cover

གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

གླེགས་བམ་དང་པོ།

༧གྲུབ་ཐོབ་པདྨ་རིག་འཛིན།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་སྔོན་འགྲོའི་གཏམ་ཐུང་།

གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་ཏེ་གྲུབ་ཐོབ་པདྨ་རིག་འཛིན་ཞེས་མཚན་དུ་གྲགས་པ་བྱུང་། རྗེ་གང་ཉིད་དང་རྒྱལ་མཆོག་ལྔ་པ་ཆེན་པོ་བཀའ་བགྲོས་ནས་ཁམས་ཕྱོགས་སུ་རྫོགས་ཆེན་དགོན་པ་ཕྱག་བཏབ་པ་ནི་དབུས་གཙང་དུ་ཉམས་རྒུད་ཐེབ་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གནས་དུས་འདིར་དམིགས་ཀྱིས་སླར་གསོ་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་ཞིང་། སྐུ་དངོས་ཀྱིས་སྡེ་དགེའི་མངའ་ཁུལ་གཙོ་བོར་བྱས་པའི་ཁམས་ཕྱོགས་ཀྱི་ཀཿདཔལ་སོགས་རྙིང་དགོན་མང་པོར་ཕེབས་ཏེ་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དག་ཐེར་མཛད་ཅིང་ཐུགས་བཞེད་བཞིན་ཨ་མདོ་དང་ཁམས་ཕྱོགས་སུ་ཆོས་བརྒྱུད་དགོན་སྡེ་བརྒྱ་ཕྲག་མང་པོ་འཕེལ། ཕྱི་དུས་འདིར་གངས་རིའི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་མཐར་རྒྱས་སུ་འཕེལ་བའི་ཆུ་འགོའམ་ཤིང་རྟའི་སྲོལ་འབྱེད་མཆོག་གཅིག་ཏུ་ཡོངས་སུ་གྲགས། རྗེ་གང་གི་སྤྲུལ་རབས་སྐུ་ཕྲེང་རིམ་བྱོན་ནི་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སྟེ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཤ་སྟག་བྱོན་པས་སྔ་འགྱུར་རྙིང་མའི་བསྟན་པའི་གཙུག་རྒྱན་ལྟ་བུར་ཆགས་ཤིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པཎ་ཏྲི་ཏ་ཨེར་ཏི་ཎི་ཧོ་ཐོག་ཐུའི་ཆོ་ལོ་ཐེངས་མང་བསྩལ་བའི་མཚན་ཐོབ་ལྡན། སློབ་བུ་ཉི་ཟླ་སྐར་གསུམ་དང་འཇིགས་མེད་རྣམ་བཞི་སོགས་སྐུ་རབས་རིམ་བྱོན་གྱི་ཐུགས་སྲས་མཁས་བཙུན་གྲུབ་པའི་སྐྱེས་བུ་བཟང་ལ་མང་བ་བྱོན་པས་ཆོས་རྒྱུན་ཕྲིན་ལས་ཕྱོགས་བརྒྱར་འཕེལ། གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཞལ་གསུང་བསྟན་བཅོས་མང་རབ་བཞུགས་ཚུལ་ཆོས་འབྱུང་རྣམ་ཐར་དག་ན་གསལ་ཡང་སྔར་དུས་བཀའ་རྒྱ་དམ་པོར་མཛད་དེ་ཤིང་པར་དུ་མ་བཀོད་པ་དང་། སྔ་ཕྱིར་བླ་བྲང་ལ་མེ་སྐྱོན་དང་ས་འགུལ་གྱི་གནོད་འཚེ་ཐེབ་པས་སྐབས་དེ་དག་ཏུ་རྩ་འཐོར་སོང་ཕྱིར་དེང་དུས་མཇལ་དུ་བཞུགས་པ་ཤིན་ཏུ་ཉུང་། སྔར་ལམ་གྲུབ་དབང་པདྨ་རིག་འཛིན་གྱི་གསུང་ཚན་ཐོར་བུ་བསྡུ་སྒྲིག་དཔེ་སྐྲུན་ཐེངས་གཅིག་བྱས་པ་དང་། ད་ལམ་གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཆོས་སྲིད་མཛད་ཕྲིན་བསྐྱངས་པའི་ལྟེ་གནས་ཕོ་བྲང་ཆེན་མོ་ཁམས་གསུམ་ཟིལ་གནོན་བསྐྱར་བཞེངས་ལེགས་གྲུབ་ཀྱི་ལས་སྨོན་མངོན་དུ་གྱུར་བ་མ་ཟད། ནང་བཞུགས་སྐུ་ཐུགས་ཀྱི་རྟེན་མཆོག་སྐུ་རབས་རིམ་བྱོན་གྱི་སྐུ་བརྙན་བྱོན་ལེགས་དང་གསེར་གདུང་ཁྱད་འཕགས་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞུགས་སུ་གསོལ་བ་དང་། གསུང་གི་ཕྲིན་ལས་རྒྱུན་མི་ཆད་པའི་སྲི་ཞུ་སྒྲུབ་པ་ན། རྟེན་འབྱུང་ཆུད་མི་ཟ་བའི་བདེན་མཐུས་གནའ་དུས་ནས་ལག་བྲིས་དཔེ་རྙིང་གཅིག་ཁོ་ན་ལས་མི་བཞུགས་པའི་ཕྱི་མོ་དག་ཀྱང་ངོ་མཚར་ཆེན་པོས་ལག་འབྱོར་བྱུང་བ་དད་སྤྲོ་རབ་ཏུ་འཕེལ་བ་དང་བཅས་འགྲེམ་སྤེལ་བགྱིས་པ་སྟེ། འདིས་མཚོན་རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་སྦྱར་བ་དགེ།


དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།
སྤྱི་ཁྱབ་བསྡུ་སྒྲིག་དག་ཞུས་པ། གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།
ཆེད་འགན་དག་ཞུས་པ། སྨྱོ་ཤུལ་མཁན་པོ་འཆི་མེད་བཟོད་པ། རྫོགས་ཆེན་སློབ་དཔོན་བསོད་སྦྱིན། རྫོགས་ཆེན་སློབ་དཔོན་པདྨ་སྣང་བ།
བསྐྱར་ཞུས་པ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ར་ཐིས་སྤྲུལ་སྐུ་ཐུབ་འོད། བྲག་མཁར་སྤྲུལ་སྐུ་ཚུལ་ཁྲིམས་རྒྱལ་མཚན།
ཡིག་གཏག་པ། བསྟན་འཛིན་ཚེ་དབང་། བསྟན་འཛིན་ཤེས་རབ། པདྨ་གྲགས་པ།
དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས།
མདུན་ཤོག་མཛེས་རིས་པ། ཕུར་བཟང་། ཡུས་ཁུ་ཡུས།

གྲུབ་དབང་རྫོགས་ཆེན་པ་སྐུ་རབས་དང་པོ། གྲུབ་ཐོབ་པདྨ་རིག་འཛིན་གྱི་རྣམ་ཐར་མདོར་བསྡུས།

དེ་ཡང་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་མདོ་ཁམས་སྨད་ཀྱི་ལྗོངས་སུ་ཐོག་མར་འདྲེན་པའི་ཤིང་རྟ་ཆེན་པོ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་གྲགས་དཀར་སྲིད་པ་གསུམ་ན་གཡོ་བ་གང་ཉིད་ངེས་པ་དོན་གྱི་དབང་དུ་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་བསྐལ་པ་བཟང་པོ་འདི་ཡི་གོང་རོལ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་གྲངས་མེད་གསུམ་དུ་བསླབ་པའི་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་པའི་ཐ་མར་བྱོན་པ། བདེ་གཤེགས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ཞེས་སེམས་ཅན་འཆི་ཁ་མའི་རྣ་བར་མཚན་ཙམ་བསྒྲགས་པས་ཀྱང་གནས་ངན་ལེན་གྱི་སྐྱེ་སྒོ་གཏན་དུ་བཅད་དེ། རྣམ་པར་གྲོལ་བའི་གོ་འཕང་མཆོག་ལ་དབུགས་འབྱིན་པར་མཛད་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ཟབ་མོ་སངས་རྒྱས་གཞན་ལས་རྨད་དུ་བྱུང་བ་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། ཇི་སྐད་དུ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱེད། །སངས་རྒྱས་མང་པོར་བསྟན་པར་མཛད། །ཅེས་དང་། ཕལ་པོ་ཆེ་ལས། ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །ཞེས་གསུངས་པ་ལྟར། མཐའ་ཡས་པའི་འགྲོ་བར་བརྩེ་བའི་སྙིང་རྗེའི་འཇུག་པ་ཚད་མེད་པས་དག་ཆེན་ཡེ་ཤེས་ཀྱི་རོལ་གར་བསམ་མི་ཁྱབ་པ་འབྱམས་སུ་ཀླས་པ་ལས། བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་ཟབ་གསང་རྫོགས་པ་ཆེན་པོའི་ཉེ་ལམ་ནས་གདུལ་བྱ་མཆོག་གི་རིགས་ཅན་དག་རྣམ་པར་གྲོལ་བའི་ས་ལ་འགོད་ཕྱིར་འཕགས་བོད་ཀྱི་ཡུལ་གྲུར་མཁས་དང་གྲུབ་པའི་རྣམ་རོལ་དུ་ཇི་ལྟར་བྱོན་པའི་ཚུལ་རྗེ་ཉིད་ཀྱི་ཞལ་གསུང་དང་། ཚད་མར་གྱུར་པའི་གཏེར་ལུང་དག་ལས་ཇི་སྐད་བསྟན་པའི་ཚུལ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་དཔལ་ས་ར་ཧའམ་མདའ་སྣུན་རྗེ་དང་། གསང་རྒྱུད་རྒྱ་མཚོའི་མངའ་བདག་གྲུབ་ཆེན་ཀུ་ཀུ་རི་པ། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པཎ་ཆེན་དྲི་མེད་བཤེས་གཉེན། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལྭ་བ་པ་དང་ཕག་ཚང་པ་སོགས་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་དང་། གངས་ཅན་བོད་ཀྱི་ཡུལ་དུ་བསྟན་པ་སྔ་དར་གྱི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཐུགས་སྲས་མཐུ་སྟོབས་ནུས་པའི་མངའ་བདག་ལང་གྲོ་དཀོན་མཆོག་འབྱུང་གནས།དྲག་པོ་མངོན་སྤྱོད་ཀྱི་ནུས་པས་ལྷ་སྲིན་བྲན་དུ་འཁོལ་བ་རླང་ཆེན་དཔལ་གྱི་སེང་གེ །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་དང་། རྒྱལ་བསྟན་ཕྱི་དར་གྱི་དུས་སུ་རྗེ་བཙུན་བཞད་པ་རྡོ་རྗེའི་ཐུགས་སྲས་དམ་པ་རས་ཆུང་རྡོ་རྗེ་གྲགས་པ་དང་།སྙན་བརྒྱུད་གདམས་པའི་སྲོལ་འཛིན་ངན་རྫོང་སྟོན་པ་བྷོ་དྷི་ར་ཛ། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཀརྨ་པ་དུས་གསུམ་མཁྱེན་པ། སྣང་སྲིད་ཆོས་སྐུར་གྲོལ་པ་རྗེ་བཙུན་སྟག་ལུང་ཐང་པ། རྟོགས་པའི་དབང་ཕྱུག་གྲུབ་ཐོབ་གླིང་རྗེ་རས་པ། བརྟུལ་ཞུགས་སྤྱོད་པས་མྱོས་པ་གྲུབ་ཆེན་ཨོ་རྒྱན་པ། འཇམ་དཔལ་དབྱངས་དངོས་རྗེ་བློ་བཟང་གྲགས་པའི་དཔལ་སོགས་གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐྱེ་རྒྱུད་ཇི་སྙེད་ཅིག་བྱོན་ཅིང་། དེ་ལྟར་སྒྱུ་འཕྲུལ་གྱི་རོལ་པ་ཚད་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལས་ཚུར་མཐོང་གིས་རིམ་དང་ཅིག་ཅར་གཅིག་དང་ཐ་དད་སོགས་སུ་དཔྱད་པ་ནི་གནས་མ་ཡིན་ཏེ། མདོ་སྡེ་ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །ཞེས་དང་། རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཅར་འཆར། །ཞེས་པ་ལྟར་ལ། དེ་ལས་སྙིགས་མའི་དུས་འདིར། འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞིར་བཞེངས་སུ་བསླང་བར་བསམ་བཞིན་སྐྱེ་སྲིད་དུ་བྱོན་པ་གྲུབ་ཐོབ་རྫོགས་ཆེན་པ་པདྨ་རིག་འཛིན་མཆོག་ནི། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། རླངས་དཔལ་སྤྲུལ་པ་རི་བོའི་ཕྱོགས་སུ་འབྱུང༔ པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན༔ ཞེས་དང་། རིག་འཛིན་ཉི་མ་གྲགས་པའི་གཏེར་བྱང་ལས། ཡོན་ཏན་རིག་འཛིན་བཱི་མ་ལ༔ ཤར་ཕྱོགས་མདོ་ཁམས་སྨད་ནས་འབྱུང༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཞེས་སོགས་འཁྲུལ་བྲལ་རྡོ་རྗེའི་བཀའ་ལུང་ཚད་མས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ་ལྟར། ཡུལ་གངས་ཅན་ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་ལས་མདོ་ཁམས་རི་བོ་ཆེའི་ཕྱོགས་སུ། བོད་རབ་བྱུང་བཅུ་པའི་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༦༢༥པར་བཟོ་རིག་མཁས་པའི་ཡང་རྩེར་སོན་པ་བལ་པོ་བཀྲ་ཤིས་བྱ་བའི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ཉིད་ནས་དམ་པའི་བག་ཆགས་ལྷན་སྐྱེས་སུ་མངའ་བས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ལ་མཆོག་ཏུ་མོས་པ་དང་། ཡི་གེའི་རིགས་དང་བཟོའི་རིག་པ་སོགས་གཙུག་ལག་གི་གནས་ཀུན་ཚེགས་མེད་པར་མཁྱེན་པའི་རྣམ་དཔྱོད་ཡངས་པ་བཅས་ངོ་མཚར་བའི་མཚན་རྟགས་རང་ཆས་སུ་མངའ་བའི་ཚུལ། རྗེ་ཉིད་ཀྱི་གསུང་མགུར་དྲང་སྲོང་དགྱེས་པའི་གླུ་དབྱངས་ལས་ཀྱང་། སྐྱེས་པ་རི་བོའི་ཕྱོགས་སུ་སྐྱེས། །ཚར་བ་ཆབ་མདོའི་ཕྱོགས་སུ་ཚར། །ལོ་བཅུ་ལོན་ནས་ཡི་གེ་བསླབས། །ཆུང་ནས་རབ་བྱུང་ཆ་ལུགས་བྱས། །མཚན་ལྡན་བླ་མ་དམ་པ་བསྟེན། །བརྩེ་བའི་ཐུགས་ཀྱིས་བུ་བཞིན་བསྐྱངས། །དབང་ལུང་གདམས་པ་དཔག་མེད་ཞུས། །ཞེས་གསུངས་པ་ལྟར་དང་། དེ་ནས་མི་རིང་པར་མཁས་གྲུབ་ཀརྨ་ཆགས་མེད་དང་། གྲུབ་དབང་རིག་འཛིན་ཆོས་ཀྱི་རྒྱ་མཚོ། གོང་ས་རྒྱལ་མཆོག་ལྔ་པ། གཏེར་སྟོན་བདུད་འདུལ་རྡོ་རྗེ། རིག་འཛིན་གཏེར་བདག་གླིང་པ་སོགས་སྔ་ཕྱིར་ཡོངས་འཛིན་མཁས་གྲུབ་ཀྱི་སྐྱེས་ཆེན་སུམ་ཅུ་ལྷག་བསྟེན་ཏེ་མདོ་རྒྱུད་མན་ངག་རྒྱ་མཚོར་གསན་བསམ་མཐར་ཕྱིན་མཛད་པ་དང་། དཔལ་གྱི་བསམ་ཡས། ལྷོ་བྲག་མཁར་ཆུ། ཡེར་པ་ལྷ་རི། ཤང་ཟབ་བུ་ལུང། བྱང་གི་གནམ་མཚོ། དཔལ་གྱི་ཙ་རི་ཏྲ་སོགས་སྒྲུབ་པའི་གནས་ཆེན་རྣམས་སུ་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་གི་ཟབ་གནད་ལ་ཉམས་བཞེས་རྩལ་དུ་བཏོན་ནས་ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་སྟེ། ཐོག་མར་དགུང་ལོ་བཅུ་གསུམ་ཙམ་ནས་སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཆགས་མེད་རིན་པོ་ཆེའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ཏེ་གསར་རྙིང་གི་གདམས་ཁྲིད་དུ་མ་གསན་བཞེས་དང་། ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཞག་ཉེར་གཅིག་ཙམ་ནས་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ཤིང་བདེ་གསལ་མི་རྟོག་པའི་ཉམས་སྣང་རྩོལ་མེད་དུ་སྐྱེས། རིམ་པར་བླ་མའི་མདུན་ནས་རཏྣའི་བླ་མ་ཞི་དྲག་དང་། ཕུར་པ། ཉང་གི་རྟ་ནག །ཀརྨ་གླིང་པའི་ཞི་ཁྲོ་སོགས་བཀའ་གཏེར་ཕྲིན་སྒྲུབ་ཀྱི་དབང་ལུང་གསན། དེ་སྐབས་ཆགས་མེད་རིན་པོ་ཆེ་ཉིད་ལའང་ཐུགས་དམ་གྱི་བོགས་ཐོན་བྱུང་ཚུལ། རང་རྣམ་ལས། རྟོགས་ལྡན་པདྨ་རིག་འཛིན་ལ། །ལུང་ནི་མང་ཞིག་བྱས་པའི་ཚེ། །སེམས་ངོ་ལ་ཡང་བོགས་ཐོན་ཞིང་། །ལུང་དང་འདྲེས་ནས་འགྲོ་བ་བྱུང་། །ཞེས་གསུངས། འདི་སྐབས་ཡི་དམ་ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན་རྡོ་རྗེ་འཆང་གང་བྱེད་བརྟག་པས། རྗེ་ཉིད་ཀྱི་གཟིམས་ལམ་དུ་སློབ་དཔོན་ཆེན་པོའི་སྐུ་བརྙན་མཇལ་བ་དང་། ཆགས་མེད་རིན་པོ་ཆེའི་ཐུགས་དམ་བརྟག་སྐབས་ཀྱང་ཨོ་རྒྱན་བསྒྲུབས་ན་ལེགས་ཚུལ་བྱུང་བ་ལྟར། ཐུགས་དམ་ཀྱི་མཐིལ་རཏྣའི་ཐུགས་སྒྲུབ་ཞི་བ་རྩལ་དུ་བཏོན་ནས་བསྙེན་པས་ཨོ་རྒྱན་ཆེན་པོས་ཞལ་གཟིགས་དང་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བྱིན་གྱིས་བརླབས། གཞན་ཡང་བསྐྱེད་རྫོགས་རྩ་རླུང་གི་གདམས་པའི་ཞུན་ཐར་བཅད་དེ་ཉམས་བཞེས་གནད་སྨིན་མཛད་པས། ཉིན་ཞག་རེ་ལ་རླུང་གི་རྒྱུ་བ་གཉིས་རེས་ཆོག་པ་སོགས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཆགས་མེད་རིན་པོ་ཆེས་རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་སྨིན་གྲོལ་ཟབ་ཁྲིད་ཀྱི་རྒྱུན་བསྩལ་བར་བཀས་བསྐུལ། དགུང་གྲངས་ཉེར་བཞི་པར་ཀུན་སྤངས་བྱ་བཏང་གི་ཚུལ་གྱིས་སྤོ་བོའི་ཕྱོགས་སུ་ཕེབས་པས་གཏེར་ཆེན་བདུད་འདུལ་རྡོ་རྗེ་མཇལ། གཏེར་ཆེན་མཆོག་གིས་རང་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆོས་བདག་ཏུ་ངོས་འཛིན་དང་ལུང་བསྟན་གྱིས་དབུགས་དབྱུང་།དབང་ལུང་གཏད་རྒྱ་བཅས་བསྔགས་བརྗོད་རྒྱ་ཆེ་བས་ཆོས་ཀྱི་བདག་པོར་མངའ་གསོལ། གཞན་ཡང་རིག་འཛིན་འཇའ་ཚོན་སྙིང་པོའི་ཐུགས་སྲས་དགེ་བའི་བཤེས་གཉེན་ཀུན་མཁྱེན་པ་ལས་རྟ་ཕག་སོགས་ཀྱི་དབང་ལུང་ཞུས་པས་འཇའ་ཚོན་མཆོག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཁྱད་པར་རྫོགས་ཆེན་བསོད་ནམས་དབང་པོའི་དངོས་སློབ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཞེས་རྫོགས་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ་གྲུབ་པའི་དབང་ཕྱུག་ཆེན་པོ་གང་དེའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཐུན་མིན་རིགས་ཀྱི་བདག་པོར་བཀུར། སྒོ་གསུམ་མཉེས་པ་གསུམ་གྱིས་གུས་པས་བཏུད་དེ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་བཞེས། ཡེ་ཤེས་ཀྱི་མཁའ་འགྲོ་མས་མཚོན་བྱེད་བརྡ་ཐབས་ཀྱི་ལྡེ་མིག་གཏད་དེ་གནང་བ་བྱིན་པ་ལྟར་ཁམས་པ་རྫོགས་ཆེན་པ་ཞེས་པའི་མཚན་དང་བཅས་བརྒྱུད་པ་འཛིན་པའི་རྒྱལ་ཚབ་ཏུ་དབང་བསྐུར། རྟོགས་པའི་ལམ་རྟགས་མངོན་དུ་གྱུར་ཏེ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་འཆར་སྒོ་ཐིག་ལེ་སྟོང་སྒྲོན་གྱི་མུ་ཁྱུད་དུ་རྡོ་རྗེ་སེམས་དཔའ་དང་། འཕགས་པ་ནམ་མཁའི་རྒྱལ་པོ་བཀྲ་ལམ་མེར་གཟིགས་པ་བཅས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་མངོན་དུ་གྱུར། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་རྩལ་ཆེན་རྫོགས་ནས་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར། དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཞལ་ཕྱོགས། ལམ་བར་གྱི་སྒྲུབ་གནས་གཉན་ཁྲོད་རྣམས་སུ་ཐུགས་དམ་བོགས་འདོན་གྱི་ཕྱིར་དུ་གཉན་ས་གཅོད་པའི་ཚུལ་མཛད། འདི་སྐབས་ཐུགས་སྲས་ཐུ་བོ་རིག་འཛིན་ཉི་མ་གྲགས་པ་ཞབས་ཕྱི་འབྱོར་ནས་གཙུག་ཕུད་བཞེས། ནང་ཆེན་རྒྱལ་པོ་སོགས་དད་ལྡན་གྱི་སྐྱེ་བོ་མང་པོར་ཆོས་སྦྱིན་གྱི་ཕྲིན་ལས་བསྩལ་བ་དང་བཅས་ཤིང་འབྲུག་ལོར་ཡུལ་དབུས་ལྷ་ལྡན་དུ་ཞབས་པད་བསྐྱོད། རྟེན་གཙོ་ཇོ་ཤཱཀ་རྣམ་གཉིས་ལ་གསེར་ཆབ་སྙན་ཤལ་སོགས་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོས་ཏེ་བསྟན་ལ་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཚམས་སྦྱར། ཁྱད་པར་གངས་ལྗོངས་བསྟན་པ་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོའི་གསེར་ཞལ་མཇལ། ཕན་ཚུན་ཐུགས་སྣང་གཤིན་པོས་ཉམས་རྟོགས་ཀྱི་བགྲོ་གླེང་དང་།ཁྱད་པར་གོང་ས་མཆོག་ལ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གསན་འབུལ་མཛད་པས། རྒྱལ་དབང་མཆོག་ལ་ཐུགས་དམ་བོགས་ཐོན་གྱི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་བརྗོད་པ་བཅོས་མ་མ་ཡིན་པར་ཀློང་བརྡོལ་བ་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་། ཞེས་དང་། ཕྱིས་སུ་གྲུབ་དབང་མཆོག་ལ་ཕུལ་བའི་ཆབ་ཤོག་ཀུན་བཟང་ཞལ་ངོམས་སུ། དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ། །བཻ་རོ་སོ་ཟུར་གནུབས་གཉགས་ལ་སོགས་པའི། །བཀའ་ཡི་གནད་ལ་སྦྱངས་རློམ་རྙིང་རློམ་འགས། །ཕྱག་རྫོགས་མ་ཕྱེད་འདྲེས་མའི་ཆོས་སྐད་མང་། །ཁྱེད་ཀྱིས་སྔོན་ཆད་རྩོལ་བས་ཉམས་བསྟར་ཀུན། །སྙིང་ཐིག་སྙིང་པོའི་དགོངས་དོན་ཇི་ལྟ་བ། །མ་རྟོགས་ལོག་རྟོག་མེད་པ་རྣམ་དག་པར། །ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་རངས། །ཞེས་དང་། སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུས་ལྗོན་པ་ཁྱེད་དུ་ངེས། །ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་རྟག་པར་ཡོད། །ལོངས་སྐུའི་ཞིང་ཁམས་ཉུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མེན་སྒྲོན་མ་དྲུག་གི་གནད། །ནན་ཏན་བགྱིད་ཁྱེད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཐོང་བའི་བར་དུ་དར་ཡོལ་ཙམ། །ཞེས་སོགས་ཕུལ་དུ་བྱུང་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། དེ་མཚམས་སྟོད་ལུང་མཚུར་ཕུ་དང་། འུ་ཤང་རྡོའི་ལྷ་ཁང་། སྒྲགས་ཀྱི་ཡང་རྫོང་། རྡོ་རྗེ་བྲག སྨིན་གྲོལ་གླིང་སོགས་གནས་ཆེན་ཆོས་སྡེ་ཁག་ཏུ་གནས་གཟིགས་དང་འབྲེལ་མཆོད་འབུལ་གྱི་དངོས་པོ་གྱ་ནོམ་པ་བསྟབས། ཁྱད་པར་དཔལ་བསམ་ཡས་ཀྱི་ཆོས་སྡེ་ཆེན་མོ་མེས་འཇིག་པས་ཉམས་པ་ལ་ཞིག་གསོའི་ཐེབས་རྩར་དངོས་རྫས་ཕོན་ཆེན་གནང་སྦྱིན་བསྩལ་བ་དང་།དེ་མཚུངས་མངའ་བདག་ཆོས་ཀྱི་དབང་པོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། སྤྲུལ་སྐུ་པད་མ་གར་དབང་། སྒམ་པོ་སྤྲུལ་སྐུ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སོགས་ལྷོ་དབུས་ཀྱི་སྐྱེས་ཆེན་དུ་མ་དང་དབང་ལུང་ཟབ་ཆོས་ཀྱི་རྒྱུན་འབུལ་རེས་མཛད། རིམ་པར་ལྷོ་བྲག་མཁར་ཆུ། ཚེ་ལམ་དཔལ་རི། ལྷ་མོ་མཁར། དཔལ་གྱི་ཕུག་རིང་། དུར་ཁྲོད་ལ་ཁ་རྣམས་སུ་ཟླ་ངོ་རེར་སྐུ་མཚམས་བཅད་རྒྱ་ལ་བཞུགས་ཤིང་། དུར་ཁྲོད་ལ་ཁར་བཞུགས་པའི་ཐོ་རེངས་ཤིག་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ནས་ལྷ་ལྕམ་མན་དཱ་ར་བ་དཀར་མོ་རུས་རྒྱན་གར་སྟབས་དང་བཅས་པས་ནུབ་ཀྱི་མཁའ་ངོས་ལ་བརྡ་ཆོས་སྣ་ཚོགས་སྟོན་བཞིན་བུན་ནེར་གཤེགས་པའི་ཉམས་སྣང་བྱུང་བ་སྐུ་ཚེ་དེར་མཁའ་སྤྱོད་འགྲུབ་པའི་བརྡ་རྟགས་སུ་གོ་ཡང་འགྲོ་ལ་བརྩེ་བའི་ཐུགས་ཀྱིས་དང་དུ་མ་བཞེས། དེ་མཚམས་མཆིམས་ཕུ་ནགས་ཀྱི་དབེན་ཁྲོད་དུ་ལོ་ངོ་གསུམ་ལ་བཅད་རྒྱ་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཞིང་དེར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བདེ་གཤེགས་གཙུག་ཏོར་ཅན་དང་། གྲུབ་ཆེན་ཀུ་ཀུ་རི་པ། རྒྱལ་བ་སྟག་ལུང་ཐང་པ་བཅས་ཀྱི་སྤྲུལ་པ་ཡིན་པའི་ལུང་བསྟན་དང་ཞལ་གཟིགས་ཐོབ། དགུང་གྲངས་ཞེ་གསུམ་བཞེས་པ་ས་སྤྲེལ་ལོར་ཡུལ་ཉེར་བཞིའི་ནང་ཚན་བདེ་མཆོག་འཁོར་ལོ་སྡོམ་པའི་གནས་མཆོག་ཙཱ་རི་ཏྲའི་རོང་སྐོར་ལ་ཕེབས་ཤིང་། བདེ་མཆོག་བླ་མཚོ་དང་། སྟག་མ་ལ། དཔལ་གྱི་རི་ཟླུམ་སོགས་སུ་ཕེབས་སྐབས་སྲ་མཁྲེགས་རྡོ་ཡི་ཕ་ཝང་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་གཉིས་བཞག་པ་དང་། དཔོན་སློབ་ཐུན་མོང་གི་སྣང་ངོར་བདེ་མཆོག་ཕག་མོའི་གཟིགས་སྣང་ལན་འགར་བྱུང་བ་སོགས་ཡ་མཚན་གྲུབ་པའི་མངོན་རྟགས་གསལ་བར་བསྟན། ཁྱད་པར་གནས་ཀྱི་གཙུག་ཏོར་དག་པ་ཤེལ་གྱི་གངས་རིའི་འདབས་ཞོལ་ཟབ་ལམ་རྡོ་རྗེའི་དབེན་གནས་སུ། སྐུ་སྐྱེ་རིག་འཛིན་ཉི་མ་གྲགས་པས་ཞབས་ཏོག་མཛད་དེ་ལོ་གྲངས་གསུམ་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་བཞུགས་པས་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀྱིས་ཞལ་གཟིགས་པ་དང་། ཟབ་ཡངས་ཐུགས་ཀྱི་ཀློང་དུ་རྟོགས་པའི་བོགས་ཆེན་ཐོན་ཏེ་རིག་སྟོང་རྡོ་རྗེའི་ར་བར་སྐུ་བརྙན་ཕྲ་མོ་རྐྱང་སྐུ་དང་། ཉིས་སྦྲེལ། གསུམ་ཚོགས། བཞི་སྒྲིག ལྔ་ཚོམ་སོགས་གྲངས་མེད་ཀྱི་ཞིིང་ཁམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པས་རིག་པ་ཚད་ལ་ཕེབས་པའི་གནད་གསང་གི་ལམ་མཆོག་ཕུལ་དུ་ཕྱིན་པ་བརྙེས། དེ་ལྟར་གསུང་མགུར་ལས་ཀྱང་། འོང་བ་དེ་སྟོད་ཀྱི་ཕྱོགས་སུ་བྱས། །ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེར་བྱུང་། །ཐོས་དོན་དེ་ཉམས་ལེན་གནད་ཐོག་ཏུ། །སྒྲུབ་པ་ཡི་ངང་ཚུགས་བླ་མའི་དྲིན། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང། །ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་མཚོན་བསྟན། །བསམ་གཏན་གྱི་སྒོམ་ཚུགས་བཟུང་བ་ཡིས། །མཐར་ཐུག་གི་ལམ་སྣ་ཟིན་ངེས་བྱུང་། །སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་ལྷུན་གྲུབ་ཀྱི་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་ལ་བསྙེལ་བ་མེད་དམ་སྙམ། །བོགས་འདོན་དེ་ཙ་རི་ཏྲ་རུ་བྱས། །རིག་པ་ཡེ་ཤེས་ཀྱི་སྐུར་མཐོང་ནས། །རྡོ་རྗེ་རྩེ་མོ་ཡི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ཞེས་དང་། ངས་སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །སྤྱོད་པ་དེ་ཙྭ་རི་རོང་དུ་བསྐྱངས། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །འགྲོ་དོན་དེ་ཡར་འབྲོག་ཀུན་ལ་བྱས། །ཞེས་གསུངས་པ་དང་། དེ་བཞིན་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་ཞུ་མཆིད་ལས་ཀྱང་། གྲངས་མེད་སྐྱེ་བའི་གོང་རོལ་ན། །ཚོགས་གཉིས་ཀྱི་བྲེ་ཁ་ལེགས་ཁེངས་ཤིང་། །ཐོས་བསམ་དང་སྒོམ་སྒྲུབ་མཐའ་དག་ལ། །དབང་འབྱོར་གྱི་འབྲས་བུས་ཕྱུག་པ་ཁྱེད། །ཅེས་དང་། ཁྱེད་ཟབ་དོན་གྱི་ཉམས་བཞེས་མཐར་ཕྱིན་ནས། །གྲུབ་ཐོབ་ཀྱི་གདན་ས་བསྙེགས་པ་ལ། །འདི་འདྲའི་སྙན་འབུལ་མ་དགོས་ཀྱང་། །ཚད་ཕེབས་དེ་ཟད་སར་འཁྱོལ་མཛད་ནས། །རྩོལ་མེད་ཀྱི་གཞན་དོན་མཁའ་ཁྱབ་ཞུ། །ཞེས་སོགས་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་འཐོར་བར་མཛད་དོ། །དེ་ནས་སྐུ་མཚམས་གྲོལ་བ་དང་བསྟུན་སྐུ་སྐྱེ་རིན་པོ་ཆེས་ཞུས་བསྐུལ་ལྟར་ཧོར་འབྲོག་ནག་ཆུ་ཁར་ཆིབས་སྒྱུར་མཛད་དེ། དེ་གར་ཧོར་པ་ལོ་ཆེན་སོགས་མི་དཔོན་བན་སྔགས་སེར་སྐྱ་མང་པོར་ཟབ་ཆོས་དུ་མའི་བཀའ་དྲིན་བསྩལ་ནས་ཐར་བའི་གྲོང་དུ་བཀྲི་བའི་སྒོ་འཕར་ཕྱེས། མཁར་བ་བསམ་གཏན་ཕུག་སོགས་སྒྲུབ་གནས་འགར་ཡུན་རིང་བཞུགས་ཤིང་ཐུགས་སྲས་དཔོན་སློབ་ནམ་མཁའ་འོད་གསལ་ཡང་དེ་ཙམ་ཉིད་ན་ཞབས་འཁོར་དུ་ལྷགས། སླར་ཡང་ཤང་ཟབ་བུ་ལུང་དང་བྲག་ཡེར་བ་སོགས་སུ་ཕེབས་ནས་ལོ་མཚམས་དུ་མར་བཞུགས། བར་སྐབས་རྣམས་སུ་གནས་བརྟན་འཇམ་དབྱངས་གྲགས་པ་སོགས་དགའ་ལྡན་ཕོ་བྲང་གི་དྲུང་འཁོར་ཆེ་རིམ་དང་། སེ་འབྲས་སོགས་གདན་ས་ཆེ་ཁག་གི་དགེ་བཤེས་མང་པོ་ལྐོག་ཆོས་ཞུ་བར་བྱུང་ཞིང་དེ་དག་ལ་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་བཀའ་སྣ་ཚོགས་པ་གསུངས་པར་མཛད། ཐུགས་སྲས་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཡང་འདི་སྐབས་ཞབས་འབྲང་དུ་བྱུང་། དེ་མཚམས་གྲགས་པའི་མཚོ་སྨན་ཆེ་བཞིའི་ཡ་གྱལ་བྱང་གི་གནམ་མཚོར་ཕེབས་ནས་སྐུ་ལུས་མ་སྤངས་པར་འོད་སྐུར་གྲོལ་བའི་དགོངས་བཞེས་སྐྱོང་ཚེ། རྒྱལ་མཆོག་ལྔ་པ་ཆེན་པོའི་ཡེ་ཤེས་ཀྱི་གཟིགས་ངོར་། ཨོ་རྒྱན་ལུང་ཟིན་པདྨའི་མཚན༔ རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས༔ མདོ་ཁམས་ཉི་མ་ཤར་ཕྱོགས་སུ༔ རྒྱས་དང་རུ་དམ་ར་བ་དཀར༔ གང་རུང་གདན་ས་གནས་གྱུར་ཚེ༔ བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ༔ མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ༔ ཞེས་ཡུལ་རྫ་སྟོད་དགེ་རྒྱས་དང་། མདོ་ཁམས་རུ་དམ་ལུང་། མི་ཉག་རྡོ་ར་དཀར་མོ་སྟེ་གདན་ས་རིམ་པ་གསུམ་དུ་རྟེན་འབྲེལ་དུས་བབ་ལྟར་བསྟན་འགྲོའི་འགྲོ་དོན་བསྐྱངས་ན་ཆོས་བརྒྱུད་དར་རྒྱས་སུ་འབྱུང་བར་འགྱུར་ཞེས་སྒྲིབ་བྲལ་རྡོ་རྗེའི་བཀའ་ལུང་གིས་གསལ་བར་བསྐུལ་བ་དང་། དེ་མཚུངས་ཆགས་མེད་རིན་པོ་ཆེས་ཀྱང་། དེ་ནས་ཁམས་སུ་ཅིས་ཀྱང་བྱོན་དགོས་ཏེ། །རང་དོན་མཛད་ནས་གཞན་དོན་མི་མཛད་པ། །ཐེག་དམན་ཉན་ཐོས་ལམ་གྱི་གོལ་ས་ཆེ། །རྫོགས་སངས་རྒྱས་ནས་འགྲོ་དོན་མ་གཏོགས་པ། །མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། ཅེས་དང་། ཁམས་སུ་བྱོན་པ་ཟང་ཟིང་དོན་གཉེར་མིན། །དབང་ལུང་རྒྱ་མཚོ་འདི་དག་སྤེལ་ཐུབ་ན། །འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་སྨན། །བསྟན་འགྲོའི་དོན་ཡིན་རང་དོན་མཆོག་དེ་ཡིན། །བླུན་སྒོམ་ཟ་ཆོག་བརྒྱ་ལས་དེ་ཉིད་ལྷག །ཅེས་སོགས་ཞབས་བསྐུལ་གྱི་ཆབ་ཤོག་སྔ་ཕྱིར་ནན་གྱིས་བསྩལ་བ་ལྟར་བསྟན་དང་འགྲོ་བའི་དོན་ཆེན་ཐུགས་ལ་བརྣག་སྟེ། གྲུབ་དབང་མཆོག་དགུང་གྲངས་དྲུག་ཅུ་བཞེས་པ་ཤིང་ཕོ་བྱི་བའི་ལོར་ཇོ་བོ་རྗེ་དཱི་པཾ་ཀཱ་རཱ་བོད་དུ་བྱོན་པའི་རྣམ་ཐར་དང་ཚུལ་མཚུངས་པར་མདོ་ཁམས་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད་གནང་། དགུང་གྲངས་རེ་གཅིག་བཞེས་པ་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༦༨༥ལོར། ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་མཆོག མདོ་ཁམས་ས་ཡི་ལྟེ་བ་རུ་དམ་སྐྱིད་ཁྲམ་ལུང་པ་ཞེས་སའི་དཔྱད་ཕུན་སུམ་ཚོགས་དགུ་མ་ཚང་བ་མེད་པའི་ནོར་འཛིན་གྱི་ཐིག་ལེར་ཞབས་པད་བཀོད། ཐོག་མར་གཡས་ལུང་མགོན་པོ་ཤྭ་ནའི་གནས་ཀྱི་འདབས་རོལ་ཞབས་ཆེན་སྤང་ཐང་དུ་གྲུབ་དབང་དཔོན་སློབ་རྣམས་གསོལ་ཇ་བསྐོལ་ཏེ་བཞུགས་སྐབས། བཀའ་སྲུང་དྲེགས་པའི་རྗེ་བོ་པེ་ཧར་རྒྱལ་པོ་བྱ་རོག་གི་རྣམ་པར་སྤྲུལ་ནས་སྐྱེམས་ཕུད་ཕུད་ཕོར་དང་བཅས་པ་འཕུར་རྩལ་གྱིས་ནམ་མཁར་བཏེགས་ཏེ་གདན་སའི་རྒྱབ་རིའི་བྲག་སྟེགས་ཤིག་ཏུ་བཞག་པ་དང་། གཏོ་རུ་ཨ་དགེ་ཚང་ཞེས་འབྲོག་དུད་ཅིག་ཡོད་པར་ཁྱིམ་ཕེབས་མཛད་པས་ཐབ་ཟངས་ལས་འོ་མ་འཕྱུར་བ་སོགས་བཀྲ་ཤིས་པའི་མཚན་མ་འབུམ་ཕྲག་དུས་གཅིག་ཏུ་ཤར་བའི་རྟེན་འབྲེལ་ལེགས་ལམ་གྱི་སྒོ་འཕར་ཕྱེས་ནས། སྔ་འགྱུར་བསྟན་པའི་ཆུ་འགོ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་བཏབ། འོད་གསལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལ་བརྩོན་པའི་རིག་པ་འཛིན་པའི་རྣལ་འབྱོར་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད། ཕྱོགས་དེར་འཁོད་པའི་སྡེ་དགེའི་ས་སྐྱོང་ཆེན་པོ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གླིང་ཚང་མགོན་པོ་ལྷུན་གྲུབ། གད་ཐོག་གཉེར་ཆེན་ལྷ་ལུ་སོགས་མི་རྗེ་སྡེ་འབངས་ཡོངས་ཀྱིས་གྲུབ་དབང་དམ་པའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྟན་པའི་སྦྱིན་བདག་གི་མཐུན་འགྱུར་བྱས། ཁྱད་པར་ཆོས་རྒྱལ་ཁྲི་ཆེན་སངས་རྒྱས་བསྟན་པས་བསྐུལ་ཞུས་ལྟར་ཀཿདཔལ་སོགས་མངའ་ཁོངས་རྙིང་དགོན་རྣམས་སུ་རྗེ་ཉིད་ཞབས་པད་དངོས་བསྐྱོད་ཀྱིས་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་དག་ཐེར་དང་། འོད་གསལ་སྙིང་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་བླུན་སྒོམ་རྟོག་བཟོའི་ལྟ་གྲུབ་ཀྱི་རྙོགས་མ་བསལ་ནས་ཀུན་མཁྱེན་རྒྱལ་བའི་རིང་ལུགས་འཁྲུལ་བྲལ་ཕྱོགས་ཀུན་སྤེལ་བར་མཛད། རྗེ་འདིས་སྔ་ཕྱིར་རྗེས་སུ་བསྐྱངས་པའི་ཞལ་སློབ་ཀྱི་གཙོ་བོ། འཁོན་ཀླུ་ཡི་དབང་པོའི་རྣམ་རོལ་གཏེར་སྟོན་ཉི་མ་གྲགས་པ་དང་། བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་སྤྲུལ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་འདྲེན་མཆོག་ནམ་མཁའ་འོད་གསལ་བཅས་ཐུགས་སྲས་ཐུ་བོ་གསུམ་མམ་སློབ་བུ་ཉི་ཟླ་སྐར་གསུམ་ཞེས་ཡོངས་སུ་གྲགས་པ་དང་། གཞན་ཡང་རྒྱལ་མཆོག་ལྔ་པ་ཆེན་པོ། འཇམ་དབྱངས་ཧོར་གྱི་ལོ་ཆེན། གནས་བརྟན་འཇམ་དབྱངས་གྲགས་པ། རྫོགས་ཆེན་ཀློང་རྫོགས་མཐའ་བྲལ། དགེ་བའི་བཤེས་གཉེན་ཀུན་མཁྱེན་པ། རིག་འཛིན་ཀློང་གསལ་སྙིང་པོ། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན། དྲུང་པ་ནམ་མཁའ་རྒྱ་མཚོ་སོགས་སློབ་བརྒྱུད་ཡང་བརྒྱུད་དང་བཅས་པའི་ཕྲིན་ལས་ཆོས་བརྒྱུད་ཀྱིས་ཁམས་དབུས་དྭགས་ཀོང་སོགས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་བྱུང་། དེ་ནས་དགུང་གྲངས་བདུན་ཅུ་རྩ་གསུམ་པ་དབང་ཕྱུག་ཞེས་པ་མེ་གླང་ལོའི་ཆོ་འཕྲུལ་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ། འཇའ་ཚོན་གྱི་གུར་ཁྱིམ་དང་འབྱུང་བའི་རང་སྒྲ་སོགས་རྒྱུད་སྡེ་དང་མཐུན་པའི་རྣལ་འབྱོར་མཆོག་གི་ལམ་རྟགས་ངོ་མཚར་བ་དུ་མ་དང་བཅས་ཆོས་དབྱིངས་སྐྱེ་བ་མེད་པ་གཞོན་ནུ་བུམ་སྐུའི་ཀློང་དུ་ཞི་བར་གཟིམས་པའི་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་ཞུགས་སུ་ཕུལ་བ་འོད་གསལ་ཐུགས་ཀྱི་ཁང་བཟང་ཙིཏྟའི་གོང་བུ་འབྱུང་བས་མ་འཇིག་པ་སྐལ་བ་ལྡན་པའི་རྗེས་འཇུག་རྣམས་བརྩེ་བས་རྗེས་སུ་འཛིན་པའི་བརྡ་རྟགས་ངོ་མཚར་ཅན་གྱི་མཛད་པ་མཐོང་ཞིང་ཐོས་པའི་སྐྱེ་བོ་དག་གི་རྒྱུད་ལ་ཡང་ཐར་བའི་ས་བོན་ཐེབས་པར་མཛད་དེ་ཞིང་འདིའི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་བསྟན། ཕྱི་རབས་བསྟན་པའི་བཙས་སུ་བཞག་པའི་གསུང་རྩོམ་ལ། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་འཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གམ་ཕར་ཕྱིན་དྲུག་གི་གྲངས་ཅན་གྱི་གླེགས་བམ་བཞུགས་པ་གྲགས་ཀྱང་ཕལ་མོ་ཆེ་སྔར་ནས་འབྱུང་བས་འཇིགས་པ་དང་དུས་ཀྱི་རྒུད་པའི་སྐལ་ངན་གྱི་ཁྲོད་དུ་ཉམས་པར་གྱུར། ད་ལམ་གྲུབ་དབང་གོང་མ་རིམ་བྱོན་གྱི་གསུང་གི་གསང་བ་ཟབ་མོའི་ཕྲིན་ལས་ལ་སྲི་ཞུའི་བསམ་པས་འཚོལ་བསྡུད་བྱས་པ་ཕྱོགས་གཅིག་ཏུ་དཔེ་སྐྲུན་གྱི་སྐལ་བ་མངོན་དུ་གྱུར་བ་དང་བསྟུན། སྔར་ལམ་རྫོགས་ཆེན་ཆོས་འབྱུང་ཆེན་མོར་བྲིས་པའི་རྣམ་ཐར་ལ་དག་ཞུས་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པན་གྱིས་བྱིན་གྱིས་བརླབས་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་བྲིས་པ་དགེ །

སྔོན་འགྲོ་ཆོས་སྤྱོད་ཐར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ།།

སྐྱབས་ཡུལ་ནི། ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁའ་རྣམ་དག་ཞིང་ཁམས་མཆོག །ངོ་མཚར་བཀོད་རབ་འབར་བ་ཁྱོན་ཡངས་དབུས། །རིན་ཆེན་ཁྲི་རྐང་པད་ཉི་ཟླ་གདན་སྟེང་། །བླ་མ་ཨོ་རྒྱན་སྐུ་གསུམ་ཀུན་བཟང་ལ། །སྐྱབས་གནས་མ་ལུས་རྣམས་ཀྱིས་བསྐོར་བར་དམིགས། །མགོན་པོ་དེ་དག་མདུན་དུ་བདག་ཉིད་བཅས། །འགྲོ་རྣམས་བྱང་ཆུབ་བར་དུ་གུས་སྐྱབས་མཆི། །སྐྱབས་སུ་འགྲོ་བ་ནི། ན་མོ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ། དེ་ནས་སེམས་བསྐྱེད་པ་ནི། དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བསྒྲལ་དང་མ་གྲོལ་གྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་སྡོམ་པ་བཟུང་བ་ནི། ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །སྡོམ་པ་ལ་ནི་གནས་པ་ལྟར། །བདག་གི་ལུས་ངག་ཡིད་གསུམ་གྱིས། །གནོད་པ་སྤངས་ཤིང་དགེ་བ་བསྒྲུབ། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་རྣམ་པ་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ་། །དཀོན་མཆོག་གསུམ་བཟུང་མི་གཏང་བསྒྲུབ། །བླ་མ་ཡི་དམ་མི་སྤང་ངོ་། །སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ། །ཡང་དག་སྙིང་པོའི་དོན་ལ་འཇུག །དམ་ཆོས་དཀོན་མཆོག་དམ་ཚིག་ཏུ། །ཐེག་པའི་ཆོས་རྣམས་ངོ་བོ་དྲིལ། །དགེ་འདུན་དཀོན་མཆོག་དམ་ཚིག་ཏུ། །རིག་པ་དྲི་མེད་དོན་ལ་བལྟ། །བླ་མ་ཡི་དམ་དམ་ཚིག་ཏུ། །རང་སེམས་གཙང་མ་དཔང་པོར་འཛུགས། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །བདག་ནི་དཔལ་ཆེན་རིགས་མཆོག་སྟེ། །མི་འདའ་རྡོ་རྗེའི་དམ་ལ་གནས། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །བདག་ནི་སྡོམ་པ་རྣམ་དག་ཤོག རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བདག་གི་སྤྱི་གཙུག་པད་དཀར་ཟླ་གདན་སྟེང་དུ་ཧཱུྃ་དཀར་ལས་བྱུང་རྡོ་རྗེ་སེམས། །དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམ་བཅས་རྡོ་རྗེ་དྲིལ་བུ་འཛིན་ཞིང་སྐྱིལ་ཀྲུང་བཞུགས། །ཐོར་ཚུགས་རིན་ཆེན་རྒྱན་ལྡན་གནས་གསུམ་འབྲུ་གསུམ་ཐུགས་ཀར་ཟླ་དཀྱིལ་ཧཱུྃ་དཀར་མཐར། །ཡིག་བརྒྱའི་སྔགས་འཁོར་དང་བཅས་བདུད་རྩི་བབ་པས་རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པུཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མཱེ་མུཉྩ་བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ། ཡིག་བརྒྱའི་མཐར། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་ཡང་སྙིང་ཅི་ནུས་བཟླས་པ་བྱའོ། །བཤགས་སྨོན་ནི། ཨོཾ་དང་པོ་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་སྐྱེ་བར་མི་བགྱིད་དེ། །ཕ་དང་མ་ལ་བརྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པར་འཇིག་རྟེན་གནས་འདི་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ནས། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་ཏེ། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དང་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེས་བརྒྱད་དུས་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉ་སྟོང་ཚུལ་བཞིན་སྲུང་བའི་དགེ་བསྙེན་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་ཏེ། །ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཚུལ་བཞིན་བསྲུང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉན་ཐོས་འདུལ་ཁྲིམས་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །རྟེན་འབྲེལ་བཅུ་གཉིས་སྒྲུབ་པའི་སྒོར་ཞུགས་ཏེ། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པས་ན། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །རང་རྒྱལ་སྡོམ་པ་སྲུང་བའི་གང་ཟག་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །སྡོམ་བརྩོན་ཚུལ་བཞིན་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ཏེ། །ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཀྲི་ཡའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ། །ཨུ་པ་ཡ་ཡི་དམ་ཚིག་མནོས་པ་ལས། །ཕྱག་རྒྱ་སྔགས་དང་མན་ངག་སྒྲུབ་པའི་མཐའ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ལྟ་སྤྱོད་ཨུ་པ་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཕྱག་རྒྱ་རྣམ་པ་བཞི་ཡི་སྒོར་ཞུགས་ཏེ། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེ་འཁོར་བྱང་ཆུབ་སེམས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་བསྲུང་བ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཡོ་གའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ཏེ། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔར་སྦྱོར་བས་ན། །རྒྱལ་བས་དམ་ཚིག་མཆོག་ཏུ་གསུངས་པ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །མ་ཧཱ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ཏེ། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན། །རང་རིགས་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཆང་བྱེད་ཅིང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ནུ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཁྱབ་གདལ་ཆེན་པོ་ཐེག་པའི་སྒོར་ཞུགས་ཏེ། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་བ་དང་། །གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱིས་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལས། །རྒྱལ་བ་རྣམས་ཀྱིས་དམ་ཚིག་མཆོག་ཏུ་གསུངས། །བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པའི་ཕྱལ་བ་ཡིན། །ཐམས་ཅད་སེམས་སུ་འདུས་པ་གཅིག་པུ་ཡིན། །ལྷག་མ་མེད་པར་རྫོགས་པ་ལྷུན་གྱིས་རྫོགས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ཏི་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པས་འདུལ་མཐར་ཕྱིན། །རང་དབང་མངོན་དུ་གྱུར་པས་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེའི་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲི་ཡོག་རྣམ་པ་གསུམ་གྱི་སྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་རྣམ་གཉིས་ཨུ་པ་མཐའ་རུ་ཕྱིན། །སུམ་ཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་ལ་སོགས་སྲུང་མ་དམ་ཚིག་ཅན། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །རྩ་བ་ཡན་ལག་བསྲུང་ན་རྣལ་འབྱོར་ཆེ། །སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་ལ་ཐེག་པ་གསུམ། །ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་ལྷ་ཚོགས་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་གཅོད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་འགྱེད། །རྒྱུ་འབྲས་མ་སྤངས་དགེ་བ་དང་དུ་བླངས། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམས། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲེལ། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། །སྒོམ་སྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་། །དེ་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས། །འཕྲལ་གྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་བཟློག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །བསྡུ་ན་འདིས་འཐུས། ཨོཾ། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་བ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །བསྲུང་བསྒྲུབ་རྟོགས་པར་བྱ་བ་ཐམས་ཅད་ལས། །ཉམས་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱིད། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་ལོ་བཤགས། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་དྲི་མེད་བཤགས་རྒྱུད་ལས་བྱུང་བ་ལྟར་བྱས་ལ་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། མཎྜལ་ནི། ཨོཾ་ཨཱཿཧཱུྃ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ། །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨ་ཧཱུྃ། བླ་མའི་རྣལ་འབྱོར་ནི། དངོས་འཛིན་བྲལ་བ་རང་བཞིན་སྟོང་པའི་ངང་། །རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོའི་གཙུག །གེ་སར་པད་སྡོང་འདབ་མ་སྟོང་ལྡན་སྟེང་། །ཉི་ཟླའི་གདན་དབུས་བླ་མ་པདྨ་འབྱུང་། །སྐུ་གསུམ་ཀུན་བཟང་ངོ་བོར་བཞུགས་པ་ལ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་རྣམས། །ཐོ་བརྩེགས་རྣམ་པར་སྟེང་གི་ཆ་ལ་བཞུགས། །གང་ཟག་སྙན་བརྒྱུད་གཏེར་ཆོས་སྨོན་ལམ་བརྒྱུད། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ལ་སོགས་པ། །རྒྱ་བོད་རིག་འཛིན་གྲུབ་ཐོབ་རྩ་གསུམ་རྣམས། །ཁྲོམ་ཚོགས་ལྟར་ལ་སྤྲིན་ཕུང་འཁྲིགས་པ་བཞིན། །གཟི་བརྗིད་འོད་ཕུང་འབར་ཞིང་བཞུགས་པ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་ཨོ་རྒྱན་སྐུ་གསུམ་བཀའ་བརྒྱུད་བཅས། །རེ་ལྟོས་མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ། །གདུང་ཤུགས་མོས་པས་རྩེ་གཅིག་གསོལ་བ་འདེབས། །ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྐྱེ་འགག་སྤྲོས་དང་བྲལ་བར་བྱིན་གྱིས་རློབས། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སྒྱུ་ལུས་འོད་གསལ་དུ་གྲོལ་བར་བྱིན་གྱིས་རློབས། །མཁས་པ་ཤྲཱི་སིངྷ་ལ་གསོལ་བ་འདེབས། །ཚད་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སློབ་དཔོན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །རིག་པའི་རྩལ་དབང་ཐོབ་པར་བྱིན་གྱིས་རློབས། །བཱི་མ་ལ་སོགས་རྒྱ་གར་རིག་འཛིན་བརྒྱད། །སྐ་ཅོག་ཞང་སོགས་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་ཆོས་བདག་ལས་ཅན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། ན་མོཿ རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཉམས་དང་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པ་འབྱུང་བར་བྱིན་གྱིས་རློབས། །ཚངས་པའི་དབྱངས་ཀྱི་དངོས་གྲུབ་སྩོལ། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཡོན་ཏན་ཕྲིན་ལས་རྫོགས་ལ་གསོལ་བ་འདེབས། །དབང་བཞིའི་ཡོངས་རྫོགས་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་པདྨ་འབྱུང་གནས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་འཛིན་རྗེ་འབངས་ཉི་ཤུ་ལྔ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཏེར་སྟོན་མཆོག་གཉིས་གླིང་པ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཟབ་གཏེར་དབང་ཕྱུག་བརྒྱ་རྩ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དུས་གསུམ་འགྲོ་འདུལ་གཏེར་སྟོན་རྣམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཆོས་བདག་རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དྲིན་ཅན་རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཡི་དམ་ཞི་དྲག་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྣམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྐབས་འདིར་བླ་རྫོགས་ཐུགས་གསུམ་སོགས་ཀྱི་གསོལ་འདེབས་རིགས་རྣམས་ཀྱང་འདོན་ཞིང་མཐར། ཨེ་མ་ཧོ། རྩ་གསུམ་དཀོན་མཆོག་ཀུན་རྣམས་འདུས་པའི་བདག །འཁྲུལ་མེད་རང་བྱུང་ཡེ་སངས་རྒྱས་པའི་མགོན། །ཡོན་ཏན་ལྷུན་གྲུབ་བླ་མ་དབང་གི་རྒྱལ། །སྐྱེ་འཆི་འཇིགས་བྲལ་གུ་རུ་པདྨ་འབྱུང་། །བདག་གི་དད་པ་བརྟན་པོས་ཁྱོད་དྲན་ནས། །གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས། །ཐུགས་རྗེ་མ་གཡེལ་བྱིན་རླབས་མཐུ་དཔུང་བསྐྱེད། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ། །དུས་འདིར་དད་ལྡན་བུ་ལ་སྩལ་དུ་གསོལ། །ཚེ་འདིར་འཁྲུལ་སྣང་སྒྱུ་མའི་རྫུན་ཁུང་རྡིབ། །ངེས་འབྱུང་སྐྱོ་ཤས་རང་སེམས་རིག་པ་སད། །ཉམས་རྟོགས་ཡེ་ཤེས་རང་རིག་ངོ་བོར་རྫོགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། དབང་བཞི་ལེན་པ་ནི། སརྦ་སིདྡྷི་ཕ་ལ་ཧཱུྃ། སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མར་ཐིམ། །བྱིན་རླབས་ཕུང་པོ་བླ་མའི་གནས་བཞི་ལས། །འོད་ཟེར་ཡེ་ཤེས་ཨོཾ་དཀར་ཨཱཿདམར་དང་། །ཧཱུྃ་མཐིང་ཧྲཱི་ལྗང་ལ་སོགས་རྣམ་པར་བྱོན། །བདག་གི་གནས་བཞིར་ཐིམ་ནས་སྒྲིབ་བཞི་དག །དབང་བཞི་རྫོགས་ནས་དགའ་བཞིའི་ཡེ་ཤེས་སྐྱེས། །སངས་རྒྱས་སྐུ་བཞིའི་འབྲས་བུ་ཐོབ་གྱུར་ཏེ། །བླ་མ་སྤྱི་བོར་བྱོན་ནས་རང་ལ་ཐིམ། །ཐུགས་ཡིད་དབྱེར་མེད་གྱུར་ཏེ་རང་གི་སེམས། །མ་བཅོས་སྤྲོས་བྲལ་ཆོས་སྐུ་སྐྱེ་མེད་ཨཿ རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། དམིགས་མཐའ་བྲལ་བའི་སེམས་ཅན་ཀུན་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་འདོན་བསྒོམ་བསྒྲག་མར་བྱའོ། །

ཆོས་འདོན་བློ་དམན་རྣམས་ཀྱི་དོན་དུ་པུཎྡྷ་བིཏྱཱ་དྷ་རས་སྦྱར་བའོ། །

རྫོགས་པ་ཆེན་པོའི་ཉམས་ལེན་མན་ངག་སྤར་བཅངས་མ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ། ཀུན་བཟང་མེས་པོའི་བཀའ་རྒྱུད་སྲོལ་བཙང་མ། །མཁས་དང་གྲུབ་པའི་ཡིད་འགུགས་ངེས་གསང་གི །ལམ་ཁྲིད་དེད་དཔོན་པད་འབྱུང་ཁྱེད་གཅིག་ཅེས། །གྲགས་པ་ནམ་མཁའི་ཕ་མཐར་འུར་ཞིང་སོང༌། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་ལམ་གང༌། །ཡང་ཟབ་རྫོགས་པ་ཆེན་པོ་འདི་ཡིན་ཞེས། །མཁས་གྲུབ་མང་པོའི་ལུང་རིགས་སྒྲ་དབྱངས་ཀྱིས། །དེང་དུས་འཇིག་རྟེན་ཁམས་ན་འུར་འུར་གཡོ། །མི་ནོར་ཟས་ལ་ཞེན་པ་གཏིང་ནས་ལོག །ཚེ་གཅིག་སངས་རྒྱས་ཐོབ་འདོད་གང་ཟག་ལ། །སྟོང་གསུམ་གསེར་གྱི་ཕྱུར་བུས་བཀང་བ་ལས། །གདམས་པ་འདི་ལྷག་དེ་ཕྱིར་མ་ཡེངས་ཉོན། །དེ་ལ་འདིར་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཚུལ་ལ། སྔོན་འགྲོ་དངོས་གཞི་རྗེས་སུ་དམ་ཆོས་ཇི་ལྟར་བྱ་ཚུལ་རྣམས་ཟབ་གཏེར་དང་རྒྱུད་ལྡན་བླ་མའི་ཞབས་ལ་གཏུགས་ཏེ་ཉམས་ཁྲིད་སྐྱོང་བ་ལས་ཤེས་པར་བྱ་ཞིང༌། འདིར་རྫོགས་པ་ཆེན་པོ་སོགས་ཀྱི་ངོས་འཛིན་མདོར་བསྡུས་ཤིག་བཤད་ན། དེ་ལ་རྫོགས་པ་ཆེན་པོ་གང་ཡིན་ཞེ་ན། དྲི་མ་ཐམས་ཅད་དང་བྲལ་བའི་ད་ལྟའི་རིག་པ་གསལ་སྟོང་རྗེན་པ་འདི་ལ་རྫོགས་པ་ཆེན་པོ་ཟེར། དེའི་སྒྲ་བཤད་པ་གང་ཡིན་ཞེ་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ངང་དུ་རྫོགས་པས་ན་རྫོགས་པ་ཟེར། དེ་ལས་ལྷག་པའི་འཁོར་བ་ལས་སྒྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་ཆེན་པོ་ཟེར། གཞི་ལམ་འབྲས་གསུམ་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་འཁོར་འདས་ཀྱི་བློས་མ་རེག་ཅིང་འཁྲུལ་བ་འདིས་མ་གོས་པའི་གནས་ལུགས་རྗེན་པ་འཁྲུལ་མ་མྱོང་ཞིང་ཅིར་ཡང་མ་གྲུབ་པ་ཅིར་ཡང་འབྱུང་བ་འདི་ལ་གཞི་ཟེར་བ་ཡིན། ད་ལྟའི་རིག་པ་འདི་ལྷོད་དེ་བཞག་པའི་དུས་ན་བཟང་རྟོག་ངན་རྟོག་ལུང་མ་བསྟན་པ་གསུམ་དང་བྲལ་བའི་སྟོང་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་འདུག་པ་འདི་ལ་ལམ་ཟེར་བ་ཡིན། ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་མ་རིག་པ་དང་འཁྲུལ་པ་རང་སར་དག་ནས་ཆོས་དབྱིངས་མངོན་དུ་གྱུར་པ་ལ་འབྲས་བུ་ཟེར་བ་ཡིན། ལྟ་སྒོམ་སྤྱོད་གསུམ་གང་ཡིན་ཞེ་ན། རང་གི་སེམས་འདི་ལུས་ཀྱི་ཕྱི་ནང་གང་དུ་འདུག །ཁ་དོག་དང་དབྱིབས་ཇི་འདྲ་སོགས་ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་མ་རྙེད་པའི་སྟོང་པ་དེ་ལ་ལྟ་བ་ཟེར་བ་ཡིན། ལྟ་བ་དེའི་ངང་ལ་བྱིང་རྒོད་རྨུགས་གསུམ་གང་གི་ཡང་དབང་དུ་མི་གཏོང་བར་སེམས་གློད་ནས་འཇོག་པ་ལ་སྒོམ་པ་ཟེར་བ་ཡིན། སྣང་བ་གང་ཤར་ཐམས་ཅད་སྒོམ་དེས་རྒྱས་བཏབ་ནས་རྩལ་སྦྱོང་བ་ལ་སྤྱོད་པ་ཟེར་བ་ཡིན། ཞི་གནས་དང་ལྷག་མཐོང་དེ་གཉིས་ཟུང་དུ་འབྲེལ་ཚུལ་གང་ཡིན་ཟེར་ན། སེམས་ཕྱི་རོལ་དུ་འཕྲོ་བ་ཞི་ནས་ནང་དུ་ཁྲིག་གེར་གནས་པ་དེ་ལ་ཞི་གནས་ཟེར་བ་ཡིན། དེའི་ངོ་བོ་རིག་སྟོང་རྗེན་པར་ངོ་ཤེས་པ་དེ་ལ་ལྷག་མཐོང་ཟེར་བ་ཡིན། ཡང་གནས་ཐོག་ནས་ངོ་བོ་རིག་ཅིང༌། རིག་ཐོག་ནས་ཁྲིག་གེར་འདུག་པ་དེ་ལ་ཞི་ལྷག་ཟུང་དུ་འཇུག་པ་ཟེར་བ་ཡིན། མཉམ་བཞག་དང་རྗེས་ཐོབ་གཉིས་གང་ཡིན་ཟེར་ན། སྤྱིར་རང་གི་རིག་པ་སྟོང་སེང་ངེ་བ་འདི་ལ་རྩེ་གཅིག་ཏུ་འཇོག་པ་ནི་མཉམ་བཞག་ཟེར་བ་ཡིན། དེ་ལས་ལངས་ཏེ་གང་ཤར་ཐམས་ཅད་སྣང་ཡང་བདེན་མེད་སྟོང་པར་ཤེས་པ་དེ་ལ་རྗེས་ཐོབ་ཟེར་བ་ཡིན། ཁྱད་པར་རྫོགས་ཆེན་རང་ལུགས་ལ་གང་ཤར་དེ་དང་དེའི་ངོ་བོ་ཤེས་བཞིན་པའི་ངང་དུ་གནས་པ་ལ་མཉམ་བཞག་དང༌། དེ་དང་དེའི་ངོ་བོ་ཤེས་བཞིན་པའི་ངང་དུ་འགྱུ་བ་ལ་རྗེས་ཐོབ་ཟེར་བ་ཡིན། དེ་བས་ན་གང་སྣང་གི་ཐོག་ཏུ་དགེ་སྦྱོར་སྐྱོང་བ་རང་ལའང་དེའི་ངོ་བོ་སྟོང་སེང་ངེ་བར་གནས་པ་དེ་ལ་མཉམ་གཞག་དང༌། དེའི་ངང་ནས་སྤྲུལ་བསྒྱུར་སོགས་འགྱུ་བའི་ཆ་དེ་རྗེས་ཐོབ་ཡིན། རྗེས་ཐོབ་དང་རྗེས་ཤེས་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རིག་པས་རྩིས་ཟིན་པ་ལ་རྗེས་ཐོབ་དང༌། མ་ཟིན་པ་ལ་རྗེས་ཤེས་ཟེར་བ་ཡིན། སྒོམ་མཉམ་རྗེས་འདྲེས་ཟེར་བའི་དོན་གང་ཡིན་ཟེར་ན། སྣང་བ་བཟང་ངན་ཐམས་ཅད་སྤང་བླང་མེད་པར་རིག་སྟོང་རྗེན་པ་འདི་ལས་མ་གཡོས་པ་དེ་ལ་མཉམ་རྗེས་འདྲེས་ཟེར་བ་ཡིན། སྒོམ་ཉིན་མཚན་འདྲེས་ཞེས་པ་གང་ཡིན་ཞེ་ན། ཉིན་པར་སྣང་བ་འཁྲུལ་བ་མི་འཆར་མཚན་མོ་རྨི་ལམ་འཁྲུལ་བ་མི་འཆར་བའི་གཉིད་ལོག་རུང་མ་ལོག་རུང་ཉམས་ལེན་གྱི་སྟེང་ནས་མི་གཡོ་བ་དེ་ལ་སྒོམ་ཉིན་མཚན་འདྲེས་ཟེར་བ་ཡིན། བྱིང་རྒོད་རྨུགས་གསུམ་གང་ཡིན་ཞེ་ན། ལུས་སེམས་ཉོབ་ནས་རིག་པའི་གསལ་ཆ་ལྷོད་ལྷོད་པོར་གྱུར་བ་དེ་ལ་བྱིང་བ་ཟེར་བ་ཡིན། ཡུལ་ཡིད་དུ་འོང་བ་གང་ཡང་རུང་བ་ལ་དམིགས་ནས་དེ་ལ་སྲེད་པའི་རྣམ་པ་ཕྱིར་ལ་འཕྲོ་ཞིང་གནས་པའི་བར་དུ་གཅོད་པ་དེ་ལ་རྒོད་པ་ཟེར་བ་ཡིན། རང་གི་དམིགས་པ་གང་ཡིན་དེ་ལ་རྨོངས་ནས་ལུས་སེམས་གཉིས་ཀ་ལྕི་ཞིང་བཀོལ་དུ་མི་བཏུབ་པ་དེ་ལ་རྨུགས་པ་ཟེར་བ་ཡིན། དྲན་པ་དང་ཤེས་བཞིན་གཉིས་གང་ཡིན་ཞེ་ན། སྔར་ནས་ངེས་པའི་དམིགས་པ་དེ་ཉིད་བརྗོད་པ་མེད་པར་ཡིད་ལ་དུང་ངེར་གནས་པ་དེ་ལས་གཞན་དུ་མ་ཡེངས་པར་བྱེད་པ་དེ་དྲན་པ་ཡིན། མ་ཡེངས་བའི་དམིགས་ཡུལ་དེའི་རྒྱུན་སྐྱོང་བ་ལས་དེའི་ངང་ནས་ཡིན་མིན་བརྟགས་ཤིང་བསྲུང་བའི་བྱ་ར་བརྒྱུད་དེ་བྱེད་པ་ཤེས་བཞིན་ཡིན། བདེ་གསལ་མི་རྟོག་གསུམ་གང་ཡིན་ཞེ་ན། སེམས་ཁྲིག་གེར་གནས་ཤིང་སྒོམ་སྟོང་སེང་ངེ་དེ་ཀ་གཞིག་མི་ཕོད་པ་དེ་བདེ་བ་ཡིན། དེའི་ངང་ནས་རང་གི་སེམས་སྟོང་ཧད་དེ་བ་རྣམ་རྟོག་གི་དྲི་མ་མེད་ཅིང་སྟོང་སེང་གཅིག་ཏུ་འདུག་པ་དེ་གསལ་བ་ཡིན། རྣམ་རྟོག་མི་དྲན་དགུ་དྲན་གྱི་འགྱུ་བ་ཆད་ནས་སེམས་སྟོང་པ་ལས་གཞན་དུ་མི་གཡོ་བ་དེ་མི་རྟོག་པ་ཡིན། སེམས་རིག་པ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། མ་རིག་པའི་དབང་གིས་མི་འགྱུ་དགུ་འགྱུ་མི་དྲན་དགུ་དྲན་པའི་གློ་བུར་བའི་རྣམ་རྟོག་འདི་ལ་སེམས་ཟེར་བ་ཡིན། མ་རིག་པའི་སླད་མ་ཞུགས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞིང་གསལ་སྟོང་འཛིན་མེད་དུ་ངོ་ཤེས་པ་དེ་ལ་རིག་པ་ཟེར་བ་ཡིན། ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་ཅེས་པའི་དོན་གང་ཡིན་ཟེར་ན། ཐོག་མའི་གནས་ལུགས་གཞི་སྐྱེ་བ་མེད་པའི་སྟོང་བ་ལ་ངོ་བོ་ཀ་དག་ཟེར་བ་ཡིན། སྟོང་པ་ཉིད་དེའི་གདངས་འགག་པ་མེད་པ་དེ་ལ་རང་བཞིན་ལྷུན་གྲུབ་ཟེར་བ་ཡིན། དེའི་རྩལ་དག་མ་དག་གང་དུའང་འཆར་བ་དེ་ལ་ཐུགས་རྗེ་ཀུན་ཁྱབ་ཟེར་བ་ཡིན། དང་པོ་ལ་རིག་སྟོང་དབྱེར་མེད། གཉིས་པ་ལ་གསལ་སྟོང་དབྱེར་མེད། གསུམ་པ་ལ་སྣང་སྟོང་དབྱེར་མེད་ཟེར་བ་ཡིན། རིག་པ་གསལ་སྟོང་འཛིན་མེད་ཅེས་པའི་དོན་གང་ཡིན་ཞེ་ན། ད་ལྟའི་སེམས་འདི་འཕྲོ་འདུའི་འགྱུ་བ་ཆད་ནས་རྟོག་མེད་ཀྱི་ངང་ནས་གསལ་སེང་ངེ་བ་དེའི་ངོ་བོ་བལྟས་པས་ཅིར་ཡང་མ་གྲུབ་པའི་སྟོང་སེང་ངེ་བ་ཡིན་མིན་མེད་པར་རྗེན་ནེ་ལྷག་གེ་བ་དེ་ལ་རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། རང་བྱུང་གི་ཡེ་ཤེས་ཞེས་པའི་དོན་གང་ཡིན་ཞེ་ན། གང་སྣང་གང་ཤར་ཐམས་ཅད་ཀྱི་ངོ་བོ་གསལ་སྟོང་འཛིན་མེད་རིག་པ་རྗེན་པ་ངོ་ཤེས་པ་དེ་ལ་རང་བྱུང་གི་ཡེ་ཤེས་ཟེར་བ་ཡིན། སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཅེས་པའི་དོན་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཡིན། སྟོང་པའི་རང་གདངས་དེ་སྣང་བ་ཡིན། སྣང་བ་ལས་གཞན་པའི་སྟོང་པ་ཡང་མེད། སྟོང་པ་ལས་གཞན་པའི་སྣང་བའང་མེད་པ་དེ་ལ་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཟེར་བ་ཡིན། གོ་མྱོང་རྟོགས་གསུམ་གང་ཞེ་ན། ཐོས་བསམ་ལ་བརྟེན་ནས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག་པར་གོ་བ་དེ་ལ་གོ་བ་ཟེར་བ་ཡིན། དེ་བླ་མའི་མན་ངག་ལ་བརྟེན་ནས་རྒྱུད་ཐོག་ཏུ་ཉམས་སུ་བླང་བས་རང་ངོ་ཤེས་པ་དེ་ཉམས་མྱོང་ཡིན། མྱོང་བ་དང་བྲལ་ནས་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་དེ་རྟོགས་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་གང་ཡིན་ཞེ་ན། སེམས་ངོ་བོ་སྟོང་སེང་ངེ་བ་འདི་ལ་སྐྱེ་མེད་ཟེར་བ་ཡིན། །དེའི་གདངས་སྣ་ཚོགས་སུ་འཆར་བ་ལ་འགག་མེད་ཟེར་བ་ཡིན། གདོད་མའི་གནས་ལུགས་བློ་ལས་འདས་པ་དེ་ལ་གནས་པ་དང་བྲལ་བ་ཟེར་བ་ཡིན། སྣང་སྟོང་གང་གི་དུས་ཀྱི་རིག་པ་ཟང་ཐལ་མ་འདི་རྟོག་པའི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཟེར་བ་ཡིན། ཡུལ་མེད་ཀྱི་ཤེས་པ་རང་གསལ་ཞེས་པའི་དོན་གང་ཡིན་ཞེ་ན། ཡུལ་ཅན་ཐ་དད་ཀྱི་བདེན་འཛིན་རང་སར་གྲོལ་བ་དེ་ལ་ཡུལ་མེད་ཀྱི་ཤེས་པ་ཟེར་བ་ཡིན། ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་བ་ཞེས་པའི་དོན་གང་ཞེ་ན། ཡ་ཐ་སངས་རྒྱས་ཀྱི་ཐུགས་རྒྱུད་ནས་མ་ཐ་སོ་སོའི་སྐྱེ་བོ་ཡན་ཆད་ཀྱི་རྒྱུད་ན་ཡོད་པའི་རིག་པ་གློ་བུར་གྱི་རྐྱེན་གང་གིས་ཀྱང་མ་བཅོས་པ་དེ་ལ་ཐ་མལ་གྱི་ཤེས་པ་ཟེར་བ་ཡིན། དེ་ངོ་ཤེས་པ་ལ་སེམས་ཀྱི་གནས་ལུགས་ཤེས་པ་ཟེར། དེ་རྒྱུན་སྐྱོང་བ་ལ་ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་ཟེར། བྱུང་གནས་འགྲོ་གསུམ་གང་ཞེ་ན། སེམས་འདི་དང་པོ་གང་ནས་བྱུང༌། བར་དུ་གང་ན་གནས། མཐར་གང་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་སྙམ་དུ་འཚོལ་བ་དེ་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་སེམས་འཚོལ་དགོས་ཞེས་པའི་དོན་ཡིན་ཅིང༌། མཐར་གང་ཡང་མ་རྙེད་པའི་སྟོང་སེང་ངེ་ཞིག་དགོས་པ་ཡིན། གནས་འགྱུ་རིག་གསུམ་གང་ཡིན་ཞེ་ན། གང་ཤར་གྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་གསལ་སྟོང་འཛིན་མེད་དུ་ངོ་ཤེས་པ་དེ་གའི་ངང་དུ་ཁྲིག་གེར་གནས་པ་དེ་གནས་པ་ཡིན། ངོ་ཤེས་བཞིན་དེ་གའི་ངང་དུ་སྤྲུལ་བསྒྱུར་སོགས་བྱས་ཏེ་འཕྲོ་བ་དེ་འགྱུ་བ་ཡིན། གནས་ཐོག་ནས་འགྱུ། འགྱུ་ཐོག་ནས་གནས་པ་གང་ཡིན་རུང་ངོ་བོ་གསལ་སྟོང་རྗེན་པར་ཤེས་པ་དེ་རིག་པ་ཡིན། མདོར་ན་གནས་འགྱུ་རིག་གསུམ་དོན་ལ་གཅིག་ཡིན་ཟེར་དགོས། ཡང་ན་སེམས་གཞན་དུ་མ་ཡེངས་པ་དེ་གནས་པ། མ་ཡེངས་པའི་ངང་དུ་རྣམ་རྟོག་ཤར་བ་འགྱུ་བ། དེ་ལྟར་དབྱེར་མེད་རང་སེམས་སྟོང་པ་གཅིག་པུར་ཤེས་པ་དེ་རིག་པ་ཟེར། འཁོར་འདས་དབྱེར་མེད་ཅེས་པའི་དོན་གང་ཡིན་ཞེ་ན། སེམས་ཀྱི་རྣམ་པར་སྣང་བའི་ཆ་དེ་འཁོར་བ་ཡིན། སེམས་ཀྱི་ངོ་བོ་སྟོང་པའི་ཆ་དེ་མྱང་འདས་ཡིན། འཁོར་བ་མྱང་འདས་གཉིས་རང་གི་སེམས་ཉིད་ཀྱི་ངོ་བོ་སྟོང་པའི་ངང་དུ་དབྱེ་རྒྱུ་མེད་པ་དེ་ལ་འཁོར་འདས་དབྱེ་མེད་ཟེར་བ་ཡིན། ཁ་ཕྱིར་བལྟས་དང་ནང་བལྟས་ཟེར་བའི་དོན་གང་ཡིན་ཞེ་ན། དགྲ་སྡང་བ་ལ་དགྲ་བདེན་པར་འཛིན། དེ་བཞིན་དུ་མིག་གི་ཡུལ་དུ་གཟུགས། རྣ་བའི་ཡུལ་སྒྲ། སྣའི་ཡུལ་དུ་དྲི། ལྕེ་ཡི་ཡུལ་དུ་རོ། ལུས་ཀྱི་ཡུལ་དུ་རེག་བྱ། ཡིད་ཀྱི་ཡུལ་དུ་ཆོས་ལ་སོགས་ཇི་ལྟར་སྣང་བ་བཞིན་བདེན་པར་འཛིན་པ་དེ་ལ་ཁ་ཕྱིར་བལྟས་ཟེར་བ་ཡིན། གཟུགས་སུ་སྣང་བ་ལ་ཅེར་གྱིས་བལྟས་ནས་དེ་དག་དགག་སྒྲུབ་གང་ཡང་མི་བྱེད་པར་དེ་ཀའི་ངོ་བོ་གསལ་སྟོང་རྗེན་ནེ་ལྷག་གེ་བ་དེ་ལ་མཉམ་པར་འཇོག་པ་དེ་ལ་ཁ་ནང་བལྟས་ཟེར་བ་ཡིན། ཚོགས་དྲུག་སོགས་རྣམ་རྟོག་ཐམས་ཅད་ལ་དེའི་རིགས་འགྲེའོ། །ནག་པོ་ཁ་འབྱམས་ཞེས་པའི་དོན་གང་ཡིན་ཞེ་ན། གོ་ལོ་རྟོགས་ལོ་ཙམ་ལ་དྲན་པའི་སོ་བ་ཉམས་ནས་ངོ་མ་ཤེས་པའི་རྣམ་རྟོག་འབའ་ཞིག་ལ་རྒྱ་འབྱམས་པ་བཟང་ངན་དང་ཡེངས་མེད་འཛིན་མེད་ཡིན་ཟེར་བ་ལ་ནག་པོ་ཁ་འབྱམས་ཟེར་བ་ཡིན། རིག་པ་རྗེན་ལ་བུད་ཅེས་པའི་དོན་གང་ཡིན་ཞེ་ན། འདས་པའི་སེམས་ནི་འགགས་ནས་མེད། མ་འོངས་པའི་སེམས་ནི་མ་སྐྱེས་ནས་མེད། ད་ལྟར་གྱི་སེམས་ནི་སྟོང་གསལ་རྗེན་ནེ་ལྷག་གེར་རྟོགས་པའི་ངང་ལས་མ་གཡོས་པ་དེ་ལ་རིག་པ་རྗེན་པར་བུད་ཟེར་བ་ཡིན། སྐད་ཅིག་མའི་མཚང་རིག་ཅེས་པའི་དོན་གང་ཡིན་ཞེ་ན། ད་ལྟའི་རིག་པ་དྲི་མ་མེད་པ་འདིའི་རང་ངོ་ཤེས་ནས་དེའི་རྒྱུན་སྐྱོང་བ་ལ་སྐད་ཅིག་མའི་མཚང་རིག་ཟེར་བ་ཡིན། སེམས་དང་རྣམ་རྟོག་ཉོན་མོངས་སྣང་བ་རྣམས་ཀྱི་སྟེང་དུ་སྐུ་བཞི་ཚང་ཞེས་པའི་དོན་གང་ཡིན་ཞེ་ན། སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་དེ་ཆོས་སྐུ་ཡིན། དེའི་གདངས་འགགས་པ་མེད་པ་ལོངས་སྐུ་ཡིན། དེའི་རྩལ་ཅིར་ཡང་འཆར་བ་དེ་སྤྲུལ་སྐུ་ཡིན། དེ་གསུམ་ངོ་བོ་དབྱེར་མེད་པ་དེ་ལ་ངོ་བོ་ཉིད་སྐུ་ཡིན། དེ་བཞིན་དུ་གཞན་རིགས་འགྲེའོ། །ཡང་སེམས་དང་རྣམ་རྟོག་ཉོན་མོངས་པ་སྣང་བ་རྣམས་ཀྱི་སྟེང་དུ་ཞི་ལྷག་ཟུང་འཇུག་ཚང་ཞེས་པའི་དོན་གང་ཡིན་ཞེ་ན། རྣམ་རྟོག་རིམ་གྱིས་ཤར་དུས་དེའི་ངོ་བོའི་ཐོག་ཏུ་སེམས་ཁྲིག་གེ་གནས་པ་དེ་ཞི་གནས་ཡིན། དེའི་ངོ་བོ་གསལ་སྟོང་རྗེན་པར་ངོ་ཤེས་པ་དེ་ལྷག་མཐོང་ཡིན། དེ་གཉིས་དབྱེར་མེད་པ་དེ་ཞི་ལྷག་ཟུང་འཇུག་ཡིན། དེ་བཞིན་དུ་འདོད་ཆགས་རིམ་གྱིས་སྐྱེས་པ་དེའི་ངོ་བོའི་ཐོག་ཏུ་སེམས་ཁྲིག་གེ་གནས་པ་དེ་ཞི་གནས་ཡིན། དེའི་ངོ་བོ་གསལ་སྟོང་རྗེན་པར་མཐོང་བ་དེ་ལྷག་མཐོང་ཡིན། དེ་གཉིས་དབྱེར་མེད་པ་དེ་ཞི་ལྷག་ཟུང་འཇུག་ཡིན། འདོད་ཆགས་ལམ་དུ་ཁྱེར་བའང་དེ་འདྲ་ཞིག་ལ་ཟེར་བ་ཡིན། དེས་ཉོན་མོངས་པ་གཞན་དུ་སྣང་བ་རྣམས་ལའང་རིགས་འགྲེས་སོ། །རིག་པ་རང་ངོ་འཕྲོད་པའི་ཚད་གང་ཡིན་ཞེ་ན། འདི་ལ་གསུམ་ཡོད་པ་ལས། རིམ་གྱིས་པའི་རིག་པ་རང་ངོ་འཕྲོད་པའི་ཚད་ནི། སྣང་བ་ཐམས་ཅད་སེམས་སུ་ཐག་བཅད། སེམས་ཉིད་སྟོང་པར་ཐག་བཅད། སྣང་སྟོང་གཉིས་མེད་ཟུང་འཇུག་དུ་ཐག་བཅད་ནས་ཆོས་ཐམས་ཅད་རིག་སྟོང་དབྱེར་མེད་དམ་རྗེན་པར་རྟོགས་པ་ནི་རིམ་གྱིས་པའི་རང་ངོ་འཕྲོད་པའི་ཚད་ཡིན། རིམ་གྱིས་བསྒོམ་པ་མིན་པར་བླ་མས་རིག་པ་ངོ་སྤྲད་ཙམ་ཉིད་ནས་གང་སྣང་རིག་སྟོང་རྗེན་པར་རྟོགས་པ་དེ་ཅིག་ཆར་བའི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། ཚེ་འདིར་ཡུན་ཐུང་ཞིང་ལེ་ལོ་ཆེ་བས་རིག་སྟོང་རྗེན་པར་མངོན་དུ་མ་གྱུར་ཀྱང་བར་མ་དོའི་དེའི་རྟོགས་པ་གཤའ་མ་ཞིག་འཆར་བ་དེ་ཐོད་རྒལ་གྱི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། སྣང་བ་ཐམས་ཅད་སེམས་ཡིན་ནམ་མ་ཡིན་ཞེ་ན། དྭགས་པོ་བཀའ་བརྒྱུད་པ་འགའ་ཞིག་གི་བཞེད་པ་ལྟར། སྣང་བ་སེམས་སུ་འདོད་པ་རྙིང་མ་ཁ་ཅིག་ཡིན་གྱི། རང་ལུགས་ལ་སྣང་བ་སེམས་མ་ཡིན་སེམས་ཙམ་འདོད་དགོས་ལ། དེའི་རྒྱུ་མཚན་སྣང་བ་ཐམས་ཅད་སེམས་ཀྱིས་བཏགས་པའི་བཅོས་མ་ཡིན་པའི་གནད་ཀྱིས་སོ། །རྣམ་རྟོག་ཆོས་སྐུ་ཡིན་ནམ་མ་ཡིན་ཞེ་ན། དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱིས་རྣམ་རྟོག་ཆོས་སྐུར་འདོད་ཀྱང༌། ངེད་རང་རྫོགས་ཆེན་པ་རྣམས་གྱིས་དེ་མི་འདོད། འོན་ཀྱང་རྣམ་རྟོག་ལྷག་གེར་སྐྱེ་དུས་ངོ་བོ་ལ་བལྟས་པས་རྣམ་རྟོག་དེ་ཕར་ཡལ་མ་དགོས། ཚུར་སྒོམ་ལ་བཙུད་མ་དགོས་པར་རྣམ་རྟོག་ལམ་མེ་བ་དེ་ཀ་ངོས་བཟུང་མེད་པར་རིག་སྟོང་རྗེན་པར་འདུག་པ་དེ་ལ་རྣམ་རྟོག་ཆོས་སྐུར་ཤར་བ་ཟེར་ཞིང༌། དེ་ལྟ་བུ་རྫོགས་ཆེན་པས་ཀྱང་ཁས་ལེན་དགོས། སྣང་བ་དང་ཉོན་མོངས་སྒོམ་དུ་ཤར་བའི་དོན་ཡང་དེ་དང་འདྲའོ། །སེམས་ཅན་ཐམས་ཅད་གདོད་མ་ནས་སངས་རྒྱས་ཡིན་ཟེར་བའི་དོན་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་ཆོས་ཀྱི་དབྱིངས་དེ་བསྒོམ་པས་བཟང་དུ་མ་སོང༌། མ་བསྒོམ་པས་ངན་དུ་མ་སོང༌། དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ། འཁོར་འདས་ཀྱི་རྒྱ་མ་ཆད། ཕྱོགས་རིས་ཀྱི་སྤྲོས་པས་དབེན་པ་དེ་ལ་གཞི་ཟེར་བ་ཡིན། དེ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པས། དེ་ལ་དགོངས་ནས་སེམས་ཅན་ཐམས་ཅད་གདོད་མ་ནས་སངས་རྒྱས་ཡིན་གསུངས་ཤིང༌། དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་ཟེར་བའི་དོན་ཡང་དེ་ལྟར་ཡིན། གཞི་ལམ་འབྲས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ངོས་འཛིན་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་ཆོས་ཀྱི་དབྱིངས་དེ་སེམས་ཅན་ཐམས་ཅད་ལ་ཡོད་པས་བདེ་གཤེགས་སྙིང་པོ་གནམ་གང་གི་ཟླ་བ་ལྟ་བུ་དེ་གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན། ཚོགས་སྦྱོར་ནས་རྒྱུན་མཐའི་ཚུན་ཆད་ལམ་གྱི་རྟོགས་པ་ཚེས་གཉིས་ཀྱི་ཟླ་བ་ནས་བཅུ་བཞིའི་བར་ལྟ་བུ་དེ་ཀ་ལ་ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡིན། སྤངས་བྱ་མ་ལུས་སྤངས་ཤིང་ཡོན་ཏན་མཐའ་དག་རྫོགས་པ་བཅོ་ལྔའི་ཟླ་བ་ལྟ་བུ་དེ་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གང་ཡིན་ཞེ་ན། སྟོང་པ་ཉིད་ཀྱི་རྟོགས་པ་མཐར་ཕྱིན་ནས་ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ཀྱི་ངོ་བོར་ཤར་བས་ཆོས་ཐམས་ཅད་དེའི་ངོ་བོར་ཞི་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་སྐུ་ཡིན། ཡེ་ཤེས་སྤྲོས་མེད་དེ་ཉིད་ཟག་མེད་ཀྱི་བདེ་བར་ཡེ་ཤེས་ཀྱི་ལོངས་སྤྱོད་དུ་གསལ་བ་དེ་ལོངས་སྐུ་ཡིན། དེའི་གདངས་འགག་པ་མེད་པ་སྨོན་ལམ་ཐུགས་རྗེས་རང་གཟུགས་སུ་སྣང་བ་དེ་སྤྲུལ་སྐུ་ཡིན། དངོས་གཞི་རྫོགས་པ་ཆེན་པོའི་སྒོམ་ཚུལ་གང་ཡིན་ཞེ་ན། ད་ལྟའི་རིག་དྲི་མ་མེད་པ་གསལ་སྟོང་འཛིན་མེད་འདི་ཁ་ཡན་དུ་ཀློད་ཅིང་རྣམ་རྟོག་སྣང་བ་གནས་འགྱུ་གང་ལ་ཡང་བཟང་ངན་དགག་སྒྲུབ་འདོར་ལེན་དཔྱད་པ་མི་བྱ་བར་རིག་སྟོང་རྗེན་པར་སྐྱོང་བ་འདི་རྫོགས་ཆེན་གྱི་སྙིང་པོ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཐུགས་བཅུད་དགོངས་པ་བླ་ན་མེད་པ་ཡིན་ཏེ། འདིའི་གནད་ཤེས་ན་སྒོམ་ལར་མི་འོང་བའི་དོན་མེད། ཀློང་ཆེན་རབ་འབྱམས་པའི་ཞལ་ནས། ཚོགས་དྲུག་ཡུལ་ལ་སྣང་བ་ཕར་འཆར་རམ། རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ། གང་ཡིན་ཡང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ ངན་རྟོག་དུ་ཤར་ཡང་རང་གསལ་དུ་རྗེན་ནེ། བཟང་རྟོག་དུ་ཤར་ཡང་མཐར་གྲོལ་དུ་སེང་ངེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ། ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་དུ་མ་ཞུགས་པར་ས་ལེ་སེང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མིན་ན་ཕར་ཞོག ཡིན་ན་ངོ་བོ་ཆོས་སྐུ་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱའོ། །ཞེས་ཤེས་པ་རྐྱེན་དྲག་པོས་བསླད་དེ་དུག་ལྔ་ལྟ་བུ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་བཟུང་དུས་ཡེ་ཤེས་ལྷག་གེར་གསལ་ལ། ཤེས་པའི་སྟེང་དུ་དགའ་བ་དང༌། མི་དགའ་བ་དང༌། བར་མ་དང༌། བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པ་འཆར། རིག་པ་འཕྲོ་འདུ་མེད་པ་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་སེང་ངེ་བའི་གསལ་གདངས་རྗེན་པ་མ་ཡེངས་པར་ཕྱ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་ཤར་དུས་ཀྱང་གང་ཤར་ལ་བལྟ་བ་དེ་སྒོམ་དུ་འདོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་ལ་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་སྒོམ་པའི་ངོ་བོ་ཡིན་སྙམ་ན་འཁྲུལ་བར་འགྱུར་རོ། །སེམས་གནས་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་ལ། དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན། འདིར་གང་གི་དུས་ཡིན་ཡང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་བར་འདི་རང་ལ་བསྐྱངས་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན། ཁྲེགས་ཆོད་ཀྱི་དོན་རིག་པ་རྗེན་ལ་བུད་ནས་ས་ལེར་སྐྱོང་བ་དེ་ལ་ཟེར་བའི་གནད་ཁོ་ན་གལ་ཆེ་བ་ཡོད་པས་ངོ་ཤེས་པར་བྱའོ། །ཞེས་གསུངས་ཤིང༌། བསམ་གཏན་ངལ་གསོའི་འགྲེལ་བ་ཤིང་རྟ་རྣམ་དག་ལས་ཀྱང༌། གེགས་གང་བྱུང་ཡང་ངོས་བཟུང་ལ། བླ་མ་ལ་མོས་གུས་ཀྱི་གསོལ་འདེབས་བཅས་པ་དྲག་ལ་བྱིན་ཕེབས་པ་ཞིག་བྱས་ནས་གེགས་དེ་གང་ནས་བྱུང་གང་ལ་གནོད་བརྟགས་པས་དེ་རྣམས་མ་རྙེད་པའི་རིག་པ་ཟང་ཐལ་རྗེན་པ་དེ་སྟོང་སེང་ངེར་འདུག་དུས་ཐམས་ཅད་རིག་པའི་རང་མདངས་སུ་གྲོལ་དེ་བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་གང་ཤར་ཅི་སྣང་སྐྱོན་ཡོན་དུ་གྱུར་ཚད་ཐམས་ཅད་རིག་པའི་རོལ་བ་ལས་གཞན་མེད་དེ། བདེ་ཡང་རིག་པ། སྡུག་ཀྱང་རིག་པ། ན་ཡང་རིག་པ། དགའ་ཡང་རིག་པ་ཁོ་ན་མ་གཏོགས་པ་གང་ཡང་མེད་པས་གནད་འདི་གོ་ན་སྐྱིད་པ་ཞིག་ལགས་སོ། །ཁོ་བོའི་གེགས་ཐམས་ཅད་འདིས་བསལ་བས་ཤིན་ཏུ་སྐྱིད་པ་བྱུང་ངོ༌། །གེགས་དང་མི་མཐུན་པ་ཅི་བྱུང་ཡང་དགེ་སྦྱོར་དུ་ཧྲིལ་གྱིས་འགྲོ་བ་ཞིག་རྣལ་འབྱོར་པ་ལ་དགོས་པ་ལགས་སོ། །ཞེས་གསུངས་སོ། །མདོར་ན་མིག་གི་མཐོང་བ་དང༌། རྣ་བས་ཐོས་པ། སྣས་སྣོམ་པ། ལྕེས་མྱོང་བ། ལུས་ཀྱིས་རེག་པ། ཡིད་ཀྱིས་དྲན་པ་སོགས་གང་སྣང་གང་ཤར་གྱི་ཆོས་ཐམས་ཅད་སྣང་བ་ལ་བཟང་ངན་འབྲིང་གསུམ་གང་འདྲ་ཞིག་སྣང་ཡང་གནས་ལུགས་ངོ་བོ་རིག་སྟོང་རྗེན་པར་གནས་པ་འདི་ཤེས་ན་ཉམས་ལེན་གྱི་མུ་གེ་མི་སྡང༌། གནས་ལུགས་ཡེ་དག་གང་ཤར་སྒོམ་གྱི་ཡོ་ལངས་སུ་འཆར་བ་འདི་རྫོགས་པ་ཆེན་པོའི་གསང་ཚིག་རིག་པ་འཛིན་པ་རྣམས་ཀྱི་ཁྱད་ཆོས་བླ་ན་མེད་པའོ། ཁྲེགས་ཆོད་ལས་བརྩམས་པའི་གལ་ཆེན་རྣམས་བཤད་ཟིན་ཏོ། །ཅེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་པདྨ་རིག་འཛིན་གྱིས་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །ཛ་ཡནྟུ། བཀྲ་ཤིས། སརྦ་མདྒ་ལཾ། ། ། །
མན་ངག་འདི་ཉིད་སྔར་དུས་ཤིང་པར་དུ་མ་འཁོད་པས་ལག་བྲིས་མ་དཔེ་རྣམས་ཚིག་དོན་གཉིས་ཆར་སྐྱོན་ཅན་ཁོ་ན་སྣང་ཞིང༌། ད་ལམ་ཁོ་བོ་ཅག་གི་རིགས་བདག་མཚུངས་མེད་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོའི་ཕྱག་དཔེ་ཁྲིད་རྒྱུན་བཅས་བསྩལ་བ་ལ་གཞི་བྱས་ཤིང༌། ཡང་དུ་དཔེ་བསྡུར་ཞུ་དག་གི་ཁུར་ལེན་པ་པོ་ནི་དམ་པའི་མཚན་གྱི་ཅོད་པན་འཆང་བ་བསྟན་འཛིན་ལུང་རྟོགས་ཉི་མའོ། །

