Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག།  དུས་ཞབས་ཆུང་བ།
   
   
   
   
   
   
   
   
   


 
previousདུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག། དུས་ཞབས་ཆུང་བ།next

དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག།
དུས་ཞབས་ཆུང་བ།


DTG212_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། ༄༅།དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བཞུགས་སོ།། །།རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ག་ཎི་ཏ་མུ་ཁ་དེ་ཤ །བོད་སྐད་དུ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཤ་ཀའི་ལོ་༡༠༩༡་ཀླ་ཀློའི་ལོ་༥༤༠་དག་པའི་ལོ་༨༦༤་མ་དག་པའི་ཟླ་བའི་ཚོགས་༡༩༦་དག་པའི་ཟླ་བའི་ཚོགས་༤༥༠་མེ་མཁའ་རྒྱ་མཚོ་༤༠༣་ལ་ལག་པ་གདེངས་ཅན་ཟླ་བས་ཕྲི་བའི་ལྷག་མའི་ལོ་༢༢༡་ཡང་དྲུག་ཅུས་ཕྲི་བའི་ལྷག་མའི་ལོ་༤༡་དང་པོར་ལོ་དྲུག་ཅུའི་ནང་ནས་ལོ་བཅུ་དགུ་མ་འདས་པར་བྱས་སོ་ཞེས་པ་ནི་ཕྱོགས་གཅིག་གི་རྩམ་པར་རྟོག་པ་སྟེ་དང་པོའི་ལོའི་དྷྲཱུ་བ་ཀ་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་མཁའ་མཁའ་ཆུ་གཏེར་ཟླ་བའི་ལོ་ལས་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས་དམན་པ་ལས་ཟླ་བ་དང་དྷྲཱུ་བཀ་ལ་སོགས་པ་བྱའོ་ཞེས་པ་མན་ངག་གོ །ལོ་བཅུ་དགུ་ཡང་དེ་ལ་ཞུགས་པའི་ཕྱིར་ཐ་དད་དུ་མ་བྱས་ཞེས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་འཁོར་ཞེས་བྱ་གཉིས་མེད་པ། །དུས་ཀྱི་བདག་ཉིད་ཕྱག་བྱས་ནས། །གཏི་མུག་མུན་པ་གཞིག་པའི་ཕྱིར། །དེ་ཡི་སྒྲོན་མེ་རབ་གསལ་བྱ། །འདིར་དྷྲཱུ་བ་ཀའི་རང་བཞིན་ལོ་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་རྣམས་ནི་རྟག་པར་མི་འགྱུར་ཏེ། རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྫོགས་པན་དྷྲཱུ་བ་ཀ་གཞན་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་དུ་འགྱུར་རོ། །དེ་ལྟར་ལོ་དྲུག་ཅུ་རྫོགས་པ་ན་དྲུག་ཅུ་དྲུག་ཅུ་འཇུག་པའི་ཕྱིར་ངེས་པ་འདི་ནི་མི་རྟག་གོ་ཞེས་ཤེས་པར་བྱའོ། །དེ་ལ་ཡང་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་གྱི་


DTG212_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ད་ལྟར་གྱི་ལོའི་དྷྲཱུ་བ་ཀའི་དོན་དུ་རབ་བྱུང་ལ་སོགས་པའི་ལོ་གཞུག་པར་བྱའོ། །རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྣམས་འདི་ལྟར་བསྒྲུབ་པར་བྱ་སྟེ། དེ་སྐད་དུ། ཤ་ཀ་དབང་པོའི་འདས་ལོ་རྣམས། །དྲག་པོས་བསྒྱུར་ཞིང་ཡང་བཞིས་བསྒྱུར། །དགུ་བརྒྱད་བཞི་དང་ལྡན་བྱས་ནས། །སྟོད་པ་མདའ་རི་འདོད་པས་བགོ །རྙེད་པ་ཤ་ཀའི་ལོ་བཅས་པ། །དྲུག་ཅུས་དག་བྱས་རབ་བྱུང་སོགས། །ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ། འདི་ཡིན་ནམ་བརྟག །ཤ་ཀ་ཞེས་བྱ་བའི་རྒྱལ་པོ་འདས་པའི་ལོ་རྣམས་བཅུ་གཅིག་གིས་བསྒྱུར་ནས་སླར་ཡང་བཞིས་བསྒྱུར་བར་བྱའོ། །དགུ་བརྒྱད་བཞི་དང་ལྡན་བྱས་ནས། །ཞེས་པ་བཞི་བརྒྱ་དང་བརྒྱད་ཅུ་རྩ་དགུ་ལྡན་པར་བྱའོ། །སྟོང་པ་མདའ་རི་འབོད་པས་བགོ །ཞེས་པ་ཁྲི་སུམ་སྟོང་བདུན་བརྒྱ་ལྔ་བཅུས་བགོས་པའི་ལྷག་མ་ཕྱིས་ཏེ་རྙེད་པ་དང་ལྷན་ཅིག་པའི་ཤཀའི་ལོ་དྲུག་བཅུས་བགོས་པའི་ལྷག་མ་ནི། རབ་བྱུང་ལ་སོགས་པའི་ལོར་འགྱུར་རོ། །རྙེད་པ་ནི་རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྫོགས་པའི་མཚན་ཉིད་ཡིན་པས་མི་གཟུང་ངོ༌། །རབ་བྱུང་ལ་སོགས་པ་དང་ཀླ་ཀློ་ལ་སོགས་པའི་རིམ་པས་དྲུག་ཅུའི་མཐར་ཐུག་པའི་རང་རང་གི་མིང་ནི་རབ་ཏུ་གྲགས་པ་དང་གཞུང་མངས་པའི་འཇིགས་པས་མ་བྲིས་སོ། །དེས་ན་རབ་བྱུང་ལ་སོགས་པ་དང་ལྷན་ཅིག་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་ནི་ཀླ་ཀློའི་ལོ་རུ་རབ་ཏུ་གྲགས་སོ། །དེ་ལ་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས་དམན་པའི་ལྷག་མ་ནི་ཟླ་བའི་དོན་དུ་བཅུ་གཉིས་ཀྱིས་བསྒྱུར་བར་བྱའོ། །ད་ལྟར་གྱི་ཟླ་བའི་དོན་དུ་ནག་པ་ལ་སོགས་པའི་ཟླ་བ་ལྡན་པར་བྱ་སྟེ་དེའི་རིམ་པ་ནི་འདི་ཡིན་ནོ། །ས་གའི་ཟླ་བ་ནས་བརྩམས་ཏེ་གཅིག་ལ་སོགས་པ་བཅུ་གཅིག་གི་མཐར་ཐུག་པ་གཞུག་པར་བྱའོ། །ནག་པའི་ཟླ་བ་ལ་ནི་ལོ་རིལ་པོ་ལོངས་པས་ལོ་གཅིག་བཅུག་ནས་བརྩི་


DTG212_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཟླ་བའི་ཚོགས་འདི་རྣམས་ཀྱང་ཟླ་བའི་ཤོལ་གཟུང་པའི་ཕྱིར་སྟེང་དང་འོག་གི་ངོ་བོས་གནས་གཉིས་སུ་བྱའོ། །འདིར་ཉི་མ་རྒྱུ་བའི་དབང་གིས་ཟླ་བ་ཕྱེད་བཅས་སུམ་ཅུ་རྩ་གཉིས་རྫོགས་པ་ན་ཤོལ་གྱི་ཟླ་བ་གཅིག་འབྱུང་བས་ན་ཟླ་བ་ཕྱེད་བཅས་སུམ་ཅུ་རྩ་གཉིས་པོ་བཞིས་བསྒྱུར་བས་བརྒྱ་སུམ་ཅུར་གྱུར་ལ། ཡང་ན་གཉིས་བསྒྱུར་བས་དྲུག་ཅུ་རྩ་ལྔར་འགྱུར་རོ། །ཟླ་བའི་ཤོལ་བདེ་བླག་ཏུ་གཟུང་བའི་ཕྱིར་བཞི་འམ་གཉིས་ཀྱིས་བསྒྱུར་བའི་རྒྱུ་མཚན་གྱིས་རྒྱུ་མཚན་ཅན་བགོ་བྱ་ཟླ་བའི་ཚོགས་ཀྱང་བཞི་འམ་གཉིས་ཀྱིས་བསྒྱུར་བས་དག་བར་རྟོགས་པར་བྱའོ། །རྒྱུད་དང་འགྲེལ་པ་ནི་མཐུན་པར་བཞིས་བསྒྱུར་བ་ཁོ་ནའོ་ཞེས་ཤེས་པར་བྱའོ། །དེའི་ཕྱིར་ཟླ་བའི་ཚོགས་ལ་བརྒྱ་སུམ་ཅུ་ཁོ་ནས་སྔར་བཤད་པའི་རིམ་པས་སམ་ཡང་ན་དྲུག་ཅུ་རྩ་ལྔས་བགོས་པས་ཐོབ་པ་ནི་ཤོལ་གྱི་ཟླ་བའི་བདག་ཉིད་དེ་སྟེང་དུ་ཟླ་བའི་ཚོགས་ལ་བཅུག་སྟེ། སྟེང་དུ་ཟླ་བའི་ཚོགས་ཟླ་བ་དག་པའི་བདག་ཉིད་བྱའོ། །ལྷག་མ་ནི་མ་རྫོགས་པའི་ཕྱིར་མི་གཟུང་ངོ༌། །གང་གི་ཚེ་ལྷག་མ་ཅུང་ཟད་ཀྱང་མ་ལུས་པ་དེའི་ཚེ་ཟླ་བ་གཉིས་པ་འཕེལ་ཏེ་ཟླ་བ་རེ་རེའི་འཕེལ་བ། ཟླ་བ་རིལ་པོ་དང་ལྡན་པ་ཟླ་བ་གཉིས་འཕེལ་བ་ལ་སླར་ཡང་ཤོལ་གྱི་ཟླ་བ་གཅིག་འབྱུང་ངོ་ཞེས་ངེས་པར་བྱའོ། །དེའི་ཚེ་ཟླ་བ་གཞན་ཞིག་བཅུག་སྟེ། ཟླ་བ་གནས་གསུམ་གྱུར་པ་ཞེས་པ་ལ་སོགས་པའི་དྷཱུ་བ་ཀ་གསུམ་ལ་སོགས་པ་བསྒྲུབ་པར་བྱའོ། །ཡང་ན་འདས་པའི་ཟླ་བ་དང་ཡང་དག་པར་འབྲེལ་པའི་དྷཱུ་བ་ཀ་གསུམ་ལ་རིམ་པ་ཇི་ལྟ་བ་བཞིན་གཟའ་ལ་གཟའ་གཅིག་དང༌། གཟའི་ཆུ་ཚོད་སུམ་ཅུ་རྩ་གཉིས་དང་རིལ་པོ་ལ་རིལ་པོ་གཉིས་དང༌། རིལ་པོའི་ཆ་ཤས་ལ་གཅིག་དང༌། སྐར་མ་ལ་སྐར་མ་གཉིས་དང༌། ཆུ་ཚོད་ལ་ཆུ་ཚོད་བཅུ་གཅིག་བཅུག་སྟེ། ཤོལ་གྱི་ཟླ་བ་དང་ཡང་དག་པར་འབྲེལ་པའི་དྷཱུ་བ་ཀ་གསུམ་རྟོགས་པར་བྱའོ། །ཟླ་བ་གཉིས་འཕེལ་བའི་ཟླ་བ་རིལ་པོ་ནི་མ་འོངས་པའི་ཟླ་བ་དང་ཡང་དག་པར་


