་པ་དང༌། ཟིན་པ་དང༌། སོ་སོར་རྟོགས་པར་བྱེད་དོ། །གལ་ཏེ་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་ན་ནི་དང་བར་འགྱུར་པའི་གཏམ་བྱས་པ་ན། གཏམ་ངེས་ཤིན་ཏུ་རབ་ཏུ་དང་བ་དང༌། དགའ་བ་དང༌། དགོངས་པའི་རྗེས་སུ་འཇུག་པ་དང༌། སྤུ་ཟིང་ཞེས་བྱ་བ་དང༌། མཆི་མ་དཀྲུག་ཅེས་བྱེད་པ་དང༌། སེམས་ཀྱི་རྒྱུད་སྣུམ་པ་དང༌། སེམས་འཇམ་པ་སྟོན་པར་བྱེད་དོ། །གལ་ཏེ་དེ་ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་གཏི་མུག་སྤྱད་པ་ཞིག་ཡིན་ན་ནི། ངེས་པར་འབྱེད་པའི་གཏམ་མྱ་ངན་ལས་འདས་པ་དང་ལྡན་པ་ཟང་ཟིང་མེད་པ་བྱས་ན། སྐྲག་པ་དང་དངང་བ་དང༌། ཀུན་ཏུ་སྐྲག་པར་འགྱུར་ཏེ། ཇི་ལྟར་དབང་པོ་རྟུལ་པོ་བསྟན་པ་དེ་བཞིན་དུ་དེ་ཡང་རིག་པར་བྱའོ། །གལ་ཏེ་དེ་ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི། ཤིན་ཏུ་གུས་པར་ཉན་པར་མི་བྱེད་ཅིང༌། རྣ་གཏོད་པར་མི་བྱེད་ལ། དེ་བཞིན་དུ་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་མི་བྱེད་ཅིང༌། དད་པར་གྱུར་ན་ཡང་དེ་བཞིན་དུ་བསྙེན་བཀུར་དང༌། ལེགས་སོ་ཞེས་བྱ་བ་བྱིན་མི་བྱེད་དོ། །གལ་ཏེ་དེ་རྣམ་པར་རྟོག་པ་སྤྱད་པ་ཞིག་ཡིན་ན་ནི། ལེགས་པར་རྣ་བླགས་ཏེ་ཉན་པར་བྱེད་ཀྱང་སེམས་རྣམ་པར་གཡེང་བར་འགྱུར་ཞིང་ལོག་པར་གཟུང་སྟེ། འཛིན་པར་ཡང་འགྱུར་ལ་མི་བརྟན་ཞིང་མི་དམ་པར་འཛིན་པར་ཡང་འགྱུར། གཟུང་ན་ཡང་ཆུད་ཟ་བར་འགྱུར་ཞིང༌། ཡང་དང་ཡང་དུ་ཕྱི་ཕྱིར་ཡོངས་སུ་འདྲི་བར་བྱེད་པར་ཡང་འགྱུར་ཏེ། དེ་ལྟར་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱའོ། །ཇི་ལྟར་ན་སྤྱོད་པས་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གང་ཟག་ཉན་ཐོས་ཀྱི་རིགས་ཅན་ལ། འདོད་ཆགས་ལ་སོགས་པ་སྤྱད་པ་དག་གིས་རྟགས་གང་དག་སྔར་བསྟན་པ་དེ་དག་ནི་སྤྱོད་པ་ཞེས་བྱ་སྟེ། སྤྱོད་པ་དེས་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ཅི་རིགས་པར་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཀྱི་རྣམ་གྲངས་ཤེས་པས་རིགས་དང༌།


DTG207_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དང༌། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གལ་ཏེ་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེ་སེམས་ཀྱི་རྣམ་གྲངས་ཤས་པ་ཐོབ་པ་ཞིག་ཡིན་ན། དེས་ཕ་རོལ་གྱི་སེམས་ཤེས་པ་དེས། དེའི་རིགས་དང༌། དབང་པོ་དང༌། སྤྱད་པ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ལེགས་པར་རྗེས་སུ་བརྟག་པར་བྱའོ། །ཉེས་པ་ཀུན་སྤངས་ཡེ་ཤེས་ཐོབ་མེད་རབ་བརྙེས་པ། །ཁམས་རྣམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་མངོན་སུམ་གཟིགས། །གང་ལ་གང་ཕན་གསུངས་པའི་དམ་ཆོས་རི་རབ་ལས། །རྡུལ་ཙམ་བླངས་ནས་དང་པོའི་ལས་ཅན་དོན་དུ་བཤད། །དེ་ལ་ལས་དང་པོ་པའི་གང་ཟག་ནི་བདུན་ཏེ། འདོད་ཆགས་ཤས་ཆེ་བ་ནས་རྣམ་པར་རྟོག་པ་ཤས་ཆེ་བའི་བར་ལྔ་དང༌། ཆ་མཉམ་པ་དང༌། ཉོན་མོངས་པ་ཆུང་བའོ། །ཆ་མཉམ་པའི་རྟགས་གང་ཞེ་ན། གང་ཟག་གང་གི་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། རྣམ་པར་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་གོམས་པར་མ་བྱས། །ལན་མང་དུ་མ་བྱས་ཀྱང་ཆོས་དེ་དག་ཉེས་དམིགས་སུ་མ་མཐོང་ཞིང་སུན་མ་ཕྱིན་ཡང་དག་པར་མ་རྟོགས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བ་དང༌། ཞེ་སྡང་བར་འགྱུར་བ་དང༌། རྨོངས་པར་འགྱུར་བ་དང༌། ཁེངས་པར་འགྱུར་བ་དང༌། རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ལ་འདོད་ཆགས་ཤས་ཆེན་པོ་དང༌། འདོད་ཆགས་ཡུན་རིང་པོར་སྐྱེ་བར་མི་འགྱུར་ཡང་འདི་ལྟ་སྟེ། དངོས་པོ་དེས་དེ་ལས་འདོད་ཆགས་ཀུན་ཏུ་མི་འབྱུང་བ་མ་ཡིན་པ་དང༌། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་རྣམ་པར་རྟོག་པ་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་གང་ཟག་ཆ་མཉམ་པར་འགྱུར་བ་ཞེས་བྱའོ། །གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་ཀུན་ཏུ་མ་བསྟེན་ཅིང་གོམས་པར་མ་བྱས། ལན་མང་དུ་མ་བྱས་ལ་ཉེས་དམིགས་སུ་ཡང་ལན་མང་དུ་མཐོང་ཞིང་སུན་ཀྱང་ཕྱིན་ཡང་དག་པར་རྟོགས་པས་དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་པའི་དངོས་པོ་ཆེན་པོ་དང༌།


DTG207_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་དང༌། ལྷག་པ་དང་ཕྲད་ཅིང་མངོན་སུམ་དུ་གྱུར་པ་ལ་ནི་འདོད་ཆགས་བུལ་བར་སྐྱེ་ལ། འབྲིང་དང་ཆུང་ངུ་ལ་ནི་གཏན་མི་སྐྱེ་བ་དང༌། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། རྣམ་པར་རྟོག་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་ཞེས་བྱའོ། །ཞེས་གསུངས་སོ། །ཡང་ན་གང་ཟག་ཆ་མཉམ་པར་སྤྱད་པ་ལ་ནི་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོད་མོད་ཀྱི། དེ་དག་ཇི་ལྟར་ཆགས་པ་ལ་སོགས་པ་སྤྱད་པ་དེ་དག་གི་ལྟར་ཆེ་བ་དང་བཙན་པ་ནི་མ་ཡིན་ཏེ། དེ་དག་ཀྱང་རྐྱེན་དག་ཡོད་ན་ཆ་མཉམ་པར་འགྱུར་བ་ཡིན་པར་མངོན་ནོ། །ཡང་ན་གང་ཟག་ཉོན་མོངས་པ་ཆུང་པའི་རྟགས་རྣམས་ནི་མ་བསྒྲིབས་པ་དང༌། དབང་པོ་དག་པ་དང༌། ཚོགས་བསགས་པ་དང༌། དད་པ་ཆེ་བ་དང༌། ཡིད་གཞུངས་པ་དང༌། བསོད་ནམས་བྱ་བ་དང༌། ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །དེ་གཉིས་ཀྱི་དམིགས་པ་ནི་མི་སྡུག་པ་བསྒོམ་པ་ནས་དབུགས་བགྲང་བ་ཡན་ཆད་དམིགས་པ་གང་ལ་དགའ་བ་སྐྱེ་བར་འགྱུར་བ་དེ་ལ་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་མཐུན་པའི་དམིགས་པ་ཡིན་ནོ་ཞེས་ཀྱང་གསུངས་སོ། །འདོད་ཆགས་ལ་སོགས་པ་ཤས་ཆེ་བ་དེ་དག་གི་དམིགས་པ་ནི་སོ་སོར་ངེས་པ་ཁོ་ན་ཡིན་ནོ། །ཉོན་མོངས་པ་ཆུང་བས་ནི་དུས་ཉེས་པས་མྱུར་བ་མྱུར་བས་སེམས་གནས་པ་རྟོགས་པར་འགྱུར་རོ། །ཆ་མཉམ་པར་རྟོགས་པས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པས་སོ། །ཤས་ཆེ་བ་ནི་ཡུན་རིང་བས་སོ། །ཉོན་མོངས་པ་དེ་དག་ལས་གཞི་ཤས་ཆེ་བ་དང༌། གསུམ་ཤས་ཆེ་བ་དང༌། གཉིས་ཤས་ཆེ་བ་ཡང་ཤེས་པར་བྱའོ། །ཉོན་མོངས་པ་ཆུང་བ་དང༌། ཆ་མཉམ་པ་ལ་ནི་བདེ་བར་གཤེགས་པའི་སྐུ་ལ་སོགས་པ་ལ་དམིགས་ཀྱང་སེམས་གནས་པར་འགྱུར་རོ། །དེ་སྐད་དུ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་དེའི་དམིགས་པ་ལ་ངེས་པ་མེད་དོ་ཞེས་གསུངས་སོ། །དེའི་བསྒོམ་པ་ནི་གཞན་དུ་བལྟའོ། །དེ་ལ་མ་བསྒྲིབས་པ་ནི་སྒྲིབ་པ་གསུམ་པོ་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། རྣམ་


DTG207_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔའི་ལས་དག་དང༌། གཞན་ཡང་བསམས་བཞིན་དུ་བྱས་པའི་ལས་ལྕི་བ་ལས་ཀྱི་རྣམ་པར་སྨིན་པ་མ་སྐྱེས་པ་ལམ་བསྐྱེད་པའི་བར་ཆད་བྱེད་པ་གང་ཡིན་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་པ་ཤས་ཆེན་པོ་དང༌། ཉོན་མོངས་པ་ཡུན་རིང་པོ་གང་དག་ཡིན་པ་སྟེ། ཚེ་འདི་ཉིད་ལ་སྤྱད་པ་རྣམ་པར་སྦྱང་བའི་དམིགས་པ་རྣམ་པར་སྦྱང་བར་མི་ནུས་པ་གང་ཡིན་པའོ། །དེ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ནི། སྐྱེ་བའི་གནས་གང་དུ་འཕགས་པའི་ལམ་ལ་མི་འཇུག་ཅིང་མི་རྒྱུ་བ་དང༌། གང་དུ་འཕགས་པའི་ལམ་ལ་འཇུག་ཅིང་རྒྱུ་བ་དེར་རྣམ་པར་སྨིན་པ་མངོན་པར་གྲུབ་ན་ཡང༌། དེར་སྐྱེས་པའི་ཚེ་གླེན་པ་དང༌། ལྐུགས་པ་དང༌། ལག་པས་བརྡ་བྱེད་པར་འགྱུར་ཞིང་ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པར་གྱུར་བའོ། །དེ་ལ་དང་པོ་དག་པ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་ལྟ་བ་དྲང་བའོ། །དེ་ལ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རྣམ་པ་བཅུར་རིག་པར་བྱའོ། །དེ་ལ་ལྟ་བ་དྲང་བ་ནི། དད་པ་དང་མཚུངས་པར་ལྡན་པ་དང་མོས་པ་དང་མཚུངས་པར་ལྡན་པ་དང༌། སྒྱུ་དང་གཡོ་དང་བྲལ་བ་དང༌། ལེགས་པར་བསམས་པའི་ཆོས་ཀྱི་དོན་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་པའི་སྦྱོར་བ་དང་ལྡན་པའི་ཕྱིར་ཏེ། ལྟ་བ་དང་མཚུངས་པར་ལྡན་པ་གང་ཡིན་པ་ནི་ཆོས་འདུལ་བ་འདི་ལས་མི་འཕྲོག་པར་འགྱུར་རོ། །མོས་པ་དང་མཚུངས་པར་ལྡན་པ་ནི། སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། སྐྱེས་པའི་གནས་བསམ་གྱིས་མི་ཁྱབ་པ་དག་དང༌། ཟབ་མོ་བསྟན་པ་དག་དང༌། ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་མོས་ཤིང་མི་སྐྲག་མི་དངང་བར་འགྱུར་རོ། །སྒྱུ་དང་གཡོ་དང་བྲལ་བའི་ལྟ་བ་ནི། དེ་ན་དྲང་པོ་དང༌། དྲང་བའི་རང་བཞིན་ཅན་དང༌། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་པ་དང༌། བདག་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ། །ཆོས་ཐམས་ཅད་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌།


DTG207_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པ་ལས་བརྩམས་ཏེ། དོན་ལེགས་པར་བརྩམས། དོན་ལེགས་པར་གཞལ། ལེགས་པར་ཉེ་བར་བརྟགས་པ་ཡིན་ཏེ། རྒྱུ་དེས་དེ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་ལ་ལམ་གཉིས་དང་བྲལ་ཞིང་ཁྱད་པར་དུ་འགྲོ་བ་ཡིན་ཏེ། ཇི་སྐད་མོས་པའི་ལྟ་བ་རྣམ་པ་བཞི་པོ་དེ་དག་ལ་ལྟ་བ་དྲང་བ་ཞེས་བྱའོ། །དེ་ལ་ཚོགས་བསགས་པ་ནི། རྒྱས་པར་སྔར་བསྟན་པའི་དེ་ཁོ་ན་ལྟ་བུའི་ཚོགས་དང་ལྡན་པའོ། །ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། སྔོན་གྱི་དང༌། ཚེ་འདིའིའོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི། གང་གིས་ད་ལྟར་དེ་ལ་ཡོ་བྱད་རྐྱེན་དུ་བབ་ཅིང་མཐུན་པ་རབ་ཏུ་མང་པོ་དག་བདོག་པ་དང༌། དགེ་བའི་བཤེས་གཉེན་དག་རྙེད་པ་དང༌། རབ་ཏུ་བརྩོན་པ་ན་བར་ཆད་མེད་པ་གང་ཡིན་པའོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་གང་གིས་ཡིད་གཞུངས་པར་འགྱུར་བ་དང༌། ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་བར་ནུས་པ་དང༌། རྗེས་སུ་མཐུན་པའི་ཆོས་བསྟན་པ་དང༌། དོན་བསྟན་པ་གདམས་ཞིང་རྗེས་སུ་བསྟན་པ་ཐོབ་པར་འགྱུར་བའོ། །དེ་ལ་སྔོན་གྱི་ནི་སྔོན་དགེ་བའི་རྩ་བ་ཉེ་བར་བསགས་པས་དེས་སད་ལྟར་དབང་པོ་ཡོངས་སུ་སྨིན་པ་དག་ཐོབ་པའོ། །དེ་ལ་ཚེ་འདིའི་ནི་འདི་ལྟ་སྟེ། དགེ་བའི་ཆོས་འདུན་པ་དང༌། དེ་བཞིན་དུ་དབང་པོ་ཡོངས་སུ་སྨིན་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་ལ་སོགས་པ་སྟེ་རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་དད་པ་ཆེ་བ་ནི་སྟོན་པ་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་ལ་དད་པར་བྱེད་ཅིང་མོས་པར་བྱེད་པ་དང༌། སྟོན་པ་ཇི་ལྟ་བ་བཞིན་དུ་ཆོས་དང་བསླབ་པ་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་སྟེ་རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ཡིད་གཞུངས་པ་ནི། གང་གིས་ཆོས་རྣམས་མྱུར་དུ་འཛིན་པར་བྱེད་པ་དང༌། ཆོས་དང་དོན་རྣམས་ཡུན་རིང་པོར་ཡང་མི་བརྗེད་པར་བྱེད་པ་དང༌། ཆོས་དང་དོན་རྣམས་མྱུར་དུ་རྟོགས་པར་བྱེད་པའོ། །དེ་ལ་བསོད་ནམས་བྱས་པ་ནི། གང་གིས་གཟུགས་བཟང་བ་དང༌། བལྟ་ན་སྡུག་པ་དང༌། མཛེས་པ་དང༌། ཚེ་རིང་བ་དང༌། ཚིག་བཙུན་པ་དང༌། དབང་ཆེ་བར་གྲགས་པ་དང༌།


DTG207_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དང་ལྡན་པ་དང༌། བསོད་ནམས་ཆ་བ་དང༌། ཆོས་གོས་ལ་སོགས་པ་རྙེད་པ་དང༌། རྒྱལ་པོ་ལ་སོགས་པས་བསྙེན་བཀུར་བྱས་བླ་མར་བྱས་པའོ། །དེ་ལ་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་ཡོན་ཏན་ནི་འདོད་པ་ཆུང་བ་ལ་སོགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རང་བཞིན་གྱི་དགེ་སྦྱོང་གི་རྒྱན་ཇི་སྐད་བསྟན་པ་དེ་དང་ལྡན་པ་དང༌། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་གང་ཟག་འདོད་ཆགས་ཆུབ་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །སྤྱིའི་ཡི་གེ་རྫོགས་སོ། །

མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས།


DTG207_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་འོབས་འདྲའི་འཇིགས་བཅས་འདོད་པ་དག །གང་གིས་བག་ཆགས་བཅས་པར་གཏན་སྤངས་ལ། །རབ་ཏུ་དང་བས་ཕྱག་འཚལ་དེས་གསུངས་པའི། བདུད་རྩིའི་ཆུ་རྒྱུན་འདོད་མེད་ཟིལ་གནོན་བཤད། །སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང༌། །ཚོགས་དང་བསྒོམ་དང་ཚོད་གཟུང་དང༌། སྐྱེ་རིམ་གནས་ཚད་བསྟན་པའི་ཐབས། །འཁྲུལ་པར་ཤེས་དང་བཅུ་ཡིན་ནོ། །དེ་ལ་རྟགས་ནི་འདིར་འདོད་ཆགས་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ཡང་གང་ཞེ་ན། འདི་ན་གང་ཟག་འདོད་ཆགས་སྤྱད་པ་ནི་ཆགས་པར་གྱུར་པའི་དངོས་པོ་ཆུང་ངུ་དང༌། ངན་པ་ཐམས་ཅད་ལ་ཡང་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྟུག་པོ་དང༌། ཆེན་པོ་སྐྱེད་པར་བྱེད་པ་དང༌། འབྲིང་དང་བཟང་པོ་དག་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱིས་ཀུན་ནས་དཀྲིས་པ་དེ་དག་ཀྱང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང༌། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང༌། དེ་ཆགས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང༌། ཆགས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང༌། དབང་པོ་མཉེན་པ་དང༌། དབང་པོ་འཇམ་པ་དང༌། དབང་པོ་མི་རྩུབ་པ་དང༌། དབང་པོ་མི་བརླང་བ་དང༌། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་ཐོ་འཚམ་པའི་རང་བཞིན་ཅན་མ་ཡིན་པ་དང༌། བྲལ་བར་དཀའ་བ་དང༌། ཡིད་འབྱུང་བར་དཀའ་བ་དང༌། དམན་པ་ལ་མོས་པ་དང༌། ལས་ཀྱི་མཐའ་དམའ་བ་དང༌། ལས་ཀྱི་མཐའ་བརྟན་པ་དང༌། བརྟུལ་ཞུགས་དམའ་བ་དང༌། བརྟུལ་ཞུགས་


DTG207_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་དང༌། སྤྲོ་རིང་བ་དང༌། འཚོག་ཆས་དང་ཡོ་བྱད་དག་ལ་བརྐམ་པའི་རང་བཞིན་ཅན་ཡིན་ཞིང་དེ་ལ་གདུ་བ་དང༌། ཡིད་བདེ་བ་མང་བ་དང༌། ཀུན་དགའ་བ་མང་བ་དང༌། ཁྲོ་གཉེར་མེད་པ་དང༌། བཞིན་གྱི་མདོག་གསལ་བ་དང༌། འཛུམ་པ་སྔོན་དུ་གཏོང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི། གང་ཟག་འདོད་ཆགས་སྤྱད་པའི་རྟགས་ཡིན་པར་བྱའོ་ཞེས་གསུངས་སོ། །དེ་ལ་ཕན་ཡོན་ནི། ནང་དང་ཕྱི་རོལ་ལ་བརྟེན་པའི་འདོད་པ་མེ་དང་འདྲ་བ་དེ་ནང་དང་ཕྱི་རོལ་གྱི་མི་སྡུག་པ་ལ་གོམས་པ་ཆུ་དང་འདྲ་བའི་གཉེན་པོས་ཞི་བར་འགྱུར་ཏེ། དེ་སྐད་དུ། །འདོད་ཆགས་མེ་ནི་མི་སྡུག་ཆུས་ཞི་བྱེད། །ཅེས་གསུངས་སོ། །གཞན་ཡང་འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་པས། དེ་ཞི་ན་དེ་ལ་བརྟེན་པའི་ཉོན་མོངས་པ་གཞན་ཡང་ཞི་བར་འགྱུར་རོ། །དེའི་ཕྱིར་ཏིང་ངེ་འཛིན་མྱུར་དུ་ཐོབ་ནས་དེ་ལ་བརྟེན་པའི་ཤེས་རབ་གོམས་པས་ཉོན་མོངས་པ་རྩ་ནས་སྤང་བ་ཡོངས་སུ་དག་པའི་ཡེ་ཤེས་ཤར་ནས་ལུས་ཕུན་སུམ་ཚོགས་པ་གསེར་གྱི་ཁ་དོག་ལྟ་བུ་ཐོབ་ཅིང༌། བདག་དང་གཞན་གྱི་ཕུན་སུམ་ཚོགས་པའི་སྒྲུབ་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །དེ་སྐད་དུ་བུ་མོ་ཟླ་མཆོག་གིས་ཞུས་པ་ལས་ཀྱང༌། གསེར་གྱི་ཁ་དོག་ལྟ་བུར་རབ་འབར་ཞིང༌། །ཡིད་དུ་འོང་བ་བདག་ལུས་འདི་ལ་ལྟོས། །ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ། །ཆགས་པའི་སེམས་དང་ལྡན་ལ་ཡོད་རེ་སྐན། །ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་འདིར་འདོད་ཆགས་ཀྱི་གཉེས་པོ་མི་སྡུག་པའི་མཚན་ཉིད་ཤེས་པར་བྱའོ། །འདོད་ཆགས་ནི་གཉིས་ཏེ། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་དང༌། ཕྱི་རོལ་གྱི་འདོད་པ་རྣམས་ཀྱི་འཁྲིག་པ་ལ་འདུན་པ་ལ་འཁྲིག་པའི་འདོད་ཆགས་སོ། །དེ་ལ་ནང་ལ་བརྟེན་པའི་མི་གཙང་བའམ་མི་སྡུག་པ་ཉིད་ལ་དམིགས་པས་ནི། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་ལས་སེམས་ལྡོག་པར་བྱེད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། ཀློག་པ་དང༌། དྲི་མ་དང༌། པགས་པ་དང༌།


DTG207_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་དང༌། རུས་པ་དང༌། ཆུ་རྒྱུས་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། མཆིན་པ་དང༌། གློ་བ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ཕོ་བ་དང༌། ལོང་ཀ་དང༌། མཆེར་པ་དང༌། ཕྱི་ས་དང༌། མཆི་མ་དང༌། རྡུལ་དང༌། མཆིལ་མ་དང༌། སྣབས་དང༌། ཞག་དང༌། ཆུ་སེར་དང༌། རྐང་དང༌། ཚིལ་དང༌། མཁྲིས་པ་དང༌། བད་ཀན་དང༌། རྣག་དང༌། ཁྲག་དང༌། ཀླད་སྤྲི་དང༌། ཀླད་རྒྱས་དང༌། གཅིན་དང༌། དེ་ལྟ་བུ་དང་མཐུན་པ་དག་ནི་ནང་ལ་བརྟེན་པའི་མི་སྡུག་པ་དག་ཡིན་པར་རིག་པར་བྱའོ། །དེ་ཡང་ཁམས་གཉིས་པོ་སའི་ཁམས་དང་ཆུའི་ཁམས་ཀྱིས་བསྡུས་ཏེ། དེ་ལ་སྐྲ་དང་སྤུ་ནས་བཤད་པའི་བར་དག་ནི་སའི་ཁམས་སོ། །མཆི་མ་དང་རྡུལ་དག་ནས་གཅི་བའི་བར་དག་ནི་ཆུའི་ཁམས་སོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྔོས་པ་དང༌། རྣམ་པར་རྣགས་པ་དང༌། རྣམ་པར་འབུས་གཞིག་པ་དང༌། རྣམ་པར་བམ་པ་དང༌། རྣམ་པར་ཟོས་པ་དང༌། རྣམ་པར་དམར་བ་དང༌། རྣམ་པར་འཐོར་བ་དང༌། རུས་གོང་དང༌། ཀེང་རུས་དང༌། རུས་པའི་ཀེང་རུས་དང༌། བཤང་བས་གོས་པ་དང༌། གཅི་བས་གོས་པ་དང༌། མཆིལ་མས་གོས་པ་དང༌། སྣབས་ཀྱིས་གོས་པ་དང༌། ཁྲག་གིས་གོས་པ་དང༌། རྣག་གིས་གོས་པ་དང༌། ཆབ་ཁུང་དང༌། ལྗན་ལྗིན་དང་དེ་ལྟ་བུ་དང་མཐུན་པ་དག་ནི་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་དག་ཡིན་པར་རིག་པར་བྱའོ། །དེ་ཡང་འདོད་ཆགས་རྣམ་པ་བཞིའི་གཉེན་པོ་སྟེ་ཁ་དོག་དང༌། དབྱིབས་དང༌། རེག་པ་དང༌། ཉེ་བར་སྤྱོད་པ་ལ་ཆགས་པ་དང་ལྡན་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལ་གང་གི་ཚེ་རྣམ་པར་བསྔོས་པ་ནས་རྣམ་པར་ཟོས་པའི་བར་ཡིད་ལ་བྱེད་པ་དེའི་ཚེ། ཁ་དོག་ལ་འདོད་ཆགས་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རྣམ་པར་དམར་བ་ཡིད་ལ་བྱེད་པ་དེའི་ཚེ། དབྱིབས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རུས་གོང་དང་ཀེང་རུས་ཡིད་ལ་བྱེད་པ་དེའི་ཚེ་རེག་པའི་འདོད་ཆགས་ལས་སེམས་རྣམ་སྦྱོང་བར་བྱེད་དོ། །གང་གི་ཚེ་རྣམ་པར་འཐོར་བ་ཡིད་ལ་བྱེད་པ་དེའི་ཚེ། ཉེ་བར་སྤྱོད་པ་ལ་འདོད་ཆགས་པ་ལས་སེམས་རྣམ་པར་སྦྱོང་


DTG207_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་དུར་ཁྲོད་རྣམ་པ་བཞི་གསུངས་སོ། །དེ་ནི་རེ་ཞིག་ཤེས་པར་བྱའོ། །དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། འདི་སྙམ་དུ་བསྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་གཅིག་མེད་ན་བསྒྲུབ་པར་དཀའ་བས། བདག་གིས་ཐོག་མར་སེམས་གནས་པ་ཅིག་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ཡང་ནང་གི་ལུས་དང་ཕྱི་རོལ་གྱི་བུད་མེད་ལ་ཆགས་ན་གནོད་པ་སྣ་ཚོགས་སྐྱེད་ཅིང་ངན་སོང་གསུམ་དུ་འགྲོ་ན། སེམས་གནས་པ་དང༌། བདེ་འགྲོ་སྐྱེ་ཞིང་ཐར་པར་ལྟ་ག་ལ་འགྱུར། བདེ་འགྲོ་མེད་པར་ཇི་ལྟར་བསྒྲུབ། དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། རུལ་པར་གྱུར་བའི་ལུས་འདི་དང༌། །སྲོག་ཀྱང་གཡོ་བ་དབང་མེད་དོ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག་ཆགས་པས་ན། །དེ་དག་མི་བཟད་སེམས་དམྱལ་འགྲོ། །ཞེས་གསུངས་སོ། །ཡང་གསུངས་པ། གང་ཞིག་འདོད་ཆགས་སེམས་ཀྱིས་ནི། །བུད་མེད་རུལ་པ་བསྟེན་བྱེད་པ། །འགྲོ་བ་རུལ་བར་འགྲོ་འགྱུར་ཏེ། །དེས་ན་ངན་འགྲོར་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་ལུས་དང་བུད་མེད་ལ་ཆགས་པའི་སེམས་སྤང་བར་བྱའོ། །དེ་ལ་སྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ། །དེ་ནས་རེ་ཞིག་ནང་ལ་བརྟེན་པའི་མི་སྡུག་པ་ལ་སེམས་འདི་ལྟར་གཏད་པར་བྱ་སྟེ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། ཀླད་པ་དང༌། ཀླད་རྒྱས་དང་གཅི་བའི་བར་དག་ལ་རེ་རེ་ནས་འདི་ནི་རུལ་བ། དྲི་མི་ཞིམ་པ། དྲི་ང་བ། མི་སྡུག་པ་ཉིད་དོ་སྙམ་དུ་རབ་ཏུ་བསྒྲིམས་ལ་ཅི་གསལ་དུ་བསྒོམ་མོ། །ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་བསྒོམ་པ་ལ་སེམས་གཏོད་པར་བྱེད་པ་ནི་རྣམ་པར་བསྔོས་པ་ལ་སེམས་གཏོད་པར་བྱེད་པ་ན། དེས་བུད་མེད་དམ། སྐྱེས་པ་འམ། མཛའ་བཤེས་སམ། ཐ་མལ་པ་འམ། རན་པ་འམ། འབྲིང་ངམ། བཟང་པོ་འམ། བྱིས་པ་འམ། བར་མ་འམ། རྒན་པོ་ཤི་བའི་རོ་བདག་ཉིད་ཀྱིས་


DTG207_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངམ། གཞན་ལས་ཐོས་སམ། ཡོངས་སུ་བརྟགས་ཀྱང་རུང་སྟེ་དེའི་མཚན་མ་བཟུང་ནས་ཤི་ནས་ཞག་གཅིག་ལོན་པ་ཁྲག་ཟགས་ལ་རུལ་བར་མ་གྱུར་པ་གང་ཡིན་པ་ལ་འདི་ནི་རྣམ་པར་བསྔོས་པའོ། །ཞེས་རབ་ཏུ་བསྒྲིམས་ལ་ཅི་གསལ་དུ་བསྒོམ་མོ། །གཞན་ཡང་རུས་གོང་དང༌། ཀེང་རུས་དང༌། རུས་པའི་ཀེང་རུས་ཀྱི་བར་དག་གང་ལ་མོས་པ་ལ་རབ་ཏུ་བསྒྲིམས་ལ་ཅི་གསལ་དུ་བསྒོམ་མོ། །ཁམས་ཀྱི་ཚོད་གཟུང་བ་ནི། སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང༌། དགེ་སྦྱོར་གཞན་ལ་རབ་ཏུ་སྣང་ལ་བསྒོམ་པ་ལ་མི་ནུས་པ་ཡང་སྣང་བ་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་པར་བྱའོ། །དེ་བས་ན་གསུམ་ཀས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱའོ། །མཚན་མོ་བཏང་སྙོམས་སུ་བཞག་སྟེ། གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ། །ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་སྟེ། འདི་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པའི་ཡུན་ཙམ་ཞིག་བསྒོམ་མོ། །ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣན་ཞིང་བསྒོམ་མོ། །ན་ཚ་ཕྲན་ཚེགས་བྱུང་ན་འཕྲལ་ལ་ཞི་བར་བྱ་སྟེ། བསྲན་སྐྱེད་ཅིང་མི་བསྒོམ་མོ། །ཁམས་མི་བདེ་བ་མེད་ན་གོང་དུ་སྨོས་པ་བཞིན་དུ་བསྒོམ་མོ། །དེ་ལྟ་བས་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ། །དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་རྩོལ་བ་དྲག་ཞན་གཉི་ག་ལ་དམིགས་པ་མི་གསལ་བ་དང༌། གཉིས་པ་རྩོལ་བ་དྲག་ཏུ་བསྒོམས་ན་ཕྱོགས་འགའ་གསལ་ཏེ། དེ་ཡང་ཡུན་རིང་པོར་མི་ཚུགས་པ་དང༌། གསུམ་པ་ནི་རྩོལ་བ་དྲག་ཏུ་བསྒོམས་ནས་གང་ལ་གཏད་ཀྱང་གསལ་ལ་ཞན་ན་ལ་ལ་མི་གསལ་ཏེ། དེ་ཡང་ཡུན་རིང་པོར་མི་སྣང་ངོ༌། །བཞི་པ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཀླད་པ་ལ་སོགས་པ་གང་ལ་དམིགས་ཀྱང་ཤིན་ཏུ་གསལ་བར་སྣང་བ་དང༌། དེ་ཉིད་དམིགས་ཀྱང་རུང༌། རིམ་གྱིས་བགྲངས་ཀྱང་རུང་སྟེ། ཐུན་རིང་བར་ནུས་པ་དང༌། རང་དབང་མེད་པའི་རྒོད་པ་དང༌། བྱིང་བ་དང་བྲལ་བའི་ལུས་ཀྱི་བདེ་བ་སྔར་ཉམས་སུ་མ་མྱོང་བས་ལུས་ལ་ཁྱབ་པ་དང༌།


DTG207_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དགའ་བ་དད་པ་དང་མཚུངས་པར་ལྡན་པས་སེམས་ལ་ཁྱབ་པ་དང་ལྡན་པའོ། །དེ་ལ་གནས་པའི་ཚད་ནི། འདི་ལྟར་རྣལ་འབྱོར་བ་དེས་མི་སྡུག་པའི་སྦྱོར་བ་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ན་རྒྱུ་གང་ཡང་རུང་གནས་ཀྱང་རུང་སྟེ། ཡུལ་མངོན་དུ་གྱུར་ཅིང་མཚན་མར་སོ་སོར་བརྟགས་སུ་ཟིན་ཀྱང་མངོན་པར་འདུ་བྱེད་པ་མེད་པ་ར་རང་བཞིན་གྱིས་མི་སྡུག་པ་ཉིད་ཅེས་མང་དུ་སྣང་སྟེ། འདི་ལྟ་སྟེ་མི་སྡུག་པ་ཉིད་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་འདོད་པའི་འདོད་ཆགས་དང༌། མཐུན་པའི་ཆོས་རྣམས་ལ་སེམས་འཇུག་པར་མི་འགྱུར། དགའ་བར་མི་འགྱུར། མོས་པར་མི་འགྱུར་ཞིང་བཏང་སྙོམས་དང༌། ཡིད་འབྱུང་བ་ཡང་མི་མཐུན་པར་ཀུན་ཏུ་གནས་ན། རྣལ་འབྱོར་བ་བདག་ནི་མི་སྡུག་པ་ཐོབ་པ་ཡིན་ནོ། །བདག་ནི་བསྒོམས་པའི་འབྲས་བུ་ཐོབ་པ་ཡིན་ཞེས་རིག་པར་བྱའོ། །མི་སྡུག་པ་དེ་ཙམ་གྱིས་མི་སྡུག་པ་ཐོབ་པ་ཡིན་ནོ། །དེ་ལ་བསྟེན་པའི་ཐབས་ནི། སེམས་གནས་པར་ཤེས་ནས་སྔར་བསྒོམས་པ་བས་ཐུན་གྱི་གྲངས་ཉུང་བར་རིག་པར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བྱ། སྲོད་ཐོ་རངས་ལ་ཡང་བསྒོམ། དམིགས་པ་ལ་རྩོལ་བ་མི་བྱ་བར་སྔར་ཇི་ཙམ་གསལ་བ་དེ་ཙམ་ལ་དམིགས་སོ། །ཇི་སྲིད་ལུས་ངལ་བ་དང་སེམས་དུབ་པ་འམ། དངང་པ་འམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱིས་ལྕི་བ་འམ། ཡམ་ཡོམ་བྱེད་པ་འམ། འདར་བ་འམ། གཉིད་སྲབ་པ་འམ། ཟས་མི་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་བྱུང་དེ་སྲིད་དུ་བསྒོམ་མོ། །དེ་ནམ་བྱུང་ནས་ངལ་བསོ་སྟེ། ལུས་ལ་བསྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་གཞུག་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་ངུ་རེ་རེ་བལྟ་བ་ཙམ་བསྒོམ་མོ། །ཁམས་སོར་ཆུད་ནས་སྲོད་དང་ཐོ་རངས་ཐུན་རེ་ཉིན་པར་གསུམ་ཙམ་བསྒོམ་ཞིང༌། ཐུན་སྔ་མ་བས་རིང་བར་བྱའོ། །དེ་ལ་འཁྲུལ་པ་ཤེས་པར་བྱ་བ་གང་ཞེ་ན། དེ་ལ་ཤེས་པ་ལ་ཤིན་ཏུ་གསལ་བར་སྣང་ཡང་རང་གི་ངོ་བོས་ཡོད་པ་མ་ཡིན་པ་དེ་


DTG207_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཁྲུལ་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན་རང་གི་ལུས་ལ་ནད་བྱུང་བ་དང༌། ཕྱི་རོལ་གྱི་ལུས་ལ་རྣམ་པར་བསྔོས་པ་ལ་སོགས་པ་དེ་ན་མེད་ཀྱང་གསལ་པོར་སྣང་བ་ལྟ་བུའོ། །བསྒོམ་པའི་ཤེས་པ་ལ་ཕྱི་རོལ་དུ་ཆད་པ་ལྟ་བུ་ཤིན་ཏུ་གསལ་བར་སྣང་བའི་མི་སྡུག་པ་འདི་དག་ཀྱང༌། རང་གི་ངོ་བོས་དོན་དམ་པར་ཡོད་པ་མ་ཡིན་པས་སེམས་ཉིད་འཁྲུལ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ཉིད་ཕྱི་རོལ་སྣང༌། །ཞེས་གསུངས་སོ། །དེ་ལྟ་བས་ན་ཡང་དག་པར་མེད་ཀྱང་ཡོད་པ་ལྟ་བུར་སྣང་བ་དེ་ནི་ཕྱིན་ཅི་ལོག་གི་དོན་སྟོན་པས་འཁྲུལ་པ་ཡིན་ཏེ། འདི་ནི་ཡང་དག་པའི་མི་སྡུག་པའོ་སྙམ་དུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། སྐྱེ་བ་མེད་པ་ལ་ངེས་པར་སྐྱེ་བར་འགྱུར་བའི་རིགས་པ་གང་ཡང་རུང་བ་ལ་བརྟེན་ནས། ལྷག་མཐོང་བསྐྱེད་པར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །བདག་པས་བློ་ཞན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱིས་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལ་བཟོད་པར་གསོལ། །མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

བྱམས་པ་བསྒོམ་པའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས།


DTG207_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཟུག་རྔུ་བག་ཆགས་བཅས་པར་སྤངས། །འགྲོ་བ་ཀུན་ལ་བུ་གཅིག་བཞིན་དུ་བྱམས། །ཟུག་རྔུ་འབྱིན་པའི་སྨན་འདྲ་གསུང་སྒྲོགས་ལ། །ཕྱག་འཚལ་དེས་གསུངས་བྱམས་པའི་བསྒོམ་ཐབས་བཤད། །སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང༌། །ཚོགས་དང་བསྒོམ་དང་ཚོད་གཟུང་དང༌། །སྐྱེ་རིམ་གནས་ཚད་བརྟེན་པའི་ཐབས། །སྐྱོ་བ་སྤང་དང་བཅུ་ཡིན་ནོ། །དེ་ལ་རྟགས་ནི་འདིར་ཞེ་སྡང་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ལ་གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་ཞེ་སྡང་སྤྱད་པ་ནི། ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཁོང་ཁྲོ་བའི་རྒྱུ་མཚན་ཆུང་ངུས་ཀྱང་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོང་


DTG207_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ཡང་ཡིན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང༌། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང༌། དེ་ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང༌། དབང་པོ་མི་མཉེན་པ་དང༌། དབང་པོ་མི་འཇམ་པ་དང༌། དབང་པོ་རྩུབ་པ་དང༌། དབང་པོ་བརླང་བ་དང༌། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གི་ཤིན་ཏུ་རྣམ་པར་ཐོ་འཚམ་པའི་རང་བཞིན་ཅན་ཡིན་པ་དང༌། བྲལ་བ་སླ་བ་དང། ཡིད་དབྱུང་བར་སླ་བ་དང༌། ཅོར་བ་དང༌། མུ་ཅོར་སྨྲ་བ་དང༌། སྤྱི་རྟོལ་ཆེ་བ་དང༌། མི་མོས་པ་མང་བ་དང༌། ལས་ཀྱི་མཐའ་དམའ་བ་དང༌། ལས་ཀྱི་མཐའ་བསྟན་པ་དང༌། བརྟུལ་ཞུགས་དམའ་བ་དང༌། བརྟུལ་ཞུགས་བརྟན་པ་དང༌། ཡིད་མི་བདེ་བ་མང་བ་དང༌། འཁྲུག་པ་མང་བ་དང༌། བཟོད་པ་མེད་པ་དང༌། སྤྲོ་ཐུང་བ་དང༌། མི་མཐུན་པའི་རང་བཞིན་ཅན་ཡིན་པ་དང༌། མཐུན་པར་འཛིན་པ་མ་ཡིན་པ་དང༌། ཁྲོ་བ་མང་བ་དང༌། བཟློག་དཀའ་བའི་རང་བཞིན་ཅན་དང༌། འཁྲུག་པ་མང་བ་དང༌། བསམ་པ་ཁྲོ་ཞིང་གཏུམ་པ་དང༌། འཚིག་ཅིང་བརླང་པོར་སྨྲ་བ་དང༌། དེ་ཅུང་ཟད་ཙམ་ཞིག་སྨྲ་བ་ཡང་མི་དང་ཞིང་འཁྲུགས་ལ་གནོད་སེམས་སྐྱེ་བ་དང༌། གནོད་བཞིན་དུ་གནས་པ་དང༌། འཁྲུག་པ་སྐྱེད་པ་དང༌། ཁྲོ་གཉེར་དང་ལྡན་པ་དང༌། གཞན་གྱི་མདོག་མི་གསལ་བ་དང༌། གཞན་གྱི་འབྱོར་པ་ལ་ཞེ་སྡང་ཞིང་ཕྲག་དོག་མང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །དེ་ལ་ཕན་ཡོན་ནི། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་དང༌། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་གསུངས་སོ། །བཀྲ་ཤིས་ཚིགས་སུ་བཅད་པའི་མདོ་ལས་ཀྱང༌། །གང་ཞིག་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་རབ་བསྒོམ་ཞིང༌། །དཔག་ཏུ་མེད་དེ་མི་


DTG207_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ། དབྱེ་བ་དང༌། ངོ་བོའོ། །དེ་ལ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པ་རྣམས་ཀྱིས་བྱམས་པའོ་ཞེས་གསུངས་སོ། །ངོ་བོ་ནི་གཞན་ལ་ཕན་པ་དང་བདེ་བར་འདོད་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཆགས་པའོ། །དེ་ལ་ཚོགས་ནི་སྤྱིར་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། དཔེར་ན་ཐ་བ་སྐམ་པོ་ལ་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ་བདག་གི་རྒྱུད་ཞེ་སྡང་དང་ལྡན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་གཞན་ཡང་སྐྱེད་མི་ནུས་ལ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལྟ་གལ་ལ་འཐོབ། །དེ་སྐད་དུ། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང༌། །དགའ་དང་བདེ་བ་མི་འཐོབ་ཅིང༌། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ལས་ཀྱང༌། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་ཟད་པར་བྱེད་པས་ན་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །དེ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་སྐྱེད་པའི་ཕྱིར་བདག་གི་རྒྱུད་ཐ་བ་སྐམ་པོ་དང་འདྲ་བ་དེ་བྱམས་པ་ཆུ་དང་འདྲ་བ་དེས་བརླན་པ་ཅིག་ཐོག་མར་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ལ་བསྒོམ་པ་ནི། འདི་ལྟར་ཡིད་དུ་འོང་བའི་ས་ཕྱོགས་སུ་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ། །དེ་ནས་མིའི་འགྲོ་བ་བདག་གི་མཛའ་བོ་འམ་བཤེས་པ་འམ་ཡིད་དུ་འོང་བ་ཅིག་ལ་འདི་ནི་བདག་གི་ཕ་མའོ། །འདི་ལ་ལན་དུ་ཕན་གདགས་སོ། །དོན་དུ་གཉེར་རོ། །འཇིག་རྟེན་འདིར་ཁ་ན་མ་ཐོ་བ་མེད་པའི་བདེ་བ་མ་ཐོབ་པ་ཐོབ་ཅིང༌། ཐོབ་པ་མ་ཉམས་ཤིང་གོང་དུ་འཕེལ་ན་ཅི་མ་རུང༌། ཕྱི་མ་ངན་འགྲོའི་འགྲོ་བ་སྤངས་ཏེ། ལྷ་དང་མིའི་བདེ་བ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་


DTG207_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ཚོགས་རྒྱ་ཆེན་པོ་ལ་སོགས་པ་རབ་ཏུ་བརྩོན་ན་ཅི་མ་རུང་སྙམ་དུ་ཤིན་ཏུ་བསྒྲིམས་ལ་གཏད་དོ། །དེ་ལ་ཁམས་ཀྱི་ཚོད་གཟུང་བ་ནི། སྤྱིར་ཁམས་རབ་འབྲིང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་ལ་སྒོམ་པ་ལ་ཧ་ཅང་མི་ནུས་པ་ཡང་སྣང་བས། རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་མོ། །དེ་བས་ན་རེ་ཞིག་སློབ་ལུགས་གཅིག་པར་བྱའོ། །མཚན་མོ་བཏང་སྙོམས་སུ་བཞག་སྟེ། གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ། །ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་མོ། །འདི་ལྟར་ཉི་མ་དང་པོ་སྔ་དྲོ་ཐུན་གཅིག་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་ཞིག་བསྒོམ། ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣན་ཅིང་བསྒོམ་མོ། །འདི་ལྟར་ཉི་མ་དང་པོ་སྔ་དྲོ་ཐུན་གཅིག་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་ཞིག་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣན་ཞིང་བསྒོམ་མོ། །འདི་ལྟར་ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །ན་ཚ་ཕྲན་ཚེགས་བྱུང་ན་འཕྲལ་དུ་ཞི་བར་བྱའོ། །བསྲན་སྐྱེད་ཅིང་མི་བསྒོམ་མོ། །ཁམས་མི་བདེ་བ་མེད་ན་གོང་དུ་སྨོས་པ་བཞིན་དུ་བསྒོམ་མོ། །དེ་ལྟ་བས་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ། །དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བདུན་ཏེ། ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་མཉམ་པར་གཞག་པའི་ཚེ། ཕན་པ་དང་བདེ་བའི་སེམས་མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་པར་སྐྱེ་ལ། ལངས་པའི་གནས་སྐབས་སུ་ཡང་ནམ་དྲན་པའི་ཚེ་ཕན་པ་དང་བདེ་བའི་སེམས་དཀའ་བ་མེད་པར་འཇུག་སྟེ་བྱེ་བྲག་ནི་མཉམ་པར་གཞག་ཙམ་ན་ལུས་ཅུང་ཟད་བདེ་བ་དང་སེམས་ཀྱང་སེམས་ཅན་ལ་དམིགས་པའི་མི་དེ་ཡང་ཡིད་ལ་གསལ་རབ་ཏུ་སྣང་ལ། དེའི་སྦྱོར་བས་སེམས་འཕྲོ་བ་ཙམ་དུ་འོང་ངོ། །དེའི་འོག་ཏུ་འདྲིས་པ་རྣམས་ལའོ། །དེའི་འོག་ཏུ་ཐ་མ་ལ་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ། །དེའི་འོག་ཏུ་གཞན་གྱི་གྲོང་ན་གནས་པ་རྣམས་ལའོ། །དེའི་འོག་ཏུ་ཕྱོགས་གཅིག་དང་གཉིས་ལ་


DTG207_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐམས་ཅད་ལ་ཡང་མཚན་ཉིད་དེ་འདྲ་བའི་སྒོ་ནས་སྐྱེ་བར་འགྱུར་རོ། །གནས་པའི་ཚད་ནི་ཇི་ཙམ་གྱིས་ན་བྱམས་པ་ལ་སེམས་གནས་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་བ་དེས་བྱམས་པའི་སྦྱོར་བ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ན། རྒྱུ་ཡང་རུང༌། གནས་ཀྱང་རུང་སྟ། ཡུལ་མངོན་དུ་གྱུར་ཅིང་མཚན་མ་སོ་སོར་བརྟགས་སུ་ཟིན་ཀྱང༌། མངོན་པར་འདུ་བྱེད་པ་མེད་པར་རང་བཞིན་གྱིས་བྱམས་པའི་སེམས་མང་དུ་སྣང་ལ། འདི་ལྟ་སྟེ་བྱམས་པ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་ཁོང་ཁྲོ་བའི་སེམས་མེད་པ་དང༌། གནོད་སེམས་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་པར་རིག་པར་བྱ་སྟེ། དེ་ཙམ་གྱིས་ན་བྱམས་པ་ཐོབ་པ་ཡིན་ནོ། །དེ་ལ་བསྟན་པའི་ཐབས་ནི་སེམས་གནས་པར་ཤེས་ནས། སྔར་བསྒོམས་པ་ལས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བྱ། སྲོད་ཐོ་རངས་ལ་ཡང་བསྒོམ་མོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པའི་ཉོན་མོངས་པ་ཅན་མ་ཡིན་པའི་ཆགས་པ་ཞེས་བྱ་བ། བྱམས་པའི་སེམས་དེ་སྔར་ཇི་ཙམ་འཇུག་པ་དེ་ཙམ་ལས་ལྷག་པར་གདུང་བ་མི་སྐྱེད་པར་དམིགས་པའོ། །ཇི་སྲིད་ལུས་ངལ་བ་འམ། སེམས་དུབ་པའམ། བསྒོམས་ཙམ་ན་དངང་བའམ། ཤུགས་འབྱུང་པ་འམ། མགོ་བགས་ཀྱིས་ལྕི་བ་འམ། ཡམ་ཡོམ་བྱེད་པ་འམ། འདར་བ་འམ། ནུབ་མོ་གཉིད་བྲལ་བ་འམ། ཟས་མི་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནམ་བྱུང་ཙམ་ན་ངལ་བསོ་སྟེ། ལུས་ལ་བསྐུ་མཉེ་བྱ་བ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་གཞུག་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་རེ་རེ་ལྟ་བ་ཙམ་བསྒོམ་མོ། །ནུས་པ་བརྟས་ནས་སྲོད་ཐོ་རངས་ཐུན་རེ་ཙམ་བསྒོམ་ཞིང་དགེ་སྦྱོར་གཞན་ལ་ཡང་འཇུག་པར་བྱའོ། །དེ་ལ་སྐྱོ་བ་སྤང་བ་གང་ཞེ་ན། འདི་ལྟར་བྱམས་པའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་བདེ་བར་འདོད་པ་ཡིན་ལ། སེམས་ཅན་ནི་སྡུག་བསྔལ་དང༌།


DTG207_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་རྒྱུ་ལ་གནས་པས་དེ་ལ་དམིགས་པའི་སྙིང་རྗེ་དང་གིས་འབྱུང་ནས་སྙིང་རྗེ་ཤིན་ཏུ་གོམས་ཤིང་ལན་མང་དུ་བྱས་པའི་རྒྱུས་གཞན་གྱི་སྡུག་བསྔལ་ལ་བརྟེན་ནས་བདག་ལ་སེམས་ཀྱི་སྡུག་བསྔལ་ཆེན་པོ་སྐྱེ་ཞིང༌། དེས་ན་ཤིན་ཏུ་སྐྱོབས་སེམས་ཅན་གཏོང་བར་འགྱུར་རོ། །སེམས་ཅན་བཏང་ནས་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་རོ། །དེ་བས་ན་སྐྱོ་བ་སྤང་བའི་ཆེད་དུ་འགྲོ་བ་མཐའ་དག་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་པར་བྱ་བའི་ཆེད་དུ་ལྷག་མཐོང་བསྐྱེད་པར་བྱའོ། །འདི་སྐད་དུ་མདོ་ལས་ཀྱང་སྙིང་རྗེ་གཅིག་པུས་ཀྱང་སེམས་ཅན་གཏོང་སྟེ་སྐྱོ་བ་སྐྱེ་བའི་ཕྱིར་རོ། །ཤེས་རབ་གཅིག་པུས་ཀྱང་གཏོང་སྟེ། གཞན་གྱི་སྡུག་བསྔལ་སྡང་བར་མཐོང་བའི་ཕྱིར་རོ་ཞེས་གསུངས་སོ། །དེ་བས་ན་གཉིས་ཀ་ཟུང་དུ་འབྲེལ་དགོས་སོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །བདག་པས་བློ་ཞན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱིས་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལ་བཟོད་པར་གསོལ། །བྱམས་པ་བསྒོམས་པའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

རྟེན་ཅིང་འབྲེལ་པར་འབྱུང་བ་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས།


DTG207_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་མུན་པ་བག་ཆགས་བཅས་པར་གཏན་སྤངས་ནས། །འགྲོ་བའི་དོན་དུ་རྟེན་འབྲེལ་ཟབ་མོའི་གསུང་སྒྲོགས་ལ། །རབ་ཏུ་དང་བ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ། །དང་པོའི་ལས་ཅན་གཏི་མུག་ཤས་ཆེའི་དོན་དུ་བཤད། །སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང༌། །ཚོགས་དང་བསྒོམ་དང་ཚོད་གཟུང་དང༌། །སྐྱེ་རིམ་གནས་ཚད་བརྟན་པའི་ཐབས། །ལོག་རྟོག་སྤང་དང་བཅུ་ཡིན་ནོ། །དེ་ལ་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ནི་གང་ཟག་གཏི་མུག་སྤྱད་པ་ནི། རྨོངས་པར་འགྱུར་བའི་དངོས་པོ་ཆུང་ངུ་ལ་ཡང་གཏི་མུག་གིས་ཀུན་ནས་དཀྲིས་པ་སྟུག་པོ་དང༌། མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གཏི་མུག་གིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་


DTG207_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཅིང༌། གཏི་མུག་གིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང༌། དེ་རྨོངས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང༌། རྨོངས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང༌། དབང་པོ་རྟུལ་པ་དང༌། དབང་པོ་བླུན་པ་དང༌། དབང་པོ་ཞན་པ་དང༌། ལུས་ཀྱི་ལས་ཀྱི་མཐའ་ལྷོད་པ་དང༌། ངག་གི་ལས་ཀྱི་མཐའ་ལྷོད་པ་དང༌། ཉེས་པར་བསམས་པ་སེམས་པ་དང༌། ཉེས་པར་སྨྲ་བ་བརྗོད་པ་དང༌། ཉེས་པར་བྱ་བའི་ལས་བྱེད་པ་དང༌། ལེ་ལོ་ཆེ་བ་དང༌། བསྒྲུབ་མི་ཕོད་པ་དང༌། སྨྲ་བ་ཞན་པ་དང༌། ཡིད་མི་གཞུངས་པ་དང༌། བརྗེད་ངས་པ་དང༌། ཤེས་བཞིན་དུ་མི་སྤྱོད་པ་དང༌། ལོག་པར་འཛིན་པ་དང༌། བྲལ་བར་དཀའ་བ་དང༌། ཡིད་དབྱུང་བར་དཀའ་བ་དང༌། དམན་པ་ལ་མོས་པ་དང༌། གླེན་པ་དང༌། དིག་པ་དང༌། ལྐུགས་པ་དང༌། ལག་པས་བརྡ་བྱེད་པ་དང༌། ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་དང༌། རྐྱེན་གྱིས་ཕྲོགས་པ་དང༌། གཞན་གྱི་དྲིང་འཇོག་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཕན་ཡོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གོམས་ན་མ་རིག་པ་སྤོང་ཞིང་ཡང་དག་པའི་ལྟ་བ་སྐྱེ་བར་འགྱུར་རོ། །དེ་སྐད་དུ། གང་དག་དངོས་རྣམས་བརྟེན་བྱས་ནས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་ཕྲོགས། །ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་བཞི་སྟེ་གྲངས་དང༌། ངོ་བོ་དང༌། ངེས་པའི་ཚིག་དང༌། དེ་གང་གིས་བསྡུ་བའོ། །དེ་ལ་གྲངས་ནི་བཅུ་གཉིས་ཏེ། མ་རིག་པ་དང༌། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང༌། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང༌། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང༌། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང༌། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཚོར་བའི་རྐྱེན་གྱིས་སྲེད་པ་དང༌། སྲེད་པའི་རྐྱེན་གྱིས་ལེན་པ་དང༌། ལེན་པའི་རྐྱེན་གྱིས་སྲིད་པ་དང༌།


DTG207_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྐྱེན་གྱིས་སྐྱེ་བ་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའོ། །མ་རིག་པའི་ངོ་བོ་ནི་ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་བུར་འཛིན་པ་དང༌། རིལ་པོར་འདུ་ཤེས་པ་ལ་སོགས་པའོ། །དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ། འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གང་ཡིན་པ་འདི་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ །ཆོས་གསུམ་འདུས་པ་ནི་རེག་པའོ། །རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི། སྲེད་པའོ། །སྲེད་པ་ལ་འཕེལ་བ་ནི་ལེན་པའོ། །ལེན་པ་སྐྱེས་པ་ཡང་སྲིད་པ་སྐྱེད་པའི་ལས་ནི་སྲིད་པའོ། །རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་མྱོས་ཏེ། མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་ཡིད་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པ་ནི་ཡིད་ཀྱི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུགས་པ་ཞེས་བྱའོ། །ངེས་པའི་ཚིག་ནི་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །བརྟེན་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་


DTG207_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ནོ། །ཚིག་གི་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུགས་པའོ། །དེ་གང་གིས་བསྡུས་ཤེ་ན། གསུམ་པོ་འདི་དག་གིས་བསྡུས་ཏེ། ཉོན་མོངས་པ་དང་ལས་དང་སྡུག་བསྔལ་ལོ། །དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། གཏི་མུག་འདིས་འཇིག་རྟེན་ལས་འདས་པའི་བྱ་བའི་ཐབས་མི་ཤེས་ཤིང་མི་མཐོང་སྟེ། དེས་ན་ངན་འགྲོ་འབའ་ཞིག་ཏུ་ལྷུང་ན་བྱང་ཆུབ་ལྟ་ག་ལ་འཐོབ། དེ་སྐད་དུ། རྨོངས་པས་ཆོས་རྣམས་མི་མཐོང་ངོ༌། །གང་དག་གཏི་མུག་རྟེན་བྱེད་པ། །དེ་དག་ངན་འགྲོར་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་བདག་གིས་གཏི་མུག་སྦྱང་བའི་ཆེད་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གུས་པར་བསྒོམ་མོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ལ་བསྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ། ཡིད་ཙམ་ཞིག་བསྡད་དོ། །དེ་ནས་འདི་སྙམ་དུ་རྟེན་འབྲེལ་ནི་མ་རིག་པ་ནས་འཁྲུག་པའི་བར་འདི་ལས་མེད་པར་གསུངས་པས་འདི་ཉིད་ཅི་གསལ་དུ་བསྒོམ་མོ་སྙམ་དུ་བསམ་མོ། །དེ་ནས་རིམ་གྱིས་བགྲང་ཞིང་གྲངས་མི་བརྗོད་པ་གོ་རིམས་མ་འཁྲུགས་པར་སྒྲ་སྤྱི་དང༌། དོན་སྤྱིའི་རྣམ་པ་ཡིད་ཀྱི་བརྗོད་པ་དེ་ལ་ཤེས་པ་ཤིན་ཏུ་བསྒྲིམས་ལ་རབ་ཏུ་གསལ་བར་གཏད་དོ། །ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་འབྲིང་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་ལ་བསྒོམ་པ་ལ་ཞན་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསླབས་ན་ལེགས་སོ། །དེ་བས་ན་གསུམ་ཀས་ཀྱང་དང་པོ་ནས་སློབ་ལུགས་གཅིག་པར་བྱའོ། །མཚན་མོ་བཏང་སྙོམས་སུ་བཞག་སྟེ། གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ། །ཉིན་པར་ཞར་ལ་ཚོད་བཟུང་ཞིང་བསྒོམ་མོ། །ཇི་ལྟར་དང་པོའི་ཉིན་པར་སྔ་དྲོའི་