རྡོ་རྗེ་གླུའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

རྒྱ་གར་སྐད་དུ། བཛྲ་ཤབྟ་ན་མ། བོད་སྐད་དུ། རྡོ་རྗེ་གླུའི་རོལ་མོ་ཞེས་བྱ་བ། དཔལ་ལྡན་ལྷག་པའི་ལྷ་མཆོག་པདྨ་འབྱུང་གནས་དང་དབྱེར་མ་མཆིས་པའི་དྲིན་ཅན་ཀརྨ་ཆགས་མེད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་ཧོ་རྣལ་འབྱོར་བདག་ཉིད་ཀྱང་། །གདོད་ནས་མ་བཅོས་ཀ་དག་ངང་། །རང་རིག་ཡེ་སངས་རྒྱས་པར་གནས། །རིག་པ་ཡེ་ཤེས་ངོ་བོ་ལ། །འཁྲུལ་གྲོལ་བརྗོད་པའི་གཞི་དང་བྲལ། །རང་བཞིན་རྩལ་དང་ཐུགས་རྗེའི་འཕྲུལ། །འགགས་མེད་སྣ་ཚོགས་གསལ་ཞིང་འཆར། །དེ་ཚེ་མ་རིག་རྟོག་པས་བསྣུན། །འཛིན་བྱེད་ཡིད་ཀྱིས་བདག་ཏུ་བཟུང་། །སྒྱུ་མ་ལྟ་བུའི་འཁོར་འདས་ཀྱི། །སྣང་བའི་མིང་འདོགས་བརྟགས་ཙམ་འགྲུབ། །རྨི་ལམ་སྣང་བའི་བདེ་སྡུག་ལྟར། །ཀྱེ་མ་སྒྱུ་མའི་འཁོར་བར་འཁྱམས། །སུས་ཀྱང་མ་ཉེས་རང་གིས་ལན། །རང་གིས་རང་ཉིད་སྒྲིབ་སྟེ་ལན། །འཁྲུལ་མེད་འཁྲུལ་པར་བཟུང་བས་ལན། །རྒྱལ་པོ་འབངས་སུ་བབ་པས་ལན། ཤེལ་གོང་འདམ་དུ་བཅུག་པས་ལན། །ནམ་མཁའ་སྤར་མོས་བཟུང་བས་ལན། །འོད་གསལ་མུན་པས་གཡོག་སྟེ་ཉེས། །ཀྱེ་ཧོ་ཉེས་པས་དུས་འདིར་ཟད། །དལ་འབྱོར་ལྡན་པའི་རྒྱལ་མཚན་ལ། །སྡོམ་གསུམ་གནད་ཀྱི་རྒྱན་བཏགས་ནས། །བླ་མ་ནོར་བུའི་ཏོག་གིས་བརྒྱན། །ཚད་མའི་རྣམ་ཐར་གསོལ་བཏབ་པས། །འགགས་མེད་ཐུགས་རྗེའི་བྱིན་རླབས་ཀྱིས། །རྣལ་འབྱོར་དོན་ཆེན་ལྷུན་གྱིས་གྲུབ། །རང་རིག་དྲི་མེད་ནོར་བུ་རྙེད། །འཁྲུལ་པ་ཁོ་རང་འཁྲུལ་མེད་ཤར། །རིག་པའི་རྒྱལ་པོ་རྒྱལ་སར་འཁོད། །སེམས་ཉིད་ཤེལ་གོང་འདམ་ལས་ཐོན། །ཆོས་ཉིད་ནམ་མཁའ་སྤྲོས་དང་བྲལ། །རྟོགས་པའི་འོད་གསལ་དྲི་མེད་ཤར། །ཨེ་མ་བླ་མ་བཀའ་དྲིན་ཆེ། །འཁྲུལ་དང་འཁྲུལ་པ་ལས་གྲོལ་སོགས། །ངོ་བོའི་ཆ་ནས་གྲུབ་པ་མེད། །དུས་ཀྱི་ཆ་ནས་སྐད་ཅིག་མེད། །ཐམས་ཅད་རོ་མཉམ་ཀ་དག་ཀློང་། །ཆོས་དབྱིངས་ཀློང་ཡངས་ནམ་མཁའ་ཆེ། །ཆོས་ཉིད་མཐའ་བྲལ་དབུ་མ་ཆེ། །གནས་ལུགས་འོད་གསལ་ཕྱག་རྒྱ་ཆེ། །ཀ་དག་བློ་འདས་རྫོགས་པ་ཆེ། །ཐམས་ཅད་རང་རིག་ཡེ་ཤེས་ཆེ། །མ་བཅོས་རང་བབས་ལྷུག་གེ་བ། །སྟོང་གསལ་ཟུང་འཇུག་གཉུག་མའི་ངང་། །འཛིན་མེད་བཟོ་མེད་ཐ་མལ་གྱི། །རང་རིག་རྗེན་པ་གཟའ་གཏད་བྲལ། །འདི་ནི་རང་གི་ཡེ་ཤེས་ཞེས། །འདི་ཕན་སྣང་བའི་དངོས་པོ་སོགས། །རིས་མེད་སྣང་སྟོང་རོ་གཅིག་པར། །སྲིད་ཞི་མ་བརྟགས་རོ་གཅིག་ངང་། །རིག་པ་ཟང་ཀའི་ངང་དུ་འཕྱོ། །སྣང་འཛིན་སྟོང་འཛིན་རོ་མཉམ་འཛིན། འཁོར་འཛིན་འདས་འཛིན་འཁྲུལ་ཉོན་དང་། །ཡེ་ཤེས་རྣམ་དག་འཛིན་པ་སོགས། །ཞེ་འདོད་འཛིན་པའི་རྒྱ་བཤིག་ལ། །ཀུན་བཟང་རོལ་བ་ཆེ་ལ་རོལ། །ལྟ་བ་ལྟ་མེད་ཡེ་གསལ་ཀློང་། །སྒོམ་པ་བསྒོམ་མེད་གཉུག་མའི་ཀློང་། །འབྲས་བུ་གྲུབ་མེད་རང་རིག་ཀློང་། །འཁོར་བ་སྤང་མེད་ཀ་དག་ཀློང་། །འདས་པ་ཚོལ་མེད་ཡེ་གནས་ཀློང་། །ཉོན་མོངས་སྤང་མེད་ཡེ་ཤེས་ཀློང་། །སྣང་བ་བཀག་མེད་རང་རྩལ་ཀློང་། །སྟོང་པ་འཛིན་མེད་བློ་འདས་ཀློང་། །ཐམས་ཅད་ཡེ་རྫོགས་ཀུན་བཟང་ཀློང་། །ཡིན་ལ་ཡིན་རྙེད་རྣལ་འབྱོར་ཀློང་། །བྱིན་རླབས་སྟོབས་ཡིན་བླ་མའི་ཀློང་། །བཀའ་དྲིན་དྲན་བྱེད་མོས་གུས་ཀློང་། །ཐུགས་ཡིད་རོ་གཅིག་ཐུགས་རྗེའི་ཀློང་། །ཀློང་ཆེན་རིག་པའི་ངང་གནས་པ། །བྱ་བྲལ་པདྨ་རིག་འཛིན་གྱིས། །རྡོ་རྗེ་གླུ་ཡི་རོལ་མོ་འདི། །གནས་མཆོག་ནམ་མཁའི་མཛོད་དུ་བླང་། །དགེ་དེས་འཁྲུལ་པའི་སེམས་ཅན་རྣམས། །འཁྲུལ་པ་ངོ་ཤེས་དོན་རྟོགས་ཤོག།

སརྒྷ་ལྔ་པ་དང་རྟོག་ཆོས་བརྟུལ་བ་ཉམས་ཀྱི་ཀྱུགས་གླུ་བཞུགས་སོ།།

སྒྲིབ་གཉིས་རང་གདོད་ནས་མ་གྲུབ་ཅིང་། །ཚོགས་གཉིས་རང་མ་བསགས་ཡེ་ནས་རྫོགས། །སྐུ་གསུམ་རང་མ་སྒྲུབ་ལྷུན་གྱིས་གྲུབ། །བླ་མེད་ཀུན་ཏུ་བཟང་པོ་མཆོད། །སྐུ་གསུམ་གྱི་བསྟན་པའི་གཞུང་ལུགས་ལས། །ཐེག་རིམ་གྱི་རྣམ་པ་བཅུ་གཅིག་ཕྱེ། །སྟོན་པའི་བསྟན་པ་ཐེག་པ་དགུ། །སོ་སོར་འདོད་གཞུང་མང་ནའང་། །རང་འདོད་ཀྱི་འགྲོ་དོན་བྱས་པ་མང་། །ཕྱོགས་རེ་ཡི་ལྟ་བ་གང་མང་ཡོད། །ཕལ་ཆེར་ཀུན་རྫོགས་ཆེན་གྱི་ས་སྟེགས་ཙམ། །གཞུང་ལུགས་དང་སྨྲ་རྒྱུ་མང་ན་ཡང་། །གནས་ལུགས་དང་མཐུན་པ་དཀོན་པ་ཙམ། །ཀུན་བཟང་དང་པདྨའི་ཞལ་ནས་གསུངས། །པཎ་ཆེན་དང་བཱི་མིའི་རྟོགས་ཆོས་ཡིན། །ཀློང་ཆེན་གྱི་རབ་འབྱམས་དགོངས་པ་ཡིན། །ཆོས་ཉིད་དང་གནད་ཀྱི་གཤིས་ལུགས་ཡིན། །ཐོས་པ་རང་རྒྱ་ཆེར་མ་བྱས་ཀྱང་། །རྒྱ་གར་གྱི་ལྟ་གྲུབ་རྣམ་བཞི་ཤེས། །ཉན་ཐོས་ཀྱི་བྱེ་བྲག་མདོ་སྡེ་དང་། །ཐེག་ཆེན་གྱི་སེམས་ཙམ་ལྟ་བ་དང་། །དབུ་མ་ཡི་ཐལ་རང་དགོངས་པ་སོགས། །ངེད་རྫོགས་ཆེན་གྱིས་ལམ་སྟེགས་ཡིན་ཞེས་སྨྲ། །དཔལ་རྫོགས་པ་ཆེན་པོའི་རྒྱུད་ལས་གསུངས། །ཡིན་ཚུལ་གྱི་གནས་ལུགས་མདོར་བསྡུས་པ། །སྣང་སེམས་ཀྱི་ཆོས་ཉིད་གང་ཡིན་ཞེས། །རྡུལ་ཕྲན་དང་སྐད་ཅིག་ཡིན་ཞེས་ཟེར། །མདོ་སྡེ་པ་བར་མེད་དུས་གསུམ་དང་། །སེམས་ཙམ་པས་ཐམས་ཅད་སེམས་སུ་འདོད། །དེ་ལའང་རྣམ་བདེན་རྣམ་རྫུན་ཡོད། །དབུ་མ་ཡི་ཐལ་རང་མདོ་ཙམ་ཡིན། །རང་རྒྱུད་ཅེས་དངོས་པོའི་ཕྱོགས་ལ་ཉེ། །ཐལ་འགྱུར་ཞེས་གནས་ལུགས་ཡིན་ཞེས་བརྗོད། །ཟུང་འཇུག་གིས་དགོངས་པ་གསང་སྔགས་གནད། །བདེ་ཆེན་གྱི་རང་བཞིན་ཕྱག་རྒྱ་ཆེ། །དེ་བློ་སེམས་གཉིས་ལས་མ་འདས་ཞེས། །ཁོང་ཐེག་པ་མཆོག་གི་རྒྱུད་ལས་གསུངས། །དེ་སེམས་ལས་མ་རྟོགས་པའི་སངས་རྒྱས་དང་། །ལུང་ལས་མ་རྟོགས་པའི་མན་ངག་གཉིས། །ལས་རྒྱུ་ལ་མ་བརྟེན་པའི་འབྲས་བུ་གསུམ། །འདི་བྱ་རྩོལ་མེད་པའི་ཁྱད་ཆོས་ཡིན། །དེ་མིན་བྱེད་འགའ་ཡོད་ན་བརྒོལ་བར་རིགས། །ལྟ་བ་འདི་རང་བཞིན་གྱི་རྫོགས་པ་ཆེ། །མ་བཅོས་པའི་སྣང་སྲིད་ཀ་ནས་དག །རྟོགས་བྱ་དང་རྟོགས་བྱེད་འགའ་ཡང་མེད། །རྟོགས་རྒྱུ་ཡི་འབྲས་བུ་ནམ་མཁའི་དབྱིངས། །ཡིན་ཡིན་ལས་གཞན་པའི་ཆོས་མེད་པས། །འཁྲུལ་སྣང་གི་བདེ་སྡུག་སོ་སོར་སྣང་། །དེ་ཀ་རང་འཁྲུལ་པའི་ཡོ་ལང་ཡིན། །སྒོམ་པ་ལ་དམིགས་འཛིན་གྱི་གཏད་སོ་མེད། །ཡེངས་མེད་ཀྱི་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་གསལ་ཞིང་རང་ངོ་ལོངས་སྤྱོད་རྫོགས། །རྣམ་དག་གི་འབྲས་བུ་མ་འགགས་རྩལ། སྐུ་གསུམ་གྱི་མཉམ་བཞག་བདེ་ཆེན་ཀློང་། །སོ་ཐར་གྱི་ངོ་བོ་མི་འགལ་ཞིང་། །བྱང་ཆུབ་ཀྱི་བརྩེ་སེམས་ལྡན་པའི་ངང་། །ཟབ་ཁྱད་ཀྱི་དབང་བཞིའི་འབྲས་བུ་སྤྱོད། །ལྟ་སྤྱོད་ཀུན་མ་ནོར་གཞུང་ལུགས་མང་། །སྣང་བ་ཀུན་ཡོད་ཅེས་སྒྲོ་མི་བཏགས། །མེད་པ་ཞེས་ཀུན་རྫོབ་རྫུན་མི་སྨྲ། །ཡོད་མེད་འདི་ངོ་བོས་རང་བཞིན་སྟོང་། །རྟག་ཆད་ཀྱི་མཐའ་ལ་འཛིན་པ་མེད། །ཚོགས་དྲུག་ཀུན་རྫོགས་ཆེན་རྩལ་དུ་སྣང་། །ཡུལ་སྣང་ཀུན་རྫོགས་པས་རྫོགས་ཆེན་ཟེར། །སྟོང་པ་ལ་ཡེ་སྟོང་རང་སྟོང་དང་། །ངོ་སྟོང་དང་གཅེར་སྟོང་ཡང་སྟོང་ཀྱི། །སྟོང་ལུགས་ཀྱི་ལྟ་བ་རྟོགས་བྱས་ནས། །འཁོར་འདས་ཀུན་བདེན་པར་མི་འཛིན་ཙམ། །ཆོས་ཉིད་ཀུན་རང་གི་ངོ་བོར་གསལ། །གནད་སྤྱི་སྟོང་སྤྱོད་པ་དགག་སྒྲུབ་མེད། །སྒོས་བསྟན་པའི་གཞུང་ལུགས་ཐེག་པ་གསུམ། །སྒོས་གཞུང་ལུགས་ཀྱི་ཐར་པར་མཐུན་པར་སྤྱོད། །དོན་མདོ་རྒྱུད་དང་མན་ངག་མཐུན་པ་ཡིན། །བློ་ཤེས་ལྡན་ཚོ་ཡོད་ན་རིམ་པར་གསལ། །དོན་འབྲས་བུའི་ངོ་བོ་སྐུ་གསུམ་ཉིད། །འདི་སྣང་སྲིད་ཡེ་ནས་ལྷུན་གྱིས་གྲུབ། །དེ་རྟོགས་ཤིང་མངོན་དུ་གྱུར་ཙ་ན། །བརྡ་དོན་གྱི་འབྲས་བུ་ཐོབ་པར་གསུངས། །བཤད་པའི་ཚིག་ལ་འགག་པ་མེད། །འཁོར་བ་འདི་མི་རྟག་སྒྱུ་མ་ཡིན། །དངོས་འཛིན་གྱི་བློ་ལ་ཟད་མཐའ་མེད། །དེ་ཞེན་ཅིང་ཆགས་ན་འཁོར་བར་འཆིང། །ཞེན་མེད་ཀྱི་བློ་བྲལ་ཀུན་ཏུ་གཅེས། །ཆགས་པའི་ཡུལ་ལ་རྟག་བརྟན་མེད། །བློ་འདོད་ཀྱི་ཡུལ་གྱིས་མགོ་བསྐོར་བྱེད། །ཡིན་ཙམ་ལས་བདེན་པར་གྲུབ་པ་མེད། །ཆགས་མེད་ཀྱི་རང་གྲོལ་སྟོང་པ་ཞེས། །སེམས་ཉིད་ལ་དངོས་པོ་མཚན་མ་མེད། །མེད་བཞིན་དུ་འདི་ཕྱིའི་འབྲས་བུ་སྒྲུབ། །སྒྲུབ་བཞིན་ཏུ་རྟོགས་པ་འགའ་རེ་ཙམ། །འཁོར་འདས་དང་གཉིས་ལས་ཐར་བར་ཉུང་། །གཉིས་མེད་ཀྱི་རང་བཞིན་རྨི་ལམ་ཙམ། །ཤར་ཙམ་ལས་གདོད་ནས་གྲུབ་པ་མེད། །མེད་པ་ལས་ཡོད་བར་འཛིན་པས་བསླུས། །རང་རྒྱུད་དུ་སྤྱོད་པས་ངན་སོང་ལྟུང་། །མེད་སྣང་གི་འབྲས་བུ་ངོ་རེ་མཚར། །ཐ་ལམ་གྱི་སེམས་དང་སེམས་ཉིད་ལ། །ཡིན་ཚུལ་གྱི་བྱེ་བྲག་མ་ཤེས་པའི། །གནས་ལུགས་ཀྱི་ཕྱག་ཆེན་རློམ་པ་མང་། །བག་ཆགས་ཀྱི་སྣང་རྒྱ་ནམ་ཞིག་ཨང་། །ཡིན་འདོད་ཀྱི་ཉམས་ལེན་ཕལ་ཆེར་ཡང་། །གཞུང་དབུ་ཕྱག་རྫོགས་ཆེན་དང་མཐུན་པ་ཉུང་། །བློ་མ་ཡེངས་ཙམ་ཞིག་བྱས་ན་ཡང་། །དོན་ཁམས་གསུམ་འཁོར་བའི་སེམས་དང་མཐུན། །བློ་འཁོར་བ་ལ་འབྲས་བུ་ཅི་འགྱུར་ཨང་། །སེམས་རྐྱེན་སྣང་གི་འཆར་ཚུལ་འགའ་ཞིག་ལ། །དོན་ཉམས་རྟོགས་ཀྱི་ཡིན་རློམ་བྱེད་པ་མང་། །དེ་འདུས་བྱས་ཀྱི་ཆོས་ཉིད་མ་གོ་བར། །གཞུང་གཉུག་མའི་གནས་ལུགས་ཡིན་ཞེས་སྨྲ། །དཔེ་བྱིས་པས་འཇའ་ཚོན་བརྡས་པ་བཞིན། །ཕུགས་ཉམས་ལེན་སྡུག་པ་ཡིད་རེ་ཆད། །འཕྲལ་མཉམ་བཞག་གི་བསམ་གཏན་མི་ནུས་པར། །ཡིད་ཆོས་ཉིད་ལ་གནས་པ་ཙམ་རེ་འདོད། །ཕུགས་སྣང་གྲགས་ཀུན་ཆོས་སྐུར་མ་རྟོགས་པའི། །དོན་ལྷག་མཐོང་གི་ཡེ་ཤེས་འདོད་པ་མང་། །ཚིག་ཐ་སྙད་ཀྱི་ངོ་བོ་མ་རྟོགས་ཤིང་། །དོན་བློ་བྲལ་ལ་བརྟན་པ་མ་ཐོབ་པའི། །བློ་ཡིན་ཚུལ་སྨྲ་བ་མང་ལགས་ཀྱང་། །ཁོང་གཞན་གྱིས་ཚད་མར་འཛིན་པ་དཀོན། །རྗེ་ཟབ་དོན་གྱི་བརྒྱུད་པ་མ་ཉམས་ཤིང་། །མཁས་པ་དང་གྲུབ་པའི་རྩེར་སོན་པའི། །ཁམས་གསུམ་འཁོར་བའི་འདྲེན་པ་དངོས། །ཡབ་སྲས་ཀྱི་བཀའ་གསུང་བདུད་རྩིའི་རྒྱུན། །མཐོང་བ་ཡིས་སེམས་ཀྱི་གདུང་བ་བསལ། །མི་ཤེས་པའི་མུན་པ་མཐའ་ནས་སངས། །དེ་སླད་དུ་འཕྲལ་འབྱུང་ཚིགས་བཅད་ལྷག །རྟོགས་ལྡན་འདྲ་ཡོད་ན་ཉམས་བསྡུར་གསོལ། །ཉམས་ལེན་གཅིག་མཆིས་ན་གོ་བ་ལོངས། །ཐ་སྙད་མཁན་ཡོད་ན་དགྲ་ཚིགས་ཐོངས་། །ཅི་ལྟར་བྱུང་ན་ནམ་མཁའི་ཀློང་། །ཀློང་ཆེན་འདི་ནམ་མཁའི་ཆོ་འཕྲུལ་འདྲ། །སྐྱེ་འགག་དང་གཟུང་འཛིན་གང་ཡང་མེད། །མཁས་འདོད་ཀྱི་ཡིག་བྲིས་ཡང་ཡང་མིན། །བསམ་མཁས་ཀྱི་བསྒོམ་བསྒོམ་ཚིགས་བཅད་མིན། །ཐོལ་བྱུང་གི་ཐོལ་འབྱུང་ཚིགས་བཅད་ལགས། །བསམ་གཏན་གྱི་སྒོམ་པ་མངོན་གྱུར་མིན། །གནས་ལུགས་དེ་ཤེས་པའི་ཉམས་ཙམ་ལགས། །བཟང་འདོད་ཀྱི་ཨེ་འགུ་རེ་བ་མིན། །སྤྲང་པོ་བདག་ཤིང་ཁའི་བྱ་དང་འདྲ། །བླུན་རྨོངས་ཀྱི་ལྐུགས་པ་ལྟ་བུ་མིན། །ཚིགས་དོན་གྱི་རྣམ་པ་ཟུར་ཙམ་སྨྲས། །གཉིས་ཀ་དེ་མིན་པའི་རྣལ་འབྱོར་པ། །ཐོ་ཡོར་གྱི་མི་གཟུགས་ཙམ་དུ་འཛིན། ། མདྒ་ལཾ། །

ཉམས་སྣང་སྒྱུ་མའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ། ང་རྣལ་འབྱོར་གྱི་ཉམས་ལ་འདི་ལྟར་སྣང་། །སྣང་བའི་ཡུལ་རྣམ་སྒྱུ་མ་འདྲ། །སྣང་ཙམ་ལས་དངོས་པོ་འགའ་ཡང་མེད། །སྒྲོ་བཏགས་ཀྱི་སྒྲ་ཚིག་བྲག་ཆ་འདྲ། །འདྲ་ཙམ་ལས་མཚན་མ་རྡུལ་ཙམ་མེད། །དྲན་རྟོག་གི་འཆར་སྒོ་ན་བུན་འདྲ། །འདྲ་ཙམ་ལས་སྐྱེ་འགགས་ཅི་ཡང་མེད། །འཁོར་འདས་ཀྱི་བྱེ་བྲག་གར་འཆམ་འདྲ། །རྣམ་འགྱུར་ལས་དབྱེ་བ་འགའ་ཙམ་མེད། །ཆགས་སྡང་གི་རྣམ་རྟོག་རྐུན་མ་འདྲ། །གཅིག་པུ་ལ་གཉིས་ཆོས་གང་ཡང་མེད། །མཚན་མའི་ངོ་བོ་ཆ་ཙམ་མེད། །རྣལ་འབྱོར་ང་སྒྱུ་མའི་མཁན་པོ་འདྲ། །སྣང་ཡུལ་ལ་འཛིན་ཞེན་རང་བཞིན་བྲལ། །རྟོགས་བྱའི་ཆོས་ཉིད་ནམ་མཁའ་འདྲ། །བློས་བཟུང་གི་གཏད་སོ་རྡུལ་ཙམ་མེད། །མཆེད་གྲོགས་ཀུན་ཚོང་དུས་ཀྱི་མགྲོན་པོ་འདྲ། །གར་འགྲོ་དང་འདི་བྱེད་ཏིག་ཏིག་མེད། །མེད་སྣང་དུ་ཤར་བ་སྒྱུ་མའི་གླུ། །རང་གར་ཞིག་ཀོང་པོའི་ཡུལ་དུ་བླང་། །མདྒ་ལཾ། །

རྟེན་འབྲེལ་འབྱུང་ལྡོག་ཏུ་བཤད་པ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ཇི་སྙེད་གཟིགས་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སེམས་ཅན་ཆུང་འབྲིང་ཆེན་པོ་གང་། །མ་རིག་ལས་བྱུང་རྒྱལ་བས་གསུངས། །ཅི་ལྟའི་རང་ངོ་མ་ཤེས་སྒྲིབ། །རྨོངས་བའི་འཐིབ་པོ་མ་རིག་པ། །དེ་ལས་འདུ་བྱེད་རྣམ་ཤེས་ནས། །རིམ་བཞིན་རྒ་ཤིའི་བར་དུ་འབྱུང་། །ལུགས་འབྱུང་སྲིད་པའི་འཁོར་ལོ་སྟེ། །འཁོར་བའི་སྡུག་བསྔལ་མྱ་ངན་དང་། །ཡིད་མི་བདེ་དང་སྨྲེ་སྔགས་སོགས། །ཇི་སྙེད་ཐམས་ཅད་རྒ་ཤི་བྱུང་། །ཅི་སྟེ་རྒས་ནས་ཤི་བ་ལས། །མངོན་གྱུར་སྡུག་བསྔལ་སྣང་ཕྱིར་རོ། །རྒ་ཤི་སྐྱེ་བ་དག་ལས་བྱུང་། །ཅི་སྟེ་སྐྱེ་བ་མ་གྱུར་པ། །རྒས་ནས་འཆི་བ་འོང་མི་འགྱུར། །སྐྱེ་བ་སྲིད་པ་ལས་བྱུང་སྟེ། །ཅི་སྟེ་སྲིད་པ་མ་གྲུབ་པར། །སྐྱེ་བའི་དངོས་པོ་མེད་ཕྱིར་རོ། །སྲིད་པ་ལེན་པ་དག་ལས་བྱུང་། །ཅི་སྟེ་ལེན་པའི་ཤེས་མེད་པར། །སྲིད་པའི་ཕུང་པོ་མ་གྲུབ་ཕྱིར། །ལེན་པ་སྲིད་པ་དག་ལས་བྱུང་། །ཅི་སྟེ་སྲེད་པ་ཡིད་མེད་པར། །ལེན་པའི་ཉོན་མོངས་མི་སྡང་ཕྱིར། །སྲེད་པ་ཚོར་བ་ལས་བྱུང་སྟེ། །ཅི་སྟེ་ཚོར་བའི་ཤེས་མེད་པར། །སྲེད་པའི་ཆགས་པ་མི་འབྱུང་ཕྱིར། །ཚོར་བ་རིག་པ་དག་ལས་བྱུང་། །ཅི་སྟེ་རེག་པའི་འབྲེལ་མེད་པར། །ཚོར་བའི་ཉམས་མྱོང་མི་སྐྱེ་ཕྱིར། །རེག་པ་སྐྱེ་མཆེད་དྲུག་ལས་བྱུང་། །ཅི་ལྟར་སྐྱེ་མཆེད་དངོས་མེད་པར། །རེག་པའི་ཡུལ་ཅན་མེད་ཕྱིར་རོ། །སྐྱེ་མཆེད་མིང་གཟུགས་ལས་བྱུང་སྟེ། །མིང་གཟུགས་ཕུང་ལྔའི་དངོས་མེད་པར། །སྐྱེ་མཆེད་དབང་ཤེས་ཡོད་མི་འགྱུར། །མིང་གཟུགས་རྣམ་པར་ཤེས་ལས་འབྱུང་། །ཅི་སྟེ་རྣམ་པར་ཤེས་མེད་པར། །ལེན་པའི་ཕུང་པོ་མི་གྲུབ་ཕྱིར། །རྣམ་ཤེས་འདུ་བྱེད་དག་ལས་བྱུང་། །ཅི་སྟེ་འདུ་བྱེད་སེམས་མེད་པར། །འདུ་བྱེད་ལས་རྣམས་ཅི་ལྟར་འབྱུང་། །གཟུང་འཛིན་ཤེས་པ་མི་སྐྱེ་ཕྱིར། འདུ་བྱེད་མ་རིག་ཉིད་ལས་བྱུང་། མ་རིག་ཉོན་མོངས་རྒྱུ་མེད་པར། འདུ་བྱེད་ལས་རྣམས་ཇི་ལྟར་འབྱུང་། དེ་ལྟར་བཅུ་གཉིས་ལུགས་འབྱུང་འདི། །རྟེན་འབྲེལ་སྲིད་པའི་འཁོར་ལོ་སྟེ། །དེའང་ཉོན་མོངས་ལས་དང་ནི། །སྡུག་བསྔལ་དག་དང་གསུམ་དུ་འདུ། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་པོ་སྡུག་བསྔལ་ཡིན། །རིམ་བཞིན་གཅིག་ལ་གཅིག་རྟེན་འཁོར། །འདི་ལས་སེམས་ཅན་གཞན་ཅི་མེད། །འགྲོ་ཀུན་རྒྱུ་དང་འབྲས་བུ་ཡིན། །དེའང་སྟོང་པའི་རོལ་པ་ཙམ། །ཡིན་ཕྱིར་ལུགས་ལྡོག་མྱ་ངན་འདས། །མ་རིག་རྒྱུ་ཉིད་རྩ་བྲལ་ཞིང་། །དེ་ཉིད་སྐྱེ་མེད་ཀ་དག་པས། །རང་རིག་ཡེ་ཤེས་སྲིད་རྩ་སྟོན། །འདུ་ཤེས་མཚན་མའི་རྒྱུ་རྐྱེན་བྲལ། །རིམ་བཞིན་རྒ་ཤིའི་བར་བའོ། །དེ་ལྟར་འཁོར་བའི་རྒྱུ་རྐྱེན་འབྲས། །རང་བཞིན་མི་སྐྱེའི་ཆོས་ཉིད་ཅན། །སྐྱེ་མེད་རྣམ་དག་ནམ་མཁའི་ངང་། །དེ་ལྟའི་རང་བཞིན་སུས་ཤེས་པ། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །འཁོར་བ་རུ་ལྡོག་མྱ་ངན་འདས། །སྙིང་རྗེ་ཆེ་དང་ལྡན་གྱུར་པ། །སྲིད་ཞི་གཉིས་ཀྱི་མགོན་པོར་གྱུར། །དགེ་དེས་སྲིད་པ་རྒྱུན་ཆད་དེ། །འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་དགྱེས་ཚང་འཚོ་བྱེད་པས་ཡང་ཡང་བསྐུལ་ངོར་རྫོགས་ཆེན་པ་པདྨའི་མཚན་ཅན་གྱིས་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་ཡུལ་རྣམས་ཀྱི་གཙོ་བོ། །མ་སྲིང་མཁའ་འགྲོའི་ཕོ་བྲང་ཟབ་ལམ་རྡོ་རྗེ་ར་བའི་སྒྲུབ་དཀྱིལ་བསམ་གཏན་ཕོ་བྲང་དུ་སྦྱར་བའོ། །

རྣམ་རོལ་དཔའ་བོའི་འགྱིང་གླུ་བཞུགས་སོ།།

ན་མོ་ཤྲཱི་ཧེ་རུ་ཀཱ་ཡེ། ཁྲག་འཐུང་རྒྱལ་པོ་ཆེ་བའི་མཆོག །པདྨ་ཐོད་ཕྲེང་རྩལ་ལ་འདུད། །ཀྱེ་ཧོ་སྔོན་ཚེ་ཐོག་མ་ལ། །བསོད་ནམས་སྡིག་པ་གཉིས་ལྡན་པའི། །རུ་ཏྲ་ཐར་བ་ནག་པོ་ཞེས། །སྟོབས་ལྡན་དྲེགས་པའི་བདག་པོ་བྱུང་། །དེ་ཡིས་འཇིག་རྟེན་དབང་དུ་བསྡུས། །ཡུལ་གནས་དུར་ཁྲོད་བདག་པོ་རྣམས། །དེ་ཡི་འཁོར་གྱི་སྡེ་ཚན་གྱུར། །ལྷ་ཀླུ་དྲི་ཟ་སྲིན་པོ་དང་། །གནོད་སྦྱིན་ལྷ་མ་ཡིན་ལ་སོགས། །མཁའ་དང་བར་སྣང་ས་འོག་གསུམ། །འོང་ནས་བཟུང་བས་མཁའ་སྤྱོད་དང་། །ས་སྤྱོད་ས་འོག་སྤྱོད་པ་ཞེས། །གནས་སོགས་རིམ་པར་མིང་དུ་བཏགས། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བཀའ་བགྲོས་རུ་ཏྲ་ཐར་བ་བཏུལ། །རྒྱུ་འབྲས་ཡིད་ཆེས་བསྐྱེད་པ་དང་། །སྦྱོར་སྒྲོལ་སྤྱོད་པ་རྨད་བྱུང་བའི། །གསང་སྔགས་ཟབ་མོའི་ཐེག་པ་གཅིག །འགྲོ་བའི་དོན་དུ་སྟོན་དགོངས་ནས། །ཞི་དང་རྒྱས་པ་མ་ཡིན་ཏེ། །དབང་དང་དྲག་པོས་འདུལ་བར་བྱས། །དེ་ཚེ་རུ་ཏྲ་དབྱིངས་སུ་བསྒྲལ། །ཆུང་མ་ཉིད་དང་ཡོངས་སུ་སྦྱོར། །སྦྱོར་སྒྲོལ་སྤྱོད་པའི་རོལ་རྩེད་ལས། །རྟ་སྐད་ཕག་མོའི་ངུར་སྒྲ་ཡིས། །རུ་ཏྲའི་སྡེ་ཚོགས་དབང་དུ་བསྡུས། །རང་རང་སྲོག་སྙིང་ཡུལ་རྣམས་ཕུལ། །དུས་དེར་སངས་རྒྱས་བདེན་པ་རྒྱལ། །རྫུན་པའི་བདུད་སྟེ་ཕམ་བྱས་ཏེ། །དེ་ནི་དམག་རྒྱབ་མི་བསད་དང་། །ནོར་འཕྲོག་བཞིན་དང་མཚུངས་པར་བྱས། །དཔལ་ཆེན་ཁྲོ་བོས་བྱིན་གྱིས་བརླབས། །རུ་ཏྲའི་ལུས་ཆས་ཡུལ་གནས་ཀུན། །དཔལ་ཆེན་ཧེ་རུ་ཀ་ཡི་ཆས། །ཡུལ་གནས་དུར་ཁྲོད་བྱིན་གྱིས་བརླབས། །དེང་སང་ཡུལ་གནས་དུར་ཁྲོད་ཆེ། །ཧེ་རུ་ཀ་ཡི་ཕོ་བྲང་ཡིན། །དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཡིན། །རིག་འཛིན་རྣམས་ཀྱི་བཞུགས་གནས་ཡིན། །ཞིང་སྐྱོང་རྣམས་ཀྱི་རོལ་ས་ཡིན། །དངོས་གྲུབ་འབྱུང་བའི་གནས་མཆོག་ཡིན། །ཕྲིན་ལས་བསྒྲུབ་པའི་ལས་ཁང་ཡིན། །དེ་ལྟའི་གནས་མཆོག་མང་པོ་ལས། །དེ་ཝི་ཀོ་ཊའི་གནས་མཆོག་འདིར། །ང་ཆོས་མེད་རྣལ་འབྱོར་རྒྱུ་བ་ལ། །མཁའ་འགྲོའི་བརྡ་ཆོས་མི་ཤེས་ཏེ། །ཕྱི་ནང་འབྲེལ་བའི་རྟེན་འབྲེལ་ཤེས། །བརྟུལ་ཞུགས་རྫུ་འཕྲུལ་མི་འདུག་ཀྱང་། །ཡ་ང་མེད་པའི་ཉམས་དང་ལྡན། །དུར་ཁྲོད་རྒྱན་ཆ་མི་འདུག་ཀྱང་། །ཧེ་རུ་ཀ་ཡི་ཏིང་འཛིན་ལྡན། །རུས་པའི་རྒྱན་སོགས་མི་འདུག་ཀྱང་། །ཕ་རོལ་ཕྱིན་དྲུག་རྒྱན་གྱིས་སྤྲས། །བདེ་ཆེན་རིག་མ་མི་སྣང་ཡང་། །ལྷན་སྐྱེས་དགའ་བཞིའི་གྲོགས་དང་འགྲོགས། །དེ་ལྟར་གནས་ཆེན་རྒྱུ་བ་ཡིན། །ད་ཡང་འདི་ལྟར་གནས་ཡུལ་འགྲིམ། །རང་རིག་ཡེ་ཤེས་ཧེ་རུ་ཀ །གཞོམ་མེད་རྡོ་རྗེའི་སྟོབས་དང་ལྡན། །རིག་རྩལ་དཔའ་བོ་ཌཱཀྐའི་ཚོགས། །འགགས་མེད་རོལ་པའི་རྒྱན་དུ་ཤར། །ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན། །རང་གྲོལ་དག་པའི་དཀྱིལ་འཁོར་བཀྲ། །བསྐྱེད་རིམ་རང་རྩལ་རོལ་པ་ལས། །དཔལ་ཆེན་ཡེ་ཤེས་རྒྱན་གྱིས་སྤྲས། །འགྱུར་མེད་རང་བྱུང་རྡོ་རྗེ་ཡིས། །དངོས་འཛིན་བདུད་ཀྱི་མགོ་བོ་འགེམས། །ཤེས་རབ་དྲིལ་བུའི་ཆོས་སྒྲ་ཡིས། །མ་རིག་གཉིད་ལས་སད་པར་བྱེད། །སྐུ་གསུམ་རིག་པའི་རལ་གྲི་ཡིས། །ཉོན་མོངས་བདུད་སྡེ་རྩད་ནས་བཅད། །སྟོང་ཉིད་རང་སྒྲ་ཌཱ་རུ་ཡིས། །རྟོག་ཚོགས་རོལ་པ་དབང་དུ་བསྡུད། །དྲན་པ་རང་ཤར་རྐང་དུང་གིས། །ཅིར་སྣང་ཆོས་ཉིད་ཀློང་དུ་འབོད། །རྗེས་ཆགས་རྟོགས་པའི་ཐོད་ཁྲག་གིས། །ཉོན་མོངས་ཡེ་ཤེས་ཆེན་པོར་རོལ། །བདག་མེད་རྟོགས་པའི་མཆོད་གཞི་ཡིས། །གཏི་མུག་ཤ་ཆེན་དབྱིངས་སུ་རོལ། །ཞེན་ཆགས་འཛིན་མེད་དབྱུག་ཆེན་གྱིས། །འདོད་ཆགས་རཀྟ་སྐོམ་དུ་འཐུང་། །སྟོང་ཉིད་ཆེན་པོའི་ཧཱུཾ་ཕཊཿཀྱིས། །སྣ་ཚོགས་ཡུལ་སྣང་ཟིལ་གྱིས་གནོན། །རང་བྱུང་རིག་པའི་བྷྱོཿཧྲིང་གིས། །རྟོག་ཚོགས་རོལ་པ་དབང་དུ་བསྡུས། །བཅོས་མེད་ཤེས་པའི་གད་རྒྱངས་ཀྱིིས། །རང་གྲོལ་ཆོས་ཉིད་ལ་བཟླ་བྱེད། །ཨེ་མ་ཧེ་རུ་ཀ་ཡི་ཆས། །བླ་མ་དམ་པས་གནང་བ་ཡིན། །གནས་ཆེན་འགྲིམས་པའི་ཡོ་བྱད་ཡིན། །འཇིགས་པ་མེད་པའི་གོ་ཆ་ཡིན། །ལྷ་མོ་མཁར་གྱི་གནས་ཉིད་དུ། །མཉམ་བཞག་སྒོམ་པའི་ཐུན་མཚམས་སུ། །བྱ་བྲལ་པདྨ་རིག་འཛིན་གྱིས། །བློ་ལ་ཤར་ནས་བླང་པ་ཡིན། །དགེ་བས་འགྲོ་ཀུན་ཧེ་རུ་ཀའི། །གོ་འཕང་བླ་མེད་ཐོབ་པར་ཤོག །

ཀ་མད་དོན་གསལ་རྒྱན་བཀོད་ཅེས་བྱ་བ་བཞུགས་སོ།།

ལྷུན་གྲུབ་ཀྱི་བདེ་ཆེན་ཡི་གེ །ཀ་དག་གི་ཡེ་ཤེས་སྐྱེ་མེད་ཨཱཿ །ཐུགས་རྗེ་ཡི་རིག་པ་མཐའ་བྲལ་ཧཱུྃ། །བླ་མེད་དེ་སྐུ་གསུམ་མཆོག་ལ་འདུད། །ཀ་དག་ལ་སྒྲིབ་གཉིས་ཡེ་ནས་མེད། །ཁ་དོག་གི་མཚན་མ་རང་སར་དག །ག་ཞིག་ནས་མ་འོང་རང་རྒྱུད་གནས། །ང་བདག་འདི་སྐྱེ་མེད་ཆོས་སྐུ་ཡིན། །རང་ཞལ་འདི་མཐོང་ངམ་རྟོགས་ལྡན་ཚོ། །ཅ་ཅོ་ཡི་སྒྲ་ཚིག་མང་ན་ཡང་། །ཆ་ཤས་ཀྱི་ངོ་བོ་རྡུལ་ཙམ་མེད། །ཇ་ཆང་གི་འདོད་ཡོན་ལོངས་སྤྱོད་ཀྱང་། །ཉ་རྒྱས་ལྟར་ཆོས་ཉིད་རྒྱན་དུ་ཆེ། །གྲོགས་སུ་ཤར་རམ་རྣལ་འབྱོར་ཚོ། །རྟ་མཆོག་ལྟར་བདེ་ཆེན་ཐང་ལ་འགྲོ། །ཐ་མལ་གྱི་སྣང་སེམས་ཆོས་སྐུར་ཤར། །ད་ལྟ་རང་གདོད་མའི་ཀུན་བཟང་ལགས། །ན་མེད་ཀྱི་ཆོས་དབྱིངས་འདི་ཀ་རང་། །གདེངས་སུ་རང་ཚུད་དམ་སྒོམ་ཆེན་ཚོ། །པ་གཏན་བདེ་རྫོགས་ཆེན་དོན་ལ་བྱས། །ཕ་རོལ་ཞེས་འཁོར་བའི་མཐའ་ལས་གྲོལ། །བ་མོ་ལྟར་ཟབ་མོའི་ནུ་ཞོ་ཐོགས། །མ་རྒན་གྱི་འགྲོ་འདི་ཐར་བར་སྨོན། །འགྲོ་ཕན་དང་ལྡན་ནམ་ཆོས་མཛད་ཚོ། །རྩྭ་སྦུར་ལྟར་འཇིག་རྟེན་བྱ་བ་བཏོང་། །ཚ་གྲང་གི་ཡུལ་ལ་རོ་སྙོམས་བྱེད། །ཛ་རྫོབ་ཀྱི་ཆོས་བརྒྱད་རླུང་ལ་བསྐྱོན། །ཝ་མོ་ལྟར་བག་ཆགས་ཡུལ་ལ་འབྲོས། །ཐར་ལམ་འདྲ་སྙོགས་གམ་ཐར་འདོད་ཚོ། །ཞ་ལོང་ལྟར་ཡུལ་གྱི་ཕྱོགས་མི་རྙོགས། །ཟ་འགྲོ་ཀུན་ཆོས་ཉིད་ལམ་དུ་སློང་། །འ་བུ་ཚོ་གསང་སྔགས་རྣལ་འབྱོར་པ། །ཡ་རབས་དེ་འཁོར་བའི་གནས་ལ་བྱེད། །ཆོས་བཞིན་གཅིག་ཤེས་སམ་ཆོས་འདོད་ཚོ། །རྭ་ཅོ་ལྟར་དྲན་པ་རྩེ་གཅིག་རྣོ། །ལ་ལུང་ཀུན་བསམ་གཏན་སྒྲུབ་པའི་ས། །ཤ་ཁྲག་ཀུན་དམ་རྫས་མཆོད་པའི་རྫས། །ས་མཆོག་གི་ཡོན་ཏན་རིག་པར་རྫོགས། །གནས་ལུགས་གཅིག་སྐྱོངས་དང་བྱ་བཏང་ཚོ། །ཧ་ཧི་དང་གད་མོའི་སྒྲ་དབྱངས་རྣམས། །ཨ་ཐུང་ལྟར་བརྗོད་མེད་དོན་ལ་གནས། །འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག །ཀ་མད་ཀྱི་དོན་ལས་མ་འདས་པས། །ཡིན་ལུགས་ཤིག་གོའམ་ཤེས་ལྡན་ཚོ། །གནས་སྐབས་ཀྱི་འཕྲལ་འབྱུང་ཚིག་གི་ཕྲེང་། །ངེས་མེད་ཀྱི་རྣལ་འབྱོར་བློ་ནས་ཤར། །འགག་མེད་དུ་ཡི་གེའི་གཟུགས་སུ་སྣང་། །སྣང་ཙམ་གྱི་བརྡ་ལ་དོན་གོ་བ། །བློ་ལྡན་དག་ཡོད་ན་ཉམས་རེ་དགའ། །དུས་གསུམ་གྱི་རྣམ་དཀར་དགེ་བའི་ཚོགས། །སེམས་ཅན་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །བདེ་བླག་ཏུ་སངས་རྒྱས་འབྲས་ཐོབ་ཤོག །མདྒ་ལཾ། །

དགའ་སྐྱིད་བདེ་བའི་རྒྱང་གླུ་རིང་མོ་བཞུགས་སོ།།

ན་མོ་གུ་རུ་བྷྱ། དུས་གསུམ་སངས་རྒྱས་ནི་ཐམས་ཅད། །གཟི་བྱིན་གཅིག་ཏུ་རུ་བསྡུས་པའི། །བླ་མ་ཨོ་རྒྱན་ཀྱི་རྗེ་ལ། །དད་སྤྲོའི་གསོལ་བ་གཅིག་འདེབས་སོ། །ཀུན་ཁྱབ་ནམ་མཁའ་ཡི་ངོས་ལ། །སྤྲིན་ཁོ་རང་ས་རུ་དེངས་སོང་། །ཕྱོགས་ལྷུང་སྒྲིབ་གཡོག་དང་བྲལ་བའི། །མེ་ཤེལ་ཉི་མ་ཁོ་སྐྱིད་པ། །ཡེ་གྲོལ་ཆོས་ཉིད་ཀྱི་ཀློང་དུ། །དངོས་འཛིན་འཁྲུལ་རྟོག་ཁོ་སངས་སོང་། །ལྟ་བའི་འོད་གསལ་དེ་རྟོགས་པའི། །རྟོགས་ལྡན་རྣལ་འབྱོར་ང་དགའ་འོ། །ཏི་སེའི་གངས་དཀར་ལས་བབས་ནས། །བགྲོད་དཀའི་ས་སྟེང་ཀུན་བཅད་དེ། །གཡོ་མེད་རྒྱ་མཚོ་དང་འདྲེས་པའི། །ཆུ་བོ་གངྒ་ཁོ་སྐྱིད་པ། །གནས་ལུགས་མ་བཅོས་ལས་བྱུང་བའི། །རང་བྱུང་འགྱུ་རྟོག་དང་བྲལ་སོང་། །སྒོམ་པ་འོད་གསལ་དང་འདྲེས་པའི། །སྒོམ་ཆེན་རྣལ་འབྱོར་ང་དགའ་འོ། །སྐྱེད་ཚལ་འདམ་རྫབ་ལས་སྐྱེས་པའི། །དྲི་མེད་མེ་ཏོག་གི་པདྨ། །འདམ་རྫབ་རྐྱེན་སྣང་གིས་མ་གོས། །གེ་སར་པདྨ་ཁོ་སྐྱིད་པ། །ཁམས་གསུམ་འཁོར་བ་རུ་སྐྱེས་ཀྱང་། །ཆོས་ལྡན་སྤྱོད་ཤེས་ཀྱི་རྣལ་འབྱོར། །འཁོར་བའི་བག་ཆགས་དང་བྲལ་བའི། །སྤྱོད་པའི་ཛོ་ཀི་ང་དགའ་འོ། །ས་བཟང་ཞིང་ས་ནི་བཟང་པོ། །ཆུ་འཛིན་བདུད་རྩི་ཡིས་བརླན་པས། །ལོ་ཐོག་འབྲས་བུ་ནི་སྨིན་བྱུང་། །སྟོན་གསུམ་འབྲས་དྲུག་ཁོ་སྐྱིད་པ། །ཀུན་གཞི་སེམས་ཉིད་ཀྱི་གཤིས་ལ། །བླ་མའི་ངོ་སྤྲོད་གྱིས་བསྟན་པས། །རང་རིག་སྐུ་གསུམ་དུ་ཤར་བྱུང་། །འབྲས་སྨིན་དབང་ཕྱུག་ང་དགའ་འོ། །གླིང་གཞི་གསེར་རི་ཡི་དབུས་ན། །རི་རྒྱལ་རིན་ཆེན་གྱི་ལྷུན་པོ། །མངོན་མཐོ་ལྷུན་བརྗིད་ཀྱིས་བརྒྱན་པའི། །རི་བོ་མཆོག་རབ་ཁོ་སྐྱིད་པ། །རྒྱུ་འབྲས་ཐེག་པ་ཡི་དབུས་ན། །ཨ་ཏི་ཡང་གསང་གི་བླ་མེད། །ཀ་དག་ལྷུན་གྲུབ་ཀྱིས་བརྒྱན་པའི། །ཀུན་བཟང་དགོངས་པ་འདི་དགའ་འོ། །ཐབས་མང་དཀའ་ལས་དང་བཅས་ནས། །རྒྱ་མཚོའི་ནོར་བུ་དེ་བླང་ནས། །དགོས་འདོད་ཆར་པ་རུ་འབེབས་པའི། །བློ་ལྡན་དེད་དཔོན་ཁོ་སྐྱིད་པ། །དཀའ་ཐུབ་ཐོས་བསམ་དང་བཅས་ཏེ། །བླ་མེད་བྱང་ཆུབ་དེ་སྒྲུབ་པས། །རང་རིག་སངས་རྒྱས་སུ་རྟོགས་པའི། །ཚེ་གཅིག་གྲུབ་ཐོབ་དེ་དགའ་འོ། །ལྷ་ཡི་དཔུང་ཚོགས་དང་བཅས་ནས། །ལྷ་མིན་གཡུལ་ངོ་རྣམས་བཟློག་སྟེ། །ལྷ་ཡི་དཔལ་འབྱོར་ལ་རོལ་པའི། །བརྒྱ་བྱིན་མིག་སྟོང་ཁོ་སྐྱིད་པ། །བསོད་ནམས་དཔུང་ཚོགས་དང་བཅས་ནས། །འཁོར་བའི་གཡུལ་ངོ་དེ་བཟློག་སྟེ། །ཐར་པའི་བདེ་ཆེན་ལ་རོལ་པའི། །དོན་འགྲུབ་རྣལ་འབྱོར་ང་དགའ་འོ། །སྔོན་བསགས་ལུང་བསྟན་དང་ལྡན་པའི། །ཟད་མེད་སྒོ་འགྱེད་ཀྱི་གཏེར་སྟོན། །ཆོས་ནོར་གཏེར་སྒོ་རུ་ཕྱེས་པའི། །ངོ་མཚར་གཏེར་སྟོན་ཁོ་སྐྱིད་པ། །ཆོས་ཁམས་དགེ་བ་དང་ལྡན་པའི། །ཀ་དག་རང་བྱུང་གིས་རིག་པ། །འཁོར་འདས་སྐྱེ་མེད་དུ་གྲོལ་བས། །སྐྱེ་མེད་རྣལ་འབྱོར་ང་དགའ་འོ། །རིན་ཆེན་ཆུ་བཅུད་ཀྱི་དངུལ་ཆུ། །རྡུལ་ཉོབ་ས་རྡོ་དང་འདྲེས་ཀྱང་། །མ་གོས་རྗེན་པ་རུ་འདུག་པའི། །དྲི་མེད་དངུལ་ཆུ་ཁོ་སྐྱིད་པ། །ཆོས་དབྱིངས་རྣམ་དག་ལས་བྱུང་བའི། །རང་བྱུང་ཡེ་ཤེས་ཀྱི་རིག་པ། །འཁོར་འདས་སྣ་ཚོགས་དང་འདྲེས་ཀྱང་། །སྐྱེ་མེད་ཉག་གཅིག་འདི་དགའ་འོ། །དམའ་ཞིང་གཡོ་མེད་དུ་འདུག་ཀྱང་། །ཀུན་གྱིས་བརྟེན་གནས་སུ་གྱུར་ནས། །ཡོན་ཏན་རིན་ཆེན་གྱིས་འབྱུང་ཁུངས་། །ནོར་འཛིན་ས་གཞི་ཁོ་སྐྱིད་པ། །ཉམས་ཆུང་དམན་ས་རུ་འཛིན་པའི། །བྱ་བྲལ་རང་ལུགས་སུ་འདུག་ཀྱང་། །ཕན་སེམས་སྙིང་རྗེ་དང་ལྡན་པས། །གཞན་ཕན་ལྷུན་གྲུབ་འདི་དགའ་འོ། །གངས་དཀར་རྩེ་རྒྱལ་ལས་བབས་བའི། །བསིལ་འཇམ་བདུད་རྩི་ཡི་ཆུ་རྒྱུན། །མང་ཉུང་སུས་འཐུང་ཚོ་ཚིམ་པས། །བསིལ་རྒྱུན་བདུད་རྩ་ཁོ་སྐྱིད་པ། །བརྒྱུད་ལྡན་བླ་མ་ལས་བྱུང་བའི། །ཟག་མེད་སྨིན་གྲོལ་གྱི་གདམས་པ། །གང་འབྲེལ་ཐར་ལམ་ལ་སྦྱོར་བས། །མཚན་ལྡན་བཤེས་གཉེན་དེ་དགའ་འོ། །ནུས་ལྡན་རོ་རྩུབ་ཀྱི་སྨན་སྣ། །མདོག་ཞན་ཁ་མངར་དང་བྲལ་ཡང་། །གཅོང་ནད་ཟུག་རྔུ་རྣམས་བཅོམ་ནུས། །ནད་འཇོམས་བདུད་རྩི་ཁོ་སྐྱིད་པ། །འཁོས་ཆུང་གྱི་ན་རུ་འདུག་པའི། །ངོ་མཚར་ཡོན་ཏན་གྱིས་དབེན་ཀྱང་། །གང་འབྲེལ་ཐར་ལམ་དུ་ཁྲིད་ནུས། །རྒྱལ་སྲས་རྣལ་འབྱོར་ང་དགའ་འོ། །སྒོང་ངའི་ཤུན་པ་ལས་ཐོན་ནས། །མཆུ་སྡེར་རྭ་གཤོག་ཀུན་རྒྱས་པས། །གནམ་འཕང་རླབས་ཆེན་གྱིས་གཅོད་པའི། །ཁྱུང་ཆེན་འདབ་ལྡན་ཁོ་སྐྱིད་པ། །མ་རིག་བག་ཆགས་ལས་ཐོན་ནས། །ལྟ་དགོངས་ཉམས་རྟོགས་རྣམས་རྒྱས་པའི། །ཆོས་དབྱིངས་ཡེ་ཤེས་ལ་སྤྱོད་པའི། །རྣལ་འབྱོར་མཁའ་འགྲོ་ང་དགའ་འོ། །མི་མེད་བག་ཡངས་སུ་འདུག་པའི། །རི་དྭགས་བསེ་རུ་ཡི་རྒྱལ་པོ། །གཙང་མཐོ་སོས་གསོད་ཀྱི་འདའ་བའི། །རི་དྭགས་རྒྱལ་པོ་ཁོ་སྐྱིད་པ། །བྱ་བཏང་རྒྱལ་ཁམས་ཀུན་འགྲིམས་ཤིང་། །དབེན་པར་དགེ་སྦྱོར་ལ་བཙོན་པས། །བསམ་གཏན་ཏིང་འཛིན་ལ་འབྱམས་སོང་། །བྱས་པ་དོན་ཡོད་ང་དགའ་འོ། །མ་ཡི་མངལ་སྦུབས་ནས་ཐོན་ནས། །རྩལ་གསུམ་རང་ལུས་ལ་རྫོགས་པའི། །བཙན་ས་གངས་རྩེ་རུ་ཟིན་འདུག །སེང་ཕྲུག་དཀར་མོ་ཁོ་སྐྱིད་པ། །སེམས་དང་སེམས་བྱུང་ལས་ཐོན་ནས། །རང་རིག་ཡེ་ཤེས་སུ་རྒྱས་པའི། །བཙན་ས་ཀ་དག་ཏུ་ཟིན་སོང་། །རྣལ་འབྱོར་རྩལ་རྫོགས་ང་དགའ་འོ། །འཁོར་ལོས་བསྒྱུར་རྒྱལ་གྱི་སྲས་པོ། །རྒྱལ་སྲིད་སྤྱི་བོ་རུ་བསྐུར་བས། །མངའ་འབངས་མངའ་འོག་ཏུ་ཆུད་ནས། །ས་སྐྱོང་རྒྱལ་པོ་ཁོ་སྐྱིད་པ། །ཀུན་བཟང་བླ་མ་ཡི་རིག་འཛིན། །རང་རིག་རྩལ་དབང་དུ་ཐོབ་པས། །སྣང་ཤེས་རང་གྲོལ་དུ་ཆུད་པའི། །ཀུན་བཟང་རྒྱལ་རིགས་ང་དགའ་འོ། །བརྒྱགས་སྐྱིད་ལང་ཚོ་དང་ལྡན་པའི། །གཞོན་ནུ་བདེ་བ་ཡིས་རྒྱས་པས། །ངག་སྙན་རྒྱང་གླུ་རང་ལེན་ནོ། །གནས་སྐབས་ན་ཆུང་ཀུན་སྐྱིད་པ། །སྐྱིད་དགའ་བདེ་བ་ཡི་རྒྱང་གླུ། །རྣལ་འབྱོར་ཆོས་ཉིད་ཀྱིས་རྒྱས་པས། །ནགས་ཀྱི་སྨན་ལྗོངས་སུ་བླང་ངོ་། །མཐར་ཐུག་རྣལ་འབྱོར་ང་དགའ་འོ། །སརྦ་ཛ་ག་ཏཾ། །བྷ་ཝནྟུ། །

ཟབ་དོན་གྱི་མན་ངག་རིན་ཆེན་བཻཌཱུཪྱའི་ཕྲེང་བ་ཐར་འདོད་དད་པའི་རྒྱན་མཆོག་ཅེས་བྱ་བ་བཞུགས།།

ན་མོ་གུ་རུ་པདྨ་ཀཱ་ར་ཡེ། །གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །རྒྱལ་ཀུན་ངོ་བོ་འགྲོ་མགོན་པདྨ་འབྱུང་། །ཐུགས་རྗེའི་བདག་ཉིད་དྲིན་ཆེན་བླ་མ་རྗེ། །དོན་གཉིས་འགྲུབ་ཕྱིར་ཀུན་ནས་ཕྱག་འཚལ་ལོ། །ཀྱེ་ཧོ་སྐལ་བཟང་ཆོས་ལ་རབ་གུས་པ། །ཚེ་གཅིག་ཐར་འདོད་ངེས་འབྱུང་བསམ་པ་ཅན། །ལེགས་པར་གསན་འཚལ་ངེས་པར་ཐུགས་ལ་ཞོག །ཉམས་སུ་ལོངས་ལ་རྒྱུད་ལ་འབྱོང་བར་བྱ། །ཆོས་ཀྱི་རྩ་བ་དད་པ་བརྟན་པོ་ཡིན། །སྐྱབས་གནས་ཀུན་ལ་གདུང་ཤུགས་གུས་པ་བསྐྱེད། །ལྷག་བསམ་རྣམ་དག་གཞན་ཕན་སྙིང་རྗེ་ཡིན། །བྱམས་དང་སྙིང་རྗེ་འགྲོ་བ་ཡོངས་ལ་བསྒོམ། །བསམ་པ་ཁྱད་འཕགས་དག་སྣང་ཕྱོགས་མེད་ཡིན། །རིས་མེད་ཆོས་དང་དེ་སྒྲུབ་ཀུན་ལ་མོས། །བརྩོན་པ་ལྷུར་ལེན་སྒོ་གསུམ་དགེ་བ་ཡིན། །རྣམ་པ་ཀུན་ཏུ་ཡེངས་མེད་འབད་པས་སྒྲུབ། །འདུན་མ་རྣམ་དག་གཏན་གྱི་བྱང་ཆུབ་ཡིན། །མ་ནོར་མ་འཆུག་ད་རེས་སེམས་ལ་གཉེར། གཏན་བདེ་ཕུགས་རྒྱལ་ཐར་བའི་གོ་འཕང་ཡིན། །སྐལ་བཟང་ད་རེས་དུས་འདིར་ཐོབ་པར་བྱ། །དེ་ཡི་གནད་འགགས་དལ་འབྱོར་མི་ལུས་ཡིན། །ད་ལམ་ཙམ་ལས་ཡང་ཡང་རྙེད་པར་དཀའ། །མི་ལུས་རིན་ཆེན་ཨུ་དུམ་ཝ་ར་འདྲ། །ཕན་ཆེ་རྙེད་དཀའ་ཆོས་ཀྱི་རྟེན་དུ་བཟང་། །གྲུ་རྙེད་ཚེ་ན་ཆུ་བོར་བརྒལ་བ་བཞིན། །མི་ལུས་རྙེད་ཚེ་འཁོར་བའི་ཆུ་བོ་སྒྲོལ། །རྟ་བཟང་རྙེད་ཚེ་དགོས་སར་འགྲོ་བ་ལྟར། །དལ་འབྱོར་ཐོབ་ཚེ་ཐར་བའི་གྲོང་ཁྱེར་སྙོགས། །ནོར་བུ་རྙེད་དུས་གང་འདོད་གསོལ་བ་བཞིན། །མི་ལུས་རིན་ཆེན་རྙེད་ཚེ་དོན་གཉིས་སྒྲུབས། །དལ་འབྱོར་རྙེད་དུས་ཆོས་ལ་མ་འབད་ན། །རིན་ཆེན་གླིང་དུ་ཕྱིན་པའི་སྟོང་ལོག་འདྲ། །ཆོས་འདོད་མྱུར་དུ་ཐར་བ་མ་སྒྲུབ་ན། །མི་རྟག་འདུས་བྱས་ནམ་འཇིག་ངེས་པ་མེད། །ཀྱེ་མ་འདུས་བྱས་ཐམས་ཅད་མི་རྟག་སྟེ། །སྐྱེ་ནས་འཆི་བ་ཁོ་ནའི་ཆོས་ཅན་ཡིན། །ཁྱད་པར་སྐྱེས་བུའི་ཚེ་སྲོག་མི་རྟག་སྟེ། །རླུང་གསེབ་མར་མེ་ནམ་མཁའི་གློག་དང་འདྲ། །ལོ་ཟླ་དུས་ཚེས་ཚེ་ཡི་ཟད་སྣོན་བཞིན། །ཕར་ཕར་སོང་བཞིན་འཆི་བར་ཉེ་རུ་འགྲོ། །རྐྱེན་ངན་མང་ཞིང་ཚེ་ལ་རབ་ཏུ་གཟན། །འཆི་བདག་བདུད་ནི་ནམ་འོང་ཆ་ཡོད་དམ། །འཆི་བདག་བྱུང་ཚེ་གང་གིས་མི་ཕན་ཏེ། །རང་ཉིད་གཅིག་པུར་འཇིག་རྟེན་ཕ་རོལ་འགྲོ། །དེ་ཚེ་གཞན་འགའ་སྐྱབས་སུ་མི་འགྱུར་ན། །སྐྱབས་གྱུར་དམ་པའི་ཆོས་ལ་འབད་པ་ཐོན། །དོན་མེད་ཚེ་འདིའི་ཆོས་ལ་མ་འབྱམས་པར། །དོན་ལྡན་སྒོ་གསུམ་དགེ་བའི་ལས་ལ་སྦྱོར། །རྣམ་གཡེང་ལེ་ལོའི་དབང་དུ་མ་བཏང་བར། །ད་ནི་ངེས་པར་ཉམས་ལེན་བརྩོན་འགྲུས་གྱིས། །སྐྱིད་འདོད་བདེ་སེམས་དལ་བར་མ་སྡོད་པར། །དཀའ་ཐུབ་སྡུག་སྲན་གྱིས་ལ་དགེ་སྦྱོར་རེམ། །བྱ་བ་ཚུབ་ཚུབ་དགེ་སྦྱོར་མ་སྤུར་ལ། །དབེན་པར་གཅིག་པུར་སྡོད་ལ་ཉམས་ལེན་སྐྱོང་། །རེས་དལ་རེས་སྒྲིམ་ཐང་ལྷོད་མ་བྱེད་པར། །ཆུ་བོའི་གཞུང་བཞིན་དགེ་སྦྱོར་ཚེ་དང་སྙོམས། །འཆི་དུས་ཕན་པ་ལྷ་ཆོས་རང་རིག་ཡིན། །རང་དབང་མ་ཆོད་བག་ཆགས་འཁོར་བར་འཁྱམས། །འཁོར་བ་སྡུག་བསྔལ་གྲོང་ཁྱེར་མཐའ་མེད་ལས། །ཐར་བར་དཀའ་ཞིང་གནོད་པ་སྣ་ཚོགས་མང་། །འཁོར་བ་ཉོན་མོངས་སྟོང་གི་གཡང་ས་ཡིན། །ཐུར་དུ་ལྷུང་ཞིང་ཡང་དང་ཡང་དུ་འཁོར། །འཁོར་བ་མེ་འོབས་བཙོན་དོང་ལྟ་བུ་སྟེ། །བདེ་བ་ཚིག་ཅིང་སྡུག་བསྔལ་མང་པོས་མནར། །འཁོར་བ་དུག་དང་འདམ་རྫབ་ལྟ་བུ་སྟེ། །དགེ་སྲོག་གཅོད་ཅིང་ཐར་མེད་མར་མར་བྱིང་། །འཁོར་བ་མཚོ་དང་མུན་ནག་ལྟ་བུ་སྟེ། །བརྒལ་བར་དཀའ་ཞིང་དགེ་ཆོས་ཡོན་ཏན་སྒྲིབ། །འཁོར་བའི་བྱ་ལས་གནས་བཅས་སྡུག་བསྔལ་ཏེ། །ནམ་ཡང་བདེ་བའི་གོ་སྐབས་ཡོད་མ་ཡིན། །དེ་སླད་འཁོར་བ་ད་རེས་ཅི་བརྒལ་མཛོད། །འཁོར་བ་སྡུག་བསྔལ་དངོས་ཡོད་མ་ཡིན་ཏེ། །ཀྱེ་མ་འདི་དག་མི་དགེའི་ལས་ལས་བྱུང་། །ལས་ནི་ཤིན་ཏུ་གཉུག་རིང་བསླུ་བ་མེད། །ལས་ངན་སྡིག་པའི་བག་ཆགས་མ་བྱང་ན། །ཐར་བ་འདོད་ཀྱང་བག་ཆགས་རྙིས་བཟུང་འདྲ། །ཆོས་མཛད་རྣམས་ཀྱིས་ལས་ལ་ཡིད་ཆེས་པས། །སྔར་གྱི་ལས་ངན་བཤགས་ཤིང་སྦྱང་བར་བྱ། །ཕྱིན་ཆད་ལས་ངན་མི་དགེ་རབ་སྤང་ལ། །ལས་བཟང་དགེ་བའི་ཆོས་ལ་འབད་པ་ཐོན། །ཅི་ལྟར་ཉི་མ་འོད་སྟོང་འབར་བ་དག །སྤྲིན་གྱིས་སྒྲིབ་ན་གསལ་བར་མི་འགྱུར་ལྟར། །དེ་ལྟར་རང་རིག་ཡེ་ནས་འོད་གསལ་ཡང་། །སྒྲིབ་པས་སྒྲིབ་ན་ཡོངས་སུ་གསལ་མི་འགྱུར། །དེ་ལྟར་ཤེས་ནས་སྒྲིབ་པ་སྦྱངས་ལ་འབད། །སྒྲིབ་པ་བྲལ་ན་ཡེ་ཤེས་ཡོན་ཏན་འཆར། །བསླུ་བ་མེད་པའི་རེ་ལྟོས་དཀོན་མཆོག་གསུམ། །རྣམ་པ་ཀུན་ཏུ་བློ་གཏད་དམ་པར་བཟུང་། །སྐྱིད་དམ་སྡུག་གམ་ལེགས་ཉེས་ཅི་བྱུང་ཡང་། །བླ་མ་དཀོན་མཆོག་མ་གཏོགས་རེ་ལྟོས་སྤངས། །རེ་ལྟོས་བློ་གཏད་མི་འགྱུར་ཐུབ་པ་ན། །ཉེས་པ་སྡུག་བསྔལ་དཀོན་མཆོག་ཐུགས་རྗེས་སྐྱོབས། །སྐྱབས་ཆེན་དམ་པ་མ་ལུས་ཐམས་ཅད་ལ། །དུས་རྣམས་ཀུན་ཏུ་སྐྱབས་འགྲོ་འབད་པ་ཐོན། །ཆོས་ཀྱི་རྩ་བ་སྙིང་རྗེ་བྱང་ཆུབ་སེམས། །དེ་ཡོད་ཅི་བྱས་དགེ་བ་བྱང་ཆུབ་ཡིན། །བསྒོམ་པའི་ཡུལ་ནི་སེམས་ཅན་ཐམས་ཅད་སྟེ། །ཕ་མ་དྲིན་ཆེན་མ་གྱུར་གང་ཡང་མེད། །བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཉམ། །དེ་ཕྱིར་ཕན་བདེ་འགྲོ་བ་ཀུན་ལ་བསམ། །ནུས་ཚད་ཚད་མེད་སྙིང་རྗེ་བསྒོམ་པ་ཡིན། །སེམས་ཅན་བདེ་བར་འདོད་པའི་བྱམས་པ་དང་། །སྡུག་བསྔལ་ཀུན་ལས་བྲལ་འདོད་སྙིང་རྗེ་ཆེ། །སྡུག་མེད་བདེ་དང་མི་བྲལ་དགའ་བ་དང་། །ཀུན་སྣང་རིས་སུ་མ་ཆད་བཏང་སྙོམས་ཏེ། །ཚད་མེད་རྣམ་བཞིའི་ཀུན་སློང་བསམ་པ་ཡིས། །བླ་མེད་བྱང་ཆུབ་སེམས་མཆོག་ཡང་ཡང་བསྒོམ། །བྱང་ཆུབ་སེམས་ཞེས་གཞན་ཕན་ལྷག་བསམ་སྟེ། །ཀུན་མཉམ་དམིགས་པ་བྲལ་བ་སངས་རྒྱས་རྒྱུ། །མཆོད་དང་མ་ནུས་ལ་སྟེར་སྦྱིན་པ་སྟེ། །དངོས་འཛིན་ཞེན་པ་བྲལ་ན་ཕ་རོལ་ཕྱིན། །སྡོམ་གསུམ་མ་ཉམས་བསྲུངས་བ་ཚུལ་ཁྲིམས་ཏེ། །སེམས་ཉིད་ཀ་ནས་དག་ན་ཕ་རོལ་ཕྱིན། །གཞན་གྱིས་གནོད་པ་ཁྱག་པ་བཟོད་པ་སྟེ། །བདག་གཞན་གཉིས་སུ་མེད་ན་ཕ་རོལ་ཕྱིན། །དགེ་བ་ནུས་ཚད་སྒྲུབ་པ་བརྩོན་འགྲུས་ཏེ། །སྤྲོས་མེད་མཁའ་ལྟར་དག་ན་ཕ་རོལ་ཕྱིན། །རང་སེམས་གཅིག་ཏུ་གནས་པ་བསམ་གཏན་ཏེ། །རང་བཞིན་མེད་པར་གནས་ན་ཕ་རོལ་ཕྱིན། །ཆོས་རྣམས་རབ་ཏུ་འབྱེད་པ་ཤེས་རབ་སྟེ། །སྐྱེ་འགགས་གནས་དང་བྲལ་ན་ཕ་རོལ་ཕྱིན། །དེ་ལྟར་བྱང་ཆུབ་གཞུང་ལམ་ཕར་ཕྱིན་དྲུག །འབད་དང་འབད་མེད་ངང་ལ་རྫོགས་པར་མཛོད། །རྒྱལ་བའི་ཆོས་རྣམས་གོ་བ་ཐོས་པ་སྟེ། །ཅི་ལྟར་གནས་ལུགས་ཤེས་ན་མཁས་པ་ཡིན། །ཡིན་མིན་སྒྲོ་འདོགས་ཆོད་པ་བསམ་པ་སྟེ། །མ་ནོར་ཐེ་ཚོམ་བྲལ་ན་བློ་གྲོས་ཆེ། །ཆོས་ཉིད་གནས་ལུགས་སྐྱོང་བ་སྒོམ་པ་སྟེ། །མཉམ་རྗེས་རྒྱུན་ཆད་མེད་ན་ཉམས་རྟོགས་ལྡན། །མ་ནོར་འཆུག་མེད་ཐོས་དང་བསམ་སྒོམ་རྣམས། །མ་གཡེལ་སྤྲུག་མར་ཉམས་སུ་ལེན་པར་བྱ། །ཆོས་ཀྱི་འབྱུང་གནས་རབ་ཏུ་དབེན་པ་ཡིན། །གཅིག་པུར་འདུག་ལ་སྒྲུབ་པ་ཉམས་སུ་ལོངས། །ཆོས་ཀྱི་མཐུན་རྐྱེན་བྱ་བ་བཏང་བ་ཡིན། །ཅི་ནུས་ཅི་ལྕོག་འཁྲུལ་བའི་བྱ་བ་ཐོངས། །ཆོས་ཀྱི་འགལ་རྐྱེན་ཚེ་འདིའི་ཞེན་ཆགས་ཏེ། །གང་ལའང་མ་ཆགས་ཕྱི་མའི་གཏན་བདེ་སྒྲུབ། །ཆོས་ཀྱི་འབྱུང་ས་བླ་མ་སྐྱབས་གནས་ཏེ། །དུས་རྣམས་ཀུན་ཏུ་གུས་པས་གསོལ་བ་ཐོབ། །ཆོས་ཀྱི་རྒྱབ་རྟེན་མདོ་རྒྱུད་མན་ངག་ཡིན། །བཀའ་གཞུང་ཚད་མ་རྣམས་དང་གོ་བསྟུན་གྱིས། །ཆོས་ཀྱི་དར་རྒྱས་ཉམས་དང་ངེས་ཤེས་ཏེ། །གོང་ནས་གོང་དུ་སྤེལ་ཞིང་རང་རྩལ་སྦྱོངས། །ཆོས་ཀྱི་གཤིས་ལུགས་སྟོང་ཞིང་བདག་མེད་ཡིན། །སྣང་སྟོང་སྤྲོས་དང་བྲལ་བར་ཁོ་ཐག་ཆོད། །ཆོས་ཀྱི་ངོ་བོ་རང་རིག་ཡེ་ཤེས་ཏེ། །ཡེ་གྲོལ་ཅོག་བཞག་ངང་ནས་ཉམས་སུ་ལོངས། །ཆོས་ཀྱི་ཟབ་ཁྱད་སེམས་མེད་ཡེ་ཤེས་ཡིན། །བློ་ཡིས་མ་བསྒོམས་རིག་པ་རྗེན་ལ་ཕུད། །ཆོས་ཀྱི་ངོ་བོ་རང་གྲོལ་ཡེ་ཤེས་ཏེ། །གང་ཤར་རྐྱེན་རྣམས་དེ་གའི་སྟེང་དེར་ཡོད། །ཆོས་ཀྱི་མངའ་ཐང་ཉམས་ལེན་འཁོར་ཡུག་ཡིན། །ཆུ་བོའི་རྒྱུན་བཞིན་མཉམ་རྗེས་མེད་པར་སྐྱོངས། །ཆོས་ཀྱི་ཡོན་ཏན་སྐྱོན་མེད་ཡེ་དག་ཡིན། །འཁོར་འདས་ཐམས་ཅད་ཀ་དག་ཕྱམ་གཅིག་ཐོངས། །ཆོས་ཀྱི་རྒྱལ་སྲིད་རིག་པ་འགྱུར་མེད་དེ། །བཏང་བཞག་མེད་པར་རང་བབས་རང་སོ་ཟུངས་། །ཆོས་ཀྱི་འཁོར་གཡོག་ཚོགས་དྲུག་ཡུལ་སྣང་ཡིན། །ཡེ་གྲོལ་འཛིན་མེད་སྒྱུ་མ་ལྟ་བུར་བསྒོམ། །ཆོས་ཀྱི་ཕྲིན་ལས་འཁོར་འདས་རིས་མེད་དེ། །ཐམས་ཅད་ཆོས་ཉིད་རོལ་པའི་རང་རྩལ་སྦྱོངས། །ཆོས་ཀྱི་ཕན་པ་འགྲོ་བ་སེམས་ཅན་ཡིན། །བསོད་ནམས་དགེ་ཚོགས་འགྲོ་བའི་དོན་དུ་བསྔོ། །ཆོས་ཀྱི་མཐའ་རྒྱན་རྣམ་དག་སྨོན་ལམ་སྟེ། །དོན་གཉིས་ལྷུན་གྲུབ་སྨོན་ལམ་རྒྱ་ཆེན་ཐོབ། །ཆོས་ཀྱི་འབྲས་བུ་རྫོགས་སངས་རྒྱས་པ་ཡིན། །གཞན་དུ་མ་རེ་རང་རིག་རྟོགས་པར་གྱིས། །ཆོས་ཀྱི་མདོར་བསྡུས་ཉམས་ལེན་ཉིད་རང་ཡིན། །བརྟན་པ་མ་ཐོབ་བར་དུ་ནན་ཏན་སྐྱོངས། །ཀྱེ་ཧོ་གདོད་ནས་ཕུང་ཁམས་ཡི་དམ་ལྷ། །རང་ལུས་རྣམ་དག་ལྷག་པའི་ལྷ་རུ་གསལ། །གར་འདུག་གནས་ནི་རང་བཞིན་གཞལ་ཡས་ཁང་། །སུ་དང་འགྲོགས་པ་དཔའ་བོ་དཔའ་མོ་ལྟར། །སྒྲ་གྲགས་ཐམས་ཅད་ཆོས་ཉིད་རང་སྒྲའི་སྔགས། །དྲན་རྟོག་ཆོས་རྣམས་རང་གྲོལ་གཉུག་མའི་ངང་། །འཁོར་དང་མྱང་འདས་ཆོས་ལ་ཕྱོགས་རིས་མེད། །སྣང་དང་སྟོང་བའི་རང་བཞིན་ཡེ་ནས་མཉམ། །གཟུང་དང་འཛིན་པའི་ཆོས་ལ་གནས་པ་མེད། །སྣང་སེམས་གཅིག་དང་དུ་མའི་མཐའ་ལས་འདས། །བློ་དང་སེམས་དང་ཡིད་ལས་རྣམ་པར་གྲོལ། །འདི་ཞེས་མཚོན་པའི་ཡུལ་ལས་རབ་འདས་པ། །ཡེ་ནས་ཀ་དག་རང་རིག་བྱང་ཆུབ་སེམས། །རང་བྱུང་ལྷུན་གྲུབ་ཡོན་ཏན་ཀུན་གྱི་གཏེར། །འགྱུར་བ་མེད་པ་ནམ་མཁའི་རྡོ་རྗེ་ཡིན། །ཀུན་ལ་ཁྱབ་པ་མཁའ་ཀློང་ཡངས་པའི་དབྱིངས། །དྲི་མེད་འོད་གསལ་ཉི་མའི་དཀྱིལ་འཁོར་འདྲ། །དྭངས་ཤིང་གཏིང་དཔག་མེད་པ་རྒྱ་མཚོའི་ཀློང་། །མ་འགགས་ཅིར་ཡང་འཆར་བ་མེ་ལོང་ངོས། །ཤར་ཀྱང་གོས་པ་མེད་པ་སྟོང་པའི་དབྱིངས། །གང་ཡང་ཡིན་ལ་གང་གིས་མ་གོས་པ། །མངོན་སུམ་ཡིན་ཡང་ངོ་བོ་སྤྲོས་དང་བྲལ། །སྤྲོས་བྲལ་རང་ངོ་ཡེ་གསལ་ལྷང་ངེ་བ། །མཐའ་བྲལ་རིག་པ་ཆོས་ཉིད་ཀ་དག་པ། །ལྟ་བ་ཡིན་ནོ་གཏན་ལ་དབབ་པར་བྱ། །དེ་ཡི་རང་བཞིན་རང་རིག་བྱང་ཆུབ་སེམས། །མ་བཅོས་མ་བསླད་གནས་ལུགས་གཉུག་མའི་ངང་། །མ་ཡེངས་མི་ཡེངས་མི་སྒོམ་རང་བབས་ངང་། །བསམ་མེད་སེམས་མེད་རྟོག་བྲལ་ཧང་ངེ་བ། །མི་སྤྲོ་མི་བསྡུ་ཆོས་ཉིད་ཅི་བཞིན་བབས། །རང་ངོ་རང་ལུགས་རང་གསལ་ཟང་ངེ་བ། །བར་སྣང་ཁམས་དང་ནམ་མཁའི་དབྱིངས་ལྟ་བུ། །ཕྱམ་བརྡལ་འཛིན་མེད་ཅོག་བཞག་ངང་དུ་གནས། །རི་བོ་ཅོག་བཞག་འགྱུར་མེད་ཉིད་དུ་ཞོག །རྒྱ་མཚོ་ཅོག་བཞིན་རྟོག་མེད་ལྷུག་པར་ཞོག །རིག་པ་ཅོག་བཞག་ཟང་ཐལ་རྗེན་པར་ཞོག །སྣང་བ་ཅོག་བཞག་འཛིན་མེད་རང་བབས་ཞོག །གནས་འགྱུ་ཅོག་བཞག་བློ་བྲལ་རང་ངོར་ཞོག །མ་བཅོས་མ་འགག་གང་ལ་མ་སེམས་ཞོག །སྣ་ཚོགས་ཐམས་ཅད་རོ་སྙོམས་གཅིག་ཏུ་ཞོག །ཕྱམ་བརྡལ་ཡངས་པ་ནམ་མཁའ་ལྟ་བུར་ཞོག །རང་གསལ་འཛིན་མེད་ཤེལ་སྒོང་ལྟ་བུར་ཞོག །རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུར་ཞོག །གསལ་འགྲིབ་མེད་པར་ཉི་མ་ལྟ་བུར་ཞོག །ཉིན་མཚན་མེད་པ་འོད་གསལ་ངང་ལ་ཞོག །མཉམ་རྗེས་མེད་པར་དུས་རྣམས་ཀུན་ཏུ་ཞོག །བཞག་བྱ་བཞག་བྱེད་བྲལ་པའི་ངང་ལ་ཞོག །མཉམ་བཞག་ཞོག་ལ་རྗེས་ཐོབ་ལམ་དུ་ཁྱེར། །དྲན་པ་འཛིན་མེད་གཅིག་པོ་སྒོམ་པའི་མཆོག །ངང་ལ་སྐྱོང་ལས་གཞན་ཞིག་བསྒོམ་མི་དགོས། །ཡེ་བསྒོམ་བསམ་གཏན་ཆོས་ཉིད་ལྷུན་གྲུབ་ཡིན། །བསྒོམ་པ་ལགས་སོ་ཉམས་ལེན་གནད་ལ་འབུངས། །ཚུལ་བཞིན་བསྒོམ་པའི་ཉམས་མྱོང་བསམ་མི་ཁྱབ། །ཕྱི་ཡི་དངོས་འཛིན་འཁྲུལ་པ་སྒྱུ་མར་འཆར། །ནང་གི་བདག་འཛིན་རྣམ་རྟོག་དབྱིངས་སུ་ནུབ། །གསང་བ་ཉོན་མོངས་བག་ཆགས་རིམ་གྱི་སྲབ། །ཐམས་ཅད་ཆོས་ཉིད་ཡེ་གྲོལ་ངང་དུ་འཆར། །ཚེ་འདིར་ཞེན་ཆགས་བྲལ་ཞིང་ཆོས་བརྒྱད་མེད། །མི་མཐུན་མེད་ཅིང་ཅི་བྱེད་ཆོས་དང་མཐུན། །དད་པ་དག་སྣང་སྙིང་རྗེ་ཕན་སེམས་ཆེ། །སེམས་ལས་རུང་ཞིང་བསྟན་བདེའི་གདེངས་དང་ལྡན། །བདེ་ཞིང་འབོལ་ལ་ཡོན་ཏན་དཔག་ཏུ་མེད། །ཉམས་མྱོང་ཡིན་ནོ་དེ་ལའང་ཞེན་གྲོལ་མེད། །ཞེན་མེད་རང་གྲོལ་སྤྱོད་པའི་རྒྱལ་པོ་ཡིན། །ནང་དུ་ཞེན་ཆགས་འཛིན་པས་མ་བཟུང་ན། །ཕྱི་རོལ་ཅི་ལྟར་སྣང་ཡང་ངང་གིས་གྲོལ། །སྣང་བ་ཡེ་གྲོལ་ཆུ་ཟླ་ལྟར་བུར་གྲོལ། །སྟོང་པ་ཡེ་གྲོལ་རིག་པའི་ཀློང་དུ་གྲོལ། །རིག་པ་ཟང་ཐལ་ཀ་དག་ཆེན་པོར་གྲོལ། །རང་རྩལ་ཡེ་ཤེས་རྩ་བྲལ་སྟོང་པར་གྲོལ། །འགྱུ་རྟོག་སྣ་ཚོགས་ཆོས་ཉིད་ཀློང་དུ་གྲོལ། །གཟུང་འཛིན་བག་ཆགས་དམིགས་མེད་ཆེན་པོར་གྲོལ། །ཕྱི་ནང་བར་གསུམ་སྐྱེ་མེད་ངང་དུ་གྲོལ། །གྲོལ་ཞེས་བཀྲོལ་ནས་གྲོལ་བ་མ་ཡིན་ཏེ། །ཡེ་ནས་སྡོམ་པ་མེད་པས་གྲོལ་ཞེས་བྱ། །འཆིང་བ་ཐམས་ཅད་གློ་བུར་བཟུང་འཛིན་ཡིན། །རྩ་བ་མེད་པས་གདོད་ནས་གྲོལ་ཞེས་བྱ། །དེ་ལྟར་ཤེས་ནས་གང་ལྟར་གྱུར་པ་ལ། །ཞེན་འཛིན་མེད་པར་རང་གྲོལ་ཆེན་པོར་སྤྱོད། །འགགས་མེད་ཟང་ཐལ་རིས་མེད་མཉམ་པ་ལ། །སྤྱོད་པ་ཞེས་བརྗོད་དུས་དང་བྲལ་བ་དགོས། །ལྟ་སྒོམ་སྤྱོད་ལ་ཉམས་མྱོང་མཐར་སྐྱེལ་ན། །འབྲས་བུ་མ་བཙལ་རང་བྱུང་ལྷུན་གྱིས་གྲུབ། །སྣང་བ་རང་དག་ཞིང་ཁམས་ཆོས་ཀྱི་དབྱིངས། །རིག་པ་རང་ངོ་སྐུ་གསུམ་ཡེ་སངས་རྒྱས། །རང་རྩལ་རྣམ་དག་ཡེ་ཤེས་ཕུན་སུམ་ཚོགས། །སྤང་ཐོབ་བྲལ་བའི་ཡོན་ཏན་རྒྱན་འཁོར་ལོ། །དོན་གཉིས་ལྷུན་གྲུབ་ཚེ་གཅིག་སངས་རྒྱས་འགྱུར། །གལ་ཏེ་ན་ཡང་ཆོས་ཉིད་བར་དོ་རུ། །འོད་གསལ་མ་བུ་དབྱིངས་སུ་འདྲེས་ནས་ཀྱང་། །གདོད་མའི་ཀུན་བཟང་ཡེ་ཤེས་ཀློང་དུ་གྲོལ། །ཅི་ལྟར་གྱུར་ཀྱང་དག་པའི་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་ཕྱིར་མི་ལྡོག་པ་ཐོབ། །འབྲས་བུ་ཡིན་ནོ་ངེས་པར་ཐོབ་པར་མཛོད། །དེ་ལྟར་ཉམས་ལེན་གནད་དྲིལ་མན་ངག་མཆོག །བླ་མའི་གསུང་དང་མདོ་རྒྱུད་དགོངས་པ་དངོས། །ཏིང་འཛིན་བྱིན་རླབས་རང་གི་ཉམས་མྱོང་རྣམས། །ལྷུག་པར་བརྗོད་འདི་ཤིན་ཏུ་ཟབ་པར་བདོག །མོས་གུས་ཡོད་ཅིང་ཤེས་རབ་དང་ལྡན་ན། །རྒྱུད་ལ་སྦྱོར་ཞིང་ལྟོས་དང་གསལ་བའོ། །མི་འཐད་འདྲ་ནའང་རང་སྐྱོན་ལས་འོས་ཅི། །མཁྱེན་ལྡན་དོན་རྟོགས་གཟིགས་དང་སྤྲོ་བ་འཕེལ། །དེ་ཡི་རྣམ་དཀར་འོད་སྟོང་འབར་བ་དེས། །སྲིད་པའི་མུན་ནག་འཐུག་པོ་མཐར་བྱེད་ཅིང་། །བདེ་ཆེན་ཐར་བའི་གླིང་མཆོག་རབ་གསལ་ནས། །ཕུན་ཚོགས་བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག །རྣམ་དག་བཙུན་ལ་ལྷག་བསམ་རྒྱན་སྤྲས་པའི། །དབུ་མཛད་དང་ནི་དེ་བཞིན་ཆོས་མཛད་འགས། །བསྐུལ་བ་ལ་བརྟེན་མཆིམས་ཕུའི་དབེན་གནས་སུ། །རྫོགས་ཆེན་རྣལ་འབྱོར་པྲ་ཝཱ་བིདྷ་ཡིས། །མགྱོག་པར་བྲིས་པ་སརྦ་ཛ་ག་ཏམ། ། མདྒ་ལཾ། །