DTG212_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པར་རྟོགས་པར་བྱའོ། །དག་པའི་ཟླ་བའི་ཚོགས་སོ། །ད་ནི་གཟའི་དྷྲཱུ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་ཟླ་བ་སྟེང་དང་འོག་གི་ངོ་བོས་གནས་གསུམ་དུ་བྱ་སྟེ། སྟེང་མ་གཟའི་བདག་ཉིད་དག་གནས་འོག་མ་ཆུ་ཚོད་ཀྱི་བདག་ཉིད་དང༌། གནས་པར་མ་ཟླ་བ་སོ་སོའི་གཟའི་ཆུ་ཚོད་ཀྱི་དོན་ཏེ། དེ་རྣམས་སུམ་ཅུ་རྩ་གཉིས་ཀྱིས་བསྒྱུར་ནས་འོག་མའི་ཕུང་པོ་ལོ་དྲུག་གིས་བགོས་པས་ཐོབ་པ་བུ་ལོན་གྱི་བདག་ཉིད་ཡིན་པས་ཆུ་ཚོད་ཀྱི་དངོས་པོ་ལས་དབྱི་བར་བྱའོ། །བགོས་པའི་ལྷག་མ་དྲུག་ཅུས་བསྒྱུར་ནས་དྲུག་གིས་ཐོབ་པ་ཆུ་སྲང་གི་བདག་ཉིད་ཡིན་པས་སྔར་གྱི་ཐོབ་པའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ནས་དྲུག་གིས་བགོས་པས་ཐོབ་པ་དབུགས་ཀྱི་བདག་ཉིད་ཡིན་པས་དེའི་འོག་ཏུ་གཞག་པར་བྱའོ། །ཆུ་སྲང་གཅིག་ནི་དབུགས་དྲུག་གི་བདག་ཉིད་ཀྱི་ཕྱིར་སྒྱང་བར་བྱའོ། །དེ་ནས་སྟེང་དང་འོག་གི་ངོ་བོས་གནས་བཞིར་བྱས་ནས་གཟའི་གནས་ཀྱི་གཟའ་ནི་ཆུ་ཚོད་དྲུག་ཅུའི་བདག་ཉིད་དོ། །ཆུ་ཚོད་ཀྱི་གནས་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དང༌། ཆུ་སྲང་གི་གནས་ནི་དབུགས་དྲུག་གི་བདག་ཉིད་དུ་གནས་སོ། །དེས་ན་དབུགས་དྲུག་ཚང་བ་ནི་ཆུ་སྲང་གཅིག་གི་བདག་ཉིད་དུ་འགྱུར་རོ། །ཆུ་སྲང་དྲུག་ཅུ་ཚང་བ་ནི་ཆུ་ཚོད་གཅིག་གི་བདག་ཉིད་དུ་འགྱུར་རོ། །ཆུ་ཚོད་དྲུག་ཅུ་ཚང་བ་ནི་གཟའ་གཅིག་གི་བདག་ཉིད་དུ་འགྱུར་ཏེ། དེ་ལྟར་ཐམས་ཅད་དུ་རྟོག་པར་བྱའོ། །ངེས་པ་འདི་ནི་ནུབ་པར་བྱེད་པ་ལ་འོངས་པ་སྟེ། ཉི་མ་ལ་སོགས་པ་འཆར་བར་བྱེད་པའི་དོན་དུ་སྟེང་གི་ཕུང་པོར་གཟའ་གཉིས་ནོར་དང༌། འོག་གི་ཕུང་པོར་ཆུ་ཚོད་སུམ་ཅུ་ནོར་དུ་འགྱུར་རོ། །ཆུ་ཚོད་ཀྱི་ཕུང་པོ་དྲུག་ཅུའི་ཆ་ཐོབ་པ་སྟེང་གི་ཕུང་པོར་བསྲེས་ནས་སྟེང་གི་ཕུང་པོའི་བདུན་གྱིས་བགོས་པའི་ལྷག་མ་ནི་གཟའ་རུ་འགྱུར་རོ། །ལྷག་མ་གཅིག་ལ་སོགས་པ་ནི་ཉི་མ་ལ་སོགས་པ་རབ་ཏུ་གྲགས་པ་རྣམས་སོ། །རྙེད་པ་ནི་གཟའ་འཁོར་བའི་མཚན་ཉིད་ཡིན་པས་མི་གཟུང་ངོ༌། །ད་ནི་གཟའི་བདག་ཉིད་ཀྱི་རིལ་པོའི་ཟླ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་


DTG212_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལ་བརྒྱ་དང་བཅུ་གཉིས་བསྲེས་ནས་སྟེང་དང་འགོག་གི་ངོ་བོས་གནས་གཉིས་སུ་བྱས་ཏེ། གནས་འོག་མ་བརྒྱ་དང་ཉི་ཤུ་རྩ་དྲུག་གིས་བགོས་པའི་རྙེད་པ་ལ་ལྔ་བསྲེས་ཏེ། སྟེང་གི་ཕུང་པོ་གཉིས་ཀྱིས་བསྐྱུར་བ་ལ་ནོར་དུ་སྦྱིན་པར་བྱའོ། །གང་གི་ཕྱིར་འདིར་ཟླ་བ་རྒྱུའི་དབང་གིས་ཟླ་བ་བརྒྱ་ཉི་ཤུ་རྩ་དྲུག་ན་རིལ་པོ་གཅིག་ཏུ་འགྱུར་བས་རིལ་པོའི་གནས་སུ་གཅིག་ལྷག་པར་འགྱུར་རོ། །གནས་སྟེང་མ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པའི་ལྷག་མ་ནི་རིལ་པོར་འགྱུར་རོ། །རྙེད་པ་ནི་གཟའ་འཁོར་བའི་ངོ་བོ་ཡིན་པས་མི་གཟུང་ངོ༌། །བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པའི་ལྷག་མ་ནི་རིལ་པོའི་ཆ་ཤས་ཡིན་པས་རིལ་པོའི་འོག་ཏུ་གཞག་པར་བྱའོ། །ད་ནི་ཉི་མའི་དྷཱུ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་ཟླ་བ་སྟེང་དང་འོག་གི་ངོ་བོས་གནས་པ་རྣམས། །སྟེང་མ་རྒྱུ་སྐར་གྱི་བདག་ཉིད་དང་འོག་མ་ཆུ་ཚོད་ཀྱི་རང་བཞིན་ནོ། །གནས་པར་མ་བཅུ་གཅིག་གིས་བསྒྱུར་ཏེ། གནས་འོག་མ་ལ་སུམ་ཅུ་རྩ་དགུས་བགོས་པས་ཐོབ་པར་གཉིས་བསྲེས་ཏེ་གཞག་པ་ནི་ཆུ་ཚོད་ཀྱི་རང་བཞིན་ནོ། །ལྷག་མ་དྲུག་ཅུས་བསྒྱུར་ནས་དེས་བགོས་པས་ཐོབ་པ་ནི་ཆུ་སྲང་གི་བདག་ཉིད་དེ་དེའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ཏེ་དེས་བགོས་པས་ཐོབ་པ་ནི་དབུགས་ཀྱི་བདག་ཉིད་དེ་དེའི་འོག་ཏུ་གཞག་པར་བྱའོ། །ཆུ་སྲང་དང་དབུགས་ཀྱི་བདག་ཉིད་ཀྱི་རྙེད་པ་དག་ལ་ཡང་གཉིས་བསྲེ་བ་སྔ་མ་བཞིན་བྱའོ། །སྔར་གྱི་ཆུ་ཚོད་དབུས་མའི་ཆུ་ཚོད་ཀྱི་གནས་ལ་སྦྱངས་ཏེ། ཆུ་སྲང་དང་དབུགས་རིལ་པོ་ནི་འོག་ཏུ་ཕབ་ལ་སྦྱར་བར་བྱའོ་ཞེས་པ་ནི་ཐམས་ཅད་དུ་སྤྱིའི་རིགས་པའོ། །དེ་ནས་དབུས་མའི་ཕུང་པོ་ཆུ་ཚོད་ཀྱི་བདག་ཉིད་ལ་དྲུག་ཅུའི་ཆས་ཐོབ་པ་ནི་སྟེང་གི་ཕུང་པོ་གཉིས་ཀྱིས་བསྒྱུར་བ་ལ་ནོར་དུ་འགྱུར། དེ་ལས་ཉི་ཤུ་རྩ་བདུན་དུ་བགོས་པའི་ལྷག་མ་ནི་རྒྱུ་སྐར་དུ་འགྱུར་རོ། །རྙེད་པ་ནི་རྒྱུ་སྐར་གྱི་འཁོར་ལོ་ཡོངས་སུ་འཁོར་བའི་མཚན་ཉིད་ཡིན་པས་མི་གཟུང་ངོ༌། །གནས་འོག་མ་ནི་


DTG212_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་དུ་ཆུ་ཚོད་ཀྱི་བདག་ཉིད་དུ་འགྱུར་ཏེ། དག་པའི་ཟླ་བའི་དྷཱུ་བ་ཀའོ། །གང་གི་ཚེ་རྩིས་ལ་ལེ་ལོར་གྱུར་པ་དེའི་ཚེ་གཟའ་ལ་གཟའ་གཅིག་དང༌། གཟའི་ཆུ་ཚོད་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། རིལ་པོ་ལ་རིལ་པོ་གཉིས་དང༌། རིལ་པོའི་ཆ་ཤས་ལ་རིལ་པོའི་ཆ་ཤས་གཅིག་དང༌། སྐར་མ་ལ་སྐར་མ་གཉིས་དང༌། སྐར་མའི་ཆུ་ཚོད་བཅུ་གཅིག་རྣམས་ཟླ་བ་རེ་རེ་ལ་སྦྱིན་པར་བྱ་སྟེ། མ་དག་པའི་གཟའ་ལ་སོགས་པའི་དྷཱུ་བ་ཀའོ། །དེ་ལྟ་བུས་གཟའ་ལ་སོགས་པ་དག་པར་བྱ་སྟེ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་གནམ་སྟོང་གི་མཐར་ཐུག་པ་ཉི་མ་སུམ་ཅུ་ཟླ་བའི་རྐང་པ་ལ་སོགས་པའི་རིམ་པས་གཟའ་རེ་འཕེལ་བས་གཟའ་ལ་གཟའ་རིལ་པོ་སྦྱིན་ཞིང༌། གཟའི་ཆུ་ཚོད་ཀྱི་རང་བཞིན་རྣམས་དབྲིའོ། །གལ་ཏེ་དབྲི་ཞིང་སྦྱངས་པའི་རང་བཞིན་ལ་གཟའི་ཆུ་ཚོད་མ་ལོངས་པ་དེའི་ཚེ། གཟའ་གཅིག་ཆུ་ཚོད་དྲུག་ཅུར་བྱས་ཏེ་འོག་ཏུ་ཕབ་ནས་སྦྱང་བར་བྱའོ་ཞེས་པ་ཐམས་ཅད་དུ་རིག་པར་བྱའོ། །གང་གི་ཚེ་ཡང་ཕབ་པའི་གཟའ་ཟླ་བའི་རྐང་པ་དང་ཉི་མའི་རྐང་པ་ལ་སོགས་པས་ནོར་དང་བུ་ལོན་དུ་བྱས་པ་ལ་ཕབ་པར་གྱུར་པ་ཆུ་ཚོད་དྲུག་ཅུར་མ་ལོངས་པ་དེའི་ཚེ་ཚེས་ད་ལྟར་བ་དེ་ཆད་དོ་ཞེས་རིག་པར་བྱའོ། །དེའི་ཚེ་ཚེས་དེ་དོར་ནས་མ་འོངས་པའི་ཚེས་བྱིན་ནས་བྱ་བ་ཐམས་ཅད་བྱའོ། །གང་གི་ཚེ་ཡང་རྩིས་ཀྱི་དབང་གིས་ཆུ་ཚོད་དྲུག་ཏུ་ལྷག་པར་གྱུར་པ་དེའི་ཚེ་དེ་ལྷག་གོ་ཞེས་རིག་པར་བྱའོ། །དེའི་ཚེ་ཡང་ཆུ་ཚོད་དྲུག་ཅུ་ནི་ད་ལྟར་བའི་གཟའ་ཕྲི་བར་བྱའོ། །ཆུ་ཚོད་ལྷག་པ་ནི་མ་འོངས་པའི་གཟའ་ལ་ཕྲི་བར་བྱའོ། །ཇི་སྲིད་ཆུ་ཚོད་ལྷག་པ་ནས་ཆད་པའི་བར་དུའོ། །ཆུ་ཚོད་ལྷག་པ་དང་ཆད་པ་རྣམས་ནི་ཐུན་མོང་གི་རིགས་པས་མཉམ་པ་ཁོ་ནར་འགྱུར་རོ། །ཚོགས་ཀྱི་ཆ་ལ་བཅུ་བཞིས་བགོས་པའི་རྙེད་པ་མཉམ་ན་ནོར་དང་མི་མཉམ་ན་བུ་ལོན་དུ་རྟོགས་པར་བྱའོ། །དེ་ལ་གཅིག་དང་གསུམ་གྱི་ཆ་ནི་མི་མཉམ་པ་སྟེ་བུ་ལོན་ནོ། །གཉིས་དང་བཞིའི་ཆ་ནི་མཉམ་པ་