DTG207_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གཅིག་ལ་ཡུན་གོམ་པ་ཐ་མལ་བའི་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་ཞིག་བསྒོམ་མོ། །ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཉི་མ་རེ་རེ་ལ་ཐུན་རེ་བསྣན་ཞིང་བསྒོམ་མོ། །ན་ཚ་ཕྲན་ཚེགས་བྱུང་ན་ཐུན་གྱི་གྲངས་ད་བྲི་བ་དང། ཐབས་གཞན་གྱིས་ཀྱང་རུང་སྟེ། འཕྲལ་ལ་ཞི་བར་བྱ། བསྲན་བསྐྱེད་ཅིང་མི་བསྒོམ་མོ། །ན་ཚ་མེད་ན་གོང་དུ་བསྟན་པ་བཞིན་དུ་བསྒོམ་མོ། །དེ་ལྟར་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ། །དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་རབ་ཏུ་བསྒྲིམས་ཀྱང་གྲངས་བརྗེད་ཅིང་འགྲོ། །གོ་རིམས་ཀྱང་འཁྲུགས་ཤིང་འགྲོ་བ་དང༌། གཉིས་པ་ནི་གྲངས་མི་བརྗེད་ལ་གོ་རིམས་ཀྱང་འཁྲུགས་པ་མེད་པར་འཇུག་གོ །གསུམ་པ་ནི་གྲངས་དང་གོ་རིམས་མི་འཁྲུགས་ཤིང་རྟེན་འབྲེལ་གཟུགས་ཅན་གང་དག་ཡིན་པ་དེ་དག་ཕལ་ཆེར་སྣང་བར་འགྱུར་རོ། །བཞི་པ་ནི་གཟུགས་ཅན་རྣམས་གསལ་བར་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང་བ་དང༌། གཟུགས་ཅན་མ་ཡིན་པ་ཡང་ཤིན་ཏུ་ངེས་པའོ། །གང་ལ་གཏད་ཀྱང་བདེ་ཞིང་འོག་མར་འཕོར་མི་འདོད་པ་སྙམ་བྱེད་ཅིང་བདེ་བ་དང་སེམས་ཀྱི་དགའ་བ་དང་ལྡན་པ་ཡིན་ནོ། །དེ་ལ་ཇི་ཙམ་གྱིས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སེམས་གནས་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་པ་དེས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། །ལན་མང་དུ་བྱས་པའི་རྒྱུས། རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་ཆེས་མང་དུ་སྣང་ལ། རྟག་པ་དང༌། བདེ་བ་དང༌། འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་མེད་པ་དང༌། ཀུན་ཏུ་རྨོངས་པར་འགྱུར་བའི་མཚན་མ་དང༌། ཀུན་ཏུ་རྨོངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་པ་ཡིན་ནོ། །དེ་ལ་བརྟེན་པའི་ཐབས་ནི་སེམས་གནས་པར་ཤེས་ནས་སྔར་བསྒོམས་པ་བས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བསྒོམ་མོ། །སྲོད་དང་ཐོ་རངས་ལ་ཡང་བསྒོམ་མོ། །སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་རྩོལ་བར་མི་བྱའོ། །བྱེ་བྲག་ནི་འདི་ཡིན་ཏེ། སྐྱེ་བ་སྔ་མའི་མ་རིག་པ་ལས་འདུ་བྱེད་འབྱུང་བས་དེ་གཉིས་ཀྱིས་སྐྱེ་བ་འདིའི་མང་ལ་དུ་


DTG207_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་བཞུགས་ནས་སྲིད་པའི་བར་དུ་སྐྱེ་བ་འདི་དང་ལེན་པ་ནས་སྲིད་པའི་བར་དུ་མ་འོངས་པའི་རྒྱུ་བྱས་ཤིང༌། དེ་མ་འོངས་པ་ནས་དང་པོ་མངལ་དུ་འཇུག་པ་ནི་སྐྱེ་བའོ། །དེ་རྒ་བ་ལ་སོགས་པ་རིམ་གྱིས་འབྱུང་སྟེ། དེས་ཡང་མ་རིག་པ་དང་འདུ་བྱེད་འབྱུང་སྟེ། དེ་ཡང་མ་འོངས་པ་ན་ཉིང་མཚམས་སྦྱོར་རོ། །དེས་རྒྱུན་མི་ཆད་པར་རླུང་གི་རྒྱུན་བཞིན་དུ་འཇུག་གོ་སྙམ་དུ་བསམ་མོ། །ཇི་སྲིད་དུ་ལུས་ངལ་བ་འམ། སེམས་དུབ་པ་འམ། བསྒོམ་ཙམ་ན་དངང་བ་འམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱིས་ལྕི་བ་འམ། ཡམ་ཡོམ་བྱེད་པ་འམ། འདར་བ་འམ། ནུབ་མོ་གཉིད་སྲབ་པ་འམ། ཟས་མི་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནམ་བྱུང་ན་ངལ་བསོ་སྟེ། ལུས་ལ་བསྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་ཀྱིས་ལུས་དུབ་པ་བརྟས་སུ་གཞུག་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་ནམ་བསྒོམ་སྙིང་འདོད་པའི་དུས་སུ། ཐུན་ཆུང་ངུ་རེ་རེ་ལྟ་བ་ཙམ་བསྒོམ་མོ། །ནུས་པ་བརྟས་ནས་སྲོད་ཐོ་རངས་ཐུན་རེ་མི་ཆགས་པར་བསྒོམ། ཉིན་པར་ཐུན་གསུམ་གསུམ་དུ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང༌། སྨོན་ལམ་ལ་སོགས་པ་ཡང་བྱའོ། །དེ་ལ་ལོག་པར་རྟོག་པ་སྤང་བ་གང་ཞེ་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། རང་བཞིན་ཡོད་པར་རྟོག་པ་ནི་ལོག་པར་རྟོགས་པའོ། །དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཐམས་ཅད་མི་རྟག་སྨྲ་བ་རྣམས། །རྩོད་པ་ཡིས་ནི་དངོས་པོ་ལ། །ཆགས་གནས་གང་ཡིན་དེ་སྨད་དོ། །ཞེས་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སངས་རྒྱས་ཀྱི་ལམ་མོ། །དེ་བས་ན་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དེ་དཔེར་ན་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་དེའི་རྗེས་སུ་འབྲང་བར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །བདག་པས་བློ་ཞན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱིས་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལ་


DTG207_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ། །རྟེན་ཅིང་འབྲེལ་བར་འབྱུང་བ་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

ཁམས་རབ་ཏུ་དབྱེ་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས།


DTG207_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ང་རྒྱལ་རི་བོ་གཏན་སྤངས་ནས། །སྐྱེ་བོ་ཁེངས་པའི་དོན་དུ་ཁམས་དབྱེ་བའི། །བདུད་རྩི་གསུངས་པ་དེ་ལ་ཕྱག་འཚལ་ཏེ། །ང་རྒྱལ་ཤས་ཆེའི་དོན་དུ་དེས་གསུངས་བཤད། །སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང༌། །ཚོགས་དང་བསྒོམ་དང་ཚོད་གཟུང་དང༌། །སྐྱེ་རིམ་གནས་ཚད་བརྟེན་པའི་ཐབས། །ལྷག་མཐོང་བསྐྱེད་དང་བཅུ་ཡིན་ནོ། །དེ་ལ་རྟགས་ནི་གང་ཟག་ང་རྒྱལ་ཤས་ཆེས་པའི་རྟགས་གཟུང་སྟེ། དེ་ལ་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་ང་རྒྱལ་སྤྱད་པ་ནི། ཁེངས་པར་འགྱུར་བ་དང་མཐུན་པའི་དངོས་པོ་ཆུང་ངུ་དག་ལ་ཡང་ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང༌། ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང༌། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང༌། ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང༌། དབང་པོ་རྒོད་པ་དང༌། དབང་པོ་འདམ་པ་ལྟར་མཐོ་བ་དང༌། དབང་པོ་ཁེངས་པ་དང༌། ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང༌། བཙན་ངག་ཏུ་སྨྲ་ཞིང་མི་འདུད་པ་དང༌། ཕ་མ་དང་ཉེ་དུ་དང་བླ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པར་མི་བྱེད་པ་དང༌། ཁེངས་པ་དང༌། ལུས་མི་འདུད་པ་དང༌། གསོང་པོར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མདུན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང༌། བདག་ཉིད་ཀུན་ཏུ་འཛིན་པ་དང། བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་དང༌། རྙེད་པ་འདོད་པ་དང༌། བཀུར་སྟི་འདོད་པ་དང༌། གྲགས་པའི་སྒྲའི་ཚོགས་འདོད་པ་དང༌། ཐམ་ཐོམ་གྱི་སྣོད་དུ་འགྱུར་བ་དང༌། བྲལ་བར་དཀའ་བ་དང༌། ཡིད་དབྱུང་བར་དཀའ་བ་དང༌། རྒྱ་ཆེན་པོ་ལ་མོས་པ་དང༌། སྙིང་རྗེ་ཆུང་


DTG207_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། གང་ཟག་ཏུ་ལྟ་བ་ཤས་ཆེ་བ་དང༌། ཁྲོ་གཏུམ་ཆེ་བ་དང༌། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཕན་ཡོན་ནི་ང་རྒྱལ་སྤོང་བ་ལ་ཞུགས་ན་རིགས་དང་ལུས་ཕུན་སུམ་ཚོགས་པ་དང༌། བླ་མ་རྣམས་ཀྱི་གདམས་ངག་ཀྱང་ཚེགས་མེད་པར་འཐོབ་སྟེ། དེས་ན་ཚོགས་རྣམས་མྱུར་དུ་རྫོགས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེའི་ལུས་ཡོངས་སུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང༌། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང༌། བསོད་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཆེ་བ་དང༌། དབང་པོ་མ་ཚང་བ་མེད་པ་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་ཤིན་ཏུ་རྫོགས་པ་ཡིན་ཡང་གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་ཡིན་ནོ། །དེ་ཆོས་འཛིན་པ་ཉེ་བར་བཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ། གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ། །རབ་ཏུ་འདུད་དོ་ཞེས་འབྱུང་ངོ༌། །ཡང་གསུངས་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་ཏོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང༌། ཆབ་མིག་དང༌། འབབ་ཆུ་ཐམས་ཅད་ཚིགས་ཆུང་དུས་དེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པར་བླ་མ་དང་སྦྱིན་གནས་ལ་གུས་པ་ལ་ཡང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲག་པར་འགྱུར་རོ། །དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ་གྲངས་དང༌། ངོ་བོའོ། །དེ་ལ་གྲངས་ནི་དྲུག་སྟེ། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་སོ། །ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་


DTG207_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དང། མཁྲང་པའི་རྣམ་པ་དང༌། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང་སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ཆུའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང༌། ཆུ་ཉིད་དང༌། བརླན་པ་དང༌། བརླན་པའི་རྣམ་པ་དང༌། བརླན་པ་ཉིད་དང༌། གཤེར་བ་ཉིད་དང༌། ཉེ་བར་གྱུར་པ་དང༌། ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང༌། རྡུལ་དང༌། མཆིལ་མ་དང༌། སྣབས་དང༌། ཆུ་སེར་དང༌། ཚིལ་དང༌། མཁྲིས་པ་དང༌། ངར་སྣབས་དང། རྣག་དང༌། ཁྲག་དང༌། འོ་མ་དང༌། གཅིན་དང༌། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང༌། ཆུའི་རྣམ་པ་དང༌། ཆུ་ཉིད་དང༌། བརླན་པ་དང༌། བརླན་པའི་རྣམ་པ་དང༌། བརླན་པ་ཉིད་དང༌། གཤེར་བ་ཉིད་དང༌། ཉེ་བར་གྱུར་པ་དང༌། ཟིན་པ་འདི་ནི། ནང་གི་ཆུའི་ཁམས་ཞེས་བྱའོ། །ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང༌། མེའི་རྣམ་པ་དང༌། མེ་ཉིད་དང༌། དྲོ་བ་དང༌། དྲོ་བའི་རྣམ་པ་དང༌། ཉེ་བར་གྱུར་བ་དང༌། ཟིན་པའོ། །དེ་ཡང་གང་ཞེ་ན། གང་གི་ལུས་འདི་ལ་གདུང་བ་དང༌། ཀུན་ཏུ་གདུང་བ་དང༌། ཡོངས་སུ་གདུང་བ་དང༌། གང་གིས་ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང༌། ངག་གི་ཤས་ཆེན་ནོ། །རིམས་སོ། །རིམས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང༌། རླུང་གི་རྣམ་པ་དང༌། ཡང་བ་ཉིད་དང༌། གཡོ་བ་ཉིད་དང༌། ཉེ་བར་གྱུར་པ་དང༌། ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང༌། ཐུར་དུ་འགྲོ་བ་དང༌། ཐད་ཀར་འགྲོ་བ་དང༌། རྒྱབ་ཏུ་འགྲོ་བ་དང༌། རྒྱབ་ན་གནས་པ་དང༌། ལྟོ་ན་གནས་པ་དང༌། འཆད་པར་བྱེད་པ་དང༌། འགག་པར་བྱེད་པ་དང༌། གཟེར་བ་དང༌། འདར་བུ་དང༌། སྣ་རྐང་དང༌། རླུང་སྐྲན་དང༌། དབུགས་འབྱུང་བ་དང༌། རྔུབ་པ་དང་ལྡན་པ་དང༌། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་ལ་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ།


DTG207_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང༌། ཟིན་པ་དང༌། ནམ་མཁའ་དང༌། ནམ་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ་འམ། གང་པགས་པ་དང༌། ཤ་དང༌། ཁྲག་གིས་དགང་བར་བྱ་བ་མ་ཡིན་པའོ། །དེ་ཡང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བ་འམ་སྣའི་ནང་ཞེ་འམ། ཁ་ཞེ་འམ་ཁའི་ནང་ཞེ་འམ། ཁའི་སྒོ་ཞེ་འམ། མིད་པ་ཞེ་འམ། གང་ནས་མིད་པ་དང༌། གང་དུ་གནས་པ་དང༌། གང་གིས་ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང༌། གཞན་ཡང་ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་བ་དང༌། ཟིན་པ་འམ། ཕུང་པོར་གྱུར་པ་འམ། ཁམས་སུ་གྱུར་པ་འམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང༌། ནམ་མཁའི་རྣམ་པ་དང༌། མ་གང་པ་དང༌། པགས་པ་དང༌། ཤ་དང༌། ཁྲག་གིས་དགང་བར་བྱ་བ་ཡིན་པ། ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ནམ་མཁའ་ཞེས་བྱའོ། །རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་པོ་ནི་བདག་པོ་གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང༌། དམར་པོ་དང༌། ཁྲོ་བོ་རྣམ་པར་རིག་པ་འམ། རིང་པོ་དང༌། ཐུང་ངུ་དང༌། སྦོམ་པོ་དང༌། ཕྲ་མོ་རྣམ་པར་རིག་པ་སྟེ། གང་ཅི་ཡང་རུང༌། ཁ་དོག་དང་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང༌། རྣ་བའི་དབང་པོ་ནི་བདག་པོ་ནས་ཡིད་ཀྱི་དབང་པོ་ནི་བདག་པོའོ། །ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པ་འམ། དྲི་རྣམ་པར་རིག་པ་འམ། རོ་རྣམ་པར་རིག་པ་འམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ཏེ། རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། །ཡུལ་དྲུག་ནི་དམིགས་པ་ཡིན་ལ་ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། འདི་སྙམ་དུ་འཕགས་པའི་ལམ་གྱི་གེགས་སུ་


DTG207_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ང་རྒྱལ་འདིར་མ་སྤངས་ན་རྟག་ཏུ་ངན་སོང་དང་མི་ཁོམ་པར་སྐྱེ་ཞིང༌། བརྒྱ་ལ་མིར་སྐྱེས་ན་ཡང་རིགས་དམའ་བ་དང༌། ལོང་བ་དང༌། མདོག་ངན་ཅིང༌། མཐུ་ཆུང་བའི་འགྲོ་བ་འཛིན་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལ་ཐོབ། དེ་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། རྨོངས་ནས་ང་རྒྱལ་དབང་གིས་ངན་སོང་ས། །མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང༌། །དམའ་བའི་རིགས་སུ་སྐྱེ་དང་ལོང་བ་དང༌། །མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན། །ཞེས་གསུངས་སོ། །དེ་བས་ན་བདག་གིས་ཅི་ནས་ཀྱང་ཁེངས་པ་འདི་དུས་ཐམས་ཅད་དུ་སྤང་བར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ལ་བསྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལ་ལུས་དྲང་པོར་བསྲངས་ལ་ཡིད་ཙམ་ཞིག་བསྡད་དོ། །དེ་ནས་ཕྱི་རོལ་གྱི་ཁམས་ལྔ་པོ་དག་མཚན་མ་བཟུང་ནས་ནང་གི་ཁམས་ལྔར་གཏོགས་པ་ལ་མོས་པར་བྱེད་དོ། །ཐོས་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་མོས་པར་བྱེད་དེ། འདི་ལྟར་མིག་གི་ཁམས་འདི་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། སྲ་བ་དང༌། གཤེར་བ་དང༌། ཚ་བ་དང༌། ཡང་ཞིང་གཡོ་བའོ་ཞེས་ཤེས་པ་རབ་ཏུ་བསྒྲིམས་ལ་གཞིར་ཅི་གསལ་དུ་བརྟག་གོ །དེ་ལྟར་གཟུགས་ཅན་གྱི་དངོས་པོ་དབང་པོ་ལྔ་ལ་སོ་སོར་ཕྱི་ཞིང་བརྟག་གོ །ཁོང་སྟོང་དང༌། སྦུབས་དང༌། མ་གང་བ་ལ་ནི་ནམ་མཁའི་ཁམས་སུ་བརྟག་གོ །ཐོས་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་འདི་ལྟར་དབང་པོ་དང༌། ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་དྲུག་སྐྱེ་སྟེ། རྣམ་པ་སྣ་ཚོགས་ལ་དམིགས་སོ་སྙམ་དུ་དེ་དག་རིམ་གྱིས་སོ་སོར་ཕྱེ་བ་ལ་དམིགས་སོ། །དེ་ལ་ཁམས་ཀྱི་ཚོད་གཟུང་བ་གང་ཞེ་ན། སྤྱིར་ཁམས་ལ་རབ་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་པར་སྣང་ལ་བསྒོམས་པ་ན་ཧ་ཅང་མི་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་དུ་ནས་བསླབ་པར་བྱའོ། །དེ་བས་ན་གསུམ་ཀས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱ་སྟེ་མཚན་མོ་བཏང་སྙོམས་སུ་བཞག་ལ་གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་བརྟས་པ་དེ་


DTG207_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལོག་ལ་གདལ་ལོ། །ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་མོ། །འདི་ལྟར་དང་པོ་ཉིན་པར་སྔ་དྲོ་ཐུན་གཅིག་གོམ་པ་ཐ་མལ་བས་མདའ་རྒྱང་ཕྱེད་དུ་ཕྱིན་པའི་ཡུན་ཙམ་ཞིག་བསྒོམ་མོ། །ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣན་ཞིང་བསྒོམ་མོ། །ན་ཚ་ཕྲན་ཚེགས་བྱུང་ན་ཞར་ལ་ཞི་བར་བྱ་སྟེ། བསྲན་བསྐྱེད་ལ་མི་བསྒོམ་མོ། །དེ་ལྟ་བས་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ། །དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་སོ་སོར་ཕྱེ་བ་མི་གསལ་ཞིང་གོ་རིམས་ཀྱང་འཁྲུགས་ཏེ་འགྲོ་བ་ཡིན་ནོ། །གཉིས་པ་ནི་སོ་སོར་ཕྱེ་བའི་སྐབས་སུ་གསལ་ཞིང་གོ་རིམས་མི་འཁྲུགས་པ་ཡིན་ནོ། །གསུམ་པ་ནི་སོ་སོར་ཕྱེ་བ་གསལ་ལ་གོ་རིམས་ཀྱང་མི་འཁྲུགས་ཏེ། འོན་ཀྱང་ཡུན་ཐུན་ཐུང་དུ་ལས་མི་ཐུབ་ཅིང་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་མེད་ལ་འཇུག་སྙིང་བག་འདོད་པ་ཙམ་དུ་བས་སོ། །བཞི་པ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་སོ་སོར་ཕྱེ་བ་གསལ་ཞིང་གང་ལ་གཏད་པ་ལས་གཞན་དུ་འཕོར་མི་འདོད་ལ། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་དང་བཅས་པར་ཡུན་རིང་དུ་གནས་པར་ནུས་པ་ཡིན་ནོ། །དེ་ལ་གནས་པའི་ཚད་ནི་འདི་ལྟར་རྣལ་འབྱོར་པ་དེ་ཁམས་རབ་ཏུ་དབྱེ་བའི་སྦྱོར་བ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ན་རྒྱུ་ཡང་རུང་གནས་ཀྱང་རུང་ཁམས་སྣ་ཚོགས་དང༌། ཁམས་དུ་མའི་ལུས་ལ་རིལ་པོ་འམ་རབ་ཏུ་འབྱེད་པའི་འདུ་ཤེས་ཆེས་མང་དུ་སྣང་ལ། རིལ་པོའི་འདུ་ཤེས་ཉིད་མེད་པ་དང༌། ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ལ་སེམས་མི་འཇུག་པ་ཡིན་ནོ། །དེ་ལ་བསྟེན་པའི་ཐབས་ནི་སེམས་གནས་པར་ཤེས་ནས་སྔར་བསྒོམས་པ་བས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བསྒོམ་མོ། །སྲོད་དང་ཐོ་རངས་ལ་ཡང་བསྒོམ་མོ། །སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་ལྷག་པར་རྩོལ་བ་མི་བྱ་སྟེ། བག་གློད་ལ་བསྒོམ་མོ། ཇི་སྲིད་དུ་ལུས་ངལ་བ་འམ། སེམས་དུབ་པ་འམ། བསྒོམ་ཙམ་ན་དངང་བ་འམ། ཤུགས་འབྱུང་བའམ། མགོ་བགས་ཀྱིས་ལྕི་བ་འམ། ཡམ་ཡོམ་བྱེད་པ་འམ། འདར་ར་འམ། ནུབ་མོ་གཉིད་སྲབ་པ་འམ། ཟས་མི་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་


DTG207_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་བྱུང་གི་བར་དུ་བསྒོམ་མོ། །དེ་ནམ་བྱུང་ན་ངལ་བསོ་སྟེ། ལུས་ལ་བསྐུ་མཉེ་བྱ། །ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་གཞུག་གོ །ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཐུང་དུ་རེ་རེ་ཙམ་བསྒོམ་མོ། །དེ་ཡང་ལྟ་བ་ཙམ་མོ། ནུས་པ་བརྟས་ནས་སྲོད་དང་ཐོ་རངས་ལ་ཐུན་རེ། ཉིན་པར་ཐུན་གསུམ་ཙམ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང༌། སྨོན་ལམ་བཏབ་པ་ལ་སོགས་པ་ཡང་བྱའོ། །དེ་ལ་ལྷག་མཐོང་བསྐྱེད་པ་གང་ཞེ་ན། དམིགས་པ་འདི་ལ་བརྟེན་ནས་གཅིག་དང་དུ་མ་དང་བྲལ་བའི་རྟགས་གྲུབ་ཤིན་ཏུ་སླ་བར་འགྱུར་ཏེ། འདི་ལྟར་ཁམས་གཟུགས་ཅན་དེ་དག་ནི་ཤིན་ཏུ་ཕྲ་ཡང་ཆ་ཤས་དང་བཅས་པར་སྣང་སྟེ། དེ་ལ་བཙལ་ན་ཆ་ཤས་མེད་པ་ནི་དམིགས་པར་མི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་སེམས་ལས་བྱུང་བ་དང་བཅས་པ་ཡང་སྐད་ཅིག་མ་ཆ་ཤས་མེད་པ་ན་དམིགས་སུ་མེད་དོ། །ནམ་མཁའི་ཁམས་ཀྱང་ཆ་ཤས་ཙམ་དང་འབྲེལ་བ་ཡིན་པའི་ཕྱིར་གཅིག་པ་ག་ལ་ཡོད། དེ་སྐད་དུ། འཕགས་པ་ཡབ་སྲས་མཇལ་བ་ལས་ཀྱང༌། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རེ་རེ་ནས་བཙལ་ན་མི་དམིགས་སོ་ཞེས་གསུངས་སོ། །དེ་ལྟ་བས་ན་གཅིག་མ་གྲུབ་ན་དུ་མ་མི་འགྲུབ་སྟེ། དེ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །དེ་ལ་རབ་ཏུ་གསལ་ལ་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་ཡིན་ནོ། །དེ་བས་ན་གཅིག་དང་དུ་མ་བྲལ་བའི་ཕྱིར། དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་གསུངས་པའི་གདམས་ངང་གི་རྗེས་སུ་འབྲང་བར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །བདག་ལས་བློ་ཞན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱིས་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལ་བཟོད་པར་གསོལ། །ཁམས་རབ་ཏུ་དབྱེ་བའི་སྒོ་ནས། སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས།


DTG207_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རླུང་འདིས་དབང་གྱུར་བས། །མི་རྟོག་ཡེ་ཤེས་སྐྱེས་གྱུར་ཅིང༌། །འོད་ཟེར་སྣ་ཚོགས་སྟོན་མཛད་བ། །


DTG207_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱག་འཚལ་འཇུག་ཐབས་བྲི། སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང༌། ཚོགས་དང་བསྒོམ་དང་ཚོད་གཟུང་དང༌། །སྐྱེ་རིམ་གནས་ཚད་བརྟེན་པའི་ཐབས། །སྐྱེད་དབྱུང་གྲངས་མཐར་ཕྱིན་དང་གཅིག །དེ་ལ་རྟགས་ནི་འདིར་རྣམ་པར་རྟོག་པ་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབང་པོ་འགྱུར་བ་དང༌། དབང་པོ་གཡོ་བ་དང༌། དབང་པོ་མི་བརྟན་པ་དང༌། དབང་པོ་འཁྲུག་པ་དང༌། ལུས་ཀྱི་ལས་ཀྱི་མཐའ་བརྟད་པ་དང༌། ངག་གི་ལས་ཀྱི་མཐའ་བརྟད་པ་དང༌། དབྲལ་བར་དཀའ་བ་དང༌། ཡིད་དབྱུང་བར་དཀའ་བ་དང༌། སྤྲོས་པ་འདོད་པ་དང༌། སྤྲོས་པ་ལ་དགའ་བ་དང༌། ནེམ་ནུར་མང་བ་དང༌། ཐེ་ཚོམ་མང་བ་དང༌། འདུན་པ་དང་ལྡན་པ་དང༌། བརྟུལ་ཞུགས་མི་བརྟན་པ་དང༌། བརྟུལ་ཞུགས་མ་ངེས་པ་དང༌། ལས་ཀྱི་མཐའ་མི་བརྟན་པ་དང༌། ལས་ཀྱི་མཐའ་མ་ངེས་པ་དང༌། དགོས་པ་མང་བ་དང༌། བརྗེད་ངས་པ་དང༌། དབེན་པ་ལ་མི་དགའ་བ་དང༌། རྣམ་པར་གཡེངས་པ་མང་བ་དང༌། འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག་པ་དང༌། མཁས་པ་དང་ལེ་ལོ་མེད་པ་དང༌། བསྒྲུབ་ཕོད་པའོ་ཞེས་གསུངས་སོ། །ཕན་ཡོན་ནི། དབུགས་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚེགས་མེད་པར་འཐོབ་བོ། །དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པར་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་མི་རྟོག་པའི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་གསུངས་སོ། །ཡོན་ཏན་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ནད་ཉུང་བ་དང༌། ཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་བགྲང་བར་བྱས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཟླ་ཉི་གནས་ཀྱི་བར་དུ་འཚོ། །ཞེས་གསུངས་སོ། །ཤེས་པར་བྱ་བ་ནི་ངོ་བོ་གྱེན་དུ་རྒྱུ་བའི་རླུང་དང༌། གྲངས་ཀྱི་དབྱེ་བ་ནི་གཉིས་ཏེ། ནང་དུ་རྔུབ་པ་དང༌། ཕྱིར་འབྱུང་བའོ། །མཚན་ཉིད་ནི་རྔུབ་པའི་མཚན་ཉིད་དང༌། འབྱུང་བའི་མཚན་ཉིད་དོ། །རྔུབ་པ་ལ་གཉིས་ཏེ། རྔུབ་པ་དང་བར་དུ་རྔུབ་པའོ། །འབྱུང་བ་ལ་ཡང་གཉིས་ཏེ། འབྱུང་བ་དང༌། བར་དུ་འབྱུང་བའོ། །ངེས་པའི་ཚིག་ནི་རླུང་ཞེས་བྱ། །དབུགས་ཞེས་ཞེས་བྱ། ལུས་ཀྱི་འདུ་བྱེད་ཅེས་བྱ། འགྲོ་བ་


DTG207_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོང་བ་ཞེས་བྱའོ། །རྒྱུ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་དང༌། ལྟེ་བའི་ཕྱོགས་ན་ཁ་འམ་སྣའི་བར་དུ་སྦུབས་ཡོད་པ་དང༌། རྟེན་ནི་ལུས་འབའ་ཞིག་ལ་ཡང་མི་བརྟེན། སེམས་འབའ་ཞིག་ལ་ཡང་མི་བརྟེན། གཉིས་ཀ་ཁོ་ན་ལ་ཡང་མི་བརྟེན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་བྱེད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བསམ་གཏན་བཞི་པའི་སྙོམས་པར་འཇུག་པ་དང༌། ནུར་ནུར་པོ་དང་མར་མེར་པོ་ལ་སོགས་པ་མངལ་ན་གནས་པའི་སེམས་ཅན་ལ་སོགས་པར་འཇུག་པ་དང༌། ནུར་ནུར་པོ་དང་མར་མེར་པོ་ལ་སོགས་པ་མངལ་ན་གནས་པའི་སེམས་ཅན་ལ་སོགས་པ་ལ་ཡང་ཡོད་པར་ཐལ་བར་འགྱུར་ཏེ། དེ་བས་ན་གཉིས་ཀ་ཁ་ཅིག་ལ་ཡོད་དོ། །ས་ནི་རགས་པ་རྒྱུ་བའི་ས་དང༌། ཕྲ་བ་རྒྱུ་བའི་སའོ། །དེ་ལ་རགས་པའི་ནི་ལྟེ་བ་ནས་ཁ་འམ་སྣའི་བར་དུ་སྦུབས་ཡོད་པ་ཡིན་ནོ། །ཕྲ་བའི་ནི་བ་སྤུའི་ཁུང་བུ་ལ་སོགས་པའོ། །བགྲོད་པ་ནི་གཉིས་ཏེ། རྔུབ་པའི་བགྲོད་པ་ནི་ཐུར་དུའོ། །འབྱུང་བའི་བགྲོད་པ་ནི་གྱེན་དུའོ། །ཤེས་པར་བྱ་བ་བསྡུས་པའི་སྡོམ་ནི། ངོ་བོ་གྲངས་ཀྱི་དབྱེ་བ་དང༌། །མཚན་ཉིད་ངེས་ཚིག་རྒྱུ་དང་ནི། །གང་ལ་བརྟེན་དང་དེ་བཞིན་ས། །བགྲོད་དང་བརྒྱད་དེ་ཐ་མ་ཡིན། །ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་འཕྲལ་ལ་བྱ་བ་ཅུང་ཟད་ཙམ་ཞིག་ཤེས་པར་བྱ་སྟེ། ཐོག་མར་སེམས་ཀྱིས་འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་གཅིག་མེད་ན་བསྒྲུབ་པར་དཀའ་བས་སེམས་གནས་པ་གཅིག་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཁམས་རང་གི་རླུང་གི་ཤས་ཆེ་བ་འམ། ཆུང་བཤེས་པར་བྱ་བ་འམ། །གཞན་ལ་དྲི་བ་བྱས་ལ། ཁམས་དང་འཕྲོད་པའི་ཁ་ཟས་དང་བཏུང་བས་ཁམས་གསོ་བར་བྱའོ། །དེའི་བར་དུ་ཆོས་དང་མཐུན་པའི་བྱ་བ་ཡང་ཉུང་བར་བྱ་བ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། ལུས་ངག་གི་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་བར་བྱ་ཞིང༌། སེམས་ཀྱི་འདོད་པ་ལ་འདུན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ། །སོས་དལ་བར་བྱས་ལ་དགེ་བའི་སེམས་ཀྱིས་གནས་པར་བྱ་མི་ནུས་ན་ལུང་དུ་མ་བསྟན་པའི་སེམས་ཀྱིས་ངལ་བསོའོ། །དེ་ལྟར་བྱས་པས་རྒྱུད་ཀྱི་ནུས་པ་བརྟས་ནས་བགས་ཀྱིས་འདུག་མི་ཚུགས་པར་དགེ་བ་ལ་འཇུག་འདོད་ཙམ་ན་བཟོད་པ་བསྒོམ་མོ། །དེ་ལ་བསྒོམ་པ་གང་ཞེ་ན།


DTG207_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣོན་པོས་བསྒོམ་པ་དང༌། རྟུལ་པོས་བསྒོམ་པའོ། །དེ་ལ་རྣོན་པོས་ནི་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་ནས་བསྒོམ་གྱི་བགྲང་བར་མི་བྱེད་དོ། །རྟུལ་པོས་ནི་བགྲང་ཞིང་བསྒོམ་མོ། །རེ་ཞིག་རྣོན་པོས་ཀྱང་བགྲང་བས་སྦྱང་བ་ལ་བསླབས་ན་ལེགས་ཏེ། ཅིའི་ཕྱིར་ཞེ་ན། ཁམས་ཚད་བཟུང་སླ་བས་མྱུར་དུ་སེམས་གནས་པའི་ཕྱིར་རོ། །དེ་བས་ན་གཉིས་ཀས་བགྲང་བ་ལ་སེམས་གཏད་པར་བྱའོ། །འདི་ལྟར་སྟན་པ་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ། །དེ་ནས་དབུགས་སྙོམས་པ་དང་ཁ་ནས་འབྱུང་བ་ཚོར་བར་བྱ་སྟེ། ཁའི་སྒོ་ནས་ཙིར་གྱིས་བཟུང་ནས་རབ་ཏུ་བསྒྲིམས་ལ་ལྕགས་མགར་གྱི་སྦུད་པ་འམ། གསེར་མགར་གྱི་ཤིང་སྦུད་བཞིན་དུ་གྲང་བསེར་གྱིས་ལྟེ་བའི་ཐད་ཀའི་ནང་ལོགས་སུ་ཕྱིན་པར་བྱས་ལ། ཡུད་ཙམ་བསྡད་ནས་གཅིག་ཅེས་བསམས་ལ་ཡང་གྱེན་དུ་ལོག་གིས་བཟློག་སྟེ། དཀར་ལང་གིས་ཁའི་སྒོ་ནས་སོར་བཞི་ཙམ་དུ་ཅི་གསལ་དུ་བསམ་ཞིང་ཡུད་ཙམ་ཞིག་བསྡད་དེ། གཉིས་བསམ་ཞིང༌། ཡང་འུད་ཀྱིས་འཐེན་ལ། དཀར་ནར་གྱིས་ལྟེ་བའི་ནང་ལོགས་སུ་ཕྱིན་པར་བྱས་ལ་བགྲང་ཞིང་ཅི་ནས་ཀྱང་ཚོར་བར་བྱ་ཞིང་དྲན་པ་དང་མ་བྲལ་བར་བྱའོ། །ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་ལ། བསྒོམ་པ་ལ་ཧ་ཅང་མི་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་པར་བྱའོ། །དེ་བས་ན་གསུམ་ཀས་ཀྱང་སློབ་ལུགས་གཅིག་པར་བྱའོ། །མཚན་མོ་བཏང་སྙོམས་སུ་གཞག་སྟེ། གཉིད་ཇི་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ། །ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་མོ། །དེ་ལ་སྦྱོར་བ་ཧ་ཅང་ལྷོད་ན་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང༌། གཉིད་ཀྱིས་ཀུན་ནས་དཀྲིས་པ་དང༌། སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་དོ། །སྦྱོར་བ་ཧ་ཅང་དྲགས་ན་ལུས་ལ་གནོད་པ་འམ། སེམས་ལ་གནོད་པ་སྐྱེད་པར་བྱེད་དོ། །དེ་ལ་ཇི་ལྟར་ན་ལུས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། མཐུ་ཀར་བོར་ཏེ། དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་གིས་གནོད་པར་གྱུར་བའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང་དེ་དག་གིས་དང་པོ་ཁོ་ནར་དེའི་ཡན་


DTG207_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་ཉིང་ལག་དེ་དང་དེ་དག་ལ་ཁྱབ་པར་བྱེད་དེ་དེ་དག་ནི་ཁྱབ་བྱེད་ཅེས་བྱའོ། །རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་ན་ནད་བྱེད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་དེ་དག་གིས་དེའི་ཡན་ལག་དང་ཉིན་ལག་དེ་དག་ལ་ནད་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱ་འོ། །ཇི་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། དེའི་སེམས་རྣམ་པར་གཡེང་བར་བྱེད་པ་འམ། ཡིད་མི་བདེ་བ་དང་འཁྲུག་པ་རབ་ཏུ་མང་པོ་དག་གི་ཟིལ་གྱིས་གནོན་པར་བྱེད་དེ། དེ་ལྟ་བས་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །འོན་ཚོད་ཇི་ལྟར་གཟུང་ཞེ་ན། འདི་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་རྐྱང་བ་བཞི་བསྒོམ་མོ། །ཕྱི་མ་རེད་ཀྱི་ཐུན་གཅིག་ལ་ཡང་རྐྱང་བ་བཞི་བསྒོམ་མོ། །དེའི་ཕྱི་དེ་ཉིན་པར་སྔ་དྲོ་ཐུན་གཉིས་བསྒོམ་མོ། །རྐྱང་པ་དྲུག་དྲུག་གོ །ཕྱི་དྲོ་ཐུན་གཉིས་ལ་ཡང་རྐྱང་བ་དྲུག་དྲུག་གོ །ཉི་མ་གསུམ་པ་ལ་སྔ་དྲོ་ཕྱི་དྲོ་ཐུན་གཉིས་གཉིས་ལ་རྐྱང་པ་བརྒྱད་བརྒྱད་དོ། །ཉི་མ་བཞི་པ་ལ་སྔ་དྲོ་ཕྱི་མ་རེད་ཐུན་གསུམ་གསུམ་ལ་དབུགས་རྐྱང་པ་བཅུ་བཅུ་བསྒོམ་མོ། །དེ་ནས་ཉི་མ་ལྔ་པ་ལ་སྔ་དྲོ་ཐུན་བཞི་ཕྱི་མ་རེད་ཐུན་གསུམ་སྟེ་བདུན་པ་ལ་ཟུང་བཅུ་བཅུའོ། །དེའི་བར་དུ་ཁམས་ཞར་ལ་དཔྱད་ཅིང་བསྒོམས་པས་ན་ཚད་ཕྲ་ན་ཚེགས་བྱུང་ན་ཡང་འཕྲལ་ལ་ཞི་བར་བྱ་སྟེ། ན་ཚ་ཕྲན་ཚེགས་ལ་བསྲན་བསྐྱེད་ཅིང་མི་བསྒོམ་མོ། །དེ་ནས་ཁམས་མི་བདེ་བ་མེད་ན་ཉི་མ་རེ་ལ་ཐུན་རེ་བསྣན་ཅིང་བསྒོམ་མོ། །དབུགས་ཀྱི་གྲངས་ནི་སེམས་གནས་པ་མ་ཐོབ་ཀྱི་བར་དུ་བཅུ་བཅུ་ལས་མང་བ་མི་བསྒོམ་མོ། །ཡང་གཉིད་ཆུང་བའམ་མི་བདེ་བ་ཕྲན་ཚེགས་བྱུང་ན་ཐུན་རེ་དབྲི་ཞིང་བསྒོམ་མོ། །མི་བསྒོམ་པའི་བར་དུ་ངལ་བསོ་བ་སྙོམས་པར་བྱ་ཞིང་འདུག་པ་གཅིག་ཏུ་བསྡུད་མར་ཐུན་གཉིས་ལ་སོགས་པ་མི་བསྒོམ་མོ། །ཉིན་པར་གཉིད་མི་ལོག །སྤྱོད་ལམ་ཐམས་ཅད་དུ་བགས་ཀྱིས་དལ་བར་བྱའོ། །སྐྱེ་བའི་རིམ་པ་ནི་བཞི་སྟེ། དེ་ལ་དང་པོ་ནི་ཤེས་རབ་བསྒྲིམས་ཀྱང་དབུགས་ནང་དུ་རྔུབ་པ་ན་མར་འགྲོར་མི་འདོད་པ་སྙམ་བྱེད་ཅིང་རྡུགས་པ་སྙམ་བྱེད་ལ་རེས་དྲན་པས་མ་ཟིན་པ་སྙམ་བྱེད་པ་དང༌། ཡར་འབྱུང་བ་ཡང་དྲན་པས་མ་ཚོར་བར་ཡང་བྱུང་ནས་འགྲོ་བ་དང༌། གྲངས་ཀྱང་བརྗེད་སྐྱེན་པ་དང༌། དྲན་པས་དབུགས་གཟུང་དཀའ་བར་འོང་ངོ༌། །གཉིས་པ་ནི་ཐུན་ཕལ་ཆེར་གྲངས་མི་བརྗེད་


DTG207_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ནང་དུ་རྔུབ་པ་ཡང་རྡུགས་པ་མེད་པར་གྲང་ཟང་ཟང་འགྲོ་ཞིང༌། ཡར་འབྱུང་བ་ཡང་དྲན་པ་དང་མཉམ་པོར་འགྱུར་ཏེ། དཔེར་ན་རྟ་ལ་བག་ཙམ་ཆགས་པ་དང་འདྲ་སྟེ། དྲན་པས་བག་ཙམ་ཟིན་པ་ཡིན་ནོ། །གསུམ་པ་ནི་གྲངས་མི་བརྗེད་པ་དང༌། ནང་དུ་རྔུབ་པའི་ཐོག་མ་གྲང་སིལ་གྱིས་སོང་བར་ཚོར་བ་དང༌། ཡར་མ་བཟློག་གི་བར་དུ་མིག་ན་གྲང་སིང་ངེ་འདུག་པར་ཚོར་བ་དང༌། ཡར་བྱུང་བའི་ཐོག་ལ་ཁའི་སྒོ་ནས་ཕར་འབྱུང་བའི་ཚེ་མཆུ་ཡང་འཐེན་པ་སྙམ་པ་དང༌། བདེ་བ་ཡང་ཐུན་སྟོད་ཐུན་སྨད་ལ་བག་རེ་འོང་ངོ༌། །བཞི་བ་ནི་རྔུབ་པའི་ཐོག་ལ་ལུས་ཀྱང་བྱིང་བ་སྙམ་བྱེད་ཅིང་ཚོར་བ་སྔ་ན་ཉམས་སུ་མྱོང་བ་ཅིག་གིས་གློ་བུར་དུ་ལུས་ཐམས་ཅད་ལ་ཁྱབ་པར་འོང་ངོ༌། །ཡང་ན་འབྱུང་བའི་ཐོག་ལ་ཁའི་སྒོ་ནས་ཕར་དཀར་ནར་གྱིས་བྱུང་ན་ལུས་བགས་ཀྱིས་ཡར་བཏེག་པ་སྙམ་བྱེད་ཅིང་ཚོར་བ་བདེ་བས་ལུས་ཐམས་ཅད་ལ་ཁྱབ་ཅིང་སེམས་ཀྱང་ཤིན་ཏུ་དགའ་བ་དང༌། དྲན་པས་དབུགས་དེ་ཤིན་ཏུ་ཟིན་ཏེ། དཔེར་ན་རྟ་ལ་ཆགས་པའི་མི་རང་གར་འདོད་པར་རྟ་གཏོང་བ་དེ་བཞིན་དུ་ནང་དུ་རྔུབས་པ་དང་ཕྱིར་འབྱུང་བ་ལ་ཡང་རང་དབང་དུ་འགྱུར་རོ། །གནས་པའི་ཚད་ནི་ཁྱད་པར་བཞི་སྟེ། གྲངས་ཀྱི་ཁྱད་པར་བདེ་བ་དེ་བྱུང་བའི་རྗེས་ལ་ཉིས་བརྒྱ་ནས་བརྒྱ་བཞི་བཅུ་ཡན་ཆད་བགྲངས་ཀྱང་དང་པོ་བཞིན་དུ་བདེ་བ་དང༌། རྩོལ་བའི་ཁྱད་པར་གློད་ཀྱང་དབུགས་དེ་དྲན་པས་མི་ཚོར་བ་དང༌། བདེ་བའི་ཁྱད་པར་སེམས་མ་བཏང་གི་བར་དུ་ལུས་ཐམས་ཅད་ལ་ཁྱབ་ཅིང་ལངས་ནས་ཀྱང་ཅུང་ཟད་བདེ་བ་དང༌། དགའ་བའི་ཁྱད་པར་སེམས་རང་ཤུགས་ཀྱིས་དགོད་འཆོར་བ་དང༌། འབྲལ་མི་ཕོད་པ་དང༌། འདི་ངེས་པར་གནས་པ་ཡིན་ནོ་སྙམ་ནས་ཆོས་ལ་དད་པ་དང༌། དད་པའི་ཤས་ཆེན་པོ་སྐྱེ་བ་དང༌། ལངས་པའི་མོད་ལ་ཡང་སེམས་ཡེང་ཡེང་བོར་མི་འོང་བ་དང༌། གང་ཟག་གཞན་ལ་ཡང་བསྒོམས་ན་ཅི་མ་རུང་སྙམ་པའི་སེམས་འབྱུང་ངོ༌། །གཞན་ཡང་རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། ནང་ཉེ་བར་ཞི་བའི་འདུ་ཤེས་དང༌། ཞི་གནས་ཀྱི་འདུ་ཤེས་མང་དུ་སྣང་ལ། སྤྲོས་པའི་འདུ་ཤེས་མེད་པ་དང༌། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ །བརྟན་པར་བྱ་བའི་ཐབས་ནི་ཁམས་


DTG207_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོད་ལས་དཔག་སྟེ་ཁམས་བདེ་ན་ནི་ཐུན་གྱི་གྲངས་ཉུང་བར་བྱས་ལ་བགྲང་པའི་གྲངས་མང་བས་ཡུན་རིང་བར་བྱ་ཞིང་ཉི་མ་ཁ་ཅིག་ཏུ་བསྒོམས་ལ་ངལ་བསོའོ། །ཁམས་ཞན་ན་ནི་ཉི་མ་གཅིག་ཙམ་བསྒོམས་ལ་ངལ་བསོའོ། །འོ་ན་ཚོད་དེ་གང་གིས་གཟུང་ཞེ་ན། ལུས་ངལ་བ་འམ། ཤུགས་འབྱུང་བ་འམ། བསྒོམས་ཙམ་ན་དངང་བ་འམ། མགོ་བགས་ཀྱིས་ལྕི་བ་འམ། ལུས་འདར་བ་འམ། ནུབ་མོ་གཉིད་མི་ཞུགས་པ་འམ། སེམས་སང་སང་པོར་འདུག་པ་འམ། མདོར་ན་ཁམས་མི་བདེ་བའི་མཚན་མ་བག་ཙམ་བྱུང་མ་ཐག་ཏུ་ངལ་བསོའོ། །དེ་མ་བྱུང་ན་རྟག་པར་ཡང་བསྒོམ་པར་བྱ་སྟེ། བརྟན་པར་བྱ་བ་ནི་སེམས་པའི་བར་དེར་ཁམས་བདེ་ན་བསྒོམས་པས་ཕྱིས་བརྟན་པར་འགྱུར་རོ། །མི་བདེ་ན་ངལ་བསོ་བས་བརྟན་པར་འགྱུར་བ་ཡིན་ནོ། །སྐྱེད་དབྱུང་བའི་ཚད་ནི་སྔར་བརྟན་པར་བྱས་ནས་ཞག་པར་ངལ་སོས་པར་བྱས་ལ། ཕྱིས་སྲོད་ཐོ་རངས་ཐུན་རེ་བསྒོམ། ཉིན་པར་ཐུན་བཞི་བཞི་ལྔ་ལྔ་བསྒོམ་མོ། །དབུགས་ཀྱི་གྲངས་ནི་བརྒྱ་མན་ཆད་ནས་བཞི་བཅུ་ཡན་ཆད་བགྲང་ངོ༌། །ཟླ་བ་ཁ་ཅིག་ཀྱང་དེ་ཙམ་ཧ་ཅང་མི་དྲག་པར་བསྒོམ་མོ། །ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚགས་ཀྱང་བྱ། ལོང་མེད་ན་ཡང་སྲོད་དང་ཐོ་རངས་ཙམ་བསྒོམ་མོ། །དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཁམས་དང་འཕྲོད་པའི་ཁ་ཟས་དང༌། གྲོགས་མཐུན་པ་དང༌། གནས་བདེ་བ་དང༌། བྱ་བ་མང་པོ་སྤང་བ་ལ་སོགས་པ་བྱས་ལ། ཞག་བཅུ་ཙམ་དུ། ཉི་མ་རེ་ལ་ཐུན་ཆུང་རེ་རེ་ཙམ་ལས་མི་བསྒོམ་པར་ངལ་བསོའོ། །ལུས་ཀྱི་ནུས་པ་བརྟས་སུ་གཞུག །མཚན་མོ་བསྒོམ་མོ། །དགེ་སྦྱོར་གཞན་ལ་ཡང་བག་ཙམ་ལས་མི་བྱ། །དེ་ནས་ནུས་པ་བརྟས་པ་དང༌། མཚན་མོ་འམ་ཉིན་པར་ཁམས་གང་བདེ་བ་ཅིག་ལ་བརྟེན་ནས་སྐྱེད་དབྱུང་ངོ༌། །དེ་ཡང་ཉིན་པར་ལེགས་ཏེ། ཉི་མ་དང་པོ་ལ་ཐུན་གསུམ་ལ་གྲངས་བརྒྱ་བརྒྱ་བསྒོམ། དེ་ནས་ཉི་མ་བཅུའི་བར་དུ་ཐུན་གསུམ་གསུམ་ལས་མི་མང་བར་བསྒོམ་མོ། །དབུགས་ཀྱི་གྲངས་ནི་ཉིན་རེ་ལ་བརྒྱ་བརྒྱས་མང་བར་བསྒོམ་མོ། །བར་དེར་ཐ་ན་ཟས་ཟ་བའི་བར་དུ་ཡང་མི་དང་མི་འཕྲད་དོ། །ཡང་གཉིད་ཆུང་བ་


DTG207_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འམ་ན་ཚ་ཕྲན་ཚེགས་བྱུང་ན་ངལ་བསོའོ། །ངལ་སོས་པ་འམ། མི་བདེ་བ་མེད་ན་སྔ་མ་བཞིན་དུ་བྱའོ། །གྲངས་ཀྱི་མཐར་ཕྱིན་པ་གང་ཞེ་ན། གྲངས་སྟོང་གི་བར་དུ་སེམས་རྣམ་པར་གཡེང་བར་མི་འགྱུར་ཞིང་བརྗེད་པ་མེད་ལ་རང་གི་ངང་གིས་འཇུག་ཅིང་མངོན་པར་དགའ་བ་དང་བཅས་པས་འཇུག་ན་དེ་ཙམ་གྱིས་བགྲང་བའི་ས་ལས་འདས་པ་ཡིན་ནོ། །དེ་ནས་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་དེ། སྣ་ནས་འབྱུང་བ་ལ་གཏད་ཅིང་ལུགས་སུ་སྣ་གཡས་པ་ནས་འགྲོ་བ་དང༌། གཡོན་པ་ནས་འགྲོ་བ་ལ་གཏད་པ་འམ། གཡས་ནས་ཕྱུང་ལ་གཡོན་དུ་རྔུབ་པ་ལ་སོགས་པ་བྱ་ཞིང་མི་བགྲང་བར་བསྒོམ་མོ། །དེ་ནས་ལྷག་མཐོང་བསྐྱེད་པར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །བདག་པས་བློ་ཞན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱིས་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལ་བཟོད་པར་གསོལ། །དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

ཞི་གནས་སྐུ་ལ་བསྒོམ་པའི་ཐབས་ཆུང་ངུ་།


DTG207_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་བུ་ཆུ་བོའི་གསེར་འདྲས་ཁ་དོག་བསྐུས། །བདེ་གཤེགས་འགྲོ་བའི་གཉེན་གཅིག་རབ་མཛེས་ལ། །ཡོན་ཏན་དྲན་པའི་དང་བ་སྔོན་འགྲོ་བས། །ཕྱག་འཚལ་ཞི་གནས་ལ་འཇུག་ཅུང་ཟད་བྲི། །སྟོང་གསུམ་གྱི་ནི་སྟོང་ཆེན་པོའོ། །རྡུལ་ཕྲན་མ་ལུས་ཇི་སྙེད་པ། །ཉན་ཐོས་རང་རྒྱལ་གཟུགས་གྱུར་ལ། །བསོད་ནམས་འདོད་པས་རྟག་མཆོད་པས། །གང་གིས་ཡང་དག་རྫོགས་པའི་སྐུ། །རི་མོ་བྲིས་སོགས་མཐོང་བ་འཕགས། །དད་པའི་སྟོབས་སྐྱེད་ལ་འཇུག་པའི། །ཕྱག་རྒྱའི་མདོ་ལས་བདེར་གཤེགས་གསུངས། །རིན་ཆེན་སྣ་བདུན་གཞལ་ཡས་ཁང༌། །འཛམ་བུའི་གླིང་རྣམས་བཀང་ནང་དུ། །ཙནྡན་མཆོག་ལས་བདེར་གཤེགས་གཟུགས། །བྱས་ཀྱང་རྟག་ཏུ་མཆོད་པ་བས། །གང་གིས་ཡིད་རབ་ནང་བཏུད་ནས། །ཡུད་ཙམ་བསྒོམ་པ་ཁྱད་འཕགས་ཞེས། །ཏིང་ངེ་འཛིན་མཆོག་དམ་པ་ཡི། །མདོ་ལས་སངས་རྒྱས་དེ་སྐད་གསུངས། །ཕན་ཡོན་བསྟན་པའོ། །བདག་དང་ལོངས་སྤྱོད་མཛའ་བཤེས་


DTG207_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཆགས་པར་འགྱུར་བ་སྤང་བར་བྱ། །ཚུལ་ཁྲིམས་རྣམ་དག་ལ་གནས་ནས། །རབ་ཏུ་དབེན་པའི་གནས་འདུག་སྟེ། །མ་ཆགས་ཚུལ་ཁྲིམས་རྣམ་དག་ཅིང༌། །ཞེ་སྡང་ཟུག་རྔུའི་སེམས་སྤངས་ན། །ཏིང་འཛིན་འགྲུབ་པར་འགྱུར་རོ་ཞེས། །འོད་སྲུངས་ཞུས་པའི་མདོ་ལས་གསུངས། །ཚོགས་བསྟན་པའོ། །འཇམ་པའི་སྟན་ལ་སྐྱིལ་ཀྲུང་བཅས། །འགྲོ་ལ་སྙིང་བརྩེའི་སེམས་བཏང་ནས། །དེ་དོན་བྱང་ཆུབ་ཐོབ་བྱ་བསམ། །ཡིད་ནི་རྣམ་པར་གཡེངས་གྱུར་པ། །ཉོན་མོངས་མཆེ་བའི་ཕྲག་ལ་གནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། །ཏིང་ངེ་འཛིན་ལས་སྐྱེའོ་ཞེས། །ས་བཅུའི་མདོ་ལས་བདེ་གཤེགས་གསུངས། །སྔོན་འགྲོའོ། །བདག་གི་མདུན་དུ་བདེར་གཤེགས་སྐུ། །དབྱིབས་ལེགས་ཁ་དོག་གསལ་བར་བསམ། །རབ་ཏུ་བསྒྲིམས་པའི་དྲན་པ་ཡིས། །ཡང་དང་ཡང་དུ་གསལ་བར་བསྒོམ། །གལ་ཏེ་རངས་པ་མི་གསལ་ན། །ཇི་ཙམ་སྣང་བ་དེ་ལ་གཏད། །དེ་མེད་གྱུར་ན་རངས་པ་བསམ། །དེ་ལྟར་ཡང་དང་ཡང་དུ་བསྒོམ། །སེམས་ཇི་ལྟར་གཏད་པའོ། །དེ་ཡི་སེམས་ཀྱི་སྐྱེ་ལུགས་ནི། །རིམ་པ་བཞིར་ནི་འབྱུང་སྲིད་དེ། །རྩོལ་བ་དྲག་ཞན་གཉི་ག་ལ། །ཅུང་ཟད་མི་སྣང་དང་པོའི་སེམས། །དྲག་ཏུ་བསྒོམས་ན་ཅུང་ཟད་སྣང༌། །ཞེན་ན་མི་སྣང་གཉིས་པ་ཡིན། །དྲག་ཏུ་བསྒོམས་ན་རྟག་ཏུ་སྣང༌། །ཞན་ན་མི་སྣང་གསུམ་པ་ཡིན། །རྩོལ་བ་དྲག་ཞན་གཉི་ག་ལ། །བྱིང་རྒོད་གཉིས་བྲལ་རྫོགས་པར་སྣང༌། །ལུས་བདེ་སེམས་དགའ་རྩེ་གཅིག་པ། །བཞི་པ་ཞི་གནས་ཕྱོགས་མཐུན་ཐོབ། །སེམས་ཀྱི་སྐྱེ་བའི་རིམ་པའོ། །མིག་གི་མཐོང་བ་གསལ་བ་ཡི། །ང་རྒྱལ་སྐྱེ་བ་རབ་ཚད་ཡིན། །མིག་གི་མཐོང་བ་འདྲ་བ་ཡི། །ང་རྒྱལ་སྐྱེ་བ་འབྲིང་ཚད་ཡིན། །ཡན་ལག་ཀུན་ཚང་རི་བོ་ཙམ། །སྣང་བ་དེ་ནི་ཐ་མའི་ཚད། །གསུམ་ཀ་ཡིད་ཀྱི་ཡུལ་ཡིན་ཞིང༌། །གསལ་མི་གསལ་གྱི་ཕྱེ་བ་ཡིན། །གསལ་བྱེ་བྲག་གི་ཚད་བསྟན་པའོ། །དང་པོའི་ཉིན་པར་ཐུན་གཅིག་ཙམ། །དེ་ནས་ཉི་མ་བདུན་གྱི་བར། །ཐུན་རེ་ཐུན་རེ་བསྣན་པར་བྱ། །དེ་ནས་དྲུག་དྲུག་བདུན་བདུན་ཙམ། །སྐྱེས་བུ་གོམ་པ་ཐ་མལ་བས། །མདའ་རྒྱང་ཕྱེད་དུ་ཕྱིན་ཚོད་ཙམ། །ཡུན་གྱི་ཚད་ནི་དེ་ཙམ་གྱིས། །གྲངས་ནི་གོང་དུ་བསྟན་པའོ། །ཁམས་ཀྱི་


DTG207_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོད་གཟུང་བའོ། །བྱ་བ་སྣ་ཚོགས་སེམས་ཀྱིས་སྤངས། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེད། །ཁོན་དུ་འཛིན་པ་ཡོངས་སུ་སྤངས། །འགྲོ་བ་ཀུན་ལ་སེམས་སྙོམས་བྱ། །མགྲོན་དུ་འབོད་དང་འདུ་འཛིན་ནི། །ཐམས་ཅད་དུ་ནི་སྤང་བར་བྱ། །སྙན་དང་མི་སྙན་གཏམ་སྙན་དང༌། །སྨྲ་བ་རྟག་ཏུ་སྤང་བར་བྱ། །ཁ་ན་མ་ཐོ་ཆུང་བའི་ཟས། །ཁམས་དང་མཐུན་པའི་ཚད་ལྡན་བཟའ། །ཉིན་པར་གཉིད་ནི་མི་ལོག་ཅིང༌། །སྤྱོད་ལམ་རྣམ་བཞི་ཡང་ཡང་སྤོ། །ལུས་ཀྱི་སྤྱོད་པ་དལ་བ་དང༌། །དགེ་དང་ལུང་དུ་མ་བསྟན་སེམས། །བདག་ཉིད་གཅིག་པུ་གྲོགས་མེད་པར། །ཉིན་མཚན་རྟག་ཏུ་གནས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །མཆོད་དང་བཤགས་སོགས་དགེ་བ་གང༌། །སྒྱུ་མ་ལྟ་བུའི་སེམས་བསྐྱེད་དེ། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །ངལ་གསོ་བའི་དུས་ཀྱི་བསླབ་པའོ། །ཕན་ཡོན་ཚོགས་དང་སྔོན་དུ་འགྲོ་བསྒོམ། །བསྐྱེད་རིམ་གནས་ཚད་ཁམས་དང་བསླབ། །བརྒྱད་པོ་དག་གིས་ཞི་གནས་ཀྱི། །ཕྱོགས་མཐུན་བྱ་ཐབས་བསྡུས་པ་ཡིན། །བདེ་གཤེགས་བཀའ་ནི་བདུད་རྩི་ལྟ་བུ་སྨན་ཆེན་ལས། །བདག་འདྲ་རྨོངས་པས་སློབ་ཕྱིར་བསྡེབས་པར་མི་འོས་ཀྱང༌། །ཅི་ཞིག་ལྟར་ངེས་བདག་ལ་མོས་པ་དེ་དོན་བྱས། །བསོད་ནམས་འདི་ཡིས་སྐྱེ་མེད་ཡེ་ཤེས་ཐོབ་གྱུར་ཅིག །ཞིག་ནས་སྐུ་ལ་བསྒོམ་ཐབས་ཆུང་ངུ་རྫོགས་སོ། །