སློབ་བུ་པདྨ་རིན་ཆེན་ལ་གདམས་པ་བཞུགས།།

ན་མོ་གུ་རུ། སྐུ་བརྡ་དོན་སྟོན་པ་སྤྲུལ་པའི་སྐུ། །གསུང་རྣམ་རོལ་འཆད་པ་ལོངས་སྤྱོད་རྫོགས། །ཐུགས་ཀ་དག་བརྩེ་ལྡན་ཆོས་ཀྱི་སྐུ། །རྗེ་བླ་མ་མཆོག་ལ་གསོལ་བ་འདེབས། །ཆོས་སྙིང་ནས་འདོད་ན་འདི་ལྟར་ཟབ། །ཚེ་འདི་ལ་ལྟོས་པ་མེད་པ་དང་། །ལས་བདེ་སྡུག་གསལ་ཡང་ཞེན་མེད་པར། །ཆོས་གཅིག་པུ་ཁོ་ན་སྒྲུབ་གྱིས་དང་། །གཏན་ནམ་ཕུགས་འདུན་མ་ལེགས་ནས་འོང་། །སེམས་དད་པའི་མོས་གུས་མི་གཡེལ་ཞིང་། །བློ་དྭངས་བའི་དག་སྣང་རབ་བསྐྱེད་ནས། །ཕན་སྙིང་རྗེའི་སེམས་བསྐྱེད་སྒོམ་གྱིས་དང་། །རང་ཆོས་མཐུན་བསམ་པ་འགྲུབ་ནས་འོང་། །ཆོས་སྣང་སྲིད་གདོད་ནས་སྟོང་བའི་དབྱིངས། །སེམས་སྐྱེ་མེད་རང་གསལ་རིག་པའི་རྩལ། །དོན་དབྱེར་མེད་ཆོས་ཉིད་གཉུག་མའི་ངང་། །དཔེ་ནམ་མཁའ་ལྟ་བུར་ཤེས་གྱིས་དང་། །དབྱིངས་ལྟ་བ་རྟོགས་པ་འཆར་ནས་འོང་། །གནད་གཟུང་འཛིན་མ་སྡོམ་གཡེང་མེད་ངང་། །བློ་སྣང་དང་ཤེས་པ་གང་ཤར་ཡང་། །དེ་རང་རྩལ་ཉིད་ལས་གཞན་མེད་པར། །སེམས་ཡེ་གྲོལ་ཅོག་གིས་བཞག་གྱིས་དང་། །བསྒོམ་རྒྱུན་ཆད་མེད་པར་འཆར་ནས་འོང་། །ལས་བདེ་དང་སྡུག་པ་མིང་བཏགས་ཙམ། །སྤྱིར་འཁོར་འདས་ཀུན་ཀྱང་རྨི་ལམ་བཞིན། །ཡེ་གྲོལ་སྟོང་བའི་ཆོ་འཕྲུལ་ལས། །གཞན་མེད་ཤེས་རོལ་བར་ཁྱེར་གྱིས་དང་། །ཆོས་རོ་སྙོམས་སྤྱོད་པ་ཤེས་ནས་འོང་། །གཤིས་རང་རིག་ཡེ་ནས་སྐུ་གསུམ་གྲོལ། །ཆོས་སྣང་བཏགས་ཡེ་ནས་རང་ངོས་གྲོལ། །སེམས་གློ་བུར་བག་ཆགས་སྡོམ་པས་གྲོལ། །དོན་བཅིང་པ་ངོ་བོས་གྲོལ་ཤེས་ན། །ཆོས་བྱང་ཆུབ་འབྲས་བུ་ཐོབ་ནས་འོང་། །གནད་ཉམས་སུ་ལོངས་དང་གསལ་བར་མཆིས། །དོན་གོ་བར་མཛོད་ཅིག་རིགས་ཀྱི་བུ། ། མདྒལཾ། །

སློབ་བུ་པདྨ་རིན་ཆེན་གྱིས་བསྐུལ་ངོར་ཙཱ་རི་རྡོ་རྗེའི་ར་བར་སྦྱར། །

ཞལ་གདམས་བསམ་གཏན་ཕྲེང་མཛེས་ཞེས་བྱ་བ་བཞུགས།།

ན་མོ་གུ་རུ། རྗེ་བླ་མ་མཆོག་དང་དབྱེར་མེད་པའི། །དཔལ་པདྨ་སམྦྷའི་ཞབས་ལ་འདུད། །ཀྱེ་ཉོན་དང་ཡོན་བདག་དད་པ་ཅན། །ལས་འདུས་བྱས་མི་རྟག་འགྱུར་བ་ཅན། །དེ་དུས་བཏབ་འཆི་བདག་གཤིན་རྗེ་འོང་། །རང་སྐད་ཅིག་འཇིག་རྟེན་ཕ་རོལ་འགྲོ། །དུས་དེ་ཚེ་ཚེ་འདི་རྨི་ལམ་འདྲ། །ལས་བྱས་པ་སྙིང་པོ་འདུག་གམ་ལྟོས། །ཕུགས་གཏན་བདེ་དམ་པའི་ཆོས་ལ་འབུངས། །ལས་ཟག་བཅས་ཐམས་ཅད་སྡུག་བསྔལ་ཡིན། །དེ་འཁོར་བ་འཁྲུལ་པ་འདི་ལ་ཟེར། །རང་ཡིན་གྱིས་བྱས་ཀྱང་མར་མར་འཁྲུལ། །འཁྲུལ་སྡུག་བསྔལ་འདམ་ལས་ཐར་དུས་མེད། །ལས་བསགས་པ་ཆོས་ལ་བཏང་བ་དང་། །ཕུགས་གཏན་བདེ་དམ་པའི་ཆོས་ལ་འབུངས། །ཆོས་ཐམས་ཅད་རང་བཞིན་སྟོང་པ་ཡིན། །དེ་གདོད་ནས་དག་པའི་སེམས་ལ་ཟེར། །སེམས་བཟོ་བཅོས་བྲལ་བའི་རང་ལུགས་ལ། །གཤིས་བཟུང་འཛིན་མེད་པའི་ཆོས་སྐུ་ཡོད། །དེ་གནས་འགྱུ་གཉིས་ལ་ཟེར་བ་མིན། །བློ་རིག་པའི་ཆོས་ཉིད་སྤྲོས་དང་བྲལ། །བློ་ཡིད་སེམས་མ་གོས་གཉུག་མའི་ངང་། །ཡིད་རྣམ་ཤེས་མ་སྐྱེས་རང་གསལ་བ། །དེ་འཕྲལ་བྱུང་མ་ཡིན་ཡེ་སྟོང་གནས། །དོན་ངང་ལ་བཞག་པས་ཇི་བཞིན་རྟོགས། །ཆོས་ལྟ་སྒོམ་ཀུན་གྱི་མཐར་ཐུག་ཡིན། །ཕུགས་གཏན་བདེ་དམ་པའི་ཆོས་ལ་འབུངས། །དོན་མྱ་ངན་འདས་པ་ཞི་བའི་མཆོག །ལས་འཁྲུལ་པ་སངས་པ་ཉིད་ལ་ཟེར། །སེམས་སེམས་བྱུང་གི་འཁྲུལ་པ་ཀུན་ཟད་ནས། །ལས་ཉོན་མོངས་ཀྱིས་འཁྲུལ་པ་རང་དག་ཅིང་། །དོན་སྣང་སྲིད་ཆོས་དབྱིངས་དྭངས་མའི་རྩལ། །གནད་སྐུ་གསུམ་འབྲས་བུ་རང་ལ་རྫོགས། །ཆོས་མྱང་འདས་ཀྱི་འབྲས་བུ་ལྷུན་གྱིས་གྲུབ། །དེ་ཐག་རིང་ན་མེད་དེ་གཤིས་ལུགས་འདི། །ཡེ་ཇི་བཞིན་རྟོགས་པའི་འབྲས་བུ་ཡིན། །ཕུགས་གཏན་བདེ་དམ་པའི་ཆོས་ལ་འབུངས། །ཆོས་བཀའ་རྟགས་ཕྱག་རྒྱ་བཞི་ཡི་ཚིག །ཆོས་གོ་བདེའི་ཚུལ་དུ་ཚིགས་སུ་བསྡེབས་། །གནད་ཉམས་སུ་ལེན་པའི་མན་ངག་ཡིན། །དེ་གོ་བར་མཛོད་ཅིག་དད་ལྡན་པ། །ཕུགས་གཏན་བདེ་དམ་པའི་ཆོས་ལ་འབུངས། །ཀྱེ་མ་ཧོ་ཡང་གཅིག་སྙན་གསོན་དང་། །རླུང་གསེབ་ཀྱི་མར་མེ་སྡོད་དམ་ཅི། །སྦྲང་རྩི་ཡི་བདག་པོས་རང་ཟའམ། །རྩྭ་ཁའི་ཟིལ་བ་ཡུན་གནས་སམ། །བཙོན་དོང་གི་ནང་དུ་བདེ་ཡོད་དམ། །མུན་ནག་གི་འཐུག་པོས་མིག་གསལ་ལམ། །ཚོང་དུས་ཀྱི་མགྲོན་པོར་གཏན་འགྲོགས་སམ། །བྱེ་མའི་ཁུང་བུ་མི་འཇིག་གམ། །ཚེ་འདི་རང་སྒྲུབ་པས་མི་བསླུའམ། །འཁོར་བ་ཡི་ཞེན་པས་མི་འཆིང་ངམ། །ལེགས་པར་རུ་བསམ་གཞིག་བཏང་ནས་ཀྱང་། །འཕྲལ་གཡེང་མེད་གཏན་བདེ་འགྲུབ་པ་ཞིག །ད་ལུས་སེམས་དེ་དམ་པའི་ཆོས་ལ་འབུངས། །ཨེ་མ་ཧོ་ཡང་གཅིག་འདིར་ལྟོས་དང་། །སྣང་སྲིད་ཀུན་མ་ལུས་སེམས་ཀྱི་རྩལ། །སེམས་ཉིད་ཀྱི་རང་བཞིན་ཡེ་ཤེས་དངོས། །རང་རིག་འདི་དྲི་མེད་བྱང་ཆུབ་སེམས། །ཡོད་མཐའ་ནི་ངོ་བོ་རྡུལ་ཆ་བྲལ། །མེད་ཆ་ནི་སྟོང་གསལ་མཁའ་དང་མཉམ། །ཡོད་མེད་ཀྱི་བློས་བཟོ་ངོ་བོ་སྟོང་། །རང་བཞིན་ལ་གཟུང་འཛིན་གོས་པ་མེད། །འཕྲལ་འབྱུང་ཞིག་མ་ཡིན་ཡེ་ནས་གནས། །རང་ལུགས་གྱི་ཤེས་པ་འདི་ཀ་ཡིན། །རང་ངོ་རུ་ཤེས་པ་ལྟ་བའི་མཆོག །རང་བབས་སུ་སྐྱོང་བ་སྒོམ་པའི་གནད། །ཡེངས་མེད་དུ་ཁྱེར་བ་སྤྱོད་པའི་འགྲོས། །དེའི་ཁ་ལ་བརྟན་ཐོབ་འབྲས་བུ་ཡིན། །ཉམས་སུ་རང་ལོངས་ཤིག་དད་པ་ཅན། །འབུངས་བའི་རང་འབྲས་གཏན་བདེ་ལགས། །དགེ་བ་དེས་ཆོས་དབྱིངས་དོན་རྟོགས་ཤོག །ཅེས་པ་འདི་ཨོ་རྒྱན་དབང་ཕུག་ཏུ། དད་ལྡན་གྱི་སྦྱིན་བདག་སྤུན་ལ་ནི། །བསྐུལ་ངོ་རུ་རྫོགས་ཆེན་རྣལ་འབྱོར་པ། །པདྨ་ཡི་མིང་གིས་ཐུན་གཅིག་སྨྲས། །བཀྲ་ཤིས་དང་དགེ་ལེགས་འཕེལ་གྱུར་ཅིག །མདྒ་ལཾ། །

ཞལ་གདམས་མན་ངག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

ན་མོ་མ་ཧཱ་གུ་རུ་ཡེ། རྗེ་སྐྱབས་གནས་དཀོན་མཆོག་ཀུན་འདུས་པ། །ཁྱེད་དྲན་པ་ཙམ་གྱིས་བར་ཆད་སེལ། །བདག་དད་ཅིང་གདུང་བས་གསོལ་བ་འདེབས། །མཆོག་བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབས། །རྗེ་ཨོ་རྒྱན་པདྨ་བླ་མའི་མཆོག །ད་རེ་ལྟོས་གཞན་ན་མ་མཆིས་པས། །ཕ་ཐུགས་རྗེས་ཟུངས་ཤིག་གུ་རུ་རྗེ། །གནད་རྩེ་གཅིག་གསོལ་བ་འདེབས་བྱས་ནས། །ད་ཉོན་ཅིག་གསོན་དང་དད་པ་ཅན། །ཁྱོད་དལ་འབྱོར་རིན་ཆེན་ལོ་ཟླས་མནར། །དགྲ་འཆི་བདག་ནམ་འོང་དུས་བཏབ་མེད། །ལས་རྣམ་སྨིན་རྒྱུ་འབྲས་ཞེ་རྒྱགས་ཆེ། །ཁོང་འཁོར་བའི་གནས་ན་བདེ་བ་མེད། །ལས་ཆོས་མེད་འདུ་བྱེད་སྡུག་བསྔལ་རྒྱུ། །རང་སྐྱེ་འཆིའི་འཕོ་འགྱུར་ཡ་ངའི་གནས། །འདི་བསམ་ཞིང་དཔྱད་ན་འཆི་མ་འཆོར། །ད་འབད་ནས་དམ་ཆོས་སྒྲུབ་པར་རིགས། །ལུས་ཕྱག་འཚལ་བསྐོར་བ་ཙམ་རེ་ལས། །གཞན་འགྲོ་འདུག་མ་མང་གཅིག་པུར་སྡོད། །ངག་སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་ལས། །གཞན་སྨྲ་བ་ཆོད་ལ་བག་ཡོད་བསྟེན། །སེམས་བསམ་བློའི་འདུ་བྱེད་མ་མང་པར། །མ་འགྲོ་དྲུག་རྣམས་ལ་སྙིང་རྗེ་སྒོམ། །ད་ལུས་སེམས་ཀློད་ལ་རང་ངོར་ལྟོས། །གནད་ལྟ་བྱེད་ཤེས་པ་ངང་ལ་ལྟོས། །དེ་གྲིམ་པོར་མི་དགོས་ལྷོད་ལ་ལྟོས། །གནད་མ་ཡེངས་ངང་ནས་རང་བབས་ཞོག །དོན་དེ་ལ་མཉམ་བཞག་བསམ་གཏན་ཟེར། །དུས་རྒྱུན་ཏུ་དེ་ལྟར་སྒོམ་གྱུར་ན། །ཆོས་ཀུན་གྱི་ངོ་བོ་སེམས་ཉིད་ཕྱིར། །སེམས་རྟོག་མེད་རང་ངོ་རང་གིས་ཤེས། །དེ་ཤེས་བྱེད་མཁན་པོ་ལོགས་ན་མེད། །མེད་རང་ངོ་གསལ་བ་སྟོང་ཉིད་སེམས། །དོན་གང་ཡང་མ་ཡིན་སང་ངེ་བ། །བློ་གང་དུའང་མ་བཟུང་ཐལ་ལེ་བ། །ཡིད་གང་དུའང་མ་འཁྲུལ་ཡེངས་མེད་པ། །སེམས་གང་དུའང་མ་གཏད་སྟོང་ངེ་བ། །དགའ་སྡུག་པ་གཉིས་མེད་རོ་མཉམ་པ། །ཕྱི་སྣང་བ་གཉིས་མེད་ཕྱམ་བརྡལ་བ། །གཏན་རིག་པའི་ངོ་བོ་འཁྲུལ་མེད་པ། །དེ་ཡེ་ནས་ཡོད་ཀྱང་ཡན་པར་བཏང་། །ད་རྒྱུན་ཏུ་སྒོམ་དང་གཏན་དུ་འཆར། །དོན་དེ་ལ་རྫོགས་ཆེན་ངང་སྒོམ་ཟེར། །དུས་རྒྱུན་ཏུ་ཡེངས་མེད་དྲན་པ་བརྟན། །རྗེས་བསྔོ་བ་སྨོན་ལམ་རྒྱ་ཆེར་ཐོབ། །ཆོས་རྣམ་དག་ཞིང་ལ་སྨོན་ལམ་གདབ། །མདྒ་ལཾ། ཅེས་པ་འདི་དད་ལྡན་བན་སྒོམ་རྒྱལ་མཚན་བཟང་པོས་བསྐུལ་ངོར་རྫོགས་ཆེན་གྱི་རྣལ་འབྱོར་པ་ཆེན་པོ་པདྨ་རིག་འཛིན་གྱིས་ཨོ་རྒྱན་སྒྲུབ་གནས་བྲག་ཕུག་མ་ར་ཏི་ཀར་སྦྱར་བའོ། །

མན་ངག་སྐབས་གསུམ་རིན་ཆེན་བཞུགས་སོ།།

ན་མོ་གུ་རུ། སྨན་བླ་རྗེ་དང་དབྱེར་མེད་པའི། །པདྨ་འབྱུང་གནས་ལ་ཕྱག་འཚལ། །གསོན་དང་འཚོ་བྱེད་བློ་ལྡན་པ། །སྔོན་ལུས་དར་ཀྱང་ཕྱིས་ནས་རྒུད། །དང་པོ་ཕྱུག་ཀྱང་མཐའ་ནས་དབུལ། །མི་གྲངས་མང་ཡང་ཤི་ནས་ཟད། །འཕེན་པོ་ཡོད་ཀྱང་རྨོངས་པར་གྱུར། །འདི་འདུས་བྱས་ཆོས་ཀྱི་རང་མཚང་ཡིན། །འཁོར་བར་སྙིང་པོ་མེད་པའི་རྟགས། །མི་རྟག་སྟོན་པའི་སློབ་དཔོན་དུ། །གོ་བར་བྱུང་ངམ་བློ་ལྡན་པ། །ཞེན་ཆགས་བསྐྱུང་བའི་བསྐུལ་འདེབས་སུ། །ཤེས་པར་དགོས་སོ་རིགས་ཀྱི་བུ། །དེ་ཕྱིར་ཚེ་འདིའི་རྟག་འཛིན་དང་། །དོན་མེད་འཇིག་རྟེན་ཆགས་སྡང་ལས། །མི་དགེར་གྱུར་བའི་བྱ་བ་ཀུན། །བློ་གྲོས་ལྡན་པས་དོར་བྱ་ཡིན། །བྱིས་པ་གཞན་ལ་ཅི་ཆ་ཡོད། །དགེ་བ་བཅུ་དང་ཆོས་སྤྱོད་བཅུ། །ཐར་བ་སྒྲུབ་པའི་ཐོས་བསམ་སྒོམ། །འབད་ནས་ཡང་དག་སྒྲུབ་པ་ནི། །བློ་ལྡན་རྣམས་ཀྱིས་བླང་བྱ་ཡིན། །རྨོངས་པ་རྣམས་ལ་ཅི་ཆ་ཡོད། །སྔོན་འགྲོའི་འཇུག་སྒོ་སྟེ་དང་པོའོ། །དེ་ནས་སྙིང་པོ་གཏན་ལ་འབེབས། །འཁོར་དང་མྱ་ངན་འདས་པའི་ཆོས། །ཤེས་དང་ཤེས་བྱ་ཅི་སྙེད་རྣམས། །སེམས་ཉིད་གཅིག་པུ་ཉིད་ལ་འདུས། །གཅིག་པུ་རང་རིག་ཆོས་ཀྱི་སྐུ། །ངོ་བོ་ཡེ་སྟོང་སྤྲོས་དང་བྲལ། །རང་བཞིན་རང་ངོ་འོད་དུ་གསལ། །ཐུགས་རྗེ་འཆར་སྒོ་མ་འགགས་པ། །ཡེ་གྲོལ་ཀ་དག་ལྷུན་གྱིས་གྲུབ། །འདི་ནི་རང་བྱུང་རྫོགས་པ་ཆེ། །སྐྱེ་འགགས་མེད་ཅིང་གནས་དང་བྲལ། །འགྲོ་འོང་ཉིད་དང་འཕོ་འགྱུར་མེད། །གསལ་འགྲིབ་ཆེ་ཆུང་ཕམ་རྒྱལ་བྲལ། །ཕྱོགས་ལྷུང་མེད་པའི་རང་བཞིན་དེ། །ཤེས་པར་བྱེད་པ་ལྟ་བ་ཡིན། །དེ་ཉིད་ངང་ལས་མ་གཡོས་པ། །ཆེད་དུ་དམིགས་པའི་གཏད་སོ་མེད། །ངང་ལས་གཞན་དུ་འཁྲུལ་པ་མེད། །དེ་ལྟར་སྐྱོང་བ་སྒོམ་པ་ཡིན། །སྤྱོད་ལམ་ཀུན་ཏུ་དྲན་པ་དང་། །ཤེས་བཞིན་བག་དང་ལྡན་པའི་ངང་། །རྒྱུན་དུ་ཉམས་ལེན་བྱེད་པ་ནི། །ཆོས་བཞིན་སྐྱོང་བའི་སྤྱོད་པ་ཡིན། །རང་སེམས་རིག་པའི་རྩལ་རྫོགས་ནས། །འཁོར་འདས་ཐམས་ཅད་ཕྱམ་གཅིག་གྲོལ། །སྐུ་དང་ཡེ་ཤེས་ལྷུན་གྲུབ་སྟེ། །བདེ་ཆེན་བཙན་ས་ཟིན་པ་ནི། །མངོན་དུ་གྱུར་པའི་འབྲས་བུ་ཡིན། །དངོས་བཞིའི་ཉམས་ལེན་ཏེ་གཉིས་པའོ། །དེ་ལྟར་ཚེ་གང་ཆོས་ལ་འབད། །གསོལ་བ་འདེབས་ཤིང་དག་སྣང་སྦྱང་། །སྙིང་རྗེ་བསྒོམ་ཞིང་ཕན་པ་བསྒྲུབ། །སྐྱོན་ངོས་བཟུང་ཞིང་ཡོན་ཏན་འཕེལ། །དགེ་བ་གང་དང་ཅི་བྱེད་རྣམས། །སེམས་ཅན་དོན་དུ་ཡོངས་སུ་བསྔོས། །རྫོགས་སངས་རྒྱས་པའི་སྨོན་ལམ་ཐོབ། །དེས་ནི་གཏན་བདེའི་བདེ་ལེགས་འབྱུང་། །གོ་བར་མཛོད་ཅིག་འཚོ་བྱེད་པ། །རྗེས་བསླབ་བྱའི་རིམ་པ་སྟེ་གསུམ་པའོ། །དེ་ལྟར་གསུམ་ལྡན་དམ་པའི་ཕྲེང་། །འཚོ་བྱེད་གཞོན་ནུས་བསྐུལ་བའི་ངོར། །དབེན་གནས་ཨོ་རྒྱན་དབང་ཕུག་ཏུ། །པུནྡྷའི་མིང་གིས་ལེགས་པར་སྦྱར། །དགེ་དེས་དགེ་ལེགས་འགྲུབ་གྱུར་ཅིག །མདྒལཾ། །

མན་ངག་བསམ་འཕེལ་རིན་ཆེན་བཞུགས་སོ།།

ཨོཾ་སྭ་སྟི། དཀོན་མཆོག་བཀྲ་ཤིས་ལ་ཞལ་གདམས་གསལ་འདེབས་སུ་ཕུལ་བ་འདི་ལྟར་དགོངས་དབྱིངས་ལ་བཞུགས་འཚལ། དལ་འབྱོར་བསླབ་པས་རྒྱན་པ། །ནུབ་རིའི་ཉི་མ་ལྟར་སོང་འདུག །ལོང་མེད་བརྩོན་འགྲུས་གཅིག་བརྩོན་ལ། །དགེ་སྦྱོར་འཁོར་མོ་རུ་ཐོངས་མཛོད། །མ་རིག་རྣམ་རྟོག་གི་འཁྲུལ་འཁོར། །འཁོར་བ་སྡུག་བསྔལ་གྱི་རྦ་རླབས། །ཐར་དཀའི་བརྩོན་ར་ནས་བྲོས་ལ། །ཐར་ལམ་བཙན་ས་གཅིག་བཟུང་མཛོད། །མི་དགེ་རྣམ་རྟོག་ཀྱི་འདུ་ཤེས། །འདུ་བྱེད་ཆགས་སྡང་རྣམས་བསྐྱུར་ལ། །རྣམ་ཤེས་རྣམ་དག་གི་ལྷ་བསྒོམ། །སྒོ་གསུམ་དགེ་ལ་རང་འབུང་མཛོད། །ཆོས་སྤྱོད་སྐྱབས་འགྲོ་དང་སེམས་བསྐྱེད། །ཉམས་ལེན་ཚོགས་བསགས་དང་སྒྲིབ་སྦྱང་། །དག་སྣང་མོས་གུས་དང་སྙིང་རྗེ། །རྒྱུན་དུ་འབྲལ་མེད་རང་སྐྱོང་མཛོད། །སྔོན་འགྲོའི་སྐབས་ཏེ་དང་པོའོ། །ཀྱེ་ཧོ་གསོན་དང་རྣལ་འབྱོར་བ། །སྐུ་གསུམ་བསྟན་པའི་སྟོན་པ་དང་། །ཕྱག་རྫོགས་དབུ་མའི་ངོ་བོ་དང་། །ཆོས་དབྱིངས་དྲི་མེད་གནས་ལུགས་རྣམས། །གནས་ལུགས་གཉུག་མའི་ངང་དུ་གཅིག །དེ་ནི་རང་རིག་ཡེ་ཤེས་ཏེ། །བསམ་དུ་མེད་ཅིང་བརྗོད་དུ་མེད། །རང་བྱུང་གདོད་ནས་རྣམ་པར་དག །རང་གསལ་མཁའ་ལྟར་ལྷང་ངེ་བ། །ཆོས་ཉིད་ཕྱི་རུ་མ་ལུས་ཤིང་། །སེམས་ཉིད་ནང་དུ་མ་བཅིང་པ། །བར་དུ་བཟུང་འཛིན་རྣམ་རྟོག་བྲལ། །སེམས་ཉིད་བློ་འདས་རང་གསལ་འདི། །ལྟ་བ་ཡིན་ནོ་གོ་བར་གྱིས། །ཆོས་ཉིད་ཡིན་ནོ་རྟོགས་པར་གྱིས། །གནས་ལུགས་ཡིན་ནོ་ཤེས་པར་གྱིས། །སྟོང་ཉིད་ཡིན་ནོ་རིག་པར་གྱིས། །དེ་ལྟར་ཤེས་ན་དེའི་ངང་ལ། །རང་བབས་འཇོག་པ་མཉམ་བཞག་སྟེ། །མི་སྒོམ་འཇོག་པ་སྒོམ་པའི་གནད། །མ་ཡེངས་འཇོག་པ་མན་ངག་ཡིན། །བྱིང་ན་རིག་པ་སྒྲིམ་པ་དང་། །རྒོད་ན་ལུས་སེམས་ཀློད་པ་དང་། །རྒྱུན་ཏུ་མ་ཡེངས་སྐྱོང་བ་རྣམས། །སྒོམ་པ་ཡིན་ནོ་ཉམས་སུ་ལོངས། །ལུས་གནད་ལྟ་སྟངས་བཅུན་པ་དང་། །དྲན་པ་ལམ་དུ་ཁྱེར་བ་དང་། །རྒྱུན་ཏུ་གཅིག་པུར་སྒོམ་པ་གཅེས། །ཚོགས་དྲུག་ལྷུག་པར་འཇོག་པ་དང་། །དུག་ལྔ་རང་གྲོལ་ལྟ་གྲོལ་དང་། །སྤྱོད་ལམ་རྣམ་བཞིར་དྲན་པ་བསྟེན། །སྤྱོད་པ་ཡིན་ནོ་ཤེས་པར་མཛོད། །རང་རིག་གདོད་ནས་དག་པ་འདི། །དག་པ་གཞན་གྱིས་རྣམ་གྲོལ་མིན། །རང་རིག་རང་དབང་ཐོབ་གྱུར་ན། །སངས་རྒྱས་གཞན་ནས་སྒྲུབ་ཏུ་མེད། །འབྲས་བུ་རང་རིག་སངས་རྒྱས་ཏེ། །ཆོས་རྣམས་སྐྱེ་མེད་རྟོགས་པ་དང་། །སེམས་དང་སེམས་བྱུང་ནུབ་པ་དང་། གཟུང་འཛིན་བག་ཆགས་དག་པ་དང་། །སྟོང་པས་རང་དོན་ཆོས་ཀྱི་སྐུ། །གསལ་བས་གཞན་ངོར་གཟུགས་ཀྱི་སྐུ། །དེ་བས་ཟུང་འཇུག་ཡེ་ཤེས་རྒྱས། །སྐུ་དང་ཡེ་ཤེས་ལྷུན་གྲུབ་སྟེ། །རང་བྱུང་རིག་པའི་རང་བཞིན་ཡིན། །དངོས་གཞིའི་སྐབས་ཏེ་གཉིས་པའོ། །ཟག་བཅས་ཟག་པ་མེད་པའི་དགེ་བ་དང་། །སྒོ་གསུམ་བསམ་གཏན་ཏིང་འཛིན་ཡེ་ཤེས་རྣམས། །ཆོས་དབྱིངས་དྲི་མེད་བྱང་ཆུབ་སྙིང་པོར་བསྔོ། །འགྲོ་ཀུན་སངས་རྒྱས་ཐོབ་པའི་སྨོན་ལམ་འདེབས། །ལུས་ནི་དགེ་བའི་ཕྱོགས་ལ་བརྩོན་བཞིན་ཏུ། །ངག་ནི་ཆོས་སྤྱོད་སྨོན་ལམ་རྒྱུན་ཏུ་བརྗོད། །སེམས་ནི་མ་ཡེངས་མཉམ་བཞག་ལམ་དུ་སློང་། །རྗེས་ཐོབ་ཉམས་ལེན་ཀློང་དུ་ཚུད་པར་མཛོད། །རྗེས་སུ་གདམས་པའི་སྐབས་ཏེ་གསུམ་པའོ། །སྐབས་གསུམ་ལྡན་པའི་མན་ངག་བྱུང་རྒྱལ་དུ་ཉེ་བར་བྱས་པ་འདི་དགེ་སློང་དཀོན་མཆོག་བཀྲ་ཤིས་ཀྱིས་ངོར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་པདྨ་རིག་འཛིན་གྱིས་ཙྭ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཟབ་ལམ་རྡོ་རྗེ་རྭ་བར་ཡུལ་རྣམས་ཀུན་གྱི་གཙོ་བོ་མ་སྲིང་མཁའ་འགྲོའི་ཕོ་བྲང་ཡང་དབེན་བསམ་གཏན་ཕོ་བྲང་དུ་སྦྱར་བའོ། ། མདྒ་ལཾ། །

རང་རྒྱུད་དགེ་བསྐུལ་ཐར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཡེ། རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཀྱེ། ལྟོས་དང་ཁའི་ཆོས་འདོད་རྣལ་འབྱོར་ཚོ། །སྤྱིར་ཚེ་འདི་རྨི་ལམ་སྣང་བ་འདྲ། །དེ་ཨེ་འདྲ་མདངས་སུམ་རྨི་ལམ་བལྟོས། །མདངས་རྨིས་ཚད་ད་ནང་གཅིག་ཀྱང་མེད། །ཚེ་འདི་ནས་ཤི་དུས་དེ་དང་འདྲ། །གཟུགས་ཕུང་པོ་འདི་ཆུ་ཡི་སྦུ་བ་འདྲ། །དེ་ཨེ་འདྲ་དེ་ཆུ་བུར་ཉིད་ལ་ལྟོས། །རྐྱེན་ཅུང་ཟད་ཅིག་བྱུང་ན་ཞིག་ནས་འགྲོ། །ལུས་སྙིང་པོ་མེད་པ་དེ་དང་འདྲ། །སྒྲ་སྙན་གྲགས་བརྔོན་པའི་བསླུ་ཚིག་འདྲ། །དེ་ཨེ་འདྲ་དེ་བརྔོན་པའི་ངག་ལ་ལྟོས། །འཕྲལ་ཇི་ལྟར་སྙན་ཡང་གསོད་པའི་ཐབས། །གཏམ་བསླུ་བྲིད་ལ་ཞེན་ན་ཐར་སྲོག་གཅོད། །དྲི་བཟང་ཀུན་སྦྲང་མའི་གཞལ་ཡས་འདྲ། །དེ་ཨེ་འདྲ་དེ་མི་གཙང་ཁང་པར་ལྟོས། །སེམས་བདེན་སྣང་གིས་འཁོར་བར་ཡོན་ཏན་མེད། །རོ་ཞིམ་དགུ་ཀུན་ལྕགས་ཀྱུའི་ཟན་དང་འདྲ། །དེ་ཨེ་འདྲ་དེ་ཟ་འདོད་ཉ་ལ་ལྟོས། །འཕྲལ་ཟས་ཁམ་གཅིག་གིས་ཕུགས་སྲོག་གཅོད། །ལྟོ་ཟ་ཚོལ་ལ་བློ་གཏད་འཁོར་བའི་རྒྱུ། །རེག་འཇམ་འཇམ་ཀུན་སྲིན་མོའི་རེག་བྱ་འདྲ། །དེ་ཨེ་འདྲ་དེ་ཟངས་གླིང་ཚོང་པར་ལྟོས། །འཕྲལ་བདེ་བ་ཙམ་ལས་ལུས་སྲོག་འབྲལ། །གཏན་ཕུགས་མེད་འཁོར་བའི་རྒྱ་མཚོར་ལྷུང་། །སེམས་ཀུན་རྟོག་དུས་མཐའི་མེ་དང་འདྲ། །དེ་ཨེ་འདྲ་དེ་འབར་བའི་མེ་ལ་ལྟོས། །འཕྲལ་ཉོན་མོངས་མཆེད་ཅིང་རང་གཞན་བསྲེགས། །ཡིད་ཀུན་རྟོག་རེག་ལ་བདེ་བ་མེད། །ནོར་བསགས་འདོད་དྲི་ཟའི་གྲོང་པ་འདྲ། །དེ་ཨེ་འདྲ་དེ་འཁྲུལ་པའི་ཡུལ་ལ་ལྟོས། །འཕྲལ་ལྟར་སྣང་ཙམ་ལས་འབྲས་བུ་མེད། །ལས་ཟང་ཟིང་ལ་དགའ་ན་སྡུག་ཡུན་རིང་། །འཁོར་ཉེ་འབྲེལ་ཀུན་ཚོང་དུས་མགྲོན་པོ་འདྲ། །དེ་ཨེ་འདྲ་དེ་མགྲོན་ཁང་གི་མི་ལ་ལྟོས། །འཕྲལ་ལྷན་དུ་ཡོད་ཀྱང་མྱུར་དུ་བྱེ། །རང་ཞེན་ཆགས་ཀྱི་དབང་གིས་འཁོར་བར་འཁྱམས། །ལས་ཆོས་བརྒྱད་ཀྱི་རང་འདོད་སྒྲུབ་པ་དེ། །མི་ཅོལ་ཆུང་གིས་རྐུ་རྫུན་ཟོང་བྱེད་འདྲ། །འཕྲལ་ཡིན་སྣང་གིས་འདི་ཕྱི་གཉིས་ཀ་ཕུང་། །རང་ངན་སོང་གི་གཏིང་རྡོ་ཞེ་རེ་འཇིགས། །ཕོ་མདོ་ཡོད་ཚོ་ཡོད་ན་རང་མགོ་ཐོན། །མི་སྤྱང་པོ་ཡོད་ན་གཏན་བདེ་སྒྲུབ། །བློ་དྲུང་པོ་ཚོ་ཡོད་ན་ཆོས་ལ་འབུངས། །ལར་མི་ཚེ་ལ་ནམ་ཟད་དུས་བཏབ་མེད། །འཆི་བ་ཞེས་འཇིགས་ཆེན་ནམ་འོང་ན། །འཁོར་བ་ལ་བདེ་བ་འདུག་གམ་ལྟོས། །དུས་ད་རེས་སུ་གཏན་བདེའི་ཐར་བ་སྒྲུབ། །འཇིག་རྟེན་གྱི་ཆོས་ལ་ཡིད་སྐྱོ་ནས། །བསྐུལ་མ་འདི་ཀོང་པོའི་ཡུལ་དུ་སྨྲས། །འགྲོ་བ་རྣམས་ཐར་བའི་ལམ་བགྲོད་ཤོག །མངྒ་ལཾ། །

གྲོས་འདེབས་རང་ཉམས་ལ་ཤར་བའི་གླུ།

ན་མོ་གུ་རུ་ཡེ། རྗེ་ཕན་པའི་ལམ་སྟོན་གནོད་པ་བཟློག །གཏན་བདེ་བའི་གནས་ལ་འགོད་མཛད་ཅིང་། །དུས་སྐད་ཅིག་དྲན་ཀྱང་ཉམས་རྟོགས་འཕེལ། །ཕ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །ཡེ་གདོད་མ་ཉིད་ནས་ད་བར་དུ། །ཡུལ་ཁམས་གསུམ་འཁོར་བའི་གྲོང་ཁྱེར་འཁྱམས། །གནས་གང་ལའང་གཏན་གནས་མི་འདུག་ན། །ཡུལ་ཆགས་ཞེན་སྤང་ན་མི་འཐད་དམ། །ཡུལ་ཞེན་ཀྱང་འཆི་ཚེ་བསྐྱུར་ནས་འགྲོ། །ད་གཏན་གྱི་ཡུལ་སྲིད་འགྱུར་མེད་ཅིག །དོན་ཀ་དག་གི་ཀློང་ལ་བསྟེན་རེ་རན། །གནས་རི་ཁྲོད་འགྲིམ་དང་ཆགས་ཞེན་ཅན། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །གནས་ཆོས་སྐུའི་ཡང་དགོན་བོར་ནས་ཀྱང་། །ལས་རིགས་དྲུག་གི་དགོན་ཁག་མང་པོ་བཏབ། །དེས་གཏན་བདེའི་འདུག་གནས་མི་གདའ་ན། །དགོན་བཟུང་བློ་སྤོངས་ན་མི་འཐད་དམ། །དགོན་ཐེབས་ཀྱང་འདུས་བྱས་ཞིག་ནས་འགྲོ། །གནས་དགོན་པ་མཆོག་ཏུ་གཞོམ་མེད་ཅིང་། །དོན་གཉུག་མའི་ཡང་དགོན་བཟུང་རེ་རན། །གནས་དབེན་པ་བརྟེན་ཅིག་སྡོད་བློ་ཅན། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །གཞི་བློ་འདས་སྟེ་གཏོར་ནས་ད་བར་དུ། །ལས་འཁྲུལ་པའི་བྱ་བ་མང་པོ་བྱས། །བྱ་བྱེད་པས་ཐོན་པ་མ་བྱུང་ན། །ད་བྱེད་བློ་སྤངས་ན་མི་འཐད་དམ། །ལས་བྱས་པ་ཚར་མེད་དོན་གོ་སྟོང་། །དོན་མ་བྱས་ལས་སྟོབས་རྫོགས་པ་ཞིག །བློ་བཟོ་མེད་ངང་དུ་ཉལ་རེ་རན། །སེམས་རྩོལ་བ་ཤིག་ཅིག་སེམས་རྒྱ་ཅན། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །ནོར་ལྷུན་གྲུབ་ནོར་བུ་བཞག་ནས་ཀྱང་། །འཁྲུལ་འཁོར་བའི་ཡོ་བྱད་མང་པོ་བཙལ། །དེ་རྙེད་ཀྱང་གཏན་རྒྱགས་མི་འདུག་ན། །ནོར་བཙལ་སྒྲུབ་བཤོལ་ན་མི་འཐད་དམ། །ནོར་རྙེད་ཀྱང་ཆོག་མེད་ནམ་ཕུགས་སྟོང་། །ནོར་ཆོག་ཤེས་ནོར་གྱིས་ཕྱུག་བྱས་ནས། །སེམས་དོན་གཉིས་ལྷུན་གྲུབ་སྒོམ་རེ་རན། །ནོར་བསགས་བློ་སྐྱུངས་ཤིག་སྲེད་པ་ཅན། །ད་སོམ་དང་བྱ་བྲལ་རྣལ་འབྱོར་བ། །དོན་བརྗོད་མེད་སྟོན་ནས་ད་ལྟའི་བར། །ཚིག་ཕན་མེད་བརྗོད་པ་ཅི་ཡང་བྱས། །དེ་འཁྲུལ་བའི་ལོ་མ་ཕན་མེད་ལས། །ཚིག་དོན་ལྡན་འགྲུབ་པ་མི་འདུག་ན། །སྐབས་ཆོས་བཤད་བཞག་ན་མི་འཐད་དམ། །དེ་བཤད་ཀྱང་ཕན་མེད་རང་ཉིད་ངལ། །དོན་བརྗོད་མེད་སྒོམ་ཞིག་ཁ་མང་པོ། །ད་སོམ་དང་བྱ་བྲལ་རྣལ་འབྱོར་པ། །དོན་འཁྲུལ་མེད་རིག་པ་ལྟོར་ཕྱིན་ནས། །ལས་སྲེད་ཞེན་བཟའ་བཏུང་གང་ཡང་སྤྱོད། །དེ་སྤྱོད་ཀྱང་ངོམས་དུས་མི་གདའ་ན། །ཟས་ཟད་མེད་བདུད་རྩིའི་རྒྱ་མཚོ་ཞིག །སེམས་རྣམ་དག་བསམ་གཏན་སྒོམ་རེ་རན། །ཟས་ཆོག་ཤེས་མཛོད་ཅིག་ཞིམ་ལྟོ་ཅན། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །ཆོས་རྣམ་དག་ཡེ་ཤེས་བྲལ་ནས་ཀྱང་། །ལུས་གཅེས་འཛིན་སྐྱབས་བྱེད་མཛེས་གོས་རྒྱན། །བློ་ཆོག་ཤེས་རྒྱན་ནོམ་དགོས་ན་ཡང་། །སྟན་དྲོ་འཇམ་མཛེས་པ་མི་འདུག་ན། །ལུས་གཏུམ་མོ་སྦར་བ་མི་འཐད་དམ། །རྒྱན་གོས་བཟང་ལེགས་ཀྱང་ཟད་ཅིང་རྙིང་། །སེམས་རྣམ་དག་ཚུལ་ཁྲིམས་གོས་རྒྱན་ཞིག །གནད་དམ་ཚིག་གཙང་མས་རྒྱན་རེ་རན། །བློ་ཞེན་པ་ཐོངས་ཤིག་འདོད་པ་ཅན། །ད་སོམས་དང་བྱ་བྲལ་རྣལ་འབྱོར་པ། །རང་རོལ་པའི་རིག་རྩལ་ངོས་བཟུང་ནས། །ཁོང་རིས་མེད་འཁོར་བའི་སེམས་ཅན་དག །ལས་ལན་ཆགས་འབྲེལ་གྲོགས་འཁོར་མང་ཡང་། །ཀུན་རོ་མཉམ་གཅིག་ཏུ་འགྲོ་དུས་མེད། །རང་གཅིར་པུར་སྒོམ་ན་མི་འཐད་དམ། །འཁོར་འབྲེལ་བ་མང་ཡང་སོ་སོར་གྱེས། །ཆོས་འཁོར་འདས་དབྱེ་བ་མེད་པ་ཡིས། །དོན་ཉག་གཅིག་སྒོམ་ན་བྱ་རེ་རན། །རང་གཅིག་རྐྱ་ཐུབ་ཅིག་བསམ་རྒྱ་ཅན། །ད་ཡང་གཅིག་རྣལ་འབྱོར་ཚུར་སོམས་དང་། །དོན་ཅི་ལྟར་གྱུར་ཡང་མི་བདེའམ། །རང་གཅིག་པུར་སྒོམ་པས་འཁོར་འདས་གྲོལ། །ཀུན་རང་རྩལ་ཤར་བས་གཉིས་མེད་བདེ། །ལས་ཞེན་པ་བསྐྱུངས་པས་སྲེད་པ་ཞི། །སེམས་གཏེར་མཛོད་བརྡོལ་བས་འཕངས་མེད་བདེ། །ལས་བྱ་བ་བོར་བས་གཟུང་འཛིན་ཞིག །བློ་ཆོས་ཉིད་གསལ་བས་འཛིན་མེད་བདེ། །ལུས་གཅེས་འཛིན་བོར་བས་ནད་གདོན་མེད། །སེམས་འཛིན་པའི་རྒྱ་ལས་གྲོལ་བས་བདེ། །རྫས་ཡོད་ན་སྒྲུབ་པའི་ཆ་རྐྱེན་བྱེད། །ཆོས་དགེ་སྦྱོར་འཕེལ་ཞིང་རྒྱས་པས་བདེ། །ཟོག་མེད་ན་དེས་ཆོག་བག་ཡོད་བསྟེན། །གནད་ཆོག་ཤེས་ནོར་གྱིས་ཕྱུག་སྟེ་བདེ། །དོན་རང་སེམས་རང་ལ་རྫོགས་པ་ལ། །གནད་འདྲི་རྒྱུ་ཐེ་ཚོམ་ཆོད་དེ་བདེ། །དོན་ཇི་བཞིན་བཞག་པ་མ་ལགས་སམ། །བློ་ཆེད་དུ་རྩོལ་སྒྲུབ་མི་དགོས་བདེ། །ཡུལ་ཚོགས་དྲུག་སྣང་བ་ཅི་ཤར་ཡང་། །དོན་གཞན་མིན་རོལ་པར་འཆར་ཏེ་བདེ། །རྐྱེན་བཟང་ངན་སྣང་བ་གང་བྱུང་ཡང་། །བློ་གཉེན་པོ་ཚོལ་མི་དགོས་ཏེ་བདེ། །རྟོག་རོལ་པའི་འཆར་ལུགས་གང་བྱུང་ཡང་། །ཀུན་རང་རིག་ཀློང་དུ་གྲོལ་ཏེ་བདེ། །སེམས་བདེ་གསལ་མི་རྟོག་ཞི་གནས་ལ། །བློ་མ་རིག་རང་སར་དག་སྟེ་བདེ། །ཆོས་བཟོ་མེད་རང་བྱུང་ཡེ་ཤེས་ལ། །སེམས་བློ་འདས་ལྷག་མཐོང་ཤར་བས་བདེ། །ཆོས་ཞི་ལྷག་ཟུང་དུ་འཇུག་པ་ཡི། །བློ་གཉུག་མའི་ངང་དུ་གནས་པས་བདེ། །དེང་ཕྱིན་ཆད་རྩལ་སྦྱང་བྱེད་པ་ལ། །དོན་གཞན་ཞིག་ཡིད་སྨོན་བྲལ་ཏེ་བདེ། །སྟོང་ཁ་འབྱམས་གཅིག་པོར་མ་སོང་བའི། །སེམས་གཉིས་མེད་སྙིང་རྗེ་སྒོམ་སྟེ་བདེ། །ཆོས་བརྗོད་མེད་ལྐུག་པར་མ་སོང་བའི། །དོན་བརྗོད་མེད་བརྗོད་པར་སོང་སྟེ་བདེ། །གཞན་ཕན་མེད་རང་རྒྱལ་མ་ཡིན་པའི། །རང་བསྟན་འགྲོར་ཕན་པ་བྱུང་བས་བདེ། །བློ་རྩོལ་མེད་ཤུགས་ཀྱིིས་ཕན་གྱུར་པའི། །ཁོང་འགྲོ་དོན་བསྟན་འགྲོར་ཕན་པས་བདེ། །དུས་མ་བབས་སྙིང་རྗེ་རྒྱ་ཆེན་ལས། །རང་བྲེལ་བའི་དབང་དུ་མི་བཏང་བདེ། །ལས་ཅི་ལྟར་གྱུར་ཀྱང་ཆོས་ཉིད་ལས། །དུས་ནམ་ཡང་འདའ་བར་མི་འགྱུར་བདེ། །བློ་གྲོས་འདེབས་བདེ་བར་ཤར་བའི་གླུ། །དཔལ་ལྕགས་ཕུར་ཅན་གྱི་སྐུ་རྗེས་སུ། །རང་ཉམས་ལ་ཤར་བས་བྱས་པ་ལགས། །ཆོས་འདི་ཡང་དོན་དང་ལྡན་གྱུར་ནས། །འབྲས་བསྟན་འགྲོའི་དགེ་ལེགས་འཕེལ་གྱུར་ཅིག །མདྒ་ལཾ། །

མན་ངག་ཉི་མ་རིན་ཆེན་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཡེ། བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཕན་པའི་གདམས་པ་ལེགས་པར་སྨྲ་བ་འདི། །ཚུལ་བཞིན་ཉོན་ལ་གུས་པས་ཉམས་སུ་ལོངས། །ཀྱེ་ཧོ། གྲོགས་དག་ཆོས་དབྱིངས་དོན་ལ་བསམ། །ཆོས་ཉིད་དོན་ལ་རྟོགས་དང་མ་རྟོགས་ཀྱི། །ཕྱོགས་སུ་མ་ལྷུང་ནམ་མཁའ་ལྟ་བུ་སྟེ། །བློ་བུར་སེམས་ཅན་དེ་ཉིད་མ་ངེས་པས། །མ་རིག་བདག་ཏུ་འཛིན་པའི་དབང་གིས་འཁྲུལ། །མ་རྟོགས་ཕྱིན་ཅི་ལོག་གི་འཁྲུལ་བས་བསླད། །རྣམ་རྟོག་བཟུང་འཛིན་འཁྲུལ་བའི་འཁོར་ལོ་བསྐོར། །ལས་དང་ཉོན་མོངས་འཁོར་བའི་རྒྱ་མཚོར་བྱིང་། །ཀྱེ་མ་སྲིད་པའི་འགྲོ་བ་ཉོན་རེ་མོངས། །བདེ་བ་འདོད་ཕྱིར་སྡུག་བསྔལ་མར་མར་བྱིང་། །ཕྱིན་ཅི་ལོག་གིས་ལམ་བཞིར་ལ་གོམས་པས། །ཐར་མེད་འཁོར་བའི་འཕྲུལ་འཁོར་འཕང་ལོ་བཞིན། །རྣམ་རྟོག་འཁོར་བས་སྲིད་པ་ཟད་མི་འགྱུར། །དེ་ཕྱིར་འཁྲུལ་པའི་མཚན་ཉིད་ཤེས་བྱས་ནས། །འཁོར་བའི་ཆོས་ལ་སྐྱོ་བ་རབ་ཏུ་བསྐྱེད། །བདུད་ཀྱི་བརྩོན་ར་གཤིན་རྗེའི་ཁྲིམས་ཁང་ལྟར། །འཁོར་བའི་གནས་འདི་བདེ་མེད་སྡུག་བསྔལ་ཆེ། །མུན་པའི་ལམ་དང་ལམ་མེད་འབྲོག་དགོན་བཞིན། །ཐར་བའི་ལམ་མེད་སྲིད་པའི་གྲོང་དུ་འཁྱམས། །གཡང་ས་ཆེ་དང་གཏིང་མེད་རྒྱ་མཚོ་བཞིན། །ཐར་པའི་དུས་མེད་སྡུག་བསྔལ་རང་བཞིན་ནོ། །མེ་ཡི་འོབས་དང་ཆུ་སྲིན་མཆེ་བ་ལྟར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་དུ་མས་གཟིར། །གཡང་ཁའི་རྩྭ་དང་སྤུ་གྲིའི་སྦྲང་རྩི་བཞིན། །ངན་སོང་ལྟུང་ཞིང་ཐར་པའི་སྲོག་རྩ་གཅོད། །ཕྱེ་ལེབ་མེ་དང་སྲིན་མོའི་རེག་བྱ་བཞིན། །ཞེན་ཅིང་ཆགས་པས་སྡུག་བསྔལ་དཔག་མེད་འབྱུང་། །རྨི་ལམ་དང་ནི་སྒྱུ་མའི་དཔེ་བཞིན་དུ། །བདེན་བདེན་འདྲ་ཡང་བསླུ་ཞིང་འགྱུར་བ་ཉིད། །དུག་དང་འདྲེས་པའི་ཁ་ཟས་ཅི་བཞིན་དུ། །གནས་སྐབས་བདེ་འདྲ་མཐར་ཐུག་སྡུག་བསྔལ་བསྐྱེད། །དེ་ལྟའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་འདི། །དོན་ལ་མེད་ཀྱང་འཁྲུལ་བའི་བློ་ངོར་སྣང་། །ཕྱི་ཡི་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་དང་། །ནང་གི་སྲིད་པ་ཉེར་ལེན་ཕུང་པོ་ལྔ། །གསང་བ་གཟུང་འཛིན་རྣམ་རྟོག་ཚོགས་བརྒྱད་སོགས། །འདི་དག་འཁྲུལ་པ་སྡུག་བསྔལ་རང་བཞིན་ཏེ། །མི་བདེན་བསླུ་བ་སྲིད་པའི་རྒྱུ་འབྲས་ཡིན། །སྲིད་པའི་གྲོང་ཁྱེར་འཁོར་བའི་སྡུག་བསྔལ་ལ། །མ་ཆགས་མ་ཞེན་ད་ནི་བྱ་བ་ཐོངས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །དོན་མེད་ཚེ་འདིའི་དབང་དུ་མ་བཏང་ཞིག །ལུས་སྲོག་མི་རྟག་ཆུ་ཡི་ལྦུ་བ་འདྲ། །ནམ་འཆི་ཆ་མེད་ཆོས་ལ་བརྩོན་འགྲུས་བསྐྱེད། །ཆོས་ཀྱི་ལག་ལེན་དགེ་སྒྲུབ་སྡིག་སྤོང་ཡིན། །དགེ་བ་སྤེལ་ཞིང་ཉེས་པས་གོས་མི་བྱ། །གཏན་གྱི་སྐྱབས་གནས་བསླུ་མེད་དཀོན་མཆོག་ལ། །རྣམ་པ་ཀུན་ཏུ་བློ་གཏད་སྐྱབས་སུ་འགྲོ། །ཐོག་མེད་དུས་ནས་དྲིན་ལྡན་སེམས་ཅན་ལ། །བདེ་ཐོབ་སྡུག་བསྔལ་བྲལ་འདོད་བདེ་དགའ་ངང་། །ཀུན་ལ་སྙོམས་པའི་བཏང་སྙོམས་ཚད་མེད་བཞི། །འགྲོ་བའི་དོན་དུ་སེམས་སྐྱེད་ཡང་ཡང་བསྒོམ། །ཆོས་གྱི་རྩ་བ་སྙིང་རྗེ་བྱང་ཆུབ་སེམས། །བདག་བས་གཞན་གཅེས་ལྷག་པའི་བསམ་པ་ཡིས། །འགྲོ་རྣམས་བྱང་ཆུབ་ཐོབ་འདོད་སེམས་བསྐྱེད་མཆོག །རྣམ་པ་ཀུན་ཏུ་བསྒོམ་པ་གལ་ཆེའོ། །དགེ་རྩ་ཅི་བྱེད་སེམས་ཅན་དོན་དུ་བསྔོས། །ཀུན་ཀྱང་སངས་རྒྱས་ཐོབ་པའི་སྨོན་ལམ་ཐོབ། །དེ་དག་བསམ་བྱའི་སྤྲོས་པའི་ཉམས་ལེན་སོང་། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཁྱེད་ནན་ཏན་སྙིང་པོ་སྒྲུབ་འདོད་ན། །བཀའ་མདོ་རྒྱུད་ཀྱི་སྙིང་པོ་འོད་གསལ་ལམ། །གཤིས་སྣང་སྲིད་ཀྱི་ངོ་བོ་ཡེ་སྟོང་པ། །དོན་སྐྱེ་འགགས་དང་བྲལ་བའི་གནས་ལུགས་མཆོག །ལས་རྟག་ཆད་དང་འགྲོ་འོང་ལས་བྲལ་བ། །ཕྱོགས་གང་དུའང་མ་ལྷུང་ནམ་མཁའི་དཔེ། །ཆོས་ཕྱག་རྫོགས་དང་དབུ་མའི་གནས་ལུགས་མཆོག །སེམས་སེམས་བྱུང་དང་བྲལ་བ་གཉུག་མའི་གཤིས། །དོན་སོ་མ་དང་རྣལ་མ་གཉུག་མའི་མཆོག །ཡུལ་ཡུལ་ཅན་གཉིས་མེད་ངོ་བོ་ནི། །དོན་རང་བྱུང་རིག་པ་འདི་ཀ་ཡིན། །དོན་ཤེས་བྱ་དང་ཤེས་བྱའི་ཡུལ་ལས་འདས། །གནད་ལྟ་བྱ་དང་ལྟ་བྱེད་བྲལ་ན་ཡང་། །དོན་རང་རིག་ཏུ་རྟོགས་པ་ལྟ་བ་ཡིན། །དོན་གོལ་ས་དང་འཆུག་སའི་ཕྱོགས་འགའ་མེད། །ལྟ་རྟོགས་པར་གྱིས་ཤིག་སྐལ་ལྡན་ཀུན། །གནད་དེ་ལྟའི་ངང་ལ་མ་བཅོས་པར། །སེམས་མ་ཡེངས་མི་བསྒོམ་རང་ལུགས་སུ། །དེ་རང་ངོ་སྐྱོང་བ་བསྒོམ་པ་ཡིན། །དཔེ་ནམ་མཁའ་ནམ་མཁར་ཐིམ་པའམ། །དོན་ཆུ་ལ་ཆུ་བཞག་བཞིན་དུ་ཞོག །བློ་མ་བཅོས་རྟོག་མེད་རང་བབས་སུ། །དུས་རྒྱུན་ཏུ་འཇོག་པ་མཉམ་བཞག་ཡིན། །དོན་ནམ་མཁའ་ལྟ་བུའི་སྟོང་ཉིད་ངང་། །སེམས་གཉུག་མ་ཆུ་བོ་ལྟ་བུར་འཆར། །དོན་ཁ་གཏིང་མེད་པ་རྒྱ་མཚོ་བཞིན། །གཤིས་འོད་གསལ་ཉི་མ་ལྟ་བུར་འཆར། །བློ་རེ་འགའ་བདེ་བའི་སྣང་བ་འཆར། །བདེ་བའི་ངོ་བོ་ཡུལ་མེད་དེ། །སྡུག་པའི་སྣང་བའང་དེ་བཞིན་དུ། །བློ་བདེ་སྡུག་ཀུན་སྒྱུ་མར་ཤེས་གྱིས་ལ། །སེམས་ནམ་མཁའ་ལྟ་བུའི་ངང་ཏུ་ཞོག །བུ་ད་དུང་རིག་པ་གཏན་ལ་ཕོབས་། །བློ་རེས་འགའ་རྙེད་དང་ཟ་འདོད་འཆར། །དེ་ངོ་བོ་མེད་པ་སྟོང་པའི་རྩལ། །བློ་མ་རྙེད་དོགས་པའང་དེ་བཞིན་དུ། །སེམས་རེ་དོགས་བྲལ་བའི་ངང་ལ་ཞོག །བུ་ད་དུང་ཆོས་ཉིད་གཏན་ལ་ཕོབས། །བློ་རེས་འགའ་གྲགས་ན་དགའ་སྙམ་འཆར། །དེ་རྩ་བ་མེད་པ་བར་སྣང་བཞིན། །སེམས་མ་གྲགས་དོགས་པའང་དེ་བཞིན་དུ། །སེམས་སྤྲོས་དང་བྲལ་བའི་ངང་ལ་ཞོག །བུ་ད་དུང་མཐའ་བྲལ་གཏན་ལ་ཕོབས། །བློ་རེས་འགའ་བསྟོད་དགའི་སྣང་བ་འཆར། །དེ་གཞི་རྩ་མེད་པ་བྲག་ཆ་བཞིན། །རང་མ་བསྟོད་སྨད་པའང་དེ་བཞིན་དུ། །སེམས་འཛིན་པ་མེད་པའི་ངང་ལ་ཕོབས། །བུ་ད་དུང་མཉམ་ཉིད་གཏན་ལ་ཕོབས། །བློ་རེས་འགའ་ཡིན་སྙམ་རེ་བ་འཆར། །དེའི་རང་བཞིན་ནམ་མཁའི་མེ་ཏོག་འདྲ། །བློ་མིན་སྙམ་དོགས་པའང་དེ་བཞིན་ནོ། །སེམས་ཕྱོགས་ལྷུང་བྲལ་བའི་ངང་ལ་ཞོག །བུ་ད་དུང་ལྟ་བ་གཏན་ལ་ཕོབས། །དུས་ཉིན་མཚན་མེད་པ་ཐམས་ཅད་དུ། །བློ་འཛིན་མེད་རང་གསལ་རང་ངོ་ལ། །སེམས་མ་བཅོས་རྣལ་མའི་ངང་ལ་ཞོག །བློ་བྱིང་ན་རིག་པ་མཁའ་ལ་བྱིང་། །སེམས་རྒོད་ན་རིག་པ་ཀློད་དེ་ཞོག །དོན་རང་བྱུང་རིག་པའི་རང་ངོ་སྐྱོང་། །ཆོས་སྒོམ་པ་ལགས་སོ་གོམས་པར་གྱིས། །སྒོམ་དེ་ཀའི་ངང་ནས་སྤྱོད་ལམ་དང་། །དེ་བསྲེ་ཞིང་ཟ་འགྲོ་གཉིད་ལ་སོགས། །དུས་སྤྱོད་ལམ་ཀུན་ཏུ་མ་ཡེངས་པར། །དེ་ཤེས་བཞིན་དྲན་པའི་ངང་ནས་སྤྱོད། །ཀུན་རྨི་ལམ་སྒྱུ་མའི་དཔེ་བཞིན་དུ། །བློ་འཛིན་མེད་ལྷུག་པའི་ངང་ནས་སྤྱོད། །སེམས་ཞེན་ཆགས་བྲལ་བའི་དགོངས་པ་འཆར། །དེ་སྤྱོད་པ་ཡིན་ནོ་ཤེས་པར་གྱིས། །དོན་དེ་ལྟར་མཉམ་རྗེས་མེད་སྒོམ་པས། །གཤིས་རང་བྱུང་རིག་པ་རང་ཚོ་ཟིན། །སེམས་སེམས་བྱུང་འཁྲུལ་པ་དབྱིངས་སུ་ཐིམ། །དོན་ཀ་དག་དགོངས་པའི་རྒྱལ་སྲིད་ཟིན། །སེམས་འོད་གསལ་ཉི་མ་གསལ་འགྲིབ་མེད། །གཤིས་ཆོས་ཉིད་ནམ་མཁའ་འཕོ་འགྱུར་བྲལ། །དོན་གཉུག་མའི་ངོ་བོ་རྒྱུན་ཆད་མེད། །ཞིང་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ། །ཆོས་དོན་གཉིས་འགྲུབ་པའི་རྩེ་མོར་གྱུར། །དེ་འབྲས་བུ་ལགས་སོ་རྟོགས་ནས་འོང་། །གནད་དེ་ལྟར་བཤད་པའི་དགེ་བ་དེས། །མ་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ། །བློ་འབད་མེད་གྲོལ་བའི་དོན་རྟོགས་ནས། །དོན་རྫོགས་བྱང་གི་འབྲས་བུ་ཐོབ་བར་ཤོག །མདྒ་ལཾ། །
ཅེས་པ་འདི་ཉིད་བསམ་གཏན་ཕྲིན་ལས་བསྟན་འཛིན་ཀྱིས་གསལ་འདེབས་ཀྱི་མན་ངག་གཅིག་དགོས་ཟེར་ཞིང་ཡང་ཡང་བསྐུལ་ངོར་རྫོགས་ཆེན་རྣལ་འབྱོར་པདྨ་རིག་འཛིན་གྱིས་རྩ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་མཆོག་ཡུལ་རྣམས་ཀུན་གྱིས་གཙོ་བོ་མ་སྲིང་མཁའ་འགྲོའི་ཕོ་བྲང་ཟབ་ལམ་རྡོ་རྗེ་ར་བའི་དབེན་གནས་བསམ་གཏན་ཕོ་བྲང་དུ་སྦྱར་བའོ། །

མན་ངག་ཟླ་བ་རིན་ཆེན་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཡེ། གུས་པས་ཕྱག་འཚལ་བླ་མ་དམ་པ་རྗེ། །གདམས་པ་ཞིག་ངེས་པར་དགོས་གྱུར་ན། །མ་ཡེངས་བར་གསན་ཅིང་སེམས་གཏད་ནས། །འགྱུར་མེད་དུ་ཉམས་སུ་ལེན་པར་མཛོད། །འཁོར་འདས་ཀུན་དག་མཉམ་མ་ཤར་བར། །འཇིགས་རུང་ཀྱི་སྲིད་ལས་ཅི་ཐར་དང་། །རྒྱུ་འབྲས་ཀུན་སྐྱེ་མེད་མ་གྱུར་བར། །དགེ་སྡིག་ལ་བླང་དོར་ཚུལ་བཞིན་མཛོད། །བདེ་ཆེན་གྱི་དབྱིངས་སུ་མ་ཕྱིན་པར། །མི་རྟག་ཀྱི་བསྐུལ་མ་ཡང་ཡང་ཐོངས། །གཏན་བདེ་ཡི་དམ་ཆོས་སྒྲུབ་དུས་འདིར། །འཕྲལ་བདེ་ཡི་སྐྱིད་འདོད་མ་ཆེ་མཛོད། །བསམ་གཏན་གྱི་ཟས་དང་ཏིང་འཛིན་སྒོམ། །འཕྲལ་ཕུགས་ཀུན་འཚོ་བའི་ལོངས་སྤྱོད་བཟང་། །ཆོག་ཤེས་དང་གང་བྱུང་སྒྲུབ་པའི་བརྒྱགས། །ཟས་གོས་ལ་སྲེད་པའང་མ་ཆེ་མཛོད། །ཐམས་ཅད་ཀུན་མི་རྟག་སྒྱུ་མ་འདྲ། །དགྲ་གཉེན་ཀུན་ངེས་མེད་འགྱུར་བ་ཅན། །བསྟོད་སྨད་དང་བདེ་སྡུག་རྨི་ལམ་ཙམ། །ཆགས་སྡང་གི་ལས་རྣམས་སྐྱུར་བར་མཛོད། །གྲོ་ཟན་དང་གཏན་ཆུས་མི་བརྗེ་ཞིང་། །དོན་མེད་ལ་མི་ཚེ་མ་ཟད་པར། །བྱས་ཆོས་ཙམ་ཐར་བར་མི་འཛིན་པའི། །དོན་དམ་ལ་ཉམས་ལེན་གཏིང་ཕྱིན་མཛོད། །ཀྱེ་ཧོ་ཡང་གསོན་དང་བློ་ལྡན་པ། །འཁོར་འདས་ཀུན་མཉམ་ཉིད་བྱང་ཆུབ་སེམས། །རྣམ་དག་གི་རིག་པ་ཡེ་རྫོགས་ཀློང་། །རང་བྱུང་གི་གཉུག་མ་འདི་ཀ་ཡིན། །ཀུན་གཞི་དང་མ་རིག་ངོ་ནས་དག །བག་ཆགས་དང་འཁྲུལ་བའི་རྩ་བ་ཆད། །ཉོན་མོངས་དང་ལས་སྣང་རང་བཞིན་བྲལ། །ཀ་དག་གི་རིག་པ་འདི་ཀ་ཡིན། སྐྱེ་མེད་ཀྱི་རིག་པ་འདི་ཀ་ཡིན། །སྐྱེ་མེད་ལ་གནས་དང་འགག་རྒྱུ་ཅི། །འཁྲུལ་མཁན་གྱི་སེམས་ཉིད་གདོད་ནས་སྟོང་། །གྲོལ་རྒྱུ་ཞེས་ངོ་བོ་རྡུལ་ཆ་བྲལ། །སེམས་ཉིད་ཀྱི་ཟང་ཐལ་འདི་ཀ་ཡིན། །མ་བཅོས་པའི་ཆོས་ཉིད་བྱང་ཆུབ་སེམས། །ཚོགས་བརྒྱད་ཀྱི་འཛིན་རྟོག་དབྱིངས་སུ་ཐིམ། །སྣང་སེམས་ཀྱི་བྱེ་བྲག་ཆར་མར་བརྡལ། །ལྷན་སྐྱེས་ཀྱི་འོད་གསལ་འདི་ཀ་ཡིན། །བཟང་ངན་གྱི་ཀུན་བཏགས་ནམ་མཁའི་རིས། །རྟོགས་དང་མ་རྟོགས་མཐོ་དམན་བྲལ། །ལྟ་སྒོམ་ཀུན་ཡེ་རྫོགས་བདེ་ཆེན་ངང་། །སྐྱེ་མེད་ཀྱི་རང་སེམས་འདི་ཀ་ཡིན། །ཡིན་ལུགས་འདི་མཐའ་བྲལ་དབུ་མ་ཆེ། །ཟུང་འཇུག་གི་འོད་གསལ་ཕྱག་རྒྱ་ཆེ། །ཡེ་གྲོལ་གྱི་ཀ་དག་རྫོགས་པ་ཆེ། །དམིགས་མེད་ཀྱི་རང་བབས་ལྷུག་པར་ཞོག །ཡེ་སྟོང་ལ་སྟོང་འཛིན་བསྐྱེད་མི་དགོས། །འོད་གསལ་ལ་ཡང་གསལ་བྱ་མི་དགོས། །རྟོག་མེད་ལ་ཡོ་ལོངས་འཚུབས་མི་དགོས། །ཡིན་ལུགས་ལ་ཡེངས་མེད་ལྷུག་པར་ཞོག །སྒོམ་པ་ཞེས་བློ་སེམས་གཟེབས་དང་ཁྲོལ། །མི་བསྒོམ་ཞེས་ཡེངས་འཁྲུལ་དྲུང་ནས་ཕྱུང་། །བློ་སེམས་དང་རྣམ་ཤེས་སྦུབས་ལས་ཐོན། །ཆོས་ཉིད་ཀྱི་རིག་པ་རྗེན་པར་ཞོག །ཡིན་ཚུལ་བཞིན་རྟོགས་པའི་སྒོམ་པ་ལ། །བཏང་བཞག་དང་འགྲོ་འོང་བཅོས་བསྒྱུར་མེད། །ཁམས་རྐྱེན་ཀྱི་བྱིང་རྒོད་གཉེན་པོ་རུ། །གཏད་མེད་ཀྱི་གྲིམ་ལྷོད་གང་བདེ་མཛོད། །མ་རྟོགས་པའི་འགྲོ་ལ་སྙིང་རྗེ་དང་། །སྤྱོད་ལམ་ཀུན་ཉམས་ལེན་ངང་ནས་བྱ། །མ་འདྲེས་ན་མཉམ་བཞག་ལྷུག་པའི་ངང་། །སྤྱོད་ལམ་དུ་དྲན་པ་ལམ་ཁྱེར་བཟང་། །བྱང་ཆུབ་ཀྱི་སེམས་ཉིད་ཆོས་ཀྱི་དབྱིངས། །ཡེ་བསྒོམ་གྱི་འོད་གསལ་འཁོར་ལོ་ལ། །བློས་སྒོམ་གྱི་རྟོག་པ་མ་ཡིན་ཡང་། །ཡེང་མེད་ཀྱི་ངང་སྒོམ་སྤྱོད་པ་བཟང་། །ཡེ་གསལ་ལ་ཡང་གསལ་རྒྱས་ཐེབས་ནས། །སྣང་སྲིད་ཀུན་བདེ་ཆེན་ཆོས་ཀྱི་དབྱིངས། །སྣང་གྲགས་ཚོ་སྐུ་གསུམ་རོལ་པའི་རྒྱན། །ཀུན་བཟང་གི་དགོངས་ཀློང་མངོན་དུ་གྱུར། ཨེ་མ་ཧོ་གཟིགས་དང་མཁས་པའི་རྒྱན། །མདོ་རྒྱུད་ཀྱི་དགོངས་པ་མ་ལགས་སམ། །ཉམས་ལེན་དང་བསྲེས་དང་རྟོགས་ལྡན་རྣམས། །གནས་ལུགས་ཀྱི་ཆོས་ཉིད་མ་ལགས་སམ། །ཚུལ་བཞིན་ཞིག་སྒོམ་དང་བསྒོམ་ཆེན་ཚོ། །ཉམས་རྟོགས་ཀྱི་མཛོད་ཁང་མ་ལགས་སམ། །རྟོག་གེ་དང་བླུན་པོས་མཐོང་གྱུར་ན། །མགོ་འཐམ་ཞིང་འགལ་བར་འཛིན་སྲིད་དམ། །གདམས་པ་འདི་དགྱེས་ཚང་དྲུང་འཚོ་བས། །ཡང་ཡང་གཅིག་བསྐུལ་ངོར་པདྨའི་མཚན། །རྣལ་འབྱོར་པས་ཙཱ་རིའི་གནས་སུ་སྦྱར། །དགེ་བ་དེས་མཁའ་མཉམ་འགྲོ་བ་ཀུན། །བླ་མེད་ཀྱི་བྱང་ཆུབ་འགྲུབ་པར་ཤོག །