DTG212_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ནོར་དུ་རྟོགས་པར་བྱའོ། །རྙེད་པ་མེད་ནའང་མཉམ་པ་སྟེ་གཟའ་དང་ཆུ་ཚོད་རྣམས་སུ་ནོར་དང་བུ་ལོན་གྱི་འཕེལ་འགྲིབ་རྟོགས་པར་བྱའོ། །འདིར་ཡང་ལྔ་ལ་སོགས་པའི་རེད་པ་ནི་མེད་དེ། གང་གི་ཕྱིར་རིལ་པོ་ལ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པ་ན། ཉི་ཤུ་རྩ་བདུན་ལས་ལྷག་པའི་ལྷག་མ་མེད་ལ། དེ་ལ་ཚེས་སུམ་ཅུ་སྦྱིན་ཡང་ལྔ་བཅུ་རྩ་བདུན་ལས་ལྷག་པ་ཡོད་པ་མ་ཡིན་ཞིང༌། དེ་ལ་བཅུ་བཞིས་བཅད་པའི་རྙེད་པ་བཞི་ལོ་ནར་འགྱུར་རོ། །བཅུ་གཉིས་བགོས་པའི་རྙེད་པ་ནི་རྐང་པ་སོ་སོ་ལ་ནོར་དང་བུ་ལོན་དུ་འགྱུར་བས་མི་གཟུང་ངོ༌། །བགོས་པའི་ལྷག་མ་ནི་ཟླ་བའི་རྐང་པ་སོ་སོ་རྟོགས་པར་བྱེད་དེ། གཅིག་ལ་སོགས་པ་བཅུ་གསུམ་གྱི་མཐར་ཐུག་པར་རྟོགས་པར་བྱའོ། །ཟླ་བའི་རྐང་པ་རྟོགས་པར་བྱེད་པ་ལྷག་མ་གཅིག་ལ་སོགས་པ་བཅུ་གསུམ་གྱི་མཐར་ཐུག་པ་ཕྱིས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བའི་རྐང་པའི་གནས་ནས་རྣམས་རྟོགས་པར་བྱའོ། །དེ་ལ་བཅུ་བཞིས་བགོས་པའི་ལྷག་མ་གཅིག་གམ་བཅུ་གསུམ་ལ་ཟླ་བའི་རྐང་པ་ལྔར་ཤེས་པར་བྱའོ། །དེ་བཞིན་དུ་གཉིས་སམ་བཅུ་གཉིས་ལ་བཅུའོ། །གསུམ་དང་བཅུ་གཅིག་ལ་བཅོ་ལྔའོ། །བཞི་དང་བཅུ་ལ་བཅུ་དགུའོ། །ལྔ་དང་དགུ་ལ་ཉི་ཤུ་རྩ་གཉིས་སོ། །དྲུག་དང་བརྒྱད་ལ་ཉི་ཤུ་རྩ་བཞིའོ། །བདུན་ལ་ཉི་ཤུ་རྩ་ལྔའོ། །དེ་ལ་ཡང་ཉི་མའི་རྐང་པ་ལས་བྱུང་བའི་སྦྱིན་པའི་དོར་བ་ནི་ཉི་མ་བཞིན་ཏེ། གལ་ཏེ་ཉི་མ་ལ་སྦྱིན་ན་ནི་འདི་ལ་ཡང་སྦྱིན་ནོ། །གལ་ཏེ་ཉི་མ་ལ་དོར་ན་ནི་འདི་ལ་ཡང་འདོར་རོ། །ད་ནི་སྔར་བཤད་པའི་ཟླ་བའི་རྐང་པ་འཆར་བ་རྣམས་ཀྱིས་བསྒྱུར་བའི་བྱ་བ་བདེ་བླག་ཏུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སོ་སོར་བརྗོད་པར་བྱ་སྟེ། དེ་ལ་རིལ་པོ་ལ་བཅུ་བཞིས་བགོས་པའི་ལྷག་མ་སྟོང་པ་ལ་ནི་སྦྱིན་པའམ་དོར་བ་ཅི་ཡང་མེད་དོ། །འོན་ཀྱང་རིལ་པོའི་ཆ་ཤས་གཟའི་རྐང་པ་དང་པོའི་མཚན་མ་ལྔས་བསྒྱུར་ནས་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པའི་རྙེད་པ་ཟླ་བའི་གཟའི་རྐང་པ་དང་ལྷན་ཅིག་བསྲེ་


DTG212_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ལྷག་མ་ནི་དྲུག་ཅུས་བསྒྱུར་ཏེ་བགོས་པའི་རྙེད་པ་ཆུ་སྲང་གི་བདག་ཉིད་ཡིན་པས་གཟའི་རྐང་པའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ཏེ་དེས་བགོས་པས་ཐོབ་པ་ནི་དབུགས་ཀྱི་ཚོགས་ཏེ། དེའི་ཡང་འོག་ཏུ་གཞག་པར་བྱའོ། །འཆད་པར་འགྱུར་བ་རྣམས་ལ་ཡང་བཀོད་པ་དེ་ལྟར་ཤེས་པར་བྱའོ། །ལྷག་མ་གཅིག་ལུས་པ་ན་རྐང་པའི་མཚོན་བྱེད་ཕྱིས་ནས་དེའི་གནས་འོག་མ་རྒྱུ་བའི་རྐང་པས་རྒྱུ་བར་བྱ་སྟེ་སྔར་བཤད་པའི་རིགས་པས་སོ། །ལྷག་མ་གཉིས་ལུས་པ་ན་གཉིས་པོ་ཕྱིས་ནས་གཟའི་རྐང་པ་སྔ་མ་དང་ལྷན་ཅིག་ཤེས་པར་བྱའོ། །རིལ་པོའི་ཆ་ཤས་ནི་སྔར་བཤད་པའི་རིགས་པས་དེའི་གནས་འོག་མ་ལྔས་བསྒྱུར་བར་བྱའོ། །བཅུ་བཞིས་བགོས་པའི་ལྷག་མ་གསུམ་ལ་ནི་གཟའི་རྐང་པ་སྔ་མ་བཅུ་དང་ལྷན་ཅིག་བཅོ་ལྔའོ། །རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་དེའི་གནས་འོག་མ་བཞིས་བསྒྱུར་བར་བྱའོ། །ལྷག་མ་བཞི་ལ་ནི་སྔ་མ་གསུམ་དང་ལྷན་ཅིག་བཅུ་དགུ་སྟེ། རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་དེའི་གནས་འོག་མ་གསུམ་གྱིས་བསྒྱུར་བར་བྱའོ། །ལྷག་མ་ལྔ་ལ་ནི་སྔ་མ་བཞི་དང་ལྷན་ཅིག་ཉི་ཤུ་རྩ་གཉིས་ཏེ། རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་གཉིས་ཀྱིས་བསྒྱུར་བར་བྱའོ། །ལྷག་མ་དྲུག་ལ་ནི་སྔ་མ་ལྔ་དང་ལྷན་ཅིག་ཉི་ཤུ་རྩ་བཞི་སྟེ། རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་གཅིག་གིས་བསྒྱུར་བར་བྱའོ། །ལྷག་མ་བདུན་ལ་ནི་སྔ་མ་དྲུག་དང་ལྷན་ཅིག་ཉི་ཤུ་རྩ་ལྔ་སྟེ། རིལ་པོའི་ཆ་ཤས་ནི་དེའི་གནས་འོག་མ་གཅིག་གིས་བསྒྱུར་ནས་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོབ་པ་ཆུ་སྲང་ལ་སོགས་པར་བྱས་ནས་གཟའི་རྐང་པ་ཉི་ཤུ་རྩ་ལྔ་ལས་བུ་ལོན་དབྲོག་པར་བྱའོ། །ལྷག་མ་བརྒྱད་ལ་ནི་ཐམས་ཅད་དུ་རྐང་པའི་མཚོན་བྱེད་ཀྱི་མཚན་མ་ཕྱིས་ནས་སྤྱང་ཟིན་པའི་རྐང་པ་རྣམས་དོར་ཏེ། མ་སྤང་པའི་རྐང་པའི་གནས་དྲུག་ལ་གནས་པ་ཉི་ཤུ་རྩ་བཞི་པོ་རྣམས་གཟའི་རྐང་པ་ལ་ཕྲི་བར་བྱའོ། །ཐམས་ཅད་དུ་བར་གྱི་རི་མོ་བརྒལ་ནས་རིམ་མིན་ལ་ནི་འདས་ཤིང་སྦྱང་ཟིན་


DTG212_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཟའི་རྐང་པ་རྣམས་དོར་ཏེ། མ་སྤྱད་པ་རྣམས་བསྡོམས་ནས་དགོད་པར་བྱ་ཞིང༌། རིམ་པ་ལ་ནི་དབུས་ཀྱི་རི་མོའི་བར་སྦྱང་ཟིན་པའི་རྐང་པའི་གནས་རྣམས་གཟའི་རྐང་པ་ལ་བསྲེས་ནས་དགོད་པར་བྱའོ། །ཁྱད་པར་ནི་རིལ་པོའི་ཆ་ཤས་རིམ་པས་བགྲོད་པ་ལ་སྤྱང་ཟིན་པའི་གཟའི་རྐང་པའི་གནས་ལས་འོག་གི་གཟའི་རྐང་པས་བསྒྱུར་བར་འདོད་ལ། དེ་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོབ་པ་གཟའི་རྐང་པ་དང་ཇི་ལྟར་རིགས་པར་བསྲེ་བར་བྱའོ། །རིམ་མིན་དུ་བགྲོད་པ་ལ་རིལ་པོའི་ཆ་ཤས་ནི་སྤྱང་ཟིན་པའི་དེ་མ་ཐག་པའི་སྟེང་ན་གནས་པས་བསྒྱུར་ཏེ། དེ་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པས་ཐོབ་པ་གཟའི་རྐང་པ་ཇི་ལྟར་རིགས་པར་བུ་ལོན་དབྲོག་པར་བྱའོ། །ལྷག་མ་བཅུ་གཅིག་ལ་ནི་མ་སྤྱད་པའི་གནས་གསུམ་ལ་གནས་པ་བཅོ་ལྔའོ།། ལྷག་མ་བཅུ་གཉིས་ལ་ནི་མ་སྤྱད་པའི་གནས་གཉིས་ལ་གནས་པ་བཅུའོ། །ལྷག་མ་བཅུ་གསུམ་ལ་ནི་མ་སྤྱང་བའི་གནས་གཅིག་ལ་གནས་པ་ལྔའོ། །བཅུ་བཞིས་བགོས་པས་གཟའི་རྐང་པ་སྟོངས་པ་ལ་གནས་ན་སྔར་བཤད་པ་ཉིད་རིགས་སོ། །ཉི་མའི་རྐང་པ་ལས་བྱུང་བ་ནི་ཕྱོགས་འདི་ལ་ཡང་ཐུན་མོང་དུ་སྦྱིན་པ་དང་དོར་བ་ཉིད་དེ། དེ་དག་གཟའི་རྐང་པ་དང་འདྲ་བར་སྔར་བཤད་པའི་རིགས་པས་མཉམ་པ་དང་མི་མཉམ་པའི་བགྲོད་པ་ལ་གཟའ་དང་ཆུ་ཚོད་རྣམས་སུ་སྦྱིན་པ་དང་དོར་བ་རྟོགས་པར་བྱའོ། །གཟའི་རྐང་པ་འདི་རྣམས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བར་བྱ་བའི་ཕྱིར་བྲིས་ཏེ། གཟའ་དང་ཚེས་དང་སྐར་མ་དག་པའོ། །ད་ནི་ཉི་མ་སོ་སོའི་ཉི་མ་དག་པ་བརྗོད་པར་བྱ་སྟེ། སྐར་མའི་དྷྲཱུ་བ་ཀ་ལ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉི་མ་སུམ་ཅུ་རྣམས་སུ་རེ་རེ་འཕེལ་བས་ཚེས་དེ། བཞིས་བསྒྱུར་ཞིང་དེ་ལ་གསུམ་ཚེས་དེའི། གྱི་ཆ་ཆུ་སྲང་ཉི་ཤུ། དག་གིས་བསྲེས་ཏེ། ཚེས་དང་པོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་འབྱུང་འདིར་ཆུ་སྲང་གཅིག་ཆད་པས་ཅུང་མདག་པ་དེ་དྷྲཱུ་བ་ཀའི་སྐབས་སུ་གནས་དཔུས་མ་བཅུ་གཅིག་གིས་བསྒྱུར་བས་བགོས་ཏེ་དག