ཞི་གནས་ལ་འཇུག་པའི་ཐབས།


DTG207_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཞི་གནས་ལྷག་མཐོང་མཐར་ཕྱིན་པས། །འགྲོ་བའི་མི་ཤེས་རབ་རིབ་སེལ་མཛད་པ། །ཐམས་ཅད་མཁྱེན་པ་དེ་ལ་ཕྱག་འཚལ་ཏེ། ཞི་གནས་འཇུག་པའི་ཐབས་ཚུལ་ཅུང་ཟད་བྲི། །སྡོམ་ནི། ཚོགས་དང་ཤེས་བྱ་སྔོན་འགྲོ་དང༌། །བསྒོམ་དང་ཉེས་སྤང་ཚོད་གཟུང་དང༌། །ངལ་གསོ་སྐྱེ་ལུགས་གནས་པའི་ཚད། །བཅུ་པ་བསྟན་ཐབས་ངོས་ཟུང་ཅིག །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། །ཞི་གནས་ཀྱི་ཚོགས་ཀྱི་དབང་དུ་བྱས་ནས། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང༌། རབ་ཏུ་ཞི་བ་དང༌། ཉེ་བར་ཞི་བ་དང༌། རྣམ་པར་མི་གཡེང་བ་དང༌། དབང་པོ་ལེགས་པར་བསྡམས་པ་དང༌། མི་རྒོད་པ་དང༌། མི་འཕྱར་བ་དང༌། མུར་ཅོར་མི་སྨྲ་བ་དང༌། ཡབ་ཡབ་པོ་མ་ཡིན་པ་དང༌།


DTG207_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་དང༌། ཞི་དེས་པ་དང༌། བསྲུང་བ་དང༌། ཅང་ཤེས་པ་དང༌། ལས་སུ་རུང་བ་དང༌། རྩེ་གཅིག་པ་དང༌། གཅིག་པུར་དགའ་བ་དང༌། འདུ་འཛི་ཡོངས་སུ་སྤང་བ་དང༌། དབེན་པར་དགའ་བ་དང༌། ལུས་དབེན་པ་དང༌། སེམས་མ་བསླད་པ་དང༌། དགོན་པར་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང༌། འདོད་པ་ཉུང་བ་དང༌། འདོད་པ་མེད་པ་དང༌། འདོད་ཆེན་མེད་པ་དང༌། ཆོ་ག་ཤེས་པ་དང༌། འཚོ་བ་ཡོངས་སུ་དག་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ལམ་བསྲུང་བ་དང༌། འདུ་ཤེས་པ་དང༌། ཚོད་ཤེས་པ་དང༌། དུས་མིན་ཤེས་པ་དང༌། རླན་དྲོད་ཤེས་པ་དང༌། དགང་སླ་བ་དང༌། གསོ་སླ་བ་དང༌། སོ་སོར་རྟོགས་པའི་སྟོབས་ཀྱིས་མི་མཐོ་མི་དམའ་བ་དང༌། ངན་དུ་བརྗོད་པ་དང༌། ངན་དུ་སྨྲ་བའི་ཚིག་གི་ལན་དང་དུ་ལེན་པ་དང༌། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པ་དང༌། ནང་དུ་ཡང་དག་པར་འཇོག་ལ་མངོན་པར་དགའ་བ་དང༌། བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང༌། བྱམས་པ་བསྐྱེད་པ་དང༌། སྙིང་རྗེ་མངོན་པར་སྒྲུབ་པ་དང༌། དགའ་བ་ལ་གཞོག་པ་དང༌། བཏང་སྙོམས་སྒོམ་པའོ་ཞེས་གསུངས་སོ། །གཞན་ཡང་དཀོན་མཆོག་སྤྲིན་ལས། །དལ་འབྱོར་སྤྱོད་པའི་སྐབས་སུ་སྐྱོན་ལ་མཁས་པ་ཡིན་ཞེས་བྱ་བ་ལས་བརྩམས་ཏེ། སྐྱོན་དེ་དག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ་དང༌། ཆོས་དང༌། དགེ་འདུན་དང་བསླབ་པ་དང༌། འཕགས་པ་རྣམས་དང༌། ཚངས་པར་སྤྱོད་པ་རྒན་རབས་དང༌། བར་མ་དང་གསར་བུ་རྣམས་ལ་རིམ་གྲོ་མི་བྱེད་པ་ནི་སྐྱོན་ནོ། །བདག་ལ་རི་མོ་བྱེད་པ་དང༌། གཞན་ལ་བརྙས་པ་དང༌། ཡུལ་ལ་མངོན་དུ་ཕྱོགས་པ་དང༌། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། བདག་ཏུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། གང་ཟག་ཏུ་ལྟ་བ་དང༌། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། སྟོང་པ་ཉིད་དུ་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མི་རྟག་པར་འཛིན་པ་དང༌། འཕགས་པ་རྣམས་ལ་མཉེས་པར་མི་བྱེད་པ་དང༌། བྱིས་པའི་སྐྱེ་བོ་བརྟེན་པ་དང༌། ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་སྤོང་བ་དང༌། སེམས་ཅན་ཚུལ་ཁྲིམས་འཆལ་བ་ལ་


DTG207_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་བྱེད་པ་དང༌། སྡིག་པའི་གྲོགས་ལ་བརྟེན་པ་དང༌། དགེ་བའི་བཤེས་གཉེན་ཡོངས་སུ་སྤང་བ་དང༌། མདོ་སྡེ་ཟབ་མོ་སྤང་བ་དང༌། མདོ་སྡེ་ཟབ་མོས་སྐྲག་པ་དང༌། སྙོམ་ལས་དང་ལེ་ལོ་བྱེད་པ་དང༌། བདག་ལ་བརྙས་པ་དང༌། གཟི་བརྗིད་ཆུང་བ་དང༌། སྤོབས་པ་མེད་པ་དང༌། གནས་མ་ཡིན་པ་ལ་འགྱོད་པ་དང༌། མི་འགྱོད་པ་ལ་འགྱོད་པ་དང༌། འགྱོད་པ་ལ་མི་འགྱོད་པ་དང༌། སྒྲིབ་པ་ཀུན་ནས་ལྡང་བའི་གྲགས་པ་དང༌། གཡོ་སྒྱུས་བཅིངས་པ་དང༌། རྨུགས་ཤིང་གཉིད་ཀྱིས་ནོན་པ་དང༌། རྙེད་པ་དང་བཀུར་སྟི་འདོད་པ་དང༌། རུས་ལ་འདོད་ཆགས་པ་དང༌། རིགས་ལ་འདོད་ཆགས་པ་དང༌། ལྟ་བ་ལ་འདོད་ཆགས་པ་དང༌། ཡུལ་ལ་འདོད་ཆགས་པ་དང༌། འཁོར་ལ་འདོད་ཆགས་པ་དང༌། འཇིག་རྟེན་རྒྱང་པན་པའི་གསང་ཚིག་ལ་བརྟེན་པ་དང༌། དམ་པའི་ཆོས་ལ་འབྱོར་བ་དང༌། ཡི་དམ་འདོར་བ་དང༌། མི་དགེ་བ་དང་ལྡན་པ་དག་ལ་རྩོལ་བ་དང༌། རབ་ཏུ་བྱུང་བ་དང་བསྡེབ་དང༌། སྐྱེས་པ་དང་བསྡེབ་པ་དང༌། བུད་མེད་དང་བསྡེབ་པ་དང༌། ཁྱེའུ་དང་བསྡེབ་པ་དང༌། བུ་མོ་དང་བསྡེབ་པ་དང༌། མུ་སྟེགས་ཅན་དང་བསྡེབ་པ་དང༌། དགོན་པ་ལ་མངོན་པར་མི་དགའ་བ་དང༌། ཟས་ཀྱི་ཚོད་མི་ཤེས་པ་དང༌། བླ་མའི་དྲུང་དུ་མི་འགྲོ་བ་དང༌། ཁ་ཏོན་གྱི་དུས་མི་ཤེས་པ་དང༌། སྤྱོད་ཡུལ་གྱི་གནས་མི་ཤེས་པ་དང༌། བསླབ་པ་ཕྲ་མོ་དག་ལ་གུས་པར་མི་བྱེད་པ་དང༌། སྡིག་པ་ཆུང་ངུ་རྣམས་ལ་འཇིགས་པར་མི་ལྟ་བ་དང༌། དབང་པོ་གཏི་མུག་གིས་བསྒྲིབས་པ་དང་ལྡན་པ་དང༌། གཡེང་བ་དང་ལྡན་པ་ལ་དབང་པོ་གྲིམས་པ་དང༌། རྒོད་པར་སྤྱོད་པ་དང༌། བཅོས་དཀའ་བ་དང༌། བཀའ་བློ་མི་བདེ་བ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་གཟུགས་དག་ལ་མཚན་མ་དང་མངོན་རྟགས་སུ་འཛིན་པ་དང༌། ཁྲོ་བ་རྣམས་ལ་སེམས་མི་བྱམས་པ་དང༌། སྡུག་བསྔལ་བ་རྣམས་ལ་སྙིང་མི་བརྩེ་བ་དང༌། ན་བས་སྐྱོ་བར་མི་བྱེད་པ་དང༌། ཤི་བས་མི་སྐྲག་པ་དང༌། ཀུན་ཏུ་འབར་བ་ལས་མི་འབྱུང་བ་དང༌། ལུས་སོ་སོར་མི་རྟོགས་པ་དང༌། ཚུལ་ཁྲིམས་ལ་སོ་སོར་མི་རྟོགས་པ་དང༌། ཅི་བྱས་ཅི་བྱེད་ཅི་བྱ་ཞེས་སོ་སོར་མི་རྟོགས་པ་དང༌། མི་བསམ་པ་ལ་སེམས་པ་དང༌། མི་རྟག་པ་ལ་


DTG207_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་རྟོག་པ་དང༌། མི་སྨོན་པ་ལ་སྨོན་པ་དང༌། མི་འབྱུང་བ་ལ་འབྱུང་བར་འདུ་ཤེས་པ་དང༌། མི་དགེ་བ་ལ་དགེ་བར་ལ་འདུ་ཤེས་པ་དང༌། ལམ་མ་ཡིན་པ་ལམ་དུ་འདུ་ཤེས་པ་དང༌། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང༌། འཕྲལ་གྱི་བྱ་བ་ལ་ཆགས་པ་དང༌། བྱེད་པ་ངན་པས་གཡེངས་པ་དང༌། དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤོང་བ་དང༌། ཐེག་པ་ཆེན་པོ་ལ་མི་བསྔགས་པ་བརྗོད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་པ་དང༌། ཐེག་པ་ཆེན་པོ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་མི་བསྔགས་པ་བརྗོད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་བསྔགས་པ་བརྗོད་པ་དང༌། རྩོད་པ་ལྷུར་བྱེད་པ་དང༌། འཐབ་པའི་ངང་ཚུལ་ཅན་དང༌། བརླང་བ་དང༌། རྩུབ་པ་དང༌། ཕོ་ཐེག་ཅན་དང༌། སྤྱི་རྟོལ་ཆེ་བ་དང༌། གཏུམ་པ་དང༌། གདུག་པ་དང༌། ངག་མི་སྙན་པ་དང༌། མུར་ཅོར་སྨྲ་བ་དང༌། མི་གཙིགས་པར་སྨྲ་བ་དང༌། ངན་དུ་སྨྲ་བས་སྨྲ་བ་དང༌། བརྫུན་ཟེར་བ་དང༌། སྤྲོས་པ་ལ་མངོན་པར་དགའ་བ་དང༌། སྤྲོས་པ་ལ་གཞོལ་བ་ནི་སྐྱོན་ནོ་ཞེས་གསུངས་སོ། །དེ་ཉིད་ལས་ཡང་གསུངས་པ། དེ་འདུ་བ་ཐམས་ཅད་ཀྱི་ཐམས་ཅད་ཡོངས་སུ་སྤང་ངོ༌། །འདུ་འཛི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ༌། །སྨྲ་བ་ལ་དགའ་བ་དང༌། འདོད་པའི་རྣམ་པར་རྟོག་པ་དང༌། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང༌། འཚེ་བའི་རྣམ་པར་རྟོག་པ་དང༌། ལྟ་བ་ལ་རྣམ་པར་རྟོག་པ་ཐམས་ཅད་དུ་ཡོངས་སུ་སྤང་ངོ༌། །ཤེས་ཀྱི་ཁེ་འདོད་པ་དང༌། གྲགས་པ་འདོད་པ་དང། རྙེད་པ་འདོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་སྟེ། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་ལ་སེམས་ལ་འདི་སྙམ་དུ་བདག་གི་སེམས་འདི་ཅི་དགེ་བ་ལ་སྤྱོད་དམ། འོན་ཏེ་མི་དགེ་བ་འམ། འོན་ཏེ་ལུང་དུ་མ་བསྟན་པ་འམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་དཔྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་དགའ་བ་དང༌། རངས་པ་དང༌། མགུ་བ་བསྐྱེད་དོ། །དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང༌། རྟོག་པ་མང་བ་


DTG207_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤང་བ་ལ་བརྩོན་པ་ཡིན་ནོ། །མི་དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །དེ་ལ་འདོད་ཆགས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །དེ་ལ་འདོད་ཆགས་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང༌། གང་གི་དེ་ལ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་དང༌། དེ་ལ་གཞོལ་བ་དེ་ལ་ངོ་ཚ་དང་འཛེམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ཏེ། ཇི་ལྟར་ན་ངོ་ཚ་དང་འཛེམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡིན་ཞེ་ན། དེ་ལ་གཅིག་པུ་ལྐོག་ཏུ་སོང་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང༌། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང་དེ་ཉིད་ལ་ལེགས་པར་ཤིན་ཏུ་སྨོན་པ་དང༌། དེ་ཉིད་ལ་ཡང་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་ངོ་ཚ་མེད་པ་ཡིན་ནོ། །ཇི་ལྟར་ན་འཛེམ་པ་མེད་པ་ཡིན་ཞེ་ན། དེ་རྒྱུ་དེ་དང་རྐྱེན་དེ་དང༌། གཞི་དེས་ཕ་མ་འམ་བླ་མ་ལྟ་བུ་གཞན་དག་དང་རྩོད་ཅིང་ཕྱིར་ཟློག་པ་དང༌། རྒོལ་བར་བྱེད་ཅིང་དེས་ངོ་མི་ཚ་ལ་དེ་ལ་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་འཛེམ་པ་དང༌། ངོ་ཚ་མེད་པ་ཡིན་ཏེ། དེ་ལ་རྒྱུ་དེ་དང་རྐྱེན་དེ་དང༌། གཞི་དེས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་འདོད་ཆགས་ཆེན་པོ་ཞེས་བྱའོ། །དེ་ལ་འདོད་ཆགས་འབྲིང་པོ་གང་ཞེ་ན། གང་གིས་འདོད་པ་རྣམས་ལ་བརྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་རྟེན་གྱི་བྱ་བ་གྲུབ་ནས་འདོད་ཆགས་དང་བྲལ་བའི་སེམས་ཐོབ་ནས་འགྱོད་པ་འཐོབ་པ་དང༌། སེམས་ལ་མི་འཆབ་པ་འཐོབ་པ་སྟེ། དེ་ནི་འདོད་ཆགས་འབྲིང་པོ་ཞེས་བྱའོ། །དེ་ལ་འདོད་ཆགས་ཆུང་ངུ་གང་ཞེ་ན། གང་གིས་འདོད་པ་རྣམས་བསྟེན་པར་གྱུར་ཀྱང་མནམས་པ་དང༌། བྱུག་པ་དང༌། ལུས་ཀྱིས་རེག་པ་ཙམ་མམ། ཚིག་ཏུ་སྨྲས་པ་ཙམ་མམ། མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་བ་དེ་ནི་འདོད་ཆགས་ཆུང་ངུ་ཞེས་བྱའོ། །མདོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ཆགས་པའི་སེམས་སུ་གྱུར་པ་སྟེ་དེ་ནི་འདོད་ཆགས་ཞེས་བྱའོ། །དེ་ལ་ཞེ་སྡང་གང་ཞེ་ན། ཞེ་སྡང་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །


DTG207_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཞེ་སྡང་ཆེན་པོ་གང་ཞེ་ན། ཞེ་སྡང་གི་རྣམ་པ་གང་གིས་ཞེ་སྡང་ཞིང་རྔམ་འཁྲུགས་གཏུམ་པར་གྱུར་ནས་མཚམས་མེད་པ་ལྔ་ལས་གང་ཡང་རུང་བར་བྱེད་པ་འམ། དམ་པའི་ཆོས་སྤང་བ་གང་བྱས་པ་ལ་མཚམས་མེད་པ་ལྔ་བསྡམས་པ་བས་ཀྱང་གྲངས་སུ་ཡང་ཉེ་བར་མི་འགྲོ། །ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོ་བ་དེ་ལྟ་བུ་ཕྱེད་དེ། དེ་རྒྱུ་དེ་དང་རྐྱེན་དེ་དང༌། གཞི་དེས་ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེ་ཞིང༌། གལ་ཏེ་བརྒྱ་ལ་མིར་སྐྱེ་བ་ན་ཡང༌། གནག་ཅིང་དམར་ལ། གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཀྱང་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་ཞེ་སྡང་ཆེན་པོ་ཞེས་བྱའོ། །དེ་ལ་ཞེ་སྡང་འབྲིང་བོ་གང་ཞེ་ན། གང་གིས་ཞེ་སྡང་བར་གྱུར་ཏེ། སྡིག་པ་མི་དགེ་བའི་ལས་བྱས་ནས་མྱུར་བ་མྱུར་བར་སྐྱེན་པ་སྐྱེན་པ་ལ་གོར་ལ་གོར་དུ་འགྱོད་ཅིང་དེའི་གཉེན་པོ་ལ་ཡང་བརྟེན་པ་སྟེ། དེ་ནི་ཞེ་སྡང་འབྲིང་པོ་ཞེས་བྱའོ། །དེ་ལ་ཞེ་སྡང་ཆུང་ངུ་གང་ཞེ་ན། གང་གིས་ཞེ་སྡང་བར་གྱུར་ནས་ཚིག་ཙམ་དང༌། མི་སྙན་པ་ཙམ་དང༌། ངན་དུ་བརྗོད་པ་ཙམ་གྱིས་མི་དགེ་བའི་ལས་སོགས་པ་སྟེ། དེ་ཡང་བརྒྱལ་བར་འགའ་ཞིག་འབྱུང་སྟེ། བྱུང་ན་ཡང་སྐད་ཅིག་དེ་ཉིད་དང། ཡུལ་ཙམ་དེ་ཉིད་དང༌། ཐང་ཅིག་དེ་ཉིད་ལ་གཉེན་པོ་བསྟེན་པ་སྟེ། དེ་ནི་ཞེ་སྡང་ཆུང་ངུ་ཞེས་བྱའོ། །དེ་ལ་གཏི་མུག་གང་ཞེ་ན། གཏི་མུག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །དེ་ལ་གཏུ་མུག་ཆེན་པོ་གང་ཞེ་ན། གང་ཇི་སྐད་དུ་སྨོས་པའི་གནས་དེ་དག་ལས་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། །སྨྲེ་སྔགས་མི་འདོན། འགྱོད་པར་མི་བྱེད་པ་ཡིན་ཏེ། དེ་ནི་གཏི་མུག་ཆེན་པོ་ཞེས་བྱའོ། །དེ་ལ་གཏི་མུག་འབྲིང་བོ་གང་ཞེ་ན། གང་གིས་མི་དགེ་བའི་ལས་བྱས་ཀྱང་ལ་གོར་ལ་གོར་དུ་འགྱོད་ཅིང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དྲུང་དུ་འཆགས་ཤིང་མི་འཆབ་ལ། དེ་ལ་ཡོན་ཏན་དུ་ཡང་མི་ལྟ་བ་ཡིན་ཏེ། དེ་ནི་གཏི་མུག་འབྲིང་པོ་ཞེས་བྱའོ། །དེ་ལ་གཏི་མུག་ཆུང་ངུ་གང་ཞེ་ན། གང་གིས་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པ་བཅས་པའི་ཁ་ན་མ་ཐོ་བ་བསླབ་པ་ཀུན་སྤྱད་པའི་ལམ་གཉིས་གསུམ་ལས་འདའ་བ་སྟེ། དེ་


DTG207_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཏི་མུག་ཆུང་ངུ་ཞེས་བྱའོ། །དེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་ཕྱིར་ཟློག་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་སེམས་ལ་མཁས་པ་ལ་གང་འདོད་པ་རྣམས་ལ་དགའ་བ་དང༌། འདོད་པ་རྣམས་ལ་འདུན་པ་དང༌། འདོད་པ་རྣམས་ལ་ལྷག་པར་ཆགས་པ་དེ་ལྟ་བུ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་ལ་མཁས་པའི་ཕྱིར་རོ། །འོན་ཏེ་ལུང་དུ་མ་བསྟན་པ་ལ་སྤྱོད་ན། དེ་ལ་དྲན་པ་དང་ལྡན་ཞིང་ནན་ཏན་བྱེད་ལ། དེ་བརྟག་པ་ལ་བརྩོན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ལུང་དུ་མ་བསྟན་པ་ལ་སྤྱོད་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཕྱི་རོལ་དུ་ཡང་མི་རྒྱུ་ནང་དུ་ཡང་མི་རྒྱུ། །དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ་ཡང་མི་སྤྱོད། ལྷག་མཐོང་ལ་ཡང་མི་སྤྱོད། ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་ལ་གཉིད་ཀྱིས་ནོན་པར་གནས་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སད་པ་མི་གཉིད་ཀྱིས་བསྒྲིབས་པའི་སེམས་མི་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་དེ་མི་གསལ་བར་རྒྱུ་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང༌། ཡང་དག་པར་གཞག་པ་ལ་མཁས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་ཡིན་ནོ། །དེ་དེ་ལྟར་སེམས་ལ་མཁས་པ་ཆོས་འདི་དག་ནི་སྒྱུ་མ་ལྟ་བུའོ། །ཆོས་འདི་དག་ནི་རྨི་ལམ་ལྟ་བུའོ། །ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་འབྱུང་བའོ། །ཆོས་འདི་དག་ནི་མི་འབྱུང་བའོ། །ཞེས་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི་སེམས་ལ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བཅིལ་བ་དང༌། ཤིན་ཏུ་བརྟུལ་བ་དང༌། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ན་ཆོས་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་བཅིལ་བ་དང༌། ཤིན་ཏུ་བརྟུལ་བ་དང༌། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་དྲན་པ་ཉེ་བར་གཞག་པ་ལས་ཀྱང༌། འདུ་འཛིའི་གཏམ་ཉན་པ་དང༌། རི་མོ་བྲི་བ་དང༌། སྙན་དང་གས་སྦྱོར་བ་དང༌། གཟའི་ཚོགས་དང༌། རྒྱུ་སྐར་སེམས་པ་དང༌། ཟས་རྙེད་པ་བདག་གིར་བྱེད་པ་དང༌། ཤ་ཟ་མོ་ལྟ་བུར་ནོར་བསྒྲུབ་


DTG207_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་པ་དང༌། རྒྱལ་པོ་ལ་བརྟེན་པ་དང༌། མཁས་པ་རྣམས་ལ་གདམས་ངག་མི་ནོད་པ་དང༌། བདེ་བ་ལ་མགྲོན་དུ་བོད་པ་དང༌། འདྲེ་ཞིང་གནས་པའོ་ཞེས་གསུངས་སོ། །བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང༌། ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ལ་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤང་བའོ། །དེ་ལ་ཡོན་ཏན་ལྔ་དག་དང་ལྡན་པ་ནི། མཐུན་པའི་ཡུལ་ཡིན་ཏེ། སྐྱེ་བོ་མི་སྲུན་པ་དང༌། དགྲ་ལ་སོགས་པ་མེད་པའི་ཕྱིར་ལེགས་པར་ལྡན་པ་དང༌། གོས་དང་ཟས་ལ་སོགས་པ་ཚིགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང༌། ནད་ཉུང་བའི་ས་ཕྱོགས་ཡིན་པའི་ཕྱིར་ས་བཟང་བ་དང༌། གྲོགས་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ལྟ་བ་མཐུན་པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མནག་པོས་མ་གང་བ་དང༌། མཚན་མོ་སྒྲ་ཆུང་བའི་ཕྱིར་གནས་བཟང་བའོ། །འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་བཟང་པོ་འམ། མང་པོ་ལ་ལྷག་པར་མ་ཆགས་པའོ། ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ། །བྱ་བ་མང་པོ་ཡོངས་སུ་སྤང་བ་གང་ཞེ་ན། ཉོ་ཚོང་ལ་སོགས་པའི་ལས་ངན་པ་ཡོངས་སུ་སྤང་བ་དང༌། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དག་དང་ཧ་ཅང་སྨོས་འདྲིན་བྱེད་པ་དག་དང༌། སྨན་བྱེད་པ་དང༌། སྐར་མ་བརྩི་བ་ལ་སོགས་པ་ཡོངས་སུ་སྤང་བའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉི་ག་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་མི་འདྲལ་བ་དང༌། བག་མེད་པས་རལ་ཡང་སྐྱེན་པ་སྐྱེན་པར་འགྱོད་ཅིང་ཆོས་བཞིན་དུ་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་སྤངས་པ་གང་ཞེ་ན། འདོད་པ་རྣམས་ལ་ཚེ་འདི་དང་ཕྱི་མའི་ཉེས་དམིགས་རྣམས་རྣམ་པ་མང་པོར་ཡོང་བར་བསམས་ལ། དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །ཡང་འཁོར་བའི་དངོས་པོ་སྡུག་པ་འམ། མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་


DTG207_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྲལ་ན་བདག་ཅི་ཞིག་ལ་ཆགས་པར་འགྱུར་སྙམ་དུ་བསམས་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །ཞེས་གསུངས་སོ། །ཞི་གནས་ཀྱི་ཚོགས་དེ་དག་ནི་མདོར་བསྡུ་ན་གཉིས་ཏེ། ཁ་ཅིག་ནི་དགག་པའི་སྒོ་ནས་སྟོན་ཏོ། །ཁ་ཅིག་ནི་བསྒྲུབ་པའི་སྒོ་ནས་གསུངས་སོ། །ཡང་ཞི་གནས་ཀྱི་ཚོགས་གཉིས་ཏེ། ཕྱིའི་དང༌། ནང་གིའོ། །ཕྱིའི་ནི་ཡིད་དུ་འོང་བའི་ས་ཕྱོགས་སོ། །མཐུན་པའི་ཡུལ་ན་གནས་པ་ཞེས་ཀྱང་གསུངས་སོ། །ནང་གི་ནི་མ་ཆགས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པའོ། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འཇུག །ཅེས་གསུངས་ན། སྡོམ་པའི་ཚུལ་ཁྲིམས་ཀྱིས་སེམས་གནས་པའི་བྱ་བ་བྱེད་ཅེས་ཀྱང་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ཞེས་གསུངས་པ་དང༌། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་འཐོབ་པོ། །ཞེས་གསུངས་སོ། །ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་ནོ་ཞེས་ཀྱང་གསུངས་པ་དང༌། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །དེ་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ཡིན། །ཞེས་གསུངས་སོ། །ཚུལ་ཁྲིམས་ལ་གཡེལ་ན་ཕྱིས་འགྱོད་པ་འབྱུང་ཞིང༌། འགྱོད་པས་ནི་སེམས་འཕྲོ་བར་བྱེད་དེ་དེ་བས་ན་འབྲས་བུ་ཏིང་ངེ་འཛིན་འདོད་པས་རྒྱུ་ཚུལ་ཁྲིམས་གུས་པར་བསྲུང་ངོ༌། །དམིགས་པའི་མཚན་ཉིད་ཤེས་པར་བྱ་བ་གང་ཞེ་ན། འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཤེས་པར་བྱ་བ་སྟེ། འདི་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏུ་མུག་དང༌། ང་རྒྱལ་དང༌། རྣམ་པར་རྟོག་པ་ཤེས་ཆེ་བ་དང༌། ཆ་མཉམ་པ་དང༌། ཉོན་མོངས་པ་ཆུང་ངུ་ལས་ཐ་མ་གཉིས་ལ་ལེགས་སམ་སྙམ་དུ་བསམས་པའོ། །མང་དུ་ཐོས་པ་འམ། གདམས་ངག་གིས་ཟིན་ན་ཀུན་གྱིས་ཀྱང༌། རེ་ཞིག་དམིགས་ཀྱང་ལེགས་སོ་སྙམ་དུ་བསམས་སོ། །རྣམ་པར་རྟོག་པ་ལ་སོགས་པ་དེ་དག་གི་རྟགས་དང༌། དེ་དཔག་པའི་ཐབས་དང༌། དམིགས་པ་དང༌། བསྒོམ་པའི་ཐབས་ཉན་ཐོས་ཀྱི་ས་ལས་གསལ་ལོ། །དམིགས་པ་དེ་ག་ལས་གསུངས་སྙན་པ་ལ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་


DTG207_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་པ་དང༌། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང༌། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་མདོག་དང༌། ཕྱག་མཚན་དང། གདན་དང༌། ཆེ་བའི་ཡོན་ཏན་ལ་སོགས་པ་ཐོས་ནས་དང་བའི་སེམས་ཀྱིས་ནུབ་ཕྱོགས་སུ་བལྟས་ཏེ་བསྒོམས་ན་གསལ་བར་སྣང་བར་འགྱུར་རོ། །དེ་ཡང་ཐོག་མར་རྨི་ལམ་དུ་སྣང་སྟེ། དཔེར་ན་སྨད་འཚོང་མ་མདོག་ཤིན་ཏུ་སྡུག་པ་ཞིག་ཡོད་ལ། ཚོང་དཔོན་གྱི་བུ་ཞིག་གིས་ཐོས་པ་དང། དེའི་ནུབ་མོ་མཐོང་བའམ་འཕྲད་པར་རྨིས་པ་བཞིན་ནོ་ཞེས་གསུངས་སོ། །ལ་ལ་དག་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་ལ་དམིགས་ན་སྣང་བར་འགྱུར་སྲིད་ཀྱི་མྱ་ངན་ལས་འདས་པ་ལ་ནི་མ་ཡིན་ནོ་སྙམ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག །ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན་སྣང༌། །ཞེས་གསུངས་སོ། །ཡང་བྲིས་སྐུ་ལ་སོགས་པ་ལ་དམིགས་པ་མེད་དམ་སྙམ་ན། མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པ་ཡོངས་སུ་རྫོགས་པ་ཞིག་ལ་ཚོང་དཔོན་གྱི་བུ་ཞིག་གིས་གཟུགས་བརྙན་ཡང་འདི་འདྲ་ན་རང་གི་ངོ་བོ་མཐོང་བ་ལྟ་ཅི་སྨོས་སྙམ་དུ་བསམས་ཏེ། དེ་མ་ཐག་ཏུ་ས་ཕྱོགས་བྱི་དོར་མ་བྱས་པ་ཞིག་ཏུ་འདུག་ནས་དང་བའི་སེམས་ཀྱིས་མིག་མི་འཛུམས་པར་བལྟས་ཤིང༌། བསྒོམས་པས་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་ཐོབ་པ་ལ་སོགས་པ་གསུངས་སོ། །གཞན་དག་ན་རེ་ཞིག་གནས་ཀྱི་དམིགས་པ་ལ་ངེས་པ་མེད་ཅེས་འབྱུང་བས་བུམ་པ་ལ་སོགས་པ་གང་ཡང་རུང་བ་ལ་དམིགས་པས་ཆོག་ཟེར་ཏེ། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཡུད་ཙམ་རེ་རེ་ལ་ཡང་ཕན་ཡོན་ཆེན་པོ་ཡོད་པའི་ཕྱིར་དང༌། དང་བ་སྐྱེ་བས་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ལ་དམིགས་པ་ལེགས་སོ་སྙམ་དུ་བསམ་མོ། །དེ་ལ་ཕན་ཡོན་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་སུ་གྱུར་ལ། དང་ལ་ལ་ཞིག་


DTG207_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་འདོད་པས་དེ་དག་ལ་ཆོས་གོས་དང༌། མལ་སྟན་དང༌། ན་བའི་གསོས་སྨན་ལ་སོགས་པས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་ཅིང་བསྙེན་བཀུར་བྱས་པ་བས། གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཞིག་མཐོང་ན་དེ་དེ་བས་ཆེས་བསོད་ནམས་ཆེ་ན། མེ་ཏོག་གཏོར་བ་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས་ཀྱང༌། གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཙུག་ལག་ཁང་གིས་འཛམ་བུའི་གླིང་ཐམས་ཅད་བཀང་སྟེ། དེ་དག་གི་ནང་དུ་ཙནྡན་སྤྲུལ་གྱི་སྙིང་པོ་ལས་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས་བཀང་སྟེ། དེ་དག་ལ་བསྐལ་པ་དང་གའི་ཀླུང་གི་བྱེ་མ་སྙེད་དུ་ལས་གཞན་མི་བྱེད་པར་ཉིན་གཅིག་བཞིན་དུ་ལྷའི་མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པ་བྱས་པ་བས་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལ་ཡུད་ཙམ་ཞིག་སེམས་ནང་དུ་བསྡུས་ནས་བརྟགས་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། ཇི་ལྟ་ཇི་ལྟར་མང་དུ་མི་བརྟག་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང༌། །ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན། །རྟག་པར་རྗེས་སུ་དྲན་པར་གོམས་བྱེད་ན། །ད་ཡི་མདུན་ན་སྟོན་པ་རྟག་ཏུ་བཞུགས། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ནམ་ཞིག་དེ་ནི་ན་ཞིང་མི་བདེ་སྟེ། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སྡུག་བསྔལ་ཚོར་བས་ཕྲོགས་པར་ཡོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཀཱ་ཏྱཱ་ཡ་ནས་བྲན་མོ་ཞིག་ལ་དབུལ་འཚོང་ངམ་ཞེས་གསུངས་པ་དང༌། བྲན་མོས་སྨྲས་པ། དབུལ་གང་ཞིག་ཉོ་བ་མཆིས་ཞེས་ཞུས་པ་དང༌། དབུལ་འཚོང་བའི་ཐབས་ཡོད་དོ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་གྱིས་ཤིག་ཅེས་གསུངས་པ་དང༌། དེས་དེའི་མཚན་མོ་ཐོ་རངས་རྩྭ་བཏིང་བའི་སྟེང་དུ་འདུག་སྟེ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་བྱས་པ་དང༌།


DTG207_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དུ་ཚེའི་དུས་བྱས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ལ་སོགས་པ་གསུངས་སོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང༌། ནམ་ཞིག་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ་དང༌། དེས་གསུངས་པའི་ཆོས་ཀྱི་སྒྲ་ཐོས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་གསུངས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སངས་རྒྱས་རྗེས་སུ་དྲན་པ་ཡང་ཡིན་པར་གསུངས་སོ། །དེ་ལྟར་མདོ་དེ་དག་དེ་དག་ཏུ་དེ་བཞིན་གཤེགས་པའི་སྐུ་ལ་བསྒོམས་ན་ཕན་ཡོན་ཆེ་བར་གསུངས་སོ། །དམིགས་པ་ལ་དང་བའམ་དད་པ་སྐྱེ་བ་ཅི་དགོས་ཤེ་ན། ཉེས་པ་ལྔ་སྤང་བའི་འདུ་བྱེད་བརྒྱད་ཀྱི་དང་པོ་མངོན་པར་ཡིད་ཆེས་པའི་དད་པ་ཡིན་པར་གསུངས་པ་དང༌། དད་པ་སྔོན་འདྲེན་མ་ལྟར་སྐྱེས་པ་སྟེ། །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པས་དད་པ་སྐྱེ་བའི་ཡུལ་གལ་ཆེའོ། །དེ་བས་ན་ཕན་ཡོན་ཆེ་བ་དང༌། དད་པ་སྐྱེ་བའི་ཡུལ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་གང་ལ་མོས་པ་ཅིག་ལ་འཁར་བ་དང་ར་གན་ལ་སོགས་པའི་འདུ་ཤེས་མི་སྐྱེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསགས་པ་ལས་འབྲས་བུ་ཁྱད་པར་ཅན་ཡེ་ཤེས་དང་བཅས་པའི་སྐུ་འདི་ལྟ་བུ་བསྐྱེད་པ་ཡིན་སྙམ་དུ་བསམས་ལ་དབྱིབས་ཀྱི་བྱེ་བྲག་བཞུགས་ཐབས་སམ། སྐུ་སྟོད་དང་སྐུ་སྨད་དང༌། དབུ་དང་ཕྱག་དང༌། ཞབས་དང༌། རྒྱབ་ཡོལ་དང༌། གདན་ཁྲི་དང༌། ཕྱག་མཚན་དང༌། རྒྱན་ལ་སོགས་པ་ཇི་ལྟར་གནས་པ་དང༌། ཁ་དོག་གི་བྱེ་བྲག་སེར་པོའམ། དམར་པོ་ལ་སོགས་པ་ཁ་དོག་གཅིག་པའམ། མི་གཅིག་པ་ལ་ལེགས་པར་བལྟ་ཞིང་ཉི་མ་གཉིས་གསུམ་དུ་སྐབས་སྐབས་སུ་བསྐྱེད་ཅིང་བལྟ། འདུད་ཅིང་རྟགས་བྱེ་བྲག་ཆུང་ངུ་ཡན་ཆད་སེམས་ལ་གཟུང་ཤེས་པར་བྱ་སྟེ། དེ་ལྟར་དམིགས་པའི་མཚན་ཉིད་ཤེས་པར་བྱའོ། །སྔོན་དུ་འགྲོ་བ་གང་ཞེ་ན། དང་པོར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། ཡིད་དུ་འོང་བའི་ས་ཕྱོགས་སུ་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་སོང་བས་སྟན་བདེ་བའི་སྟེང་དུ་འདུག་སྟེ། ལུས་བགས་ཀྱིས་གློད་ལ་དྲང་པོར་བསྲངས། སྐྱིལ་མོ་


DTG207_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་དལ་བུས་བཅའ། ལུས་ལ་སྐྱོ་བ་བསྐྱེད་དེ་འདུག་པར་བྱའོ། །དེ་ནས་འདི་སྙམ་དུ་བསམ་པར་བྱ་སྟེ། འགྲོ་བ་མཐའ་དག་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་མེ་རབ་ཏུ་འབར་བས་སྲེག་ཅིང་གཟུང་སྟེ་འཁོར་ཞིང་རབ་ཏུ་སྡུག་བསྔལ་ལོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེ་རབ་འབར་འདི་ན་མགོན་མེད་པ། །སྲིད་ལས་འབྱུང་ལས་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་སོ། །དེ་ལྟ་བས་ན་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་ལས་འབྱུང་བའི་ཐབས་ནི་མི་ཤེས་ཤིང་འཇུག་པར་དཀའ་ལ་འཁོར་བའི་རྒྱུ་ལ་ནི་རང་གི་ངང་གིས་འཇུག་གོ །དེ་བས་ན་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱས་ལ། འགྲོ་བ་མཐའ་དག་བྱང་ཆུབ་ཆེན་པོ་ལ་དགོད་དོ་སྙམ་དུ་བསམ་མོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་ཞི་གནས་དང༌། ལྷག་མཐོང་གོམས་པ་ལས་ཐོབ་པོ་ཞེས་འཕགས་པ་དགོངས་པ་ངེས་པར་འགྲོལ་པ་ལས་གསུངས་སོ། །དེ་ཡང་སྔོན་དུ་ཞི་གནས་གོམས་པར་བྱ་དགོས་ཏེ། དེ་སྐད་དུ། ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཅེས་གསུངས་སོ། །འཕགས་པ་ས་བཅུ་པ་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེའོ། །ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང༌། སྲིད་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་མི་བཟད་པ། །སེམས་ཡིད་མ་ཞི་ཁྱེད་ཀྱིས་ཡང་དང་ཡང་མྱོང་གྱུར། །ཅེས་གསུངས་སོ། །སྤྱོད་པ་ལ་འཇུག་པ་ལས་ཀྱང༌། ཡིད་ནི་རྣམ་པར་གཡེངས་གྱུར་ན། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་སོ། །དེ་ལྟ་བས་ན་བདག་གི་ཐོག་མར་ཞི་གནས་བསྒྲུབ་པོ་སྙམ་དུ་བསམ་མོ། །དེ་ནི་སྔོན་དུ་འགྲོ་བའོ། །སེམས་ཇི་ལྟར་གཏད་པ་གང་ཞེ་ན། གོང་དུ་ལེགས་པར་བརྟགས་པའི་སྐུ་དེ་བདག་གི་མདུན་ལོགས་སུ་ཁྲུ་གང་གི་ཕ་མཐའ་ཙམ་ན་སྔར་བརྟགས་པ་བས་ཀྱང་དབྱིབས་ལེགས་


DTG207_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཁ་དོག་གསལ་ལམ་སྙམ་དུ་རྫོགས་པ་མཚན་ཉིད་ཅི་གསལ་དུ་ཤེས་པ་རབ་ཏུ་བསྒྲིམས་ལ་གཏད་དོ། །དེ་ལྟར་གཏད་ཙམ་ན་ཡེ་མི་སྣང་ན་ཡང་རྫོགས་པ་ཁོ་ནར་བསམ་མོ། །བྱེ་བྲག་ཅུང་ཟད་ཙམ་སྣང་ན་ཡང་རབ་ཏུ་བསྒྲིམས་ལ་བཟུང་ངོ༌། །ཡང་མི་སྣང་ན་རྫོགས་པ་ཁོ་ནར་ཞུགས་པར་བསམ་མོ། །དེ་བས་རྫོགས་པར་ཅི་གསལ་དུ་བསྒོམ་ཞིང་རྫོགས་པར་མི་སྣང་ན་བྱེ་བྲག་ཅུང་ཟད་སྣང་ཡང་དེ་ལ་གཏད། དེ་སྣང་མ་ཐག་ཏུ་ཡང་རྫོགས་པའི་མཚན་ཉིད་དུ་སེམས་རབ་ཏུ་བསྒྲིམས་ལ་གཏད་དོ། །དེ་བས་ན་གཙོ་ཆེར་སྤྱི་ལ་བསྒོམ་ཞིང་བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་གཞག་གོ །གཞན་དག་ན་རེ་ཤེས་པ་བསྒྲིམས་ཅི་དགོས་ཐ་མལ་པར་གཞག་པས་ཆོག་མོད་ཟེར་ཏེ། ལས་དང་པོ་པས་ནི་དེ་ལྟར་མི་བྱ་སྟེ། སློབ་དཔོན་ཐོགས་མེད་ཀྱི་ཞལ་སྔ་ནས་བསམ་གཏན་རྣམས་ལ་ཡིད་ལ་བྱེད་པ་བདུན་གྱིས་འཇུག་པ་ནི་བཞིས་བསྡུས་ཏེ། བསྒྲིམས་ཏེ་འཇུག་པ་དང༌། སྐབས་སུ་འཆད་ཅིང་འཇུག་པ་དང༌། སྐབས་སུ་འཆད་པ་མེད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པའོ་ཞེས་གསུངས་ཏེ་དེ་བས་ན་ལས་དང་པོ་པས་ཤེས་པ་རབ་ཏུ་བསྒྲིམས་ལ་དམིགས་པ་གཟུང་སྟེ། དེ་ནི་སེམས་ཇི་ལྟར་གཏད་པའི་ཐབས་སོ། །ཉེས་པ་སྤང་པ་གང་ཞེ་ན། ཉེས་པ་ནི་སྐབས་འདིར་བྱིང་རྒོད་གཉིས་ལ་བྱ་བ་སྟེ། གོང་མ་བཞིན་དུ་གཏད་པའི་སྐབས་སུ་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན་དད་པ་སྐེ་བའི་ཡུལ་ཡིད་ལ་བྱས་ལ་ཤེས་པ་གསལ་བར་གྱུར་མ་ཐག་ཏུ་གོང་མ་བཞིན་དུ་གཏད་དོ། །བྱིང་བའི་རྒྱུ་ནི་ཁ་ཟས་ཀྱི་བྱེ་བྲག་དང༌། ངལ་དུབ་དང༌། མུན་པ་ཡིད་ལ་བྱས་པ་ལ་སོགས་པས་དམིགས་བ་གསལ་བར་འཛིན་མི་ནུས་སོ། །རྒོད་པ་ནི་གོང་མ་བཞིན་དུ་གཏད་ཙམ་ན་དམིགས་པ་དེ་ལས་གཞན་གང་དྲན་ཡང་རྒོད་པ་ཡིན་ཏེ། དྲན་མ་ཐག་ཏུ་སྐྱོ་བ་བསྐྱེད་ཅིང་དམིགས་པ་གང་ཡིན་པ་ལ་མྱུར་དུ་གཏད་དོ། །རྒོད་པའི་རྒྱུ་ནི་ཕལ་ཆེར་ཆགས་པ་ལས་འབྱུང་སྟེ། དེ་བས་ན་མི་རྟག་པར་བསམ་ཞིང་སྐྱོ་བ་བསྐྱེད་པས་ཡུལ་ལ་ལྡོག་གོ །སྒོམ་པ་ཡུན་ཐུང་བའི་དབང་གིས་བྱིང་བ་ནི་ཤས་ཆུང་སྟེ། རྒོད་པ་ལས་བླ་ན་པ་ལ་རབ་ཏུ་འབད་དོ། །སེམས་གནས་ནས་ཕྱིས་སྐྱེད་འདོད་ཙམ་ན་ནི་


DTG207_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་རིམ་པར་གསུངས་པ་བཞིན་དུ་བྱའོ། །མདོར་ན་བྱིང་ན་གསལ་བར་བྱ། རྒོད་ན་བླ་ན། མཉམ་པར་ཞུགས་ན་ཡིད་གློད་དེ། དེ་ལྟར་ཉེས་པ་སྤང་ངོ༌། །ཁམས་ཀྱི་ཚོད་གཟུང་བ་གང་ཞེ་ན། ཁམས་རབ་ཀྱིས་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་ལ་ཐུན་བཞིའམ་ལྔ། མཚན་གྱི་བཞི་ཆ་ནི་ནམ་གྱི་ཆ་སྟོད་དང༌། ཆ་སྨད་ལ་ཐུན་བཞིའམ་ལྔར་བསྒོམ་མོ། །འབྲིང་གིས་ཉིན་གྱི་བཞི་ཆ་ལ་ཐུན་ལྔའམ་དྲུག་ཏུ་བསྒོམ་མོ། །ཐ་མས་ཉིན་གྱི་ལྔ་འམ། དྲུག་ཆ་ཙམ་ལ་ཐུན་དྲུག་གམ་བདུན་ཙམ་དུ་བསྒོམ་མོ། །ཁམས་ཞན་ཅིང་ཐུན་མང་བ་ནི་ཐུང་བས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །རབ་ཀྱིས་ནི་ཟན་རེ་བཟའ་རན་ཙམ། འབྲིང་དང་ཐ་མས་ནི་གོམ་པ་ཐ་མལ་པས་མདའ་རྒྱང་གཅིག་གམ་གསུམ་མམ་གཉིས་སམ་ཕྱིན་པའི་བར་ཙམ་དུ་བསྒོམས་ཏེ་དེ་ནི་སྤྱིར་བཏང་བའོ། །དེ་ཀུན་གྱིས་ཀྱང་ཡུན་ཐུང་བར་བསྒོམ་ཞིང༌། དེའི་ཕྱི་དེ་ཉིན་པར་གཉིས། དེ་བཞིན་དུ་ཞག་བཅུའི་བར་དུ་ཉིན་རེ་ཐུན་རེ་བསྣན་ཅིང་བསྒོམས་ན། སྔ་དྲོ་ཕྱི་མ་རེད་གང་བདེ་བ་དང༌། ཁམས་རབ་འབྲིང་གི་ཚོད་ཞར་ལ་ཤེས་པར་འོང་ངོ༌། མི་བདེ་བ་ཕྲན་ཚེགས་ཙམ་ཡང་ཚོར་བར་བྱ་ཞིང་ཞི་བར་བྱའོ། །དེ་ལྟར་ན་ཁམས་ཀྱི་ཚོད་གཟུང་ངོ༌། །ངལ་གསོ་བའམ། མི་བསྒོམ་པའི་སྐབས་སུ་ཇི་ལྟར་བྱ་ཞེ་ན། བསམ་པ་ཕུན་སུམ་ཚོགས་པ་དང༌། འཚོ་བ་ཕུན་སུམ་ཚོགས་པ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པར་བྱའོ། །དེ་ལ་བསམ་པ་ཕུན་སུམ་ཚོས་པ་ནི་བདག་དུལ་བ་ལ་མངོན་པར་བརྩན་པར་བྱ་བའི་བསམ་པ་དང༌། གང་ཟག་གཞན་གྱི་སྐྱོན་ལ་མི་རྟག་པ་དང༌། འཇིགས་པ་ལ་སོགས་པ་བྱང་བ་ལ་ཇི་ལྟར་བྱ་བའི་བསམ་པ་དང༌། ཞི་གནས་ཀྱི་ཚོགས་སྦྱོར་བསམ་བའོ། །དེ་ལ་བདག་དུལ་བ་ལ་མངོན་པར་བརྩན་པར་བྱ་བའི་བསམ་པ་ནི། འཕགས་པ་དྲག་ཤུལ་ཅན་ལས། བདག་ཅིའི་ཕྱིར་དགོན་པར་འོང༌། དགོན་པ་ན་གནས་པ་འགའ་ཞིག་ནི་དགེ་སྦྱོང་དང་བྲམ་ཟེ་མ་ཡིན་ཏེ། འདི་ན་མ་ཞི་བ། མ་བྱང༌། མ་སྦས་པ། མི་བརྩོན་པ། མི་འགྲུས་པ། །འདི་ལྟ་སྟེ་རི་དྭགས་དང༌། སྤྲེའུ་དང༌། བྱ་མང་པོ་དང༌། ཆོམ་རྐུན་དང༌། གདོལ་བ་དག་ཀྱང་མང་དུ་གནས་ཏེ། དེ་དག་ནི་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། བདག་གང་གི་ཕྱིར་དགོན་པ་ན་གནས་ནས་དགེ་སྦྱོང་གི་དོན་དེ་ཐོབ་པར་


DTG207_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་དུ་སེམས་བསྐྱེད་དོ་ཞེས་གསུངས་སོ། །གཞན་ཡང་བདག་ནི་ལམ་རིང་པོ་ནས་འདིར་འོངས་ཤིང་གཅིག་པུ་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པ་དང༌། ཉེས་པར་བྱས་པ་ལ་བསྐུལ་བའི་གྲོགས་གང་ཡང་མེད་དེ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། བྲི་ཟ་དང། སངས་རྒྱས་བཅོམ་ལྡན་འདས་གང་དག་གཞན་གྱི་སེམས་ཤེས་པ་ཡོད་དེ། བདག་དགོན་པ་ན་གནས་ན་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དག་གི་དབང་དུ་འགྱུར་རོ། །བདག་ལམ་རིང་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད་ལ་ངའི་བ་མེད་པ་ཡོངས་སུ་འཛིན་པ་མེད་པ་ཡིན་ལ་གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བའི་སེམས་ཀྱི་དབང་དུ་གྱུར་ན། འདུ་འཛི་བའམ་འདུ་འཛི་ལ་གནས་པའི་སེམས་ཅན་རྣམས་དང་བྱེ་བྲག་མེད་པར་འགྱུར་ལ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང་དྲི་ཟ་རྣམས་ཀྱང་བསླུས་པར་འགྱུར་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱི། དེ་བས་ན་བདག་ཅི་ནས་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་དགྱེས་པར་མི་འགྱུར་བ་དེ་ལྟར་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གཞན་གྱི་སྐྱོན་ལ་མི་བརྟག་པ་ནི་འདི་སྐད་དུ་མདོ་ལས། ཡོན་ཏན་འོད་པ་ནགས་ན་གནས་པ་དག །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་ནི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སྦྱོང་དམན་ལ་བརྙས་པར་མ་བྱེད་ཅིག །བསྐལ་པ་གཅིག་གིས་བྱང་ཆུབ་ཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམས་ཡིན། །ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། ཕྱ་རོལ་གྱི་སྐྱོན་ལ་རྟོགས་པ་ནི་དགོན་པ་ལ་གནས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །མི་མ་ཡིན་པའི་འཇིགས་པ་ལ་སོགས་པ་བྱུང་ན་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེས་ཞི་བར་འགྱུར་བར་མདོ་སྡེ་ལས་གསུངས་སོ། །ཞི་གནས་ཀྱི་ཚོགས་སྤྱིར་བསམ་པ་ནི་གོང་དུ་སྨོས་པ་རྣམས་སྐབས་སྐབས་སུ་བསམ་པར་བྱའོ། །འཚོ་བ་ཕུན་སུམ་ཚོགས་པ་ནི་རབ་ཏུ་བྱུང་བ་ཡིན་ན། མཐར་


DTG207_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བསོད་སྙོམས་དང༌། རྙེད་པས་ཆོག་པའི་བསོད་སྙོམས་པ་གང་ཡང་རུང་བས་དང་པོར་འདུལ་བའམ་མདོ་སྡེ་ལས་འབྱུང་བ་བཞིན་དུ་བླང་བའམ། སྦྱིན་བདག་ལ་གསོལ་བ་གདབ་པ་བྱས་ལ་ཕྱིས་འཚོ་བ་ཤིན་ཏུ་ངན་ཀྱང་འགྱོད་པར་མི་བྱ་སྟེ། བདག་གི་འཚོ་བ་གཞན་ལ་རག་ལས་པ་ཡིན་ནོ་སྙམ་དུ་བསམ་ཞིང་ང་རྒྱལ་བསྐྱུངས་ཏེ། ལྷད་ཟན་ཞག་བདུན་པ་ཡང་རུང་སྟེ། ཟས་ཀྱི་རོ་ལ་ཆགས་པ་ནི་བཅམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དེ། ཟས་ལ་བརྟེན་ནས་ཉོན་མོངས་པ་མ་སྐྱེས་པ་འདི་ནི་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ནོ་སྙམ་དུ་བསམ་མོ། །དགེ་བསྙེན་ཡིན་ན་ཡང༌། ཁ་ན་མ་ཐོ་བ་མེད་ཅིང་ཁམས་དང་འཕྲོད་པ་དང་པོ་ཚགས་བྱས་ན་ཕྱིས་འདོད་པའམ། ཕུལ་བསྐྱེད་པའམ། ཚོལ་བའི་བསམ་པ་མི་བྱ་བར་ཆོག་ཤེས་པར་བྱ་སྟེ། ཇི་ལྟར་ཟ་གཅིག་པས་ཀྱང་མ་ཐོབ་པ་ཐོབ་པར་བྱ་བ་འགྲུབ་ན། བདག་ཅག་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་ཟ་བས་ལྷད་ཟན་ལས་མེད་ཀྱང་ཁམས་ཅིའི་ཕྱིར་མི་བརྟ། དེ་བས་ཟན་གྱི་དོན་དུ་སྡིག་པ་བསག་ཅིང་དགེ་བའི་བར་ཆད་མི་བྱེད་པ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ་སྙམ་དུ་བསམ་མོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་སེམས་མི་གནས་ཀི་བར་དུ་ཁ་ཏོན་དང༌། ཕྱག་མང་པོ་མི་བྱ། ཡི་དམ་དུ་བཅས་པ་ཡང་དུ་བས་སུ་བཅད་ཅིང་ཉིན་པར་ཕར་འགྲོ་ཚུར་འགྲོ་བྱ་ཞིང་ཞར་ལ་སྒྲ་ཧ་ཅང་མི་ཆེ་བར་གདོན། ལུས་ཀྱི་སྤྱོད་ལམ་སོས་དལ་བར་བྱ། གྱེན་ཐུར་ཟུག་པོ་ལ་མི་འགྲོ། །ས་གཅིག་ཏུ་ཡུན་ཧ་ཅང་རིང་བར་མི་འདུག །ཉིན་པར་གློས་ཕབ་སྟེ་གཉིད་མི་ལོག །སྟོབས་བསྐྱེད་པའམ། དྲག་ཤུལ་ཆེན་པོ་མི་བྱ། སྤྱོད་ལམ་ཀུན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བའམ། སྤྱོད་ཡུལ་ཡོངས་སུ་དག་པ་ལས་འབྱུང་བ་བཞིན་དུ་དྲན་པར་བྱའོ། །དེ་བས་ན། དགེ་བ་ལ་ནི་ལས་དང་སེམས་འཇུག་པར་བྱ་སྟེ། མི་ནུས་ན་བཏང་སྙོམས་དང་ལུང་དུ་མ་བསྟན་པས་ངལ་བསོའོ། །མི་དགེ་བའི་སེམས་ཅུང་ཟད་ཀྱང་མི་བཏང་སྟེ། འདུས་ཤིང་ཁ་སྟོབས་འགྱེད་པ་དང༌། རྒྱལ་པོ་དང༌། བུད་མེད་ལ་སོགས་པ་གཏམ་ངན་པ་སྨྲ་བའམ། ངན་པའི་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ། །གོང་དུ་བསྟན་པ་བཞིན་དུ་སྔོན་དུ་འགྲོ་བ་དང༌། སྨོན་ལམ་ཅི་རིགས་པར་ཅུང་


DTG207_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ལ་གདབ་པ་ནི་ལས་དང་པོ་པས་ཉིན་རེ་ལ་ཐུན་རེ་ཙམ་བྱ་སྟེ། སྒོམ་རེས་ཀྱིས་མི་བྱའོ། །དེ་དག་ནི་མི་བསྒོམ་པའི་དུས་ཀྱི་བྱ་བའོ། །བསྒོམ་པས་སེམས་ཀྱི་སྐྱེ་ལུགས་ནི་རྣམ་པ་གཉིས་ཏེ། ཅིག་ཅར་དང་རིམ་གྱིས་སོ། །གོང་མ་ལ་གཉིས་ཏེ། ཐུན་གཅིག་ནས་ཞག་བདུན་ཚུན་ཆད་ཀྱིས་ཅིག་ཅར་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་སལ་གྱིས་སྣང་ནས་བརྟན་པ་དང༌། ཐུན་གཅིག་ཙམ་སྣང་ནས་ཞག་ཁ་ཅིག་མི་སྣང་སྟེ། ཅིས་ཀྱང་ཅིག་ཅར་དུ་རྫོགས་པར་སྣང་ནས་བརྟན་པའོ། །རིམ་གྱིས་པ་ལ་བཞི་སྟེ། དང་པོ་རྩོལ་བ་དྲག་ཀྱང་རུང་ཞན་ཡང་རུང་དམིགས་བ་ཅུང་ཟད་ཀྱང་མི་སྣང་བའི་ཉམས་དང༌། དེ་ནས་རྩོལ་བ་དྲག་ཏུ་བསྒོམས་ན་སྣང་ལ། སྐབས་སྐབས་སུ་དྲག་ཞན་གཉི་ག་ལ་མི་སྣང་བའི་ཉམས་དང༌། དྲག་ཏུ་བསྒོམས་ན་ནི་སྣང་ལ། གཞན་དུ་བསྒོམས་ན་སྐབས་ཁ་ཅིག་ཏུ་མི་སྣང་བ་དང༌། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པའི་མཚན་ཉིད་དུ་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ་ཅིག་ལ་འདི་ལྟར་སྐྱེ་སྟེ། ཐོག་མ་ཉིད་ལ་རྩོལ་བ་དྲག་ཞན་གཉི་ག་ལ་མི་སྣང་བ་མི་སྲིད་དེ། ཕྱོགས་རེ་ཙམ་སྣང་སྟེ་རྫོགས་པར་མི་སྣང་དུ་མི་འདོད་དོ། །གང་གསལ་བ་ལ་གཏད་ཅིང་དེ་མི་གསལ་ཙམ་ན་རངས་པ་ལ་གཏད། ཡང་ཕྱོགས་གཅིག་གསལ་ན་དེ་ལ་གཏད་དེ་མི་གསལ་ན་ཡང་སྔ་མ་བཞིན་དུ་བྱས་པས་གསལ་ཚབས་ཇེ་ཆེ་ཇེ་ཚེ་བརྟེན་སྐྱེད་བྱུང་ན་རྩོལ་བ་དྲག་ཞན་གཉི་ག་ལ་རྫོགས་པར་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ་ཅིག་ལ་ཐོག་མ་ཉིད་ནས་རྩོལ་བ་དྲག་ཞན་གཉི་ག་ལ་རེ་འགའ་སང༌། རེས་འགའ་མི་སྣང་བའི་ཉམས་དང༌། ཅུང་ཟད་སྐྱེད་བྱུང་ནས་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཕལ་ཆེར་སྣང་ལ་གནས་སྐབས་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་སྟེ། རྩོལ་བ་ཞན་དུ་བསྒོམས་ན་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང༌། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་འདོད་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ་ཅིག་ལ་སེམས་ཀྱི་སྐྱེ་ལུགས་འདས་མ་ཐག་པ་དང་འདྲ་བ་ལས་སྐྱེ་བའི་རིམ་པ་གསུམ་པ་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང༌། སྐབས་ཁ་ཅིག་ཏུ་གཞན་དུ་