སྙིང་གཏམ་བཻཌཱུཪྱའི་དོ་ཤལ་བཞུགས་སོ།།

ཁོ་ཡཱ། ལྟོས་དང་བྱ་བྲལ་རྣལ་འབྱོར་བདག །གསུམ་ལྡན་སྡོམ་ལ་ཞུགས་ནས་ཆོས་བཞིན་བགྱིད། །འཇིག་རྟེན་བྱ་བ་བཏང་ནས་དོན་ཆེན་སྒྲུབ། །ལྟ་བའི་གདེང་ལྡན་བློ་བདེའི་ངང་འབྱམས་ཡང་། །སྤྱོད་ཚུལ་མཐོང་ཞིང་ཐོས་པས་ཡིད་མུག་ལྡང་། །རང་ཉིད་ཉམས་ལེན་གང་ལའང་འཕེལ་མཆིས་ཀྱང་། །ལྟོས་བཅས་གྲོགས་དང་ཆོས་མཐུན་གྲོགས་པོར་བཅས། །བྱ་ཁྱུང་མཁའ་ལ་འཕུར་བ་ཅི་བཞིན་དུ། །གནས་ཆེན་ཙཱ་རིར་སྒྲུབ་པ་བྱའོ་ཞེས། །བློ་ཆེན་བསྐྱེད་ཅིང་དོན་ཆེན་ཁུར་ཁུར་ཏེ། །གནས་འདིར་འོང་ནས་འཇིག་རྟེན་ཕན་པའི་གྲོས། །ཆོས་ཀྱི་གདམས་པ་རང་རྒྱུད་འདུལ་བའི་ཁྲིམས། །གང་ཕན་དགའ་བདེའི་ཟབ་བཞེད་སྐྱེས་ནའང་། །དུལ་མོད་ལྟར་ཡང་རེངས་འདི་ཅི་ལྟ་བུ། །བདེ་གཤེགས་ཀུན་འདུས་རྩ་བའི་བླ་མ་ལ། །ལེགས་པའི་རྟེན་འབྲེལ་དེ་ནས་བསྒྲིག་དགོས་པས། །ཅི་མཛད་ལེགས་དང་ཅི་གསུང་ཚད་མ་སོགས། །རང་ཉིད་མ་ལྡན་གཞན་གྱིས་བྱེད་རེ་བའི། །འདོད་པ་དེ་འདྲ་བྱིས་པའི་རང་འདོད་ཡིན། །དེ་བཞིན་རང་མ་དུལ་བར་གཞན་འདུལ་དང་། །རང་མ་གྲོལ་བར་གཞན་སྒྲོལ་འདོད་པ་འཁྲུལ། །དངོས་འཛིན་ཅན་ལ་སྣང་བ་འཁྲུལ་བ་དང་། །ཞེ་སྡང་ཅན་ལ་ཐམས་ཅད་དགྲ་བོ་དང་། །ང་རྒྱལ་ཆེ་ལ་གཞན་བས་ཆེ་འདོད་དང་། །ཕྲག་དོགས་ཅན་ལ་འགྲན་སེམས་བརྙས་བཅོས་དང་། །བསོད་ནམས་དམན་རྣམས་དགའ་དུས་སྡུག་སྣང་དང་། །ལས་ངན་བསླང་དུས་སྤྱོད་ངན་སྣ་ཚོགས་དང་། །བདུད་ཀྱི་དབང་སོང་རྩུབ་འཁྲུགས་འཐབ་མོ་དང་། །བསོད་ནམས་ཟད་ཁ་ཁྲོ་ཚིག་ཞེ་འདེབས་སོགས། །བླུན་རྨོངས་འཁྲུལ་པ་ཅན་ལ་འོང་བ་ཡིན། །མདོར་ན་མྱ་ངན་འདས་བདེའི་རང་བཞིན་དེ། །དུལ་ཞིང་ཞི་དང་གྲོལ་བའི་བདག་ཉིད་ཅན། །ཡིན་པའི་གོ་བ་ཙམ་ཞིག་མི་ལྡན་པར། །རང་ལ་ཡོད་པའི་སྐྱོན་དེ་ངོ་སོར་འཁྱེར། །གཞན་གྱིས་ཡོན་ཏན་དག་ལ་བརྙས་སེམས་འཛིན། །ཅུང་ཟད་སྐྱོན་མ་བྲི་ལ་ཡོན་ཏན་མེད། །དེ་ལྟ་ནའང་ལྷག་པའི་བློ་སེམས་ཅན། །མི་སྡུག་བཞིན་དང་རྩུབ་མོའི་ང་རོ་ཆེ། །དུག་ལྔ་མེ་འབར་བསམ་ངན་འཚུབ་མ་འཚུབས། །སྐྱེས་པས་སྐྱེས་མ་མི་གཙང་ཉོན་མོངས་སྤྱོད། །དམ་ཚིག་མི་སྲུང་སྡོམ་པའི་རྩ་བ་ཉམས། །བཟང་པོ་འདོད་ལ་ངན་པའི་ངང་ཚུལ་ཅན། །ཀྱི་ཧུད་འོ་སྐོལ་མི་ལུས་ཅི་ལྟར་གྱུར། །ལས་ངན་གདུག་པའི་སེམས་ཅན་མ་ཡིན་ནམ། །ཡང་ན་བར་ཆད་བདུད་ཀྱིས་གླགས་རྙེད་དམ། །ཡང་ན་དུས་ངན་སྙིགས་མའི་རྟགས་ཡིན་ནམ། །བླ་མ་དཀོན་མཆོག་ཐུགས་རྗེ་ཆུང་ངམ་ཅི། །རང་རང་བློ་སེམས་གཏན་ནས་མེད་པའམ། །ངན་སོང་གསུམ་གྱི་འགྲོ་བ་མ་ཡིན་ནམ། །སྙམ་སྟེ་བྱས་པ་དོན་མེད་ཡིད་ཆད་གྱུར། །འོན་ཀྱང་མི་ལུས་རིན་ཆེན་ཁྱད་པར་ཆེ། །སྨྲ་ཤེས་དོན་གོ་གང་བསླབས་ཐམས་ཅད་ཤེས། །བྱང་ཆུབ་སྒྲུབ་ན་ཚེ་གཅིག་གིས་ཀྱང་འགྲུབ། །དེ་ཕྱིར་སླར་ཡང་བཟང་ངན་གོ་ལྡོག་དགོས། །སྐྱོན་བྲལ་ཡོན་ཏན་ཕུང་པོའི་སངས་རྒྱས་ཡང་། །སྐྱོན་ཅན་སེམས་ཅན་དག་གིས་སྒྲུབ་པས་འབྱུང་། །འདི་འདྲའི་ཚུལ་ལུགས་ལེགས་པར་ཤེས་གྱིས་ལ། །གཤིས་ངན་བསྐྱུར་ལ་བཟང་པོའི་སྲོལ་ལ་ཞུགས། །བག་ཡོད་དྲན་དང་ཤེས་བཞིན་ལྡན་པ་ཡིས། །ལུས་ངག་ཡིད་གསུམ་དུལ་བའི་དཔལ་ལ་སློབ། །གཞན་ལམ་མ་ལྟ་རང་སྐྱོན་རང་ངོ་ཟུངས། །བླ་མ་དཀོན་མཆོག་དཔང་པོའི་བློ་གཏད་མཛོད། །སློབ་དཔོན་མཆེད་གྲོགས་གཞུང་བཞིན་དམ་ཚིག་བསྲུང། །བསྐྱེད་རྫོགས་ཉམས་ལེན་དོན་ལས་འབྲལ་མི་བྱ། །བླ་མ་མ་བསླུ་སངས་རྒྱས་བསྟན་མ་བཤིག །མི་ཁ་མ་བསླུ་རང་སྨྲ་རང་མ་ཕབ། །སྒོ་གསུམ་དམ་པའི་ཆོས་དང་མ་འབྲལ་ཅིག །དེ་ལྟར་བྱུང་ན་འགྲོ་འདུག་གང་བྱས་རུང་། །དེ་ལྟར་མ་བྱུང་རང་སྡུག་མི་ཡིས་ཁྲེལ། །ཤེས་ཤིང་གོ་བར་མཛོད་ཅིག་བློ་ལྡན་རྣམས། །དེ་ལྟར་སྨྲ་འདི་གཅིག་ལ་མ་ཡིན་ཏེ། །རང་རེ་ཀུན་གྱི་སྐྱོན་ཡོན་ངོས་འཛིན་ཡིན། །གང་ལ་ཕོག་བ་དེ་ཡིས་མཚང་ངོས་ཟུངས། །གང་གིས་གོ་བ་དེ་ནི་གདམས་ཟབ་ཡིན། །གང་གིས་རྟོགས་པ་དེ་ནི་གྲོལ་བའི་རྟགས། །ཅེས་པ་འདི་རིག་འཛིན་རྒྱ་མཚོའི་གྲོགས་མཆེད་མང་ཞིག་ཙཱ་རི་ཏྲ་ནས་བསོད་སྙོམས་ལ་འགྲོ་བའི་དུས་སུ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་པདྨ་རིག་འཛིན་གྱིས་ཞལ་གདམས་སྙིང་གཏམ་དུ་གདམས་པའོ། །

ལྟ་སྒོམ་སྤྱོད་པའི་གནད་སྟོན་པའི་གླུ།

ལྟ་བ་ཡས་བབས་དངོས་འཛིན་འཁྲུལ་བ་སངས། སྤྱོད་པ་མས་འཛེགས་སོ་ཐར་ཚུལ་ཁྲིམས་སྲུང་། བྱང་སེམས་གཞི་བཟུང་སྟོང་ཉིད་སྙིང་རྗེ་འབྲེལ། ཐུབ་བསྟན་འཁྲུལ་མེད་ཁྱོད་ཀྱི་སྤྱོད་གྱུར་ཅིག །ལྟ་བས་སྤྱོད་པ་མི་བསླད་རྒྱུ་འབྲས་ཞིབ། སྤྱོད་པས་ལྟ་བ་མ་བཅིང་མཁའ་ལྟར་དག །འགྲོ་དོན་རང་དོན་མ་འདྲེས་བསྟན་འགྲོར་བསམ། འཆུག་མེད་ལམ་བཟང་བུ་ཁྱོད་འགྲིམ་པར་ཤོག །བསླད་མེད་འགྲོ་དོན་རླབས་ཆེན་སེམས་པའི་ཚེ། བགེགས་དང་དགྲ་ཡིས་བར་ཆད་མི་འབྱུང་ཞིང་། སྤྲིན་བྲལ་མཁའ་ལ་ཉི་མ་ཤར་བ་བཞིན། ཕྱོགས་རིས་མེད་པའི་འགྲོ་དོན་འབྱུང་བར་ཤོག །མཐོང་ཐོས་དྲན་རེག་སྐྱེ་འགྲོ་ཐམས་ཅད་དང་། ཁྱད་པར་ཟས་ནོར་ཆོས་ཀྱི་འབྲེལ་ཐོགས་ཚད། ངན་སོང་འཁོར་བའི་སྐྱེ་སྒོ་ཆོད་ནས་ཀྱང་། བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་དང་། བདེན་པ་གྲུབ་པ་རྣམས་ཀྱི་བདེན་སྟོབས་མཐུས། བཀྲ་ཤིས་སྨོན་ལམ་གེགས་མེད་འགྲུབ་གྱུར་ཅིག །

དཔོན་ཆེན་རྣམ་རྒྱལ་ལ་གདམས་པ་བཞུགས་སོ།།

ན་མོ་གུ་རུ་ཡེ། གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རིག་རྩལ་གྱི་སློབ་དཔོན་པདྨ་འབྱུང་། །མཚུངས་མེད་ཀྱི་དྲིན་ལྡན་བླ་མ་རྗེ། །གསོལ་བ་རང་འདེབས་སོ་བྱིན་གྱིས་རློབས། །སྔོན་བྱོན་གྱི་མདའ་བསྣུན་ཆེན་པོའི་བུ། །འདི་ལྟར་རྟོགས་ན་གླུ་ལེན་ཏེ། །མ་ཡིན་པ་གཞན་འགའ་མ་མཐོང་ངོ་། །ཡིན་བཞིན་ལ་ཡིན་པར་ཤེས་སོ་ཀྱེ། །ཁམས་གསུམ་གྱི་འཁོར་བའི་རྒྱ་མཚོ་ལས། །དལ་འབྱོར་གྱི་ཡིད་བཞིན་ནོར་བུ་རྙེད། །མི་དགེ་བའི་འདམ་དུ་མ་བྱིང་པར། །དམ་ཆོས་ཀྱི་རྒྱན་གྱིས་བརྒྱན་པས་ལེགས། །མདོ་དོན་ལ་སྒྲུབ་ཚུལ་མང་ན་ཡང་། །དོན་མེད་ཀྱི་འཇིག་རྟེན་བྱ་མང་ལ། །མི་ཚེ་ཀུན་སྟོང་ཟད་མ་སྐྱེལ་བར། །གཏན་བདེའི་ཐར་ལམ་སྙེགས་པས་ལེགས། །ཚེ་འདི་ཡི་སྣང་ཤེས་བསླུ་བྲིད་ལ། །མགོ་སྟོང་གི་ཆགས་ཞེན་མ་ཤོར་བར། །སྒོ་གསུམ་ཀུན་བག་ཡང་ཆོས་སྤྱོད་པའི། །འཇིག་རྟེན་གྱི་བྱ་བ་བྲལ་བས་ལེགས། །ཆོས་བརྒྱད་ཀྱི་འཁོར་ལོ་བསྐོར་བ་ཡི། །ཚེ་འདི་པའི་སློབ་དཔོན་མ་ཡིན་པའི། །བརྩེ་ལྡན་གྱི་སངས་རྒྱས་མངོན་སུམ་དུ། །དྲིན་ཆེན་གྱི་བླ་མར་མཇལ་བས་ལེགས། །རྙེད་ཚོལ་གྱི་ཚོང་ཟོང་ཟབ་ཟབ་པའི། །ལྟར་སྣང་གི་སློབ་གཉེར་ཙབ་ཙུབ་མིན། །སྐུ་གསུམ་གྱི་བསྟན་པའི་གཞུང་ལུགས་ཀྱི། །གདམས་ངག་གི་རྒྱ་མཚོ་ཐོབ་པས་ལེགས། །ཅི་བྱ་གཏོལ་མེད་འགྲོ་འདུག་གིས། །ཡེངས་ལམ་གྱི་མི་ཚེ་མ་ཟད་པར། །ཐོས་བསམ་དང་སྒོམ་པར་དྲིལ་བ་ཡི། །ཉམས་ལེན་ལ་སྙིང་པོ་བྱས་པས་ལེགས། །བྱ་རྩོལ་ལ་སྙིང་པོ་མི་འཆའ་ཞིང་། །འདུས་བྱས་ལ་བྱང་ཆུབ་མི་བྱེད་པའི། །ཀ་དག་དང་ལྷུན་གྲུབ་འུབ་ཆུབ་ནས། །ཡེ་གྲོལ་གྱི་ཨ་ཏི་ཤེས་པས་ལེགས། །ཤེས་ཙམ་ལ་ཉམས་ལེན་ཡིད་སྨོན་ནས། །ཕྱོགས་རེ་རུ་ཞེན་པའི་བློ་བྲལ་ནས། །རང་རིག་དང་ཆོས་དབྱིངས་དབྱེར་མེད་པའི། །གནས་ལུགས་ཀྱི་དགོངས་པ་རྟོགས་པས་ལེགས། །སྣ་མང་གི་བྱེད་སྤྱོད་གཅིག་ཏུ་བསྡུས། །ཆོས་ཀུན་ལ་སྤང་བླང་མི་དགོས་པའི། །ལྟ་སྒོམ་དང་སྤྱོད་འབྲས་གཅིག་ཏུ་རྫོགས། །ཉམས་ལེན་གྱི་ཀློང་དུ་བདེ་བས་ལེགས། །བྱ་ར་ཡི་མཁན་པོ་ནམ་མཁར་ཡལ། །སྒོམ་བྱེད་ཀུན་རྒྱ་མཚོའི་སྟེང་དུ་ནུབ། །ཅི་ཙམ་ཅིག་ཡེངས་ཡང་གཉུག་མའི་ངང་། །ཆོས་ཉིད་འདི་མ་དང་འཕྲད་པས་ལེགས། །སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་པའི། །སྒྲུབ་པ་ཡི་རྒྱལ་སྲིད་ལེགས་བཟུང་ནས། །དགེ་སྦྱོར་ཚོ་མཐའ་རུ་ཐོན་པ་ཡི། །དོན་གཉིས་ཀྱི་བྱ་བ་སྒྲུབ་པས་ལེགས། །དེ་ལྟར་དུ་ལེགས་པའི་བྱ་བ་བཅུ། །གཅིག་ཕྲག་གི་རྒྱན་པའི་ཉམས་དབྱངས་ཚིག །རྣམ་རྒྱལ་གྱི་མིང་ཅན་རྒྱལ་རིགས་ཀྱིས། །བསྐུལ་ཕྱིར་དུ་རྫོགས་ཆེན་རྣལ་འབྱོར་པ། །པུཎྱེ་ཡི་མིང་གིས་དེ་སྐད་དོ། །མདྒ་ལཾ། །

བདེན་ཚིག་སྨོན་ལམ།།

ཨོཾ་སྭ་སྟི། དགེ་ལེགས་སུ་གྱུར་ཅིག དབང་བཅུའི་མངའ་བདག་ཐུབ་དབང་སྲས་བཅས་དང་། །དེས་གསུང་དམ་པའི་ཆོས་དང་འཕགས་པའི་ཚོགས། །སྐྱབས་གནས་རིན་ཆེན་རྣམས་ཀྱི་བཀྲ་ཤིས་རྣམས། །དེང་འདིར་བུ་མཆོག་ཁྱོད་ལ་འབྱུང་གྱུར་ཅིག །ཨ་ཏི་ཤ་དང་འབྲོམ་སྟོན་སྐུ་མཆེད་གསུམ། །དགྲ་བཅོམ་བརྒྱད་ཁྲིའི་བཀྲ་ཤིས་གང་ལགས་པས། །གངས་ཅན་རྒྱལ་བསྟན་ཡུན་རིང་གནས་གྱུར་པའི། །བཀྲ་ཤིས་དེས་ནི་ཁྱོད་ལ་བདེ་ལེགས་ཤོག །པད་འབྱུང་རྩ་བ་གསུམ་དང་གཏེར་སྟོན་སོགས། །ཐུགས་རྗེའི་རྒྱུན་ལས་ཐུབ་བསྟན་ཇི་སྲིད་བར། །གསང་སྔགས་བླ་མེད་མི་ནུབ་དར་གྱུར་བས། །བཀྲ་ཤིས་དེ་ཡིས་བུ་ཁྱོད་བདེ་ལེགས་ཤོག །ཏེ་ལོ་ནཱ་རོ་མར་མི་སྒམ་པོ་བ། །དུས་མཁྱེན་ལ་སོགས་བཀའ་བརྒྱུད་བྱིན་རླབས་ཀྱིས། །སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་འཕེལ་གྱུར་པའི། །བཀྲ་ཤིས་དེ་ཡིས་བུ་ཁྱོད་བདེ་ལེགས་ཤོག །པད་འབྱུང་ཞི་ཁྲོ་དམ་པ་ཡབ་ཡུམ་སོགས། །བསྐྱེད་རྫོགས་མཐར་ཕྱིན་དངོས་གྲུབ་གཉིས་བརྙེས་པའི། །བཀྲ་ཤིས་དངོས་གྲུབ་སྣ་ཚོགས་ཅི་མཆིས་པའི། །བཀྲ་ཤིས་དེ་ཡིས་བུ་ཁྱོད་བདེ་ལེགས་ཤོག །ཕྱག་རྫོགས་ལ་སོགས་ཟབ་ཆོས་རྒྱ་མཚོ་ལ། །མངའ་བརྙེས་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ནས། །ལུས་རྟེན་འདི་ལ་དོན་གཉིས་ལྷུན་གྲུབ་པའི། །བཀྲ་ཤིས་དེ་ཡིས་ཁྱོད་ལ་བདེ་ལེགས་ཤོག །

རང་རྣམ་དྲིས་ལེན་དྲང་སྲོང་མ་བཞུགས་སོ།།

ན་མོ་གུ་རུ། རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བདག་མཆིས་ཀྱི་རྣལ་འབྱོར་འདུག་པ་འདི། །སྐྱེ་ས་དེ་རི་བོའི་ཕྱོགས་སུ་བྱས། །ཚར་ས་དེ་ཆབ་མདོའི་ཕྱོགས་སུ་བྱས། །ལོ་བཅུ་ངོ་ཙམ་ནས་ཡི་གེ་བསླབ། །ཆུང་ནས་རབ་བྱུང་ཆ་ལུགས་བྱས། །མཚན་ལྡན་བླ་མ་དམ་པ་བསྟེན། །བརྩེ་བའི་ཐུགས་ཀྱིས་བུ་བཞིན་སྐྱོང་། །དབང་ལུང་གདམས་པ་བཅས་པ་ཞུས། བདག་མི་ལུས་དོན་ལྡན་ཁོང་གི་དྲིན། །རྗེ་ཁོང་ལ་གསོལ་བ་བཏབ་ནས་ཀྱང་། །ལོ་ཁ་ཤེས་བཀའ་བརྒྱུད་ཀྱི་རྣམ་ཐར་བཟུང་། །རང་སྒྲུབ་པའི་ཉམས་ལེན་བརྩོན་བར་བྱས། །དུས་དེ་ཚེ་བླ་མའི་བྱིན་རླབས་ཀྱིས། །རང་ཉམས་མྱོང་ངེས་ཤེས་བག་ཙམ་སྐྱེས། །ཕྱི་སྣང་བ་ཡུལ་གྱི་དཀར་དམར་རྣམས། །གནས་ལྷུན་གྲུབ་དཀྱིལ་འཁོར་ཤེས་པ་བྱུང་། །བཅུད་སེམས་ཅན་ཐ་དད་སྣ་ཚོགས་རྣམས། །རྣམ་དག་ལྷ་རུ་ཤེས་པ་བྱུང་། །སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམས། །བདག་མ་ཧཱའི་རྣལ་འབྱོར་ཡིན་ནམ་སྙམ། །ཕུང་ཁམས་སྐྱེ་མཆེད་ལ་སོགས་རྣམས། །གདོད་ནས་ལྷུན་གྲུབ་ཡི་དམ་གྱི། དཀྱིལ་འཁོར་ཚོམ་བུའི་ངོ་བོར་ཤེས། །ནང་གསལ་སྟོང་ལུས་ཀྱི་དཀྱིལ་འཁོར་བསྒོམ། །བདག་ཨ་ནུའི་རྣལ་འབྱོར་ཡིན་ནམ་སྙམ། །མཆོག་གསང་བ་སེམས་ཉིད་རིག་པའི་གཤིས། །ཀ་དག་བརྗོད་བྲལ་དུ་ཤེས་པ་བྱུང་། །ཡིད་བྱེད་དང་བྲལ་བའི་གཉུག་མ་བསྒོམ། །བདག་ཨ་ཏིའི་རྣལ་འབྱོར་ཡིན་ནམ་སྙམ། །ཕྱི་སོ་ཐར་ངུར་སྨྲིག་རྒྱལ་མཚན་བཟུང་། །དུག་གསུམ་ཉོན་མོངས་ཀྱི་མགོ་བོ་མནན། །གཞན་ལ་འཚེ་བའི་བསམ་པ་སྤང་། །བདག་ཤཱཀྱའི་དགེ་སྦྱོང་ཡིན་ནམ་སྙམ། །ནང་བྱང་སེམས་བསླབ་བའི་ཕན་ཡོན་བཟུང་། །རྒྱལ་སྲས་བརླབས་ཆེན་ཀྱི་རྗེས་སུ་བསླབས། །གཞན་འགྲོ་བ་ཀུན་ལ་གང་ཕན་སྒྲུབ། །བདག་འདོད་རང་མནོག་གི་བསམ་པ་སྤང་། །བདག་བརྩེ་ལྡན་བྱང་སེམས་ཡིན་ནམ་སྙམ། །གནད་གསང་བ་རིག་འཛིན་གྱི་དམ་ཚིག་བཟུང་། །ཀུན་ཨ་འཐས་འཁྲུལ་བའི་མགོ་བོ་མནན། །དཀྱིལ་འཁོར་གསུམ་ལྡན་གྱི་ངང་དུ་གནས། །བདག་དམ་ལྡན་རིག་འཛིན་ཡིན་ནམ་སྙམ། །དངོས་འཁྲུལ་བའི་བག་ཆགས་རང་གཟུགས་རྣམས། དམིགས་མེད་སྤྲོས་བྲལ་གྱི་ཀློང་དུ་བསྒྲལ། །བདག་འཛིན་གྱི་དགྲ་བོ་ཕམ་པ་བྱས། །བདག་གསང་ཆེན་སྔགས་པ་ཡིན་ནམ་སྙམ། །གནད་ཕྱག་རྒྱ་གཞི་ཡི་དོན་བཟུང་ནས། །ཉམས་རྣམ་པ་བཞི་ཡི་གནད་དུས་རྣམས། །བདེ་སྟོང་ལྷན་སྐྱེས་སུ་སྦྱོར་བས་བཞག །ཆགས་ཞེན་གྱི་དྲི་མ་བྲལ་བར་བྱས། །བདག་ཆགས་བྲལ་གྱི་རྣལ་འབྱོར་ཡིན་ནམ་སྙམ། །གནད་སྒོ་གསུམ་དབེན་པའི་རྣལ་འབྱོར་བཟུང་། །འཁྲུལ་རྟོག་གི་གཡེང་ལས་རྒྱལ་བར་བྱས། །སེམས་གཏད་མེད་ཀྱི་གཉུག་མའི་ངང་ལ་བཞག །བདག་སྤྲོས་མེད་ཀྱི་སྒོམ་ཆེན་གཅིག་ཡིན་ནམ་སྙམ། །ཚེ་འདིར་ཕྱོགས་ཀྱི་བདེ་སྐྱིད་ཡང་ཆེར་མ་སྒྲུབ། །བཟང་འདོད་ཀྱི་བསམ་པ་ཡང་བོར་ནས་བཞག །ཚུལ་འཆོས་ཀྱི་བྱ་སྤྱོད་གཏོར་བར་བྱས། །བདག་མདོ་མེད་ཀྱི་སྨྱོན་པ་གཅིག་ཡིན་ནམ་སྙམ། །

ཞེས་པ་འདི་དབེན་གནས་ནམ་མཁའ་མཛོད་དུ་མི་རྣམས་ཀྱིས་ལོ་རྒྱུས་དྲིས་པའི་ལན་དུ་རྫོགས་ཆེན་གྱི་རྣལ་འབྱོར་པ་པདྨ་རིག་འཛིན་གྱིས་སྦྱར་པའོ། །

ཉམས་མགུར་དྲང་སྲོང་དྲི་མེད་ཅེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཆོས་ཉིད་ཀྱི་ངོ་བོ་མངོན་གྱུར་ཞིང་། །ཡེ་ཤེས་ཀྱི་རིག་པ་རང་རྩལ་རྫོགས། །ཀ་དག་ལ་འཕོ་འགྱུར་མི་མངའ་བའི། །འདྲེན་མཆོག་ནི་པདྨ་སམྦྷ་མཆོད། །དུས་མཐའི་རྣལ་འབྱོར་ཆོས་གཟུགས་ང་། །སྐྱེ་ས་དེ་མདོ་ཁམས་ཀྱི་ཕྱོགས་སུ་བྱས། །མདོ་ཁམས་ཀྱི་སྐྱེ་འགྲོ་གཞི་བརླིངས་ཡང་། །འགྱུར་མེད་ཀྱི་ཆོས་ཉིད་ས་ཟིན་པའི། །བདེ་ཆེན་གྱི་གཤིས་ལ་གནས་པ་ཉུང་། །སྐྱེ་མེད་ཀྱི་ཆོས་སྐུ་ངོ་མཚར་ཆེ། །གཏུག་ས་དེ་སྤུ་ལུང་ཕྱོགས་སུ་བྱས། །ཆོས་ཕྱོགས་ཀྱི་བསྙེན་པ་རྒྱ་ཆེ་ཡང་། །དོན་གཉིས་ཀྱི་འབྲས་བུ་ཕལ་ཆེར་ཙམ། །གནས་མེད་ཀྱི་ལོངས་སྐུ་ངོ་མཚར་ཆེ། །འགྲོ་དོན་དེ་ཡུལ་འབྲོག་འགའ་ལ་བྱས། །ཟང་ཟིང་གི་འདུ་ལོངས་མང་ན་ཡང་། །ཐར་ལམ་གྱི་བྱང་ཆུབ་ཅི་ཡོད་ཨང་། །འགགས་མེད་ཀྱི་སྤྲུལ་སྐུ་ངོ་མཚར་ཆེ། །བསོགས་པ་དེ་ལོངས་སྤྱོད་ནོར་ལ་བྱས། །གནས་སྐབས་ཀྱི་གཡེང་བ་ཙམ་ཞིག་ལས། །ནོར་བདུན་གྱི་ཡོན་ཏན་སོགས་པ་ཉུང་། །ཆགས་མེད་ཀྱི་བདེ་ཆེན་ངོ་མཚར་ཆེ། །འོང་ས་དེ་སྟོད་ཀྱི་ཕྱོགས་སུ་བྱས། །ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེར་བྱུང་། །སྒྲུབ་པ་ཡི་ངང་ཚུལ་བླ་མའི་དྲིན། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་ཆོས་བསྟན། །བསམ་གཏན་གྱི་བསྒོམ་ཚུགས་བཟུང་བ་ལས། །མཐར་ཐུག་གི་ལམ་སྣ་ཟིན་ཙམ་བྱུང་། །སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་དང་ལྷུན་གྲུབ་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་ལ་བསྙེལ་བ་མེད་དོ་སྙམ། །བོགས་འདོན་དེ་རྩཱ་རི་ཏྲ་རུ་བྱས། །རིག་པའི་ཡེ་ཤེས་སྐུར་མཐོང་ཙམ། །རྡོ་རྗེ་རྩེ་མོ་ཡི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ལུས་སྦྱང་དེ་ཀོང་ཡུལ་ཁྲ་མོར་བྱས། །འགྲོ་འདུག་གི་ཁོ་ཐག་ཆོད་ཙམ་བྱུང་། །གཉུག་མ་ཡི་གནས་ལུགས་སྐྱེ་འགགས་བྲལ། །ཡུལ་སེམས་ཀྱི་བརྡ་སྣང་ངོ་མཚར་ཆེ། །ཐོས་པ་དེ་མདོ་རྒྱུད་ཡོངས་ལ་བྱས། །བཀའ་བསྟན་གྱི་གཞུང་དང་མི་འགལ་བའི། །རྡོ་རྗེའི་ཚིག་གི་གནས་ལུགས་གོ །སེམས་དང་སེམས་ཉིད་ཀྱི་དབྱེ་བ་རྟོགས། །ཆོས་ཅན་དང་ཆོས་ཉིད་ངོ་བོ་ཤེས། །བསམ་པ་དེ་འཁོར་འདས་གཉིས་ལ་བྱས། །དབྱེ་བ་དེ་ཟག་བཅས་ཟག་མེད་གོ །བསྒོམ་པ་དེ་རྫོགས་པ་ཆེན་པོ་བསྒོམས། །འཁྲུལ་བ་ལ་ཉམས་ལེན་མི་རེ་བའི། །ཡེ་དག་གི་ཀ་དག་ཟང་མ་གོ །རྒྱུ་འབྲས་ལ་བསྲེ་བསླད་མི་འོང་ཙམ། །ཉམས་མྱོང་དེ་བདེ་གསལ་གཉིས་ལ་བྱས། །སྟོང་འཛིན་གྱི་ཤེས་པ་མི་བཟུང་བའི། །བློ་བྲལ་གྱི་ཉམས་ལེན་ཟང་མ་ཤེས། །བྱང་ཆུབ་ཀྱི་གཞུང་ལམ་ཉམས་རེ་སྤྲོ། །དངོས་པོ་ལ་རྟག་པར་མི་ཞེན་ཅིང་། །སྟོང་པ་ལ་ཆད་པར་མི་འཛིན་པའི། །ཕྱོགས་ལྷུང་དང་བྲལ་བའི་ཉམས་ལེན་ཤེས། །གོལ་སྒྲིབ་ལས་འདས་འདི་ངོ་མཚར་ཆེ། །བསྟན་གཡོ་ཡི་ཆོས་རྣམས་ཐམས་ཅད་དུ། །དངོས་པོ་དང་དངོས་མེད་ལས་འདས་པ། །མཐའ་བྲལ་གྱི་དབུ་མའི་གནས་ལུགས་ཤེས། །བརྗོད་མེད་ཀྱི་ཤེས་རབ་དྭངས་རེ་སྤྲོ། །འཁོར་བ་འདི་མྱང་འདས་ངོ་བོར་རྟོགས། །མྱང་འདས་ཀྱི་རྩལ་ལས་འཁོར་བ་ཤར། །གཉིས་མེད་ཀྱི་རང་གྲོལ་རྫོགས་པ་ཆེ། །བདེ་ཆེན་གྱི་ཀུན་བཟང་རྫོགས་སངས་རྒྱས། །གོ་བ་འདི་ཆོས་ཉིད་སྤྱི་ཙམ་ཤེས། །བསམ་པ་ཡིས་ཡིན་མིན་བྱེ་བྲག་ཕྱེད། །ཉམས་མྱོང་གིས་ཆོས་ལ་བྲོད་པ་སྐྱེས། །རྟོགས་པ་ཡིས་དོན་ལ་ངེས་ཤེས་ཐོབ། །མ་རྟོག་པས་འཁོར་བའི་སེམས་ཅན་རྣམས། །འཁྲུལ་པའི་བློ་བཟུང་སྣ་ཚོགས་བྱས། །འབྲས་བུ་རུ་ཁམས་གསུམ་འཁོར་བར་འཁྱམས། །བག་ཆགས་ཀྱི་ལས་བསགས་རྒྱུན་མི་ཆད། །ལས་ངན་ཞེས་བྱ་བ་གང་ལ་ཟེར། །རྣམ་གཡེང་གི་འཁྲུལ་བ་འདི་ཀ་ཡིན། །བག་ཆགས་ཀྱིས་ངན་སོང་གསུམ་དུ་འཁྱམས། །ངན་སོང་གི་གནས་ནས་ཐར་དུས་མེད། །ཐར་མེད་ཅེས་བྱ་བ་འཁོར་བ་ཡིན། །བག་ཆགས་ཀྱིས་འཁྲུལ་པའི་འཁོར་བ་ལས། །སེམས་བྱུང་གི་རྣམ་རྟོག་འདི་ཀ་ཡིན། །རང་གྲོལ་དུ་ཆོས་སྐུར་ཤེས་པ་གཅེས། །ཤེས་བྱ་དེ་སྣང་སྲིད་སྤྱི་ལ་བྱས། །ངོ་བོ་ཡི་སྒོ་ནས་རྟག་མཐའ་བྲལ། །རང་གཞིན་གྱི་ཆ་ནས་ཆད་མཐའ་མེད། །ཐུགས་རྗེ་ཡི་ཆ་ནས་ཟུང་འཇུག་ཤར། །རྟོགས་ཚུལ་གྱི་ཉམས་ལེན་འདི་ཀ་ཡིན། །ཤ་ཁྲག་གིས་གཟུགས་ཕུང་ལྷ་ཡིས་སྦྱངས། །སྨྲ་བརྗོད་ཀྱི་འཁྲུལ་གཏམ་སྔགས་ཀྱིས་བསྒྱུར། །དྲན་རྟོག་གི་རིག་པ་ཀ་དག་ངང་། །སྒོ་གསུམ་གྱི་དཀྱིལ་འཁོར་འདི་ཀ་ཡིན། །བསླབ་པ་དེ་གནས་ལུགས་དོན་ལ་མཁ༵ས། །བཙུན༵་ཚུལ་དེ་རིག་པ་དྲི་མ་མེད། །བཟ༵ང་པོ་ཞེས་འཁོར་བ་མྱང་འདས་རྟོགས། །ཚེ་གཅིག་གི་ཐར་ལམ་འདི་ཀ་ཡིན། །རང་དོན་དུ་གྲོལ་གཞིའི་གནས་ལུགས་ཤེས། །གཞན་དོན་དུ་སྙིང་རྗེའི་རྩལ་ཁ་རྒྱས། །དོན་གཉིས་ཀྱི་འབྲས་བུ་ཚེ་འདིར་འགྲུབ། །གཏན་བདེ་ཡི་སོ་ནམ་འདི་ཀ་ཡིན། །ཀོང་ཡུལ་གྱི་སྐྱེས་ལུང་ཁྲ་མོ་རུ། །ཉམས་མྱོང་གི་ཚིགས་བཅད་ལྷུག་པར་བྲིས། །དགེ་བ་འདི་སེམས་ཅན་ཡོངས་ལ་བསྔོ། །རྣམ་མཁྱེན་གྱི་སངས་རྒྱས་ཐོབ་པར་ཤོག །

འཁོར་བའི་དོང་ནས་ཐར་བར་བྲོས་པའི་ལམ་གྱི་ཡི་གེ་བཞུགས་སོ།།

ན་མོ་གུ་རུ་པདྨ་སམྦྷ་ཡེ། དུས་གསུམ་རྒྱལ་བ་ཀུན་འདུས་འགྲོ་བའི་མགོན། །པདྨ་སམྦྷ་བརྒྱུད་ལྡན་བླ་མའི་ཚོགས། །སྐུ་དྲིན་འཁོར་མེད་དམ་པ་མཆོག་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྤྲང་པོ་བདག་འདྲའི་ཟིན་བྲིས་མི་འཐད་ཀྱང་། །ཉམས་དང་རྨི་ལམ་བྱུང་ཚུལ་ཡི་གེར་ཐོབ། །དྲིན་ཆེན་རཱ་ག་ཨ་སྱས་དེ་སྐད་གསུངས། །དེ་ཕྱིར་ཅུང་ཟད་བདག་གིས་སྤྲོས་པ་ལགས། །བསམ་ལོ་ལོན་ནས་བསམ་པ་འདི་ལྟར་ཤར། །ད་གང་སྐྱིད་སྡུག་རྨི་ལམ་གློག་དང་འདྲ། ཕྱི་མ་ཕན་ཆད་བདེ་བ་མ་ཐོབ་ན། །བྱས་པ་དོན་མེད་སྡུག་བསྔལ་ཡིན་ནོ་བསམ། །དེ་བས་ད་རེས་ཆོས་ཤིག་བྱེད་སྙམ་ཡང་། །ལས་ངན་གཡེང་བའི་ངང་དུ་ཤོར་བས་ན། །རང་ལོ་ཉེར་གྲངས་གཉིས་ནས་གསུམ་འགྲོའི་ཚེ། །ངེས་པར་འབྱུང་བའི་བསམ་པ་ལྷག་པར་སྐྱེས། །ལས་འཕྲོ་བཟང་བས་སངས་རྒྱས་བསྟན་ལ་སླེབས། །བསོད་ནམས་བསགས་པས་དལ་འབྱོར་མི་ལུས་ཐོབ། །སྐལ་བ་བཟང་བས་བླ་མ་རྗེ་རྣམས་མཇལ། །ཆོས་སྒོ་སྣ་ཚོགས་ཐེག་ཆེན་གསང་སྔགས་ཐོབ། །མཐོ་རིས་ཐར་བ་རང་གི་ལག་ན་ཡོད། ད་རེས་ཅི་ལ་བབ་ཀྱང་ཆོས་ཤིག་བྱེད། །ཆོས་ལ་བྱེད་ལུགས་མང་པོ་ཡོད་ན་ཡང་། རྒྱ་བོད་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་མགུར། །གང་ལ་བལྟས་ཀྱང་འཇིག་རྟེན་བྱ་བཏང་མཆོག །ཉམས་ལེན་ཅི་འཕེལ་དམ་ཆོས་མ་གཏོགས་པ། །ཚེ་འདི་དངོས་ཀྱི་ཕ་སྤུན་གཉེན་དང་འབྲེལ། །རྒྱུ་དང་ནོར་ཟས་ལྟོ་གོས་གཏམ་ལ་སོགས། །ཐམས་ཅད་བོར་ནས་སྙིང་པོའི་དོན་ལ་སྒྲུབ། །རབ་ཀྱིས་གངས་དང་འབྲིང་པོས་ནགས་ཁྲོད་དང་། །ཐ་མ་མི་མེད་ལུང་སྟོང་བྲག་ཕུག་ན། །ལུག་སྲོག་ཆོས་ཕྱིར་བཏང་བར་མི་བྱེད་རེ། །བསམ་ནས་བླ་མ་རྗེ་ལ་དམ་བཅའ་ཕུལ། །དམ་བཅའ་འདི་རྣམས་མཐའ་རུ་མི་འདོན་ཅིང་། །ད་གང་ཚེ་འདིའི་དབང་དུ་སོང་བ་ན། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །ཚེ་འདི་ཉིད་ལ་བཀའ་ཆད་དྲག་པོ་ཐོངས། །ཕྱི་མ་མནར་མེད་དམྱལ་བར་མྱུར་དུ་སྐྱེ། །དམ་བཅའ་འདི་རྣམས་མཐའ་རུ་ཕྱིན་པ་ན། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པར་ཤོག །འཁོར་བའི་སྡུག་བསྔལ་རྒྱ་མཚོ་སྒྲོལ་བར་ཤོག །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་ལ་སོགས་པའི་དམ་བཅའ་ཕུལ་ནས་ནི། །རི་སྟོང་ཕྲག་ཕུག་ཅིག་ཏུ་འགྲོ་ལ་ཆས། །དྲིན་ཅན་བླ་མ་རཱ་གའི་མཚན་ཅན་གྱིས། །ངོ་མཚར་ཆེའོ་གསུངས་ནས་དགྱེས་དགྱེས་མཛད། །མཉེས་པའི་གསུང་མགུར་འགའ་ཡང་གསུངས་ནས་གནང་། །དེ་ནས་གྲུབ་ཐོབ་གོང་མ་བཞུགས་པའི་གནས། །ནགས་གསེབ་དབེན་པ་གཅིག་ཏུ་སོང་གསུངས་ནས། །གནས་ཀྱི་བསྟོད་པ་མཛད་ནས་ལུང་བསྟན་གནང་། །དེ་ནས་སོང་སྟེ་ཉམས་ལེན་གཅིག་དྲིལ་བྱས། །ཞག་པོ་ཉེར་བདུན་གོང་ནས་འོད་གསལ་ནི། །ཉིན་མཚན་འཁོར་ཡུག་འགྲོ་བ་མང་དུ་བྱུང་། །བདེ་གསལ་མི་རྟོགས་ཉམས་སྣང་ཕལ་ཆེར་བྱུང་། །རྨི་ལམ་རྟགས་མཚན་ཅུང་ཟད་བྱུང་བ་ཡི། །རབ་རིབ་བྱས་ནས་གཞན་ལ་གསལ་བར་ཡོད། །གནས་དེར་ཟླ་གསུམ་བསྡད་པས་བླ་མ་ཡིས། །ཚུར་ཤོག་ཁོ་བོའི་རྩར་འདིར་སྒོམ་ཞིག་དང་། །གེགས་སེལ་བོགས་འདོན་རིམ་གྱིས་བྱེད་དོ་གསུངས། །གཞན་དུ་མ་འགྲོ་འདི་རུ་སྒོམ་ཞིག་གསུངས། །དེ་ནས་མཚམས་བྱས་འདག་སྦྱར་མཚམས་བསྡམས་ནས། །ཐུགས་ཀྱི་སྒྲུབ་པ་ཡང་སྙིང་འདུས་པ་ཡི། །ནང་ནས་བྱུང་པའི་གཏུམ་མོའི་དམིགས་པ་དང་། །རྩ་བ་ཉམས་ལེན་དག་ལ་ཆིག་དྲིལ་བྱས། །ནང་ནུབ་ཐུགས་སྒྲུབ་ནང་ནས་བྱུང་བ་ཡི། །སྐྱབས་སེམས་ཡིག་བརྒྱ་བཟླས་དང་མཎྜལ་དབུལ། །བླ་མའི་རྣལ་འབྱོར་སྒོམ་དང་འཁྲུལ་འཁོར་སྦྱང་། །ཉིན་མཚན་ཐུན་གྱིས་འཕྲང་དུ་བཅུག་ནས་སྒོམ། །དེ་ལ་དངོས་དང་རྨི་ལམ་རྟགས་མཚན་ནི། །འདི་དང་ཕྱི་མ་བར་དོ་ཐམས་ཅད་དུ། །སྐྱབས་གནས་དཀོན་མཆོག་རྣམས་ལ་མ་གཏོགས་པ། །བློ་ཕུགས་སུ་ལ་ཡང་ནི་མི་གཏད་དང་། །དམྱལ་བར་སོང་ཡང་འགྱོད་པ་མེད་དོ་སྙམ། །རྨི་ལམ་དུ་ཡང་དེ་ལྟར་ཡང་ཡང་བྱུང་། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སོང་བའི་རྟགས། །དེ་ནས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །རང་གི་ཕ་མ་གཉེན་འབྲེལ་ཤ་སྟག་ཡིན། །འདི་རྣམས་འཁོར་བའི་སྡུག་ལས་ཐར་ཕྱིར་དུ། །བདག་གི་བྱང་ཆུབ་སྙིང་པོ་སྒྲུབ་བོ་བསམ། །དགེ་སྦྱོར་ཅི་བྱས་སེམས་ཅན་དོན་དུ་བསྔོས། །བྱམས་དང་སྙིང་རྗེ་རྒྱུད་ལ་དངོས་སུ་སྐྱེས། །རྨི་ལམ་དུ་ཡང་དེ་བཞིན་རེ་འགའ་བྱུང་། །གཞན་གྱིས་ཁོ་བོ་གསོད་གྲབས་བྱས་པ་རྨིས། །རང་གི་སྤུན་ཡས་བདག་ལ་འདི་ཟེར་རོ། །མི་འདིས་མ་བསད་གོང་ལ་ཕར་སོད་ཅིག །ཟེར་བས་བདག་གིས་ཕར་ལ་འདི་ལྟར་སྨྲས། །མི་ལུས་ཐོབ་ནས་སངས་རྒྱས་བསྟན་དང་མཇལ། །བླ་མ་དམ་པའི་གསུང་གི་བདུད་རྩི་འཐུང་། །ད་རེས་འདི་ནས་ཆོས་ཤིག་མི་བྱེད་ནས། །ཁོ་བོས་མི་འདི་གསོད་པ་ག་ལ་རིགས། །ཁོ་ཡིས་ང་བསད་ཁོ་རང་སེམས་དགའ་འགྱུར། །དེས་ན་ཁོ་རང་ང་བསད་འདོད་ན་སོད། །སྨྲས་ནས་སེམས་ལའང་དེ་ལྟར་བསམ་ཞིང་བསྡད། །སེམས་བསྐྱེད་བཟང་པོ་བྱས་པའི་རྟགས་སུ་གོ །བདུད་རྩི་འཐུང་དང་སྟོན་ཐོག་ལེགས་པ་དང་། །རིན་ཆེན་ཕུང་པོ་ཆེན་པོར་བདག་བྱེད་དང་། །བུད་མེད་རྒྱན་བཟང་འོ་ཞོ་བདུད་རྩི་འདྲེན། །གྲལ་དབུས་འདུག་དང་མི་མང་བཀུར་སྟི་བྱེད། །ཉི་ཟླ་ཤར་བ་ལ་སོགས་ཡང་ཡང་རྨིས། །མཎྜལ་ཚོགས་བསགས་འབུངས་བའི་རྟགས་སུ་གོ །ལུས་ལས་མི་གཙང་ཐོན་དང་ནག་ཁྲག་འཛག །ཉི་མའི་འོད་ཟེར་ཤར་དང་ཟླ་བ་ཉ། །གོས་དཀར་གྱོན་དང་ཡན་ཡག་ཁྲུས་བྱེད་དང་། །འོ་མ་འཐུང་དང་གྱེན་ལ་འཛེགས་སོགས་རྨིས། །རྡོར་སེམས་ཡིག་བརྒྱ་བཟླས་པའི་རྟགས་སུ་གོ །དངོས་སུ་བླ་མ་སངས་རྒྱས་མཐོང་བ་དང་། །རྨི་ལམ་བླ་མས་ཆོས་གསུངས་གདམས་པ་གནང་། །ངོ་སྤྲོད་མཛད་དང་གེགས་སེལ་བོགས་འདོན་མཛད། །རང་ཡང་འོད་གསལ་ཟིན་ཞིང་དག་སྣང་སྐྱེས། །གཞན་ཡང་ས་ར་ཧ་དང་བིར་ཝ་པ། །མི་ལ་རས་པ་ལ་སོགས་གྲུབ་ཐོབ་འགའ། །སྐུ་གཟུགས་མི་གསལ་ཡིད་ཡུལ་གསལ་པོ་མཇལ། །འོད་གསལ་དུམ་དུམ་ཟིན་ཅིང་དག་སྣང་སྐྱེས། །རང་ཡང་གྲུབ་པ་ཐོབ་ནས་གྲུབ་རྟགས་བཞགས། །བྲག་དཀྱིལ་ཅོག་པུ་ཕུབ་ནས་བསམ་གཏན་བསྒོམ། །གཞན་གྱིས་གྲུབ་ཐོབ་རེད་ཟེར་བསྔགས་པ་བརྗོད། །དེ་ལ་སོགས་བའི་རྟགས་རྣམས་ཡང་ཡང་རྨིས། །ཡང་ནི་དྭགས་པོ་ཞལ་ཚོམ་ཅན་ཞིག་མཇལ། །དེ་ནས་ལྟོས་ཟེར་ཡར་ལ་བལྟས་པ་ཡིས། །ཉི་མའི་དཀྱིལ་འཁོར་དག་ལ་འཇའ་ཚོན་ནི། །སྣ་ལྔ་དག་གི་གུར་ཕུབ་འདུག་པ་མཐོང་། །རྒྱལ་བའི་དབང་པོ་ཆོས་དབྱིངས་རྡོ་རྗེ་དེ། །ཡང་ཡང་མཇལ་བས་མི་བཞུགས་ཐག་རིང་གཤེགས། །རྨི་ལམ་དག་སྣང་བྱུང་ཚུལ་ཅུང་ཟད་ཡིན། །དངོས་སུ་བླ་མ་སངས་རྒྱས་རང་སེམས་གསུམ། །དབྱེར་མེད་གཅིག་ཏུ་འདུག་བསམ་རེས་འགའ་བྱུང་། །བླ་མ་སངས་རྒྱས་དངོས་སུ་ཐག་གིས་ཆོད། །ཐམས་ཅད་བླ་མའི་བྱིན་རླབས་ཁོ་ནར་མཐོང་། །ཞལ་རྩེད་མཛད་དང་གསུང་གླེང་གནང་བ་རྣམས། །རྗེས་ནས་བསམ་ཚེ་ལུང་བསྟན་ཁོ་ནར་འདུག །ཁོ་བོས་ཨུ་རྒྱན་དངོས་སུ་ཡིན་ནམ་སྙམ། བླ་མའི་རྣལ་འབྱོར་སྒོམ་པའི་རྟགས་སུ་གོ །དགུན་སྒང་འཁྱག་སྣང་ཡེ་ཙམ་མེད་པ་དང་། །རླུང་དང་མེ་དམིགས་དྲག་ཏུ་བྱས་པའི་ཚེ། །དྲོ་ཁྱིམ་ལུས་ལས་དངུལ་ཆུ་ཅུང་ཟད་བྱུང་། །འཁྱག་སྣང་ཡིན་ཡང་དྲོད་ནི་འུར་གྱིས་སྐྱེས། །དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་དང་། །དངོས་སུ་རླུང་གི་རྟགས་རྣམས་རེས་འགའ་བྱུང་། །རླུང་ཁུག་ཡིག་བརྒྱ་ཚར་དྲུག་འདོན་ཚེ་ཐུབ། །རླུང་སེམས་ཅུང་ཟད་སྒོམ་པའི་རྟགས་ཡིན་ཞིང་། །དུང་ཆེན་འབུད་དང་ཁྲོམ་དབུས་འདུག་པ་དང་། །གོས་བཟང་གོན་དང་གཞན་གྱིས་གུས་པ་བསྐྱེད། །རི་རྩེར་ཕྱིན་པ་རག་དུང་བུས་པ་སོགས། །བསྐྱེད་རིམ་བཟླས་པ་བྱས་པའི་རྟགས་སུ་གོ །རེས་འགའ་སྟོང་ཉམས་བར་སྣང་བལྟས་པ་བཞིན། །བལྟ་རྒྱུ་ཅུང་ཟད་མེད་པའི་ཕྱ་ལེ་བ། རེས་འགའ་འུར་ཚུབས་རེས་འགའ་གསལ་སྟོང་གནས། །རེས་འགའ་ཆུ་བོའི་རྒྱུན་དང་འདྲ་བ་ཡི། །ཉིན་དུས་འཁྲུལ་མེད་ཁོར་ཡུག་ཕལ་ཆེར་ཐལ། །རེས་འགའ་རིན་ཆེན་གཏེར་དང་འཕྲད་པ་བཞིན། །འཛད་མེད་སེམས་ཀྱི་གཏེར་ཁ་འདི་རྙེད་ནས། །ད་ནི་ཅིས་ཀྱང་བློ་སེམས་བདེའོ་སྙམས། །རེས་འགའ་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །ཅི་བྱེད་ཆོས་སྐུའི་རོལ་པ་ཁོ་ན་བྱུང་། རེས་འགའ་ས་རྡོ་རི་བྲག་ནམ་མཁའ་རྣམས། །སེམས་དང་འདྲེས་ནས་བན་བུན་ལང་ལང་ཐལ། །རེས་འགའ་བདུད་ཀྱི་ང་རྒྱལ་ཆེན་པོ་སྐྱེས། །ཞེ་སྡང་འགྲན་སེམས་སྔར་བས་ཆེ་ཡང་བྱུང་། །དེ་རྣམས་ཉམས་ལེན་བྱས་པའི་རྟགས་སུ་གོ །གཉིད་ཀྱི་འོད་གསལ་ཐུན་ཐུན་ཕལ་ཆེར་ཟིན། །དེ་ནས་ཁྱུང་དམར་ཅུང་ཞིག་བསྙེན་པའི་དུས། །བདག་གི་མགོ་ལ་པད་ཞྭ་ལྗང་གུ་ནི། །གསེར་གྱི་རྡོ་རྗེ་འོད་ཟེར་འབར་བ་བཙུགས། །རྒྱན་དང་བཀོད་པ་ཤིན་ཏུ་ལེགས་པ་གཅིག །སྤྲང་པོ་ཁོ་བོའི་མགོ་ལ་གྱོན་པ་རྨིས། །སྐུ་གསུམ་སྒྲུབ་པའི་སྐུ་འབགས་བཞེངས་པའི་དུས། །རིན་པོ་ཆེ་ཡི་དོ་ཤལ་མཛེས་པ་ནི། །བདག་གིས་བཟོས་ནས་གཞན་ལ་བརྒྱན་པ་རྨིས། །བློ་སྦྱང་ཆགས་མེད་འདོན་སྒོམ་རྒྱུན་པར་བྱས། །ནུབ་གཅིག་གླང་རི་ཐང་པ་བགྲེས་ཚུལ་ཅན། །མཇལ་བ་བདག་གིས་དེ་ལ་འདི་ལྟར་ཞུས། །ཁྱེད་ནི་ཨོ་རྒྱན་ལུང་ནས་བསྟན་འདུག་པ། །སྨྲས་ཤིང་ངོ་མཚར་བསྔགས་པ་མང་དུ་བརྗོད། །ཁོ་བོ་ཡིན་ནོ་གསུངས་ནས་དགྱེས་དགྱེས་མཛད། །དེ་ལ་སོགས་པ་རྨི་ལམ་དག་སྣང་འགའ། །བྱུང་ཡང་བཟང་ངན་གང་ཡིན་བརྟགས་དཀའ་ཡང་། །ལུས་བདེ་ཏིང་འཛིན་གསལ་ཞིང་དག་སྣང་འཆར། །ཆོས་ལ་སྙིང་རུས་ཆེ་ཞིང་ཆོས་བརྒྱད་མེད། །བྱམས་དང་སྙིང་རྗེ་ཆེ་ཞིང་དུག་ལྔ་ཞི། །དེ་རྣམས་བྱུང་ན་བཟང་རྟགས་ཡིན་ནོ་གསུངས། །མཚན་མོ་རྨི་ལམ་བཟང་པོ་བྱུང་གྱུར་ཀྱང་། །དེ་རྣམས་མེད་ན་བདུད་ཀྱི་བསླུ་བ་ཡིན། །དྲིན་ཆེན་བླ་མའི་ཞལ་ནས་དེ་སྐད་གསུངས། །འོན་ཀྱང་བཟང་རྟགས་ངན་རྟགས་གང་ཡིན་ཀྱང་། །ཐམས་ཅད་ཆོས་སྐུའི་རོལ་པར་བཏང་བར་རིགས། ། ཨྀཐིཿ

རྫོགས་ཆེན་རྣལ་འབྱོར་པདྨ་རིག་འཛིན་གྱི་སྒྲུབ་པའི་ལམ་ཡིག་མདོར་བསྡུས་བཞུགས་སོ།།

ཀུན་འདུས་བླ་མ་མཆོག་ལ་ཕྱག་འཚལ་ལོ། །རང་ལོ་ཉེར་དགུ་ལོན་ཚེའི་དུས། །བླ་མ་མཆོག་དང་ཐུགས་བསྟུན་ནས། །ལྷོ་ཕྱོགས་སྐྱེས་ཆེན་འགའ་ཞིག་ལ། །མཇལ་དང་རྟེན་འབྲེལ་བསྒྲིག་ཕྱིར་དང་། །ཕྱོགས་མེད་འགྲོ་བ་སྣ་ཚོགས་ལ། །ཆོས་སྦྱིན་འབྲེལ་པ་བཟང་འཇོག་དང་། །ཉམས་ལེན་རྟོགས་པའི་ངོ་བོ་དེ། །རོ་སྙོམས་ཡུལ་དང་བསྲེ་ཕྱིར་དང་། །བྱ་བཏང་རྣལ་འབྱོར་ཆ་ལུགས་ཕྱིར། །གཏད་མེད་གར་དགར་ཡན་ཕྱིར་དུ། །ལྷོ་ཕྱོགས་ངོས་ལ་འོང་བར་འགྱུར། །ལས་དུ་བཟང་འབྲེལ་མང་ཞིག་ལ། །ཆོས་ཀྱི་བྱ་འགས་ཚིམ་པར་བྱས། །ཐོགས་མེད་དངུལ་ཆུའི་འགྲམ་དུ་སླེབས། །ཆུ་ཆེན་གནམ་དུ་ཕྱུར་དུས་བབ། །ཀུན་གྱིས་ཆུ་འདི་ཆོད་མིན་ཞེས། །ཡང་ཡང་བཤོལ་ཡང་མ་ཉན་ཏེ། །བརྟུལ་ཤུགས་ལྡན་པས་ཁལ་མ་རྣམས། །ཆུ་བོ་ཆེ་ལ་ཡང་ཡང་རྒྱབ། །བརྟུལ་ཞུགས་ཆུ་ལ་མ་སོང་ཏེ། །མ་ཆོད་འགའ་རེ་ཆུས་ཁྱེར་ཚེ། །ཨོ་རྒྱན་སྒྲོལ་མ་ལ་སོགས་ཀྱི། །མཚན་བརྗོད་གསོལ་བ་བཏབ་པ་ལས། །ཉེས་མེད་བདེ་བར་ཐར་བར་གྱུར། །ལྷ་འདུག་ཟེར་ནས་ཀུན་ཡང་དགའ། །ཡུལ་དེར་ཞག་བདུན་མཚམས་བྱས་ཚེ། །ཐོ་རེངས་དྭངས་བའི་རྨི་ལམ་དུ། །ཤར་ཕྱོགས་ནམ་མཁའི་མཐོང་ལས་ཚུར། །རྟ་དཀར་ལ་ཆིབས་དཔོན་སློབ་གཉིས། །པད་ཞྭ་ཆོས་གོས་རབ་མཛེས་ལྡན། །བདག་གི་མདུན་དུ་བྱོན་བཞུགས་མཐོང་། །འདི་ནི་པད་འབྱུང་གཏེར་སྟོན་གཉིས། །ཡིན་པར་འདུག་སྙམ་ཡིད་ལ་ཤར། །དེ་མོད་གཉིད་ལས་ལྡང་བར་འགྱུར། །དེ་ནས་སྤོམ་མདའི་ཟམ་པ་བཙུགས། །ཉེས་མེད་བདེ་བར་མྱུར་དུ་གྲུབ། །དེ་ཚེ་དྲུག་བརྒྱ་ཙམ་ཞིག་ཁྲོམ། །དབང་བསྐུར་ཆོས་བཤད་དགེ་བ་ཡི། །ཁས་ལེན་ཆོས་ཕྱོགས་མང་ཞིག་གྲུབ། །ཀུན་འཛོ་ཞེས་པར་མཚམས་འདུག་དུས། །གཏེར་སྟོན་ཀཿཐོག་ངོས་ལ་ཕེབས། །འདིར་ཕྱོགས་མེད་ཅེས་སྐད་ཆ་ཐོས། །དེ་ཚེ་ཡོད་མེད་རྨི་ལམ་བརྟགས། །མ་ཕེབས་ཡོད་པའི་རྟགས་རྣམས་བྱུང་། །ཁྱད་པར་གཏེར་སྟོན་ཡིན་བསམ་པའི། །རྣལ་འབྱོར་གཅིག་གིས་རང་ཉིད་ལ། །ཁྱོད་ནི་གླང་ཆེན་དཔལ་སེང་ཡིན། །ཁོ་བོའི་ཆོས་བདག་འགྱུར་རོ་ཞེས། །ལུང་བསྟན་དབུགས་དབྱུང་བྱས་པ་རྨིས། །རིག་འཛིན་འཇའ་ཚོན་སྙིང་པོ་ཡི། །སློབ་མ་ཀུན་མཁྱེན་ཞེས་བྱ་ཡིས། །བུམ་སྒྲུབ་རིལ་བུའི་སྦྱིན་བདག་བྱས། །བར་ཆད་མེད་པར་སྒྲུབ་པ་འཕེལ། །དགུན་སྒང་ཡིན་ཡང་གློག་དམར་འཁྱུག །དྲི་བཟང་འཐུལ་ཞིང་རྟགས་མཚན་ཐོན། །ཐམས་ཅད་ཡིད་ཆེས་མོས་པ་སྐྱེས། །རིལ་བུ་འགྱེད་དང་དབང་བསྐུར་དང་། །དགེ་བ་བསྔོ་སྨོན་མཐའ་རྒྱས་གྲུབ། །བླ་མ་དེས་ཀྱང་དབང་ལུང་གི །བསྐུལ་མ་སྦྱིན་བདག་མཛད་པའི་མཐུས། །ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི། །དབང་དང་ངོ་སྤྲོད་གདམས་པ་སོགས། །བརྒྱ་ཕྲག་ལས་ཉུང་ཁྲོམ་ལ་སྤེལ། །གདམས་པ་དབང་ལ་སོགས་པ་འགས། །བླ་མ་དེ་ཡི་ཐུགས་བཞེད་བསྐང་། །ཚུར་ལ་རྟ་ཕག་དབང་ལུང་ཞུས། །གནས་དེར་སྒྲུབ་པ་རྒྱུན་རིང་བྱས། །ཉམས་མྱོང་བྱུང་རྒྱལ་མགུར་མ་འཐེན། །སྐབས་གཅིག་རྨི་ལམ་སྣང་བ་ལ། །གཏེར་སྟོན་འཇའ་ཚོན་སྙིང་པོ་མཇལ། །སྒྲུབ་པ་སྙིང་པོར་གྱིས་ཤིག་ཞེས། །ཞལ་ཏ་མཛད་པའི་མོད་ལ་ཡལ། །དེ་ནས་རང་གི་གྲྭ་པ་གསུམ། །དངོས་པོ་ཅུང་ཟད་འབུལ་དང་བཅས། །ཞུ་ཡིག་གཏེར་སྟོན་དྲུང་དུ་བརྫངས། །ང་ལ་རྟེན་འབྲེལ་ཡོད་མཆིས་ན། །ཕར་ལ་མཇལ་འོང་གནས་སྐབས་སུ། །རྟེན་འབྲེལ་མེད་ན་བྱིན་རླབས་རྟེན། །ཚུར་ལ་བསྐུར་ཞེས་ཆ་ཕྲིན་ཕུལ། །དེ་ཚེ་ཁོང་གསུམ་མགོ་ཐོན་བཅས། །དྲུང་དུ་སླེབས་པའི་བཀའ་ཤོག་ལས། །ཁྱེད་ནི་རྫོགས་ཆེན་ཆོས་ཀྱི་སྣོད། །པདྨའི་བཀའ་འཛིན་ངེས་པར་ཡིན། །ད་ནི་བར་ཆད་དབང་མ་བཏང་། །མྱུར་དུ་སླེབ་པར་ཤོག་ཅིག་ཅེས། །ཨ་མ་རིལ་བུ་དང་བཅས་བྱུང་། །གསུང་ལྟར་མྱུར་དུ་སླེབ་པར་བྱས། །མཇལ་རྒྱུའི་ནུབ་མོ་རྨི་ལམ་དུ། །ཨོ་རྒྱན་ཞལ་ཐང་ལེགས་པོ་ནི། །རྗེ་འབངས་ཉེར་ལྔས་བསྐོར་བ་མཇལ། །དད་དང་འདུན་པ་འཕེལ་བར་བྱུང་། །ཕྱིར་ནང་དྲུང་སླེབ་མཇལ་བའི་ཚེ། །ཞུ་དོན་ཉམས་མྱོང་མགུར་དུ་བླངས། །སྔ་སོར་འབུལ་བ་བདུན་ཚན་གཅིག །མཇལ་དུས་གསེར་ཞོ་གཉིས་གསུམ་གྱིས། །མགོ་བྱས་འབུལ་བ་དགུ་ཚན་གཅིག །ཡིན་ལུགས་ཞུས་པས་དགྱེས་དགྱེས་མཛད། །ཆོས་བདག་ནོར་མེད་མཁའ་འགྲོའི་ལུང་བསྟན་བྱུང་། །ཞེས་གསུངས་དེ་ཡིན་ཕྱིར་དུ་ནི། །ངེས་པར་ཆོས་བདག་ཡིན་པ་དང་། །ཁྱད་པར་སྤྲུལ་སྐུ་སྙིང་ཐིག་གི །ཡིག་མེད་སྐོར་གྱི་བདག་པོ་ཡིན། །རང་ལ་ཡང་ཡང་ཞལ་ནས་གསུངས། །གཞན་ལའང་འདི་ནི་ཆོས་ཀྱི་བདག །ཡིན་ཞེས་ཀུན་ལ་བསྔགས་པ་མཛད། །དབང་ལུང་བཀའ་གཏད་བཅས་པ་དང་། །ཉམས་ལེན་སྤེལ་བའི་གཏད་རྒྱ་མཛད། །བརྟགས་པ་འགའ་ཞིག་གྱིས་གསུངས་པ། །དེ་ལྟར་བྱས་ནས་དོན་འབྲས་ཕུལ། །ཐོག་ཏུ་ཅི་ཕེབས་མ་ཤེས་སོ། །སྐུ་རིམ་བཟློག་པ་ཞག་བདུན་བཅས། །ཚེ་སྒྲུབ་ཆོ་ག་བརྒྱ་རྩ་དང་། །ཡབ་ཡུམ་སྲས་གསུམ་ཉིད་ལ་ནི། །སྲུང་འཁོར་རེ་རེ་འདོགས་པ་སོགས། །ཞབས་ཏོག་ཕྲན་བུ་རང་གིས་ཡང་སྒྲུབ། །དེ་ཚེ་བླ་མ་གཞན་གཅིག་གིས། །འཕྲག་དོགས་ཟུག་རྔུའི་སེམས་ཀྱིས་ནི། །འདི་ཡིས་གཏོར་བཟློག་བྱེད་པ་ལས། །སྒོམ་དང་གདེངས་ཆེན་མི་འདུག་པས། །གྲྭ་བ་གཅིག་གཉིས་འཐབ་སོང་བ། །འདི་ཡི་ལན་ཞེས་སྨྲས་སོ་ཟེར། །དེ་སྐད་ཐོས་ཀྱང་ཉམ་ང་མེད། །བཟོད་པ་སྒོམ་པ་མ་གཏོགས་པ། །ངན་ལེན་ཅུང་ཟད་མ་བྱས་སོ། །དེ་སྐབས་ཆོས་མཐུན་རྣལ་འབྱོར་པ། །སྦས་ཚུལ་ལས་ཅན་སྐྱེས་བུ་ནི། །ཚུལ་ཁྲིམས་བསྟན་འཛིན་ཞེས་བྱ་དང་། །ཡིད་མཐུན་སྙིང་གི་གྲོགས་སུ་གྱུར། །དེ་ནི་དམ་ལྡན་སྐྱེས་བུ་སྟེ། །མཁའ་འགྲོའི་ལུང་བསྟན་རྒྱུན་དུ་འོང་། །གཞན་ཡང་རྟགས་མཚན་བསམ་མི་ཁྱབ། །དེ་ལ་མཁའ་འགྲོས་ལུང་བསྟན་ནས། །ཁོང་གཉིས་སྔོན་ཚེ་རྒྱ་གར་དུ། །ཀྲྀཥྞ་འཛིན་གྱི་ཚ་བོ་རུ། སྐྱེས་དུས་བརྟུལ་ཞུགས་མཐར་ཕྱིན་པ། །བིར་ཝ་པ་ཞེས་བྱ་བ་དང་། །ན་རོའི་སློབ་མ་ཕག་ཚང་པ། །ཨོ་རྒྱན་དྲུང་དུ་གླང་ཆེན་དཔལ། །ཡིན་ཞེས་མཁའ་འགྲོས་སྒྲོགས་ཞེས་ཟེར། །རག་ཞི་གཏེར་སྟོན་འཇའ་ཚོན་པ། །བདུད་འདུལ་རྡོ་རྗེ་གསུམ་གྱིས་ནི། །ལས་ཅན་དཔའ་བོར་ལུང་བསྟན་པའི། །སྦས་ཚུལ་རྣལ་འབྱོར་སྐྱེ་བུ་ནི། །སྐལ་ལྡན་སྙིང་པོ་ཞེས་བྱ་དེས། །སྔར་འདྲིས་མེད་ཀྱང་ཐུགས་མ་འཕྲིས། །ཁྱོད་ནི་ལས་ཅན་ཞིག་ཡིན་ཕྱིར། །ང་ཡི་འདི་ཡང་སྟོན་ཞེས་ཟེར། །ཁོ་རང་གཏེར་ནས་བཏོན་པ་ཡི། །ཨོ་རྒྱན་ཕྱག་རྗེས་ངོ་མཚར་ཅན། །འདུག་པ་ང་ལ་མཇལ་ཁ་བྱས། །ཁམས་ཕྱོགས་འགྲོ་དོན་རྒྱ་ཆེན་འོང་། །གླིང་རས་སྤྲུལ་པའི་གྲུབ་ཆེན་ཞིག །སྐྱེ་བ་ཁྱོད་རང་ཡིན་འདུག་ཞེས། །དགའ་ཚོར་དང་བཅས་སྤྲོ་བོ་མཛད། །དེ་ནས་བཻ་རོ་ཙཱ་ན་ཡི། །སྐྱེ་བ་ཡིན་ཞེས་ལུང་བསྟན་ནི། །གཏེར་ཁ་དུ་མ་གཅིག་ཏུ་མཐུན། །གྲུབ་པའི་རིག་འཛིན་ཆེན་པོ་ནི། །བོད་ཁམས་ཡོངས་ལ་གྲགས་པ་ཡི། །བྷ་ཁ་སྤྲུལ་སྐུ་ཞེས་བྱ་དེ། །མཇལ་ཕྱིར་སོང་ནས་སླེབས་གྱུར་ནུབ། །ཨོ་རྒྱན་ཡིན་ནམ་གཏེར་སྟོན་ཡིན། །དེ་འདྲ་གཅིག་གི་བདག་ཉིད་ཀྱི། །སྐྱེས་རབས་ཡིན་ཞེས་ལུང་བསྟན་དང་། །རྗེ་འབངས་འགའ་ཞིག་མཇལ་སྣང་བྱུང་། །ཕྱིར་ཉིན་མཇལ་ཞིང་དགྱེས་མཛད་ནས། །ལུགས་གཉིས་བདག་རྐྱེན་ལེགས་པོར་མཛད། །ཨོ་རྒྱན་དྲུང་དུ་དཔལ་སེང་དང་། །མི་ལའི་དྲུང་དུ་ངོམ་རྫོགས་པ། ཡིན་ཞེས་གསུངས་ཤིང་ལུང་བསྟན་གནང་། །དེ་རུ་ཡུན་རིང་མཚམས་འདུག་ཚེ། །རྨི་ལམ་སྣང་བར་སྤྲུལ་སྐུ་དེས། །ཁྱོད་ཀྱིས་གཏེར་ཡང་ཐོན་འོང་ཞེས། །གསུངས་ཤིང་དགྱེས་དགྱེས་མཛད་པའང་བྱུང་། །རང་ཉིད་གྲོ་ལོད་གསལ་བ་ལས། །ཕག་མོ་ཐོད་ཁྲག་དང་བཅས་པས། །འཁྱུད་ཅིང་དགྱེས་པ་བསྐང་ཚུལ་ནི། །གསལ་པོར་རྨི་ལམ་སྣང་བ་བྱུང་། །སྐབས་གཅིག་གྲོ་ལོད་དཀར་པོ་གཅིག །ནམ་མཁའ་འཇའ་ཚོན་ཀློང་དུ་ནི། །སྟག་ལ་ཆིབས་པའི་སྐུ་སྣང་ཞིག །རྨི་ལམ་ཉམས་ཀྱི་མཚམས་སུ་བྱུང་། །ནུབ་གཅིག་རྟེན་འབྲེལ་བཞག་པའི་དུས། །གཏེར་སྒོ་ལེགས་པོ་གཉིས་གསུམ་མཐོང་། །ངེས་པར་རྗེས་སོར་འདོན་བསམ་རྨིས། །དངོས་སུ་བྱུང་བའི་སྒྲ་རང་ནི། །མཎྜལ་ཕུལ་བའི་ཚིག་བརྗོད་ཐོས། །སྨིན་དྲུག་ཟླ་བའི་ཚེས་བཅུའི་ནུབ། །མཆོད་གཏོར་བཟླས་པ་བཟང་བྱས་ནས། །དབེན་པར་ཉལ་བའི་རྨི་ལམ་དུ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་དེ། །བུད་མེད་དར་མའི་ན་ཚོད་ཅན། །དབུ་སྐྲ་ཐོར་ཅོག་ན་བཟའ་ཀླུབས། །མཛེས་ཤིང་བག་ཆགས་གཟི་བརྗིད་ལྡན། །མཇལ་བས་དད་འཕེལ་གུས་པ་ལས། །ཨོ་རྒྱན་མཇལ་བར་སོང་ཞེས་དང་། །གཞན་ཡང་ལུང་བསྟན་གཅིག་ཀྱང་གསུངས། །དེ་ནས་ཡར་ལ་སོང་བ་དང་། །བྲག་ཕུག་ལྟ་བུར་སླེབས་བའི་ཚེ། །ཨོ་རྒྱན་དངོས་ཡིན་སྙམ་པ་ཡི། །བདག་གི་སྐྱབས་གཅིག་བླ་མ་མཆོག །ཀརྨ་ཆགས་མེད་དེ་ཉིད་ནི། །མངོན་གསུམ་ལྟ་བུར་མཇལ་བ་དང་། །ཕྱག་དང་བསྐོར་བ་དུ་མ་མཛད། །རང་ཡང་དགའ་སྤྲོ་དད་པ་འཕེལ། །ཡང་གཅིག་མེ་ལས་གྲུབ་པ་ཡི། །ཕྱག་རྡོར་དྲེགས་འདུལ་ཡིན་སྙམ་པའི། །ཞལ་ཕྱག་གསལ་ཞིང་གཟི་བརྗིད་ཅན། །འདོམ་གང་ཙམ་གྱི་མཁའ་ལ་བཞུགས། །དེ་ཉིད་མཇལ་བས་དད་པ་སྐྱེས། །བྱིན་རླབས་ཞུས་པས་བདུད་རྩིའི་རྒྱུན། །དྭངས་པར་བྱུང་བ་བདག་གིས་འཐུང་། །རྗེས་གནང་རང་དང་དབྱེར་མེད་པའི། །ངོ་བོ་གཅིག་ཡིན་སྙམ་པའང་བྱུང་། །དེ་མོད་སེར་བ་རྒྱབ་ནས་བྱུང་། །གཞན་ཞིག་བཟློག་པས་ཐུབ་མ་སོང་། །བདག་ཉིད་དྲེགས་འདུལ་མེ་དཔུང་ཅན། །ང་རྒྱལ་བཟུང་ནས་བཟློག་པ་ལས། །དེ་མ་ཐག་ཏུ་བཟློག་པས་ཐུབ། སྤྲུལ་སྐུའི་གཟིམས་ཁང་ནང་ཉལ་ཚེ། །སྐུ་ཚེ་བརྟག་པ་བསྐུར་བྱུང་ནུབ། །མིི་ནག་བྲན་གྱི་ཚུལ་ཅན་ཞིག །བདག་རྩར་བྱུང་ནས་དགའ་གུས་བྱས། །ཁམས་འདྲི་བྱེད་ཅིང་ཡོད་པའི་མོད། །མགོན་པོ་མ་ནིང་ཡིན་པར་འདུག །དགའ་དགའ་བྱེད་ཅིང་དགོས་པའི་དོན། །སྨྲས་ནས་བྱུང་ཡང་སྒྲ་དེ་ལས། །ཚིག་དོན་ཅི་བཞིན་གོ་མ་ཐུབ། །དེ་ནས་ཕར་ཕར་ཡལ་ནས་སོང་། །རླུང་སྒྲ་བརྟགས་པས་བརྒྱ་ལྔ་ཟེར། །ཐོ་རེངས་གཟུགས་མེད་སྨྲ་བ་གཅིག །བདུན་ཅུ་དོན་ནི་དྲུག་བདུན་ཙམ། །ཟེར་བའི་སྣང་བ་བྱུང་བ་དང་། །ཡང་གཅིག་ལྷ་མོ་བུད་མེད་ནི། །རྒྱན་ཅན་གཅིག་བྱས་ལྡེ་མིག་བཟུང་། །སྤྲུལ་སྐུའི་གཉེར་བ་བྱེད་པ་རྨིས། །ནུབ་གཅིག་དག་པའི་འོད་གསལ་ངང་། །ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཅན། །གཅིག་གི་ནང་དུ་རྡོ་རྗེ་སེམས། །འགྱིང་བག་ཆ་ལུགས་ཚུལ་བཞིན་པ། །གསལ་པོར་མཇལ་ཞིང་ཡང་གཅིག་གི །དབུས་སུ་ཐུགས་ཆེན་ནམ་མཁའ་རྒྱལ། །ལམ་མེར་བཞུགས་པ་མཇལ་བ་བྱུང་། །སྤོ་བོ་རྟ་ནག་དགོན་པར་བྲིས། ། མདྒ་ལཾ། །