DTG212_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བས་ཆད་པའི་སྐྱོན་མེད་དོ། །ད་དུང་དཔུགས་ལྔ་དང་འདོད་ཆ་བརྒྱད་ཀྱིས་མདག་པའི་ཆ་ཡོད་དོ། །བ་དེ་ཡང་སྐར་མའི་དྷྲཱུ་བ་ཀ་ལ་བཅུག་སྟེ། ཉི་མ་རེ་རེ་ལ་འཕེལ་བ་དེ་བཞིན་བྱའོ། །ཡང་ན་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་གཉིས་བཅུག་སྟེ་འདི་ཉིད་དག་གོ་ཞེས་བསྟན་ཏོ། །ཡང་ན་གྲུབ་པའི་མཐའི་རིགས་པས་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་དྲུག་དང་དབུགས་གཉིས་ཏེ་དེ་ཡང་མ་དག་པའི་ཉི་མའི་ལོངས་སྤྱོད་ཀྱི་བདག་ཉིད་ཀྱི་དྷྲཱུ་བ་ཀའོ། །སྔ་མ་དང་ཕྱི་མའི་ངོ་བོས་གནས་གསུམ་དུ་བཞག་ནས་གཅིག་ལ་ཁྱིམ་གསུམ་གྱི་བདག་ཉིད་འདི་གཟའ་ལྔ་ལ་མཁོ་བའི་ཉིན་ཞག་གི་ཉི་དག་བསྒྲུབ་ཚུལ་ལོ། །རྒྱུ་སྐར་དྲུག་དང་ཆུ་ཚོད་བཞི་བཅུ་རྩ་ལྔ་དབྱི་བར་བྱའོ། །དེ་ལྟར་ན་ལུག་ལ་སོགས་པའི་ཁྱིམ་གསུམ་སྦྱངས་པའི་ཕྱིར་ཉི་མ་སྐྱེས་པའི་ཁྱིམ་ཀརྐ་ཊར་འགྱུར་རོ། །བྱ་བ་ལྷག་མ་ནི་གཟའ་བཀྲ་ཤིས་ཀྱི་ཇི་ལྟ་བ་བཞིན་དུ་ཉི་མ་ལ་ཡང་ཤེས་པར་བྱའོ། །འོན་ཀྱང་བཀྲ་ཤིས་དང་གཟའི་རྐང་པ་རྣམས་ཐ་དད་དེ་ཉི་མའི་གཟའི་རྐང་པ་རྣམས་ནི་དྲུག་དང་བཞི་དང་གཅིག་སྟེ་དང་པོ་ཀརྐ་ཊ་ལ་དྲུག་གོ །གཉིས་པ་སེང་གེ་ལ་བཞིའོ། །གསུམ་པ་བུ་མོ་ལ་གཅིག་གོ །དེ་ནས་ལུགས་ལས་བཟློག་པས་བཞི་པ་སྲང་ལ་གཅིག་གོ །ལྔ་པ་སྡིག་པ་ལ་བཞིའོ། །དྲུག་པ་གཞུ་ལ་དྲུག་གོ །ཆུ་སྲིན་ལ་སོགས་པ་ལ་ཡང་དེ་ལྟ་བུ་ཉིད་དུ་རྟོགས་པར་བྱའོ། །དེ་ལ་རྐང་པའི་གནས་སུ་ཤར་བ་གང་ཡིན་པ་དེའི་རྐང་པའི་གནས་ཀྱི་དེ་མ་ཐག་པས་ལྷག་མ་རྣམས་བསྒྱུར་ཏེ། ཆུ་ཚོད་ཀྱི་གནས་ལ་སོགས་པར་ནོར་དང་བུ་ལོན་དུ་བྱ་སྟེ། བརྒྱ་སུམ་ཅུ་རྩ་ལྔས་བགོས་པའི་རྙེད་པ་གཅིག་ལ་སོགས་པ་ནི་ཉི་མའི་ལོངས་སྤྱོད་ཀྱི་བྱ་བ་བགྲོད་པ་འགྲོ་བའི་དབང་ལས་རྐང་པའི་གནས་དྲུག་ལ་སོགས་པ་ལ་ནོར་རམ་བུ་ལོན་དུ་འགྱུར་ཏེ། དེ་ཡང་ཆུ་སྲིན་ལ་སོགས་པ་ལ་ནོར་དང་ཀརྐ་ཊ་ལ་སོགས་པ་ལ་བུ་ལོན་ནོ་ཞེས་པ་མདོར་བསྡུས་པ་སྟེ། རྒྱས་པར་ནི་ཨུ་སངྒ་ལར་འཆད་དོ་ཞེས་པ་འདི་ནི་ཉི་མ་སོ་སོའི་ཉི་མ་དག་པའོ། །བྱེད་པ་ལ་བརྗོད་པའི་


DTG212_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གས་ནི་དག་པ་མེད་དོ། །བྱེད་པ་ལ་བརྗོད་པའི་ཆོ་ག་ཡང་འདི་ཡིན་ཏེ། ཀརྐ་ཊའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་བུ་ལོན་ནོ། །ཀརྐ་ཊའི་ཕྱོགས་གཉིས་པ་ལ་དྲུག་གོ །དེ་བཞིན་དུ་སེང་གེ་ལ་བརྒྱད་དང་བཅུའོ། །བུ་མོ་ལ་བཅུ་དང་བཅུ་གཅིག་གོ །སྲང་ལ་བཅུ་གཅིག་དང་བཅུའོ། །སྡིག་པ་ལ་བརྒྱ་དང་དྲུག་གོ །གཞུ་ལ་གསུམ་དང་སྟོང་པ་སྟེ་བགྲོད་པའི་མཐར་རོ། །དེ་བཞིན་དུ་ཆུ་སྲིན་ལ་སོགས་པ་ལ་ནོར་ཏེ་བྱེད་པ་ལ་གྲུབ་པའི་ཕྱོགས་དང་པོ་ལ། ཕྱི་མ་ལ། དང་པོ་ལ། ཕྱི་མ་ལ། མཐའི་དགོངས་པའོ། །གི་དང་པོ། དེ་ལྟ་བུ་ནི་ཕྱི་མ་ལ། དང་པོ་ལ། ཕྱི་མ། ཟླ་བ་དྲུག་གི་ཕྱོགས་ལ་ཉིན་དང་པོ། ཕྱི་མ། མོར་བྱེད་པ་རྒྱུ་བའི་ཟླ་བ་འཕོ་བའི་དབྱེ་བ་རྣམས་སོ། །ད་ནི་ཟླ་བ་དག་པ་བརྗོད་པར་བྱ་སྟེ། རྒྱུ་སྐར་གྱི་དྷྲཱུ་བ་ཀ་ལ་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ཚེས་སུམ་ཅུ་པོ་རྣམས་རྒྱུ་སྐར་གྱི་གནས་སུ་ཉི་མ་སོ་སོར་རྒྱུ་སྐར་རེ་རེ་འཕེལ་བས་རྒྱུ་སྐར་འཕེལ་བའི་དོན་དུ་སྦྱིན་པར་བྱའོ། །ཚེས་དེ་རྣམས་གནས་གཞན་དུ་བྱས་ཏེ་ཆུ་ཚོད་ཀྱི་བྱ་བ་ལ་དྲུག་གིས་བསྒྱུར་ཏེ་སྔར་གྱི་ཆུ་ཚོད་ཀྱི་རང་བཞིན་དེ་རྣམས་གཟའི་ཆུ་ཚོད་དག་པ་དང་ལྡན་པར་བྱའོ། །སླར་ཡང་དེ་ལྟར་གྱུར་པ་རྣམས་ཀྱིས་རྒྱུ་སྐར་གྱི་དྷྲཱུ་བ་ཀའི་ཆུ་ཚོད་ལ་སོགས་པ་ཚེས་དེ། གནས་ཇི་ལྟ་བ་བཞིན་དུ་དམན་པར་བྱའོ། །དེ་ལྟར་ན་ཟླ་བའི་ལོངས་སྤྱོད་ཀྱི་ཆུ་ཚོད་ལ་སོགས་པ་དེ་རྣམས་དག་བར་འགྱུར་རོ། །རྒྱུ་སྐར་གྱི་དྷྲཱུ་བ་ཀའི་སྟེང་དུ་གནས་པ་ཉི་མ་སོ་སོར་རེ་རེ་འཕེལ་བ་བཅུག་སྟེ། ཉིན་མོར་བྱེད་པའི་རྒྱུ་སྐར་རིལ་པོ་དང་ཟླ་བས་ལོངས་སྤྱད་པའི་རྒྱུ་སྐར་རིལ་པོར་འགྱུར་རོ། །རྐང་པ་ནི་རྒྱུ་སྐར་གྱི་དྷྲཱུ་བ་ཀའི་ཆུ་ཚོད་ལ་སོགས་པ་རྣམས་ཀྱིས་དམན་པར་བྱ་བའི་ཕྱིར་དེ་རྣམས་དམན་པར་བྱའོ། །ཆུ་ཚོད་ལ་སོགས་པ་མ་ལོངས་པ་ན་བུ་ལོན་གྱི་ཆུ་ཚོད་ལ་སོགས་པ་དེ་ལྟར་ལྷག་པར་འགྱུར་རོ། །དེའི་ཚེས་རྩིས་ཀྱི་དབང་གིས་ཆུ་ཚོད་སྦྱང་བར་བྱ་བ་ན་དེ་ལ་ཆུ་ཚོད་དྲུག་ཅུ་བྱིན་ནས་སྔར་བཤད་པའི་བུ་ལོན་སྦྱང་


DTG212_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །རྒྱུ་སྐར་གྱི་དྷྲཱུ་བ་ཀ་ལ་ཡང་རྒྱུ་སྐར་གཅིག་བྱིན་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་རྒྱུ་སྐར་ཚད་དུ་ཞེས་རིག་པར་བྱའོ། །དེ་ནས་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་བགྲོད་དེ། འདས་པའི་རྒྱུ་སྐར་དོར་ནས་མ་འོངས་པའི་རྒྱུ་སྐར་བྲི་བར་བྱའོ། །དེ་ནས་གཞན་གྱི་བུ་ལོན་སྦྱངས་ཏེ་ལྷག་མའི་ཆུ་ཚོད་ལ་སོགས་པ་བྲི་བར་བྱའོ། །གང་གི་ཚེ་ཡང་རྩིས་ཀྱི་དབང་གིས་སྦྱངས་པའི་ལྷག་མའི་ཆུ་ཚོད་དྲུག་ཅུ་ལྷག་པར་གྱུར་པ་དེའི་ཚེ་རྒྱུ་སྐར་གྱི་ཆུ་ཚོད་འཕེལ་ལོ་ཞེས་རྟོགས་པར་བྱའོ། །དེའི་ཚེ་ཡང་འདས་པའི་རྒྱུ་སྐར་ལས་གཞན་པའི་ཆུ་ཚོད་དྲུག་ཅུ་བྲི་བར་བྱའོ། །ལྷག་པའི་ཆུ་ཚོད་ནི་མ་འོངས་པའི་རྒྱུ་སྐར་ལས་གཞན་དུ་བྲི་བར་བྱའོ། །ཇི་སྲིད་རྩིས་ཀྱི་དབང་གིས་ལྷག་པ་དང་ཆད་པའི་བར་དུའོ། །ཆད་ན་ནི་དེའི་རིམ་པ་ཇི་ལྟ་བ་ཁོ་ནའོ། །གང་གི་ཚེ་ལྷག་པ་དང་བཅས་པས་ཆུ་ཚོད་དྲུག་ཅུའི་མཐར་ཐུག་པར་འཕེལ་བ་དེའི་ཚེ་རྒྱུ་སྐར་གཅིག་འཕེལ་ལོ་ཞེས་རིག་པར་བྱ་སྟེ། དེའི་ཚེ་ཡང་མ་འོངས་པའི་རྒྱུ་སྐར་ལ་ཆུ་ཚོད་དྲུག་ཅུ་བྲི་བར་བྱའོ། །ཇི་སྲིད་རིམ་པ་ཡོངས་སུ་དམན་པས་ཆད་པ་དེ་དང་དེ་ལ་གོ་རིམས་ཇི་ལྟ་བ་ཉིད་དོ། །ད་ནི་སོལ་བ་ལ་སོགས་པ་སྦྱོར་བ་ཉི་ཤུ་རྩ་བདུན་གསལ་བར་བྱ་སྟེ། རྒྱུ་སྐར་གྱི་དྷྲཱུ་བ་ཀ་ལ་གནས་པའི་རྒྱུ་སྐར་རྣམས་ཀྱི་མཚན་མ་དང་ཟླ་བས་སྤྱད་པའི་རྒྱུ་སྐར་རྣམས་བསྲེས་པར་གྱུར་བ་ལ་ཉི་ཤུ་རྩ་བདུན་གྱིས་སྦྱངས་པའི་ལྷག་མ་ནི་སེལ་བ་ལ་སོགས་པ་རྣམས་སོ། །ད་ནི་གདབ་པ་ལ་སོགས་པའི་བྱེད་པ་བདུན་བརྗོད་པར་བྱ་སྟེ། དཀར་པོའི་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ཚེས་སུམ་ཅུ་པོ་རེ་རེ་བཞིན་འཕེལ་བ་གཉིས་ཀྱིས་བསྒྱུར་ཏེ། གཅིག་དང་བྲལ་བ་ལ་བདུན་གྱིས་བགོས་པའི་ལྷག་མ་ནི་གདབ་པ་ལ་སོགས་པར་འགྱུར་རོ། །བདུན་གྱིས་བགོར་མ་བཏུབ་པ་ལ་མཚན་མ་གཅིག་དང་བྲལ་བ་ཡང་གདབ་པ་ལ་སོགས་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གཟའ་དང་ཚེས་དང་སྐར་མ་དང་སྦྱོར་བ་དང་བྱེད་པ་ཡན་ལག་ལྔ་པོ་རྣམས་ཏེ། གཟའ་ནི་ཉི་མ་ལ་སོགས་པ་རབ་ཏུ་གྲགས་པ་བདུན་ནོ། །ཚེས་ནི་