DTG207_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན་མ་སྣང་བ་འབྱུང་བའི་སྐབས་དེར་མ་ངེས་པ་ལྔ་སྣང་བ་འབྱུང་སྟེ། དབྱིབས་མ་ངེས་པ་དང༌། ཁ་དོག་མ་ངེས་པ་དང༌། ཁ་དོག་འབའ་ཞིག་དང༌། གྲངས་དང༌། ཆེ་ཆུང་མ་ངེས་པའོ། །དེ་ལ་དབྱིབས་མ་ངེས་པ་ནི། བདེ་བར་གཤེགས་པའི་སྐུ་གཟུགས་སྣང་བར་འདོད་པ་ལ། སྐུ་མི་སྣང་བར་མཆོད་རྟེན་ནམ། གཞན་ཟླུམ་པོ་ལ་སོགས་པར་སྣང་བའོ། །ཁ་དོག་མ་ངེས་པ་ནི་སེར་པོར་སྣང་བར་འདོད་པ་ལ་སྔོན་པོའམ་དམར་པོ་ལ་སོགས་པ་གཞན་སྣང་བའོ། །ཁ་དོག་འབའ་ཞིག་པ་ནི་དབྱིབས་དང་ཁ་དོག་བཅས་པར་འདོད་པ་ལས་དབྱིབས་ཀྱི་ཐ་སྙད་ནི་གདགས་པར་དཀའ། སེར་པོ་ལ་སོགས་པ་འོད་དུ་སྣང་བའོ། །གྲངས་མ་ངེས་པ་ནི་གཅིག་བསྒོམས་ན་གཉིས་ཡན་ཆད་སྣང་བའོ། །ཆེ་ཆུང་མ་ངེས་པ་ནི་ཆེན་པོ་བསྒོམས་པ་ནི་ཆུང་ངུ་སྣང་བ་ལ་སོགས་པའོ། །མ་ངེས་པ་དེ་དག་ལས་ཐུན་གཅིག་ལ་ཡང་གཉིས་སྣང་བ་དང༌། གསུམ་དང་བཞི་གང་ཟག་གཅིག་ལ་སྣང་བ་སྲིད་ཀྱི་ལྔ་ཁོ་ན་ཐུན་གཅིག་ལ་སྣང་བ་ནི་མི་སྲིད་དོ། །ཁ་དོག་འབའ་ཞིག་པ་དང་འགལ་བའི་ཕྱིར་རོ། །ཁ་དོག་འབའ་ཞིག་ལ་ཡང་སྔར་གྱི་སྐུའི་ཁ་དོག་དང་མཐུན་པ་དང༌། མི་མཐུན་པ་ཡང་འབྱུང་ངོ༌། །ཐམས་ཅད་ལ་ནག་པོར་སྣང་བ་ནི་ཁམས་མི་བདེ་བ་ཡིན་ནོ། །ཅིའི་ཕྱིར་མ་ངེས་པ་ཞེས་བྱ་ཞེ་ན། སྐྱེ་བའི་རིམ་པ་གསུམ་པའི་སྐབས་སུ་དེ་དག་གང་ཡང་མ་ངེས་པས་ན་མ་ངེས་པ་ཞེས་བྱའོ། །སྐབས་དེར་དེ་དག་གི་རྗེས་སུ་འབྲང་བར་མི་བྱ་སྟེ། སྔར་བརྟགས་པའི་སྐུ་ཉིད་ལ་བསྒོམ་མོ། །གཞན་ནི་གསལ་བར་འདྲ་ཡང་གཏད་དུ་འདོད་པའི་མཚན་ཉི་དང་མི་ལྡན་པས་རྗེས་སུ་མི་འབྲང་སྟེ། ཁམས་ལ་གནོན་པའི་ཕྱིར་རོ། །རྗེས་སུ་མ་འབྲང་བས་སྐྱེད་བྱུང་སྟེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པ་ནི་མ་ངེས་པ་ལ་ཡང་བསྟན་པའི་ཐབས་བྱའོ། །ཕྱིས་གང་མོས་པ་ལ་གྱུར་དུ་འདོད་དོ། །ཅིག་ཅར་བ་དང་རིམ་གྱིས་པ་དེ་དག་གི་གནས་པའི་ཚད་ནི་མཚན་ཉིད་བཞི་ཡིན་ལ། གསལ་བའི་བྱེ་བྲག་ནི་རབ་འབྲིང་གསུམ་མོ། །དེ་ལ་མཚན་ཉིད་བཞི་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་དང༌། ཐུན་རིལ་པོར་གནས་ནུས་པ་དང༌། བྱིང་རྒོད་གཉིས་དང་བྲལ་བ་དང༌། ལུས་ཀྱི་བདེ་


DTG207_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤང་བ་དང༌། འཇམ་པ་ཅུང་ཟད་དང༌། སེམས་ལ་དགའ་བ་དགོད་འཆོར་བ་ཙམ་དང༌། སེམས་རྩ་གཅིག་པའི་ཕྱོགས་དང་མཐུན་པ་ཡོད་པའོ། །གསལ་བའི་བྱེ་བྲག་གསུམ་ནི། རབ་མིག་གིས་མཐོང་བ་བས་གསལ་ཞིང་འཇམ་པའམ་སྙམ་པ་དང༌། འབྲིང་མངོན་སུམ་དུ་མཐོང་བ་དང་འདྲ་སྙམ་པ་དང༌། ཐ་མ་ཆ་རྫོགས་པར་གསལ་བར་མི་སྣང་བ་སྟེ། དེ་རྣམས་གང་བྱུང་ཡང་རུང་ཆོག་ཤེས་པར་བྱ་སྟེ། རེ་ཞིག་དེ་བསྟན་པར་བྱའོ། །ཕྱིས་ནི་སྐྱེད་དབྱུང་སྟེ། མི་གསལ་བ་གསལ་བར་བྱ་བ་དང༌། གསལ་བ་ཡུན་རིང་བ་ལ་སོགས་པའི་ཐབས་བྱའོ། །ལ་ལན་རེ་བརྟེན་པའི་ཐབས་མི་དགོས་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། བརྟན་པའི་ཐབས་ནི་བསྒོམ་པ་དང་ངལ་གསོ་བ་གཉིས་ཀ་ཡིན་ཏེ། དེ་བས་ན་ཁམས་ཀྱི་བེ་བྲག་ལས་དཔག་དགོས་པས་ཤིན་ཏུ་གཅེས་སོ། །ཁམས་ཀྱི་བྱེ་བྲག་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁམས་རབ་ཅིག་ཡིན་ན་ཁམས་མི་བདེ་བ་མེད་པའི་སྐབས་སུ་སེམས་གནས་པ་རྙེད་ན། ཉི་མ་གསུམ་མཚན་མོ་གསུམ་སྲོད་ཐོ་རངས་དང༌། ཉིན་པར་གསལ་བ་འམ་རྩོལ་བ་མི་བྱ་བར་སྔར་ཇི་ཙམ་སྣང་བ་དེ་མ་ཤོར་བར་ནུས་ཚད་དུ་བསྒོམ་མོ། །ཅུང་ཟད་མི་བདེ་བའི་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང༌། མཚན་མོ་གཉིས་སུ་སྲོད་དང་ཐོ་རངས་དང་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ། །ཁམས་འབྲིང་གིས་མི་བདེ་བ་མེད་པའི་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང་མཚན་མོ་གཉིས་སུ་སྲོད་དང་ཐོ་རངས་ཉིན་པར་ནུས་ཆད་དུ་བསྒོམ་མོ། །ཅུང་ཟད་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་སྲོད་དང་ཐོ་རངས་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ། །ཁམས་ཐ་མས་མི་བདེ་བ་མེད་པའི་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་ཏུ་སྔ་མ་བཞིན་དུ་བསྒོམ་མོ། །ཅུང་ཟད་སེམས་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཐུན་གྱི་ཚད་ནི་དང་པོ་སློབ་པ་ཙམ་དུ་བྱ་སྟེ། ཤེས་པ་ནི་མི་བསྒྲིམས་པར་ཉིན་མཚན་གཉིས་ཙམ་དུ་བསྒོམ་མོ། །དེ་ནི་སྦྱོར་བཏང་བ་སྟེ། གསུམ་ཀས་ཀྱང་ནམ་ལུས་ངལ་བ་དང༌། ཤུགས་འབྱུང་བ་དང༌། དངང་བ་དང༌། མགོ་བགས་ཀྱིས་ལྕི་བ་དང༌། ཡང་ཡང་བྱིང་སྟེ་འགྲོ་བ་འམ་ནུས་པ་བྱུང་མ་ཐག་ཏུ་འཕྲོ་བཅད། གསུམ་ཀས་ཀྱང་ཁམས་ཆེར་མི་བདེ་བ་དང༌།


DTG207_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་པ་དུས་མཚུངས་པར་གྱུར་ན། ཡེ་མི་བསྒོམ་པར་ངལ་གསོའོ། །ཁམས་སོར་མ་ཆུད་ཀྱི་བར་དུ་ཡུད་ཙམ་ལྟ་བ་ལས་ཐུན་དུ་བཅད་པ་བསྒོམ་པར་བྱའོ། །དེ་ལྟར་བརྟན་པའི་ཐབས་ཀྱིས་བརྟན་པར་བྱས་པའི་དམིགས་པ་དེ་ངོས་གཟུང་བ་ནི་ཡིད་ལ་བྱེད་པ་དང་མཐུན་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དེ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། །བྱམས་པ་ཞི་གནས་དང་མཐུན་པའི་མོས་པ་དང་ལྡན་པ་ཡིན་ཏེ། ཞི་གནས་ནི་མ་ཡིན་ནོ་ཞེས་གསུངས་སོ། །གང་ཞིག་དྲི་མ་གསུམ་གྱིས་བསྒྲིབས་པས་ན། །དམུས་ལོང་གྱུར་པས་སྤྲུལ་སྐུ་མ་མཐོང་ལ། །འདི་རྟོགས་གོང་ནས་གོང་དུ་གྱུར་པ་ཡིས། །དེ་མཐོང་བྱ་ཕྱིར་བགྱིས་པས་དེ་མཐོང་ཤོག །ཞི་གནས་ལ་འཇུག་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ། །

བསམ་གཏན་ལ་འཇུག་པ་བསྡུས་པ།


DTG207_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་དངོས་མེད་རབ་མཁྱེན་ཏེ། སྐུ་མཆོག་མཁའ་འདྲ་བརྙེས་གྱུར་ཀྱང༌། །ཐུགས་རྗེའི་དབང་གིས་ཇི་སྲིད་པར། །འགྲོ་དྲུག་སེམས་ཅན་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྤོར་མཛད་པ། །དེ་ལ་གུས་པར་ཕྱག་འཚལ་ཏེ། །ཐ་དད་ལས་ལས་བྱུང་བས་ན། །འདི་ལ་མོས་པའི་སྐྱེ་བོ་འགའ། །ཡོད་སྲིད་དེ་དོན་བདག་གིས་ནི། །བསམ་གཏན་ལ་འཇུག་ཅི་ནུས་བསྡུ། །སྡོམ་ནི། ཚོགས་དང་དམིགས་དང་ཉེས་པ་དང༌། །སྤང་བྱ་གོ་རིམས་བརྟགས་འབྲས་བུ། །དེ་ལ་ཚོགས་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་འོ། །དེ་ལ་ཕྱིའི་མདོར་བསྡུ་ན་ཡིད་དུ་འོང་བའི་ས་ཕྱོགས་སོ། །ནང་གི་ཡང་མདོར་བསྡུ་ན་གཉིས་ཏེ། །མ་ཆགས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པའོ། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་ཀྱང་གསུངས་ལ། སྡོམ་པའི་ཚུལ་ཁྲིམས་ཀྱི་སེམས་གནས་པའི་བྱ་བ་བྱེད་ཅེས་ཀྱང་གསུངས་སོ། །དེ་ལ་དམིགས་པ་གང་ཞེ་ན། འདིར་སྐྱེ་བ་མེད་པའོ། །དེ་ཡང་མདོ་སྡེ་ལས་ཆོས་འདི་དག་ཐམས་ཅད་ནི་སེམས་ལ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བཅིལ། སེམས་ཤིན་ཏུ་བརྟུལ། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ནས་ཆོས་དེ་དག་ཐམས་ཅད་ཀྱང༌། ཤིན་ཏུ་བཅིལ་བ་དང༌། ཤིན་ཏུ་བརྟུལ་བ་དང༌། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ཆོས་རྣམས་དེ་ལྟར་མཐོང་བས་


DTG207_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དེ་དང༌། རྐྱེན་དེ་དང༌། གཞི་དེས་སེམས་ཞི་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། སེམས་ཉིད་ལ་སེམས་ཉིད་འདོགས་སོ། །སེམས་ཉིད་ཀྱིས་སེམས་ཞི་བར་བྱེད་དོ། །སེམས་ཉིད་ལ་སེམས་རབ་ཏུ་གཞོག་གོ །དེ་ལྟར་ཞི་བ་ལ་བརྩོན་པས་སེམས་རྩེ་གཅིག་ཏུ་འགྱུར་ཏེ། རྩེ་གཅིག་ཏུ་གྱུར་ནས་མཉམ་པར་འཇོག་གོ །སེམས་མཉམ་པར་བཞག་པ་ལ་དབེན་པ་ལས་སྐྱེས་པའི་དགའ་བར་གྱུར་ནས་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྣམ་པར་རྟོག་པ་དང༌། བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ཅན་བསམ་གཏན་དང་པོར་རྫོགས་པར་བྱ་སྟེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ནི་སྐད་ཅིག་མའི་མཚན་ཉིད་ཡིན་ལ་དེ་ཡང་བློས་གཞིགས་ན་མི་གནས་ཏེ། འདས་པ་དང་མ་འོངས་པ་ནི་འགགས་པ་དང༌། མ་སྐྱེས་པའི་ཕྱིར་མ་གྲུབ་ན། ད་ལྟར་གྱི་ཡང་སྐྱེ་བའི་ཆ་དང༌། གནས་པའི་ཆ་དང༌། འགག་པའི་ཆ་གཅིག་ཏུ་མི་འགྲུབ་པོ། །གང་གི་ངོ་བོ་གཅིག་ཏུ་མ་གྲུབ་པ་དེས་དུ་མ་ཡང་སྤངས་ཏེ། དེ་བས་ན་སེམས་ནི་གཅིག་དང་དུ་མ་དང་བྲལ་བ། གཟུང་དུ་མེད་པ་དང༌། བསྟན་དུ་མེད་པ་དང༌། གཟུགས་ཅན་མ་ཡིན་པ་སྟེ། སྐད་ཅིག་ཐོག་མ་མཐའ་ཡོད་པས། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་ཀྱང་གསུངས་སོ། །དེ་ལྟར་སེམས་མ་སྐྱེས་པར་རྟོགས་པ་དེ་ཉིད་ཁོ་ན་ལ་གོམས་པར་བྱའོ། །ཉེས་པ་ནི་ལྔ་སྟེ། དེ་སྦྱང་བའི་ཆེད་དུ་འདུ་བྱེད་བརྒྱད་བསྒོམ་པར་གསུངས་སོ། །མདོར་ན་དམིགས་པ་བརྗེད་པའི་གཉེན་པོ་དྲན་པ་མ་ཤོར་ན་ཤེས་བཞིན་གནས་ཏེ། དེའི་སྐབས་སུ་མི་བརྩལ་བར་ལུས་དང་སེམས་ལ་མི་གནོད་ཙམ་དུ་བསྒོམ་ཞིང་འདུག་པར་བྱའོ། །སྤང་པར་བྱ་བ་ནི་འདོད་པའི་སྲེད་པ་དང༌། སྡིག་པ་མི་དགེ་བའི་ཆོས་རྣམས་ཏེ། དེ་ཡང་ཇི་སྐད་དུ་འདོད་པ་ནི་ཉོན་མོངས་པའི་འདོད་པ་དང་དངོས་པོའི་འདོད་པ་སྟེ། མཚུངས་པར་ལྡན་པ་ལས་དབེན་པ་དང༌། དམིགས་པ་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་ནི་གང་དག་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ལུས་དང༌། ངག་དང༌། ཡིད་ཀྱི་ཉེས་པ་སྦྱོང་བར་རྟོགས་པ་ཆད་པས་གཅོད་པ་དང༌། མཚོན་ཆས་འདེབས་


DTG207_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་དང༌། གཡོ་བའི་ཚིག་དང༌། གནོད་པ་དང༌། བརྫུན་ཟེར་བ་ལ་སོགས་པ་ལས་དབེན་པའོ་ཞེས་གསུངས་སོ། །གོ་རིམས་ནི་རྣམ་པ་བདུན་དུ་གསུངས་ཏེ། དེ་ལ་མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱ་བ་དང༌། ཐོབ་པར་བྱ་བ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བ་དང༌། ཐོབ་པར་བྱ་བའི་ཕྱིར་སེམས་འཇོག་གོ །དེ་ནི་ཐོས་པ་དང་སེམས་པ་དང༌། འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང་སེམས་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པས་དེའི་རིགས་པ་ཞི་བའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཡང་ཇི་ལྟར་ཡོངས་སུ་བརྩལ་བར་རགས་པ་ཞི་བ་ཉིད་དུ་མོས་ཏེ། དེ་ནི་མོས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་གོམས་པས་ཐོག་མ་ཁོ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་ཀུན་ནས་ཉོན་མོངས་པ་ཆེན་པོ་རྣམས་རབ་ཏུ་སྤང་ངོ༌། །དེ་དག་ཀྱང་གང་ཞེ་ན། ཡེ་ཤེས་སྒྲོན་མའི་མདོ་ལས། དེ་ལ་འདོད་ཆགས་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང། གང་གིས་དེ་ལ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་སྟེ། དེ་ལ་གཞོལ་བ་དེ་ལ་ངོ་ཚ་བ་དང༌། འཛེམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ཏེ། ཇི་ལྟར་ན་ངོ་ཚ་བ་དང་འཛེམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡིན་ཞེ་ན། དེ་གཅིག་པུ་ལྐོག་ཏུ་སོང་སྟེ། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང་དེ་ཉིད་ལེགས་པར་ཤིན་ཏུ་སྨོན་པ་དང༌། དེ་ཉིད་ལ་ཡང་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་ངོ་ཚ་བ་མེད་པ་ཡིན་ནོ། །ཇི་ལྟར་ན་འཛེམ་པ་མེད་པ་ཡིན་ཞེ་ན། དེ་རྒྱུ་དེ་དང་རྐྱེན་དེ་དང། གཞི་དེས་ཕ་མ་འམ། བླ་མ་ལྟ་བུ་གཞན་དག་དང་རྩོད་ཅིང་ཕྱིར་བཟློག་པ་དང༌། རྒོལ་བར་བྱེད་ཅིང་དེས་ངོ་མི་ཚ་ལ། དེ་ལ་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་འཛེམ་པ་མེད་པ་ཡིན་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ན་ངན་སོང་རྣམས་སུ་སྐྱེ་བར་


DTG207_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་ནི་འདོད་ཆགས་ཆེན་པོ་ཞེས་བྱའོ། །ཞེ་སྡང་ཆེན་པོ་གང་ཞེ་ན། ཞེ་སྡང་གི་རྣམ་པ་གང་གིས་ཞེ་སྡང་ཞིང་རྔམ་འཁྲུགས་གཏུམ་པར་གྱུར་ནས། །མཚམས་མེད་པ་ལྔ་ལས་གང་ཡང་རུང་བ་བྱེད་པ་འམ། དམ་པའི་ཆོས་སྤང་པ་གང་བྱས་པ་ལ་མཚམས་མེད་པ་ལྔ་བསྡོམས་ཀྱང་གྲངས་སུ་ཡང་ཉེ་བར་མི་འགྲོ། །ཆ་དང༌། བགྲང་བ་དང༌། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་དེ་ལྟ་བུར་བྱེད་དེ། དེ་རྒྱུ་དེ་དང་རྐྱེན་དེ་དང༌། གཞི་དེས་ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེ་ཞིང། གལ་ཏེ་བརྒྱ་ལ་མིར་སྐྱེས་ན་ཡང་གནག་ཅིང་མིག་དམར་ལ་གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཡང་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ནི་ཞེ་སྡང་ཆེན་པོ་ཞེས་བྱའོ། །གཏི་མུག་ཆེན་པོ་གང་ཞེ་ན། གང་ཇི་སྐད་དུ་སྨོས་པའི་གནས་དེ་དག་ལ་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། སྨྲེ་སྔགས་མི་འདོན། འགྱོད་པ་མེད་པ་ཡིན་ཏེ། དེ་ནི་གཏི་མུག་ཆེན་པོ་ཞེས་བྱའོ། །ཞེས་གསུངས་སོ། །རྣལ་འབྱོར་བ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་སྤོང་བ་ལ་ཕན་ཡོན་དུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་ངུས་རེག་ནས་དུས་དུས་སུ་དད་པར་གྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་དུ་རྨུགས་པ་དང༌། གཉིད་དང༌། རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པ་ཞེས་བྱའོ། །དེས་ཉོན་མོངས་པའི་རྣམ་པ་འབྲིང་རབ་ཏུ་སྤོང་ངོ༌། །དེ་ཡང་གང་ཞེ་ན། དེ་ཉིད་ལས་འདོད་ཆགས་འབྲིང་པོ་གང་ཞེ་ན། གང་གིས་འདོད་པ་རྣམས་ལ་བརྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་རྟེན་ཅིང་བྱ་བ་གྲུབ་ནས་འདོད་ཆགས་དང་བྲལ་བའི་སེམས་འཐོབ་པ་དང༌། འགྱོད་པ་འཐོབ་པ་དང༌། སེམས་ལ་མི་ཆ་བ་འཐོབ་པ་སྟེ། དེ་ནི་འདོད་ཆགས་འབྲིང་པོ་ཞེས་བྱའོ། །ཞེ་སྡང་འབྲིང་པོ་གང་ཞེ་ན། གང་གིས་ཞེ་སྡང་བར་འགྱུར་ཏེ། སྡིག་པ་མི་དགེ་བའི་ལས་བྱས་ན་མྱུར་བ་མྱུར་བར་སྐྱེན་པ་སྐྱེན་པར་ལ་གོར་ལ་གོར་དུ་འགྱོད་ཅིང་དེའི་གཉེན་པོ་ལ་ཡང་བརྟེན་པ་སྟེ། དེ་


DTG207_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེ་སྡང་འབྲིང་པོ་ཞེས་བྱའོ། །གཏི་མུག་འབྲིང་པོ་གང་ཞེ་ན། གང་གིས་མི་དགེ་བའི་ལས་ཀ་བས་ཀྱང་ལ་གོར་ལ་གོར་དུ་འགྱོད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དྲུང་རུ་འཆགས་ཤིང་མི་འཆབ་ལ་དེ་ཡོན་ཏན་དུ་ཡང་མི་ལྟ་བ་ཡིན་ཏེ་དེ་ནི་གཏི་མུག་འབྲིང་པོ་ཞེས་བྱའོ། །དེ་ལྟར་ལེགས་པར་ཞུས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་བརྟེན་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་མི་འབྱུང་བས་དེ་སྤངས་སམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དེ་འབྱུང་བ་དང་མཐུན་པ་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོགས་པ་ནི་དཔྱོད་པ་ཡིད་ལ་བྱེད་པའོ། །དེས་ཐོས་པ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །དེས་དེ་ལྟར་དཔྱད་ནས་གཉེན་པོ་བསྒོམས་པས་དུས་དེ་ཇི་སྲིད་ཅིག་པའི་ཚུལ་གྱིས་འདོད་པ་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཐའོ། །དེས་ཉོན་མོངས་པའི་རྣམ་པ་ཆུང་ངུ་རབ་ཏུ་སྤང་ངོ༌། །དེ་ཉིད་ལ་འདོད་ཆགས་ཆུང་ངུ་གང་ཞེ་ན། གང་གིས་འདོད་པ་རྣམས་བརྟེན་པར་གྱུར་ཀྱང་མཉམ་པ་དང་བྱུག་པ་དང༌། ལུས་ཀྱི་རེག་པ་ཙམ་མམ། ཚིག་ཏུ་སྨྲས་པ་ཙམ་གྱིས་ཚིམ་པར་འགྱུར་བ་དེ་ནི་འདོད་ཆགས་ཆུང་ངུ་ཞེས་བྱའོ། །མདོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ཆགས་པའི་སེམས་སུ་གྱུར་པ་སྟེ། དེ་ནི་འདོད་ཆགས་ཞེས་བྱའོ། །ཞེ་སྡང་ཆུང་ངུ་གང་ཞེ་ན། གང་གིས་ཞེ་སྡང་བར་གྱུར་ནས། ཚིག་ཙམ་དང༌། མི་སྙན་པ་དང༌། ངན་དུ་བརྗོད་པ་ཙམ་གྱིས་མི་དགེ་བའི་ལས་སོགས་པ་སྟེ། བྱུང་ན་ཡང་སྐད་ཅིག་དེ་ཉིད་དང༌། ཡུད་ཙམ་དེ་ཉིད་དང༌། ཐང་ཅིག་དེ་ཉིད་ལ་གཉེན་པོ་བསྟེན་པ་སྟེ། དེ་ནི་ཞེ་སྡང་ཆུང་ངུ་ཞེས་བྱའོ། །གཏི་མུག་ཆུང་ངུ་གང་ཞེ་ན། གང་གིས་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་བཅས་པའི་ཁ་ན་མ་ཐོ་བ་བསླབ་པ་ཀུན་ལ་སྤྱད་པའི་ལན་གཉིས་གསུམ་ལས་འདའ་བ་སྟེ། དེ་ནི་གཏི་མུག་ཆུང་ངུ་ཞེས་བྱའོ། །ཞེས་གསུངས་སོ། །རྟགས་ནི་ལུས་གཡོ་བ་སྙམ་བྱེད་པ་དང༌། ལུས་ཕྱར་བ་རྩུབ་བོས་དྲུད་པ་སྙོམ་བྱད་པ་དང༌།


DTG207_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་ལ་འོ་མས་གཏོར་བ་སྙམ་བྱེད་པ་དང༌། ལུས་དྲོད་འབྱུང་བ་དང༌། སྙིང་ག་ནས་མར་མེ་ལྟ་བུ་འབྱུང་བ་དང༌། སྨིན་མཚམས་ནས་ཉི་ཟེར་གྱི་འོད་ལྟ་བུ་འབྱུང་བ་དང༌། སྤྱི་བོ་ནས་འོད་ཟེར་སྣ་ལྔ་འབྱུང་བ་ལ་སོགས་པ་གསུངས་སོ། །འབྲས་བུ་ཡང་དེ་ཉིད་དེ་བསམ་གཏན་དང་པོ་ཞེས་བྱའོ། །དད་པས་འདི་བསྡེབས་བསོད་རྣམས་ཀྱིས། །འགྲོ་ཀུན་སྲིད་པ་ཡོངས་སྤོང་ཞིང༌། །བསམ་གཏན་བདེ་ལ་རྟེན་བྱེད་དེ། །རྟག་ཏུ་གཞན་དོན་མོས་པར་ཤོག །བསམ་གཏན་ལ་འཇུག་པ་བསྡུས་པ་རྫོགས་སོ། །

སེམས་ཀྱི་ཉམས་ཅུང་ཟད་ཙམ་ཞིག་མདོར་བསྡུས་ནས་བརྗོད་པ།


DTG207_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཉམས་ཅུང་ཟད་ཙམ་ཞིག་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། མཚན་མ་མེད་པའི་རྣལ་འབྱོར་རྣམ་པ་གཉིས་ཏེ། དེ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་བཤད་པའི་དབང་དུ་བྱས་ནས་ཆོས་བརྒྱད་ཤེས་ཤིང་ལྡན་ན་མཚན་མ་དང་བཅས་པའི་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། ཆོས་བརྒྱད་ནི་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་དང༌། དབྱིབས་དང་ཁ་དོག་གི་མཚན་ཉིད་ཤེས་པར་བྱ་བ་དང༌། གཙོ་ཆེར་སྤྱི་ལ་བསྒོམ་པར་བ་ཞིང༌། །བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་གཞག་པར་བྱ་བ་དང༌། དམིགས་པ་ཤིན་ཏུ་གསལ་བ་བསྒོམ་པར་བ་དང༌། བྱིང་རྒོད་གཉིས་ཀྱི་དབང་དུ་མི་གཏང་བ་དང༌། བསྒོམ་པ་ཚོད་ཟིན་པར་བྱ་བ་དང༌། རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་སྟེ་བསྒོམས་པས་འབྲས་བུ་སེམས་བསྐྱེད་པའི་རིམ་པ་མུ་བཞིར་རིག་པར་བྱ་བ་དང༌། མུ་གསུམ་པའི་དུས་སུ་མ་ངེས་པ་རྣམ་པ་ལྔའི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པའོ། །དེ་ལ་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་ནི་མཐུན་པའི་ཡུལ་ན་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་སྤང་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་དང༌། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤང་བའོ། །ཞི་གནས་ཀྱི་རྒྱུ་དྲུག་ཤེས་པར་བྱས་ནས་རྒྱུད་ལ་ལྡན་པར་བྱའོ། །དབྱིབས་དང་ཁ་དོག་གི་མཚན་ཉིད་ཤེས་པར་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་གཏོད་པ་ཡིན་ན་དབྱིབས་ཀྱི་མཚན་ཉིད་ནི་སྟོད་སྨད་ལ་སོགས་པའི་བྱེ་བྲག་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱ་བ་དང༌། ཁ་དོག་གི་མཚན་ཉིད་ནི་ཁ་དོག་རྣམ་པ་བཞི་ལས་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱའོ། །གཙོ་ཆེར་སྤྱི་ལ་བསྒོམ་པར་བྱ་ཞིང༌། བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་


DTG207_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱ་བ་ནི་དབྱིབས་དང་ཁ་དོག་གི་མཚན་ཉིད་ཤེས་པར་བྱས་ནས་བསྒོམ་པའི་དུས་ན་སྐུ་རྫོགས་པའི་ངོ་བོ་སྤྱི་ལ་སེམས་གཏད་པར་བྱ་སྟེ། དེ་ལྟར་གཏད་ཙམ་ན་རྫོགས་པ་མི་སྣང་བར་བྱེ་བྲག་ཕྱོགས་འགའ་སྣང་ན་ཇི་ཙམ་སྣང་གི་བར་དུ་བྱེ་བྲག་དེ་ལ་སེམས་གཏད་པར་བྱའོ། །དེ་བས་ན་གཙོ་ཆེར་སྤྱི་ལ་བསྒོམ་པར་བྱ་ཞིང་བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་གཞག་པར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་པའི་དམིགས་པར་བྱ་བའམ། མདུན་དུ་བཞག་ནས་དུས་རྟག་ཏུ་ཧར་སྒོམ་བྱེད་པའམ། །སྐུའི་བྱེ་བྲག་རིམ་གྱིས་ཡིད་ལ་བྱེད་པ་འམ། བྱེ་བྲག་ཕྱོགས་འགའ་ལ་མི་སྣང་བ་བཞིན་དུ་དོན་དང་ཆེད་དུ་གཏོད་པ་ནི་དམིགས་པ་མྱུར་དུ་མི་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱ་བ་ནི་གཙོ་ཆེར་སྤྱི་ལ་བསྒོམ་པའི་དུས་ན་ཡོད་དོ་སྙམ་པ་དང༌། གནག་ཡོ་རེ་བ་ཙམ་དང༌། རབ་རིབ་ཙམ་དུ་བསྒོམ་པ་མ་ཡིན་ཏེ། དབྱིབས་དང་ཁ་དོག་གི་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམས་པའི་སྟོབས་ཀྱིས་ཕྱིས་དམིགས་པར་བྱ་བ་ཤིན་ཏུ་གསལ་བར་འགྱུར་ཏེ། དེ་བས་ན་དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱའོ། །བྱིང་རྒོད་ཀྱི་དབང་དུ་གཏང་བར་བྱ་བ་མ་ཡིན་པ་ནི་དམིགས་པ་ཤིན་ཏུ་གསལ་བར་སྒོམ་པའི་དུས་ན་བྱིང་རྒོད་གཉིས་ཀྱི་དབང་དུ་བཏང་ནས་བསྒོམ་པ་མ་ཡིན་གྱི། དེ་བས་ན་བྱིང་ན་གཟེངས་བསྟོད་ཅིང་རྒོད་ན་བླན་པར་བྱའོ། །སྒོམ་པ་ཚོད་ཟིན་པར་བྱ་བ་ནི་ཁམས་རབ་འབྲིང་ཐ་མ་གསུམ་ལས་རབ་ཀྱིས་ནི་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་བསྒོམ་པར་བྱ་སྟེ། ཉིན་གྱི་བཞི་ཆ་ནི་ཐུན་བཞི་འམ་ལྔ་བསྒོམ་པར་བྱ། མཚན་གྱི་བཞི་ཆ་ནི་སྲོད་ཐོ་རངས་ལ་བསྒོམ་པར་བྱའོ། །འབྲིང་གིས་ནི་ཉིན་འབའ་ཞིག་གི་བཞི་ཆ་བསྒོམ་པར་བྱ་སྟེ། མཚན་གྱི་བཏང་སྙོམས་སུ་བཞག་ཅིང་ཉིན་བར་གྱི་བཞི་ཆ་ལ་ཐུན་ལྔའམ་དྲུག་ཏུ་བསྒོམ་པར་བྱའོ། །ཐ་མས་ནི་ཉིན་འབའ་ཞིག་གི་ལྔ་ཆ་འམ་དྲུག་ཆ་འམ། བདུན་ཆ་ཙམ་བསྒོམ་པར་བྱ་སྟེ་མཚན་མོ་བཏང་སྙོམས་སུ་གཞག་ཅིང༌། ཁམས་ཐ་མས་ཀྱང་རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱས་ནས་ཉིན་གྱི་ལྔ་ཆ་དང་དྲུག་ཆ་དང་བདུན་ཆ་ལ་ཐུན་དྲུག་གམ་བདུན་དུ་བསྒོམ་པར་བྱའོ། །དེ་ལ་བསྒོམ་པའི་དུས་ནི་ཐུང་ལ་མི་བསྒོམ་པའི་དུས་ནི་རིང་བས་དམིགས་པ་གཏད་དུ་མི་འདོད་པར་འགྱུར་རོ་སྙམ་དུ་སེམས་ན། སྒོམ་པ་ཡུན་ཐུང་ཡང་ཤིན་ཏུ་གསལ་བའི་སྟོབས་ཀྱིས་བག་ཆགས་འཇོག་ནུས་པར་འགྱུར་ལ་མི་


DTG207_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་དུས་རིང་ཡང་གཡེལ་བ་གཞན་མ་བྱས་པས་སྔ་མའི་བག་ཆགས་ཀྱང་མཐུ་ཆུང་བར་མི་འགྱུར་ལ་སྒོམ་པ་ཡུན་ཐུང་བའི་དབང་གིས་ཤེས་པའི་རྒྱུད་ནས་ནུས་པ་ཆེ་བར་གྱུར་ནས། ཤིན་ཏུ་གསལ་བར་བསྒོམས་པའི་སྟོབས་ཀྱིས་དམིགས་པ་ལ་གཏད་དུ་འདོད་པ་མྱུར་དུ་འཐོབ་པར་འགྱུར་རོ། །རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་ནས་བསྒོམས་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་རིག་པར་བྱ་སྟེ་ཆོས་དྲུག་ནི་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་ལ་སོགས་པའི་ཆོས་དྲུག་ཤེས་ཤིང་ལྡན་ནས་བསྒོམས་པའི་སྟོབས་ཀྱིས་སེམས་སྐྱེ་བའི་རིམ་པ་མུ་བཞི་འབྱུང་སྟེ། མུ་དང་པོ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ཀྱང་དམིགས་པར་བྱ་བ་མི་སྣང་ལ། རྩོལ་བ་ཞན་དུ་བསྒོམས་ཀྱང་དམིགས་པར་བྱ་བ་མི་སྣང་བ་ཡིན་ནོ། །མུ་གཉིས་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་གནས་སྐབས་ཁ་ཅིག་ཏུ་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་དྲག་ཞན་གཉིས་ཀ་ལ་ཡང་མི་སྣང་བ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་སྣང་ལ། ཞན་དུ་བསྒོམས་ན་མི་སྣང་བ་ཡིན་ནོ། །མུ་བཞི་པ་ནི་མུ་གསུམ་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ་ཐུན་རྐྱང་བར་ཡང་ནུས། མི་མཐུན་པའི་ཆོས་གཉིས་དང་བྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ཏེ། མི་མཐུན་པའི་ཆོས་ནི་རྒོད་པ་རྒྱུན་ཆགས་དང༌། བྱིང་བ་ཤས་ཆེ་བ་ཡིན་ལ། མཐུན་པའི་ཆོས་གསུམ་ནི་ཚོར་བ་དགའ་བ་དེའི་ཕྱོགས་དང་མཐུན་པ་དང༌། ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན་ནོ། །ཡང་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས་སེམས་ཀྱི་སྐྱེ་བའི་རིམ་པ་མུ་བཞིར་ཤེས་པར་བྱ་བ་ནི། མུ་དང་པོ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་མི་སྣང་བ་ཡིན་ནོ། །མུ་གཉིས་པ་ལ་ནི་མུ་དང་པོ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་བའི་གྲངས་ནི་མང་ལ། མི་སྣང་བའི་གྲངས་ནི་ཉུང་བ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཞན་གཉི་ག་ལ་ཡང་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་ཞན་དུ་བསྒོམས་ན་མི་སྣང་བ་ཡང་ཡིན་ལ་ཡང་ན་ཁ་ཅིག་གི་དབང་དུ་བྱས་ན་མ་ངེས་པ་རྣམ་པ་ལྔར་སྣང་སྟེ། མ་ངེས་པ་རྣམ་པ་ལྔ་ནི་དབྱིབས་མ་ངེས་པ་དང༌། ཁ་དོག་མ་ངེས་པ་དང༌། ཁ་དོག་འབའ་ཞིག་སྣང་བ་དང༌། གྲངས་མ་ངེས་པ་དང༌། ཆེ་ཆུང་མ་ངེས་པའོ། །དེ་ལ་དབྱིབས་མ་ངེས་པ་ནི་དེ་བཞིན་གཤེགས་པའི་སྐུའི་དབྱིབས་


DTG207_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཁ་དོག་གི་མཚན་ཉིད་སྣང་བར་འདོད་པ་ལ་མཆོད་རྟེན་གྱི་དབྱིབས་འདྲ་བ་དང༌། ཟླུམ་ཟླུམ་པོ་ལྟ་བུར་སྣང་བ་ཡིན་ནོ། །ཁ་དོག་མ་ངེས་པ་ནི་སེར་པོར་སྣང་བར་འདོད་པ་ལ་དཀར་པོ་དང་སྔོན་པོ་ལྟ་བུར་སྣང་བ་ཡིན་ནོ། །ཁ་དོག་འབའ་ཞིག་སྣང་བ་ནི་དབྱིབས་དང་ཁ་དོག་གི་མཚན་ཉིད་བཅས་པར་འདོད་པ་ལས་དབྱིབས་མེད་པར་ཁ་དོག་སྣང་བ་ཡིན་ནོ། །གྲངས་མ་ངེས་པ་ནི་དམིགས་པར་བྱ་བ་གཅིག་ཁོ་ནར་སྣང་བར་འདོད་པ་ལ་ལྔ་འམ་དྲུག་ཏུ་སྣང་བ་ཡིན་ནོ། །ཆེ་ཆུང་མ་ངེས་པ་ནི་དམིགས་པར་བྱ་བ་ཆེ་བ་སྣང་བར་འདོད་པ་ལ་ཆུང་བ་སྣང་བ་འམ་ཆུང་བ་སྣང་བར་འདོད་པ་ལ་ཆེ་བ་སྣང་བ་ལྟ་བུའོ། །རྟག་པའི་དོན་མི་སྣང་བར་མི་རྟག་པའི་དོན་སྣང་བའི་ཕྱིར་མ་ངེས་པ་ཞེས་བྱའོ། །མུ་བཞི་བ་ནི་མུ་གསུམ་པ་ལས་ཁད་པར་དུ་འགྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ། ཐུན་རྒྱང་པར་ཡང་ནུས། མི་མཐུན་པའི་ཆོས་གཉིས་དང་འབྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །མུ་གསུམ་པའི་དུས་སུ་མ་ངེས་པ་ལྔའི་རྗེས་སུ་འབྲང་བར་བྱ་བ་ལ་ཡིན་པ་ནི་གང་གི་ཚེ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་སྣང༌། ཐུན་རྐྱང་བར་ཡང་མི་ནུས། རེས་སྣང་རེས་མི་སྣང་བ་ཡིན་པས་འབྲངས་ཀྱང་བུལ་མེད་པ་ཡིན་ཏེ། དེ་བས་ན་སྔར་བཏགས་པའི་དོན་ལ་རྩོལ་བ་དྲག་ཏུ་སྒོམ་ཞིང་བསྒོམ་པ་ཚོད་ཟིན་པར་བྱས་ན་དམིགས་པ་མྱུར་དུ་ཐོབ་པར་འགྱུར་ཏེ། དེ་བས་ན་དེའི་ཚེ་མ་ངེས་པ་ལྔའི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་ནོ། །མུ་བཞི་བའི་དུས་སུ་ནི་མ་ངེས་པ་རྣམ་པ་ལྔ་སྣང་བར་གྱུར་ཀྱང་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པས་འབྲངས་ཀྱང་སྐྱོན་མེད་དེ། ཕྱིས་ཇི་ལྟར་འདོད་པ་བཞིན་དུ་སྣང་བར་ཡང་འགྱུར་རོ། །ཡང་ན་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས་སེམས་ཀྱི་སྐྱེ་བའི་རིམ་པ་མི་འབྱུང་བར་ཅིག་ཅར་སལ་གྱིས་འབྱུང་སྟེ། ཐུན་དང་པོ་འམ་ཞག་དྲུག་གམ་བདུན་གྱི་བར་ལ་དབྱིབས་དང་ཁ་དོག་གི་མཚན་ཉིད་ཅིག་ཅར་སལ་གྱིས་སྣང་བར་འགྱུར་ནས་གཏད་དུ་འདོད་པར་འགྱུར་བ་འམ། ཡང་ན་ཐུན་མི་རིང་བ་ཙམ་དུ་སྣང་བར་གྱུར་ནས་ཉིན་མཚན་གཉིས་གསུམ་གྱི་བར་དུ་ཉམས་པར་འགྱུར་ཞིང་ཡང་ཕྱིས་ཅིག་ཅར་སེལ་གྱིས་དབྱིབས་དང་ཁ་དོག་གི་མཚན་ཉིད་གསལ་བར་གྱུར་ནས་གཏད་དུ་འདོད་པར་འགྱུར་བ་ཡིན་ནོ། །དེ་ལ་རིམ་གྱིས་པའམ། །ཅིག་ཅར་བའི་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་ནི་ཆོས་བཞི་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པ་ཡིན་ཏེ། ཆོས་བཞི་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང་བ་དང༌། ཐུན་རྐྱང་བར་


DTG207_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དང༌། མི་མཐུན་པའི་ཆོས་གཉིས་དང་བྲལ་བ་དང༌། མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །དམིགས་པ་ལ་གཏད་དུ་འདོད་པའི་གསལ་བའི་བྱེ་བྲག་ནི་རབ་འབྲིང་ཐ་མར་ཤེས་པར་བྱ་སྟེ། རབ་ནི་མིག་གིས་མཐོང་བ་ལས་གསལ་བར་ང་རྒྱལ་སྐྱེ་བ་དང༌། འབྲིང་ནི་མིག་གིས་མཐོང་བ་ཙམ་དུ་ང་རྒྱལ་སྐྱེ་བ་དང༌། ཐ་མ་ནི་ཡིད་ལ་གསལ་བའོ། །རབ་འབྲིང་ཐ་མར་ཤེས་ནས་དམིགས་པ་ལ་གཏད་དུ་འདོད་པའི་དུས་སུ་གང་སྣང་ཡང་ཆོག་ཤེས་པར་བྱས་ནས་བརྟེན་པའི་ཆོ་ག་བྱས་ན་ཁམས་མི་བདེ་བར་མི་འགྱུར་བ་དང༌། ཕྱིས་མི་ཉམས་པར་འགྱུར་རོ། །རབ་འབྲིང་ཐ་མར་ཤེས་ཀྱང་འབྲིང་དང་ཐ་མས་ཆོག་མ་ཤེས་ན་ཅི་གསལ་དུ་རྩོལ་བ་དྲག་ཏུ་བསྒོམས་ཤིང་བརྟན་པའི་ཆོ་ག་མ་བྱས་པས་ཁམས་མི་བདེ་བར་འགྱུར་བ་དང༌། ཕྱིས་ཉམས་པར་འགྱུར་རོ། །དབང་པོ་རྣོ་རྟུལ་དང༌། ཐོས་པ་མང་ཉུང་དང༌། ཁམས་རབ་འབྲིང་ཐ་མ་ལ་རིམ་གྱིས་པ་དང༌། ཅིག་ཅར་བ་དང༌། གསལ་བའི་བྱེ་བྲག་རབ་འབྲིང་ཐ་མ་ལས་གང་འབྱུང་མ་ངེས་པར་ཤེས་པར་བྱའོ། །ཅིག་ཅར་བའི་དབང་དུ་བྱས་ནས། ཆོས་དྲུག་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་བ་དང༌། སེམས་ཀྱི་སྐྱེ་བའི་རིམ་པ་དང་པོའི་དབང་དུ་བྱས་ནས་ཆོས་བདུན་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་བ་དང༌། སེམས་ཀྱི་སྐྱེ་བའི་རིམ་པ་གཉིས་པའི་དབང་དུ་བྱས་ནས་ཆོས་བརྒྱད་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། དེ་བས་ན་ཆོས་བརྒྱད་ཤེས་ཤིང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པའི་རྒྱུ་རྣམས་ནི་རྫོགས་ལ་གཏད་དུ་མི་འདོད་པའི་སྐྱོན་རྣམས་ནི་རྣམ་པར་གཅད་པ་ཡིན་ནོ། །དེ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་ལ་དམིགས་པ་གཏད་དུ་འདོད་ནས་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། མཚན་མ་མེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ན་ཡང་ཆོས་བརྒྱད་ཤེས་ཤིང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། ཆོས་བརྒྱད་ནི་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་དང༌། ཆོས་ཀྱི་རང་བཞིན་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱ་བ་དང༌། མི་རྟོག་པ་བསྒོམ་པར་བྱ་བ་དང༌། དམིགས་པ་ནི་ཤིན་ཏུ་གསལ་བ་བསྒོམ་པར་བྱ་བ་དང༌། བྱིང་རྒོད་གཉིས་ཀྱི་དབང་དུ་མི་གཏང་བར་བྱ་བ་དང༌། བསྒོམ་པ་ཚོད་ཟིན་པར་བྱ་བ་དང༌། རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་ནས་བསྒོམས་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་རིག་པར་བྱ་བ་དང༌། མུ་གསུམ་པའི་དུས་སུ་མ་ངེས་པ་དྲུག་གི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པའོ། །དེ་ལ་ཆོས་ཀྱི་རང་བཞིན་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱ་


DTG207_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུ་ཡིན་ལ་དོན་དམ་པར་རང་བཞིན་མེད་པར་ཤེས་པར་བྱའོ། །མི་རྟོག་པ་བསྒོམ་པར་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཐའ་རྣམ་པ་བརྒྱད་དང་བྲལ་བ་ཡིན་པས་ཅིར་ཡང་མི་འཛིན་པར་བསྒོམ་པར་བྱའོ། །དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱ་བ་ནི་མཚན་མ་དང་བཅས་པ་བསྒོམ་པའི་དུས་ན་ནི། སྐུའི་ཁ་དོག་དང་དབྱིབས་གསལ་བར་བསྒོམ་པ་ཡིན་ལ་མཚན་མ་མེད་པ་བསྒོམ་པའི་དུས་ན་ནི། ཅིར་ཡང་མི་འཛིན་པའི་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམ་པའོ། །མཚན་མ་བསྒོམ་པའི་དུས་ན་ནི། མཚན་མ་ནི་རང་གི་ངོ་བོ་ཡང་རགས་པ་ཡིན་ལ། སོ་སོའི་སྐྱེ་བོའི་ཐོག་མ་མེད་པ་ནས་མངོན་སུམ་དུ་བྱས་པས་བསྒོམ་པའི་དུས་ན་ཡང་ཡུལ་ཅན་ཤུགས་ཀྱིས་གསལ་བར་འགྱུར་ཏེ། ཤུགས་ཀྱིས་གསལ་བར་གྱུར་བ་དེས་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམས་པའི་སྟོབས་ཀྱིས་ཕྱིས་ཁ་དོག་དང་དབྱིབས་ཤིན་ཏུ་གསལ་བར་སྣང་བར་འགྱུར་རོ། །མཚན་མ་མེད་པའི་བསྒོམ་པའི་དུས་ན་ནི་ཤེས་པ་མ་བསྒྲིམས་པར་ཞན་པ་ཅིར་ཡང་མི་འཛིན་པར་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ཟབ་ཅིང་རྟོགས་པར་དཀའ་ལ། སོ་སོའི་སྐྱེ་བོའི་བློ་དང་ལྡན་པས་ཀྱང་སྔར་མངོན་སུམ་དུ་མ་བྱས་པས་བསྒོམ་པའི་དུས་ན་ཡུལ་ཅན་ཤུགས་ཀྱིས་གསལ་བར་མི་འགྱུར་ཏེ། དེ་ལྟ་བས་ན་ཤེས་པ་གཟེངས་བསྟོད་ཅིང་གསལ་བར་བྱས་ནས་ཅིར་ཡང་མི་འཛིན་པ་ཤིན་ཏུ་གསལ་བར་བསྒོམས་པའི་སྟོབས་ཀྱིས་ཕྱིས་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་བས་ན་སེམས་རྩོལ་བ་ཞན་པ་ཅིར་ཡང་མི་འཛིན་པ་ནི་མྱུར་དུ་དམིགས་པ་ཐོབ་པར་མི་འགྱུར་ཏེ། གལ་ཏེ་སྒོམ་པ་ལ་སྐྱེད་བྱུང་ན་ཅིར་ཡང་མི་འཛིན་པ་མཐུ་ཆུང་ཞིང་ཤེས་པའི་རྒྱུད་གསལ་བ་མ་ཡིན་པའི་མཚན་ཉིད་ཉམས་སུ་མྱོང་བར་འགྱུར་ཏེ། དེ་བས་ན་ཤེས་པའི་རྒྱུད་ཤིན་ཏུ་གསལ་བར་བྱས་ནས་དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱའོ། །བསྒོམ་པ་ཚོད་ཟིན་པ་ནི་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་ནས་བསྒོམས་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་ཤེས་པར་བྱ་བ་ནི་མུ་དང་པོ་ལ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་སྣང་བ་ཡིན་ནོ། །མུ་གཉིས་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་


DTG207_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་གཞན་དུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་བཞི་བ་ནི་མུ་གསུམ་པ་ལས་ཁྱད་པར་དུ་གྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་མི་རྟོག་པའི་ངོ་བོར་གནས་ལ། ཐུན་རྐྱང་བར་ཡང་ནུས། མི་མཐུན་པའི་ཆོས་གཉིས་དང་བྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །ཡང་ན་རྒྱུ་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས་འབྲས་བུ་སེམས་ཀྱེ་བའི་རིམ་པ་མུ་བཞིར་ཤེས་པར་བྱ་བ་ནི་མུ་དང་པོ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་གཉིས་པ་ནི་མུ་དང་པོ་ལས་ཁྱད་པར་དུ་འགྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་པའི་དུས་ནི་གྲངས་མང་ལ་གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་གསུམ་པ་ལ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་ཞན་དུ་བསྒོམས་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་དུ་མི་གནས་པ་ཡིན་ལ། ཡང་ཁ་ཅིག་གི་དབང་དུ་བྱས་ན་མི་རྟོག་པའི་ངོ་བོར་མི་གནས་པའི་མ་ངེས་པ་དྲུག་སྣང་སྟེ། དྲུག་ནི་ཁ་དོག་བཞི་དང་ནམ་མཁའ་དང༌། ནམ་མཁའ་ས་ཕྱོགས་དང་བཅས་པ་ཡིན་ནོ། །མུ་བཞི་པ་ནི་མུ་གསུམ་པ་ལས་ཁྱད་པར་དུ་གྱུར་ཏེ། ཆོས་བཞི་དང་ལྡན་པའི་མཚན་ཉིད་ཡིན་ནོ། །མུ་གསུམ་པའི་དུས་སུ་མ་ངེས་པ་རྣམ་པ་དྲུག་གི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པ་ནི་གང་གི་ཚེ་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་ཅིར་ཡང་མི་འཛིན་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །མ་ངེས་པ་དྲུག་ལྟར་སྣང་བའི་ཤེས་པ་ནི་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། དེ་བས་ན་དེའི་ཚེ་མུ་གསུམ་པའི་དུས་སུ་མ་ངེས་པ་རྣམ་པ་དྲུག་གི་རྗེས་སུ་མི་འབྲང་བར་ཤེས་པར་བྱའོ། །ཡང་ན་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས། སེམས་ཀྱི་སྐྱེ་བའི་རིམ་པ་བཞིར་མི་འབྱུང་བར་ཅིག་ཅར་ཅིར་ཡང་མི་འཛིན་པར་འགྱུར་ཏེ། ཐུན་དང་པོ་འམ། ཞག་དྲུག་བདུན་གྱི་བར་དུ་ཅིར་ཡང་མི་འཛིན་པར་འགྱུར་ནས་གཏད་དུ་འདོད་པ་འམ། ཡང་ན་ཐུན་མི་རིང་བ་ཙམ་དུ་ཅིག་ཅར་ཅིར་ཡང་མི་འཛིན་པར་འགྱུར་ནས་ཉིན་མཚན་གཉིས་གསུམ་གྱི་བར་དུ་


DTG207_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉམས་པར་འགྱུར་ཞིང༌། ཡང་ཕྱིས་ཅིག་ཅར་ཡང་མི་འཛིན་པར་གྱུར་ནས་གཏད་དུ་འདོད་པར་འགྱུར་བ་ཡིན་ནོ། །དེ་རིམ་གྱིས་པ་འམ་ཅིག་ཅར་བའི་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་ནི་ཆོས་བཞི་དང་ལྡན་པ་ཡིན་ནོ། །དམིགས་པ་ལ་གཏད་དུ་འདོད་པའི་གསལ་བའི་བྱེ་བྲག་ནི་རབ་འབྲིང་ཐ་མར་ཤེས་པར་བྱ་སྟེ། རབ་ནི་མི་རྟོག་པའི་མཐུ་ཡང་ཤིན་ཏུ་ཆེ་ལ་ཤེས་པའི་རྒྱུད་ཀྱང་ཤིན་ཏུ་གསལ་བ་ཡིན་ནོ། །འབྲིང་ནི་མི་རྟོག་པའི་མཐུ་ཡང་འབྲིང་ལ་ཤེས་པའི་རྒྱུད་ཀྱང་གསལ་བ་འབྲིང་ཙམ་དུ་གནས་པ་ཡིན་ནོ། །ཐ་མ་ནི་མི་རྟོག་པའི་མཐུ་ཡང་ཆུང་ལ་ཤེས་པའི་རྒྱུད་ཀྱང་སྔ་མ་བས་ཅུང་ཟད་ཙམ་མི་གསལ་བ་ཡིན་ནོ། །རབ་འབྲིང་ཐ་མར་ཤེས་ནས་དམིགས་པ་ལ་གཏད་དུ་འདོད་པའི་དུས་སུ་གང་ཉམས་སུ་མྱོང་ཡང་ཆོག་ཤེས་པར་བྱས་ནས་བརྟན་པའི་ཆོ་ག་བྱས་ན་ཁམས་མི་བདེ་བར་མི་འགྱུར་བ་དང༌། ཕྱིས་མི་ཉམས་པར་འགྱུར་རོ། །འབྲིང་དང་ཐ་མས་ཆོག་མ་ཤེས་ནས་རྩོལ་བ་དྲག་ཏུ་ཅིར་ཡང་མི་འཛིན་པར་བསྒོམས་ཤིང་བརྟན་པའི་ཆོ་ག་མ་བྱས་པས་ཁམས་མི་བདེ་བར་འགྱུར་བ་དང༌། ཕྱིས་ཉམས་པར་འགྱུར་རོ། །དབང་པོ་རྣོ་རྟུལ་དང༌། ཐོས་པ་ཆེ་ཆུང་དང༌། ཁམས་རབ་འབྲིང་ཐ་མ་ལ་རིམ་གྱིས་པ་དང༌། ཅིག་ཅར་བ་དང༌། གསལ་བའི་བྱེ་བྲག་རབ་འབྲིང་ཐ་མ་ལས་གང་འབྱུང་མ་ངེས་པར་ཤེས་པར་བྱའོ། །དེ་ལ་ཆོས་བརྒྱད་ཤེས་ཤིང་ལྡན་པར་བྱས་ནས་བསྒོམས་པའི་སྟོབས་ཀྱིས་དམིགས་པ་ལ་གཏད་དུ་འདོད་པར་གྱུར་ན་བརྟན་པའི་ཆོ་ག་ནི་ཆོས་བཞིའི་དབང་གིས་བྱེ་བྲག་དགུར་ཤེས་ན་སྐྱོན་སྤངས་ཤིང་ཡོན་ཏན་དང་ལྡན་པས་ཕྱིས་མི་ཉམས་པར་འགྱུར་ཏེ་དེ་ལ་ཆོས་བཞི་ནི་ཁམས་རབ་འབྲིང་ཐ་མ་དང་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་མི་བདེ་བ་མེད་པ་དང༌། ཅུང་ཟད་མི་བདེ་བ་དང༌། རབ་འབྲིང་ཐ་མ་མི་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་ཆེར་མི་བདེ་བར་འགྱུར་བ་ཡིན་ནོ། །དེ་བྱེ་བྲག་དགུ་ནི་རབ་ལ་གསུམ། འབྲིང་ལ་གསུམ། ཐ་མ་ལ་གསུམ་མོ། །དེ་ལ་རབ་གསུམ་ནི་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་ཡེ་མི་བདེ་བ་མེད་ན་ཉིན་མཚན་དྲུག་ཏུ་ཅི་ནུས་སུ་བསྒོམ་པར་བྱའོ། །རབ་དེ་ཅུང་ཟད་མི་བདེ་བར་གྱུར་ན་ཉིན་མཚན་བཞིར་ཅི་ནུས་སུ་བསྒོམ་པར་བྱའོ། །རབ་དེ་ཆེར་མི་བདེ་བར་གྱུར་པ་དང༌། དམིགས་པ་དུས་མཚུངས་སུ་སྣང་ན་བརྟན་པའི་ཆོ་ག་བྱ་མི་དགོས་པར་ཤེས་པར་བྱའོ། །འབྲིང་ལ་གསུམ་ནི། དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ། ཡེ་མི་བདེ་བ་མེད་ན་ཉིན་མཚན་བཞིར་ཅི་ནུས་སུ་བསྒོམ་པར་བྱའོ། །


DTG207_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དེ་ཅུང་ཟད་མི་བདེ་བར་གྱུར་ན་ཉིན་མཚན་གཉིས་སུ་ཅི་ནུས་སུ་བསྒོམ་པར་བྱའོ། །འབྲིང་དེ་ཆེར་མི་བདེ་བར་གྱུར་པ་དང་དམིགས་པ་དུས་མཚུངས་སུ་སྣང་ན་བརྟན་པའི་ཆོ་ག་ཡེ་མི་དགོས་པར་ཤེས་པར་བྱའོ། །ཆོས་བཞིའི་དབང་གིས་ཁམས་ཐ་མ་ལ་གསུམ་ནི་ཁམས་ཐ་མ་དེ་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་མི་བདེ་བ་ཡེ་མེད་ན་ཉིན་མཚན་གཉིས་སུ་ཅི་ནུས་སུ་བསྒོམ་པར་བྱའོ། །ཁམས་ཐ་མ་དེ་ཅུང་ཟད་མི་བདེ་བར་གྱུར་ན་སྔ་སོའི་བསྒོམས་པ་ཙམ་ཉིན་མཚན་གཉིས་ནས་གསུམ་དུ་བསྒོམ་པར་བྱའོ། །ཁམས་ཐ་མ་དེ་ཆེར་མི་བདེ་བར་གྱུར་བ་དང་དམིགས་པ་དུས་མཚུངས་སུ་སྣང་ན་བརྟན་པའི་ཆོ་ག་ཡེ་མི་དགོས་པར་ཤེས་པར་བྱའོ། །སྐྱོན་སྤང་ཞིང་ཡོན་ཏན་དང་ལྡན་པ་ནི་ཁམས་མི་བདེ་བར་འགྱུར་བ་དང༌། དམིགས་པ་མི་གསལ་བར་འགྱུར་བ་དང༌། དམིགས་པ་ཉམས་པར་འགྱུར་བའི་སྐྱོན་རྣམས་སྤངས་ཤིང་ཡོན་ཏན་གསུམ་དང་ལྡན་ཏེ་ཁམས་མི་བདེ་བར་མི་འགྱུར་བ་དང༌། དམིགས་པ་མི་གསལ་བར་མི་འགྱུར་བ་དང༌། དམིགས་པ་ཉམས་པར་མི་འགྱུར་བའོ། །དེ་བས་ན་མི་ཉམས་ཤིང་བརྟན་པར་འགྱུར་རོ། །དེ་དམིགས་པ་ལ་གཏད་དུ་འདོད་པར་གྱུར་ནས་བརྟན་པའི་ཆོ་གས་བརྟན་པར་བྱས་པའི་དབང་གིས་ཕྱིས་དམིགས་པ་ལ་གཏད་དུ་འདོད་པ་དེ་ནི་གཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། ཞི་གནས་རྫོགས་པ་མ་ཡིན་ནོ། །དེ་ལ་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཐོབ་ནས་ཀྱང་ཆོས་གསུམ་ཤེས་ཤིང་ལྡན་ན་ཞི་གནས་རྫོགས་པར་འགྱུར་ཏེ། ཆོས་གསུམ་ནི་མུ་བཞིར་ཤེས་ཤིང་བླང་དོར་གྱི་བྱེ་བྲག་ཤེས་པ་དང་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤང་བར་བྱ་བ་དང༌། བསྒོམ་པ་ཚོད་ཟིན་ཞིང་ཐུན་རིང་པོ་མ་ཡིན་པའོ། །དེ་ལ་མུ་བཞིར་ཤེས་ཤིང་བླང་དོར་གྱི་བྱེ་བྲག་ཤེས་པ་ནི་ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་བར་ཤེས་པར་བྱ་སྟེ། མུ་དང་པོ་ལ་ནི་དམིགས་པ་མི་གསལ་ལ་རྒོད་པ་ཡོད་པ་དང༌། མུ་གཉིས་པ་ལ་ནི་དམིགས་པ་མི་གསལ་ལ་རྒོད་པ་མེད་པ་དང༌། མུ་གསུམ་པ་ལ་ནི་དམིགས་པ་འབྲིང་ཙམ་ལ་རྒོད་པ་ཡོད་པ་དང༌། མུ་བཞི་པ་ནི་དམིགས་པ་ཤིན་ཏུ་གསལ་ལ་རྒོད་པ་མེད་པ་ཡིན་ནོ། །མུ་དང་པོ་ནི་རྣལ་འབྱོར་བའི་ཤེས་པའི་རྒྱུ་ནུས་པ་ཆུང་བའི་དུས་ན་འབྱུང་ངོ༌། །མུ་གཉིས་པ་ནི་བྱིང་བ་ཤས་ཆེ་བའི་དུས་ན་འབྱུང་ངོ༌། །མུ་གསུམ་