སྒྲུབ་པའི་དུས་ཀྱི་རྟགས་ཚད་ངེས་པའི་ཡི་གེ་དད་པའི་འཇུག་ངོགས་བཞུགས་སོ།།

གུ་རུ་པྲ་ཝ་ཀཱ་ར་ན་མོ་ཧོ། ཇི་ལྟ་ཇི་སྙེད་མཁྱེན་པའི་སངས་རྒྱས་ཉིད། །འགྲོ་མགོན་པད་མ་འབྱུང་གནས་བདག་ལ་དགོངས། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ནི། །རྗེ་བཙུན་ཨུ་རྒྱན་ཆེན་པོ་ཁོ་ན་སྟེ། །བདག་གི་བླ་མ་རྗེ་དང་ཐ་མི་དད། །དེ་ཕྱིར་རྣམ་པ་ཀུན་ཏུ་བདག་གིས་ནི། །ཁྱེད་ཉིད་མ་གཏོགས་མགོན་གཞན་མ་མཆིས་པས། །སྙིང་ནས་རྩེ་གཅིག་གསོལ་བ་འདེབས་བགྱིད་ན། །ཐུགས་རྗེས་མི་གཡེལ་མྱུར་དུ་དགོངས་ནས་ནི། །སྣང་སྟོང་སྐུ་ཡི་དཀྱིལ་འཁོར་ཞལ་བསྟན་ནས། །གྲགས་སྟོང་གསུང་གིས་བདག་ལ་ཆོས་འཆད་དེ། །བདེ་སྟོང་ཐུགས་ཡིད་གཅིག་ཏུ་བྱིན་གྱིས་རློབས། །སྒོ་གསུམ་སྐུ་གསུམ་ངང་དུ་མ་གྲོལ་བར། །མཚན་མའི་རྟགས་བཟང་ཙམ་གྱིས་ཡིད་མི་ཚིམ། །དེ་ཕྱིར་ངེས་པར་སྒྲུབ་པ་སྲོག་དང་བསྡོ། །བློ་སྣ་མི་མང་བདེ་གཤེགས་གཅིག་ཏུ་སྒྲུབ། །ཚེ་འདི་མི་བསམ་ཕྱི་མ་དོན་དུ་གཉེར། །བློ་གཏད་གཅིག་ཆོག་ཡིན་ནོ་གུ་རུ་རྗེ། །ཅི་མཛད་ཁྱེད་རང་ཤེས་སོ་རིན་པོ་ཆེ། །ཞེས་གསོལ་བ་བཏབ་ནས། ངེས་པའི་བསམ་པས་ད་ནི་བློ་སྣ་མང་པོ་མི་བྱེད་པར་ཡང་ན་ཨོ་རྒྱན་རིན་པོ་ཆེ་འགྲུབ་པ་དང་། ཡང་ན་སྒྲུབ་པ་དེ་ཉིད་གྱི་ངང་དུ་ཤི་བ་གཅིག་བྱེད་བསམ་སྟེ་བླ་མ་རིན་པོ་ཆེ་ལའང་ཐུགས་རྗེ་ཆེན་པོ་དང་པདྨ་འབྱུང་གནས་གཉིས་གང་དགའ་གཅིག་ལ་གཅིག་ཏུ་དྲིལ་བས་གང་བྱེད་ཞུས་ཤིང་། རང་གིས་ཀྱང་དེ་ནུབ་གསོལ་བ་བཏབ་སྟེ་མྱུར་དུ་གང་འགྲུབ་པའི་ལྷ་སོ་སོའི་མཚན་མ་སྟོན་ཅིག་ཅེས་ཡིད་ཀྱིས་རྨོད་བོར་ནས་རྨི་ལམ་བརྟགས་པས། རྨི་ལམ་དུ་ཨོ་རྒྱན་གྱི་སྐུ་པར་རང་ལ་ཡོད་པ་དེ་འདྲ་བ་ཞིག་གཅིག་གིས་བསྟན་ནས་བྱུང་བ་རྨིས། ཕྱིར་ནང་བསམ་པ་ལ་མཚན་བལྟས་ནི་ཨོ་རྒྱན་སྒྲུབ་ཅིག་གི་བརྡའ་རེད་དེ་པར་སྐུ་འདི་ཡོད་པའི་བག་ཆགས་ཡང་ཨེ་ཡིན་བསམ། བླ་མ་རིན་པོ་ཆེའི་ཞལ་ནས། པདྨ་ཀཱ་ར་དགའ་འོ་ཞེས་པའི་ལེགས་གསུངས་འགའ་ཡང་བྱོན་པས། ད་ནི་སྟབས་འགྲིགས་སོ་བསམ་སྟེ། གླང་ལོ་སྟོན་ཟླ་འབྲིང་པོ་ཡར་གྱི་ཚེས་བཅུ་བཞི་གཟའ་སྐར་འགྲུབ་སྦྱོར་བཟང་པོའི་ཉིན་མཚམས་བསྡམས་ནས་ཡོ་ག་གསུམ་པོ་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་བས། དང་པོའི་ནུབ་པར་ས་ཡི་བང་རིམ་མཆོད་རྟེན་གྱི་སྨད་དུ་གཅིག་པ་ལ་ཡར་རང་གྲུབ་ཏུ་ཡོད་པའི་བང་རིམ་གཅིག་གི་སྟེང་ན་བདག་འདུག་སྟེ། འདི་ལ་རིམ་པ་བཅུ་གསུམ་དགོས་རྒྱུ་ཡིན་ཏེ་རིམ་པ་དགུའི་ཆོས་སྨྲས་པ་ཞིག་རྨིས། དེ་ནས་ནུབ་གཅིག་ཨོ་རྒྱན་ཡིད་ཡུལ་དུ་མཇལ་སྣང་གཅིག་བྱུང་། དབང་ཕྱུག་རྡོ་རྗེ་མཇལ་རྒྱུ་ཡོད་བསམ་པ་ཡང་རྨིས། དེ་མཉམ་དུ་འོད་ཆེན་པོ་གཅིག་ཏུ་བྱོན་སོང་བའི་རྗེས་སུ་བདག་ཀྱང་སོང་བ་རྨིས་པ་དང་། འོད་ཁྱུག་ཁྱུག་པའི་དངོས་པོ་ལན་མང་དུ་བྱུང་ཞིང་མིག་ལམ་དུ་འཁྱུག་ཞིང་སྡོད་པ་དང་ཡལ་བ་སོགས་མང་དུ་བྱུང་། ནུབ་གཅིག་སྟོན་པ་ཤཱཀྱ་ཐུབ་པ་དེ་དངོས་སུ་ཡིན་སྙམ་པ་བཞུགས་པའི་མདུན་དུ། བདག་དང་གཞན་གཅིག་དང་ངེད་གཉིས་ལ་འཁོར་ཡང་བརྒྱ་ཙམ་འདུག་ཅིང་། ཐུབ་པའི་ཞལ་ནས། རིགས་ཀྱི་བུ་ཕྱིར་འོང་བ་དང་ཕྱིར་མི་འོང་པའི་འབྲས་བུ་མངོན་གསུམ་དུ་འགྱུར་རོ། །ཞེས་གསུངས་པས། བདག་གིས་ལུང་བསྟན་དུ་གོ་སྟེ། ཐུབ་པ་ལ་གུས་པས་འདི་སྐད་ཞུས། བཅོམ་ལྡན་འདས་སུ་ཞིག་གིས་ཕྱིར་འོང་ཞིང་སུའི་ཕྱིར་མི་འོང་བའི་འབྲས་བུར་འགྱུར་རོ། །ཞེས་ཞུས་པས། ཐུབ་པའི་ཞལ་ནས། དེའི་ལོ་རྒྱུས་ཆེས་ཆེར་མང་པོ་འགའ་གསུངས་ཞིང་རང་ཡང་དད་པ་དྭངས་བ་འདྲེན་པ་བྱུང་ཡང་ཚིག་མ་ཟིན་ཏེ་བརྗེད་ཤོར། ཡང་རྨི་ལམ་དུ་པདྨ་འབྱུང་གནས་དེ་བྱིས་པ་ལོ་བརྒྱད་ལོན་པ་ཙམ་དུ་སྤྲུལ་ནས་འདུག་པས། བདག་ལ་འདི་སྐད་གསུངས་ཏེ། ཁྱོད་ང་ཡི་སྤྲུལ་བ་ཡིན། ཁྱོད་ཀྱི་འདིའི་གོང་དུ་ཀོང་པོར་བླ་མ་གཅིག་ཏུ་སྐྱེས་ནས་རིག་གནས་འགའ་ཡང་ཤེས་པ། གང་ཡང་མོས་པ་གཅིག་བྱུང་ཞེས་གསུངས་པ་དང་། ང་རང་ཡང་གསུངས་པ་བཞིན་ཏུ་སྐྱེ་བ་དྲན་ཏེ་བསམ་པ་ལའང་། ང་དང་ཨོ་རྒྱན་ཐུགས་ཡིད་གཅིག་ཡིན་ཞིང་། ང་སྤྲུལ་པ་ཡིན་ཡང་ལུས་ནི་སོ་སོར་རེ་ཞིག་སྣང་། མཐར་ནི་འཇའ་ཚོན་མཁའ་ལ་ཐིམ་བ་བཞིན་དུ་ང་དང་ཨོ་རྒྱན་དབྱེར་མེད་ཡིན་བསམ་ཞིང་བྱིས་པ་དེ་དང་མཉམ་དུ་སོང་བས་གཙུག་ལག་ཁང་ཆེན་པོ་གཅིག་གི་སྒོ་རྩར་སླེབ་པས། བྱིས་པ་དེའི་ཞལ་ནས། ད་ཁྱོད་འདིར་སྡོད་དང་རྟེན་འབྲེལ་གཅིག་བྱའོ་གསུངས་ནས་ནང་དུ་བྱོན་སོང་། ང་གཉིས་སྒོར་བསྡད་ནས་རྟེན་འབྲེལ་ལེགས་པོ་ཡོད་བསམ་ཞིང་ཡོད་ཙ་ན། སྒོ་དེ་ཕྱེས་ནས་འདིར་ཤོག་ལ་མདའ་དར་འདི་ལ་སྨོན་ལམ་ཐོབ་ཅིག་ཟེར་བས། བདག་སོང་ཏེ་མདའ་དར་ལ་འཇུས་ནས་མཆོག་གི་དངོས་གྲུབ་གྲུབ་ཆེན་བརྒྱད་བདག་གིས་ཐོབ་པར་ཤོག་ཅིག་ཅེས་སྨྲས་པ་དང་གཉིད་སད་དོ། །ཡང་རྨི་ལམ་དུ་གཞན་འགས་ཀརྨ་པ་ལ་གྲུབ་རྟགས་མེད་ཟེར་བ། བདག་གིས་ཀརྨ་པ་སངས་རྒྱས་དངོས་ཡིན་པ་ལ་གྲུབ་རྟགས་མེད་ཟེར་རམ་སྨྲས་པས། མཛད་པ་བཅུ་གཉིས་དེ་སྐད་ཅིག་ལ་བསྟན་ན་ཀརྨ་པ་ཡིན་རྒྱུར་འདུག མཛད་པ་བཅུ་གཉིས་པོ་སྟོན་མཁན་དེ་ངེད་རང་ནས་མཐར་མྱ་ངན་ལས་འདས་པ་དེ་ང་རང་ཤེས་སྨྲས། གཅིག་གི་སྟེང་དུ་བདག་འདུག་ནས། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་སྦར་ཏེ་སྦྱངས་དགོས་བསམ་ཞིང་། འདིའི་བར་ཆད་སེང་གདོང་མས་སེལ་སྙམ་ནས་རང་ལས་སེང་གདོང་མ་འཕྲོས་ཏེ་མདུན་བསྐྱེད་ནས་འཕྲིན་ལས་བཅོལ་བ་རྨིས། །ཡང་རྨི་ལམ་དུ་རྗེ་དུས་གསུམ་མཁྱེན་པ་ཁོ་བོ་ཡིན་བསམ་པ་བྱུང་། དེ་ངེས་པ་ཅན་ཡིན་པ་ག་ལ་སྲིད་ཀྱང་དགོངས་པ་ཅན་དེ་རླུང་སེམས་ཀྱི་གནད་འགགས་ཅུང་ཟད་ཤེས་པའི་བརྡར་གོ་ཞིང་། རླུང་གི་ཡོན་ཏན་བག་ཙམ་གཅིག་དེ་དང་དུས་མཚུངས་པར་བྱུང་བའོ། །ཡང་རྨི་ལམ་དུ་ང་རང་བྲམ་ཟེ་ས་ར་ཧའི་ཆ་ཙམ་ཡིན་བསམ་པ་དྲན་ཞིང་། ས་ར་ཧ་དེ་ཡང་ཡར་ཙམ་དེར་ཡོད་པ་འདྲ་བ་ཞིག་བྱུང་། དེའང་རང་གི་སེམས་ཉིད་རྟོགས་ཚུལ་ཅུང་ཟད་ཡོད་པ་དེ་རྗེ་བྲམ་ཟེའི་དགོངས་པ་མ་བཅོས་པའི་ཤེས་པ་ཕྱག་རྒྱ་ཆེན་པོ་མ་ནོར་བ་ཡིན་ཞེས་པའི་བརྡར་གོ་བས་བོགས་ཀྱང་ཐོན་པ་བྱུང་། ཡང་རྨི་ལམ་དུ་རང་ཉིད་བུ་ཆུང་ལོ་བརྒྱད་ཙམ་པ་གོས་དང་རྒྱན་མཛེས་པ་དང་ལྡན་པ་གཅིག་རེད་ནས་གདའ་ཞིང་། དགོན་སྡེ་ཆེན་པོ་གཅིག་ལ་བསྐོར་བ་བྱས་ནས་སོང་བས། ཁྲོམ་མང་པོ་དང་བུད་མེད་དར་མ་རྒྱན་ཤིན་དུ་མཛེས་པ་ལྟ་ན་སྡུག་པ་སྨིན་མཚམས་ན་མཛོད་སྤུའི་མཚན་རྟགས་ཡོད་པ་གཅིག་དང་། གཞན་ཡང་མང་པོས་བདག་ལ་བལྟས་ནས། བྱིས་པ་འདི་སུའི་མཐོང་ཙམ་ཡང་དོན་དང་ལྡན་པ་ཡིན་ཞེས་ཐམས་ཅད་ཀྱིས་ལེགས་པར་བལྟ་བར་འདུག །ང་རང་དེ་ལྟ་བུ་གཅིག་ཡིན་བསམ་ཞིང་སྣང་བ་མཐོར་སོང་བ་རྨིས། དེ་ཡང་ཐ་མལ་གྱི་བྱིས་པ་བདག་འདྲ་བ་དེ་ལྟ་བུ་ཅུང་ཟད་ཀྱང་མི་སྲིད་ཀྱང་། རང་གི་སེམས་ཉིད་མ་བཅོས་པའི་ངོ་བོ་དེ་བདག་གཞན་སུས་ཅུང་ཟད་མཐོང་ཡང་འཁོར་བ་ལས་རིང་པར་འགྱུར་བས་ན་དོན་དང་ལྡན་པའོ་ཞེས་པའི་བརྡར་གཉིད་སད་མ་ཐག་གོ །ཡང་རྨི་ལམ་དུ་རང་ཉིད་བྱ་རྒོད་དུ་བྱས་ནས་ནམ་མཁའ་ལ་འཕུར་ནས་ཕྱིན་པས་ཡ་ཟད་དུ་འཇའ་ཚོན་དུ་ཡལ་ནས་མཁའ་སྤྱོད་འགྲུབ་པ་ཡོད་བསམ་པ་ཡེ་མི་གསལ་བ་བྱུང་ངོ་། །སྣ་ལམ་དུ་གན་སྤོས་བཟང་པོ་སྣ་སྒོ་རང་ནས་འཐུལ་ཞིང་ཡོད་འདྲ་ཡུན་རིང་དུ་དངོས་སུ་བྱུང་ངོ། །གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར་བལྟས་པའི་ནུབ་མོ་རྨི་ལམ་དུ་རང་ཉིད་ཨོ་རྒྱན་པའི་སྐྱེ་བ་ཡིན་པ་དྲན། ཨོ་རྒྱན་པ་དེ་ཨིནྜ་བོ་དྷི་དང་། ལྭ་བ་པ་དང་། ནག་པོ་སྤྱོད་པ་སོགས་ཡིན་པ་ཡིད་ལ་ཤར། དེ་ནས་བུ་མོ་གཞོན་ནུ་རལ་པ་བཤེན་པོ་སྐེད་པ་ཙམ་ལ་སླེབས་པ་ཤིན་ཏུ་མཛེས་མ་གཅིག་བདག་གི་རྩར་བྱུང་ནས། ཁོ་མོ་སྔར་ཨོ་རྒྱན་པའི་རོགས་སམ་གཡོག་ཡིན་ཟེར་ཞིང་། ཁྱོད་རང་ཨོ་རྒྱན་པའི་སྐྱེ་བ་ཡིན་ཟེར་ཞིང་དགའ་དགའ་བྱེད་ནས་རང་གི་རྩ་ན་འདུག་པ་རྨིས། ཚེས་བཅུའི་མཆོད་པ་གཅིག་བྱས་པའི་ནུབ་མོ་རྨི་ལམ་དུ། མཁའ་འགྲོ་མ་ཡིན་རྒྱུར་འདུག་སྟེ་ཡེ་གསལ་བོར་མཐོང་རྒྱུ་མེད་པས། འདི་སྐད་དུ། རྒྱ་གར་བྲམ་ཟེ་ས་ར་ཧ་དང་། ཨིནྜ་བྷོ་དྷི་བིར་ཝ་པ་རྣམས་ཀྱི་མདུན་ནས་བྱིན་གྱིས་བརླབས་པའི་ཚོགས་འཁོར་རྒྱུ་ཡིན་ཟེར་ནས་མི་རོ་གཅིག་འདུག་པ་འདི་ལ་ཚོགས་འཁོར་གྱིས་ཟེར་ནས་བྱུང་བས། ང་རང་ཡང་འདི་ལ་ཚོགས་འཁོར་བྱེད་བདུད་རྩིར་བྱིན་གྱིས་བརླབ་བསམ་ཞིང་ཡོད་ཙ་ན་འཁྲུལ་པ་འགའ་བྱུང་། ཡང་རྨི་ལམ་དུ་སྔར་ཨོ་རྒྱན་པས་རྨི་ལམ་བཟུང་བདེ་བ་ཅན་དུ་སོང་བས་ལམ་དུ་དེ་དུས་ཀྱི་བླ་མ་དེ་ཡང་བྱུང་ནས་བྱིན་བརླབས་མཛད་སྣང་། དེ་ནས་བདེ་བ་ཅན་དུ་ཕྱིན་ནས་ཐམས་ཅད་མཐོང་སྣང་དང་། ཡིད་དམ་རྨི་ལམ་དུ་ཡུལ་ཤིན་ཏུ་བདེ་བ་རྒྱ་ཆེ་བ་ཉམས་དགའ་བ་ཞིག་མཐོང་ཞིང་། དེ་དུས་བདེ་བ་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ནས་ཉམས་འགའ་ཡལ་ལེ་ཡོད་པ་སོགས་རྨིས། དེ་ནས་རང་ཉིད་ཀྱི་འཁོར་དུ་ཁྲོམ་མང་པོ་ཡོད་པ་ཐམས་ཅད་རྣལ་འབྱོར་མའི་ཁྲོམ་ཆེན་པོ་གཅིག་ཏུ་གྱུར་ནས་རང་དེའི་དབུས་སུ་ཉམས་སྣང་མཐོན་པོའི་ངང་ནས་འགུར་དང་སེམས་ཀྱི་གདེང་ཡོད་ལུགས་སོགས་སྨྲས་པ་ཡེ་མི་གསལ་ཙམ་བྱུང་། དེའི་ཕྱིར་ནུབ་སྔར་བཞིན་རང་ཉིད་མཁའ་འགྲོའི་ཁྲོམ་ཆེན་པོའི་དཀྱིལ་ན་འདུག་ཅིང་ཐམས་ཅད་ནམ་མཁའི་བར་སྣང་ལ་ཡོད་པ་འདྲ་བ་གཅིག་འདུག །ཕར་བལྟས་ཙ་ན་རྣལ་འབྱོར་པ་སྐུ་མདོག་ནག་པོ་གཟི་བརྗིད་ཅན་ཕྱག་གཡས་པས་ཡར་སྐུ་ལུས་ཀྱི་རྒྱུད་དུ་མདའ་གཅིག་འཛིན་ནས་འདུག་པ་འདི་ས་ར་ཧ་ཡིན་སྔར་ཨོ་རྒྱན་པའི་བླ་མ་གོང་མ་གཅིག་ཡིན་བསམ་པ་རྨིས་སོ། །ཡང་ཁམས་ཅུང་ཟད་མ་བདེ་བའི་ནུབ་མོ་འཁྲུལ་པའི་རྨི་ལམ་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་ཡི་དམ། ནམ་མཁར་སྤྲིན་གྱི་ཕུང་པོ་བཞིན་གཏིབས་ནས་བྱུང་སྣང་དང་། ཁྱད་པར་དུ་བཀའ་བརྒྱུད་རྣམས་དང་དུས་མཁྱེན་སོགས་ཀརྨ་པ་ན་རིམ་རྣམས་བྱོན་ནས་སྡོམ་པ་བྱིན་བརླབས་མཛད་སྣང་བྱུང་ཞིང་ཉམས་དགའ་ཡལ་ཡལ་དུ་འདུག དེ་རྣམས་ཀྱི་སྐུ་མདོག་ཆ་ལུགས་སོགས་ནི་འདི་འདྲ་ཞེས་ཏིག་ཏིག་གསལ་པོ་ནི་ཕྱིར་ནང་གཉིད་སད་དུས་མ་དྲན་ནོ། །ཡང་སྔར་བདག་རས་ཆུང་པ་ཡིན་སྣང་འདུག་ཅིང་མི་ལ་སོགས་ཀྱང་ཅུང་ཟད་དྲན་པ་དང་། དྭགས་པོ་དང་དྭགས་པོའི་སློབ་མ་བརྒྱུད་འཛིན་འགའ་ཞིག་འདི་དང་འདི་ཡིན་རབ་འགའ་དྲན་པ་དང་། གཞན་འགའ་ལ་བཤད་པ་དང་། སེམས་ཅན་དང་ཁྱི་འགའ་འདུག་པ་སྔར་རས་ཆུང་དུས་འདི་རྣམས་ཀྱི་སྐྱེ་གནས་འདི་ཡིན་སོགས་ཀྱང་དྲན་སྣང་དང་། རང་ཡར་ཁང་སྟེང་འདྲ་བ་གཅིག་ལ་རྫུ་འཕྲུལ་གྱིས་སོང་བས་དེར་བླ་མ་མི་ལ་ཡིན་ནམ་སྙམ་པ་གཅིག་གིས། བུས་ཕ་ངོ་ཤེས་ན་པང་དུ་ཤོག ཞེས་མགུར་མཛད་པ་སོགས་ཉབ་ཉོབ་དེ་འདྲ་འགའ་ཡང་རྨིས་སོ། དངོས་སུ་ཕལ་ཆེར་རྒྱའི་གན་སྤོས་ཞིམ་པོའི་དྲི་འཐུལ་བའམ་དྲི་བཟང་ལ་ཞིམ་པོ་འཐུལ་བ་སོགས་དུས་ཕར་ཆེར་བྱུང་ངོ་། །ཡང་རྨི་ལམ་དུ་རང་གི་སྤྱི་གཙུག་ཏུ་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཏབ་ནས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བབས་ནས་རང་གི་རྩ་འཁོར་ལྔ་དང་ལུས་ཐམས་ཅད་ལྟེམ་གྱིས་གང་བའི་དམིགས་པ་བྱས་པས་མངོན་དུ་འགྱུར་བ་བཞིན་བྱུང་ངོ་། །ཡང་རྨི་ལམ་བཟུང་ནས་བསྡད་པས་ཉི་ཟླའི་སྟེང་དུ་ཡང་ནས་ཡང་དུ་འདུག་པ་ཡང་རྨིས་པ་དང་། འཕགས་པ་སྤྱན་རས་གཟིགས་དང་། པཎ་ཆེན་ནཱ་རོ་པ། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་དང་གཞན་ཡང་གྲུབ་ཐོབ་ཉིས་བརྒྱ་ཙམ་གྲལ་གྱི་རྣམ་པར་བཞུགས་འདུག་པ་གསལ་པོ་གཅིག་བྱུང་ཡང་། སྐུ་མདོག་ཆ་ལུགས་སོགས་ནི་གསལ་པོ་རང་མ་བྱུང་སྟེ་སྒྲིབ་པ་ཆེ་བའི་དོན་ཡིན་པར་འདུག །བདེ་མཆོག་གི་འཁོར་ལྷ་མོ་ཉི་ཤུ་རྩ་ལྔ་ཐམ་པ་རང་གི་ཕན་ཚུན་དུ་ཡོད་སྣང་བྱུང་ནས། དེ་རྣམས་ཀྱི་རྒྱན་ཆ་ལུགས་རྣམས་ལ་བལྟ་ཡག་གཅིག་བྱེད་བསམ་ཡང་བལྟས་པས་གསལ་པོར་མངོན་སུམ་ལྟ་བུར་མཐོང་རྒྱུ་མ་བྱུང་། སྡིག་པ་ཆེ་བའི་དོན་རེད། ༈ ཡང་ནུབ་གཅིག་རྨི་ལམ་དུ་སངས་རྒྱས་གཅིག་བཞུགས་པ་ཡར་བྱོན་སོང་། དེའི་མལ་དུ་སངས་རྒྱས་རྣམ་པར་སྣང་མཛད་བྱོན་བྱུང་ནས་བཞུགས་ཏེ་འཁོར་མང་པོ་ལ་ཆོས་ཀྱང་གསུངས་ཤིང་། ང་ནི་བུད་མེད་ཡོད་སར་འགྲོ་བ་མ་ཡིན་ནོ་གསུངས་བྱུང་བ་རང་གཞན་མང་པོས་ཐོས་སྣང་བྱུང་། དེ་ཡང་ཡར་བྱོན་ཐལ། ཡང་དེའི་མལ་དུ་སངས་རྒྱས་བྱམས་པ་བཞུགས་ནས་འཁོར་རྣམས་ལ་ཆོས་གསུངས་པ་དང་། དེ་ཡར་བྱོན་ནས་སངས་རྒྱས་གཅིག་དེའི་མལ་དུ་བཞུགས་རྒྱུར་ཡོད་སྣང་བྱུང་ཞིང་། ཞིབ་ཞིབ་ནི་ཡེ་མ་དྲན་ནོ། ། ༈ ཡང་བླ་མའམ་སངས་རྒྱས་ཤཱཀ་ཐུབ་ཡིན་ནམ་སྙམ་པའི་སྐུ་ནི་ཡེ་མི་གསལ་ཞིང་། གསུང་གསལ་པོ་གཅིག་གིས་ཡེ་ནས་མངོན་པར་སངས་རྒྱས་ཚུལ་དང་། སེམས་ཅན་མང་པོ་བྱུང་ཆུབ་མཆོག་ཏུ་བཀོད་ནས། བྱང་ཆུབ་སེམས་དཔའ་མང་པོ་སངས་རྒྱས་སུ་ལུང་བསྟན་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་ཆེས་མང་པོ་མཚན་རིང་དུ་རྨི་ལམ་ཐོས་སྣང་བྱུང་བ་སྟེ། ཚིག་ཕལ་ཆེར་དྲན་ཡང་འབྲི་དོན་མེད་པས་མ་དྲིས་སོ། ། ༈ ཡང་ནུབ་གཅིག་རྨི་ལམ་དུ་མེ་ཆ་གཅིག་རང་གིས་ལག་ཏུ་འདུག་པས། མེ་བརྡབ་ཙ་ན་སྤྲ་བ་མང་པོ་འགའ་ལ་མཆེད་ཤོར། དེ་བསད་བསམ་ནས་མཆིལ་མ་མང་པོ་བཏབ་ཅིང་ཐལ་ཅག་བརྡབ་ཀྱང་མེ་ཞི་མ་ནུས། དེ་ནས་དེའི་མོད་དེ་ལ་ཨོ་རྒྱན་བསམ་ཡས་ན་བཞུགས་དུས་ང་རང་གླང་ཆེན་དཔལ་གྱི་སེདྒེ་ཡིན་པར་འདུག་པ་དྲན། དེ་མ་ཐག་ཏུ་རང་མདུན་དུ་དེ་ཡིན་བསམ་པའི་བྱིས་པ་འདྲ་བ་འགའ་འདུག་པ་ལ། ང་ལྷ་སྲིན་བྲན་ཏུ་ཁོལ་བ་ཡིན་པས་འདི་ཚོ་ལ་མེ་ཞི་བའི་ལས་བཅོལ་དགོས་སྙམ་ནས་ཐལ་ཅག་འགའ་རྒྱབ་པས་བྱིས་པ་དེ་རྣམས་ངུས་ནས་མཆིལ་མ་མང་པོ་བྱུང་བས། དེས་མེ་མཆེད་པ་ཞི་ནས་ཡུ་མེད་པར་བྱས་པ་རྨིས། གླང་ཆེན་དཔལ་སེང་མིན་ཡང་དེ་ལ་རྟེན་འབྲེལ་གཅིག་འགྲིགས་པ་བྱུང་སྟེ། དེ་བར་ཆར་ཡེ་མ་བབས་པས་དེ་ནུབ་བམ་ཕྱིར་ནུབ་ནས་ཆར་འབེབས་པའི་འགོ་བཙུགས་ཏེ་ཆར་གྱི་རྒྱུན་ཡུན་རིང་དུ་བསམ་གྱིས་མི་ཁྱབ་པ་བབས་སོ། །ང་རང་གི་ཆར་འབོད་ཀྱི་ལས་དང་དམིགས་པ་ནི་ཅི་ཡང་བྱས་པ་མེད་ཀྱང་བླ་མ་ཚང་གི་ཆར་འབོད་ཅིང་ཡོད་པའི་རྟེན་འབྲེལ་ཨེ་ཡིན་བསམ། ཡིན་ཤས་ཡང་ཆུང་སྟེ་ཁྱོད་ཀྱིས་བློ་བཟོས་ཡིན་ནོ། །འཁྲུལ་པ་ལ་སྣ་ཚོགས་འོང་པ་དེ་གང་གི་རྟེན་འབྲེལ་གང་ལ་འགྲིགས་ཏེ་མཚར་འདོད་བྲིས་སོ། །
༈ ཡང་འཕགས་པ་ཀླུ་སྒྲུབ་དེ་བྱོན་ཅིང་གདའ་བ་མཐོང་ནས་དད་པ་དྲག་པོ་སྐྱེས་པ་ཡང་རྨིས། ༈ ལུས་ཅུང་ཟད་མ་བདེ་བའི་ཉམས་བྱུང་བའི་དུས་གཅིག་རྨི་ལམ་མམ་འཁྲུལ་སྣང་གང་ཡིན་མི་ཕྱེད་པའི་གནམ་ས་ཁ་སྟེང་ལ་ལོག་པ་སོགས་ཐོག་གི་ཆར་བབ་པ་བཅས་ཆོ་འཕྲུལ་ཤིན་ཏུ་འཇིགས་པ་འགའ་ཡང་བྱུང་ངོ་། །དེ་དུས་ནི་འཇིགས་ཞུམ་པ་རེ་བྱུང་ཡང་འདི་རྣམས་ང་ཡི་སེམས་ཡིན་སྙམ་ཏེ་དྲན་པའི་ངང་ལ་བཞག་པ་ཙམ་གྱི་བདེ་ཆེམ་ཆེམ་བྱུང་། ༈ སྤྲེལ་ཟླའི་ཚེས་བཅུའི་ནུབ་ཟླ་བ་ལ་ཁ་དོག་ལྔ་ལྡན་གྱི་འཇའ་ཡི་གུར་ཕུབ་པ་མཐོང་བ་དང་། གཞན་ཡང་དུས་ཕལ་ཆེར་དུ་ཉི་ཟླ་ཤར་བ། རྒྱན་གོས་གཟབ་པ་ལ་སོགས་ཀྱི་བཟང་རྟགས་ཙམ་པ་ནི་མང་དུ་བྱུང་ཡང་མ་བྲིས། རྟགས་ལྔ་ལ་སོགས་ཕལ་ཆེར་དུ་བྱུང་། འགའ་ཞིག་གིས་རྩ་བཟང་བའི་དོན་ཡིན་པ་ཡང་བཞེད་གདའ། སྐྱོ་ཤས་ངེས་འབྱུང་དད་པ་དག་སྣང་སོགས་ཀྱི་ཉམས་སྣང་རྒྱུན་དུ་བྱུང་བ་ཡིན་ནོ། །དེ་ལྟར་ལོ་བསྐོར་གཅིག་པོའི་དགུན་ཟླ་གསུམ་ལ་རླུང་ལ་བརྩོན་པར་བྱས་པས་བསྙེན་པ་ཆེར་མ་ཐོན། དེ་མིན་བསྙེན་པ་ཁོ་ན་ལ་འབད་པས་ལོ་གཅིག་ལ་བྱེ་བ་ས་ཡ་འགྲུབ་བོ། །

རྟགས་ཚད་ཚིགས་བཅད་མ་བཞུགས་སོ།།

འདི་ཡི་མཚམས་སུ་མཚར་འདོད་ཙམ། །མུན་མཚམས་ཞིག་ལ་ཟླ་གཅིག་བསྡད། །དགེ་སྦྱོར་འཕེལ་བ་ཙམ་དུ་བྱུང་། །ལག་པ་བརྐྱང་བསྐུམ་མི་མཐོང་བའི། །མུན་པར་བལྟ་ལུགས་ཁྱད་པར་གྱིས། །ཉི་འོད་ཟླ་འོད་ཤར་བ་ལྟར། །ཁྱིམ་ནང་ས་ལེར་གསལ་ན་ཡང་། །དངོས་པོ་མཐོང་རྒྱུ་མེད་ཙམ་བྱུང་། །མུན་ཁྲིད་དོན་ལའང་བག་ཆགས་བཞག །རང་གི་སྒྲུབ་ཁང་ཕར་ཙམ་དེར། །སྣ་ལྔ་འཇའ་ཡི་སྣེ་མོ་ཟུག །འཇའ་འདི་དེད་ན་བྲོས་འདུག་པས། །འདི་ནས་བལྟས་ན་མི་འདུག་ཀྱང་། །བླ་མའི་གཟིམ་ཁང་ནས་བལྟས་ན། །ཁོ་བོའི་ཁང་པར་འཇའ་སྣ་དེ། །ཟུག་ནས་ཡོད་པ་ཙམ་དུ་དགའ། །གལ་ཏེ་ཟུག་ཀྱང་དགའ་ཅི་ཡོད། །རྨི་ལམ་ཙམ་གྱི་འཁྲུལ་པ་ལ། །དཀྱིལ་འཁོར་བྲིས་པ་གཅིག་གི་དབུས། །ཁྲུ་གང་རེ་རེའི་སྟེང་དུ་ནི། །ཁྲི་ཡི་རྣམ་པ་འདྲ་རེའི་སྟེང། །དབུས་སུ་ཆེ་མཆོག་ཧེ་རུ་ཀ །ཆེ་ཆུང་མི་ཚད་ཙམ་པ་ལ། །ཡབ་ཡུམ་རྣམ་འགྱུར་རྒྱན་རྣམས་རྫོགས། །མཐའ་བསྐོར་ཁྲོ་བོ་མང་པོས་བསྐོར། །རྒྱན་ཆས་ཞིབ་ཏུ་མི་གསལ་ཡང་། །སྐུ་རྣམས་གསལ་བ་ཉིད་དུ་མཐོང་། །འདི་ནི་བཀའ་བརྒྱད་དཀྱིལ་འཁོར་ནི། །ཡིན་ནོ་སྙམ་པའི་ངེས་ཤེས་བྱུང་། །ཚད་པའི་ནད་འདྲ་འགའ་བྱུང་ཡང་། །རོ་སྙོམས་དོན་ལ་གནད་དུ་བསྣུན། །གཞན་གྱིས་ཕན་ནི་ཆེར་མ་འཚལ། །དེ་ནས་རིམ་པར་ཕན་ཏེ་སོང་། །དེ་རྣམས་མུན་པའི་མུན་རྟགས་ཡིན། །ཡང་ན་དབུས་གཙང་ཕྱོགས་ཙམ་ན། །མཁས་ཤིང་བཟང་བའི་གྲགས་ཆེན་གཅིག །བདག་ནི་ཡིན་པའི་རྨི་ལམ་བྱུང་། །དེ་མིང་སྨྲས་ན་ཧ་ཅང་ཐལ། །དེ་ཕྱིར་མིང་ནི་འབྲི་མི་བྱ། །དེ་ནས་དེ་ཡི་བར་དུ་ནི། །སྐྱེ་བ་གཅིག་ནས་གཅིག་ཏུ་ནི། །བར་མ་ཆད་པ་ཐམས་ཅད་ཀྱང་། །རྨི་ལམ་དུ་ནི་དྲན་སྙམ་བྱེད། །དེ་རྣམས་མིང་ནི་མ་བྲིས་སོ། །དེ་མིན་མཚར་འདོད་ཙམ་དུ་བྲིས། །སྔར་འདྲིས་ཡུལ་སྣང་ཐམས་ཅད་ཀྱང་། །རྨི་ལམ་སྒྱུ་མའི་སྣང་བ་བཞིན། །ཐེངས་མ་ཡ་ཟུང་འགའ་ལ་བྱུང་། །རྨི་ལམ་བཟུང་ནས་བདེ་བ་ཅན། །ཡང་ན་དཔལ་རིར་འགྲོ་བསམ་པས། །སོང་བས་དེ་རུ་མ་སླེབས་ཏེ། །རྡོ་རྗེ་གདན་ནི་ཡིན་སྙམ་པའི། །ལྷ་ཁང་ཤིན་ཏུ་ཆེ་བ་གཅིག །དཀྱིལ་འཁོར་རྣམ་པར་ཡོད་པ་ཡི། །མཐའ་བསྐོར་སྐྱིལ་པོ་མཆོད་རྟེན་དབྱིབས། །མང་པོས་མཐའ་འཆམ་བསྐོར་བ་ཡིན། །དགེ་སློང་མ་དང་གཞན་ཡང་ནི། །ཁྲོ་ཚོགས་དཔག་མེད་ཡོད་པ་གཅིག །མཐོང་ཞིང་དེ་ནས་ཕར་བལྟས་ན། །རི་མཐོ་གཅིག་གི་རྩེ་མོ་ན། །མཁར་ལ་རྔ་ཐུག་བཙུགས་པ་མཐོང་། །དེ་ནི་སྔོན་དུས་སྲིན་པོ་ནི། །མ་ཏྲཾ་རུ་ཏྲའི་མཁར་ཡིན་སྙམ། །ཨ་ཐུང་གྱེན་ལ་འབར་བ་དང་། །ཨ་ཧཾ་མཐུར་དུ་དབབ་པ་ཡི། །ཐབས་ཤེས་དགའ་བཞིའི་རོལ་པ་སོགས། །ཉམས་མྱོང་ཅུང་ཟད་ལྡན་པ་བྱུང་། །རླུང་ནི་རྣ་བ་ནས་རྒྱུ་བ། །རིག་པ་ཙམ་ཡང་བྱུང་བར་གྱུར། །སྣ་ནས་རླུང་རྒྱུ་མི་ཚོར་པ། །གནས་སྐབས་སུ་ཡང་བྱུང་བ་ཡིན། །ཐེག་པ་ཀུན་ཏུ་མ་གྲགས་པའི། །བླ་མེད་ཨ་ཏིའི་ཁྱད་པར་ཆོས། །ཀུན་བཟང་ཐུགས་ཀྱི་སྙིང་པོ་མཆོག །རྫོགས་ཆེན་ཐོད་བརྒལ་ཞེས་བྱ་བའི། །འོད་གསལ་རྡོ་རྗེ་ལུ་གུ་རྒྱུད། །ཆོས་ཉིད་མངོན་སུམ་སྣང་བ་ནི། །གནས་སྐབས་འདི་རུ་མཐོང་བར་གྱུར། །ཡིད་དཔྱོད་ལྟ་བ་མ་ལུས་ཙམ། །ད་དུང་ཉམས་ལེན་མ་ཞན་ན། །བླ་མ་ཀུན་བཟང་ཐུགས་རྗེ་ཡིས། །རིག་པ་ཚད་ཕེབས་སྣང་བ་དང་། །ཆོས་ཉིད་ཟད་པའི་འབྲས་བུ་སོགས། །མཐོང་བར་འགྱུར་པ་འབྱུང་ཡང་སྲིད། ཡང་ནི་འོས་མེད་དུས་གཅིག་ཏུ། །གཏེར་སྟོན་གཅིག་གི་གཏེར་ཁ་ནས། །བྱུང་བ་ཡིན་སྙམ་ལུང་བསྟན་གཅིག །འདུག་པའི་ནང་ན་བདག་ཉིད་ནི། །གང་ཟག་བཟང་པོ་གཅིག་གི་ནི། །སྤྲུལ་པའམ་ནི་སྐྱེ་བ་ཡིན། །ཞེས་ལུང་བསྟན་པ་འདུག་པ་རྨིས། །རྨི་ལམ་ཙམ་གྱི་སྣང་བ་ལ། །བཅོམ་ལྡན་ཐུབ་པའི་དབང་པོ་ནི། །བདག་གི་མདུན་དུ་བྱོན་ནས་ཀྱང་། །དཔེ་དོན་ཚིག་གསུམ་འཛོམས་པ་ཡི། །དམ་ཆོས་མང་དུ་གསུངས་ནས་ཀྱང་། །དེ་ཉིད་དུ་ནི་མི་སྣང་གྱུར། །དངོས་སུ་དྲི་བཟང་ལེགས་པོ་གཅིག །རབ་ཏུ་འཐུལ་ཞིང་བྲོ་བ་བྱུང་། །འདི་རུ་སྔགས་ནི་དོན་ཚིག་གཉིས། །འབུམ་ཕྲག་བརྒྱད་དང་བཅས་པ་ཡོད། །འཐོར་བསྙེན་འབུམ་ཚོ་གཉིས་ཡོད་དོ། །
༈ དེ་ནས་སྐབས་འདིར་རྐྱེན་བཟང་པོ་རུང་བ་གཅིག་གིས་མཐུ་བྱས་ཏེ་མཚམས་ལས་ལང་ནས་ཆས་པས་དེ་དག་གི་ཕྱོགས་ནས་འདོད་དོན་འགྲུབ་པ་ནི་མ་བྱུང་ཡང་། དེ་ལས་མི་ཞན་པའི་ཆོས་དངོས་གྲུབ་ཆེན་པོ་ཞིག་བདག་གི་ཡོངས་འཛིན་ཆེན་པོ་ནས་བཀའ་དྲིན་ལེགས་པར་བསྩལ་བ་མཛད་པས་བདག་དབེན་བར་འདུག་དུས་རྩེ་གཅིག་གིས་སྒྲུབ་པ་དང་དབེན་པ་ལས་ལང་ཙ་ན་ཆོས་ཀྱི་དངོས་གྲུབ་ཆེན་པོ་འབྱུང་བས། ཨོ་རྒྱན་རིན་པོ་ཆེར་ཁ་ཙམ་མིན་པའི་མོས་གུས་བྱས་པའི་བྱིན་རླབས་སུ་གོ་སྟེ། ཅི་ལྟར་བྱས་ཀྱང་ལེགས་པའི་བྱ་བ་འགྲུབ་པའི་རྟེན་འབྲེལ་བྱུང་ངོ་། །དེ་དག་གི་སྐབས་སུ་བླ་མའི་མདུན་དུ་འདུག་པའི་ཉམས་སྣང་ལ། དངོས་སུ་ཁྲོམ་ཆེན་པོས་མ་ཎི་བགྲངས་བའི་ཆོས་སྒྲ་ཐོས་པས་ཕྱོགས་ཐམས་ཅད་དུ་བལྟས་ཀྱང་མ་ཎིའི་སྒྲ་བསྐུལ་མཁན་མི་འདུག་པས། གཟུངས་སྔགས་རང་བཞིན་གྱི་སྒྲ་སྒྲོགས་པའམ་མཁའ་འགྲོའི་ཆོས་སྒྲ་ཡིན་པ་གོར་མ་ཆགས་པར་འདུག་གོ །བདག་མཚམས་ལ་འདུག་དུས་དེ་ལྟ་བུ་ལན་མང་དུ་བྱུང་ངོ་། །ཡང་རྨི་ལམ་དུ་མགོན་པོ་ཕྱག་བཞི་འཇའ་ཚོན་ལས་གྲུབ་པའི་སྐུ་ཤིན་ཏུ་གསལ་བ་རི་ཕྲན་ཙམ་གཅིག་ནུབ་ཕྱོགས་ཀྱི་ནམ་མཁའ་ནས་ཞལ་ཚུར་ཕྱོགས་ནས་འདུག་པ་མཇལ་བ་རྨིས། བླ་མ་རིན་པོ་ཆེས་གཏེར་མགོན་གྱི་དབང་ལུང་གནང་བའི་རྗེས་ཙམ་ཡིན་ནོ། །སྐབས་སུ་གྲོང་ཆོག་ལ་ཕྱིན་པས་དགུན་སྒང་ཤིན་ཏུ་གྲང་ཞིང་ཡོན་ཆབ་སོགས་གཞན་ཐམས་ཅད་འཁེངས་ཀྱང་བུམ་ཆུ་དང་ཚོགས་གཏོར། ཚེ་རིལ་རྣམས་མ་འཁེངས་པ་བྱུང་། རི་འགྲིམ་བྱས་དུས་རྨི་ལམ་དུ་ཨོ་རྒྱན་གྱི་སྐུ་ཆེན་པོ་བྲག་ལ་བྱོན་འདུག་པ་དང་། གར་སོང་ཕལ་ཆེར་འཇའ་མང་པོ་སྐུར་ཤར་བ་སོགས་བྱུང་། གནས་སྐབས་དང་རྗེས་སོར་ལ་ཚད་སླང་རྟགས་སུ་སྐྱེས་པ་བུད་མེད་མང་པོས་ཕྱག་བྱས། ད་ཕྱིན་སེམས་ཅན་ལ་མི་གནོད་ཁས་ལེན་བྱེད་མཁན་ཡང་བྱུང་ཞིང་། དེ་ལྟར་མཚམས་ཡང་ཟླ་བ་དྲུག་དང་ཞག་པོ་བཅུ་སྟེ་སླར་མཚམས་བྱས་པའོ། །དེ་ནས་འདིར་ནི་བཤད་བྱ་བ། །སྣྲོན་ཞེས་ཟླ་བའི་ཉེར་གཅིག་ལ། །དབེན་པར་ཞུགས་ནས་སྒྲུབ་པ་བྱས། །དེ་ནུབ་རྨི་ལམ་འཁྲུལ་པ་ལ། །གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། །རང་ཉིད་རེད་ནས་འདུག་པ་ནི། །བརྡའ་ཙམ་བྱུང་ཞིང་དེ་ནས་ཡང་། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །རི་རབ་ཟོམ་ནས་ཕེབ་བྱུང་བས། །དབང་མེད་དད་ནས་ངུས་པ་རྨིས། །ཁོ་བོ་མངོན་པར་བྱུང་བ་ནས། །ཆོས་སྐུ་སྤྲོས་བྲལ་ཆེན་པོ་ནི། །དམིགས་མེད་སྟོང་པའི་ངང་དུ་གདའ། །ཕྱོགས་བཞི་དབུས་སོགས་ཕྱོགས་རྣམས་སུ། །བདག་ཉིད་ཡེ་ཤེས་ལྔ་ལས་ནི། །ངོ་བོ་རང་བཞིན་གཟུགས་སྐུར་ཤར། །མི་བསྐྱོད་རྣམ་སྣང་མཐའ་ཡས་དང་། །དོན་གྲུབ་ལ་སོགས་ཡོད་སྣང་གསལ། །དངོས་སུ་རླུང་ཁུག་གཉིས་གསུམ་གྱིས། །ཉི་མ་རེ་རེ་བགྲོད་པའི་ཉམས། །ལན་གྲངས་མང་ཙམ་བྱུང་བར་གྱུར། །རྨི་ལམ་མགོན་པོ་ཕྱག་བཞི་པ། །མཇལ་སྣང་གསལ་པོ་ཙམ་གཅིག་བྱུང་། །རྫོགས་ཆེན་ཤེལ་གྱི་ཕྲེང་བ་ཞེས། །འདི་ཡི་དུས་སུ་བརྩམས་པར་བྱས། །དེ་ནས་རྨི་ལམ་ཡུལ་དུ་ནི། །སངས་རྒྱས་གསེར་འོད་དམ་པ་དེ། །ཡབ་ཡུམ་སྐུ་ཡི་སྒྱུ་རྩལ་དང་། །མངོན་པར་བྱུང་བའི་བསྟན་ཚུལ་རྣམས། །དངོས་བཞིན་མཐོང་སྣང་བྱུང་བ་དང་། །རི་མཐོ་གཅིག་གི་རྩེ་མོ་རུ། །སངས་རྒྱས་གསེར་འོད་བཞེངས་འདུག་པས། །བདག་ཀྱང་མཇལ་ཕྱིར་རི་ལ་འཛེགས། །མཇལ་ལ་ཉེ་རྩ་རི་ནས་འདྲེད། །དངོས་སུ་མཇལ་རྒྱུ་མ་བྱུང་རྨིས། །དེ་ཚེ་སྐུ་མདོག་སྔོ་ལྗང་ལ། ཐིག་ལེ་གོང་བུ་སྣང་བ་ལས། །འདི་ནི་བྱ་གྲུབ་ཡེ་ཤེས་རྟགས། །ཡིན་སྙམ་བྱེད་ཅིང་རང་ཉིད་ཀྱང་། །འོད་གསལ་ཏིང་འཛིན་ངང་ལ་གནས། །དེ་ཡང་བྱ་གྲུབ་ཡེ་ཤེས་དོན། །ཡང་ནི་བདག་གིས་སྒྲུབ་པར་མོས། །གནས་ཆེན་གཅིག་གི་རྩར་འདུག་པས། །ཕོ་མོ་མང་པོས་བཀུར་སྟི་བྱས། །ཆང་སོགས་བཟའ་བཏུང་བཟང་དགུ་དྲངས། །དེ་རྣམས་ང་ལ་རེག་རེག་བྱེད། །རེག་པའི་དོན་ལྡན་ཡིན་པ་ལ། །དེ་ལྟ་བུ་ཡི་རྨི་ལམ་ཤར། །སྔ་གོང་ཁོ་བོ་བུད་མེད་འགས། །ལེགས་བལྟས་མཐོང་བ་དོན་ལྡན་ནོ། །འདི་ལྟར་མཐོང་བ་དོན་ལྡན་དང་། །རེག་པ་དོན་ལྡན་ཡིན་རྨིས་པས། །བདག་དང་བཞད་གད་འཕྱ་བ་བྱུང་། འོན་ཀྱང་བརྡའ་རུ་སྣང་བའི་མོད། སེམས་ཉིད་སྐྱེ་མེད་རང་ཞལ་མཐོང་། རེག་དང་མཐོང་བ་དོན་ལྡན་ཡིན། །དེ་སོགས་བརྡའ་དོན་བསམ་མི་ཁྱབ། །ཡང་ནི་བདག་ཉིད་ཨོ་རྒྱན་དངོས། །རེད་ནས་འདུག་པ་དེ་ཡི་མོད། །མི་ལ་རས་པའང་རེད་ནས་འདུག །དེ་ཚེ་བདག་གིས་གླུ་བླངས་པས། །ང་རང་རང་བྱུང་ཐོལ་སྐྱེས་ཡིན། །དེ་སོགས་འགུར་མ་བྱས་པ་རྨིས། །གཏེར་སྟོན་རཏྣ་གླིང་པ་དེས། །ཉམས་པ་འགའ་ལ་རྫུ་འཕྲུལ་ནི། །སྣ་ཚོགས་བསྟན་ནས་བྱོན་སོང་བས། །རྟེན་འབྲེལ་རྟགས་སུ་རྨིས་པ་ལེགས། །དེ་ལྟར་ལོ་སྐོར་གཅིག་ལ་ནི། །སྔགས་ནི་ས་ཡ་ཕྲག་བཞི་དང་། འབུམ་ཕྲག་དྲུག་བཅས་ལེགས་པར་ཐོན། །ཅི་ཕྱིར་ས་རིས་འབྲི་སོགས་དང་། །ཡོངས་འཛིན་བླ་མའི་སྐུ་རིམ་སོགས། །གཞན་གྱི་བྱ་དགོས་མང་དུ་བྱུང་། །ཡང་ནི་མི་གཅིག་བདག་ལ་ནི། །བལྟས་ནས་འདི་སྐད་ཁྱོད་ལ་ཡང་། །མགོ་བོ་གསུམ་ནི་འདུག་པ་ལ། ངེད་རྣམས་སྐྲག་པར་འདུག་ཟེར་ནས། །ཕྱི་ཕྱིར་ནུད་ནས་ཐལ་བ་རྨིས། །རང་གིས་གུར་དྲགས་བསྒོམ་པ་ཡིན། །ཁོ་ཡིས་དེ་ལྟར་མཐོང་འདུག་སྙམ། །གདོན་ཆེན་སྨྱོན་པ་ཕན་པའི་རྟགས། །ཡིན་སྲིད་བསམ་ཡང་ཡེ་མ་ཕན། འབྲུག་ལོ་གྲོ་བཞིན་ཟླ་བ་ཡི། །ཚེས་བརྒྱད་ཞི་ཁྲོའི་ལས་བྱང་བཏོན། །བཏགས་གྲོལ་རབ་གནས་བྱས་པའི་ནུབ། །ཐོ་རེངས་རྨི་ལམ་འཁྲུལ་བ་ལ། །རི་དམར་གཅིག་ནས་མཐུར་དུ་ཕྱིན། །དེ་ནས་གྱེན་སོང་ཁང་པ་འགའི། །ནང་དུ་སོང་བས་ལྷ་ཁང་ལྟར། །མཛེས་ཤིང་བཀོད་པ་འཕགས་པ་སྣང་། དེ་མོད་ཡིད་ལ་འདི་ལྟར་དུ། །སུམ་ཅུ་རྩ་གསུམ་ལྷ་ཡུལ་གྱི། །གནས་དང་ཁང་པ་ཡིན་འདུག་པས། །ལྷ་ཡི་ལོངས་སྤྱོད་ཐམས་ཅད་ནི། །དཔག་བསམ་ཤིང་ལས་འདོད་དགུ་འབྱུང་། །ཕྱིར་ལམ་དཔག་བསམ་ཤིང་ལ་བལྟ། །སྔོན་ལ་ལྷ་བུ་རྣམས་ལ་ནི། །ལྟའོ་བསམ་ནས་སྟེང་དུ་ཕྱིན། །དེ་ནས་ལྷ་བུ་ཡིན་སྙམ་པའི། །བླ་མ་འདྲ་བ་ཕྱོགས་ཕྱོགས་འདུག །བདག་གིས་བླ་མ་སངས་རྒྱས་དང་། །ཡི་དམ་མཁའ་འགྲོ་རྣམས་ལ་ནི། །ཕྱོགས་བཞིར་བལྟས་ནས་ཕྱག་ཀྱང་འཚལ། །དབུས་མའི་ལྷ་བུ་བླ་མ་དེར། །ང་ལ་གདམས་ངག་བྱིན་སྨྲས་པས། །ཐུབ་པའི་བསྟོད་པ་ཤོ་ལོ་ཀ །ལེགས་པར་བསླབ་ཀྱང་རྗེས་ནས་བརྗེད། །དབུས་དེར་ཝ་ཁུང་ལྟ་བུ་གཅིག །འདུག་པ་སྲོག་རྩ་ཡིན་པ་དང་། །ལྷ་གནས་ཁང་པ་སྙིང་གི་དཀྱིལ། །རི་དམར་གློ་བ་ཡིན་འདུག་པ། །རྨི་ལམ་སད་ཚེ་ཡིད་ལ་ཤར། །ཡང་ནི་ཕྱིན་ཚུལ་མ་གསལ་པའི། །འོག་མིན་གནས་སུ་ཕྱིན་བསམ་རྨིས། །ཚེས་དགུའི་ཐོ་རེངས་བཅུ་ཡི་ཆ། །རྨི་ལམ་བདག་གི་སྤྱི་གཙུག་ཏུ། །བླ་མ་ཨོ་རྒྱན་དབྱེར་མེད་དེ། །རྡོ་རྗེ་འཆང་གི་ཆ་ལུགས་སུ། །བཞུགས་པས་ངོ་མཚར་སྐྱེས་པ་རྨིས། །ཡང་ནི་ནུབ་གཅིག་གཉིད་ལས་སད། །ཐོ་རེངས་ཐུན་ལ་ལུས་གནད་བཅས། །བསྐྱེད་རྫོགས་བཟླས་པའི་ངང་ཉིད་དུ། །སེམས་ལ་རྟོག་པ་འདི་ལྟར་འགྱུས། །བདག་གིས་དགེ་ཚོགས་ཅི་བསགས་པ། །བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོས། །ཞིང་དེར་ངེས་པར་སྐྱེ་སྙམ་པའི། །མོད་དེར་ཡེངས་ནས་སོང་ཙ་ན། །བདེ་ཆེན་ཞིང་ཡིན་སྙམ་པ་རུ། །ཕྱིན་ནས་འདུག་ཅིང་ཞིང་དེའི་གཙོ། སངས་རྒྱས་ལོངས་སྐུའི་ཆ་ལུགས་ཅན། །ཤིན་ཏུ་སྐུ་ཚད་ཆེ་བ་ལ། །ཞལ་ཕྱག་འདི་འདྲར་ཞིབ་མེད་པར། །གཙོ་བོའི་སངས་རྒྱས་དེ་ཉིད་དང་། ཁོ་བོ་དབྱེར་མེད་བཞིན་དུ་གདའ། །དེའི་མོད་དེ་ཡི་མདུན་དེ་རུ། །སངས་རྒྱས་གཙོ་བོ་དེ་འདྲ་བའི། །བདག་ནི་རྒྱལ་སྲས་གཅིག་ཏུ་གྱུར། །དེ་ཚེ་བདག་གི་བསམ་པ་ལ། །འདི་ཉིད་གཅིག་ཏུ་མི་སྡོད་པར། །སེམས་ཅན་འགྲོ་དོན་བླ་མ་དང་། །བསོད་ནམས་བརླབས་ཆེན་སྤྱོད་པའི་ཕྱིར། །ཞིང་ཁམས་རྣམས་སུ་བགྲོད་བསམ་ནས། །དང་པོར་སངས་རྒྱས་རྣམ་སྣང་གི །ཞིང་དུ་ཕྱིན་སྙམ་ཞིབ་ཆ་མེད། དེ་ནས་བདེ་ཆེན་ཞིང་དེ་ཡི། །ཤར་ཕྱོགས་རིམ་པར་ཡིན་བསམ་པའི། །ཞིང་ཁམས་རིམ་པར་ཕྱིན་སྙམ་པ། །དང་པོ་པདྨ་བཀོད་པའི་ཞིང་། དེ་ནས་པདྨ་རོལ་པའམ། པདྨ་བརྩེགས་པའི་ཞིང་དུ་ཕྱིན། །དེ་ནས་པདྨ་འཇམ་པའི་ཞིང་། །སྐད་ཅིག་སྐད་ཅིག་ལ་ཕྱིན་པས། །ལོ་རྒྱུས་ཞིབ་ཆ་མི་སྣང་ཡང་། །ཞིང་ཁམས་དེ་དག་རྣམས་ཀྱི་ནི། །གཙོ་བོ་སངས་རྒྱས་རེ་རེ་མཐོང་། །ལ་ལ་ལོངས་སྦྱོད་རྫོགས་པའི་སྐུ། །རོལ་པ་ཡེ་ཤེས་སྟབས་སུ་བཞུགས། །སྐུ་མདོག་དམར་སེར་དམར་པོ་སོགས། །གཙོ་བོ་ཐམས་ཅད་རང་སྣང་ཤར། །ཞིང་བཀོད་ཞིང་གི་སེམས་དཔའ་དང་། །སངས་རྒྱས་རྣམས་ཀྱི་ཞལ་ཕྱག་སོགས། །ཞིབ་ཆ་སྒྲིབ་པ་ཆེ་ཕྱིར་མེད། །མོད་དེར་ཡེངས་བ་དེ་ལས་སད། །གཉིད་དང་མངོན་སུམ་མ་ཡིན་ཞིང་། །ཉམས་སྣང་ཙམ་དུ་དེ་ལྟར་བྱུང་། །འདི་གོང་ཟླ་བ་གཉིས་གསུམ་དུ། །སྣང་གྲགས་སྟོང་པའི་རང་བཞིན་འདི། །རྒྱལ་བའི་སྐུ་གསུང་ཐུགས་སུ་ཤར། །དཀྱིལ་འཁོར་གསུམ་གྱི་རོལ་པ་རུ། །ངེས་ཤེས་ལྷང་ལྷང་སྐྱེས་པར་གྱུར། །བསྒོམ་དུ་སྟོང་གསལ་ལྷ་ཡི་རོལ། །མ་བསྒོམ་གཡེང་བས་ཁྱེར་རྩ་ཡང་། །སྣང་གྲགས་སྐུ་གསུམ་རོལ་པ་རུ། །ཚུར་ལ་ལྷང་ལྷང་ཤར་བ་བྱུང་། །བླ་མ་ཡི་དམ་ཐུགས་རྗེ་ལྡན། །ཉམས་མྱོང་ཡིད་སྨོན་མ་ལུས་ཙམ། །དེ་ནས་དུས་ཚོད་བཟང་པོའི་ཉིན། །རླུང་སེམས་རྟེན་འབྲེལ་གནད་དུ་འགྲིགས། །བདེ་གསལ་མི་རྟོག་ཏིང་འཛིན་འཕེལ། །སྐྱིལ་དཀྲུང་བཅས་བཞིན་གར་འདོད་དམ། །ནམ་མཁར་སོང་ཡང་ཐོགས་མེད་པར། །འགྲོ་བར་ཆོག་པའི་ཉམས་ཤར་ཡང་། །མཚམས་ནི་མ་བཞག་མཉམ་པར་བཞག །ཉིན་མཚན་མཉམ་པ་འབའ་ཞིག་ཐལ། །རང་རིག་ཡེ་ཤེས་ཁོང་ནས་ཤར། །དྲིན་ལྡན་བླ་མ་རྗེ་བཙུན་དེ། །ཆོས་སྐུ་དངོས་སུ་མཐོང་བའི་ཕྱིར། །བླ་མ་དྲན་ནམ་ཆོས་སྐུར་དྲན། །སེམས་ཀྱང་ཆོས་སྐུ་ཁོ་ནར་ཐལ། །ཆོས་སྐུ་དམིགས་མེད་ངང་ཉིད་ལས། །སྐུ་གསུང་ཐུགས་ཀྱི་རོལ་པ་ཆེ། །ཅི་སྲིད་འདོད་དགུའི་ལེགས་ཚོགས་དྲན། །བླ་མ་དེ་ཉིད་མཇལ་བ་རྨིས། །ལུང་བསྟན་མཛད་ནས་ངེས་ཤེས་སྐྱེས། །དེ་བསྐོར་ཉམས་དང་རྨི་ལམ་དུ། །ས་ར་ཧ་ཡི་དོ་ཧ་དང་། །ཏཻ་ལོ་པ་ཡི་དོ་ཧ་དང་། །ཏོག་ཙེ་བ་ཡི་དོ་ཧ་སོགས། །འདོན་དང་ལུང་ཞུ་ཉན་པ་སོགས། །ཡང་ཡང་བྱུང་པས་དེ་ལྟར་དུ། །དོ་ཧའི་དགོངས་པ་ཇི་བཞིན་རྟོགས། །གྲུབ་ཐོབ་ས་ར་ཧ་པ་སོགས། །ཆེན་པོ་ཡུམ་དང་འཁྲིལ་སྦྱོར་མཛད། །ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་བཅས། །བར་སྣང་ཁེངས་པ་ཙམ་གཅིག་དང་། །ཆུང་ངུ་རོལ་སྟབས་མཛད་པ་སོགས། །ཡང་ཡང་སྐུ་འདྲའི་རྣམ་པར་མཛེས། །སད་ཚེ་དེ་དག་བརྡར་གོ་ནས། །ཉམས་ལེན་ཡིད་དཔྱོད་ཕྲོལ་ཅིག་པར། །གོ་ནས་ལ་བཟླས་ཡིད་དཔྱོད་དབྲལ། །དེ་ལྟར་འཁོར་འདས་གཅིག་ཏུ་འདྲེས། །སྣང་སེམས་གཉིས་པོ་དབྱེར་མི་ཕྱེད། །ངར་འཛིན་ཉོན་མོངས་མགོ་བོ་ཆོམ། །མཉམ་མེད་དྭགས་པོའི་རྨི་ལམ་བཞིན། །མགྲོན་པོ་འོང་བའི་རྟེན་འབྲེལ་བྱུང་། །ཟངས་དུང་བུས་པས་སྐད་ཆེར་གྲགས། །རྒྱ་བོད་གྲགས་པ་འོང་ངོ་སྨྲས། །ཕྱིར་ཉིན་དགུན་སྒང་འབྲུག་ཡང་གྲགས། །རྨི་ལམ་རྒྱ་གར་གྲུབ་ཐོབ་དང་། །བོད་ཀྱི་རྣལ་འབྱོར་གླིང་རས་སོགས། །མཇལ་བའི་སྣང་བ་ལན་མང་བྱུང་། །རྗེ་བཙུན་མི་ལའང་ལན་འགའ་རྨིས། །ཕག་གྲུ་རྒོད་ཚང་ལ་སོགས་ཀྱི། །གདན་ས་སྒྲུབ་གནས་ལ་ཕྱིན་རྨིས། །གྲུབ་ཐོབ་གཙང་པ་རྒྱ་རས་ཀྱིས། །རོ་གཅིག་རྟོགས་དུས་བྱུང་ཚུལ་དང་། །རྣམ་ཐར་ཡ་མཚན་མཐོང་བ་དང་། །རོ་གཅིག་འབྲིང་དང་ཆེན་པོ་འདི། །ངོ་སྤྲོད་འདི་དང་འདི་ཞེས་པ། །རྒྱ་རས་ཀྱིས་མཛད་རྨི་ལམ་བྱུང་། །ཉིན་སྣང་དེ་ལྟར་བཞིན་དུ་བྱུང་། །མཚན་ལ་མཐོ་དམན་ཆེ་བར་བྱུང་། །ལྷ་ཁང་ལེགས་པོ་གཅིག་གིས་ནང་། །ཆོས་སྐྱོང་ཕྱག་བཞི་མགོན་པོ་ནི། །གཙོ་འཁོར་ཐམས་ཅད་གསེར་ལས་གྲུབ། །འོད་དང་འོད་ཟེར་འབར་པ་ལ། །མངོན་གསུམ་སྐུ་འདྲ་མི་ཕྱེད་པ། །མཐོང་བས་དེ་ཡང་སད་ཙ་ན། །གྲུབ་ཆེན་ཀརྨ་པཀྵི་དེ། །དགེ་སློང་ཆ་ལུགས་སྐུ་ལུས་རིང་། །གཞོན་ཉམས་གཟི་བརྗིད་ལྡན་བ་ལ། །དབུ་ན་ཨ་མི་དེ་ཞལ་ཅན། །མཐོང་བས་དད་པར་གྱུར་པ་དང་། །རྗེ་བཙུན་དམ་པ་རྒྱ་གར་པ། །བདག་དང་མཉམ་དུ་བཞུགས་འདུག་པས། །དགའ་ཞིང་བདག་གིས་འདི་སྐད་སྙམ། །འདི་ནི་རྒྱ་གར་གྲུབ་ཐོབ་ནི། །མང་པོ་དག་གི་བུ་ཆེན་ཡིན། །ཁོང་རང་གྲུབ་ཆེན་ཚད་ལྡན་ཡིན། །ཡོན་ཏན་ཉམས་རྟོགས་ཐམས་ཅད་མཁྱེན། །ང་ཡི་ཉམས་རྟོགས་ཅི་ཙམ་ཞེས། །དྲི་སྙམ་ན་ཡང་དེ་ནས་བརྗེད། །རྣལ་འབྱོར་གླིང་རས་རྒྱུད་འབུམ་ལ། །མཇལ་ནས་དད་པར་འགྱུར་བའི་ནུབ། །རྨི་ལམ་གྲུབ་ཆེན་གླིང་རས་པ། །བདག་དང་མཉམ་དུ་ཡུན་རིང་བཞུགས། །རྣལ་འབྱོར་ཤུད་པ་ལྟ་བུ་ལ། །གཏད་མེད་སྤྱོད་པ་མཛད་པར་སྣང་། །ང་ཡི་ཉམས་རྟོགས་ཅི་ཙམ་ཞེས། །དྲིས་པས་རྟོགས་པ་ཕུལ་གཅིག་གསུངས། །སྣང་སྲིད་སྒོམ་དུ་འཆར་ན་ཡང་། །མཚན་ལ་རེས་འཁྲུལ་རེས་མི་འཁྲུལ། །ཞུས་པས་མཚན་སྣང་ད་རུང་མིན། །ཉིན་སྣང་དེ་ལས་མེད་དོ་གསུངས། །མཚན་རིང་རྨི་ལམ་མཉམ་དུ་གདའ། ཐོ་རེངས་སད་ཚེ་རིག་པ་དྭངས། །ཉམས་མེད་དམིགས་མེད་ངང་ཡོད་ཀྱང་། །ཡིད་ཡུལ་པདྨ་འབྱུང་གནས་དེ། །དངོས་བཞིན་ཤིན་ཏུ་གསལ་པོ་ལ། །བསྐྱེད་རིམ་དུས་དང་མི་འདྲ་བའི། །སྔར་སྒོམ་མི་ཤེས་གསལ་བ་ལྟར། །གཞོན་ཚུལ་མཛེས་ལ་འོད་ཟེར་འཕྲོ། །རྒྱན་རྫོགས་འཛུམ་བཅས་ལྷང་ངེ་བ། །གསལ་བ་མངོན་སུམ་མཐོང་བ་ལྟར། །འབད་མེད་རང་ཤུགས་ཡིད་ཡུལ་ཤར། །ཡུན་རིང་བར་དུ་དེ་ལྟར་བྱུང་། །འདི་གོང་ཟླ་བ་ལྔ་དྲུག་གོང་། །བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ཌཱ་མ་རུ་འཛིན་ཅིང་། གཡོན་བས་ཁ་ཊཾ་ག་འཛིན་པ། །མཐིང་ནག་རོལ་པའི་སྟབས་བཞུགས་ཏེ། །རྨི་ལམ་ཙམ་ན་མཐོང་བ་ཡིན། །འདི་རུ་ཁྲི་ཚོ་ཉེར་གཉིས་ཡོད། ། མདྒ་ལཾ། །