DTG212_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང་ནག་པོའི་ཕྱོགས་བཅོ་ལྔ་བཅོ་ལྔར་རབ་ཏུ་གྲགས་པ་རྣམས་སོ། །རྒྱུ་སྐར་ནི་ཐ་སྐར་ལ་སོགས་པ་ཉི་ཤུ་རྩ་བདུན་རབ་ཏུ་གྲགས་པ་རྣམས་སོ། །སྦྱོར་བ་ཡང་སེལ་བ་ལ་སོགས་པ་ཉི་ཤུ་རྩ་བདུན་ཉིད་དོ། །བྱེད་པ་ནི་གདབ་བ་ལ་སོགས་པ་བདུན་ཏེ། དཀར་པོའི་ཚེས་གཅིག་གི་ཕྱེད་ཕྱི་མ་ལ་གདབ་པའོ། །གཉིས་ཀྱི་ཕྱེད་སྔ་མ་ལ་བྱིས་པ་ཅན་ནོ། །ཕྱེད་ཕྱི་མ་ལ་རིགས་ཅན་ནོ། །གསུམ་གྱི་ཕྱེད་སྔ་མ་ལ་ཏིལ་བརྡུང་ངོ༌། །ཕྱེད་ཕྱི་མ་ལ་ཁྱིམ་སྐྱེས་སོ། །བཞིའི་ཕྱེད་སྔ་མ་ལ་ཚོང་བའོ།། ཕྱེད་ཕྱི་མ་ལ་བིཥྚིའོ། །དེ་བཞིན་དུ་ནག་པོའི་བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བཀྲ་ཤིས་སོ། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ། །དཀར་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་མི་སྡུག་པའོ། །ཕྱེད་ཕྱི་མ་ལ་སླར་ཡང་གདབ་པའོ། །དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། །སྐར་མ་ཐ་སྐར་ལ་སོགས་པའི་རྐང་པ་དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་རབ་ཏུ་གྲགས་པ་བཅུ་གཉིས་པོ་རྣམས་སོ། །འདི་རྣམས་ལ་རིམ་པ་བཞིན་དུ་མིག་དམར་དང་ལུག །པ་སངས་དང་གླང༌། གཟའ་འཁྲིག་པ། ལྷག་དང༌། ཟླ་བ་དང༌། ཀརྐ་ཊ། ཉི་མ་དང༌། སེང་གེ །གཟའ་བུ་མོ། ལྷག་དང༌། པ་བ་སངས་དང༌། སྲང༌། མིག་དམར་དང༌། སྡིག་པ། ཕུར་བུ་དང༌། གཞུ། སྤེན་པ་དང༌། ཆུ་སྲིན། སྤེན་པ་དང༌། བུམ་པ། ལུག་དང་སྡིག་བའི་མིག་དམར་ཞིང༌། །གླང་དང་སྲང་ནི་པ་སངས་ཞིང༌།། འཁྲིག་པ་བུ་མོ་གཟའ་ལྷག་ཞིང༌། །ཟླ་བའི་ཞིང་ནི་ཀརྐ་ཊ། །ཉི་མའི་ཞིང་ནི་སེང་གེའི་ཁྱིམ། །ཕུར་བུའི་ཞིང་ནི་གཞུ་དང་ཉ། །ཆུ་སྲིན་བུམ་པའི་ཞིང་བདག་ལྡན། །དེ་ལྟར་གཟའ་བདུན་ཁྱིམ་ལ་དབང༌། །ཕུར་བུ་རྣམས་ནི་ཞིང་ཅན་ནོ། །ད་ནི་ལོ་འཕོ་བའི་དྷཱུ་བ་ཀ་བརྗོད་པ་ར་བྱ་སྟེ། དག་པའི་ལོ་ལ་བརྒྱད་བསྲེས་ཏེ་བཞི་བརྒྱས་བསྒྱུར་ནས་བརྒྱད་བསྲེས་པའི་བྱེད་པའི་ལོས་དམན་པར་བྱས་པ་སུམ་བརྒྱ་བཅུ་བདུན་གྱིས་བགོས་པའི་ལྷག་མ་ནི་གཟར་འགྱུར་རོ། །བགོས་པའི་ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་ཏེ་སྔར་བཤད་སུམ་བརྒྱ་བཅུ་བདུན། པ་ཉིད་ཀྱིས་བགོས་པས་ཐོབ་པ་ནི་ཆུ་ཚོད་དུ་འགྱུར་


DTG212_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལ་བཀྲ་ཤིས་ལ་སོགས་པའི་ངེས་པ་ཉི་མ་ལ་སོགས་པས་བྱེད་པའི་དོན་དུ་གཟའི་གནས་སུ་གཉིས་དང་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་སྦྱིན་པར་བྱའོ། །དྲུག་ཅུས་བགོས་པས་ཐོབ་པ་ནི་གཟར་འགྱུར་རོ། །བདུན་གྱིས་བགོས་པའི་ལྷག་མ་ནི་གཟའི་གནས་སུ་གཟའ་སྟེ་ལོ་འཕོ་བའི་ཟླ་བ་ལ་འགྱུར་རོ་ཞེས་པ་རིག་པར་བྱའོ། །ད་ནི་ལུག་ལ་སོགས་པའི་འཕོ་བར་སྣོན་པ་ལ་སྣོན་བྱེད་བཅུ་གཉིས་ཀྱིས་ལོའི་དྷྲཱུ་བ་ཀ་བརྗོད་པར་བྱ་སྟེ། ལུག་དང་གླང་དང་འཁྲིག་པ་དང་ཀརྐ་ཊ་དང་སེང་གེ་དང་བུ་མོ་རྣམས་ལ་གཟའི་གནས་སུ་གཅིག་དང་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་བདུན་ནོ། །དེ་ལ་གཟའི་གནས་སུ་ལོའི་དྷྲཱུ་བ་ཀ་དང་ལྷན་ཅིག་བསྣན་པས་གཟར་འགྱུར་རོ། །གཟའ་དེས་ལུག་གི་འཕོ་བའོ། །སྲང་དང་སྡིག་པ་དང་གཞུ་དང་ཆུ་སྲིན་དང་བུམ་པ་དང་རིམ་པས་འགྱུར་བ་ལས་ཐོག་མ་ལུག་ལ ཉ་རྣམས་རིམ་པས་འགྱུར་བ་ལས་མཐར་ཉ་ལ། ལ་གཟའི་གནས་སུ་ནམ་མཁའ་དང་ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་ལྔ་བཅུ་རྩ་གཉིས། དེ་རྣམས་ཀྱིས་ཆུ་ཚོད་དོ་ཞེས་པ་ཐམས་ཅད་དུ་རིག་པར་བྱའོ། །གཟའ་ལ་བཞི་དང་ཆུ་ཚོད་དུ་ལྔ་བཅུ་རྩ་གསུམ་ནི་གླང་ལའོ། །འཁྲིག་པ་ལ་གཟའ་གཅིག་དང་ཆུ་ཚོད་བཅུ་བདུན་ནོ། །ཀརྐ་ཊ་ལ་གཟའ་བཞི་དང་ཆུ་ཚོད་ལྔ་བཅུ་རྩ་ལྔ་བཅུ་རྩ་གཉིས། གསུམ་མོ། །སེང་གེ་ལ་གཟའ་གཅིག་དང་ཆུ་ཚོད་ཉི་ཤུ་རྩ་གཉིས་སོ། །བུ་མོ་ལ་གཟའ་བཞི་དང་ཆུ་ཚོད་ཉི་ཤུ་རྩ་བཞིའོ། །སྲང་ལ་གཟའ་དྲུག་དང་ཆུ་ཚོད་ལྔ་བཅུ་རྩ་གཅིག་གོ ། སྡིག་པ་ལ་གཟའ་གཅིག་དང་ཆུ་ཚོད་བཞི་བཅུ་རྩ་བདུན་ནོ། །གཞུ་ལ་གཟའ་གསུམ་དང་ཆུ་ཚོད་བཅུ་དྲུག་གོ །ཆུ་སྲིན་ལ་གཟའ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་བདུན་ནོ། །བུམ་པ་ལ་གཟའ་དྲུག་དང་ཆུ་ཚོད་བཞི་བཅུའོ། །ཉ་ལ་གཟའ་སྟོང་པ་དང་ཆུ་ཚོད་ལྔ་བཅུ་རྩ་གཉིས་ཏེ་འཕོ་བའི་ཚུལ་གྱིས་བྱེད་པ་ཤེས་པར་བྱའོ། །གྲུབ་པའི་མཐའ་ལ་ཡང་འདི་འཕོ་བའི་ལོངས་སྤྱོད་དུ་མི་འགྱུར་ཏེ། །འོན་ཀྱང་སྔར་བཤད་པའི་ཆོ་གས་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་གཉིས་ཉི་མ་སོ་སོར་གཅིག་ལ་སོགས་པ་འཕེལ་བ་སྐར་མའི་དྷྲཱུ་བ་ཀ་ལ་སྦྱིན་ནས་ཉི་མའི་གནས་སུ་


DTG212_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་དག་པ་ཡོད་དོ་ཞེས་ངེས་པར་བྱའོ་ཞེས་བྱ་བ་འདི་ནི་རིག་པའོ། །ལོའི་དྷྲཱུ་བ་ཀ་གཅིག་པུ་འདི་ནག་པ་ལ་སོགས་པ་ནས་བརྩམས་ཏེ་ལོ་གཞན་ལ་ཡང་ལོ་གཞན་གཅིག་བཅུག་སྟེ་དྷྲཱུ་བ་ཀ་གཞན་གང་ཡིན་པ་དེ་ཡིས་འཕོ་བ་ངེས་པའོ། །ཡང་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་བརྟག་པར་བྱ་སྟེ། ཕུར་བུའི་གྲིབ་མ་གང་ལས་ཕུར་བུའི་གྲིབ་མ་འཇུག་པ་ནས་བརྩམས་ཏེ་ཉི་མ་བྱང་དུ་འཕོ་བའི་ཉིན་མོའི་ཉི་མ་དེའི་གཟའ་དང༌། དེའི་ཚེས་དང་དེའི་སྦྱོར་བ་དང་དེའི་བྱེད་པས་སོ། །དེ་ལ་ཉིན་མོའི་ཉི་མའི་ལོངས་སྤྱོད་ལ་རྒྱུ་སྐར་གྱི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅོ་ལྔའི་ཞེས་རྩ་བའི་དྷྲཱུ་བ་ཀའོ། །དྷྲཱུ་བ་ཀ་དེ་ལ་ཉིན་རེ་བཞིན་ཉི་མའི་དཀྱིལ་འཁོར་ཉིན་ཞག་གིས་ཐོབ་པ་བཅུག་སྟེ། དེ་ནས་སྔར་བཤད་པའི་ཆོ་གས་ཉི་མའི་རྐང་པ་རྣམས་སྦྱང་བར་བྱའོ། །ད་ནི་ཉིན་ཞག་གི་དཀྱིལ་འཁོར་བགྲོད་པའི་ཚད་བརྗོད་པར་བྱ་སྟེ། སུམ་བརྒྱ་དང་དྲུག་ཅུ་གནས་གཉིས་སུ་བྱས་ནས་གནས་འོག་མ་གཉིས་ཀྱིས་བསྒྱུར་ནས་དྲུག་ཅུ་རྩ་ལྔས་ཐོབ་པ་སྟེང་དུ་གཞུག་པར་བྱའོ། །ལྷག་མ་དྲུག་ཅུས་བསྒྱུར་ནས་དེ་ཡིས་བགོས་པས་ཐོབ་པ་ཆུ་ཚོད་དེ་སྟེང་གི་ཕུང་པོའི་འོག་ཏུ་བྲི་བར་བྱའོ། །ཡང་ལྷག་མ་དྲུག་ཅུས་བསྒྱུར་ནས་དེ་ཡིས་བགོས་པས་ཐོབ་པ་ཆུ་སྲང་སྟེ་དེའི་ཡང་འོག་ཏུའོ། །ལྷག་མ་དྲུག་གིས་བསྒྱུར་ནས་དེ་ཡིས་བགོས་པས་ཐོབ་པ་དབུགས་ཏེ་དེའི་ཡང་འོག་ཏུའོ། །དེ་ལྟར་བསྒྲུབས་པའི་ཉིན་ཞག་ལ་སོགས་པ་རྣམས་དབུགས་ཀྱི་ཕུང་པོར་བྱས་པ། གནས་གསུམ་དུ་བཞག་སྟེ། བདུན་བརྒྱ་དང་བདུན་གྱིས་བགོས་པའི་རྙེད་པ་རྣམས་དབུས་མའི་ཕུང་པོ་ལ་ནོང་དུ་འགྱུར་རོ། །དབུས་མའི་ཕུང་པོ་ལ་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པ་ནི་སྟོང་གི་ཕུང་པོ་ལ་བུ་ལོན་དུ་བྱའོ། །ལྷག་མ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཉིན་ཞག་ལ་སོགས་པར་ཤེས་པར་བྱ་སྟེ། ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དག་པའོ། །ད་ནི་ཉི་མའི་ཉིན་ཞག་གི་རྣམ་པར་དབྱེ་བ་བརྗོད་པར་བྱ་སྟེ། རྒྱུ་སྐར་གྱི་འཁོར་ལོ་དྲུག་ཅུས་བསྒྱུར་བ་ལས་དཀྱིལ་འཁོར་གྱི་ཉིན་ཞག་གིས་ཐོབ་པ་ཆུ་ཚོད་ལ་སོགས་པར་འགྱུར་རོ། །དེ་