DTG207_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཤེས་པའི་རྒྱུ་ནུས་པ་འབྲིང་གི་དུས་ན་འབྱུང་ལ་ནུས་པ་ཆེ་བ་ཡིན་ན་ཡང་སྒོམ་སྙིང་མི་འདོད་པའི་དུས་ན་འབྱུང་ངོ༌། །མུ་བཞི་པ་ནི་ཤེས་པའི་རྒྱུ་ཡང་ནུས་པ་ཆེ་ལ། སྒོམ་སྙིང་འདོད་པའི་དུས་ན་འབྱུང་ངོ༌། །བླང་དོར་གྱི་བྱེ་བྲག་ཤེས་པ་ནི་ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་ཤེས་ན་བླང་དོར་གྱི་བྱེ་བྲག་ཤུགས་ཀྱིས་ཤེས་པ་འབྱུང་སྟེ། དེ་ལ་མི་ལྕོགས་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི་སེམས་ཤིན་ཏུ་གསལ་བ་ཡིན། བྱིང་རྒོད་གཉིས་དང་བྲལ་བ་ཡིན་ནོ། །ཚོར་བ་བཏང་སྙོམས་དང་ལྡན་པ་ཡིན་པས། དེ་བས་ན་མུ་བཞི་བ་ལ་མི་ལུགས་པ་མེད་པའི་ཏིང་ངེ་འཛིན་གྱི་ཕྱོགས་དང་མཐུན་པ་ཤས་ཆེ་བ་ཡིན་པས། མུ་གསུམ་པའི་དུས་སུ་རྩོལ་བ་བྱ་ཞིང་སྤང་བར་བྱའོ། །མུ་བཞི་པའི་དུས་སུ་ངང་ལ་མ་ཤོར་བར་བྱ་ཞིང་དེ་ལ་གུས་པར་བྱའོ། །ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་མི་ཤེས་ན། བླང་དོར་གྱི་བྱེ་བྲག་ཤེས་པར་མི་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་རོ། །ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་ཤེས་ན་བླང་དོར་གྱི་བྱེ་བྲག་ཤུགས་ཀྱིས་ཤེས་པར་འགྱུར་ཏེ། དེ་ལྟ་བས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤོང་བ་ནི། ཞི་གནས་ཀྱི་རྒྱུ་དྲུག་མཐུན་པའི་ཡུལ་ན་གནས་པ་ལ་སོགས་པའོ། །ཞི་གནས་ཀྱི་རྒྱུ་དྲུག་ཤེས་པར་བྱས་ནས། རྒྱུད་ལ་ལྡན་པར་བྱ་ཞིང༌། མི་མཐུན་པའི་ཡུལ་ན་གནས་པ་ལ་སོགས་པ་སྤང་བར་བྱའོ། །ཞི་གནས་ཀྱི་རྒྱ་དྲུག་དང་མི་ལྡན་ཞིང་དེའི་མི་མཐུན་པ་མི་སྤང་བ་ནི། དོར་བར་བྱ་བའི་མུ་གསུམ་པ་ནི་ཕལ་ཆེར་འབྱུང་ཞིང༌། དང་དུ་བླང་བར་བྱ་བའི་མུ་བཞི་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་བར་འགྱུར་ཏེ། དེས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་རོ། །ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤང་བ་ནི་དོར་བར་བྱའོ། །མུ་གསུམ་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་བར་འགྱུར་ཞིང་དང་དུ་བླང་བར་བྱ་བའི་མུ་བཞི་པ་ནི་ཕལ་ཆེར་འབྱུང་བར་འགྱུར་རོ། །དེ་བས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །སྒོམ་པ་ཚོད་ཟིན་ཅིང་ཐུན་རིང་པོ་མ་ཡིན་པ་ནི་ཁམས་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱིས་ནི་ཉིན་གྱི་སུམ་ཆ་མཚན་གྱི་སུམ་ཆ་བསྒོམ་པར་བྱ་སྟེ། ཉིན་གྱི་སུམ་ཆ་ནི་ཐུན་གསུམ་པ་འམ་བཞིར་བསྒོམ་པར་བྱའོ། །མཚན་གྱི་སུམ་ཆ་ནི་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བསྒོམ་པར་བྱའོ། །ཁམས་འབྲིང་གིས་


DTG207_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་བསྒོམ་པར་བྱ་སྟེ། ཉིན་གྱི་བཞི་ཆ་ནི་ཐུན་བཞི་འམ་ལྔར་བསྒོམ་པར་བྱའོ། །མཚན་གྱི་བཞི་ཆ་ནི་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བསྒོམ་པར་བྱའོ། །ཁམས་ཐ་མས་ནི་ཉིན་མཚན་གཅིག་གི་བཞི་ཆ་ཙམ་ལ། ནམ་གྱི་ཆ་སྟོད་དང་ཆ་སྨད་དང་ཉིན་པར་ཐུན་བཞི་འམ་ལྔར་བསྒོམ་པར་བྱའོ། །ཁམས་རབ་འབྲིང་ཐ་མ་དེས་ཕྱིས་ཏིང་ངེ་འཛིན་མཐུ་སྐྱེས་པར་གྱུར་ནས་ཉིན་གྱི་ཕྱེད་མཚན་གྱི་ཕྱེད་བསྒོམ་པར་བྱ་སྟེ། ཉིན་གྱི་ཕྱེད་ནི་ཉིན་པར་ཐུན་གསུམ་དུ་བསྒོམ་པར་བྱའོ། །མཚན་གྱི་ཕྱེད་ནི་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བསྒོམ་པར་བྱའོ། །མི་བསྒོམ་པའི་དུས་ན་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་དང༌། སྙིང་རྗེ་བསྒོམ་པ་ལ་སོགས་པ་ནི་བསྒོམ་པའི་རིམ་པ་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །ཐུན་རིང་པོ་མ་ཡིན་པ་ནི་སྒོམ་པའི་ཚོད་ཟིན་ཅིང་ལུས་དང་སེམས་ལ་མི་གནོད་ཙམ་དུ་བསྒོམ་མོ། །སྒོམ་པའི་ཚོད་མ་ཟིན་ཅིང་ཐུན་རིང་ན་ནི་དོར་བར་བྱ་བའི་མུ་གསུམ་པོ་ནི་ཕལ་ཆེར་འབྱུང་ལ། དང་དུ་བླང་བར་བྱ་བའི་བཞི་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་བར་འགྱུར་ཏེ། དེས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་རོ། །སྒོམ་པ་ཚོད་ཟིན་ཅིང་ཐུན་རིང་པོ་མ་ཡིན་ན་ནི་དོར་བར་བྱ་བའི་མུ་གསུམ་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་ལ། དང་དུ་བླང་བར་བྱ་བའི་མུ་བཞི་པ་ནི་ཕལ་ཆེར་འབྱུང་བར་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །དེ་ལྟར་ཤེས་པར་བྱ་ཞིང་བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །མུ་བཞིར་ཤེས་ཤིང་བླང་དོར་བྱེ་བྲག་མཁས། །ཞི་གནས་རྒྱུ་དྲུག་མི་མཐུན་སྤངས་ལ་མཁས། །སྒོམ་པ་ཚོད་ཟིན་ཐུན་རིང་མིན་ལ་མཁས། །དེ་ལྟར་གང་ཤེས་ཏིང་འཛིན་རྫོགས་ལ་མཁས། །བདག་ནི་བློ་ལྡན་སྐྱེ་བོ་མ་ལགས་ཀྱང༌། །གདམས་ངག་བློ་ལ་བཞག་ནས་སེམས་ཉམས་བརྗོད། །སྐྱེ་བོ་མ་སྦྱངས་འདི་ལ་མོས་གྱུར་ན། །མཉམ་གཞག་གོང་མའི་ཁྱད་པར་ཐོབ་པར་འགྱུར། །ཤེས་རབ་རྣམ་གསུམ་དབང་གིས་བློ་ཡི་བྱི་དོར་བྱས། །བློ་ལྡན་སྐྱེ་བོ་འདི་ལ་མ་དད་གྱུར་ན་འང༌། །མི་མཁས་དབང་གིས་བློ་ལྡན་ཡིད་མི་དབང༌། །གཞན་ཕན་མ་འདྲེས་བློ་ཡིས་བརྩམས་པས་ཉེས་པ་མེད། །བདག་གིས་ཤིན་ཏུ་དང་བའི་སྒོ་ནས་འདི་བརྩམས་པས། །སྐྱེ་བོ་ཐམས་ཅད་ལུང་དང་རིགས་པའི་དོན་རྟོགས་ནས། །ལམ་གྱི་རིམ་ཚུལ་བཞིན་དུ་བགྲོད་ནས་མཐར་ཕྱིན་ཏེ། །མི་རྟོག་དང་ལས་ཐུགས་རྗེ་རྒྱུན་བཞིན་འབྱུང་བར་ཤོག །སེམས་ཀྱི་ཉམས་ཅུང་ཟད་ཙམ་ཞིག་མདོར་བསྡུས་ནས་བརྗོད་པ་རྫོགས་སོ།། །།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།


DTG207_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙརྻ་པྲ་ནི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་


DTG207_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། །།འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོང་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་


DTG207_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་སུ་ཡང༌། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང༌། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མིད་བྱུང༌། །སངས་རྒྱས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །བསྐལ་བ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་


DTG207_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང༌། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང༌། །ཆགས་པ་མེད་པར་གྱུར་བའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང༌། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་


DTG207_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པའི་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང༌། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གི་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་


DTG207_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན། །མྱུར་དུ་མ་ལས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་ས་ཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ཡུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བ་


DTG207_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །འཕགས་པ་བཟང་པོ་སྦྱོང་བའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་ཚན་ཕལ་པོ་ཆེའི་སྡོང་པོ་བརྒྱན་པ་ཞེས་བྱ་བ་འཆོས་ཀྱི་རྣམ་གྲངས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྙན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་པའི་ལེའུ་ལས་ཕྱུང་བའོ། །

འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ།


DTG207_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲཱི་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ཐམས་ཅད་ཟློག་བྱེད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་བས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་དེས། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ༌། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ༌། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །ས་བཅུ་དག་ལ་


DTG207_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །སྲེད་པའི་སྲད་བུས་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང༌། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང༌། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང༌། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་བདེ་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོ་དངོས་པོ་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང༌། །བཟོད་པ་འང་


DTG207_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ཡང༌། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །འོད་དང་གཟི་བརྗིད་འབར་བ་དང༌། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གང་ལ་གནས་ནས་ཐབས་མཁས་པས་ཐེག་པ་བདེ་བ་དང༌། འཇུག་པ་བདེ་བ་དང༌། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཐབས་མཁས་པ་ནི་འདི་ཡིན་ནོ། །འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།དཀོན་བརྩེགས་ཀྱི་བྱམས་པས་ཞུས་པ་ལུང་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས་སོ། །

གསེར་འོད་དམ་པ་མདོ་སྡེའི་དབང་པོའི་སྨོན་ལམ།


DTG207_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད་དམ་པ་མདོ་སྡེའི་དབང་པོའི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང༌། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག །ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་


DTG207_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཡན་ལག་གི །ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་པའི་སྒྲ་ལྡན་གྱུར། །སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །ཉོན་མོངས་འཇོམས་གྱུར་སྡུག་པ་ལ་སེལ་བར་གྱུར། །འདོད་ཆགས་ཞེ་སྡང་གཏུ་མུག་ཞི་གྱུར་ཅིག །སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པའི་ཡུལ་ལ་མེ་ལྕེ་རབ་འབར་བ། །དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་གྱུར་ནས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག །སེམས་ཅན་ཀུན་གྱི་ཚེ་རབས་བརྒྱ་དག་དང༌། །ཚེ་རབས་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང༌། །དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག །བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག །མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི། །དེ་དག་བསམ་དང་སྨོན་ལམ་གང་ཡིན་པ། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་རེ་ཀུན་རྫོགས་གྱུར་ཅིག །སེམས་ཅན་གང་དག་སེམས་དམྱལ་མི་བཟད་སྐྱེས། །ལུས་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་མ་ལུས་རབ་ཏུ་ཞི་བར་ཤོག། སེམས་དམྱལ་ཡི་དྭགས་མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང༌། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག །རྟེན་མེད་དཔུང་གཉེན་མེད་པ་དང༌། །སྐྱབས་མེད་པར་ནི་གྱུར་པ་དག །དེ་རྣམས་ལ་ནི་སྐྱོབ་པ་དང༌། །དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག །སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་


DTG207_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང༌། །ཕྱུག་ཅིང་རྒྱགས་པས་དྲེགས་པ་དང། །རིགས་དང་ལོངས་སྤྱོད་རྒྱགས་པ་དང༌། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་སམ་ཉེས་པར་སྨྲས་པ་དང༌། །ཉེས་པས་བགྱིས་པའི་ལས་རྣམས་དང༌། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང༌། །བྱིས་པའི་བློ་ཡིས་འཇུག་པ་དང༌། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་རྣམ་པར་འཁྲུག་སེམས་དང༌། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེན་པ་དང༌། །ཕྲག་དོག་སེར་སྣའི་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཕོངས་པ་འབྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་དང་འཇིགས་རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབང་ཉིད་དང༌། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་བཏུང་བ་དང༌། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་བཏུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱིས་སྡིག །ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་རྣམས། །


DTG207_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང། །ཕ་མ་རྣམས་ལ་མ་གུས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ནི་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་ཤོག །བདག་ནི་ཕྱོགས་བཅུར་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་དག་ལ་འགོད་པར་ཤོག །ས་བཅུ་དག་ལ་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་མཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱོད་པར་ཤོག །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བྱེད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་སྟོན་གྱུར་ཅིག །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་ཤོག །སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་ཤོག །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང༌། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་ཤོག །དགོངས་པའི་


DTG207_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིད་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་འགྲོ་བགྱིད་པ། །བདག་ནི་གང་དུ་འང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེར་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱིས། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །ཐུགས་རྗེ་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །ད་ལྟར་བདག་གིས་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེའི་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས་ནས། །ས་བཅུ་ལ་ནི་བདག་གནས་ཤིང༌། །སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དགེ་བ་ཀུན་ལ་ཡིད་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་


DTG207_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་གང་བསྒྲུབ་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་ཤོག །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་པ་དང༌། །ལུས་ཀྱི་སྤྱོད་པ་ཉམ་པ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང༌། །ཞེ་སྡང་གཏི་མུག་མུན་པའི་ཉམ་ང་དང༌། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་བསྒྲུབ་པ་ཉམ་ང་གང་བགྱིས་པ། །རྒྱལ་བའི་མི་མཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་གསེར་ནི་དྲི་མ་མེད་པའི་གསེར་གྱི་འོད། །དྲི་མེད་རྣམ་དག་བཻ་ཌཱུརྻ་ཡི་ཡན་ལག་སྤྱན། །སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས། །ཐུགས་རྗེའི་འདོ་ཟེར་དག་གིས་མུན་པ་མུན་ནག་བསལ། །ཡན་ལག་རབ་ཏུ་དྲི་མེད་འོད་བཟང་རྣམ་པར་མཛེས། །སངས་རྒྱས་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ཁྱབ། །ཉོན་མོངས་མེད་གདུངས་ཡིད་ཅན་འབར་བའི་མེ་འདྲ་བ། །ཐུབ་པའི་ཟླ་བའི་འོད་ཟེར་དྲ་བས་ཚིམ་པར་མཛད། །མཚན་མཆོག་སུམ་ཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས། །དཔེ་བྱད་བཟང་པོ་དག་གིས་ཡན་ལག་རྣམ་པར་མཛེས། །དཔལ་གཟི་བསོད་ནམས་འབར་འཁྲུངས་འོད་ཟེར་དྲ་བ་ཡིས། །འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས། །དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་ཌཱུརྻ། །སྐྱ་རེངས་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར། །འོད་ཟེར་དྲ་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པ། །ཐུབ་ཆེན་ཁྱོད་


DTG207_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉི་མ་བཞིན་དུ་དེ་ཡིས་མཛེས། །མྱ་ངན་འཁྲུགས་པའི་འཆི་ཆུ་རྒལ་བའི་དབའ་རླབས་ཅན། །འཁོར་བའི་ཀླུང་ཆེན་ཕོངས་པའི་ཆུ་བོར་ལྷུང་བ་ལ། །སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་རྩུབ་ཅིང་ཤུགས་དྲག་པ། །བདེ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐོམ་པ། །ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང༌། །ཡེ་ཤེས་འབྱུང་གནས་འཇིག་རྟེན་གསུམ་མགོན་མཆོག །རབ་མཛེས་མཚན་གྱིས་ཡན་ལག་རྣམ་སྤྲས་པ། །སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ། །ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང༌། །ཇི་ལྟར་ས་ལ་ས་རྡུལ་མཐའ་ཡས་དང། །ཇི་ལྟར་རི་རབ་རྡོ་མཐའ་མཚུངས་མེད་དང༌། །ཇི་ལྟར་ནམ་མཁའི་ཐ་མ་མཐའ་ཡས་པ། །དེ་བཞིན་སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། །བསྐལ་པ་དུ་མར་གཞལ་ཅིང་བསམས་ཀྱང་ནི། །ཡོན་ཏན་ཐ་མ་ཤེས་པར་མི་ནུས་སོ། །ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང༌། །རྡོར་བཅས་རིར་བཅས་རྒྱ་མཚོར་བཅས་པ་ནི། །བསྐལ་པར་བགྲངས་ན་ཤེས་པར་ནུས་ཀྱང་སྲིད། །སངས་རྒྱས་ཡོན་ཏན་ཕ་མཐའ་ཤེས་མི་ནུས། །ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང༌། །དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང༌། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་གྱུར་པར་ཤོག །བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་འགྱུར་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བྱེད་ཤོག །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་གྱུར་ཅིག །བདུད་རྩི་ཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག །ཇི་ལྟར་སྔོན་གྱི་རྒྱལ་པས་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག །ཉོན་མོངས་བཅོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག །ཚེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོང༌། །བདག་ནི་རྟག་ཏུ་ཚེ་རབས་དྲན་པར་


DTG207_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་རྣམས་ཀྱི་གསུང་རྒྱ་ཆེ་ཐོས་ཤོག །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་ཤོག །སྡིག་པའི་ལས་རྣམས་རྣམ་པར་སྤོང་གྱུར་ཅིང༌། །དགེ་བའི་འབྱུང་གནས་དགེ་རྣམས་སྤྱོད་པར་ཤོག །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང༌། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེའུ་རེ་དབང་པོ་ཚང་བར་ཤོག །གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང༌། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བསད་ཐུག་དང༌། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །གང་དག་བརྡེགས་ཤིང་བཅིངས་པས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང༌། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང༌། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །བརྡེགས་པ་དག་ནི་བརྡེགས་ལས་ཐར་པར་ཤོག །བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིང༌། །འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བར་གནོད་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང༌། །གཟུགས་བཟང་མཛེས་ཤིང་ཤིན་ཏུ་ཤིས་པར་


DTG207_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྟག་ཏུ་བདེ་བ་དུ་མ་སོགས་གྱུར་ཅིག །ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་ནམས་དག །བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །རྫ་རྔ་ཅང་ཏེའུ་པི་ཝང་སྒྲ་སྙན་དང༌། །ཆུ་མིག་མཚེའུ་རྫིང་བུ་ལྟེང་ཀ་དག །གསེར་གྱི་པདྨ་ཨུཏྤལ་འདབ་མ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག །རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུརྻ། །དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང༌། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང༌། །ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག །མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམ་པར་དེ་དག་སྐྱེ་བར་གྱུར། །བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང༌། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང༌། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དང༌། །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང༌། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། །རྡུལ་བྲལ་དྲི་མེད་བསྟན་པའི་ཆོས་ལ་ཡང༌། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག །རྟག་ཏུ་མཐོ་བའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡིས་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང༌། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུརྻའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག །བདག་གིས་སྡིག་


DTG207_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་རྣམས་བསྒྲུབས་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དགེ་བ་ཐམས་ཅད་མ་ལུས་ཟད་གྱུར་ཅིག །སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན། །འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་ཐར་གྱུར་ཐོབ་གྱུར་ཅིག །སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང༌། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབ་པ་ཡི། །བདག་གི་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་གི་སྨོན་ལམ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག །གང་དག་རྟག་ཏུ་དྲི་མ་བྲལ་བ་དང༌། །དྲི་མེད་ཡིད་ཀྱི་ཕྱག་འཚལ་བསྟོད་པ་དང༌། །ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་བ་དྲུག་ཅུར་ངན་སོང་སྤོང་བར་འགྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་པ། །ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོ་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་གྲག་འགྱུར་བ། །དེ་དག་སངས་རྒྱས་གཅིག་གི་གན་ནས་དགེ་བ་བྱས་མ་ཡིན། །གཉིས་ལས་མ་ཡིན་བཞི་ལས་མ་ཡིན་ལྔ་མིན་བཅུ་ལ་མིན། །དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་པ་ཡིན། །འདི་དག་གང་གིས་ཐོས་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་དང་ལྡན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བས་ཚིམ་པར་བྱེད་དེ། །སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་ཤེས་པར་གྱིས་ཤིག །འདི་ལྟ་བུའི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་འདི་དག་ནི། སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དག་ལ་བསྟོད་པ་དང༌།


DTG207_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྒྱུ་དང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་དག་ཐོས་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ་རྫོགས་སོ།། །།

རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ།


DTG207_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༈ །རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མ་འོངས་བསྐལ་པ་མཐའ་ཡས་རྣམས་སུ་ཡང༌། །གང་དང་གང་དུ་བདག་ནི་སྐྱེ་བ་ན། །རྨི་ལམ་དུ་ནི་འདི་འདྲའི་རྔ་མཐོང་ཞིང༌། །དེར་ནི་བཤགས་པ་འདི་འདྲ་ཐོས་པར་ཤོག །རྒྱལ་བསྟོད་པདྨ་འབྱུང་རྒྱལ་འདི་དྲ་བ། །ཚེ་རབས་དེ་དག་དེར་ནི་རྙེད་གྱུར་ཅིག །སངས་རྒྱས་ཡོན་ཏན་མཐའ་ཡས་མཚུངས་མེད་དང༌། །གང་ཡང་བསྐལ་པ་སྟོང་དུ་རྙེད་དཀའ་བ། །དེ་དག་རྨི་ལམ་ན་ཡང་ཐོས་པར་ཤོག །ཉིན་གྱུར་ཚེ་ཡང་དེ་དག་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་བྱེད་ཤོག། ཕ་རོལ་ཕྱིན་པ་དྲུག་པོ་རྫོགས་བགྱིས་ནས། །ཕྱིན་ཆད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བདག་གི་ཞིང་ནི་འགྲན་ཟླ་མེད་གྱུར་ཅིག །རྔ་ཕུལ་རྣམ་པར་སྨིན་པའི་འབྲས་བུ་དང༌། །རྒྱལ་བ་ཐམས་ཅད་ལ་ཡང་བསྟོད་པའི་རྒྱུས། །ཤཱཀྱ་ཐུབ་དབང་མངོན་དུ་མཐོང་བར་ཤོག །དེར་ནི་བདག་གིས་ལུང་བསྟན་ཐོབ་གྱུར་ཅིག །གསེར་གྱི་ལག་པའི་དབང་དང་གསེར་གྱི་འོད། །བདག་གི་ཁྱེའུ་ནི་གང་ཡིན་འདི་གཉིས་དང༌། །དེར་ནི་བུ་ཕོ་དེ་དག་གཉི་ག་དང༌། །བླ་མེད་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །སེམས་ཅན་གང་དག་གནས་མེད་རྟེན་མེད་ཅིང༌། །སྐྱབས་དང་བྲལ་ནས་ཕོངས་པར་གྱུར་པ་དང༌། །དེ་དག་ལ་ཡང་མ་འོངས་དུས་རྣམས་ན། །སྐྱོབ་དང་དཔུང་གཉེན་སྐྱབས་དང་རྟེན་གྱུར་ཤོག །སྡུག་བསྔལ་ཀུན་འབྱུང་ཟད་པར་བྱེད་གྱུར་ཅིག །བདེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག །སྔོན་མཐའ་འདས་པ་དེ་དག་ཇི་སྲིད་པ། །མ་འོངས་བསྐལ་པར་བྱང་ཆུབ་སྤྱོད་གྱུར་ཅིག །གསེར་འོད་དམ་པ་ཡི་ནི་བཤགས་པ་ཡིས། །བདག་གི་སྡིག་པའི་རྒྱ་མཚོ་སྐེམས་པར་ཤོག །བདག་གི་ལས་ཀྱི་རྒྱ་མཚོ་ཟད་གྱུར་ཅིག །བདག་གི་ཉོན་མོངས་རྒྱ་མཚོ་ཆད་པར་ཤོག །བདག་གི་བསོད་ནམས་རྒྱ་


DTG207_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྫོགས་གྱུར་ཅིག །ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས། །བདག་གི་ཚུལ་ཁྲིམས་རྒྱ་མཚོ་རྣམ་དག་ཤོག །ཡོན་ཏན་ཀུན་གྱི་རྒྱ་མཚོ་འགྱུར་བར་ཤོག །བྱང་ཆུབ་ཡོན་ཏན་ཡོན་ཏན་རིན་ཆེན་རྫོགས། །གསེར་འོད་དམ་པའི་བཤགས་པའི་སྟོབས་ཀྱིས་ནི། །བདག་གི་བསོད་ནམས་རབ་ཏུ་སྣང་བར་ཤོག །བདག་གི་བྱང་ཆུབ་སྣང་བ་རྣམ་དག་གྱུར། །ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས། །བདག་གི་ལུས་ཀྱི་དོན་ནི་སྣང་བར་ཤོག །བསོད་ནམས་སྣང་བ་ལྷང་ངེར་བྱ་བའི་ཕྱིར། །འཇིག་རྟེན་གསུམ་ན་ཁྱད་པར་འཕགས་གྱུར་ཅིག །བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག །སྡུག་བསྔལ་རྒྱ་མཚོ་ལས་ནི་སྒྲོལ་བ་དང༌། །བདེ་བ་ཀུན་གྱི་རྒྱ་མཚོ་འདྲ་བ་ཡིས། །མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། །འཇིག་རྟེན་གསུམ་ན་སྔོན་མཐར་ཇི་སྙེད་གཤེགས། །དེ་དག་ཞིང་ནི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་མཐའ་ཡས་ཁྱད་འཕགས་ཅི་འདྲ་བ། །ཡོན་ཏན་མཐའ་ཡས་རྣམས་ཀྱིས་བདག་གི་ཞིང༌། །མ་འོངས་དུས་ན་དེ་འདྲར་འགྱུར་བར་ཤོག །རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་འདི་ཡང་གསེར་འོད་དམ་པ་ལས་གསུངས་སོ།། །།

འཕགས་པ་ལག་བཟངས་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་སྨོན་ལམ།


DTG207_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལག་བཟངས་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་སྨོན་ལམ་བཞུགས། ཆོས་དང་ལྡན་པའི་བྱ་བ་རྣམས་ཀྱི་ཕྱིར། །འཇིག་རྟེན་དག་གི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྒྱལ་བ་ཀུན་དང་བྱང་ཆུབ་སེམས་དཔའ་ལས། །རང་གི་ལུས་ནི་ངེས་པར་དབུལ་བར་བགྱི། །རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་བར་དུ། །མ་འོངས་པ་ན་སྨོན་ལམ་མཐའ་ཡས་གདབ། །སྐྱེ་དང་སྐྱེ་བར་དཀོན་མཆོག་གསུམ་པོ་ལ། །གཞལ་མེད་ཁང་བཅས་བཞོན་དང་མལ་ཆ་དང༌། །བཟའ་དང་བཏུང་བ་རབ་ཡང་སྦྱིན་པར་ཤོག །འགྲོ་བའི་བསམ་པ་ལམ་གྱིས་རྫོགས་བྱེད་ཅིང༌། །སྐྱབས་དང་ལུས་དང་ཕ་འདྲར་འགྱུར་བར་ཤོག །བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང་བ་དང༌། །འགྲོ་ལ་ཆོས་རྣམས་རབ་ཏུ་སྟོན་གྱུར་ཅིག །བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང༌། །དཀོན་མཆོག་གསུམ་ཕྱིར་གོ་ཆ་བགོ་བར་ཤོག །ཕ་རོལ་


DTG207_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སངས་རྒྱས་ཆོས་རྣམས་ཡོངས་སུ་རྫོགས་བྱེད་ཤོག །སྡིག་པ་ཀུན་དང་བྲལ་ཞིང་ལུས་ངག་དང༌། །ཡིད་ཀྱི་ལས་མཐའ་དགེ་བ་མཆོག་གྱུར་ཅིག །བྱང་ཆུབ་ལས་ནི་མི་ལྡོག་བདག་འགྱུར་ཞིང༌། །བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔར་གྱུར། །སྲིད་དང་སྲིད་པར་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ཀྱི་དགེ་བ་ཀུན་ལ་སློབ། །བདག་གིས་ཆོས་རྣམས་དེ་དག་ཀུན་ལ་ཡང༌། །འཇིག་རྟེན་དེ་དག་རབ་ཏུ་དགོད་པར་བགྱི། །ཞེས་གསུངས་སོ།། །།

སྦྱིན་པའི་རབས་ཀྱི་སྨོན་ལམ།


DTG207_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་རབས་ཀྱི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟས་སྐོམ་བཟང་པོ་རོ་ཞིམ་ཞིང་མདོག་སྡུག་ལ་དྲི་བསུང་ལྡན་ཞིང་ངད་ལྡང་བ། ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ། དཔག་བསམ་གྱི་ཤིང་ལྗོན་པའི་ནགས་ཚལ་དཀོན་ཞིང་དྲི་མ་མེད་ལ་རྒྱན་གྱིས་ཀླུབས་པ། ཡལ་གའི་ཐོར་ཏོའི་ལྗིད་ཀྱིས་གཡུར་ཟ་ལ་མགོ་ལྕོགས་མེ་ཏོག་ཁ་ཕྱེ་ཞིང་འདབ་མས་ལེགས་པར་བརྒྱན་ཏེ། བུང་བ་ལང་ལོང་ཁྱུས་ལྡིང་ཞིང་འཕུངས་པ་རྣམས་ཀྱིས་གཞིབ་ཅིང་ནོན་པའི་ཤུགས་ཀྱིས་བག་ཙམ་འདར་ལྡེམ་ལྡེམ་ལ། རིན་ཆེན་ཡལ་ག་དང་མརྒད་ལྕུག་ཕྲན་གྱི་བླ་རེ་འཇོལ་བ་དག་མངོན་པར་སྒྲུབ་པར་བྱེད་པ། འགྲོ་བ་དག་ཏུ་མ་ཚོར་བར་འགྲོ་བའི་གཡང་ས་ཆེན་པོ་ཡང་བ་དག་ཏུ་མར་མེ་སྣང་གསལ་དག་ཅིང་དྲི་མ་མེད་པ་ལྟ་བུ་བྱིན་པ་གང་ལ་བསོད་ནམས་དང༌། བསོད་ནམས་ཀྱི་རྒྱུ་མཐུན་པ་དང༌། དགེ་བ་དང༌། དགེ་བའི་རྒྱུ་དང་མཐུན་པ་བདེ་དགུའི་གཞིར་གྱུར་པ་དེས་ནི་སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་ཆེ་གེ་མོ་ཞིག་གི་ལུས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྒྲུབས་པ་ལ་ཚེ་དང༌། ཁ་དོག་དང༌། སྟོབས་དང༌། གཟི་བྱིན་དང༌། ལོངས་སྤྱོད་དང༌། དབང་ཕྱུག་དང༌། ཤེས་རབ་དང༌། སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །སྦྱིན་བདག་གི་བསོད་ནམས་མ་སྐྱེས་པ་རྣམས་ནི་སྐྱེ་བར་གྱུར་ཅིག །སྦྱིན་བདག་གི་བསོད་ནམས་སྐྱེས་ཟིན་པ་རྣམས་ནི་འཕེལ་ཞིང་རྒྱས་པར་གྱུར་ཅིག །སྦྱིན་བདག་གི་ཕ་མ་མཆོག་ཏུ་དཀའ་བ་བྱེད་བྱེད་པ། གསོ་གསོ། གནམ་གནམ། བསྐྱེད་


DTG207_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། བསྲིང་བསྲིང༌། འཛམ་བུའི་གླིང་སྐྲ་ཡེར་ཡེར་མིག་གིས་མཐོང་བར་བྱེད་པས་ཀྱང་བསོད་ནམས་ཀྱི་ཕུད་ཀྱི་སྐལ་ཤས་ཐོབ་པར་གྱུར་ཅིག །དེ་བཞིན་དུ་སྦྱིན་བདག་གི་ཆུང་མ་རྣམས་དང༌། བུ་རྣམས་དང༌། བུ་མོ་རྣམས་དང༌། སྦྱིན་བདག་གི་གཉེན་འདུན་མཛའ་བཤེས་རྒྱས་པའི་ཚན་རིས་གང་དག་འཁོད་ཅིང་འཚོ་ལ་གནས་པ་དེ་དག་ཀྱང་ཚེ་རིང་ཞིང་ལོངས་སྤྱོད་ཆེ་ལ་གཡོག་འཁོར་མང་བར་གྱུར་ཅིག །གང་དག་འདས་ཤིང་ཚེ་འཕོས་པ་དེ་དག་ཀྱང་འགྲོ་བ་སྐྱེ་བའི་གནས་དང་གནས་ཐ་དད་པའི་ཁྱད་པར་ཐོབ་པར་གྱུར་ཏེ། །ལྷའི་གནས་སུ་སྐྱེ་བར་གྱུར་ནས་འཕགས་པ་བྱམས་པའི་ཞལ་སྔ་ནས་མཉེས་པར་བྱེད་པར་གྱུར་ཅིག །དེ་བཞིན་དུ་རྒྱལ་པོའི་མཆོག་རྒྱལ་པོ་ཆེན་པོ་མངའ་བདག་དམ་པ་དཔལ་ལྷ་བཙན་པོས་མ་ཕེབས་པ་རྣམས་ནི་ཕེབས་པར་གྱུར་ཅིག །ཕེབས་ཟིན་པ་རྣམས་ནི་ཆམ་དུ་ཕེབས་པར་གྱུར་ཅིག །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བརྙེས་པར་གྱུར་ཅིག །དེ་བཞིན་དུ་ཁྱེད་ཉེ་འཁོར་གྱི་གྲོང་ཁྱེར་ན་གནས་པའི་རིགས་བཞི་སྟེ། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་ལ་སོགས་པ་ཡུལ་གྱི་མི་རྣམས་ལ་ནད་མེད་ཅིང་གནོད་པ་མེད་པར་གྱུར་ཅིག །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། བསྙེན་དགའ་བོ་དང༌། གནོད་སྦྱིན་གྱི་སྡེ་དཔོན་བདེ་བའི་རི་བོ་དང༌། གངས་ཅན་དང༌། ལྔས་རྩེན་དང༌། ལྔ་ལེན་ལ་སོགས་པ་དང༌། ནོར་བུ་བཟང་དང་རྫོགས་བཟང་གཉིས་དང༌། འཕྲོག་མ་བུ་ལྔ་བརྒྱའི་འཁོར་དང་བཅས་པ་དང༌། གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། སྦྱིན་བདག་གི་ཁྱིམ་འདི་ན་གནས་པའི་ལྷ་རྣམས་དང༌། སྦྱིན་བདག་གིས་བསྟེན་པའི་ལྷ་ཁྱད་པར་གྱི་དེ་


DTG207_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དག་གཟི་བྱིན་དང༌། སྟོབས་དང༌། གཞལ་མེད་ཁང་རྣམས་རྒྱས་པར་གྱུར་ཅིག །དེ་དག་གཟི་བྱིན་དང་ལྡན་པར་གྱུར་ཅིག །སྟོབས་དང་ལྡན་པར་གྱུར། གཞན་གྱིས་མི་ཚུགས་པར་གྱུར། དབང་ཆེ་བར་གྲགས་པར་གྱུར་ནས། སྦྱིན་བདག་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་མཛོད་དང༌། བང་བ་དང༌། བ་ལང་གི་ཁྱུ་དང༌། ཕྱུགས་བདག་སྣ་ཚོགས་ཀྱི་ཁྱུ་དང༌། ཞིང་གི་རྨོ་རྐོ་དང༌། ལས་ཀྱི་སྒོ་རྣམས་དང༌། བླ་འོག་གི་བྱ་བ་ཐམས་ཅད་ལ་ཆོས་བཞིན་དུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱེད་པར་གྱུར་ཅིག །གནོད་པ་ཐམས་ཅད་ནི་བཟློག་པར་གྱུར་ཅིག །དོན་དུ་བསྒྲུབས་པ་རྣམས་ནི་སྣང་བར་གྱུར་ཅིག །དེ་བཞིན་དུ་སྦྱིན་བདག་གི་དད་པ་དང་སྦྱར་ཏེ་དམྱལ་བར་སྐྱེས་པ་རྣམས་ཀྱི་གནོད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་རྣམ་ཟློག་པར་གྱུར་ཅིག །ཡི་དྭགས་རྣམས་ཀྱི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །མི་རྣམས་ཚོལ་ཁྲོས་གཡེན་སྤྱོ་བའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང༌། རྣམ་པར་འཐོར་བ་དང༌། རྣམ་པར་འཇིག་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །མདོར་ན་ཁམས་གསུམ་དུ་སྐྱེ་བའི་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པ་མ་སྐྱེས་མ་བྱུང་བ། མ་བྱས་མ་བཅོས་པ་དང༌། འཆི་འཕོ་བ་མེད་པ་དང༌། མི་གནས་པ། དམིགས་སུ་མེད་པ། བདེ་བ་ཞི་བ། གྱ་ནོམ་པ། བདེ་ལེགས་ཅན། གནས་དང༌། གླིང་དང༌། སྐྱོབ་པ་དང༌། སྐྱབས་དང༌། དཔུང་གཉེན་དང༌། མི་གཡོ་བ་གང་ཡིན་པའི་མྱ་ངན་ལས་འདས་པའི་ཆོས་ཀྱི་མཆོག་དེ་རེག་ཅིང་ཐོབ་པར་གྱུར་ཅིག །གནོད་སྦྱིན་གང་དག་གཞོན་པ་མི་བཟད་དཔུང་བཙན་ལྷ་རྫས་གོས་གྱོན་ཕྲེང་བ་ཐོགས། །གང་དག་འཇིག་རྟེན་གསུམ་མཆོད་མཁས་པ་རྣམས་ཀྱིས་བརྗོད་པའི་སངས་རྒྱས་སྐྱབས་སོང་ལ། །ལྔས་རྩེན་ལག་ན་རྡོ་རྗེ་ནོར་སྦྱིན་དཔལ་ཅན་ནོར་བུ་བཟང་སྲས་ལ་སོགས་པ། །དེ་དག་ཐམས་


DTG207_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལྷན་ཅིག་རྟག་ཏུ་ཁྱོད་ཀྱི་ཁྱིམ་དུ་ཆོས་བཞིན་བསྲུང་བར་ཤོག །ལྔས་རྩེན་དང་ནི་འཕྲོག་མ་བུ་སྡུག་འཁོར་བཅས་ནོར་བུ་བཟང་སྲས་དཔུང་དང་བཅས་རྣམས་དང༌། །གནོད་སྦྱིན་དབང་པོ་ལག་ན་རྡོ་རྗེ་རང་གི་སྡེ་ཚན་བཅས་དང་རང་གི་སྡེར་བཅས་དང༌། །གཞན་ཡང་གནོད་སྦྱིན་དབང་པོ་གང་དག་བདེ་ཆེན་གྲགས་ལྡན་བསྟན་པ་དག་ལ་དགའ་བ་རྣམས། །ཐམས་ཅད་མཐུན་པར་ཁྱོད་ཀྱི་ཕ་ཚན་དང་ནི་གཉེན་སྡུག་བཅས་ལ་རྟག་ཏུ་སྐྱོང་གྱུར་ཅིག །མཚན་མོ་དང་ནི་ཉི་མ་འཆར་ཀ་ཉི་མའི་གུང་རྣམས་དང༌། །ཉི་མ་ནུབ་ཀར་རྟག་ཏུ་ཁྱོད་ལ་བཀྲ་ཤིས་ལྡན་པར་ཤོག །དཔལ་ཆེན་ལག་ན་རྡོ་རྗེ་ནོར་བུ་བཟང་དང་འཕགས་སྐྱེས་སོགས། །ཁྱོད་དང་གཉེན་འདུན་རྣམས་དང་བཅས་ལ་ཡོངས་སུ་སྐྱོང་གྱུར་ཅིག །གཏོང་ལ་དཔའ་བ་རྣམས་ཀྱང་ཁྱིམ་འཁོར་སྟོབས་དང་འབྱོར་བ་གྲུབ་ཅིང་མི་ནད་མེད་པར་ཤོག །ཡོན་ཏན་རྣམས་ཀྱང་ཡོན་ཏན་ཚོགས་པས་འཕེལ་བར་འགྱུར་ཞིང་འབྲུ་རྣམས་རབ་ཏུ་རྒྱས་པར་ཤོག །མཆོད་རྟེན་རྣམས་ཀྱང་མཆོད་པར་འགྱུར་ཞིང་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་འབར་བར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པས་སྐྱོང་གྱུར་སེམས་ཅན་མཐའ་དག་རབ་ཞི་བདེ་བ་མྱོང་གྱུར་ཅིག །སྦྱིན་པའི་རབས་རྫོགས་སོ། །

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ།


DTG207_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

༈ ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་བསལ། །མུ་གེའི་བསྐལ་བ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །བདག་ལ་དམིགས་ནས་ནམ་དུ་ཡང་


DTG207_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གི །ཁྲོ་འམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །རྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང། །བདག་ནི་ལུས་ཅན་བྲན་འདོད་ལ། །ཀུན་གྱི་བྲན་དུ་གྱུར་པར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་སངས་རྒྱས་བདེ་ཐོབ་ཀྱི། །བར་དུ་བདེ་ལས་ཉམས་མ་གྱུར། །འགྲོ་བས་བླ་ན་མེད་པ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཆེན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང༌། །དེ་ལ་དགའ་


DTG207_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་སྡུག་དགུར་ཤོག །ཤལ་མ་ལི་ཡི་སྡོང་པོ་ཡང༌། །དཔག་བསམ་ཤིང་དུ་འཁྲུང་བར་ཤོག །ཐིང་རིལ་དུར་པ་དག་དང་ངང་པ་དང༌། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིང༌། །པད་མ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དང༌། །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེལ་བར་ཤོག །ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདི་ནི་གཤིན་རྗེའི་མི་དང་ཁྲ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་ཡིན་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོ་བར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པར་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང༌། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཐམས་ཅད་བྲལ་ཞིང་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱིས་ལྷ་བརྒྱའི་ཅོད་པན་དག་གི་ཞབས་ཀྱི་པདྨ་ལ་མཆོད་ཅིང༌། །ཐུགས་རྗེས་རླན་སྤྱན་དབུ་ལ་མེ་ཏོག་དུ་


DTG207_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང༌། །བསིལ་ཞིང་དྲི་ཞིམ་ངད་ལྡང་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང༌། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཤོག །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་བཞིན་དུ་ནི། །སྦྲུམ་མ་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང༌། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང༌། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང༌། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་གྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང༌། །ཕན་ཚུན་སེམས་ནི་མཉེན་གྱུར་ཅིག །འགྲོན་པ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེ་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འགྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་


DTG207_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འགྲོ་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བར་བྱེད་པར་ཤོག །མི་ངལ་ཀུན་ལས་ཐར་པ་དང༌། །དད་དང་ཤེས་རབ་བརྩེར་ལྡན་ཞིང༌། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པར་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང༌། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང༌། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱི་ས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང༌། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་པ་ཡིས། །ཕྱོགས་རྣམས་ཐམས་ཅད་དགའ་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང༌། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེངས་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱི་བྱ་དང་ནི། །ཤིང་དང་འོད་སེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་


DTG207_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང༌། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང༌། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང༌། །གསང་སྔགས་བཟླས་བརྗོད་གྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །འཇིགས་དང་བརྙས་པ་མི་འབྱུང་ཞིང༌། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང༌། །ཁ་ཏོན་གྱིས་བརྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་བསྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང༌། །འཐབ་དང་རྩོད་པ་སྤོང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིང༌། །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང༌། །བསོད་ནམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང༌། །ཕྱོགས་རྣམས་ཀུན་དུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མི་མྱོང་ཞིང༌། །དཀའ་བས་སྤྱད་པ་མེད་པར་ཡང༌། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང༌། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་


DTG207_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་པར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང༌། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་དུ་དབེན་གནས་པར། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པ་དང༌། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅི་འང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ་རྫོགས་སོ། །

རྡོ་རྗེའི་སྨོན་ལམ།
ཀླུ་སྒྲུབ།


DTG207_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་པྲ་ཎི་དྷཱ་ནཾ། བོད་སྐད་དུ། རྡོ་རྗེའི་སྨོན་ལམ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ཏེ། །བདག་གིས་སྨོན་ལམ་གདབ་པར་བགྱི། །ཇི་སྲིད་ནམ་མཁའ་སྲིད་པ་དང༌། །བྱང་ཆུབ་མཐར་ཐུག་ཇི་སྲིད་པར། །དེ་སྲིད་དུས་སུའང་རྟག་པར་བདག །སངས་རྒྱས་རྣམས་ལ་གུས་པར་ཤོག །རྡོ་རྗེ་པདྨ་ཡང་དག་སྦྱོར། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་བདག །རྡོ་རྗེ་སེམས་དཔའི་སྤྱན་སྔར་ནི། །རྒྱུད་རྣམས་ཐམས་ཅད་མཉན་པར་བགྱི། །འདོད་པ་ལྔ་རྣམས་ལོངས་སྤྱད་པས། །རྣམ་བཀྲ་རྡོ་རྗེའི་མཆོད་པ་ཡིས། །ལུས་གནས་བདེ་བ་ཆེན་པོ་


DTG207_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྐྱེ་བ་ཀུན་ཏུ་མཆོད་པར་ཤོག །བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད། །རིག་མ་ལྷ་མོ་ཡང་དག་ལྡན། །རྡོ་རྗེ་ཐེག་པར་གནས་སེམས་ཀྱིས། །རྡོ་རྗེ་ཆགས་པའི་རང་བཞིན་ལ། །རྡོ་རྗེའི་གླུ་ནི་ལེགས་བླངས་ཤིང༌། །རྡོ་རྗེའི་གར་གྱིས་གར་བྱས་ཏེ། །རྡོ་རྗེ་ཚོགས་དཔལ་དཀྱིལ་འཁོར་དུ། །རྡོ་རྗེ་རོལ་པ་དག་བགྱིའོ། །རྡོ་རྗེ་ཐེག་པ་རབ་རྟོགས་པའི། །མཆོག་གི་བྱང་ཆུབ་ཐོབ་ནས་བདག །ལྷ་མོའི་དཀྱིལ་འཁོར་དབུས་སུ་ནི། །མ་ལུས་བསྐལ་པར་གནས་པར་ཤོག །བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་ཤིང༌། །རྡོ་རྗེའི་རྒྱན་གྱིས་བརྒྱན་བྱས་ནས། །དེར་གནས་བླ་ན་མེད་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །རྡོ་རྗེ་ཐེག་པ་མངོན་པར་མཛེས། །ལུས་པ་མེད་པ་ཡོངས་སུ་ཆུབ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ལས། །འཁོར་ལོ་རྟག་ཏུ་མཐོང་བར་ཤོག །མི་གང་གིས་ནི་མཐོང་ཙམ་གྱིས། །ལྟ་བ་ངན་ལས་གྲོལ་འགྱུར་བ། །ཐུབ་པ་ཆེན་པོས་ལེགས་གསུངས་པའི། །རྒྱུད་རྣམས་བདག་གིས་བསྟན་པར་བགྱི། །རྡོ་རྗེ་ལས་རབ་སྦྱོར་བ་ཡིས། །སེམས་ཅན་རྣམས་ལ་རྟག་པ་རུ། །རྡོ་རྗེ་རལ་གྲི་རྣོན་པོས་ནི། །སྨྲ་བོའི་ཡེ་ཤེས་སྤྲོ་བར་བགྱི། །རྡོ་རྗེའི་སྐྱེ་བའི་ཚུལ་སྣ་ཚོགས། །ཆེད་དུ་རྡོ་རྗེའི་གར་སྟོན་པས། །སེམས་ཅན་རྣམས་ཀྱི་མི་དགེ་བའི། །ལས་རྣམས་འབྱུང་བ་གཅད་པར་བགྱི། །སྣ་ཚོགས་ལས་དང་ཏིང་འཛིན་གྱིས། །གདུག་པ་གདུལ་དཀའ་ཆེར་འཁྲུངས་པའི། །བགེགས་དང་ལོག་པར་འདྲེན་པ་དང༌། །འགྲོ་བ་ཐམས་ཅད་གདུལ་བར་བགྱི། །རྡོ་རྗེའི་རྣལ་འབྱོར་རྣམ་བསྒོམས་པས། །རྡོ་རྗེ་སློབ་དཔོན་རྣམ་པར་འཕྲུལ། །རབ་གཏུམ་ཁྲོ་བོའི་གཟུགས་ཀྱིས་ནི། །ལུས་པ་མེད་པར་གདུལ་བར་བགྱི། །གུས་པས་རྡོ་རྗེ་སེམས་དཔའ་ལ། །ཇི་ལྟར་རིགས་པར་སློབ་བགྱི་ཞིང༌། །སེམས་ལ་དུབ་པ་མེད་པར་བདག །སེམས་ཅན་ཀུན་གྱི་དོན་བགྱིའོ། །མང་དུ་སྨོན་ལྟ་ཅི་ཞིག་འཚལ། །བླ་མ་གླ་བདག་གུས་གྱུར་ཅིག །རྡོ་རྗེ་སློབ་དཔོན་རྣམས་ལ་བདག །གོང་ནས་གོང་དུ་གུས་བགྱིར་གྱུར། །གང་ལས་གཉིས་དབྱེ་ཀུན་བྲལ་བའི། །དེ་ཉིད་ཡེ་ཤེས་འཐོབ་ཉིད་ན། །དེ་ཕྱིར་རྒྱུན་ཆད་མེད་པ་ཡིས། །


DTG207_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་གུས་པ་ཁོ་ནར་ཤོག །རྡོ་རྗེའི་སྨོན་ལམ་བཏབ་པ་ལས། །དགེ་བ་བདག་གིས་ཉེར་བསགས་གང༌། །དེས་ནི་རྡོ་རྗེ་ལྟ་བུ་ཡི། །འགྲོ་ཀུན་རྡོ་རྗེར་སྣང་གྱུར་ཅིག །དཔལ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་རྡོ་རྗེའི་སྨོན་ལམ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དངོས་གྲུབ་བརྙེས་པའི་དབང་ཕྱུག་དཔལ་ནགས་ཀྱི་རིན་ཆེན་ཞལ་སྔ་ནས་དང༌། དེ་ཉིད་ཀྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་ཅུང་ཟད་རིག་པ། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བསྒྱུར་བའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟེན་འདི་ཉིད་ལ་རྡོ་རྗེའི་སྨོན་ལམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག །

བྱང་ཆུབ་འབྱུང་བའི་སྨོན་ལམ།
ཀླུ་སྒྲུབ།


DTG207_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཨཱ་ཀ་ར་པྲ་ཎི་དྷཱ་ན། བོད་སྐད་དུ། བྱང་ཆུབ་འབྱུང་བའི་སྨོན་ལམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་མུན་བསལ་མཁྱེན་རབ་འདབ་རྒྱས་ཤིང༌། །བདུད་བཞིའི་དགྲ་བཅོམ་ཡང་དག་ཇི་བཞིན་གཤེགས། །ཐུགས་རྗེའི་མཚོ་བསྐྱིལ་དོན་མཆོག་འབྱོར་བའི་གཏེར། །སངས་རྒྱས་བཅོམ་ལྡན་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་མཚན་མེད་རབ་ཞི་རྟོག་ལས་འདས། །སྒྲིབ་པའི་སྐྱོན་བྲལ་ལེགས་ཚོགས་འབྱུང་བའི་གནས། །སྐྱེ་བོ་འགྲོ་མང་བྱང་ཆུབ་འབྱུང་བའི་གནས། །ཡང་དག་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །ཉོན་མོངས་དགྲ་རྒྱལ་སྲིད་མཚོ་ལས་རྒལ་ཅིང༌། །སྡུག་བསྔལ་མཚོན་སྤངས་ཡང་དག་ཐར་ལམ་མཁྱེན། །འགྲོ་ལ་ཕན་མཛད་ཡོན་ཏན་མང་པོའི་ཕུལ། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་མཁའ་དཀྱིལ་མཁྱེན་རབ་ཉི་ཤར་ནས། །རྨོངས་པའི་མུན་བསལ་ཡང་དག་ཆོས་ཉིད་རྟོགས། །ཐབས་ལྡན་ཐུགས་རྗེས་འགྲོ་ལ་ཕན་བརྩོན་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །རིན་ཆེན་ས་གཞི་དཔག་བསམ་ནགས་ཚལ་བཅས། །ཡིད་བཞིན་གཞལ་ཡས་གདན་ཁྲི་རྒྱན་མཆོག་ལྡན། །ལྷ་མིའི་མཆོད་སྤྲིན་མང་པོ་གཏིབས་


DTG207_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །ཡོན་ཏན་གཏེར་མངའ་སྲས་བཅས་རྒྱལ་ལ་འབུལ། །དུས་ཀུན་བདག་གིས་དཀོན་མཆོག་གསུམ་སྤངས་ཤིང༌། །དེ་ཡི་བསྐོར་ཕྱོགས་བྱང་ཆུབ་སེམས་བཏང་དང༌། །མཚམས་མེད་ལ་སོགས་སྨད་པའི་ལས་བྱས་རྣམས། །བླ་མའི་སྤྱན་སྔར་དེ་བཤགས་སླན་ཆད་བསྡམས། །སངས་རྒྱས་རང་སངས་རྒྱས་དང་ཉན་ཐོས་དང༌། །བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡི། །བསོད་ནམས་རྒྱུ་དང་འབྲས་བཅས་ཅི་མཆིས་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་གང་འགྲོ་ལ་སྨན་སླད་བདེ་གཤེགས་རྣམས། །མྱ་ངན་འདར་བཞེད་ཆོས་བཤད་བསྐུལ་གཞེས་ལ། །འགྲོ་བའི་དོན་སླད་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །སྐྱོན་ཀུན་བྱང་ཞིང་ཡོན་ཏན་ཀུན་རྫོགས་པ། །སངས་རྒྱས་དམ་ཆོས་དགེ་འདུན་དཀོན་མཆོག་ལ། །བདག་ནི་དུས་ཀུན་ལུས་འབུལ་སྐྱབས་གསོལ་གྱིས། །ཡོངས་བཞེས་ལོག་ལྟའི་ལམ་ལས་བསྐྱབ་ཏུ་གསོལ། །བདག་གིས་འགྲོ་བའི་ཉོན་མོངས་བསལ་སླད་དང༌། །བྱང་ཆུབ་སྤྱད་པའི་བཅོམ་ལྡན་གདུང་བསབ་ཕྱིར། །བདག་མེད་རྟོག་བྲལ་མི་གནས་རྟག་པ་ཡི། །བླ་མེད་བྱང་ཆུབ་མཆོག་ཏུ་དུས་ཀུན་བསྐྱེད། །ཕྱོགས་དུས་བཞུགས་པའི་རྒྱལ་བ་སྲས་བཅས་དགོངས། །ཁྱོད་ལ་བདག་གི་སྡོམ་པའི་ཚུལ་ཁྲིམས་དང༌། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །བསླབ་གསུམ་དེང་ནས་བརྩམས་ཏེ་གཟུང་བར་བགྱི། །བསོད་ནམས་སྟོབས་འདིས་ཆོས་གནས་ཐམས་ཅད་ལ། །བླ་མེད་མཆོད་སྤྲིན་འབྱུང་ཞིང་བགྱི་བགྱིས་ཤོག །སེམས་ཅན་རྣམས་ཀྱང་སྒྲིབ་ཚོགས་ཀུན་བྱང་ནས། །ཡོན་ཏན་ཚོགས་རྫོགས་ཀུན་མཁྱེན་མཆོག་གྱུར་ཅིག །བདག་ཀྱང་དུས་ཀུན་བློ་རྣམས་སྙིང་རྗེ་ལྡན། །ཏིང་འཛིན་ཤེས་རབ་གཟུངས་སྒོ་མཆོག་ཐོབ་ནས། །འགྲོ་ཀུན་བདེར་འགྱུར་སྤྱོད་མཆོག་རྣམས་བྱེད་ཅིང༌། །ཆོས་རྣམས་མཚན་ཉིད་ཇི་བཞིན་རྟོགས་གྱུར་ཅིག །བསྡུ་བ་བཞིས་བསྡུས་ཕ་རོལ་ཕྱིན་རྫོགས་ཤིང༌། །མོས་སྤྱོད་ལ་སོགས་ས་རྣམས་ཀུན་སྦྱངས་ནས། །ཉོན་མོངས་ཤེས་བྱའི་སྒྲིབ་ཚོགས་


DTG207_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤངས་ཏེ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་སངས་རྒྱས་གྱུར། །བདག་ནི་མཐོང་ཐོས་རེག་པའམ་དྲན་ཙམ་གྱིས། །འགྲོ་ཀུན་ཉོན་མོངས་སྡུག་བསྔལ་ཞི་བྱེད་ཤོག །ལུས་སེམས་ངག་རྣམས་སྤྱོད་ཡུལ་ཅིར་འཇུག་པ། །སྲོག་ཆགས་རྣམས་ལ་བདེ་བའི་རྒྱུར་གྱུར་ཅིག །དུས་ཀུན་བདག་གིས་ལུས་ངག་ཡིད་ཀུན་ནས། །དགེ་བའི་རྩ་བ་ཅུང་ཟད་ཅི་བསགས་པ། །དུས་གསུམ་རྒྱལ་བས་ཇི་ལྟར་བསྔོས་པ་བཞིན། །ཐམས་ཅད་བླ་མེད་བྱང་ཆུབ་མྱུར་འགྲུབ་བསྔོ། །བྱང་ཆུབ་འབྱུང་བའི་སྨོན་ལམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །

བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ།
ཙནྡྲགོམིན།


DTG207_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙནྡྲ་གོ་མི་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་པའི་ལས་ནི་ཉམ་ང་ཡིས། །གང་དང་གང་དུ་ཉེར་སྐྱེ་བ། །དེ་དང་དེར་ནི་སྐྱེས་པ་དང༌། །དད་དང་དབང་པོ་ཚང་བ་དང༌། །བཟོ་དང་སྒྱུ་རྩལ་ཀུན་མངོན་ཤེས། །བསྟན་བཅོས་ཀུན་ལ་འཇིགས་མེད་དང༌། །འདོད་པ་ཀུན་ལ་རྒྱབ་ཕྱོགས་ཤིང༌། །དངོས་ཀུན་ཡོངས་སུ་གཏོང་བ་དང༌། །དྲན་དང་ལྡན་ཞིང་བདེན་སྨྲ་དང༌། སེམས་ཅན་རྣམས་ཀྱིས་མཐོང་ན་དགའ། །བྱང་ཆུབ་སེམས་ཀྱིས་རྣམ་བརྒྱན་པའི། །དགེ་བའི་བཤེས་གཉེན་བསྟེན་པ་དང༌། །དུལ་བའི་སྤྱོད་དང་ཡང་དག་ལྡན། །བློ་བཟང་སྐྱེ་བ་གཙང་མ་དྲན། །སྡིག་པའི་ལས་ལ་འཇིགས་བྱེད་པས། །སྤྱོད་པ་དགེ་བའི་སྤྱོད་ཡུལ་ཅན། །མཐར་ཡང་བླ་མེད་རྟོགས་པ་ཡིས། །ཕ་རོལ་ཕྱིན་པ་བཅུ་བསྟེན་པས། །འགྲོ་ལ་གཅིག་ཏུ་བདེ་བ་ཡི། །གཡོ་མེད་མགོན་པོ་ཐོབ་པར་གྱུར། །བདག་ནི་བྲན་དང་མོར་མ་གྱུར། །བླུན་དང་ཡུལ་ངན་སྐྱེ་བ་དང༌། །སངས་རྒྱས་འབྱུང་ལ་ལྐོག་མ་གྱུར། །ནམ་དུའང་ལྟ་བ་ལོག་མ་གྱུར། །འདོད་མེད་ཚུལ་ལྡན་སངས་རྒྱས་རྒྱུར། །ཕ་རོལ་འདོད་པའི་རྫས་ལོངས་སྤྱོད། །སེམས་ཅན་ཉམ་ཐག་བྱེད་འགྱུར་བའི། །འདོད་པའི་སློང་མོ་བདག་མི་སྤྱོད། །སེམས་ཅན་རྣམས་ལ་བྱམས་གོམས་ཤིང༌། །རྒྱུ་མེད་རང་བཞིན་སངས་རྒྱས་དང༌། །བྱང་