ལམ་གྱི་རྟགས་ཡིག་ཐོར་བུའི་སྐོར་བཞུགས་སོ།།

བདག་གི་ལམ་ཡིག་རྟགས་ཀྱི་རིམ་པ་ནི། །ཉེར་གསུམ་ལོ་ནས་རང་ལོ་ཉེར་དགུའི་བར། །འདག་སྦྱར་བྱས་ནས་རྩེ་གཅིག་སྒྲུབ་ལ་འབད། །དེ་ཚེ་ཉམས་རྨིས་རྟགས་ཀྱི་རིམ་པ་རྣམས། །ཅུང་ཟད་ཡོད་པ་འདི་མིན་གཞན་དུ་གསལ། །ཉེར་དགུ་ལོན་ནས་གཞན་དོན་བྱ་ཕྱིར་ལངས། །དེ་བར་སྒྲུབ་དང་མཆོད་པའི་གནས་སྐབས་འགར། །རྨིས་རྟགས་བྱུང་བ་བྲིས་ཞེས་གསུངས་པས་བྲིས། །གཏེར་གནས་ཡིན་སྙམ་བྲག་ཕུག་གཅིག་གི་ནང་། །པདྨ་འབྱུང་གནས་བཞུགས་འདུག་མཇལ་སྣང་བྱུང་། །དམ་སྲིའི་ཁ་འཛིན་བྱེད་པའི་དགོན་སོང་ཚེ། །འདབ་ཆགས་འདུས་ནས་ཕྱོགས་གཅིག་ཅ་ཅོ་སྒྲོག །དེ་གནས་བནྡེ་འགའ་ཡི་རྨི་ལམ་དུ། །མདང་ནི་འུར་འདུག་ཟེར་ནས་ཐམས་ཅད་བྲོས། །སོང་ངོ་ཟེར་ནས་དམ་སྲི་བྲོས་པའི་རྟགས། །གཞན་ཡང་རླུང་ཐོག་རྒྱབ་ནས་ཁང་པ་སོགས། །བཤིག་ཆས་བྱས་སོགས་ཆོ་འཕྲུལ་བྱུང་བར་གྱུར། །དེ་ནས་ནུབ་གཅིག་རྨི་ལམ་སྣང་བ་ལ། །སྤྱན་རས་གཟིགས་དབང་དེ་ཉིད་གསལ་བ་རུ། །མདུན་དུ་འདུག་པས་བདག་གིས་བསྟོད་པ་བྱས། །དེ་ཚེ་མདུན་གྱི་སྤྱན་རས་གཟིགས་དེས་ཀྱང་། །ཚུར་ལ་ཁྱོད་ནི་སྤྱན་རས་གཟིགས་ཡིན་ཞེས། །བསྟོད་པ་འདྲ་བ་ཅུང་ཟད་བྱས་པ་རྨིས། །དེ་ནས་ནད་པ་གཅིག་ནི་ཤི་སར་ཕྱིན། །འཕོ་བ་བཏབ་ཅིང་ཡང་ཡང་དམིགས་པས་སྤར། །མཐར་ནི་སྤྱི་བོར་མཐེབ་མོའི་ངོ་ཙམ་སྐྲང་། །སྐྲ་ཉུང་འཐེན་པ་རང་སར་ལི་བ་བྱུང་། །ཡུད་ཙམ་སོང་ཚེ་ཐིག་ལེ་ལྗང་གུ་གཅིག །མུ་ཁྱུད་མཐིང་ཀས་བྱས་པ་ལག་མཐིལ་ཙམ། །མདུན་དུ་དར་གཅིག་མཐོང་ཞིང་གནས་པ་བྱུང་། །འཇའ་འོད་ཐིག་ལེ་དེ་འདྲ་བྱུང་དུས་ན། །ལོངས་སྐུའི་འཕོ་བ་ཐེབས་རྟགས་ཞི་ཁྲོར་བཤད། །དེ་ཕྱིར་མི་དེས་ཐར་པ་ཐོབ་སྙམ་དགའ། །
༈ ཡང་ནི་ཐོ་རེངས་རྨི་ལམ་ན། །རང་ཉིད་པདྨ་འབྱུང་གནས་ཉིད། །གྱུར་ནས་འདུག་པའི་ངེས་ཤེས་བྱུང་། །ཡང་ནི་ནུབ་གཅིག་རྨི་ལམ་དུ། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྣམས། །དངོས་སམ་བྲིས་སྐུ་ལྟ་བུའམ། རིམ་པར་གྲལ་བྱས་གྲལ་མགོ་རུ། །ཀླུ་སྒྲུབ་གར་སྟབས་བཞུགས་པ་མཐོང་། །ཕྱིར་ནང་ཆོས་ཞུ་སློབ་མ་གཅིག །བྱུང་བ་དེ་ལ་ལྟའམ་སྙམ། །དབང་གི་སྒྲུབ་པ་གཅིག་བྱས་དུས། །ཐོ་རེངས་ཙམ་གྱི་རྨི་ལམ་དུ། །མདུན་གྱི་ནམ་མཁར་འོད་ཕུང་དཀྱིལ། །རྣམ་སྲས་མདུང་དམར་ཡིན་བསམ་པའི། །ལྷ་གཅིག་བཞེངས་ནས་འདུག་པ་ལ། །དབུ་རྒྱན་རིན་ཆེན་ཆུན་འཕྱངས་བ། །ཤིན་ཏུ་གསལ་པོ་ཡུན་རིང་མཐོང་། །ཡང་ནི་ཉམས་སྣང་གཅིག་ལ་ནི། །ཏིང་ཤག་སྐད་བཟང་བརྡུངས་ཤིང་ནི། །དངོས་སུ་གཅིག་བྱུང་དེ་ནས་མེད། །མངྒ་ལམ།
༈ དེ་ནས་རྣམ་པར་བཤད་བྱ་ལ། །བླ་མ་སྐུ་གསུམ་སྒྲུབ་པ་ཡི། །སྤྲུལ་སྐུའི་བསྙེན་པ་བྱས་པའི་ཚེ། །ཐར་ལམ་བགྲོད་དང་ཞིང་ཁམས་སླེབས། །བརྡའ་དང་རྟགས་མཚན་ཕྲན་བུ་རྨིས། །དེ་སྐོར་རྩུབ་རྟགས་མང་པོ་བྱུང་། །འདྲེ་མོའི་གནོད་པ་འདུག་པ་ལ། །བསྲུང་བཟློག་དགོས་ཞེས་བླ་མས་གསུངས། །དེ་ལ་གུ་རུ་དྲག་པོ་ཡི། །བསྲུང་བཟློག་བག་ཙམ་བྱས་པའི་དུས། །འདྲེ་མོ་ཟིན་དང་བརྡུང་བ་དང་། །གུར་དྲག་ང་རྒྱལ་དང་བཅས་པས། །བཀའ་བསྒོ་བསྒྲལ་ལས་བྱས་པ་རྨིས། །དངོས་སུ་རྩུབ་རྟགས་ཐམས་ཅད་ཞི། །འོད་དམར་མང་པོ་འཁྱུགས་པ་དང་། །རང་གིས་རྟ་སྐད་བཏོན་པ་དང་། །འཇའ་དཀར་དར་ཡུག་བརྐྱང་འདྲ་བྱུང་། །སྒྲུབ་ཁང་སྟེང་དུ་རྔ་ཐུག་བཙུགས། །ཟུར་བཞི་རྒྱལ་མཚན་བཞི་བསྒྲེངས་བ། །དམག་དར་འདྲ་བའི་དར་ཆེན་ཕྱར། །གྱེན་དུ་སོང་བ་ལ་སོགས་རྨིས། །རྡོ་རྗེའི་བཟླས་པ་ཞག་གྲངས་ནི། །བཅུ་བཞིར་གསུམ་འབུམ་ཉི་ཁྲི་བཟླས། །
༈ དེ་ནས་སྒྲུབ་པ་བྱས་པ་ལ། །མི་གཙང་སྐྱུག་དང་གོས་དཀར་གྱོན། །ནམ་མཁར་འཕུར་ཞིང་ཕུན་ཚོགས་ཀྱི། །ཁྲི་བཀོད་བཤམས་ནས་འདུག་ཁར་སླེབས། །འབྲུ་ཕུང་ཆེན་པོའི་བདག་བྱེད་དང་། །བླ་མས་ངོ་སྤྲོད་གནང་བ་རྨིས། །མཐོན་པོའི་མཁར་ནས་ལྷུང་བའི་ཚེ། །ནམ་མཁར་འཕུར་ནས་གྲུབ་ཐོབ་སྙམ། །རང་ཆེ་ངར་གཏམ་འདི་ལྟར་སྨྲས། །ང་སེམས་ཉིད་རྟོགས་པའི་རྣལ་འབྱོར་པ། །ལྟ་བ་འཁོར་འདས་གཉིས་མེད་ཡིན། །སྒོམ་པ་མཉམ་རྗེས་མེད་པ་ཡིན། །སྤྱོད་པ་དགག་སྒྲུབ་གཉིས་མེད་ཡིན། །འབྲས་བུ་སྐུ་བཞི་མངོན་གྱུར་ཡིན། །ཕྱི་སྣོད་ལྷ་ཡི་གཞལ་ཡས་ཡིན། །ནང་བཅུད་སྐྱེ་འགྲོ་ཡི་དམ་ལྷ། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ། །དྲན་རྟོག་ཆོས་ཉིད་རྫོགས་པ་ཆེ། །བསམ་ཞིང་རྣལ་འབྱོར་ཉམས་རེ་དགའ། །མགུར་བྱས་ཕ་ཟད་གཅིག་ཏུ་འཕུར། །ཡང་ནི་ཡེ་ཤེས་མཚོ་རྒྱལ་ནི། །གསལ་པོ་མིན་ཙམ་མཇལ་སྣང་བྱུང་། །གསུང་གིས་འདི་ལྟར་ཁོ་མོ་ནི། །རྒྱ་གར་ནས་འོང་འབབ་ཡིན་གསུངས། །ཨ་རུ་ར་ནི་ལོ་མ་ཅན། །སྔོ་སིག་ཕོར་ཆུང་གང་ཙམ་གནང་། །དེ་མ་ཐག་ཏུ་གཉིད་ཀྱང་སད། །སྒྲུབ་པའི་དཀྱིལ་འཁོར་རྩ་བ་རུ། །ཕལ་ཆེར་དྲི་བསང་འཐུལ་བ་བྱུང་། །གསེར་གྱི་མཆོད་རྟེན་ལེགས་པ་དང་། །མཆོད་རྫས་མར་མེ་བལྟམས་པ་དང་། །བླ་མས་བསྐུར་པ་ཡིན་ཟེར་ནས། །ཚེ་རིལ་གསུམ་དང་ཚེ་ཆུ་བཅས། །བདག་ལ་གཏད་པས་ཟོས་ཤིང་འཐུངས་། །མེ་ཏོག་ཚལ་དུ་འདུག་པ་ན། །མེ་ཏོག་ལས་གྲུབ་ཡི་གེ་ནི། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ་སོགས། །དབྱངས་ཡིག་མེ་ཏོག་ལས་གྲུབ་པ། །མཐོང་བས་ངོ་མཚར་སྐྱེས་པ་དང་། །གཏེར་སྟོན་རཏྣ་གླིང་པ་ཡི། །ལྷང་ལྷང་གསུང་གིས་གཏེར་ཆོས་ཀྱི། །ལུང་བཀའ་མང་པོ་གསུངས་བ་རྨིས། །དེ་ནས་བཅོ་ལྔའི་ནུབ་མོ་ལ། །རང་མདུན་ཁྲུ་གང་ནམ་མཁའི་དབྱིངས། །ཨོ་རྒྱན་པདྨ་ལོ་བརྒྱད་ཙམ། །སྐུ་དཀར་པད་ཞྭ་ཆོས་གོས་དམར། །ཞབས་གཉིས་བཞུགས་སྟངས་སྐྱིལ་དཀྲུང་སོགས། །གཞུང་དང་མཐུན་པ་གསལ་བར་མཇལ། །ཕྱག་མཚན་ཁ་ཊཾ་ཡེ་མི་གསལ། །ཡང་ནི་རྗེ་འབངས་ཉེར་ལྔ་ཡིས། །བསྐོར་བའི་ཨོ་རྒྱན་ཐང་ཀ་མཇལ། །མདུན་སོགས་ལེགས་པར་བལྟས་པའི་ཚེ། །འབུར་དོད་ཨོ་རྒྱན་དངོས་སུ་སྣང་། །དངོས་མཇལ་སྙམ་ནས་དད་གུས་སྐྱེས། །པད་ཞྭ་ཞལ་དང་མགུལ་རྒྱུན་དང་། །ཕྱག་མཚན་རྡོ་རྗེ་ཡན་ཆད་ལ། །བསྟོད་པ་བརྡ་བསྟོད་བྱས་པ་རྣམས། །ལེགས་པོ་ཡོད་ཀྱང་སད་ཚེ་བརྗེད། །ཡང་ནི་ཉིད་ཁོང་མ་འོང་པར། །སངས་རྒྱས་གཅིག་ཏུ་འགྱུར་རོ་ཞེས། །མཚན་གསལ་ཡོད་ཀྱང་ཕྱིས་ནས་བརྗེད། །བྱམས་པ་མགོན་པོ་ཕེབས་ཡོད་ཟེར། །བལྟས་པས་མ་མཐོང་དད་པ་སྐྱེས། །ནམ་མཁའ་ཏིང་ཤག་སྒྲ་ཐོས་དང་། །མངོན་སུམ་རྨི་ལམ་འོད་ཟེར་ནི། །མུ་ཏིག་སྐུད་པ་འདྲ་བ་འགའ། །འཁྱུག་དང་འགྲོ་འོང་འཕྲོ་བ་བྱུང་། །སྒྲུབ་པའི་སྙིང་པོ་འབུམ་ཕྲག་བརྒྱད། །སྟོང་ཕྲག་གཅིག་ཏུ་ལོངས་པ་བཟླས། །དེ་ནས་ཕྲིན་ལས་བཞི་ལས་ཞི་བ་ཡི། །ལས་སྦྱོར་བྱས་ཚེ་བཙན་པོའི་མཁར་ལ་འདུག །དར་ཆེན་ཕྱར་ཞིང་དར་གདུགས་མགོ་ལ་བསྐོར། །ཆུ་བོ་བརྒལ་ཞིང་མེ་ཏོག་ཨུཏྤལ་ཐུ། །བུད་མེད་མང་པོ་ལས་མངགས་བྱེད་པ་ཉན། །དེ་སོགས་རྨིས་དང་སྔགས་འབུམ་ཉི་ཁྲི་བཟླས། །རྒྱས་པ་ལ་ནི་མི་མང་དབུས་ན་བསྡད། །མི་མང་གིས་ནི་བཀུར་བསྟི་བྱེད་བ་དང་། །རྒྱལ་པོ་ཁྲིར་རལ་ཅན་ནི་ཁྱོད་ཡིན་ཞེས། །བླ་མས་འགུར་མའི་ཚུལ་དུ་གསུངས་པ་རྨིས། །གྲུབ་ཆེན་བརྒྱད་ཅུ་ནམ་མཁའ་འཕུར་མཐོང་སོགས། །ཡ་མཚན་རྨི་ལམ་འགའ་ཡང་བྱུང་བ་ཡིན། །རྒྱུ་རྫས་རྟ་ནོར་མང་པོའི་བདག་བྱེད་དང་། །རང་གིས་ཆས་གོས་ལེགས་པོར་གཟབ་པ་དང་། །དངོས་སུ་འོས་མེད་དཀར་མཚན་སྟེར་སོགས་བྱུང་། །སྔགས་ནི་གཅིག་འབུམ་སུམ་སྟོང་བཟླས་པ་ཡིན། །དེ་ནས་དབང་གི་ཕྲིན་ལས་བྱ་དུས་སུ། །དགེ་བཤེས་མི་ཆེན་སྐྱ་སེར་མང་བོ་ཡི། །བཀུར་བསྟི་བྱས་དང་ཕར་ལ་ཆོས་བཤད་བྱེད། །བུམ་པ་རྙེད་དང་ཨོ་རྒྱན་སྐུ་འདྲ་རྙེད། །རོལ་མོ་དཀྲོལ་དང་འོད་དཀར་ཐིག་ལེ་ཤར། །ཡུལ་ཁམས་བདག་བྱེད་སྡེ་ཆེན་ཁ་ལོ་བསྒྱུར། །ཉམས་དང་རྨི་ལམ་རྣམས་སུ་དེ་ལྟར་བྱུང་། །སྔགས་ནི་ཆིག་འབུམ་དང་ནི་ཉི་ཁྲི་བཟླས། །དྲག་པོའི་ལས་ལ་ཤིང་བཅད་ལ་སོགས་བྱུང་། །བླ་མ་ཡིན་སྙམ་གཅིག་གི་ཕྱག་ནས་ནི། །ངོ་མཚར་ཅན་གྱི་གཏེར་ཆོས་ཡིན་བསམ་པ། །གླེགས་བམ་ཡིན་བསམ་ཕྱེས་ནས་བལྟས་པ་ཡིས། །བླ་མ་བློ་གྲོས་རྒྱ་མཚོའི་སྐྱེ་བ་ཡིན། །ཁྱོད་རང་བློ་གྲོས་རིན་ཆེན་ཡིན་ཟེར་བ། །འདུག་པས་བརྡ་ཙམ་དེ་ལྟར་བྲིས་པ་ཡིན། །སྔགས་ནི་འབུམ་ཚོ་གཅིག་དང་སྟོང་ཕྲག་གཉིས། །འདི་སྐབས་ཉམས་རྟོགས་པ་དང་ཉམས་འུར་སོགས། །གཉིད་དང་མ་གཉིད་ཕལ་ཆེར་སོ་མཚམས་ལ། །ཡུལ་དང་ཁྱིམ་ཁང་ཐམས་ཅད་དངོས་པོ་བཞིན། །མ་སྒྲིབ་ཟང་ཐལ་གསལ་བ་མཐོང་སྙམ་བྱུང་། །དེ་ཡན་སྤྲུལ་སྐུ་འགྲུབ་པའི་རྟགས་མཚན་ཙམ། །ས་མ་ཡ། དེ་ནས་ལོངས་སྐུའི་བསྙེན་པ་ལ། །དང་པོ་གངས་རི་མཐོན་པོ་ཡི། །རྩེ་དེར་ཕྱིན་པ་འདི་ལྟར་སྨྲས། །དབྱར་ཀྱང་ཁ་བ་འབབ་པའི་ས། །འདི་ན་སྐྱེས་ཚད་རྩི་སྨན་ཡིན། །སྨྲས་ཤིང་ཨུཏྤལ་པྲྀ་ཡང་ཀུ། །སྨན་དང་མེ་ཏོག་ཐུ་བ་རྨིས། །ནམ་མཁའ་གཡུ་ཡི་གུར་ཁང་ལ། །ཉི་མའི་དཀྱིལ་འཁོར་ཤར་བ་རྨིས། །ཡང་ནི་སྟེང་གི་ནམ་མཁའ་ལ། །ཆུ་འཛིན་དཀར་པོ་འཁྲིགས་པའི་དབུས། །གཡུ་མདོག་ཟླུམ་པོ་ཁང་མལ་ཙམ། །སྤྲིན་མེད་བཻཌཱུཪྱ་ཡི་མདོག །ཤིན་ཏུ་དྭངས་པའི་དཀྱིལ་དེ་ན། །རྟ་བདུན་དབང་པོའི་དཀྱིལ་འཁོར་རྒྱས། །དེ་ཡི་མཐའ་ལ་སྐར་མ་ཡི། །ཕྲེང་བས་ཡོངས་སུ་བསྐོར་པ་ནི། །ཡུན་རིང་བར་དུ་མཐོང་བ་རྨིས། །རིན་ཆེན་ས་ལས་གྲུབ་པ་ཡི། །མཆོད་རྟེན་པདྨ་སྤུང་པ་ནི། །ཁང་བརྩེགས་གསུམ་ལ་སླེབ་ཙམ་པ། །རྒྱན་དང་བཀོད་པས་སྤྲས་པ་ནི། །སྤྲང་པོ་བདག་གིས་མཇལ་པ་རྨིས། །རྡོ་རྗེ་དྲིལ་བུ་ལག་ཏུ་ཐོགས། །འདོན་པ་གྱེར་མོ་བྱས་པ་དང་། །རྣམ་རྒྱལ་བུམ་པ་ལེགས་པ་ནི། །ཁ་རྒྱན་མགུལ་ཆིངས་ལྡན་པ་གཅིག །རང་གི་ཁྱིམ་དུ་འདུག་པ་རྨིས། །གཏོར་མ་རིན་ཆེན་འབར་བ་ནི། །བདག་གིས་ཟོས་པས་རོ་ཞིམ་པོ། །འདུག་པས་དགའ་ཆེར་བྱས་ཤིང་ཟོས། །རྨི་ལམ་འཁྲུལ་པའི་སྣང་བ་ཡིན། །དོན་མེད་རློམ་སེམས་མ་ཡིན་ཏེ། །ཡེ་ཤེས་འཆར་དང་ས་ལམ་ཆོད། །མཆོག་གི་རྟགས་ནི་ཡིན་པར་གསུངས། །དེ་ཕྱིར་རྟགས་སུ་གོ་བས་བྲིས། །ངོ་མཚར་ཆེ་བ་གཅིག་བྱུང་ཀྱང་། །གཏི་མུག་དབང་གིས་བརྗེད་དེ་ཐལ། །ཕྱིས་སུ་འབྲི་རྒྱུ་མ་རྙེད་དོ། །བསྙེན་པ་སུམ་འབུམ་ཉིས་སྟོང་བཟླས། །དེ་ནས་སྒྲུབ་པ་བྱས་པ་ཡིས། །ཉག་རོང་ཙནྡན་འདྲ་བ་ཡི། །དྲི་བཟང་ཤིན་ཏུ་ཞིམ་པོ་ནི། །རང་གཞན་འགའ་ཡིས་མཐོང་བ་སོགས། །ཡུན་རིང་བར་དུ་འཐུལ་བ་བྱུང་། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །ལྡུམ་ར་ལེགས་པོ་གཅིག་གི་དཀྱིལ། །མེ་ཏོག་དཀར་སེར་དམར་སྔོ་ནི། །ཡུ་བ་མི་ཡི་ལུས་ཚད་ལ། །འདབ་མ་ལག་མཐིལ་ཙམ་པ་ནི། །སྤུང་པ་འདྲ་བ་སྐྱེས་འདུག་རྨིས། །པོ་ཏི་གླེགས་བམ་སྐུ་ཆིངས་སྟེང་། །རིན་ཆེན་དངུལ་ལས་གྲུབ་པ་ཡི། །བཀྲ་ཤིས་རྟགས་ནི་བརྒྱད་པོ་རྣམས། །འབུར་དོད་ལེགས་པོ་མཐོང་བ་དང་། །འཇའ་ཚོན་སྣ་ལྔ་མང་པོ་ཡི། །ནུབ་ཕྱོགས་ནམ་མཁའ་གང་བར་རྨིས། རྔ་བརྡུང་སྦུབ་ཆ་དཀྲོལ་བ་དང་། བུ་མོ་མཛེས་པ་ཡིད་འོང་གཅིག །བདག་གི་ཕྱི་བཞིན་འབྲང་ནས་སུ། །གུས་འདུད་དཔག་མེད་བྱེད་པ་དང་། །ཨ་ཙར་གཟི་བརྗིད་ལྡན་པ་ནི། །རས་གཟན་རྐྱང་གཅིག་མནབ་པ་གཅིག །བདག་ལ་ལེགས་པར་བལྟས་ནས་ཀྱང་། །ཨ་ལ་ཧོ་ཨ་ལ་ཧོ་ཟེར་བ་དང་། །བདག་ལ་གཞན་གྱི་ཞོ་ཟོ་གང་། ཕུལ་རྒྱུ་ཁྱེར་ནས་བྱུང་བ་རྨིས། །ཡང་ནི་གཞན་གྱི་ནས་མང་པོ། །ཁོ་བོ་དག་ལ་བྱིན་པ་དང་། །གྱེན་དུ་ཕྱིན་པ་ལ་སོགས་རྨིས། །དགུང་མོ་ཙོག་པུར་གཉིད་ཡུར་དུས། །ཉམས་དང་རྨི་ལམ་མི་ཕྱེད་པར། །རང་གི་གཡས་ངོས་དེ་ན་ཡར། རྗེ་བཙུན་པདྨ་འབྱུང་གནས་དེ། །ཆོས་གོས་དམར་མདངས་སྤུངས་སེ་རུ། །བཞུགས་ནས་འདུག་པ་ལག་པ་ནི། །རྐྱང་བསྐུམ་ཙམ་གྱི་ཡུན་ལ་མཐོང་། དེ་ནས་ཉམས་ལས་སད་པ་བྱུང་། །དག་སྣང་ཡིན་མིན་ཐེ་ཚོམ་ཡང་། །མ་མཐོང་རིག་ལོས་རྫུན་མ་ཡིན། །དེ་ནུབ་ཉལ་བའི་རྨི་ལམ་ན། །བླ་མའམ་ནི་སྤྲུལ་པ་གཅིག །ཡིན་སྙམ་བདག་ལ་འདུལ་བ་ཡི། །ཆོས་དང་ཞལ་ཏ་མང་པོ་གསུངས། །དེ་ནས་ཨ་ནུ་ཡོ་ག་ཡི། །ཆོས་དང་གདམས་ངག་ལ་སོགས་པའི། མན་ངག་མང་པོ་བདག་ལ་གནང་། །ཡང་ནི་རི་གཟར་གཅིག་ལ་འཛེགས། གྱེན་ལ་ཐར་བ་ལྟར་བྱུང་སྟེ། །ཐར་ནས་རི་རྩེར་ཕྱིན་པ་རྨིས། །ཁྲི་ནི་འདྲ་བ་གཅིག་གི་སྟེང། །གདན་དཀར་ཆེན་པོའི་སྟེང་དུ་ནི། །ང་རང་བཟང་པོའི་འདུག་སྟངས་ཀྱིས། །གྲལ་གྱི་སྟོད་དུ་འདུག་པ་དང་། །ཡང་ནི་ཟླ་བ་ཤར་ནས་སུ། རང་གི་སྐེ་ལ་མེ་ལོང་ནི། །ཆེན་པོ་གཅིག་ནི་ཡོད་སྙམ་བྱེད། །དེ་ལ་ཟླ་ཐིག་ཕོག་པའི་འོད། །རང་གི་ཁྱིམ་ནང་ཐམས་ཅད་ནི། །འོད་ཟེར་གང་སྙམ་བྱེད་པ་རྨིས། །ཆ་ཞེས་བྱ་བའི་དགོན་སྡེ་ཡི། །རང་ཉིད་ཆོས་ཁྲིམས་བྱས་པ་ནི། །སྒྲིག་མ་མཐུན་པའི་བན་དེ་འགའ། །བརྡུང་བཙོག་དཔག་མེད་བྱེད་པ་རྨིས། །བུད་མེད་དར་མ་རལ་པ་ཅན། །སྐེ་ལ་སྤོས་ཤེལ་ཁུ་ཚུར་ཙམ། །མང་པོའི་མགུལ་རྒྱན་བྱས་པ་གཅིག །བདག་ལ་རོགས་དན་གུས་འདུད་བྱེད། །ཡང་ན་རང་གི་ལུས་ལ་ནི། །དར་རམ་གོས་ཆེན་གང་ཡིན་གྱི། ཕོད་ཁ་འདྲ་བའི་གོས་བཟང་གྱོན། །ལག་ཏུ་ཏིང་ཤག་བརྡུང་ཞིང་ཕྱིན། །བུད་མེད་རྒྱན་ལྡན་འགའ་ཞིག་གིས། །ཆང་དང་འོ་ཞོ་འདྲེན་པ་དང་། །བདག་ལ་བརྩེ་བའི་རྣམ་འགྱུར་སྟོན། །སྒྲུབ་པའི་རྟགས་ཡིག་ཅུང་ཟད་ཡིན། །རྒྱལ་རྟགས་རྩུབ་རྟགས་འགའ་བྱུང་ཡང་། །འཛིན་མེད་བཏང་སྙོམས་ངང་ལ་བཞག །སྔགས་ནི་བདུན་འབུམ་ཉི་ཁྲི་བཟླས། ཨེཋིཿབདུད་རྩི་ཆང་གི་སྡེར་བུ་ནི། །ཆེན་པོ་གང་ཙམ་རང་ཉིད་འཐུང་། །ལས་སྦྱོར་རྟགས་མཚན་ཅུང་ཟད་ཡིན། །སྔགས་ནི་ལྔ་ཁྲི་བཞི་སྟོང་སོང་། །མངྒ་ལམ། །
༈ བླ་མ་ཆོས་སྐུའི་སྒྲུབ་པ་འདིར། །རང་རིག་དོན་གྱི་བླ་མ་དང་། །མངོན་སུམ་རྗེན་པར་མ་མཇལ་ན། །རྨི་ལམ་འཁྲུལ་བར་བློ་གཏད་མེད། །འོན་ཀྱང་རང་རང་སྒྲུབ་པ་ཡི། །དོན་དང་མཐུན་པ་ཅུང་ཟད་ལྡན། །དེ་ཕྱིར་རྨི་བལྟས་ཅུང་ཟད་འབྲི། །རང་གི་རྩ་བའི་བླ་མ་དེ། །ཡང་ནས་ཡང་དུ་མཇལ་བ་ལས། །བརྙེས་ཚོར་ཆེན་པོ་མཛད་ནས་ཀྱང་། །ཆོས་ཀྱི་ཞལ་ཏ་མང་དུ་གསུངས། །ཡང་ནི་འཁྲུལ་བའི་རྨི་ལམ་ནི། །ཁང་པ་ལེགས་པོ་གཅིག་གི་ནང་། །ལུས་ཚད་ལས་མཐོ་ནམ་མཁའ་ལ། །དབུས་སུ་ཨོ་རྒྱན་པདྨ་དང་། །གཡས་ན་ཆོས་སྐུ་ཀུན་བཟང་ངམ། །རྡོ་རྗེ་འཆང་ཆེན་ཡིན་ཡང་བསམ། །གཡོན་དུ་མ་གཅིག་མཚོ་རྒྱལ་མ། །གཙོ་འཁོར་གསུམ་གྱི་ཚུལ་དུ་ནི། །གསལ་ཉམས་ངེས་ཤིང་ལྡན་པར་བསམ། །སྐུ་མདོག་ཕྱག་མཚན་ཆ་ལུགས་རྣམས། །ཡིག་གེར་མཐོང་ཀྱང་ཡེ་མ་ངེས། །དེ་ནས་ལྷ་ལ་ལེགས་བལྟས་ནས། །རང་གཞན་འགའ་ཡང་འདུག་པ་ལ། །རྡོ་རྗེ་འཆང་ཆེན་པད་འབྱུང་གིས། །ཆེ་བའི་ཡོན་ཏན་སྤྲུལ་པ་རྣམས། །མང་དུ་བརྗོད་སྣང་ཡོད་གྱུར་ཀྱང་། །གཉིད་ལས་སད་དུས་ཚིག་མ་དྲན། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འདི། །རྣམ་པར་སྣང་མཛད་སྤྲུལ་པ་ཡིན། །དོན་མེད་དེ་འདྲ་རྨིས་པ་དྲན། །ཡང་ནི་ཐུར་དུ་ཕྱིན་ནས་སུ། །གཙང་པ་རྒྱ་རས་ཞབས་རྗེས་སམ། །སྒྲུབ་ཕུག་གཅིག་ནི་མཇལ་བསམ་ནས། །གཙང་པ་རྒྱ་རས་ལོ་རས་དང་། །རྒོད་ཚང་པ་དང་དེ་གསུམ་ནི། །མཇལ་རྒྱུ་ཡིན་ནོ་སྨྲས་ཤིང་ཕྱིན། །དངོས་སུ་མཇལ་བའི་སྐབས་མ་རྙེད། །རང་གི་ཁྱིམ་ནང་ཉི་མ་ཤར། །དེ་འདྲ་འགའ་ཡང་རྨིས་ལགས་སོ། །ནམ་ལང་ཅུང་ཟད་གཉིད་པའི་དུས། །འཁྲུལ་པ་རྨི་ལམ་ངོས་ཟིན་ནས། །བདེ་བ་ཅན་དང་ཟངས་མདོག་རུ། །འགྲོའོ་སྙམ་ནས་རྒོད་པོ་ཡི། །གཤོག་པ་བྱས་ཏེ་ནུབ་ཕྱོགས་སུ། །ཡུན་རིང་བར་དུ་འཕུར་ནས་ཕྱིན། །དེ་ནས་བདག་གི་བསམ་པ་ལ། །དྲན་པ་ཙམ་གྱི་སླེབས་ཐང་པས། །འཕུར་བ་ཁོ་ནས་བདེ་ཅན་དང་། །ཟངས་མདོག་ལ་སོགས་ད་རེས་ལ། །མི་འཁོར་ལྷ་ས་ཐག་ཉེ་བས། །ད་རེས་ཇོ་བོ་མཇལ་འགྲོ་སྙམ། །མགྱོགས་པར་འཕུར་ནས་ཕྱིན་གྱུར་ཀྱང་། །སླེབས་པའི་དུས་ནི་མ་བྱུང་བས། །ད་ནི་ཡུན་ཡང་རིང་སོང་ཙ། །གཉིད་ལས་སད་ན་གར་མི་ཕྱིན། །དེ་བས་མ་སད་གོང་འདི་ལ། །ཕ་མའི་སྐྱིད་སྡུག་བལྟའོ་བསམ། །འཕུར་ནས་ཕྱིན་པས་སླེབས་ནས་སུ། །དགོན་པའི་ཚུར་ལོགས་མ་དེ་མཐོང་། །དེ་ནས་གཅིག་གིས་བོས་ནས་སུ། །ཇ་ཁུར་བྱུང་བས་གཉིད་ལས་སད། །ཟིན་པའི་དོན་གོ་མ་བྱུང་ཡང་། །ཉམས་མཚར་ཡི་གེ་བྲིས་པ་ཡིན། །ཡང་ནི་འཁྲུལ་པའི་རྨི་ལམ་ན། །གཏེར་སྟོན་རཏྣ་གླིང་པའམ། །འཇའ་ཚོན་སྙིང་པོ་ཡིན་ཡང་བསམ། །ཨོ་རྒྱན་རྗེ་ཡི་སྤྲུལ་པ་གཅིག །ཁོ་བོས་མཇལ་བའི་སྣང་བ་བྱུང། །གཏེར་ཆོས་པོ་སྟི་མང་པོ་རྣམས། །བདག་གིས་ཞལ་ཕྱེས་བལྟས་པ་དང་། །ཡང་ན་གུ་རུ་པདྨ་དང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས། །གསང་སྦྱོར་མཛད་ནས་བཞུགས་སོ་སྐད། །གཏེར་སྟོན་གསུངས་པ་ཡིན་ཡང་བསམ། །དེ་ཡི་མོད་ལ་རང་གིས་ཡང་། །ཨོ་རྒྱན་ཡབ་ཡུམ་ཡིད་ཡུལ་དུ། །མཇལ་བའི་སྣང་བ་ལེགས་པར་བྱུང་། །ཡབ་ཡུམ་གཅེར་བུ་རྒྱན་དྲུག་གསོལ། །ཆོས་སྐུའི་རྒྱན་ཅན་ཡིན་སྙམ་བྱེད། །མཚར་སྙམ་བྱེད་པ་དེ་འདྲ་རྨིས། །ཡང་ནི་གཞན་གྱིས་ཁོ་བོ་ལ། །མེ་ཏོག་དམར་པོ་སྔོན་པོ་རྣམས། །དམ་བེ་ལེགས་པོ་གཉིས་ཀྱི་དོ། །བདག་ལ་གཏད་ནས་བྱུང་བ་རྨིས། །ཡང་བུད་མེད་གཅིག་གི་ལག་དེ་ན། །བྷནྡྷ་དར་གྱིས་དཀྲིས་པ་གཅིག །འདུག་པ་བདག་གིས་བླངས་ནས་བལྟས། །བྷནྡྷའི་ངོས་ན་རྗེ་བཙུན་མ། །རྡོ་རྗེ་ཕག་མོའི་སྐུ་འདྲ་ནི། །རང་བྱོན་སྤུ་ཡིས་བྲིས་པ་ཙམ། །ཆེ་ཆུང་ཚོན་གང་ཡོད་ཙམ་ལ། །རྒྱན་དང་ཆ་ལུགས་གར་སྟབས་རྣམས། །གཞུང་དང་མཐུན་ལྟར་གསལ་བར་མཇལ། །ངོ་མཚར་ཆེའོ་བསམ་པ་ཡི། །དགའ་སྤྲོ་དཔག་མེད་འཕེལ་བ་རྨིས། །རིན་ཆེན་ཤེལ་གྱི་ཕྲེང་བ་དང་། །བཅུ་འཛབ་འདྲ་བ་མང་པོ་རྣམས། །བདག་གི་ལག་ཏུ་བླངས་པ་རྨིས། །དཔེ་བལྟས་བྱས་པས་རྐྱེན་བྱས་ནས། །རང་གི་སེམས་ལ་སྙེམས་གཅིག་ལང་། །དེ་ནས་ཉལ་བའི་རྨི་ལམ་ན། །དྲིན་ཆེན་བླ་མས་གེགས་སེལ་མཛད། །ཡིན་མིན་བློ་ཐག་རྦད་ཀྱིས་བཅད། །ངེས་ཤེས་དད་པ་དཔག་མེད་འཕེལ། །བླ་མ་ཡང་ཡང་མཇལ་རྨིས་ནས། །དགྱེས་པའི་རྣམ་འགྱུར་མཛད་ནས་སུ། །གསུང་གླེང་གེགས་སེལ་བོགས་འདོན་རྣམས། །ནམ་དགོས་ཡང་ནས་ཡང་དུ་མཛད། །ངེས་ཤེས་སྐྱེས་པ་འགའ་རེ་ཡོད། །བླ་མ་ཆོས་སྐུའི་སྒྲུབ་པ་ཡི། །རྟགས་མཚན་ཕྲན་བུ་ཟུར་ཙམ་ཡིན། །ལས་སྦྱོར་བྱས་པའི་རྨི་ལྟས་ནི། །རྡོ་རྗེ་ཕག་མོའི་སྐུ་འདྲའམ། །སྐུ་དངོས་ཡིན་ཡང་བསམ་པ་གཅིག །ཤིན་ཏུ་གསལ་བར་མཇལ་བ་དང་། །རང་ཉིད་དབང་ཆེན་རྟ་མགྲིན་གྱི། །བསྐྱེད་རིམ་ཤིན་ཏུ་གསལ་བ་ཟིན། །སྐུ་མདོག་ཕྱག་མཚན་ཆ་ལུགས་རྣམས། །དངོས་དང་འདྲ་བ་གྱུར་ནས་སུ། །ཕྱི་ཡི་སྣང་བ་ཐམས་ཅད་ཀྱང་། །རང་ཉིད་རྟ་མགྲིན་མདོག་བཞིན་དུ། །གྱུར་ནས་འདུག་པ་གསལ་བར་རྨིས། །ཉི་མའི་འོད་ཟེར་ཤར་བ་དང་། །ནམ་མཁའ་སྤྲིན་མེད་སྔོ་སངས་དང་། །ལས་སྦྱོར་རྨིས་རྟགས་ཅུང་ཟད་ཡིན། །ཞོར་གྱི་བསྙེན་སྒྲུབ་ལས་སྦྱོར་སོགས། །ཀུན་ལ་ཁྲི་ཕྲག་གསུམ་བཟླས་སོ། །ཤུ་བྷཾ། ཨྀཐིཿ
༈ ཡང་ནི་གཞན་གྱིས་ཕྲག་དོག་དང་། །སྒྲུབ་པའི་འགལ་རྐྱེན་བར་ཆད་སོགས། །ཞི་བའི་སྔགས་དང་ལས་སྦྱོར་རྣམས། །རྡོ་རྗེ་ཐོད་ཕྲེང་རྩལ་བྱས་སོ། །དང་པོ་དམིགས་ཡུལ་དེ་ཡི་ནི། །དགུ་གཏོར་བཞེས་འབོད་བྱེད་ས་རུ། །སྐྱ་སེར་ཁྲོམ་ཚོགས་དཔག་མེད་རྣམས། །གློ་བུར་འུར་ནས་འཛིང་མོ་བྱེད། །རང་ཡང་བྲེད་སྔངས་ཆེན་པོ་བྱུང་། །དེ་ཡི་མོད་ལ་རང་གི་ནི། །རྩ་བའི་བླ་མ་ཕེབས་བྱུང་བས། །ཡུལ་དེའི་དགེ་འདུན་དཔག་མེད་དང་། །སྐྱ་སེར་ཁྲོམ་ཚོགས་ཐམས་ཅད་ཀྱིས། །རང་གི་རྩ་བའི་བླ་མ་ལ། །དད་གུས་བསམ་མི་ཁྱབ་བྱས་ནས། །ཆོས་ཞུ་འཁོར་དུ་འདུག་པ་དང་། །རང་ཚང་གྲྭ་སློབ་ཐམས་ཅད་རྣམས། །ཞྭ་གོས་རྒྱན་དང་ལྡན་པ་གྱོན། །དར་ཕྱར་གུར་དང་ཡོལ་གུར་ཕུབ། །གླུ་གར་འཆམ་སོགས་བྱེད་པ་རྨིས། །ཡང་ནི་ཡུལ་དེའི་བན་དེ་དང་། །འཛིང་པས་རང་ཉིད་རྒྱལ་བ་དང་། །དམིགས་ཡུལ་ཁྱི་མང་རང་ཉིད་དེད། །ཡུལ་དེའི་ལྷ་ཁང་ནང་དུ་བྲོས། །སྒོ་དེ་དམ་དུ་བཅད་པ་དང་། །ལྷ་མདུན་མར་མེ་མང་འདུག་ཀྱང་། །འོད་ནི་ཡེ་ནས་མི་གདའ་རྨིས། །ཆུ་དམར་ཆེན་པོ་འབོག་ནས་བརྒལ། །གཏེར་སྟོན་འཇའ་ཚོན་སྙིང་པོ་ཡི། །གཏེར་ནས་བཏོན་པ་ཡིན་ཟེར་བའི། །རྡོ་སྐུ་ཡབ་ཡུམ་ཞལ་སྦྱོར་ཅན། །གུ་རུ་དྲག་པོ་ཡིན་ཡང་བསམ། །ཡབ་ཡུམ་གཉིས་ཀྱི་བྲང་བར་དུ། །ཨོ་རྒྱན་སྐུ་ནི་ཆུང་ངུ་གཅིག །སྲས་ཀྱི་ཚུལ་དུ་འདུག་པ་དང་། །མཐའ་བསྐོར་སྐུ་འདྲ་ཕྲ་མོས་བསྐོར། །ཆེ་ཆུང་ཁྲུ་གང་ཙམ་པ་གཅིག །ངོ་མཚར་བསམ་ཞིང་མཇལ་བ་རྨིས། །ཡང་ནི་སྐུ་འདྲ་ད་རེས་དེ། །རྡོ་སྐུ་ཡིན་པ་རང་བྱོན་དུ། །ཡིད་ཡུལ་ཙམ་དུ་མཇལ་བ་རྨིས། །སྦུབས་ཆལ་རོལ་མོ་བྱས་པ་དང་། །ཚོགས་ཟན་ཞིམ་པོ་ཟོས་པ་རྨིས། །བུད་མེད་གཅིག་གིས་ཆང་མང་པོ། །རང་ལ་དྲངས་ནས་བྱུང་བ་དང་། །རང་གིས་ཆས་གོས་བཟང་པོ་གྱོན། །མདའ་གཞུ་གཟི་བརྗིད་ལྡན་པ་བཏགས། །དཔའ་བའི་སེམས་ཀྱིས་འགྲོ་བ་དང་། །གཡང་ས་ཆེན་པོའི་ཁ་ནས་ནི། །རང་ཉིད་ས་ལ་ལྷུང་གྲབས་བྱས། །དེ་མ་ཐག་ལ་འཕུར་ནས་ཕྱིན། །ཡང་ནི་ཁང་བཟང་ཆེན་པོ་ཡི། །ལོགས་ལ་གནས་བརྟན་བཅུ་དྲུག་གི །ལོགས་རིས་བཟང་པོ་ཡོད་པ་ཡི། །ཁང་བཟང་ནང་དུ་རང་ཉིད་བསྡད། །དམ་ཅན་བརྡུང་པ་ཡིན་ཟེར་བའི། །ལི་དཀར་འུར་ཏིང་ཆེན་པོ་གཅིག །བདག་གིས་བརྡུང་པས་སྐད་ཆེན་གྲགས། །དམིགས་ཡུལ་དེ་ཡི་བན་མང་གི །དབུས་སུ་རང་ཉིད་བསྡད་ནས་སུ། །གཞན་རྣམས་རང་གི་མཐའ་བསྐོར་ནས། །གུས་པའི་ཚུལ་དུ་འདུག་པ་རྨིས། །ཡང་ནི་ཡུལ་དེའི་ཁྱི་གཅིག་ནི། །རང་གི་སྟེང་དུ་མཆོངས་བྱུང་བས། །རང་གི་ལག་གཡས་ཐོ་བ་ཡིས། །ཁྱི་ལ་བརྒྱབས་ཀྱང་མ་ཕོག་ཏེ། །རང་ལ་འཇུ་ནི་མ་ཤོར་རྨིས། །ཆུ་ཆེན་འབོག་ནས་བརྒལ་པ་དང་། །རང་གི་ནང་ཁྲོལ་ཐམས་ཅད་ནི། །མི་གཙང་མཉམ་དུ་འོག་ནས་ཐོན། །སྡིག་པ་བྱང་རྟགས་ཅུང་ཟད་བྱུང་། །རང་ལུས་ལྕགས་ཁྲབ་གྱོན་པ་དང་། །བུད་མེད་རྒྱན་ལྡན་གཅིག་གིས་ནི། །རང་དང་དྷརྨཱའི་མིང་ཅན་དང་། །གཞན་ནི་གཅིག་དང་གསུམ་པོ་ནི། །ལས་ཅན་ཡག་པོ་ཡིན་ཟེར་ནས། །བསྟོད་པས་དགའ་ཚོར་བྱེད་པ་རྨིས། །འོས་མེད་རློམ་སེམས་མ་ལགས་ཏེ། །རྟགས་གཅིག་ཡིན་པར་གོ་ནས་བྲིས། །འོད་དཔག་མེད་ཀྱི་སྐུ་འདྲ་གཅིག །བདག་གི་དབུ་རྒྱན་ཡོད་བསམ་ཞིང་། །རང་ཉིད་ཨོ་རྒྱན་བསྐྱེད་རིམ་ནི། །དམ་ཚིག་སེམས་དཔའ་བསྒོམ་པ་རྨིས། །དེ་ནས་ཞི་བའི་སྦྱིན་བསྲེགས་བླུགས། །དེ་ནུབ་འཁྲུལ་པའི་རྨི་ལམ་ན། །བསྐྱེད་རིམ་རྟགས་མཚན་ཕྲན་བུ་ཞིག །བྱུང་ཏེ་མ་སྨོས་ལོགས་སུ་གསལ། །ཡང་ནི་རང་གི་སྒྲུབ་ཁང་དེ། །མཁར་སེར་མཐོན་པོ་རེད་ནས་སུ། །རྒྱབ་རི་དེ་ཡི་རྩེ་མོ་དང་། །མཐོན་དམན་མེད་པར་རེད་འདུག་ཅིང་། །ཅུང་ཟད་ཁང་པས་མཐོ་སྙམ་བྱེད། །ཞི་བའི་རྟགས་མཚན་ཡིན་ནམ་སྙམ། །ཞག་ནི་བདུན་གསུམ་ཐེམ་པ་ན། །སྔགས་ནི་བཞི་འབུམ་བཞི་ཁྲི་སོང་། །དངོས་གྲུབ་ལེན་ཆོག་བརྒྱ་ཕྲག་གཅིག །ཚེ་འགུགས་སྙིང་པོ་བརྒྱ་ཕྲག་གསུམ། །
༈ ན་མོ་གུ་རུ་པདྨ་སམྦྷ་ཡེ། ཟབ་གཏེར་དམ་ཆོས་ཆུ་གཏེར་དབུས། །ཐུགས་སྒྲུབ་མཛེས་པའི་སྡོང་པོ་ལ། །བསྐྱེད་རྫོགས་པདྨོའི་འདབ་སྟོང་རྒྱས། །སྐུ་གསུམ་འབྲས་བུའི་ཟེའུ་འབྲུ་ལ། །བསྙེན་སྒྲུབ་བུང་བས་རབ་བསྐུལ་བའི། །རྟགས་མཚན་སྦྲང་རྩིའི་རོ་བཅུད་ནི། །མྱང་བས་སྐད་སྙན་དར་དིར་སྒྲོགས། །སྒྲུབ་པ་འདི་ཡི་མགོ་བཙུགས་ནས། །བསྙེན་པའི་གཞུང་ལ་འཇུག་པའི་ཚེ། །བག་དྲོ་བྱིན་ཆགས་ཤེས་པ་དྭངས། །བསྐྱེད་དང་རྫོགས་རིམ་གཉིས་ཀ་ལ། །ངེས་ཤེས་དད་པ་ལྷག་པར་འཕེལ། །མདོར་ན་བསྙེན་སྒྲུབ་སྤྱི་ཡི་རྟགས། །གཞུང་ན་གསལ་ལྟར་འོ་ལེ་བྱུང་། །རྨི་ལམ་རྔ་བརྡུང་དུང་བུས་དང་། །བསིལ་བའི་ཚལ་ལམ་ཀླུ་མོ་སྒང་། །གང་ཡིན་ཏིག་ཏིག་ཡེ་མི་གདའ། །མེ་ཏོག་པད་ཚལ་ཡོད་པའི་སར། །བདག་ནི་ཕྱིན་ནས་འདུག་པ་ལ། །གནས་ནི་མཇལ་རྒྱུ་ཡོད་སྙམ་བྱེད། །དེ་ཡི་མོད་ལ་དེ་ཉིད་དུ། །ལྷ་ཁང་འདྲ་བའི་དཀྱིལ་ནམ་མཁར། །མཆོད་རྟེན་མང་དུ་འདུག་པ་མཇལ། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱི། །སྐུ་འདྲ་ནམ་མཁའི་མཐོངས་སུ་ནི། །འདུག་པ་པད་གདན་དང་བཅས་མཇལ། །བླ་ཆེན་དགེ་འདུན་མང་པོ་ཡི། །གྲལ་མགོར་རང་ཉིད་འདུག་པ་རྨིས། །རྒྱལ་མཚན་གསུམ་ལ་གཅིག་བྱས་ནས། །གཡས་གཡོན་གཉིས་པོ་ཅུང་ཟད་ཐུང་། །དབུས་མ་དེ་ལས་རིང་ཙམ་ལ། །ནོར་བུ་གསུམ་བཙུགས་ཚུལ་བྱས་པ། །དེ་འདྲའི་རྒྱལ་མཚན་གསུམ་བཞི་ཙམ། །རང་གཞན་འགའ་ཡི་བཙུགས་བྱས་པས། །ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ནི། །ཤིན་ཏུ་ལེགས་པ་མཐོང་བ་རྨིས། །དངོས་སུ་རང་ཉིད་སྤོབས་པ་སྐྱེས། །ཆོས་བརྒྱད་དྲི་མས་མ་གོས་ཤིང་། །སྒྲུབ་པ་བྱ་བཏང་མཐའ་རུ་སྐྱེལ། །དེ་ཞོལ་རྟོགས་ལྡན་བརྒྱ་ལྷག་ཙམ། །རང་གིས་སློབ་མ་སྐྱོངས་ནས་སུ། །སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་ནི། །རང་གི་འཛུག་པར་བྱའོ་སྙམ། །དེ་འདྲའི་བློ་རྒོད་ཐོལ་ཐོལ་དུ། །དོན་མེད་ཡང་ཡང་དྲན་པ་བྱུང་། །རང་གི་ཕོ་ཚོད་རྒྱང་མདའ་ལ། །མ་དཔེའི་སྤོབས་པ་སྐྱེས་པ་དེ། །སྒྲུབ་པའི་རྟགས་སུ་གོ་ནས་བྲིས། །གཞན་གྱིས་གོ་ན་དོན་མེད་དུ། །ཐུགས་ཁྲེལ་བ་ཡི་མགོ་ཙམ་འཆོར། །བསྙེན་པ་རྡོ་རྗེའི་བཟླས་པ་ལ། །ཞག་གྲངས་བཅུ་གཅིག་བར་དུ་བཟླས། །འབུམ་ཕྲག་གསུམ་ཙམ་ཐོན་པ་ཡིན། །
༈ སྒྲུབ་པའི་དང་པོ་རང་ཉིད་ཀྱིས། །རྨ་བྱའི་སྒྲོ་མདོངས་རྙེད་པ་དང་། །གྱེན་ལ་སོང་བས་གངས་རི་འགའ། །འདུག་པར་ཕྱིན་པས་འབྲས་མོ་གཤོངས་། །ཡིན་པའི་སྣང་བ་བྱུང་བ་དང་། །སྐྱ་སེར་འགའ་ལ་རང་གིས་ནི། །ཅི་བྱེད་ཆོས་དང་དགེ་སྦྱོར་རྣམས། །མང་དུ་འགྲོ་དང་མི་འགྲོ་གཉིས། །སེམས་བསྐྱེད་ཆེ་ཆུང་རང་ལ་རག །སྨྲས་ཤིང་སེམས་བསྐྱེད་ཆེ་ཆུང་རྣམས། །ཡིན་ལུགས་དགོས་ཚུལ་བཤད་པ་རྨིས། །དཀྱིལ་འཁོར་སྟེང་དང་ཞལ་ཁེབ་རྣམས། །ནས་ཀྱིས་ཕྱུར་བུར་གང་བ་དང་། །ཡང་ནི་རང་ཉིད་འདུག་པའི་སར། །ཕས་ནས་བྱ་གཅིག་འཕུར་བྱུང་བའི། །ཉམས་ཡང་བལྟས་པས་ནམ་མཁའ་རུ། །ཕྱི་ནས་འདུག་ཙ་ཉི་མ་རེད། །རང་ལ་གཡས་བསྐོར་མང་བྱས་ནས། །རང་སྟེང་འབབ་གྲབ་བྱས་བྱུང་ཙ། །རང་ཡང་སྐྲག་སྣང་ཆེ་བ་གདའ། །ཆེ་ཆུང་རྔ་ནི་ཆེ་ཤོས་ཙམ། །ཟེར་ཡང་ཅུང་ཟད་ཡོད་པ་གདའ། །རི་ནི་ཤིན་ཏུ་མཐོ་བའི་རྩེར། །ཕྱིན་པས་ཐམས་ཅད་མཐོང་བ་དང་། །དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི། །སྐུ་འདྲ་ཡིན་ནམ་སྐུ་དངོས་ཡིན། །གང་ཡིན་ངེས་ཤེས་མེད་པ་གཅིག །གསལ་པོ་ཞིག་ནི་མཇལ་བ་ཡིས། །དེ་མ་ཐག་ཏུ་རང་ཉིད་ཀྱང་། །དབང་ཆེན་བསྐྱེད་རིམ་ཟིན་པ་རྨིས། །ཡང་ནི་འབྲས་མོ་གཤོངས་སུ་ཕྱིན། །འབྲས་མོ་གཤོངས་ཀྱི་གནས་བཤད་དང་། །ཡོན་ཏན་ཡོད་ཚུལ་བཤད་པ་དང་། །དེ་ནས་ཟམ་གཅིག་གདའ་བ་ལ། །ཕྱིན་པས་ཕར་ཀ་སྐུ་སྐྱེ་གཅིག །གྲྭ་སློབ་དང་བཅས་བཞུགས་འདུག་པས། །རང་གི་ཡིད་ལ་སྤྲུལ་སྐུ་འདི། །ཨོ་རྒྱན་སྤྲུལ་པ་ཡིན་འདུག་སྙམ། །དད་གུས་མོས་བ་དཔག་མེད་སྐྱེས། །གསོལ་འདེབས་བསྟོད་པ་རྒྱ་ཆེན་ཕུལ། །བྱིན་བརླབས་ཕྱག་དབང་མཛད་ནས་སུ། །བྱིན་བརླབས་མཛད་པའི་སྔགས་ཀྱང་གསུངས། །སྔགས་ནི་གསལ་བ་ཡོད་གྱུར་ཀྱང་། །དྲན་པས་མ་བཟུང་བརྗེད་དེ་ཐལ། །དད་པ་དབང་མེད་སྐྱེ་ལུགས་ཀྱིས། །རྒྱལ་རྟགས་འདྲ་ནི་ཡིན་ནམ་སྙམ། །ཡང་ནི་གྲུབ་ཐོབ་བླ་མ་ཞིག །ན་བཟའ་སྒོམ་ཐག་དང་བཅས་པ། །ཞབས་གཉིས་བདག་གི་སྙིང་ཁར་གཏད། །བྱིན་རླབས་མཛད་པའི་ཚུལ་གྱིས་ནི། །བདག་གི་ཁ་སྣ་མིག་རྣམས་ལ། །ཞལ་ཕུ་མང་དུ་མཛད་བྱུང་དང་། །ཨོ་རྒྱན་དངོས་ཀྱི་འདུ་ཤེས་ཀྱི། །མོས་གུས་དབང་མེད་སྐྱེས་པ་རྨིས། །ཀྱེ་རྡོར་ཕག་མོ་ལ་སོགས་འགའ། །ཡིད་ཡུལ་ཙམ་དུ་སྣང་བ་ཤར། །ཚེས་བཅུ་གཅིག་གི་ཉིན་པར་ལ། །ཨོ་རྒྱན་རྗེ་འབངས་ཉེར་ལྔ་ཡི། །གསོལ་འདེབས་གཅིག་ཀྱང་བྱས་པའི་ནུབ། །དགེ་སློང་ནམ་མཁའི་སྙིང་པོ་ཡིས། །རྫུ་འཕྲུལ་ངོ་མཚར་ཆེ་བ་འགའ། །བསྟན་ནས་བྱུང་བ་རྨིས་པ་ཡིན། །ཡང་ནི་ཐུབ་པའི་སྤྲུལ་པ་ཞིག །ཡིན་སྙམ་ཁྱེའུ་མཛེས་པ་ཡིས། །སེམས་དང་ནམ་མཁའ་དབྱེར་མེད་པས། །སེམས་དང་ནམ་མཁའ་བསྲེས་ཤིག་གསུངས། །དེ་ལྟར་འདྲེས་པའི་སྣང་བ་བྱུང་། །ཡང་ནི་སེམས་དང་ནམ་མཁའ་ཕྲོལ། །གསུངས་པས་དེ་ལྟར་བྱས་པ་ཡིས། །སོ་སོར་ཕྱེས་པ་འདྲ་གཅིག་བྱུང་། །གང་ལྟར་བསམ་པ་དེ་ཡིན་པས། །ཐམས་ཅད་སེམས་ཉིད་ཡིན་ནོ་གསུངས། །བརྡ་དཔེ་གཅིག་ཀྱང་བསྟན་པ་རྨིས། །དེ་མོད་ཡ་མཚན་རྫུ་འཕྲུལ་འགའ། །བསྟན་བྱུང་ཞིབ་ཞིབ་ཡེ་མི་གདའ། །བླ་མ་སངས་རྒྱས་ཉིད་ཀྱིས་ཀྱང་། །བདག་ལ་མཐོང་ལམ་བཤད་པ་དང་། །ལུང་དང་བཅས་པ་མང་དུ་གསུངས། །དེ་ཡང་རྟེན་འབྲེལ་རྨི་ལམ་བཟང་། །ཡང་ནི་གྲུབ་ཐོབ་གཅིག་གིས་ནི། །ཉི་མའི་ཟེར་ནས་རྟོད་པ་དང་། །ཆུ་བོ་གྱེན་པ་བཟློག་པ་སོགས། །གྲུབ་རྟགས་ཡང་ཡང་བསྟན་པ་རྨིས། །ཤོག་སེར་མཁའ་འགྲོའི་བརྡའ་ཡིག་དང་། །བོད་ཡིག་མང་པོ་འདུག་པ་ལ། །ལུང་བསྟན་ངོ་མཚར་ཡོད་དོ་སྐད། །ཨོ་རྒྱན་རྗེ་དངོས་བླ་མ་ཡིས། །བདག་ལ་རྟེན་འབྲེལ་འདི་སྐད་གསུངས། །ཁྱོད་ནི་དད་བརྩོན་ཤེས་རབ་ཆེ། །རབ་ནི་ལོ་དྲུག་འབྲིང་བཅུ་གསུམ། །ཐ་མ་ཡང་ནི་ཚེ་འདི་ལ། །རྫོགས་པའི་བྱང་ཆུབ་ཐོབ་ངེས་སོ། །གསུངས་པའི་དེ་ནུབ་རྨི་ལམ་ན། །སུ་ཡིན་གཅིག་གིས་འདི་སྐད་དུ། །ཚེ་འདིར་བྱང་ཆུབ་ཐོབ་ནས་ཀྱང་། །དང་པོ་ལྷ་ཡི་ཡུལ་དུ་འགྲོ། །དེ་ནས་ཞིང་ཁམས་གཅིག་ཏུ་འགྲོ། །གཟུགས་སྐུའི་འགྲོ་དོན་ཆེན་པོ་འབྱུང་། །རྫུ་འཕྲུལ་བསམ་མི་ཁྱབ་པ་སོགས། །དེ་འདྲ་ཟེར་སྣང་ཡིད་ལ་ཤར། །ཡང་གཅིག་ཞལ་ཐང་ལེགས་པོ་གཅིག །མཇལ་བས་དད་པ་དཔག་མེད་སྐྱེས། །ཨོ་རྒྱན་དངོས་ཀྱི་འདུ་ཤེས་སྐྱེས། །ཕྱག་འཚལ་བསྐོར་བ་མང་དུ་བྱས། །བདག་ལ་རེ་ལྟོས་གཞན་མ་མཆིས། །ཅི་མཛད་ཁྱེད་ཤེས་གུ་རུ་རྗེ། །ཞེས་སོགས་གསོལ་འདེབས་འགའ་ཡང་བྱས། །གཞན་ཡང་རྟེན་འགའ་མཇལ་བ་རྨིས། །ཁྲི་དང་པད་གདན་ལེགས་པའི་སྟེང་། །རྡོ་རྗེ་འཆང་ཆེན་ཡབ་ཡུམ་དང་། །ཆོས་སྐུ་ཀུན་བཟང་གང་ཡིན་ནི། །འོད་ཆེན་སྐུ་མདོག་མཐིང་ཀ་ལ། །ཡུམ་ནི་སྐུ་མདོག་དཀར་སེར་སྣང་། །ཡབ་ཡུམ་འཁྲིལ་སྦྱོར་ཚུལ་དུ་བཞུགས། །གསལ་པོ་རང་གཅིག་མཇལ་རྨིས་ཀྱང་། །རྒྱན་དང་ཆ་ལུགས་ཞིབ་པ་ནིི། །གསལ་པོ་ཡེ་ནས་མི་གདའོ། །ཡབ་ཡུམ་སྐུ་ཡི་ཆེ་ཆུང་ནི། །མི་ཚད་ལས་ནི་ཆེ་ཙམ་གདའ། །རང་ཡང་མཇལ་ལོ་སྙམ་པ་ཡི། །དགའ་སྤྲོ་ཉམས་སྣང་མི་འདུག་ཀྱང་། །དེ་ཡི་མདུན་གཡོན་ངོས་དེར་བསྡད། །འདོན་པ་མང་ཞིག་བྱས་པ་དང་། །མཐར་ནི་བརྟན་མ་བཅུ་གཉིས་ཀྱིས། །བསྟོད་བསྐུལ་ཕྲིན་ལས་བཅོལ་པ་རྨིས། །རང་ཁྱིམ་ཉི་མ་ཤར་བ་དང་། །ཡང་ནི་རང་གིས་འདི་ལྟར་སྨྲས། །དྲིན་ཆེན་བླ་མ་རིན་པོ་ཆེས། །བཀའ་བཀྱོན་པ་ནི་མ་དགོས་དང་། །རང་ཉིད་བསད་ནི་སོང་གྱུར་ཀྱང་། །དད་པ་འགྱུར་བ་ག་ལ་སྲིད། །ཁོང་གི་བདེ་བ་ཅན་དུ་འཕེན། །མོས་གུས་བྱས་ཤིང་སྨྲས་པ་རྨིས། །ཡང་ནི་ཐོ་རེངས་ཁ་ཞིག་ལ། །རང་ཉིད་དབང་ཆེན་རྟ་མགྲིན་གྱི། །བསྐྱེད་རིམ་གཞུང་ལྟར་སྒོམ་ནས་ཀྱང་། །སྤྱི་གཙུག་བླ་མ་ཨོ་རྒྱན་དུ། །སྒོམ་པས་མངོན་དུ་གྱུར་འདྲ་ཡི། །ཤིན་ཏུ་གསལ་བའི་སྣང་བ་ཤར། །ཡེ་ཤེས་མཚོ་རྒྱལ་ལབ་སྒྲོན་མའི། །སྤྲུལ་པ་ཡིན་སྙམ་ཡེ་ཤེས་ཀྱི། །མཁའ་འགྲོ་མ་གཅིག་ཡིན་བསམ་པའི། །བུད་མེད་གཞོན་ནུ་རལ་པ་ཅན། །འདུག་པ་དེ་ཡི་འོད་ཟེར་གྱིས། །རྒྱ་གར་གནས་ཆེན་ཐམས་ཅད་དང་། །རྡོ་རྗེ་གདན་དང་བསིལ་ཚལ་སོགས། །དངོས་སུ་མཐོང་རྒྱུ་ཡོད་བསམ་ཞིང་། །རང་ཡང་རྒྱ་གར་ན་ཡིན་སྙམ། །བུད་མེད་དེ་ལ་འདི་སྐད་སྨྲས། །ཁྱེད་ནི་ཡེ་ཤེས་མཁའ་འགྲོ་རེད། །བདག་ལ་བྱིན་གྱིས་རློབས་ཤིག་སྨྲས། །དེ་ནས་ཕྱག་དབང་བྱིན་བརླབས་མཛད། །དེ་ཡི་མོད་ལ་རང་ཉིད་ཡང་། །ཡེངས་མ་ལམ་སྟོར་འགྲོ་མ་ནུས། །བུད་མེད་དེ་ཡིས་འདིར་ཤོག་ཟེར། །རྗེས་སུ་ཕྱིན་པས་སྐས་རིང་གཅིག །འཛེགས་ནས་ཕྱིན་པས་སྐས་རིང་ནི། །གསུམ་གྱི་ཁ་རུ་བདེ་བར་ཕྱིན། །སྔགས་ནི་སུམ་འབུམ་ལྔ་ཁྲི་ཐོན། །
༈ ལས་སྦྱོར་ཕྲིན་ལས་བཞི་སྒྲུབ་ལ། །ཞག་པོ་རེ་རེ་བྱས་པ་ཡིན། །ཁྱིམ་ནང་ཟླ་ཐིག་ཤར་འདུག་དང་། །ལ་ཁ་མཐོན་པོར་ཕྱིན་པ་རྨིས། །ཞི་བའི་རྟགས་མཚན་ཅུང་ཟད་ཡིན། །གསེར་གྱི་མཆོད་རྟེན་ཆེན་པོ་ནི། །ལེགས་པོ་འོད་ཟེར་ལྡན་པ་དང་། །བདག་གི་ལག་པ་ལ་སོགས་ནི། །འོད་ཟེར་སེར་པོ་འཕྲོ་བ་རྨིས། །རྒྱས་བའི་རྟགས་ནི་ཟུར་ཙམ་ཡིན། །བུད་མེད་རྒྱན་ལྡན་མང་པོ་ཡིས། །ཟས་སྟེར་གུས་པ་བྱེད་པ་སོགས། །དབང་གི་མཚན་མ་བརྡ་ཙམ་ཡིན། །སྤྲེའུ་གཉིས་ཙམ་བརྡུངས་བ་ཡིས། །དྲག་པོའི་དྲོད་ཚད་ཡིན་ནམ་བསམ། །ཞི་རྒྱས་དབང་དྲག་སོ་སོར་ཡི། །བཟླས་པ་ཉི་ཁྲི་བདུན་སྟོང་སོང་། །
༈ ལོངས་སྐུའི་བསྙེན་པར་འདུག་པའི་དུས། །ཉ་ཕྱིས་འདྲ་བའི་འོད་ཟེར་ནི། །ཁང་མལ་ཆེ་ཤོས་ཙམ་པ་གཅིག །བར་སྣང་ཁམས་སུ་སྨིག་རྒྱུ་ཡི། །ཚུལ་དུ་འདུག་པའི་སྣང་བ་དང་། །འོད་ཟེར་དམར་པོ་ལན་གཉིས་ཙམ། །དངོས་སུ་འཁྱུག་པ་བྱུང་ལགས་སོ། །མདའ་དར་ཁྱེར་ནས་གྱེན་དུ་སོང་། །རི་རྩེར་ཕྱིན་པ་ཡང་ཡང་རྨིས། །སྒྲུབ་པ་དང་པོའི་ནུབ་མོ་ལ། །རང་ཉིད་གནས་མཇལ་སོང་སྙམ་བྱེད། །ཨོ་རྒྱན་པདྨའི་གནས་ཡིན་ཞིང་། །འདི་ལས་ལྷག་པ་མེད་དོ་ཞེས། །དེ་འདྲ་གཅིག་ཏུ་ཕྱིན་འདུག་པས། །བྲག་ལ་རྟ་མགྲིན་རང་བྱོན་ནི། །ཞལ་གསུམ་ཕྱག་དྲུག་ཁྲུ་གང་ཙམ། །འབུར་དོད་མངོན་སུམ་ལྟ་བུར་མཇལ། །ངོ་མཚར་རབ་ཏུ་དགའ་བ་ཡིས། །ཧཱུཾ་ཞེས་བསྟོད་པ་ཞིག་ཀྱང་ཕུལ། །ཡང་ནི་དཔལ་མགོན་མ་ནིང་གི །རང་བྱོན་འབུར་དོད་མངོན་སུམ་ལྟར། །མཇལ་བས་དེ་ལ་བསྟོད་པ་བྱས། །གཞན་ཡང་ལྷ་སྐུ་དཔག་མེད་དང་། །མཆོད་རྟེན་འདྲ་བ་མང་པོ་ནི། །མཇལ་ཡང་ཞིབ་པར་ཡེ་མ་དྲན། །གནས་དེ་མཆིམས་ཕུ་ཡིན་སྙམ་བྱེད། །འོན་ཀྱང་གནས་དེ་མཆོག་ཡིན་ཞེས། །དེ་འདྲ་གཅིག་ཏུ་ཕྱིན་པ་རྨིས། །ཡང་ནི་བྲག་ཕུག་ཆེན་པོ་གཅིག །ཁྱད་པར་ཅན་གྱི་གནས་ཡིན་ཞེས། །དཀྱིལ་དུ་མཆོད་རྟེན་གཅིག་འདུག་པའི། །བང་རིམ་སྟེང་དུ་རང་ཉིད་ནི། །གཡས་བསྐོར་བྱས་ནས་སོང་བ་དང་། །གཞན་ཡང་ལྷ་སྐུ་དཔག་མེད་ནི། །རང་བྱོན་ཁོ་ན་ཡོད་སྙམ་བྱུང་། །ངོ་མཚར་ཆེ་བའི་ལྟས་གཅིག་ནི། །མཐོང་ཡང་ཕྱིར་ནང་བརྗེད་དེ་ཐལ། །སྒྲུབ་པའི་སྙིང་པོ་འབུམ་ཕྲག་ལྔ། །ལས་སྦྱོར་ཉི་ཁྲི་ལྔ་སྟོང་འགྲུབ། །
༈ གུ་རུ་དྷརྨའི་མཚན་རྟགས་ནི། །ནུབ་གཅིག་ཉམས་ཀྱི་སྣང་བ་ལ། །ཁྱིམ་ཕུག་ཉི་མ་གསལ་བ་ནི། །ཤར་ནས་གདའ་བའི་སྣང་བ་དང་། །རང་གི་རྐེ་ལ་མེ་ལོང་ནི། །ཆེ་ཞིང་འོད་ཟེར་ལྡན་པ་གཅིག །ཐོད་ཆང་མང་པོ་ནས་དཀྱིལ་དུ། །དཀྱིལ་འཁོར་རྫས་ཆེན་བཀྲམ་པ་དང་། །རང་ཉིད་ཐོབ་པ་ཐོབ་ནས་སུ། །སེམས་ཅན་འགའ་ཡི་སྲོག་སྐྱབས་བྱས། །གཞན་ཡང་ཕ་ཝང་ཆེན་པོ་ལ། །བདག་གི་གྲི་བརྒྱབ་བཅད་པ་དང་། །མཛུབ་མོས་ཕ་ཝང་བཏོགས་པ་དང་། །ཕ་ཝང་སྟེང་དུ་ཞབས་རྗེས་བཞག །གྲུབ་རྟགས་དེ་འདྲ་བསྟན་པ་རྨིས། །བུད་མེད་ཆུང་ངུ་གོས་དམར་ཅན། །ལག་ཏུ་གྲི་གུག་ཐོགས་པ་ཡིས། །དོན་གྲུབ་ཕྱག་མཚན་ཡིན་སྙམ་པའི། །རལ་གྲི་ཤིན་ཏུ་མཛེས་པ་གཅིག །བདག་ལ་གཏད་ནས་བྱུང་བ་རྨིས། །ཤེས་རབ་རྣོན་པོའི་རལ་གྲི་ཡིས། །རྟོག་པའི་དྲྭ་བ་ཆོད་དང་ཤེས། །ཡང་ནི་ཤར་ཕྱོགས་ནམ་མཁའ་ནས། །ཉི་ཟླ་གཉིས་ཀའི་དཀྱིལ་འཁོར་ནི། །དུས་གཅིག་ལ་ནི་ཤར་བྱུང་དང་། །བླ་མ་རྗེ་ཡིས་བདག་ལ་ནི། །ཅུང་ཟད་བཀྱོན་པ་འདྲ་མཛད་པས། །དེ་ཡི་དོན་གྱིས་སྐྱེ་བོ་འགས། །བདག་ལ་བརྙས་ནས་འདུག་པ་ལ། །དེ་ཡི་མོད་ལ་ཁོ་བོ་ཡང་། །རས་ཆུང་བ་ཡི་སྐྱེ་བ་དེ། །ཁོ་བོ་ཡིན་སྙམ་ངེས་ཤེས་བསྐྱེད། །གང་ཟག་དགོངས་པ་མི་ཤེས་པས། །ཐ་མལ་སྐྱེ་བོས་བདག་ལ་བརྙས། །སྨྲས་ཤིང་བརྟུལ་ཞུགས་སྤྱོད་པ་འགའ། །བྱེད་བསམ་གར་དང་གླུ་སོགས་བྱས། །མི་གཅིག་བདག་ལ་འཇུས་བྱུང་བས། །རྫུ་འཕྲུལ་སྟོབས་གྱིས་ཕ་ཟད་འཕངས། །སེམས་ནི་ཆོས་སྐུ་གཉུག་མའི་ངང་། །དེ་འདྲ་རྨི་ལམ་འཁྲུལ་པ་བྱུང་། །བུད་མེད་མཛེས་མ་གཅིག་གིས་ནི། །དགའ་ཞིང་ཟས་དམར་སྟེར་བ་རྨིས། །ནང་པར་ཅི་བཞིན་མངོན་དུ་གྱུར། །གྱེན་དུ་ཐར་དཀའི་ཕུག་པ་གཅིག །འདུག་པའི་ནང་དུ་བླ་མ་ནི། །བྱོན་ནས་སོང་བའི་རྗེས་དེ་རུ། །བདག་ཀྱང་འཛུལ་ནས་སོང་བ་དང་། །དེ་རྗེས་གྲྭ་པ་ཐམས་ཅད་རྣམས། །དེ་ནས་ཡར་ལ་བྱུང་བ་རྨིས། །དེ་མ་ཐག་ཏུ་འདི་བསམ་མོ། །ངེད་རང་དཔོན་སློབ་འཁོར་བཅས་རྣམས། །བདེ་བ་ཅན་དུ་འགྲོ་བ་ཡི། །བརྡ་ནི་ཡིན་པར་འདུག་གོ་སྨྲས། །དེ་འདྲ་འཁྲུལ་པའི་རྨི་ལམ་བྱུང་། །དངོས་སུ་རང་གི་མདུན་ངོས་ནས། །རི་ལ་འཇའ་ཡི་གུར་ནི་ཕུབ། །ཡང་ནི་གཅིག་གིས་བདག་དེད་པས། །ཤིན་ཏུ་སྐྲག་ནས་ཆུ་ནང་བྲོས། །ཆུ་དང་ལུས་དང་སེམས་གསུམ་ནི། །དབྱེར་མེད་གཅིག་ཏུ་འདྲེས་པ་ཡི། །ཟད་པ་ཆུ་ཡི་ཏིང་འཛིན་སྒོམ། །དེ་མ་ཐག་ཏུ་རང་ཉིད་ནི། །ཆུ་དང་དབྱེར་མེད་གྱུར་ནས་ཀྱང་། །གཞན་དེས་གནོད་རྒྱུ་རྙེད་མ་བྱུང་། །དེ་འདྲ་རྨི་ལམ་མཚར་བར་གདའ། །ཏིང་ངེ་འཛིན་གྱིས་བླ་མ་ནི། །མཇལ་བས་མཉེས་ནས་བསྟོད་པར་མཛད། །ཡང་ནི་ང་རང་རྒྱལ་རིགས་གཅིག །ཡིན་ཏེ་རྒྱལ་ས་གཞན་གྱིས་འཕྲོག །བདག་ཀྱང་གནོད་གྲབས་དེད་པ་ཡིས། །བྲོས་པས་བདེ་བ་གཅིག་ཏུ་ཐར། །ཉམས་ལེན་བྱས་ཤིང་མུ་ཏྲ་བཀུག །རྣལ་འབྱོར་སྤྱོད་པ་བྱས་པ་ཡིས། །རང་ཉིད་གྲུབ་པ་ཐོབ་ནས་སུ། །གྲུབ་རྟགས་སྣ་ཚོགས་སྟོན་ནུས་དང་། །དེ་ཡི་མོད་ལ་འདི་སྙམ་སྟེ། །སྐྱེ་བ་སྔ་མ་གཅིག་གི་དུས། །རང་ཉིད་རྒྱ་གར་ཡུལ་སྐྱེས་ནས། །གྲུབ་པ་ཐོབ་པ་ཡིན་ལུགས་བསམ། །དེ་འདྲ་འཁྲུལ་པའི་རྨི་ལམ་བྱུང་། །སྤྱིར་ནི་ཐམས་ཅད་མི་བདེན་ཞིང་། །ཁྱད་པར་འཁྲུལ་སྣང་ཅི་ལྟར་བདེན། །ཚེ་སྔོན་གྲུབ་པ་ཐོབ་གྱུར་ན། །ད་ལྟ་ཆོས་མེད་ལས་ངན་འདི། །ཅི་ཡི་ཕྱིར་དུ་འོང་སྲིད་དམ། །སྣང་བ་མཐའ་ཡས་མང་པོ་ནི། །ནམ་མཁའ་གང་ནས་ཡོད་སྙམ་དང་། །ཨོ་རྒྱན་མང་པོས་ནམ་མཁའ་གང་། །ཡོད་སྙམ་རྨི་ལམ་ཡུལ་དུ་ནི། །མི་གསལ་ཙམ་གཅིག་བྱུང་བ་ཡིན། །
༈ སྙོམ་ལས་བདག་ཉིད་ཉལ་བའི་བག་ཆགས་ལ། །མཁའ་འགྲོའི་ལུང་བསྟན་རྨི་ལམ་ཟ་ཟི་ལས། །རང་རེ་དཔོན་སློབ་ཡིད་མཐུན་རྟེན་འབྲེལ་ནི། །སྔོན་ཚེ་ཨོ་རྒྱན་ཡུལ་དུ་ནི། །བདག་ནི་ཆོས་བློན་གཅིག་གི་ཚ་བོ་ལ། །ཆོས་རྒྱལ་ཨནྜ་བླ་ཡི་མཆོད་གནས་སུ། །བརྟུལ་ཞུགས་བཱི་ཞེས་བྱ་བ་དང་། །དེ་འོག་རྡོ་རྗེ་གདན་དང་ཉེ་བ་ནས། །ནཱ་རོའི་སློབ་མ་ཕག་ཚང་ཞེས་བྱ་དང་། །དུས་དེར་བདག་ཀྱང་རྣལ་འབྱོར་གཅིག །རྒྱ་གར་ཕྱོགས་མེད་རྣལ་འབྱོར་སྤྱོད་པ་བསྐྱང། །དེ་ནས་རིམ་བཞིན་རེས་འགའ་རྣལ་འབྱོར་བ། །རེས་འགའ་ཡ་བྲལ་རེས་འགའ་ཟུང་འཇུག་སོགས། །ཁྱད་པར་མོན་ཡུལ་གུང་ཐང་དུ། །དུས་གཅིག་བལ་ཡུལ་བླ་མ་མཉམ་དུ་བསྟེན། །སློབ་དཔོན་པདྨའི་ཞབས་དྲུང་དུ། །ཁྱེད་ཉིད་སྔགས་འཆང་གླང་དཔལ་ང་ཉིད་སྦ་མི་ཡིན། །མདོ་རྒྱུད་མན་ངག་འགའ་རེ་ཞུ་རེས་བྱས། །ཁྱོད་དེ་ནས་མངའ་རིས་ཕྱོགས་སུ་གཏེར་སྟོན་པ། །ང་ཉིད་དུས་དེར་སྔགས་ཀྱི་རྣལ་འབྱོར་པ། །འོ་སྐོལ་གཉིས་པོ་མཐུ་བྱས་མི་དྲུག་བསད། །བདག་གི་སེར་བས་ལོ་ཏོག་འགའ་རེ་བརླགས། །ད་ལྟ་འབྱོར་བ་ཆུང་བ་དུས་དེར་ལན། །དེ་ནས་རབ་རིབ་འགའ་རེ་འགྲོགས་སྣང་ཡོད། །འདི་ནས་བཟུང་སྟེ་བྱང་ཆུབ་བར། །སྤྱོད་པ་བརླབས་ཆེན་གཏན་དུ་བསྐྱོངས་བ་དང་། །འདུ་འབྲལ་མེད་པ་ཆོས་དབྱིངས་ངང་དུ་སྨོན། །ང་ཉིད་བྱར་ཞེས་གཏེར་ལ་སྤྱོད་པ་ཡི། །སྤྱི་སྐྱོད་ཕྱོགས་སུ་འཁྲུལ་མེད་ཆོས་བདག་འབྱུང་། །ཐ་མ་གདོང་དམར་སྲིན་པོའི་ཡུལ་དུ། །རང་རེ་དཔོན་སློབ་གསང་སྔགས་གླུ་ཆུང་ལེན། །ཚུལ་ཁྲིམས་རྟེན་གྱི་བྱེ་བས་བདག་ལ་གཏད་བྱུང་བའོ། །དགེའོ། །དགེའོ། །དགེའོ། །
༈ དེ་ནས་ལས་སྦྱོར་རྟགས་མཚན་ནི། །རིག་པ་ཤིན་ཏུ་དྭངས་བའི་ངང་། །ཅུང་ཟད་ཡེངས་པ་འདྲ་གཅིག་ལ། །རི་བོ་ཆེ་ཡི་ཕར་ཀ་དེར། །བདག་ཉིད་རྟ་མགྲིན་གཞུང་ལྟར་དུ། །བསྐྱེད་རིམ་གསལ་བའི་ངང་དུ་བསྡད། །དེ་ཡི་མོད་ལ་སྤྱན་རས་གཟིགས། །དགོན་གྱི་རྒྱབ་རི་དེ་དང་ནི། །མཐོ་དམན་མེད་པ་གངས་རི་ལྟར། །ངང་དྭངས་ལྷང་དེ་བ་གཅིག་ཏུ། །ཁོ་བོ་གྱུར་ནས་འདུག་པ་ལ། །དེ་ནས་དྲན་པས་ཟིན་པ་དང་། །ཉམས་ལེན་ངང་ལ་ལྷན་ནེ་བསྡད། །མཚར་ཉམས་བྱེད་པ་ཅུང་ཟད་བྱུང་། །ནུབ་གཅིག་གཉིད་པའི་རྨི་ལམ་ན། །བིརྦ་པ་སོགས་གྲུབ་ཆེན་འགས། །གསུངས་མགུར་ལྷང་ལྷང་གྲགས་པ་ཐོས། །ཨོ་རྒྱན་སྐུ་འདྲ་ལེགས་པོ་དང་། །གཞན་ཡང་ངོ་མཚར་ཡོད་པ་འགའ། །དད་དང་མོས་གུས་ངང་དུ་མཇལ། །རྟགས་རེད་བསམ་པ་ཕྲན་བུ་འགའ། །བྱུང་ཡང་བྲི་བར་མི་སྤྲོའོ། །ཡང་ནི་རྨི་ལམ་སྣང་བ་ལ། །རང་ཉིད་ཇོ་བོ་བཅུ་གཅིག་ཞལ། །གྱུར་ནས་འདུག་པ་གསལ་བ་གཅིག །རྨི་ལམ་ཙམ་དུ་བྱུང་བ་ཡིན། །དེ་ལྟར་སྐུ་གསུམ་སྒྲུབ་པ་ལ། །ལོ་གཉིས་ཟླ་བ་དྲུག་དྲུག་ཏུ། །བསྡོམ་པས་ལོ་སྐོར་གཅིག་ཏུ་སོང་། །དབང་པོ་རབ་ཏུ་མ་གྱུར་པས། །རྟགས་མཚན་ཆེ་བ་མ་བྱུང་ཡང་། །ཕོག་རེས་ཐུན་མོང་མ་ཡིན་པའི། །ཉམས་རྟོགས་ངེས་ཤེས་ཅན་རེ་བྱུང་། །སྤྱིར་ན་ཨོ་རྒྱན་ཆོས་ཟབ་དང་། །ཁྱད་པར་འདི་ཉིད་ཟབ་པ་ཡི། །ངེས་ཤེས་དད་པ་དཔག་མེད་འཕེལ། ། མདྒ་ལཾ། །
༈ འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ལ། །ཞག་པོ་བདུན་དུ་འབུམ་གསུམ་དང་། །བཞི་ཁྲི་ལས་སྦྱོར་ཁྲི་ཚོ་གཅིག །བཟླས་པས་ལུས་སེམས་བདེ་བས་གང་། །བསྐྱེད་རྫོགས་དོན་ལ་མཆོག་ཏུ་གྱུར། །རྨི་ལམ་བུད་མེད་ཞོ་མར་སྟེར། །བོ་དྷིའི་ཕྲེང་བ་སྤོས་ཤེལ་བརྒྱན། །ཤེལ་སྒོང་ཆེན་པོ་དང་བཅས་རྙེད། །རབ་བྱུང་ཁྱེའུ་དགེ་སློང་ནི། །མང་དུ་རྨིས་ཀྱང་བརྡ་ཆོས་ཙམ། །
༈ ཡང་ན་འབྲུ་གསུམ་སྤྱི་སྒྲུབ་ལ། །བསྙེན་པ་བསྐྱལ་བའི་ཐོ་ཡིག་ནི། །ཆོས་ཀྱི་པོ་སྟི་ལེགས་པོ་འགའ། །རང་གིས་ཞལ་ཕྱེས་ཀློག་པ་དང་། །ཡང་ནི་ཆོས་ཀྱི་པོ་སྟི་ནི། །བརྩེགས་པ་ཁང་པ་ཙམ་གཅིག་ལ། །ཁོ་བོ་འཛེགས་ནས་ཕྱིན་པ་དང་། །བུད་མེད་གཞོན་ནུ་མང་པོ་འགས། །ཞོ་ནི་ཟོ་གང་ཕུལ་བྱུང་ཞིང་། །དད་པ་མོས་གུས་ཡོད་དོ་སྐད། །རྨི་ལམ་ཙམ་དུ་དེ་རྣམས་བྱུང་། །བདེ་བ་ཅན་དུ་ཞལ་ཐང་གཅིག །མཇལ་ཞིང་དགའ་དགའ་བྱས་པ་དང་། །རྒྱལ་མཚན་ཤིན་ཏུ་ཆེ་བ་གཅིག །མང་པོས་རི་ཡི་རྩེ་རུ་འཛུགས། །བདག་གིས་རྒྱལ་མཚན་ཕྱར་བ་རྨིས། །འབྲུ་གསུམ་ལྔ་ལ་བདུན་འབུམ་དང་། །ཁྲི་ཕྲག་གཉིས་ནི་བཟླས་པ་ཡིན། །ཨྀཐིཿ
༈ དེ་ནས་གཞུང་ལྟར་ཧཱུྃ་སྒྲུབ་བསྙེན། །དང་པོ་ཕུར་པ་འགའ་རྨིས་ཞིང་། །བུད་མེད་འགའ་ཞིག་རྩེ་བ་དང་། །མདའ་གཞུ་འཁོར་གསུམ་བཏགས་ནས་རྒྱུག །གོས་ལེགས་བཟང་དུ་འདུག་པ་རྨིས། །དངོས་སུ་དྲི་བཟང་ངད་པ་འཐུལ། །ཡང་ནི་འཁྲུལ་པའི་རྨི་ལམ་ན། །བདག་གི་སྤྱི་གཙུག་ནམ་མཁའ་ལ། །བླ་མ་ཨོ་རྒྱན་པདྨ་འབྱུང་། །གསལ་བའི་སྐུ་ལས་བདུད་རྩི་བབས། །བདག་གི་ལུས་ཀྱི་ཕྱི་ནང་སྦྱང་། །དེ་ནས་སྐུ་གསུམ་ཐུགས་ཀ་ནས། །འོད་ཟེར་ཚུལ་གྱིས་དབང་བཞི་ནི། །བསྐུར་བར་བྱུང་བའི་རྨི་ལམ་བྱུང་། །རྗེ་དེའི་ཐུགས་རྗེས་བྱིན་རླབས་ཆེ། །རང་ཁྱིམ་ཉི་མ་ཤར་འདུག་དང་། །སྔར་ཁྱིམ་འདུག་པ་གཅིག་ཏུ་ནི། །མཆོད་བཤམས་ལེགས་པོའི་དབུས་དཀྱིལ་དེར། །སྐུ་འདྲ་མང་པོ་བཟང་པོ་འགའ། །རྒྱུ་ནི་རིན་ཆེན་དངུལ་ལས་གྲུབ། །ནོར་བུ་གཡུ་ཡི་ཕྲ་རྒྱན་བཀོད། །མདུན་དུ་གསེར་དངུལ་མེ་ཏོག་མཛེས། །མཐའ་བསྐོར་རྟེན་དང་མཆོད་རྫས་རྣམས། །བསམ་གྱིས་མི་ཁྱབ་ཡིད་འོང་བཀོད། །མཛེས་ཤིང་བག་དང་ལྡན་པ་ནི། །མདོར་ན་ངོ་མཚར་ཆེར་ལྡན་པ། །དེ་འདྲའི་རྟེན་དང་མཆོད་རྫས་རྣམས། །མཐོང་བས་བདག་གི་ཡིན་བསམ་ནས། །དགའ་སྤྲོ་བག་ལྡན་འདུག་པར་རྨིས། །གཟན་ཤམ་ཤིན་ཏུ་བཟང་པོ་ཞིག །རིན་ནི་དཔག་མེད་བྱིན་བསམ་པས། །གོང་མི་ཕོག་པ་གཉིས་བསྡད་པས། །བདག་གི་ཡིན་འདུག་འགའ་བ་སྐྱེས། །རི་མཐོ་ཞིག་གི་རྩེ་མོར་དེར། །རང་ཉིད་ཡི་དམ་གསལ་བའི་སྟེང་། །བླ་མ་ཆོས་སྐུ་གསལ་བཏབ་པས། །མངོན་སུམ་བཞིན་དུ་གསལ་བར་རྨིས། །ལག་ཏུ་རལ་གྲི་ཐོགས་པ་དང་། །ལེགས་བྱས་རི་དྭགས་གཅིག་བསད་རྨིས། །བདག་པོའི་མཚན་མ་ཡིན་ནམ་སྙམ། །དེ་ལྟར་ཞག་པོ་དགུ་ལ་ནི། །བཟླས་པ་ཞག་པོ་དགུ་ལ་ནི། །བཟླས་པ་བྱེ་བ་གཅིག་ཁྲི་དང་། ལས་སྦྱོར་བཞི་ལ་ཁྲི་ཕྲག་བཞི། བསྡོམ་པས་བྱེ་བ་ལྔ་ཁྲི་སོང་། སྒྲུབ་པ་ཀུན་གྱི་ལས་རིམ་དུ། །ལས་བཞིའི་སྦྱིན་སྲེག་དུས་གཅིག་གྲུབ། །ཨྀཐིཿ

༈ དེ་ནས་ཡང་དག་ཐུགས་སྒྲུབ་བསྙེན། །དང་པོའི་ནུབ་ལ་རྨི་ལམ་ནི། །རང་ལུས་རྩ་མཆོག་དབུ་མ་རྣམས། །གྲུ་གསུམ་ཆོས་འབྱུང་དཀྱིལ་འཁོར་བྱས། །དེ་དབུས་རང་སེམས་ཕག་མོ་དམར། །སྒོམ་ནས་བཞག་པས་མངོན་སུམ་དུ། །གྱུར་ནས་འདུག་པའི་སྣང་བ་བྱུང་། མ་ཎི་ཇོ་ཕམ་མང་པོ་བསྐོར། །བླ་ཆེན་གཅིག་གིས་ཕྱག་འཚལ་དང་། །ཧཱུྃ་སྒྲུབ་རྡོ་རྗེ་དྲག་པོ་རྩལ། །མི་གསལ་ཙམ་ཞིག་མཇལ་བ་ཡིན། །ལ་མཐོ་གཅིག་ལ་སོང་བ་དང་། སྔགས་ནི་ཁྲི་ལྔ་སྟོང་རྩ་བཟླས། །དེ་ནས་སྒྲུབ་པ་གཞན་གྱི་རྟགས། །བསྙེན་གྲངས་ཐེམ་པའི་ལོངས་མ་བྱུང་། ། ཨྀ་ཐིཿ
༈ ཨེ་མ་ཧོ། ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆོས་སྐོར་ལ། །བསྐྱེད་རྫོགས་ཉམས་ལེན་བྱས་པའི་བསོད་ནམས་གང་། །རྒྱལ་བའི་བསོད་ནམས་ཚོགས་དང་གཅིག་འདྲེས་ནས། །ནམ་མཁའི་མཐའ་མཉམ་སེམས་ཅན་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་འབྲས་བུ་ཐོབ་པར་ཤོག །ཨེ་མ་ཧོ། གུ་རུའི་ཟབ་ཆོས་ཐུགས་སྒྲུབ་ཡང་སྙིང་འདི། །གསང་སྔགས་རྒྱ་མཚོའི་དཀྱིལ་ན་ནོར་བུ་བཞིན། །བླ་མེད་དམ་ཆོས་ཀུན་གྱི་མཐར་ཐུག་གོ །འདི་ཡི་བསྐྱེད་རིམ་མ་བུ་ཆ་ལག་དང་། །རྫོགས་རིམ་གཏུམ་མོ་སྒྱུ་ལུས་འོད་གསལ་ཏེ། །རྨི་ལམ་མཐར་ཐུག་ཕྱག་རྒྱ་ཆེན་པོ་སོགས། །གང་ལའང་འབྲེལ་བཞག་ཙམ་རེ་ཉམས་སུ་བླངས། །སོ་སོར་ངེས་ཤེས་སྐྱེས་པ་འགའ་རེ་ཡོད། །ཆོས་འདི་ལས་ནི་ཟབ་པ་གཞན་མེད་སྙམ། །དེ་ཕྱིར་དམ་ཆོས་འདི་ཉིད་དོན་རྟོགས་ནས། །མཐར་ནི་བདེ་ཆེན་ཞིང་དུ་འགྲོའོ་སྙམ། ། མངྒ་ལཾ། །

རྟོགས་འབུལ་ཕུལ་བའི་ཚིག་ཕྲེང་བཞུགས་སོ།།

ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། བཀའ་དྲིན་མཚུངས་མེད་བླ་མར་ཕྱག་འཚལ་ལོ། །རིན་ཆེན་ཤེལ་ལས་གྲུབ་པའི་རྒྱལ་སྐུ་བཞིན། །རྒྱུ་ཡིས་རྣམ་དག་རྐྱེན་གྱིས་རབ་ཏུ་མཛེས། །ལྷ་མིའི་ངོ་མཚར་མཆོད་པའི་གནས་གྱུར་ལྟར། །གྲུབ་པའི་དབང་ཕྱུག་རིག་འཛིན་རྒྱ་མཚོ་རྒྱལ། །ཚད་མའི་བཤེས་གཉེན་ཁྱེད་ཀྱི་ཐུགས་རྗེ་ཡིས། །སྔོན་ཚེ་བདག་བློའི་མུན་པ་དབེན་མཛད་དེ། །ཐུགས་ཡིད་འོད་གསལ་མ་བུ་འདྲེས་སམ་སྙམ། །དེ་ནས་རྟེན་འབྲེལ་རིམ་པར་ལེགས་སུ་འོང་། །དེ་ཕྱིར་བདག་ཀྱང་དགའ་སྤྲོའི་ཆོས་ཀྱི་གཏམ། །ཞུ་བར་འདོད་པས་ཚུལ་བཞིན་ཞུ་བར་འཚལ། །རང་གི་བླ་མ་མཆོག་དེའི་དགོངས་པ་ལས། །དེ་མིན་སུ་ལ་ཉམས་རྟོགས་ཞུ་མ་མྱོང་། །ཅི་ཕྱིར་ཐེ་ཚོམ་རློམ་སེམས་གཉིས་ཀ་མེད། །འགའ་ཞིག་རང་གི་ཉམས་རྟོགས་ཡོད་པ་དེ། །རྟོགས་འབུལ་ཚུལ་གྱིས་གཞན་ལ་ངོམ་ནས་ཀྱང་། །བཟང་པོའི་གྲགས་པ་ཨེ་འོང་རེ་བ་འདུག །ཅི་ཕྱིར་ཁྱོད་ཀྱི་རྟོགས་པ་དཔེ་མེད་རེད། །སྨྲ་ན་དགའ་ལ་མ་སྨྲས་སྐྱོན་བརྟགས་ནས། །ཤིན་ཏུ་སྡུག་ནས་བསྒོམ་རྒྱུས་མེད་པ་འདྲ། །ཟེར་ཞིང་ཁོང་ཁྲོའི་གཟེར་བུ་ལངས་བ་མཐོང་། །དགེ་མའི་ཁོང་ན་མཚན་བརྗོད་མི་ཤོང་ལྟར། །རེ་དོགས་འཛིན་བཅས་རྟོགས་འབུལ་ཅི་ཞིག་བྱ། །ཀ་དག་རང་རིག་རྟོགས་པས་ཐེ་ཚོམ་ཆད། །སྟོང་འཛིན་དབྱིངས་སུ་རྟོགས་བས་རློམ་སེམས་བྲལ། །ཆོས་ཀུན་གཅིག་ཏུ་རྟོགས་པས་ཁོ་ཐག་ཆོད། །རང་ཚོད་རང་གིས་ཟིན་པས་དཔང་པོ་བཟང་། །བརྒྱུད་པ་བྱིན་རླབས་ལྡན་པས་ཁྱད་པར་འཕགས། །ཐམས་ཅད་ཆོས་སྐུར་རྟོགས་པས་གོལ་ས་མེད། །དེ་ཕྱིར་གཞན་ལ་ཞུ་རྒྱུ་མ་རྙེད་དོ། །ད་ལམ་ཉམས་ཚོད་དཔག་སྟེ་ཞུ་བ་ནི། །ཀ་དག་རང་ངོ་མ་རིག་རྟོག་པས་སྦགས། །རང་རྩལ་ཡེ་ཤེས་འོད་ལ་འཛིན་པ་ཞུགས། །བདག་གཞན་སྣང་བའི་ཨ་འཐས་སོ་སོར་གྲུབ། །སྐྱེ་མཆེད་བཅུ་གཉིས་འཁོར་ལོ་ལྟར་དུ་འཁོར། །གདོས་བཅས་རྣམ་སྨིན་ཕུང་པོ་འདི་ཉིད་བླངས། །གཞན་ཡང་འཁོར་བར་ལུས་བླང་བསམ་མི་ཁྱབ། །དེ་ཚེ་དེ་ཉིད་མ་ཤེས་བདག་འཁྲུལ་ལོ། །དེ་ནས་ཆོས་སྒོར་ཞུགས་དུས་བསམ་པ་ཡང་། །ཆེ་འདོད་རྙེད་འདོད་ཚེ་འདིར་གྲགས་འདོད་སོགས། །ཀུན་སློང་དེ་འདྲ་བདག་གིས་མ་བྱས་ཏེ། །འཁོར་བའི་སྡུག་བསྔལ་འདམ་ལས་ཐར་འདོད་ཀྱི། །ངེས་འབྱུང་དྲག་པོ་ལུས་སེམས་བྲལ་ཙམ་གྱིས། །ཚེ་འདི་བློས་བཏང་བྱ་བྲལ་དམ་བཅའ་བཟུང་། །སེམས་ཅན་ཀུན་ལ་ཕན་འདོད་བསམ་པ་ཡི། །བྱང་ཆུབ་སེམས་བསྐྱེད་བློ་སྦྱང་ཡང་ཡང་བསྒོམས། །ཐོག་མཐའི་མཇུག་བསྔོ་འགྲོ་བ་སྤྱི་ལ་བྱས། །ཆོས་ཀྱི་གཞུང་ལུགས་རྒྱུ་དང་འབྲས་བུ་གཉིས། །བསླབ་པ་གསུམ་གྱི་དོན་ལ་གཞི་བཅས་ཤིང་། །རྒྱུ་ལ་ཆེ་ཆུང་ཐེག་པའི་བྱེ་བྲག་སྟེ། །ཐེག་ཆེན་ངོ་བོ་བྱང་ཆུབ་སེམས་གཉིས་ལས། །ཉམས་ལེན་ཚུལ་ཁྲིམས་གསུམ་གྱི་ལམ་དུ་འཇུག །སྡོམ་པའི་ཚུལ་ཁྲིམས་དག་ལས་འཕྲོས་པ་ཡི། །སྡོམ་གསུམ་བྱེ་བྲག་སོ་སོར་བསྲུང་ཚུལ་དང་། །རྟེན་ཅན་བརྟེན་མེད་གནས་འགྱུར་ལ་སོགས་པ། །གང་ཟག་སོ་སོའི་བཞེད་པ་སོ་སོ་ཡང་། །རང་ཉམས་ལྡན་པས་གནས་སྐབས་རྟེན་འབྲེལ་བྱས། །དེ་སོགས་བག་ཙམ་ཐོས་པ་བྱས་པ་དང་། །ཐོས་པ་ཉམས་དང་ལྡན་པའང་བག་ཙམ་ཡོད། །ཁྱད་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག །ཕྱི་དང་ནང་གི་དབྱེ་བ་སོ་སོ་ལས། །གསང་སྔགས་བླ་མེད་ཕ་རྒྱུད་མ་རྒྱུད་དང་། །གཉིས་མེད་རྒྱུད་སོགས་གསར་མར་གསུངས་པ་རྣམས། །རྙིང་མར་མ་ཧཱ་ཨ་ནུ་ཨ་ཏི་སོགས། །དོན་མཐུན་རྒྱུད་སྡེ་ཐམས་ཅད་དགོངས་པ་གཅིག །ཆོས་ཀྱི་བདག་འཛིན་སོ་སོས་དབྱེ་མོད་ཀྱང་། །དགོངས་པ་གཅིག་པས་ནམ་མཁའི་ཁམས་དང་མཚུངས། །ལྟ་བ་ཡས་འབབ་ཀ་དག་ཨ་ཏི་འཕགས། །ཐོད་བརྒལ་འོད་གསལ་གཞན་མེད་རྫོགས་པ་ཆེ། །མངོན་སུམ་ཆོས་སྐུར་རང་རིག་གཅེར་མཐོང་ནི། །གཞན་ལ་མ་གྲགས་ཁྱད་པར་ཁྱད་དུ་འཕགས། །འགའ་ཞིག་དུས་འཁོར་སོགས་ཀྱི་སྟོང་གཟུགས་དང་། །རྟགས་བཅུ་ཡོན་ཏན་སོགས་ཀྱི་རྟགས་རྣམས་དང་། །རྫོགས་ཆེན་ཐོད་བརྒལ་འོད་གསལ་འཆར་སྒོ་རྣམས། །གཅིག་པར་སྨྲ་སྟེ་གཏན་ནས་མི་གཅིག་གོ །འོ་ན་བདེ་མཆོག་ར་ལི་ཨ་ར་ལི། །སོགས་ཀྱི་རྒྱུད་ལས་འཆར་ཚུལ་གསུངས་མོད་ཀྱང་། །དགོངས་པ་བརྡ་དོན་རྟགས་གསུམ་ལྡན་པ་ཡི། །སྒྲོན་བཞི་སྣང་བཞི་ལ་སོགས་མ་བསྟན་ཕྱིར། །གཞི་དང་ལམ་དང་འཆར་ཚུལ་སོགས་མི་འདྲ། །ཡིན་མིན་རྒྱུད་སྡེ་རྣམས་ཀྱི་དགོངས་པ་དང་། །ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་མཁྱེན་པར་གསལ། །གསང་སྔགས་མདོར་བསྡུས་དགོངས་པ་སྨིན་གྲོལ་གཉིས། །སྨིན་ལམ་དབང་བཞི་ཚུལ་བཞིན་མནོས་པ་ལས། །སྨིན་ལམ་དབང་བཞི་བསྐུར་ནས་ཐོབ་པ་དང་། །བསྐུར་ནས་མ་ཐོབ་མ་བསྐུར་རང་ཐོབ་སོགས། །ཐོབ་ཚུལ་དབང་པོའི་བྱེ་བྲག་གོ་རིམ་གྱིས། །ལམ་རྟགས་སོ་སོར་འོང་བ་དེ་ཡི་ཚུལ། །སྨིན་ལམ་གྲོལ་བའི་གདམས་པ་ཕྱག་རྒྱ་བཞི། །ཆོས་ཀྱི་ཕྱག་རྒྱ་དམ་ཚིག་ཕྱག་རྒྱ་དང་། །ལས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་སོགས། །ཉམས་ལེན་གནད་བསྣུན་གྲོལ་ཚུལ་སོ་སོར་ཡང་། །གྲོལ་ཚུལ་རེ་ལ་རྣམ་གྲོལ་འབྱུང་བར་འགྱུར། །ཅི་ཕྱིར་གཅིག་གྲོལ་ཐམས་ཅད་རང་གྲོལ་འགྱུར། །གྲོལ་བཞི་ཐམས་ཅད་ངོ་བོ་གཅིག་ཡིན་ཕྱིར། །ཉམས་ལེན་དམིགས་པའི་གོ་རིམ་སོ་སོར་གསལ། །གྲོལ་རྟགས་མཚན་ཉིད་ཉམས་རྟོགས་སོ་སོར་འབྱུང་། །གྲོལ་འབྲས་རིམ་ནས་རིམ་བཞིན་གོང་དུ་འཕགས། །གསེར་འགྱུར་རྩི་ཡི་གདམས་པ་ལྟ་བུ་དང་། །གྲོལ་ལུགས་གཞི་ཡི་ཚུལ་གྱིས་གསལ་འགྱུར་ཏེ། །རྣལ་འབྱོར་སྦྱང་པའི་གོ་རིམ་དག་ལས་བྱུང་། །འོན་ཀྱང་རང་སེམས་གྲོལ་ན་གྲོལ་བར་འགྱུར། །དེ་རྣམས་ཐོས་བསམ་ཉམས་ཀྱི་སྣང་བ་ལས། །ཕྱོགས་ཙམ་གོ་བར་ཟད་འགྱུར་འོན་ཀྱང་མིན། །དེ་ནས་ད་ལྟ་རང་སྣང་རྟོགས་ཚུལ་ལ། །ལྟ་བ་ཀ་དག་ཆོས་དབྱིངས་སྤྲོས་བྲལ་ངང་། །སྣང་བ་མི་འགོག་སྟོང་པ་མི་འཛིན་ཅིང་། །སྣང་སྟོང་གཉིས་མེད་ཆོས་སྐུའི་རོལ་པ་ཆེ། །སྣང་སྲིད་ཀ་དག་ཆོས་ཉིད་རབ་འབྱམས་ངང་། །དཔེར་ན་ཚོང་པ་གསེར་གླིང་ཕྱིན་པ་འདྲ། །འཛིན་མེད་སྣང་སྟོང་ཆོས་སྐུ་རོལ་པ་ལས། །ལྟ་བ་སྟོང་འཛིན་གཞན་ལ་མི་སྨོན་ནོ། །སྒོམ་པ་དེ་ལས་སྤྲོ་བསྡུ་མི་དགོས་པ། །ཐ་མལ་ཤེས་པ་མ་བཅོས་རང་ལུགས་འདི། །ཀ་དག་གཉུག་མའི་ངོ་བོ་རྗེན་པ་ལ། །སེམས་འཛིན་མི་དགོས་འོད་གསལ་རང་བཞིན་འཆར། ཡེངས་དུས་ངོ་བོ་རང་སར་ཁྲེས་སེ་བ། །མ་ཡེངས་སྟོང་གསལ་བློ་འདས་འཛིན་པ་མེད། །ཡེངས་མེད་འཛིན་མེད་བློ་བྲལ་ངང་བསྒོམ་ལས། །འདི་ཞེས་བསྒོམ་དང་སྒོམ་པའི་མཚན་འཛིན་བྲལ། །སྒོམ་པ་ཀློང་དུ་མ་གྱུར་ཉིན་མཚན་ཡོད། །སྤྱོད་པ་གཉུག་མ་རང་ཤར་ཤུགས་འབྱུང་དང་། །སྤང་བླང་བློ་མེད་ཡེ་ཤེས་རོལ་པའི་ངང་། །དེ་ལ་གཡོ་མེད་ལྟ་བའི་གདེངས་བཅའ་ཡང་། །སྐྱོན་མེད་ཡོན་ཏན་འཕེལ་པའི་རྟེན་འབྲེལ་ལ། །འཆུགས་མེད་དོན་གྱིས་སྤྱོད་པ་འཛིན་མེད་ངང་། །སྒྱུ་མའི་སྐྱེས་བུའི་སྒྱུ་མ་བཞིན་དུ་སྤྱོད། །དགའ་སྡུག་སྣང་བ་བྱུང་ཡང་ཞེན་འཛིན་བྲལ། །འབྲས་བུ་རང་རིག་ཡེ་ནས་སྐུ་གསུམ་ངང་། །ཡིན་ལ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱིས། །མ་རིག་སངས་ནས་རིག་པའི་རྩལ་ཆེན་རྒྱས། །བརྡ་དོན་ལྡན་པའི་སྐུ་ལྔ་ཡེ་ཤེས་ལྔ། །རང་ཉིད་རྟོགས་གྲོལ་གནས་ལུགས་འཛིན་མེད་གསལ། །ཐེ་ཚོམ་ཀུན་བྲལ་ཡེ་ཡིན་གཤིས་ལ་གནས། །དེ་ཡང་རྒྱུ་ལས་འབྲས་བུ་མི་འདོད་དང་། །སེམས་ལས་སངས་རྒྱས་མིི་འདོད་རྟོག་པ་སྦགས། །གཞི་ལས་འབྲས་བུ་ཆོས་སྐུ་མི་འདོད་སོགས། །རྫོགས་ཆེན་ཁྱད་འཕགས་ཆེ་ཡང་ཨ་ཏི་ལས། །རྣལ་འབྱོར་དམ་པ་སྐྱེས་ཤིང་སེམས་རིག་གིས། །དབྱེ་བ་གྲོལ་དོན་རྟོགས་པའི་རང་རིག་དོན། །འཁྲུལ་བྲལ་རིག་པ་ཀ་དག་ཡེ་ཤེས་ཀློང་། །ཀུན་བཟང་ཡིན་ལ་རྟོག་པའི་བློ་དང་བྲལ། །སྟོང་འཛིན་ང་རྒྱལ་རྟོག་པ་དབྱིངས་སུ་གཏོར། །དེ་སོགས་ཉམས་སྣང་གསལ་བར་ཡོད་མོད་ཀྱང་། །ལྟ་བ་མ་ནོར་རྟོགས་པ་ཆོས་དབྱིངས་ངང་། །སྒོམ་པ་འོད་གསལ་ཉིན་གསལ་རྨི་ལམ་འཁྲུལ། །སྤྱོད་འབྲས་ཅི་བཞིན་ལྡན་ཡང་མ་ཡིན་སྲིད། །ད་དུང་རྩལ་རྫོགས་ཡེ་ཤེས་བསམ་མི་ཁྱབ། །ངོ་བོ་ཉིད་ལ་ཐེ་ཚོམ་གང་ཡང་མེད། །ཅི་ཕྱིར་ཕྱག་རྫོགས་རྒྱུད་སྡེའི་དགོངས་པ་འབྲེལ། །རྟོགས་ཚུལ་ཅི་བཞིན་ངོ་བོ་སྨྲ་མི་གཏུབ། །ད་ལྟའི་ཉམས་ལེན་འཆར་ཚུལ་ཅི་བཞིན་ལགས། །ཅི་བཞིན་ཞུས་པ་ད་ལན་སྨྲས་པ་མེད། །རིག་འཛིན་ཁྱེད་ཀྱང་རྟོགས་པའི་ཡེ་ཤེས་གང་། །ཉམས་འགུར་ཚུལ་དུ་བདག་ལ་གནང་བར་ཞུ། །འཕྲལ་དུ་བྲིས་གང་ཉམས་འགུར་ཚུལ་དུའོ། །བྷ་ཁ་རི་ཁྲོད་དུ་བྲིས་པའོ། །དགེའོ། །དགེའོ། །དགེའོ། །

རིག་འཛིན་ཆོས་ཀྱི་རྒྱ་མཚོས་གྲུབ་ཐོབ་པདྨ་རིག་འཛིན་ལ་ཕུལ་བའི་གསུང་ཤོག།

གཉིས་འཛིན་བྲལ་བ་གཉུག་མའི་ཡེ་ཤེས་ཆེ། །བདེ་སྟོང་རྣལ་རོལ་རིག་པའི་གར་མཁན་པ། །གཏད་འཛིན་མེད་པ་རྒྱ་གྲོལ་ཕྱམ་ཡངས་སུ། །བློ་འདས་རྣལ་འབྱོར་ཆེན་པོ་གང་དྲུང་དུ། །འགྱུར་མེད་རབ་བརྟན་རྡོ་རྗེའི་ཁང་བཟང་དུ། འཛིན་མེད་གནས་པའི་རྣལ་འབྱོར་གང་ཁྱོད་ཀྱིས། །གསུང་ཤོག་སྐྱེས་ཀྱི་མཚོན་བྱེད་བཟང་པོ་དང་། །བཀའ་མཆིད་རྡོ་རྗེའི་གསུང་འཕྲིན་སྩལ་བ་དག །ཉམས་མེད་ཕེབས་པས་དངོས་མཇལ་ལྟ་བུར་སྤྲོ། །དུས་དང་བསྐལ་པ་ལྔ་པའི་ཆོས་ཉིད་དུ། །རྒྱལ་བ་བྱོན་ཡང་གདུལ་བ་དཀའ་བའི་དུས། །སེམས་ཅན་མི་བསྲུན་པ་ཡི་རང་བཞིན་ལ། །བསྡུ་བ་བཞི་ཡི་འགྲོ་དོན་རྒྱས་དྲག་ན། །བར་ཆད་བདུད་འདི་ཅིར་ཡང་སྤྲུལ་ནས་འོང་། །དུས་དང་གནས་སྐབས་རིང་དུ་བསྟུན་པ་ནས། །ཆོས་ཀྱི་འབྲེལ་བ་གང་གྱུར་དེ་ཙམ་ལས། རབ་ཏུ་སྒྲུབ་པ་སྙིང་པོར་དྲིལ་བ་དང་། །འབྲིང་དུ་སྒྲུབ་པ་ལྷ་སྔགས་དམ་བཅའ་དང་། །ཐ་མ་ཡིག་དྲུག་ཁས་ལེན་ཅི་ནུས་དང་། སྐྱབས་སྡོམ་དགེ་བསྙེན་ནས་ནི་ཅི་ལྕོགས་ཀྱི། །སྐྱེ་བོ་རྣམས་ལ་དགེ་བའི་བསྐུལ་མ་མཛོད། །ཉམས་ལེན་ཞི་ལྷག་བྱེད་པ་གང་བྱུང་རྣམས། །འཁོར་དུ་མ་བསྐོར་རང་གནས་དབེན་པ་ལ། །སྒྲུབ་པའི་དམ་བཅའ་བླང་ལ་བཏང་བར་མཛོད། །འཁོར་འབངས་མང་ན་ཞབས་འདྲེན་ཡོང་པར་མཆིས། །དད་དང་ཆོས་མཐུན་བྱུང་ན་རེ་ཟུང་ལ། སྒོ་གསུམ་དགེ་ལ་འབད་པའི་བསླབ་བྱ་གནང་། །རེས་འགའ་སྒྲུབ་པ་སྙིང་པོར་དྲིལ་པར་མཛོད། རྣམ་གཡེང་ཆེ་ན་བར་ཆད་ཆེ་བར་མཆིས། །རེས་འགའ་རང་ཉིད་སྒྲུབ་པ་གཙོ་བོར་ཐོན། །རེས་འགའ་ཆོས་ཀྱི་སྦྱིན་པ་འགའ་རེ་ལ། སྤེལ་མ་མཛོད་དང་འཕྲིན་ལས་མཐའ་རྒྱས་འགྱུར། །ཟབ་ཆོས་སྤེལ་མཁས་ནད་པར་སྨན་པ་ལྟར། །ནུས་དང་མི་ནུས་རྒྱུད་ཚོད་མ་འཛིན་ན། །གདམས་ངག་སྤེལ་བར་ཆེ་ན་ཁ་ཆོས་ཀྱི། །ཁ་ལྟ་སྟོང་སྐད་མང་དོགས་ཆེ་བས་ན། གདམས་པ་ཚོད་ཤེས་བྱེད་པ་ཐུགས་ལ་ཞོག །རང་ཉིད་རྟོགས་པའི་གདེངས་དང་ལྡན་མོད་ཀྱང་། །བློ་ཆུང་རྣམས་ལ་གདེངས་སྐད་སློང་ཆེ་ན། །གང་ཟག་བདག་མེད་རྒྱུད་ལ་མི་སྐྱེ་བས། །ཆོས་ཀྱི་བདག་མེད་ཁ་ལྟ་སྒྲོག་པ་བས། རྒྱུ་འབྲས་འཆུག་པ་གནད་དུ་ཆེ་བས་ན། །དེ་ལ་བསླབ་ཚུལ་མ་ཉེས་ཁག་ཆེ་ཡང་། རྣལ་འབྱོར་ཁྱོད་ཀྱི་ཐུགས་ལ་དེ་ལྟར་ཞོག །ཞེས་ཞུ་ཡིག་རྟེན་ལ་མཁའ་འགྲོ་སྙིང་ཐིག་གི་པོ་ཏི་ཆ་ཚང་དགོངས་གཏད་ཤོག་ཚལ་དང་། བཀྲ་ཤིས་བསོད་ནམས་ཁ་བཏགས་དང་རྩེ་འཕྲུག་བུད། །བྱིན་རླབས་རྟེན་དམ་རྫས་མ་ཎི་རིལ་བུ་ཐུམ། འབྲས་གཤང་ཞབས་དྲུང་ནམ་མཁའ་འཇིག་མེད་ཀྱི་སྲོག་སྒྲུབ་ཡི་གེ ཚེ་སྒྲུབ་བདུད་རྩི་རིལ་བུ་བཅུ་ཕྲག་དང་བཅས་ཟླ་དྲུག་པའི་ཚེས་ཉེར་བདུན་ལ་མཚམས་དགོན་ནས་ཕུལ། །དེ་ནས་ཕྱག་དམ་རྟེན་བཀྲ་ཤིས་ཁ་བཏགས་གསུམ། སྨན་ཚེ་ཁ་གང་། སྤོས་ཤེལ། ཇ་འཁོར་གསུམ་གནང་བ་རྣམས་ཉམས་མེད་འབྱོར་བ་སྐུ་དྲིན་སྐྱོངས། ཉིད་ནས་འགྲོ་ཕན་མཛད་པ་དེ་ལས་ལྷག་པ་བྱེད་རྒྱུ་མེད་པ་དེ་ལྟར་དང། གྲྭ་པ་རྣམས་ས་ཐག་རིང་བ་དང་ཆེད་གཏད་ཀྱིས་དེ་ལྟར་མཛད་པར་རྗེས་སུ་ཡི་རང་། བཀའ་ཐང་སྡེ་ལྔ་འདིར་བྲིས་མི་བྱེད་འདུག་པས་གཤིས་སུ་གང་དུ་བཙལ་ཀྱང་མ་རྙེད་པས་ད་ལན་འབུལ་རྒྱུ་མ་བྱུང་བས་དགོངས་ཁྲེལ་མེད་པ་མཁྱེན། སླད་ནས་གྲྭ་པ་དང་ཟང་ཟིང་འདི་འདྲ་སྐྱེལ་བ་སོགས་གནང་མི་དགོས་ལགས། སྲོག་སྒྲུབ་ཀྱི་ཆོས་འདིའི་འགྲོ་དོན་ཁྱབ་གང་ཆེ་བྱོས་དང་ཟང་ཟིང་ལས་དེ་ངོ་མཚར་ཆེ། དམ་རྫས་ཕུལ་བ་རྣམས་བུམ་སྒྲུབ་བྱུང་ན་ལེགས། མ་བྱུང་ན་སྤེལ་ནས་དེ་ཕྱོགས་སུ་མི་ནོར་ཐམས་ཅད་ལ་འགྲོ་དོན་ཞུ། བདག་ཀྱང་ལོ་ཟླ་འདི་ཞེས་པ་ཚད་བཟུང་མེད་ཅིང་དུས་ཀྱི་འཕོ་འཆུག་བྱུང་ན་མ་གཏོགས་མཚམས་ཡང་གྲོལ་རྒྱུ་མེད་པས་དེ་ལུགས་ཀྱི་དགོངས་ཡུལ་དུ་བཞུགས་པར་ཞུ། །