DTG212_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གཞན་རྣམས་ལ་ཡང་རང་རང་གི་དཀྱིལ་འཁོར་གྱི་ཉིན་ཞག་གིས་གནས་ཇི་ལྟ་བ་བཞིན་དུ་བགོས་པས་ཐོབ་པ་ནི་ཉིན་ཞག་ལ་སྤྱོད་པར་རིག་པར་བྱའོ། །ཟླ་བའི་ཉིན་ཞག་ལ་སྤྱོད་པའི་འཁོར་ལོའི་ཆུ་ཚོད་གཞན་ནོ། །ཉི་མའི་ཟླ་བ་བརྒྱ་དང་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་སྤྱད་པ་བསྲེས་པ་རྣམས་ལ་ཉིན་ཞག་སུམ་ཅུས་བགོས་པས་ཐོབ་པའི་བདག་ཉིད་ནི་ཆུ་ཚོད་དང་ཆུ་སྲང་དང་དབུགས་ཉིན་ཞག་གི་དཀྱིལ་འཁོར་ཇི་སྲིད་པ་དེ་ཉིན་ཞག་ལ་སྤྱོད་པ་རྣམས་ཀྱིས་བསྒྱུར་བས་རྒྱུ་སྐར་གྱི་འཁོར་ལོ་ལོངས་པ་དེ་རྣམས་དཀྱིལ་འཁོར་གྱི་ཉིན་ཞག་ཏུ་རིག་པར་བྱའོ། །ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་རྣམས་སོ། །བཀྲ་ཤིས་ཀྱི་ཉིན་ཞག་གི་དཀྱིལ་འཁོར་ནི་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་དང་ཆུ་ཚོད་གཅིག་ཆུ་སྲང་བཞི་བཅུ་རྩ་བཞིའོ། །གཟའ་ལྷག་གི་དབྱུ་གུ་དང་ཆུ་སྲང་གི་ཉིན་ཞག་གི་དཀྱིལ་འཁོར་ནི་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་ནོ། །བླ་མའི་ཉིན་ཞག་གི་དཀྱིལ་འཁོར་ནི་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་སོ། །པ་སངས་ཀྱི་ཉིན་ཞག་གི་དཀྱིལ་འཁོར་ནི་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་ནོ། །སྤེན་པའི་ཉིན་ཞག་གི་དཀྱིལ་འཁོར་ནི། ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གོ ། སྒྲ་གཅན་གྱི་ཉིན་ཞག་གི་དཀྱིལ་འཁོར་ནི་དྲུག་སྟོང་དགུ་བརྒྱའོ། །མཇུག་རིངས་ནི་ཉི་མ་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས་ཁོ་ནའོ། །ཉིན་ཞག་ལ་སྤྱད་པ་རྣམས་ནི་རང་རང་གི་ཉིན་ཞག་གི་དཀྱིལ་འཁོར་རྣམས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་ལས་སྔར་བཤད་པའི་རིགས་པས་ཐོབ་པ་རྣམས་སོ། །བཀྲ་ཤིས་ཀྱི་དབྱུ་གུ་དང༌། ཆུ་སྲང་དབུགས་དང༌། གཟའ་ལྷག་གི་ཆུ་སྲང་དང༌། བླ་མའི་ཆུ་སྲང་དང༌། དབུགས་དང་པ་སངས་ཀྱི་ཆུ་སྲང་དང༌། དབུགས་དང་སྤེན་པའི་ཆུ་སྲང་དང༌། སྒྲ་གཅན་གྱི་དབྱུ་གུ་དང་དབུགས་ཕྱེད་དང་མཇུག་རིངས་ཀྱི་ཉི་མས་སྤྱད་པ་ཉིད་དོ། །ད་ནི་ཉིན་མོ་དང་འདིར་ཉིན་མཚན་འཕེལ་འགྲིབ་ཀྱི་ཚད་བརྗོད་པར་དམ་བཅས་ནས་སྒྲ་གཅན་གྱི་རྩིས་བཤད་སྣང་བརྒྱ་དཔེའི་ཡི་གེ་ཆད་པར་སྣང༌། མོ་དག་གིས་ལྷོ་དང་བྱང་དུ་བགྲོད་པའི་འཕེལ་འགྲིབ་བརྗོད་པར་བྱ་སྟེ། བྱེད་པའི་ཟླ་བ་ལ་བརྒྱ་དང་


DTG212_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་གཉིས་བསྲེས་ཏེ་ཕྱོགས་ཀྱི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་ནས་ཉའི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་རང་བཞིན་གཅིག་བསྲེ་ཞིང་གནམ་སྟོང་གི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་རང་བཞིན་གཉིས་བསྲེས་པ་ལ། སྒྲ་གཅན་གྱི་ཕྱོགས་ཀྱི་རང་བཞིན་བཞི་བརྒྱ་དང་དྲུག་ཅུས་བགོས་པའི་རྙེད་པ་རྣམས་དོར་ནས་ལྷག་མ་རྣམས་རྒྱུ་སྐར་གྱི་དོན་དུ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་ནས་བཞི་བརྒྱ་དྲུག་ཅུས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་རོ། །སྔ་མ་བཞིན་དུ་དྲུག་ཅུ་ལ་སོགས་པ་རྣམས་ཀྱིས་བསྒྱུར་ནས་འདི་ཉིད་ཀྱིས་བགོས་པ་ནི་ཆུ་ཚོད་ལ་སོགས་པར་འགྱུར་རོ། །ཉིན་ཞག་གི་རྒྱུ་སྐར་འདིས་འཁོར་ལོ་ལ་ལྷག་མར་བྱས་པ་ནི་སྒྲ་གཅན་གྱི་གདོང་དུ་འགྱུར་ཏེ། ཐ་སྐར་ལ་སོགས་པའི་རྒྱུ་སྐར་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་ཕྱེད་བསྲེས་པ་ནི་སྒྲ་གཅན་གྱི་མཇུག་མར་འགྱུར་རོ། །ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་རྩིས་བརྗོད་པར་བྱ་སྟེ། བྱེད་པའི་ཟླ་བ་རྣམས་ཉིན་ཞག་གི་རྩིས་ཀྱི་ཕྱིར་དུ་སུམ་ཅུས་བསྒྱུར་ནས་ཉིན་ཞག་ཏུ་འགྱུར་རོ། །དེ་རྣམས་ད་ལྟར་བའི་དོན་དུ་སྔོན་མའི་ཉི་མ་གཅིག་ལ་སོགས་པ་དང་བཅས་པ་གནས་གསུམ་དུ་བྱས་ཏེ། འོག་གི་ཕུང་པོ་ལ་བདུན་བརྒྱ་དང་བདུན་གྱིས་ཐོབ་པ་དབུས་མའི་ཕུང་པོ་ལ་ནོར་དུ་སྦྱིན་ནོ། །དབུས་མའི་ཕུང་པོ་ལ་ཡང་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པ་གང་ཡིན་པ་དེ་ཡིས་སྟེང་གི་ཕུང་པོ་ལ་དམན་པར་བྱས་པ་ནི་མི་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །ཕུང་པོ་གཉིས་ཀའི་བགོས་པའི་ལྷག་མ་ནི་མི་བཟུང་ངོ༌། །མི་གསལ་བའི་ཉིན་ཞག་ཉིད་ལ་རེས་འགའ་གཟའ་ལྷག་པ་དང་ཆད་པར་འགྱུར་བས་གསལ་བའི་དོན་དུ་གཅིག་དམན་པའམ་ལྷག་པར་བྱས་བས་གསལ་བའི་ཉི་མར་འགྱུར་རོ། །ད་ནི་བཀྲ་ཤིས་བརྗོད་པར་བྱ་སྟེ། གསལ་བའི་ཉིན་ཞག་གི་ཚོགས་ལ་བརྒྱ་དང་དྲུག་ཅུ་རྩ་བདུན་བསྲེས་ཏེ། བཀྲ་ཤིས་ཀྱི་དཀྱིལ་འཁོར་གྱི་ཉིན་ཞག་དྲུག་བརྒྱ་དང་ཉི་ཤུ་རྩ་བདུན་གྱིས་བགོས་པས་ཐོབ་པ་ནི་རྒྱུ་སྐར་གྱི་འཁོར་ལོ་འཁོར་བའི་མཚན་ཉིད་ཡིན་པས་མི་གཟུང་ངོ༌། །ལྷག་མ་རྒྱུ་སྐར་གྱི་འཁོར་ལོས་བསྒྱུར་ཏེ་དཀྱིལ་