DTG207_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འགྲོ་བའི་འབྲས་མི་ལྟ། །རིགས་ཆེན་བློ་ནོར་སྐྱེ་བ་དང༌། །སྐྱེ་བ་སྐྱེ་བར་ལུས་མཛེས་ཤིང༌། །བདེ་གཤེགས་མང་པོའི་སྙན་ངག་བྱེད། །སྐྱེ་ཞིང་སྐྱེ་བ་དང་ལྡན་པར། །གང་དུ་སངས་རྒྱས་ལྷར་བྱེད་པའི། །རིགས་དེར་བདག་ནི་སྐྱེ་བ་དང༌། །སྐྱེ་བ་དང་ནི་སྐྱེ་བ་རུ། །ཆོས་ལྔ་པོ་ནི་མི་སྤོང་ཞིང༌། །བསོད་ནམས་ཡེ་ཤེས་སྟོབས་དང་ནི། །བརྩོན་འགྲུས་བྱང་ཆུབ་སེམས་ལྔ་པོ། །ཇི་ལྟར་ཐམས་ཅད་མཁྱེན་པ་ཡི། །ཞབས་ཐོབ་པ་ཡི་ཐབས་དེ་བཞིན། །དེ་ལྟར་བདག་གིས་ཐབས་ཀྱིས་ནི། །ཐུབ་པའི་དབང་པོའི་ཞབས་ཐོབ་ཤོག །བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ།། །།རབ་ཏུ་བསྔགས་པའི་གནས་ཆེན་པོ་ཉེ་བའི་འཐུང་གཅོད་དཔལ་བལ་པོ་ཡམ་བུའི་གྲོང་ཁྱེར་དུ། བལ་པོའི་པཎྜི་ཏ་ཛཻ་ཀ་ཀརྞའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་བྱ་བ།
ཀླུ་སྒྲུབ།


DTG207_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་ནཱ་གཱརྫུ་ན་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་བྱ་བ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་བར་དུ་ནི། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང༌། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག །མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང༌། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་བློན་པོ་དང༌། །དམག་དཔོན་ཞལ་ཆེ་གཅོད་པར་བདག་མ་སྐྱེ། །ཁེ་བྱེད་ཏིལ་བརྡུང་ཆང་འཚོང་རྐུན་པོ་དང༌། །བྲན་དང་བྲན་མོའི་ལུས་སུ་བདག་མ་སྐྱེ། །དགེ་སློང་ག་ནས་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ངན་ཁྲིམས་པ། །དགེ་སྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །མཐའ་འཁོབ་ཀླ་ཀློའི་སྐྱེ་བའི་ཡུལ་རྣམས་དང༌། །གླེན་ལྐུགས་འོན་ལོང་ཕྲག་དོག་ཅན་རྣམས་དང༌། །མུ་སྟེགས་ལོག་ལྟ་བྲམ་ཟེའི་རིགས་རྣམས་དང༌། །རིགས་ངན་ཤན་པའི་རིགས་སུ་བདག་མ་སྐྱེ། །བྱང་ཆུབ་མ་ཐོབ་པར་དུ་རྟག་པར་བདག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག །དམ་ཆོས་སྤྱོད་པའི་ལུས་


DTG207_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེས་ནས་ཀྱང༌། །མི་དགེ་གཞན་གྱི་དབང་དུ་མི་འགྱུར་ཞིང༌། །ཚེ་ལ་ནད་ཀྱིས་བར་ཆད་མེད་པ་དང༌། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས་ཀྱང༌། །མཉན་བསམ་བསྒོམ་པས་རིག་པའི་རྒྱུད་སྦྱངས་ནས། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་སྟེ། །རྣམ་ཤེས་དྲུག་པོ་ཡུལ་ལ་གཡེངས་མ་གྱུར། །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་དེ། །དབང་པོ་མ་ཉམས་རིགས་མཐོ་བསྐུར་བའི་གནས། །སངས་རྒྱས་ཆོས་ཀུན་རྫོགས་པར་བྱེད་པ་དང༌། །གཞོན་ནུར་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང༌། །དགེ་བཤེས་མཆོག་རྣམས་རྟག་ཏུ་བསྟེན་བྱེད་ཅིང༌། །ས་བཅུ་རིམ་གྱིས་བགྲོད་རྣམས་ཐོགས་མེད་དེ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ནས་ཀྱང༌། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཐམས་ཅད་ལ། །བསྡུ་པ་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ། །

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ།


DTG207_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ་བཞུགས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ཕྱིར་སྐུ་གཟུགས་མཆོད་རྟེན་གྱི། །སྤྱན་སྔའམ་ཡང་ན་གཞན་དུའང་རུང༌། །ཚིགས་སུ་བཅད་པ་ཉི་ཤུ་འདི། །ཉིན་གཅིག་བཞིན་ཡང་དུས་གསུམ་བརྗོད། །སངས་རྒྱས་དམ་ཆོས་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རྣམ་ཀུན་བཏུད་དེ་སྐྱབས་མཆིས་ནས། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ། །སྡིག་པའི་ལས་ནི་ལྡོག་བགྱིད་ཅིང༌། །བསོད་ནམས་ཐམས་ཅད་ཡོངས་སུ་གཟུང༌། །ལུས་ཅན་ཀུན་གྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ངོ༌། །བདག་ནི་སྤྱི་བཏུད་ཐལ་སྦྱར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དང༌། །འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱི་བའི་བསོད་ནམས་དག །བདག་གིས་བགྱིས་དང་མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །


DTG207_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །ཚོར་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས་མཆོག་ཉིད་དུ་གྱུར་པར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང༌། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང༌། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། །བལྟ་ན་སྡུག་ཅིང་ནད་མེད་དང༌། །སྟོབས་ཅན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་བ་དང༌། །དཀོན་མཆོག་གསུམ་ལ་གཞོལ་བར་བྱ། །སངས་རྒྱས་ཆོས་ནོར་ཆེ་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང༌། །ཉོན་མོངས་བཏང་སྙོམས་གནས་པ་དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང༌། །གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་བྱམས་པ་དང༌། །སེམས་ཅན་ཀུན་ཡིད་རེ་བ་ཡི། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་བསལ་བར་བགྱིད་བར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱོ་བ་སྟེ། །བདག་གི་མིང་ཙམ་ཐོས་པས་ཀྱང༌། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང༌། །མི་གཙང་ཐོས་པའི་སྐྱེ་བོ་ཀུན། །རབ་དང་འཁྲུག་མེད་རྣལ་མ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་དུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །


DTG207_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱོད་པར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལ་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་སྐད་བརྗོད་པའི་བསོད་ནམས་གང༌། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །གང་གའི་བྱེ་མ་སྙེད་ཀྱིས་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། །རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་པ་རྫོགས་སོ།།

རིགས་ཀྱི་སྨོན་ལམ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།


DTG207_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀུ་ལ་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། རིགས་ཀྱི་སྨོན་ལམ་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བདག་ནི་འཆི་བའི་དུས་ཀྱི་ཚེ། །དབང་པོ་གསལ་བར་འཆི་བ་དང༌། །གནད་གཅོད་སྡུག་བསྔལ་མེད་པ་དང༌། །སྲིད་པ་བར་མ་དོ་རུ་ཡང༌། །རང་བྱུང་ཡེ་ཤེས་རྟོགས་པར་ཤོག །རང་བྱུང་ཡེ་ཤེས་རྟོགས་ནས་ཀྱང༌། །གར་སྐྱེ་རང་དབང་ཡོད་པར་ཤོག །གང་དེར་སྐྱེས་པའི་ས་དེར་ཡང༌། །ཉོན་མོངས་མཐའ་དག་ཆུང་བ་ཡི། །ཆོས་ལྡན་རིགས་སུ་སྐྱེ་བར་ཤོག །ཆོས་ལྡན་རིགས་སུ་སྐྱེས་གནས་ཀྱང༌། །ཆོས་ལྡན་གྲོགས་དང་ཕྲད་པར་ཤོག །ཆོས་ལྡན་གྲོགས་དང་ཕྲད་ནས་ཀྱང༌། །གཙོ་བོ་དཀོན་མཆོག་མཆོད་པ་དང༌། །སྡོམ་པ་གསུམ་ལ་གནས་པར་ཤོག །སྡོམ་པ་གསུམ་ལ་གནས་ནས་ཀྱང༌། །སྟོང་ཉིད་དམ་པ་བསྒོམ་པ་དང༌། །ཐོས་པའི་ཆོས་རྣམས་དྲན་པར་ཤོག །ཐོས་པའི་ཆོས་རྣམས་དྲན་ནས་ཀྱང༌། །རང་དོན་གཙོ་བོར་མི་བྱེད་ཅིང༌། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་བདག་ལ་སྨིན་པར་ཤོག །སྡུག་


DTG207_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བདག་ལ་སྨིན་ནས་ཀྱང༌། །ལུས་ངག་སེམས་ལ་མི་གནོད་ཅིང༌། །མཚན་མའི་སྤྱོད་པས་མི་གཡེལ་བའི། །གཞན་དོན་དམིགས་པའི་སེམས་ཀྱིས་སུ། །གཞན་དོན་ཐམས་ཅད་བྱེད་པར་ཤོག །གཞན་དོན་ཐམས་ཅད་མཐར་ཕྱིན་ནས། །ཡེ་ཤེས་ལྔ་དང་ལྡན་པ་ཡི། །སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག །རིགས་ཀྱི་སྨོན་ལམ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།།

བསྔོ་བ་ཤིན་ཏུ་བསྡུས་པ།
རྟ་དབྱངས།


DTG207_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༈ །བསྔོ་བ་ཤིན་ཏུ་བསྡུས་པ་བཞུགས། བདག་ནི་སྦྱིན་པའི་བསོད་ནམས་ཀྱིས། །རྙེད་དཀའི་སངས་རྒྱས་ཉིད་ཐོབ་ནས། །རབ་མེད་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་མ་ལུས་གྲོལ་བར་ཤོག །ཅེས་བྱ་བ་ནི་སློབ་དཔོན་བཙུན་པ་རྟ་དབྱངས་ཀྱིས་མཛད་པའི་བསྔོ་བ་ཤིན་ཏུ་བསྡུས་པ་ཡིན་ནོ། །པཎྜི་ཏ་དཱ་ན་ཤཱི་ལས་བསྒྱུར་བའོ། །

རྒྱལ་བའི་ལམ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ།
སངས་རྒྱས་དཔལ་ཡེ་ཤེས།


DTG207_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༈ ། །རྒྱལ་བའི་ལམ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ལམ་འཇུག་ཡང་དག་པར། །སྦྱར་ལས་བསོད་ནམས་ཚད་མེད་གང༌། །དེ་ཡིས་འགྲོ་ཀུན་རྒྱལ་བ་ཡི། །ལམ་ལ་ལེགས་པར་འཇུག་པར་ཤོག །བདག་གིས་བསོད་ནམས་འདི་ཡིས་ནི། །ནམ་མཁའ་ཀུན་ཁྱབ་སྐྱེ་བོ་རྣམས། །ངན་འགྲོ་ཀུན་ལས་ངེས་གྲོལ་ཞིང༌། །མི་ཁོམ་ཐམས་ཅད་རྣམ་པར་སྤངས། །སྐྱེ་བ་ལྷ་དང་མི་ཡི་ནི། །སྐྱེ་བ་ཡོངས་སུ་ཐོབ་པར་ཤོག །སྲིད་པ་སྡུག་བསྔལ་གྱིས་སྐྲག་པ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། །དམ་ཆོས་ཉན་སེམས་དོན་བསྒོམ་དང༌། །སེམས་ནི་དབེན་པར་གནས་པར་ཤོག །ཐེག་པ་ཆེན་པོ་ལ་གནས་ཏེ། །ཚངས་པའི་སྤྱོད་དང་ལྡན་པར་ཤོག །ལམ་ཀུན་རྣམ་པར་བསྒོམ་པ་ཡིས། །ས་ལ་སོགས་པ་ཀུན་ཐོབ་ནས། །ཞིང་ཀུན་ཡང་དག་སྦྱངས་ནས་ནི། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཇི་ལྟར་འཁོར་བའི་གནས་སྐབས་སུ། །བསམ་པའི་དོན་ཀུན་ཐམས་ཅད་ནི། །ནམ་མཁའ་མཛད་བཞིན་མཁའ་ཉིད་ནས། །སེམས་ཅན་ཀུན་ལ་འབྱུང་བར་ཤོག །


DTG207_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ནམ་མཁའི་མཐར་གནས་པའི། །འཇིག་རྟེན་ཁམས་ནི་དེ་དག་རྣམས། །དོན་ཀུན་འཇིག་རྟེན་ཁམས་བཞིན་དུ། །དེ་ལྟར་ཐམས་ཅད་དག་པར་ཤོག །བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །ཟང་ཟིང་མི་འཇིགས་དམ་ཆོས་དང༌། །བྱམས་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ཅིང༌། །རྟག་པ་ཉིད་དུ་ཚངས་སྤྱོད་དང༌། །སྡོམ་པ་ཀུན་གྱིས་བསྡམས་པར་ཤོག །སེམས་ཅན་དོན་ཀུན་བྱེད་པ་དང༌། །ཆོས་ཀུན་དོན་ནི་སྟོན་པར་ཤོག །འཇིག་རྟེན་ཁམས་ནི་སེམས་ཅན་ཀུན། །གང་ལ་གནོད་པ་བྱེད་ཀྱང་ནི། །བདག་ནི་དེ་དག་ཐམས་ཅད་ལ། །ཕན་འདོགས་བྱེད་པ་ཉིད་དུ་ཤོག །འཁོར་བའི་སྡུག་བསྔལ་བསྲན་ནས་བདག །རྟག་པར་སེམས་ཅན་དོན་བརྩོན། །སེམས་ནི་དམ་ཆོས་བསམ་གཏན་ལ། །རོ་གཅིག་བརྟན་པ་ཉིད་དུ་ཤོག །ཇི་ལྟར་བརྩོན་ལྡན་བརྩོན་འགྲུས་བཞིན། །བདག་ཀྱང་གོ་ཆ་སྦྱར་བ་དང༌། །དེ་བཞིན་མི་ལྡོག་པ་ཞེས་པའི། །བརྩོན་འགྲུས་དང་ནི་ལྡན་པར་ཤོག །ཏིང་འཛིན་ཕུན་སུམ་ཚོགས་པ་ཡི། །ཚོགས་ཀྱི་བྱང་ཆུབ་བསྒྲུབ་པ་ཡིས། །བསམ་གཏན་ཀུན་ལ་གཅིག་ཏུ་གནས། །བདག་སེམས་རྡོ་རྗེ་ལྟ་བུར་ཤོག །ཤེས་རབ་ནམ་མཁའི་མཐའ་ཁྱབ་པ། །རྡོ་རྗེ་ཡི་ནི་མཚན་ཉིད་དང༌། །རབ་མཐུན་ཀུན་དགའ་ཚོགས་དང་ནི། །སྙིང་རྗེའི་རོ་ཡིས་ངེས་གང་ཞིང༌། །ཐབས་དང་སྨོན་ལམ་དེ་བཞིན་དུ། །སྟོབས་ནི་རབ་ཏུ་སྦྱོར་བ་དང༌། །ཡེ་ཤེས་བདག་ཉིད་འདི་དག་ནི། །བདག་ལ་རྣམ་པར་དག་པར་ཤོག །མངོན་ཤེས་ཀུན་གྱི་ཕར་ཕྱིན་ཏེ། །ཁྱད་པར་ལམ་ནི་ཐོབ་པར་ཤོག །སངས་རྒྱས་ཞིང་ནི་རྣམ་སྦྱང་ཞིང༌། །བདག་ནི་སངས་རྒྱས་ཉིད་གྱུར་ཅིག །འདི་ཉིད་ཀྱིས་ནི་རིམ་པ་ཡིས། །བདག་གི་བསོད་ནམས་མཐུ་ཡིས་ནི། །འཁོར་བར་གནས་པའི་སེམས་ཅན་ཀུན། །མྱུར་དུ་རྒྱལ་བ་ཉིད་དུ་ཤོག །བསོད་ནམས་ཡོངས་སུ་བསྔོ་བ་འདི། །བདག་ཉིད་ཀྱིས་ནི་བློ་ཡིས་བྱས། །ཀུན་ནས་ཀུན་ཏུ་མ་ལུས་པ། །སངས་རྒྱས་ཉིད་ཀྱིས་མཁྱེན་པས་ན། །ཀུན་ཏུ་བཟང་པོ་ཞེས་བགྱི་བའོ། །སྨོན་ལམ་རྒྱ་མཚོ་ཇི་ལྟ་བ། །དེ་བཞིན་


DTG207_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་བདག་ལ་ཡང༌། །དགེ་བ་རྒྱ་མཚོ་དེ་མྱུར་དུ། །འབྲས་བུ་དང་ནི་བཅས་པར་ཤོག །ཕྱོགས་བཅུ་ནམ་མཁའ་ཀུན་ཁྱབ་པའི། །སངས་རྒྱས་ཞིང་གི་རྒྱལ་རྣམས་ཤར། །དེ་དག་ཇི་ལྟར་སྨོན་ལམ་ནི། །སྔོན་དུ་བྱས་པའི་རིམ་པ་རྣམས། །དེ་ཙམ་ཉིད་དུ་བདག་གིས་ཀྱང༌། །བསམ་པ་བརྟན་པ་དེ་བཞིན་བགྱི། །བསོད་ནམས་མཐུ་ཡིས་འདི་དག་ནི། །དེ་བཞིན་དུ་ནི་གྲུབ་པར་ཤོག །ཇི་ལྟར་དཔལ་ལྡན་འཇམ་དབྱངས་ཀྱི། །སྨོན་ལམ་དེ་བཞིན་བདག་གིས་ཡང༌། །དུས་ནི་ཡུན་མི་རིང་བ་ཡིས། །སྨོན་ལམ་འདི་ནི་རྫོགས་པར་ཤོག །སངས་རྒྱས་ཀུན་རྣམས་རང་རང་གི །ཞིང་བཞུགས་མྱ་ངན་མི་འདའ་ཞིང༌། །མཁའ་མཉམ་ཆོས་ཀྱི་ཆར་གྱིས་ནི། །རྟག་ཏུ་སེམས་ཅན་ཚིམ་བྱེད་ཤོག །སེམས་ཅན་རྣམས་ཀྱང་སངས་རྒྱས་ཆོས། །དགེ་འདུན་བཅས་པ་ཐམས་ཅད་ལ། །ལྷ་རྫས་མཆོད་སྤྲིན་མཐའ་ཡས་པས། །ཡང་དག་པར་ནི་མཆོད་བྱེད་ཤོག །དེ་བཞིན་གཤེགས་པའི་ཡོན་ཏན་གྱིས། །འཇིག་རྟེན་ཁམས་ཀུན་གང་བར་ཤོག །མཆོག་གི་ཆོས་རྣམས་སེམས་འགྱུར་ཞིང༌། །སྲིད་པ་སྦྱོང་བར་བྱེད་པར་ཤོག །པཎྜི་ཏ་སངས་གྱས་དཔལ་ཡེ་ཤེས་ཀྱིས་མཛད་པ། །རྒྱལ་བའི་ལམ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ་རྫོགས་སོ། །

སྨོན་ལམ་བདུན་ཅུ་པ་ཞེས་བྱ་བའི་ཚིགས་སུ་བཅད་པ།
གཞན་ལ་ཕན་པའི་དབྱངས་དགོན་པ།


DTG207_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་སཔྟ་ནི་ནཱ་མ་གཱ་ཐཱ། བོད་སྐད་དུ། སྨོན་ལམ་བདུན་བཅུ་པ་ཞེས་བྱ་བའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག་མེད་ཚོགས་མངའ་ཞིང༌། །ཉེས་པའི་དུག་སྡོང་མཐའ་དག་དྲུང་ཕྱུང་བ། །ཕྱོགས་བཅུ་དག་ན་དུས་གསུམ་བཞུགས་པ་ཡི། །བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །མི་ཤེས་པ་ཡི་རབ་རིབ་སེལ་མཛད་པའི། །བག་ལ་ཉལ་བའི་མདའ་དུག་འབྱིན་པའི་ཐབས། །འགྲོ་བ་གསུམ་པོ་ཀུན་གྱི་བློ་གྲོས་ཀྱི། །མིག་འབྱེད་པ་ཡི་ཆོས་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྲས་པོ་དགེ་འདུན་མི་བཟློག་པ། །ཐུགས་རྗེ་ཆེན་པོས་ཡིད་ནི་དྲངས་གྱུར་ཏེ། །བློ་ཅན་བྱེ་བར་གྱུར་བ་མ་ལུས་ལ། །རྒྱུན་མི་འཆད་པར་མགོ་བོས་ཕྱག་


DTG207_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །འགྲོ་བ་རྣམས་སུ་བདག་གིས་མི་དགེ་གང༌། །ཅུང་ཟད་བགྱིས་སམ་བགྱིད་སྩལ་རྗེས་ཡི་རང༌། །རྒྱལ་བ་རྣམས་ལ་དེ་དག་བཤགས་ནས་ནི། །སླན་ཆད་མི་བགྱིད་པ་ཡི་སྡོམ་པ་ནོད། །བདེ་གཤེགས་རང་རྒྱལ་དང་ནི་ཉན་ཐོས་དང༌། །རྒྱལ་བའི་སྲས་ཀྱིས་དགེ་བ་བསགས་པ་དང༌། །འཇིག་རྟེན་པ་ཡིས་ལེགས་པར་སྤྱད་པ་བཞིན། །མ་ལུས་པ་ཡང་བདག་ནི་ཡི་རང་ངོ༌། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་པ། །དེ་དག་རྣམས་ལ་མི་དགེ་གང་མཆིས་པ། །དེ་ནི་བདག་ཉིད་ཁོ་ན་དགའ་བཞིན་དུ། །ཅི་ནས་དམྱལ་བ་རྣམས་སུ་གཞོལ་བར་བགྱི། །འཇིག་རྟེན་རབ་ཞི་བདེ་བའི་བདུད་རྩི་ཡིས། །ཚིམ་ནས་ཡིད་ནི་དགེ་བ་བགྱིད་གྱུར་ཅིག །འགྲོ་བ་དག་གིས་སྡུག་བསྔལ་ཇི་སྙེད་པ། །དེ་ནི་བདག་གིས་དང་དུ་ལེན་པར་ཤོག །འགྲོ་བ་འདི་དག་ཡིད་ལ་མྱུར་དུ་ནི། །ཡང་དག་བྱང་ཆུབ་ཉིད་ནི་སྐྱེ་གྱུར་ཅིག །ཡིད་ལ་བྱང་ཆུབ་དག་ནི་བསྐྱེད་པ་དག །བྱང་ཆུབ་ཚོགས་རྣམས་ཡང་དག་སྒྲུབ་པར་ཤོག །དགེ་བའི་ཚོགས་སྒྲུབ་ནས་ནི་ས་ཐོབ་ཅིང༌། །སྲིད་པ་གསུམ་གྱི་མགོན་པོའི་གདུང་བཟུང་ནས། །དགྲ་རྣམས་བཅོམ་ནས་འཇིག་རྟེན་གསུམ་དག་ན། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་གནས་ཐོབ་ཤོག །བྱང་ཆུབ་ཤིང་དྲུང་སངས་རྒྱས་རང་སངས་རྒྱས། །ཉིན་ཞག་ཇི་སྙེད་གཞེས་ཤིང་བཞུགས་པ་དག །དཔེ་མ་མཆིས་པའི་ཆོས་ཀྱི་བདུད་རྩིའི་ཆར། །འགྲོ་ལ་དབབ་པའི་སླད་དུ་གསོལ་བར་བགྱི། །གཞན་དོན་ཕུན་སུམ་ཚོགས་པ་རྫོགས་བྱས་ནས། །མྱ་ངན་འདས་པ་མཆོག་ཏེ་གཤེགས་པ་གང༌། །གཞན་ལ་ཕན་པ་མཛད་ཅིང་ཡུན་རིང་དུ། །བཞུགས་པར་བློ་བཟང་དེ་ལ་གསོལ་བར་བགྱི། །འཇིག་རྟེན་གསུམ་པོ་ཐིབས་པོ་དེར་རྒྱུ་བའི། །སེམས་ཅན་སུ་དག་ཇི་སྙེད་མཆིས་པ་དག །དེ་དག་རབ་ཏུ་ཞི་བའི་བདེ་བ་ཡི། །བདུད་རྩིའི་ལོངས་སྤྱོད་མགྲོན་དུ་གཉེར་བར་བགྱི། །དེ་ལྟར་དགེ་བ་གང་དག་བསྒྲུབས་པ་འདི། །མ་ལུས་ཡང་དག་བྱང་ཆུབ་བསྔོ་བར་བགྱི། །དེས་ནི་བདག་ནི་བྱང་ཆུབ་སེམས་དང་ནི། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །ཇི་སྲིད་ཕུན་སུམ་ཚོགས་པའི་གཞིར་གྱུར་པ། །བདེ་


DTG207_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པའི་གོ་འཕང་མ་མནན་པ། །དེ་སྲིད་དུ་ནི་ཐུབ་པའི་ཁྱུ་མཆོག་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་བྲལ་མ་གྱུར། །དེ་དག་ཁོ་ནས་གཞན་ལ་དམན་པ་ཡི། །སྤྱོད་པའི་ལམ་དག་ཉེ་བར་བསྟན་པ་ལ། །སྐྱོ་བ་མ་མཆིས་པར་ནི་སངས་རྒྱས་ཀྱི། །སྲས་ཀྱི་ཀུན་ལ་ཡང་ནི་སྦྱར་བར་བགྱི། །བདག་གི་ལུས་ཀྱི་ཡན་ལག་ཉིང་ལག་དག །ཚང་ཞིང་སྐྱེ་བོ་ཀུན་གྱིས་བསྟོད་འོས་པའི། །ཡོན་ཏན་ཕུང་པོ་ཚེ་རབས་དྲན་པ་དང༌། །ཆོ་རིགས་བཙུན་ཞིང་ལུས་ནི་མཛེས་པར་ཤོག །གཞན་ཕན་སྤོང་ཞིང་རང་དོན་ལྷུར་ལེན་པ། །ཐ་ཆད་དུག་དང་འདྲ་བ་སྤངས་ནས་སུ། །སྙིང་རྗེས་གདུངས་པའི་ཡིད་ཀྱིས་སྐྱེ་བོ་ཀུན། །གཅིག་ཏུ་གཞོལ་བར་རྗེས་སུ་འཛིན་པར་ཤོག །བདག་གིས་བདོག་པ་རྣམས་ལ་གཞན་གྱིས་བློ། །གཞན་གྱི་ནོར་སྙམ་ཅུང་ཟད་མི་འཛིན་ཅིང༌། །རང་གི་ནོར་ལ་སོམ་ཉི་མ་མཆིས་ལྟར། །བག་ཡངས་དག་ཏུ་ལེན་ཅིང་སྤྱོད་པར་ཤོག །བདག་གི་ཤ་ཞིག་སློང་བ་མཆིས་ན་ཡང༌། །བྲོད་ལ་འཛུམ་པའི་མིག་གིས་སྩལ་བར་བགྱི། །བདག་གི་རྐང་ལ་སོགས་པ་རྟག་ཏུ་ཡང༌། །ལུས་ཅན་རྣམས་ཀྱི་དོན་དུ་གཏོང་བར་ཤོག །བདག་ནི་ཡིད་བཞིན་ནོར་བུས་འགྲོ་བ་ཡི། །འདོད་པའི་དངོས་པོ་མཐའ་དག་སྒྲུབ་པ་དང༌། །ཡིད་ལ་རེ་བ་ཡོངས་རྫོགས་བགྱིད་པ་ཡི། །དཔག་བསམ་གྱི་ནི་ཤིང་དང་འདྲ་བར་ཤོག །བདག་ནི་རང་གི་ངང་གིས་སྡིག་པ་དག །མི་གཙང་བ་ལྟར་རྒྱང་རིང་སྤོང་བ་དང༌། །ཐུབ་པའི་སྐྱེས་མཆོག་གིས་ནི་བསླབ་བཅས་པའི། །ཆུ་ལོན་འདྲལ་བར་བགྱིད་པར་མ་གྱུར་ཅིག །ལུས་དང་སྲོག་ལ་ལྟ་བ་རྐྱང་བསྲིང་ནས། །རྟག་པར་དགོན་པ་རྣམས་སུ་དགའ་བར་བགྱི། །རྙེད་པ་དག་དང་བཀུར་སྟི་མཐའ་དག་ལ། །སློན་པའི་ཟས་བཞིན་བློ་ནི་བཟློག་པར་བགྱི། །འགྲོ་བ་རྣམས་ལ་གདོལ་བའི་ཕྲུ་གུ་བཞིན། །རྒྱགས་དང་ང་རྒྱལ་དྲེགས་པ་སྤངས་པ་དང༌། །རིགས་བཙུན་པ་ཡི་ཉེ་དུའི་ཚོགས་བཞིན་དུ། །རྗེས་སུ་མཐུན་པ་སྒྲུབ་ཅིང་སྤྱད་པར་བགྱི། །ཟླ་ཟེར་པདྨ་རྩལ་ལག་དྲི་མ་བྲལ། །མ་རལ་མ་འདྲེས་ནག་ནོག་མ་མཆིས་ལ། །མ་ལུས་རབ་ཏུ་ཞི་བའི་རྒྱུར་གྱུར་པའི། །ཚུལ་ཁྲིམས་ལ་ནི་བདག་ནི་


DTG207_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པར་བགྱི། །སུ་དག་ནོངས་མ་མཆིས་པར་བདག་གི་མགོ །སོག་ལེས་ཚལ་བ་བརྒྱར་ནི་གཤགས་བགྱིད་ཀྱང༌། །དེ་ལ་འང་བུ་གཅིག་གཅེས་པ་བཞིན་དུའང༌། །རྒྱུན་མི་འཆད་པར་སེམས་ནི་ཕངས་པར་བགྱི། །སུ་དག་སྙིང་ནས་བདག་ལ་ཁྲོས་གྱུར་ཏེ། །དགོས་པ་མ་མཆིས་བཞིན་དུ་སྲོག་འཕྲོག་ནའང༌། །དེ་ལའང་ལས་ཀྱི་འབྲས་བུ་མི་བཟད་པར། །མི་འཚལ་བ་དག་འབྱུང་བར་མ་གྱུར་ཅིག །ཁྲོ་བ་དང་ནི་གཤེ་དང་མཚང་འབྲུ་དང༌། །བརྡེག་པར་གྱུར་ཀྱང་བཟོད་པ་མི་བཏང་སྟེ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་སྒྲུབ་པའི་ཕྱིར། །སྡུག་བསྔལ་མ་ལུས་པ་དག་དང་དུ་བླང༌། །སྔོན་ཆད་རྙེད་མ་མྱོང་བ་ཐུབ་པའི་ཆོས། །ཤིན་ཏུ་ཟབ་ཅིང་རིགས་པའི་མཆོག་ལ་ཡང༌། །བདག་གིས་སེམས་ལ་སྐད་ཅིག་ཙམ་ཡང་ནི། །སོམ་ཉིའི་དཔྱང་ཐག་གཡོ་བར་མ་གྱུར་ཅིག །བདག་གི་སྐྱེ་བ་ཚེ་རབས་ཚེ་རབས་སུ། །འགྲོ་བ་ཀུན་ལ་སྨན་པ་ལྷུར་སྤྱོད་ཀྱིས། །སྐད་ཅིག་ཙམ་ཡང་དགེ་བ་རྒྱ་ཆེན་པོ། །བགྱིད་པར་མི་འགྱུར་བར་ནི་མ་གྱུར་ཅིག །བྲན་དང་འདྲ་བར་འགྲོ་བ་ཐམས་ཅད་ཀྱི། །བགྱི་བ་མ་ལུས་པ་དག་བསྒྲུབ་པར་བགྱི། །བདག་གིས་ཀུན་གྱིས་བགྱི་བའི་ཁུར་སྤངས་ནས། །སེམས་ཅན་རྣམས་ནི་བདེ་བར་གནས་པར་ཤོག །ལུས་ནི་གཞན་གྱི་བྲན་བགྱིད་ཚིག་སྨྲ་ནའང༌། །གཞན་ལ་ཆོས་སྟོན་པ་ལ་དགའ་བ་དང༌། །བདག་གི་ཡིད་ཀྱང་རྟག་ཏུ་གཞན་དག་ལ། །ཕན་པར་སེམས་པའི་དབང་དུ་བགྱིད་པར་ཤོག །གལ་ཏེ་དམྱལ་བར་བསྐལ་བ་གྲངས་མེད་དུ། །གཅིག་ཏུ་སྡུག་བསྔལ་ཉམས་སུ་མྱོང་ན་ཡང༌། །འོན་ཀྱང་སྐྱོ་བ་དག་ནི་མ་མཆིས་པར། །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་ཤོག །གཅིག་ནས་སྒྲུབ་པའི་རིམ་པ་འདི་ཉིད་ཀྱིས། །ལུས་ཅན་རྣམས་ནི་འདུལ་བར་བགྱི་སླད་དུ། །འགྲོ་བ་གསུམ་པོ་ཡོངས་སུ་སྨིན་བགྱིད་པའི། །གོ་ཆ་འདི་ཉིད་ཀྱང་ནི་བགོ་བར་བགྱི། །མེ་ཡི་འདག་མས་བར་མཚམས་མ་མཆིས་པའི། །འོབས་རྣམས་གང་ལས་བརྒལ་ནས་ལེགས་གསུངས་པའི། །ཚིག་གཅིག་ཙམ་ཡང་མཉན་པའི་ཆེད་དུ་ནི། །ལེ་ལོ་མ་མཆིས་སྤྲོ་བ་བགྱིད་པར་ཤོག །བསམ་གཏན་


DTG207_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ཏིང་འཛིན་མཐའ་དག་ནི། །འབྲས་བུ་རྣམས་ལ་དགའ་བ་སྤངས་ནས་ནི། །རབ་ཏུ་མཐར་ཕྱིན་པ་ཡི་གནས་པ་ཡིས། །དགའ་བར་འགྱུར་བ་དག་ཏུ་གོམས་པར་བགྱི། །ཞེན་པ་མ་མཆིས་ཞི་གནས་རྟ་ཞོན་ནས། །རང་བཞིན་གཡོ་བའི་སེམས་ཀྱི་གླང་པོ་ཆེ། །ཤིན་ཏུ་གདུལ་བར་དཀའ་བ་ལོག་པ་ཡི། །ལམ་དུ་ཞུགས་པ་རྣམས་ནི་འདུལ་བར་བགྱི། །ལྷ་དབང་དག་དང་འཁོར་ལོས་སྒྱུར་བ་ཡི། །འབྱོར་པ་དམ་པ་མཆོག་དག་མཆིས་པ་རྣམས། །འདོད་པའི་རང་བཞིན་མི་གཙང་བ་བཞིན་དུ། །བདག་གི་ཡིད་ནི་ལྟོས་པ་མ་མཆིས་ཤོག །ལྕགས་ཀྱི་ཁང་པ་འབར་བ་འདྲ་བ་ཡིས། །སྲེག་པར་རྒྱུ་བར་བདག་ནི་དགར་མ་གྱུར། །སྙིང་རྗེས་དྲངས་ནས་གཞན་ལ་སྨན་པ་དག །བགྱིས་པར་རྗེས་སུ་མཐུན་པར་སྐྱེ་བར་ཤོག །འགྲོ་བའི་མགོན་གྱི་སྲས་པོ་ཐམས་ཅད་ཀྱི། །ཏིང་འཛིན་གང་ཞིག་ལ་ནི་དབང་བརྙེས་པས། །རྣམ་པར་བསྒྱིངས་པ་བསམ་གྱིས་མི་ཁྱབ་པ། །དཔའ་བོ་རོལ་པ་སྣ་ཚོགས་མཛད་པ་ཡིས། །དཔའ་བར་འགྲོ་བ་དག་དང་ནམ་མཁའི་མཛོད། །དྲི་མེད་ལ་སོགས་མ་ལུས་ཐོབ་བགྱིས་ནས། །འགྲོ་བ་གསུམ་པོ་མ་ལུས་པ་དག་གིས། །བདེ་བ་གྱ་ནོམ་བསྒྲུབས་ནས་ཆེར་སྩལ་ཏོ། །བཟོ་དང་བསྟན་བཅོས་སྒྱུ་རྩལ་རྒྱ་མཚོ་དག །མཆོག་ཏུ་ཕ་མཐའ་ཕུལ་དུ་ཕྱིན་པ་དང༌། །སེམས་ཅན་ཐམས་ཅད་ཀྱིས་ནི་ཚིག་གི་དོན། །མ་ལུས་པ་དག་རྟོགས་ཤིང་མཁས་པར་ཤོག །ཚིག་དོན་མ་ལུས་སྤྱོད་པའི་ཤེས་རབ་ནི། །དྲི་མེད་རྣོན་པོ་དཔག་ཏུ་མེད་ཐོབ་ནས། །སེམས་ཅན་རྣམས་ལ་ཤིན་ཏུ་ཟབ་པ་ཡི། །རིགས་པའི་ཆོས་རྣམས་ཀྱི་ནི་བགོ་བཤའ་བགྱི། །སངས་རྒྱས་གསུང་དག་མཐར་ཕྱིན་མ་རྟོགས་པའི། །སེམས་ཅན་མ་ལུས་པ་ནི་མཐའ་དག་ལ། །སེམས་ལ་ཡི་གེ་བྲིས་པ་འདྲ་བར་ནི། །མང་པོ་དག་གིས་རབ་ཏུ་བསྟན་པར་བགྱི། །ཅི་ནས་འབྲས་བུར་བཅས་པའི་སྟོབས་བཅུ་ཡིས། །གོ་འཕང་མངོན་པར་འཛེགས་གནས་འགྲོ་བའི་དོན། །མ་ཚང་མ་ལུས་འབྲས་མཆིས་བགྱིད་པ་ཡི། །ཐབས་ཀྱིས་སྤྱོད་པ་དེ་དག་བསྒྲུབ་པར་བགྱི། །ཇི་ལྟ་ཇི་ལྟར་སེམས་ཅན་ཕན་པའི་


DTG207_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ཐུབ་པ་རྣམས་ཀྱི་སྨོན་ལམ་མ་ལུས་པ། །དེ་ལྟ་དེ་ལྟར་རྒྱུན་དུ་སྨོན་ལམ་གྱི། །ཕ་རོལ་ཕྱིན་པ་དག་ནི་ཐོབ་པར་བགྱི། །ཡུལ་གྱི་དགྲ་ཡི་ཚོགས་ནི་མི་བཟད་པ། །མོད་ལ་མ་ལུས་ཅི་དགར་ཟིལ་མནན་ནས། །སེམས་ཀྱི་སྤྱོད་པ་རྣམས་ནི་མི་གཡོ་ཞིང། །ས་སྟེང་ཕན་པ་ཁོ་ནས་གནས་པར་བགྱི། །ཆོས་འདི་དག་ནི་སྒྱུ་མ་སྨིག་རྒྱུ་དང༌། །སྤྲུལ་པ་ལྟ་བུར་ཡང་དག་རྟོགས་བགྱིས་ནས། །རྟོག་པའི་དྲི་མ་རྣམས་ནི་སྤངས་ནས་སུ། །འཇིག་རྟེན་གསུམ་ལ་ཕན་པར་བགྱིད་གྱུར་ཅིག །ཕ་དག་བུ་གཅིག་ལ་ཧག་པར་གཅེས་པ་བཞིན། །ནག་ནོག་མ་ལུས་པ་དག་སྤངས་ནས་སུ། །རྒྱུན་མི་འཆད་པར་འགྲོ་བ་མཐའ་དག་ལ། །བྱམས་པའི་བསྒོམ་པ་དག་གིས་གནས་པར་བགྱི། །ཇི་ལྟར་མ་དག་བརྩེ་བའི་ཁུར་ལྕི་བའི། །བུན་པ་ལ་རྗེས་སུ་མཐུན་སྤྱོད་པ། །དེ་བཞིན་བདག་ཀྱང་འགྲོ་བ་སེམས་ཅན་ལ། །སྙིང་རྗེས་རྒྱས་འགྱུར་སོ་སོར་བགྱིད་པར་ཤོག །ཕ་རོལ་བདེ་བའི་འབྱོར་བ་མཐོང་ནས་ནི། །ལྷག་པར་དགའ་བ་མང་པོ་སྐྱེས་ནས་སུ། །སྙིང་གི་བུ་གཅིག་པ་ལ་བདེ་སྐྱེད་བཞིན། །དགའ་བའི་བསྒོམ་པ་དག་གིས་གནས་པར་བགྱི། །སེམས་ཅན་རྣམས་ལ་ཕན་དང་གནོད་པའི་རྒྱུ། །ཁོང་ཁྲོ་རྗེས་སུ་ཆགས་པ་སྤངས་ནས་ནི། །རང་གི་བུ་ལ་བགྱི་བ་བསྒྲུབ་པ་བཞིན། །འཇིག་རྟེན་གསུམ་པོ་ཀུན་གྱི་བགྱི་བ་བསྒྲུབ། །དབང་དང་མངོན་ཤེས་སོ་སོར་རིག་པ་དང༌། །གཟུངས་དང་རྣམ་པར་ཐར་བའི་སྒོ་རྟོགས་ནས། །འཇིག་རྟེན་ཁམས་ནི་དཔག་ཏུ་མ་མཆིས་པའི། །སེམས་ཅན་རྣམས་ལ་ཕན་པ་དུས་གཅིག་བགྱི། །སངས་རྒྱས་ཞེས་བགྱིའི་སྒྲ་ནི་རྣ་ལམ་དུ། །ཐོས་མ་གྱུར་བའི་ཡུལ་ཁམས་གང་ལགས་པ། །དེར་ནི་ཐབས་ཀྱི་རྣམ་པ་སྣ་ཚོགས་ཀྱིས། །སངས་རྒྱས་མཛད་པ་དག་དང་མཐུན་པར་བགྱི། །ནམ་ཞིག་འཇིག་རྟེན་འདིར་ནི་སྲིད་གསུམ་གྱི། །བླ་མ་ཉི་མ་ཤར་བར་མ་གྱུར་བར། །དེར་ནི་བདག་གིས་ཉི་མ་བཞིན་དུ་ནི། །ལུས་ཅན་ཀུན་གྱི་རབ་རིབ་བསལ་བར་བགྱི། །བདེ་གཤེགས་རབ་ཏུ་མང་པོས་སྤངས་པ་ཡི། །ཡིད་དག་སྡིག་པས་སྤགས་པ་གང་ལགས་པའི། །འགྲོ་


DTG207_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་བདག་གི་ཚིག་དག་གིས། །སྤྱོད་ཡུལ་རྣམས་ལ་བརྟེན་ནས་འདུལ་བར་ཤོག །བདག་ནི་འཇིག་རྟེན་མ་ལུས་པ་དག་གིས། །བསྙེན་བཀུར་བགྱིད་པ་དག་ལ་ཉེ་དུ་དང༌། །བྱམས་ལ་མཛའ་བཤེས་མ་བཞིན་སྒྲུབ་པ་དང༌། །ཕ་བཞིན་ཕན་པའི་གདམས་ངག་འདོམས་པར་ཤོག །བདག་གི་མིང་ནི་དྲན་པ་ཙམ་གྱིས་ཀྱང༌། །འགྲོ་བ་མ་ལུས་པ་དག་འཇིགས་པ་ལས། །མོད་ལ་སྐྱོབ་པར་གྱུར་ཅིག་སྲིད་གསུམ་གྱི། །སྡུག་བསྔལ་མ་ལུས་པ་དག་སྤོང་བར་ཤོག །ཕོངས་པ་བརྒྱ་ཕྲག་བསྟེན་པའི་མི་དག་ལ། །བུམ་པ་བཟང་དང་ནད་པའི་སྨན་དག་ནི། །ཡི་དྭགས་སོགས་ལ་རྒྱུན་མི་འཆད་པར་ཡང༌། །བདུད་རྩིའི་ཆབ་ཀྱི་རྫིང་བུ་བཟང་པོར་ཤོག །བདག་ནི་གྲང་བའི་དམྱལ་བར་དྲོ་བ་དང༌། །ཚ་བ་རྫི་ཆར་བཅས་པའི་ཆར་འབེབས་ཤིང༌། །གཞན་ཡང་ཤིན་ཏུ་སྨད་པའི་ངན་འགྲོ་དག །གནོད་པ་མ་ལུས་ཞི་བར་བགྱིད་པར་ཤོག །འགྲོ་བས་བདག་ནི་དྲན་པ་ཙམ་གྱིས་ཀྱང༌། །ཕོངས་པ་མངོན་སུམ་གྱུར་ལ་གཉེན་བཤེས་དང༌། །ཉམ་ཐག་མདའ་ཆར་འབབ་ལ་གོས་སྲ་དང༌། །མྱ་ངན་མི་ལ་བསིལ་བའི་ཆབ་གྱུར་ཅིག །འགྲོ་བ་དག་གིས་དྲན་ན་ཉོན་མོངས་པའི། །དུག་གི་གཉེན་པོར་གྱུར་ཅིང་སྲིད་གསུམ་གྱི། །ཆུ་བོ་དག་ལ་ཟམ་པ་བརྟན་པོ་དང༌། །ངན་སོང་གནས་ཀྱི་སྒོ་གཏན་བགྱིད་པར་ཤོག །བདག་གི་མིང་ཙམ་དྲན་ནའང་འཇུས་པ་བཞིན། །འགྲོ་བ་མ་ལུས་སྲིད་པའི་གཡང་ས་རུ། །ལྷུང་བ་ཞི་བ་དག་གི་རྩེ་མོ་ལ། །འཛེག་པར་གྱུར་པའི་ཐེམ་སྐས་གཞིར་གྱུར་ཅིག། སྐད་ཅིག་ཙམ་ཡང་ཁྲོ་ཞི་དག་གི་མིང༌། །བློ་ལ་དྲན་པ་ཙམ་ཞིག་བགྱིད་ན་ཡང༌། །ངན་སོང་རྣམས་སུ་ལྟུང་བར་མི་འགྱུར་ཞིང༌། །ངེས་པར་བྱང་ཆུབ་ཡང་དག་སྒྲུབ་པར་ཤོག །བདག་གི་ཡོན་ཏན་ཟླ་ཟེར་དྲི་མེད་ལྟར། །འཇིག་རྟེན་མ་ལུས་པ་ལ་བདེར་གྱུར་ཅིག །དབུགས་ཙམ་ཕྱུང་བ་རྣམས་ཀྱང་ཕ་རོལ་ལ། །བདེ་བ་དཔག་མེད་སྐྱེད་པར་བགྱིད་པར་ཤོག །ཤིན་ཏུ་ཕན་སུམ་ཚོགས་པ་མ་ལུས་པ། །མཐར་ཕྱིན་པ་ཡི་སངས་རྒྱས་ཉིད་ཐོབ་ནས། །དམ་པའི་སངས་རྒྱས་དེ་ཉིད་ཁོ་ན་ལ། །འགྲོ་བ་མ་ལུས་པ་ཡང་སྦྱར་བར་བགྱི། །དེ་ཡི་ཚེ་


DTG207_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ན་སུ་ཡི་སེམས་ལ་ཡང༌། །ཉེས་བྱས་ཕྲན་ཚོགས་ཙམ་ཡང་མི་འབྱུང་ལ། །སྐྱེ་བོ་གཞན་ལ་རྒྱུན་དུ་ཕན་བྱེད་ཅིང༌། །དགེ་བ་བཅུ་ཡི་ལམ་ལ་གནས་པར་ཤོག །སུ་ཡང་རུང་སྟེ་ངན་སོང་གནས་རྣམས་ནི། །རྨི་ལམ་ན་ཡང་མཐོང་བར་མི་འགྱུར་ཞིང༌། །ངན་འགྲོ་རྣམས་ཀྱི་གནས་ནི་མཐའ་དག་ཀྱང༌། །ལྷ་ཡི་འཇིག་རྟེན་བཞིན་དུ་དགའ་བར་ཤོག །ཇི་སྲིད་འཇིག་རྟེན་གསུམ་གྱི་མི་དགེ་བའི། །མཚོ་ཀླུང་དབུས་སུ་འགའ་ཞིག་ཆུད་ན་ཡང༌། །སངས་རྒྱས་བགྱི་བ་ཡོངས་སུ་མཐར་ཕྱིན་ཀྱང༌། །དེ་སྲིད་དེ་ཡི་ཆེད་དུ་བསྡད་པར་བགྱི། །བདག་ནི་མྱ་ངན་འདས་འགྲོ་སྟོན་པ་ན། །གསུང་རབ་རྣམས་ནི་འཁྲུག་པར་མི་འགྱུར་ཞིང༌། །དེ་ལ་འགའ་ཡང་སོམ་ཉིའི་དཔྱང་ཐག་ལ། །སྐད་ཅིག་ཙམ་ཡང་འཇུ་བར་མ་གྱུར་ཅིག །དེ་ལྟར་རྒྱལ་བའི་སྲས་ཀྱི་རྣམ་འཕྲུལ་ལ། །མངོན་དགས་བདག་གིས་དགེ་བ་བསྒྲུབས་པ་གང༌། །དེས་ནི་འགྲོ་བ་མ་ལུས་དེ་དག་གི །མ་ལུས་པར་ནི་ཐུན་མོང་འགྱུར་བར་ཤོག །སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་བ་གསུང་རབ་མཐའ་དག་ཆུབ་པར་བྱས་པ་སྟག་གིས་རང་ལ་བསྐྱོན་ཏེ་ནགས་ཁུང་དུ་ཕྱིན་པ་ན་སྙིང་རྗེས་གདུང་བའི་ཡིད་ཀྱིས་འགྲོ་བའི་དོན་སྒྲུབ་པའི་སྨོན་ལམ་བདུན་ཅུ་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨྨཱ་ཤྲཱི་པྲ་བྷཱ་དང༌། ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ།


DTG207_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀཱ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ལ་བརྟེན་ནས་སེམས་བསྐྱེད་པའི། །དྲི་མ་མེད་པའི་སྦྱིན་པ་ལ། །བརྟེན་ནས་ཡོན་བདག་ཉིད་གྲོལ་ཏེ། །དེ་ལ་ཡོན་བདག་མི་རེ་ཞིང༌། །འཇིག་རྟེན་རེ་བ་ཞི་བར་ཤོག །སྒོ་གསུམ་དྲི་མ་མེད་པ་ཡི། །ཚུལ་ཁྲིམས་རྒྱན་དང་ལྡན་པར་ཤོག །སྦྱིན་པ་འདི་ཡི་བྱིན་བརླབས་ཀྱིས། །རྟག་ཏུ་ལོངས་སྤྱོད་ལྡན་པར་ཤོག །ལོངས་སྤྱོད་དེ་ལ་མ་ཆགས་ཤིང༌། །སེམས་ཅན་ཀུན་ལ་སྙིང་རྗེ་བས། །སྟོང་པའི་སེམས་དང་ལྡན་པར་ཤོག །སྦྱིན་པ་འདི་ཡི་བྱིན་རླབས་ཀྱིས། །དུས་འདིར་བར་དུ་གཅོད་


DTG207_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །བགེགས་རྣམས་མ་ལུས་ཞི་གྱུར་ནས། །རྐྱེན་རྣམས་མ་ལུས་བཟློག་པ་ཤོག །བསྲུང་བར་གྱུར་པའི་ལྷ་རྣམས་ཀྱིས། །གཡེལ་བ་མེད་པར་བསྲུང་བར་ཤོག །ཡིད་ཆེས་རྟེན་དེ་འཕེལ་བར་ཤོག །འདི་དང་ཕྱི་མ་གཉིས་ཀར་ཡང༌། །མི་རྣམས་ཀུན་གྱིས་བཀུར་བར་ཤོག །ཤིན་ཏུ་ཕྲ་བར་གྱུར་བ་ཡི། །སྦྱིན་པ་ཤིན་ཏུ་ཆུང་གྱུར་ཀྱང༌། །སེམས་ཀྱིས་ཐོངས་པའི་སྦྱིན་པ་འདི། །དཔག་ཏུ་མེད་པ་འཕེལ་གྱུར་ཏེ། །བྱང་ཆུབ་ཐོབ་པའི་རྟེན་དུ་ཤོག །བླ་མེད་བྱང་ཆུབ་ཐོབ་གྱུར་ནས། །འགྲོ་བ་འདྲེན་པའི་དབང་དུ་ཤོག །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཀྱང་དེ་ལ་མ་ཆགས་ཤིང༌། །ཁེ་དང་རྙེད་པ་བཀུར་སྟི་དང༌། །འཇིག་རྟེན་སྙན་གྲགས་ཞི་བར་ཤོག །ཆགས་པ་མེད་པ་རྔམ་སེམས་ཀྱིས། །གཞན་ལ་རེ་བ་མེད་པར་ཤོག །ཕྱོགས་འཛིན་ངོ་བསྲུང་མེད་པར་ཤོག །བདག་གི་དགེ་བ་མཐར་ཕྱིན་ནས། །དྲི་མ་མེད་པའི་དགེ་བ་ཡིས། །གཞན་གྱིས་བསོད་ནམས་འཕེལ་ནུས་ཤོག །དྲི་མ་མེད་པས་ཀུན་དག་ཤོག །བརྗོད་པའི་སྟོབས་ཀྱིས་ཀུན་བྲལ་ཤོག །བདག་གཞན་དགེ་བ་མ་ཆད་པའི། །བར་ཆད་མེད་པའི་བརྩོན་འགྲུས་ཀྱིས། །བྱང་ཆུབ་འབྲས་བུ་ཐོབ་ནས་ཀྱང༌། །ངན་འགྲོ་དེ་ལ་དགོད་པ་དང༌། །ཐེག་པ་ཆུང་ངུར་སེམས་བསྐྱེད་ནས། །ཐེག་ཆེན་ས་ལ་འགོད་ནུས་ཤོག །སློབ་དཔོན་ཀཱ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ་རྫོགས་སོ། །

དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུངས་པའི་སྨོན་ལམ།


DTG207_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུངས་པའི་སྨོན་ལམ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ནི། །བདག་གིས་སྡིག་པ་ཅི་བགྱིས་དང༌། །སྔོན་གྱི་ཚེ་རབས་གཞན་དག་དང༌། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང༌། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་


DTG207_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང༌། །སྦྱིན་གནས་གང་ཡང་རུང་བ་དང༌། །དེ་ལས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིད་དང༌། །གང་ཡང་བགྱིད་དུ་སྩལ་བ་དང༌། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང༌། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གི་དེ་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱི། །སྲོག་ཆགས་སྡུག་བསྔལ་ཞི་བའི་ཕྱིར། །བདག་ཉིད་ཇི་སྲིད་འཚོའི་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང༌། །ཐར་པ་བདུད་རྩིའི་འབྲས་བུ་སྦྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང༌། །འདི་


DTG207_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གི་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང༌། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང༌། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང༌། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་ཏུ་སྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང༌། །བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡིས། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་གཞག་ནས་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་བ་དང༌། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ཀྱང་བྱ་བ་ཀུན་ནུས་ཤིང༌། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་ཡིས། །སེམས་ལྡན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུངས་པའི་སྨོན་ལམ་རྫོགས་སོ། །

སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ།
ཀླུ་སྒྲུབ།


DTG207_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་རཏྣ་རཱ་ཛ་ནཱ་མ། །བོད་སྐད་དུ། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་སྲིད་དུ་ནི་དུས་གསུམ་གྱི། །སེམས་ཅན་ཐམས་ཅད་མ་ཟད་པ། །དེ་སྲིད་སངས་རྒྱས་ཞིང་རྣམས་ནི། །རྡུལ་གྱིས་བྱུར་བུར་གང་བ་ཡི། །རྡུལ་རྣམས་རེ་རེ་དག་ལ་ཡང༌། །དེ་ཡི་རྡུལ་མཚུངས་ཞིང་གནས་པའི། །ཞིང་དང་ཞིང་གི་སངས་རྒྱས་ལ། །རྡུལ་དེའི་གྲངས་ཀྱིས་


DTG207_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམས་ཀྱི། །དེ་རྡུལ་སྙེད་དུ་ཕྱག་བྱས་ནས། །གཞན་ཡང་རྒྱལ་རྣམས་བསྟོད་བགྱིད་ཅིང༌། །རྡུལ་དེ་དང་མཉམ་བསྐལ་པ་རུ། །གནས་དེ་རྩེ་གཅིག་རྟག་མཆོད་ཤོག །སྲས་བཅས་སངས་རྒྱས་ཆོས་ལ་ཕྱག་བགྱི་ཞིང༌། །དེ་དག་རྣམས་ལ་རྟག་པར་སྐྱབས་སུ་མཆི། །ལུས་དང་ཡོངས་སུ་བཟུང་མེད་མེ་ཏོག་དང༌། །རིན་ཆེན་དེ་རྣམས་ལ་ཡང་རྟག་ཏུ་དབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས་བགྱི་ཞིང༌། །ཀུན་ནས་སྡིག་དང་རྣམ་པར་བྲལ་བར་བགྱི། །བསོད་ནམས་ཀུན་ལ་ཡི་རང་བདག་གིས་ནི། །དགེ་བས་འགྲོ་ཀུན་མཆོག་གི་བྱང་ཆུབ་གྱུར། །ཁྱད་འཕགས་དམ་ཆོས་རབ་སྟོན་དུས་ཀུན་དུ། །རྫོགས་སངས་རྒྱས་བཞུགས་དམ་བཅའ་འབྲས་བཅས་གྱུར། །རྒྱལ་བ་རྣམས་ལ་རྟག་ཏུ་མཆོད་བགྱི་ཞིང༌། །འགྲོ་ལ་ཕན་ཕྱིར་སངས་རྒྱས་རྒྱས་ཉིད་གྱུར་ཅིག །ཕྱོགས་བཅུ་ནམ་མཁའི་མཐས་ཀླས་པའི། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཆེད། །ཇི་ལྟར་འཇམ་དཔལ་སྤྱད་སྤྱོད་པ། །བདག་སྤྱོད་དེ་དང་འདྲ་གྱུར་ཅིག །ཤེས་རབ་ཟབ་མོ་ཉིད་དུ་གྱུར་བས་བདག །འཇམ་དཔལ་དང་ནི་མཚུངས་གྱུར་མཐའ་ཡས་པའི། །འགྲོ་ལ་ཉམ་ཐག་ཞི་བྱེད་བརྩེ་བ་ཡི། །ངང་ཚུལ་འཇིག་རྟེན་དབང་ཕྱུག་འདྲ་བར་ཤོག །ཀུན་ཏུ་བཟང་པོས་འགྲོ་བ་རྣམས་ཀྱི་ཡིད། །དགའ་བྱེད་ཀུན་ཏུ་བཟང་པོ་དང་འདྲ་ཞིང༌། །བྱམས་པ་ལེགས་པར་འཕེལ་ལས་བློ་གྲོས་ནི། །བྱམས་པ་ཇི་བཞིན་ཉིད་དུ་འགྱུར་བར་ཤོག །སྦྱིན་པས་ནམ་མཁའི་མཛོད་དང་ཚུལ་ཁྲིམས་ཀྱིས། །རྣམ་འཕྲུལ་བློ་གྲོས་མཚན་ཏེ་བཟོད་པ་དང༌། །གུས་པར་སྦྱོར་བས་བརྩོན་པའི་བརྩོན་འགྲུས་ཀྱིས། །གདུང་བས་འཕགས་པའི་བརྩོན་འགྲུས་བཞིན་གྱུར་ཅིག །བསམ་གཏན་གྱིས་ནི་རྣམ་པར་འགྱུར་བ་དང༌། །བྲལ་བའི་བློ་གྲོས་སྲིང་མོ་སྟོབས་དག་གིས། །ལག་ན་རྡོ་རྗེ་དང་མཚུངས་ཤཱཀྱ་ཐུབ། །སྟོན་པར་ཤེས་པ་རྡོར་སྙིང་འདྲ་བར་ཤོག །བདེ་བར་གཤེགས་པ་ཡོངས་སུ་དྲི་བ་ནི། །སྒྲིབ་པ་རྣམ་པར་སེལ་བ་བཞིན་གྱུར་ཏེ། །ལྷག་པའི་བསམ་པ་ཕུན་ཚོགས་བརྟན་པའི་བློ། །རྟག་ཏུ་