ཀོང་པོ་རྒོད་ཚང་སྤྲུལ་སྐུ་ལ་ཕུལ་བའི་ཞུ་ཡིག།

ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། གདོད་མའི་ཀུན་བཟང་ཆོས་དབྱིངས་རྣམ་དག་ལས། །རང་བྱུང་ཡེ་ཤེས་པད་འབྱུང་ནམ་མཁའི་ནོར། །ཐུགས་རྗེའི་འོད་སྟོང་འགྲོ་བའི་དཔལ་ཤར་བ། །དཔལ་ལྡན་བླ་མ་བསྟན་འགྲོའི་མུན་སེལ་མཆོད། །རབ་ཏུ་གསོལ་བ་བླ་མ་དམ་པ་རྗེ། །ཁྱེད་སྔོན་མ་མཇལ་དྲིན་ལྡན་མ་གྱུར་ཡང་། །དད་ཅིང་དྭངས་བའི་དབང་གིས་བླ་མ་མཆོག །ད་ལྟ་མོས་ཉེའི་སེམས་ཀྱིས་ཞུ་ཕུལ་བས། །ཆེ་དང་གྲགས་འདོད་རྙེད་དང་ཐེ་ཚོམ་སོགས། །ཚེ་འདིའི་ལྟོ་གོས་སྨྲ་བ་མ་ལགས་པས། །དོན་གྱི་ཡིན་ལུགས་ཞུ་ལ་དགོངས་པར་གསོལ། །ཁྱེད་ཅག་བསྟན་དང་འགྲོ་བའི་རྩ་ལག་ཏུ། །དུས་འདིར་ཐེག་མཆོག་སྙིང་པོའི་བསམ་གཏན་ལ། མི་གཡོ་མཉམ་པར་བཞག་པ་རྗེས་ཡི་རངས། །དུས་མེད་རྟོགས་བཞིན་དུས་གསུམ་མཉམ་པས་མཆོད། །བདག་ནི་ཆོས་འདོད་ཐ་ཤལ་བྱ་བྲལ་པ། །ཆོས་ལ་མོས་པའི་སྣང་བ་ཆུང་ནས་ཤར། །བསམ་པ་རྙེད་ནས་གཡེང་བའི་བྱ་བ་སྤངས། །ཐོས་བསམ་སྒོམ་ལ་ནན་ཏན་བརྟུལ་ཞུགས་བཟུང་། །བླ་མ་འགའ་ལས་གདམས་པའི་བདུད་རྩི་བཏུང་། །རིམ་དགུ་ཐེག་གསུམ་ཚུལ་ལ་རིམ་བཞིན་བསླབས། །བློ་སྦྱོང་གཅོད་དང་ཚོགས་དྲུག་དམར་ཁྲིད་དང་། །ཕྱག་རྒྱ་ཆེ་དང་དབུ་མའི་གཞུང་ལུགས་འགའ། །རབ་ཏུ་ཐོས་ལ་བརྩོན་པས་ཉམས་ལེན་བྱས། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །དགོངས་དོན་གནད་ལ་ངེས་པའི་ཤེས་པ་བརྙེད། །སྙིང་ཐིག་བཀའ་གཏེར་དག་ལ་གཡར་དམ་བྱས། །བར་ཞིག་ཕྱེ་གཏོར་འགམ་ལ་སྐྱོ་བ་སྐྱེས། །ད་ནི་ཚེ་འདིའི་སྣང་ཤེས་རྩོལ་བ་ཞིག །འཇིག་རྟེན་འཁོར་བའི་ཆོས་ལ་ཞེན་པ་ལོག །འདུ་བྱེད་གཡོ་བའི་ཆོས་ལ་བློ་གཏད་བྲལ། །ལྟར་སྣང་ཆོས་བརྒྱད་ཆགས་ཞེན་མ་འདྲེས་སྤྱོད། །ཆོས་དང་ཆོས་ཉིད་དབྱེ་བའི་བློ་གྲོས་ཐོབ། །ལྟ་སྒོམ་སྤྱོད་པའི་དོན་ལ་ངེས་པ་རྙེད། །གཅིག་པུར་བསམ་གཏན་སྤྱོད་ལ་དྲོད་པ་ཐོབ། །ཆོས་བཞིན་བྱས་ན་ཆོས་ལས་མི་འདའ་བའི། །ངེས་པའི་ཤེས་པ་དཔའ་ལ་བརྟན་པ་ཐོབ། །ཁྱད་པར་ཀ་དག་གྲོལ་བཞིའི་གནས་ལུགས་གོ། །ལྷུན་གྲུབ་རིག་པ་སྐུར་སྨིན་ཚད་ཆུང་ཤར། །ཁྲེག་ཆོད་ཐོད་བརྒལ་ཟུང་འཇུག་ཉམས་ལེན་ཤེས། །ད་ཡང་བྱ་བཏང་སྒྲུབ་པ་འབའ་ཞིག་ལགས། །དེ་དག་ཉམས་འབུལ་ཕྲན་བུའི་མཆོད་སྤྲིན་གྱུར། །ད་ནི་གུས་ཤིང་དྭངས་བས་གསོལ་འདེབས་པ། །སྒྲུབ་པའི་འབྲས་བུ་མི་བསླུ་ངེས་པ་དང་། །ཡེ་གནས་འབྲས་བུ་ཡོངས་གྲུབ་ཡིན་ཕྱིར་དང་། །ཀ་དག་ངོ་བོ་འཕོ་འགྱུར་མེད་དོན་དང་། །ལྷུན་གྲུབ་ཡེ་ཤེས་རང་རྩལ་རྫོགས་གནད་ཀྱིས། །རིག་པའི་ཆོས་ཉིད་རང་སོ་ཟིན་པའི་དབང་། །སྐྱེ་དང་འཇུག་པའི་ཚུལ་ལ་མ་རྨོངས་པ། །དེང་སང་ཁྱོད་ཅག་མིན་པ་ཞིང་འདིར་སུ། །དེ་ཕྱིར་འཕོ་བ་ཆེན་པོའི་སྐུར་བཞེངས་ནས། །རྟགས་དང་ཆོ་འཕྲུལ་མངོན་པར་འདུ་བྱེད་ཅིང་། །བསྟན་དང་འགྲོ་བའི་རྩ་ལག་དམ་པར་མཛོད། །ཐེག་མཆོག་སྙིང་པོའི་ཡོན་ཏན་མི་མངོན་ན། །བླང་དོར་ཡིན་ཚུལ་རེ་རེ་སུ་ལའང་མཆིས། །གལ་ཏེ་རླབས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད། །སྐྱེ་འཕོའི་འདུ་བྱེད་དང་དུ་ལེན་པ་ནས། །སྲིད་པའི་འགྲོ་བ་མང་པོ་སྒྲོལ་བཞེད་ན། །སྐུ་ཚེའི་རིང་འདིར་དབེན་པའི་ངང་ཉིད་ནས། །ཟང་ཟིང་བྲལ་བའི་ཆོས་ཀྱི་དགའ་སྟོན་མཆོག །སྐལ་ལྡན་རྣམས་ལ་ལེགས་པར་འགྱེད་མཛད་ཅིང་། །རྡོ་རྗེ་རྩེ་མོའི་བསྟན་པས་ཁམས་བསྐང་ཏེ། །གང་འཚམས་ཆོས་ཀྱིས་དད་ལྡན་སྨིན་པར་གསོལ། །ཆོས་ཀྱི་བདག་པོ་བཟང་ཕྱིར་འདུལ་བྱའི་དོན། །སྟོན་པ་གཉིས་པ་ལྟ་བུར་ཁྱོད་གྱུར་པས། །བསམ་གཏན་ངང་ནས་འགྲོ་བའི་དཔལ་དུ་མཛོད། །དེང་སང་ཆོས་པ་ཕལ་གྱིས་ཆོས་བརྒྱད་སྤྱོད། །ཆོས་བཞིན་བྱེད་རློམས་ཆོས་ཉིད་རྟོགས་པ་ཉུང་། །ཐར་ལམ་བསྟན་ཀྱང་སྲིད་པའི་ལམ་འཇུག་མཁན། །བསོད་ནམས་ཐར་པ་ཆ་མཐུན་འབྱེད་པའང་དཀོན། །དེ་སླད་ཁྱོད་ནི་འགྲོ་བའི་དཔལ་དུ་མཛོད། །སེམས་དང་སེམས་བྱུང་གནས་ལུགས་སྐྱོན་ཡོན་སོགས། །སོ་སོའི་ཡིན་ཚུལ་བྱེ་བྲག་མི་གསལ་བའི། །ངོ་སྤྲོད་ཁྲིད་ཀྱི་ལག་ལེན་འདེབས་པ་མང་། །ཐམས་ཅད་ཆོས་སྐུ་ཐམས་ཅད་རྣམ་རྟོག་གི །ཅི་ལྟར་ཡིན་ཚུལ་བྱེ་བྲག་མ་རྙེད་པའི། །བཀའ་བསྟན་གཞུང་དང་ཡ་བྲལ་འཆད་པ་མང་། །དེ་སླད་ཁྱོད་ནི་འགྲོ་བའི་དཔལ་དུ་མཛོད། ཐོས་བསམ་སྒོམ་ལ་མི་གནས་རང་འདོད་ཅན། །སྤོམ་ཡོར་ཆེ་གདེངས་ཚེ་འདིའི་སྣང་བ་མཐོ། །ཉོན་མོངས་ཅུང་ཟད་མ་བྲི་ང་རྒྱལ་ཅན། །ཁྱད་གསོད་རང་མཐོང་གཞན་ལས་ལྷག་པར་བསམ། །དེང་སང་དུས་ན་མངོན་པའི་ཆེ་ཁྱད་འདོན། དེ་ཕྱིར་ཁྱོད་ནི་འགྲོ་བའི་དཔལ་དུ་མཛོད། །འགའ་ཞིག་སྤྱོད་པས་འཐོམས་ནས་གཟུང་འཛིན་འཐས། །འགའ་ཞིག་ཐེག་པ་མཆོག་རློམ་རྒྱུ་འབྲས་བསླད། །ཕལ་ཆེར་གང་ཡང་མ་ཡིན་ཐ་མལ་གནས། །བསྟན་པའི་གཞུང་ལུགས་སློབ་པ་དཀོན་གསུངས་ཚེ། །ཁྱོད་ནི་འགྲོ་བའི་ལམ་སྟོན་ཉིད་དུ་གསོལ། །འགའ་ཞིག་འཆད་ལ་མི་མཁས་ཕྱོགས་རེ་བ། ལ་ལ་ཕྱོགས་རེའི་ངང་ནས་བླུན་ཚིག་སྒྲོགས། །ཚིག་དོན་འགལ་མེད་སངས་རྒྱས་བསྟན་པའི་དཔྱིད། སྨྲ་མཛད་འགྲོ་བའི་ཡིད་བཞིན་རེ་སྐོང་གསོལ། །བསྟན་པའི་གཞུང་ལུགས་བཞུགས་པ་ཐམས་ཅད་ཀྱི། སེམས་བསྐྱེད་སྨོན་ལམ་རྒྱ་ཆེར་མཛད་གྱུར་པ། །ཆོས་མཛད་ཡོངས་ཀྱི་ཐུགས་དམ་ཉིད་ལགས་པས། འཕགས་པའི་བསམ་གཏན་འགྲོ་བའི་དོན་མཛད་རྣམས། །སྐར་འཚོགས་དབུས་ན་ཉི་ཟླ་ཇི་བཞིན་དུ། །ཡོངས་སུ་གསལ་བས་མཛད་ཕྲིན་རྨད་བྱུང་བ། །དུས་འདིར་སྐྱེ་དགུའི་དཔལ་དུ་མཛད་པར་གསོལ། །རང་འདོད་གཅིག་པུ་མིན་པའི་འདྲ་ཚུལ་ཚིག །དྭངས་བས་ཕུལ་གྱིས་ཐུགས་ཁྲེལ་གཞིར་མ་གྱུར། །གསོལ་བ་འདེབས་ཀྱི་ཐུགས་རྗེས་རབ་དགོངས་གསོལ། །

རྒོད་ཚང་སྤྲུལ་སྐུ་ནས་གྲུབ་ཐོབ་པདྨ་རིག་འཛིན་ལ་ཕུལ་བའི་ཡིག་ལན།།

གྲངས་མེད་བསྐལ་བའི་གོང་རོལ་ནས། ཚོགས་གཉིས་ཀྱི་བྲེ་ཁ་ལེགས་ཁེངས་ཤིང་། །ཐོས་བསམ་དང་སྒོམ་སྒྲུབ་མཐའ་དག་ལ། དབང་འབྱོར་གྱི་འབྲས་བུས་ཕྱུག་པ་ཁྱེད། །ཟབ་རྒྱས་ཀྱི་བཀའ་མཆིད་ཡི་གེའི་ཕྲེང་། །སྨིན་འབྱོར་གྱི་འགག་དོན་ལྟར་གསལ་པའི། །བདག་ཆུང་ནས་སྐྱེ་བའི་མིང་གིས་བསླུས། །དགོན་ཆུང་གི་ལྟོ་ཚོལ་ངང་ལ་ཟད། སློབ་གཉེར་སྒོམ་སྒྲུབ་མ་བྱས་པར། །བླ་ཟོལ་གྱི་སྲོལ་ལ་མི་ཚེ་ཟད། །དཀར་ནག་གི་ཉེས་དམིགས་ཤེས་ཙམ་ནས། དབེན་མཚམས་དྲིལ་ཞིང་འཇིག་རྟེན་གྱི། །རྣམ་གཡེང་ལ་འཛེམ་ཁུལ་ཙམ་ཞིག་ལས། །གཞན་དོན་དང་བསྟན་ལ་ཕན་ངེས་ཀྱི། ནུས་སྟོབས་དང་ཡོན་ཏན་ལྡན་མཁན་མིན། གྲགས་སྐམ་དང་ཅལ་སྒྲོགས་འགའ་ཞིག་ལས། མཁས་གྲུབ་དང་རྣམ་འདྲེན་གྱི་དྲི་ཙམ་མེད། འབྱུང་འདུས་ལ་ནད་མང་གི་འདུ་བས་མནར། བགྲང་ལོ་དང་རྒས་པའི་ལྕིད་ཀྱིས་ནོན། མལ་ནང་དུ་འཆི་ཁའི་བསམ་བློ་ལས། རྣམ་མང་གི་བློ་རྒྱ་མ་མཆིས་ཤིང་། ཚེ་འདི་ལས་གཞན་པའི་སྐྱེ་བ་ཡང་། དུས་ངན་གྱི་བླ་གཟུགས་མི་སྐྱེ་བའི། སྨོན་ལམ་དེ་སྙིང་ནས་འདེབས་བཞིན་ལགས། ཁྱེད་ཟབ་དོན་གྱི་ཉམས་བཞེས་མཐར་ཕྱིན་ནས། གྲུབ་ཐོབ་ཀྱི་གདན་ས་སྙེགས་པ་ལ། འདི་འདྲ་ཡི་སྙན་འབུལ་མ་དགོས་ཀྱང་། ཚད་ཕེབས་དེ་ཟད་སྐྱེལ་མཛད་ནས། རྩོལ་མེད་ཀྱི་གཞན་དོན་མཁའ་ཁྱབ་ཞུ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ རིགས་དྲུག་གནས་འདྲེན་བསྡུས་པ་བཞུགས་སོ༔

༄༅། །ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། ཨོཾ་བཛྲ་ས་ཏྭ་ཧཱུྃ། བདག་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པ་རིགས་དྲུག་གང་ན་གནས་པ་དེ་ལ་ཕོག་པས་ཨ་དཀར་པོ་གཅིག་ཏུ་གྱུར་ནས་མདུན་གྱི་རྟེན་བྱང་ལ་ཐིམ་པར་གྱུར། ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པུཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མ་མཱེ་མུཉྩ་བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཚར་གཅིག་བརྗོད། ནྲྀ་ཡཾ་བཛྲ་ཨཾ་ཀུ་ཤ་ཛ་ཛཿ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཞི་ཁྲོ་ཡི། །བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས། །ཚེ་ལས་འདས་པ་རིགས་དྲུག་གར་གནས་ཀྱང་། །དམིགས་རྟེན་མཚན་བྱང་འདི་ལ་གཉིས་མེད་ཁུག །ཅེས་ལན་གསུམ་བརྗོད། བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས་ཤི་གཤེད་ཐམས་ཅད་ཕྱིར་བསྐྲད་པར་དམིགས་ལ། ཧཱུྃཿ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷ༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་སོགས་བརྗོད་པའི་མཐར། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ ཅེས་ལན་གསུམ་གྱིས་ཐུན་བྲབ། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་། །མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ། །ཉོན་མོངས་ལས་དབང་རྗེས་འབྲང་སྡུག་བསྔལ་སྤྱོད། །སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་། །བརྩེ་གདུང་ཡིད་ལ་གཅགས་པའི་ཉེ་འབྲེལ་གྱིས། །དཀོན་མཆོག་རྩ་གསུམ་ལྷ་ལ་སྐྱབས་སོང་དང་། །ཆོས་ཉིད་སྟོབས་དང་ལྷ་མཆོག་ཐུགས་རྗེའི་སྟོབས། །སྔགས་འཆང་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས། །འོག་མིན་ཞིང་དུ་སངས་རྒྱས་སྐུར་བསྐྱེད་ཕྱིར། །རེ་དོགས་མེད་པའི་སེམས་ཀྱིས་འདིར་ཤོག་ཅིག །ཨ་ནྲྀ་སུ་ཏྲི་པྲེ་དུ་ཨཾ་ཀུ་ཤ་ཛ༔ མིང་བྱང་བཟུང་ལ། ཀྱཻ་མ་འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན། །མིང་ཡིག་བྱང་བུ་འདི་ནི་ངག་གི་རྟེན། །མེ་ལོང་གསལ་བ་འདི་ནི་ཡིད་ཀྱི་རྟེན། །རས་ཕྲུག་གོས་དང་གདུགས་འདི་གཞལ་ཡས་ཁང་། །ཕྱིང་དཀར་འདུག་གདན་སྨྱུག་འདི་འཇུ་བའི་ཤིང་། །ཚེ་འདས་ལུས་རྟེན་འདི་ལ་གནས་པར་གྱིས། ཏིཥྛ་ས་མ་ཡ་ལྷན། མཚན་བྱང་ཉེ་འབྲེལ་གཅིག་གིས་བཟུང་ལ། ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་གྱིས། །ཞེ་སྡང་སེར་སྣ་གཏི་མུག་ཕྲག་དོག་དང་། །ང་རྒྱལ་འདོད་ཆགས་དྲག་པོའི་ལས་དབང་གིས། །རིགས་དྲུག་གནས་སུ་ལྟུང་ཞིང་སྡུག་བསྔལ་མྱོང་། །འཁོར་བའི་ལས་ངན་འདི་ལས་བདག་སྒྲོལ་མཛོད། །ཅེས་ཚེ་འདས་ཀྱིས་བརྗོད་པར་དམིགས་ལ། བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་བརྗོད་ལ་འདི་སྐད་དོ། ། ཀྱེ་མ་ཚེ་འདས་ལུས་བརྗེས་ཁྱོད་ཉིད་ཀྱིས། །ཞེ་སྡང་སེར་སྣ་གཏི་མུག་ཕྲག་དོག་དང་། །ང་རྒྱལ་འདོད་ཆགས་བག་མེད་སྤྱོད་པའི་མཐུས། །མི་དགེ་བཅུ་ལ་ལོངས་སྤྱོད་ལས་ངན་བསགས། །དེ་ཡི་རྣམ་སྨིན་རིགས་དྲུག་ལ་སྐྱེས་ན། །འགྲོ་དྲུག་སྐྱོབས་མཛད་བཅོམ་ལྡན་ཐུབ་པ་དྲུག །བཞུགས་སོ་དེ་ལ་སྐྱབས་སོང་ཚིག་འདི་སྨྲོས། །བཟོད་པའི་ཆོས་ཐོབ་ཞེ་སྡང་རྣམ་པར་དག །མེ་ཆུ་བསིལ་དྲོད་དམྱལ་བའི་སྡུག་བསྔལ་སྦྱོང་། །ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆི། །སྦྱིན་པའི་ཆོས་ཐོབ་སེར་སྣ་རྣམ་པར་དག །རིན་ཆེན་སྒྲོམ་བུས་ཡི་དྭགས་བཀྲེས་སྐོམ་སྦྱོང་། །བཅོམ་ལྡན་ཁ་འབར་ཞབས་ལ་སྐྱབས་སུ་མཆི། །ཤེས་རབ་ཆོས་ཐོབ་གཏི་མུག་རྣམ་པར་དག །པོ་ཏིས་དུད་འགྲོའི་གླེན་ལྐུག་སྡུག་བསྔལ་སྦྱོང་། །བཅོམ་ལྡན་སེང་རབ་བརྟན་ལ་སྐྱབས་སུ་མཆི། །ཚུལ་ཁྲིམས་ཆོས་ཐོབ་ཕྲག་དོག་རྣམ་པར་དག །གོ་མཚོན་ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱོང་། །བཅོམ་ལྡན་ཐག་བཟང་རིས་ལ་སྐྱབས་སུ་མཆི། །བསམ་གཏན་ཆོས་ཐོབ་ང་རྒྱལ་རྣམ་པར་དག །པི་ཝང་འཛིན་པས་འཆི་འཕོའི་སྡུག་བསྔལ་སྦྱོང་། །བཅོམ་ལྡན་བརྒྱ་བྱིན་ཁྱོད་ལ་སྐྱབས་སུ་མཆི། །བརྩོན་འགྲུས་ཆོས་ཐོབ་ལེ་ལོ་རྣམ་པར་དག །གསེག་གཤང་པར་བུས་སྐྱེ་འཆིའི་ལས་སྒྲིབ་སྦྱོང་། །བཅོམ་ལྡན་ཤཱཀྱ་ཐུབ་ལ་སྐྱབས་སུ་མཆི། །དེ་ནས་དབང་བསྐུར་བ་ནི། མར་མེ་དང་ཁྲུས་བུམ་ཐོགས་ལ། ཧཱུྃ། ཚ་གྲང་སྐྱོབས་མཛད་མེ་ཆུའི་དབང་། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །དམྱལ་བ་ཚ་གྲང་སྡུག་བསྔལ་སྒྲོལ། །ན་རག་སྡུག་བསྔལ་བྲལ་བར་ཤོག །དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་དུན་ཧཱུྃ་ཕཊ། རིན་ཆེན་སྒྲོམ་བུ་ཐོགས་ལ། ཨཱཿ རིན་ཆེན་སྒྲོམ་བུའི་བུམ་པ་ན། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །པྲེ་ཏའི་སྡུག་བསྔལ་ཆེ་ལས་སྒྲོལ། །ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག །པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་དུན་ཧཱུྃ་ཕཊ། པོ་ཏི་ཐོགས་ལ། ཨོཾ། ཤེས་རབ་རིག་པའི་པོ་ཏི་འདི། །དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུངས། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །དུད་འགྲོའི་སྐྱེ་གནས་ཉིད་ལས་སྒྲོལ། །ཏིཪྱའི་སྡུག་བསྔལ་བྲལ་བར་ཤོག །ཏྲི་མ་ཐ་མ་ཐ་སརྦ་ཏིཪྱ་ཀ་ཏེ་ཧེ་དུན་ཧཱུྃ་ཕཊ། གོ་མཚོན་ཐོགས་ལ། ཧཱཿ རལ་གྲི་དང་ནི་གོ་ཆ་འདི། །སྒྲོལ་དང་སྲུང་བ་ཞི་ཁྲོའི་ཆས། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །ལྷ་མིན་འཐབ་རྩོད་ཆེ་ལས་སྒྲོལ། །ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག །སུ་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ། པི་ཝཾ་ཐོགས་ལ། སྭཱ། ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པ། །པི་ཝང་སྙན་པའི་དོན་བྱེད་འདིས། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །ལྟུང་བའི་སྡུག་བསྔལ་ཆེ་ལས་སྒྲོལ། །སྐྱེ་བ་གཅིག་གིས་ལུས་རྫོགས་ཤོག །ཨ་སརྦ་ཏ་ཐཱ་ག་ཏ་བིདྱཱན་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། གསེག་ཤང་པར་བུ་ཐོགས་ལ། ཧཱུྃ། རིན་ཆེན་པར་བུར་ལྷ་ཚོགས་བཞུགས། །གསེག་ཤང་རྒྱལ་བའི་ཐུགས་རྟགས་བརྡ། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །མི་ཡི་སྡུག་བསྔལ་ཆེ་ལས་སྒྲོལ། །ཨ་ཝཱ་དྷུ་ཏིའི་དབང་ཐོབ་ཤོག །ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། གླུད་གཏོར་ཆང་བུ་དྲུག་གིས་བརྒྱན་པ་གཅིག ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་འདོད་ཡོན་བསམ་གྱིས་མི་ཁྱབ་པར་དམིགས་ཏེ། ཧཱུྃ། འདོད་ཡོན་ལོངས་སྤྱོད་ཚད་མེད་གཏོར་མ་འདི། །ཚེ་འདས་འདི་ཡི་སྔོན་ཆད་ལན་ཆགས་རིགས། །ཕྱིན་ཆད་ཐར་བའི་གེགས་བྱེད་གཤེད་བདུད་རྣམས། །གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ། །ཚེ་འདས་འདི་ཡི་ཐར་བའི་གེགས་མ་བྱེད། སརྦ་བིགྷྣན་བ་ལིང་ཏ་ཁཱ་ཧི་ཁཱ་ཧི་གཙྪ།དེ་ནས་བྲབ་རྫས་ཐོགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྩ་གསུམ་ལྷ་ཚོགས་དུག་མི་མངའ། །རྩ་གསུམ་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སྐུ་གསུམ་ལྷ་ཚོགས་དུག་མི་མངའ། །སྐུ་གསུམ་བདེན་པས་དུག་བཅོམ་མོ། །མ་རིག་འབྱུང་བ་ལྔ་པོ་ལས། །དུག་བྱུང་དུག་ནི་ཡེ་ནས་དག །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་ནི་འབྱུང་བའི་ཕུགས་སུ་དག །ཁྱོད་ཀྱི་དུག་ནི་དུག་མེད་ཤོག །ཧ་ལ་ཧ་ལ་ཤུདྡྷེ་ཨཱ། ཞེས་རྩ་སྔགས་དང་ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་པའི་མཐར་བྲབ་པས། དུག་དང་རིགས་དྲུག་ས་བོན་ཐམས་ཅད་ཡང་ཡང་བསྲེགས་ཏེ་མེད་པར་བསམ། དེ་ནས་ཁྲུས་བུམ་ཐོགས་ལ་མཚན་བྱང་མེ་ལོང་ངོས་ལ་བཀྲུ་ཞིང་། ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་བྱེད་པ། །བཟོད་པ་ཆུ་ཡི་རྗེས་དགོངས་ལ། །ཁོང་ཁྲོའི་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་བྱེད་པ། །སྦྱིན་པའི་ཆུ་ཡི་རྗེས་དགོངས་ལ། །འདོད་ཆགས་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །མི་ཤེས་དྲི་མ་སྦྱོང་བྱེད་པ། །ཤེས་རབ་ཆུ་ཡི་རྗེས་དགོངས་ལ། །གཏི་མུག་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཕྲག་དོག་དྲི་མ་སྦྱོང་བྱེད་པ། །ཚུལ་ཁྲིམས་ཆུ་ཡི་རྗེས་དགོངས་ལ། །ཕྲག་དོག་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །ལྟུང་བའི་དྲི་མ་སྦྱོང་བྱེད་པ། །ཏིང་འཛིན་ཆུ་ཡི་རྗེས་དགོངས་ལ། །ང་རྒྱལ་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་བྱེད་པ། །སྤྲོ་དགའི་ཆུ་ཡི་རྗེས་དགོངས་ལ། །ཐེ་ཚོམ་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་ཡེ་ཤེས་རང་བཞིན་ཆུ། །འཁྲུལ་བའི་དྲི་མ་སྦྱོང་བྱེད་པ། །ཡེ་ཤེས་ཆུ་ཡི་རྗེས་དགོངས་ལ། །འཁྲུལ་རྟོག་དྲི་མ་དག་གྱུར་ཅིག །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །རྩ་སྔགས་དང་ཡི་གེ་བརྒྱ་པ་མཚམས་སུ་བརྗོད་ཅིང་བཀྲུས་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། གནས་ནས་དྲངས་པ་ནི། ཀྱཻ་མ་ས་འདི་མན་ཆད་འཁོར་བའི་གནས། །རིགས་དྲུག་འཁོར་བའི་བཙོན་དོང་ཡིན། །སྡུག་བསྔལ་མང་ལྡན་སྐྱི་གཡའི་གནས། །དེ་ལ་མ་ཆགས་མ་ཞེན་པར། །བོར་རོ་སྤོངས་ཤིག་རིགས་ཀྱི་བུ། །ས་འདི་ཡན་ཆད་ཐར་བའི་ཞིང་། །སྡུག་བསྔལ་མིང་མེད་གཏན་བདེའི་གནས། །དེ་ལ་མོས་ན་བདེ་ཆེན་བགྲོད། །དེངས་སོ་གཤེགས་སོ་རིགས་ཀྱི་བུ། །རིགས་དྲུག་འཁོར་བའི་ཡུལ་ཁྱིམ་རྣམས། །སྒྱུ་མ་བཞིན་དུ་རྟག་བརྟན་མེད། །ཕ་མ་བུ་ཚ་ཉེ་དྲུང་ཀུན། །མི་རྟག་འབྲལ་བའི་ཆོས་ཅན་ཡིན། །ཆགས་ན་ཐར་བའི་གེགས་བྱེད་པས། །མ་ཆགས་གཙང་མའི་ཞིང་ཁམས་སུ། །ཕྱིར་མི་ལྡོག་པའི་ས་ཐོབ་ཤོག །ཅེས་སྐྱེ་སྒོ་བཅད་པར་བསམ། དེ་ནས་བྱང་བུ་ཉེ་དྲུང་གིས་བཟུང་། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །དེ་ཕྱིར་གུས་པས་ཕྱག་འཚོལ་ཤིག །ཅེས་ཕྱག་འཚལ་དུ་བཅུག་ལ། ན་མོ་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མ་མེད་དགེ་འདུན་རིན་པོ་ཆེ། །མཆོད་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱི་བསྒྲུབས་པ་ཡིས། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་པྲ་ན་མེ་ན་བྷནྡྷ་ན་ཀ་རོ་མི། དེ་ནས་གསོལ་བ་གདབ་པ་ནི། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདེ་ཆེན་ཐར་བའི་ལམ་སྟོན་འཚལ། །རིག་འཛིན་རྒྱལ་བའི་དཀྱིལ་འཁོར་དུ། །མགོན་པོས་བདག་ནི་འཇུག་པར་འཚལ། །སློབ་དཔོན་གྱིས། ཀྱཻ་ཧོ་བུ་ཁྱོད་སྐལ་བ་བཟང་། །དཀྱིལ་འཁོར་འཇུག་ཕྱིར་དགའ་སེམས་གྱིས། ཧོ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །ཚེ་འདས་བདག་ལ་དགོངས་སུ་གསོལ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །སྐྱབས་གནས་དཀྱིལ་འཁོར་ལྷ་ཚོགས་དྲུང་། །མི་དགེ་སྤངས་ཤིང་དགེ་བ་བསྒྲུབ། །སོ་སོར་ཐར་བའི་སྡོམ་པ་ལ། །རྒྱུན་དུ་གནས་ཤིང་བཟུང་བར་བགྱི། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །བླ་མེད་སྨོན་འཇུག་བྱང་ཆུབ་སེམས། །བདག་གིས་བསྐྱེད་ཅིང་བསླབ་པར་བགྱི། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་། །དཀོན་མཆོག་གསུམ་དང་རིགས་ལྔ་ཡི། །དམ་ཚིག་མི་སྤངས་སྒྲུབ་པ་དང་། །རྡོ་རྗེ་ཐེག་པའི་དམ་ཚིག་གང་། །མ་ལུས་བདག་གིས་ཡོངས་སུ་བཟུང་། དེ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཚེ་ལས་འདས་པ་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བར་གྱུར། མཚན་བྱང་དཀྱིལ་འཁོར་ཤར་སྒོར་ཁྱེར་ཏེ། ཧཱུྃ། དཀྱིལ་འཁོར་སྒོ་བས་སྒོ་ཕྱེས་ཤིག །ཕྱག་འཚལ་ལྷ་དང་མཇལ་བར་ཤོག །རིག་པའི་མེ་ཏོག་ལྷ་ལ་འབུལ། །འབྲེལ་བའི་ལྷ་ལ་འབབ་པར་ཤོག །པྲ་ཝེ་ཤ་ཡ་པྲ་ཏཱི་ཛ་ཧོ། གསང་མཚན་བཏགས། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད་མིག་དར་དབྱེ་ལ། ཀྱེ་ཧོ་ཚེ་འདས་རིགས་ཀྱི་བུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སྡིག་ལས་གྲོལ་ཞིང་རྡོར་སེམས་ཀྱི། །རིགས་སུ་སྐྱེས་ཏེ་དངོས་གྲུབ་ཐོབ། །དེ་ནས་དབང་བསྐུར་བ་ནི། ཧཱུྃ། རིན་ཆེན་བུམ་པའི་གཞལ་ཡས་ན། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །ཚེ་འདས་ཁྱོད་ལ་དབང་བསྐུར་བས། །ལྷ་དབང་ལུས་ལ་ཐོབ་པར་ཤོག །ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨཱཿ ཧཱ་ཀརྨཱ་ཨ་བྷི་ཥིཉྩ་ཨཱཿ བྷནྡྷ་བདུད་རྩི་ཐོགས་ལ། དེ་ལྟར་ལུས་སྨིན་པར་བྱེད་པའི་ལྷ་དབང་གྲུབ་ནས་མདུན་བསྐྱེད་གཙོ་བོ་ཡབ་ཡུམ་གྱི་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབ་པས་ཁྱེད་རང་གི་མགྲིན་པར་བཞག་ཅིང་ངག་ཏུ་བླུད་པས་རྩ་ཁམས་ཐམས་ཅད་ཟག་མེད་ཀྱི་བདུད་རྩིས་གང་བས་ངག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ངག་སྙིང་པོ་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུར་འགྲུབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཧཱུྃ་གསང་བ་ཡེ་ཤེས་བདུད་རྩི་ཆེ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ། །རྩ་ཁམས་བདེ་བའི་རང་བཞིན་ལ། །ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག །བོ་དྷི་ཙིཏྟ་ཨ་ཧོ་སུ་ཀ་ཨཱཿ མེ་ལོང་ཐོགས་ལ། མེ་ལོང་ཟླུམ་པོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དཔེས་མཚོན་ལ། དྭངས་ཤེལ་གསལ་བ་ནི་གདངས་འགགས་པ་མེད་པ་ལོངས་སྐུ། གཟུགས་བརྙན་སྣ་ཚོགས་སུ་འཆར་བ་ནི་རྩལ་སྤྲུལ་སྐུ་མཚོན་པའི་དབང་བསྐུར་བས་ཡིད་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ལམ་སྤྲོས་མེད་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུར་འགྲུབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཧཱུྃ། མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ། །ཤེལ་སྒོང་ལྟར་དག་དྲི་མེད་ཐུགས། །ཀ་དག་ཐུགས་ཀྱི་དབང་བསྐུར་རོ། །ཆོས་དབྱིངས་སྤྲོས་བྲལ་དབང་ཐོབ་ཤོག །ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མཉམ་བཞག་ལ་གནས་པའི་ངང་ནས། དབང་ཐམས་ཅད་ཀྱི་མཐར་ཐུག་ཚིག་དབང་རིན་པོ་ཆེ་ནི་ཀུན་རྫོབ་ཀྱི་དབང་དང་རྫས་ལ་མི་ལྟོས་པས་སེམས་མ་བཅོས་རང་བབ་ཏུ་མཉམ་པར་ཞོག་ཅིག ཧཱུྃ། ངོ་བོ་ཉིད་ནས་ཀ་དག་པའི། །རང་བཞིན་ཉིད་ནི་ལྷུན་གྲུབ་པོ། །སྟོང་པ་ཆེན་པོར་བབ་ཀྱིས་གྲུབ། །ཡེ་ཤེས་རྩལ་གྱི་དབང་ཐོབ་ཤོག དྷརྨ་དྷརྟུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཅེས་རྩལ་དབང་བསྐུར། རྒྱས་པར་བྱེད་ན་རང་གཞུང་ལྟར་དབང་ཆེན་བསྐུར། ཀྱེ་ཧོ། ཚེ་འདས་ཐར་བའི་ལམ་བགྲོད་ལ། །བཟའ་བཏུང་གོས་རྒྱན་ལ་སོགས་མཁོ་དགུ་རྣམས། །བརྩེ་སེམས་ཅན་གྱིས་ཁྱོད་ཕྱིར་འཕང་མེད་བསྔོ། །རྡོ་རྗེ་སློབ་དཔོན་ཟག་མེད་བྱིན་རླབས་ཀྱིས། །ཁྱོད་ལ་བསྔོས་པས་འདོད་དགུ་ཀུན་ཐོབ་ནས། །ཞེན་མེད་སྤྱོད་ལ་བདེ་ཆེན་ལམ་དུ་གཤེགས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་འདོད་ཡོན་བསྔོ། ཚོགས་འཁོར་བསྐོར། སྨོན་ལམ་གདབ་པ་ནི། འདི་ནས་ཤར་ལྷོ་ནུབ་བྱང་དབུས་དང་ལྔ། །མངོན་དགའ་དཔལ་ལྡན་བདེ་ཆེན་ལས་རབ་རྫོགས། །འཐུག་པོ་བཀོད་སོགས་ཞིང་ཁམས་ལྔ་ཡོད་པས། །དེར་སེམས་བསྐྱེད་ལ་ཞིང་དེར་སྐྱེ་བར་ཤོག ། མར་མེ་བསྟན་ལ། ཧཱུྃ། ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས། །ཐར་བའི་ཞིང་དུ་འགྲོ་བའི་མུན་འཁྲུལ་རྣམས། །ཡེ་ཤེས་སྒྲོན་མ་འདི་ཡིས་རབ་བསལ་ནས། །ཞིང་མཆོག་ཡེ་ཤེས་ལྷ་དང་འཕྲད་པར་ཤོག །ཡོན་འབུལ་བ་ནི། ཧོ། བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཚེ་འདས་ཕུང་ལྔ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་ལམ་འདི་སྟོན། །སེམས་འདི་བྱང་ཆུབ་གནས་སུ་དྲོངས། །རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་ལ། །ཚེ་འདས་སྒོ་གསུམ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་ལམ་འདི་སྟོན། །སེམས་འདི་བྱང་ཆུབ་གནས་སུ་དྲོངས། །སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །བདུན་ཚིག་ནར་མར་བྱེད་ན་ཟས་བསྔོའི་མཚམས་འདི་ཡན་བྱེད་ལ། ཆོ་ག་རྫོགས་ནས་གནས་སྤར་སོགས་བྱ་སྟེ། ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ། །ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱིས་ཞིང་མཆོག་ཏུ། །ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ཞིང་ཁམས་ན། །བདེ་བ་ཅན་ཞེས་བདེ་སྐྱིད་ཡོན་ཏན་རྫོགས། །ཞིང་དེར་སངས་རྒྱས་སྣང་བ་མཐའ་ཡས་ལ། །སྤྱན་རས་གཟིགས་དང་བྱང་སེམས་མཐུ་ཆེན་ཐོབ། །འཇམ་དཔལ་ལ་སོགས་བྱང་སེམས་དཔག་མེད་བསྐོར། །པདྨ་རིགས་ཀྱི་གཙོ་འཁོར་གྲངས་མེད་བཞུགས། །ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར། །ཚེ་འདས་བུ་ཁྱོད་སངས་རྒྱས་དེ་ཡི་སྲས། །རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག །ཕཊཿ ཚེ་ལས་འདས་པའི་རིག་པ་སེམས་ཀྱི་ངོ་བོ་ཧྲཱིཿདམར་པོར་གྱུར་ནས། མདའ་འཕང་བ་ལྟར་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་གྱུར་ཅིག །ཅེས་མདའ་རྩེ་ནུབ་ཏུ་བསྟན་པས་དཀྱིལ་འཁོར་དབུས་སུ་འཕང་། དེ་ནས་བྱང་བུ་བསྲེག་པར་བྱེད་ན་མར་མེ་དཀྱིལ་འཁོར་གྱི་དབུས་སུ་བཞག ཨོཾ་རཾ་ཚེ་འདས་ལུས་ངག་ཡིད་གསུམ་ལ། །སྐུ་གསུམ་ཡེ་ཤེས་མེ་སྦར་རོ། །དུག་གསུམ་སྒྲིབ་གསུམ་དག་གྱུར་ཅིག །སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །ཚེ་འདས་ཕུང་ལྔ་དུག་ལྔ་ལ། །སྐུ་ལྔ་ཡེ་ཤེས་མེ་སྦར་རོ། །ཕུང་ཁམས་སྒྲིབ་པ་དག་གྱུར་ཅིག །སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག །ཚེ་འདས་མ་རིག་འཁྲུལ་ཉོན་ལ། །ཀ་དག་ཡེ་ཤེས་མེ་སྦར་རོ། །འཁྲུལ་ཉོན་བག་ཆགས་དག་གྱུར་ཅིག །ཀུན་བཟང་ཆེན་པོའི་ས་ཐོབ་ཤོག །ཅེས་བསྲེགས་ཤིང་བཏག་གྲོལ་འདོན། རྩ་སྔགས་དང་ཡིག་བརྒྱ་ཀཾ་ཀ་ནི་བཟླས་ལ། སྨོན་ལམ་ཅི་ལྕོགས་གདབ་སྟེ། བྱང་ཐལ་སཱཙྪ་གདབ་ལ་དབེན་པར་བསྐྱལ། དཀྱིལ་འཁོར་རྗེས་ཀྱི་བྱ་བ་རང་གཞུང་ལྟར་བྱས་ལ། དཀྱིལ་འཁོར་བསྡུ། མི་དམིགས་པས་རྒྱས་གདབ་པར་བྱའོ། །དེ་ལྟར་དགོངས་པ་རང་གྲོལ་གཤིན་ཆོག་དོན། །མང་ལས་ཉུང་དང་སྒྲིག་ཆོག་བསྡུས་པ་སྟེ། །བློ་དམན་རྣམས་དང་སྤྲོས་མེད་རྣལ་འབྱོར་པ། །གང་ཞིག་དགོས་པ་རྣམས་ཀྱི་དོན་ཆེད་དུ། །རྫོགས་ཆེན་རྣལ་འབྱོར་པདྨ་རིག་འཛིན་གྱིས། །བཀོད་པའི་དགེ་འདིས་འཁོར་བ་དོང་སྤྲུགས་ཤོག །

གསུར་མཆོད་འདོད་ཡོན་ཀུན་ཁྱབ་བཞུགས་སོ།།

ཨོཾ་ཨཿཧཱུྃ། འདོད་ཡོན་སྣ་ཚོགས་ལྡན་པ་ཡི། །གསུར་མཆོད་བདུད་རྩིའི་རང་བཞིན་འདི། །ཟག་མེད་རྒྱ་མཚོ་ཇི་བཞིན་དུ། །བསྔོས་པའི་བྱིན་རླབས་སྤྲིན་ཕུང་ལྟར། །མགྲོན་རྣམས་ཀུན་གྱི་ཐོབ་གྱུར་ཅིག །ཕྱི་ནང་གསང་བའི་དཀོན་མཆོག་གསུམ། །གསུར་མཆོད་དམ་པ་འདི་བཞེས་ལ། །ཚོགས་རྫོགས་སྒྲིབ་པ་བྱང་བར་མཛོད། །རྩ་གསུམ་རིག་འཛིན་ལྷ་ཚོགས་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱིས། །གསུར་མཆོད་དམ་པ་འདི་བཞེས་ལ། །མགོན་སྐྱབས་སྡོང་གྲོགས་མཛད་དུ་གསོལ། །གནས་ཡུལ་དུར་ཁྲོད་སྲུང་མ་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །དཀར་ཕྱོགས་དགེ་བའི་སྡོང་གྲོགས་མཛོད། །ཁྱད་པར་ཡུལ་འདིའི་གཞི་བདག་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །གནས་མགྲོན་དམ་ཚིག་ཕྲིན་ལས་བསྒྲུབ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །གསུར་མཆོད་དམ་པ་འདི་བཞེས་ལ། །ཚོགས་རྫོགས་བྱང་ཆུབ་ཐོབ་པར་ཤོག །རིགས་དྲུག་འགྲོ་བ་སེམས་ཅན་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །མངོན་པར་སངས་རྒྱས་ཐོབ་པར་ཤོག །ཁྱད་པར་བར་དོའི་སེམས་ཅན་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །ཐར་བའི་ལམ་སྣ་ཟིན་པར་ཤོག །ཤི་བསད་གྱུར་བའི་སེམས་ཅན་རྣམས། །གསུར་མཆོད་དམ་པ་འདི་བཞེས་ལ། །རྣམ་དག་ཞིང་ཁམས་བསྒྲོད་པར་ཤོག །བགེགས་བྱེད་འདྲེ་ཡི་ཚོགས་རྣམས་ཀྱིས། །གསུར་མཆོད་དམ་པ་འདི་བཞེས་ལ། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མདོར་ན་དྲི་ཟའི་རིགས་རྣམས་ཀྱིས། །གསུར་མཆོད་དམ་པ་འདི་བཞེས་ལ། །ཕན་བདེའི་འབྲས་བུ་ཐོབ་པར་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་སོགས། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །བགེགས་རིགས་ལན་ཆགས་བྱང་གྱུར་ཅིག །བདག་གི་སྦྱིན་པའི་སྟོབས་སོགས། གསུར་གྱི་མཆོད་པ་འདོད་ཡོན་ཀུན་ཁྱབ་ལ་རྟོགས་ལྡན་སངས་རྒྱས་མགོན་པོས་བསྐུལ་བའི་ངོར་རྫོགས་ཆེན་པདྨ་རིག་འཛིན་གྱིས་ཙ་རི་རྡོ་རྗེའི་ར་བར་བཀོད་པའོ། །སརྦ་མངྒ་ལཾ། དགེའོ། །

གྲུབ་ཐོབ་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོས་བསྡུས་པ་བཞུགས་སོ།།

ཐུན་མཚམས་སུ་གཏོར་མ་བསྔོ་བ་ནི། བྷནྡྷ་སོགས་ཀྱི་སྣོད་ནང་དུ་གཏོར་ཟན་མར་ཐུད་ཤ་ཆང་སོགས་གང་འཛོམ་བཤམས་ཤིང་བཏུང་བའི་རིགས་རྣམས་བྲན་ཏེ། རྃ་ཡྃ་ཁྃ། སྟོང་བའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །དུམ་ཅིག་ཐོད་སྣོད་ཡངས་ཤིང་རྒྱལ་ཆེ་བ། །དམ་རྫས་བདུད་རྩི་ལྔ་དང་ཤ་སྣ་ལྔ། །ཞི་ཞིང་ཁོལ་བའི་དམ་རྫས་བདུད་རྩི་ལ། །ཡེ་ཤེས་བདུད་རྩི་སྤྱན་དྲངས་གཉིས་མེད་ཐིམ། །ངོ་བོ་རྣམ་དག་ཡེ་ཤེས་བདུད་རྩི་ལ། །རྣམ་པར་འདོད་ཡོན་ལོངས་སྤྱོད་སྤྲིན་ཕུང་འཁྲིགས་། །ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། མཁའ་ཁྱབ་ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་སྤྲིན། །བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོ་ལ། །ཆོས་སྐྱོང་སྲུང་མ་གཏོར་མའི་མགྲོན་གྱི་ཚོགས། །འཁོར་བཅས་ཐོགས་པ་མེད་པར་འདིར་གཤེགས་ཤིག །བཛྲ་ས་མ་ཡ་ཛཿ དངོས་བཤམས་ཡིད་ཀྱིས་རྣམ་པར་འཕྲུལ་པ་ལས། །ཤར་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་བྱས་ཏེ་འབུལ་ལགས་ན། །དགྱེས་ཤིང་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀྐི་ནི་དྷརྨ་པ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤབྷའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀྟ་འབུལ། ལྷ་རྣམས་ལྗགས་ཀྱི་འོད་ཟེར་སྦུ་གུ་ཡིས། །གཏོར་མ་བདུད་རྩི་དྲངས་ནས་གསོལ་བར་གྱུར། །རིགས་བདག་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །པདྨ་འབྱུང་གནས་པཎ་ཆེན་བཱི་མ་ལ། །རྫོགས་པ་ཆེ་དང་ཕྱག་ཆེན་ཟབ་མོའི་གཏེར། །དབུ་མ་སྦྱོར་དྲུག་རིགས་ལྔ་ཞི་བྱེད་དང་། །གཅོད་ཡུལ་ཟབ་ཁྲིད་བརྒྱུད་པའི་བླ་མ་སོགས། །ལྟ་སྒོམ་སྤྱོད་པའི་ཉམས་ལེན་བྱིན་རླབས་ཀྱིས། །བརྒྱུད་པའི་དཔལ་ལྡན་བླ་མ་ཐམས་ཅད་ལ། །དད་གུས་ཉམས་རྟོགས་ལྡན་པའི་གཏོར་མཆོད་འབུལ། །རྩ་སྔགས་སམ་ཡང་ན། ན་མོ་སརྦ་མ་ཧཱ་གུ་རུ་རཏྣ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། རིགས་འཛིན་དགོངས་འདུས་སྒྲུབ་པ་བཀའ་བརྒྱད་དང། །ཕུར་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །འདུས་པ་མདོ་དང་སྒྱུ་འཕྲུལ་རྒྱུད་ཀྱི་དཔལ། །རྫོགས་ཆེན་སེམས་ཀྱི་ལྷ་ཚོགས་མ་ལུས་དང་། །རྒྱུད་སྡེ་བཞི་དང་ཐེག་རིམ་དགུ་རྣམས་ཀྱི། །ཡི་དམ་ལྷག་པའི་ལྷ་མཆོག་ཐམས་ཅད་ལ། །བདེ་ཆེན་ཟག་མེད་གཏོར་མའི་མཆོད་པ་འབུལ། །རྩ་སྔགས་སམ་ཡང་ན། ཨོཾ་ཨཱཿཧཱུྃ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཤིནྟཾ་ཀ་མ་ཧཱ་ཀྲོ་ཏ་དཱེ་ཝ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། དབྱིངས་ཀྱི་ཡུམ་ལྔ་ཕག་མོ་རིགས་ལྔ་དང་། །སེང་གེའི་གདོང་ཅན་ཌཱཀྐི་སྡེ་ལྔ་དང་། །སྡེ་བརྒྱད་ཌཱཀྐི་གནས་ཡུལ་ཌཱཀྐི་སོགས། །ཡེ་ཤེས་ལས་ཀྱི་མཁའ་འགྲོ་ཕོ་མོ་ལ། །འདོད་ཡོན་ལོངས་སྤྱོད་རྒྱས་པའི་གཏོར་མ་འབུལ། །རྩ་སྔགས་སམ་ཡང་ན། ཨོཾ་སརྦ་ཛྙ་ན་ཀརྨ་ལོ་ཀ་ཌཱཀྐི་ནི་ས་པ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། དཔལ་མགོན་གཏེར་མགོན་རྒྱུད་མགོན་བདུད་མགོན་སོགས། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་། །མ་གཟའ་རྡོར་ལེགས་ཤན་པ་སྲོག་སྒྲུབ་མ། །ཤན་པ་དམར་ནག་དཔལ་མགོན་བདུན་ཅུ་ལྔ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་བཅས། །ཆོས་སྐྱོང་དམ་ཅན་སྲུང་མ་ཐམས་ཅད་ལ། །དམ་ཉམས་དགྲ་བགེགས་ཤ་ཁྲག་གཏོར་མ་འབུལ། །རྒྱལ་ཆེན་རྣམ་སྲས་ལྷ་མོ་ནོར་རྒྱུན་མ། །ཨཪྱ་ཛམ་ལྷ་རྟ་ལྷ་རེ་མནྟ། །ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་སོགས། །མཆོད་ཅིང་བསྟོད་པར་འོས་པ་ཐམས་ཅད་ལ། །འདོད་དགུ་ཕུན་ཚོགས་ཡིད་བཞིན་གཏོར་མཆོད་འབུལ། །རྩ་སྔགས་སམ་ཡང་ན། ཨོཾ་དྷརྨཱ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། བསྟོད་པ། བྱིན་རླབས་དངོས་གྲུབ་འདོད་སྟེར་རོལ་པ་ཅན། །བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག །བོད་ཁམས་སྐྱོང་བའི་ལྷ་རབས་བརྟན་མར་བཅས། །གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད། །འདོད་གསོལ་ནི། ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མའི་ཚོགས་ལ་མཆོད་པ་འབུལ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཌཱཀྐི་དམ་ཅན་ཕོ་མོ་དགྱེས་གྱུར་ཅིག །དམ་ཚིག་ཉམས་ཆགས་འགལ་འཁྲུལ་མཐོལ་ལོ་བཤགས། །རྩ་གསུམ་དམ་ཅན་ཆོས་སྐྱོང་ཚིམ་ནས་ཀྱང་། །བྱིན་རླབས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཀ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱ། ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱི། ཅེས་དང་། ཨོཾ་བཛྲ་མུཿསརྦ་ལོ་ཀ་གཙྪཿ ཅེས་བརྗོད་གཏོར་མ་གཙང་སར་འབུལ། རྫོགས་རིམ་དང་ཤིས་བརྗོད་བསྔོ་སྨོན་རྣམས་བྱའོ། །གྲུབ་པའི་དབང་ཕྱུག་རྫོགས་ཆེན་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོས་བསྡུས་པ་ལ་ཅུང་ཟད་རྒྱས་སུ་བཏང་བ་དགེའོ། །སརྦ་མངྒལཾ། །

གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྟག་གཟིག་ཕབ་པའི་ནོར་འགྱེད་བཏང་བའི་སྐོར་བཞུགས་སོ།།