DTG212_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཉིན་ཞག་གིས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་རོ། །ཆུ་ཚོད་ལ་སོགས་པ་སྔ་མ་བཞིན་ནོ། །ད་ནི་བཀྲ་ཤིས་དག་པ་བརྗོད་པར་བྱ་སྟེ། འདིར་བཀྲ་ཤིས་ཀྱི་འགྱུར་ལ་སོགས་པའི་ལོངས་སྤྱོད་སྔ་མ་དང་ཕྱི་མའི་ངོ་བོས་སོ་སོར་བྱ་སྟེ། ལོངས་སྤྱོད་གཅིག་ལ་སྐྱེ་བའི་ཁྱིམ་གཟུང་བའི་དོན་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་དགུ་སྦྱང་བར་བྱ་སྟེ། འདིའི་སྐྱེ་བའི་ཁྱིམ་ནི་སེང་གེར་འགྱུར་ཏེ། ཐ་སྐར་ལ་སོགས་པའི་རྒྱུ་སྐར་གྱི་ལོངས་སྤྱོད་ལ་གལ་ཏེ་བུ་ལོན་ལྷག་པར་འགྱུར་ན་སྦྱང་བར་བྱའོ། །ཕུང་པོ་དམན་པར་གྱུར་པ་དེའི་ཚེ་འཁོར་ལོ་བཅུ་གཅིག་ནས་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་ལ་འཁོར་ལོ་བྱེད་ལྷག་པ་འམ་འཁོར་ལོ་ཕྱེད་ཡོངས་སུ་རྫོགས་པ་དེའི་ཚེ་འཁོར་ལོ་ཕྱེད་དོར་ནས་བཀྲ་ཤིས་ཀྱི་ལོངས་སྤྱོད་ཀྱི་ཕུང་པོ་གཉིས་པའི་ཆུ་ཚོད་ལ་སོགས་པ་ལ་ནོར་དུ་རྟོགས་པར་བྱའོ། །གང་གི་ཚེ་རྒྱུ་སྐར་དགུ་ལ་སོགས་པ་སྦྱངས་པས་འཁོར་ལོ་ཕྱེད་མ་ལོངས་པ་དེའི་ཚེ་བུ་ལོན་ཏེ། དེ་ལྟར་ཐམས་ཅད་ལ་ཡང་རྟོགས་པར་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་རྒྱུ་སྐར་གཅིག་ཀྱང་མི་གནས་པ་དེའི་ཚེ་རྒྱུ་བའི་རྐང་པ་དང་པོས་ཆུ་ཚོད་ལ་སོགས་པ་བསྒྱུར་ནས་ཁྱིམ་གཅིག་གི་ཆུ་ཚོད་ཀྱི་བདག་ཉིད་བརྒྱ་དང་སུམ་ཅུ་རྩ་ལྔས་ཐོབ་པ་ཆུ་ཚོད་ལ་སོགས་པ་ཇི་སྐད་བཤད་པའི་རིགས་པས་ནོར་དང་བུ་ལོན་ཏེ་ལོངས་སྤྱོད་ཀྱི་ཕུང་པོ་གཞན་ལ་ཡང་ཤེས་པར་བྱའོ། །སྦྱངས་པའི་ལྷག་མའི་རྒྱུ་སྐར་གནས་པ་དེའི་ཚེ་སྐར་མ་དེ་དྲུག་ཅུས་བསྒྱུར་ནས་འོག་ཏུ་གནས་པའི་ཆུ་ཚོད་ཀྱི་ཚོགས་དང་ལྷན་ཅིག་ཏུ་བྱས་ཏེ། ཆུ་ཚོད་ཀྱི་ཚོགས་ལ་བརྒྱ་སུམ་ཅུ་རྩ་ལྔས་བགོས་པས་ཐོབ་པ་གཅིག་ལ་སོགས་པ་རྐང་པའི་གནས་ཀྱི་མཚོན་བྱེད་ཀྱི་མཚན་མ་སྟེ། དེའི་ཕྱིས་ནས་རྐང་པའི་གནས་རྣམས་སུ་གཅིག་ལ་སོགས་པའི་མཚན་མ་རིམ་པས་བྲི་བར་བྱའོ། །དེ་ལ་སྔ་མ་ཕྱེད་མ་ཟོས་པ་བསྡོམས་ནས་གཅིག་ཏུ་བྱས་ཏེ། དེའི་གནས་ཀྱི་ལྷག་མ་ཆུ་ཚོད་ལ་སོགས་པས་བསྒྱུར་ཏེ་སྔ་ལ་སོགས་པས་བགོས་པའི་རྙེད་པ་སྟེང་དུ་བཅུག་ནས་ལོངས་སྤྱོད་ཀྱི་ཕུང་པོ་གཞན་ལ་ནོར་སྦྱིན་པ་དང་བུ་ལོན་དབྲོག་པར་ཤེས་པར་བྱའོ། །གང་གི་ཚེ་ཕྱེད་


DTG212_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་གནས་པས་རྐང་པའི་གནས་དང་པོས་བསྒྱུར་ཏེ་དེར་བཤད་པའི་རྐང་པའི་གནས་དང་གཅིག་ཏུ་བྱས་ནས་ཕྱེད་ཕྱི་མའི་རྐང་པ་དང་པོས་བསྒྱུར་ཏེ། ལྷག་མ་ཆུ་ཚོད་ལ་སོགས་པའི་གནས་ལ་ལྔ་ལ་སོགས་པ་ཐོབ་པ་དང་གཅིག་ཏུ་བྱས་ནས་སྤྱད་པའི་རྐང་བའི་གནས་དང་པོ་ལ་དམན་པར་བྱ་སྟེ། སྤྱད་པའི་རྐང་པའི་གནས་བསྡོམས་པ་དེ་ཡིས་ནོར་དང་བུ་ལོན་རྟོགས་པར་བྱའོ། །གང་གི་ཚེ་རྩ་བའི་རི་མོ་བརྒལ་ནས་རྐང་པའི་གནས་མཚོན་བྱེད་ཀྱི་མཚན་མ་རྟགས་སུ་གྱུར་པ་དེའི་ཚེ་ཕྱེད་ཕྱི་མ་ལ་སྤྱད་པའི་རྐང་པ་རྣམས་ངོས་ནས་མ་སྦྱང་པའི་རྐང་པའི་གནས་རྣམས་བསྡོམས་ཏེ། མ་སྤྱད་པའི་རྐང་པའི་གནས་དང་པོ་ལྔ་ལ་སོགས་པས་ཐོབ་པ་ལྷག་མ་ཆུ་ཚོད་ལ་སོགས་པ་རྣམས་བསྒྱུར་ཏེ། བསྒྱུར་བ་དེ་ལ་སླར་ཡང་ལྔ་ལ་སོགས་པས་ཐོབ་པ་མ་སྤྱད་པའི་རྐང་པའི་ཚོགས་ལ་གནས་པ་ཇི་ལྟ་བ་བཞིན་དུ་དམན་པར་བྱས་ཏེ། དམན་པར་བྱས་པའི་ལྷག་མ་ཉིད་ནོར་དང་བུ་ལོན་དུ་ཤེས་པར་བྱའོ། །གང་གི་ཚེ་ཕྱེད་ཕྱི་མ་ལ་རྐང་པའི་གནས་ཀྱི་མཚན་མ་བགྲོད་ཟིན་པ་དེའི་ཚེ་དེ་ཡོངས་སུ་དོར་ནས་ལྔ་ལ་སོགས་པ་ཐོབ་པའི་ལྷག་མ་ཕྱེད་སྔ་མའི་རྐང་པའི་གནས་དང་པོས་བསྒྱུར་ནས་དེ་ལ་ལྔ་ལ་སོགས་པ་ཐོབ་པ་སྦྱིན་པ་འམ་དོར་བར་བྱ་སྟེ། དེ་བཞིན་དུ་འཆད་པར་འགྱུར་བ་ཐམས་ཅད་ལ་ཡང་ཚུལ་འདི་ཐུན་མོང་དུ་རྟོགས་པར་བྱའོ། །རྐང་པའི་གནས་དང་པོ་ལ་ཉི་ཤུ་རྩ་ལྔའོ། །གཉིས་པ་ལ་བཅོ་བརྒྱད་དོ། །གསུམ་པ་ལ་བདུན་ཏེ་ཕྱེད་སྔ་མ་ལའོ། །དེ་ནས་བར་དུ་རི་མོ་བྱས་ཏེ་ཕྱེད་ཕྱི་མའི་ཕུང་པོ་གསུམ་ལུགས་ལྡོག་ཏུ་རྟོགས་པར་བྱའོ། །དེ་ལྟར་ཐམས་ཅད་དུ་སྟེ། དེའི་ཕྱིར་བཞི་པ་ལ་བདུན་ནོ། །ལྔ་པ་ལ་བཅོ་བརྒྱད་དོ། །དྲུག་པ་ལ་ཉི་ཤུ་རྩ་ལྔའོ། །ཞེས་པ་བཀྲ་ཤིས་ཀྱི་དལ་བའི་ལས་ངག་པའོ། །ད་ནི་མྱུར་བའི་ལས་ཀྱི་ཆོ་ག་བརྗོད་པར་བྱ་སྟེ། བཀྲ་ཤིས་ཀྱི་དལ་བའི་ལས་དག་པ་དང་ཕུར་བུའི་དང་སྤེན་པ་རྣམས་ཀྱིས་ཉི་རྐང་ལས་བྱུང་བ་དང་བྲལ་བའི་ཉི་མ་ལ་སྦྱང་བར་བྱའོ། །པ་སངས་ཀྱི་ལོངས་སྤྱོད་དང་གཟའ་ལྷག་གི་ལོངས་སྤྱོད་ཀྱི་དོན་དུ་པ་སངས་ཀྱི་ལོངས་


DTG212_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་གཟའ་ལྷག་གི་ལོངས་སྤྱོད་དག་ལ་ནི་ཉི་མས་སྦྱངས་ཏེ་འདིས་མྱུར་བ་ལ་དལ་བས་སྤྱད་པར་བྱའོ་ཞེས་པ་གཟའ་ལྷག་དང་པ་སངས་ཀྱི་ཉི་མ་ལས་མྱུར་བ་ལ་ལྷག་མ་དལ་བ་ཞེས་བྱའོ། །གཟའ་ལྷག་དང་པ་སངས་དག་ལ་ཉི་མས་སྦྱངས་པའི་ལྷག་མ་ནི་སླ་ཆོས་སུའོ། །འདིར་མྱུར་བའི་ལས་ལ་རིམ་པས་།འདིའི་ཉི་མ་ནི་ཉིན་ཞག་གི་ཉི་དག་ཡིན་པར་བུ་སྟོན་ཆོས་རྗེ་བཞེད་དེ་མཁས་བ་དགའ་བྱེད་ན་གསལ་ལོ། །ནོར་དང་རིམ་མིན་གྱིས་བུ་ལོན་ནི་ཐམས་ཅད་དུ་ཤེས་པར་བྱའོ། །ཐམས་ཅད་དུ་འཁོར་ལོ་དོར་ན་བུ་ལོན་དང་མ་དོར་ན་ནོར་རོ། །དེ་ལ་འཁོར་ལོ་ཕྱེད་མ་དོར་བའམ་གཅིག་ལ་སོགས་པ་བཅུ་གསུམ་གྱི་མཐར་ཐུག་པ་ལྷག་མར་གྱུར་པ་དེའི་ཚེ་གཅིག་ལ་སོགས་པ་རྐང་པའི་གནས་ཀྱི་མཚན་མའི་རྟགས་ལྷག་མར་གྱུར་པ་ཕྱིས་ནས་གནས་བཅུ་གསུམ་གྱི་མཐར་ཐུག་པ་བྲི་བར་བྱའོ། །ཕྱེད་སྔ་མ་ལ་སྤྱད་པ་ལས་འོག་དུ་གནས་པའི་རྐང་པའི་གནས་དང་ཕྱེད་ཕྱི་མ་ལམ་སྤྱད་པའི་དང་པོ་ལ་སྔོན་དུ་གནས་པའི་ཆུ་ཚོད་ལ་སོགས་པས་བསྒྱུར་ནས་དྲུག་ཅུས་བགོས་པས་ཕྱེད་སྔ་མ་ལ་དེས་བགོས་པས་ཐོབ་པ་དང་ལྷན་ཅིག་པས་བཀྲ་ཤིས་ཀྱི་ལོངས་སྤྱོད་གཞན་ལ་ནོར་དང་བུ་ལོན་དུ་བྱའོ། །ཕྱེད་ཕྱི་མ་ལ་ཐོབ་པས་དམན་པར་བྱས་ཏེ་མ་སྤྱད་པའི་གནས་བསྡོམས་ནས་འདིར་ཡང་ནོར་དང་བུ་ལོན་ཤེས་པར་བྱས་ཏེ་ལྷག་མ་སྔ་མ་བཞིན་ནོ། །གཟའི་རྐང་པ་རྣམས་ནི་དང་པོ་ཉི་ཤུ་རྩ་བཞིའོ། །དེ་ནས་ཉི་ཤུ་རྩ་གསུམ་མོ། །དེ་ནས་ཉེར་གཅིག་པ་རྣམས་གཉིས་སོ། །དེ་ནས་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཅིག་དང་གསུམ་མོ། །དེ་ནས་རྩ་བའི་རི་མོའོ། །དེ་ནས་བཅུ་གཅིག་དང་སུམ་ཅུ་རྩ་བརྒྱད་དང་བརྒྱད་ཅུ་དང་ལྔ་བཅུ་རྩ་གསུམ་མོ། །ད་ནི་གཟའ་ལྷག་དག་པ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་དེ་ཉིད་བརྒྱས་བསྒྱུར་ནས་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་པར་བྱས་ཏེ། དེ་ནས་ཉིན་ཞག་གི་དཀྱིལ་འཁོར་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་གྱིས་བསྒྱུར་ཏེ་ལྷག་མ་སྔ་མ་བཞིན་ནོ། །དེ་ནས་ཉི་མའི་དྷཱུ་བ་ཀ་སྔ་མ་དང་ཕྱི་མའི་ངོ་བོས་གནས་གཉིས་སུ་བཞག་སྟེ། གཅིག་ལ་རྒྱུ་སྐར་ཕྱེད་