DTG207_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་བློ་གྲོས་ལྟ་བུར་ཤོག །རྫུ་འཕྲུལ་ཡང་ནི་གཞན་དུ་མི་འགྲོ་དང༌། །ཐབས་ལ་མཁས་པ་དྲི་མེད་གྲགས་དང་མཚུངས། །སེམས་ཅན་རྣམས་ལ་སྨན་དགེ་ཤིན་ཏུ་དགའ། །རྟག་པར་ཤིན་ཏུ་དགའ་བ་ལྟར་གྱུར་ཅིག །ཕ་རོལ་ཕྱིན་སོགས་རབ་ཏུ་འབྱེད་པ་ལ། །བློ་གྲོས་མི་ཟད་པ་དང་མཚུངས་གྱུར་ཅིང༌། །དཔག་མེད་ཕུན་ཚོགས་དབྱངས་ཀྱིས་ངེས་སྟོན་པ། །རྒྱུ་དང་མི་རྒྱུའི་བློ་ལྡན་ཇི་བཞིན་ཤོག །རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པ་ལ། །སྐྱོན་མེད་ཡིད་ནི་ནོར་བཟངས་ལྟ་བུ་དང༌། །དཔེ་མེད་ནམ་མཁའི་ཆོས་རྣམས་ཉེར་སྟོན་པ། །ནམ་མཁའི་སྙིང་པོ་ལྟ་བུར་བདག་གྱུར་ཅིག །ས་བཞིན་འགྲོ་བའི་ཉེར་འཚོར་གྱུར་པ་ལས། །འགྲོ་ལ་མཉམ་པར་ཕན་བྱེད་ས་སྙིང་དང༌། །སློང་བ་རྣམས་ཀྱི་སྡུག་བསྔལ་ཞི་ལ་བདག །རྟག་ཏུ་ཛམྦྷ་ལ་དང་འདྲ་བར་ཤོག །རིན་ཆེན་ཆོས་སྟོན་པ་ཡིས་མི་ངལ་བ། །བདག་ནི་ཆོས་འཕགས་ལྟ་བུར་འགྱུར་བ་དང༌། །ཤེས་རབ་ཕ་རོལ་ཕྱིན་པ་ཚོལ་བ་ལ། །བྱང་སེམས་རྟག་ཏུ་དུ་དང་མཚུངས་པར་ཤོག །གཞན་ཡང་ཡོངས་སུ་བསྔོ་བ་བདུན་དག་ལ། །མཁས་པ་རྡོ་རྗེ་རྒྱལ་མཚན་ལྟ་བུ་དང༌། །མ་ལུས་བདུན་རྣམས་ཡོངས་སུ་རྫོགས་པ་ལས། །རྟག་པར་རིང་བ་རྒྱལ་བ་བཞིན་གྱུར་ཅིག །དེ་ལྟར་ལྷག་པའི་བསམ་པས་ཡོན་ཏན་ཚོགས། །སྐྱོན་མེད་གྲགས་པ་དེ་དང་དེ་ལས་ནི། །སྲས་བཅས་རྒྱལ་རྣམས་རབ་ཏུ་དགྱེས་པ་དང༌། །འགྲོ་བ་ཐམས་ཅད་རྟག་ཏུ་ཞི་གྱུར་ཅིག །རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་རྣམས། །མངོན་པར་འདོད་ལས་ཡང་དག་དགེ་ཐོབ་པ། །ཤིན་ཏུ་འཕེལ་བ་དེ་ཡིས་མཐའ་ཡས་པའི། །འགྲོ་རྣམས་ཡོན་ཏན་ཚོགས་དེས་རབ་གནས་ཤོག །སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་སདྣ་ག་རའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང༌། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས། དཔལ་བསམ་ཡས་ལྷུན་གྲུབ་རྩེའི་ཕོ་བྲང་དུ་བསྒྱུར་བའོ། །

མཆོག་གི་སྤྱོད་པའི་སྨོན་ལམ།


DTG207_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་གྲ་ཙརྻ་པྲ་ཎི་དྷཱ་ན། བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེ་དགུ་ཀུན་ལ་སྨན་དང་བདེ་སླད་དུ། །ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་རྣམས་ལ་འདུད། །དེ་དག་ལ་ནི་བརྗོད་ཅིང་མཆོད་པར་བགྱི། །འགྲོ་ཀུན་བྱང་ཆུབ་ཕྱོགས་ལ་རེག་གྱུར་ཅིག །བྱམས་པ་དང་ན་འཇམ་དཔལ་མངའ་བདག་ཏོག །ཆོས་ཀྱི་བློ་གྲོས་དཔའ་བོ་བདུད་རྩི་གསུངས། །དཔའ་བོ་དེ་ལ་ཕྱག་འཚལ་མཁྱེན་པ་ལྟར། །དེ་བཞིན་བདག་ཀྱང་མི་དབང་རྣམས་ལ་འདུད། །ཐུགས་རྗེར་ལྡན་ཞིང་འཇིག་རྟེན་དོན་མཛད་པ། །རྒྱལ་བ་མི་མཁྱེན་མི་གཟིགས་མི་མངའ་བ། །མི་དབང་ཐུགས་བརྩེ་བྱམས་ལ་གནས་པ་ཡི། །རྒྱལ་བ་དེ་ཀུན་བདག་ལ་དགོངས་སུ་གསོལ། །སྔོན་གྱི་སྲིད་པ་དག་ཏུ་བདག་ཉིད་ཀྱིས། །སྡིག་པའི་ལས་རྣམས་གང་བགྱིས་བདག་གིས་བཤགས། །དེ་བཞིན་ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཤཱཀྱ་ཐུབ་དང་མི་འཁྲུགས་འོད་དཔག་མེད། །དེ་དག་གི་ནི་ཕྲིན་ལས་ཡོངས་རྫོགས་དང༌། །ཆགས་དང་བཤགས་པ་མཁྱེན་ཅིང་རྟོགས་གྱུར་ལྟར། །དེ་བཞིན་བདག་གིས་སྡིག་པ་བཤགས་པར་བགྱི། །ཐམས་ཅད་དགའ་མཛད་སྐྱེས་བུ་དམ་པ་དང༌། །བྱང་ཆུབ་བཞུགས་པ་ཀུན་ལ་གསོལ་བར་འཚལ། །ངན་སོང་བཞི་པོ་མྱུར་དུ་ཞི་གྱུར་ཅིག །མི་ཁོམ་འཇོམས་པར་བགྱིད་ཅིང་རྒྱུ་བར་ཤོག །སངས་རྒྱས་བཟང་སྤྱོད་དྲི་མེད་མངའ་བདག་དང༌། །དེ་བཞིན་ལྷུན་པོའི་དཔལ་དང་ཉི་མ་སྒྲོན། །དེ་དག་བསོད་ནམས་ཡི་རང་མཁྱེན་པ་ལྟར། །དེ་བཞིན་བདག་ཀྱང་བསོད་ནམས་རྗེ་ཡི་རང༌། །ཕྱོགས་བཅུ་དག་ན་སྦྱིན་པ་སྤྱོད་པ་གང༌། །དེ་བཞིན་ཏིང་འཛིན་ཚུལ་ཁྲིམས་སྤྱོད་རྣམས་དང༌། །ཤེས་རབ་བསྒོམ་དང་བསོད་ནམས་སྟོབས་ཀུན་ལ། །བྱང་ཆུབ་ཡོན་ཏན་དོན་དུ་ཡི་རང་ངོ༌། །རྒྱལ་བ་ཀུན་གྱི་ཡོན་ཏན་མཐའ་ཡས་དང༌། །ཆོས་བསྟན་བྱང་ཆུབ་འཇོག་བགྱིད་ཐམས་ཅད་ལ། །བྱང་ཆུབ་ཡོན་ཏན་དོན་དུ་ཡི་རང་ངོ༌། །འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །


DTG207_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྒྱལ་བ་གང་བཞུགས་ཀུན་ལ་བསྐུལ། །ཕྱོགས་བཅུ་དག་ན་བྱང་ཆུབ་རྙེད་པ་གང༌། །དེ་དག་ཇི་ལྟར་སངས་རྒྱས་གསོལ་བ་ལྟར། །རྒྱལ་རྣམས་བཞུགས་ཤིང་ཆོས་མཆོག་སྟོན་གྱུར་ཅིག །རྒྱལ་ཀུན་བསྐལ་པ་མང་པོར་བཞུགས་པར་ཤོག །འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །མི་རྣམས་ཐམས་ཅད་མཆོག་དང་བླ་མེད་པ། །འཇིག་རྟེན་སྒྲོན་མ་བདེ་གཤེགས་མྱུར་གྱུར་ཅིག །སངས་རྒྱས་རྣམས་ལ་ཕྱག་འཚལ་མཆོག་གང་དང༌། །ལས་དགེ་རྣམས་ལ་ཡི་རང་གང་ལགས་དང༌། །སྡིག་པའི་ལས་རྣམས་བཤགས་པ་གང་ལགས་དང༌། །རྒྱལ་བ་རྐང་གཉིས་དབང་རྣམས་མཐོང་གང་དང༌། །བདག་གིས་དགེ་བ་ཅུང་ཟད་ཅི་བགྱིས་པ། །ལུས་དང་ངག་དང་སེམས་ལས་བྱུང་བའང་རུང༌། །བདག་གིས་བགྱི་དང་བགྱིད་དང་བགྱིས་གྱུར་གང༌། །ཐམས་ཅད་སྐྱེ་དགུ་སྨན་སླད་སྩལ་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་མཁྱེན་ནས། །སྩལ་བ་ལེགས་པར་སྩལ་ཞིང་ལེགས་རྒྱས་པ། །དེ་བཞིན་བདག་གིས་སྐྱེ་དགུ་སྨན་སླད་སྩལ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །བདག་གིས་འགྲོ་ལ་སྩལ་བ་གང་ལགས་པའི། །བསོད་ནམས་འབྲས་བུ་བླ་མེད་ཅི་མཆིས་པ། །ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བར་བགྱི། །བདག་ལ་བྱང་ཆུབ་འབྲས་བུ་གྲུབ་པར་ཤོག །མཚུངས་པ་མ་མཆིས་ཀུན་ནས་སྒོ་མོ་རྣམས། །འགྲོ་བའི་དོན་དུ་བདག་ལ་མངོན་སུམ་ཤོག །འཇམ་དཔལ་གྱི་ནི་རྗེས་སུ་སློབ་བགྱིད་ཅིང༌། །བྱང་ཆུབ་སྤྱོད་པའི་སྨོན་ལམ་གདབ་པར་བགྱི། །མི་གཅིག་ཙམ་གྱི་ཆེད་དུ་མནར་མེད་པའི། །ཚོར་བ་ཐམས་ཅད་བདག་གིས་མྱོང་གྱུར་པར། །བསྐལ་བ་དུ་མར་བདག་ནི་སྤྲོ་བར་བགྱི། །འགྲོ་བ་ཐམས་ཅད་མྱ་ངན་མེད་པར་ཤོག །སེམས་དམྱལ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་དང༌། །དུད་འགྲོའི་གནས་རྣམས་མི་ཡི་སྡུག་བསྔལ་དང༌། །འགྲོ་བའི་སྡུག་བསྔལ་ཕུང་པོ་མཐའ་ཡས་དག །བདག་ལ་འབབ་གྱུར་འགྲོ་བ་བདེ་བར་ཤོག །རྒྱལ་བ་རྣམས་ཀྱི་ཞིང་ནི་རྣམ་དག་དང༌། །སེམས་ཅན་རྣམ་དག་ཡེ་ཤེས་རྣམ་དག་དང༌། །


DTG207_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་སྨོན་ལམ་མཐའ་ཡས་གང༌། །སྨོན་ལམ་དེ་ཀུན་བདག་ལ་གྲུབ་པར་ཤོག །བདག་གི་སྨོན་ལམ་ཉམས་པར་མ་གྱུར་ཅིག །བདག་ནི་ནམས་ཀྱང་སྐྱོ་བར་མི་འགྱུར་ཤོག །བྱང་ཆུབ་མཆོག་ནི་བདག་གིས་ཐོབ་བར་དུ། །བསྐལ་པ་དུ་མར་བདག་ནི་སྤྲོ་བར་ཤོག །མཆོག་གི་སྤྱོད་པའི་སྨོན་ལམ་རྫོགས་སོ། །

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྨོན་ལམ།


DTG207_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྨོན་ལམ་བཞུགས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཀློག་གི་དུས་སུ་སྨོན་ལམ་དུ་གསོལ་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་བསམ་གྱིས་མི་ཁྱབ་པ་དག་ན། སྟོན་པ་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས། ཞི་བ་ཆོས་ཀྱི་སྐུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པའི་ཆོས་ཀྱིས་བརྒྱན་པ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྟོན་པ་དམ་པའི་འདུ་ཤེས་ཀྱིས་གུས་པར་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ། །བསྟན་པ་བླ་ན་མེད་པ་དམ་པའི་ཆོས་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་རང་བཞིན་གྱིས་རྣམ་པར་གྲོལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། རྣམ་གྲངས་བྱིས་པ་ལྟ་བུའི་སྤྱོད་ཡུལ་དུ་མ་གྱུར་པ། དོན་དམ་པའི་ཆོས་དང༌། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་པའི་ཤུལ་ལམ་གྱི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་བསྡུས་པ་དང༌། བསྟན་པའི་ཆོས་སྐྱེས་བུ་ཆེན་པོའི་དཔལ་གྱི་མགུར་ནས་ལེགས་པར་གསུངས་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་ཞིང་ཚིག་འབྲུ་གསལ་བ། མངོན་པར་མཐོ་བ། ངེས་པར་ལེགས་པའི་ལམ་དུ་གྱུར་པ། མདོ་སྡེ་འདུལ་བ་མངོན་པ་བསྟན་བཅོས་ལ་སོགས་པ་དམ་པའི་ཆོས་ཡི་གེ་འབྲུ་གཉེར་གྱིས་བསྙད་པ་ཐམས་ཅད་ལ་བསྟན་པ་དམ་པའི་འདུ་ཤེས་ཀྱིས་གུས་པར་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ། །སྒྲུབ་པ་བླ་ན་མེད་པ། འཕགས་


DTG207_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་འདུན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ། ཕྱིར་མི་ལྡོག་པའི་སའི་གོ་འཕང་བརྙེས་པ། ས་ཆེན་པོ་ལ་རྟོགས་པའི་ཁྱད་པར་གྱིས་རིམ་པར་བཞུགས་པ། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས། འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་གྱུར་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་བརྩོན་པ་སྐུ་ཉམས་སུ་བཞེས་པ་རྣམས་དང༌། འཕགས་ཕ་རང་སངས་རྒྱས་རང་གི་ཤེས་རབ་ཀྱི་རྩལ་གྱིས་གོ་ཞིང༌། བསམ་གཏན་དང་ཏིང་ངེ་འཛིན་ལ་དབང་ཐོབ་པས་རྫུ་འཕྲུལ་གྱིས་དོན་མཛད་པ་རྣམས་དང༌། ཉན་ཐོས་དགྲ་བཅོམ་པ་གནས་བརྟན་ཆེན་པོ་མཆོག་བཅུ་དྲུག་ལ་སོགས་པ་དེ་བཞིན་གཤེགས་པའི་གསུངས་ལས་བྱུང་བའི་སྲས། ཆོས་ལས་སྐྱེས་པ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཆ་ལས་རྣམ་པར་གྲོལ་བ། ལྷ་དང་མིའི་འཇིག་རྟེན་ཀུན་གྱིས་མཆོད་ཅིང་ཕྱག་བྱ་བར་འོས་པ་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དང་མཆོད་གནས་དམ་པའི་འདུ་ཤེས་ཀྱིས་གུས་པར་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ། །ཁྱད་པར་དུ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་ལྷ་མོ་དང༌། སྲས་ཕྱོགས་བཅུའི་སངས་རྒྱས་དང༌། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འཁོར་མཐའ་ཡས་པ་དང་བཅས་པ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བའང་འཁོར་དང་བཅས་པ་དང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལུས་དང་ངག་དང་ཡིད་རབ་ཏུ་དང་བས་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་འཁོར་མཐའ་ཡས་པ་དང་བཅས་པ་ཕྱག་གི་གནས་བསོད་ནམས་ཐམས་ཅད་ཀྱི་དཔལ་གྱི་ཞིང་མཐུ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་བ་ཐམས་ཅད་ལ་བདག་མིང་འདི་ཞེས་བགྱི་བས་མཆོད་དོ། །བསྟོད་དོ། །བསྔགས་སོ། །ལུས་དབུལ་ལོ། །སྲོག་ཕྱོགས་སོ། །དཀོན་མཆོག་གསུམ་མཆོད་གནས་དེ་དག་ཐམས་


DTG207_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་མཆོད་པར་དབུལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་རྟོགས་པར་གྱུར་པ་རྣམས་ཀྱི་བྱིན་གྱི་རླབས་ལས་བྱུང་བ། གསེར་གྱི་པདྨ་འདབ་མ་སྟོང་དང༌། གཞན་ཡང་མཆོད་པ་བླ་ན་མེད་པ་དང༌། བླ་ན་མེད་པའི་ལྷའི་མེ་ཏོག་དང༌། ལྟའི་བདུག་སྤོས་དང༌། ལྷའི་ཕྲེང་བ་དང༌། ལྷའི་བྱུག་པ་དང༌། ལྷའི་ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བགྱིའོ། །བཀུར་སྟིར་བགྱིའོ། །ཕུ་དུད་དུ་བགྱིའོ། །མཆོད་པར་བགྱིའོ། །གཞན་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་གི་སི་ལམ་སྣ་ཚོགས་ཀྱིས་ཀུན་དུ་གང་བ་དང༌། དར་གྱི་ལྡ་ལྡི་དང༌། ཆུན་པོ་མང་པོ་ཀུན་དུ་བྲེས་པ་དང༌། སྣོད་སྣ་ཚོགས་ནས་བདུག་སྤོས་མང་པོ་འཐུལ་བ་དང༌། དཔག་བསམ་གྱི་ཤིང་མང་པོའི་ཡལ་གའི་རྩེ་མོ་གཡུར་ཟ་བ་དང༌། མེ་ཏོག་གི་ཤིང་དང༌། འབྲས་བུའི་ཤིང་དང༌། སྤོས་ཀྱི་ཤིང་དང༌། ཕྲེང་བའི་སྤོས་དང༌། བདུག་སྤོས་སྣ་ཚོགས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཀུན་ནས་གནས་པར་གྱུར་པ། བླ་ན་མ་མཆིས་པ་མཆོད་པར་འབུལ་གྱིས་བཞེས་སུ་གསོལ་ལོ། །ད་ལྟར་གྱི་མཆོད་པ་རྣམ་པ་ལྔ་ལ་སོགས་པ་དངོས་སུ་འབྱོར་པ་རྣམས་ཀྱང༌། ལྷ་དང་མིའི་མཆོད་པ་ཁྱད་པར་ཅན་རྒྱ་ཆེན་པོར་སྤྲུལ་པས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་རྣམས་མངོན་སུམ་དང་འདྲ་བར་དམིགས་ཏེ། མཆོད་པར་དབུལ་གྱིས་བཞེས་སུ་གསོལ་ལོ། །བདག་གིར་མཛད་དུ་གསོལ་ལོ། །ལོངས་སྤྱད་ནས་མཉེས་ཤིང་དབྱེས་པ་ཆེན་པོར་མཛད་དུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ། འཁོར་བ་ཐོག་མ་མཆིས་པ་ནས། ཡང་དག་པའི་དོན་མ་མཐོང་སྟེ། ཕྱིན་ཅི་ལོག་གིས་བསླད་ནས། སྡིག་པ་མི་དགེ་བའི་ལས་མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མེ་དགེ་


DTG207_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་སྤྱོད་པ་དང༌། འཕགས་པ་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤོང་བའི་ལས་བགྱིས་པ་དང༌། སེམས་ཅན་གཞན་ལ་གནོད་པའི་ལས་རྣམ་པ་མང་པོ་བགྱིས་པས། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་ཅིང༌། མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་པ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་སོ་འཚལ་ཐམས་ཅད་མི་འཆབ་མི་སྦེད་པར་གནོད་ཞིང་འགྱོད་པའི་སེམས་ཀྱིས་མ་ལུས་པར་མཐོལ་ཞིང་བཤགས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྒྱུ་དང་འབྲས་བུར་བཅས་པ། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་དགེ་བའི་རྩ་བར་གྱུར་པ། རྣམ་པར་དཀར་བའི་ཕྱོགས་ཐམས་ཅད་ལ་ཤིན་ཏུ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ༌། །དེ་བཞིན་གཤེགས་པ་གང་དག་དམ་པའི་ཆོས་བཙུན་པར་མཛད་པའི་སླད་དུ་ནང་དུ་ཡང་དག་འཇོག་ལ་གནས་ནས། ཆོས་ཀྱི་འཁོར་ལོ་མི་བསྐོར་ཞིང་བསྐུལ་བའི་ས་ལ་གཞེས་པ་དེ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བདེན་པ་བཞིའི་ཚུལ་དུ་བསྐོར་ནས་དམ་པའི་ཆོས་བདུད་རྩིའི་ཆར་དབབ་པར་བསྐུལ་ཞིང་གསོལ་ལོ། །བདེ་བར་གཤེགས་པ་གང་དག་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། འདུས་བྱས་ཐམས་ཅད་མི་རྟག་ཅིང༌། འབྱོར་པ་ཐམས་ཅད་རྒུད་པར་བསྟན་ཏེ། འཇིག་རྟེན་མི་རྟག་པར་བསྟན་པའི་སླད་དུ། རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། ཐབས་ཀྱིས་མྱ་ངན་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ལ་ཡང་ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་ཞིང༌། འཇིག་རྟེན་ན་ཡུན་རིང་པོར་བཞུགས་ནས། ལྷ་དང་མིའི་སྟོན་པ་དང༌། དགེ་བའི་བཤེས་གཉེན་དུ་བཞུགས་པར་གསོལ་བ་འདེབས་སོ། །དེ་བཞིན་གཤེགས་པ་གང་དག་གིས་སེམས་ཅན་མ་ལུས་པའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་དུས་ཐམས་ཅད་དང་གནས་ཐམས་ཅད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ལྟར་ཕྱག་


DTG207_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་གྱི་དགེ་བའི་རྩ་བ་དང༌། སྲུང་མ་ཐུགས་དམ་ཅན་མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འཁོར་མཐའ་ཡས་པ་དང་བཅས་པ། སངས་རྒྱས་མཐོང་བ། ཆོས་ཐོས་པ་བསྟན་པ་བསྲུང་བར་ཁས་བླངས་པ། ལྷའི་དགེ་བསྙེན་ཆེན་པོ་དེ་དག་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་རྒྱ་ཆེན་པོ་བསྟབས་ཤིང་ཕུལ་བ་དང༌། འགྲོ་བ་རིས་ཁམས་གསུམ་གྱིས་བསྡུས་པ། ལམ་རྒྱུད་ལྔར་འཁོར་ཞིང༌། འགྲོ་བ་རིས་དྲུག་ཏུ་སྐྱེ་གནས་རྣམ་པ་བཞི་ལས་སྐྱེས་པ། ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ། སེམས་ཅན་བསྡུ་བར་བསྡུས་པ་ཐམས་ཅད་ལ་ཡང་བསྡུ་བ་རྣམ་པ་བཞིས་བསྡུས་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོས་ཁྱབ་པར་བསྔོས་པ་དང༌། ཚེ་རབས་བརྒྱུད་པ་ནས་ལན་ཆགས་པར་གྱུར་པའི་བགེགས་རྣམས་ལ་ཡང༌། གནས་དང༌། དུས་དང༌། ལོངས་སྤྱོད་ཇི་ལྟར་འདོད་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བསྔོས་ཤིང་སྩལ་བ། དེ་ལྟ་བུའི་དགེ་བའི་རྩ་བ་དང༌། གཞན་ཡང་བདག་ཅག་གི་སྔ་སླད་དུ་དགེ་བའི་རྩ་བ་བགྱིས་སོ་འཚལ་གྱི་མཐུ་དང༌། ཁྱད་པར་དུ་ཡང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་ཏེ། ཤེས་རབ་རྣམ་གསུམ་གྱི་དོན་དུ་གསུངས་པའི་ཕྱོགས། གཡོ་སྒྱུ་མེད་པར་བྲིས་པ་དང༌། བཀླགས་ཤིང་སྟོན་པ་དང༌། མཆོད་ཅིང་རིམ་གྲོ་བགྱིས་པ་དང། རིག་སྔགས་དང༌། གསང་སྔགས་ཀྱི་མཐུ་དང༌། ལྷ་དང་དྲང་སྲོང་ལ་སོགས་པ་རིག་པ་འཛིན་པ་ཐམས་ཅད་ཀྱི་གཟི་བརྗིད་དང༌། བདེན་པའི་བྱིན་གྱི་རླབས་ཀྱིས། བདག་ཅག་གིས་མཆོད་པ་བཤམས་པའི་གནས་འདི། སྔོན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དུ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བསྟན་ཅིང་བཤད་པ་དེ་བཞིན་དུ། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པར་གྱུར་ཅིག །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།


DTG207_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་ཕུན་སུམ་ཚོགས་པ་དང་བཅས་པ། ཕོ་བྲང་གི་དཀྱིལ་འཁོར་རྣམ་པར་དག་པའི་གནས་འདིར་སྤྱན་དྲངས་ཏེ། མཆོད་པ་དང༌། བཀླགས་པ་དང༌། མདོ་སྡེ་དང༌། མི་མཉམ་པ་དང་མཉམ་པའི་གསང་སྔགས་ཀྱི་གཞུང་དང༌། དངོས་གྲུབ་ཀྱི་ཆོ་ག་དང༌། མཆོད་པ་ལ་སོགས་པའི་དབང་དང༌། བྱིན་གྱི་རླབས་ཀྱིས་བདག་ཅག་འཁོར་དང་བཅས་པ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚེ་རབས་གང་སྐྱེས་གང་གནས་ཀྱང༌། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ནི་བྱང༌། ངན་སོང་གསུམ་དང༌། མི་ཁོམ་བརྒྱད་ལ་སོགས་པ་སྡུག་བསྔལ་ཐམས་ཅད་ལས་ནི་ཡང་དག་པར་གྲོལ་ཞིང་ཐར་ཏེ། བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེས་ནས་འཕགས་པ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ། ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་ནས་བདག་གི་སྤྱི་བོར་བཞག་སྟེ། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་འདི་ཞེས་བགྱི་བར། སངས་རྒྱས་འདི་ལྟ་བུ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་མྱུར་དུ་ཐོབ་ནས། བླ་ན་མེད་པའི་སངས་རྒྱས་སུ་མྱུར་དུ་འགྲུབ་པར་གྱུར་ཅིག །སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་འཇིག་རྟེན་འདི་དག་ཏུ་ཡང༌། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། རིགས་རྒྱུད་རྒྱས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་བགེགས་བར་དུ་གཅོད་པ་ཅིས་ཀྱང་མི་ཚུགས་ཤིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཁྱད་པར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་སྤྱོད་རྣམ་པ་བཅུའི་སྒོ་ནས་ཚུལ་བཞིན་བགྱིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ན་ཡང༌། མདོར་བསྡུས་པ་བཅུ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་སྲས་སུ་དགོངས་ཤིང༌། བྱིན་གྱིས་རློབ་པར་འགྱུར་བ་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་སྲུང་མ་ཁྱད་པར་ཅན་རྣམས་ཀྱིས་བུ་བཞིན་དུ་སྐྱོང་བར་འགྱུར་བ་དང༌། ཚེ་དང་དབང་།ཕྱུག་ཕུན་སུམ་ཚོགས་པར་འགྱུར་བ་དང༌། བགེགས་དང་ལོག་འདྲེན་


DTG207_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གདོན་ཐམས་ཅད་ཀྱི་བསམ་སྦྱོར་ངན་པས་མི་ཚུགས་པ་དང༌། གཟའ་སྐར་དང་རྨི་ལྟས་ལ་སོགས་པའི་མཚན་མ་ངན་པ་ཐམས་ཅད་ཞི་བར་འགྱུར་བ་དང༌། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་འགྱུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་བོས་པ་བཞིན་དུ་འདུ་བར་འགྱུར་བ་དང༌། ཚེ་རབས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་སྐོལ་བར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་ཞལ་མངོན་སུམ་དུ་མཐོང་བ་དང༌། མཐར་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མཐའ་ཡས་ཤིང་རྨད་དུ་བྱུང་བ་རྣམས་བདག་ཅག་འཁོར་དང་བཅས་པ་ལ་སྨིན་ཅིང་གྲུབ་པར་གྱུར་ཅིག །ཁྱད་པར་དུ་ཡང་བོད་ཀྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་བཞུགས་པར་གྱུར་ཅིག །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞུགས་པའི་ཡུལ་ཕྱོགས་སུ་ཡང་ངན་སེམས་ཀྱི་འཁྲུགས་པ་མི་འབྱུང་བ་དང༌། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་དང༌། ལོ་ཕྱུག་རྟག་ཏུ་ལེགས། ཆར་ཆུ་དུས་སུ་ཕེབས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་དགེ་བ་སྤྱོད་པའི་བསམ་པ་བཟང་པོ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བའི་གང་ཟག་ལོག་སྲེད་ཅན་བསྟན་པ་གཞིག་པའི་ངན་སེམས་དང་ལྡན་པ་རྣམས་ནི་ཆུ་ཤིང་གི་རྩ་བ་བཞིན་དུ་གྱུར་ཅིག །དཀོན་མཆོག་གསུམ་ལ་དད་ཅིང་དམ་པའི་ཆོས་བསྲུང་བའི་བསམ་པ་བཟང་པོ་དང་ལྡན་པའི་གང་ཟག་རྣམས་ནི་ཚེ་རིང་ཞིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཀུན་ཏུ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང༌། །དུས་གསུམ་རྒྱལ་བའི་ཡུམ་གྱི་མཐུ་བྱིན་གྱིས། །གང་དང་གང་ན་ཇི་ལྟར་གནས་པ་ཡི། །སྒྲིབ་དང་སྡུག་བསྔལ་མ་ལུས་ཀུན་བསལ་ཏེ། །འཁོར་བའི་སྡུག་བསྔལ་མ་ལུས་རབ་བསྙིལ་ནས། །རྒྱུད་དྲུག་འགྲོ་བ་མ་ལུས་ཀུན་


DTG207_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་ཏེ། །ཀུན་ཏུ་བཟང་པོའི་སྤྱོད་པས་བསྒྲུབས་པའི་ཞིང༌། །རིན་ཆེན་མཛེས་པ་རྣམ་བཀོད་བདེ་བ་ཅན། །བདུད་རྩིའི་མཚོ་དང་དཔག་བསམ་ཤིང་དང་ལྡན། །དེར་འབྱུང་སྐལ་ལྡན་པདྨའི་མཆོག་ལས་སྐྱེས། །ཡིད་བཞིན་ཕུན་སུམ་ཚོགས་པ་འཕགས་པའི་ས། །རྣམ་དག་ཁྱད་པར་ཅན་གྱི་གནས་མཆོག་དེར། །ཐོགས་མེད་རྫུས་ཏེ་བདེ་བར་གཤེགས་གྱུར་ནས། །མཚན་ཙམ་ཐོས་པས་སྒྲིབ་པ་རྣམ་སེལ་བ། །རིན་ཆེན་འོད་འབར་སྐུ་མཆོག་འགྲོ་བའི་སྐྱབས། །ཚེ་དང་ལོངས་སྤྱོད་དཔག་མེད་སྦྱིན་པའི་གཙོ། །སྣང་བ་མཐའ་ཡས་འགྲོ་དོན་མངོན་སུམ་སྟེ། །དེ་ལས་མཆོག་ཐོབ་ལུང་བསྟེན་དབང་བསྐུར་ནས། །རྒྱལ་སྲས་གཉིས་དང་སྤྱོད་པའི་བློ་མཐུན་ཞིང༌། །ཕྱོགས་བཅུར་འགྲོ་ལ་ཕན་པའི་དོན་མཛད་ནས། །སྲིད་གསུམ་ཡོངས་ཀྱི་སྐྱབས་སུ་གྱུར་པར་ཤོག །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྨོན་ལམ་རྫོགས་སོ། །

འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་ཆེན་པོ་བཀླགས་པའི་ཆོས་ཀྱི་སྦྱིན་པའི་བསྔོ་བ།


DTG207_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་ཆེན་པོ་བཀླགས་པའི་ཆོས་ཀྱི་སྦྱིན་པའི་བསྔོ་བ་བཞུགས། འཕགས་པ་སྟོང་ཕྲག་བརྒྱ་བ་ལ་སོགས་པ་མདོ་སྡེ་ཆེན་པོ་བཀླགས་ནས། ཆོས་ཀྱི་སྦྱིན་པའི་བསྔོ་བ། དམ་ཆོས་གསུང་རབ་ཡིད་བཞིན་ནོར་བུ་འོད་འབར་བར། །ཡིད་དང་རིན་ཆེན་མང་པོ་སྣ་ཚོགས་འབྱུང་བའི་གནས། །མཁྱེན་བཞི་ཤེས་བཅུ་གང་ཆེན་མཚོ་དང་ལྡན་པ་ཡི། །ཆོས་རྗེ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། །ཆོས་མཛད་རང་རྒྱལ་ཉན་ཐོས་འཕགས་པ་ཐམས་ཅད་ལ། །ལུས་བཏུད་དད་པའི་སྤྱི་བོས་ཕྱག་འཚལ་མཆོད་པར་བགྱི། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཐུགས་རྗེས་སྙོམས་པའི་མར་དང་ཏིང་ངེ་འཛིན་སྙིང་པོ་ལས། །རྣམ་པར་དག་པའི་ཡེ་ཤེས་གསལ་བའི་མར་མེ་འབར། །འོད་བཟང་བདུད་རྩི་སྲིད་གསུམ་འཇིག་རྟེན་ཐམས་ཅད་ཁྱབ། །སྡུག་བསྔལ་ནད་སེལ་མི་ཤེས་མུན་པ་ཀུན་སེལ་བ། །དམ་ཆོས་མདོ་ཡི་སྡེ་ལ་གུས་པས་ཕྱག་འཚལ་ལོ། །དབྱངས་ཀྱིས་བསྙད་པའི་སྡེ་ལ་གུས་


DTG207_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་འཚལ་མཆོད། །དམ་ཆོས་ལུང་བསྟན་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཚིགས་སུ་བཅད་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཆེད་དུ་བརྗོད་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །དམ་ཆོས་གླེང་གཞིའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །འདི་ལྟར་འདས་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །སྐྱེས་པ་རབས་ཀྱི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཤིན་ཏུ་རྒྱས་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །རྨད་དུ་བྱུང་བའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །རྟོག་པ་བརྗོད་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །གཏན་ལ་དབབ་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །སྐྱེས་བུ་གང་གིས་གུས་པས་གང་ཞིག་གིས། །བློ་དང་ལྕེ་ལས་དམ་ཆོས་སྒྲོན་མ་འབར་བ་དང༌། །མདོ་སྡེའི་ཚིག་འབྲུ་བདུད་རྩི་ཐིགས་པ་འགའ་ཙམ་ཡང། །སུ་ཡི་སྙིང་དང་ལྕེ་ལ་སྣང་བར་བྱེད་པ་ཡི། །བློ་གསལ་ངག་བཟང་སྐྱེ་བོ་ཇི་སྙེད་བཞུགས་ཀུན་ལ། །དད་པའི་སེམས་ཀྱིས་རྗེས་སུ་ཡི་རང་ཕྱག་འཚལ་ནས། །ཆོས་བརྗོད་སེང་གེའི་སྒྲ་སྒྲོགས་ཆོས་ཀྱི་སྦྱིན་པ་འདི། །འཕགས་པ་ཆོས་ལ་མངའ་མཛད་ཚིག་ལ་དབང་བསྒྱུར་དང༌། །ཁྱུ་མཆོག་དགེ་སློང་རྒྱ་མཚོའི་རྒྱལ་ཚབ་ཇི་བཞིན་དུ། །ཚིག་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཐམས་ཅད་ཀྱིས། །འཇིག་རྟེན་སོ་སོའི་ཡིད་མཐུན་ཆོས་ཀྱི་ཆར་འབེབ་ཤོག །འདི་ལྟར་སྙིང་པོ་བྱང་ཆུབ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་དབྱིངས་གཞི་བྱེ་བྲག་མངོན་སུམ་དུ་ཤེས་པའི་སྤྲིན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དབང་བསྒྱུར་བ་ཐོབ་པ་རྣམས་ལ། གཞི་ཀུན་དུ་རྟེན་པའི་སྤྲིན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་ཆོས་ཆེན་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་རྣམས་ལ་སྒོ་ཀུན་ནས་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ལ་ཀུན་ནས་


DTG207_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ཚོགས་ཤིན་ཏུ་བརྟན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པ་རྣམས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་བྱེ་བྲག་ཤེས་པའི་རྡོ་རྗེ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སྔོན་གྱི་སྦྱོར་བ་དང་ལྡན་པ་རྣམས་ལ། འགྲོ་བ་ཡོངས་སུ་སྡུད་པས་ཀུན་ནས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཆེར་སྐྱེས་པ་རྣམས་ལ། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མངོན་སུམ་དུ་དམིགས་པའི་སྤྲིན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་སྤྱད་པ་རྣམས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་དང༌། གཞི་རབ་ཏུ་སྒྲོགས་པར་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ལ། སྙིང་རྗེ་ཆེན་པོའི་ཚུལ་དང་ཐབས་ཀྱི་སྙིང་པོའི་བྱེ་བྲག་གི་སྤྲིན་ཀུན་དུ་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ལ་དགའ་བར་བྱ་བའི་མཛོད་ཤིན་ཏུ་བརྩེགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཡང་དག་པ་ལ་མོས་པ་རྣམས་ལ། རྣམ་པར་ཐར་པ་མི་ཟད་པ་དང༌། དེ་བཞིན་གཤེགས་པའི་སྨོན་ལམ་གྱིས་དགའ་བར་བྱེད་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །གཟུགས་ན་སྤྱོད་པའི་སེམས་ཅན་རྣམས་ལ་གཞི་ཀུན་དུ་མི་ཟད་པའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །ཚངས་རིས་ཀྱི་ལྷ་རྣམས་ལ་ཚུལ་གྱི་རྒྱ་མཚོ་ཚད་མེད་པའི་འབྲུག་སྒྲའི་དབྱངས་ཞེས་བྱ་བའི་ཆོས་ཀྱི་སྤྲིན་


DTG207_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །དབང་བསྒྱུར་གྱི་ལྷ་རྣམས་ལ་སྟོབས་འབྱུང་བའི་ཆོས་ཀྱི་ཡོ་བྱད་མི་ཟད་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །བདུད་ཀྱི་རིགས་ཀྱི་ལྷ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཅན་ཡང་དག་པར་བསྒྲུབས་པའི་དབྱངས་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །འཕྲུལ་དགའི་ལྷ་རྣམས་ལ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ལ་བརྩོན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །དགའ་ལྡན་གྱི་ལྷ་རྣམས་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །མཚེ་མའི་ལྷ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་སུ་དེ་བཞིན་གཤེགས་པ་མཐོང་ན་དགའ་བའི་ཤུགས་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་འགྱུར་ཅིག །གནོད་སྦྱིན་གྱི་དབང་པོའི་གནས་སུ་ཆོས་ཀྱི་དབྱིངས་ནམ་མཁའ་ལ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པས་རྒྱས་པར་འགེངས་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །དྲི་ཟའི་དབང་པོའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཡང་དག་པར་འགྲོ་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །ལྷ་མ་ཡིན་གྱི་དབང་པོའི་གནས་སུ་ཡེ་ཤེས་ཚུལ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །མིའི་གནས་སུ་འགྲོ་བ་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཡེ་ཤེས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །སེམས་ཅན་དམྱལ་བའི་འཇིག་རྟེན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དབྱངས་དང༌། འཕགས་པའི་ལམ་གྱི་ཚིག་གི་རྒྱུད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་


DTG207_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བྱོལ་སོང་གི་སྐྱེ་གནས་སུ་ལས་ཀྱི་ལམ་ཁ་ན་མ་ཐོ་བའི་མེད་པ་ལ་ནན་ཏན་དུ་བྱ་བའི་དབྱངས་དང༌། དེ་བཞིན་གཤེགས་པ་རྗེས་སུ་དྲན་པའི་སྤྲིན་གྱི་དཀྱིལ་འཁོར་གྱི་ལྷུན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །གཤིན་རྗེའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི་གཏོང་བས་སེམས་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །སེམས་ཅན་ལོག་པར་ལྟུང་བ་རྣམས་ལ་སྡུག་བསྔལ་ཐམས་ཅད་ཞི་བར་རབ་ཏུ་ཐོབ་པའི་དབུགས་དབྱུང་བའི་དབྱངས་ཀྱི་ང་རོ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་དུ་མཆོད་པ་རྒྱ་མཚོའི་སྤྲིན་རྟག་པར་འབྱུང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པའི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། ཕྱོགས་བཅུ་ནས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ནི་བསྐྱེད་པར་གྱུར་ཅིག །སེམས་བསྐྱེད་པ་རྣམས་ནི་སླར་ལྡོག་པའི་ས་ཐོབ་པར་གྱུར་ཅིག །སླར་ལྡོག་པའི་ས་ཐོབ་པ་རྣམས་ནི་སླར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག །སླར་མི་ལྡོག་པའི་ས་ཐོབ་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཐོབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་སྒོར་གཞོལ་ཞིང་འབབ་པར་ཤོག་ཅིག །འཇིག་རྟེན་སྐྱོང་བ་ཚངས་པ་དང༌། བརྒྱ་བྱིན་གྱི་གྲོགས་སུ་གྱུར་ཅིག །ལྷ་མ་ཡིན་གྱི་དགྲ་ལས་རྒྱལ་བ་དང༌། སོ་སོའི་རྣམ་པར་ཐར་པའི་སྒོ་ཀུན་ཡོངས་སུ་རྫོགས་པར་གྱུར་ཅིག །ལོངས་སྤྱོད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག །རྒྱལ་པོ་ཆེན་པོ་བཞི་གྲོགས་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་


DTG207_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང༌། ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག །འཇིག་རྟེན་སྐྱོང་བ་ཉི་ཤུ་རྩ་བརྒྱད་དང༌། བློན་པོ་སུམ་ཅུ་རྩ་གཉིས་ཀྱི་གྲོགས་སུ་གྱུར་ཏེ། ལྷ་སོ་སོའི་རྣམ་པར་ཐར་བའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང༌། ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག །གཙུག་ལག་ཁང་གི་བདག་པོ་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་བའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང་ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག །འབྱུང་བ་ཆེན་པོ་བཞི་དང༌། ལོ་ཏོག་གི་ལྷ་དང༌། སྨན་གྱི་ལྷ་ལ་སོགས་པ་མི་དང་མི་མ་ཡིན་པའི་རིས་ན། འཇིག་རྟེན་སྐྱོང་བ་ཇི་སྙེད་བཞུགས་པའི་གྲོགས་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་བའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང་ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུ་ཐུན་མོང་དུ་བསྔོས་པའི་ཆོས་ཀྱི་སྦྱིན་པ་འདིས་ལྷའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་སྟེ། ལྷའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །མིའི་རིས་ཐམས་ཅད་དུ་ཁྱབ་སྟེ་མིའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །ཀླུའི་རིས་ཐམས་ཅད་དུ་ཁྱབ་སྟེ་ཀླུའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །གནོད་སྦྱིན་གྱི་རིས་ཐམས་ཅད་དུ་ཁྱབ་སྟེ་གནོད་སྦྱིན་གྱི་རིས་དགེ་ཞིང་སྐྱིད་པར་ཤོག་ཅིག །དྲི་ཟའི་རིས་ཐམས་ཅད་དུ་ཁྱབ་སྟེ་དྲི་ཟའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་ཁྱབ་སྟེ་ལྷ་མ་ཡིན་གྱི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །གཤིན་རྗེའི་རིས་ཐམས་ཅད་དུ་ཁྱབ་སྟེ་གཤིན་རྗེའི་འཇིག་རྟེན་དུ་དགེ་ཞིང་སྐྱིད་པར་ཤོག་ཅིག །དེ་བཞིན་དུ་མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ནམ་མཁའ་ལྡིང་དང༌། གྲུལ་བུམ་དང༌། སྲིན་པོའི་རིས་ཐམས་ཅད་དུ་ཁྱབ་སྟེ་སོ་སོའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །བྱོལ་སོང་གི་རིས་ཐམས་ཅད་དུ་ཁྱབ་སྟེ་བྱོལ་དོང་གི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །དབང་པོ་གསལ་བར་གྱུར་ཅིག །ཡི་དྭགས་ཀྱི་རིས་ཐམས་ཅད་དུ་ཁྱབ་སྟེ་རི་དགས་ཀྱི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །དམྱལ་བའི་རིས་ཐམས་ཅད་དུ་ཁྱབ་སྟེ་དམྱལ་བའི་


DTG207_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག །སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ་ཁྱབ་སྟེ་སའི་བདག་པོ་ཐམས་ཅད་དགྱེས་ཤིང་ཞི་ནས་ཕན་འདོགས་པའི་སྤྲིན་ཆེན་པོ་དུས་དུས་སུ་འདུ། འབྲུག་སྒྲ་དུས་དུས་སུ་སྒྲོགས་ཤིང༌། ཆར་ཆུ་དུས་སུ་འབབ་སྟེ། ལོ་ཏོག་སྐྱེ་འཁྲུངས་དུས་སུ་སྨིན་ཅིང་འཕེལ་བར་ཤོག་ཅིག །སངས་རྒྱས་ཀྱི་བསྟན་པ་ལ་ཁྱབ་སྟེ་གནས་ཐམས་ཅད་དང་དུས་ཐམས་ཅད་དུ་དམ་པའི་ཆོས་རྣམ་པ་ཐམས་ཅད་དུ་ཀུན་དུ་རྒྱས་ཤིང་རྫོགས་པར་ཤོག་ཅིག །ཡོན་ཏན་ཐམས་ཅད་ཀྱི་རིས་སུ་ཁྱབ་སྟེ་ལེགས་པའི་ཡོན་ཏན་ཐམས་ཅད་རྒྱས་ཤིང་འཕེལ་བ་དང༌། ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་ཞི་ནས་ཡིད་ལ་བསམས་ཤིང་བཟང་པོར་སྨོན་ལམ་ཐམས་ཅད་འགྲུབ་པར་ཤོག་ཅིག །བསམ་པ་མྱུར་དུ་འགྲུབ་པར་ཤོག་ཅིག །

ཆོས་ཀྱི་སྦྱིན་པའི་བསྔོ་བ།
དགོངས་པ་རབ་གསལ།


DTG207_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྦྱིན་པའི་བསྔོ་བ་བཞུགས། རྐང་གཉིས་མཆོག་གྱུར་རྒྱལ་བ་སྲས་བཅས་དང༌། །ཆགས་སྡང་བྲལ་བའི་དམ་ཆོས་བདུད་རྩི་དང༌། །སྡུག་བསྔལ་ཚོགས་བསལ་དགེ་འདུན་ཚོགས་རྣམས་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ལུས་ཀྱི་གུས་བཅས་བསྟི་སྟང་རབ་བསྒྲུབས་ཏེ། །དད་སེམས་འདུན་བཅས་རྟོག་ལྡན་བསལ་འགྱུར་ལ། །ཡོན་ཏན་བསྔགས་པ་མཐའ་ཡས་རབ་བརྗོད་དེ། །མགོན་པོ་སྲས་བཅས་བདག་གིས་རབ་ཏུ་བསྟན། །མེ་ཏོག་ཕྲེང་བ་སིལ་སྙན་མཆོག་རྣམས་དང༌། །བྱུག་པ་གདུགས་དང་མར་མེ་བདུག་སྤོས་རྣམས་ཤིན་ཏུ་དང་བའི་སེམས་ཀྱིས་དབུལ་བར་བགྱི། །རིན་ཆེན་ན་བཟའ་རྣམ་པ་སྣ་ཚོགས་དང༌། །གདུགས་དང་བླ་རེ་ཕོ་བྲང་གདན་ལ་སོགས། །ཁྱད་པར་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀུན། །ཐབས་མཁས་ཀུན་རྫོབ་བྱང་ཆུབ་སེམས་ཡིན་ཏེ། །འགྲོ་བའི་དོན་དུ་དད་པས་བདག་འབུལ་གྱིས། །ཐུགས་བརྩེར་དགོངས་ནས་འདི་དག་བཞེས་སུ་གསོལ། །གཉིས་མེད་མཐའ་བྲལ་དོན་དམ་བྱང་ཆུབ་སེམས། །བསྔོ་དང་བསྔོ་བྱ་ནམ་མཁའི་དབྱིངས་འདྲ་ཡང༌། །སྔོན་སྤྱོད་རྒྱལ་སྲས་བསྔོ་མཛད་ཇི་བཞིན་དུ། །ཤེས་རབ་རྩལ་


DTG207_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདག་གིས་བསྔོ་བར་བགྱི། །ཕྱོགས་དུས་ཀུན་གྱི་རྒྱལ་བ་སྲས་བཅས་དང༌། །དམ་ཆོས་བསྲུང་བར་ཉིད་ཀྱིས་ཞལ་འཆེས་པའི། །ཆངས་རིས་ཚངས་བཅས་འོག་མིན་ལྷ་ལ་སོགས། །གཞན་འཕྲུལ་འཕྲུལ་དགའ་དགའ་ལྡན་འཐབ་བྲལ་དང། །བརྒྱ་བྱིན་ཉེ་དབང་རྒྱལ་ཆེན་ཕྱོགས་སྐྱོང་བཅས། །ས་འོག་ས་སྟེང་ནམ་མཁའ་བར་སྣང་བཅས། །བསོད་ནམས་ཚོགས་ལྡན་ལྷ་ཚོགས་མང་པོ་ཀུན། །ཐུགས་བརྩེར་དགོངས་ནས་དབང་པོ་མཛད་དུ་གསོལ། །ཁྱེད་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ནི། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཐོག་མ་མེད་ནས་སྐྱེ་བ་འདི་བར་དུ། །བདག་འཛིན་སྒྱུ་མཁན་ལོག་པའི་སེམས་བརྒྱུད་ནས། །ཉོན་མོངས་དྲུག་དང་ཉེ་བ་ཉི་ཤུ་ཡི། །དབང་དུ་གྱུར་ནས་སྡིག་པའི་ལས་བྱས་པའི། །མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་མི་ཁོམ་བརྒྱད་ལ་སོགས། །བྱ་བར་མ་འོས་བདག་གིས་བགྱིས་པ་དང༌། །སྡིག་པའི་གྲོགས་ལྡན་གཞན་གྱི་རྐྱེན་སོང་ནས། །བདུད་རྩི་སྤངས་ནས་དུག་འཐུངས་ཇི་བཞིན་དུ། །ཡང་དག་ལྟ་སྤྱོད་དམ་ཚིག་སྤངས་ནས་ནི། །ལོག་པའི་ལྟ་སྤྱོད་དམ་ཚིག་མཆོག་བཟུང་ནས། །སྡིག་པའི་ཉོན་མོངས་རྒྱ་མཚོ་ཚུལ་འདྲ་ལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །རང་གིས་བགྱིས་དང་བགྱིད་དུ་སྩལ་བ་དང༌། བགྱིད་པར་བྱེད་ལ་རྗེས་སུ་ཡི་རང་བས། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་ནི། །འབྲས་བུ་སྡུག་བསྔལ་ཉམས་སུ་མྱོང་གྱུར་ཀུན། །དང་སེམས་བརྩོན་པས་རབ་ཏུ་བཤགས་གྱུར་པས། །མྱོང་བར་མ་གྱུར་སྨིན་པར་མ་གྱུར་ཅིག །དེང་ནས་བཟུང་ནས་མ་འོངས་དུས་སུ་ཡང༌། །རྐྱེན་དུ་མི་འཚམ་སྡིག་པའི་ལས་རྣམས་ཀུན། །ནམ་ཡང་མི་བགྱིད་མང་དུ་བཅས་པས་ན། །འཕགས་པའི་འཁོར་ཚོགས་ཐུགས་རྗེ་ཆེ་རྣམས་ཀྱིས། །ཚངས་པར་སྩལ་ནས་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་སྙིང་པོ་མྱུར་དུ་འགྲོད་པ་དང༌། །འགྲོ་བ་མ་ལུས་བྱང་ཆུབ་བསྒྲལ་བའི་ཕྱིར། །དང་བའི་སེམས་ཀྱིས་


DTG207_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བསྔོ་བ་ནི། །ཐོག་མ་མེད་ནས་ད་ལྟའི་དུས་བར་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཤེས་རབ་གཉིས་མེད་ངེས་པའི་ཚུལ་རྟོགས་ཤིང༌། །ཐབས་མཁས་སྙིང་རྗེ་སྐུ་གསུང་ཐུགས་དང་ནི། །སྐུ་གསུམ་འཕྲོ་འདུ་ཕྲིན་ལས་རྣམ་བཞི་ཡིས། །སྙིང་རྗེ་བསྐྱེད་ནས་དགེ་བ་ཅི་བསགས་དང༌། །སྐུ་གསུང་ཐུགས་ཀྱི་མཚན་མ་བྲིས་པ་དང༌། །བླ་ན་ཡོད་མེད་མཆོད་པ་རྒྱ་ཆེན་དང༌། །མཆོད་གནས་སྦྱིན་གནས་སྦྱིན་པ་རྣམ་གཉིས་དང༌། །ཉན་དང་ལེན་དང་དེ་བཞིན་ཀླག་པ་དང༌། ཁ་ཏོན་དག་དང་ཅི་རིགས་བཤད་པ་དང། །ཚུལ་བཞིན་སེམས་དང་བསྒོམ་པས་མཐར་ཕྱུང་དང༌། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། བསམ་གཏན་ཤེས་རབ་ཐབས་དང་སྟོབས་དང་ནི། །སྨོན་ལམ་དང་ནི་དེ་བཞིན་ཡེ་ཤེས་དང༌། །རྣམ་པར་དག་པའི་ཕུང་པོ་ལྔ་དང་ནི། །དྲན་དང་བརྩོན་འགྲུས་རྫུ་འཕྲུལ་རྐང་པ་དང༌། །དབང་སྟོབས་ཡན་ལག་འཕགས་པའི་ལམ་རྣམས་དང༌། །ཕྱི་ནང་རྟེན་འབྲེལ་རྒྱུ་འབྲས་ཕྱེ་བ་དང༌། །གཟུངས་དང་ཏིང་འཛིན་སྟོབས་དང་མི་འཇིགས་དང༌། །མ་འདྲེས་ཆོས་དང་རྣམ་པ་ཀུན་མཁྱེན་དང༌། །ཐབས་དང་ཤེས་རབ་བདེན་གཉིས་བདེན་བཞི་དང༌། །སྙོམས་པར་འཇུག་དགུ་ཟད་པ་བཅུ་དག་དང༌། །རྣམ་ཐར་བརྒྱད་དང་རྣམ་ཐར་གསུམ་དག་དང༌། །བསམ་གཏན་བརྒྱད་དང་དགེ་བ་བཅུ་ལ་སོགས། །དེ་ལ་སོགས་ཏེ་དགེ་བ་ཇི་སྙེད་རྣམས། །རྒྱལ་བ་སྲས་དང་བཅས་པས་རབ་བསྔགས་པ། །སྐྱེས་བུ་དམ་པ་རྣམས་ཀྱིས་བགྲོད་པའི་ལམ། །ཉེ་ལམ་དམ་པ་ཤིན་ཏུ་མཆོག་གྱུར་པ། །བདག་གིས་བསྒྲུབས་དང་སྒྲུབ་ཏུ་སྩལ་བ་དང༌། །སྒྲུབ་པར་བྱེད་ལ་རྗེས་སུ་ཡི་རང་བས། །དགེ་བའི་རྩ་བ་བདག་གིས་ཅི་བསགས་པ། །སྐལ་བ་མཉམ་པས་རིགས་ཀྱི་བུ་མཆོག་རྣམས། །བསམ་པ་དག་པས་བརྩོན་འགྲུས་རབ་བསྐྱེད་ནས། །བྱང་ཆུབ་བསྒྲུབ་ཕྱིར་དགེ་བ་ཅི་བསགས་དང༌། །ཕྱོགས་དུས་ཀུན་གྱི་རྒྱལ་བ་སྲས་བཅས་པས། །དང་པོར་ཐུགས་བསྐྱེད་དམ་ཆོས་


DTG207_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བགྱི། །དགེ་བའི་ཡོན་ཏན་ཁྱད་པར་ཅི་མཛད་དང༌། །མཐའ་ཡས་མུ་མེད་འཇིག་རྟེན་རབ་འབྱམ་ན། །འགྲོ་དྲུག་སེམས་ཅན་མ་ལུས་ཇི་སྙེད་པ། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །དགེ་བའི་ཡོན་ཏན་ཁྱད་པར་ཅི་བསགས་པ། །ཐབས་མཁས་བཅས་པའི་སྙིང་རྗེ་ཆེར་བསྐྱེད་ནས། །འགྲོ་བའི་དོན་དུ་དགེ་བ་བསྔོ་བ་ནི། །རྒྱལ་བ་རྒྱ་མཚོ་ཚོགས་ཀྱི་དཀྱིལ་འཁོར་དུ། །རྒྱན་དང་ལོངས་སྤྱོད་མཆོག་གིས་ཀླུབས་གྱུར་ཅིག །ཕྱོགས་དུས་ཀུན་ན་བཞུགས་པའི་རྒྱལ་བའི་སྲས། །ས་བཅུ་རྒྱལ་ཚབ་སྲིད་པ་ཐ་མ་པ། །ཤེས་བྱ་བག་ཆགས་རྩ་ནས་བསལ་ནས་སུ། །བྱང་ཆུབ་སྙིང་པོ་ཤིན་ཏུ་ཉམས་དགའ་བར། །རྡོ་རྗེའི་གདན་མཆོག་མྱུར་དུ་མནན་ནས་ཀྱང༌། །བདུད་རྣམས་སྡེར་བཅས་ཤིན་ཏུ་ཕམ་མཛད་ནས། །ཞིང་གི་རྡུལ་སྙེད་མྱ་ངན་མི་འདའ་བར། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་གྱུར་ཅིག །ཚོགས་ཀྱི་ལམ་རྟགས་བཅུ་གསུམ་རྫོགས་མཛད་པའི། །སྐྱེས་བུ་དམ་པ་དད་པ་ཐོབ་པ་དང༌། །ངེས་འབྱེད་ཡན་ལག་ཏིང་འཛིན་བཞི་སྦྱངས་ནས། །སྦྱོར་བའི་ས་གཞི་ངེས་པར་གནོན་པ་དང༌། །དང་པོ་ཐོབ་ནས་དགུ་ལ་ཐུག་པར་བགྱི། །སྐྱེས་མཆོག་དམ་པ་ཐུགས་རྗེ་མངའ་རྣམས་ཀྱིས། །བརྩོན་འགྲུས་དྲག་པོའི་མེ་ཆེན་སྦར་ནས་སུ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོ་ཡིས། །འོག་མིན་སྐྱོན་རྣམས་མྱུར་དུ་བསལ་ནས་ཀྱང༌། །ཀུན་གྱིས་མཐུན་པར་བྱང་ཆུབ་ཐོབ་པར་ཤོག །མ་ནོར་ཚུལ་བཞིན་དགེ་བ་འདི་བསྔོས་པར། །ཚོགས་དང་བསེ་རུ་ལྟ་བུའི་རང་རྒྱལ་རྣམས། །རྒྱུ་རྐྱེན་རྟེན་འབྲེལ་ཏིང་འཛིན་སྦྱངས་ནས་སུ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་བརྙེས་ནས། །འགྲོ་བ་མ་ལུས་ཐབས་ཀྱིས་སྒྲོལ་མཛད་ཅིང༌། །ས་བཅུའི་ཡོན་ཏན་ལྷུན་གྱིས་རྫོགས་གྱུར་ཅིག །དགེ་བཤེས་དམ་པའི་དྲིན་ལ་རབ་གནས་ཤིང༌། །དབང་པོ་སྐྱོན་མེད་འདུན་དང་བཅས་པའི་ཕྱིར། །ཉན་ཐོས་ཤེས་པའི་ཐ་སྙད་ལྡན་པ་རྣམས། །ཆོས་ལ་བདག་འཛིན་ཏིང་འཛིན་སྦྱངས་ནས་སུ། །ཐེག་པ་ཆེན་པོའི་སེམས་ལ་གཞོལ་