ཨོཾ་སྭ་སྟི། འཛམ་གླིང་ཕན་བདེ་བསྒྲུབ་པའི་རོལ་མོ་བརྡུང་། །ཡེ་ཤེས་ནོར་བུ་དཔལ་འབར་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། །ཅེས་གླིང་རྗེ་མི་ཡི་ཉི་མ་འཛམ་གླིང་གེ་སར་རྒྱལ་པོ་དེས་མི་ནུབ་སྟག་གཟིག་ཡུལ་གྱི་ནོར་གཡང་དངོས་གྲུབ་རྣམས་གནང་དུ་བླངས་ནས། ཕྱོགས་བཞིའི་རྒྱལ་ཁག་ལྔའི་དཔའ་བརྟུལ་དཔུང་དམག་བཅས་རྨ་ཁམས་གླིང་ཁྲི་བར་མ་ལ་ཕྱག་ཕེབས། སྟག་གཟིག་ཡུལ་གྱི་ནོར་བུ་ཆ་འགྲིག་བརྗིད་མཛེས་དང་ལྡན་པ་ཁྲ་སྤུངས་སེ་སྒར་དཀྱིལ་དུ་བཀོད་ནས། དེའི་རྒྱབ་ཕྱོགས་བཞིའི་རྒྱལ་ཁག་ལྔའི་འཁོར་གྱིས་བསྐོར་ནས་གཡས་སུ་ཧོར་སྒར། གཡོན་དུ་འཇང་། རྒྱབ་ཏུ་མོན། དཀྱིལ་དུ་གླིང་། མདུན་དུ་བདུད་སྒར་བཅས་བརྒྱབ་ནས། ལས་དམག་དཔུང་ཆེན་བཞུགས་སྒར་གྱི་དཀྱིལ་དུ་འཛམ་གླིང་གེ་སར་རྒྱལ་པོའི་ལས་གུར་མཐོང་བ་ཀུན་སྨོན་དེ་ལ། གསེར་ཏོག་ག་འཕྲུ་སྦ་བ་བཙུགས། ལས་དར་ཆ་འགྲིག འབྱམས་ཀླས་པའི་གཟུགས་ཀྱི་ནོར་རྫས། ཨོ་རྒྱན་པདྨའི་གཏེར་ཟོག་ཀླུ་མི་མགོན་དཀར་པོའི་སྙིང་ནོར། ལྷ་ཀླུ་གཉན་གསུམ་གྱི་རང་བྱུང་དུ་གྲུབ་པའི་མཛེས་མོའི་མེ་ཏོག་པདྨ་ཆེན་པོ་འདབ་མ་ཆེ་བཞིན་དུ། ཀ་ར་དང་ཆོན་ཐག་གང་ཡང་མི་དགོས་པ་སྟོང་ཉིད་རང་ཚུགས་ཟིན་པའི་ལྷ་གུར་དེ་ཕུབ། དེའི་ནང་དུ་དམག་གི་རྒྱལ་པོ་གླིང་རྗེ་གེ་སར་དང་སྲས་དགྲ་ལྷ་རྣམ་གཉིས་གསེར་ཁྲི་དང་དངུལ་ཁྲིའི་སྟེང་ལ་བཞུགས། དེའི་རྒྱབ་ཏུ་ཕ་ཁུ་མ་སྲུ་མོ་སྨན་རྣམས་ནས་འཁོར་གྱིས་བསྐོར་ཞིང་། ཚོ་བའི་ཤ་ཐུད། ཇ་ཆང་མངར་རིགས་སོགས་ཀྱི་གསོལ་འདྲེན་བཞེས། སྟག་གཟིག་གུང་གཡིའི་གཅན་གཟན་པགས་པ་སོགས་དགུ་ཚན་མང་པོས་མཇལ་ཁ་ཞུས་ནས་དགའ་སྤྲོའི་ངང་དེར་བཞུགས། གླིང་རྒྱལ་ཁག་གཞན་པ་ཧོར་བདུད་མོན་འཇང་སོགས་རྒྱལ་ཁག་ལྔ་པོ་དེའི་མཐོ་བའི་བླ་མ་མི་དཔོན། བར་གྱི་ཕ་ཁུ་རྒན་རབས། ནང་གི་ཕོ་སྐྱ་བུད་མེད་སོགས་ནས་གྲལ་བསྒྲིགས་ཤིང་བསྡད། དེར་མི་ནུབ་སྟག་གཟིག་ཡུལ་གྱི་རྒྱུ་དང་ནོར་ལུག་དགོས་འདོད་སྤུངས་པའི་ནོར་བུ་ཆ་བདུན་རྣམས་ཁྲ་ཁྱུག་ཁྱུག་ལ་མིག་གིས་ལྟད་མོ་བལྟས་ཤིང་ཧ་ལས་ནས་བསྡད། དེ་རྣམས་ཀྱིས་རྔམ་ཆེན་དགྲ་ལྷའི་རྒྱལ་པོ་ནི་བསོད་ནམས་ཆེ་བས་ལོངས་སྤྱོད་འཛོམས། འབུམ་པའི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ནི་མངའ་ཐང་ཆེ་བའི་ཕྱོགས་རིགས་ཀྱི་རྒྱལ་ཁག་མང་པོ་མངའ་འོག་ཏུ་འདུས་པ། དཔའ་བརྟུལ་གང་ཡོད་དཔའ་རྩལ་རྒོད། དེ་འདྲ་མེད་ན་ཅི་འདྲ་ཡོད་བསམ་ཞིང་དད་གུས་དང་སྤྲོ་བ་སྐྱེས་ཤིང་དེ་མུར་གླིང་སྒར་པ་ཞག་གསུམ་ལ་བཞུགས་སོ། །ཉི་མ་དེ་ཡི་ཕྱི་ནང་མི་དབང་གེ་སར་རྒྱལ་པོས་མདུན་གཡོག་རྣམས་ལ་དཔའ་བརྟུལ་ཚོ་མདུན་གྲལ་ཕེབས་པའི་ཆ་ཐོངས་ཞེས་བཀའ་ཕེབས། དེ་ནས་མདུན་གཡོག་ཚོས་ལྷ་གུར་གྱི་སྒོ་ནས་དར་འཕྱར། དུང་བུས་ཤིང་རྒྱལ་ཁག་ལྔའི་དཔོན་བློན་དཔའ་བརྟུལ་ཚོས་ཆས་གོས་དང་རྒྱན་རྣམས་འཚམས་པ་གྲལ་སྒྲིག་བྱས་ནས་འཇའ་ཚོན་སྣ་ལྔ་བཞིན་དུ་ཁྲ་འཁྱིལ་ལེ་ལྷ་གུར་ནང་ཕྱག་ཕེབས་ཤིང་རྒྱལ་བློན་རྣམས་གྲལ་དུ་འཁོད། དེ་རྣམས་ཀྱི་མདུན་དུ་མ་སྲུ་མོ་སྨན་ཚོས་ལུས་ལ་མི་སྲིད་པའི་རྒྱན་ཆས་བརྒྱན་ནས་གུས་འདུད་ཆེན་པོའི་ཚུལ་གྱིས་བཞུགས་གྲལ་དུ་བསྡད། དེ་ནས་གསེར་ཁྲི་སེར་པོའི་ཡང་སྟེང་ནས་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་དེས། དབུ་ལ་ནོར་བུ་པདྨ་རཱ་གའི་ཏོག་ཞྭ་མནབས། སྐུ་ལ་ཟ་བེར་སྨུག་པོ་གསོལ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ནས། ཞལ་ངོ་སྨུག་ལ་དཀར་བའི་མདངས་ཟེར་ཆགས་པ། རྒྱལ་བ་རིགས་གསུམ་མགོན་པོའི་ཚུལ་དུ་མཁྱེན་བརྩེ་ནུས་གསུམ་བསམ་གྱིས་མི་ཁྱབ་པའི་ངང་ནས། རྒྱལ་ཁག་ལྔ་པོའི་དཔོན་ལ་ཞལ་གཟིགས་ནས་འདི་ལྟར་གསུངས་པ། ནུབ་སྟག་གཟིག་ཡུལ་གྱི་དངོས་གྲུབ་རྒྱས་ལུགས། དཔལ་བརྟུལ་གླིང་པས་གཏང་མ་བླང་ཚུལ། སྒང་པ་བོད་ལ་བཞག་པ་བྱས་ཚུལ་བཅས། ལྷ་ངག་ལྡེམ་དྲུག་ལ་དྲངས་ནས་མགུར་གླུ་འདི་ལྟར་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་ལ་མོ་ཐ་ལ་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འབྲལ་མེད་སྤྱི་བོར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །པད་མ་འོད་ཀྱི་གཞལ་ཡས་ནས། །རྗེ་བཙུན་པད་མ་འབྱུང་གནས་མཁྱེན། །དབུ་ལ་པད་མའི་མཉེན་ཞུ་གསོལ། །བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས། །གནམ་ལྕགས་རྡོ་རྗེའི་གཡང་འཕྲུལ་བརྒྱན། །ཞབས་གཉིས་ཉི་ཟླའི་འོད་ཀྱིས་ཁྱབ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས། །ཁམས་གསུམ་ལྷ་འདྲེ་ཟིལ་གྱིས་མནན། །གཡོན་པས་མཉམ་བཞག་ཀ་པཱ་ལ། །བདུད་རྩིའི་བུམ་པ་མཛེས་དང་ལྡན། །ཁ་ཊྭཱཾ་རྩེ་གསུམ་གྲུ་མོར་བརྟེན། །མ་རྒྱུད་མཁའ་འགྲོའི་འཁོར་གྱིས་བསྐོར། །དཔའ་བོ་དཔའ་མོས་གླུ་དབྱངས་ལེན། །ཐུགས་རྗེས་སེམས་ཅན་དོན་ལ་གཟིགས། །མ་གཡེལ་ལྷ་ཁམས་གྲོགས་ལ་བྱོན། །དཔའ་དང་དཔུང་པའི་རྒྱབ་རྟེན་མཛོད། །ཆོས་དང་བྱིན་རླབས་འབྱུང་བར་ཤོག །ནོར་དང་ལོངས་སྤྱོད་རྒྱས་པར་ཤོག །ཡང་དག་སྨོན་ལམ་འགྲུབ་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གཡང་གི་ར་བ་ནས། །གླིང་ས་མཐོང་བ་ཀུན་སྨོན་རེད། །ཁྲ་བོ་དམག་གི་འགོ་དཔོན་དང་། །དཀར་པོའི་གུར་གྱི་ནང་རྫོང་ལ། །རིན་ཆེན་གསེར་ཁྲིའི་ཡང་སྟེང་ནས། །མི་ང་འདྲ་ང་ངོ་མ་ཤེས་ན། །ཚེ་སྟོད་ཁྲམ་པ་ཇོ་རུ་ཟེར། །རྨ་སྨད་ཨ་བྲའི་སྟག་བདུད་ཡིན། །བར་དུ་དམག་དཔོན་དགྲ་འདུལ་ཟེར། །ཧོར་བདུད་ཆམ་ལ་ཕབ་མི་ཡིན། །ཚེ་མཐའ་དུས་གསུམ་སངས་རྒྱས་ཟེར། །འགྲོ་དྲུག་ཐར་ལམ་འགོད་མི་ཡིན། །བོད་འཛམ་བུ་གླིང་གི་རྒྱལ་པོ་ཡིན། །འོག་ནས་འདྲེན་པའི་བླ་མ་ཡིན། །མི་དཔོན་རྣམས་ཀྱི་གྲོས་ཕུགས་ཡིན། །སྐྱེས་པ་ཕོ་ཡི་དགྲ་ལྷ་ཡིན། །གླུ་འདི་གླུ་ངོ་མ་ཤེས་ན། །རྒྱལ་པོའི་ལྷ་ངག་ལྡེམ་དྲུག་ཡིན། །ས་གར་ཡིན་གང་ཡིན་ལེན་ལེ་མིན། །དེ་རིང་ལེན་པ་རྟེན་འབྲེལ་ཆེ། །ཕྱི་རབས་བོད་ལ་དགོངས་པ་འདི། །གསུང་རེ་རེ་ཐོས་ན་ངན་སོང་མེད། །ངག་རེ་རེ་ཁུག་ན་བདེ་འགྲོ་ཐོབ། །ལ་ཆེན་རྒྱལ་པོའི་གླུ་སྣ་ལ། །འདྲ་དང་མི་འདྲ་གང་འགའ་ཡོད། །དཔའ་གླུ་དལ་འགྲོ་རིང་མོ་འདི། །ཀླུ་བཙན་ཐོད་མདའ་སྤྲད་པའི་གླུ། །སྟོང་གསུམ་ཤ་ཟ་ཁྲག་འཐུང་འདི། །ཧོར་ལ་གཉའ་སྒ་གཏད་པའི་གླུ། །དཀར་མོ་ཁུ་བྱུག་རྒྱང་གྲགས་དེ། །ས་དམ་སྲོག་གི་སྦགས་པའི་གླུ། །ངར་སྟག་ཐོག་ཟེར་ངར་གླུ་དེ། །ཤིང་ཁྲི་དམུ་སྐས་བཅད་པའི་གླུ། །རྒྱལ་པོའི་ཁྲོམ་ཆེན་ཟིལ་གནོན་འདི། །ཁྲོམ་ཆེན་པོའི་གོང་བ་གནོན་ཉིན་ལེན། །ལ་རྒྱ་ཡིན་ལུགས་འདྲ་མ་རེད། །དགྲ་ཆེན་བཞི་ལ་གླུ་ཆེན་བཞི། །བདུད་དགྲ་འདུལ་བའི་གླུ་དབྱངས་ལེན། །རྫོང་ཆེན་བདུན་ལ་གླུ་ཆེན་བདུན། །བསྟན་པ་དར་བའི་གླུ་བདུན་ཡིན། །དེ་ཡང་གནམ་གྱི་དང་པོ་ལ། །ཕ་རྫོང་སྟག་གཟིག་ཆམ་ལ་ཕབ། །ནང་ལ་དངོས་གྲུབ་ནོར་གཡང་བླངས། །རྫོང་རབས་བདུན་གྱི་དང་པོ་ཡིན། །གཏེར་ཁ་བརྒྱ་ཡི་ཡང་སྙིང་ཡིན། །དངོས་གྲུབ་འདི་ལས་ཆེ་བ་མེད། །འཁོར་བ་ཆགས་པའི་གཞི་མ་ཡིན། །འཛམ་གླིང་གཏེར་གྱི་གོང་བ་འདི། །ཕར་འཇོག་མི་ཨོ་རྒྱན་པད་མ་ཡིན། །ཚུར་ལ་འདོན་མི་གཏེར་འདོན་ལ། །ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ། །རིགས་གསུམ་གཅིག་བསྡུས་སེང་ཆེན་རྒྱལ། །གཏེར་སྟོན་སངས་རྒྱས་བླ་མ་རྗེ། །ང་ཡི་འདོན་ལ་སུ་ཡང་མེད། །འཁོར་བ་ཆགས་པའི་གཞི་མ་གྲུབ། །སྐྱེན་པོ་མཛེས་མོའི་རྒྱན་ལེན་གཡང་། །དགྲ་རྒོད་ཤེད་ཀྱིས་བཏུལ་བའི་རྗེས། །ཚ་བ་རོང་གི་མདའ་རྫོང་ཕབ། །སྦ་དཀར་སྨྱུག་གི་ཚེ་ར་བྲག །ཉག་ཕྲན་མདའ་ཡི་བསྟན་པ་དར། །དེ་ལ་ལུས་མཛེས་ཆེ་དགོས་བྱས། །གླུ་ཁྲི་གཞུང་གི་མཚལ་རྫོང་ཕབ། །མདའ་ལ་དཔའ་ཐང་ཆེ་དགོས་བྱས། །དམར་པོའི་མཚལ་གྱི་ཁ་དམར་བརྡུངས། །ལྷ་མདའ་མགོ་འཕང་མཐོ་དགོས་བྱས། །དགའ་བདེ་བྲག་གི་ཁྱུང་རྫོང་ཕབ། །བྱ་རྒྱལ་ཁྱུང་གི་ལུས་སྒྲོས་བརྒྱན། །དེ་ཚོ་རྫོང་ཆུང་རྣམ་གསུམ་ཡིན། །སྤྱང་པོ་རྣམས་ཀྱི་ལུས་བརྒྱན་ཡིན། །མཁའ་འགྲོ་རྣམས་ཀྱི་ཚེ་མདའ་ཡིན། །བཀྲ་ཤིས་རྟགས་བརྒྱད་གཡང་མདའ་ཡིན། །རྟེན་འབྲེལ་དེ་ལས་ཆེ་བ་མེད། །ད་རུང་དེ་ཡིས་མི་ཚད་པའི། །མིང་པོ་ཁ་ཡི་ར་རྫོང་ཕབ། །ཁ་ཆེ་རྒྱལ་པོའི་ར་གཡང་བླངས། །ནག་ཆུང་ར་ཡི་གཏེར་སྒོ་ཕྱེ། །བལ་པོ་རྒྱལ་པོའི་ལུག་རྫོང་ཕབ། །ར་ལུག་འཚོ་ཞིང་ལོ་འདབ་རྒྱས། །དཀར་པོ་འོ་མའི་བདུད་རྩི་འདི། །སྒང་པ་བོད་རྣམས་འཚོ་བའི་རྫས། །བྱང་ལྕགས་མོ་རོང་གི་འབྲི་གཡང་བླངས། །སྒོ་ནོར་དགྲ་ལ་མི་འཆོར་བའི། །སོག་ཁྱི་དགུ་ཚང་གི་ཁྱི་རྫོང་ཕབ། །ཟལ་དཀར་འབྲི་ལ་སྲུང་མ་བཞག །རྒོད་པོས་འགྲོ་ལམ་བདེ་དགོས་བྱས། །མི་ཉག་ལི་ཁྲིའི་རྟ་རྫོང་ཕབ། །ས་ཐག་རིང་འགྲོ་བའི་དངོས་གྲུབ་སྩོལ། །ཟས་གོས་ཕུན་སུམ་ཚོགས་དགོས་བྱས། །འདན་མ་ཕྱོགས་ཀྱི་ནས་རྫོང་ཕབ། །འགྲོ་འདུག་འཇམ་པའི་གཏེར་ཁ་འཛོམས། །ང་གླིང་ལ་བཀའ་དྲིན་དེ་འདྲ་ཡོད། །ད་ལོ་ནོར་རྫོང་འདི་དང་གཅིག །སོག་གི་རྟ་རྫོང་དེ་དང་གཉིས། །ཨ་གྲགས་གཟི་རྫོང་དེ་དང་གསུམ། །བྱེ་རིའི་བྱུར་རྫོང་དེ་དང་བཞི། །གྲུ་གུའི་གོ་རྫོང་དེ་དང་ལྔ། །མི་ནུབ་དར་གཡང་དེ་དང་དྲུག །རྒྱ་ནག་ཇ་རྫོང་དེ་དང་བདུན། །དེ་བོད་ཀྱི་རྫོང་ཆེན་ཆེ་བདུན་ཡིན། །དེ་བར་རྫོང་ཆུང་འདྲ་བཞི་ཡོད། །ཞང་ཞུང་མུ་ཏིག་རྫོང་དང་གཅིག །ཁ་ཆེ་གཡུ་རྫོང་དེ་དང་གཉིས། །སྦེ་ར་ལུག་རྫོང་དེ་དང་གསུམ། །ཨ་བསྲེ་ཁྲོ་རྫོང་དེ་དང་བཞི། །དེ་བར་གྱི་རྫོང་ཕྲན་ཆེ་བཞི་ཡིན། །དགོས་འདོད་གླིང་ལ་འཇོག་རྒྱུ་ཡིན། །མི་འཆི་ནད་ནས་ཐར་བ་ལ། །རྒྱ་གར་བཟང་དྲུག་སྨན་གྱི་རྫོང་། །ནད་རིགས་བཞི་བརྒྱ་ཁ་གནོན་ལ། །རྩྭ་ཆུ་ངོས་འཛིན་སྨན་གྱི་རྫོང་། །མི་འཆི་ཚེ་ལ་རིང་བའི་རྫོང་། །ཤི་ན་བདེ་འགྲོ་ཐོབ་པའི་རྫོང་། །བདུད་རྩི་སྨན་གྱི་སྒྲུབ་པ་བྱེད། །བཞི་བརྒྱ་ནད་ལ་ཕན་པའི་སྨན། །འཛམ་བུ་གླིང་ལ་འཛོམས་ལེ་བྱས། །བོད་ཀྱི་འགྲོ་དོན་དེ་འདྲ་བསྒྲུབས། །དེ་ཡང་གནམ་གྱི་དང་པོ་ལ། །གཞན་ལ་མི་འདྲ་ཀུན་ལ་མཐོང་། །རྟ་གཡང་ཟླ་བ་མགོ་གསུམ་དང་། །ནོར་གཡང་ཨཪྱ་ཛཾ་བྷ་ལ། །གསེར་གཡང་གསེར་གྱི་མཎྜལ་བརྒྱན། །འབྲུ་གཡང་ཁྱུང་གི་སྒོ་ང་ཙམ། །ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་། །ཤིང་ཐོག་མངར་རིགས་འབྲུ་སྣ་ཚོགས། །ལུག་གཡང་གང་བ་བཟང་པོ་སོགས། །དེ་འདྲའི་ནོར་བུ་སྣ་བདུན་དང་། །མཛོ་གཡང་ག་མ་དུང་རྭ་དེ། །ལྷོ་ཐེ་སེ་རྒྱལ་པོའི་ཕ་ནོར་རེད། །སྒང་པ་བོད་ཀྱི་ལས་ཟོག་རེད། །འཛམ་གླིང་རྒྱུ་ཡི་སྡོང་པོ་ཡིན། །དགོས་འདོད་གླིང་ལ་འཛོམས་ལེ་འདི། །རྟེན་འབྲེལ་འགྲིག་ཚུལ་དེ་འདྲ་རེད། །གདོང་སྤྱི་དཔོན་ཁྱེད་ཀྱི་ཐུགས་ཆགས་བརྟན། །ང་རང་གླིང་རྗེ་གེ་སར་གྱིས། །བོད་ལ་མཁོ་བའི་སེམས་ཅན་འདི། །མི་དྲིན་ཅན་ཡིན་ལེ་ཨེ་ཤེས་སམ། །ལ་ཆེན་མི་འདིས་ཤེས་ཤིང་མེད། །ཕོ་སེམས་ཅན་རྣམས་ལ་ཡག་རྒྱུ་མེད། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །རྒྱ་ཐེངས་དགུ་བསྐོར་བའི་མཛོ་རྒན་དེ། །དྲིན་རྒྱ་བོད་ཟོས་པ་ཕར་ལ་བརྗེད། །རྒས་ར་རྩ་ཐུག་དུས་བཤས་རར་ཕབ། །ཤ་ཚོ་ཞན་ཟེར་ཞིང་གྲི་གུ་བརྡར། །ཇག་ཐེངས་དགུ་བསྐོར་བའི་རྟ་རྒན་དེ། །དྲིན་རྒྱ་བོད་ཟོས་པ་ཕར་ལ་བརྗེད། །ཁ་ན་སོ་མཐོ་དུས་མི་ལ་བཙོངས། །རྒས་ཚར་དུས་ཆས་ཁེབས་མི་བཟོ་ཟེར། །ཁ་འོ་མ་འཐུང་བའི་མ་རྒན་དེ། །ལུས་གཅེས་སྐྱོང་བྱས་པ་ཕར་ལ་བརྗེད། །མགོ་སྐྲ་ལོ་དཀར་དུས་སྒོ་ལ་ཕུད། །ཟས་རན་པོ་མི་སྦྱིན་ཚིག་ངན་བྱེད། །དགྲ་ཐེངས་དགུ་བཏུལ་བའི་དམག་དཔོན་ང་། །རྫོང་དངོས་གྲུབ་གཏེར་ཁ་བོད་ལ་དྲངས། །དྲིན་ཕན་བཏགས་ཡིན་པ་མ་ཤེས་ནས། །དེས་མི་ཚད་རྫུན་གྱིས་མགོ་བསྐོར་ཟེར། །ལོ་ཕར་ཕར་སོང་དུས་ཡང་ཡང་བརྗེད། །ཕོ་སེམས་ཅན་རྣམས་ལ་ཡག་རྒྱུ་མེད། །ཨ་རེ་མི་བཤད་རྩེད་མོ་ཡིན། །ད་ནི་གླིང་དཀར་རྒྱལ་བློན་རྣམས། །སྟག་གཟིག་ཡུལ་གྱི་ནོར་གཡང་འདི། །གླིང་རུས་གནང་བགོས་ཅི་འདྲ་བྱེད། །ཡང་སྒོས་ནོར་བུ་ཆ་བདུན་འདི། །འཛམ་གླིང་བཞག་ལུགས་གང་འདྲ་བྱེད། །རྒྱལ་བློན་རྣམས་ཀྱིས་བཀའ་གྲོས་མཛོད། །ཕ་ཁུ་རྣམས་ཀྱིས་ཐུགས་ཆགས་བསྟེན། །གླིང་དཀར་ཐུགས་ལ་དེ་འདྲ་ཞོག །གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གླུ་ཡི་ལེན་ལུགས་རེད། །ཅེས་གསུངས་པས་གླིང་དཔའ་བརྟུལ་ཕ་ཁུ་སོགས་ཚང་མས་བཀའ་ཕེབས་དེ་བདེན་པར་གོ་ནས་ཕྱག་མཆོད་གསོལ་འདེབས་སྐབས། གཡས་གྲལ་གྲལ་གྱི་གྲལ་འགོ་ནས་བློན་ཆེན་ཚ་ཞང་འདན་མ་དེས། མཛོད་དར་ཁ་དོག་སྣ་ལྔ་དང་། སྟག་གཟིག་པགས་པའི་དགུ་ཚན། གནམ་ལྕགས་རལ་གྲི་ཤུབས་ཁྲ་བཅས་ཕུལ་ནས། ཡ། གླིང་རྗེ་སེང་ཆེན་རིན་པོ་ཆེ། །སྔར་གསུངས་རྒྱལ་པོའི་བཀའ་དེ་བདེན། །ཁྱེད་ནི་བོད་ལ་བཀའ་དྲིན་ཆེ། །གོ་ན་གླིང་རུའི་ཕ་མ་འདྲ། །གནང་འདི་ཙམ་སྦྱིན་པ་དགའ་སྤྲོ་ཆེ། །སྟག་གཟིག་གཡང་གི་དངོས་གྲུབ་འདི། །རྒྱལ་པོས་མ་མཁྱེན་ཅི་ཡོད་དེ། །ང་འདན་མའི་ཞུ་བ་ཨེ་འདྲ་ཡོད་ཟེར་ཞིང་གླུ་འདི་བླངས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་དགོངས་པས་བྱིན་གྱིས་རློབས། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གླིང་གི་ས་ཆ་ནས། །ལྷ་གུར་དཀར་པོའི་ནང་ཤེད་རེད། །གཡས་གྲལ་གྲལ་གྱི་འགོ་མ་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཤར་ལུང་རི་དྲུག་མཁར་ནང་ནས། །གདན་ཁྲི་གསུམ་བརྩེགས་ཡང་སྟེང་ནས། །དཔའ་མི་འགྱུར་ཚ་ཞང་འདན་མ་ཡིན། །ལྷ་ལ་དད་པ་ཆེ་མི་ཡིན། །དཔོན་ལ་བསམ་པ་དཀར་མི་ཡིན། །དགྲ་ལ་ཞེ་སྡང་ཚད་མི་ཡིན། །ཤི་ན་ཕངས་མེད་བྱེད་མི་ཡིན། །སྟོང་གཏམ་མ་ཡིན་དངོས་གནས་ཡིན། །དེ་ནས་རྒྱལ་པོ་རིན་པོ་ཆེ། །དགོས་འདོད་སྟག་གཟིག་ནོར་གཡང་འདི། །གླིང་དཀར་དམག་སྒར་དཀྱིལ་དུ་བཀོད། །ཕར་འཇོམས་དགྲ་དཔུང་མགོ་བོ་མནན། །ཚུར་ལ་ཟ་ཁ་གཏང་མ་བླངས། །ཚོ་དྲུག་རྒྱལ་ཁག་བཅོ་བརྒྱད་ལ། །ཁྲ་བོས་གནང་བགོས་ལོས་བྱེད་ཟེར། །དབུལ་པོ་རྒྱུ་དང་འཕྲོད་པ་བྱེད། །བཀྲེས་པ་ཟས་ཀྱིས་ཚིམ་ལེ་བྱེད། །དངོས་གྲུབ་གནང་བགོས་ལོས་བྱེད་རེད། །ཡང་ན་དམག་དཔོན་གེ་སར་རྒྱལ། །གླིང་དཀར་རུ་ཤོག་རྒྱལ་ཁག་ལྔ། །རྒྱལ་པོ་ཁྱེད་དང་རྒྱལ་བློན་དྲུག །འགྲོ་དྲུག་འདྲེན་པའི་བསམ་པ་མཐུན། །གླིང་དཀར་དཔའ་བརྟུལ་འདན་མ་ངས། །དགྲ་ཁྲ་རྒོད་ཟླ་བ་མདའ་ཡིས་བསད། །ཤ་ཡི་ཤ་ལེན་འདན་མས་བླངས། །བུ་དཔའ་བོ་དཔའ་བའི་དཔའ་དར་དང་། །གནང་ཁྲ་མོ་བླངས་པའི་རྒོད་དར་དེ། །ཕོ་རང་ལ་ཡོད་ན་བབས་ཡོད་དེ། །ཁྲག་མཚོ་ཧོར་གྱི་དཔུང་ཤེད་ནས། །འཕྲུལ་བློན་ཧོར་གྱི་ཤན་པ་འདི། །རྒྱལ་པོ་ཁྱེད་ལ་བསམ་པ་དཀར། །དཀར་པོ་གླིང་རུའི་དཔུང་ཡ་འཚོས། །སེམས་གཡོ་སྒྱུ་མེད་པའི་བློན་ཆེན་ཡིན། །གཡུ་ལྷ་དུང་སྐྱོང་དཔའ་མོ་གསུམ། །ང་དང་སྐྱེན་པོ་མི་ལྔ་འདི། །རྒྱལ་ཁག་ལྔ་ཡི་འགོ་འཛིན་བྱས། །རྒྱལ་པོ་ཁྱེད་ཀྱི་ཞབས་ཞུ་སྒྲུབ། །རྒྱལ་པོ་ཁྱེད་ཀྱིས་ཐུགས་ཆགས་མཛོད། །དེ་ནས་ནོར་བུ་སྣ་ལྔ་འདི། །རྒྱལ་ཁག་ལྔ་ལ་བཞག་ན་བསམ། །རྒད་པོས་རང་འདོད་བཤད་ལེ་མིན། །ས་ལ་འབྲས་དྲུག་སྐྱེ་བ་དང་། །གནམ་ནས་སྦྲང་ཆར་བབས་པ་དང་། །བཟང་གསུམ་རྟེན་འབྲེལ་འགྲིགས་ལེ་གདའ། །བསམ་པ་དཀར་པོའི་སྙིང་གཏམ་ཡིན། །རྒྱལ་པོའི་ཐུགས་ལ་དེ་འདྲ་ཞོག །གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གླུ་ཡི་ལེན་ལུགས་རེད། །ཅེས་ཞུས་པས་དེར་གླིང་དཀར་ཚང་མས་འདན་མའི་གསུང་དེ་བདེན་ཏེ། ནོར་བུ་འདི་རྣམས་རྒྱལ་ཁག་སོ་སོར་བཀྲམ་ན་སྤྱིར་ནོར་བུ་འདི་ཚོ་ལ་བརྟག་ན་དགོས་འདོད་ཕུན་སུམ་ཚོགས། ཕྱི་རབས་བོད་ལ་དངོས་གྲུབ་ཀྱི་ཆར་རྒྱུན་འབེབས། དབྱར་རྩི་ཤིང་ལོ་འདབ་མེ་ཏོག་རྒྱས། ཚེ་བསོད་མངའ་ཐང་སྟོབས་རྩལ་དཔལ་འབྱོར་སོགས་རྒྱས་པ་འདུག་བསམ་ནས་ཐམས་ཅད་དགའ་བའི་ངང་ལ་བཞུགས། དེ་ནས་འཛམ་གླིང་སེང་ཆེན་རྒྱལ་པོའི་དགོངས་པར། འདན་མའི་གསུང་དེ་བདེན་ཏེ། ད་ལྟ་ཕྱི་རབས་སེམས་ཅན་རྣམས་ལ་གལ་ཆེ་བས་ནོར་བུ་འདི་རྒྱུན་ཆད་ཤོར་ན་འགྲོ་ཀུན་སེམས་ཅན་རྣམས་དངོས་གྲུབ་ཀྱི་སྐལ་བ་ཆད་འགྲོ་བ་ཡིན་པས། སྤྱི་དཔོན་འདི་ཕ་ཁུ་རྣམས་ཀྱི་འགོ་མ། ལོ་གྲངས་ནང་གི་མཐོ་བ། ལས་དང་བྱ་བ་ཅི་བྱས་ནང་ཆགས་མཁས་པས་འདས་མ་འོངས་ད་ལྟ་དུས་གསུམ་ཐམས་ཅད་དགོངས་པ་ལ་ཁོང་དྲག་པ་མཁྱེན་ཅིང་། ཨ་ཁུ་ལ་ལན་གསུམ་གཟིགས་སྐབས་དེར། མདུན་གྲལ་གྱི་ནང་ནས་སྤྱི་དཔོན་རོང་ཚ་ཁྲ་རྒན་དེ་ཡར་བཞེངས་ནས་གེ་སར་རྒྱལ་པོའི་མདུན་དར་སྣ་ལྔ་ཕུལ། འདན་མ་དང་དཔའ་བརྟུལ་གང་དྲག་རྣམས་ལ་དར་རེ་ཕུལ་ནས། ཡ། ཉོན་དང་ལྷ་རྒྱུད་རྒྱལ་བློན་རྣམས། །ང་ཨ་ཁུའི་དྲན་ཚུལ་སྙན་ཞུ་འབུལ། །བློ་ཡག་ཉེས་གང་ཡིན་ཐུགས་དཔྱད་མཛོད། །ཟེར་ནས་གླུ་འདི་བླངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཨ་ལ་ཨ་ལ་ཐ་ལ་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིགས་དྲུག་ཆོས་ལ་འགྱུར་བར་ཤོག །སྲིད་གསུམ་བདེ་འགྲོ་ཐོབ་པར་ཤོག །དེ་རིང་ལྷ་དང་སྲུང་མས་གཟིགས། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གཡང་གི་ར་བ་ནས། །ལྷ་གུར་དཀར་པོའི་ནང་ཤེད་ནས། །རྒྱལ་བློན་ཕུ་ནུའི་མདུན་གྲལ་རེད། །ང་འདྲ་ང་ངོ་མ་ཤེས་ན། །དཀར་པོ་གླིང་རུའི་གཡང་ར་ནས། །ཁྲ་ཕུ་འཛམ་གླིང་ལ་ཁ་ཟེར། །མཁར་མི་འགྱུར་གནམ་རྫོང་ཕྱུག་མོ་ནས། །གདོང་མི་འགྱུར་རོང་ཚ་ཁྲ་རྒན་ཟེར། །དེ་ནས་གླིང་དཀར་རྒྱལ་བློན་ཚོ། །འདི་ལོ་སྟག་གཟིག་ནོར་གཡང་དེ། །དཀར་པོ་གླིང་ལ་འབེབས་པའི་ཚུལ། །རྒྱལ་བློན་རང་ཡུལ་འཁོར་ལེ་འདི། །ཀླུ་བདུད་མཚོ་ལ་ཆགས་པ་འདྲ། །རྟེན་འབྲེལ་ཆེ་ཚུལ་དེ་འདྲ་རེད། །དཔའ་བརྟུལ་རྩི་རྩི་གྲངས་མེད་འདི། །བསམ་པ་གླིང་དཀར་ཆོས་བློན་རེད། །དེ་ཡང་གནམ་གྱི་དང་པོ་ལ། །གཡུ་ལྷ་འདན་མ་ཤན་པ་དང་། །དུང་སྐྱོང་དཔའ་མོ་མི་ལྔ་འདི། །རྒྱལ་ཁག་ལྔ་ཡི་འགོ་དཔོན་རེད། །ཕོ་དཔའ་བོ་དཔའ་བའི་དཔའ་དར་དང་། །གནང་ཁྲ་མོ་བླངས་པའི་རྒོད་དར་དང་། །རྒོད་པོའི་དཔའ་དར་ལོས་དགོས་རེད། །ནག་པོའི་ནོར་དང་དཀར་པོའི་ལུག །ཁྲ་བོ་རྟ་དང་སྨུག་པོ་འབྲི། །ཁྱུང་དཀར་མཛོ་དང་མཛོ་མོ་སོགས། །སྟག་གཟིག་རྒྱལ་པོའི་ཕ་ནོར་རེད། །ཚོ་དྲུག་ནང་བགོས་བྱེད་རྒྱུ་རེད། །དབང་ཐང་དར་བའི་དཔའ་བོ་རེད། །བློན་པོས་བསམ་པ་དཀར་ཚུལ་ལ། །དཔོན་པོས་བདག་རྐྱེན་ལོས་ཡོད་རེད། །མགོ་འདྲེན་གནང་བའི་འོག་སྡེ་འདིའི། །དཔོན་ལ་ཞབས་ཞུ་ཐིངས་བས་ན། །བྱམས་སྐྱོང་སྡེ་ལ་ལོས་ཡོད་རེད། །དགྲ་བཞི་འདུལ་བའི་དཔའ་བོ་རེད། །གཏང་མ་གནང་ལ་བླངས་པས་ན། །རྒོད་པོར་དཔའ་དར་ལོས་ཡོད་རེད། །མི་དགོས་ཟེར་བ་སུ་ལ་ཡོད། །འཛམ་གླིང་རྒྱལ་པོ་གེ་སར་ཁྱེད། །འཛམ་གླིང་བདེ་ལ་འགོད་མི་རེད། །བོད་ལ་བཞག་པ་བྱེད་མི་རེད། །ཤཱཀྱ་ཐུབ་པའི་བཀའ་སྲུང་རེད། །ཨོ་རྒྱན་གཏེར་ཆུས་འཛུགས་མི་རེད། །འཁོར་བའི་སྔོན་ཆུས་བཀོད་མི་རེད། །ཕ་ནོར་སྟག་གཟིག་ནོར་བུ་རྣམས། །སྒང་པ་བོད་ལ་ཕན་པའི་རྫས། །དགོས་འདོད་དཔའ་བརྟུལ་གནང་བཞག་ན། །བོད་ལ་བཞག་པ་ཨེ་ཡོད་ན། །རྒྱལ་པོས་མ་དགོངས་ཅི་ཡོད་དེ། །བོད་ཀྱི་སྡོད་ཆུས་ཨེ་ཟིན་བསམ། །ད་ནི་རྒྱལ་པོ་ལྷ་ཡི་བུ། །ཟག་མེད་མངོན་ཤེས་ཐུགས་ལ་མངའ། །རྒྱལ་པོ་ཁྱེད་ཀྱིས་ལོས་མཁྱེན་རེད། །ང་སྤྱི་དཔོན་ཨ་ཁུའི་དྲན་ཚུལ་ལ། །ནགས་ཚལ་དཀྱིལ་འཁོར་མཐུག་པ་ན། །སྟག་མོ་འཛུམ་དྲུག་ཇེ་རྒྱས་རེད། །སྟག་ཕྲུག་དེ་ལ་དེ་འཁོར་རེད། །སྐྱེ་འགྲོ་རྒྱུན་དུ་མི་ཆད་འདུག །ནགས་ཚལ་སྡོང་པོ་ཆག་སོང་ན། །སྟག་མོ་འཛུམ་དྲུག་ག་ན་རྒྱས། །རྒྱ་མཚོ་ཁ་ཞེང་ཆེ་བས་ན། །ཀླུ་བདུད་རྩེ་ར་ལོས་རྒྱས་རེད། །གསེར་ཉ་དེ་ལ་དེ་འཁོར་རེད། །རྒྱ་མཚོ་གཏིང་ནས་སྐེམ་སོང་ན། །ཉ་སྲམ་འགྲོ་འགྲིམས་ག་ལ་ཡོད། །སྟག་གཟིག་ནོར་བུ་སྣ་བདུན་འདི། །ལྷ་ལ་བཀའ་གཏད་བཞག་པས་ན། །བོད་ལ་བདེ་སྐྱིད་ཇེ་རྒྱས་རེད། །ཡུལ་སྡེ་དེ་ལ་དེ་འཁོར་རེད། །ནོར་བུ་རྒྱུན་དུ་མ་ཆད་ན། །དགོས་འདོད་རང་མོས་བྱེད་པས་ཆོག །ཐ་མ་རྒྱུན་དུ་ཆད་སོང་ན། །སྒང་པ་བོད་ཀྱི་རྟེན་འབྲེལ་འཆུག །རྩྭ་མཆོག་རྒྱས་རྒྱུ་ག་ལ་ཡོད། །རྒྱལ་བློན་རྣམས་ཀྱིས་ཐུགས་བཞག་མཛོད། །གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གླུ་ཡི་ལེན་ལུགས་རེད། །ཅེས་ཟེར་བས་དེར་གེ་སར་རྒྱལ་པོས་སྤྱི་དཔོན་གྱི་གསུང་དེ་བདེན། སྟག་གཟིག་རྒྱལ་པོའི་ནོར་བགོས་གླིང་དཀར་གྱིས་བྱས་ན་བོད་ལ་སྐལ་བ་བཟང་སྟེ་ནོར་བུ་སྣ་བདུན་འདི་ཡུལ་ལྷ་ཟོ་དོར་རྣམས་ལ་བཀའ་གཏད་བྱས་ན་ཇི་སྲིད་འཚོ་བའི་བར་ནོར་རྫས་རིགས་རྒྱུན་མི་ཆད་པ་དང་། ཕྱི་རབས་བོད་ལ་ས་བཅུད་ཡུལ་བཅུད་མི་རྒྱུའི་བཅུད་རིགས་བཟང་དགོས་པས། ཡ། ཉོན་དང་གླིང་རུའི་ལྷ་སྡེ་རྣམས། །རྒན་པོ་གླིང་རུའི་ཕ་ཁུ་དང་། །རྒྱལ་བློན་ཕ་མའི་ནང་གྲལ་ལ། །བོད་སྒང་པར་བཞག་པ་ཨེ་འདྲ་ཡིན། །གླིང་ཁྲ་མོས་གནང་བགོས་ཨེ་འདྲ་བྱེད། །ང་རྒྱལ་པོའི་བསམ་པ་ཨེ་འདྲ་ཡོད་གསུངས་ནས་གླུ་འདི་ལྟར་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །སྐུ་མི་འགྱུར་གསལ་ལ་སྤྱི་བོར་བཞུགས། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གླུ་མཆོད་གཅིག་སྒྲོལ་མ་དཀར་མོ་མཆོད། །མཆོད་གཉིས་སྒྲོལ་མ་སྔོན་མོ་མཆོད། །མཆོད་གསུམ་རིགས་གསུམ་མགོན་པོ་མཆོད། །དེ་རིང་ལྷ་ཁམས་གྲོགས་ལ་བྱོན། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གཡང་གི་ས་ཆ་རེད། །ལྷ་གུར་མཐོང་བ་དོན་ལྡན་རེད། །མི་ང་དང་ང་ངོ་མ་ཤེས་ན། །མི་དབང་གླིང་རྗེ་གེ་སར་ཟེར། །དེ་ནས་རྨ་ཁམས་གླིང་རུའི་སྡེ། །ཡང་སྒོས་རུ་འདྲེན་རྒྱལ་ཁག་ལྔ། །ཉོན་དང་འདྲ་མ་ཨེ་འདྲ་ཡོད། །སྟག་གཟིག་ནོར་རྫོང་ཕ་ནོར་རེད། །ད་ལོ་དཀར་པོ་གླིང་ལ་ཕབ། །ཚོ་དྲུག་གླིང་པའི་གནང་བགོས་རེད། །ཡ་མཚན་ཆེ་བ་ཨེ་འདྲ་ཡིན། །ཁྲ་བོ་ནོར་གྱི་གནང་བགོས་རེད། །དེ་རིང་སྤྱི་དཔོན་ཁྱེད་ལ་བབས། །བགོས་ཡ་མཚན་ཅན་དེ་ཨ་ཁུས་གྱིས། །མི་རྒན་ཁ་ན་གཡང་རྒན་རེད། །སྟག་གཟིག་ནོར་ཆ་བདུན་པོ་འདི། །རྒྱལ་ཁག་ལྔ་ལ་བགོས་པས་ན། །ད་ལྟ་དངོས་གྲུབ་ལོས་རྒྱས་ཏེ། །ཕྱིན་ཆད་ཅི་ཡོང་ཆ་མེད་རེད། །བོད་ཀྱི་དངོས་གྲུབ་ཆད་སོང་ན། །འཁོར་བ་ཆགས་ཐབས་དཀའ་མོ་རེད། །དེ་འདྲ་མ་བཟོ་འདི་འདྲ་བཟོ། །ཡུལ་ཕྱོགས་སྐྱོང་བའི་གཞི་བདག་དང་། །གཉན་ཆེན་དམག་དཔུང་འཁོར་བཅས་པ། །རྒྱལ་པོ་ང་ཡིས་བཀའ་གཏད་བྱེད། །ནོར་བུ་སུ་ཐོབ་གང་བབས་གྱིས། །ཁྲ་བོ་ཤྭ་ཡི་གདམ་ག་བསྐོར། །བར་གྱི་དབུས་གཙང་རུ་བཞི་ནས། །བོད་ཀྱི་བེར་ནེ་རི་བཀྲ་དང་། །འདམ་ཤོད་གཉན་ཆེན་ཐང་ལྷ་དང་། །སྲིད་པ་ཆགས་པའི་ལྷ་དགུ་དང་། །འགུལ་ལྷ་བཅུ་གསུམ་འཁོར་དང་བཅས། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །ནོར་བུ་ནང་བགོས་བྱ་ཚུལ་འདི། །ཁྲ་བོའི་ཤྭ་ལ་གདམ་ག་གཟིགས། །ཇོ་བོ་སྒྱོགས་ཆེན་སྡོང་ར་དང་། །རྫ་ཡི་རྫ་རྒྱལ་འཕེན་ཕྱུག་དང་། །ཤར་གྱི་རྨ་ཆེན་སྤོམ་ར་དང་། །རྩེ་ལྷ་བཅུ་གསུམ་འཁོར་དང་བཅས། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་ནོར་བུ་བགོ་བའི་ཚུལ། །ཁྲ་བོ་ཤྭ་ཡི་གདམ་ག་བསྐོར། །ཚ་བའི་རྡོ་རྗེ་དྲེལ་དཀར་དང་། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་དང་། །རྒྱ་ཡི་ཁ་ཤ་མུ་ནེ་དང་། །རྡོ་ཐི་གངས་དཀར་མཚན་བརྒྱད་དང་། །གཉན་ཆེན་སུམ་བརྒྱ་དྲུག་ཅུ་བཅས། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་ནོར་རྫོང་བགོ་བའི་ཚུལ། །ཁྲ་བོ་ཤྭ་ཡི་གདམ་ག་བསྐོར། །དྲིས་ཤོད་ཁ་བ་ལོག་རི་དང་། །མདོ་སྨད་བྲག་ར་ལྷ་རྩེ་དང་། །ལྷོ་ཡི་རོང་ལ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་དང་། །རྒྱ་ནག་རི་བོ་རྩེ་ལྔ་དང་། །མི་ཉག་གཡུ་རི་རྩེ་རྒྱལ་དང་། །གླང་ཆེན་འགྱིང་རི་འཁོར་དང་བཅས། །མ་ཡེངས་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་ནོར་རྫོང་བགོ་བའི་ཚུལ། །ཁྲ་བོ་ཤྭ་ཡི་གདམ་ག་བསྐོར། །ཤྭ་འདི་སུ་བབས་གང་བབས་གྱིས། །དགོས་འདོད་ནོར་ཆ་བདུན་པོ་འདི། །ཁྱེད་གཉན་ཆེན་རྣམས་ལ་བཀའ་གཏད་ཡིན། །འཛམ་གླིང་རྒྱལ་པོའི་གཏེར་རྫས་ཡིན། །སྒང་པ་བོད་ལ་འཇོག་རྒྱུ་ཡིན། །བསམ་དོན་འགྲུབ་པ་ད་རེས་ཡིན། །ལྷ་ཀླུ་གཉན་གསུམ་འཁོར་དང་བཅས། །དངོས་གྲུབ་རྒྱལ་པོའི་གླུ་དབྱངས་འབུལ། །ལྷ་ཚོགས་ཐུགས་ལ་དེ་ལྟར་ཞོག །གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གླུ་ཡི་ལེན་ལུགས་རེད། །ཅེས་གསུངས་ཤིང་རྒྱལ་པོ་གེ་སར་ནས་ལྷ་ཀླུ་གཉན་གསུམ་ལ་བཀའ་གཏད་མཛད་ཅིང་དར་སྣ་ལྔ་ཡི་མདའ་དར་མེ་ལོང་གིས་བརྒྱན་པ་རིན་པོ་ཆེའི་ཡོལ་གོའི་ནང་དུ་ཇ་ཆང་འོ་མའི་ཕུད་ཕྱར། གསེར་དངུལ་སྣ་ཚོགས་ཀྱི་སྣོད་སྡེར་ནང་དུ་ཕྱེ་མར་གྲོ་ནས་འབྲས་འབྲུ་སྣ་ལྔ། ཟས་སྣ་མང་པོ་དང་། ཤེལ་ཚིག་ཀ་ར་བུ་རམ་མངར་གསུམ། ཤ་ཁྲག་ལ་སོགས་པ་རི་རྒྱལ་བས་དཔངས་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ་སྔགས་དང་ཕྱག་རྒྱས་བྱིན་བརླབས་མཛད་ནས། ཤུག་པ་སུར་དཀར་མཁན་དཀར་ཙན་དན་ན་ག་སོགས་ཀྱི་ལྷ་བསང་གླིང་བཞི་གླིང་ཕྲན་བརྒྱད་ལ་ཕུལ་ནས་དཔའ་བརྟུལ་མཆེད་འཁོར་གྱི་བསྐོར་ནས་དར་འཕྱར། མ་སྲུ་མོ་སྨན་རྣམས་ཀྱིས་མདའ་དར་དང་ཕྱེ་མར་བཟུང་ནས་ལྷ་ཡི་ཕྱོགས་ལ་འབུལ་བ་བྱས། དེ་ནས་ལྷ་ཀླུ་གཉན་གསུམ་ཐམས་ཅད་སྤྲིན་འཚུབ་པ་ལྟར་རྒྱལ་པོའི་འཁོར་དུ་ཁྲ་འཁྱིལ་ལེར་བབས་ནས་བྱུང་། དེ་ནས་གླིང་རྗེ་གེ་སར་རྒྱལ་པོས་གནམ་གླིང་པད་མ་དཀར་པོ་དེ་གདན་ལ་བཏིང་ནས། དེའི་སྟེང་མི་ནུབ་སྟག་གཟིག་ཡུལ་གྱི་ནོར་བུ་སྣ་བདུན་བཀོད་དེ། ལྷ་ཚངས་པའི་དུང་ཤྭ་དཀར་པོ་དེ་གཉན་ཆེན་རྣམས་ཀྱི་ཕྱག་ཏུ་བཞག་ནས་ནོར་བུ་སུ་ཐོབ་ཀྱི་ཤྭ་བརྒྱབ་པས། ཤྭ་མིག་དང་པོ་གཉན་ཆེན་ཐང་ལྷ་ལ་བབས། དེ་ལ་ནོར་གཡང་ཛམ་ལྷ་དཀར་སེར་དམར་ལྗང་གི་དཀྱིལ་འཁོར་ཆ་ཚང་བ་ཐོབ། དེ་ཕྱོགས་ལ་གོས་ནོར་འབྲི་ར་ལུག་རྐྱང་འབྲོང་གི་དངོས་གྲུབ་རྒྱས་པ་བླངས། ཤྭ་མིག་ལྔ་པ་རོང་བཙན་ཁ་བ་དཀར་པོ་ལ་བབས། དེ་ལ་ལྔ་རིས་ཟླ་བ་དཀར་ཚེས་དེ་ཐོབ། དེ་ཕྱོགས་ལ་མངར་རིགས་དང་སྦ་སྨྱུག་གི་ལོ་འདབ་རྒྱས། ཤྭ་མིག་གཉིས་པ་ཇོ་བོ་སྒྱོགས་ཆེན་སྡོང་ར་ལ་བབས། དེ་ལ་གསེར་གྱི་མཆོད་རྟེན་དང་མཎྜལ་ཐོབ། དེ་ཕྱོགས་ལ་གསེར་དངུལ་གྱི་དངོས་གྲུབ་དང་རྩི་ཤིང་གི་ལོ་འདབ་རྒྱས་པར་གྱུར། ཤྭ་མིག་གསུམ་པ་ཤར་གྱི་རྨ་ཆེན་སྤོམ་ར་ལ་བབས་ནས་དེ་ལ་རྟ་མཆོག་ཟླ་བ་མགོ་གསུམ་ཐོབ་པས་དེ་ཕྱོགས་རྟ་ཡི་དངོས་གྲུབ་ཀྱི་གཏེར་ཟད་མེད་བྱུང་། ཤྭ་མིག་བཞི་པ་དྲིས་ཤོད་ཁ་བ་ལ་བབས་ནས་དེ་ལ་ཚོང་གཡང་འགུགས་པའི་ལྕགས་ཀྱུ་ཐོབ། དེ་ཕྱོགས་ལ་རྒྱུ་ནོར་ཚོང་གི་དངོས་གྲུབ་རྒྱས། ཤྭ་མིག་དྲུག་པ་མི་ཉག་གཡུ་རི་རྩེ་རྒྱལ་ལ་བབས་ནས་དེ་ལ་འབྲུ་གཡང་ཁྱུང་གི་སྒོ་ང་ཙམ་དེ་ཐོབ། དེ་ཕྱོགས་ལ་གྲོ་ནས་སྲན་གསུམ་སོགས་འབྲས་རྩི་རྣམས་ཀྱི་དངོས་གྲུབ་རྒྱས། ལུག་གཡང་གང་པ་བཟང་པོ་དེ་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་ལ་ཐོབ། དེ་ཕྱོགས་ལ་སྙན་ར་ལུག་འབྲི་རྣམས་ཀྱི་དངོས་གྲུབ་རྒྱས། ཐང་ལྷའི་རིགས་རྣམས་དང་གཞི་བདག་དེ་རྣམས་ལ་ནོར་བུ་རེ་ཐོབ། གཞན་ཡང་དགེ་བསྙེན་ཉེར་གཅིག །སྲིད་པ་ཆགས་པའི་ལྷ་དགུ། བོད་ཀྱི་མགུར་ལྷ་བཅུ་གསུམ་སོགས་ལྷ་ཀླུ་གཉན་གསུམ་ལ་གླིང་རྒྱལ་བློན་རྣམས་ནས་བསང་གསུར་གསེར་སྐྱེམས་ཀྱི་མཆོད་པ་ཕུལ་ནས་དགའ་མགུ་ཡིད་ཚིམ་ནས་རང་གནས་སུ་གཤེགས་སོ། །དེ་ནས་གླིང་རྒྱལ་ཁག་ལྔའི་དཔོན་བློན་དཔའ་བརྟུལ་རྣམས་ལྷ་གུར་ནང་ཕྱག་ཕེབས་ཤིང་རང་རང་གདན་ལ་བཞུགས་སྐབས་སུ་གླིང་རྗེ་གེ་སར་རྒྱལ་པོའི་ཞལ་ནས་གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཁྱེད་གླིང་ཕུ་ནུ་རྣམས་ཀྱི་དང་པོ་ཡིན། སྟག་གཟིག་ཁྲ་མོའི་ནོར་འགྱེད་འདི། །དེ་རིང་སྤྱི་དཔོན་ཁྱེད་ལ་བབས། །རྒོད་པོ་དཔའ་བའི་དཔའ་དར་དང་། །རྟེན་འབྲེལ་མཆོད་པའི་གནང་བགོས་གྱིས་ཞེས་གསུངས་སོ། །སྤྱི་དཔོན་ནས་ལེགས་སོ་ཞུས་ཤིང་། གླིང་། ཧོར། འཇང་། མོན། བདུད་སོགས་རྒྱལ་ཁག་ལྔ་ཡི་དཔོན་བློན་རྣམས་ཤོག་གསུངས། སྟག་གཟིག་ནོར་གྱི་དངོས་གྲུབ་རྒྱལ་ཁག་ལྔ་པོའི་ལག་ན་ཡོད་པ་ཐམས་ཅད་སྒར་དཀྱིལ་དུ་ཁྱེར་ཤོག་ཟེར། དེ་ནས་སྟོད་གླིང་གསེར་བ་མཆེད་བརྒྱད། བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་མུ་སྤྱང་སྡེ་བཞི། འདན་མ་ཁྲི་སྐོར་བཅུ་གཉིས། སྒ་པ་རིན་ཆེན་ཚོ་དྲུག སྟག་རོང་ཤོག་ཆེན་བཅོ་བརྒྱད། ནག་རུ་ཁྲི་སྐོར་བཅུ་གསུམ། སྒ་རུ་འབུམ་ཚོ་བཅུ་གཉིས། ཀ་རུ་ཤོག་ཆེན་བཅུ་དགུ། རོང་མི་ཤོག་ཆེན་ཉེར་གཅིག རོང་མི་མཚོ་དམར་པོ། ཕྱིའི་སྡེ་ཁག་བདུན་ལ་སྟོང་སྡེ་བདུན་བརྒྱ། ནང་སྡེ་ཁྲི་སྐོར་བཅུ་གཉིས་གླིང་རུའི་ལྷ་སྡེ་ཕྱུག་མོ། ཧོར་སེར་ཁྲག་མཚོ་ཁོལ་མ། འཇང་པ་རྒྱ་མཚོ་ཕྱུག་མོ། མོན་སྡེ་རྩི་ཤིང་འདབ་རྒྱས། བདུད་ཀྱི་སྡེ་ཆེན་བཞི་ལ་སོགས་པ་རྒྱལ་ཁག་བཞིས་ཟུར་ནས་བསྐོར། སྟག་གཟིག་ནོར་གྱི་དངོས་གྲུབ་ནོར་བུ་དེ་སྒར་དཀྱིལ་དུ་བཀོད་ནས་ཐམས་ཅད་ནོར་ཕྱོགས་ལ་ཕེབས་པའི་སྐབས་དེར། གདོང་མི་འགྱུར་སྤྱི་དཔོན་རོང་ཚ་ཁྲ་རྒན་དེས། དབུ་ཞྭ་ཞྭ་འདབས་ཡར་འཛོང་ལ། པདྨ་རཱ་གའི་ཏོག རྨ་བྱའི་འཕྲུ་ཤར་ལྔ་བཙུགས་ནས། གོས་ཆེན་རྒྱན་གཞི་སེར་པོ་ལ་ཆུ་སྲམ་དཀར་པོས་མཐའ་རྒྱན་བརྒྱབ། ཆུ་དར་སེར་པོའི་སྐུ་ཆིངས་གསོལ། རྐང་ལ་དར་ལྷམ་འཇའ་རིས་གསུམ་བསྐོར་ལ། ཆུ་དར་དམར་པོའི་ལྷམ་སྒྲོག་བཅིངས། དར་དམར་སྨུག་གི་རྐང་གོས། སེར་པོ་གསེར་གྱི་རྣ་ལུང་ལ་སྔོན་པོ་གཡུ་ཡི་ཁྲ་རྒྱན་སྤྲས་ནས། ཁམ་པ་དངུལ་གྱི་གློ་ཟུང་ལ། རྒྱ་བྱུར་སོག་མའི་ཁྲ་རྒྱན་སྤྲས། གཟི་ཞགས་ནོར་བུའི་མགུལ་རྒྱན་གསོལ། གོས་ཆེན་སེར་པོའི་ཕོར་ཁུག་ལ། སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན། བ་སོ་དཀར་པོའི་ཁ་འཆིང་སྤྲས་ཤིང་བརྗིད་པའི་ཉམས་དང་ལྡན་པ་བྱས་ཏེ། དེ་རིང་ཨ་ཁུའི་གླུ་ལ་ཉོན་ཟེར་ཞིང་དལ་བ་རིང་མོ་ལ་དྲངས་ནས་གླུ་འདི་བླངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །དུང་ལོ་འབར་བའི་གདན་སྟེང་ན། །གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །མཐུ་སྟོབས་ཕྱག་ན་རྡོ་རྗེ་དང་། །དྲག་པོ་རིགས་ལྔ་ཡབ་དང་ཡུམ། །དེ་རིང་ལྷ་ཁམས་གྲོགས་ལ་བྱོན། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གླིང་གི་ས་ཆ་ནས། །རྒྱལ་པོའི་གདན་ས་གོང་མ་རེད། །ང་འདྲ་ང་ངོ་མ་ཤེས་ན། །གླིང་སྨུག་པོ་གདོང་གི་ཨ་ཁུ་ཟེར། །མིང་ལ་རོང་ཚ་ཁྲ་རྒན་ཡིན། །གླིང་གེ་སར་རྒྱལ་ཆུས་སྤྱི་ནས་འཚོས། །སྤྱི་དཔོན་ཐོག་དོན་དེ་ག་རེད། །དེ་ནས་གླིང་རུའི་ལྷ་སྡེ་རྣམས། །སྐུ་མངའ་ཐང་རྒྱས་པ་གེ་སར་རྒྱལ། །ཉི་ཟླ་འདྲ་བའི་དགྲ་ལྷ་དང་། །བཙན་བདུད་འདྲ་བའི་དཔའ་བརྟུལ་རྣམས། །གཏམ་ཞུ་རྒྱུ་འདྲ་མ་ཨེ་འདྲ་ཡོད། །འཛམ་གླིང་རྒྱལ་པོའི་སྐུ་རིང་ལ། །ཟུར་གྱི་རྫོང་ཆུང་མང་པོ་ཕབ། །གནང་ཁྲ་མོ་བགོ་མི་ང་རང་ཡིན། །གོང་དཔོན་ལ་སྐུ་སྐལ་འཇོག་རྒྱུ་དང་། །ལྷ་གོང་མར་ཆོས་སྐལ་འཇོག་རྒྱུ་གཉིས། །དྲིན་ཕ་མར་བགོས་མཚས་འཇོག་རྒྱུ་གསུམ། །བོད་རྒྱུ་འབྲས་དྲང་བའི་འགྲོ་ལུགས་ལ། །དེ་མིན་བདག་རྐྱེན་བོད་ལ་ཡོད། །ཕོ་བཟང་ངན་མེད་པ་འདྲ་འདྲ་བྱས། །ཚ་བ་རོང་གི་མདའ་རྫོང་ཕབ། །ཉག་ཕྲན་མདའ་བགོས་ཨ་ཁུས་བྱས། །སྨྱུག་ཕུད་གོང་མ་ལྷ་ལ་བཞག །སྐྱེས་སྨྱུག་རྒྱལ་པོའི་སྐུ་སྐལ་བཞག །སྨྱུག་རྒོད་དཔའ་བོའི་དཔའ་དར་བཞག །དེ་མིན་རོང་གི་སྨྱུག་རྒོད་དེ། །ཕོ་བཟང་ཞན་མེད་པ་འདྲ་འདྲ་བྱས། །ད་དུང་འདན་མའི་ནས་རྫོང་ཕབ། །འབྲུ་སྔོན་མོ་བགོ་མི་ཨ་ཁུ་ཡིན། །འབྲུ་ཕུད་གོང་མ་ལྷ་ལ་བཞག །འབྲུ་གཡང་རྒྱལ་པོའི་སྐུ་སྐལ་བཞག །འབྲུ་སྔོན་དཔའ་བོའི་དཔའ་དར་བཞག །དེ་མིན་འབྲུ་སྲན་སྣ་ལྔ་དེ། །ཕོ་བཟང་ཞན་མེད་པ་འདྲ་འདྲ་བྱས། །དེ་མིན་བལ་པོའི་ལུག་རྫོང་ཕབ། །ལུག་གཡང་དཀར་བགོ་མི་ཨ་ཁུ་ཡིན། །ར་བཞི་ར་བ་སྒོ་བཞི་དེ། །གོང་མ་ལྷ་ལ་ཆོས་སྐལ་བཞག །ཤ་ར་བལ་གྱི་ཁ་ཆུ་དེ། །གོང་ཡང་ཐོག་རྒྱལ་པོའི་སྐུ་སྐལ་བཞག །མ་མོའི་རྟ་ར་སྟེར་མཐུ་དེ། །ཕོ་དཔའ་བོ་དཔའ་བའི་དཔའ་དར་བཞག །དེ་མིན་བལ་པོའི་ལུག་རྫོང་དེ། །ཕོ་བཟང་ཞན་མེད་པ་འདྲ་འདྲ་བྱས། །དེ་མིན་ཀླུ་ཁྲིའི་རྟ་རྫོང་ཕབ། །རྟ་འདོ་བ་གནང་བགོས་ཨ་ཁུས་བྱས། །གྲོ་དཀར་དཔོན་ལ་དབང་ཐང་དེ། །གོང་མ་ལྷ་ལ་ཆོས་སྐལ་བཞག །རྐྱང་དམར་བྱི་རུའི་དབུ་རྒྱན་ཅན། །གེ་སར་རྒྱལ་པོའི་སྐུ་སྐལ་བཞག །སྔོན་པོ་ཁྱུང་ལ་ཁྱུང་མཐུད་དེ། །དཔའ་བོ་དཔའ་བའི་དཔའ་དར་ཡིན།དེ་མིན་ཁྲ་ཁྱུ་མང་མ། །ཕོ་བཟང་ཞན་མེད་ལ་འདྲ་འདྲ་བྱས། །ལ་རྒྱ་གླིང་རུའི་བཞག་པ་ལ། །གནང་ཁྲ་མོ་བགོ་ལུགས་དེ་འདྲ་ཡིན། །ད་ལོ་རྟེན་འབྲེལ་མགོ་བོ་ལ། །དགྲ་ཕར་རྒྱབ་སྟག་གཟིག་ཆམ་ལ་ཕབ། །ངར་རྒོད་བཙན་ལྷ་གཏང་མར་བླངས། །མི་ཕོ་བརྒྱད་ཅུའི་མགོ་སྐེ་བླངས། །སྲས་ཆུང་ཟླ་བ་མདའ་ལ་དྲངས། །དམ་ཆེན་ཤ་རྫོང་ཐོག་གིས་བསྒྱེལ། །འོད་ཆེན་མེ་ཐང་ཆུ་ལ་བསྒྱུར། །འགངས་ཆེན་ནོར་རྫོང་གཡང་ལ་བླངས། །གླིང་དཀར་སྐྱིད་པའི་རང་ཡུལ་འཁོར། །དེ་རིང་ཁྲ་མོའི་ནོར་བགོས་བྱེད། །ཨ་སྐྱིད་པོ་ཨེ་ཤེས་གླིང་རུའི་སྡེ། །དབང་ཐང་ཆེན་པོ་གེ་སར་རྒྱལ། །ལོངས་སྤྱོད་ཆེ་བ་སྟག་གཟིག་ནོར། །དགྲ་རྒོད་བཏུལ་བའི་འདན་མ་བློན། །ཁ་རྒྱ་ཆེ་བའི་ཁྲ་མོ་གླིང་། །རྒྱན་བཞི་དེ་རིང་ལྷུན་གྱིས་གྲུབ། །བསམ་དོན་འགྲུབ་པའི་མགོ་བོ་ཡིན། །ནོར་རྫོང་ནོར་གྱི་གཡང་ཕུད་ཡིན། །དཀར་པོ་དུང་གི་མགོ་བོ་ཅན། །དུང་རྭ་དུང་སྣ་སྤུངས་སེ་སྤུངས། །དུང་གི་ཁ་ཆུ་ཉི་ལི་ལི། །དུང་གི་རྔ་མ་ཤངས་སེ་ཤང་། །དེ་འཁོར་བརྒྱ་དང་བརྒྱད་ཅུ་དེ། །འཛམ་དཀར་ལྷ་ཡི་སྐུ་ཟོག་ཡིན། །སེར་པོ་གསེར་རྭ་གསེར་མིག་ཅན། །གསེར་རྭ་གསེར་སྣ་སྤུངས་སེ་སྤུང་། །གསེར་གྱི་ཁ་ཆུ་ཉི་ལི་ལི། །གསེར་གྱི་རྔ་མ་ཤངས་སེ་ཤང་། །དེ་འཁོར་བརྒྱད་ཁྲི་བརྒྱད་སྟོང་དེ། །འཛམ་གླིང་རྒྱལ་པོའི་སྐུ་ཟོག་ཡིན། །ཁམ་པ་དངུལ་རྭ་དངུལ་སྣ་ཅན། །དངུལ་གྱི་ཁ་ཆུ་ཉི་ལི་ལི། །དངུལ་གྱི་རྔ་མ་ཤངས་སེ་ཤང་། །དེ་འཁོར་བདུན་ཁྲི་བདུན་སྟོང་དེ། །སྲས་ཆུང་དགྲ་ལྷའི་སྐུ་ཟོག་ཡིན། །ཁྲ་བོ་གཟི་རྭ་གཟི་མིག་ཅན། །གཟི་རྭ་གཟི་སྣ་སྤུངས་སེ་སྤུང་། །གཟི་ཡི་ཁ་ཆུ་ཉི་ལི་ལི། །གཟི་ཡི་རྔ་མ་ཤངས་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །ཚ་ཞང་འདན་མའི་སྐུ་སྐལ་ཡིན། །དམར་པོ་བྱི་རུའི་བྱུར་མིག་ཅན། །བྱི་རུའི་བྱིར་སྣ་སྤུངས་སེ་སྤུང་། །བྱི་རུའི་ཁ་ཆུ་ཉི་ལི་ལི། །བྱི་རུའི་རྔ་མ་ཤངས་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །ཧོར་སྡིག་གཅོད་ཤན་པའི་སྐུ་སྐལ་ཡིན། །སྔོན་པོ་གཡུ་རྭ་གཡུ་སྣ་ཅན། །གཡུ་རྭ་གཡུ་སྣ་སྤུངས་སེ་སྤུང་། །གཡུ་ཡི་ཁ་ཆུ་ཉི་ལི་ལི། །གཡུ་ཡི་རྔ་མ་ཤངས་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །གཡུ་ལྷ་དཔོན་གྱི་སྐུ་སྐལ་ཡིན། །སྨུག་པོ་མཆོང་གི་རྭ་སྣ་ཅན། །མཆོང་རྭ་མཆོང་སྣ་སྤུངས་སེ་སྤུང་། །མཆོང་གི་ཁ་ཆུ་ཉི་ལི་ལི། །མཆོང་གི་རྔ་མ་ཤངས་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །བདུད་སྡེ་ཀླུ་མོའི་སྐུ་སྐལ་ཡིན། །དཀར་པོ་དུང་གི་རྭ་འཁོར་ཅན། །དུང་རྭ་དུང་སྣ་སྤུངས་སེ་སྤུང་། །དུང་གི་ཁ་ཆུ་ཉི་ལི་ལི། །དུང་གི་རྔ་མ་ཤངས་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །དུང་སྐྱོང་དཔོན་གྱི་སྐུ་སྐལ་ཡིན། །དམག་དཔོན་ཆེ་ཁྲི་རྒྱལ་ཁག་ལྔ། །དཔོན་ཁུ་མཚན་གཉིས་དང་རྒྱལ་བློན་བདུན། །དཔའ་ཐང་དར་བའི་མི་བདུན་ལ། །ཁྲ་བོ་ནོར་གྱི་གཡང་ཕུད་ཡིན། །ཕུན་སུམ་ཚོགས་པའི་གནང་བགོས་ཡིན། །དེ་ནས་འདྲ་མ་ཨེ་འདྲ་ཡོད། །ལྷ་གཡག་དར་གྱི་གྲ་ཤམ་ཅན། །བྲེ་སེ་འབྲོང་གི་རྭ་གཟུགས་ཅན། །རྔ་སྤུངས་དྲ་རྒོད་ལིངས་སེ་ལིང། །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །སྟག་རོང་དཔོན་གྱི་ནོར་སྐལ་ཡིན། །གྭ་བ་དུང་གི་མགོ་བོ་ཅན། །དཔུང་གཡོན་དུང་གི་ཁ་ཆུ་ཅན། །དཔུང་ཁྲ་གཟིག་གི་སྤུངས་པ་ཅན། །གཡུ་འབྲུག་སྔོན་མོའི་རྭ་གཟུགས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །བར་གླིང་འོམ་བུའི་ནོར་སྐལ་ཡིན། །གྭ་བ་གཡུ་ཡི་རྔ་མ་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །དམུ་བ་ཤོག་གི་ནོར་སྐལ་ཡིན། །སེར་དཀར་དུང་གི་རྭ་ཅོ་ཅན། །མ་བུ་མ་ནོར་གྲྭ་སྡེབས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །སྒ་རུ་ཤོག་གི་ནོར་སྐལ་ཡིན། །སོག་ཁྲ་གཟིག་གི་ཐིག་ལེ་ཅན། །མ་བུ་མ་ནོར་གྲ་སྡེབས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དང་། །དགེ་རྒྱས་ཤོག་གི་ནོར་སྐལ་ཡིན། །རོག་པོ་དུང་གི་ཐོད་པ་ཅན། །མ་བུ་མ་ནོར་གྲ་སྡེབས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །ནག་རུ་ཤོག་གི་ནོར་སྐལ་ཡིན། །སྔོན་པོ་གཡུ་ཡི་ཁ་ཆུ་ཅན། །མ་བུ་མ་ནོར་གྲ་སྡེབས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །འདན་མ་ཤོག་གི་ནོར་སྐལ་ཡིན། །ཁམ་པ་ཟངས་ཀྱི་རྭ་ཅོ་ཅན། །མ་བུ་མ་ནོར་གྲ་སྡེབས་ཅན། །རོང་མི་ཚོ་ཤོག་གི་ནོར་སྐལ་ཡིན། །ཁམ་དཀར་དུང་གི་ཐིག་ལེ་ཅན། །མ་བུ་མ་ནོར་གྲ་སྡེབས་ཅན། །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །རོང་མི་ཤོག་གི་ནོར་སྐལ་ཡིན། །བྲེ་སེ་འབྲོང་གི་རྭ་གཟུགས་ཅན། །ཕོ་ཤོག་རུ་ཤོག་སྤུངས་སེ་སྤུང་། །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །ཧོར་སེར་ཁྲག་མཚོའི་ནོར་སྐལ་ཡིན། །སྔོན་པོ་གཡུ་ཡི་ཐིག་ལེ་ཅན། །ཕོ་ནག་གཡུ་རྭ་སྤུངས་སེ་སྤུང་། །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །སྨུག་པོ་འཇང་གི་ནོར་སྐལ་ཡིན། །དཀར་པོ་དུང་གི་ཁ་མིག་ཅན། །ཕོ་ཤོག་རུ་དར་སྤུངས་སེ་སྤུང་། །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །གུ་ནེ་མོན་གྱི་ནོར་སྐལ་ཡིན། །བྲེ་བོ་དར་གྱི་གྲ་ཤམ་ཅན། །ཕོ་རོག་མཆོང་གི་རྭ་ཅོ་ཅན། །མ་བུ་མ་ནོར་གྲ་སྡེབས་བཅས། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །བདུད་སྡེ་ཆེ་བཞིའི་ནོར་སྐལ་ཡིན། །མ་ཧེ་དུང་གི་རྭ་ཅོ་ཅན། །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །འོ་མའི་རྒྱ་མཚོ་ཀྱི་ལི་ལི། །མོ་སྨན་ཤོག་གི་ནོར་སྐལ་ཡིན། །ལྷ་འབྲི་ཟེ་དཀར་དུང་ཐོད་ཅན། །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །སེང་བློན་རྒྱལ་པོའི་ནོར་སྐལ་ཡིན། །བྲེ་བོ་སེར་བོ་སྔོན་པོའི་ཤོག །མ་འབྲི་ངུར་ཤང་དི་རི་རི། །བེའུ་ཆུང་རྩེ་གར་ཤིགས་སེ་ཤིག །དེ་འཁོར་ལྔ་ཁྲི་ལྔ་སྟོང་ཡོད། །སྐྱ་ལོ་སྟོན་པའི་ནོར་སྐལ་ཡིན། །གཡང་དང་ནོར་གྱི་དངོས་གྲུབ་རྣམས། །རྟེན་འབྲེལ་ཆགས་ལ་མ་ཉམས་ཤོག །ཕུན་སུམ་ཚོགས་པའི་ནོར་བགོས་ཡིན། །དབུལ་པོ་ནོར་དང་འཕྲོད་ལེ་བྱས། །དེ་ནས་ཞུ་བ་ཨེ་འདྲ་ཡོད། །འཛམ་གླིང་ནོར་བུའི་ཁྲི་སྟེང་ནས། །སེང་ཆེན་ནོར་བུ་དགྲ་འདུལ་དཔོན། །དབུ་འཕང་དགུང་དང་མཉམ་པར་ཤོག །བསྐོས་པ་དགྲ་ལྷ་རྩེ་རྒྱལ་འདི། །གླིང་པའི་མདངས་ཟེར་ཕྱོགས་བཅུར་ཁྱབ། །ཁམས་གསུམ་ཟིལ་གྱིས་གནོན་པར་ཤོག །དཔའ་ལ་དགའ་བདེ་འདན་མ་བློན། །གཡུ་ལྷ་དུང་སྐྱོང་ཤན་པ་བཅས། །རུ་འདྲེན་དཔུང་རྒོད་འཁོར་ཚོགས་ཀྱིས། །བདུད་སྡེ་ཆམ་ལ་འབེབས་པར་ཤོག །གཡང་འཁོར་བསོད་ནམས་འགྲུབ་པར་ཤོག །འཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ཅེས་གསུངས་པས། དེར་རུ་ཤོག་སོ་སོའི་ལྷ་དམག་རྣམས་ནས་ནོར་བུ་རང་རང་གིས་བདག་འཛིན་བྱས། དེ་ནས་འཛམ་གླིང་རྒྱལ་པོའི་ཕྱོགས་ལ་གསེར། དགྲ་ལྷའི་ཕྱོགས་ལ་དངུལ། འདན་མའི་ཕྱོགས་ལ་གཟི། ཁྲོ་ཐུང་ཤོག་ལ་ལྕགས། ཤན་པའི་ཕྱོགས་ལ་ཟངས། གཡུ་ལྷའི་ཤོག་ལ་གཡུ། དུང་སྐྱོང་ཤོག་ལ་མཆོང་། ཨ་སྟག་ཤོག་ལ་ཁྲོ་བཅས་སོ་སོར་སྤྲད་ཚར་ནས། ལྷ་ཟོག་རྣམས་རང་རང་ཤོག་གི་ཐང་ལ་བཀོད་ཅིང་ཁྲ་སྤུངས་སེ་རྒྱ་མཚོ་བཞིན་དུ་འཁྱིལ་ནས་རྨ་ཁམས་གླིང་གི་ཐང་གང་། དེ་ནས་འཛམ་གླིང་མིའི་ཉི་མ་གེ་སར་རྒྱལ་པོས་གསུངས་པ། ཡ། ཉོན་དང་གླིང་རུའི་ལྷ་སྡེ་རྣམས། །ཕ་ཁུ་མ་སྲུ་མོ་སྨན་རྣམས། །བདག་འཛིན་བྱས་ཏེ་བཞག་པ་ལས། །དེ་རིང་ལྷ་ཟོག་འདི་རྣམས་བཞོས། །འོ་མའི་སྦྲང་ཆར་ཟད་མེད་ཕོབ། །དངོས་གྲུབ་རྒྱ་མཚོ་འཁྱིལ་ལེ་དགོས། །འོ་ཕུད་འདི་ལྷ་ལ་མཆོད་དགོས་པས་རྒྱལ་ཁག་ལྔ་ལ་གཡང་རང་རང་ལ་ཡོད་པ་དེ་མི་ཉམས་པར་བྱས་ནས་ཕྱི་རབས་བོད་ལ་བཞག་པ་བཟང་པོ་བྱེད་པའི་རྟེན་འབྲེལ་སྨོན་ལམ། ཕྱི་སྣོད་ལ་ཡང་གཡང་སྒམ་དང་། གཡང་ཁུག་ཤྭ་བའི་རླིག་པའི་ནང་དེར་གཡང་རྟེན་གསེར་འོད། མདོ་སྡེ་གསེར་དངུལ་གྱིས་བྲིས་པ་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་རྣམས་བྲིས། གཡང་རྫས་ནོར་བུ་བེེཌཱུཪྱ་དང་། དུང་དཀར་གཡས་སུ་འཁྱིལ་བ། བྱི་རུའི་རྒྱལ་མོ་ལག་ཡ། རྒྱ་གཡུ་གསེར་དངུལ་གཟི་སོགས་རིན་པོ་ཆེ་སྣ་ཚོགས། དར་གོས་སྣ་ཚོགས། འབྲུ་རིགས་སྣ་ཚོགས། ཨ་རུ་ར་རྣམ་པར་རྒྱལ་བ་སོགས་སྨན་སྣ་ཚོགས། ཙན་དན་དཀར་དམར་སོགས་ཤིང་སྣ་ཚོགས། དཀར་གསུམ་མངར་གསུམ་སོགས་ཟས་སྣ་ཚོགས་མ་ཚང་བ་མེད་པས་བཀང་བ་གཡང་ཕོར་མར་ཁུས་ལྟེམས་སེ་གང་བ། གཡང་ཟོ་འོ་མས་གང་བ། སྨྱུག་རྒོད་ཚིགས་གསུམ་ལ་དར་སྣ་ལྔ་དང་སྲིད་གསུམ་གསལ་བའི་མེ་ལོང་གིས་བརྒྱན་པ། གཡང་སྒམ་དང་གཡང་ཁུག་ལ་ཁ་ཐིག་དང་ལྡན་པ་འཛོམ་དགོས། ང་ཡི་གཡང་འབོད་གཡང་སྒྲུབ་འདི་མང་པོའི་སྒོ་ནས་གྱིས་ཞེས་གསུངས། དེ་ནས་མ་སྲུ་མོ་སྨན་རྣམས་ཀྱིས་ལུས་ལ་རྒྱན་ཆ་ཅི་འདོད་གང་མཛེས་རེས་བརྒྱན་ནས་གསེར་དངུལ་གྱིས་གྲལ་བསྒྲིགས། དེར་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོའི་བུ་མོ་ནེ་ཆུང་། གྲོ་ལོའི་པད་དཀར་ལྷ་མཛེས། སྟག་རོང་བུ་མོ་ཁྲོ་མཚོ། གཟིག་འཕེན་བུ་མོ་ཉི་སྐྱིད། བྱང་སྟོད་བུ་མོ་མཛེས་ལྡན། སྐྱེས་མཆོག་བུ་མོ་འབུམ་མེ། ཆགས་ཆེན་རག་བཟའ་དགེ་མཚོས་གཙོས་མ་སྲུ་མོ་སྨན་རྣམས་ཁྲ་བོ་ནོར་ནང་ལ་སོང་ནས་གོང་གི་མ་སྲུ་བརྒྱད་པོས་བཞོ་དཔོན་བྱས། རྒྱལ་ཁག་ལྔའི་བཞོན་གཡོག་མོ་སྨན་ལྔ་བརྒྱ་ཙམ་ཡོད་པ་དེ་ཡི་ཟལ་དཀར་འབྲི་རྣམས་བཞོས་ནས་འོ་མ་རྒྱ་མཚོ་ལྟར་བྱུང་ཞིང་མདུན་ལ་ཕུལ། འབྲུག་མོ་ནེ་ཆུང་གཉིས་ནས་གཡང་རྟེན་གཡང་རྫས་རྣམས་ཀྱི་ནང་ལ་འོ་མ་བདུན་ཚར་གང་རེ་ཕུལ། རྒྱལ་པོ་གེ་སར་དང་སྲས་དགྲ་ལྷ་རྣམ་གཉིས་ཀྱི་མདུན་ལ་གཡང་ཊིའི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་པར་འོ་མ་གང་རེ་དྲངས། གསེར་བུམ་ལ་མུ་ཏིག་གཡུ་བྱུར་སོགས་ཀྱིས་སྤྲས་པ། དར་ལྔའི་མགུལ་ཆིངས་བརྒྱན་པ། བདུད་རྩི་འོ་མས་བཀང་བ་ཕུད་ཀོང་རེ་རེ་ལག་ཏུ་བཟུང་ནས་འོ་ཕུད་མཆོད་ལ་གླུ་འདི་ལྟར་བླངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །རིགས་གསུམ་མགོན་པོས་རྒྱབ་རྟེན་མཛོད། །ནམ་མཁའི་སྤྲིན་གྱི་གུར་ཁང་ནས། །གནམ་རིམ་པ་བཅུ་ཡི་ཡང་སྟེང་ནས། །མ་གྲུབ་པའི་རྒྱལ་མོ་ཚེ་ཡི་ལྷ། །རྗེ་བཙུན་སྒྲོལ་མ་དཀར་སྔོན་ལ། །མ་རྒྱུད་གནམ་སྨན་དཀར་སྔོན་རྣམས། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །མ་སྲུ་རྣམས་ཀྱི་སྤྱི་ལྷ་མཁྱེན། །སྒང་པ་བོད་ཀྱི་ལས་ལྷ་མཁྱེན། །མགོ་རྩེ་ལུ་ཅན་དེའི་དགྲ་ལྷ་མཁྱེན། །ཐུགས་མ་ཡེངས་ལྷ་ཁམས་གྲོགས་ལ་གཟིགས། །དེ་རིང་ཁྲ་མོའི་ས་ཆ་འདིར། །རྨ་ཁམས་གླིང་གི་གཡང་རྭ་ཟེར། །ལྷ་གུར་དཀར་པོའི་ནང་ཤེད་ནས། །སེང་ཆེན་རྒྱལ་པོའི་མདུན་གྲལ་རེད། །ང་འདྲ་ང་ངོ་མ་ཤེས་ན། །སྔོ་ལོའི་བུ་མོ་ནེ་ཆུང་ཟེར། །ཁོང་ནི་སེང་ལྕམ་འབྲུག་མོ་རེད། །གླུ་འདི་གླུ་ངོ་མ་ཤེས་ན། །ནེ་ཆུང་ཅོ་ག་དྲུག་འགྱུར་ཡིན། །དེ་ནས་ལྷ་སྲས་གེ་སར་ལགས། །ཕ་རྫོང་སྟག་གཟིག་ནོར་གཡང་དེ། །ད་ལོ་གླིང་དཀར་མཐིལ་ལ་ཕབ། །དངོས་གྲུབ་འོ་མའི་རྒྱ་མཚོ་འདི། །མ་སྲུ་རྣམས་ཀྱིས་བཞོས་ལེ་རེད། །དཀར་མོ་འོ་མའི་རྒྱ་མཚོ་འདི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ། །དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ལྷ་ཆེན་ཚངས་པ་གདོང་བཞི་དང་། །ལྷ་དབང་བརྒྱ་བྱིན་གནམ་སྨན་སོགས། །ནམ་མཁའ་གང་བའི་ལྷ་ཚོགས་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ། །དངོས་གྲུབ་བོད་ལ་སྩལ་དུ་གསོལ། །གཉན་ཆེན་སྐུ་ལྷ་གེ་མཛོ་དང་། །མགུལ་ལྷ་བཅུ་གསུམ་ལྷ་རབས་དགུ། །གཉན་ཆེན་ཉེར་གཅིག་ལ་སོགས་པའི། །བར་སྣང་གནམ་ཐེལ་དཀར་པོ་སོགས། །བདུད་རྩི་འོ་མའི་མཆོད་པ་འབུལ། །དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །མི་མགོན་དཀར་པོ་དུང་སྐྱོང་སོགས། །འཇོག་པོ་ལ་སོགས་ཀླུ་ཆེན་བརྒྱད། །འོག་གི་ཀླུ་རྣམས་ཐམས་ཅད་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ། །དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ལུང་རྟོགས་བསྟན་པའི་བླ་མའི་མདུན། །དམ་ཆོས་ཐོས་བསམ་བྱེད་པར་ཤོག །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་སྤེལ། །འགྲོ་དྲུག་ཐར་ལམ་འགོད་པར་ཤོག །ཐུབ་བསྟན་དགེ་འདུན་སྐུ་ཚེ་བརྟན། །ཐུགས་མཐུན་ཁྲིམས་གཙང་འོང་བར་ཤོག །རྒྱལ་བློན་མི་དཔོན་ཐམས་ཅད་ཀྱིས། །ཁྲིམས་སྲིད་པའི་རྒྱུ་འབྲས་དྲང་བོས་སྲུང་། །འོག་སྡེའི་རྒྱལ་ས་ཟིན་པར་ཤོག །བུ་ཚ་རིགས་རྒྱུད་འཕེལ་བར་ཤོག །བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །གླིང་རྒྱལ་བློན་ཐུགས་ལ་དེ་འདྲ་ཞོག །ཅེས་ཞུས་པས་ཉི་མ་དེ་ཡི་ཕྱི་ནང་རྒྱལ་པོ་སེང་ཆེན་མདུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་པར་ཅན་གྱི་ལེགས་པར་བཀྲ་ཤིས་པའི་རྒྱལ་ཁག་ལྔའི་གཡང་སྒམ་གཡང་ཁུག་གཡང་རྫས་རྣམས་གང་བར་བཤམས། དེ་ནས་གླིང་རྗེ་ནོར་བུ་དགྲ་འདུལ་ལམ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དེས་མཁྱེན་བརྩེ་ནུས་པའི་གཡང་ལྷ་ཡེ་ཤེས་པ་བསྡུས་ནས་འཁོར་ཆར་སྤྲིན་རླུང་གིས་བསྐྱོད་པ་ལྟར་འདུས་ཏེ་གཡང་རྫས་ལ་ཐིམ། གཡང་འབོད་ངག་རྟ་དཀར་མོ་དྲུག་འགྱུར་ལ་དྲངས་ནས་གླུ་འདི་ལྟར་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །ཡི་དམ་ལྷ་ལ་གསོལ་བ་འདེབས། །རྒྱུད་སྡེ་བཞི་ཡི་ལམ་སྣ་དྲོངས། །ལྷ་རྒྱལ་བ་རྒྱ་མཚོས་བྱིན་གྱིས་རློབས། །སྡིག་ཅན་དམྱལ་བའི་ཡུལ་ནས་འདྲེན། །སྡིག་ཆེན་བདེ་ཆེན་ཞིང་ལ་བཀོད། །ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཁྱིལ་བའི་གཞལ་ཡས་ནས། །མི་ལུས་ཁྱུང་གི་མགོ་བོ་ཅན། །ཕྱག་གཡས་ཉི་ཟེར་ཞགས་པ་བསྣམས། །གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །ཕུ་བོ་དུང་ཆུང་དཀར་པོ་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་ལ་ཕེབས། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བར་སྣང་སྟོང་པའི་གཞལ་ཡས་ནས། །འཇའ་སྤྲིན་འཚུབ་པའི་གུར་ཁང་ནས། །མི་ལུས་སྟག་གི་མགོ་བོ་ཅན། །ཕྱག་གཡས་མཉམ་བཞག་འཕྲུལ་ཆེན་བསྣམས། །གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས། །གཉན་དམག་བྱེ་བ་འབུམ་གྱིས་བསྐོར། །དགྲ་ལྷའི་མེ་སྟག་དམར་པོ་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །རྒྱ་མཚོ་ནོར་བུའི་མཁར་ནང་ནས། །ཀླུ་དམག་བྱེ་བ་དུང་ཕྱུར་མཁྱེན། །ནུ་བོ་ཀླུ་ཕྲུག་འོད་ལྡན་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །རྨ་བྱ་པད་ཟླའི་གདན་སྟེང་ནས། །བཅོམ་ལྡན་ཆོས་སྐུ་འོད་དཔག་མེད། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་བཞུགས། །ཐུགས་རྗེས་འགྲོ་ལ་རྟག་ཏུ་གཟིགས། །སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་གྲོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །པད་མ་དབང་གི་གཞལ་ཡས་ནས། །མ་ཆགས་པད་མའི་གདན་སྟེང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་མཉམ་བཞག་མཛད། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཚེ་ལྷ་རྒྱལ་བ་རིགས་ལྔས་བསྐོར། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་གྲོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ཟངས་མདོག་དཔལ་རིའི་རྩེ་མོ་ནས། །པད་མ་འོད་ཀྱི་གཞལ་ཡས་ནས། །སྤྲུལ་སྐུ་པད་མ་འབྱུང་གནས་ཞེས། །རལ་བའི་ཐོར་ཅོག་སྐུ་རྒྱབ་ཁེབས། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་བཞག་ཀ་པཱ་ལ། །རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ། །རིག་འཛིན་མཁའ་འགྲོའི་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་གྲོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །རི་བོ་ཏཱ་ལའི་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ། །ཕྱག་གཡས་ཤེལ་དཀར་ཕྲེང་བ་འཛིན། །གཡོན་པས་ནོར་བུ་པད་མ་བསྣམས། །ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་གྲོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས། །ལྷ་ཆེན་ཚངས་པ་དཀར་པོ་དང་། །ལྷ་དབང་བརྒྱ་བྱིན་ལྷ་མིན་བརྒྱད། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བར་མ་གཉན་གྱི་ཡུལ་ཁམས་ནས། །སྲིད་པའི་ལྷ་རབས་མཆེད་དགུ་མཁྱེན། །བོད་ཀྱི་མགུལ་ལྷ་བཅུ་གསུམ་མཁྱེན། །གཙང་རིགས་དཔལ་མགོན་དམག་ཚོགས་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་འདི་མི་ལ་མ་ཤོར་ཅིག །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཡང་ཁུག་ནང་དུ་སྤུངས་སེ་སྤུང་། །གཡང་ཁྱིམ་ནང་དུ་ཀྱི་ལི་ལི། །གཡང་སྒམ་ནང་དུ་འཚུབས་སེ་འཚུབ། །སྟག་གཟིག་གཡང་གི་དངོས་གྲུབ་སྩོལ། །ཉི་མ་ཙམ་ཞིག་ཀྱི་ལི་ལི། །ཟླ་བ་ཙམ་ཞིག་སྒ་ར་ར། །སྐར་མ་ཙམ་ཞིག་སྤུངས་སེ་སྤུང་། །ནོར་བུ་གཡང་གི་དངོས་གྲུབ་རྣམས། །གཡང་འདི་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནོར་བུའི་གཡང་གི་བཀའ་གཏད་ན། །རྟ་གཡང་ཟླ་བ་མགོ་གསུམ་དང་། །ནོར་གཡང་ཨཪྱ་ཛཾ་བྷ་ལ། །ལུག་གཡང་གང་བ་བཟང་པོ་སོགས། །ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་། །གསེར་གཡང་དགའ་བ་ཡར་འཁྱིལ་དང་། །འབྲུ་གཡང་ཁྱུང་གི་སྒོ་ང་ཙམ། །རྒྱུ་གཡང་ཛམ་དཀར་ཛམ་ནག་དང་། །ཟས་གཡང་ཕུན་སུམ་ཚོགས་པ་སོགས། །དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་ཆར་ལྟར་ཕོབ། །གཡང་སྐྱབས་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དངོས་གྲུབ་གཡང་གི་ར་བ་ལ། །སྟག་གཟིག་རྒྱལ་པོའི་ནོར་གཡང་དང་། །བལ་པོའི་རྒྱལ་པོའི་ལུག་གཡང་དང་། །སོག་པོའི་རྒྱལ་པོའི་རྟ་གཡང་དང་། །ཨ་གྲགས་རྒྱལ་པོའི་གཟི་གཡང་དང་། །བྱེ་རི་རྒྱལ་པོའི་བྱུར་གཡང་དང་། །གྲུ་གུ་རྒྱལ་པོའི་གོ་གཡང་དང་། །མི་ནུབ་རྒྱལ་པོའི་དར་གཡང་དང་། །རྒྱ་གར་རྒྱལ་པོའི་ཆོས་གཡང་དང་། །རྒྱ་ནག་རྒྱལ་པོའི་ཇ་གཡང་དང་། །འཛམ་བུ་གླིང་གི་རྒྱུ་གཡང་རྣམས། །དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་གི་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་རྒྱབ་མ་འགྲིམ་ཞིག །ཨོ་རྒྱན་པད་མ་འབྱུང་གནས་ལ། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་བདག་ཨཪྱ་ཛཾ་བྷ་ལ། །ཕྱུག་བདག་ལྷ་མོ་ནོར་རྒྱུན་མ། །རྟ་བདག་འཕགས་པ་རེ་མན་ཏ། །ལུག་བདག་ནོར་བུ་བཟང་པོ་སོགས། །ཁྲ་མོ་ནོར་ལྷའི་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་སྐྱབས་ཚེ་གཡང་འཕེལ་བར་ཤོག །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཛམ་གླིང་ས་ཡི་ལྟེ་བ་ལ། །རྨ་རྒྱལ་སྦོམ་ར་གཉན་པོ་བཞུགས། །རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །མདོ་ཁམས་བོད་ཀྱི་སྲུང་མ་ཁྱེད། །ཐུགས་ཀར་ཡིད་བཞིན་ནོར་བུ་འཛིན། །དངོས་གྲུབ་སྣ་ཚོགས་ཆར་བཞིན་འབེབས། །སྦོམ་རའི་དངོས་གྲུབ་གཏེར་ཁ་རྒྱས། །རྨ་གཡང་འབྲི་ཡི་དངོས་གྲུབ་ཡིན། །རྨ་གཡང་ཟོག་གི་སྲོག་ཤིང་ཡིན། །རྨ་གཡང་རྟ་ཡི་སྐྱེས་ལྷ་ཡིན། །རྨ་རྒྱལ་མི་ཡི་དགྲ་བླ་ཡིན། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་སྐྱབས་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག །མཁས་པའི་ལོ་ཐོག་ཆོས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །གཡང་སྐྱབས་ཚེ་གཡང་འཕེལ་བར་ཤོག །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག །མཐོན་པོའི་གོང་ནས་དཔོན་གྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །དཔའ་བོའི་དཔའ་རྒོད་འཛོམས་པའི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །མཛེས་ཤིང་བདེ་འཇམ་གོས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཞིམ་མངར་འཛོམས་པ་ཟས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །མཛེས་རྒྱན་ཆར་འབེབས་མ་སྲུའི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །འགྲོ་ཞིང་བགྲོད་པ་རྟ་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །འོ་མའི་ཆར་འབེབས་འབྲི་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཐུན་གསུམ་སྐད་སྙན་ཁྱི་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །བཀྲ་ཤིས་རྫས་བརྒྱད་རྫས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །བཀྲ་ཤིས་རྟགས་བརྒྱད་སྣོད་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཕྱུག་པོའི་བང་མཛོད་རྒྱུ་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ནོར་བུའི་གཡང་དེ་བདག་ལ་སྩོལ། །སྒང་པ་བོད་ལ་ཆར་བཞིན་ཕོབ། །དངོས་གྲུབ་བོད་ལ་བདེ་སྐྱིད་འཛོམས། །ལས་དང་བསོད་ནམས་གོང་དུ་མཐོ། །བཀྲ་ཤིས་གཡང་གི་སྒོ་བདམས་ན། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ཤར་ཕྱོགས་གཡང་གི་སྒོ་སྲུང་མཛོད། །ལྷོ་ཡི་བརྟན་མ་བཅུ་གཉིས་ཀྱིས། །ལྷོ་ཕྱོགས་གཡང་གི་སྒོ་སྲུང་མཛོད། །ནུབ་ཕྱོགས་རྒྱལ་པོ་བསོད་ནམས་སྟོབས། །ནུབ་ཕྱོགས་གཡང་གི་སྒོ་སྲུང་མཛོད། །བྱང་ཕྱོགས་ལྷ་མོ་ནོར་རྒྱུན་མ། །བྱང་ཕྱོགས་གཡང་གི་སྒོ་སྲུང་མཛོད། །དཀྱིལ་འཁོར་བཀྲ་ཤིས་རྟགས་བརྒྱད་ཀྱི། །ནོར་བུའི་གཡང་རྣམས་སྤུངས་སེ་སྤུང་། །གཡང་འདི་ལ་གཡོ་འཁྲུགས་མེད་པར་ཤོག །རི་རྒྱལ་བཞིན་དུ་བརྟན་པར་ཤོག །གཡང་འདི་རྒྱུན་ཆད་མེད་པར་ཤོག །གཡང་འདི་ལོ་འདབ་རྒྱས་པ་བཞིན། །དཀོན་མཆོག་གསུམ་གྱི་བདེན་ཚིག་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་ཀྱིས། །གཡང་འདི་ཆག་ཉམས་མེད་པར་ཤོག །རྒྱ་མཚོ་བཞིན་དུ་ཆི་ལི་ལི། །མི་ལ་གཡང་གི་དངོས་གྲུབ་སྩོལ། །འཛམ་གླིང་གཡང་གི་བཀའ་གཏད་འདི། །ཅི་འདོད་ཅི་བསམ་འགྲུབ་པར་ཤོག །ཅེས་གསུངས་ཤིང་གཡང་འབོད་གཡང་སྒྲུབ་དང་བཅས་གཡང་སྒྲོམ་རྣམས་ཁ་བསྡམས་ནས་ངོ་མཚར་དང་དད་སྤྲོ་ཆེ་བར་བྱས། དེ་ནས་ཧོར་ཤན་པ་རྨེ་རུ་རྩེ་དེས་མཇལ་དར་ཉིན་མོ་བདེ་ལེགས་དང་། གསེར་གྱི་དོང་ཙེ་དགུ་མདུན་ལྕོག་གི་སྟེང་ལ་བཞག་ནས། ཡ། ལས་ཀྱི་རྒྱལ་པོ་རིན་པོ་ཆེ། །མདོ་ཁམས་གླིང་རུའི་དཔའ་བརྟུལ་ཚོ། །ཐུགས་དལ་མོའི་ངང་ནས་ང་ལ་གསོན། །དེ་སྟེ་ཞུ་བ་ཨེ་འདྲ་ཡོད། །ཟེར་ནས་གླུ་འདི་ལྟར་བླངས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །དུས་གསུམ་མཁྱེན་པས་གླུ་སྣ་དྲོངས། །རིགས་གསུམ་མགོན་པོས་ཐུགས་རྗེས་གཟིགས། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གླིང་གི་གཡང་ར་ནས། །ལྷ་གུར་དཀར་པོའི་ནང་ཤེད་ནས། །གཡས་གྲལ་གྲལ་གྱི་འགོ་མ་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཆེ་བཙན་ཧོར་གྱི་ཤན་པ་ཟེར། །ཁྲག་མཚོ་ཧོར་གྱི་དམག་དཔོན་ཡིན། །མཐོན་པོ་གླིང་རྒྱལ་བློན་པོ་རེད། །ཞུ་མི་དགོས་ཐུགས་ཀྱིས་མཁྱེན་ནས་ཡོད། །དེ་ནས་ལྷ་སྲས་རིན་པོ་ཆེ། །ཞུ་བའི་གླུ་ལ་ཨེ་འདྲ་ཡོད། །སང་ན་ནིང་ལོ་དང་གཞེས་ནིང་ལོ། །སྟག་གླིང་དཔའ་བོ་གཡུལ་འཁྲུག་བྱས། །སྟག་རོང་ཤོག་དང་ལོ་གསུམ་འཁྲུགས། །རུ་ཤོག་གླིང་རུ་ལོ་དྲུག་འཁྲུགས། །ཁྱོན་བསྡོམས་མི་ལོ་དགུ་ལ་འཁྲུགས། །ཐ་མ་གླིང་རུས་རྒྱལ་ཁ་བླངས། །ཕམ་ཁ་སྟག་གཟིག་ཚང་ལ་གཏད། །ཁྲ་མོའི་ནོར་རྫས་གནང་ལ་བླངས། །འཛམ་གླིང་མངའ་ཐང་སྒང་པ་མཐོ། །ནོར་རྫོང་གཡང་དང་ཆ་འགྲིག་དེ། །རྒྱལ་ཁག་ལྔ་ལ་གནང་བགོས་བྱས་། །དེ་རིང་སྐྱིད་པའི་སྨོན་ལམ་ལ། །ད་ནི་རུ་བཞིའི་དམག་དཔོན་རྣམས། །གཞི་ནས་རང་ས་བཟུང་བའི་ཚུལ། །ཕ་མ་འདྲ་བའི་དཔོན་པོ་ལ། །སྐུ་ཁམས་བཟང་ཞུ་བའི་མཇལ་དར་ཡིན། །ལ་རྒྱ་སྔ་མོའི་གཏམ་དཔེ་ལ། །བྱ་རྒྱལ་རྒོད་དང་ཁྱུང་ཆེན་གཉིས། །གཤོག་དྲུག་དགུང་དང་གྲ་སྡེབས་བྱས། །ནམ་མཁའ་འཁོར་བའི་ཕྱི་རེས་དུས། །བྲག་རྫོང་རང་རང་བཟུང་ཉིན་མོ། །ཁྱུང་ཆེན་སྐུ་ཁམས་བདེ་མོར་བཞུགས། །སང་ད་ཕྱིན་ནམ་འཁར་མཉམ་དུ་འགྲོ། །སྒྲོ་གཡང་དུ་འགྲོགས་པའི་སྨོན་ལམ་ཤོག །དམར་ཡག་སྟག་དང་གྲ་ཡག་གཟིག །ནགས་ཚལ་དཔུང་དང་གྲ་སྡེབས་བྱས། །ནགས་ཚལ་ནང་ནས་འཁོར་བའི་དུས། །གཟིག་ཁྲ་མོ་རང་ཡུལ་འཁོར་ཉིན་མོ། །སྟག་དམར་ཡག་སྐུ་ཁམས་བདེ་མོར་བཞུགས། །སང་ཕྱི་རབས་ནགས་ཚལ་འགྲིམ་པའི་དུས། །ལུས་འཛུམ་དྲུག་ནགས་ཚལ་མཉམ་སྡེབས་ཤོག །གཟིག་སྟག་དང་འགྲོགས་པའི་སྨོན་ལམ་ཤོག །རུ་ཤོག་རང་ལམ་ལེན་པའི་དུས། །རྒྱལ་སྲས་སྐུ་ཁམས་བདེ་མོར་བཞུགས། །སང་ཕྱི་རེས་གླིང་ལ་འཛོམས་པར་ཤོག །སྲས་ཆུང་དགྲ་ལྷ་རྩེ་རྒྱལ་དཔོན། །སང་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཚེ་གཅིག་གི་འགོ་དཔོན་འོང་བར་ཤོག །དཔའ་ལ་དགའ་བདེ་འདན་མ་གསུམ། །གསེར་བ་དམུ་བ་འོམ་བུ་དྲུག །སྟག་རོང་རྟའུ་རང་མ་དགུ། །ལྷ་སྲས་མདངས་ཟེར་དཔའ་བརྟུལ་རྣམས། །མ་མཇལ་བར་དུ་ཁམས་བདེ་ཞུ། །དཔའ་དར་མའི་དཔུང་དགྲ་སྡེབ་པར་ཤོག །ད་ནི་ལྷ་སྲས་གེ་སར་རྒྱལ། །རྨ་ཁམས་གླིང་གི་གཡང་ར་ནས། །ཇ་མཁར་རིང་མོའི་ཕྱུག་རྫོང་ལ། །གླིང་རྒྱལ་པོ་བཞུགས་ཚུལ་ཅི་འདྲ་མཛད། །ཉི་མ་དེ་རིང་ཕན་ཆོད་ལ། །དགྲ་གཞན་པ་འདུལ་རྒྱུ་ག་འདྲ་ཡོད། །རྫོང་རབ་གསེར་གྱི་སྔ་འབེབས་ལ། །སྟག་གཟིག་ནོར་གཡང་ཕབ་རྗེས་ནས། །དེ་ནས་རྫོང་རབས་ག་དེ་རེད། །སོག་པོ་ཨ་གྲགས་བྱེ་རི་གསུམ། །གྲུ་གུ་མི་ནུབ་རྒྱ་ནག་གསུམ། །ད་རུང་རྫོང་ཆེན་ཆེ་དྲུག་ཙམ། །ཡོད་རབས་རྒྱལ་པོས་གསུང་ལེ་གོ །ལོངས་སྤྱོད་ཆེ་བ་ག་འདི་རེད། །སྣ་འདྲེན་རྫོང་ཆེན་སུ་ལ་ཐུག །གཏུག་པའི་ལོ་ཟླ་དུ་ཙམ་འགོར། །ཟག་མེད་མཁྱེན་པས་དགོངས་ཚུལ་དང་། །རྒྱལ་པོས་གསན་ཚུལ་ཅི་འདྲ་ཡོད། །མཁས་གཏམ་ཤན་པས་མ་ཡིན་ཡང་། །རྒྱལ་བློན་བསམ་པ་མཐུན་ལས་རེད། །དེས་ཐུགས་སེམས་མཉམ་པའི་འདྲ་མ་ཡིན། །གླིང་རྒྱལ་པོའི་ཐུགས་བཞག་དེ་འདྲ་ཞུ། །གོ་ན་རྣ་བའི་གླུ་བདུད་རྩི་གྱིས། །མ་གོ་གླུ་ལ་ལེན་ལུགས་རེད། །ཅེས་ཞུས་པས་དེར་རུ་ཤོག་དམག་དཔོན་རྣམས་ནས་དེ་རིང་ཤན་པའི་གླུ་དེ་མཚར་སྤྲོ་ཆེ་ངེས་རེད་སྙམ་ནས་བསྡད། དེ་ནས་རིན་པོ་ཆེའི་ཁྲིའི་ཡང་སྟེང་ནས་གླིང་རྗེ་གེ་སར་རྒྱལ་པོ་དེས་རུ་ཤོག་དམག་དཔོན་རྣམས་ལ་ཞལ་གཟིགས་ནས། ཡ། ཉོན་དང་རུ་ཤོག་དམག་དཔོན་རྣམས། །རྒྱལ་བློན་བསམ་པ་མཐུན་ལུགས་ལ། །སྐྱིད་སྡུག་ག་ལེར་འདི་འདྲ་ཡོད། །གསུངས་ནས་གླུ་འདི་ལྟར་གསུངས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཡི་དམ་རྟ་ཕག་ཡབ་ཡུམ་མཁྱེན། །ཆོས་སྐྱོང་དཔའ་བོ་དཔའ་མོ་མཁྱེན། །རིགས་གསུམ་མགོན་པོས་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །རྨ་ཁམས་གཡང་གི་ར་བ་ཟེར། །དཀར་པོའི་གུར་གྱི་ནང་ཤེད་ནས། །ང་འདྲ་ང་ངོ་མ་ཤེས་ན། །གླིང་རྗེ་གེ་སར་རྒྱལ་པོ་ཡིན། །དེ་ནས་རུ་ཤོག་དམག་དཔོན་རྣམས། །ཡང་སྒོས་ཤན་པ་རྒྱལ་པོས་ཉོན། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །ནམ་མཁའ་མཐོན་པོའི་དབྱིངས་ལམ་ནས། །བྱ་རྒྱལ་ཁྱུང་དང་དགོངས་པ་མཉམ། །གཤོག་དྲུག་དགུང་དང་གྲ་སྡེབས་འདི། །ནམ་མཁར་ལྡིང་བའི་དོན་སྒོ་རེད། །ཨ་སྔོན་རྒྱང་ཐག་ཆོད་རྒྱབ་ནས། །བྲག་དཀར་རང་ལ་བཟུང་ལེ་འདི། །བྱ་རིགས་ཚང་ལ་འགྲོ་ལུགས་རེད། །དེ་ཕྱིན་ནམ་འཕང་གཅོད་པའི་དུས། །མོན་གྱི་ལྷ་བྱ་ཁུ་བྱུག་དེ། །དགུང་སྔོན་ནམ་མཁའ་འགྲིམ་པའི་དུས། །ས་མོན་ཡུལ་འདུག་པ་བདེ་མོར་ཤོག །མོན་ལྷ་བྱ་སྐུ་ཁམས་བཟང་བར་ཤོག །སང་ཕར་ལམ་ཤིང་ཁ་འགྲིམ་པའི་དུས། །སྐད་དྲུག་འགྱུར་མང་པོས་ཁྱབ་པར་ཤོག །བྲག་དཀར་མཐོན་པོའི་ཐང་དཀར་རྒོད། །ད་ལོ་བྲག་རྫོང་བསྐོར་མི་རེད། །ཐང་དཀར་འབབ་ཐབས་བདེ་བར་ཤོག །ཐང་དཀར་སྐུ་ཁམས་བདེ་བཟང་ཤོག །སང་དེ་ཕྱིན་ནམ་མཁའ་འགྲིམ་མི་རེད། །ལུས་གཤོག་དྲུག་འདབ་མ་རྒྱས་པར་ཤོག །རུ་ཤོག་དམག་དཔོན་ཆེ་བཞི་དེ། །ད་ལོ་རང་ཡུལ་བསྐོར་མི་རེད། །གཞི་ཕ་ཡུལ་རྒྱལ་ས་བདེ་བར་ཤོག །དཔོན་ཆེ་བཞི་སྐུ་ཁམས་བཟང་བར་ཤོག །སང་ད་ཚོད་གླིང་སྒར་བསྐོར་བར་ཤོག །དགྲ་ཕར་འདུལ་སྲོག་རྩ་གཅོད་པར་ཤོག །ཤན་པ་གཡུ་ལྷ་དུང་སྐྱོང་གསུམ། །དཔའ་མོ་དང་བཅས་དམག་དཔོན་བཞི། །དེ་ལ་དེ་འཁོར་དཔའ་བརྟུལ་རྣམས། །རྒྱལ་པོའི་ཐུགས་བསྐྱེད་རབ་གནས་ཡིན། །མི་ཕོ་ཚེ་ཐག་རིང་རྗེས་ཡིན། །རྟ་ཕོ་འགྱོགས་དར་ལོན་རྗེས་ཡིན། །མཚོན་ཆས་དགྲ་སྲོག་ཆོད་རྗེས་ཡིན། །གཤོག་དྲུག་དཔུང་ལ་དཔུང་སྡེབ་བྱེད། །ཅི་བྱས་ནམ་མཁའ་འགྲིམ་མི་རེད། །ནམ་འཕང་མི་གཅོད་ཀ་མེད་རེད། །དམར་ཡག་སྟག་དང་གྲ་ཡག་གཟིག །རྒྱ་རྫོང་ནགས་ལ་གྲ་སྡེབས་བྱེད། །ནགས་ཚལ་མཐའ་ལ་འཁོར་བའི་དུས། །སྐྱེ་འགྲོ་ཚང་ལ་འཁོར་ལེ་རེད། །དེ་ཕྱིན་ནགས་ལ་གྲ་སྡེབས་བྱེད། །ནགས་ཚལ་མི་འགྲིམ་ཀ་མེད་རེད། །རུ་ཤོག་དམག་དཔོན་ཆེ་བཞི་དང་། །གླིང་རྗེ་དཔོན་དང་གྲ་སྡེབས་བྱེད། །ཕར་དཔུང་སྟག་གཟིག་ཟིལ་གྱིས་མནན། །ད་ལོ་རང་ཡུལ་འཁོར་བའི་ཚུལ། །རུ་ཤོག་རང་ལམ་ལོན་རྒྱུ་འདི། །སྐྱིད་པོ་རང་ཡུལ་འཁོར་ལེ་རེད། །དེ་ཕྱིན་རྒྱལ་བློན་གྲ་སྡེབས་བྱས། །ས་མཐའ་མི་འགྲིམ་ཀ་མེད་རེད། །སྔར་བྱས་ལས་ཀྱི་བསྐོས་ཐང་རེད། །ཕྱོགས་བཞི་རྫོང་ཆེན་ཆེ་བདུན་དེ། །ཡོད་ལུགས་གོང་མ་ལྷ་ཡི་གསུངས། །སྐྱེས་བུ་ང་ལ་ཞལ་གཟིགས་བྱུང་། །དུས་བབ་ནམ་ཡིན་མི་ཤེས་ཀྱང་། །ཞལ་གཟིགས་ལུང་བསྟན་མ་བྱུང་བར། །རང་ངོ་རང་གིས་མི་གསལ་དུ། །དེ་ནས་རྒྱལ་པོ་བཞུགས་ཚུལ་ལ། །དཀར་པོ་གླིང་ལ་ཕེབས་པའི་ཚུལ། །ཞག་གསུམ་ཐུགས་སེམས་བདེ་མོར་བཞུགས། །ཞག་པོ་གསུམ་གྱི་ཕྱི་ནང་མོར། །ཇ་མཁར་བདེ་སྐྱིད་ཕོ་བྲང་ནང་། །རྒྱལ་པོ་ང་སྐུ་མཚམས་བཞུགས་རྒྱུ་ཡིན། །སྟག་གླིང་འཁྲུག་པ་བྱེད་པའི་སྐབས། །རང་སྡེ་དགྲ་ལ་ཤོར་ཟིན་དང་། །མི་སྡེ་ཁྲག་ལ་སྦྲེལ་ཟིན་གཉིས། །འདྲེན་ཐབས་རང་གིས་མ་ཐོན་ན། །སྡིག་ཆེན་ཉེས་པ་ཅི་ལ་སྒྲུབ། །ཚེ་འདས་ཐར་ལམ་མ་བཀོད་ན། །ང་རང་སྟག་ལྷ་ཅི་ལ་བསྐོས། །འཁོར་བའི་སྡོད་ཆུས་མ་ཐོན་ན། །རྗེ་རྒྱལ་པོར་དམག་དཔོན་ཅི་ལ་ཐོག །བདུད་ནག་པོའི་ཁ་གནོན་མ་ཡོང་ན། །ཕོ་ང་ལ་གེ་སར་ཅི་ལ་ཟེར། །ལོ་དགུ་སྐུ་མཚམས་བཞུགས་རྒྱུ་ཡིན། །དེ་ཚུན་འཁྲུག་པ་མི་དགོས་བསམ། །དེ་ཕན་ཆོད་ཅི་འོང་ཆ་མི་ཆོད། །རྫོང་ཁག་དྲུག་གི་དང་པོ་ལ། །གཙོ་འདྲེན་སྔ་མ་སུ་ཡིན་དེ། །གང་ཡིན་ངོ་བོ་མི་གསལ་དུ། །ལྷ་གོང་མས་ལུང་ཞིག་བསྟན་ནས་འོང་། །ངོ་བོ་གསལ་མི་ལོས་ཡོད་རེད། །ད་ནི་རུ་ཤོག་དམག་དཔོན་རྣམས། །བཞུགས་མི་སྐུ་ཁམས་བདེ་བར་ཤོག །བྱོན་མི་འགྲོ་ལམ་བདེ་བར་ཤོག །སྤྱི་བྱིར་དགོས་འདོད་འབྱུང་པར་ཤོག །ཅི་བསམ་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསུངས་པ་དང་། དེ་ནས་རུ་ཤོག་རྒྱལ་ཁག་ལྔའི་དམག་དཔོན་དང་དཔལ་བརྟུལ་ཐམས་ཅད་སོ་སོས་རྒྱལ་པོ་ལ་ཕྱག་འབུལ་དང་དད་སྤྲོ་བྱས། དེ་ནས་འཛམ་གླིང་གེ་སར་རྒྱལ་པོ་ནས་དབུ་ལ་ནོར་བུའི་ཏོག་ཞྭ་མནབས། རྡོ་རྗེ་རྩེ་དགུའི་འཕྲུ་བཙུགས། སྐུ་ལ་ཟ་བེར་སྨུག་པོའི་ཆོས་གོས་གསོལ་ཞིང་། ཕྱག་ན་དངུལ་དཀར་གྱི་བུམ་པ་མཚན་ཉིད་དང་ལྡན་པ། གཡུ་བྱུར་མུ་ཏིག་རྣམས་ཁྲ་ཚོམས་སུ་བཀོད་པ།དར་སྣ་ལྔའི་མགུལ་འཆིངས་དང་། ཁ་ལ་རྨ་བྱའི་སྒྲོ་མདོངས་ཉི་མ་ཤར་འདྲ་ཞིག་བརྒྱན་པ་དང་། ནང་ན་འཆི་མེད་ཚེ་ཡི་བདུད་རྩི། རྒྱ་གར་སྨན་གྱི་གཡང་ཕུད་དང་། བུམ་རྫས་ཉེར་ལྔ་བཅས། རྒྱལ་བློན་དམག་དཔོན་ཚོ་ལ་རིལ་བུ་ཆ་བརྒྱད་རེ་དང་ཚེ་མདུད་རེ། དམག་དཔོན་དཔའ་བརྟུལ་རྣམས་ལ་རིལ་བུ་ཆ་བདུན་རེ་དང་ཚེ་མདུད་རེ་དང་བཅས་སོ་སོ་ལ་གནང་། དེ་ཡི་ཕྱི་ནང་རུ་ཤོག་དམག་དཔོན་ཚོས་གནང་ཐོབ་ནོར་སྐལ་རིགས་དེད་ནས། མོན། འཇང་། ཧོར། བདུད་བཅས་སོ་སོར་རང་ཡུལ་དུ་ཕེབས་སོང་བ་དང་། ཐམས་ཅད་དགའ་སྐྱིད་ངང་ལ་གཞིས་བྱེས་འཛོམས་པར་གདའོ། །གླིང་རྒྱལ་བློན་དཔའ་བརྟུལ་ཚོས་གཡང་ཟོག་ནོར་སྐལ་རྣམས་རང་རང་གིས་དེད་ནས་ཕེབས་སོང་། དེ་ནས་སེང་ཆེན་རྒྱལ་བློན་དང་དགྲ་ལྷ་རྩེ་རྒྱལ་གཉིས་ཆེ་བ་ལ་བཀའ་བློན་སུམ་ཅུས་བསྐོར་ནས་ཟུར་ཕྱོགས་རྐང་དམག་ལྔ་བཅུའི་སྐྱེལ་མ་དང་བཅས། ཕྱུགས་དྲེལ་དྲུག་ཅུའི་སྒ་ཆས་སྤྲས་ནས་འཇའ་ཤར་བ་ལྟར་ཇ་མཁར་སྨུག་པོའི་ནང་ཤེད་ལ་ཕྱག་ཕེབས། སྟག་གླིང་དཔའ་བོ་གཡུལ་འགྱེད་སྐབས་གཞན་ལ་མེད་པའི་ནོར་འགྱེད། གཡང་རབ་དམ་པའི་སྒོ་མོ། མཛམ་གླིང་གེ་སར་རྒྱལ་པོའི་མཛད་ཆོས། འཁོར་བའི་བསྟན་ཆུས་གཉིས་ཀྱི་གཞི་རྩ། སྒང་པ་བོད་ལ་དགོས་བཞིན་འདིར་བཀོད་པས་ཆད་ལུས་མེད་པར་རེ་རེ་ཡང་བླ་མ་མི་དཔོན་སེར་སྐྱ་ཕོ་མོ་སུས་འབྲི་ཀློག་འདོན་གསུམ་རྩ་འཛིན་བྱས་ན་གཡང་སྐྱབས་གཡང་སྒྲུབ་ཚད་ལྡན་རེ་བགྱིས་པ་དང་ཁྱད་མེད་ཡིན་པ་ཀུན་ནས་ངེས་སོ། །ཞེས་རྫོགས་ཆེན་པདྨ་རིག་འཛིན་གྱིས་བསྒྲིགས་པའོ།། །།