DTG212_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་བཅུ་དྲུག་སྦྱང་ངོ༌། །དེ་ནས་སྡིག་པ་ལ་སྐྱེས་པར་འགྱུར་རོ། །གཞན་ནི་མིག་དམར་བཞིན་ཏེ་འོན་ཀྱང་གཟའི་རྐང་པ་ནི་ཐ་དད་དོ། །དང་པོ་ལ་སོགས་པ་ལ་བཅུ་དང་བདུན་དང་གསུམ་མོ། །དེ་ནས་རྩ་བའི་རི་མོའོ། །དེ་ནས་གསུམ་དང་བདུན་དང་བཅུའོ། །མྱུར་བའི་གཟིའི་རྐང་པ་རྣམས་ནི་བཅུ་དྲུག་རྣམ་གཉིས་དང་བཅོ་ལྔ་དང་བཅུ་བཞི་དང་བཅུ་གསུམ་དང་བཅུ་གཅིག་དང་བདུན་དང་ལྔ་དང་སྟོང་པ་དང་རྩ་བའི་རི་མོའོ། །དེ་ནས་བཞི་དང་བཅུ་གཅིག་དང་ཉི་ཤུ་དང༌། ཉི་ཤུ་རྩ་བརྒྱད་དང་སུམ་ཅུ་རྩ་བཞིའོ། །ད་ནི་ཕུར་བུ་དག་པ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་ལ་ཉིས་སྟོང་དྲུག་བརྒྱས་དམན་པར་བྱས་ཏེ་ཉིན་ཞག་གི་དཀྱིལ་འཁོར་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཀྱིས་བགོས་པའི་ལྷག་མ་བཀྲ་ཤིས་བཞིན་ནོ། །ཕུར་བུའི་ལོངས་སྤྱོད་སྔ་མ་བཞིན་བྱས་པ་གཅིག་ལ་རྒྱུ་སྐར་བཅུ་གཉིས་སྦྱངས་པའི་ལྷག་མའི་བྱ་བ་མིག་དམར་བཞིན་ནོ། བརྒྱ་ཕྲག་ཉི་ཤུ་རྩ་དྲུག་ཅེས་པ་སྒྲ་བསྒྱུར་ཡིན་འཕྲོག་བྱེད་དང་དགུ་དང་གསུམ་དང༌། རྩ་བར་གསུམ་དང༌། བཅུ་གཅིག་དང༌། གཟའི་མྱུར་བའི་རྐང་པ་རྣམས་སོ། །ད་ནི་པ་སངས་དག་པ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་བཅུ་ཡིས་བསྒྱུར་ནས་བརྒྱད་ཅུ་རྩ་བཞིས་དམན་པར་བྱས་ཏེ་དཀྱིལ་འཁོར་གྱི་ཉིན་ཞག་གི་རང་བཞིན་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་གྱིས་བགོས་པའི་ལྷག་མའི་བྱ་བ་བཀྲ་ཤིས་བཞིན་ནོ། །གཟའ་ལྷག་བཞིན་དུ་ཉི་མའི་དྷྲཱུ་བ་ཀ་ཐ་དད་དུ་བྱས་པ་གཅིག་ལ་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །དལ་བའི་ལས་རྐང་པ་རྣམས་ནི་ལྔ་དང་བཞི་དང༌། གཅིག་དང༌། རྩ་བར་གཅིག་དང༌། བཞི་དང་བཞི་བཅུ་རྩ་བདུན་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གཉིས་ཞེས་སྒྲ་བསྒྱུར་ན་འོང༌། ལྔ་རྣམས་དང༌། མྱུར་བའི་གཟའི་རྐང་པ་རྣམས་སོ། །ད་ནི་སྤྲེན་པ་དག་པ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་ལ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་དམན་པར་བྱས་ཏེ། དཀྱིལ་འཁོར་གྱི་དྲུག་ཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་བདུན་དང་སྟོང་ཕྲག་བཅུ་ཞེས་པ་སྒྲ་བསྒྱུར་དུའོ། །ཉིན་ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གིས་བགོས་པའི་ལྷག་མའི་བྱ་བ་བཀྲ་ཤིས་བཞིན་ནོ། །སྤེན་པའི་ལོངས་


DTG212_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སྔ་མ་བཞིན་ཐ་དད་དུ་བྱས་ནས་གཅིག་ལ་རྒྱུ་སྐར་བཅོ་བརྒྱད་སྦྱང་བར་བྱའོ། །དེ་ལྟར་ན་གཞུའི་ཁྱིམ་དུ་སྐྱེས་པར་འགྱུར་རོ། །དལ་བའི་གཟའི་རྐང་པ་རྣམས་ནི་ཉི་ཤུ་རྩ་གཉིས་དང་བཅོ་ལྔ་དང་དྲུག་དང༌། རྩ་བ་དྲུག་དང་བཅོ་ལྔ་དང་ཉི་ཤུ་རྩ་གཉིས་སུ་འགྱུར་ཏེ། ཐམས་ཅད་དུ་ལུགས་ལས་བཟློག་པ་ཉིད་དུ་རྟོགས་པར་བྱའོ། །མྱུར་བའི་གཟའི་རྐང་པ་རྣམས་ནི་དྲུག་དང་ལྔ་དང་ལྔ་དང་བཞི་དང༌། བཞི་དང་གཉིས་དང༌། གཉིས་དང་སྟོང་པ་དང་རྩ་བའི་རི་མོ་ལས་ཕ་རོལ་ཏུ་གཉིས་དང་བཞི་དང་ལྔ་དང་དྲུག་དང་བརྒྱད་དང་གསུམ་རྣམས་སོ། །དེ་ལྟར་ན་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་པོ་རྣམས་ཀྱི་དག་པ་བཤད་ཟིན་ཏོ། །བཀྲ་ཤིས་ལ་སོགས་པའི་གཟའ་ལྔ་པོ་རྣམས་ཀྱིས་དལ་བ་དང་མྱུར་བའི་ལས་ཁོ་ནས་དོན་ཐམས་ཅད་དག་པས་ན་གཉིས་ཀ་ཇི་ལྟར་དག་པ་བཤད་ཟིན་ཏོ། །ད་ནི་རྒྱུ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་གཟའ་ལྔ་པོ་རྣམས་དང་གཟའ་གཉིས་པོའི་དལ་བ་དང་མྱུར་བ་ལ་ཡང་ཉི་མའི་དཀྱིལ་འཁོར་ལས་འཆར་བ་ལྔ་པོ་རྣམས་རིམ་པས་བགྲོད་པ་མྱུར་བར་རྒྱུ་བ་ཞེས་བརྗོད་པར་བྱའོ། །རྐང་པའི་གནས་ཀྱི་ལོངས་སྤྱོད་ནི་རྩ་བའི་རི་མོ་མཐར་ཐུག་པའོ། །དལ་བར་རྒྱུ་བ་ནི་འཁྱོག་པོར་བགྲོད་པ་ལ། ཁ་ནུབ་ཏུ་ཕྱོགས་ཏེ་བགྲོད་པར་བྱེད་དེ། གཟའི་རྐང་པ་ནི་རྩ་བའི་རི་མོ་བརྒལ་ནས་བགྲོད་དེ། །དེ་ཉིད་ཀྱི་ཕྱིར་རིམ་པ་ལ་ནོར་དང་འཁོར་ལོ་ཕྱེད་དོར་བ་རིམ་མིན་ལ་བུ་ལོན་ནོ། །དེས་ན་རིམ་པས་བགྲོད་པ་ལ་མྱུར་བའི་གཟའ་ཞེས་བརྗོད་པར་བྱའོ། །རིམ་མིན་ལ་ནི་དལ་བའི་གཟའ་སྟེ། འཁྱོག་པོའི་གཟའ་ཞེས་བརྗོད་པར་བྱའོ། །གང་གི་ཚེ་ཉི་མའི་གཡས་སུ་བགྲོད་པ་དེའི་ཚེ་གཡས་ཀྱི་གཟའ་དང་གཡོན་དུ་ནི་གཡོན་དུ་ནི་གཡོན་གྱི་གཟའ་ཞེས་བརྗོད་པར་བྱ་སྟེ། ཉི་མའི་འོད་དང་ཉེ་བར་གྱུར་པས་མི་སྣང་བ་དེའི་ཚེ་ནུབ་པ་ཞེས་བརྗོད་པར་བྱ་སྟེ། གཟའ་ལྷག་དང་ཕུར་བུ་ནི་མྱུར་བའི་གཟའ་ལ་སྟོབས་དང་ལྡན་མིག་དམར་ཕུར་བུ་གཡས་ཀྱི་གཟའ། །ལྷག་པ་མཇུག་རིངས་གཡོན་གྱི་གཟའཔར་འགྱུར་རོ། །ས་སྐྱེས་དང་མཇུག་རིངས་ནི་འཁྱོག་པོ་ལ་སྟོབས་དང་ལྡན་ནོ། །དལ་བ་ལ་པ་སངས་ནི་འཁྱོག་པོའི་གཟའ་ཉིད་དོ། །མྱུར་བ་ལ་གཟའ་ཐམས་ཅད་གདོང་


DTG212_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་བལྟའོ། །འཁྱོག་པོ་ལ་ནུབ་ཏུ་བལྟའོ། །ད་ནི་མཇུག་རིངས་དག་པ་བརྗོད་པར་བྱ་སྟེ། མཇུག་རིངས་ཀྱི་རྒྱུ་བ་ཟླ་བ་གསུམ་ཅུ་རྩ་དྲུག་དང་ཆུ་ཚོད་བཞི་བཅུ་རྩ་ལྔ་སྟེ། ཉིན་ཞག་སོ་སོར་ཆུ་སྲང་གཉིས་དང་དབུགས་གསུམ་མོ། །འོན་ཀྱང་ཟླ་བ་ཕྱེད་ཉི་མའི་མདུན་དུ་རྒྱུ་བ་ན་རིམ་པར་རྒྱུ་བ་དང་ཟླ་བ་ཕྱེད་ཉི་མའི་རྒྱབ་ཏུ་ནི་འཁྱོག་པོའི་གཟའོ། །ཟླ་བ་གཅིག་དུ་བ་མེད་ལ། དེ་ནས་མཐར་ཟླ་བ་ཕྱེད་དུ་བ་དང་བཅས་པའོ། །ཟླ་བ་ཕྱེད་དང་གཉིས་སུ་འཆར་བ་དེའི་ཚེ་ཟླ་བ་སུམ་ཅུ་རྩ་བདུན་གཉིས་ཀྱིས་བསྒྱུར་བས། ཤར་དང་ནུབ་ལ་སོགས་པའི་དབྱེ་བས་འཆར་ཏེ་ཟླ་བ་སུམ་ཅུ་རྩ་བདུན་ནི་ཤར་དུ་འཆར་རོ། །སུམ་ཅུ་རྩ་བདུན་ནི་ནུབ་ཏུ་འཆར་རོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཞུགས་ཏེ་གནས་སོ། །དེའི་ཚེ་ཡང་ཉི་མ་དང་མཉམ་པར་འཇུག་པས་དེའི་རྐང་པ་རྣམས་ཐ་དད་པར་མ་བཤད་དེ། ཉི་མའི་རྐང་པའི་གནས་རྣམས་ཁོ་ན་དེའི་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་གཞུང་འགྲེལ་ཉུང་དུ་འདི་དཔལ་སྟག་ལུང་ཐང་གི་གཙུག་ལག་ཁང་དུ། ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དཔལ་ངག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཕྱག་དཔེ་ལས་ཆོས་རྗེ་རིན་པོ་ཆེ་བི་ཛ་ཡ་ཀཱིརྟི་ཤྲཱི་བྷ་དྲའི་ཞལ་སྔ་ནས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་དག་གི་ཆ་ཤས་ཙམ་རིག་པ་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་རང་ལོ་ཞེ་ལྔ་པ་ཟིལ་གནོན་གྱི་ལོ་དགུན་ཟླ་འབྲིང་པོའི་ཚེས་ཉེར་གཅིག་ལ་རྫོགས་པར་བསྒྱུར་བའོ།། །།མགོན་དམ་པ་འདི་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ་ཤཱཀྱའི་བནྡེ་སཱ་ནནད་ལཀྵྨིས་རྩིས་ཀྱི་གཙུག་ལག་ཕྱོགས་ཙམ་རིག་པ་ལ་བརྟེན་རང་གི་ལག་བྲིས་སུ་བགྱིས་པའི་དགེ་བས་ཀུན་མཁྱེན་ཐོབ་ཕར་ཤོག།།།གཞུང་འདི་བསྒྱུར་ལས་ཐོབ་པའི་ལེགས་བྱས་ཀྱིས། དབྱིག་འཛིན་གཞི་ལ་ལྷར་བཅས་སྐྱེ་དགུ་ཡི། །གཙུག་རྒྱན་དམ་པ་ཤཱཀྱའི་བསྟན་པ་རྣམས། །དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག །།


previousདུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག། དུས་ཞབས་ཆུང་བ།next