DTG207_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །དགེ་བའི་རྩ་བ་ཚུལ་བཞིན་བསྔོས་པ་འདིས། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང༌། །ཅི་ཡང་མེད་དང་སྲིད་པའི་རྩེ་མོ་པ། །བདག་དང་བཅས་པའི་ཏིང་འཛིན་སྦྱངས་ནས་སུ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །བསམ་གཏན་བཞི་གསུམ་བཅུ་གཉིས་ལ་སོགས་ཏེ། །གཟུགས་ཁམས་ལྷ་ཚོགས་མང་པོ་ཐམས་ཅད་ཀུན། །བདག་འཛིན་སྒྱུ་མཁན་དེ་དག་བསལ་ནས་ཀྱང༌། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །གཞན་འཕྲུལ་འཕྲུལ་དགའ་དགའ་ལྡན་འཐབ་བྲལ་དང༌། །སུམ་ཅུ་གསུམ་པ་རྒྱལ་ཆེན་ས་བླ་བ། །འདོད་ཁམས་རིས་དྲུག་ལྷ་ཚོགས་ཐམས་ཅད་ཀུན། །དགེ་བཅུ་དཔག་མེད་ཡོན་ཏན་བསྒྲུབས་ནས་སུ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །ལྷ་མ་ཡིན་གྱི་རིས་སུ་གཏོགས་པ་རྣམས། །ང་རྒྱལ་ཕྲག་དོག་དུག་རྣམས་སྤངས་ནས་སུ། །བྱང་ཆུབ་གསུམ་གྱི་གོ་འཕང་ཐོབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །གླིང་ན་གནས་པའི་མི་རྣམས་ཐམས་ཅད་ཀུན། །སྡུག་བསྔལ་དུག་གསུམ་སྐྱོན་རྣམས་རབ་སྤངས་ནས། །བྱང་ཆུབ་མཆོག་ཏུ་སྔོན་སེམས་བསྐྱེད་པ་རྣམས། །སེམས་དེ་རྒྱས་ཤིང་ཡོན་ཏན་རྫོགས་གྱུར་ནས། །སྔོན་ཆད་ནམ་ཡང་དད་སེམས་མ་སྐྱེད་པ། །དད་དང་མོས་པའི་སེམས་སུ་གྱུར་ནས་སུ། །ལུས་ངག་ཡིད་ཀྱིས་བརྩོན་འགྲུས་བསྐྱེད་ནས་ནི། །བྱང་ཆུབ་སྒྲུབ་ལ་སོམ་ཉི་མེད་པར་ཤོག །གཞན་ཡང་ཕྲན་ཚེགས་སྡུག་བསྔལ་འདི་དག་ཀྱང༌། །ནམ་ཡང་མི་འབྱུང་བྱུང་ཡང་ཞི་བར་ཤོག །ལོང་བས་གཟུགས་མཐོང་འོན་པས་སྒྲ་ཐོས་ཤིང༌། །དག་པས་སྨྲ་ཤེས་སྨྱོན་པས་དྲན་རྙེད་ཤོག་།ཞ་བོ་རྣམས་ཀྱང་དེ་བཞིན་རངས་པ་དང༌། །ནད་པ་རྣམས་ཀྱང་མྱུར་དུ་སོས་པར་ཤོག །དབུལ་པོ་རྣམས་ཀྱིས་རྟག་ཏུ་ནོར་རྙེད་ཤོག །བཀྲེས་སྐོམ་རྣམས་ཀྱིས་ཟས་སྐོམ་རྙེད་པར་ཤོག །གོས་མེད་རྣམས་ཀྱང་གོས་དང་ལྡན་པ་དང༌། དེ་ལ་སོགས་པ་ཕོངས་པའི་སྡུག་བསྔལ་


DTG207_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཐམས་ཅད་བསལ་ནས་སྒྲ་མི་སྙན་བཞིན་དུ། །བདེ་བ་ཀུན་གྱིས་ཀུན་དུ་རྒྱས་ནས་ཀྱང༌། །བསོད་ནམས་འབྲས་བུ་རྟག་ཏུ་གྲུབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །མཐའ་ཡས་འཇིག་རྟེན་ཁམས་ཀྱི་བྱོལ་སོང་རྣམས། །གླེན་ཞིང་གཏི་མུག་པར་ནི་གྱུར་པ་དང༌། །གཅིག་ལ་གཅིག་ནི་གནོད་པའི་སྡུག་བསྔལ་རྣམས། །མྱུར་དུ་བསལ་ནས་ལྷ་མི་ཐོབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །ཕྱོགས་བཅུ་འཇིག་རྟེན་ཁམས་ཀྱི་ཡི་དྭགས་རྣམས། །བཀྲེས་སྐོམ་སྡུག་བསྔལ་རྣམས་ནི་བསལ་ནས་ཀྱང༌། །ལྷ་དང་མི་ཡི་བདེ་བའི་མཆོག་ལ་གནས། །བྱང་ཆུབ་སྒྲུབ་ལ་སོམ་ཉི་མེད་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །འཇིག་རྟེན་ཁམས་ཀྱི་སེམས་ཅན་ཇི་སྙེད་པ། །ཚ་གྲང་སྡུག་བསྔལ་ཇི་སྙེད་ཡོད་པ་རྣམས། །བ་མོ་ལ་ནི་ཉི་ཟེར་ཇི་བཞིན་དུ། །མྱུར་དུ་ཞི་ནས་ལྷ་མིའི་བདེ་བ་དང༌། །བྱང་ཆུབ་སྒྲུབ་ལ་ཐེ་ཚོམ་མེད་པར་ཤོག །མདོར་ན་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་རྣམ་གྲངས་མ་ལུས་ཀུན་བསལ་ནས། །སྡུག་བསྔལ་འབྲས་བུ་ཀུན་ལས་ཐར་བ་དང༌། །བླ་མེད་བྱང་ཆུབ་མཐུན་པ་ཐོབ་པར་ཤོག །དགེ་བའི་རྩ་བ་བསྔོ་བར་བརྩམས་པ་ཡང༌། །བདག་ཕྱིར་མ་ཡིན་འགྲོ་བའི་ཕྱིར་བརྩམས་པས། །དེང་ནས་བཟུང་ནས་བྱང་ཆུབ་ཐོབ་པར་ཤོག །མི་ཁོམ་བརྒྱད་དང་གཏན་དུ་བྲལ་གྱུར་ཅིག །གྲོགས་མཆོག་དམ་པ་རྣམས་དང་མི་འབྲལ་བས། །གང་ནས་གང་དུ་བྱང་ཆུབ་སྒྲུབ་པའི་ཚེ། །ཕྲད་པར་གྱུར་ནས་སྤྱོད་པར་མི་སྨོན་པ། །ལྷ་མིའི་ལོངས་སྤྱོད་མཆོག་ཏུ་བདེ་བ་དང༌། །རྒྱལ་སྲིད་དབང་ཕྱུག་དེ་བཞིན་སྙན་ཚིག་རྣམས། །འགྲོ་བའི་དོན་དུ་སྤྱོད་པ་མ་གཏོགས་པ། །བསླུས་ཤིང་ཆགས་པར་ནམ་ཡང་མ་གྱུར་ཅིག །རིག་པའི་གནས་ལ་སོགས་པའི་བྱ་བྱེད་ཀུན། །མཐོང་ཐོས་ཐ་སྙད་བཞིས་ནི་བསྒྲུབས་ནས་སུ། །ཐབས་མཁས་སྙིང་རྗེའི་འགྲོ་དོན་མ་གཏོགས་པ། །སྤྱོད་པར་མ་གྱུར་སློབ་པར་མ་གྱུར་ཅིག །ཡུལ་འཁོར་ནོར་དང་འབྱུང་བའི་གཏེར་རྣམས་དང༌། །ཕ་མ་ཕུ་ནུ་དེ་བཞིན་སྤུན་རྣམས་དང༌། །བུ་དང་ཆུང་མ་ཁྱིམ་དད་བང་མཛོད་དང༌། །བྲན་ཕོ་བྲན་མོ་རྟ་དང་གླང་པོ་དང༌། །དེ་ལ་སོགས་པ་བྱ་བྱེད་ཐམས་ཅད་ཀུན། །ཐབས་


DTG207_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་སྙིང་རྗེའི་སྤྱོད་པ་མ་གཏོགས་པར། །བསླུས་ཤིང་ཆགས་པར་ནམ་ཡང་མ་གྱུར་ཅིག །རྒྱལ་བ་སྲས་བཅས་མ་ལུས་མཆོད་པ་དང༌། །འགྲོ་བ་མ་ལུས་བྱང་ཆུབ་བསྒྲལ་བའི་ཕྱིར། །མགོ་གཅོད་པ་དང་རྣ་བ་སྣ་གཅོད་དང༌། །སྙིང་དང་རྐང་དང་རུས་པ་ཁྲག་རྣམས་དང༌། །ལྤགས་པ་དག་དང་ཡན་ལག་ཉིང་ལག་རྣམས། །དགོས་པའི་དོན་དུ་སྤྱོད་པའི་དབང་ཐོབ་ནས། །ཇི་ལྟར་འདོད་བཞིན་རྟག་ཏུ་གཏོང་བར་ཤོག །བྱང་ཆུབ་སྙིང་པོ་མྱུར་དུ་ཐོབ་བྱའི་ཕྱིར། །ཕྱག་འཚལ་བ་དང་བསྟོད་ཅིང་མཆོད་པ་དང༌། །སྡིག་པ་བཤགས་ཤིང་ཚུལ་བཞིན་བསྔོས་པ་དང༌། །ཡི་དམ་བཅས་ནས་ནམ་ཡང་མི་འབྲལ་བས། །བྱང་ཆུབ་སྤྱོད་པ་རླབས་ཆེན་ཐོབ་ནས་སུ། །ཇི་ལྟར་མཐུན་པར་འགྲོ་བའི་དོན་སྤྱོད་ནས། །བྱང་ཆུབ་སྙིང་པོར་མྱུར་དུ་སོང་ནས་ནི། །བདུད་རྣམས་སྡེ་དང་བཅས་པར་ཚར་བཅད་ནས། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་གྱུར་ཅིག །ལྷ་དང་ལྷ་མིན་མི་ལ་སོགས་པ་ཡི། །གྲོགས་མཆོག་དམ་པ་རྣལ་འབྱོར་སྤྱོད་རྣམས་ཀྱིས། །ལྟ་སྤྱོད་དམ་ཚིག་ཤེས་རབ་རྩལ་བཟུང་ནས། །ཀུན་གྱིས་བདག་བཞིན་བསྒྲུབ་པར་མཛད་དུ་གསོལ། །བསྔོ་བ་བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པ་རྫོགས་སོ།། །།

བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཞན་གྱིས་མི་ཐུབ་རྫོགས་སངས་རྒྱས། །མགོན་པོ་ཕྱོགས་གཅིག་བཞུགས་པ་ན། །ལྷ་གཅིག་དཔའ་བོ་ཆེན་པོ་ལ། །ཕྱག་འཚལ་འདི་སྐད་ཚིག་གསོལ་ཏོ། །དགེ་བ་དོན་དུ་གཉེར་བ་ན། །ལྷ་དང་མི་རྣམས་སོ་སོ་ནས། །བཀྲ་ཤིས་དག་ནི་བརྗོད་བགྱིས་ན། །བཀྲ་ཤིས་དམ་པ་གང་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགེ་བ་དོན་དུ་གཉེར་བ་ན། །ལྷ་དང་མི་རྣམས་སོ་སོ་ནས། །བཀྲ་ཤིས་རྣམས་ནི་རྗོད་བྱེད་པ། །དེ་དག་བཀྲ་ཤིས་བརྗོད་པར་བྱ། །ཡུལ་བཟང་གནས་དང་གྲོགས་མཆོག་དང༌། །སྔོན་ཆད་བསོད་ནམས་བྱས་པ་དང༌། །སེམས་ནི་ལེགས་པར་གཏད་བྱས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །སྦྱིན་དང་ཤིན་ཏུ་སྨྲ་བ་དང༌། །ཡང་དག་དོན་ལ་རྣམ་ངེས་དང༌། །ཁྲིམས་ལྡན་རྣམས་དང་མཚུངས་


DTG207_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །བྱིས་པ་རྣམས་ལ་མི་བརྟེན་དང༌། །མཁས་པ་རྣམས་ལ་བརྟེན་པ་དང༌། །མཆོད་འོས་རྣམས་ལ་མཆོད་བྱེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ཕ་མ་བསྙེན་བཀུར་བྱེད་པ་དང༌། །ཞི་དང་ཚངས་པར་སྤྱོད་པ་དང༌། །འབྱུང་པོ་ཀུན་ལ་སྙིང་བརྩེ་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །སྡིག་པའི་ལས་ལས་ལྡོག་པ་དང༌། །དགེ་བའི་ལས་ལ་བརྟེན་པ་དང༌། །བག་ཡོད་པ་དང་བརྟག་མཁས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ང་རྒྱལ་མེད་དང་ཁེངས་མེད་དང༌། །ཆོག་ཤེས་མཐུན་པས་འཚོ་བ་དང༌། །རྟག་ཏུ་བྱས་པ་གཟོ་བྱེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །མི་སྨོད་དེ་བཞིན་བཟོད་པ་དང༌། །འཕགས་པ་རྣམས་དང་མཐུན་སྦྱོར་བ། །དུས་སྐབས་སུ་ནི་ཆོས་ཉན་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ལེ་ལོ་མེད་དང་མང་ཐོས་དང༌། །ཆོས་ལ་ལེགས་པར་རྣམ་ངེས་དང༌། །དེ་བཞིན་སེམས་ལ་རྙོག་མེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །གང་ཞིག་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་རབ་བསྒོམ་ཞིང༌། །དཔག་ཏུ་མེད་དེ་མི་འཁྲུགས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །གང་ཞིག་འཕགས་པའི་བདེན་རྣམས་ལ། །ཤེས་རབ་མིག་ནི་རབ་སྦྱངས་དང༌། །ཚུལ་ཁྲིམས་ནོངས་པར་མ་གྱུར་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །འཕགས་པའི་བདེན་པ་མཐོང་བ་དང༌། །ཚངས་པར་སྤྱོད་པ་བསྒོམ་པ་དང༌། །མྱ་ངན་འདས་པ་ཐོབ་འགྱུར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །གང་ཞིག་འདོད་ཆགས་ཞེ་སྡང་དང༌། །མ་རིག་པ་དག་རྣམ་སྤངས་པ་དང༌། །ཤེས་པ་མི་འཁྲུགས་སྐྱེ་འགྱུར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །འཇིག་རྟེན་ཆོས་བརྒྱད་ཀྱིས་བསྐྱོད་ཀྱང༌། །གང་གི་སེམས་ནི་མི་གཡོ་དང༌། །དྲི་མེད་ཞི་དང་མྱ་ངན་མེད། །དེ་ནི་བཀྲ་ཤིས་དམ་པ་ཡིན། །དེ་དང་འདིར་ནི་ཅི་རིགས་པར། །འདི་ལ་བཀྲ་ཤིས་འདི་དག་ནི། །མཁས་པ་གང་ཞིག་རྗོད་བྱེད་པ། །དེ་ལ་རྟག་ཏུ་བཀྲ་ཤིས་གྱུར། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭསྟི་གཱ་ཐཱ། བོད་སྐད་དུ། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་གཅིག་ཉེ་བར་སོང་ནས་སུ། །ལྷས་མཆོད་པ་ལ་ཞུས་བྱས་ཏེ། །སངས་རྒྱས་ཆེན་པོ་ཐུབ་པ་ཆེ། །


DTG207_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་སྨྲས་ན་བདེ་ལེགས་གྱུར། །དེས་ནི་ཚིག་དེ་གསན་གྱུར་ན། །འཇིག་རྟེན་རྩ་ལག་བཀའ་སྩལ་པ། །གང་ཞིག་རྟག་ཏུ་རྗོད་བྱེད་པ། །ང་ཡི་བདེ་ལེགས་འགྱུར་དེ་ཉོན། །འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོག་ཡོད་པ། །དེ་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བགྲང་དང་ཆར་མི་ཕོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང༌། །ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་བྱས་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ནི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་བའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །རྒྱལ་བས་གང་དག་གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་མཆོག་གི་དམ་པ་མཆོག །མཆོག་མིན་མཆོག་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཏིང་འཛིན་དམ་པ་བར་ཆད་མེད་པ་གང༌། །མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། །ཏིང་འཛིན་བདེ་བརྟན་རྡོ་རྗེ་དཔེར་བྱས་པ། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་བའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཇི་ལྟར་སྒོ་གཏན་


DTG207_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཞིང་རབ་དམ་སྟེ། །སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། །དེ་ལྟར་མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེན་པ་སྟོབས་རྣམས་ཀུན་དང་ལྡན། །ཀུན་གྱི་དམ་པ་འཛིན་པ་ཀུན་དང་བྲལ། །བསམ་པ་ཀུན་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། །སྐྱོན་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ། ཤིན་ཏུ་འགག་ཅིང་གྱ་ནོམ་ངེས་པར་འབྱུང༌། །ཤིན་ཏུ་དྲི་མེད་ཞི་བ་བློས་མི་འཕྲོགས། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་བདེ་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཤིན་ཏུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པའི། །བདེན་རྣམས་མཐོང་སྟེ་གང་དག་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་པ་རྣམས་མི་ལེན། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །དམ་པ་རྣམས་ཀྱི་དམ་པ་དོན་དམ་མཁྱེན། །མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩོན། །གཞན་གྱིས་མི་འཕྲོགས་དམ་པ་ཐུགས་ཆུད་རྟོགས། །ཤིན་ཏུ་སྡུག་བསྔལ་རྣམས་ཀྱི་དཔུང་གཉེན་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །འདུན་པ་བསྐྱེད་ནས་རྣལ་འབྱོར་ལྡན་གྱུར་ཅིང༌། །གཽ་ཏམ་བསྟན་ལ་རྟག་བརྩོན་རབ་གྲོལ་ཞིང༌། །གཞན་གྱིས་མི་བཀྲི་བ་དག་ཞིང་དེར་རེག །


DTG207_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །བདེན་པ་མཐོང་བས་བརྗོད་པས་བརྒྱ་ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང༌། །དེ་ནི་དེ་འཆབ་པ་ཡི་འོས་མིན་ཏེ། །ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པའམ་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་པ་བླ་ན་མེད། །སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །སོ་གའི་ཟླ་བ་དང་པོར་ཐུབ་པ་ཡིས། །ནགས་ཁྲོད་ཆོས་ཀྱི་དམ་པ་རབ་བརྙེས་ནས། །ཆོས་དེ་དང་ནི་ལྷག་པའམ་མཚུངས་པ་མེད། །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིར་ནི་ཤིན་ཏུ་བདེ་ལེགས་ཤོག །སྡིག་པ་རྙིད་ཟད་གསར་དུ་བྱས་མེད་ལ། །རིམས་ནད་མེད་པས་འཇིགས་མེད་མ་ངན་བྲལ། །རྩ་བ་འགགས་པས་སྲིད་པ་མི་སྐྱེད་པ། །བསྟན་པ་མར་མེ་བཞིན་དུ་འབར་བར་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

བདེ་ལེགས་སུ་གྱུར་བའི་ཚིགས་སུ་བཅད་པ།


DTG207_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭ་སྟྱ་ཡཾ་གཱ་ཐཱ། བོད་སྐད་དུ། བདེ་ལེགས་སུ་གྱུར་བའི་ཚིགས་སུ་བཅད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་དྲུང་དུ་ནི། །ལྷ་ཞིག་ཉེ་བར་སོང་ནས་སུ། །གང་ཞིག་རྟག་ཏུ་བདེ་ལེགས་པ། །བདག་གི་ཞུ་ཡིས་


DTG207_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་གསུང༌། །དམ་པས་དེ་དག་གསན་པ་དང༌། །འཇིག་རྟེན་འདྲེན་པས་ལུང་བསྟན་པ། །གང་གིས་ཀུན་དུ་བདེ་ལེགས་སུ། །འགྱུར་བ་ལྷ་ཁྱོད་ལེགས་པར་ཉོན། །གང་ཞིག་དེ་བཞིན་གཤེགས་པ་ལ། །དད་པ་མི་གཡོ་ལེགས་རབ་བརྟན། །གང་ཞིག་དགེ་བ་ཚུལ་ཁྲིམས་ཅན། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་ཕ་དང་མ་དག་དང༌། །བུ་དང་བུ་མོ་བྲན་དག་ལ། །རྟག་ཏུ་ལེགས་པར་བསྙེན་བཀུར་བ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་དགྲ་བཅོམ་གྲགས་པ་ལ། །ལེགས་པར་རབ་དད་ཡོན་འབུལ་དང༌། །ལྷ་ཡི་བཀའ་བཞིན་བྱེད་པ་དག །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་གིས་ལུས་དང་ངག་དག་དང༌། །ཡིད་ལ་ཉེས་བྱས་མེད་པ་དང༌། །གང་ཞིག་རྣམ་གསུམ་རབ་བསྡམས་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་འབྱུང་པོ་ཐམས་ཅད་ལ། །ཚད་མེད་ཀུན་དུ་མི་འཁྲུགས་པ། །བྱམས་པའི་སེམས་ནི་སྒོམ་བྱེད་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །བདེན་པ་འདྲེན་པ་ལེགས་བསྒོམས་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་གིས་འདུས་བྱས་ཐམས་ཅད་ཀྱིས། །སྟོང་ཉིད་རྟག་ཏུ་ལེགས་མཐོང་ཞིང༌། །དེ་ནི་སེམས་ལ་གནས་གྱུར་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་ལུས་ཀྱི་དྲི་མེད་ཆོས། །མངོན་སུམ་བྱས་ནས་རྒྱུ་བ་དང༌། །དགྲ་བཅོམ་རྣམ་གྲོལ་སེམས་ལྡན་པ། །དེ་དག་ཀུན་དུ་བདེ་ལེགས་གྱུར། །གང་ཞིག་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་རྣམས་དང་ཆགས་བྲལ་ཞིང༌། །ཡེ་ཤེས་འཁྲུགས་མེད་སྐྱེས་གྱུར་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་ལྷར་བཅས་འཇིག་རྟེན་གྱི། །མགོན་པོ་ཡང་སྲིད་སྤངས་པ་ཡི། །སངས་རྒྱས་ཁོང་དུ་ཆུད་གྱུར་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །ལྷས་ཞུས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ་རྫོགས་སོ།། །།

བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཐུགས་རྗེ་ཆེན་


DTG207_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མངའ་བ་འོད་སྲུངས་རིགས་སྐྱེས་པ། །རྣམ་པར་རྒྱལ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །གསེར་ཐུབ་སྒྲིབ་པ་མེད་པར་རབ་ཏུ་གཟིགས་པ་དེ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བསོད་སྐྱབས་གསེར་གྱི་རི་བོ་འབར་བ་འདྲ་བ་དེ། །རྩེ་མོ་མཆོག་ཏུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཐམས་ཅད་མངའ་བ་དགྲ་བཅོམ་དྲི་མ་གསུམ་སེལ་བ། །མཛོད་སྤུའི་རྩེ་མོར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་གཙུག་ཏོར་དགོངས་པ་ཟིལ་གྱིས་མི་ནོན་པ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །རྣམ་པར་གཟིགས་པ་སྐྱེས་བུའི་ཟླ་བ་མི་ཡི་མགོན། །རིན་ཆེན་རྒྱན་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཤིན་ཏུ་རྒྱས་པ་དོན་དམ་པ་མཁས་ཤིང་བརྟན་པ་དེ། །མ་ལ་ཡ་ཡི་རྩེར་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་སྟོན་མཆོག་ཐོས་པ་མི་མངའ་བ། །དྲི་མེད་ཟླ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །གྲགས་པ་དྲི་མ་མེད་པར་མགོན་པོ་པདྨའི་བླ། །དྲི་མ་མེད་པར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་མར་མེ་མཛད་པ་འོད་སྣང་མངའ་བ་དེ། །འོད་ཟེར་དྲ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའོ།། །།

བཅོམ་ལྡན་འདས་ལ་ལྷའི་དབང་པོ་རབ་མཚེམས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་མཚེ་མས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་


DTG207_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་གང་ཞིག་གིས། །སངས་རྒྱས་དམ་པའི་གྲགས་པར་མཚན་བཏགས་པ། །ནོར་བུའི་གཙུག་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་བློ་ཞེས་མཚན་བཏགས་པ། །སྦྱངས་པའི་ལམ་དུ་གཤེགས་པ་ལྟར། །དེར་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སྒྲིབ་མེད་གཟིགས་པ་འཛུམ་པའི་སྤྱན་དུ་མཚན་བཏགས་པ། །རྒྱན་གཅིག་ལྡན་པར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་མར་མེ་མཛད་ཅེས་མཚན་བཏགས་པ། །རྣམ་པར་རྒྱལ་བར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བདེ་གཤེགས་ཡང་དག་དོན་གཟིགས་པ་ཞེས་མཚན་བཏགས་པ། །དྲི་མེད་རྩེ་མོར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །དེ་བཞིན་གཤེགས་པ་རང་བྱུང་མཆོག་ཅེས་མཚན་བཏགས་པ། །རིན་ཆེན་ཡོངས་སུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་དབྱིག་གི་ལྷ་ཞེས་མཚན་བཏགས་པ། །དྲི་མེད་སྣ་ཚོགས་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འགྲོ་བ་མེད་པ་སྨྲ་བའི་སྟག་ཅེས་མཚན་བཏགས་པ། །ཐམས་ཅད་ཚུལ་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཀུན་མངའ་དཔལ་གྱི་རྒྱལ་བར་མཚན་བཏགས་པ། །དགའ་བའི་རྒྱུན་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་ཕན་བརྩོན་དཀའ་ཐུབ་དྲག་པོར་མཚན་བཏགས་པ། །ཀུན་ནས་མཆོག་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཅོམ་ལྡན་འདས་ལ་ལྷའི་དབང་པོ་རབ་མཚེ་མས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའོ།། །།

བཅོམ་ལྡན་འདས་ལ་ལྷའི་དབང་པོ་རབ་དགའ་ལྡན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་


DTG207_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་ལྷའི་དབང་པོ་རབ་དགའ་ལྡན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཆགས་པ་མེད་པའི་ཟླ་བར་མཚན་གསོལ་མཚན་བཏགས་པ། །ཕོ་བྲང་མཆོག་ཏུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡེ་ཤེས་མཐའ་ཡས་དབང་ཞེས་བྱ་བར་མཚན་བཏགས་པ། །ཁ་དོག་གསེར་དུ་རབ་གཤེགས་པ། །དེས་ནི་འདི་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཀུན་དུ་མཐའ་ཡས་སྤྱན་ཞེས་བྱ་བར་མཚན་བཏགས་པ། །པདྨོའི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་རིན་པོ་ཆེ་ཞེས་བྱ་བར་མཚན་བཏགས་པ། །རིན་ཆེན་མཛོད་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །དཔལ་རབ་རྒོལ་བའི་སྟག་ཅེས་བྱ་བར་མཚན་བཏགས་པ། །དབང་པོའི་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཐམས་ཅད་སྟོན་པའི་ཉི་མར་མཚན་བཏགས་པ། །མེ་ཏོག་སྙིང་པོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་འོད་ཟེར་མཐའ་ཡས་པར་ནི་མཚན་བཏགས་པ། །ཤིང་གིས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་ཐེ་ཚོམ་འཇོམས་པ་ཆོས་ཀྱི་རྒྱལ་མཚན་དེ། །རིན་ཆེན་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མི་ཡི་སེང་གེ་ཡེ་ཤེས་སྒྲོན་མ་མཐའ་ཡས་པ། །སྤོས་ཀྱི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་ཡོན་ཏན་ཀུན་གྱི་འབྱུང་གནས་འོད་མངའ་བ། །ནོར་བུས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །ཅེས་པ་ནི་བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་


DTG207_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བསྟོད་པའོ། །སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའོ།། །།

ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ།


DTG207_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་ཡི་བཀྲ་ཤིས་དོན་སྒྲུབ་ཅིང༌། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་སུ་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཕྲེང་བ་མགོ་ལ་འདུག་པ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག །གཡོན་ནའང་དཔལ་ནི་གནས་གྱུར་ཅིག །ཡན་ལག་ཀུན་ལའང་དཔལ་ཡོད་ཤོག །ཚོང་པ་དག་ནི་ནོར་ཚོལ་ཞིང༌། །ཕྱོགས་བཅུ་དག་ཏུ་འགྲོ་བ་རྣམས། །རྙེད་པ་ཆེན་པོ་རྙེད་གྱུར་ཅིང༌། །དེ་ཡང་བདེ་བ་སྐྱེད་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ཤར་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་པ་ནབ་སོ་དང༌། །རྒྱལ་དང་སྐག་ཅེས་བྱ་བ་སྟེ། །དེ་དག་རྣམས་ནི་ཤར་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཤར་ཕྱོགས་ལོགས་ན་ཡོད་ཅེས་བྱ། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །ཡུལ་འཁོར་སྲུང་ཞེས་གྲགས་པ་སྟེ། །དེ་ནི་དྲི་ཟ་ཀུན་གྱི་བདག །ཉི་མ་ལྷན་ཅིག་བསྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང༌། །དབང་པོ་ཞེས་བྱ་བའི་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྒྱལ་དང་རྣམ་པར་རྒྱལ་མ་དང༌། །དོན་གྲུབ་མ་དང་མི་ཕམ་དང༌། །དགའ་མཆོག་མ་དང་དགའ་སྡེ་དང༌། །དགའ་ཅན་མ་དང་དགའ་འཕེལ་མ། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤེས་པར་ལྷག་པར་སྐྱོང་བར་ཤོག །ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །གཞི་འཛིན་ཞེས་བྱའི་མཆོད་རྟེན་ཡོད། །རྒྱལ་བ་སྐྱོབ་པ་དགྲ་བཅོམ་པ། །དེ་རྣམས་ཀྱི་ནི་བཞུགས་ཤིང་མཁྱེན། །དེ་ཡང་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །


DTG207_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ལྷོ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ལྔ་པ་ཡིན། །ས་རི་དང་ནི་ས་ག་སྟེ། །དེ་དག་རྣམས་ནི་ལྷོ་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ལྷོ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །འཕགས་སྐྱེས་པོ་ཞེས་བྱ་བར་བརྗོད། །དེ་ནི་གྲུལ་བུམ་ཀུན་གྱི་བདག །གཤིན་རྗེ་ལྷན་ཅིག་བསྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་ལ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང༌། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །དཔལ་ལྡན་མ་དང་གྲགས་ལྡན་མ། །གྲགས་པ་ཐོབ་དང་གྲགས་འཛིན་མ། །ལེགས་པར་ལངས་དང་རབ་མངའ་དང༌། །ལེགས་པར་སད་དང་བདེ་བསྒྲུབ་མ། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །པདྨ་ཞེས་བྱའི་མཆོད་རྟེན་ཡོད། །རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར། །རྟག་ཏུ་ཐམས་ཅད་གསལ་བྱེད་པ། །དེ་ཡང་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ནུབ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །ལྷ་མཚམས་དང་ནི་སྣྲོན་དང་ཡང༌། །བརྩོན་འགྲུས་བརྟན་ལྡན་སྣྲུབས་དང་ནི། །ཆུ་སྟོད་ཆུ་སྨད་བྱི་བཞིན་དང༌། །གྲོ་བཞིན་དེ་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ནུབ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མིག་མི་བཟང་ཞེས་བྱ་བར་ཤེས། །དེ་ནི་ཀླུ་རྣམས་ཀུན་གྱི་བདག །ཆུ་ལྷ་ལྷན་ཅིག་བསྲུང་


DTG207_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང༌། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྣ་ཆ་སྐྲ་འདྲེས་མ་དང་ནི། །པདྨ་དཀར་དང་སྐྱ་རེངས་དང༌། །ཆ་མེད་གཅིག་དང་དགུ་པ་དང༌། །རོལ་དང་གནག་དང་སྟབས་མྱུར་སྲིད། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་བར་ཤོག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ནུབ་ཅེས་བྱ་བའི་རི་བོ་ཡོད། །ཉི་མ་ཟླ་བ་གཉིས་ཀའང་ནུབ། །ནུབ་པའང་ཁྱེད་ལ་ནོར་སྦྱིན་འགྱུར། །དེ་ཡང་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །བྱང་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱོད་ལ་སྐྱོང་གྱུར་ཅིག །མོན་གྲུ་དང་ནི་མོན་གྲ་དང༌། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང༌། །ནམ་གྲུ་དང་ནི་ཐ་སྐར་དང༌། །བྲ་ཉེ་སྟེ་ནི་བདུན་པོ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བར་གྲགས་ལྡན་པ། །བྱང་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མི་ལ་ཞོན་པ་ལུས་ངན་པོ། །གནོད་སྦྱིན་ཀུན་གྱི་བདག་པོ་སྟེ། །ནོར་བཟང་ལྷན་ཅིག་བསྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང༌། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རབ་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པདྨ་ཅན། །རྒྱལ་པོ་ཆེ་ལ་ཉེར་གནས་དང༌། །རི་དང་ཁྲེལ་ཡོད་དཔལ་ལྡན་མ། །དེ་དག་ཁྱེད་ལ་ནད་མེད་ཅིང༌། །ཤིས་པར་ལྷག་པར་སྐྱོང་བར་ཤོག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །སྤོས་ངད་ལྡན་པའི་རི་བོ་ཡོད། །གནོད་སྦྱིན་འབྱུང་བོ་རྣམས་ཀྱི་གནས། །ལྷ་མོ་སྣ་ཚོགས་བལྟ་ན་སྡུག །དེ་ཡང་ཁྱེད་ལ་ནད་མེད་


DTG207_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཕྱོགས་བཞི་དག་ན་བདུན་བདུན་གནས། །ལྷ་ཡི་བུ་མོ་སུམ་ཅུ་གཉིས། །ཕྱོགས་བཞི་དག་ན་བརྒྱད་བརྒྱད་གནས། །དགེ་སྦྱོང་བརྒྱད་དང་བྲམ་ཟེ་བརྒྱད། །ཡུལ་རྣམས་ལ་ནི་གྲོང་རྡལ་བརྒྱད། །དབང་པོར་བཅས་པའི་ལྷ་བརྒྱང་རྣམས། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །ཁྱེད་ཅག་འགྲོ་ནའང་བཀྲ་ཤིས་གྱུར། །ལྡོག་པ་ནའང་བཀྲ་ཤིས་ཤོག །གཉེན་ལ་ལྟ་བ་བཀྲ་ཤིས་ཤོག །གཉེན་གྱིས་ལྟ་བའང་བཀྲ་ཤིས་ཤོག །དབང་བཅས་གནོད་སྦྱིན་རྒྱལ་ཆེ་དང༌། །དགྲ་བཅོམ་པ་དག་སྙིང་བརྩེ་བས། །ཐམས་ཅད་དུ་ནི་བཀྲ་ཤིས་དང༌། །བདུད་རྩི་ཤིས་པ་ཐོབ་པར་ཤོག །ཚངས་པ་དང་ནི་དེ་བཞིན་ནོར་རྒྱས་དང༌། །ཟག་པ་མེད་པ་རྣམ་པར་གྲོལ་རྣམས་དང༌། །ཀླུ་དང་གནོད་སྦྱིན་རྟག་ཏུ་སྙིང་རྗེས་བསྲུང༌། །སྟོན་བརྒྱ་མཚུངས་པར་ཚེ་ནི་སྐྱོང་བར་ཤོག །འཕགས་པ་རྒྱ་ཆེར་རོལ་བའི་མདོའི་ཚོང་དཔོན་ག་གོན་དང་བཟང་པོའི་ལེའུ་ལས་འབྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། །།

ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚུགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་པ། །ཐུགས་ཞི་གནོད་པ་མི་མངའ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་བའི་ལམ་དུ་འཛིན་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དབུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་


DTG207_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་འགྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །འཕགས་པའི་བདེན་པ་རྣམ་གསུངས་པས། །ཐུབ་པའི་གྲགས་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། །ཁྱོད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་རྣམས་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེར་གྱུར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་


DTG207_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང༌། །སའམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

འཕགས་པ་སྟོང་ཆེན་པོ་རུབ་ཏུ་འཇོམས་པ་ལས་གསུངས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ།


DTG207_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

༈ །འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལས་གསུངས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་ཡང་ན་འདས་པ་དང༌། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་མཆོག་དེ་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་མ་བྱས་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་ཏུ་བསྟན། །སྟོན་པའི་བླ་མེད་རྣལ་འབྱོར་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་ཟག་ཆེན་པོ་བརྒྱད་པོས་རབ་བསྔགས་ཤིང༌། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང༌། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོས་ནས་བདུད་རྩི་མཆོག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཐོང་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་


DTG207_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང༌། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང༌། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང༌། །དེ་ལྟར་དེ་ལ་ལྟ་བས་འཛིན་མི་བྱེད། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཅུའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱིས་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡིས། །འཕགས་པའི་བདེན་པ་སུ་དག་རྣམ་བསྒོམ་ཞིང༌། །ལུས་ཀྱང་སྦྱིན་པ་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་ལ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་དུ་སྦྱོར་བ་རབ་བཏང་བའི། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་དགེ་བར་ཤོག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་


DTG207_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཤིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །རྫོགས་སངས་རྣམ་པར་སངས་རྒྱས་ཆེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དག་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱིས་ནད་སེལ་ཅིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཕུད་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །།

སྟོང་ཆེན་པོ་རུབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ།


DTG207_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་བཞུགས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །རང་རྒྱལ་དག་གི་གཟི་བརྗིད་དང༌། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང༌། །གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུ་ཡི་ཤེས་རབ་དང༌། །མཽད་གལ་བུ་ཡི་རྫུ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང༌། །ཀཽཎྜི་ནྱའི་སྔར་ཐོབ་དང༌། །ཀུན་དགའ་བོ་ཡི་ཐོས་པ་དང༌། །ཚངས་པ་ཡི་ནི་བྱམས་པ་དང༌། །རྒྱ་བྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་གི་ཡུལ་རྣམས་དང༌། །དབང་ཕྱུག་ཆེན་པོའི་སྟོབས་རྣམས་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་


DTG207_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྫོགས་སོ།། །།

རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག།


DTG207_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་བཞུགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང༌། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤིར་ཤའི་དྲུང༌། །སངས་རྒྱས་གསེར་ཐུབ་ཨུ་དུམྺཱ་རའི་དྲུང༌། །འོད་སྲུངས་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུར་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་བྱོས།། །།སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐྲ་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་ཚིག་འདིས་ཀུན་དུ་བདེ་ལེགས་སུ་གྱུར་ཅིག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སོ།། །།

བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།
ཀླུ་སྒྲུབ།


DTG207_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་


DTG207_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལམ་དགྱེས་ཐུང་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷ་ཡིས་བསྐོར་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང༌། །བཻ་ཌཱུརྻ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་ཙ་ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲེད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤེས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་


DTG207_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམས་ཀྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང༌། །ལྷ་ཡུལ་དིང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་རྣམས་ཀྱིས་ང་རྒྱལ་གཞོམ་པ་དང༌། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟིའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤེས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།
ཀླུ་སྒྲུབ།


DTG207_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་


DTG207_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་ཕྱག་འཚལ་ལོ། །རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམ་འཕེལ་བྱེད། །ཁྱེད་ཀྱི་བཀྲ་ཤེས་ཐམས་ཅད་སྒྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང༌། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་འཕེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་པ། །རྣམ་སྣང་མཛད་དང་ཐམས་ཅད་སྐྱོབ་དང་རྣམ་པར་གཟིགས། །ཀུན་དུ་མཆོད་སྦྱིན་རྒྱས་པར་འགྱུར་བ་གཟི་བརྗིད་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་སྤྱན་དང་ཤཱཀྱ་ཐུབ་པ་ཐུབ་ཆེན་དང༌། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང༌། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུངས་དང༌། །མར་མེ་མཛད་པ་ཤིན་ཏུ་བརྗིད་པར་གཤེགས་པ་དང༌། འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང༌། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་རྒྱལ་བལྟམས་དང༌། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང༌། །འདྲེན་པ་མཆོག་སྦྱིན་རིན་ཆེན་ཏོག་ཏུ་བཅས་པ་དང༌། །རྣམ་པར་སྤེལ་དང་ལག་ན་རིན་ཆེན་རྒྱལ་མཚན་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང༌། ནམ་མཁའི་སྙིང་པོ་དང་ནི་ས་ཡི་སྙིང་པོ་དག། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པས་རབ་བརྒྱན་ཅིང༌། །གཞོན་ནུའི་གཟུགས་ནི་གསེར་མདོག་འོད་དང་ལྡན་པ་དང༌། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བྱམས་པ་


DTG207_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོའི་འཁྲིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང༌། །ཀུན་ཏུ་བཟང་དང་ནོར་བཟང་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང༌། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང༌། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་དང༌། །ཕྱིར་ལྡོག་མ་དང་བསིལ་བའི་ཚལ་ན་རྒྱལ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་པ་དང༌། །གྲོང་ཁྱེར་བཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་དང༌། །བད་སའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤེས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རྡོ་རྗེ་ལྕགས་ཀྱི་དང་ནི་གཙུག་འཕྱང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབ་སྦྱོར་དང༌། །ཟླ་འོད་དེ་ཡང་གཞོན་ནུའི་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རག་ཏུ་དྲན་པར་བྱེད། །གཤིན་རྗེ་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་དང༌། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང༌། །ཕུན་སུམ་ཚོགས་བྱེད་རྨུགས་འཛིན་ཨུཏྤལ་མདོག་ཅན་དང༌། །གླང་ཆེན་ཀོ་རློན་སྟག་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་ཤཱ་རིའི་བུ་དང་མཽད་གལ་འོད་སྲུངས་དང༌། །ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྟོབས་ཆེན་བགེགས་ཀྱི་རིགས་ནི་རབ་ཏུ་འཇོམས་པ་དང༌། །འོད་ཟེར་ལྡན་དང་ཆ་བྱད་རབ་ཏུ་མཛེས་པ་དང༌། །དུག་སེལ་སྦྲུལ་གདུག་རྒྱགས་པ་རབ་ཏུ་འཇིགས་བྱེད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕྲོག་མ་རྣ་ཆ་རྣམ་པ་སྣ་ཚོགས་གཡོ་འགུལ་བ། །


DTG207_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་པ་དང༌། །གནོད་སྦྱིན་བདག་པོ་ལྔས་རྩེན་དང་ནི་པདྨའི་མིག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་དང༌། རིན་ཆེན་སྒྲོན་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང༌། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོ་དཔལ་ཐོབ་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང༌། །བྱམས་པའི་སྟོབས་ནི་གཏོང་བའི་སྟོབས་ཆེན་ལྡན་པ་དང༌། སྤྲིན་གྱི་མདོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རབ་ཏུ་དགའ་བ་ལ་སོགས་ས་བཅུ་དེ་དག་དང༌། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང༌། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་པི་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལུམྦིའི་ཚལ་ན་བུང་བ་མང་པོ་འཕུར་ལྡིང་དང༌། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་ཕོ་མོ་སྒྲ་འབྱིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གཽ་ཏ་མི། །ཤཱཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང༌། །ནཻ་རཉྫ་ན་བསོད་ནམས་ལྡན་པའི་འབབ་ཆུར་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་པདྨ་བུང་བ་ཁྱུས་ལྡིང་དང༌། །འཇམ་དཔལ་ཨུཏྤལ་སྔོན་པོ་ཡིད་དུ་འོང་བ་དང༌། །མགོན་པོ་བྱམས་པ་ཡི་ནི་ཀླུ་ཤིང་མེ་ཏོག་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རྣམ་སྣང་མཛད་པ་ཟླ་འོད་ལྟ་བུའི་འཁོར་ལོ་དང༌། །དཔལ་ཐོབ་རིན་ཆེན་ནོར་བུ་འོད་དང་ལྡན་པ་དང༌། །མགོན་པོ་འོད་དཔག་མེད་པའི་པདྨ་དམ་པ་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་པས་ལེགས་བསྣམས་རལ་གྲི་མཆོག་དང་ནི། མི་བསྐྱོད་རྡོ་རྗེ་ཉིད་དང་གཞན་ཡང་ནི། །སྐྱོབ་པ་ཐམས་ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང༌། །དཔག་བསམ་གྱི་ནི་ཤིང་དང་བུམ་པ་བཟང་པོ་དང༌། །རྒྱལ་བ་ཀུན་གྱིས་ངེས་པར་བསྟེན་པའི་བྱང་ཆུབ་ཤིང༌། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་


DTG207_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང༌། །ནང་པར་དུས་སམ་ཡང་ན་ཞི་བའི་ལས་ཚེའམ། །དགའ་སྟོན་ཀུན་ན་འདུག་དང་དགོས་པ་སྒྲུབ་པ་ན། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་གདོན། །རྒྱལ་བ་དག་དང་རྒྱལ་བའི་སྲས་ཀྱི་མཚན་ནི་མ་ལུས་པ། །ལྷ་ལ་གུས་བཞིན་ཉིན་གཅིག་བཞིན་དུ་ནང་བར་སུས་བརྗོད་པ། །དེ་དག་སེམས་ཅན་དམྱལ་བའི་དོགས་དང་བྲལ་ཞིང་བདེ་བ་དང༌། །དཔལ་དང་ལྡན་ཞིང་ནད་ཀུན་འཇོམས་ལ་ནོར་དང་ལྡན་པར་འགྱུར། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་སུ་ཀའི་གྲོང་ཁྱེར་དུ། །ཤིང་མཆོག་སུནྡྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་བཅོམ་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུ་དུམྺའི་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སྐྱོབ་པ་འོད་སྲུངས་རྒྱལ་རིགས་བླ་མེད་ཡོན་


DTG207_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བཱ་རཱ་ཎ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་བའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏྠའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང༌། །ཕྱོགས་དུས་ཀུན་གྱི་བདེ་གཤེགས་བྱིན་རླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་འགྱུར་བ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩིའི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཏྲི་རཏྣ་མངྒ་ལ་གཱ་ཐཱ། བོད་སྐད་དུ། དཀོན་


DTG207_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ལྟ་བུར་བརྒལ་དཀའ་འཁོར་བའི་འདམ་ལས་རྒལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་དཀའ་མ་ལུས་རྫོགས། འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེར་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་གཞན་དོན་རྟག་ཏུ་ལྷུར་ལེན་ཅིང༌། །འདོད་པའི་ཡོན་ཏན་ལྔ་ལ་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་ལྷུར་ལེན་གྲགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་འགག་མེད་ཅིང་རྟོག་པའི་འཆིང་བྱེད་མཐའ་དག་སྤངས། །མ་རིག་མུན་པ་འཇོམས་བྱེད་སྟོང་ཉིད་སྒྲོན་མའི་མཆོག །དམིགས་པ་སྣ་ཚོགས་སྤངས་པ་ལམ་གྱི་བདེ་སྒྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྒྱལ་བ་གང་གི་མཐུ་ཉིད་ཀྱིས། ལེགས་པའི་འཁོར་ལོས་སྒྱུར་རྒྱལ་ལས་བྱུང་བའི། །སྐུ་གསུམ་མངོན་པར་མཐོ་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་མེད་དམ་ཆོས་ནོར་བུ་འདྲ། །ལེགས་པར་བཤད་པ་ལས་བྱུང་བཀྲ་ཤིས་དང༌། །བདུད་རྩི་ལྟ་བུར་གསུངས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེ་ཆེ་ལས་མངོན་བྱུང་བྱང་ཆུབ་སེམས། །མངོན་པར་མཐོ་བ་འཁོར་བའི་ས་རབ་ནོན། །སྟོབས་ལྡན་དགེ་འདུན་དག་གི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །རཏྣ་ཏྲི་སྭསྟི་གཱ་ཐཱ། བོད་སྐད་དུ། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་པ། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུས། །གོ་འཕང་མཆོག་


DTG207_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་བསྟོད་པའི་ཆར་འབབ་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །སྐྱོབ་པའི་ཆོས་ལ་ལེགས་པའི་ཚོགས་མངའ་བ། །ཤིན་ཏུ་ཕན་པ་བདེ་བ་ངེས་གསུངས་པ། །འཁོར་བ་རྟག་བདེ་མྱ་ནང་མེད་ཐོབ་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །དགེ་འདུན་ཆེ་ལ་མཐུ་དཔལ་རྨད་མངའ་བ། །བསླབ་གཞི་ལེགས་བཅས་བརྩོན་པའི་སྦྱོར་བ་ཅན། །བདག་གཞན་དོན་ཆེ་སྒྲུབ་པའི་ལམ་ཞུགས་པའི། །བཀྲ་ཤིས་དམ་པ་དེང་འདྲི་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

རིགས་གསུམ་གྱི་བཀྲ་ཤིས།


DTG207_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་གྱི་བཀྲ་ཤིས་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མཆོག་སེར་འདྲ་བ། །ཤེས་རབ་རྟགས་སུ་རལ་གྲི་པུ་སྟི་ཕྱག་ན་བསྣམས། །འཕགས་པ་འཇམ་དཔལ་གཞོན་ནུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད་ཆགས་པ། །སྐྱོན་གྱིས་མ་གོས་ཕྱག་མཚན་ཕྱག་ན་པདྨོ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐོང་ནག་སྔོ། །ཐབས་དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་བསྣམས། །འཕགས་པ་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རིགས་གསུམ་གྱི་བཀྲ་ཤིས་རྫོགས་སོ།། །།

རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤིག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང༌། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།

བདེན་པ་བརྗོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DTG207_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཙྪ་ཀ་རི་ཡི་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། བདེན་པ་བརྗོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཐུབ་པ་ཆེན་པོ་ཐུགས་རྗེ་ཅན། །ཐམས་ཅད་སྐྱོང་བའི་མགོན་པོ་དེ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །རྫོགས་པའི་བྱང་ཆུབ་མཆོག་བརྙེས་པ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཞི་བ་མྱང་འདས་འབྲས་བུ་ནི། །བསྟེན་པ་ལས་བྱུང་རོ་མཆོག་བརྙེས། །རྣམ་འདྲེན་བྱང་ཆུབ་ཤིང་དྲུང་དུ། །ཉིན་ཞག་བདུན་དུ་བཞུགས་གྱུར་པ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །སངས་རྒྱས་ཞག་བདུན་འགྲེངས་ཏེ་བཞུགས། །བསོད་སྙོམས་འབུལ་བ་ཀུན་ལ་དགྱེས། །བྱང་ཆུབ་ཤིང་ལ་མི་འཛུམ་གཟིགས། །ཡང་དག་མཆོད་པས་མཆོད་གྱུར་པ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྣམ་པར་གྲོལ་བའི་བདེན་པ་བརྙེས། །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས། །རིན་ཆེན་ལས་བྱས་སྤྲུལ་པའི་སར། །རྒྱལ་བཞག་བདུན་འཆག་པར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རིན་ཆེན་འོད་འབར་གཞལ་མེད་ཁང༌། །ཉམས་དགར་བཅོམ་ལྡན་བཞུགས་གྱུར་ཏེ། །ཉིན་ཞག་བདུན་དུ་ཆོས་ཀྱི་དབྱིངས། །བླ་ན་མེད་ལ་མཉམ་པར་གཞག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བཞིན་མཛེས་ཁ་དོག་རྒྱན་ལྡན་པའི། །བདུད་ཀྱི་བུ་མོ་འགྲོགས་པ་སྤངས། །ནྱ་གྲོ་དྷ་ཡི་ཤིང་དྲུང་དུ། །སངས་རྒྱས་ཞག་བདུན་བཞུགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བཏང་བཟུང་གནས་སུ་ཀླུ་དབང་གིས། །སྐུ་དཀྲིས་གདེངས་ཀས་བསྐྱབ་བྱས་པར། །དཔའ་བོ་ཆེན་པོ་ཞག་བདུན་བཞུགས། །ཀླུ་དེ་རྗེས་སུ་བཟུང་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རིང་ནས་བསྐྲུན་པའི་རྣམ་གྲོལ་བརྙེས། །བདེ་བ་མཆོག་ལ་སྤྱོད་པར་མཛད། །ཤིང་གི་རྒྱལ་


DTG207_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྒྲོལ་རྒྱུའི་དྲུང༌། །བཅོམ་ལྡན་ཞག་བདུན་བཞུགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྡོ་ལས་བྱས་པའི་ལྷུང་བཟེད་བཞི། །རྒྱལ་པོ་ཆེན་པོ་བཞིས་ཕུལ་བ། །རི་མོ་བཞི་མཚན་སྣོད་གཅིག་མཛད། །སྦྲང་རྩི་ལྡན་པའི་བསོད་སྙོམས་པ་ཞེས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་པས་གསོལ་བཏབ་སངས་རྒྱས་ཀྱིས། །ཉམས་དགའ་འཁོར་མོ་འཇིག་གྲོང་དུ། །འཇིགས་པ་མེད་པར་འཁོར་བཞི་ལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ཐུགས་རྗེ་ལྡན་པ་ཡིས། །ཆོས་ཀྱི་གྲུ་ནི་སྤྲུལ་མཛད་དེ། །འགྲོ་མང་བསོད་ནམས་ལ་སྦྱར་ནས། །མཚོ་ཆེན་ཕ་རོལ་སྒྲོལ་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཀུན་ཤེས་ཀཽཎྜིནྱ་སོགས། །དགེ་སློང་རྒྱལ་བ་ཟག་ཟད་པ། །རྒྱ་ཆེན་ཆོས་མཆོག་བསྟན་མཛད་དེ། །དེ་དང་དེ་དག་རྣམ་སྤྲོ་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ལྟེང་རྒྱས་གཤེགས་པ་མཛད། །ངོ་མཚར་ཆོ་འཕྲུལ་བསྟན་མཛད་ནས། །འོད་སྲུངས་ལ་སོགས་དེར་དུལ་ཏེ། །ཐེ་ཚོམ་བྲལ་ནས་དགེ་སློང་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ཉན་ཐོས་དང་བཅས་པ། །ཡིད་འོང་རྒྱལ་པོའི་ཁབ་གྲོང་གཤེགས། །མི་དབང་གཟུགས་ཅན་སྙིང་པོ་ནི། །འཁོར་དང་བཅས་པ་ལམ་ལ་བཀོད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་པ་རྒྱལ་པོའི་ཁྱབ། །ཡིད་འོང་གྲོང་དུ་བཞུགས་པ་ལས། །ཉེ་དུ་ཆོས་ཀྱིས་བསྡུ་བའི་ཕྱིར། །སེར་སྐྱའི་གྲོང་དུ་གཤེགས་པར་གྱུར། །ཉེ་དུའི་ཚོགས་དང་མཇལ་བ་ལས། །དེ་དག་མངོན་པའི་ང་རྒྱལ་གྱུར། །མཁྱེན་ནས་དཔའ་བོ་ཆེན་པོ་དེས། །ཉི་མ་བཞིན་དུ་མཁར་འཕགས་ཏེ། །སངས་རྒྱས་


DTG207_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སད་ཆོས་བསྟན་པས། །སྔོན་མེད་དགའ་བས་བ་སྤུ་ལངས། །མི་དབང་ཤཱཀྱའི་རིགས་རྣམས་ཀྱིས། །ང་རྒྱལ་དེར་ནི་ཉམས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷར་བཅས་འཇིག་རྟེན་འཁོར་བ་ཡི། །རྒྱ་མཚོ་ལས་ནི་སྒྲོལ་བའི་ཕྱིར། །རྒྱལ་བ་མཉན་ཡོད་གྲོང་ཁྱེར་ནི། །ཉམས་དགའ་བར་ནི་ཡུན་རིང་བཞུགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཨ་མྲ་ཤིང་གི་དྲུང་དུ་ནི། །ཡ་མ་ཟུང་གི་ཆོ་འཕྲུལ་དག །རྒྱལ་བས་མུ་སྟེགས་རྣམས་ལ་བསྟན། །དེ་དང་དེ་དག་ཕྱོགས་སུ་བྱེར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །འཇིག་རྟེན་དབང་པོ་ཞབས་ཀྱིས་ནི། །གོམ་པ་གཉིས་ཀྱིས་ལྷ་ཡུལ་གཤེགས། །ཆོ་འཕྲུལ་མཐར་ཐུག་སྟོན་མཛད་ཕྱིར། །མི་མཆོག་ལྷ་གནས་གཤེགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷ་དབང་གནས་སུ་གཤེགས་ནས་ནི། །ལ་བ་དཀར་འདྲའི་རྡོ་ཆེན་ཡང༌། །རྒྱལ་བས་ཁྱེའུ་ཆུང་དུ་མཛད་དེ། །རྡོ་བ་མཆོག་གི་སྟན་ལ་བཞུགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །སུམ་ཅུ་རྩ་གསུམ་གྲོང་ཁྱེར་དུ། །རྒྱལ་བ་ཟླ་བ་གསུམ་བཞུགས་ནས། །ཡུམ་ལ་སོགས་པའི་ལྷ་རྣམས་ལ། །ཆོས་ནི་མངོན་པར་བསྟན་པ་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷ་ཡུལ་ཟླ་བ་གསུམ་བཞུགས་ནས། །ནོར་བུའི་ཐེམ་སྐས་སྤྲུལ་པ་ལས། །ལྷས་མཆོད་བཀུར་སྟི་དང་བཅས་པས། །མི་ཡི་ཡུལ་དུ་བྱོན་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་སོགས་དཀར་ཞིང་ཆས་དཀར་བས། །ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས། །ལྷ་ལས་བབ་པ་ཆེན་པོ་ཡི། །ངོ་མཚར་བ་དག་བསྟན་པ་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་


DTG207_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀྲ་ཤིས་ཤོག །ལྷ་ལས་བབས་པའི་དུས་སུ་ནི། །མཐུ་དང་ཡོན་ཏན་ཆེན་པོ་དག །མཐོང་བས་སེམས་ཅན་ཐམས་ཅད་རྣམས། །སངས་རྒྱས་ཉིད་ལ་བཀོད་སྙམ་སེམས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གྲོང་ཁྱེར་གསལ་ལྡན་སྒོ་རུ་ནི། །སངས་རྒྱས་ཀྱིས་ནི་ཆོས་བསྟན་པས། །སྐྱེ་བོའི་ཚོགས་ནི་མང་པོ་རྣམས། །ཆོས་ནི་མངོན་པར་རྟོགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གླང་པོའི་དབང་པོ་འདམ་བུའི་རི། །མྱོས་པའི་ཤུགས་ཀྱིས་མགྱོགས་འགྲོ་བ། །རྫོགས་སངས་ཡིད་གཞུངས་སྨན་གྱིས་ནི། །དྲི་མ་དག་དང་བྲལ་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །འཇིག་རྟེན་བཀྲ་ཤིས་མི་བྱེད་པའི། །ཆོམ་རྐུན་སོར་མོའི་ཕྲེང་བ་ཅན། །གནས་དང་ཐག་རིང་སྤྲུལ་མཛད་དེ། །ཆུ་ལ་བྱིང་བར་མཛད་ནས་ནི། །ཆོས་བསྟན་ཀུན་སྦྱོར་བྲལ་བར་མཛད། །ཐུབ་དབང་མི་ཡི་ཁ་ལོ་སྒྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གདེངས་ཅན་དབང་པོ་གཟི་བརྗིད་ཅན། །དགའ་བོ་དང་ནི་ཉེ་དགའ་བོ། །གདུལ་ཕྱིར་ཉན་ཐོས་རྫུ་འཕྲུལ་ཅན། །གནས་བརྟན་མཽད་གལ་གྱི་བུ། །ཐུབ་པའི་དབང་པོས་མངག་པར་གྱུར། །བརྩེ་ལྡན་མཁས་པའི་རྫུ་འཕྲུལ་གྱིས། །ང་རྒྱལ་སྐྱེས་པ་བཅོམ་གྱུར་ཏེ། །ལེགས་པར་སྐྱབས་སུ་སོང་བར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གནོད་སྦྱིན་འབྲོག་གནས་རྩུབ་པོ་ནི། །ཤིན་ཏུ་འདུལ་དཀའ་སངས་རྒྱས་ཀྱིས། །འདུལ་བར་མཁྱེན་ནས་རྒྱུན་ཞུགས་པའི། །འབྲས་བུ་མཆོག་ལ་བཀོད་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཕྱོགས་རྣམས་ཀུན་གྱི་རླུང་གིས་ནི། །རི་ཡི་རྒྱལ་པོ་མི་གཡོ་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ཀྱང༌། །


DTG207_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆོས་བརྒྱད་ཀྱིས་མི་གཡོ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བསམ་གྱིས་མི་ཁྱབ་འོད་འཕྲོ་བ། །དབུ་ཡི་གཙུག་ཏོར་ཕ་མཐའ་ནི། །ཚངས་པའི་འཇིག་རྟེན་གནས་པས་ཀྱང༌། །བལྟ་བར་ཡང་ནི་ནུས་མ་ལགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དམ་པའི་ཆོས་ནི་སྟོན་པའི་ཚེ། །སྐུ་རྒྱབ་ཕྱོགས་སུ་གནས་པས་ཀྱང༌། །ནམ་མཁའ་ཟླ་བ་ཉ་བ་བཞིན། །རྒྱལ་བའི་ཞལ་ནི་མངོན་སུམ་མཐོང༌། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་པའི་འཇིག་རྟེན་བར་གྱི་ཡང༌། །འཁོར་རྣམས་ལ་ནི་འཇིགས་མེད་པར། །དེ་རྣམས་བསམ་པ་ཐུགས་ཆུད་ནས། །དེ་རྣམས་སོ་སོར་ཆོས་སྟོན་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །སྐྱེ་སོགས་སྡུག་བསྔལ་གྱིས་གདུངས་ལ། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །རྣམ་པ་ཀུན་དུ་སྲོག་དང་ནི། །སྐྱབས་དང་གནས་དང་དཔུང་གཉེན་ནོ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །སངས་རྒྱས་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཆོས་ནི་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །དགེ་འདུན་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དེ་ལྟར་འདི་སྐད་བདེན་པའི་ཚིག །རྗོད་པར་བྱེད་པ་གང་ཡིན་པ། །ཉེ་བར་འཚེ་བ་སྤངས་པ་དང། །ཐར་པའི་བདེན་པ་མངོན་འདོད་པའི། །མི་ཡིས་ཀུན་མཁྱེན་འཐོབ་པར་འགྱུར། །བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།འདི་ནི་རྒྱ་གར་གྱི་དཔེ་ལས་འགོས་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་བསྒྱུར་བའོ།། །